ལེའུ་བདུན་པ། སྒྲའི་ཡུལ་ལ་དྲི་བའི་ལན་བསྟན་པའི་རྒྱ་ཆེར་བཤད་པ།
དེ་ལྟར་ལེའུ་དྲུག་པས་ཐིག་ལེའུ་དབྱེ་བའི་ཡུལ་ལ་དྲི་བའི་ལན་བསྟན་པ་བརྗོད་ནས། ད་ནི་སྐབས་སུ་བབ་པའི་སྒྲའི་ཡུལ་ལ་དྲི་བའི་ལན་བསྟན་པ་བརྗོད་པའི་ཕྱིར། དྲི་བ་དེའི་ལན་བཤད་པར་རྩོམ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་དྲུག་པའི་རྗེས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སྔར་བཤད་པ་ལ་ལྟོས་པས་ཐ་དད་པའི་ཕྱིར་ཏེ། ནཱ་དའི་དོན་བཤད་ཀྱིས་ཉོན་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་
ངོ་བོས་ཞེས་བྱ་བའི་དོན་ཏོ། །བླ་མེད་ཅེས་བྱ་བ་ནི་འདི་ལས་གོང་ན་མེད་པའོ། །བླ་ན་མེད་པ་ཉིད་ཀྱང་བླ་ན་མེད་པའི་ཕྱག་རྒྱ་ཆེན་པོའི་རྒྱུ་གཉིས་ཀྱིས་སོ། །གང་གིས་ཞེས་བྱ་བ་ནི་སྒྲའི་མཚན་ཉིད་ཀྱིས་སོ། །ཡོངས་སུ་ཤེས་པ་ཙམ་གྱིས་ཞེས་བྱ་བ་ནི་རྟོགས་པ་ཙམ་གྱིས་སོ། །དངོས་གྲུབ་འགྱུར་ཞེས་བྱ་བ་ནི་སྒྲུབ་པ་པོས་འགྲུབ་པར་འགྱུར་བའོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་སྒྲའི་ཡུལ་ལ་དྲི་བའི་ལན་གདབ་པར་བརྩམ་པ་བསྟན་ནས། །དངོས་སུ་བཤད་པ་བརྗོད་པའི་ཕྱིར་རོ། །སྒྲ་ཡང་མི་ཤིགས་པར་ནི་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ནཱ་ད་བྱེད་པས་ན་ནཱ་ད་སྟེ། ཨ་ཡིག་གོ །མི་ཤིགས་གོ་འཕང་ཞེས་བྱ་བ་ནི་མི་ཤིགས་པ་ནི་གཞན་གྱིས་མི་ཕྱེད་པའོ། །གོ་འཕང་ནི་དེའི་ངོ་བོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་སྐད་དུ་ཡང་ཨའི་ཡི་གེས་ཡི་གེ་ཐམས་ཅད་འབྱེད་པ་ཡིན་གྱི་དེ་བཞིན་དུ་ཡི་གེ་ཨ་ནི་ཀ་ལ་སོགས་པ་གཞན་རྣམས་ཀྱིས་འབྱེད་པ་མ་ཡིན་ནོ། །རང་བཞིན་འོད་གསལ་ཞེས་བྱ་བ་ནི་ཨ་ཏ་སེའི་མེ་ཏོག་དང་འདྲ་བ་ཉིད་ཀྱིས་འོད་གསལ་བའི་ཕྱིར་རོ། །དེ་ཡང་ཡེ་ཤེས་ཀྱི་མེའི་ངོ་བོ་ཉིད་དོ། །གསལ་བ་ཉིད་ཅེས་བྱ་བ་ནི་ལྟེ་བའི་དབུས་སུ་དྲོ་བའི་ངོ་བོས་ཐ་མལ་པ་རྣམས་ཀྱིས་ཀྱང་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་རོ། །རྣམ་པ་ཀུན་ལས་རྣམ་པར་གྲོལ། །ཞེས་བྱ་བ་ནི་སྔགས་ཀྱི་ངོ་བོའི་ཚོགས་ཐམས་ཅད་ཀྱི་རྣམ་པས་སོ། །རྣམ་པར་གྲོལ་བ་ནི་བྲལ་བ་ཞེས་བྱ་བའི་དོན་ཏོ། །རྒྱུད་ཉིད་ཀྱི་རིམ་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ལྟེ་བ་སྤྲུལ་པར་ཡང་དག་གནས། །ཞེས་བྱ་བ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོའི་གནས་སུ་ལུས་ཅན་ཐམས་ཅད་ཀྱི་སྤྲུལ་པའི་འཁོར་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་གནས་པའོ། །གློག་ལྟར་ཕྲ་བའི་ལྕེ་ཅན་ནི། །ཞེས་བྱ་བ་ནི་གློག་དང་འདྲ་བའི་ལྕེ་ནི་སྤྲུལ་གྱི་ལྕེའོ། །ཕྲ་བའི་ཞེས་བྱ་བ་ནི་གཅིག་ཏུ་རྣལ་འབྱོར་པས་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །གཉིས་མེད་ཡེ་ཤེས་ཞེས་བྱ་བ་ནི་གཉིས་སུ་སྣང་བ་ཐམས་ཅད་ནུབ་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་ཡང༌། ཨ་ཡིག་སྒོམ་པ་ལ་གནས་པའི་གང་ཟག་རྟེན་དང་བརྟེན་པའི་ངོ་བོ་ཉིད་ཀྱིས་རྩའི་འཁོར་ལོ་ཡོངས་སུ་བགྲང་བ་མ་ཡིན་ནོ། །རྨད་བྱུང་བ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེའི་སྒོ་ནས་རྣམ་པར་རྟོག་པ་ཐམས་ཅད་བཅོམ་པ་ཉིད་ཀྱི་
ཕྱིར་རོ། །དེ་ལྟར་དངོས་སུ་བསྟན་པའི་ངོ་བོ་བཤད་ནས། དེ་ཉིད་ཀྱི་གནས་སྐབས་ཀྱི་དབྱེ་བ་བརྗོད་པའི་ཕྱིར་རོ། །དེའི་ཡན་ལག་ངོ་བོ་ཉིད་ཀྱི་རྩའི་འཁོར་ལོ་ཡོངས་སུ་བགྲང་བ་མ་ཡིན་ནོ། །དེའི་ཡན་ལག་རིན་པོ་ཆེ་རྣམ་པ་ལྔ་བསྐྱེད་པར་བྱེད་པ་བརྗོད་པ་ནི་ཚངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་གྲུབ་པའི་མཐའ་ལས་གྲགས་པའི་བྱེད་པ་པོ་ལྔ་ལ་སྐྱེད་བྱེད་ཉིད་དུ་གསུངས་ཏེ། ཇི་སྐད་དུ། ཕ་རོལ་རྒོལ་བ་གང་ལ་ལ། །ཐ་དད་རྟགས་ཀྱིས་རྣམ་པར་གནས། །དེ་རྣམས་འདིར་ནི་སྨད་བྱ་མིན། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཕྱིར། །ཞེས་གསུངས་སོ། །ཚངས་པ་ཞེས་བྱ་བ་ནི་རང་ཉིད་ཀྱིས་ཕྱུང་ན་གཟུགས་ཀྱི་ཁམས་ན་གནས་པའོ། །ཁྱབ་འཇུག་ཅེས་བྱ་བ་ནི་ན་ར་ཡ་ནའོ། །དྲག་པོ་ཞེས་བྱ་བ་ནི་གནོད་བྱེད་ཀྱི་བུད་མེད་རྣམས་ངུར་འཇུག་པས་ན་དྲག་པོ་སྟེ། དབང་ཕྱུག་ཆེན་པོའོ། །དབང་ཕྱུག་གང་དང་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་ཅིང་ཐམས་ཅད་བྱེད་པ་གྲོང་བརྒྱད་ཀྱི་འཇལ་བྱེད་ཀྱི་ངོ་བོའོ། །རྟག་ཞི་བ་ཞེས་བྱ་བ་ནི་ཡེ་ཤེས་བྱ་བ་ནུས་པ་དང་བཅས་པ་སྒྱུ་མའི་གནས་སྐབས་ལས་ལོག་པ་སེམས་དཔའི་ངོ་བོའོ། །དེ་རྣམས་དེ་ལྟར་རིན་པོ་ཆེ་ཞེས་བྱ་བ་ནི་རིན་པོ་ཆེ་དང་འདྲ་བར་ནུས་པ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །སྐྱེད་པ་པོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་ལའོ། །ཕ་དང་མས་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཨའི་ཡི་གེ་ཉིད་ཀྱི་དབང་གིས་དེ་ལས་ཡང་དག་པར་བྱུང་བའི་རྡོ་རྗེ་འཆང་གི་བདག་པོ་རྐྱེན་གྱིས་འཇིག་རྟེན་དུ་བྱེད་པ་པོ་ལྔའི་སྣང་བ་འབྱུང་བའི་ཕྱིར་རོ། །རེ་ཞིག་འདི་ནི་ཕྱིའི་བཤད་པའི་ཕྱོགས་སོ། །གཞན་ནི་བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེ་ལས་བསྟན་ཏེ། ཇི་སྐད་དུ། ཚངས་པ་མྱང་འདས་ཕྱིར་སངས་རྒྱས། །ཞུགས་ཕྱིར་ཁྱབ་འཇུག་ཅེས་ནི་བརྗོད། །ཞི་བ་རྟག་ཏུ་དགེ་བའི་ཕྱིར། །ཐམས་ཅད་བདག་ཉིད་གནས་དབང་ཕྱུག །བདེ་བ་དམ་པས་དེ་ཁོ་ན། །དགའ་བ་རྟོགས་ཕྱིར་རྣམ་སངས་རྒྱས།། ཞེས་གསུངས་སོ། །དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་ལེའུ་བརྒྱད་པ་ལས། དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །རིགས་ནི་རིགས་ལྔའི་བདག་ཉིད་ཅན། །རིགས་ནི་མཐོང་བ་ཞེས་བྱར་བརྗོད། །ཐོད་པ་ཀ་སོགས་ཉིད་དུ་འདོད། །ཀ་སོགས་འདིར་ནི་རྩ་བར་ཤེས། །རྩ་བ་རྣམ་པ་ལྔར་ནི་འདོད། །ལྔ་ཡི་
བདག་ཉིད་དེ་བཞིན་གཤེགས། །ཕུང་པོ་ལྔ་ཡི་རང་བཞིན་སྐྱེས། །འབྱུང་བ་ལྔ་ཡི་ངོ་བོར་གྲགས། །ཡེ་ཤེས་ལྔ་ཡི་བདག་ཉིད་མཆོག །ཚངས་པ་ཁྱབ་འཇུག་དྲག་པོ་དང༌། །དབང་ཕྱུག་དང་ནི་རྟག་ཞི་བ། །དངོས་སུ་འདི་རྣམས་སྐྱེད་བྱེད་དེ། །ཐོད་པ་གང་ཞིག་དེ་ལྔ་འདོད། །ཀུན་ལ་ཁྱབ་པའི་སྟོང་པ་ཆེ། །གཅིག་པུ་མ་སྐྱེས་མི་འཕོ་བ། །ཐོད་པ་ཞེས་བྱ་འོད་ཀྱི་གཟུགས། །ཐམས་ཅད་རྡོ་རྗེ་འཆང་བདག་ཉིད། །གང་དུ་སྙིང་རྗེ་བཏུང་བ་སྟེ། །དམ་ཚིག་ཉིད་ཀྱང་སྐྱོང་བ་དང༌། །དན་འགྲོ་རྣམས་ལས་རྒལ་བ་ཡི། །ཐོད་པ་དེ་ནི་རབ་ཏུ་བསྔགས། །སོགས་པའི་སྒྲས་ནི་ལྷན་ཅིག་སྐྱེས།། ཀ་ནི་གང་དུའང་མི་གནས་ཏེ། །དེ་ཉིད་རྡོ་རྗེའི་ངོ་བོ་ཡིས། །ཆོས་ཀྱི་འཁོར་ལོ་ཉིད་དུ་གནས། །མགྲིན་པའི་འཁོར་ལོ་རྟག་ཞི་བ། །སྤྱི་བོར་དེ་ཡི་བདག་པོ་གནས། །དྲག་པོ་ལྟེ་བའི་འཁོར་ལོར་གནས། །དེ་ཡི་འོག་ཏུ་ཚངས་པ་གནས། །ཁྱབ་འཇུག་རླུང་གི་འཁོར་ལོར་གནས། །མེ་སོགས་རྣམས་ལ་ཞུགས་པའི་ཕྱིར། །བདག་ནི་འཁོར་ལོ་ཐམས་ཅད་ལ། །བདག་པོ་ཡི་ནི་རྣམ་པར་གནས། །སྟོང་པ་ཆེན་པོའི་ངོ་བོར་གྲགས། །མཁའ་འགྲོ་མ་ཡིས་ཀུན་ནས་བསྐོར། །མཁའ་འགྲོ་ལྔ་སོགས་བདག་པོ་སྟེ། །ཡེ་ཤེས་མཁའ་འགྲོ་དབང་ཕྱུག་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་རིན་པོ་ཆེ་རྣམ་པ་ལྔ་སྐྱེད་པར་བྱེད་པ་བསྟན་ནས། དེ་ཉིད་ཀྱི་དོན་དམ་པའི་ངོ་བོ་ཉིད་བསྟན་པ་བརྗོད་པའི་ཕྱིར། ཡི་གེ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེས་པོ་ཉིད་ཀྱི་ཕྱིར་རོ། །གོང་དུ་བུད་མེད་ཅེས་བྱ་བ་ནི་མཚན་དང་དཔེ་བྱད་ལ་སོགས་པ་བསྐྱེད་པ་ཉིད་ཀྱི་ཕྱིར་ཕྱི་རོལ་གྱི་ལོངས་སྤྱོད་རྫོགས་པའི་སྐུ་ལྟར་འབྱུང་བའི་ཚོགས་ནི་རྣམ་པར་སྤངས་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཀྱི་ཕྱིར་ཞེས་དགའ་བའི་འོད་ཀྱི་ཕྲེང་བ་བྱེད་པ་མཁན་པོས་སོ། །ཡང་ན་ཡི་གེ་མེད་ཅིང་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གོང་བུ་མེད་ཅིང་ཞེས་བྱ་བ་ནི་གོང་བུའི་ངོ་བོ་ཅིག་ཏུ་མེད་པའི་ཕྱིར་དང༌། ཆོས་ཐམས་ཅད་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །འབྱུང་བའི་ཚོགས་ནི་རྣམ་པར་སྤངས། །ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་ཆུང་གི་ངོ་བོའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེ་ལ་འབྱུང་བ་ནི་འཁོར་ལོ་དྲུག་གི་ངོ་བོ་སྟེ། འབྱུང་བ་ལས་འགྱུར་བ་ནི་དེ་རྣམས་
ལ་སྔགས་ཀྱི་ཡི་གེ་ལ་སོགས་པ་རྣམས་ཏེ། སྤྲོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཆ་མེད་ཅས་བྱ་བ་ནི་སྤྲོ་བའི་རིམ་པས་ཨཱ་ལི་དང་ཀཱ་ལི་མི་བསྐྱོད་པས་སོ། །ཆ་ལས་འདས་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྐྱེ་མེད་ཅེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཟད་མེད་ཅེས་བྱ་བ་ནི་རང་བཞིན་གྱིས་རྟག་ཏུ་གནས་པ་ཉིད་ཀྱི་ཕྱིར་རོ། །ཆོས་རྣམས་ཐམས་ཅད་ལས་དེ་དང་གཞན་ཉིད་དུ་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །ཀུན་འཛིན་ཅེས་བྱ་བ་ནི་ཡོད་པ་དང་མེད་པ་དང་དངོས་པོ་དང་དངོས་པོ་མེད་པའི་སྤྲོས་པ་ལས་འདས་པའི་ཕྱིར་རོ། །མངོན་ཞེན་ལ་སོགས་སྤངས་ཞེས་བྱ་བ་ནི་རྗོད་བྱེད་ཀྱི་སྒྲའི་མཚན་ཉིད་རྣམས་ཀྱིས་སོ། །སྤངས་ཞེས་བྱ་བ་ནི་དེ་རྣམས་ཀྱི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ལྷག་མ་ནི་ཁྱད་པར་གྱི་ཆོས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར། དེ་མེད་པས་ལྷག་མ་མེད་པའོ། །མཆོག་ནི་མཆོག་སྟེ་ཞེས་བྱ་བ་ནི་རྒྱུད་ཀྱི་རིམ་པའི་ཡི་གེ་ཨ་ལས་ཤིན་ཏུ་མཆོག་ཉིད་ཀྱི་ཕྱིར་རོ། །ཞི་བ་ནི་ཞེས་བྱ་བ་ནི་ཤིན་ཏུ་ཞི་བའི་ཕྱིར་རོ། །དངོས་པོ་ཀུན་གྱི་དབུས་ན་གནས། །ཞེས་བྱ་བ་ནི་ཆོས་རྣམས་ཡོངས་སུ་སྤངས་ནས་མི་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དེ་ཉིད་ཀྱི་དོན་དམ་པའི་ངོ་བོ་ཉིད་མངོན་པར་བརྗོད་ནས། རྣམ་ཤེས་གསུམ་གྱི་སྐྱེ་བ་བསྟན་པ་བརྗོད་པའི་ཕྱིར། འཇུག་པའི་རྣམ་ཤེས་ཚོགས་དྲུག་གིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ལ་སོགས་པའི་རྣམ་ཤེས་དྲུག་ལའོ། །ཁྱབ་བྱེད་དུ་ནི་ཡང་དག་གནས། །ཞེས་བྱ་བ་ནི་ལྟེ་བ་ལ་གནས་པའི་ཨའི་ཡི་གེའི་ངོ་བོ་ལ་བརྟན་ནས། འཇུག་པའི་རྣམ་པར་ཤེས་པ་སད་པ་བསྐྱེད་པའི་ཕྱིར་རོ། །ཉོན་མོངས་ཅན་གྱི་ཡིད་ཅེས་བྱ་བ་ནི་བདག་ཏུ་ལྟ་བ་དང༌། བདག་ལ་ཆགས་པ་དང༌། བདག་ཏུ་རྨོངས་པ་དང༌། བདག་ཏུ་ང་རྒྱལ་བའི་མཚན་ཉིད་ཅན་གྱི་རྣམ་པ་བཞིན་རྟག་ཏུ་འདུད་པ་ཉིད་ཀྱི་ཕྱིར་རོ། །སྔོན་བཞིན་དུ་ཁྱབ་བྱེད་ཉིད་དུ་གནས་པ་ཞེས་བྱ་བར་སྦྱར་བར་བྱའོ། །གལ་ཏེ་ཁྱབ་བྱེད་ཡིན་ན། འོ་ན་དེའི་སྐྱོན་རྣམས་ཀྱིས་འདི་ཉེ་བར་བསྒོས་པར་འགྱུར་རོ་སྙམ་དུ་ དོགས་པ ་བསལ་བའི་ཕྱིར། རྣམ་རྟོག་མེད་ཅིང་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་རྟོག་
པ་རྣམས་ཀྱིས་མ་བསྒོས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྟེན་མེད་པ་སྟེ། དོན་དམ་པར་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་བ་མི་འཐད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ། ཀུན་གཞི་རྣམ་ཤེས་གསུངས་པའི་ཕྱིར། །ཞེས་བྱ་བ་ནི་ཐམས་ཅད་ཀྱི་ས་བོན་ལའོ། །སད་པར་བྱེད་ཅེས་བྱ་བ་ནི་རབ་ཏུ་སད་པར་བྱེད་པའོ། །ཕྱི་རོལ་གྱི་སད་པར་བྱེད་པའི་རྐྱེན་མི་འཐད་པ་ཉིད་ཀྱི་ཕྱིར་རོ། །དེའི་བག་ཆགས་སད་པ་ལ་དེའི་རྟེན་ཉིད་ཡིན་ནོ། །བེམས་པོ་ཉིད་ནི་ཞེས་བྱ་བ་ནི་དམིགས་པ་མི་རིགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྣམ་པ་གསུམ་གྱིས་དེ་ལ་གནས་སྐབས་ཀྱི་དབྱེ་བ་བསྟན་ནས། དེ་ཐོབ་པའི་རྒྱུ་བསྟན་པ་བརྗོད་པའི་ཕྱིར། མཆོག་ཏུ་གཉིད་མེད་རྣལ་འབྱོར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནང་གི་བདག་ཉིད་ཅན་གྱི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་མཚན་ཉིད་མཆོག་ཏུ་ཕྱི་རོལ་གྱི་མཚན་ཉིད་དང་བྲལ་བའི་རྣལ་འབྱོར་གྱིས་ཐོབ་པར་བྱའོ། །ཡི་གེ་ཞེས་བྱ་བ་ནི་ཨ་ཡིག་གི་ངོ་བོའོ། །བླ་ན་མེད་ཅེས་བྱ་བ་ནི་བླ་ན་མེད་པའི་གོ་འཕང་གི་རྒྱུ་ཉིད་ཀྱི་ཕྱིར་རོ། །རྟོག་མེད་ཅེས་བྱ་བ་ནི་དོན་དམ་པར་འགྲོ་བ་དང་འོང་པའི་བྱ་བ་མེད་པའི་ཕྱིར་རོ། །འཇིགས་མེད་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་འཇིགས་པ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །གསལ་བ་དང་ཞེས་བྱ་བ་ནི་ལྟེ་བའི་གནས་སུ་རྣལ་འབྱོར་པའི་ཡེ་ཤེས་གསལ་བར་རྟོགས་པའི་ཕྱིར་རོ། །རླུང་གི་དེ་ཉིད་ཡང་དག་བརྟེན། །ཞེས་བྱ་བ་ནི་ལས་ཀྱི་རླུང་ལ་བརྟེན་ནས་ཐིག་ལེ་གསུམ་བསྒོམས་པའི་སྒོ་ནས་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཧོ་ཡིག་གིས་ནི་བསྐུལ་བྱས་ནས། །ཞེས་བྱ་བ་ནི་སྨིན་མའི་དབུས་སུ་རླུང་གི་འཁོར་ལོ་གནས་པའི་ཡི་གེ་ཧོ་ཐིག་ལེའི་དབྱེ་བ་ངོ་བོས་ཡང་དག་པར་བསྐུལ་པ་སྟེ། སྟེང་དུ་འགྲོ་བ་བཀག་ནས་འོག་ཏུ་འགྲོ་བའི་ཕྱིར་རོ། །མེ་ཡི་འཁོར་ལོ་རྣམ་པར་སྦྱོང༌། །ཞེས་བྱ་བ་ནི་མགྲིན་པའི་འོག་ཏུ་གནས་པའི་མེའི་འཁོར་ལོ་རབ་ཏུ་སད་པར་བྱེད་པ་སྟེ། འོག་དང་སྟེང་སྤྲུལ་པ་དང་མེའི་འཁོར་ལོ་རབ་ཏུ་སད་པས་རྩའི་འཁོར་ལོ་མ་ལུས་པའི་རྣམ་པར་རྟོག་པ་འཇོམས་པའི་ཕྱིར་རོ། །དེ་ལྟར་དེ་ཐོབ་པར་བྱེད་པའི་རྒྱུ་བརྗོད་པར་བསྟན་ནས། ཉེ་བར་བསྡུ་བ་བཤད་པའི་ཕྱིར། དེ་ལྟར་སྒྲའི་ཚིག་གི་དོན་ཞེས་བྱ་བ་གསུངས་ཏེ། ལེའུ་དང་
པོར་དྲི་བའི་ངོ་བོ་ཉིད་ཀྱི་གསུངས་པ་ལའོ། །དོན་ཞེས་བྱ་བ་ནི་བརྗོད་པར་བྱ་བའི་ངོ་བོ་ལའོ། །བླ་མའི་ཞལ་ཞེས་བྱ་བ་ནི་སློབ་དཔོན་གྱི་ཞལ་ལའོ། །རྣམ་པར་གནས་ཞེས་བྱ་བ་ནི་དེའི་དྲིན་གྱིས་ཐོབ་པར་བྱ་བ་ཉིད་ཀྱི་ཕྱིར་སྙམ་དུ་དགོངས་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་བ། པཎྜི་ཏ་ཨ་ལངྐ་ཀ་ལ་ཤས་མཛད་པ། ཟབ་མོའི་དོན་གསལ་བ་ཞེས་བྱ་བ་ལས་ལེའུ་བདུན་པའི་རྒྱ་ཆེར་བཤད་པའོ།། །།