ལེའུ་བཞི་པ། སེམས་རྣམ་པར་དབེན་པ་བསྡུས་པའི་ཐེ་ཚོམ་གཅོད་པ།
རྡོ་རྗེ་སློབ་མས་གསོལ་པ། སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་བཀའ་དྲིན་གྱིས་རླུང་གི་དེ་ཁོ་ན་ཉིད་ཀྱི་རིམ་པས་སྔགས་ཀྱི་དེ་ཁོ་ན་ཉིད་དང༌། ངག་རྣམ་པར་དབེན་པ་ལ་ཡང་སོམ་ཉི་མ་མཆིས་ཏེ། ད་ནི་སེམས་རྣམ་པར་དབེན་པ་ལ་སློབ་པར་འཚལ་ན་ཇི་ལྟར་
བསླབ་པར་བགྱི། ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་ཅན་ཆེན་པོ་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཡང་དག་པར་འགྲོ་བ་ལས་ཁ་ཕྱིར་བལྟས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། ཤིན་ཏུ་ཟབ་པ། མཆོག་ཏུ་གཟུང་བར་དཀའ་བ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡོངས་སུ་དྲིས་པའི་སེམས་གང་ཡིན་པ་དེའི་ངོ་བོ་ཉིད་ནི་རྩ་བ་མེད་པ། གནས་མེད་པ། གཞི་མེད་པ། མཚན་མ་མེད་པ། དབྱིབས་དང་ཁ་དོག་མེད་པ། དབང་པོ་ལས་འདས་པ། རྟོག་གེ་རྣམས་ཀྱི་ཡུལ་མ་ཡིན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་ལས་བསྟན་པའི་ཚིག་ལ་གསུངས་པའོ། །དེ་ལྟ་བས་ན་རྡོ་རྗེ་ཐེག་པ་ལ་གནས་ནས་སངས་རྒྱས་ཉིད་ཐོབ་པར་འདོད་པས་དགེ་བའི་བཤེས་གཉེན་མཉེས་པར་བྱས་ནས་རང་གི་སེམས་ཀྱི་ངོ་བོ་ཉིད་བཙལ་བར་བྱའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། རིགས་ཀྱི་བུ་མཉམ་པར་གཞག་པས་རང་གི་སེམས་སོ་སོར་རྟོགས་ཤིག་ཅེས་གསུངས་པ་དང༌། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་བྱང་ཆུབ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ་ཞེས་གསུངས་པ་དང༌། སྡེ་སྣོད་གསུམ་གྱི་ཚུལ་ལས་ཀྱང༌། །གཅིག་པུ་འགྲོ་ཞིང་རིང་དུ་རྒྱུ། །ལུས་མེད་དབང་པོའི་ཕུག་ན་གནས། །གདུལ་བར་དཀའ་བའི་སེམས་འདུལ་བྱེད། །དེ་ནི་བྲམ་ཟེར་ངས་བཤད་དོ། །བདུད་ཀྱི་བཅིང་བ་ལས་གྲོལ་འགྱུར། །ཞེས་གསུངས་སོ། །དེ་བས་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་པར་འདོད་པས་གཡེང་བ་དང་སྒྲིབ་པ་ཐམས་ཅད་སྤངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཡང་དག་པར་ཐོབ་པའི་རྡོ་རྗེ་སློབ་དཔོན་མཉེས་པར་བྱས་ལ་དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་ལ་སོགས་པ་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་སྣང་བ་རྟོགས་པར་བྱའོ། །ཇི་སྐད་དུ་ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། ཡང་བློ་གྲོས་ཆེན་པོ་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་སེམས་ཀྱི་སྣང་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཡོངས་སུ་ཤེས་པར་འདོད་པས་འདུ་བ་དང༌། འདུ་འཛི་དང༌། གཉིད་དང༌། སྒྲིབ་པ་མེད་པར་བྱའོ། །དེ་ལ་རྣམ་པར་ཤེས་པ་གསུམ་ནི་དངོས་པོ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ། མཐོ་རིས་དང༌། ངན་འགྲོ་དང༌། རྒྱུ་བ་དང༌། མི་རྒྱུ་བ་དང༌། གཟུང་བ་དང༌། འཛིན་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་འཁོར་ལོ་དང༌། དགེ་བ་དང༌། མི་དགེ་བ་དང༌། རྣམ་པར་རྟོག་པ་དང༌། སྣང་བ་དང༌། མུན་པ་པ་དང༌། སྐྱེས་པ་དང༌། བུད་མེད་དང༌། མ་ནིང་ལ་སོགས་པའི་བདག་ཉིད་ཅན་དང༌། སྐྱེ་བ་དང༌། གནས་པ་དང༌། འཇིག་པ་སྟེ། མདོར་ན་ཁམས་གསུམ་པོའི་དབང་པོའི་སྤྱོད་ཡུལ་རྣམས་ནི་རྣམ་པར་ཤེས་པ་གསུམ་ཡིན་ནོ་ཞེས་གསུངས་པ་དང༌། ཇི་སྐད་དུ་བཅོམ་ལྡན་འདས་ལ་བཟང་སྐྱོང་གིས་ཞུས་པའི་མདོ་ལས་ཀྱང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་འཁྲུལ་འཁོར་དེ་ནི་ལས་ཀྱི་དབང་གིས་འཇུག་སྟེ། ལས་དེ་ཡང་གཟུགས་ཅན་མ་ཡིན་ཞིང་རྣམ་པར་ཤེས་པ་ལས་མངོན་པར་གྲུབ་པའོ། །དེ་བཞིན་དུ་ལུས་ཀྱི་འཁྲུལ་འཁོར་འདི་ཡང་རྣམ་པར་ཤེས་པའི་དབང་གིས་འབྱུང་སྟེ། རྣམ་པར་ཤེས་པའི་ཁམས་འདི་ནི་ལུས་སྣ་ཚོགས་ལ་འཇུག་པ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདི་ནི་ལུས་སྐྱེད་པར་བྱེད་པའི་ཕྱིར་བྱེད་པ་པོ་ཡང་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདི་ནི་ཆོས་ཀྱི་དབྱིངས་ལ་བརྟེན་པའི་ཕྱིར་མི་ཟད་པ་ཡང་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདི་ནི་སྔོན་གྱི་ལུས་ཀྱི་གནས་རྗེས་སུ་དྲན་པའི་ཕྱིར་བློ་གྲོས་ཕུན་སུམ་ཚོགས་པ་ཡང་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་འདི་ནི་ཉི་མའི་འོད་ཟེར་དང་འདྲ་བར་བལྟ་བར་བྱ་སྟེ། དཔེར་ན་ཉི་མའི་འོད་ཟེར་ནི་དྲི་ང་བ་དག་དང་མི་གཙང་བ་དག་དང༌། རོ་དག་ལ་ཡང་འབབ་པ་སྟེ། འོན་ཀྱང་དྲི་དེས་གོས་པར་ཡང་མི་འགྱུར་ལ། ཉི་མ་ཡང་དྲི་ང་བ་བོར་ཏེ་ཡང་མི་འགྲོའོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་ཕྱི་ས་དང༌། སྙག་སྙིག་ཟ་བའི་ཁྱི་དང་ཕག་གི་སྐྱེ་བ་དག་ཏུ་ཡང་སྐྱེ་བ་ཡོངས་སུ་འཛིན་ཏེ། འོན་ཀྱང་རྣམ་པར་ཤེས་པའི་ཁམས་ལ་སྤྱོད་པ་ངན་པ་
དེ་དག་གིས་གོས་པ་མེད་དོ། །དེ་ནས་སྨན་ཆེན་གྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རྣམ་པར་ཤེས་པ་ལུས་ལས་འཕོ་བ་དེའི་རང་བཞིན་ཇི་ལྟ་བུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་ཆེན་ད་ལྟར་ཁྱོད་ཀྱིས་ང་ལ་ཇི་སྐད་དུ་བསྐུལ་བ་དེ་ནི་དེ་བཞིན་ཏེ། ལེགས་སོ་ལེགས་སོ། །དྲི་བ་དེ་ནི་མཆོག་ཏུ་ཟབ་པོ། །དྲི་བ་འདི་ནི་དེ་བཞིན་གཤེགས་པས་བསྟན་པར་བྱ་བ་ཡིན་ཏེ། རྣམ་པར་ཤེས་པ་དེ་སྟོན་པ་ནི་དེ་བཞིན་གཤེགས་པ་མ་གཏོགས་པ་གཞན་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་བཟང་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོའི་བུ་གཞོན་ནུ་སྨན་ཆེན་ནི་ཟབ་མོའི་དོན་ཞུ་བ་ལ་མཁས་ལགས་ཏེ། བློ་ཞིབ་ཅིང་མཛངས་ལ་མཁས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་དེ་དེ་བཞིན་ཏེ། རྒྱལ་པོའི་བུ་གཞོན་ནུ་སྨན་ཆེན་འདི་ནི་བཅོམ་ལྡན་འདས་རྣམ་པར་གཟིགས་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ། །བཟང་སྐྱོང་རྒྱལ་པོའི་བུ་གཞོན་ནུ་སྨན་ཆེན་འདི་ནི་ཚེ་རབས་ལྔ་བརྒྱའི་བར་དུ་གཞན་མུ་སྟེགས་ཅན་དུ་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། རྣམ་པར་ཤེས་པའི་ཁམས་འདི་ཅི་ཡིན། རྣམ་པར་ཤེས་པའི་ཁམས་འདི་གང་ཡིན། རྣམ་པར་ཤེས་པའི་ཁམས་འདི་ཇི་ལྟ་བུ་ཞིག་སྙམ་མོ། །བཟང་སྐྱོང་འོན་ཀྱང་རྣམ་པར་ཤེས་པའི་འགྲོ་བ་དང་འོང་བ་ཁོང་དུ་མ་ཆུད་དེ་ངས་འདིའི་ཐེ་ཚོམ་བསལ་བར་བྱའོ། །གཞན་ཡང་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཅི་ཞེ་ན། ས་བོན་གྱིས་ལུས་ཀྱི་མྱུ་གུ་མངོན་པར་གྲུབ་པར་བྱེད་ལ། སེམས་པས་ཤེས་པ་དྲན་པ་ཐོབ་པར་འགྱུར་ཏེ། དེ་བས་ན་ས་བོན་དང་ཤེས་པ་ལ་རྣམ་པར་ཤེས་པ་ཞེས་བྱའོ། །དཔེར་ན་རྒྱ་ཤུག་དང༌། འབྲ་གོ་དང༌། ཨ་མྲ་དང༌། ཉོ་ཏིང་དང༌། སེའུ་དང༌། བིལ་བ་དང༌། ཀ་པིཏྟ་ལ་སོགས་པའི་འབྲས་བུ་རྣམས་ནི་རོ་དུ་མར་འགྲུབ་སྟེ། ཚ་བ་དང༌། ཁ་བ་དང༌། སྐྱུར་བ་དང༌། མངར་བ་དང༌། ལན་ཚྭའི་རོ་དང༌། བསྐ་བ་ལ་སོགས་པའི་རོ་རེ་རེར་རྣམ་པར་སྨིན་པར་འགྱུར་ཏེ། ལ་ལ་ནི་རོ་ཚ་བར་འགྱུར། ལ་ལ་ནི་སྐྱུར། ལ་ལ་ནི་མངར་རོ། །འབྲས་བུ་དེ་དག་མེད་པར་གྱུར་པའི་ས་བོན་གང་དང་གང་དུ་འཕོ་
བར་གྱུར་པ་དེ་དང་དེར་རོ་ཡང་འཕོ་བར་འགྱུར་རོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་གང་དང་གང་དུ་འཕོ་བ་དེ་དང་དེར་ཚོར་བ་ཡང་འཕོ་བར་འགྱུར་རོ། །བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་དྲན་པ་ཡང་འཕོ་བར་འགྱུར་རོ། །གཞན་ཡང་རྣམ་པར་ཤེས་པའི་ཁམས་འདིས་ནི་ལུས་ཡོངས་སུ་བཏང་ནས་བདག་གི་ལུས་འདི་ཡོངས་སུ་གཏོང་ངོ་སྙམ་དུ་རབ་ཏུ་ཤེས་ཏེ། དེ་བས་ན་འདི་ལ་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དགེ་བའི་ལས་ཀྱང་རབ་ཏུ་ཤེས་སོ། །མི་དགེ་བའི་ལས་ཀྱང་རབ་ཏུ་ཤེས་སོ། །ལས་འདི་དག་ནི་བདག་གི་ཕྱི་བཞིན་འབྲང་ངོ༌། །བདག་ཀྱང་འདི་དག་གི་ཕྱི་བཞིན་འབྲང་ངོ་སྙམ་དུ་དེ་ལྟར་རབ་ཏུ་ཤེས་ཏེ་དེ་བས་ན་རྣམ་པར་ཤེས་པ་ཞེས་བྱའོ། །གཞན་ཡང་ལུས་འདིའི་བྱ་བ་ཐམས་ཅད་རབ་ཏུ་ཤེས་ཏེ་དེ་བས་ན་རྣམ་པར་ཤེས་པ་ཞེས་བྱའོ། །ལུས་འདི་ལ་རྣམ་པར་ཤེས་པ་གང་ན་ཡང་མི་གནས་ཏེ། རྣམ་པར་ཤེས་པ་མེད་ན་ཡང་ལུས་སྐྱེ་བར་མི་འགྱུར་རོ། །བཟང་སྐྱོང་དེའི་ཕྱིར་ཉོན་ཅིག །བདེན་པ་མ་མཐོང་བས་ནི་རྣམ་པར་ཤེས་པ་འདི་མི་ཤེས་སོ་ཞེས་གསུངས་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་ནི་ཁ་དོག་མེད་པ། མཚན་མ་མེད་པ། དབྱིབས་མེད་པའི་བདག་ཉིད་ཅན་རང་རིག་པའི་ཡེ་ཤེས་ཙམ་དུ་ཐེག་པ་ཆེན་པོའི་མདོ་སྡེ་ལས་བསྟན་ཏོ། །གཞན་ཡང་རྡོ་རྗེའི་ཐེག་པ་གསང་བ་འདུས་པ་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལ་མ་ཞུགས་པར་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་སྙེད་ཀྱི་བསྐལ་པ་ཐམས་ཅད་ཀྱིས་ཀྱང་རང་གི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་ཤེས་པར་བྱ་བར་མི་ནུས་ཤིང་ཀུན་རྫོབ་ཀྱི་བདེན་པ་མཐོང་བར་མི་འགྱུར་རོ་ཞེས་སོ། །དེ་བས་ན་དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། བླ་མའི་ཞལ་སྔ་ནས་ཀྱི་བཀའ་དྲིན་ལས་རྣམ་པར་ཤེས་པ་གསུམ་གྱི་ཡང་དག་པ་ཇི་ལྟ་བར་ཤེས་པར་བྱའོ། །རྒྱུད་དེ་ལས་རྡོ་རྗེ་ལྟ་བུའི་ཚིག་བཤད་པ་ཅུང་ཟད་གཅིག་ལ་འཇུག་པར་བྱ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུད་ནས་སླར་ཡང་ཞུས་པ། ཨེ་མའོ་སྟོན་པ་རྣམ་པར་ཤེས་པ་གསུམ་ནི་རྟོགས་
པར་དཀའ་ཞིང་མཆོག་ཏུ་རྟོགས་པར་དཀའ་སྟེ། རྣམ་པར་ཤེས་པ་གསུམ་གྱི་དབྱེ་བ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཤེས་པ་ནི་འོད་གསལ་བ་ལས་བྱུང་བའོ། །དེ་ཉིད་ནི་སེམས་དང་ཡིད་ཅེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཅན་གྱི་ཆོས་ཐམས་ཅད་ནི་དེའི་རྩ་བ་ཅན་ཡིན་ནོ། །དེ་ལས་བདག་དང་གཞན་དུ་རྟོག་པ་རྣམ་པ་གཉིས་འབྱུང་བར་འགྱུར་རོ། །རྣམ་པར་ཤེས་པ་དེ་རླུང་ལ་ཞོན་ཏེ་བྱུང༌། རླུང་ལས་ནི་མེའོ། །མེ་ལས་ནི་ཆུའོ། །ཆུ་ལས་ནི་སའོ། །དེ་རྣམས་ལས་ནི་ཕུང་པོ་ལྔ་དང༌། སྐྱེ་མཆེད་དྲུག་དང༌། དབང་པོ་ལྔ་རྣམས་ཏེ། དེ་དག་ཐམས་ཅད་ནི་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་འདྲེའོ། །དེ་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་སྣང་བ་ལ་རབ་ཏུ་སྤྱོད་པ་ཡོངས་སུ་གསལ་བར་ཉམས་སུ་མྱོང་བར་འགྱུར་ཞིང་སྣང་བའི་རྒྱུས་རང་བཞིན་རྣམས་འབྱུང་བར་འགྱུར་རོ། །མདོར་བསྟན་པའི་ཚིག་དེ་རྣམས་ཀྱིས་རྒྱས་པར་བཤད་པའི་བསྡུས་པ་བསྟན་བར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་རྣམ་པར་ཤེས་པ་གསུམ་གྱི་རྣམ་གྲངས་དག་བཤད་པར་བྱའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ཐབས་ཞེས་བྱ་བའི་མིང་གསལ་བའི་དགོངས་པས་བཤད་པ་འདིས་མ་ནིང་གི་ཚིག་ནི་ཉེ་བར་མཚོན་པ་ཡིན་ལ། ཉེ་བར་ཐོབ་པའི་ཡེ་ཤེས་ནི་གསལ་བ་མ་ཡིན་ནོ། །དེ་བས་ན་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་དང༌། ཀུན་བརྟགས་པ་དང། གཞན་དབང་དང༌། ཡོངས་སུ་གྲུབ་པ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཅེས་བྱ་བ་དང༌། ངོ་བོ་ཉིད་གསུམ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཐེག་པ་ཆེན་པོ་དང་ཐུན་མོང་དུ་གྱུར་པའོ། །རྡོ་རྗེ་ཐེག་པ་འདིར་རྣམ་གྲངས་གསུངས་པ། སྣང་བ་དང༌། སྣང་བ་མཆེད་པ་དང༌། སྣང་བ་ཐོབ་པ་དང༌། སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ་དང༌། སེམས་དང་སེམས་ལས་བྱུང་བ་དང༌། མ་རིག་པ་དང༌། འདོད་ཆགས་དང༌། འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་བར་མ་ཞེས་བྱའོ། །དེ་ལྟར་སེམས་ཀྱི་
རྣམ་གྲངས་བསྟན་ནས། ད་ནི་སོ་སོ་རང་རིག་པའི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་དག་གི་སྒོ་ལ་བརྟེན་ནས་བསྟན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སེམས་ནི་དབྱིབས་དང་ཁ་དོག་དང་བྲལ་བ་ནམ་མཁའི་མཚན་ཉིད་ཅན་ནོ་ཞེས་གསུངས་པ་དང༌། ཡང་བཅོམ་ལྡན་འདས་ཀྱིས་སྣང་བའི་མཚན་ཉིད་ཅན་དང༌། རྗེས་སུ་མྱོང་བའི་མཚན་ཉིད་དུ་སོ་སོར་རྟོགས་པར་བྱའོ་ཞེས་ལུང་ལས་བསྟན་ཏོ། །དེ་བས་ན་དེའི་མན་ངག་ལ་འཇུག་པར་བྱ་སྟེ། འདི་ལྟ་སྟེ། དང་པོ་ཀུན་དུ་སྣང་བ་དང༌། ཕྱི་ནས་རང་བཞིན་ནོ། །དེ་ལ་སྣང་བ་དང༌། སྣང་བ་མཆེད་པ་དང༌། སྣང་བ་ཐོབ་པ་ཞེས་བྱ་བ་སྟེ་སྣང་བ་གསུམ་མོ། །དེ་ལ་སྣང་བའི་མཚན་ཉིད་གང་ཞེ་ན། རྣམ་བ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་གྱི་དུས་སུ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་སྣང་བར་བྱེད་པས་ཁྱབ་པར་བྱེད་པ་བཞིན་དུ་རང་བཞིན་གྱིས་གསལ་བའི་རྣམ་པར་དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པས་ན་སྣང་བ་སྟེ། འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ། ཨཾ་ཞེས་བྱ་བ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བས་དེ་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སོ་ཞེས་དམིགས་པར་བྱེད་ཅིང་པདྨའམ། བུད་མེད་ཀྱི་གཟུགས་སམ། གཡོན་པའི་མིང་ངམ། མཚན་མོའི་མིང་དང༌། འཇམ་པའི་དངོས་པོར་སེམས་ཀྱི་ཀུན་རྫོབ་ཀྱི་གཟུགས་གསལ་བའོ།། སྣང་བ་མཆེད་པའི་མཚན་ཉིད་གང་ཞེ་ན། དེ་ཡང་གཟུང་བ་དང་འཛིན་པ་དང་བྲལ་བའི་རྣམ་པ་མེད་པའི་རང་བཞིན་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་ཀའི་དུས་སུ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ་ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པར་དམིགས་པ་བྱང་ཆུབ་ཀྱི་སེམས་ཀུན་དུ་བཟང་པོ་གཉིས་པ་སྟེ། རིམ་པ་གཉིས་པ་ཤིན་ཏུ་སྟོང་པའི་མཚན་ཉིད་ཅན་ཨཱཿ་ཞེས་བྱ་བ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ། མོས་པ་ཆུང་བའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་རྟོགས་པར་མི་འགྱུར་བས་ཉི་མའི་
དཀྱིལ་འཁོར་ལ་བརྟེན་ནས་དམིགས་པར་བྱེད་ཅིང་རྡོ་རྗེ་རྩེ་ལྔ་པའམ། རིན་པོ་ཆེའམ། ཉིན་མོའམ། སྐྱེས་པའི་གཟུགས་སམ། གཡས་པ་ཞེས་བྱ་བའམ། རྩུབ་བའི་རྣམ་པ་ནི་སེམས་ལས་བྱུང་བའི་ཀུན་རྫོབ་ཀྱི་གཟུགས་སོ། །སྣང་བ་ཐོབ་པ་གང་ཞེ་ན། དེ་བཞིན་དུ་ནམ་མཁའི་མཚན་ཉིད་དངོས་པོ་མེད་པའི་གཟུགས་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་མཚམས་ཀྱི་སྨག་ལ་བབ་པའི་ངོ་བོར་ཁྱབ་པ་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་མི་རྒྱུ་བས་རྒྱུ་བ་མེད་པ་སྟེ། སེམས་མེད་པ་མི་གཡོ་བ་ངག་གི་ས་བོན་ལ་བརྟེན་པའི་སྒོ་ཡོངས་སུ་གྲུབ་པ་ཞེས་བྱ་བ་འདི་ནི་སྣང་བ་ཐོབ་པ་མ་རིག་པའི་མཚན་ཉིད་ཅན་སྟོང་པ་ཆེན་པོ་སྟེ་རྣམ་བར་ཤེས་པ་གསུམ་དུ་བཤད་དོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་མན་ངག་སྟོང་པ་གསུམ་གྱི་མཚན་ཉིད་བསྟན་ནས། ད་ནི་ཡེ་ཤེས་རེ་རེ་འབྱུང་བ་ལ་རང་བཞིན་འབྱུང་བར་རྣམ་པར་གཞག་པར་བྱ་སྟེ། དེ་ལ་ཤེས་རབ་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི་འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་དང་བྲལ་བ་བར་མ་དང༌། ཤིན་ཏུ་འདོད་ཆགས་དང་བྲལ་བ་དང་གང་ཡིད་ཀྱིས་འགྲོ་བ་དང་འོང་བ་དག་དང་མྱ་ངན་དང་མྱ་ངན་བར་མ་དང༌། ཤིན་ཏུ་མྱ་ངན་དུ་གྱུར་པ་དང༌། ཞི་བ་དང༌། རྣམ་པར་རྟོག་པ་དང༌། འཇིགས་པ་དང༌། འཇིགས་པ་བར་མ་དང༌། ཤིན་ཏུ་འཇིགས་པ་དང༌། སྲེད་པ་དང༌། སྲེད་པ་བར་མ་དང༌། ཤིན་ཏུ་སྲེད་པ་དང༌། ཉེ་བར་ལེན་པ་དང༌། མི་དགེ་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། ཚོར་བ་དང༌། ཚོར་བ་བར་མ་དང༌། ཤིན་ཏུ་ཚོར་བ་དང༌། རིག་པ་པོ་དང༌། རིག་པ་དང༌། འཛིན་པའི་གཞི་དང༌། སོ་སོར་རྟོག་པ་དང༌། ངོ་ཚ་ཤེས་པ་དང༌། སྙིང་རྗེ་དང༌། བརྩེ་བ་དང༌། བརྩེ་བ་བར་མ་དང༌། ཤིན་ཏུ་བརྩེ་བ་དང༌། དོགས་པ ་དང་བཅས་པ་དང༌། སྡུད་པ་དང༌། ཕྲག་དོག་སྟེ། མཚན་ཉིད་སུམ་ཅུ་རྩ་གསུམ་མོ། །ཐབས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནི་ཆགས་པ་དང༌། ཀུན་དུ་ཆགས་པ་དང༌། དགའ་བ་དང༌། དགའ་བ་བར་མ་དང༌། ཤིན་ཏུ་དགའ་བ་དང༌། རངས་པ་དང༌། རབ་ཏུ་མགུ་བ་དང༌། ངོ་མཚར་བ་དང༌། དགོད་པ་དང༌། ཚིམ་པ་དང༌། འཁྱུད་པ་དང༌། འོ་བྱེད་པ་དང༌། འཇིབ་པ་དང༌། བརྟན་པ་དང༌། བརྩོན་པ་དང༌། ཁེངས་པ་དང༌། བྱ་བ་
དང། དབྲོག་བ་དང༌། སྟོབས་དང༌། སྤྲོ་བ་དང༌། དཀའ་བ་ལ་སྦྱོར་བ་དང༌། དཀའ་བ་ལ་སྦྱོར་བ་བར་མ་དང༌། ཤིན་ཏུ་དཀའ་བ་ལ་སྦྱོར་བ་དང༌། དྲག་པ་དང༌། རྣམ་པར་སྒེག་པ་དང༌། འགྲས་པ་དང༌། དགེ་བ་དང༌། ཚིག་གསལ་བ་དང༌། བདེན་པ་དང༌། མི་བདེན་པ་དང༌། ངེས་པ་དང༌། ཉེ་བར་མི་ལེན་པ་དང༌། སྦྱིན་པ་པོ་དང༌། བསྐུལ་བ་དང༌། དཔའ་བ་དང༌། ངོ་ཚ་མེད་པ་དང༌། སྒྱུ་ཟིན་པ་དང༌། གདུག་པ་དང༌། མི་སྲུན་པ་དང༌། གྱ་གྱུ་ཆེ་བ་སྟེ། མཚན་ཉིད་བཞི་བཅུ་ཐམ་པའོ། །སྣང་བ་ཐོབ་པའི་ཡེ་ཤེས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། ཆགས་པ་བར་མ་དང༌། བརྗེད་ངས་པ་དང༌། འཁྲུལ་བ་དང༌། མི་སྨྲ་བ་དང༌། སྐྱོ་བ་དང༌། ལེ་ལོ་དང༌། ཐེ་ཚོམ་དང་བཅས་པ་སྟེ། འདིའི་རང་བཞིན་གྱི་མཚན་ཉིད་ནི་བདུན་པོ་འདི་དག་གོ །རང་བཞིན་རྣམ་པ་བརྒྱད་ཅུ་པོ་དེ་དག་གི་མཚན་ཉིད་ནི་མངོན་སུམ་དུ་ཕྱེ་བར་གྱུར་ན་བརྒྱ་དྲུག་ཅུ་སྟེ། ཉིན་དང་མཚན་དུ་སྒོ་ང་ལས་སྐྱེས་པ་ལ་སོགས་པ་རྣམས་ཀྱང་ཉིན་དང་མཚན་དུ་སྤྱོད་དེ་ཕོ་དང་མོའི་སྐྱེ་གནས་ཀྱི་དབྱེ་བས་ཕྱེ་བའི་ཕྱིར་ནི་མ་ཡིན་ནོ། །རྡོ་རྗེ་སློབ་མས་གསོལ་པ། རང་བཞིན་རྣམ་པ་བརྒྱད་ཅུའི་སེམས་ཉིད་དང་མཚན་དུ་རབ་ཏུ་རྒྱུ་བ་བདག་དང་གཞན་རྣམས་ཀྱི་སོ་སོ་རང་རིག་པ་ཡིན་པ་ནི་སོམ་ཉི་མ་མཆིས་ན་འོན་ཀྱང་ལུང་གིས་ཡིད་ཆེས་པར་བགྱི་བ་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སྔགས་ཀྱི་སྒྲའི་ངེས་པའི་ཚིག་བཅོམ་ལྡན་འདས་ཀྱིས་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་གསུངས་ཏེ། རྐྱེན་ལས་བྱུང་བ་གང་དང་གང༌། །དབང་པོ་དང་ནི་ཡུལ་གྱིས་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་གསལ་བར་བྱེད་པའི་དོན། །ཞེས་བྱའོ། །རང་བཞིན་རྣམ་པ་བརྒྱད་ཅུ་ལས། ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་འབྱུང་བ་དང༌། ཡང་ལྟ་བ་དྲུག་ཅུ་རྩ་གཉིས་ལ་སོགས་བ་འབྱུང་བར་འགྱུར་རོ། །རྡོ་རྗེ་སློབ་མས་གསོལ་པ། ཤེས་རབ་དང་སྟོན་པའི་ཡེ་ཤེས་ནི་ཟླ་བ་ལྟ་བུ་སྣང་བ་སྟོན་པ་ཉིད་ཙམ་མོ། །ཐབས་ཡེ་ཤེས་ཀྱང་ཉི་མའི་སྣང་བ་ལྟ་བུ་ཤིན་ཏུ་སྟོང་པ་ཉིད་ཙམ་མོ། །དེ་བཞིན་དུ་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ནི་མུན་ནག་ལྟ་བུ་སྟེ། སྟོང་པ་ཆེན་པོའི་མཚན་ཉིད་ཡིན་ལ།
རྣམ་པར་ཤེས་པ་གསུམ་པོ་དེ་དག་ནི་ནམ་མཁའི་མཚན་ཉིད་ཅན་རྣམ་པ་མེད་པའི་ངོ་བོར་ཁྱབ་པ་འགྲོ་བ་དང་འོང་བ་དང་བྲལ་བའོ་ཞེས་བཤད་ན། ཇི་ལྟར་ན་ཉིན་དང་མཚན་དུ་ལུས་ལས་སྤྲོ་ཞིང་སྡུད་པར་བྱེད། གང་ཞིག་འདིར་མེལ་ཚེ་བྱེད། སུ་ཞིག་ནི་སེམས་པ་མེད་པར་བྱེད། འདོད་ཆགས་དང༌། འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་བར་མ་ལ་སོགས་པ་རང་བཞིན་བརྒྱ་དྲུག་ཅུ་གང་ལས་ཉམས་སུ་མྱོང་བར་འགྱུར་བའི་རྒྱུ་འདིར་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། རྣམ་པར་ཤེས་པ་གསུམ་ནི་རྩ་བ་མེད་པ། གནས་པ་མེད་པ། གཞི་མེད་པ། མཚན་ཉིད་མེད་པ། ཁ་དོག་དང་དབྱིབས་མེད་པ། དབང་པོ་ལས་འདས་པ་ཡིན་པར་ནི་བདེན་ཏེ། དེ་ལྟ་མོད་ཀྱི་སྣང་བ་དང་བཅས་པ་ཡིན་ལ་དེས་ན་རླུང་གི་ཁམས་དང་ལྷན་ཅིག་མེལ་ཚེ་བྱེད་དེ་གང་གི་ཕྱིར་རླུང་གི་ཁམས་ནི་གཟུགས་མེད་ཀྱང་གཡོ་ཞིང་བསྐྱོད་པ་ལ་སོགས་པའི་བྱ་བ་སྟོན་པས་རྗེས་སུ་དཔག་པ་ལས་ཤེས་པར་བྱའོ། །དེ་བཞིན་དུ་རྣམ་པར་ཤེས་པ་སྣང་བ་ཡང་གཟུགས་མེད་པ་ལ་འདོད་ཆགས་དང༌། འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་བར་མ་ལ་སོགས་པའི་རང་བཞིན་རྣམས་ལས་རྗེས་སུ་དཔག་པར་བྱ་བ་ཡིན་པས་ན་རྗེས་སུ་དཔག་པར་བྱ་བའོ། །ཇི་སྐད་དུ་རྣམ་པར་ཤེས་པ་འཕོ་བའི་མདོ་ལས། བཟང་སྐྱོང་དཔེར་ན་རླུང་གི་ཁམས་གཟུགས་ཅན་མ་ཡིན་ཡང་བསྟན་དུ་ཡོད་ཅིང་གཟུང་དུ་མེད་པ་ལས་གཟུགས་སུ་སྣང་ངོ༌། །དེ་ལ་བསྟན་དུ་ཡོད་པ་ནི་ཤིང་འགུལ་ཞིང་གཡོ་བ་དང་སྒྲ་སྐད་འུར་འུག་པོའི་སྒྲ་སྐད་འབྱིན་པ་དང༌། གྲང་བ་དང་དྲོ་བའི་རེག་པས་ཚོར་བ་སྐྱེད་པ་ཡིན་ཡང་དེ་ལ་རྐང་ལག་དང་མིག་དང་གདོང་དམིགས་པར་མི་འགྱུར་ཏེ། སྡོ་བསངས་དང་དཀར་བ་ཞེས་ཁ་དོག་ལྷག་པར་མི་དམིགས་སོ། །བཟང་སྐྱོང་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་གཟུགས་སུ་མི་དམིགས་ཤིང་གཟུགས་སུ་སྣང་བར་མི་འགྱུར་ཏེ། ཁྱོད་ཀྱི་རྒྱུའི་བྱེ་བྲག་དག་གིས་རྣམ་པར་ཤེས་པའི་ཁམས་རྟོགས་པར་བྱའོ་ཞེས་གསུངས་པས་སོ། །གཏན་ཚིགས་དེས་ན་ཁམས་ཕྲ་བ་དང༌། རྣམ་པར་
ཤེས་པ་སྣང་བ་དག་ནི་གཟུགས་མེད་པས་མར་གྱི་ནང་དུ་མར་བཅུག་པ་དང་འདྲ་བར་འདྲེས་པར་གྱུར་ནས་འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་རྫོགས་པར་བྱའོ། །ཇི་སྐད་དུ་དགོངས་པ་བླ་ན་མེད་པ་ལས། རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་འདྲ་བར་མཚན་ཉིད་མེད། །འོན་ཀྱང་དེ་ལ་དབྱེ་ཡོད་དེ། །བར་མཚམས་ཉིན་དང་མཚན་མོའི་བདག །སྣང་བ་དང་ནི་སྣང་བ་མཆེད། །དེ་བཞིན་སྣང་བ་ཐོབ་པ་ཅན། །སེམས་ནི་རྣམ་པ་གསུམ་དུ་བཤད། །དེ་ཡི་གཞི་ནི་བཤད་པར་བྱ། །ཕྲ་བའི་གཟུགས་ཅན་རླུང་དང་ནི། །ཡེ་ཤེས་དག་ནི་འདྲེས་གྱུར་བ། །དབར་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་འགྱུར། །གང་ཚེ་སྣང་བ་ལྡན་གྱུར་པ། །རླུང་གི་བཞོན་པར་གྱུར་པ་ཡིན། །དེ་ཚེ་རང་བཞིན་དེ་ཐམས་ཅད། །མ་ལུས་ལུས་པ་མེད་པར་འབྱུང༌། །རླུང་ནི་གང་དང་གར་གནས་པ། །རང་བཞིན་དེ་དང་དེར་རྗེས་སྤྱོད། །ཅེས་གསུངས་པ་དང༌། དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར་ཡེ་ཤེས་སྐད་ཅིག་མར་ཡང་དག་པ་འབྱུང་བ་ནམ་མཁའ་སྣང་བྱེད་ལྟ་བུ་ཕྱོགས་བཅུ་ཁྱབ་པར་རབ་ཏུ་འབར་བའོ་ཞེས་དགོངས་པས་བཤད་པ་གསུངས་པས་སོ། །ཇི་ལྟར་ན་ཡེ་ཤེས་སྐད་ཅིག་མར་འབྱུང་བ་ཡིན་ཞེ་ན། སྐད་ཅིག་དང་ཐང་ཅིག་དང༌། ཡུད་ཙམ་དང༌། མིག་བཙུམས་དང༌། ཐལ་མོ་བརྡབས་པ་ཙམ་དུ་སྣང་བ་འབྱུང་བ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་སྣང་བྱེད་ལྟ་བུ་ཞེས་བྱ་བ་ནི་ནམ་མཁའ་ནི་གསལ་བར་བྱེད་པས་ནམ་མཁའ་གསལ་བར་བྱེད་པ་སྟེ། དོན་དེ་དང་འདྲ་བའི་དོན་གྱིས་ཕྱོགས་བཅུ་ཁྱབ་ཅིང་རབ་ཏུ་འབར་བའི་སྣང་བ་གསུམ་དུ་སྣང་སྟེ། མཁའ་སྣང་ཞེས་བྱ་བ་ནི་སྲིན་བུ་མེ་ཁྱེར་ནི་མ་ཡིན་ནོ། །དེ་བས་ན་ཁམས་ཕྲ་བ་ལ་འཇུག་པ་ལས་སྐད་ཅིག་དང༌། ཐར་ཅིག་དང༌། ཡུད་ཙམ་དང༌། མིག་བཙུམས་དང༌། ཐལ་མོ་བརྡབས་པར་སྣང་བ་གཡོ་བའོ། །དེ་ནས་སྐད་ཅིག་དང༌། ཐང་ཅིག་དང༌། ཡུད་ཙམ་དང༌། མིག་བཙུམས་དང༌། ཐལ་མོ་བརྡབས་པ་ལས་རང་བཞིན་རྣམས་རྗེས་སུ་མྱོང་བར་འགྱུར་རོ། །སེམས་པ་མེད་པ་གང་ཡིན་ཞེ་ན། མ་རིག་པ་སྟེ། དེ་བས་ན་མ་ལུས་པར་འབྱུང་བར་འགྱུར་
རོ། །དེ་ནས་རླུང་གི་ཁམས་ཀྱི་རྒྱུས་རང་བཞིན་རྣམས་ཕན་ཚུན་གཅིག་ལ་གཅིག་ཡུལ་གྱི་ལོངས་སྤྱོད་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཉིན་དང་མཚན་དུ་རང་དང་གཞན་གྱི་རྒྱུད་ལ་རྗེས་སུ་མྱོང་བར་འགྱུར་རོ། །དེ་ལྟར་ན་རང་བཞིན་གྱི་སྣང་བ་རླུང་གི་བཞོན་པ་དང་བཅས་པའི་དབྱེ་བ་རྟོགས་པར་གྱུར་པའི་རྣལ་འབྱོར་པས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམ་པར་གཡོ་བ་ཤེས་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པའི་མདོ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དང་ལྡན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་སེམས་ཅན་ཐམས་ཅད་ཀྱི་འདས་པའི་སེམས་ཀྱི་རྒྱུད་ཟད་པ་དང༌། འགགས་པ་དང༌། བྲལ་བ་དང༌། རྣམ་པར་འགྱུར་བ་ཐམས་ཅད་ནི་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏེ། རྒྱུ་གང་དག་ལས་སེམས་ཀྱི་རྒྱུད་དེ་དག་འབྱུང་བ་དང༌། རྒྱུ་གང་དག་མེད་པས་ཟད་ཅིང་བྲལ་བར་བསྟན་པ་དགེ་བའམ། མི་དགེ་བའམ། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པ་དེ་དག་ཐམས་ཅད་རྣམ་པ་དང་བཅས། གཞི་དང་བཅས། གཏན་ཚིགས་དང་བཅས་པར་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །ད་ལྟར་བྱུང་བའི་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དུ་འབྱུང་བ་དགེ་བ་འམ། མི་དགེ་བའམ། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པ་ཡང་རུང་སྟེ། སེམས་གང་གི་འོག་ཏུ་སེམས་གང་འབྱུང་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས། གཞི་ཅི་ལས་གྱུར་པ་དང་བཅས་པར་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །གང་མ་འོངས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དང༌། སེམས་ལས་བྱུང་བའི་ཆོས་དགེ་བའམ། མི་དགེ་བའམ། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པ་ཡང་རུང་སྟེ། སེམས་གང་གི་འོག་ཏུ་སེམས་གང་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་རྣམ་པ་དང་བཅས་ཡུལ་ཕྱོགས་དང་བཅས། གཞི་ཅི་ལས་གྱུར་པ་དང་བཅས་པར་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐོགས་པ་མེད་པའི་ཡེ་ཤེས་དང་ནི་ལྡན་པ་ཡིན་ནོ་ཞེས་གསུངས་པས་སོ། །རིགས་པ་འདིས་ན་ཐུགས་ཀྱི་ཏིང་ངེ་འཛིན་ལ་གནས་པའི་ཡེ་ཤེས་ཅན་གྱིས་སྨོན་པ་པོ་དང༌། སྨོན་ལམ་དང༌། སྨོན་པར་བྱ་བ་ལ་སོགས་པའི་ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་ལ་མངོན་པར་ཞེན་པ་སྤངས་ནས་བདག་ལ་བྱིན་གྱིས་བརླབ་པའི་སྒོ་ལ་མངོན་པར་ཕྱོགས་པར་འགྱུར་ཏེ། རྩ་བའི་རྒྱུད་ལས་རིགས་ཀྱི་བུ་མཉམ་པར་གཞག་པས་རང་གི་སེམས་ལ་སོ་སོར་རྟོགས་ཤིག་ཅེས་གསུངས་པས་སོ། །དེ་ལྟར་བཤད་པའི་རྒྱུད་ལ་བརྟེན་ནས་རང་གི་རང་བཞིན་སྣང་བའི་རྗེས་སུ་འབྲངས་ནས་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་རྟོགས་པར་ལས་སུ་སྨྲ་བའི་སེམས་ཅན་རྣམས། འཁོར་བ་ཐོག་མ་མེད་པ་ནས་རང་གི་སེམས་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དང་ཉོན་མོངས་པའི་འཆིང་བས་དར་གྱི་སྲིན་བུ་བཞིན་དུ་རང་ཉིད་ཀྱིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མངོན་པར་འདུས་བྱས་ནས་སྐྱེ་བ་གཅིག་ནས་གཅིག་ཏུ་ཉེ་བར་བསགས་པའི་དགེ་བ་དང༌། མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་ནས་ཡང་དོན་དམ་པའི་བདེན་པའི་དཀྱིལ་འཁོར་ལ་འཇུག་པའི་རིམ་གྱིས་ཕུང་པོ་ཡོངས་སུ་སྤངས་ཏེ། རླུང་གི་ཁམས་ཀྱིས་བླངས་ནས་ཚོར་བ་དང་ལྡན་ཞིང་སྲེད་པས་རྗེས་སུ་བཅིངས་ལ། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་དྲན་པས་ཡོངས་སུ་བཟུང་བ། དགེ་བ་དང་མི་དགེ་བའི་རྣམ་པའི་ཡིད་དང་ལྡན་པ། བྱིས་པ་ལོ་ལྔ་པ་དང་མཉམ་པ་ཐམས་ཅད་མཐོང་བ། དབང་པོ་ཐམས་ཅད་ཚང་བ། དྲིའི་ཟས་ལ་སྤྱོད་པ། རྡོ་རྗེ་ལ་སོགས་པས་ཀྱང་མི་བཟློགས་ལ་མཚན་ཉིད་ཐམས་ཅད་དང་ལྡན་པ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། ཉི་མ་བདུན་གྱིས་འོང་བའི་བར་ལ་གནས་ནས་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དགེ་བ་དང་མི་དགེ་བས་བསྐལ་པར་གྱུར་པས་རྒྱུ་དང་རྐྱེན་ཐོབ་ནས་འགྲོ་བ་ལྔ་རྣམས་སུ། ཟོ་ཆུན་གྱི་འཁྲུལ་འཁོར་གྱི་ཚུལ་གྱིས་ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བ་ལེན་པར་བྱེད་ཅིང༌། འཁོར་བའི་སྡུག་བསྔལ་རྗེས་སུ་མྱོང་བར་འགྱུར་རོ། །སེམས་རྣམ་པར་དཔེན་པ་བསྡུས་པའི་ཐེ་ཚོམ་གཅོད་པ་ཞེས་བྱ་བ་སྟེ་ལེའུ་བཞི་པའོ།། །།