Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་སོ་དྲུག་པ།

1 occurrence of ཆུ་བཟང་
[Clear Hits]


  
collapse section
  
  
  
 
ལེའུ་བཞི་པ། གནས་པའི་ལེའུ་ལས་གནས་པ་དང་པོ་བསྟན་པ།
  
  
  
  
  
  
  
 expand section
 expand section
 expand section
  
 expand section
 expand section
  
  
  


1 occurrence of ཆུ་བཟང་
[Clear Hits]

 
previousལེའུ་བཞི་པ། གནས་པའི་ལེའུ་ལས་གནས་པ་དང་པོ་བསྟན་པ།next

ལེའུ་བཞི་པ། གནས་པའི་ལེའུ་ལས་གནས་པ་དང་པོ་བསྟན་པ།


DTG036_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་བདུད་ནི་གཞོམ་པར་མ་བྱས་པར། །ལྷ་ལ་སོགས་པའི་བདུད་བཟློག་མི་འགྱུར་བས། །མེ་མི་འདོད་པས་ཤིང་ནི་སྤོང་བལྟར། །ཉོན་མོངས་བདུད་ནི་བཟློག་ཕྱིར་འབད་པར་བྱ། །གནས་པ་རྣམ་པ་གསུམ་ནི་རབ་གནས་པས། །ཉེས་པ་རྣམས་ནི་རབ་འཇོམས་ལུང་ཉིད་ལས། །ཐུབ་པའི་དབང་པོས་རྒྱུད་ལས་གསུངས་པ་བཞིན། །རབ་ཏུ་བསྟན་གྱིས་རབ་ཏུ་གུས་པས་ཉོན། །འདོད་ཆགས་ཤས་ཆེར་མི་གཙང་ཤ་ཚིལ་དང༌། །པགས་པ་ཀེང་རུས་ལྷ་བས་རྣམ་པར་བཟློག ། ལུས་ནི་མི་གཙང་པགས་པ་ཤ་ཁྲག་རྐང༌། །གླད་རྒྱས་རྒྱུ་མ་མཆེར་མཆིན་མཁལ་མ་ཁྲག །མཁྲིས་པ་བད་ཀན་ཁུ་ཆུ་ཕྱིས་དང༌། །གཅིན་རྣམས་བ་སྦུ་སྒོ་དང་རུས་པ་དང༌། །མིག་དང་རྣ་བ་སྣ་དང་ཁ་དང་ནི། །བཤང་སྒོ་མཚན་དང་བུ་ག་དགུ་པ་ཡི། །རྨ་ནས་དྲི་མ་སྣ་ཚོགས་མི་གཙང་བའི། །འཛག་པའི་རྒྱུན་ནི་རྟག་པར་འབྱུང་བ་ཡིན། །དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང༌། །ས་ཆུ་མ་རླུང་ནམ་མཁའ་རྣམས་དང་ལྡན། །ཇི་བཞིན་ལས་ཀྱི་རྗེས་འབྲང་མི་ཡི་ལུས། །ཐམས་ཅད་ལྡན་པའི་ལུས་ལ་གནས་པ་ཡིན། །འདོད་ཆགས་ཀྱིས་ནི་གདུངས་པར་གྱུར་ན་ཡང༌། །ལུས་ཀྱི་ཡན་ལག་འདི་དག་ཐམས་ཅད་ལ། །དྲན་པ་རྩེ་གཅིག་མངོན་དུ་བྱས་ནས་ནི། །ཡེ་ཤེས་མིག་གིས་སོ་སོར་རྣམ་པར་བརྟག །དེ་ལྟར་གང་ཞིག་ངེས་པར་བརྟག་པ་དང༌། །ལུས་དང་སྲོག་ལ་རྗེས་སུ་ཆགས་པ་ཡིས། །འདོད་ཆགས་རྩ་ནས་ཡོང་ཡེ་ཞི་གྱུར་ཏེ། །ཉི་མས་མུན་ནག་གཏན་ནས་བསལ་བ་བཞིན། །འཚོལ་དང་མཛའ་བཤེས་དང་ནི་རྣམ་པར་བྲལ། །མི་སྡུག་པ་དང་ཕྲད་ཅིང་འདོད་པས་གདུངས། །ན་བ་སྐྱེ་རྒ་འཆི་བའི་སྡུག་བསྔལ་ཅན། །ཡུལ་རྣམས་ཀུན་དུ་སོང་ནའང་དེ་མེད་མིན། །ཤ་སྦྲང་ཚ་


DTG036_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གྲང་བཀྲེས་དང་སྐོམ་ལ་སོགས། །གང་དུ་སོད་ན་འང་སྡུག་བསྔལ་ཉིད་ཡིན་པས། །ཡུལ་མངོན་དགའ་བའི་སེམས་ནི་བྱུང་བས་ན། །རྣམ་རྟོག་དེ་དག་རྣམ་པར་བཟློག་པར་བྱ། །སེམས་ནི་གློག་དང་སྤྲེའུ་དང་སྤྲིན་དང་མཚུངས། །དེ་བཞིན་རྒྱ་མཚོ་ཆེན་པོའི་རླབས་དང་འདྲ། །རྒྱུ་མཚན་འདོང་རྒྱུར་ཡུལ་ལ་མངོན་པར་དགའ། །གཡོ་ཞིང་འཕྲིན་པས་ངེས་པར་གདུལ་བར་བྱ། །དེ་ཕྱིར་བཅོམ་ལྡན་འདས་རྒྱལ་བའི་དབང་པོ་ཡིས། །ཆོས་འདི་ཀུན་གྱི་རྩ་བ་སེམས་ཞེས་གསུངས། །སེམས་དང་བས་ནི་ལྷ་མིའི་བདེ་བ་དང༌། །མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར། །སེམས་ཀྱི་སྐྱོན་གྱིས་དུད་འགྲོའི་སྐྱེ་གནས་དང༌། །སེམས་དམྱལ་གནས་ཤིང་མི་སྡུག་ཐོབ་པར་འགྱུར། །སེམས་དེ་རབ་ཏུ་དང་བར་གྱུར་པ་ཡིས། །ས་ཆུ་མེ་རླུང་སྐྱེ་རྒ་འཆི་སོགས་དང༌། །བར་དང་ཐ་མར་གནོད་པ་ཀུན་དང་བྲལ། །རྣམ་གྲོལ་བདེ་ཞིང་ཞིབ་ཐོབ་པར་འགྱུར། །གསང་སྔགས་དངོས་གྲུབ་ཀུན་དང་ཐུན་མོང་བ། །བདེ་བ་ཆུང་ཞིང་བདེ་བ་བརྒྱད་དང་བྲལ། །ཉོན་མོངས་དུག་བཅས་རྣམ་པར་འཇིག་འགྱུར་བ། །དང་བའི་སེམས་ཀྱིས་ཐོབ་བར་བྱ་བ་ཡིན། །འདོད་རྒྱལ་ལས་ཀྱང་མ་བྱུང་དུས་ལས་མིན། །རང་བཞིན་དབང་ཕྱུག་ལས་ཀྱང་མ་ཡིན་ཏེ། །རྒྱུ་མེད་རྐྱེན་མིན་སྐྱེས་བུས་མ་བྱས་ཀྱང༌། །ལས་དང་ཉོན་མོངས་པ་ལས་སེམས་ཅན་བྱུང༌། །གཟུགས་ནི་འབྱུང་བ་ཆེན་པོ་བཞི་དང་ལྡན། །དེ་ནི་བདག་མིན་བདག་ཀྱང་གཟུགས་མ་ཡིན། །གཟུགས་ལ་བདག་མེད་བདག་ལ་གཟུགས་མེད་དེ། །གཟུགས་ནི་སྟོང་པའི་ཕུང་བཞིར་རིག་པར་གྱིས། །གཟུགས་ནི་དབུ་བ་རྔོས་པ་དག་དང་འདྲ། །ཚོར་བ་ ཆུ་བུར་བཞིན་དུ་རྟག་ཏུ་མེད། །དེ་ལྟར་མཐོང་བ་ལྟ་བ་བཟང ་པོ་ཡིན། །གང་ཞིག་གཞན་གྱུར་དེ་ནི་ལྟ་ངན་གསུངས།། ཚིག་རྩུབ་འཁྱལ་པ་སྨྲ་བ་སྨྲ་བ་དང༌། །གཞན་གྱི་བུད་མེད་བགྲོད་དང་བརྫུན་སྨྲ་དང༌། །རྐུ་དང་གཞན་གྱི་སྲོག་གཅོད་གནོད་བྱེད་དང༌། །ཆང་དང་བྱེད་པ་རྟག་ཏུ་སྤང་བར་བྱ། །རྨོངས་པ་གང་ཞིག་ལུས་དང་ངག་དང་ནི། །དེ་བཞིན་ཡིད་ཀྱིས་བསོད་ནམས།


DTG036_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་བྱས་ཀྱང༌། །ཐམས་ཅད་ལོག་པར་ལྟ་བ་བཅོམ་པས་ན། །དེ་ཡི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར། །དཔེར་ན་ས་དང་ཆུ་དང་དུས་ལྡན་ཡང༌། །ས་བོན་ཚིག་ལས་མྱུ་གུ་མི་སྐྱེ་ལྟར། །དེ་བཞིན་མི་ཤེས་ལོག་ལྟས་བཅོམ་པ་ཡི། །སེམས་ལ་དགེ་བའི་ཆོས་རྣམས་མི་སྐྱེའོ། །རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གིས། །ཆོས་ཀྱི་ལམ་ལ་གནས་པར་བྱས་ན་ལེགས། །སེར་སྣ་དྲེགས་དང་རྒྱགས་པ་རྣམ་པར་སྤངས། །གང་ཞིག་དགྲ་བཅོམ་ཕ་མ་གསོད་པ་དང༌། །མཐུན་པའི་དགེ་འདུན་དབྱེན་ནི་བྱེད་པ་དང༌། །དེ་བཞིན་གཤེགས་ལ་སྡང་བའི་སེམས་ཀྱིས་སུ། །གང་ཞིག་མི་དག་སྐུ་མཚལ་འབྱིན་བྱེད་པ། །ཤིན་ཏུ་མི་བཟད་པ་ཡི་ལས་འདི་རྣམས། །རྒྱལ་བས་མཚམས་མེད་ལྔ་པོ་བསྟེན་པར་བཤད། །གཏི་མུག་གིས་ནི་སྡིག་པ་ཅི་བྱས་ན། །ཕུང་པོ་འདི་ལ་གྲུབ་པ་ཐོབ་མི་འགྱུར། །མཆོད་རྟེན་འཇིག་ཅིང་བྱང་ཆུབ་སེམས་དཔའ་གསོད། །ཉོན་མོངས་ཟད་པ་མ་ནི་སུན་འབྱིན་དང༌། །སློབ་མ་གསོད་ཅིད་དགེ་འདུན་མངའ་བ་ལ། །འདོད་པས་མང་ཉུང་སྐུ་འཕྲོག་བྱེད་པ་དང༌། །མཚམས་མེད་ཉེར་ལྔ་དེ་བཞིན་གཤེགས་པས་གསུངས།། ཚུལ་ཉམས་མི་ནི་གང་ཞིག་འདི་བྱེད་པ། །བསྐལ་པའི་བར་དུ་མནར་མེད་སྡུག་བསྔལ་མྱོང༌། །གསང་སྔགས་དངོས་གྲུབ་སྒྲུབ་ཀྱང་ཡོང་མི་འཐོབ། །གང་ཞིག་བདེ་གཤེགས་གསུང་གི་གླེགས་བམ་དག །ཆུད་གཟོན་པ་འམ་མེས་ནི་བསྲེག་པའམ། །བསམ་པ་དྲན་པས་ཆུར་ནི་འདོར་བ་དང༌། །ཡང་ན་ཆོས་ཀྱི་སྐུ་ནི་སྤོང་བ་དང༌། །བསླབ་ཚིག་མ་ལུས་པས་ནི་བརྒྱན་པ་ཡི། །དགེ་སློང་དག་དང་དགེ་སློང་མ་གསོད་དང༌། །དགེ་བསྙེན་དག་དང་དགེ་བསྙེན་མ་གསོད་དང༌། །ངན་པའི་སེམས་ཀྱིས་ལྷ་ཁང་བསྲེག་ཀྱང་རུང༌། །མི་ཡི་ཡུལ་ན་སྡིག་པ་འདི་བྱས་པས། །དཀའ་བ་སྤྱོད་པ་ལྡན་པ་གྲུབ་མ་མཐོང༌། །གང་ཞིག་དཀོན་མཆོག་གསུམ་ལ་གནོད་བྱེད་པའི། །བསམ་པས་གནོད་པ་ཅུང་ཟད་བྱས་ཀྱང་རུང༌། །བདག་ཉིད་མནར་མེད་ཡུན་རིང་དམྱལ་བར་གནས། །དེ་ནས་ཐར་ནས་ལས་ཀྱི་དབང་


DTG036_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནི། །རིགས་ངན་མི་དང་དུད་འགྲོའི་སྐྱེ་བ་ཐོབ། །ངས་ནི་འདི་དག་ཁྱེད་ལ་མདོར་བཤད་དོ། །གང་ཞིག་མི་བཟད་ལས་བྱེད་ཐུབ་པ་གསོད། །རིག་སྔགས་གཅོད་དང་གནོད་པར་བྱེད་པ་དང༌། །བསམ་པ་ངན་པས་རིག་སྔགས་ཚོགས་མི་འཆང༌། དོན་མེད་བཞིན་དུ་སེན་མོས་རྩྭ་གཅོད་དང༌། །རྐང་པས་སྐེ་བ་ཉེད་པ་ལ་སོགས་པའི། །སྣ་འབིགས་དགེ་འདུན་ལ་ནི་མི་གུས་དང༌། །འབྱུང་པོར་བྱིན་པའམ་ལྷ་བཤོས་གཏོར་མ་འམ། །ས་ལ་ལྷུང་བ་སྔགས་པས་བཟའ་མི་བྱ། །འདོད་ཆགས་ཟིལ་གྱིས་གནོན་པས་དུད་འགྲོ་དང༌། །བུད་མེད་བགྲོད་བྱ་མིན་པ་བགྲོད་མི་བྱ། །གླང་ཆེན་མི་གདུལ་སྦྲུལ་ཡང་མི་གཟུང་ཞིང༌། །རྟག་རྒྱུག་པ་དང་ལྕག་གིས་གཞུ་མི་བྱ། །གང་ཞིག་སེམས་ཅན་ནད་དང་སྡུག་བསྔལ་ལ། །བྱམས་པའི་བསམ་པ་བརྟན་པོ་མེད་པ་དང༌། །ལས་དེ་རྣམས་དང་ལྡན་པར་གྱུར་པ་དེ། །དངོས་གྲུབ་ནམ་ཡང་འགྲུབ་པར་མི་འགྱུར་རོ། །དཔེར་ན་ནམ་མཁའ་ཐུག་པ་མེད་པ་ལས། །འདོམ་གྱིས་གཞལ་བས་མཐའ་རྟོགས་མི་ནུས་ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་ནས་ནི། །ཕན་གནོད་བྱས་པའི་དགེ་སྡིག་མཐའ་མི་རྟོགས། །རྒྱ་དང་རྙི་སྟོར་རྩ་བའི་དུག་དག་གིས། །ཁྱི་ལ་སོགས་པའི་སེམས་ཅན་གསོད་པ་དང༌། །བྱ་རྒོད་ལ་སོགས་གཟེབ་ཀྱིས་བཅིང་བྱས་ན། །འདི་དང་ཕ་རོལ་དག་ཏུ་གྲུབ་མི་འཐོབ། །བདུད་དགྲའི་མེ་ཏོག་རྙིང་པ་བོར་བ་རྣམས། །རྐང་པས་མི་བརྫི་མགོ་ལ་གདགས་མི་བྱ། །བཀྲེས་པར་གྱུར་ཀྱང་དེ་དག་རྣམས་ལ་ནི། །ཕུལ་བའི་ལྷ་བཤོས་ནམ་ཡང་བཟའ་མི་བྱ། །དགེ་དང་མི་དགེའི་བཤེས་པ་བཟུང་ན་ནི། །བྲམ་ཟེ་དམངས་རིགས་དག་ལ་ཁྱད་པར་མེད། །འོན་ཀྱང་འགྲོ་བའི་བློས་ནི་བྲམ་ཟེ་དང༌། །འདི་ནི་དམངས་རིགས་ཡིན་ཞེས་བཏགས་པར་ཟད། །བདེན་པའི་ལམ་དམིགས་དགེ་བའི་རྗེས་འབྲངས་ན། །དམངས་རིགས་དག་ཀྱང་སྐྱེ་ཤི་མེད་པར་འགྲོ། །ལོག་པའི་ལམ་ཞུགས་བ་ཡི་སྤྱོད་ལྡན་ན། །བྲམ་ཟེ་ཡིན་ཡང་མི་བཟད་དམྱལ་བར་འགྲོ། །ལུས་ཅན་ཤིན་ཏུ་དྲི་མ་ལྡན་པ་དག །འདི་ན་གཞན་


DTG036_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དག་པར་མི་འགྱུར་ཏེ། །དེ་ནི་སྡིག་པ་རྣམ་པར་བསལ་བ་དང༌། །བསོད་ནམས་མ་ལུས་ཡོངས་སུ་བཟུང་བས་འདག །དེ་ལྟར་སྡིག་པའི་ཆོས་ལས་རྣམ་གྲོལ་ན། །བདེ་བར་གཤེགས་པས་ལེགས་པར་གསུངས་པའི་ཆོས། །དག་ཅིང་གྲོལ་བ་དང་ནི་ལྡན་གྱུར་པ། །བཟླས་པས་སྐྱོན་མདོ་སྡེ་བཀླག་པར་བྱ། །གཙང་ཞིང་དབེན་པའི་ས་ཕྱོགས་དག་ཏུ་ནི། །འཇིམ་པའམ་བྱེ་མའི་ལས་ལས་བྱས་པ་ཡིས། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་གདབ། །རིང་བསྲེལ་ཅན་གྱི་གཟུགས་སྐུའམ་མཆོད་རྟེན་ལ། །བསྟོད་ཅིང་དྲི་དང་ཕྲེང་བ་མར་མེ་དབུལ། །གདུགས་དང་རྒྱལ་མཚན་བ་དན་རོལ་མོ་དང༌། །མཆོག་ཏུ་དད་པ་ཡིས་ནི་དབུལ་བར་བྱ། །ཇི་ལྟར་ཆུ་ཀླུང་ཉིན་མཚན་རྟག་པར་ནི། །རྒྱུན་མི་འཆད་པར་འབབ་པར་འགྱུར་བ་ལྟར། །དེ་བཞིན་ཕྱག་བཅས་བཟླས་དང་བརྟུལ་ཞུགས་ཀྱིས། །བསོད་ནམས་མ་ལུས་པར་ནི་འཕེལ་བར་འགྱུར། །ཇི་ལྟར་སྦྱིན་སྲེག་དང་ནི་བཟླས་བརྗོད་ཀྱིས། །གསང་སྔགས་བསྒྲགས་དང་དངོས་གྲུབ་མ་ཐོབ་ན། །འཇིམ་པ་ལ་ནི་མཆོད་རྟེན་འབུམ་བཏབ་བམ། །ཡང་ན་ཆུ་འགྲམ་བྱེ་མ་དག་ལ་གདབ། །དེས་ནི་དེ་ཡི་སྡིག་པ་སྲིད་གཞན་ལ། །བྱས་པ་གང་ཡིན་དེ་ནི་ཟད་གྱུར་ནས། །དེས་ནི་གསང་སྔགས་མཐུ་ཡིས་འདི་ཉིད་ལ། །མཐོང་བའི་ཆོས་ལ་བསོད་ནམས་འབྲས་བུ་འཐོབ། །དེ་ཡེས་བདེ་བར་གཤེགས་ལ་དད་བསྐྱེད་ནས། །དེ་བཞིན་དུ་ནི་བྱང་ཆུབ་སེམས་ཀྱང་བསྐྱེད། །རྡོ་རྗེའི་རིགས་ཞེས་བརྗོད་པ་རྒྱ་ཆེན་དང༌། །ང་ལ་ཡང་ནི་དད་ཅིང་དགའ་བར་བྱས། །གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང༌། །བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་དང་སྨད། །སེམས་ཀྱིས་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ། །སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ། །དཔེར་ན་རྒྱ་མཚོ་སྐད་ཅིག་ཙམ་ཡང་ནི། །མི་ཡི་རོ་དང་ལྷན་ཅིག་མི་གནས་ལྟར། །དེ་བཞིན་རྣམ་རྟོག་སེམས་ཀྱིས་སྡིག་བྱས་པ། །སྔགས་པས་སྐད་ཅིག་ཙམ་ཡང་གནས་མི་བྱ། །བྱམས་དང་སྙིང་རྗེའི་ཆུས་གདབ་ཞེ་སྡང་ལ། །རེ་ཞིག་


DTG036_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ན་དགྲ་ཡང་མཛའ་བོར་འགྱུར། །མཛའ་བོ་དག་ཀྱང་དགྲར་ནི་འགྱུར་བ་ཉིད། །དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར། །བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །དེ་ལྟར་མཛའ་བཤེས་འགྱུར་བར་རིག་བྱ་སྟེ། །བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། །གཉེན་ལ་དགའ་བའི་སེམས་དག་རྣམ་རྟོག་དང༌། །བཟློག་ནས་དགེ་ལ་ཅི་བདེར་གནས་པར་བྱ། །ལེ་ལོ་འདོད་ཆགས་མི་དགེ་ལྡན་པའི་སེམས། །གང་ནས་གང་དུ་གཡེང་ཞིང་རྒྱུ་བ་དག །དེ་དང་དེ་ནི་མྱུར་དུ་བཟློག་ནས་ནི། །གསང་སྔགས་ཡི་གེ་མཆོད་ལ་ལེགས་པར་སྦྱར། །དཀོན་མཆོག་གསུམ་ལ་དད་པ་བརྟན་པོར་བྱ། །སོས་ཀའི་ནགས་མེ་མཆེད་པའི་མེ་ལྕེ་ཡིས། །མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་བསྲེགས་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་སྲེག ། མེ་ཏོག་དྲི་བསྟོད་མར་མེ་ཕུལ་བ་དང༌། །ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡིས། །དགེ་བ་དེ་ཀུན་བླ་ན་མེད་པ་ཡི། །སངས་རྒྱས་བྱང་ཆུབ་བླ་མེད་མཆོག་ཏུ་བསྡོ། །དཔེར་ན་ཆུ་ཀླུང་རྒྱ་མཚོར་ཕྱིན་པ་ན། །ལན་ཚྭའི་རོར་ནི་གཅིག་ཏུ་འགྱུར་བ་བཞིན། །དེ་ལྟར་བླ་མེད་བྱང་ཆུབ་མཆོག་བསྔོས་པའི། །བསོད་ནམས་རྒྱལ་བའི་རོར་ནི་གཅིག་ཏུ་འགྱུར། །དཔེར་ན་སྐྱེས་བུ་ལ་ལས་འབྲས་བུའི་ཕྱིར། །སཱ་ལུ་བསྐྱེད་ཀྱི་སོག་མའི་ཕྱིར་མིན་ཡང༌། །སཱ་ལུ་བསྐྱེད་ནས་སྒྲིམ་པ་མེད་པར་ནི། །སོག་མའི་ཕུང་པོ་ཞོར་ལས་འབྱུང་བ་བཞིན། །དེ་བཞིན་བྱང་ཆུབ་འབྲས་བུ་འདོད་པའི་ཕྱིར། །བསོད་ནམས་སྒྲུབ་ཀྱི་ལོངས་སྤྱོད་ཕྱིར་མིན་ཡང༌། །སོག་མའི་ཕུང་པོ་དག་དང་མཚུངས་པར་ནི། །མ་བསྒྲུབས་བཞིན་དུ་མི་ཡི་ལོངས་སྤྱོད་འགྲུབ། །ཚེ་རིང་པ་འདི་ལེགས་པར་ཐོབ་པ་དང༌། །ཚུལ་བཞིན་བསྒྲུབ་པའི་ཡུལ་དག་རྙེད་པའམ། །སྐྱེ་བ་མེད་པར་གྱུར་ཅིང་འགྲོ་བ་ཡི། །བསམ་པ་རྣམས་ནི་རྟག་ཏུ་རྫོགས་པར་བྱ། །འགྲེང་དང་འདུག་དང་གཉིད་ལོག་ཉལ་བ་དང༌། །མགོ་འཕྲེས་ཟ་ཀློག་བཟླས་བརྗོད་བྱེད་པ་ན། །རྗེས་སུ་དྲན་དྲུག་སོ་སོའི་ཡོན་ཏན་དང༌། །རིག་


DTG036_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅས་ཏེ་རྗེས་སུ་དྲན་པར་བྱ། །བདེ་གཤེགས་ཆོས་དང་དགེ་འདུན་བཅས་དྲན་ཏེ། །ཤཱ་རིའི་བུ་དང་ང་ལ་ཐལ་སྦྱར་འདུད་ནས་ཉལ། །དེ་ལྟར་བསམ་པའི་དགེ་བ་མཐའ་དག་ཟད། །ལྷ་ལ་སོགས་དང་བགེགས་དང་ལོག་འདྲེན་རྣམས། །བརྟུལ་ཞུགས་གནས་པ་དེ་ལ་གླགས་མི་ལྟ། །དཔེར་ན་ལོ་ཐོག་ཐམས་ཅད་ས་དག་ལ། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་བསྟེན་ནས་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པ་ནི་རྣམ་པར་སྐྱེ། །རྒྱལ་བ་ངས་གསུངས་སོ་སོར་ཐར་བ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང༌། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ལྷ་ཡི་བདེ་བ་དང་ནི་འབྱོར་བ་དང༌། །ཚེ་དང་སྟོབས་གཟུགས་ཕུན་སུམ་ཚོགས་པ་དང༌། །ཐོས་མང་མདངས་བཟང་གཅིག་ཏུ་ཡིད་གཞུངས་དང་། །དབང་ཐང་ཆེ་ཀུན་དཀའ་ཐུབ་སྟོབས་ཀྱིས་འཐོབ། །གང་གི་ཚེ་ན་སེམས་ནི་དང་བ་ཡིས། །མི་ཡི་ཡུལ་ན་བྱང་ཆུབ་སེམས་བླངས་པ། །དེ་ནི་ཕྱིན་ཆད་ལྷ་དང་ལྷ་མིན་དང༌། །འཇིག་རྟེན་མ་ལུས་རྣམས་ཀྱིས་ཕྱག་བྱའོ། །མིས་ནི་མངོན་པར་མཐོ་བ་མ་ལུས་པའི། །བསླབ་པ་མཐའ་དག་བླངས་པར་གྱུར་པ་དང༌། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན་པ་དང༌། །དཀོན་མཆོག་གསུམ་གྱི་གདུང་ཡང་བསབས་པ་ཡིས། །ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ན་གཟི་བརྗིད་མི་བཟོད་འཇུ་བ་ལྟར།། ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས། །གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར། །མུན་ནག་སྨག་ལ་མར་མེ་བྱུང་བ་ཡིས། །མུན་ནག་མ་ལུས་སེལ་བར་བྱེད་པ་ལྟར། །ཚེ་རབས་སྟོང་ནས་གནས་པའི་སྡིག་པ་ཀུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད། །ཚེ་རབས་གཞན་དུ་གང་དག་བྱས་པ་ཡི། །སྡིག་པ་མ་ལུས་བཟླས་བརྗོད་བྱས་པས་འབྱུང༌། །བཟླས་པས་སྡིག་པ་མ་ལུས་བྱུང་བར་འགྱུར། །ལས་ཀྱི་དབང་གྱུར་བདག་པོ་མེད་པ་དང༌། །མགོན་མེད་རྟེན་མེད་ཚེ་རབས་གཅིག་ནས་གཅིག །


DTG036_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་ཁ་བསྒྱུར་རྗེས་སུ་གང་འགྲོ་བ། །དེ་ཡི་རྗེས་སུ་དགེ་དང་མི་དགེ་འབྲང༌། །སྔགས་ཀྱི་རྩ་བ་དང་བོ་ཚུལ་ཁྲིམས་ཏེ། །དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང༌། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་དང་ནི་ལེ་ལོ་མེད་པའོ། །ཆགས་དང་རྣམ་བྲལ་དགེ་པ་དང༌། །རྟག་ཏུ་དཀོན་མཆོག་གསུམ་ལ་སེམས་གཞོལ་ཞིང༌། །སྡིག་པ་སྤངས་ཤིང་བཟླས་བརྗོད་ལྡན་པ་ཡི། །མི་ལ་ལྷ་རྫས་དངོས་གྲུབ་རིང་བ་མེད། །ཁྱོད་ཀྱིས་ཇི་ལྟར་གསུངས་པ་དེ་བཞིན་དུ། །མི་ཡིས་ལེགས་པར་སྦྱངས་པ་བགྱིས་ན་ནི། །དེ་དག་མྱུར་བར་དབུལ་བའི་མུན་བསལ་ནས། །ཉི་མ་བཞིན་དུ་ཤིན་ཏུ་འབར་བར་འགྱུར། །ཡན་ལག་མི་ཉམས་སེམས་ཀྱང་མི་ཉམས་ཤིང༌། །ནད་དང་སྡུག་བསྔལ་ལུས་ཉམས་མི་འགྱུར་བ། །ཁྱོད་ལ་དད་པའི་མིས་ནི་ཐོབ་པར་འགྱུར། །ལུས་དང་ངག་ཡིད་ལག་པ་མིག་དང་ནི། །སྨིན་མཚམས་ཡན་ལག་རྣམ་པར་གཡོ་བ་དང༌། །རབ་ཏུ་བསྡམས་ནས་དེ་ལ་ཡིད་གཞོལ་ཞིང༌། །བྱམས་ལ་གནས་ཤིང་ཀུ་ཤའི་ཁྲི་ལ་འདུག །ཇི་སྲིད་དུ་ནི་རྩེ་གཅིག་གནས་གྱུར་པ། །དེ་སྲིད་དུ་ནི་འབུམ་མམ་ཉི་ཤུ་བཟླས། །ཇི་ལྟར་རི་དགས་དབང་པོ་ཁྲོས་པ་དག །མཐུ་སྟོབས་ཆེན་པོ་གླང་ཆེན་གསོད་པ་དང༌། །དེ་བཞིན་སྦྱང་ཀི་ཕག་དང་རི་དགས་དང༌། །ཝ་རྣམས་ཀྱང་ནི་མྱུར་དུ་གསོད་པ་ལྟར། །དེ་བཞིན་སྔགས་པས་སེང་གེའི་ཚུལ་གྱིས་སུ། །རབ་དང་འབྲིང་དང་ཐ་མལ་ལས་རྣམས་ལ། །བརྩོན་འགྲུས་ཆེན་པོ་དག་དང་ལྡན་པ་དང༌། །འབད་པ་མཆོག་རྣམས་ཀྱིས་ཀྱང་བསྟེན་བར་བྱ། །རྩེ་གཅིག་སེམས་དང་ལྡན་པའི་རྨི་ལམ་ནི། །ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེས། །དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པ་ཐོབ། །ལུས་སྦྱངས་པས་ནི་བདེ་བའི་སྐལ་ལྡན་འགྱུར། ལུས་བདེ་རྩེ་གཅིག་སེམས་དང་ཏིང་འཛིན་གྱིས། །དེ་ཚེ་བཟླས་བརྗོད་དོགས་པ་མེད་པར་འགྱུར། །དངོས་གྲུབ་ཉེ་དང་བཟློག་པ་ལ་དགའ་དང༌། །སེམས་ནི་ནམ་ཡང་སྡིག་ལ་དགའ་མི་འགྱུར། །བཀྲེས་སྐོམ་ཚ་རླུང་གྲང་དང་དལ་བ་ཡི། །སྡུག་བསྔལ་དྲག་པོས་ཉེན་


DTG036_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གཡོ་མི་འགྱུར། །སྦྲང་བུ་ཤ་སྦྲང་སྲིན་བུ་གྲོག་སྦུར་དང༌། །སྡིག་སྦྲུལ་རྐང་པ་བརྒྱད་དང་སྦྲུལ་དང་འདྲེ། །ཤ་ཟ་སྲུལ་པོ་རྣམས་ཀྱང་དེ་ཡི་ནི། །ལུས་དང་གྲིབ་མ་ལ་ཡང་མི་འགོམ་མོ། །ཚིག་ནི་གཟུང་བར་འོས་ཤིང་ཡིད་གཞུངས་ལ། །སྙན་དངགས་དང་ནི་འདྲི་བ་རྣམས་ལ་མཁས། །ཆོས་ལ་མངོན་དགའ་གཏེར་རྣམས་མཐོང་བ་དང༌། །ལུས་ཀྱི་ནད་དང་དྲི་མ་མེད་པར་འགྱུར། །སྐྱེ་བོས་མཐོང་ངམ་ཐོས་པར་གྱུར་ཀྱང་རུང༌། །མྱུར་དུ་མངོན་དགའ་ཡིད་དུ་འོང་བར་འགྱུར། །བུད་མེད་འདོད་ལྷའི་མདའ་ཡིས་ཕོག་པ་རྣམས། །འདོད་ལྷའི་ལོངས་སྤྱོད་ཕྱིར་ནི་འདོད་པར་འགྱུར། །གང་ཚེ་མཁས་པས་ལྷ་དང་གནོད་སྦྱིན་དང༌། །དྲི་ཟ་ལྷ་ཡི་བུ་མོའི་ལུས་དང་སྒྲ། །མིས་ནི་དགའ་བའི་ཡིད་ཀྱིས་མཐོང་ཐོས་དང༌། །དེ་ཚེ་ཤིན་ཏུ་ཉེ་བར་གྱུར་པ་ཡིན། །དཔེར་ན་རླུང་མེད་ཁང་པའི་ནང་དུ་ནི། །མར་མེ་བཙུགས་པ་མི་གཡོ་འབར་བ་ལྟར། །རྩེ་གཅིག་སེམས་ཀྱིས་བཟླས་ལ་མངོན་དགའ་བའི། །ལུས་ལ་ཆོས་ཀྱང་དེ་བཞིན་འབར་བར་འགྱུར། །སྣ་རྩེར་བལྟ་ཞིང་རྣམ་པར་རྟོག་པ་སྤོང༌། །ནམ་ཞིག་བསྐྱེད་ཀྱང་རྣམ་པར་མི་གཡོ་བ། །དེ་ཚེ་དམིགས་ལ་གནས་པ་ཐོབ་པ་སྟེ། །སེམས་ནི་ལས་སུ་རུང་བར་འགྱུར་བར་དེས། །སངས་རྒྱས་ཀྱིས་གསུངས་ཡན་ལག་བརྒྱད་པ་འདི། །ཡང་དག་འཚོ་དང་ལས་མཐའ་ཏིང་འཛིན་གང༌། །རྩོལ་དང་རྟོག་དང་དྲན་དང་ལྟ་བ་རྣམས། །སོ་སོ་སོ་སོར་ཡན་ལག་བསྟེན་པར་བྱ། །འཇིགས་ཀྱང་ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང༌། །དྲག་པོ་རླུང་སོགས་རྣམས་ལ་ཕྱག་མི་བྱ། །དེ་ཡི་ཆོས་འཆད་པ་ལ་མི་བརྟེན་ཅིང༌། །དེ་དག་དཀའ་ཐུབ་མི་བྱ་བརྟག་མི་བྱ། །དེ་རྣམས་ཆོས་ལ་ངན་སེམས་མི་བྱ་ཞིང༌། །དེ་ཡི་སྤྱོད་ལ་ནམ་ཡང་དགའ་མི་བྱ། །དེ་དག་བསྐྱོད་པ་མི་གདོན་སྔགས་མི་བཟླས། །སྦྱིན་པ་སྦྱིན་ཆེན་སྙིང་རྗེ་བསྐྱེད་ནས་ཀྱང༌། །བདེ་བར་གཤེགས་པ་ཀུན་གྱིས་བསྟེན་པ་ཡིན། །གནས་དང་རྒྱལ་སྲས་རྣམས་ལ་ཕྱག་བྱའོ། །རང་སངས་རྒྱས་དང་རྒྱལ་བའི་ཉན་ཐོས་དང༌། །དེ་དག་རྟག་ཏུ་ཕྱག་བྱའི་གནས་ཡིན་ནོ། །ཇི་


DTG036_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཟླ་བ་ཚེས་ལ་མི་རྣམས་ཀྱིས། །ཕྱག་འཚལ་ཉ་བ་ལུས་ཅན་ཕྱག་མི་འཚལ། །དེ་བཞིན་དད་པས་རྒྱལ་བའི་ཐུགས་སྲས་ལ། །ཕྱག་བྱའི་དེ་ལྟར་བདེ་བར་གཤེགས་ལ་མིན། །འཇིག་རྟེན་ཀུན་གྱི་མངོན་མཐོ་བསླབ་པ་ཅན། །སྙིང་རྗེའི་བདག་ཉིད་འགྲོ་བའི་དོན་དུ་ནི། །སྐྱེ་བ་ལེན་པ་འདི་ལ་ཅི་ཡི་ཕྱིར། །བུ་གཅིག་བདག་ཉིད་ཀུན་གྱིས་ཕྱག་མི་བྱ། །སྐྱེས་བུ་བསམ་ཡས་རྨད་བྱུང་རྫུ་འཕྲུལ་ཅན། །དེ་ལ་མི་ངན་གང་ཞིག་མི་འདུད་པ། །དེ་ལ་རྒྱལ་བ་ཐམས་ཅད་ཐུགས་བྱུང་ནས། །དེ་ཡི་གསང་སྔགས་དངོས་གྲུབ་མི་སྩོལ་ཏོ། །དཔེར་ན་ཤིང་གི་མེ་ཏོག་དང་པོར་ནི། །ཡིད་འོང་ཕྱི་ནས་འབྲས་བུར་གྱུར་པ་ལྟར། །སེམས་ཅན་མཆོག་རྣམས་མེ་ཏོག་འདྲ་བར་ལྟོས། །འབྲས་བུ་བཞིན་དུ་རྒྱལ་བ་རིག་པར་གྱིས། །གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང༌། །གདུལ་བྱའི་དོན་ཕྱིར་ཁྲོ་ལ་ཁྲོ་བ་དང༌། །འདོད་ཆགས་ཅན་ལ་ཆགས་ཆེན་ལྟར་སྟོན་དང༌། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡི། །འགྲོ་བ་ཀུན་དང་ཇི་ལྟར་མཐུན་པ་ཡི། །གསང་སྔགས་གཟུགས་ཀྱི་རྗེས་སུ་ཆགས་མཛད་པ། །སྔགས་ཀྱི་རྣམས་འདྲེན་དེ་ལ་ཕྱག་འཚལ་ལོ། །དེ་ཕྱིར་ལོག་པར་ལྟ་བ་རྣམ་སྤངས་ལ། །ཡང་དག་ལྟ་བ་ལ་ནི་བརྟེན་པར་གྱིས། །བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང༌། །སྨན་དང་གླང་ཆེན་བརྟག་པ་འམ་སྐར་མའི་དཔྱད། །མཚོན་ཆ་བརྟག་པའམ་རྟ་དཔྱད་རང་བཟོའམ། བསྟན་བཅོས་ངན་པ་སློབ་ཅིང་ཀློག་པ་སྤང༌། །ཡུལ་པའི་གཏམ་དང་མི་དབང་བསྟེན་པ་དང༌། །དམག་དང་གྱད་དང་ན་ཆུང་གཏམ་དག་དང༌། །སྒྲུང་ལྡེབས་དང་ནི་སྔོན་གྱི་ལོ་རྒྱུས་གཏམ། །འདོད་ཆགས་དང་ནི་སྨད་འཚོང་གཏམ་མི་བྱ། །བདག་ལ་བསྟོད་པར་ནམ་ཡང་མི་བྱ་ཞིང༌། །སེམས་ཅན་གཞན་ལ་སྨད་པར་མི་བྱའོ། །སྟག་དང་སྦྲུལ་དང་མེ་འདྲར་འཇིག་རྟེན་དག །བསམས་ནས་སྤངས་ཏེ་དཔེན་ལ་དགའ་བར་བྱ། །སྔགས་ལ་གསང་སྔགས་བཟླས་པ་མནོས་ནས་ནི། །གྲོང་དང་གྲོང་ཁྱེར་ཁྱིམ་དང་གཙུག་ལག་ཁང༌། །མཆོད་རྟེན་བསྟི་གནས་རི་དང་


DTG036_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཐུབ་གནས། །ཀུན་དགའ་ལུ་མའམ་རྫིང་བུར་འགྲོ་མི་བྱ། །སྔར་བཤད་པ་ཡི་གནས་རྣམས་མ་རྙེད་ན། །ལྷ་ཁང་སྟོང་པ་ཉམས་དགའི་ཤིང་དྲུང་ངམ། །རི་དང་ཆུ་ཀླུང་ཆུ་བོ་འབབ་ཆུ་དང༌། །ནགས་ཚལ་སྟོང་པ་དག་དང་ཡུལ་སྟོང་དང༌། །གནས་གང་རུང་བར་སྔགས་པས་གནས་ཤིང་བཟླས། །ཡང་ན་གནས་ནི་ངེས་པར་མ་བྱས་ན། །ཟླ་བ་བརྒྱད་པོ་འདི་ཡི་དུས་དག་ཏུ། །གནས་འདི་གང་ཡང་རུང་བ་གཅིག་ཏུ་བསྟེན། །མཚོ་དང་ཤིང་དང་རི་བོའམ་དགོན་པའི་གནས། །མཚེའུ་དང་ཁང་པ་ནགས་དང་ཆུ་ངོགས་སུ། །དགུན་དཔྱིད་ཟླ་བ་རྣམས་སུ་གནས་བྱས་ལ། །སྔགས་པས་དབྱར་ནི་གཅིག་པུར་གནས་བྱ་སྟེ། །ཇི་ལྟར་རྒྱལ་བས་དགེ་སློང་དབྱར་ཟླ་གསུམ། །ཚུལ་ཞུགས་གཞན་དུ་མི་འགྲོ་གསུངས་པ་བཞིན། །དེ་བཞིན་བཅོམ་ལྡན་འདས་ཀྱིས་སྔགས་པ་ལ། །ཟླ་བ་གསུམ་དུ་གཅིག་པུར་གནས་པར་གསུངས། །སྔགས་པས་དབྱར་ནི་བསྒྲུབ་ལ་མི་འཇུག་པར། །བཟླས་བརྗོད་ཀྱིས་ནི་དུས་ཀྱང་འདའ་བར་བྱ། །དབྱར་ཟླ་ནས་ནི་སྔགས་པས་གཟི་བསྐྱེད་ནས། །བདག་ཉིད་བསྲུང་བྱས་སྒྲུབ་ལ་འཇུག་པར་བྱ། །ཡོངས་སུ་འཛིན་པ་རྣམ་པར་སྤངས་ནས་སུ། །ཆོས་གོས་དང་ནི་བསོད་སྙོམས་ངན་ངོན་དང༌། །སྟན་དང་མལ་སྟན་ངན་ངོན་ཙམ་གྱིས་ཀྱང༌། །ཆོག་པའི་སེམས་དང་ལྡན་པས་བསོད་ནམས་ཐོབ། །གཙུག་ཕུད་བཞག་ནས་སྒྲ་ནི་བྲེགས་ནས་སུ། །འབྱུང་ཁུངས་ཚོན་གྱིས་གོས་ཀྱི་ཁ་དོག་བསྒྱུར། །གོས་དཀར་དག་གམ་ཤིང་ལོ་འམ་གསོ་མ་འམ། །ཟར་མ་ཤིང་ཤུན་རྣམས་ཀྱི་གོས་བགོའོ། །ཀུ་འམ་ལྕགས་སམ་འཇིམ་པ་ལས་བྱས་པ། །དབྱིབས་ནི་ལེགས་ཤིང་མི་རྩུབ་འཇམ་པ་དང༌། །མ་ཆག་ཟླུམ་ཞིང་མ་ཉམས་རྨ་མེད་པ། །ཡིད་དུ་འོང་བའི་ལྷུང་བཟེད་བཅད་བར་བྱ། །བཟའ་བཏུང་མོད་ཅིང་དམངས་རིགས་མང་བ་དང༌། །མགྲོན་ལ་མཆོད་བྱེད་ལེགས་པར་གནས་པའི་གྲོང༌། །ཧ་ཅང་མི་ཉེ་ཧ་ཅང་མི་རིང་བ། །བྲམ་ཟེའི་ཕྱི་རོལ་སྐྱེ་བོ་མེད་པ་བསྟེན། །ང་རྒྱལ་གྱིས་ནི་ནོན་པའི་བྲམ་ཟེ་རྣམས། །རིགས་ཀྱིས་རློམ་ཞིང་སྙིད་རྗེ་མི་ལྡན་


DTG036_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པ་མཐོང་ན་གེགས་ཀྱང་བྱེད་པར་འགྱུར། །བྲམ་ཟེ་སངས་རྒྱས་པ་ལས་ཇི་ལྟར་དམན། །དམངས་ལས་བྲམ་ཟེ་དག་ལ་དམངས་རིགས་རྣམས། །བསྙེན་བསྐུར་དང་ནི་མཆོད་པར་འགྱུར་བས་ན། །དམངས་རིགས་ཀྱིས་ཀྱང་གསང་སྔགས་ཇི་ལྟར་བཟླས། །ལྷ་དང་མགྲོན་མཆོད་པ་དང་ལས་དྲུག་དང༌། །རྒྱལ་པོ་དང་ནི་མེ་ལ་བརྟེན་པ་དང༌། །བུ་ཡི་དོན་དུ་འགྲོ་བར་བྱ་བ་དག །བྲམ་ཟེ་རྣམས་ཀྱིས་ངེས་པར་འགྲུབ་པ་ཡིན། །རྒྱལ་རིགས་རྗེའུ་རིགས་དག་ཀྱང་རང་གི་ལས། །འགྲུབ་པ་འདི་ལ་ཐེ་ཚོམ་མ་བྱེད་ཅེས། །བརྫུན་དུ་སྨྲ་བ་སྣ་ཚོགས་སྐྱོན་དག་གིས། །བདག་དང་གཞན་གྱི་སེམས་ནི་སྲེག་པར་བྱེད། །ཡན་ལག་བརྒྱད་ལ་གནས་པར་རྟག་ཏུ་ནི། །ཉི་མ་ཕྱེད་མཚམས་ཚུན་ཆད་བླང་བར་བྱ། །བྲམ་ཟེའི་དུས་ནི་ཕྱི་དྲོ་ཡིན་པས་ན། །དེ་ཕྱིར་བྲམ་ཟེའི་ཁྱིམ་དུ་འགྲོ་མི་བྱ། །དཔེར་ན་རྨ་ནི་གསོ་དང་བསལ་བའི་ཕྱིར། །ནད་པ་དག་ལ་སྨན་པས་སྦྱིན་པ་ལྟར། །དེ་བཞིན་འདིར་ཡང་བཀྲེས་པའི་སྡུག་བསྔལ་དག །བསལ་ཕྱིར་རྒྱལ་བས་ཁ་ཟས་བཟའ་བར་གསུངས། ལ་ལ་ལམ་གྱིས་དུ་བཅིང་འགྲོ་བའི་ཚེ། །བཀྲེས་སྐོམ་གདུངས་པས་རང་གི་བུ་ཡི་ཤ །ཟ་བ་བཞིན་དུ་རྣལ་འབྱོར་སེམས་དམན་ཞིང༌། །ཁི་དང་རྒྱགས་ཕྱིར་བཟའ་བར་མི་བྱའོ། །མང་དུ་བླུགས་ན་རྩོལ་མེད་མཐོ་བ་དང༌། །དེ་བཞིན་ཉུང་དུ་ཡང་ནི་དམས་འགྱུར་ལ། །རན་པར་སྐད་ཅིག་མཉམ་པར་འགྲོ་བ་ལྟར། །ལུས་ཅན་ཁ་ཟས་དེ་ལྟར་བཟའ་བར་བྱ། །དཔེར་ན་ཁང་རྙིང་མི་ཤིགས་བྱ་བའི་ཕྱིར། །མི་ཡིས་ཀ་བ་བརྟན་པོ་བཙུགས་པ་ལྟར། །དེ་བཞིན་ལུས་ཀྱིས་འཁྲུལ་འཁོར་གནས་པ་དང༌། །རྟ་ཡི་མིག་དཀུ་བཞིན་དུ་ཁ་ཟས་བཟའ། །འདོད་པའི་ཁམས་ནི་ཟས་ཀྱིས་གནས་པ་ཤེས། །རྒྱལ་བས་ཆོས་གཅིག་ཏུ་ནི་བཀའ་སྩལ་པ། །ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ། །སེམས་ནི་བཟའ་བཏུང་སོགས་ལ་ཆགས་མི་བྱ། །དབང་པོ་དྲུག་པོ་ཡུལ་ལ་འཕྱོ་བ་ན། །བདེ་གཤེགས་


DTG036_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཤེས་པས་བསྲུང་བར་བྱ། །ལྷུང་བཟེད་དེ་དག་ལས་ནི་གཅིག་ཐོགས་ནས། །གཉའ་ཤིང་གང་དུ་བལྟ་ཞིང་བསོད་སྙོམས་སྤྱད། །འཛུམ་ཞིང་འགྲོ་ལ་སྨྲ་ཞིང་མིག་ཟུར་ཅན། །ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། །བུད་མེད་གཟུགས་ནི་མཚོན་ཆ་འོབས་འདྲ་བས། །སྐྱེས་པའི་སེམས་ནི་མངོན་དུ་འཕྲོག་པར་བྱེད། །ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར་བཀག་པ་ཆེས་སླའོ། །ཉིས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་སླ། །གང་དུ་དགའ་བར་འཛིན་ཅིང་མཐོང་བྱེད་ལ། །སེམས་ཀྱིས་སེམས་ནི་རྣམ་པར་འདུལ་བཞིན་དུ། །རབ་དང་འབྲིང་ལ་སོགས་པ་སྤངས་ནས་སུ། །མི་སྨྲ་བ་ནི་གཞན་གྱི་ཁྱིམ་དུ་འགྲོ། །གང་ན་བཞོན་བེའུ་ཕྲུ་གུ་ཆུང་བ་དང༌། །གང་ན་བུ་མོ་གཞོན་བསྟེན་རྩེ་བ་དང༌། །དེ་བཞིན་གང་ན་གཞོན་ནུ་རྩེ་བ་དང༌། །གང་ན་ཁྱེའུ་ཟ་དགའ་སྟོན་བྱེད་པ་དང༌། །གང་ན་སྐྱེ་བོ་མང་པོ་འདུས་པ་དང༌། །དེ་བཞིན་གང་ན་རོལ་མོ་བྱེད་པ་རྣམས། །དེར་ནི་སྐྱེས་བུ་ནམ་ཡང་འགྲོ་མི་བྱ། །བསོད་སྙོམས་ཅི་རྙེད་ཁྱེར་ཏེ་འོངས་ནས་ཀྱང༌། །དང་པོ་ཇི་ལྟར་བདེ་བར་བགོ་བར་བྱ། །རྐང་བཀྲུས་གློ་བུར་བ་ལ་བྱིན་ནས་སུ། །ལུས་བསྲུང་ཕྱིར་ནི་ཁ་ཟས་བཟའ་བར་བྱ། །དུས་སུ་ཟོས་ནས་དུས་སུ་ཁྲུས་བྱས་ཏེ། །གང་ཚེ་ཟློས་དགའི་སེམས་ནི་ཞི་བ་ལ། །བརྟེན་པ་ཉིད་ཀྱིས་དྲན་པ་རྨོངས་གྱུར་ན། །ལངས་ནས་འཆགས་ཅིང་ཕྱོགས་སུ་བལྟ་བ་དང་། །ཆུ་ཡིས་གདོང་ཡང་ཡོངས་སུ་བཀྲུ་བར་བྱ། །གླིང་བུའི་སྒྲ་དང་རྔ་ཡི་སྒྲ་རྣམས་དང༌། །ཤིན་ཏུ་འཇིགས་བྱེད་སྐྱེ་བོའི་སྒྲ་དག་དང༌། །གང་རྒྱངས་ཀུ་ཅོ་དག་དང་གླུ་སྒྲ་དང༌། །བིང་དང་པི་ཝང་དག་དང་རྫ་རྔའི་སྒྲ། །བྱ་བྲན་སྣ་ཚོགས་སྒྲ་དང་ཆུ་སྒྲ་དང༌། །བུད་མེད་རྒྱན་གྱི་སིལ་ཁྲོལ་སྒྲ་རྣམས་དང༌། །ཤ་སྦྲང་ཚ་གྲང་རླུང་གི་གནོད་པ་ཡིས། །མི་ཡི་སེམས་ནི་གཡེང་ཞིང་གཡོ་བར་བྱེད། །སྟང་ས་དང་མཆོངས་པ་དང་ནི་གར་བྱེད་དང༌། །གླུ་ལེན་རྔ་བརྡུང་སྐྱེ་པོས་དབྱས་འགྱུར་དང༌། །ལྷག་པའི་ང་རྒྱལ་སྲེད་དང་འདོད་ཆེན་དང༌། །


DTG036_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དང་ནི་འདུས་པ་བལྟ་འདོད་དང༌། །དུས་མིན་གཉིད་དང་མི་འགྲུབ་སྨྲ་བ་དང༌། །བསྟན་བཅོས་ཉན་དང་སྙན་དངགས་གློག་འདོན་དང༌། །འདོད་ཆགས་འཇིགས་དང་དྲེགས་དང་རྒྱགས་པ་དང༌། །ཞེ་ལ་འཛིན་དང་ལེ་ལོ་གཡོ་སྒྱུ་སྤང༌། །གླང་ཆེན་རྟ་དང་བ་ལང་བྱ་གག་ཁྱི། །གོང་མོ་སྲེག་པ་འུག་པ་སྐྱེས་པ་དང༌། །བུད་མེད་བུ་མོ་དེ་བཞིན་ར་ལུག་སོགས། །འཐབ་མོ་འགྱེད་པ་མི་ལྟ་མི་བྱའོ། །འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི། །སེམས་ནི་འཁོར་བ་ཡིན་པར་ཀུན་དུ་བརྗོད། །ཉོན་མོངས་རྣམ་གྲོལ་ཤེལ་དང་ཟླ་འདྲ་ལ། །སྲིད་པའི་རྒྱ་མཚོའི་མཐར་ནི་རབ་ཏུ་བསྒྲགས། །དཔེར་ན་དྲི་མེད་ཆུ་ནི་རྡུལ་སོགས་ཀྱིས། །སྐད་ཅིག་ཏུ་ཡང་རྙོག་པར་བྱེད་པ་ལྟར། །དེ་བཞིན་རྣམ་དག་དྲི་མ་མེད་པའི་སེམས། །འདོད་ཆགས་ལ་སོགས་སྐྱོན་གྱིས་རྙོག་པར་འགྱུར། །ལམ་འདི་རྣམས་ཀྱིས་གསང་སྔགས་དངོས་གྲུབ་ཅིང༌། །དེ་བཞིན་འདིར་ནི་མཐོ་རིས་ཐར་པ་འཐོབ། །རྒྱལ་སྲས་སྔོན་གྱི་རྒྱལ་བ་འདས་པ་དང༌། །འདི་ནས་གཤེགས་ཤིང་དེ་བཞིན་གཤེགས་པར་འགྱུར། །གྲོགས་མེད་སེམས་ཀྱིས་ལུས་དང་ངག་ཡིད་ཀྱི། །གུས་པས་བསོད་ནམས་གང་དག་བསགས་པ་ཡང་། །བདེ་གཤེགས་གསུངས་པའི་བདེན་པའི་ལམ་དམིགས་ན། །དགེ་བའི་ལས་དེ་ཡང་དག་བསྐྱེད་པ་ཡིན། །སློབ་དཔོན་མན་ངག་གཅེས་པར་བསྟེན་པ་ཡི། །དོན་སྦས་པ་དང་ལས་ཀྱི་སྐབས་རྣམས་ཀྱི། །སོ་སོའི་ཏིང་འཛིན་སྒོ་སོགས་ཐ་དད་པས། །དཔུང་བཟངས་ཞུས་ལས་གནས་པ་རིམ་བཞིན་མིན། །གནས་པའི་ལེའུ་ལས་གནས་པ་དང་པོའི་ལེའུ་སྟེ་བཞི་པའོ།། །།


previousལེའུ་བཞི་པ། གནས་པའི་ལེའུ་ལས་གནས་པ་དང་པོ་བསྟན་པ།next