དྲུག་པ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཞུས་པའི་ལན་གསུངས་པས་ཐེ་ཚོམ་བཅད་པ།
དེ་ལྟར་བསྐུལ་མ་ཐག་ཏུ་དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་དེ་རྣམས་ལ་གདམས་ངག་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ཞེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ། །བཞག་ནས་བྱང་ཆུབ་སེམས་དབང་པོ། །རྒྱ་ཆེན་པོ་ནི་རབ་ཏུ་ཉོན། །ཞེས་གསུངས་ཏེ། ཞུ་བ་པོའི་བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཀྱིས་ཡང་དག་པའི་ཀུན་རྫོབ་པ་དང༌། དོན་དམ་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་དེ་བཞིན་གཤེགས་པ་ལ་མངའ་བའི་ཡང་དག་པའི་ཀུན་རྫོབ་དང༌། དོན་དམ་པའི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་ལ་མཉམ་ཞིང་དབྱེར་མེད་པར་བཞག་ནས་གུས་པར་རྣ་བ་ལྷོགས་ལ་ཉོན་ཅིག་དང༌། ཁྱེད་རྣམས་ཀྱིས་ཞུས་པའི་ཚིག་དང་དོན་རྒྱ་ཆེན་པོ་འདི་དག་བསྟན་པར་བྱ་ཡིས་ཞེས་གསུངས་པའོ། །འདིར་སེམས་མཉམ་པར་གཞག་པས་ཆོག་མོད། ལུས་དང་ངག་མཉམ་པར་གཞག་ཅི་དགོས་ཤེ་ན། ཆོས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དུ་འདུས་པར་བསྟན་པ་སྟེ། དེའི་དོན་སྒོ་གསུམ་མཉམ་པ་ཉིད་དུ་བཞག་པས་རྟོགས་པར་བྱ་བའི་ཕྱིར་རོ། །འོན་བྱང་ཆུབ་སེམས་དཔའི་སྒོ་གསུམ་དེ་བཞིན་གཤེགས་པའི་སྒོ་གསུམ་ལ་མཉམ་པར་གཞག་ཅི་དགོས་ཤེ་ན། འཁོར་བ་དང་མྱ་ངན་ལས་འདས་པའམ་སེམས་ཅན་དང་སངས་རྒྱས་སོ་སོ་མ་ཡིན་ཐ་མི་དད་ན་བྱང་ཆུབ་
སེམས་དཔའ་དང་དེ་བཞིན་གཤེགས་པ་མཉམ་ཞིང་དབྱེར་མེད་པར་ལྟ་སྨོས་ཀྱང་ཅི་དགོས་ཏེ་སོ་སོ་མ་ཡིན་ཐ་མི་དད་པར་བསྟན་པའོ། །དེ་ལྟ་ཡིན་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་ཆོས་ཞུ་བ་དང་ཉན་ཅི་དགོས་ཤེ་ན། དོན་དམ་པར་དེ་ལྟར་ཡིན་ཡང་ཀུན་རྫོབ་ཏུ་ཤེས་རབ་དང་ཡེ་ཤེས་ལ་ཁྱད་པར་ཆེ་བས་རྟོགས་ཚབ་ཆེ་ཆུང་ལ་ཁྱད་པར་ཡོད་པར་བསྟན་པ་དང༌། དོན་དམ་པར་ཤེས་རབ་དང་ཡེ་ཤེས་ལ་ཁྱད་པར་མེད་དུ་ཟིན་ཀྱང་མ་འོངས་པའི་དུས་ན་འགྲོ་བ་གཞན་ལ་གྲགས་ཤིང་དེ་དག་གིས་ཤེས་པའི་རྒྱུད་མ་བྱང་བ་སྤྱད་པར་བྱ་བ་དང༌། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་འཇུག་པའི་སྒོ་མི་མཐུན་པ་དག་གི་རྒྱུད་སྤྱང་བར་བྱ་བའི་གཏན་ཚིགས་ཀྱང་སྔར་བསྟན་པ་བཞིན་ཏེ། དེའི་ཕྱིར་ན་འདི་ལྟར་བསྟན་པ་ལ་འགལ་བ་མེད་དོ། །མདོར་ན་མཉམ་པ་ཉིད་རྟོགས་པ་མངོན་དུ་གྱུར་པའི་ངང་ལ་གནས་པས་མཉམ་པ་ཉིད་ཇི་ལྟ་བའི་དོན་བསྟན་ནས་མ་རྟོགས་པའི་གདུལ་བྱ་རྣམས་མཉམ་པ་ཉིད་ལ་དགོད་པའི་ཐབས་སུ་བསྟན་པ་སྟེ། མཉམ་པ་ཉིད་དུ་བསྟན་པའི་དོན་ཡང་རྡོ་རྗེའི་ཐེག་པ་འདི་ཉིད་དོ། །འདིར་བྱང་ཆུབ་སེམས་དབང་པོ་ཞེས་སྨོས་པའང་དཔེར་ན། ལྷ་དང་མི་ལ་སོགས་པ་སྐྱེ་དགུའི་གཙོ་བོ་རྣམས་ལ་དབང་པོ་ཞེས་ཟེར་བ་དང༌། འདྲ་བར། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སྨོས་པ་འདི་དག་ཀྱང༌། བྱང་ཆུབ་སེམས་དཔའ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་རྣམས་ཀྱི་གཙོ་བོར་གྱུར་པ་ཡིན་པས་འདི་སྐད་ཅེས་སྨོས་སོ། །རྒྱ་ཆེན་པོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དུ་འདུས་པའི་དོན་སྟོན་པ་ནི་རྒྱུད་འདི་ཡིན་པས་སམ། གཉིས་སུ་ནི་ཤིན་ཏུ་ཟབ་པའི་དོན་སྟོན་པས་ཚིག་རྒྱ་ཆེན་པོའོ། །གསུམ་དུ་ནི་དོན་རྣམ་པ་བདུན་དང་ལྡན་པས་རྒྱ་ཆེ་བ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་ཕྱིར་ཞུས་པས་བསམ་པ་རྒྱ་ཆེ་བ་དང༌། མི་རྟོག་པའི་སེམས་ཀྱིས་མི་དམིགས་པའི་དོན་ཞུས་པས་ཚོགས་རྒྱ་ཆེ་བ་དང༌། ཆོས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དུ་འདུས་པའི་དོན་ཞུས་པས་རྟོགས་པ་རྒྱ་ཆེ་བ་དང༌། མི་གནས་པའི་མྱ་ངན་
ལས་འདས་པ་ཐོབ་པའི་དོན་དུ་ཞུས་པས་རང་བཞིན་རྒྱ་ཆེ་བ་དང༌། ཚེ་གཅིག་གི་ས་སངས་རྒྱས་པའི་ཐབས་ཞུས་པས་དུས་མྱུར་བ་རྒྱ་ཆེ་བ་དང༌། ཉོན་མོངས་པ་ལྔ་དང༌། འདོད་པའི་ཡོན་ཏན་ལྔ་མི་གཡོ་བར་འགྲུབ་པའི་ཐབས་ཞུས་པས་འཇུག་པ་རྒྱ་ཆེ་བ་དང༌། རིགས་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་སྐུ་གསུང་ཐུགས་འགྲུབ་པ་ཞུས་པས་འབྲས་བུ་རྒྱ་ཆེ་བ་དང་ལྡན་པ་སྟེ། དེ་ལྟ་བུའི་དོན་ཉོན་ཅིག་ཅེས་བཀའ་སྩལ་པའོ། །དེ་ནས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་ཀུན་གྱི་རྗེས་སུ་བཟུང་བའི་ཚིག་ཅེས་བྱ་བ། དེ་ལྟར་བཀའི་གནང་བ་བྱིན་པའི་རྗེས་སུ་ཐུགས་རྗེས་བཟུང་ཞིང་ཕན་འདོགས་པར་མཛད་པའི་ཚིག་གི་གདམས་ངག་དེ་སྐད་བཀའ་སྩལ་པ་སྟེ། དེ་ལ་དགའ་ནས་བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །བདེ་བར་གཤེགས་པ་ལེགས་སོ་ཞེས་གསོལ་ཏེ་ཞེས་བྱ་བ་ནི། ལེགས་སོ་དང་པོ་ནི། ཆོས་བཤད་པར་གནང་བ་བྱིན་ཅིང་ཉན་པའི་ཚུལ་དང༌། རིམ་པ་བསྟན་པ་ལེགས་སོ་ཞེས་པའོ། །ལེགས་སོ་གཉིས་པ་ནི་ཇི་སྐད་ཞུས་པ་དེའི་དོན་བཤད་པར་མཛད་པ་ལེགས་སོ་ཞེས་པའོ། །ལེགས་སོ་ཞེས་པ་གསུམ་པ་ནི། །འདིའི་བཤད་པས་བདག་ཅག་ལ་ཕན་ཞིང་དགའ་བར་མ་ཟད། མ་འོངས་པའི་འགྲོ་བ་སྔགས་ཀྱིས་ངེས་པར་འབྱུང་བའི་སྐལ་བ་ཡོད་པ་རྣམས་ལ་ཡང་ཕན་ཞིང་དགའ་བ་སྐྱེ་བའི་དོན་དུ་འགྱུར་བས་ལེགས་སོ་ཞེས་གསོལ་བའོ། །ཏེ་ཞེས་བྱ་བ་ནི་ལྷག་མ་ཅན་གྱི་ཚིག་སྟེ། དེ་སྐད་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་གྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། རང་རང་གི་སྐུ་གསུང་ཐུགས་རྡོ་རྗེ་ལ་དམིགས་ནས་ཞེས་བྱ་བ་དེ་ལ་དམིགས་པའི་བྱིན་རླབས་ཀྱིས་དེས་མཁྱེན་པའི་རྒྱུད་ལ་མངའ་བར་རང་རང་གིས་རྟོགས་པར་འདོད་པ་དང༌། མཉམ་པ་ཉིད་ཀྱི་དོན་ལ་དམིགས་སུ་བལྟ་བའི་ཕྱིར་དང༌། ཞུ་བ་དང༌། བཀའ་སྩལ་པའི་དོན་ཡང་སྐུ་གསུང་ཐུགས་སུ་འདུས་ལ། དེ་ཡང་ཡང་དག་པའི་ཀུན་རྫོབ་ཏུ་སོ་སོར་སྣང་ཡང་དོན་དམ་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་དབྱེར་མེད་པ་
སྟེ། སོ་སོ་མ་ཡིན་ཐ་མི་དད་པར་རྟོག་པ་མངོན་དུ་གྱུར་ནས། རྡོ་རྗེ་འཛིན་ཆེན་པོའི་སྐུ་གསུང་ཐུགས་དང་བྱང་ཆུབ་སེམས་དཔའ་རང་རང་གི་སྐུ་གསུང་ཐུགས་དང་དབྱེར་མེད་པའི་བདག་ཉིད་དུ་ཡང་དག་པར་རིག་པའི་མངོན་དུ་བྱས་པའོ། །ཅང་མི་གསུང་བར་གྱུར་ཏོ་ཞེས་བྱ་བ་ནི། ཆོས་ཉན་པར་འདོད་པའི་ཕྱིར་གཡེང་བ་མེད་ཅིང་བག་དང་ལྡན་པར་བྱས་ནས་གནས་པའི་དོན་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཅེས་བྱ་བ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཅང་མི་གསུང་བའི་དེ་མ་ཐག་ཏུ་དེ་ནས་འཁོར་གྱི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་དག་ཐམས་ཅད་རང་རང་གི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ལས། དག་པ་འཇིག་རྟེན་པའི་ཡེ་ཤེས་བསྐྱེད་ནས་བྱང་ཆུབ་སེམས་དཔའ་དེ་དག་ཡང་དག་པར་ཞུ་བ་ཡིན་པའི་སློབ་མར་དགོངས་པ་དང༌། ད་ལྟར་དང་མ་འོངས་པའི་གདུལ་བྱ་གཞན་ཡང་ཕན་ཐོགས་པར་འགྱུར་དུ་འོང་ངོ་སྙམ་པའི་ཐུགས་རྗེ་ཆེན་པོར་བསྐྱེད་པ་མངོན་དུ་གྲུབ་པར་མཛད་པ་ལ་ནི་བྱིན་གྱིས་བརླབས་ནས་ཞེས་བྱ་སྟེ། ཆོས་སྟོན་པར་ངེས་པ་ལས་མི་འདའ་བའོ། །དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསུང་གཅིག་ཏུ་བྱ་བ་ནི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དགོངས་པ་དང༌། གསུང་གི་སྒྲ་དབྱངས་དང་ཚིག་མཐུན་པར་གཅིག་ཁོ་ན་བཞིན་དུ་ཞུས་ལན་ལྔ་བཅུ་རྩ་དྲུག་པོ་དེ་དག་ཇི་སྐད་ཞུས་པ་དེའི་ལན་ངེས་པར་ལུང་བསྟན་པ་མཛད་པའོ། །དེ་ལྟར་ཡིན་མོད་ཀྱི་འོན་ཀྱང་ཐེག་པ་འདིས་འདུལ་བ་རྣམས་ཀྱིས་ནི་རྒྱུད་འདི་ཇི་ལྟ་བ་བཞིན་དུ་ཐོས་ཤིང་གོ་ལ། ཐེག་པ་གཞན་གྱིས་འདུལ་བ་རྣམས་ལ་ནི་གང་ལ་མོས་པ་དེ་བཞིན་དུ་ཐོས་ཤིང་རྟོགས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང༌། ཆོ་འཕྲུལ་དང་། རྣམ་པར་ཐར་པ་ནི་མཐའ་ཡས་པ་སྟེ། དཔག་ཅིང་གཞལ་བ་ལས་འདས་པའི་ཕྱིར་རོ། །ད་ནི་ཞུས་ལན་ལྔ་བཅུ་རྩ་དྲུག་པོ་དེ་དག་རིམ་པར་བཤད་དེ། དང་པོ། །གསང་བ་ཞེས་བགྱི་ཇི་ལྟར་ལགས། །ཞེས་ཞུས་པའི་ལན་ནི། གསང་བ་ཞེས་བསྟན་པ་ནི། སྐུ་གསུང་
ཐུགས་ནི་རྣམ་པ་གསུམ། ཞེས་གསུངས་ཏེ་ཐེག་པ་དང་རྒྱུད་གཞན་ལས་གསང་བའི་སྒྲ་མང་པོར་བསྟན་པ་ཡོད་ན་ཡང་འོ་སྐོལ་ཅག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་བ་བྱང་ཆུབ་སེམས་རྡོ་རྗེས་བཀའ་སྩལ་བའི་རྒྱུད་འདིའི་བཞེད་ཀྱིས་ནི་དེ་དག་ལ་མི་བྱའི། གང་ལ་ཞེ་ན། སྤྱིའི་དབང་དུ་བྱས་ནས་རྒྱས་པར་བཤད་ན་ཐུན་མོང་གི་གསང་བ་བཞི་དང༌། ཟབ་མོའི་གསང་བ་གསུམ་ལ་བྱའོ། །དེ་ལ་ཐུན་མོང་གི་གསང་བ་བཞི་ནི། རྒྱུ་དང་འབྲས་བུ་གསང་བ་དང་ལྟ་བ་དང་སྤྱོད་པ་གསང་བའོ། །རྒྱུ་དང་འབྲས་བུ་གསང་བ་ནི། །རྒྱུ་མི་གཙང་བར་ལྟ་བ་ནི་ཕ་མའི་ཁུ་ཁྲག་ལས་སངས་རྒྱས་པ་དང་བྱང་ཆུབ་སེམས་དཔའི་སྐུ་ཕྱག་རྒྱར་བསྐྱེད་པ་དང༌། རྒྱུ་དུག་གསུམ་དང༌། དུག་ལྔ་ལས་འབྲས་བུ་སྐུ་གསུམ་དང་རིགས་ལྔར་འགྲུབ་པ་དང༌། ཟག་པ་དང་བཅས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཟག་པ་མེད་པས་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་འགྲུབ་པ་དང་། རྡོ་སོལ་དང་ལིག་བུ་མིག་ལ་སོགས་པའི་རྫས་ལས་ཐུན་མོང་དང་མཆོག་གི་དངོས་གྲུབ་རྣམ་པ་གཉིས་འགྲུབ་པ་དང༌། གྲུབ་པར་བྱེད་པའི་ཐབས་སུ་གྱུར་པའོ། །ལྟ་བ་དང་སྤྱོད་པ་གསང་བ་ནི། ཕོ་མོ་ཐབས་དང་ཤེས་རབ་ཏུ་བསྒོམས་ནས་དེའི་འབྱུང་བ་ལྷག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་རྟོགས་པར་བྱས་པ་དང༌། ལུས་ལས་བྱུང་བའི་དྲི་མ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་པ་དང༌། ལྕགས་ཀྱུ་རྣམ་པ་ལྔ་ཡུམ་ལྔར་བྱིན་གྱིས་བརླབས་ནས། དེ་དག་ཡེ་ཤེས་བདུད་རྩིའི་ངོ་བོར་ཞུ་བ་བདག་གིས་རོལ་ཅིང་གཞན་ལ་མཆོད་ན། རྡོ་རྗེ་སེམས་དཔའི་སྐུ་ཚེ་དང་ནད་མེད་བདེ་མཆོག་དར་ལ་བབ་པ་དང༌། འདོད་པ་བཞིན་དུ་འགྲོ་བ་དང་འོང་བ་ལ་སོགས་པ་འགྲུབ་པའོ། །ཟབ་མོའི་གསང་བ་གསུམ་ནི། སྐུ་གསུང་ཐུགས་རྡོ་རྗེ་གསང་བ་གསུམ་ལ་བྱ་སྟེ། དེ་ཡང་ཕྱིའི་དབང་དུ་བྱ་སྟེ་དེ་ཡང་བཤད་ན། ཆོས་ཐམས་ཅད་སྣ་ཚོགས་པའི་རྣམ་པར་སྣང་བ་ནི་སྐུ། དེ་ཉིད་མཚན་མའི་རྣམ་པས་དབེན་པ་ནི་གསུང༌། མཚན་མ་དང་མཚན་མ་མེད་པ་གཉིས་སུ་མེད་པ་ནི་ཐུགས། དེ་ལྟར་ཡིན་པའི་དོན་མ་གསང་བཞིན་དུ་གཞན་གྱིས་རིག་པའི་སྤྱོད་ཡུལ་དུ་མི་འགྱུར་བ་ནི་གསང་བ། ཆོས་ཐམས་ཅད་དེར་འདུས་པས་ན་འདུས་པའོ། །ནང་གི་དབང་
དུ་བྱ་སྟེ་བཤད་ན། ལུས་ཀྱི་བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱར་སྣང་བ་ནི་སྐུའི་གསང་བ། ངག་གི་སྨྲ་བརྗོད་ཐམས་ཅད་སྔགས་སུ་གྱུར་བ་ནི་གསུང་གི་གསང་བ། སེམས་ཀྱི་དྲན་རྟོག་ཐམས་ཅད་ཏིང་ངེ་འཛིན་དུ་མཁྱེན་པ་ནི་ཐུགས་ཀྱི་གསང་བའོ། །དེ་བཞིན་གཤེགས་པའི་མཛད་སྤྱོད་ཐམས་ཅད་དེར་འདུས་པ་དེའི་དོན་རྒྱུད་འདིར་འདུས་པར་བསྟན་པའོ། །གསང་བའི་དབང་དུ་བཤད་པ་ནི། སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཡབ་ཡུམ་ཕྱག་རྒྱ་རྣམ་པ་བཞི་དང་ལྡན་པ་གཉིས་སུ་མེད་པའི་ཚུལ་དུ་བཞུགས་པ། ཉན་ཐོས་ཆགས་པ་སྤངས་པ་དང༌། འཇིག་རྟེན་པ་ཆགས་པ་རང་དགར་སྤྱོད་པ་གཉི་གའི་དོན་བྱེད་ནུས་ཀྱང་དེ་དག་གི་སྤྱོད་ཡུལ་དུ་མི་འགྱུར་བ་ནི་སྐུའི་གསང་བ། དེའི་དུས་ན་ཡབ་ཡུམ་སོ་སོའི་སྦྱོར་བའི་བརྡ་དང་གསང་བའི་སེ་གོལ་གྱིས་བདེ་བའི་སྒྲ་དང༌། ལྷག་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་ལས་གསུང་ཡིག་འབྲུའི་སྔགས་ཀྱི་འཕྲོ་འདུ་འབྱུང་བ་ནི་གསུང་གི་གསང་བ། དེ་ལྟར་རོལ་པ་མཛད་པ་ལས་ཡབ་ཀྱི་ལྷག་པ་བྱང་ཆུབ་ཀྱི་སེམས་ས་བོན་ཟླ་བ་ལྟ་བུར་འཁྱིལ་པ་དང༌། ཡུམ་གྱི་གསང་བའི་བྱང་ཆུབ་ཀྱི་སེམས་མཚན་དང་བ་བཅག་པའི་ཁུ་བ་ལྟ་བུར་འབར་བ་གཉིས་འདྲེས་པ་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་ཞིང་གསང་བའི་དཀྱིལ་འཁོར་བསྐྱེད་ལ། མ་རེག་པ་ཉེར་ཐོགས་སུ་གནས་པ་ནི་ཐུགས་ཀྱི་གསང་བའོ། །འབྲིང་དུ་ཕྱེ་ནས་རྒྱུད་ཀྱི་དོན་ལ་སྦྱར་ནས་བཤད་ན། ཆོས་ཀྱི་སྐུ་མཚན་མ་མེད་པའི་ངང་ལ་བཞུགས་ན་ཡང༌། གཟུགས་ཀྱི་སྐུ་མཚན་མ་ཐ་དད་པའི་རྣམ་པར་སྣང་བས་འགྲོ་བ་གང་ལ་མོས་པའི་སྐུར་སྟོན་པ་དང༌། གསང་བའི་ཐེག་པས་འདུལ་བ་རྣམས་ལ་ཡུམ་གྱི་བྷ་ག་ལ་གཉིས་སུ་མེད་པའི་ཚུལ་དུ་བཞུགས་པ་ནི་སྐུའི་གསང་བ། གསུང་བརྗོད་པ་མེད་པའི་ངང་ལས་མི་གཡོ་བཞིན་སྒྲ་ཐ་དད་པས་ཐེག་པ་སོ་སོ་གང་གིས་འདུལ་བའི་ཆོས་སྟོན་པ་དང༌། གསང་བ་ངེས་པར་འབྱུང་བའི་གདུལ་བྱ་ལ་རྒྱུད་འདིའི་དོན་འཆད་པར་མཛད་པ་ནི་གསུང་གི་གསང་བ། ཐུགས་རྣམས་པར་མི་རྟོག་པའི་ངང་ལས་མི་གཡོ་ཡང་ཏིང་ངེ་འཛིན་གྱི་སྒོ་མང་པོ་ལ་སྙོམས་པར་
འཇུག་ཅིང༌། ཆོ་འཕྲུལ་དང༌། རྣམ་པར་འཕྲུལ་པ་ཐ་དད་པར་སྟོན་པ་དང༌། འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་རྒྱུད་འདིའི་ལྷ་དང་དཀྱིལ་འཁོར་འཐོན་པར་མཛད་པ་ནི་ཐུགས་ཀྱི་གསང་བའོ། །དེར་ནི་ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་དང༌། དོན་དམ་པའི་སྐུ་གསུང་ཐུགས་གཉི་ག་འདུས་པས་ནི་འདུས་པའོ། །འོ་ན་གོང་དུ་ཐུན་མོང་དང་ཟབ་མོའི་དབང་དུ་བྱས་ནས་བཤད་པའི་གསང་བའི་སྒྲ་དེ་དག་ཕྱིར་ཇི་ལྟར་འདུས་ཤེས་ན། དེ་ལྟར་བསྟན་པའི་དོན་ཕྱག་རྒྱ་རྣམ་པ་བཞིར་འདུས་ཏེ། ཇི་ལྟར་ཞེ་ན། སྐུའི་གསང་བ་ཐམས་ཅད་ནི་སྐུ་ཕྱག་རྒྱ་ཆེན་པོར་འདུས་སོ། །ཅིའི་ཕྱིར་ཞེ་ན། སྐུའི་སྤྱོད་པ་ཐ་དད་པར་སྣང་བ་དེ་དག་ཐམས་ཅད་དེའི་ཁྱད་པར་ལས་བྱུང་བའི་ཕྱིར་འདུས་ཀྱང་དེ་ཉིད་དུ་འདུས་སོ། །གསུང་གི་གསང་བ་ཐམས་ཅད་ནི་ཆོས་ཀྱི་ཕྱག་རྒྱར་འདུས་ཏེ་ཅིའི་ཕྱིར་ཞེ་ན། དོན་གྱི་གསུང་ཟབ་པ་དང༌། ཆག་གི་གསུང་རྒྱ་ཆེ་བར་གཉི་ག་གསུང་ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ཡིན་པའི་ཕྱིར་རོ། །ཐུགས་ཀྱི་གསང་བ་ཐམས་ཅད་ནི་དམ་ཚིག་གི་ཕྱག་རྒྱར་འདུས་ཏེ། ཅིའི་ཕྱིར་ཞེ་ན། དམ་ཚིག་གི་ཕྱག་རྒྱ་ཉིད་ཏིང་ངེ་འཛིན་གྱི་བྱེ་བྲག་མཚོན་པ་དང༌། ཏིང་ངེ་འཛིན་གྱི་རྟགས་ཀྱང་དམ་ཚིག་གི་ཕྱག་རྒྱར་སྣང་བའི་ཕྱིར་རོ། །ལྟ་སྤྱོད་གཉིས་ཀྱི་གསང་བ་ཐམས་ཅད་ནི་ལས་ཀྱི་ཕྱག་རྒྱར་འདུས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཕྲིན་ལས་ལ་དམིགས་ནས་ནི་ལྟ་བ་འབྱུང་ལ། ལྟ་བ་ལ་དམིགས་ནས་ནི་སྤྱོད་པ་ལ་འཇུག་སྟེ། དེ་བཞིན་གཤེགས་པའི་ཕྲིན་ལས་ཐམས་ཅད་ནི་ལྟ་སྤྱོད་ཟུང་དུ་འབྲེལ་ཅིང་ཡ་ཆར་མ་གྱུར་པའི་ཕྱིར་རོ། །ལ་ལ་ན་རེ། སྐུའི་གསང་བ་ཐམས་ཅད་ནི་ཐུགས་ཡེ་ཤེས་ལས་སྐྱེ་བས་དམ་ཚིག་གི་ཕྱག་རྒྱར་འདུས་ལ། གསུང་གི་གསང་བ་ཐམས་ཅད་ནི་སྐུ་ལ་བརྟེན་ཏེ་འབྱུང་བས་ཕྱག་རྒྱ་ཆེན་པོར་འདུས་པའོ། །ཐུགས་ཀྱི་གསང་བ་ཐམས་ཅད་ནི་ཕྲིན་ལས་ཀྱི་དབང་གིས་སྐྱོབས་ལས་ཀྱི་ཕྱག་རྒྱར་འདུས་སོ་ཞེས་ཟེར་རོ། །འོ་ན་ཐུན་མོང་གི་གསང་བ་བཞི་སྐུ་གསུང་ཐུགས་སུ་ཇི་ལྟར་བསྡུ་ཞེ་ན། ལྷག་པ་བྱང་ཆུབ་སེམས་རྣམ་པ་གཉིས་ནི་ཐུགས་སུ་བསྡུ། དུག་གསུམ་དང་དུག་ལྔ་ཡང་སེམས་ལས་བྱུང་བ་ཡི་
པས་ཐུགས་སུ་བསྡུ། ཕུང་པོ་ལྔ་དང༌། རྡོ་སོལ་ལ་སོགས་པ་སྒྲུབ་རྫས་སུ་བརྗོད་པ་རྣམས་སྐུར་བསྡུ། །བརྗོད་པའི་སྒྲ་ནི་གསུང་དུ་བསྡུ། གཟུགས་སྒྲ་དབྱེར་མེད་པའམ། གཟུགས་མེད་པ་ནི་ཐུགས་སུ་བསྡུ། ཟག་པ་དང་བཅས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད། ཟག་པ་མེད་པ་དཀྱིལ་འཁོར་དུ་བསྒོམ་པའི་བསྡུ་ཐབས་ཀྱང་ཚུལ་དེ་བཞིན་དུ་རིག་པར་བྱའོ་ཞེས་ཟེར་རོ། །ཚིག་ཉུང་ཞིང་དོན་གསལ་བ་ལ་དགའ་བ་རྣམས་ཀྱི་དོན་དུ་ཐེག་པའི་སྤྱི་ལུགས་ལ་དགོངས་ནས་མདོར་བསྡུས་ཏེ་བཤད་ན། ཕྱིའི་ཚུལ་དུ་ན་སྐུའི་གསང་བ་ནི་མཚན་དང་དཔེ་བྱད། གསུང་གི་གསང་བ་ནི་དབྱངས་ཐ་དད་པ། ཐུགས་ཀྱི་གསང་བ་ནི་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ཐ་དད་པ་སྟེ། དེ་དག་འགྲོ་བ་ཐ་དད་པའི་དོན་དུ་སྟོན་པ་ཡིན་དུ་ཟིན་ཀྱང་གདུལ་བྱ་ལས་མ་དག་པ་རྣམས་ཀྱིས་མཐོང་ཞིང་ཐོས་ཀྱང་དེ་དག་གིས་དོན་གོ་བར་མི་ནུས་པའི་ཕྱིར། རང་བཞིན་གྱིས་གསང་བ་ཞེས་བྱའོ། །འདུས་པ་ཞེས་བྱ་བ་ནི་སྣང་བ་ནི་ཐམས་ཅད་སྐུར་འདུས་སྒྲར་གྲག་པ་ཐམས་ཅད་གསུང་དུ་འདུས། སེམས་ཀྱི་དྲན་རྟོག་ཐམས་ཅད་ཐུགས་སུ་འདུས་ཏེ། རྒྱུད་དབུ་ཞབས་ཀྱི་སྤྱིའི་དོན་ཡང་དེ་བཞིན་དུ་རིག་པར་བྱའོ། །ནང་གི་ཚུལ་དུ་གསང་བ་ནི་འཇིག་རྟེན་ན་སྣང་བའི་ཕོ་མོར་གྲགས་པའི་ལུས་ངག་ཡིད་གསུམ་དང་མི་བསྐྱོད་པ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་དབྱེར་མེད་པ་ལ་བྱའོ། །འདུས་པ་ནི་དེ་ཡང་ས་བོན་ཟླ་བ་ལྟ་བུའི་ངང་དུ་འདུས་པ་ལ་བྱའོ། །གསང་བའི་ཚུལ་ནི། གསང་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་སྙིང་པོ་སྟེ་ས་བོན་ཟླ་བ་ལྟ་བུ་ལ་བྱ། འདུས་པ་ནི། དེ་ལས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་འདུས་པའོ། །འོ་ན་རྣལ་འབྱོར་པའི་སྐབས་སུ་ཇི་ལྟར་སྦྱར་ཞེ་ན། དེ་ཡང་གོང་མ་དང་མཐུན། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྦྱར་བ་དང༌། ཡབ་ཡུམ་བྱང་ཆུབ་སེམས་དཀར་དམར་འདྲེས་པ་ལ་བྱ་སྟེ། ཚུལ་གོང་མ་བཞིན་དུ་སྦྱར་བ་ལ་བྱའོ། །སྤྱིར་མ་ཧཱ་ཡོ་གའི་ལུགས་ཀྱི་གསང་བ་ནི། །ཡབ་ཡུམ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་འདུས་པ་ནི་བྱང་ཆུབ་སེམས་
དཀར་དམར་རྣམ་གཉིས་གསང་བའི་མཁའ་ལ་འདྲེས་པའི་ངང་དུ་ལྷ་ཐམས་ཅད་འདུས་པའོ། །གཞན་དག་ན་རེ། གསང་བ་ནི་ཡུམ་གྱི་བྷ་ག་འདུས་པ་ནི་ལྷ་ཐམས་ཅད་དེར་འདུས་པའོ་ཞེས་ཟེར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནི་དེ་ལྟར་མཁྱེན་ཅིང་རིག་པས་ཁམས་གསུམ་དང་འཁོར་བ་ལས་རྣམ་པར་གྲོལ་བ། སེམས་ཅན་རྣམས་ཀྱིས་ནི་དེ་ལྟར་མ་རྟོགས་པས་ཁམས་གསུམ་དུ་འཁོར་བར་འཁྱམས་པ་ཡིན་ནོ། །དེ་ལྟར་གསང་བ་དང་འདུས་པ་གཉི་གའི་དོན་བཤད་ཟིན་མོད་ཀྱི། འོན་ཀྱང་ཞུས་ཚིག་གི་གྲངས་བགྲང་བ་དང༌། འབྲུ་གཉེར་གྱི་དོན་ལ་གསལ་བར་བྱ་བའི་ཕྱིར་འདུས་པ་ཞེས་བྱ་བ་ཞུས་ཚིག་གཉིས་པ་ལ་ཡང་བཤད་པར་བྱ་སྟེ། སངས་རྒྱས་ཀུན་གྱིས་བསྟན་པ་ནི། །འདུས་པ་ཞེས་བྱ་འདུ་བར་གསུངས། །ཞེས་བྱ་བ་ནི་སྟོན་པའི་དབང་དུ་བཤད་པ་དང་བསྟན་པའི་དབང་དུ་བྱས་ནས་བཤད་དེ། དེ་ལ་སྟོན་པའི་དབང་དུ་བྱས་ནས་བཤད་པ་ནི། སངས་རྒྱས་དང་སེམས་ཅན་གྱི་རྒྱུད་དུ་གྲུབ་པའམ། རྩ་བ་སེམས་དང་སེམས་སྣང་བས་བསྡུས་པའི་ཆོས་ཐམས་ཅད་ནི་སྐུ་གསུང་ཐུགས་རྣམ་པ་གསུམ་དུ་འདུས་ལ། སྐུ་གསུང་ཐུགས་རྣམ་པ་གསུམ་ཡང་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་དབྱེར་མེད་པའི་རང་བཞིན་དུ་འདུས་སོ། །སྐུ་གསུང་ཐུགས་དེ་ཡང་བྱང་ཆུབ་སེམས་དཀར་དམར་གཉིས་སུ་འདུས་པའམ། བྱང་ཆུབ་སེམས་དཀར་དམར་ཡང་སྐུ་གསུང་ཐུགས་རྣམ་པ་གསུམ་དུ་འདུས་ཏེ། གཅིག་གི་ངོ་བོར་གཅིག་གྱུར་པས་ཐམས་ཅད་ཀྱང་འདུས་ལ་གཞན་གྱིས་དེ་ལྟར་མི་རྟོགས་པས་ན། འདུས་པ་ཉིད་ལ་ཡང་གསང་བའི་དོན་ཚང་ལ། གསང་བའི་དོན་ཡང་འདུས་པའི་རང་བཞིན་ཚང་བས་གཅིག་གི་ངོ་བོར་གཅིག་གནས་པའོ། །དེ་ལྟར་བཤད་པ་དེ་ཡང་གང་ཟག་འགའ་ཡིས་རང་བཟོའམ། སངས་རྒྱས་གཅིག་ཙམ་གྱིས་རང་འདོད་དུ་གསུངས་པ་མ་ཡིན། དུས་གསུམ་དུ་གཤེགས་ཤིང་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཞལ་གྱི་སྒོ་ནས་ཚིག་ཏུ་བརྗོད་ཅིང་བསྟན་པ་ཡིན་ལ། དེ་ལྟར་བསྟན་པ་དེ་ནི་འདུས་པ་ཞེས་བྱ་བའི་སྒྲར་བརྗོད་པ་ཡང་དེ་ཉིད་དེ། དེར་ཆོས་
ཐམས་ཅད་མ་འདུས་པ་མེད་པས་འདུ་བར་གསུངས་ཞེས་བྱའོ། །བསྟན་པའི་དབང་དུ་བྱས་ཏེ་བཤད་ན་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མ་ལུས་པ་ཀུན་གྱིས་བསྟན་པ་རྒྱུ་དང་འབྲས་བུའི་ཐེག་པས་བསྡུས་པ་འཁོར་བ་དང་མྱ་ངན་ལས་འདས་པའི་དོན་སྟོན་ཅིང་འདུས་བྱས་དང་འདུས་མ་བྱས་དང༌། ཟག་པ་དང་ཟག་པ་མེད་པས་བསྡུས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་འགྲེལ་པ་ཐམས་ཅད་ནི་རྒྱུད་གསང་བ་འདུས་པ་འདིའི་ནང་དུ་འདུས་ལ། འདིའི་དོན་ནི་དེ་དག་ཏུ་མ་འདུས་ཏེ། ཅིའི་ཕྱིར་ཞེ་ན། མ་དག་པར་སྣང་བའི་འཁོར་བའི་ཆོས་ཐམས་ཅད་ཀྱང་མ་རྟོགས་པའི་དབང་གིས་ལུས་ངག་ཡིད་གསུམ་དྲི་མ་ཅན་དུ་གནས་ལ། དེ་རྣམ་པར་དག་ཅིང་རྟོག་པ་མཐར་ཕྱིན་པའི་དུས་ན་དྲི་མ་དང་བྲལ་བ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དུ་གྱུར་པ་ཡིན་ཏེ། དེ་ལྟར་རྟོག་པ་མཐར་ཕྱིན་པས་ཡོན་ཏན་ཕུན་སུམ་ཚོགས་པ་བརྙེས་པའི་མཚན་ཉིད་བསྟན་པའི་སྐུ་གསུང་ཐུགས་རྣམ་པ་གསུམ་གྱི་དཀྱིལ་འཁོར་དང༌། དེར་དབང་བསྐུར་བ་དང༌། དེ་སྒོམ་པའི་ཏིང་ངེ་འཛིན་དང༌། ཏིང་ངེ་འཛིན་གྱི་སྒོ་ནས་སེམས་སྦྱང་བ་དང༌། བསྒྲུབ་པར་བྱ་བའི་ཐབས་ཀྱི་རྣམ་པ་མང་པོ་དང༌། ཐུན་མོང་དང་མཆོག་གི་དངོས་གྲུབ་ཀྱི་མཚན་ཉིད་དང༌། དེ་གྲུབ་པའི་ཡོན་ཏན་ལ་སོགས་པ་རྒྱ་ཆེར་རྒྱུད་འདི་ལས་ཞིབ་ཏུ་སྟོན་ལ། གཞན་ལས་ནི་ཕྱོགས་འགའ་ཙམ་སྟོན་པར་ཟད་ཀྱི། འདི་བཞིན་དུ་རྒྱས་པར་སྟོན་པ་མ་ཡིན་པས་ན་སངས་རྒྱས་མ་ལུས་པ་ཀུན་གྱི་སྟོན་པའི་ཆོས་ཐམས་ཅད་ནི་གསང་བ་འདུས་པའི་རྒྱུད་འདིར་འདུས་པས་ན་འདུས་པ་ཞེས་བྱ་ལ། འདུ་བར་གསུངས་ཞེས་བྱ་བ་ནི་ཆུ་བོ་དང་ཆུ་བྲན་ཐམས་ཅད་རྒྱ་མཚོ་ཆེན་པོར་འདུ་ཞིང་འུབ་བ་དང་འདྲ་བར་འདིར་མ་འདུས་པ་ནི་ཅུང་ཟད་ཀྱང་མེད་དོ། །དེ་ཡང་རེས་འདུ་རེས་མི་འདུ་བ་ཡང་མ་ཡིན། སྔོན་ཡང་འདུས་ད་ལྟར་ཡང་འདུས་ཕྱིས་ཀྱང་འདུས་པར་འགྱུར། དུས་གསུམ་མམ་དུས་བཞི་མཉམ་པ་ཉིད་དུ་དེ་བཞིན་རིག་པར་བྱ་སྟེ། དེ་ཡང་འཇིག་རྟེན་པ་དང་འཇིག་རྟེན་པའི་གཙོ་བོ་དབང་པོ་ཆེ་ཞིག་གམ་མང་པོ་འདུས་པའི་མཐུས་ནན་བཅིངས་སུ་བསྡུས་པ་མ་ཡིན། རང་གི་རང་བཞིན་ཆོས་ཉིད་ཀྱི་རིགས་པས་དེ་ལྟར་གྱུར་པ་
ཡིན་ནོ་བར་བསྟན་པས་ན། འདུས་པ་ཞེས་བྱ་འདུ་བར་གསུངས། །ཞེས་བྱ་སྟེ། འདུས་པ་ཞེས་བྱ་བའི་དོན་ཡང་འདུ་བའམ་འུབ་པར་གསུངས་སོ། །ཅིའི་ཕྱིར་ན། གཞན་གྱི་དོན་ནི་འདུས་པ་ལ་རྒྱུད་འདིའི་དོན་ནི་གཞན་དུ་མ་འདུས་ཏེ། དེ་དག་གི་གཏན་ཚིགས་ཀྱང་རྩ་བའི་རྒྱུད་བཤད་པའི་སླད་དུ་ཞིབ་ཅིང་རྒྱས་བར་བཀྲལ་ཟིན་མོད་ཀྱི་འོན་ཀྱང་རྩ་བའི་རྒྱུད་ཐོས་ཤིང་རྣམ་པར་བཤད་པ་ཆེན་པོ་དག་གིས་བསྡུས་པའི་གླེགས་བམ་མཐོང་བའི་སྐལ་བ་མེད་པ་རྣམས་ཀྱིས་རྒྱུད་ཕྱི་མ་འདི་ཐོས་པ་དང༌། འདིའི་རྣམ་པར་དགྲོལ་ཞིང་བཤད་པའི་ཡི་གེ་འདི་ཐོས་པར་གྱུར་པ་རྣམས་ལ་ཕན་པར་བྱ་བའི་བསམ་པ་ཉེ་བར་གཞག་པ་དང༌། སྔར་རྩ་བའི་རྒྱུད་དུ་རྒྱས་པར་བཀྲོལ་བ་དག་ལ་ཚིག་དོན་མི་གསལ་བ་དག་རྟོགས་སླ་བར་བྱ་བའི་ཕྱིར། སྐབས་འདིར་ཡང་ཅུང་ཟད་བཀྲོལ་ཞིང་དབྱེ་བ་བྱས་པ་ཡིན་ནོ། །ད་ནི་ཞུས་ཚིག་གསུམ་པ། རྒྱུད་ཀྱི་འབྲེལ་བ་ཇི་ལྟར་ལགས། །ཞེས་བྱ་བའི་ལན་ནི། ལྔ་པ་དགུ་པ་ཉིད་དང་ཡང༌། །བཅུ་བདུན་པ་དང་བཅུ་གསུམ་སྟེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སྒྲུབ་པ་ཆེན་པོར་བསྟན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དག་སྟེ། འདི་དག་གི་དོན་ཡང༌། ཁ་ཅིག་གིས་ལྷའི་གྲངས་ཡིན་པར་བཤད་པ་ཡང་ཡོད་ན། །དེ་ནི་རྩ་བའི་རྒྱུད་ཀྱི་དོན་དང༌། །རྒྱུད་ཕྱི་མ་འདིར་སྦྱར་ནས་ཐེ་ཚོམ་ཟ་བས་བསལ་མ་ཤེས། དྲང་ཐད་དུ་བརྟགས་ནས་ནན་སྦྱོར་བྱས་ཏེ་བཤད་པར་ཟད་དོ། །དེ་ལ་འདིར་ལྔ་པ་ཞེས་བྱ་བ་ནི་ལེའུ་ལྔ་པ་ལ་བྱ་སྟེ། དེ་ལས་ནི་ཐེག་པ་གཞན་ལས་ནམ་ཡང་མི་འགྲུབ་ཅིང་བསྟན་པའི་སྣོད་དུ་མི་རུང་བར་བཤད་པའི་རིགས་ངན་སྨེ་ཤ་ཅན་ལ་སོགས་པའི་སེམས་ཅན་གསོད་པ་འབའ་ཞིག་གི་ལས་ལ་བརྩོན་པ་དང༌། མི་དགེ་བ་བཅུ་དང༌། མཚམས་མེད་པ་ལྔ་སྤྱོད་པའི་ཤན་པ་དང༌། སྨད་འཚོང་མ་ལ་སོགས་པ་རྣམས་ཀྱང་རྒྱུད་འདིའི་ལུགས་བཞིན་དུ་བསྒྲུབས་ན་ཆོས་བདག་མེད་པའི་དོན་རྟོགས་ནས་འགྲུབ་པར་འགྱུར་བ་དང༌། དུག་གསུམ་དངོས་སུ་སྤྱད་ཅིང་མ་སྤངས་པར་གྲོལ་ཞིང་ཐར་བར་འགྱུར་གྱི། སློབ་དཔོན་སྨོད་པར་བྱེད་པའི་གང་ཟག་གིས་འགྲུབ་པར་མི་འགྱུར་རོ་ཞེས་སྟོན་
ཏོ། །དགུ་པ་ཞེས་པ་ནི་ལེའུ་དགུ་པ་སྟེ། དེ་ལས་ནི་དོན་དམ་པ་རྟོགས་པའི་དམ་ཚིག་དང༌། དེ་རྟོགས་པ་ལས་བྱུང་བའི་རིགས་ལྔའི་དམ་ཚིག་དང༌། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཐེ་ཚོམ་སྐྱེས་པ་བསལ་ནས་ངོ་མཚར་དུ་གྱུར་པ་རྣམས་སྟོན་ཏེ། ལེའུ་དེ་གཉིས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། ལེའུ་ལྔ་པ་ལས་གསུངས་པའི་གདུལ་བྱ་མཚན་ཉིད་དེ་ལྟ་བུ་དང་ལྡན་པ་ཡིན་དུ་ཟིན་ཀྱང་དེ་དག་གིས་ཆོས་མཉམ་པ་ཉིད་དུ་སྟོན་པ་འདིའི་དོན་ལ་ཡིད་ཆེས་པའི་སེམས་སྐྱེས་ནས། སེམས་དེའི་ངོ་བོར་གནས་པ་ལས་གཞན་དུ་མི་འདའ་བ་ནི་ལེའུ་དགུ་པ་ལས་དོན་དམ་པར་རྟོགས་པའི་དམ་ཚིག་ལ་གནས་པ་དེ་ཡིན་ལ། དེ་ཡང་དང་ཡང་དུ་གོམས་པ་ཉིད་ལེའུ་ལྔ་པ་ལས་ཆོས་བདག་མེད་པའི་དོན་རྟོགས་ནས་འགྲུབ་པར་འགྱུར་ཞེས་བྱ་བའི་མཚན་ཉིད་ཀྱང་དེ་ཡིན། དོན་དམ་པའི་དམ་ཚིག་ལས་བྱུང་བའི་རིགས་ལྔའི་དམ་ཚིག་བསྲུངས་ན་དུག་གསུམ་དང་དུག་ལྔ་ཉིད་སྐུ་གསུང་ཐུགས་རྡོ་རྗེ་དང༌། རིགས་ལྔ་ཡེ་ཤེས་ལྔའི་ངང་དུ་རྣམ་པར་དག་པས་དུག་གསུམ་མ་སྤངས་པར་དངོས་སུ་སྤྱད་པས་འགྲུབ་པར་འགྱུར་བས་ན་དེའི་ཕྱིར་ན་དེ་གཉིས་འབྲེལ་ཏོ། །དེ་བས་ན་ཐེག་པ་འདིའི་བཞེད་ཀྱིས་དངོས་གྲུབ་ཐམས་ཅད་ནི་གསང་བའི་རྡོ་རྗེ་སློབ་དཔོན་ལ་རག་ལས་པས། རྡོ་རྗེ་སློབ་དཔོན་དེ་ནི་རྡོ་རྗེ་སེམས་དཔའ་དང་འདྲ་བས་ཐུགས་དང་འགལ་བར་བྱས་ན་འགྲུབ་པར་མི་འགྱུར་ཞིང༌། ངན་སོང་དུ་འགྲོ་བར་གསུངས་ཀྱི་རིགས་ངན་ལ་སོགས་པ་དེ་དག་སྔར་མི་དགེ་བ་སྤྱད་དུ་ཟིན་ཀྱང༌། ཆོས་འདིའི་གཞུང་ལས་དད་པ་གཏིང་ནས་གཡོས་ནས་འཇུག་ན་འགྲུབ་པར་ངེས་པར་གསུངས་ཏེ། དེ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་འདི་ཐབས་རྒྱ་ཆེ་ལ་སྒོ་ཡངས་པར་བསྟན་པ་ཡིན་ནོ། །ལེའུ་དེ་གཉིས་དང༌། བཅུ་བདུན་པ་དང་བཅུ་གསུམ་པ་ཞེས་བྱ་བ་འདིར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། ལེའུ་བཅུ་བདུན་པ་ལས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་དང༌། རང་སངས་རྒྱས་དང༌། ཉན་ཐོས་དང༌། ཚངས་པ་དང༌། མ་ཧཱ་དེ་བ་དང༌། བརྒྱ་བྱིན་དང༌། གནོད་སྦྱིན་དང༌། གནོད་སྦྱིན་མོ་ལ་སོགས་པའི་
དམ་ཚིག་དང༌། དེ་བཞིན་གཤེགས་པའི་སྤྱོད་བ་ལུས་སེམས་ཀྱི་སྡོམ་པ་དང༌། སྒྲུབ་པ་ཐམས་ཅད་ཀྱི་སྡོམ་པ་ལ་སོགས་པ་དང༌། རྡོ་རྗེ་སློབ་དཔོན་གྱི་ཡོན་ཏན་བཤད་ནས། དེ་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གནས་པར་བསྟན་པ་དང༌། ཁ་ཟས་བྱིན་གྱིས་བརླབ་པ་དང་། སྐུ་གསུང་ཐུགས་རྡོ་རྗེའི་མཆོད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་གསང་བ་དང༌། བསྙེན་སྒྲུབ་རྣམ་པ་བཞི་བྱེད་པའི་དུས་སུ་ཉམ་ཆུང་ན་གཟི་བྱིན་བསྐྱེད་པ་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང༌། སློབ་མ་དབང་བསྐུར་བ་དང༌། ཨ་ཛ་ན་དང་ཁྲག་དྲང་བ་ལ་སོགས་པ་འབྱུང་སྟེ། ལེའུ་ལྔ་པར་གསུངས་པའི་མཆན་ཉིད་དང་ལྡན་པའི་རྣལ་འབྱོར་པས། ལེའུ་དགུ་པ་ལས་གསུངས་པའི་རིགས་ལྔའི་དམ་ཚིག་བསྲུང་ཞིང་དེ་ཁོ་ན་ཉིད་ཀྱི་དམ་ཚིག་ལ་གནས་པ་རྟོག་པའི་ཐེ་ཚོམ་བཅད་ནས་དུག་གསུམ་མ་སྤངས་པར་སྤྱད་པས་འགྲུབ་པར་ལྟ་བ་དེའི་ནང་དུ། ལེའུ་བཅུ་བདུན་པའི་ཉན་ཐོས་དང་རང་རྒྱལ་བའི་དམ་ཚིག་ལ་སོགས་པ་དང༌། བསྙེན་པའི་ཡན་ལག་བཞིའི་སྡོམ་པ་ལ་སོགས་པའང་འདུས་ལ། དམ་ཚིག་དང་སྡོམ་པ་ཐམས་ཅད་ཀྱང་རིགས་ལྔའི་དམ་ཚིག་གི་ཡན་ལག་ཏུ་གྱུར་པ་ཡིན་པས་རྩ་བ་དང༌། ཡན་ལག་གི་དམ་ཚིག་དང་ལྡན་པས་ཁ་ཟས་བྱིན་གྱིས་བརླབ་ཅིང་བདག་གིས་བཟའ་བ་དང༌། གཞན་ལ་མཆོད་པ་དང༌། ཏིང་ངེ་འཛིན་བསྒོམ་ཞིང་སློབ་མ་དབང་བསྐུར་བ་དང༌། ལས་དང་གྲུབ་པ་གང་འདོད་པ་བརྩམ་པ་དང༌། དེའི་དུས་ཉམ་ཆུང་ན་གཟི་བྱིན་བསྐྱེད་དགོས་པས་ན། དེའི་ཕྱིར་དགུ་པ་དང་བཅུ་བདུན་པར་འབྲེལ་ཏེ། བཅུ་བདུན་པ་དེ་དང་ལེའུ་བཅུ་གསུམ་པ་དེར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བཅུ་གསུམ་པ་ལས་སྐུ་གསུང་ཐུགས་ཀྱི་བཟླས་པ་དང༌། རིགས་ལྔའི་བཟླས་པ་དང༌། ཁྲོ་བོའི་བཟླས་པ་དང༌། དེ་བཞིན་དུ་རིགས་གསུམ་དང༌། གཏི་མུག་དང༌། འདོད་ཆགས་དང༌། ཞེ་སྡང་གི་བཟླས་པ་དང༌། མ་ནིང་གི་བཟླས་པ་དང༌། དེའི་དུས་ཀྱི་གཟུངས་དང༌། རིགས་ལྔའི་དཀྱིལ་འཁོར་གྱི་བྱེ་བྲག་དང༌། ལས་རྣམ་བཞི་དང༌། དེའི་ལྷ་དང༌། དྲག་པོའི་ལས་ཀྱི་དམིགས་པ་དང༌།
བདག་གཞན་བསྲུང་བ་དང༌། ཆུའི་རྫུ་འཕྲུལ་དང༌། རྒྱ་མཚོ་རྐང་པས་གནོན་པ་དང༌། ཕ་རོལ་རྒོལ་བའི་དཔུང་ཐམས་ཅད་གནོན་པ་དང༌། དགྲ་རྨོངས་པར་བྱ་བ་དང༌། གྲོང་ཁྱེར་གྱི་ནད་བསལ་བ་དང༌། འགྲོ་བ་འདུལ་ཐབས་ཀྱི་ཏིང་ངེ་འཛིན་དང༌། སྲུང་བའི་འཁོར་ལོ་དང༌། ཁྲོ་བོ་བཅུའི་ཆ་ལུགས་རྣམས་སྟོན་ཏེ། ལེའུ་བཅུ་བདུན་པའི་སྡོམ་པ་དང༌། དམ་ཚིག་ལ་གནས་པའི་ཏིང་ངེ་འཛིན་བསྒོམ་ཞིང་སློབ་མ་དབང་བསྐུར་བ་དང༌། ལས་དང་སྒྲུབ་པ་གང་འདོད་པ་བརྩམ་པ་དང་བཟའ་བ་དེ་ཡང་ལེའུ་བཅུ་གསུམ་པ་ནས་འབྱུང་བའི་བཟླས་བརྗོད་བྱ་བའི་ཐབས་དང༌། གཟུངས་དང་རིགས་ལྔའི་དཀྱིལ་འཁོར་གྱི་བྱེ་བྲག་དང༌། ལས་བཞིའི་ཐབ་དང༌། ལྷ་དང་དྲག་པོའི་ལས་ཀྱི་དམིགས་པ་ལ་སོགས་པ་ཤེས་པར་བྱ་བ་ལ་བརྟེན་ན་གང་འདོད་པ་སྒྲུབ་པའི་བྱེ་བྲག་ཐམས་ཅད་ཀྱང་འགྲུབ་ལ། དེ་དག་སྒྲུབ་པའི་ཐབས་ཀྱང་དེ་ཉིད་ལས་གསལ་བར་སྔོན་ལ། རིགས་སོ་སོའི་དམ་ཚིག་དང༌། བཟླས་བརྗོད་ཀྱི་ཐབས་དང༌། ཏིང་ངེ་འཛིན་དང༌། དོན་དེ་ལྟ་བུ་དང་ལྡན་ན་དུག་གསུམ་མ་སྤངས་པ་སྐུ་གསུང་ཐུགས་དང༌། དུག་ལྔའམ་མཚམས་མེད་པ་ལྔ་ལས་སྤྱད་པ་རིགས་དང་མི་དགེ་པ་བཅུ་སྤྱད་པས་དེ་ཉིད་གནས་སུ་དག་པ་ཁྲོ་བོ་བཅུར་འགྲུབ་པར་འགྱུར་བར་བསྟན་པ་ཡིན་པས་ན་དེའི་ཕྱིར་ན་དེ་ལྟར་འབྲེལ་ཏོ། །དེ་ལྟར་ལེའུ་ལྔ་པ་དང་དགུ་པར་འབྲེལ། དགུ་པ་དང་བཅུ་བདུན་པར་འབྲེལ། བཅུ་བདུན་པ་དང་བཅུ་གསུམ་པའི་དོན་དུ་འབྲེལ་པ་ཡིན་ཏེ། དེ་ནི་སྟོན་བ་བྱང་ཆུབ་སེམས་རྡོ་རྗེས་འོ་སྐོལ་འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྒྲུབ་པ་ཆེན་པོ་བསྟན་པ་ཡིན་པར་རིག་པར་བྱའོ་ཞེས་པའི་དོན་ཏེ། དེ་ལ་སྒྲུབ་པ་ཞེས་བྱ་བ་ནི་འབྲས་བུ་གང་དང་གང་སྒྲུབ་པ་དེའི་རྒྱུའི་དོན་དུ་ཤེས་པར་བྱའོ། །དེ་བཞིན་དུ། བཞི་པ་དང་ནི་བཅུ་དྲུག་དང༌། །བརྒྱད་པ་དེ་བཞིན་བཅུ་གཉིས་དང༌། །བརྟུལ་ཞུགས་སྡོམ་པ་སྒྲུབ་པ་ནི། །སློབ་དཔོན་སྤྱི་ཡི་ལས་ཡིན་ནོ། །ཞེས་སྨོས་ཏེ་དེ་ལ་ལེའུ་བཅུ་གསུམ་པ་དང་བཞི་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། ལེའུ་བཞི་པ་ལས་ནི་ཐུགས་ཀྱི་དཀྱིལ་འཁོར་བཤད་པར་གསོལ་བ་བཏབ་
ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱི་ཚད་དང༌། ཐུགས་ཀྱི་དཀྱིལ་འཁོར་གྱི་ཚད་དང༌། དབྱིབས་སུ་ལྡན་པར་ཐིག་བཏབ་ནས་ལྷ་དགོད་པ་དང༌། དེར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་མཆོད་པ་དང༌། སློབ་མ་དབང་བསྐུར་བ་འབྱུང་སྟེ། ལེའུ་ལྔ་པའི་མཚན་ཉིད་དང་ལྡན་པའི་སྒྲུབ་པའོ། །ལེའུ་དགུའི་རིགས་ལྔའི་དམ་ཚིག་དང༌། ལེའུ་བཅུ་བདུན་པ་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་དང༌། དམ་ཚིག་གི་ཡན་ལག་དང༌། སྒྲུབ་པ་ཐམས་ཅད་ཀྱི་སྡོམ་པ་ཚང་བར་བསྲུང་བ་དེས་ལས་བཞི་བརྩམ་པ་དང༌། དངོས་གྲུབ་ཆེ་ཕྲ་ཐམས་ཅད་སྒྲུབ་ན་ལེའུ་བཅུ་བདུན་པ་ལས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྡོ་རྗེ་སློབ་དཔོན་ལ་གནས་ཞེས་འབྱུང་བ་དང༌། སློབ་དཔོན་གྱི་ཡོན་ཏན་ཡང་དེ་ཉིད་ལས་འབྱུང་བས། དེ་ལྟ་བུའི་མཚན་ཉིད་ཅན་གྱིས་དཀྱིལ་འཁོར་བྲི་བ་དང་མཆོད་པ་དང་དབང་བསྐུར་བ་བྱས་ལ། གདོད་གང་འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ་དགོས་པས་ན་དེའི་ཕྱིར་ན་དེ་ལྟར་འབྲེལ་ཏོ། །ལེའུ་བཞི་པ་དེ་དང་བཅུ་དྲུག་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བཅུ་དྲུག་པ་ལས་གསུང་གི་དཀྱིལ་འཁོར་བྲི་ཞིང་ལྷ་དགོད་པ་དང༌། ཐིག་དང་ཚོན་རྩི་བྱིན་གྱིས་བརླབ་པ་དང༌། མཆོད་པའི་དུས་དང་། རྨད་དུ་བྱུང་བའི་གཏོར་མ་བཤམ་པའི་ཐབས་དང༌། སྦྱིན་སྲེག་བྱ་བ་དང༌། ལྷའི་བྱིན་རླབས་དབབ་ཅིང་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་དང༌། དབང་བསྐུར་བའི་བུམ་པ་དང༌། དབང་བསྐུར་བའི་ཐབས་ཀྱི་ཆོ་ག་དང༌། དམ་ཚིག་རྣམ་པ་བཞི་དབོག་པ་དང༌། གསང་བའི་དབང་བསྐུར་བ་དང༌། གཟུངས་དང་བདུད་རྩི་རྣམ་པ་ལྔ་སྒྲུབ་ཅིང་བྱིན་གྱིས་བརླབ་པ་དང༌། སྒྲུབ་པ་ལ་འཇུག་པའི་དུས་སུ་བཀྲེས་སྐོམ་གྱི་གདུང་བ་བསལ་བ་དང༌། མངག་གཞུག་སྒྲུབ་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དབང་དུ་བྱ་བ་དང༌། ལྷ་མོ་སྐུལ་བྱེད་མ་དང༌། ཛམྦྷ་ལ་དང༌། གནོད་སྦྱིན་མོ་སྒྲུབ་པ་དང༌། རིག་པའི་བརྟུལ་ཞུགས་སྤྱད་པའི་ཡུམ་དང༌། ཁ་ཟས་དང༌། སྡོམ་པ་དང༌། ཡུམ་བྱིན་གྱིས་བརླབ་པ་ལ་སོགས་པ་བསྟན་ཏེ། ལེའུ་བཞི་པ་ལྟར་དཀྱིལ་འཁོར་བྲི་བ་དང༌། དབང་བསྐུར་བ་དང༌།
མཆོད་པར་བྱ་བར་བསྟན་པ་ལ་ཡང༌། ཐིག་ཚོན་བྱིན་གྱིས་བརླབ་ཅིང་ལྷ་དགོད་པའི་ཐབས་ཤེས་པ་དང༌། མཆོད་པ་བྱ་བའི་དུས་ཤེས་པས་རྨད་དུ་བྱུང་བའི་གཏོར་མ་དང༌། སྦྱིན་སྲེག་གིས་ལྷ་ཚིམ་པར་མཆོད་ལ། གདོད་སློབ་མ་དཀྱིལ་འཁོར་དུ་བཅུག་ལ་ལྷའི་བྱིན་རླབས་ཕབ་སྟེ། སྡོམ་པ་ཕོག་ནས་བུམ་པ་ལ་སོགས་པའི་དབང་བསྐུར་བ་དང༌། གསང་བའི་དབང་བསྐུར་བའི་གཟུངས་དང༌། རིག་པའི་བརྟུལ་ཞུགས་སྤྱད་པ་དང༌། ཁ་ཟས་བདུད་རྩི་ལྔ་བསྟེན་ཅིང་ལོངས་སྤྱོད་པ་དང༌། དེ་ལྟ་བུའི་སྔགས་ཀྱི་བརྟུལ་ཞུགས་ཀྱིས་མདག་གཞུག་དང༌། སྐུལ་བྱེད་མ་དང༌། ཛམྦྷ་ལ་དང༌། གནོད་སྦྱིན་མོ་ལ་སོགས་པ་སྒྲུབ་ཅིང་གང་དགོས་པར་བྱ་བ་དང༌། དེ་ལྟར་བསྒྲུབ་པའི་དུས་སུ་བཀྲེས་སྐོམ་གྱི་གནོད་པས་མི་ཚུགས་པར་བྱས་ལ་བསྒྲུབས་ན་འགྲུབ་པས་དེ་དག་སྟོན་པས་ན། དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །ལེའུ་བཅུ་དྲུག་པ་དེ་དང་བརྒྱད་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། ལེའུ་བརྒྱད་པ་ལས་ཚོགས་ཀྱི་གནས་སུ་ཚོགས་ཀྱི་མཆོད་པ་བཤམ་པའི་ཁྱད་པར་དང༌། ཏིང་ངེ་འཛིན་དང༌། མཆོད་པའི་གཟུངས་ཀྱི་བྱེ་བྲག་རྣམས་ཀྱིས་བྱིན་གྱིས་བརླབ་པ་འབྱུང་བ་སྟེ། ལེའུ་བཅུ་དྲུག་པའི་བརྟུལ་ཞུགས་ལ་གནས་པའི་རྣལ་འབྱོར་པས་དཀྱིལ་འཁོར་དུ་སློབ་མ་འཇུག་ཅིང་དབང་བསྐུར་བ་དང༌། མངག་གཞུག་ལ་སོགས་པ་བསྒྲུབས་ལ་གང་དགོས་པའི་བྱ་བ་བརྩམ་པ་དེ་ཡང་དང་པོར་ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཚོགས་ཀྱི་མཆོད་པས་ལྷ་རྣམས་མཉེས་པར་བྱས་ལ་གདོང་བརྩམས་ནས་གང་འདོད་པའི་དེ་ཇི་ལྟར་བསྒྲུབ་པ་བཞིན་དུ་འགྲུབ་པར་འགྱུར་བས་དེའི་ཕྱིར་ན་དེ་ལྟར་འབྲེལ་ཏོ། །ལེའུ་བརྒྱད་པ་དེ་བཞིན་དུ་བཅུ་གཉིས་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བཅུ་གཉིས་པ་ལས་དངོས་གྲུབ་སྒྲུབ་པའི་མཚན་མ་མེད་པའི་ཏིང་ངེ་འཛིན་དང༌། གང་དུ་སྒྲུབ་པའི་གནས་དང་། །འཕགས་པ་འཇམ་དཔལ་སྒྲུབ་པ་དང༌། འཇམ་དཔལ་རིལ་བུས་སྒྲུབ་པ་དང༌། རིགས་ལྔ་སོ་སོའི་རིག་འཛིན་རིལ་བུས་སྒྲུབ་པ་དང༌། རིགས་ལྔ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་ལས་རིག་འཛིན་སྒྲུབ་པའི་ཐབས་དང༌། ཐམས་ཅད་དགུག་པའི་ཐབས་ཀྱི་སྦྱོར་བ་དང༌། ལྕགས་
ཀྱུ་རྣམ་པ་ལྔ་ལས་སྒྲུབ་པའི་ཁྱད་པར་དང༌། དམ་རྫས་བླང་བའི་ཐབས་ཀྱི་ཏིང་ངེ་འཛིན་དང༌། བསྙེན་སྒྲུབ་ཡན་ལག་བཞི་དང༌། དེ་སྒྲུབ་པའི་གནས་དང༌། དེའི་བརྟུལ་ཞུགས་སྤྱད་པ་དང༌། སྡོམ་པའི་ཡུལ་དང༌། དངོས་གྲུབ་མི་སྟེར་ན་ཆད་པའི་སྐྱེ་གནས་རྣམས་སྟོན་ཏེ། སློབ་དཔོན་ཚད་དང་ལྡན་པ་དང༌། སློབ་མའི་མཚན་ཉིད་བསྟན་པའི་རྣལ་འབྱོར་པས་རྩ་བ་དང་ཡན་ལག་ཏུ་བཅས་པའི་དམ་ཚིག་དང་སྡོམ་པ་ལ་གནས་པས་བཟའི་དམ་ཚིག་དང༌། བཀྲེས་སྐོམ་བསལ་བའི་ཏིང་ངེ་འཛིན་དུ་ལྡན་པས་དཀྱིལ་འཁོར་དུ་སློབ་མ་འཇུག་ཅིང་དབང་བསྐུར་ཏེ། ཕོ་ཉ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པར་བྱ་བའི་དོན་དུ་ཚོགས་ཀྱི་མཆོད་པས་ལྷ་མཉེས་པར་བྱ་བའི་དོན་དུ་བསྙེན་སྒྲུབ་ཡན་ལག་བཞི་ཚང་བར་བསྒོམས་ནས་སྒྲུབ་དགོས་ལ། བསྙེན་སྒྲུབ་ཡན་ལག་བཞི་ཚང་བར་བསྒོམ་པའི་རྣལ་འབྱོར་བས་རིལ་བུ་དང་ཕྱག་མཚན་ལ་སོགས་པ་ལ་བརྟེན་ནས་བསྒྲུབས་ན་རིག་འཛིན་དང་མངོན་པར་ཤེས་པ་ལ་སོགས་པ་འགྲུབ་པར་འགྱུར་བས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །དེ་ལྟ་བུའི་སྔགས་ཀྱི་བརྟུལ་ཞུགས་དང༌། སྡོམ་པ་དང༌། སྒྲུབ་པ་ཆེ་ཕྲ་བསྟན་པ་དེ་ནི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བྲི་ཞིང་དེར་སློབ་མ་དབང་བསྐུར་བ་དང༌། སྒྲུབ་པ་ཆེ་ཕྲ་ཐམས་ཅད་ཤོམ་པར་འདོད་པའི་སློབ་མ་རྣམས་ཀྱི་སྤྱིའི་ཐུན་མོང་གི་ཕྲིན་ལས་སུ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ན། དྲུག་པ་དང་ནི་གཉིས་པ་དང༌། །བཅོ་ལྔ་དང་ནི་བཅུ་བཞི་དང༌། །དྲག་ཤུལ་རྗེས་སུ་མཉེས་པ་ཡིས། །ཉེ་བར་སྒྲུབ་པའང་སྡོམ་པའོ། །ཞེས་སྨོས་ཏེ་བཅུ་གཉིས་པ་དང་དྲུག་པ་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། ལེའུ་དྲུག་པ་ལས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་དང༌། དེ་ལྟར་བྱིན་གྱིས་བརླབ་པའི་དུས་སུ་ལྷུན་གྱིས་གྲུབ་པའི་གནས་ནས་སྤྱན་དྲངས་ལ་མཆོད་པས་མཉེས་བར་བྱ་བ་དང༌། རྣམ་པར་མི་རྟོག་པའི་ངང་ལ་ཞི་གནས་དང་ལྷག་མཐོང་ཆ་མཉམ་པར་བྱས་ནས་ཕྱག་རྒྱ་ཆེན་པོ་ཐབས་དང་ཤེས་རབ་ཏུ་སྒོམ་པའི་ཐབས་དང༌། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་སྟོན་ཏེ། བཅུ་བཞི་པ་ལས་འཇམ་དཔལ་དང༌། རིལ་བུ་དང༌། རིག་འཛིན་སྒྲུབ་པ་
དང་། བསྙེན་སྒྲུབ་རྣམ་བ་བཞི་འབྱུང་བ་དེ་ཡང་རྣམ་པར་མི་རྟོག་པས་བསྒོམས་པའི་དང་ལས་ཕྱག་རྒྱ་ཆེན་པོ་ཡབ་ཡུམ་དུ་བསྐྱེད་ལ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ནས། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱིས་སེམས་སྦྱང་བ་བྱས་ནས་བསྒོམས་ན་སེམས་ཀྱི་གཟའ་གཏད་བསལ་ཞིང་ཡན་ལག་བཞི་ཚང་བར་འགྱུར་བ་དང༌། གང་འདོད་པ་དེ་བསྒྲུབས་ན་འགྲུབ་པར་འགྱུར་བས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །དྲུག་པ་དང་གཉིས་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། གཉིས་པ་ལས་ནི་ལུས་ངག་ཡིད་གསུམ་གཅིག་གི་ངོ་བོར་གཅིག་བསྐྱེད་པ་དང༌། རིགས་ལྔ་སོ་སོའི་བྱང་ཆུབ་སེམས་འབྱུང་སྟེ། ལེའུ་དྲུག་པ་ལས་འབྱུང་བ་བཞིན་སྒོམ་ཞིང་འགྲུབ་པ་དེ་ཡང་དང་པོར་ཆོས་བདག་མེད་པ་སྟོང་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་ངོ་བོར་བསྒོམས་ལ། དེའི་དང་ལས་ཕྱག་རྒྱ་ཆེན་པོར་བསྐྱེད་ནས་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དབྱེར་མེད་པར་བསྒོམས་ན་འགྲུབ་པར་འགྱུར་བས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །གཉིས་པ་དང་ལེའུ་བཅོ་ལྔ་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བཅོ་ལྔ་པ་ལས་གཟུངས་ཀྱི་མཚན་ཉིད་བཤད་ཅིང་སྦྱོར་བའི་ཐབས་དང༌། གཤིན་རྗེ་གཤེད་ཀྱི་སྦྱོར་བས་བུ་མོ་དགུག་པ་དང༌། ལས་རྣམ་བཞི་བརྩམ་པ་དང༌། དྲག་པོའི་ལས་ཀྱི་བྱེ་བྲག་རྣམ་པ་དུ་མ་བསྟན་པས་སྡང་བ་ཅན་གཞན་ཚར་བཅད་ཅིང་བརླག་པ་དང༌། མི་སྣང་བ་བཅུ་གཅིག་སྒྲུབ་པའི་ཐབས་དང༌། ཡན་ལག་བཞིའི་བསྒོམ་པའི་གསང་སྔགས་མཉེས་པར་བྱ་བ་དང༌། རླུང་དང་ཁ་ཆར་བཅད་པ་དང༌། ཆོས་ཐམས་ཅད་རྨི་ལམ་འདྲ་ཞིང་ལུས་དང་དག་སེམས་བདག་མེད་པར་བསྟན་པར་འབྱུང་སྟེ། ལེའུ་གཉིས་པ་ལས་ལུས་ངག་ཡིད་གསུམ་གཅིག་གི་ངོ་བོར་གཅིག་བསྐྱེད་ཅིང་དབྱེར་མེད་པར་བསྒོམ་པ་དང༌། སྟོང་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་ངང་དུ་བློ་སྦྱངས་པ་དེས་བདག་ཉིད་གང་ལྟར་མོས་པའི་སྐུར་བསྐྱེད་ཅིང༌། ཡུམ་དམ་ཚིག་གི་ཕྱག་རྒྱ་དང་ལྡན་པས་འཕགས་པ་མཆོད་ཅིང་འགྲོ་བའི་དོན་བྱ་བའི་ཕྱིར་ལས་རྣམ་བཞི་བརྩམ་པ་དང༌། ཞི་བས་མི་འདུལ་བའི་སྡང་བ་ཅན་རྣམས་དྲག་པོའི་ཕྲིན་ལས་ཀྱི་རྣམ་པར་ཐར་
བའི་སྒོ་མང་པོས་ཚར་བཅད་པ་དང༌། འགྲོ་བ་དབང་བསྐུར་བ་དང༌། དཀྱིལ་འཁོར་དུ་འཇུག་པའི་ཆེད་དུ་རྡུལ་ཚོན་འདྲི་ན་བར་དུ་གཅོད་པའི་ཁ་ཆར་དང་རླུང་བསལ་བ་དང༌། མི་སྣང་བའི་དངོས་གྲུབ་སྒྲུབ་པ་ལ་བདག་གཞན་གྱི་དོན་སྤྱད་པ་དང༌། དེ་ལྟར་བྱ་བ་ཡང་བསྙེན་སྒྲུབ་ཡན་ལག་བཞིའི་སྔགས་ཀྱིས་ལྷ་མཉེས་པར་བྱས་ནས། བརྩམ་པ་དང༌། ཆོས་བདག་མེད་པ་རྨི་ལམ་ལྟ་བུར་རྟོགས་པར་བྱས་ནས། དྲག་པོ་དང་བརླང་བར་སྣང་བའི་ལས་བྱས་ཀྱང་སྒྲིབ་པའི་བག་ཆགས་སུ་མི་འགྱུར་ཞིང་ཇི་ལྟར་བཤམས་པའི་ལས་ཐམས་ཅད་ཡེ་ཤེས་ཀྱི་ཚོགས་སུ་གྱུར་བས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །བཅོ་ལྔ་པ་དང་ལེའུ་བཅུ་བཞི་བར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བཅུ་བཞི་པ་ལས་རིགས་ཀྱི་ཡུམ་དང༌། ཁྲོ་བའི་སྔགས་དང༌། དགུག་པའི་ཁྱད་པར་གྱི་རྣམ་པ་བརྒྱད་དགུག་པའི་ཐབས་དང༌། དྲག་པོའི་ལས་ཐམས་ཅད་ཀྱི་དམིགས་དང་། བརྟུལ་ཞུགས་དང༌། གནས་དང༌། གདུལ་བྱ་བསྐྲད་པ་དང༌། སྐམ་པ་དང༌། ཕུར་བུ་སྤྱི་དང་ཁྱད་པར་གྱི་རྒྱུ་དང༌། ལྷ་དང་བྱིན་གྱིས་བརླབ་པའི་སྔགས་འབྱུང་སྟེ། བཅོ་ལྔ་པ་ལས། ལས་བཞི་དང་དྲག་པོའི་ལས་ཀྱི་བྱེ་བྲག་མང་པོ་འབྱུང་བ་དེ་ཡང་བརྟུལ་ཞུགས་དང་ལྡན་པའི་སྔགས་པས། ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་སྔགས་བཟླས་ཏེ། ལས་ཀྱི་དམིགས་ཤེས་པར་བྱས་ནས་ལས་དང་མཐུན་པའི་གནས་སུ་འདུག་སྟེ། དགུག་པའི་ལས་ཀྱིས་དགུག་པ་དང༌། ཕུར་བུས་བཏབ་ལ་བཅད་པ་དང༌། བསྐྲད་པ་དང༌། སྐམ་པ་དང༌། གང་ལྟར་འདོད་པ་བཞིན་དུ་བྱས་ན་འགྲུབ་པར་འགྱུར་བས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །དེ་ལྟར་ལེའུ་བཞི་པ་ནས་བཅུ་པའི་བར་དུ་འབྲེལ་ཚིག་མན་ངག་གིས་བསྣོར་མཚམས་ཀྱི་འཕེན་སྡུད་སྦྱར་བ་དེ་ནི་དྲག་ཤུལ་གྱི་ཕྲིན་ལས་སྒྲུབ་ཐབས་ཀྱི་རྗེས་སུ་བསྟན་པའི་སྒྲིབ་པའི་བག་ཆགས་སུ་མི་འགྱུར་ཞིང༌། དཀྱིལ་འཁོར་གྱི་ལྷའམ། ཁྲོ་བོ་ཁྲོ་མོ་མཉེས་པའི་སྒོ་ནས་བདེ་བ་ལས་བརྒྱུད་ཅིང་གོ་འཕང་ཆེན་པོ་ལ་སྦྱོར་བའི་ཐབས་སུ་གསུངས་པས་ཉེ་བར་སྒྲུབ་པ་སྔོམ་པའོ་ཞེས་བྱ་སྟེ། གོང་དུ་བསྟན་པའི་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པ་དང༌། སྔ་ན་ལྷུན་གྱིས། །
གྲུབ་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འོད་ཟེར་གྱི་ཀྱོ་བས་སྤྱན་དྲངས་ནས་མཆོད་པ་དང༌། གཟུངས་ཀྱི་བྱེ་བྲག་དང༌། སྦྱོར་བ་དང༌། ལས་བཞི་དང༌། དྲག་པོ་ལ་སོགས་པ་དེ་དག་ཉེ་བར་སྒྲུབ་པའི་སྡོམ་པའོ་ཞེས་བསྟན་པ་ཡིན་ཏེ། ལྷག་པར་དབང་པོ་བྱིན་གྱིས་བརླབ་པ་འབའ་ཞིག་པ་ནི་མི་གཟུང་བའོ། །བདུན་པ་གཅིག་པ་གསུམ་པ་དང༌། །བཅུ་པ་བཅུ་གཅིག་ལྔ་པ་སྟེ། །དངོས་གྲུབ་ཞིང་གི་མཚན་མ་ནི། །བསྙེན་པ་སྒྲུབ་པའི་སྡོམ་པའོ། །ཞེས་བྱ་བ་བཅུ་བཞི་པ་དང་ལེའུ་བདུན་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བདུན་པ་ལས་སྒྲུབ་པ་པོས་བསྲུང་བར་བྱ་བའི་ཕྱིར་གསང་སྔགས་ཀྱི་སྡོམ་པ་འབྱུང་སྟེ། སྒོ་གསུམ་སྡོམ་པ་དང༌། དཀའ་ཐུབ་བྱས་པའི་སྤྱོད་པས་མི་འགྲུབ་ཀྱི། ཚོགས་ཀྱི་དཀྱིལ་འཁོར་དུ་འདོད་པའི་ཡོན་ཏན་ལྔ་བྱིན་གྱིས་བརླབས་ཤིང་བསྟེན་པ་དང༌། རྗེས་སུ་དྲན་པ་བཅུ་དྲུག་སྒོམ་པའི་ཐབས་དང་། དེ་ལྟར་བསྒོམས་ནས་མཆོད་པའི་ཡོན་ཏན་བསྟན་ཏེ། ལེའུ་བཅུ་བཞི་པར་ལས་དགུག་པ་དང༌། ལས་བཞི་དང༌། དྲག་པོའི་ལས་དང༌། ཕུར་བུས་གདབ་པའི་གཏན་ཚིགས་འབྱུང་བ་དེ་ཡང་འདོད་པའི་ཡོན་ཏན་བསྟེན་པའི་རྣལ་འབྱོར་བས་འདོད་པ་ལྔའི་མཆོད་པ་དང༌། རྗེས་སུ་དྲན་པ་བཅུ་དྲུག་བསྒོམས་པའི་འོད་ཟེར་སྤྲོས་པས་ལྷ་རྣམས་མཉེས་པར་བྱས་ནས། གདོད་ལས་གང་འདོད་པ་བརྩམས་ན་འགྲུབ་པས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །བདུན་པ་དང་གཅིག་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། གཅིག་པ་ཞེས་བྱ་བ་ནི་གཞིའི་ལེའུ་དང་པོ་སྟེ། དེ་ལས་གསང་བ་འདུས་པའི་ལྷ་གཙོ་བོ་དང་འཁོར་དུ་བཅས་པར་བསྐྱེད་ཅིང་གདོན་པ་འབྱུང་བས། ལེའུ་བདུན་པའི་མཆོད་པ་དེ་ཡང་ལེའུ་དང་པོར་བསྟན་པ་བཞིན་དུ་བསྐྱེད་ནས་དཀྱིལ་འཁོར་གྱི་ལྷ་དང༌། དེའི་རིགས་སུ་གཏོགས་པ་རྣམས་ལ་གཟོད་དབུལ་བར་རིགས་པས་ན། དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །གཅིག་པ་དང་ལེའུ་གསུམ་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། གསུམ་པ་ལས་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་པ་དང༌། ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ་པའི་སྔགས་དང༌། སྐུའི་དཀྱིལ་འཁོར་སྒོམ་ཞིང་སྐུ་མདོག་དང༌། ཕྱག་
མཚན་དང་། ཕྲ་མོའི་ཏིང་ངེ་འཛིན་སྒོམ་ཞིང༌། འཕྲོ་འདུ་བྱ་བ་ལ་སོགས་པ་འབྱུང་སྟེ། གཅིག་པ་ལས་བསྐྱེད་པའི་ཐབས་འབྱུང་བ་དེ་ཡང་དང་པོར་སྟོང་པ་ཉིད་དང༌། ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱིས་དངོས་པོའི་མཚན་མ་སྦྱངས་ནས། ལེའུ་དང་པོ་ལས་གསུངས་པ་ལྟར་གདོད་ལྷའི་སྐུར་བསྐྱེད་ལ་སོ་སོའི་སྐུ་མདོག་དང་ཕྱག་མཚན་གསལ་བར་བསྒོམ་པ་དང༌། ཕྲ་མོའི་ཏིང་ངེ་འཛིན་གྱིས་སེམས་བརྟན་པར་བྱ་དགོས་པས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །གསུམ་པ་དང་བཅུ་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བཅུ་པ་ལས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལས་ཕྱག་རྒྱ་ཆེན་པོར་བསྐྱེད་པ་མཚོན་པའི་ཚིག་དང༌། དེ་བཞིན་གཤེགས་པ་ལྔའི་སྙིང་པོ་ཡི་གེ་དཔའ་བོ་འབྲུ་ལྔ་དང༌། དེ་ཡང་ཕྲ་མོའི་ཏིང་ངེ་འཛིན་བསྒོམ་པ་དང༌། ཧཱུཾ་གིས་ལྷ་བསྐྱེད་པའི་ཐབས་དང༌། དཀྱིལ་འཁོར་དང་ལྷ་སྤྱན་དྲང་ཞིང་དངོས་གྲུབ་གསོལ་བ་ལ་སོགས་པ་འབྱུང་སྟེ། ལེའུ་གསུམ་པ་ལས་ལྷའི་དཀྱིལ་འཁོར་སྐུ་མདོག་དང་ཕྱག་མཚན་གསལ་བར་བསྟན་པ། ལེའུ་དང་པོས་ཚུལ་བཞིན་བསྐྱེད་པར་བསྟན་པ་དེ་ཡང༌། རིགས་ལྔའི་སྙིང་པོ་དང་དཔའ་བོ་འབྲུ་ལྔས་མཚོན་ཏེ། སོ་སོའི་སྙིང་པོ་འབྲུ་རེ་བ་ལས་བསྐྱེད་ལ། བསྐྱེད་པ་དེ་ཡང་སྔ་མ་ལྷུན་གྱིས་གྲུབ་པ་སྤྱན་དྲངས་ལ་མཆོད་ཅིང་བསྟིམས་ན་བྱིན་རླབས་དང་ལྡན་པ་དང༌། ཕྲ་མོའི་ཏིང་ངེ་འཛིན་བསྒོམ་ཞིང་འཕྲོ་འདུ་བྱ་བ་ཡང་དཔའ་བོ་འབྲུ་ལྔ་ལ་སོགས་པའི་ལྷ་སོ་སོའི་སྙིང་པོ་འབྲུ་གཅིག་པ་བསྒོམས་ལ་བྱ་དགོས་པར་བསྟན་པས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །བཅུ་པ་དང་ལེའུ་བཅུ་གཅིག་པར་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན། བཅུ་གཅིག་པ་ལས་ཡི་གེ་བྷྲཱུཾ་གྱིས་གཞལ་ཡས་ཁང་བསྐྱེད་པ་དང༌། ཡི་གེ་འབྲུ་ལྔས་རིགས་ལྔ་སོ་སོའི་སྐུར་སྒོམ་ཐབས་དང༌། ཡི་གེ་འབྲུ་གསུམ་གྱིས་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབ་པའི་ཐབས་དང༌། མངོན་པར་ཤེས་པ་ལྔ་སྒོམ་པའི་ཐབས་ལ་སོགས་པ་འབྱུང་སྟེ། བཅུ་པ་ལྟར་ཡི་གེ་བྷྲཱུཾ་ལས་བསྐྱེད་པ་དེ་ཡང་གཞལ་ཡས་ཁང་གི་ནང་དུ་བཞུགས་ཤིང་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དུ་བྱིན་གྱིས་བརླབ་པ་དང༌། ཏིང་ངེ་འཛིན་དེ་ལྟ་བུ་དང་ལྡན་པས་འགྲོ་བའི་དོན་བྱ་
བའི་ཕྱིར་མངོན་པར་ཤེས་པ་ལྔ་ཡང་སྒྲུབ་དགོས་པས་ན་དེའི་ཕྱིར་དེ་ལྟར་འབྲེལ་ཏོ། །རྒོལ་བ་འོ་ན་འདིར་བཅུ་གཅིག་པ་དང་ལྔ་པ་ཞེས་སྨོས་ལ། བཅུ་གཅིག་པའི་དོན་ནི་དེ་ལྟར་བསྟན་པ་ཡིན་ན། ལྔ་པ་དང་པོར་བསྟན་ཟིན་ཡང་ཐ་མར་བསྣན་ཏེ་བསྟན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་ནི་ལེའུ་ལྔ་པ་དང་པོར་བསྟན་པ་ནས། ཐ་མ་བཅུ་གཅིག་པ་བསྟན་པའི་བར་དུ་གསང་བ་འདུས་པའི་དོན་ཐམས་ཅད་རྫོགས་ཤིང་ཚང་པ་ཡིན་ལ། དེ་ལྟར་ངེས་པའི་གཏན་ཚིགས་སུ་ལེའུ་ལྔ་པ་སྨོས་པ་ཡིན་ཏེ། དེ་ལྟར་བསྟན་པ་དེ་རྣམས་ལས་བརྗོད་པར་བྱ་བ་གུད་ན་མེད་དོ་ཞེས་པའི་ཐ་ཚིག་ཡིན་ལ། གཉིས་སུ་ན་ལེའུ་བཅུ་པ་སྨོས་པས་མཇུག་བསྡུས་པའི་ལས་དང་ཏིང་ངེ་འཛིན་གྱི་སྒྲུབ་པའི་ཐབས་དེ་ལྟ་བུའི་དོན་ལ་ཐ་དད་པ་ཙམ་སྐྱེས་པའམ། ནུས་ཚད་དུ་སྤྱོད་ཅིང་ཉམས་སུ་ལེན་པར་འདོད་པའི་བསམ་པ་བཟང་པོ་དང་ལྡན་ན་སྔར་མི་དགེ་བའི་ལས་ཇི་ལྟ་བུ་སྤྱད་ཀྱང་དེས་འཇུག་པའི་སྒོ་མི་འགག་ཅིང་གང་འདོད་པའི་ལས་དང་དངོས་གྲུབ་དག་ཀྱང་ཇི་ལྟར་བསྒྲུབས་པ་དེ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེ་བསྟན་ཏེ། གསང་སྔགས་ནི་ཤིན་ཏུ་མཐུ་ཆེ་བས་འདིའི་དོན་ལ་མོས་པ་སྐྱེས་ན་འཇུག་པའམ། ཞུགས་ནས་ཚུལ་བཞིན་དུ་སྤྱོད་པར་གྱུར་ན། སྔར་སྡིག་པ་ཚན་པོ་ཆེ་སྤྱད་པ་ཡང་ཟིལ་གྱིས་གནོན་ལ། བསྒྲུབས་པའི་འབྲས་བུ་ཡང་ཆུད་མི་ཟ་བར་མྱུར་དུ་འཐོབ་བོ། །སྔར་དད་པ་སྐྱེས་ཤིང་ཞུགས་པའམ། ཚུལ་བཞིན་བསྒྲུབས་པའི་འཕྲོ་ལས་རྐྱེན་གཞན་གྱི་དབང་གིས་སེམས་འགྱུར་ཏེ་སྤངས་ན་ཡང་ཐེག་པ་གཞན་ལ་ཞུགས་པའི་དགེ་བ་སྤྱད་པ་ཁོ་ན་མེད་དེ། སྐྱེ་བདེ་བ་རྗེས་མ་ཐག་ཏུ་ངན་སོང་གསུམ་དུ་སྐྱེ་བའོ། །དེ་བས་ན་ལེའུ་ལྔ་པ་དང་པོར་བྱས་ནས་དགུ་པ་ནས་བཟུང་སྟེ་བཅུ་གཅིག་པའི་བར་དུ་བསྟན་པ་བཞིན་བསྒྲུབས་ནས། ལྔ་པ་ལས་བསྟན་པའི་རིགས་ངན་སྨེ་ཤ་ཅན་དང་སྨད་འཚོད་མ་དང༌། མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་སྤྱོད་པ་དང༌། དུག་གསུམ་སྤྱོད་པ་ལ་སོགས་པས་ཀྱང་འགྲུབ་པར་ངེས་ན། གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ་འགྲུབ་ངེས་ཞེས་རྣམ་པར་དཔྱད་པའི་ཚིག་ཏུ་རིག་པར་བྱའོ། །དེ་ལྟར་དེ་དག་འགྲུབ་པ་ཡང་སྔགས་
རང་བཞིན་གྱིས་མཐུ་དང་བྱིན་རླབས་ཆེ་བའི་ཡོན་ཏན་ལ་ཡིད་ཆེས་ནས། སྔར་སྤྱད་པའི་སྡིག་པ་ལས་འགྱོད་པ་དྲག་པོ་སྐྱེས་པ་དང༌། ཕྱག་རྒྱ་མཚན་མར་གསལ་བ་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན་དུ་ལྡན་པའི་ལས་དང་བྱ་བས་བདག་གི་རྒྱུད་སྦྱངས་ཤིང་གཞན་ལ་ཕན་གདགས་ལ་དང་། མཉམ་པ་ཉིད་དུ་རྟོགས་པའི་སྟ་བས་དགེ་སྡིག་དང་རྒྱུ་འབྲས་རང་བཞིན་མི་དམིགས་པར་བརྟགས་པས་མཉམ་པ་ཉིད་ཀྱི་རླུང་ལ་རིག་པ་འབྱུང་བས། སྐུ་ཡང་ཡེ་ཤེས་ཀྱི་རྒྱུ་དང་འབྲས་བུར་གནས་པའི་བཙན་ས་ཚེ་འདི་ཉིད་ལ་ཐོབ་ནས་བག་ཆགས་གསོག་ལེན་གྱི་ངོ་བོར་མི་འགྲུབ་པས་སྐྱེ་བ་གཞན་དུ་རྣམ་པར་སྨིན་པ་ངན་པ་མི་ལེན་པ་ཡིན་ལ། འདིར་བསྟན་པའི་དོན་ལ་དཔྱོད་ཅིང་རྟོགས་པའི་ལྟ་བ་ཡོད་ན། སྡིག་པ་དེ་དག་ད་ལྟར་དངོས་སུ་སྤྱོད་ཀྱང་སྒྲིབ་ཅིང་ཉེས་པར་མི་འགྱུར་རོ། །དེའི་ཕྱིར་དང་པོར་སྨོས་པའི་ལྔ་པ་བཅུ་གཅིག་པའི་འཇུག་ཏུ་ཐ་མར་ཡང་བརྗོད་པས་ནི། བཅུ་གཅིག་པ་དང་ལྔ་པ་སྟེ། །ཞེས་བྱའོ་དེ་ལ་སྟེ་ཞེས་བྱ་བ་ནི་ལྷག་མ་ཅན་གྱི་ཚིག་སྟེ། དངོས་གྲུབ་ཞིང་གི་མཚན་མ་ནི། །ཞེས་བྱ་བ་ལ་བསྙེགས་པའོ། །དེ་ལ་དངོས་གྲུབ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་རྒྱུད་ལམ་མངའ་བ་དང༌། བྱིན་རླབས་ལས་འབྱུང་བའི་ཆེ་བའི་ཡོན་ཏན་ནོ། །ཞིང་ནི་རྣལ་འབྱོར་པ་སྟེ་དེའི་རྒྱུད་ལ་འཕགས་པའི་ཆེ་བའི་ཡོན་ཏན་སྐྱེ་བར་འགྱུར་བའོ། །དེ་ལྟ་བུའི་དངོས་གྲུབ་དང་དངོས་གྲུབ་ཞིང་གི་མཚན་མ་ཞེས་བྱ་བ་མཚན་མ་དང་རྟགས་ནི་དོན་གཅིག་སྟེ། བདུན་པ་ནས་ལྔ་པ་ཞེས་བྱ་བའི་བར་དུ་བསྟན་པའམ། ལྔ་པ་ཞེས་བྱ་བ་ཡན་ཆད་ཀུན་ལ་བྱའོ། །གཉིས་སུ་ན་དངོས་གྲུབ་ནི་བཅུ་གཅིག་པ་ཡན་ཆད་ལས་འབྱུང་བའི་དོན་ལ་བྱ་ལ། དངོས་གྲུབ་དེ་དག་སྐྱེ་བའི་ཞིང་ནི་ལེའུ་ལྔ་པ་ལས་གསུངས་པའི་མཚན་ཉིད་དང་ལྡན་པའི་གདུལ་བྱ་ལ་བྱའོ། །དེའི་རྟགས་དང་མཚན་མ་ནི་ལེའུའི་འབྲེལ་བའི་མཚམས་སྦྱར་བའི་ཚིག་དང་ཡི་གེ་རྣམས་ལ་བྱའོ། །དེ་ལྟ་བུར་བསྟན་པ་དེ་དག་ལ་ནི་དངོས་སུ་མིང་བསྙེན་པའི་སྒྲུབ་པའི་སྡོམ་པའོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། དཔེར་ན་འཕགས་པའི་ཆོས་ཐམས་ཅད་གང་བསྒྲུབས་ཀྱང་དམ་ཚིག་དང་སྡོམ་པ་སྔོན་དུ་འགྲོ་བས་
གཞི་བཟུང་ནས་དེ་ལ་བརྟེན་ཏེ་བསྒྲུབས་ན་འགྲུབ་པར་འགྱུར་བ་དང་འདྲ་བར་བསྙེན་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལྷར་བསྒོམ་པ་དང༌། སྒྲུབ་པ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་ཡེ་ཤེས་སེམས་དཔའ་ལུས་ལ་འགོད་ན་དེ་ཡན་ཆད་དུ་བསྟན་པའམ་ཁྱད་པར་དུ་བདུན་པ་ནས་བཅུ་གཅིག་པའི་བར་དུ་བསྟེན་པའི་ཚིག་དོན་གྱི་འབྲེལ་པ་དེ་དག་སྔོན་དུ་གསལ་བར་ཡིད་ལ་བྱས་པ་ལས་བསྟན་ཏེ། གཟོད་བསྙེན་སྒྲུབ་ཀྱི་དོན་བསྒོམ་དགོས་པའི་ཕྱིར་ན་དེ་སྐད་ཅེས་བྱའོ། །འདི་ནས་མར་ནི་རྒྱུད་ཀྱི་འབྲེལ་པ་ལེའུ་བཅུ་བདུན་གྱི་བསྣོར་མཚམས་ཀྱི་འཕེན་སྡུད་སྦྱར་བ་དེའི་ཡོན་ཏན་བསྟན་པའི་ཕྱིར་ན། དུལ་བ་གདུལ་དཀའ་ཞི་བ་ཡི། །སེམས་ཅན་རྣམས་ལ་གཞུག་པ་ལ། །དེ་བཞིན་གཤེགས་པ་ཀུན་གྱི་ལས། །ཚར་གཅོད་པ་དང་ཕན་འདོགས་ནུས། །ཞེས་བྱ་བ་ལ་སོགས་པ་གསུངས་པས་འབྲེལ་བ་རྣམ་ལ་བདུན་དང་ལྡན་པར་སྟོན་ཏེ། དེ་ལ་དུལ་བ་ནི་བྱང་ཆུབ་སེམས་དཔའ་གདུལ་དཀའ་བ་ནི་འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་ཞི་བ་ནི་ཉན་ཐོས་དེ་ལྟ་བུ་དུལ་བ་གདུལ་དཀའ་ཞི་བའི་ངང་ཚུལ་ཅན་གྱི་གདུལ་བྱ་རྣམས་དང༌། ཐ་མལ་བའི་སེམས་ཅན་རྣམས་གསང་བའི་ཐེག་པའི་དོན་ལ་གཟུད་པ་ལ་ནུས་པ་ཅན་དུ་འགྱུར་བས་ན་གསང་བའི་ཐེག་པ་ལས་འཁྲུངས་པའི་དེ་བཞིན་གཤེགས་པ་ཀུན་གྱི་ཕྲིན་ལས་ཏེ། དེས་ཇི་ལྟར་ཞེ་ན། བསྙེན་སྒྲུབ་བཞི་དང་ལྡན་པའི་དྲག་པོའི་ཕྲིན་ལས་ཀྱིས་ལྷ་ཆེན་པོ་ལ་སོགས་པ་ཚར་གཅོད་པ་དང༌། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་སེམས་ཅན་དེ་དག་ལ་ཕན་འདོགས་པར་ནུས་པས་ཏེ། དེ་ནི་སེམས་ཅན་གྱི་ཁམས་དང༌། དེ་བཞིན་གཤེགས་པའི་ཕྲིན་ལས་སུ་འབྲེལ་བར་བསྟན་པ་སྟེ་དང་པོའོ། །དེ་ཉིད་ཀྱི་ཕྱིར་ན། བསྐྱེད་དང་རིམ་པར་འབྲེལ་བ་དང༌། བསྙེན་དང་རྡོ་རྗེ་གོ་ཆ་བཞིན། །དངོས་གྲུབ་འབྲེལ་བ་ཐུན་མོང་སྟེ། །དེ་བཞིན་གཞུང་ལས་མཆོག་ཏུ་འགྱུར། །ཞེས་གསུངས་ཏེ། དེ་ལ་བསྐྱེད་པ་ནི་ཕྲ་བ་ལས་རགས་པར་ཕྲ་བ་བསྐྱེད་པས་ཏེ། ཏིང་ངེ་འཛིན་དང་འཕྲོ་འདུའི་རིམ་པས་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་པའོ། །རིམ་པར་འབྲེལ་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོར་
བསྒོམས་པ་དེ་དང་བསྙེན་སྒྲུབ་ཡན་ལག་རྣམ་པ་བཞི་རིམ་པར་བསྒོམ་པ་དང་འབྲེལ་བའོ། །བསྙེན་དང་རྡོ་རྗེ་ཆོ་ག་བཞིན། །ཞེས་བྱ་བ་ནི་བསྙེན་པ་ལྷ་སྒོམ་པ་དེ་ཡང་རྡོ་རྗེ་ཆོ་ག་རྣམ་པ་བཞིས་བསྒོམ་སྟེ། བསྙེན་པས་མཚོན་ནས་ཡན་ལག་བཞི་ཀ་ཚང་བར་བསྟན་པ་དེ་དང་རྡོ་རྗེའི་ཆོ་ག་བཞི་ཇི་ལྟ་བ་བཞིན་དུ་ལྡན་པར་བསྒོམས་པས་དེ་ནི་དངོས་གྲུབ་རྣམ་པ་གཉིས་དང་འབྲེལ་ཏེ། དེ་ཡང་དངོས་གྲུབ་འབྲེལ་བ་ཐུན་མོང་སྟེ་ཞེས་པ་ནི་ཐུན་མོང་གི་དངོས་གྲུབ་དང་འབྲེལ་བར་བསྟན་ལ། དེ་བཞིན་གཞུང་ལས་མཆོག་ཏུ་འགྱུར། །ཞེས་བྱ་བ་ནི་ཐུན་མོང་གི་དངོས་གྲུབ་བསྙེན་སྒྲུབ་བཞི་དང༌། ཆོ་ག་རྣམ་པ་བཞི་དང༌། ཐུན་མོང་གི་དངོས་གྲུབ་འབྲེལ་པ་དེ་བཞིན་དུ། གཞུང་གསང་བ་འདུས་པ་འདི་ཉིད་ལས་མཆོག་གི་དངོས་གྲུབ་ཏུ་གསུངས་པ་དེ་དང་འབྲེལ་བར་ཡང་འགྱུར་རོ་ཞེས་བསྟན་ཏེ། འདི་ནི་འབྲེལ་པ་གཉིས་པ་སྟེ་བསྙེན་སྒྲུབ་རྣམ་པ་བཞི་དང་ལྡན་པའི་ལྷར་བསྐྱེད་པ་དང༌། དངོས་གྲུབ་རྣམ་པ་གཉིས་དང་འབྲེལ་བའོ། །དཀྱིལ་འཁོར་བརྟུལ་ཞུགས་འབྲེལ་བ་དང༌། །གཞུང་དང་སློབ་དཔོན་ལྡན་པ་ཡི། །བླ་མ་རྣམས་ཀྱི་སྔགས་ལམ་གྱིས། །སློབ་མ་རྣམས་ནི་ཡོངས་སུ་སྨིན། །ཞེས་བྱ་བས་ནི་དཀྱིལ་འཁོར་ནི་མཎྜལ་ཞེས་བྱ་བའི་སྒྲས་མཎ་ནི་སྙིང་པོ་ཌལ་ནི་ལེན་པ་སྟེ། བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་ལེན་ཅིང་འཛིན་པས་ན་དཀྱིལ་འཁོར་ཏེ། རྒྱུད་འདི་ལས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམ་པ་གསུམ་ཡན་ལག་དང་བཅས་པ། ཕྱི་ནང་གསང་བ་གསུམ་གྱིས་བསྡུས་པ་དེར་གསལ་བ་མི་མཐུན་པའི་ཕྱོགས། ཉན་ཐོས་ཀྱི་སྤྱོད་པ་བཏུལ་ནས་རིག་མ་དང་ལྡན་པར་ཞུགས་པ་སྟེ། དེ་ཉིད་ལྷ་མོ་རིག་མ་མོ། །ཞེས་པ་དང་མི་འབྲེལ་བའི་དོན་ཏོ། །དེ་ལྟ་བུའི་དཀྱིལ་འཁོར་དང་བརྟུལ་ཞུགས་སུ་འབྲེལ་བར་བསྟན་པ་དེ་ནི་འབྲེལ་བ་གསུམ་པའོ། །གཞུང་དང་སློབ་དཔོན་ཞེས་བྱ་བ་ནི་རྒྱུད་གསང་བ་འདུས་པའི་ལེའུ་བཅོ་བརྒྱད་ཚང་བའི་ཞུགས། །རྡོ་རྗེ་སློབ་དཔོན་གཉིས་གཅིག་གི་ཡོན་ཏན་གཅིག་གིས་མཚོན་པར་བྱེད་པས། གཞུང་དང་རྡོ་རྗེ་སློབ་དཔོན་དུ་འབྲེལ་བར་བསྟན་ཏོ་དེ་ནི་འབྲེལ་པ་བཞི་པའོ། །བླ་མ་རྣམས་ཞེས་བྱ་བ་ནི་
གསང་སྔགས་ཀྱི་དོན་ངེས་པར་སྟོན་པར་ནུས་པའི་རྡོ་རྗེ་སློབ་དཔོན་ཏེ། རྣམས་ཞེས་བྱ་བ་ནི་རྒྱལ་པོ་དང་རྒྱལ་ཐེབ་དང་སྐར་མ་ལ་སོགས་པའོ། །དེ་ལྟ་བུའི་བླ་མ་རྣམས་ཀྱི་ཞལ་ནས་གསུངས་པའི་རྡོ་རྗེ་ཐེག་པ་མ་ནོར་བར་བསྟན་པའི་དོན་གྱིས་གཞན་འཁོར་བ་ལས་སྒྲོལ་བར་བྱེད་པས་སྔགས་ལམ་གྱིས་ཞེས་བྱ། དེས་ཅི་བྱེད་ཅེ་ན། སློབ་མ་རྣམས་ནི་ཡོངས་སུ་སྨིན། །ཞེས་བྱ་སྟེ་དཀྱིལ་འཁོར་དུ་བཅུག་པ་དང་དམ་ཚིག་ཕོག་པ་དང༌། ལུང་བྱིན་པ་དང༌། དབང་བསྐུར་བ་དང༌། ཆོས་བཤད་པས་མི་ཁོམ་པའི་གནས་སྤངས་ཤིང༌། ལྷ་དང་མིའི་བདེ་བ་ལས་བརྒྱུད་ནས་རིག་འཛིན་གྱི་ས་དང༌། རྡོ་རྗེ་ཐེག་པའི་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་བར་བྱེད་པས་སློབ་དཔོན་དང་སློབ་མ་འབྲེལ་བར་བསྟན་པ་སྟེ། འབྲེལ་བ་ལྔ་པའོ། །ཤིན་ཏུ་བརྟུལ་ཞུགས་དབང་བསྐུར་བའི། །སློབ་མ་བཟང་པོ་བདག་ཉིད་ཆེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །བསྟན་པ་ཡོངས་སུ་སྒྲོལ་བ་ཡིས། །ཞེས་བྱ་བ་ལྟ་བ་ཡངས་ཤིང་སྤྱོད་པ་རླབས་ཆེ་བས་ཐེག་པ་འོག་པ་ལ་མི་མོས་ཤིང་གསང་བའི་དོན་ལ་འཇུག་པར་མོས་པའི་སྐལ་བ་དང་ལྡན་པའི་ཤིན་ཏུ་བརྟུལ་ཞུགས་ཆེ་བ་ལ་ནི་ཤེས་རབ་ཡེ་ཤེས་ལ་སོགས་པས་དབང་བསྐུར་བའི་སྣོད་ཡིན་པས། བརྟུལ་ཞུགས་ཅན་དང་དབང་བསྐུར་བར་འབྲེལ་བར་བསྟན་པ་སྟེ། དེ་ནི་འབྲེལ་བ་དྲུག་པའོ། །ཐེག་པ་གཞན་ལ་དགའ་བ་དང༌། འཇུངས་ཤིང་སེ་སྣ་ཆེ་བ་ལ་སོགས་པའི་ཉེས་པ་དང་བྲལ་ཞིང་གསང་བའི་ཐེག་པ་ལ་མོས་པའི་བློའི་ངེས་པ་ཐོབ་ཅིང་ཤེས་རབ་དང་སྙིང་རྗེར་ལྡན་པ་ནི་སློབ་མ་བཟང་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་སམ། །ཤེས་རབ་དང་སྙིང་རྗེའི་བདག་ཉིད་དུ་གྱུར་ཅིང་ཕ་རོལ་ཏུ་ཕྱིན་པ་མན་ཆད་ལས་དཔག་པས་ཆེ་ཞེས་བྱ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པ་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཚང་རྒྱ་བར་ལུང་བསྟན་པའམ། ཆོས་བསྟན་པས་ངན་སོང་དང་འཁོར་བ་ལས་ཡོངས་སུ་རྣམ་པ་གྲོལ་བར་འགྱུར་བར་བསྟན་པ་སྟེ་དེ་ནི་འབྲེལ་པ་བདུན་པའོ། །དེ་ལྟར་རྒྱུད་ཀྱི་འབྲེལ་པ་ལེའུ་བསྣོར་མཚམས་ཀྱི་འཕེན་སྡུད་སྦྱར་བས་ཡོན་
ཏན་དང་ལྡན་པར་བསྟན་པ་ཡིན་ནོ། །ལ་ལ་ན་རེ། དངོས་གྲུབ་ཞིང་ནི་ལེའུ་བརྒྱད་པ་ལས་རི་རྩེ་ལ་སོགས་པའི་གནས་སུ་གསུངས་པ་ཡིན་ཏེ། མཚན་མ་ནི་ལེའུ་བཅོ་ལྔ་པ་ལས་རྨི་ལམ་བསྟན་པ་ཡིན་ཏེ། ལེའུ་དང་པོར་ཏིང་ངེ་འཛིན་དང་ལྡན་པས་རི་རྩེ་ལ་སོགས་པར་བསྒོམས་ན་དངོས་གྲུབ་ཇི་ལྟ་བུ་འཐོབ་བར་རྨི་ལམ་དུ་འབྱུང་བར་འགྱུར། དུལ་བ་དང་གདུལ་དཀའ་བ་དང་ཞི་བ་ལ་ཕན་གདགས་པ་ནི་སྤྱིར་འབྱུང༌། ཚར་གཅད་པ་ནི་ལེའུ་བཅུ་བཞི་པའོ། །བསྐྱེད་དང་རིམ་པར་འབྲེལ་པ་ནི་ལེའུ་དང་པོའོ། །བསྙེན་པ་རྡོ་རྗེ་ཆོ་ག་བཞི་ནི་ལེའུ་བཅུ་གཉིས་པའོ། །དངོས་གྲུབ་ཐུན་མོང་ནི་ལེའུ་བརྒྱད་པའོ། །མཆོག་ཏུ་གྱུར་པའི་དངོས་གྲུབ་ནི་ལེའུ་བཅུ་གཅིག་པའོ། །དཀྱིལ་འཁོར་བརྟུལ་ཞུགས་འབྲེལ་བ་ནི་ལེའུ་བཅུ་བཞི་པའོ། །གཞུང་དང་སློབ་དཔོན་ནི་ལེའུ་བཅུ་བདུན་པའོ། །བླ་མ་རྣམས་ཀྱི་སྔགས་ལམ་གྱིས། སློབ་མ་རྣམས་ནི་ཡོངས་སུ་སྨིན། །ཞེས་བྱ་བ་ནི་ལེའུ་དྲུག་པའོ། །ཤིན་ཏུ་བརྟུལ་ཞུགས་དབང་བསྐུར་བ། །ལ་སོགས་པའི་ཚིག་བཞི་ནི་ལེའུ་བཅུ་དྲུག་པ་སྟེ། ཚིག་གི་དོན་དེ་དག་དང་ལེའུ་དེ་དག་ཏུ་འབྲེལ་ཏོ་ཞེས་ཟེར་ན་འགལ་ཏེ་ཅིའི་ཕྱིར་ཞེ་ན། ལེའུ་རྣམས་ཚང་བའི་འབྲེལ་བ་སྔར་བསྟན་ནས། དེ་དག་གི་ཡོན་ཏན་དང་མདོར་བསྡུས་ཏེ་རྒྱུད་མགོ་གཞུག་གི་སྤྱིའི་དོན་དུ་བསྟན་པར་ཟད་ཀྱི་ལེའུ་བསྟན་པར་ཟད་ཀྱི་ལེའུ་རེ་རེའི་འགྲེལ་པ་དང་ཚིག་རེ་རེའི་འགྲེལ་པར་བྱས་ནས་བསྟན་པ་མ་ཡིན་ནོ། །དེ་ལྟར་ཡིན་དུ་ཟིན་ན་ནི་དབུ་ཞུགས་ཀྱི་ལེའུ་རྣམས་ཚར་བ་དང་འབྲེལ་བར་སྟོན་པར་འོས་ལ། ལེའུ་རེ་རེའི་ནང་ནས་དོན་རྣམ་པ་མང་པོ་དག་འབྱུང་བས་དེ་དག་ཚང་བར་སྟོན་པར་འོས་ན་མ་བསྟན་ལ། འདིར་བརྗོད་པའི་དོན་དེ་དག་ཤས་ཆེར་ལེའུ་རེ་རེའི་ནང་ནས་ཀྱང་སྟོན་པ་ལས་འདིར་བསྟན་པའི་ཚིག་ཉུང་ཤེས་དང་ལེའུ་དེ་རྣམས་སུ་གྱུར་བ་མི་རིགས་པའི་ཕྱིར་ན་འགལ་བར་མཐོང་བས་བདག་གིས་ནི་སྔ་མ་བཞིན་དུ་གོ་བ་འཐད་པར་མཐོང་ནས་དེ་སྐད་བཤད་པ་ཡིན་ནོ། །ཞུས་ཚིག་བཞི་པ། །འདི་ཡི་སྦྱོར་བ་ཇི་ལྟར་ལགས། །ཞེས་ཞུས་པའི་ལན་ནི། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །སྦྱོར་བ་ཞེས་སུ་
བཤད་པ་ཡིན། གང་ཞིག་དངོས་མེད་ཤེས་རབ་སྟེ། །རང་གི་མཚན་ཉིད་ཐབས་ཡིན་ནོ། །ཞེས་གསུངས་སོ། །ཞི་གནས་དང་ལྷག་མཐོང་ཆ་མཉམ་པ་ཟུང་དུ་འབྲེལ་པའམ། མཚན་མ་དང་མཚན་མ་མེད་པར་འབྲེལ་པ་ལ་མི་བྱ་སྟེ། ཐོགས་ཆགས་མེད་པའི་ཡེ་ཤེས་ཀྱི་གཟུགས་བརྙན་ཡབ་ཐབས་ཀྱི་ཕྱག་རྒྱར་སྣང་བ་དང༌། ཆོས་ཉིད་སྤྲོས་པ་དང་བྲལ་བའི་གཟུགས་བརྙན་ཤེས་རབ་ཡུམ་གྱི་སྐུར་སྣང་བ་གཉིས་ཆ་སྙོམས་པར་འཇུག་པའམ། ཟུང་དུ་འབྲེལ་པར་གནས་པ་ལ། །སྦྱོར་བ་ཞེས་སུ་བཤད་པ་ཡིན། །ཞེས་ཏེ་དབྱེར་མེད་པ་འམ་མཉམ་པར་སྦྱོར་བའོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་དོན་གསལ་བར་བསྟན་པའི་ཕྱིར་ན། གང་ཞིག་དངོས་མེད་ཤེས་རབ་སྟེ། །ཞེས་བྱ་བ་གང་ཞིག་ལྷ་མོའི་ཆ་ལུགས་སུ་སྣང་ཡང་མེ་ལོང་གི་གཟུགས་བརྙན་ནམ་འཇའ་ཚོན་གྱི་ཁ་དོག་ལྟར་གསལ་ལ་རང་བཞིན་མེད་དེ་མཆན་མའི་དངོས་པོ་སྤངས་པ་སྟེ། རྒྱུད་འདིར་དཀྱིལ་འཁོར་དུ་འཁོད་པའི་ལྷ་མོ་མཱ་མ་ཀཱི་ལ་སོགས་པ་ལ་བྱའོ། །དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོ་ནས་སྒོ་སྲུང་གི་ཁྲོ་བོ་ཡན་ཆད་ཀྱི་སོ་སོ་རང་རང་གི་ཡེ་ཤེས་ཀྱི་རྣམ་པར་གྲོལ་བའི་སྒོར་གྱུར་པའི་རིགས་དང་སྐུ་མདོག་དང་ཕྱག་མཆན་དང༌། རྒྱན་དང་ཆ་ལུགས་ལ་སོགས་པའི་མཚན་ཉིད་སོ་སོ་ནས་གསལ་ཞིང་བསྙེན་སྒྲུབ་ཡན་ལག་བཞི་དང་ལྡན་པའི་གཟུགས་འཛིན་པར་སྣང་བ་ནི་ཐབས་ཡིན་ནོ། །ཡབ་ཡུམ་དེ་དག་ཀྱང་དོན་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་ལ་དགོངས་ནས་རྟགས་ཡབ་ཡུམ་ཐབས་དང་ཤེས་རབ་ཀྱང་དབྱེར་མེད་པར་འཁྲིལ་བ་ལ་སྦྱོར་བ་ཞེས་བྱའོ། །རྒྱུད་ཀྱི་དོན་ལ་སྦྱར་ནས་བཤད་ན། གཞན་གྱི་དོན་དུ་བསྟན་པ་ཀུན་གྱིས་རིག་ཅིང་བསོད་ནམས་ཀྱི་ཚོགས་སུ་འགྱུར་བ་མཚན་མའི་ཤས་ཆེ་བར་བྱུང་བ་ནི་ཐབས་སོ། །ངོ་བོ་ཉིད་རང་བཞིན་མེད་པ་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོར་འགྱུར་བ་རང་གིས་རིག་ཅིང་མཚན་མ་མེད་པ་ཤས་ཆེར་སྟོན་པ་ནི་ཤེས་རབ་ཏུ་ཤེས་པར་བྱ། དེ་ཡང་ཟུང་དུ་འབྲེལ་ཅིང་དབྱེར་མེད་དེ་གཅིག་གི་ངང་དུ་གཅིག་ཚང་བས་སྦྱོར་བ་ཞེས་བཤད་པ་ཡིན་ནོ། །སྤྱིའི་ལུགས་སུ་སྦྱར་ན། སོ་སོ་
རང་རང་གི་མཚན་ཉིད་དང་ལྡན་པར་སྣང་བ་ནི་ཐབས་དེ་རང་བཞིན་མེད་པར་རྟོགས་པ་ནི་ཤེས་རབ། དེ་ཡང་ཤེས་རབ་རང་བཞིན་མེད་པ་ལས་ཐབས་མཚན་ཉིད་རེག་པ་ཅན་དུ་སྣང་བ་དང༌། ཐབས་མཚན་ཉིད་རེག་པ་ཅན་དུ་སྣང་བ་ཉིད་རང་བཞིན་མེད་པར་རྟོགས་ཏེ་དབྱེར་མེད་པར་རིག་པ་ལ་སྦྱོར་བ་ཞེས་བྱའོ། །ད་ནི་ཞུས་ཚིག་ལྔ་པ། རྒྱུད་ཅེས་བྱ་བ་ཇི་ལྟར་ལགས། །ཞེས་ཞུས་པའི་ལན་དུ། དེ་ལ་རྒྱུད་ནི་རྣམ་གསུམ་སྟེ། གཞི་དང་རང་བཞིན་དག་དང་ནི། །བྱེ་བྲག་ཏུ་ནི་བསྡུ་བར་བྱ། །གཞི་དག་དང་ནི་ཐབས་དག་གིས། །རྣམ་གསུམ་རྒྱུད་ཀྱི་དོན་དུ་བསྒྲུབས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དེ་ལ་རྒྱུད་ཅེས་བྱ་བ་ནི་གསང་བ་འདུས་པ་དབུ་ཞབས་ཚང་བ་སྤྱིའི་མིང་དུ་ཤེས་པར་བྱ་སྟེ། དེ་ནི་རྒྱུད་དཀྲུགས་ལུང་གཅུས་མན་ངག་སྦས་པའི་མཚན་ཉིད་ཅན་ཡིན་ལ། དེ་ལྟར་ཡིན་དུ་ཟིན་ཀྱང་དཀྱིལ་འཁོར་དང༌། སྒྲུབ་པ་དང༌། ཕྲིན་ལས་ཆེ་ཕྲ་ལ་སོགས་པ་གང་དང་དགོས་པའི་དོན་ཐམས་ཅད་རྒྱུན་ཆགས་སུ་བྲེང་མ་ཆད་པར་སྟོན་པས་ན་རྒྱུད་དུ་གྲགས་ཞེས་བྱ་སྟེ། གོང་མ་ནི་རྒྱུད་དངོས་ཀྱི་མཚན་ཉིད་ལ་བྱ་ལ། འོག་མ་ནི་དེ་ལས་བྱུང་བའི་དོན་གྱི་དངོས་པོ་ལ་བྱའོ། །དེ་ཡང་ལུང་གཞན་ལས་ནི་ཞལ་ནས་རྒྱུན་ཆགས་སུ་གསུངས་པ་དང༌། སྡུད་པ་པོ་ལ་སོགས་པ་རིམ་པར་བརྒྱུད་པ་དང༌། འགྲོ་བ་རྣམས་ཀྱི་རྒྱུད་སྦྱར་བའི་ཆེད་དུ་བསྟན་པའི་ཕྱིར་དང་རྒྱུད་ཅེས་བྱ་བར་བཤད་དོ། །དེ་ཡང་དཔེ་ཐགས་དང་འདྲ་སྟེ། བྲེང་མ་ཆད་པ་དང་། དགོས་པ་ཚང་བ་དང༌། ལྟག་འོག་དཀྲུགས་པ་དང༌། གོས་སུ་དྲུབ་བ་དང་སྦྱར་ཏེ། སྣལ་མ་བྲེང་མ་ཆད་པ་ལྟར་ཡི་གེ་བྲེང་མ་ཆད་པ་དང༌། ཐགས་ཤིང་དགོས་པ་ཚང་བ་ལྟར་གང་ཟག་སྒྲུབ་པའི་ཆ་རྐྱེན་དང༌། དམ་ཚིག་དང༌། དཀྱིལ་འཁོར་དང༌། དབང་དང༌། སྒྲུབ་པ་དང༌། ལས་དང་མཆོད་པ་རྣམས་རྒྱུད་ལ་ཚང་བའི་ཕྱིར་དང༌། སྣས་ཁྱེར་བའི་འདུལ་བུ་ལྟ་འོག་འཁྲུགས་པ་བཞིན་དུ་རྒྱུད་ཀྱི་དོན་དཀྲུགས་ནས་གསུངས་པའི་ཕྱིར་དང༌། ཐགས་ལ་སོགས་པའི་གོས་སུ་འགྲུབ་པ་བཞིན་དུ། ཆ་རྐྱེན་དེ་དག་གིས་སྒྲུབ་བར་གྱུར་ན།
སངས་རྒྱས་སུ་འགྲུབ་པ་དང༌། བཞིར་ལྡན་པས་རྒྱུད་ཅེས་བྱའོ། །དེ་ལ་རྒྱུད་ནི་རྣམ་གསུམ་སྟེ། །ཞེས་བྱ་བ་དེ་ལྟར་རྒྱུད་ཀྱི་ངེས་ཚིག་བསྟན་པ་དེ་ལ་རྒྱུད་མགོ་མཇུག་སྤྱིའི་དོན་ནམ་མཚན་ཉིད་ནི་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། གང་ཞེ་ན། གཞི་དང་། རང་བཞིན་དང༌། བྱེ་བྲག་ཏུ་བསྡུ་བར་བྱའོ། །དེ་ཡང་རྒྱུད་ཀྱི་དོན་ལ་སྦྱར་ཏེ་བཤད་ན། གཞི་ནི་ལེའུ་དང་པོ་ལ་བྱ། རང་བཞིན་དག་ཅེས་བ་ནི་ལེའུ་གཉིས་པ་ནས་རྫོགས་པའི་བར་ཏེ། རྒྱུད་འདི་མགོ་གཞུག་གི་དོན་མཐའ་དག་ལ་བྱའོ། །བྱེ་བྲག་བྱ་བ་ནི་རྒྱུད་ལེའུ་རེ་རེའི་ནང་ནས་ཀྱང་དཀྱིལ་འཁོར་དང༌། དབང་དང༌། ཕྲིན་ལས་དང༌། སྒྲུབ་ཐབས་མི་མཐུན་པའི་བྱེ་བྲག་རྣམ་པ་དུ་མར་སོ་སོར་སྟོན་པའོ། །བསྡུ་བར་བྱ་ཞེས་བྱ་བ་ནི། མང་པོར་སྟོན་པ་དེ་དག་མདོར་བསྡུ་ན་རྣམ་པ་དེ་གསུམ་དུ་བསྡུས་ལ་བསྟན་པར་བྱ་བའམ། གཉིས་སུ་འོག་ནས་འབྱུང་བ་འདི་ལྟར་བསྡུ་བར་བྱ་སྟེ། ཇི་ལྟར་ཞེ་ན། དེ་ལྟར་བསྟན་པ་དེ་ཡང༌། གཞི་དག་དང་ནི་ཐབས་དག་གིས། །རྣམ་གསུམ་རྒྱུད་ཀྱི་དོན་དུ་སྒྲུབ། །རང་བཞིན་རང་བཞིན་མེད་པའི་རྒྱུ། །དེ་བཞིན་འབྲས་བུ་བསྡུ་བ་མེད། །ཅེས་གསུངས་པས། དང་པོར་རྒྱུ་ལས་ཕྱི་མ་འབྲས་བུར་བྱས་ནས་དེ་ཡང་རང་བཞིན་མེད་པར་སྟོན་པ་སྟེ། ཇི་ལྟར་ཞེ་ན། གཞི་དག་ཅེས་པ་ནི་ལེའུ་དང་པོས་རྒྱུ་བྱས་ནས་ནི་ལེའུ་གཉིས་པ་སོགས་པའི་རྒྱུད་ཚང་བར་འབྱུང་ངོ༌། །དེ་ལྟར་གཞིའི་ལེའུ་དང་པོ་དག་དང་རང་བཞིན་དུ་བརྗོད་པའི་ལེའུ་གཉིས་པ་ལ་སོགས་པ་ནི་མིང་གི་རྣམ་གྲངས་ཐབས་ཞེས་བརྗོད་དེ་རྒྱུའི་དོན་ཏོ། །གཞི་དག་དང་ནི་ཐབས་དག་གིས། །རྒྱུ་བྱས་པ་ལས་བྱུང་བ་ནི། །རྣམ་པ་གསུམ་ཞེས་བྱ་སྟེ་སྐུ་གསུང་ཐུགས་རྣམ་པ་གསུམ་གྱི་དོན་སྟོན་པ་སྟེ། སྔར་ལེའུ་དང་པོ་ལས་གཞི་ཞེས་བྱ་བ་དང༌། ལེའུ་གཉིས་པ་མན་ཆད་ལ་རང་བཞིན་ཞེས་བྱ་བ་དང༌། དེ་དག་གི་དོན་གྱི་མཚན་ཉིད་སྟོན་པ་ལ་བྱེ་བྲག་ཅེས་བྱ་བ་དང༌། དེ་གསུམ་གྱིས་རྒྱུ་བྱས་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བྲི་བ་དང༌། དབང་བསྐུར་བ་དང༌། སྒྲུབ་པ་དང༌། ལས་བརྩམ་པ་ལ་སོགས་པའི་དོན་དེ་ལྟར་བསྟན་པ་ནི་རྒྱུད་ཀྱི་དོན་དུ་སྒྲུབ་པའི་གཏན་ཚིགས་སུ་བསྟན་པ་ཡིན་ནོ། །
དེ་ལ་རང་བཞིན་ཏེ་རྒྱུད་ཀྱི་དོན་གྱིས་ནི་རང་བཞིན་མེད་པ་རྡོ་རྗེ་ཐེག་པ་མི་གནས་པའི་མྱ་ངན་ལས་འདས་པ་སྒྲུབ་པའི་རྒྱུ་བྱེད་པ་སྟེ། རྒྱུད་ཀྱི་དོན་གྱིས་ནི་རྒྱུ་མི་གནས་པའི་མྱ་ངན་ལས་འདས་པ་ནི་འབྲས་བུར་གཞག་གོ །འོ་ན་རྒྱུད་ཀྱི་དོན་ནི་རང་བཞིན་མེད་ན་ཡང་བསྡུ་བ་ཡང་ཡོད་དེ། སྐུ་གསུང་ཐུགས་ཁོ་ནར་བསྡུ་བར་སྣང་ན། འབྲས་བུ་ཐོབ་པ་དེ་ལ་བསྡུ་བ་ཡོད་དམ་མེད་ཅེ་ན། །དེ་བཞིན་འབྲས་བུ་བསྡུ་བ་མེད། །ཅེས་བྱ་སྟེ་རྒྱུད་ཀྱི་དོན་རང་བཞིན་མེད་པ་བཞིན་དུ་མྱ་ངན་ལས་འདས་པ་ལ་ཡང་རང་བཞིན་མེད་པར་མཐུན་ལ། རྒྱུད་ལ་བསྡུ་བ་ཡོད་ཀྱང་མྱ་ངན་ལས་འདས་པ་ལ་ནི་འབྲས་བུ་བསྡུ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུད་ལ་རང་བཞིན་མེད་ཀྱང་ལྷ་དང༌། དཀྱིལ་འཁོར་དང༌། ཕྲིན་ལས་ཐམས་ཅད་ཀྱི་མཚན་ཉིད་འབྱེད་ཅིང་སོ་སོར་གསལ་བར་སྟོན་དགོས་པས་བསྡུ་བ་ཡོད་ལ། འབྲས་བུ་མྱ་ངན་ལས་འདས་པ་ནི་རང་བཞིན་ནམ་མཁའ་ལྟ་བུ་ལ་ཐམས་ཅད་ནས་ཐམས་ཅད་དུ་ཀུན་ལ་ཁྱབ་པའི་བདག་ཉིད་དུ་གནས་པས་དེའི་ཕྱིར་རང་བཞིན་དང་འབྲས་བུ་གཉིག་ཕྱོགས་གཅིག་ཏུ་བསྡུ་ཞིང་དཔྱད་དུ་མེད་ཅེའོ། །ལྷའི་རང་བཞིན་ལ་སྦྱར་ཏེ་བཤད་ན། གཞི་ཞེས་བྱ་བ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བའི་གནས་དང་རྟེན་པའི་གཞིར་གྱུར་པ་སྟེ། རྡོ་རྗེ་འཛིན་པ་ཆེན་པོའོ། །རང་བཞིན་ནི་རྟགས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་སྟེ། ལྷ་ཐམས་ཅད་སྤྱིའི་མཚན་ཉིད་དོ། །བྱེ་བྲག་ནི་དབུས་ཀྱི་གཙོ་བོ་ནས་སྒོ་བ་ལ་ཐུག་པའི་བར་གྱི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ལྷ་མོ་དང༌། སེམས་མ་དང༌། ཁྲོ་བོ་དང༌། ཁྲོ་མོའི་རྣམ་པར་སྣང་བའི་མི་མཐུན་པའི་བྱེ་བྲག་སྟེ། དེ་ནི་རྒྱུད་འདིར་མདོར་བསྡུས་ལ་བསྟན་པར་བྱའོ། །ཇི་ལྟར་བསྡུ་ཞེ་ན། གཞི་དག་སྟེ་རྡོ་རྗེ་ཆེན་པོ་དང༌། ཐབས་དག་སྟེ་ཐབས་དེ་གཙོར་སྨོས་པས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་ཡང་སྟོན་ལ། དེ་ཉིད་རྒྱུར་ཡང་འདྲེན་པས་རྡོ་རྗེ་འཛིན་ཆེན་པོ་དང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་དག་གིས་རྒྱུ་བྱས་པ་ལས་བྱུང་བའི་འབྲས་བུ་ནི་རྣམ་གསུམ་ཞེས་བྱ་སྟེ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཕྱི་ནང་གསང་བ་གསུམ་གྱིས་བསྡུས་
པའི་ལྷ་དང་ལྷ་མོའི་རྣམ་པར་སྣང་བ་ཡིན་ཏེ། གོང་དུ་གཞི་དང༌། རང་བཞིན་དང༌། བྱེ་བྲག་ཏུ་བསྟན་པས་རྒྱུ་བྱས་པ་གསུམ་དང༌། འབྲས་བུ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཕྱི་ནང་གསང་བ་གསུམ་དུ་བསྡུས་ནས་དེ་ལྟར་བསྟན་པ་དེ་ནི་རྒྱུད་ཀྱི་དོན་དུ་སྒྲུབ་ཅེས་བྱ་སྟེ། རྒྱུད་ཀྱི་ངེས་ཚིག་དང་དོན་དང་ལྡན་པའི་གཏན་ཚིགས་བསྒྲུབ་པ་ཆེད་དུ་གསུངས་པ་ཡིན་ནོ། །གཉིས་སུ་ན་སྒྲུབ་ཅེས་པས་རྒྱུད་འདྲེན་ཏེ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སྣང་བའི་ལྷ་དེ་དག་ནི་རྒྱུད་འབྱུང་བའི་དོན་དུ་གསུང་རྒྱུར་གནས་པ་ཡིན་ནོ་ཞེས་ཀྱང་སྦྱར་བར་བྱའོ། །རང་བཞིན་མེད་པའི་རྒྱུ་ཞེས་བྱ་བ། ལྷའི་རང་བཞིན་ཉིད་རང་བཞིན་མེད་པར་གནས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བསྐྱེད་པའི་རྒྱུ་བྱེད་པ་དང༌། དེ་ལྟར་རྒྱུ་རང་བཞིན་མེད་པ་བཞིན་དུ་འབྲས་བུ་དཀྱིལ་འཁོར་གྱི་ལྷ་སྣང་བ་ཡང་རང་བཞིན་མེད་དེ་གོང་བུ་ལྟ་བུར་མ་གྲུབ་པས་བསྡུ་བ་མེད་ཅེས་བྱའོ།། གཉིས་སུ་ན་རྒྱུད་དང་ལྷ་གཉིས་ཀྱང་གཅིག་གི་རྒྱུད་གཅིག་འགྱུར་ཞིང་གཅིག་གི་འབྲས་ཟུར་གཅིག་གནས་ཏེ། རྒྱུ་གང་ཡིན་པ་རང་བཞིན་མེད་པ་ནུས་མཐུ་ཅན་དུ་གྱུར་པ་ལས་འབྲས་བུ་འགྲུབ་པ། དེ་ཡང་རང་བཞིན་མེད་པ་སྟེ་གོང་བུ་ལྟ་བུར་བསྡུ་བ་མེད་དེ། ཀུན་རྫོབ་ཏུ་སྣང་ཞིང་བརྗོད་དུ་ཡོད་ཀྱང་དོན་དམ་པར་བརྗོད་དུ་མེད་ཅིང་མི་དམིགས་པར་བསྟན་པ་ཡིན་ནོ། །འོ་ན་རྒྱུ་རང་བཞིན་མེད་པ་ལས་འབྲས་བུ་རང་བཞིན་མེད་པ་སྐྱེར་བཏུབ་བམ་ཞེ་ན། སྒྱུ་འཕྲུལ་ལས། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང༌། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། ཅེས་གསུངས་པའི་དོན་གྱིས་ཏིང་ངེ་འཛིན་གྱི་སྟོབས་དང༌། ཡེ་ཤེས་ཀྱི་བྱིན་རླབས་དང༌། སྔགས་ཀྱི་མཐུ་དང༌། ཤེས་རབ་ཀྱི་རྩལ་དང༌། སྔོན་གྱི་སྨོན་ལམ་དང༌། །འཕྲུལ་གྱི་ཐུགས་རྗེའི་དབང་གིས་དེ་ལྟར་སྐྱེར་རུང་བར་གསུངས་སོ། །དོན་དང་མཚན་ཉིད་དེ་ལྟར་བསྟན་པའི་རྒྱུད་དེའི་ནང་དུ་ནི་རིགས་མང་ཉུང་དུ་བསྟན་པ་ཐམས་ཅད་ཀྱང་འདུས་པར་བསྟན་པའི་ཕྱིར་ན། རིགས་ནི་དེ་བཞིན་ལྔ་དང་གསུམ། །ངོ་བོ་གཅིག་དང་རིགས་བརྒྱ་སྟེ། །བྱང་ཆུབ་རྡོ་རྗེ་བཅས་
གསུངས་པ། དེ་ནི་རྒྱུད་ཀྱི་བླ་མར་འདོད། །ཅེས་གསུངས་ཏེ། དེ་ལ་རིགས་ཞེས་བྱ་བ་རང་གི་ངོ་བོ་ནི་ཐེག་པ་འདིའི་གཞུང་གིས་ཉོན་མོངས་པ་ཉིད་གནས་སུ་དག་པ་ལ་བཞེད་དེ། དེ་བཞིན་བཤད་པ་དེ་ལ། ལྔ་ནི་གཏི་མུག་ལ་སོགས་པ་ཉོན་མོངས་པ་ལྔའི་དབང་དུ་བྱས་པའོ།། རིགས་གསུམ་ནི་དུག་གསུམ་གྱི་དབང་དུ་བྱས་པ་སྟེ། ཡིད་བཞིན་ནོར་བུའི་རིགས་དང༌། དམ་ཚིག་རྡོ་རྗེའི་རིགས་གཉིས་ནི་རྡོ་རྗེའི་རིགས་སུ་བསྡུས་པ་དང༌། སྐུ་དང་གསུང་དང་ཐུགས་ཀྱི་རིགས་ཏེ་གསུམ་མོ། །ངོ་བོ་གཅིག་ཅེས་བྱ་བ་ནི། རྩ་བའི་རྒྱུད་ལས། ཉོན་མོངས་ཀུན་གྱི་རྒྱ་མཚོ་ཆེ། །ཞེས་གསུངས་ཏེ། རིགས་གསུམ་དང༌། ལྔ་དང༌། བརྒྱར་ཕྱེ་བའི་རྣམ་པ་མེད་པ་རིགས་ཐམས་ཅད་ཀྱི་རྒྱལ་པོ་འམ་གཙོ་བོར་གྱུར་པ། སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས། ཡེ་ཤེས་ལྔའི་ངོ་བོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་བྱ་སྟེ། སྦྱོར་བའི་རྒྱུད་ལས་ནི་རིགས་ཐམས་ཅད་ནི་རྡོ་རྗེ་སེམས་དཔའི་རིགས་སོ་ཞེས་གསུངས་སོ། །རིགས་བརྒྱ་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་དབང་དུ་བྱ་བ་དང༌། ཡེ་ཤེས་ཀྱི་དབང་དུ་བྱ་བ་དང༌། ཡོན་ཏན་གྱི་དབང་དུ་བྱས་ནས་དབྱེ་བའོ། །དེ་ལ་སྐུ་གསུང་ཐུགས་ཀྱི་དབང་དུ་བྱས་ནས་དབྱེ་ན། རྩ་བའི་རིགས་ལྔ་རེ་རེ་ལ་སྐུ་གསུང་ཐུགས་གསུམ་དེ་ཕྱེ་བ་དང་བཅོ་ལྔ། །སྐུ་གསུང་ཐུགས་དེ་རེ་རེ་ལ་ཡེ་ཤེས་ལྔ་ལྡན་ཕྱེ་བ་དང་བདུན་ཅུ་རྩ་ལྔ། རྩ་བའི་ཡབ་ལྔ་ལ་ཡེ་ཤེས་ཀྱི་ཡུམ་ཡོན་ཏན་གྱི་རྒྱན་དུ་གྱུར་པ་ཡུམ་ལྔ་དང་འཁྲིལ་ཏེ། དེ་རྣམས་ལ་སྤྱིར་བསྡུས་ན་བརྒྱ་ཐམ་པར་འགྱུར་རོ། །ཡེ་ཤེས་ཀྱི་དབང་དུ་བྱས་ནས་དབྱེ་ན། རིགས་ལྔ་རེ་རེ་ལ་ཡེ་ཤེས་ལྔ་ལྔར་ཕྱེ་ན་ཉི་ཤུ་རྩ་ལྔ། དེ་རེ་རེ་ལ་སྐུ་གསུང་ཐུགས་གསུམ་གསུམ་དུ་ཕྱེ་ན་གསུམ་ཕྲག་ཉི་ཤུ་རྩ་ལྔ་ལ་བདུན་ཅུ་རྩ་ལྔ། དེ་ལ་སྤྱིར་བརྩི་ན་བརྒྱ་ཐམས་པའོ། །ཡོན་ཏན་གྱི་དབང་དུ་དབྱེ་ན་རིགས་ལྔ། དེ་རེ་རེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་སྟེ། དེ་རེ་རེ་ལ་ཡེ་ཤེས་ཀྱི་ཡུམ་ལྷ་མོ་འདོད་པའི་ཡོན་ཏན་ཆོས་ཉིད་ཀྱི་རྒྱན་དུ་གྱུར་པའི་ལྷ་མོ་བཞི་དང་ལྡན་པས་དེ་ལྟར་སྤྱིར་བརྒྱ་ཐམ་པའོ། །དེ་ལྟར་དབྱེ་བ་མི་མཐུན་པར་བྱས་ནས་མིང་གསུམ་དུ་འདོགས་པ་ཅིའི་ཕྱིར་ཞེ་ན། རྩ་བ་
རིགས་ལྔ་ཡིན་པར་འདྲ་ན་ཡང་དེ་ལ་སྐུ་གསུང་ཐུགས་སུ་ཕྱེ་བ་ལ་བཏགས་པའི་སྐུ་གསུང་ཐུགས་གཙོར་བྱས་པའི་དབང་དུ་བཤད་པའོ། །གཉིས་པ་རྩ་བའི་རིགས་ལྔ་རེ་རེ་ལས་ལྔ་ལྔར་ཕྱེ་བ་ན་ཡེ་ཤེས་གཙོར་བྱས་ནས་བཤད་པའོ། །འདོད་པ་ལྔ་རིགས་ལྔར་བཤད་ནས་ལྷ་མོ་བཞིའི་ཚོམ་བུ་ཉི་ཤུ་རྩ་ལྔས་བསྐོར་བར་བསྟན་པ་ནི་ཡོན་ཏན་གཙོར་བྱས་པའོ། །དེའི་ཕྱིར་ན་དབྱེ་བ་མི་མཐུན་པར་བྱས་ནས་མིང་གསུམ་དུ་བཏགས་པ་ཡིན་ཏེ། སྤྱིར་དེ་བཞིན་གཤེགས་པ་རྣམས་དང༌། དེ་དག་གི་སྐུ་གསུང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་མཐའ་ཡས་པའི་ཕྱིར་ན་རིག་ཀྱང་མཐའ་ཡས་སོ་ཞེས་བཤད་དོ། །བྱང་ཆུབ་རྡོ་རྗེ་བཅས་གསུངས་པ། །ཞེས་བྱ་བ་ནི་དེ་ལྟར་རྒྱུད་ཀྱི་དོན་རིགས་ཀྱི་དབྱེ་བ་བྱང་ཆུབ་རྡོ་རྗེའི་མཚན་ཉིད་དང་བཅས་པའམ། །བྱང་ཆུབ་སེམས་རྡོ་རྗེས་རྒྱུད་དབུ་ཞགས་དགོས་པ་ཚང་བ་དོན་དང་བཅས་པར་གསུངས་པ། རྒྱུ་དང་རང་བཞིན་དང༌། འབྲས་བུ་བར་མི་འཆད་པར་སྟོན་པའི་རྩ་བའི་རྒྱུད་ལ་ནི་རྒྱུད་ཀྱི་བླ་མ་ཞེས་བྱ་བར་འདོད་ལ། གཉིས་སུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེ་ཚོམ་གཅད་པའི་དོན་དུ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཤད་པ་འདི་ནི་རྒྱུད་བླ་མའི་རྩ་བའི་རྒྱུད་ཀྱི་ཕྱི་མ་གསུངས་པས་གསང་རྒྱུད་ཕྱི་མ་ཞེས་བྱ་སྟེ། འདིས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཤད་པར་སྣང་ཡང༌། བྱང་ཆུབ་སེམས་རྡོ་རྗེའི་མཐུ་དང་བྱིན་རླབས་རྩ་བའི་རྒྱུད་དང་ཕྱི་མར་བཅས་པ་བཤད་པར་སྣང་བ་ཡིན་ཏེ། རྒྱུད་ཕྱི་མ་འདི་ཡང་རྒྱུད་ཐམས་ཅད་ཀྱི་བླ་མར་འདོད་དེ། ཅིའི་ཕྱིར་ཞེ་ན། གསང་བའི་རྒྱུད་ཐམས་ཅད་ཀྱི་དོན་དང༌། དགོངས་པ་ཐམས་ཅད་འགྲེལ་པར་བྱེད་པའི་ཕྱིར་རོ། །ད་ནི་ཞུས་ཚིག་དྲུག་པ། དེ་ཉིད་ཁོ་ན་རྣམ་པ་དུ་གསུངས་ཞེས་བྱ་བའི་ལན་དུ། དེ་ཁོ་ན་ཉིད་རིགས་ལྔར་གསུངས་ཞེས་བྱ་སྟེ། དེ་ཁོ་ན་ཉིད་ཅེས་བྱ་བ་ནི་འགྱུར་བ་མེད་ཅིང་སོ་སོ་ན་གནས་པ་ལ་བྱ་སྟེ། དེ་ཡང་རྒྱུད་སོ་སོའི་བཞེད་ཀྱིས་རྣམ་པ་གཞན་དང་གཞན་དུ་འབྱེད་ཅིང་སྟོན་པ་མང་དུ་ཡོད་ན། འདིའི་སྐབས་སུ་ནི་ཉོན་མོངས་པ་ལྔ་ལ་བྱ་སྟེ། དེ་ཉིད་གནས་སུ་རྣམ་པར་དག་པ་མ་རྟོགས་སེམས་ཅན་གྱི་རྒྱུད་
ལ་ཡོད་པའི་དུས་ན་ནི་དྲི་མ་ཅན་དུ་བཅས་པས་འཁོར་བའི་ཆོས་ཐམས་ཅད་སྐྱེད་པར་བྱེད་པའི་ངོ་བོ་ལས་གཞན་དུ་མི་འགྱུར་བའི་སོ་ན་གནས་ལ་དེ་ཉིད་གནས་སུ་རྣམ་པར་དག་པར་རྟོགས་ཏེ། དེ་བཞིན་གཤེགས་པའི་རྒྱུད་ལ་ཡོད་པའི་དུས་ན་ནི་རྣམ་པ་གང་གི་ངོ་བོར་ཡང་མི་རྟོགས་པར་གནས་ལ། དེ་ཉིད་ཀྱིས་གཟུང་འཛིན་ལ་སོགས་པའི་ཉེས་པ་འཇོམས་པ་དང༌། མཐའ་གཉིས་པ་ལ་སོགས་པའི་སྐྱོན་ཟིལ་གྱིས་གནོན་པ་དང༌། ཆོས་ཀྱི་དབྱིངས་དང༌། སེམས་ཅན་གྱི་དོན་ལ་ཆགས་པ་དང༌། ཐམས་ཅད་ཀུན་ལ་ཕན་གདགས་པའི་སྦྱོར་བ་བདག་གཅིག་པུས་བྱ་བར་འདོད་པའི་ཕྲག་དོག་ཆེན་པོའི་སོ་ལ་གནས་པའི་སྐུ་དང་ཡེ་ཤེས་ལ་སོགས་པ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྐྱེད་པར་བྱེད་པའི་ངོ་བོར་གནས་པ་ལས་གཞན་དུ་མི་འགྱུར་བས་ན་དེ་ཁོ་ན་ཉིད་ཅེས་བྱ་སྟེ། རིགས་ཞེས་བྱ་པའི་རང་གི་ངོ་བོ་དང༌། རིགས་ལྔ་ཞེས་བྱ་བར་གསུངས་པ་ཡང་དེ་ཉིད་དེ་དག་གི་མཚན་ཉིད་རྒྱས་པར་སྔར་བཤད་ཟིན་ཏོ། །ཞུས་ཚིག་བདུན་པ། དེ་བཞིན་གསང་བ་རྣམ་པ་དུ། །ཞེས་བྱ་བའི་ལན་དུ། གསང་བ་ཞེས་ནི་རིགས་གསུམ་མོ། །ཞེས་བྱ་བ་སྟེ་ཉོན་མོངས་པ་ལྔ་ཉིད་གནས་སུ་རྣམ་པར་དག་པ་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་སྟེ། དེ་ཉིད་རིགས་གསུམ་དུ་གྲགས་པའོ། །ཞུས་ཚིག་བརྒྱད་པ། གསང་ཆེན་ཞེས་བགྱི་ཇི་ལྟར་ལགས། །ཞེས་བྱ་བའི་ལན་དུ། གསང་ཆེན་ཡང་ནི་རིགས་ཀྱི་ལྷ། །ཞེས་བྱ་བ་སྟེ་ཆོས་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་གྱི་གཞི། སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་སྤྱི་གཟུགས་སུ་གྱུར་པ་རྡོ་རྗེ་འཛིན་ཆེན་པོ་ལ་བྱའོ། །ཅིའི་ཕྱིར་དེ་སྐད་ཅེ་ན། སྐུ་གསུངས་ཐུགས་ཀྱི་གསང་བའི་ཡང་དངོས་གཞིར་གྱུར་པས་འདིའི་རང་བཞིན་གྱི་དོན་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་རྟོགས་པར་མི་སྤྱོད་དེ། གསང་བ་དེ་དག་པས་ཀྱང་ཆེ་ས་གསང་བར་གྱུར་པའི་ཕྱིར་ན་གསངས་ཆེན་ཞེས་བྱ་སྟེ། ཡེ་ཤེས་ཕུན་སུམ་ཚོགས་པ་ལས་གྲུབ་པའི་ལྷ། རིག་པའི་
ལྷ་མོ་དང་ལྡན་པ་ལས་རིགས་ཐམས་ཅད་སྐྱེ་ཞིང་འབྱུང་བའོ། །ཞུས་ཚིག་དགུ་པ། དམ་པ་རྣམ་པ་དུ་ཞིག་མཆིས། །ཞེས་བྱ་བའི་ལན་དུ། དམ་པ་ཞེས་བྱ་རིགས་བརྒྱའོ། །ཞེས་བྱ་སྟེ་འཇིག་རྟེན་པའི་རིགས་དང༌། ཕྱི་མ་ཡན་ཆད་ཀྱི་རིགས་ལས་དཔགས་ཤིང་དམ་པར་གྱུར་པས་རིགས་ཁྱད་པར་ཅན་ཞེས་བྱ། དངོས་རིགས་ལྔ་ལས་རིགས་བརྒྱར་འཕྲོས་པ་རྣམས་ལ་བྱའོ། །ཞུས་ཚིག་བཅུ་པ། བྱང་ཆུབ་སེམས་ནི་ཇི་ལྟར་ལགས། །ཞེས་པའི་ལན་དུ། སྐྱེ་འགག་མེད་པ་ཞི་བ་ཡི། །དངོས་པོ་དངོས་མེད་མི་ཟད་གཙོ། །སྟོང་ཉིད་སྙིང་རྗེ་ཐ་དད་མིན། །བྱང་ཆུབ་སེམས་དཔའ་ཞེས་བཤད་དོ། །ཞེས་བྱ་བ་སྟེ་གདོད་མ་ནས་མ་སྐྱེས་པས་ཐ་མར་འགག་པ་མེད་པ། རང་བཞིན་གྱིས་སྤྲོས་པ་ཉེ་བར་ཞི་བ། སྐྱེ་བ་མེད་པས་རྟག་པར་ལྟ་བའི་དངོས་པོ་མ་གྲུབ། འགག་པ་མེད་པས་ཆད་པར་ལྟ་བའི་དངོས་པོ་མེད་པ་མ་གྲུབ་སྟེ། ཆོས་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་རྟག་ཆད་དང་སྐྱེ་འགག་གི་མཐར་ཐུག་པའི་ཟད་པ་མེད་པ་སངས་རྒྱས་འཇིག་རྟེན་དུ་བྱུང་ཡང་རུང་མ་བྱུང་ཡང་རུང༌། རང་བཞིན་གྱིས་རྣམ་པར་དག་པའི་ངོ་བོར་གནས་པས་ཆོས་ཐམས་ཅད་ཀྱི་བདག་ཉིད་དམ་གཙོ་བོར་གྱུར་པའོ། །དེ་ལྟ་བུ་དེ་ཡང་སྟོང་པ་བྱང་ཆུབ་ཆད་པ་ཐུགས་རྗེ་ཆེན་པོའི་རླན་དང་བྲལ་བ་མ་ཡིན་པས་ན། སྟོང་ཉིད་སྙིང་རྗེ་ཐ་དད་མིན། །ཞེས་བྱ་སྟེ་སྟོང་པའི་ཆོས་ཉིད་དེ་ལ་རང་བཞིན་གྱིས་མི་དམིགས་པའི་ཐུགས་རྗེ་ཆེན་པོའི་ཤུགས་དང་ལྡན་པས་ཆོས་ཉིད་སྟོང་པ་ཉིད་ཀྱིས་གར་ཁྱབ་པར་མི་དམིགས་པའི་ཐུགས་རྗེས་ཁྱབ་ལ། ཐུགས་རྗེ་དེ་ཉིད་ཀྱང་སྟོང་པ་ཉིད་ཀྱི་བདག་ཉིད་དུ་གནས་པས། སྟོང་པ་ཉིད་དང་སྙིང་རྗེ་སོ་སོམ་ཡིན་ཐ་མི་དད་པར་གནས་པ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བཤད་ཅེས་བྱ་སྟེ། བྱང་ཆུབ་སེམས་སུ་བཤད་པ་ཡང་དེ་ཡིན་ལ་དཔའ་བར་བཤད་པ་ཡང་དེ་ཡིན་ཏེ། དེ་ལྟར་ཡང་མངོན་པར་བྱང་ཆུབ་པའི་རྒྱུད་ལས། །བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །རྟོག་པ་ཐམས་ཅད་སྤངས་པ་ཡིན། །གང་ཞིག་དོན་དེ་ཐོབ་འདོད་པ། །སེམས་དཔའ་ཞེས་ནི་དེ་ཕྱིར་བྱ། །ཞེས་གསུངས་ཏེ་སྟོང་
པ་ཉིད་ནི་དོན་དམ་པ་བྱང་ཆུབ་སེམས་དེ་ཐོབ་པར་འདོད་པ་ནི་མི་དམིགས་པའི་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་མི་གཏོང་བ་སྟེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ་དཔའ་བ་ཡང་དེ་ཉིད་དོ། །ད་ནི་ཞུས་ཚིག་བཅུ་གཅིག་པ། །དེ་བཞིན་རིག་པའི་སྐྱེས་བུ་ཅི། །ཞེས་བྱ་བའི་ལན་དུ། རང་གི་ལུས་ངག་ཡིད་རྡོ་རྗེ་ལ་མི་ཕྱེད་པའི་ངོ་བོ་སྟེ། རིག་པར་བཅས་པར་ལྡན་པ་ནི། །རིག་པའི་སྐྱེས་བུ་ཞེས་སུ་བཤད། །ཅེས་བྱ་བ་སྟེ་རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་དེ་བཞིན་གཤེགས་པའམ། །རང་གི་ཡི་དམ་གྱི་ལྷ་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་གྱི་ངག་དུ་དབྱེར་མི་ཕྱེད་པའི་ངོ་བོར་གནས་པ་སྟེ། དེ་དང་རིག་པར་བཅས་བྱ་བ། །རང་གི་ཡུམ་རིག་པའི་ལྷ་མོ་ཤེས་རབ་མ་དང་བཅས་པར་གནས་ཤིང་གཉིས་སུ་མེད་པའི་རོལ་པའི་བདེ་བ་དང་ལྡན་པ་ལ་རིག་པའི་སྐྱེས་བུ་ཞེས་སུ་བཤད་ཅེས་བྱ་སྟེ། རིག་པ་ནི་ཤེས་རབ་མ་སྟེ། ལྷ་མོ་དེའི་སྐྱེས་བུར་གྱུར་པས་ན་རིག་པའི་སྐྱེས་བུ་ཞེས་བྱ་བར་བཤད་དེ། ལྷ་ལ་སྦྱར་ན་རིགས་ལྔ་སོ་སོ་རང་རང་གི་ཡུམ་དང་ལྡན་པ། རྣལ་འབྱོར་པ་ལ་སྦྱར་ན་དེ་དག་གི་རྗེས་སུ་སྒྲུབ་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་རིགས་ཀྱི་ཡུམ་དད་ལྡན་པར་གནས་པ་ལ་བྱའོ། །ཞུས་ཚིག་བཅུ་གཉིས་པ། དེ་ལ་རྡོ་རྗེ་འཛིན་པ་ཅི། །ཞེས་པའི་ལན་ནི། རྒྱུད་ལྔ་དག་གི་སེམས་དག་ནི། །རྡོ་རྗེ་ཞེས་སུ་བསྟན་པ་ཡིན། །གཟུང་ཞེས་བྱ་བ་འཛིན་པར་བཤད། །རྣམ་ཤེས་རྡོ་རྗེ་འཛིན་པར་འདས། །ཞེས་བྱ་སྟེ་ལམ་རྒྱུད་ལྔས་བསྡུས་པའི་སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་མ་སྐྱེས་པར་རྟོགས་ནས་གཟུང་འཛིན་གྱི་དྲི་མའི་བག་ཆགས་རྣམ་པར་དག་པ་ནི། རྡོ་རྗེ་ཞེས་སུ་བསྟན་པ་ཡིན། །ཞེས་ཏེ་ཡེ་ཤེས་རྡོ་རྗེ་ལྟ་བུ་དེ་ཡིན་ནོ་ཞེས་བཤད་དོ། །དེའི་ཕྱིར་ན་ཡུལ་ཆོས་ཉིད་ལ་ནི་གཟུང་བ་ཞེས་བྱ་ལ། དེ་རྟོགས་པར་བྱེད་བའི་ཡེ་ཤེས་ལ་ནི་འཛིན་པ་ཞེས་བྱ་བར་བཤད་དེ། རྣམ་ཤེས་རྡོ་རྗེ་འཛིན་པར་འདས། །ཞེས་བྱ་སྟེ། རྣམ་པར་ཤེས་པ་རྣམ་པར་དག་པ་ཡེ་ཤེས་རྡོ་རྗེ་ལྟ་བུར་གྱུར་པས་ཆོས་ཉིད་ཀྱི་དོན་འཛིན་པར་འདས་ཞེས་སྒྲར་བརྗོད་པ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ་ནི། རྣམ་ཤེས་
རྡོ་རྗེ་འཛིན་པར་འདས། །ཞེས་བྱ་བར་བཤད་དོ། །ལ་ལ་ན་རེ། གཟུང་ཞེས་བྱ་བ་འཛིན་པར་འདས། །ཞེས་བྱ་བ་ཕྱི་གཟུང་བའི་ཡུལ་ཞེས་བྱ་བ་ནི་གུད་ན་ཡོད་བ་མ་ཡིན་ཏེ། འཛིན་པའི་སེམས་ཉིད་ཡུལ་ཡོད་པར་རྟོག་པའི་བག་ཆགས་ཡུལ་དུ་སྣང་བ་ཡིན་ཏེ། དངོས་སུ་འཛིན་པའི་སེམས་ཉིད་ཡུལ་གྱི་རྣམ་པར་སྣང་བ་ཡིན་ནོ། །ད་ལ་རང་བཞིན་མེད་པ་ནི་ཆོས་ཀྱི་དབྱིངས། སེམས་དངོས་པོར་མ་གྲུབ་པ་ནི་རིག་པའི་ཡེ་ཤེས་ཞེས་བྱ་བ་དེ་ལྟ་བུའི་དོན་འཛིན་ཅིང་ཡང་ནས་ཡང་དུ་གོམས་པར་བྱེད་པ་ལ་ནི་འདས་ཞེས་བྱ། ལ་ལ་ན་རེ་དོན་དམ་པར་རང་བཞིན་མེད་པས་ཡོད་པར་སྒྲོ་འདོགས་པའི་མཐའ་བསལ། ཡང་དག་པའི་ཀུན་རྫོབ་ཏུ་སྐུ་གསུང་ཐུགས་མཚན་མ་མེད་པའི་རྣམ་པར་གསལ་བས་མེད་པར་སྐུར་པ་འདེབས་པའི་མཐའ་བསལ། དེ་ལྟར་གསལ་བ་ཉིད་རང་གི་ངོ་བོས་སྟོང་སྟེ། མཚན་མ་མེད་པའི་ངང་ལས་མ་གཡོས། མཚན་མ་དང་མཚན་མ་མེད་པ་གཉིས་སུ་མེད་པས་དབུ་མ་ཙམ་དུ་ཡང་མི་གནས་པས་འདས་ཞེས་བྱ། ཞུས་ཚིག་བཅུ་གསུམ་པ། ཛི་ན་ཛིཀ་ནི་ཇི་ལྟར་ལགས། །ཞེས་བྱ་བའི་ལན་དུ། ཡོད་མེད་དབུས་ལས་འདས་པས་ན། །འབྱུང་དང་འབྱུང་ལས་གྱུར་བ་འབྱུང༌། །སེམས་ཅན་ཐམས་ཅད་ཀུན་གྱི་གཟུགས། །སྐྱེས་པས་རྒྱལ་བ་ཛི་ན་ཛིཀ །ཅེས་གསུངས་པ་སྟེ། དོན་དམ་པར་རང་བཞིན་མེད་པ་ནི་ནམ་མཁའི་དབྱིངས་ལྟ་བུ། སོ་སོའི་སྐྱེ་བོས་དངོས་པོ་དང་མཚན་མར་ཡོད་པ་ལྟ་བ་དང༌། མུ་སྟེགས་ཁ་ཅིག་བདག་རྟག་པ་ཐེར་ཟུག་ཏུ་ལྟ་བ་དང༌། ཉན་ཐོས་རྡུལ་ཕྲར་བ་རྫས་སུ་ཡོད་པ་དང༌། སེམས་ཙམ་དེ་སེམས་ཞེས་པ་སྐད་ཅིག་མ་དོན་དམ་པར་ཡོད་པར་ལྟ་བའི་མཐའ་བསལ་ཏེ། ཡོད་པ་ཡང་མ་ཡིན་ཡང་དག་པའི་ཀུན་རྫོབ་ཏུ་སྐུ་གསུང་ཐུགས་ཕྱག་རྒྱའི་དཀྱིལ་འཁོར་མཚན་མའི་རྣམ་པར་གསལ་བས་སོ་སོའི་སྐྱེ་བོ་མཐའ་ཆད་པར་ལྟ་བ་དང༌། མུ་སྟེགས་ཆད་པར་ལྟ་བས་ལས་དང་འབྲས་བུ་དང༌། འཇིག་རྟེན་འདི་དང་ཕ་རོལ་མེད་པར་ལྟ་བའི་མཐའ་བསལ་ཏེ་མེད་པ་ཡང་མ་ཡིན་ཏེ། དེ་ལྟར་
གསལ་བ་ཙམ་ན་དེ་ཉིད་རང་གི་ངོ་བོས་སྟོང་སྟེ། མཚན་མ་མེད་པའི་ངང་ལས་མ་གཡོས། །མཚན་མ་དང་མཚན་མ་མེད་པ་གཉིས་སུ་མེད་པས་ཡོད་མེད་གཉིས་ཀྱི་དབུས་ཙམ་དུ་ཡང་མི་གནས་པས་ན། ཡོད་མེད་དབུས་ལས་འདས་ཞེས་བྱ། །དོན་དམ་པར་དེ་ལྟ་བུའི་ངོ་བོར་གནས་སུ་ཟིན་ཀྱང་ཡང་དག་པའི་ཀུན་རྫོབ་ཏུ་གང་གི་ངོ་བོར་ཡང་མི་གནས་པའི་ངང་ལས། འབྱུང་དང་འབྱུང་ལས་གྱུར་པ་འབྱུང༌། །ཞེས་བྱ་སྟེ་རྒྱུར་བྱས་པའི་འབྱུང་བ་བཞི་འབྱུང་བས་ན་འབྱུང་ཞེས་བྱ། འབྱུང་བ་དེ་ལས་གྱུར་པ་ནི་འབྲས་བུའི་གཟུགས་བཅུ་གཅིག་འབྱུང་པར་གྱུར་པས་འབྱུང་ཞེས་བྱ། སེམས་ཅན་ཐམས་ཅད་མ་ལུས་པའི་ཀུན་གྱི་གཟུགས་སུ་གྲུབ་པ་ཡིན་ལ། དེ་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་པར་ཆོས་ཉིད་ལས་མི་གཡོ་ལ། །ཀུན་རྫོབ་ཏུ་གཟུགས་ཀྱི་སྐུ་ཕྱག་རྒྱ་ཆེན་པོར་སྣང་བ། སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་འགྲུབ་པའི་ཕྱག་རྒྱ་ཆེན་པོ་འཐོན་ཅིང་སྣང་བ་ལས་སྐྱེས་པ་ཞེས་བྱ་སྟེ། ཡོད་མེད་དང་རྟག་ཆད་དུ་ལྟ་བའི་མཐའ་དང༌། ཡང་དག་པའི་སེམས་ཅན་དུ་ལྟ་བའི་ངན་རྟོག་ལས་རྒྱལ་ཞིང་སྒྲོ་སྐུར་རྣམ་པ་གཉིས་དང་བྲལ་བའི་དོན་དང་ལྡན་པའི་ཕྱིར་ན་རྒྱལ་བ་ཛི་ན་ཛིཀ་ཅེས་བྱའོ། །ཞུས་ཚིག་བཅུ་བཞི་པ། རིན་ཆེན་འཛིན་པ་ཇི་ལྟར་ལགས། །ཞེས་པའི་ལན་དུ། །ཐམས་ཅད་དོན་ཀུན་འབྱུང་བས་ན། །རིན་ཆེན་སེམས་སུ་བསྟན་པ་ཡིན། །ཚོར་བ་ཡིས་ནི་ངེས་ཚོར་བས། །ཚོར་བ་རིན་ཆེན་འཛིན་པར་གསུངས། །ཞེས་བྱ་སྟེ། གོང་མ་ལྟར་ཆོས་ཐམས་ཅད་ཡོད་མེད་དབུ་མ་ལས་འདས་པར་རྟོགས་པའི་སེམས་དེ་ཉིད་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པའི་དུས་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དགོས་པའི་དོན་མ་ལུས་པར་བྱ་བ་བཙལ་མི་དགོས་པར་འབྱུང་བས་ན། དཔེ་རིན་པོ་ཆེ་དང་འདྲ་བར་ཐམས་ཅད་ལ་མཉམ་ཞིང་སྙོམས་པའི་སེམས་སུ་བསྟན་པ་ཡིན་ཏེ། དངོས་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པ་འམ་མངའ་བ་ལ་བྱའོ། །ཚོར་བ་ཡིས་ཆི་དེས་ཚོར་བ། །ཞེས་བྱ་བ་ཚོར་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དེས་རང་གི་དོན་རིག་པ་སྟེ། ངེས་ཚོར་བ་ཞེས་བྱ་བ་ནི་
ཡོན་ཏན་གྱི་རྣམ་པ་ཐམས་ཅད་དང་ལྡན་པར་རྟོགས་པའོ། །དེ་ལྟར་རྟོགས་པའི་དོན་དང་ལྡན་པ་ནི། ཚོར་བ་རིན་ཆེན་འཛིན་པར་བཤད། །ཅེས་བྱ་བ་སྟེ། འཇིག་རྟེན་པའི་ཚོར་བ་རྣམ་པ་གསུམ་ཉམས་སུ་མྱོང་བ་ལ་མི་བྱའི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་རིན་པོ་ཆེ་དང་འདྲ་བའི་ཡོན་ཏན་འཛིན་པར་བྱེད་པ་ཡིན་ནོ། །ཞུས་ཚིག་བཅོ་ལྔ་པ། ཨཱ་རོ་ལྀ་ཀ་ནི་ཇི་ལྟར་ལགས། །ཞེས་བྱ་བའི་ལན་དུ། འདོད་པའི་མཚན་ཉིད་མཚོན་པ་དང༌། །ཐམས་ཅད་ནས་ནི་ཐམས་ཅད་ཀུན། །རྩེན་པའི་མཚན་ཉིད་མཚོན་པས་ན། །ཨཱ་རོ་ལྀ་ཀ་ཅེས་བྱ་བར་བཤད། །ཅེས་བྱ་བ་གསུངས་ཏེ། ཡང་དག་པའི་འདོད་ཆགས་ཆེན་པོས་ཆོས་ཀྱི་དབྱིངས་ལ་ཆགས་པའི་རྟགས་ནི་ཆོས་ཉིད་དམ། ཆོས་ཀྱི་དབྱིངས་ཀྱི་གཟུགས་བརྙན་ཡུམ་ཡེ་ཤེས་ཀྱི་ལྷ་མོ་ཡུལ་གཅིག་ལ་ཡང་འདོད་པའི་ཡོན་ཏན་ལྔ་ཚང་བའི་མཚན་ཉིད་དང་ལྡན་པ་ལ་ནི་འདོད་པའི་མཚན་ཉིད་དང་ལྡན་པ་ཞེས་བྱ་ལ། དེ་ལ་ཆགས་པ་མེད་པའི་ཚུལ་གྱིས་ཆགས་པ་ལ་ནི་མཚོན་པ་ཞེས་བྱ། གཉིས་སུ་ན་མཚན་ཉིད་དངོས་ལ་མཚོན་པ་ཞེས་བྱ་སྟེ། གོང་མ་ལྟ་བུའི་ཡོན་ཏན་དང་ལྡན་པའི་མཚན་ཉིད་མཚོན་ནས་གཞན་ལ་གསལ་བར་བྱེད་པའམ།། གཞན་གྱིས་མཐོང་བར་བྱེད་པའོ། །དེ་ལྟ་བུའི་ལྷ་མོ་དེ་ལ་དུས་དང་རྣམ་པ་ཐམས་ཅད་ནས་ཐམས་ཅད་ཀུན་དུ་རྩེན་ཅིང་མི་འབྲལ་པར་བྱེད་པའི་མཚན་ཉིད་ཅན་ཏེ། དོན་དེ་ལྟ་བུ་ལ་ཆགས་ཤིང་གཞན་གྱི་སྤྱོད་ཡུལ་དུ་གསལ་བར་དབབ་པར་བྱའི་ཕྱིར་མཚོན་ཅིང་སྟོན་པར་བྱེད་པས་ནི། ཨཱ་རོ་ལི་ཀ་ཅེས་བྱ་བར་བཤད། །ཅེས་བྱ་སྟེ་དེ་ལྟ་བུའི་ངང་ལ་གནས་པས་ཐུགས་རྗེ་ཆེན་པོའི་རང་བཞིན་དུ་འབྱུང་བས་འགྲོ་བའི་དོན་ཇི་ལྟ་བ་བཞིན་དུ་མཛད་དེ། འཇིག་རྟེན་པའི་འདུ་ཤེས་རྣམ་པ་གསུམ་ཡིད་ལ་བྱེད་པ་ལྟ་བུ་མ་ཡིན་གྱི། སོ་སོ་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱིས་ཆོས་སྤྱིའི་མཚན་ཉིད་སྟོང་ཞིང་བདག་མེད་པར་ཡང་མཁྱེན་པས་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་ཆགས་ལ། རང་གི་མཚན་ཉིད་མ་འདྲེས་པར་མཁྱེན་པས་ཐུགས་རྗེས་འགྲོ་བའི་དོན་ལ་ཆགས་པའང་དེ་ཁོ་ན་ཡིན་ནོ། །ཞུས་ཚིག་བཅུ་དྲུག་པ། །པྲཛྙཱ་དྷྲྀཀ་ཀྱང་ཇི་ལྟར་ལགས། །ཞེས་བྱ་
བའི་ལན་དུ། རྣམ་ཤེས་རབ་ཏུ་གསལ་ཕྱེད་པ། །ཇི་བཞིན་ཤེས་རབ་ཞེས་སུ་བཤད། །འདུ་བྱེད་སེམས་ཀྱི་གཞི་ཡིན་པས། །ཤེས་རབ་འཛིན་པ་ཞེས་སུ་བཤད། །ཅེས་གསུངས་ཏེ་རྣམ་པར་ཤེས་པ་དངོས་པོ་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་ནུས་པའི་མཚན་ཉིད་ཅན་གྱིས་ཡུལ་ཐམས་ཅད་སོ་སོར་གསལ་བར་གཅོད་ནུས་པ་དེས་དམིགས་བྱའི་ཡུལ་བཅད་ཅིང་རང་རང་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་གཏན་ལ་འབེབས་པར་བྱེད་པ་ནི་ཤེས་རབ་ཅེས་བྱ་སྟེ། ཡེ་ཤེས་ཀྱི་རྒྱུར་གྱུར་པ་ནི་ཤེས་རབ་བོ། །ལ་ལ་ནི་རྣམ་པར་ཤེས་པ་ཉིད་རབ་ཏུ་གསལ་བར་བྱེད་ནུས་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་སུ་རྣམ་པར་དག་པར་གྱུར་པ་དེས། ཡེ་ཇི་བཞིན་པའི་དོན་ཤེས་པ་ལ་ཤེས་རབ་ཞེས་སུ་བཤད་ཅེས་བྱ་སྟེ། འབྲས་བུ་ཡེ་ཤེས་ལ་རྒྱུ་ཤེས་རབ་ཀྱི་མིང་ནས་བོས་པའོ་ཞེས་ཟེར་རོ། །འདུ་བྱེད་སེམས་ཀྱི་གཞི་ཡིན་པས། །ཞེས་བྱ་བ་སེམས་ལས་བྱུང་བའི་འདུ་བྱེད་ཀྱི་གཞི་ཡིན་པས་དེ་ལ་ཤེས་རབ་འཛིན་པར་ཞེས་བཤད་པར་མི་གཟུང་གི །གོང་མ་ལྟ་བུའི་ཤེས་རབ་བམ་ཡེ་ཤེས་སྙིང་རྗེ་དང་བྱམས་པ་ལ་སོགས་པས་གཞན་ལ་ཕན་འདོགས་པར་མཛད་པ་ལས་མངོན་པར་འདུ་བྱེད་པ་སེམས་ཀྱི་གཞི་དང་བཅས་པ་དེ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཡིན་པས་དེ་ལྟ་བུའི་ཐབས་ཀྱིས་གཞན་ལ་ཕན་འདོགས་པར་མཛད་ཀྱང་གཟུང་འཛིན་གྱི་ཉེས་པ་དང་བལ་ཞིང་མཚན་མར་མི་གཡོ་བས། ཤེས་རབ་འཛིན་པ་ཞེས་སུ་བཤད། །ཅེས་བྱ་སྟེ་མི་རྟོག་པའི་ངང་ལས་མི་གཡོ་བས་ཆོས་ཉིད་ཀྱི་དོན་འཛིན་ལ། འགྲོ་བའི་དོན་མི་འདོར་བས་སེམས་ཅན་གྱི་དོན་འཛིན་པའི་ཤེས་རབ་དང་ལྡན་པས་དེ་སྐད་ཅེས་བྱའོ། །ཞུས་ཚིག་བཅུ་བདུན་པ། དེ་བཞིན་རིགས་ནི་ཇི་ལྟར་ལགས། །ཞེས་ཞུས་པའི་ལན་དུ། རིགས་ནི་གཉིས་སུ་མེད་བསྟན་ཏེ། །གཉིས་མེད་ཐོག་མ་ཞེས་བྱའོ། །མི་སྐྱེ་མི་འཇིག་གང་ཡིན་པ། །དེ་ནི་གཙོ་བོར་རབ་ཏུ་བཤད། །ཅེས་སོགས་གསུངས་ཏེ། དེ་ལ་རིགས་ཞེས་བྱ་བ་ནི་གཅིག་ཏུ་ངེས་པ་ལ་བྱ་བར་ཟད་ཀྱི། །གཉིས་དང་གསུམ་ལ་སོགས་པ་དུ་མར་གྱུར་ན་རིགས་ཞེས་བྱ་བའི་མིང་དུ་ཐོགས་པར་མི་འགྱུར་ཏེ།
དཔེར་ན་འཇིག་རྟེན་ན་ཡང་བྲམ་ཟེའི་རིགས་གཅིག་པུར་ངེས་པས་བྲམ་ཟེའི་རིགས་ཞེས་འདོགས་ཀྱང་གཅིག་པུར་ཟད་ཀྱི། རྒྱལ་རིགས་ལ་སོགས་པ་དུ་མའི་རིགས་དང་མི་ལྡན་ལ་བྲམ་ཟེ་དང༌། རྒྱལ་རིགས་ཞེས་བྱ་བ་ལ་སོགས་པ་དུ་མར་འདོགས་པའང་བྲམ་ཟེའི་རིགས་གཅིས་པུར་མི་འགྲུབ་པའོ། །དེ་བཞིན་དུ་འདིར་ཡང་རྡོ་རྗེའི་རིགས་ཞེས་བྱ་བར་ངེས་པ་གཅིག་པུ་ལ་རྡོ་རྗེའི་རིགས་ཞེས་འདོགས་པར་ཟད་ཀྱི། དེ་ལ་རིན་པོ་ཆེ་དང་པདྨའི་རིགས་ལ་སོགས་པ་དུ་མ་དང་ལྡན་པས་གཞན་དུ་མི་འདོགས་ལ། གལ་ཏེ་དུ་མ་དང་ལྡན་དུ་ཟིན་ན་ནི་རྡོ་རྗེའི་རིགས་སུ་མི་འགྲུབ་བོ། །ཅིའི་ཕྱིར་ཞེ་ན། རིགས་ནི་ངེས་པ་ཅན་ལ་བྱ་ལ། ངེས་པ་ནི་གཅིག་ཏུ་ཟད་པས་དེ་ལ་འདོགས་སུ་རུང་གི་དུ་མར་གྱུར་ན་གཅིག་ཏུ་མ་ངེས་པ་ཡིན་པས་རིགས་སུ་མི་འགྲུབ་པའི་ཕྱིར་རོ། །དེ་བས་ན། རིགས་ནི་གཉིས་སུ་མེད་བསྟན་ཏེ། །ཞེས་བྱ་སྟེ། རིགས་སུ་འདོགས་པ་ནི་གཅིག་ཏུ་ངེས་པ་རྡོ་རྗེ་རིགས་སུ་བྱ་བ་ལྟ་བུ་ཡིན་ཏེ། རྡོ་རྗེ་དང་རིན་པོ་ཆེའི་རིགས་གཉིས་ཀ་གང་ཡིན་ཞེས་བྱར་མི་བཏུབ་པས་ན། གཉིས་སུ་མེད་པ་བསྟན་ཏེ་ཞེས་བྱའོ། །དེ་ལྟར་གཉིས་སུ་མེད་པ་བསྟན་པ་གང་ཡིན་པ་དེ་ནི་ཐ་སྙད་དུ་རིགས་ཞེས་བྱ་བར་ཐོགས་པའི་བཞི་འམ་ངོ་བོ་ཡིན་པས་ཐོག་མ་ཞེས་བྱ་སྟེ། རིགས་སུ་ཐོགས་བའི་དང་པོའི་མུ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་རིགས་ནི་ཉོན་མོངས་པ་ལྔ་ལས་རེ་རེ་གནས་སུ་དག་པར་རྟོགས་པ་ལས་རིགས་སུ་གྱུར་པ་ཡིན་ན། འདིར་གང་ལ་བྱ་ཞེ་ན། མི་སྐྱེ་མི་འཇིག་གང་ཡིན་པ། །ཞེས་བྱ་སྟེ། ཉོན་མོངས་པ་རྣམ་པ་ལྔ་མཚན་ཉིད་སོ་སོར་ཕྱེ་ནས་ཐ་མི་དད་པར་རྟོགས་པའི་དེ་དག་གཅིག་ཏུ་འདུས་ནས་དབྱེར་མེད་པར་གྱུར་པ་དེ་གཉེན་པོ་མེད་པས་ནི་མི་སྐྱེ། གཉེན་པོ་བསྟེན་པས་མི་འཇིག་རང་གི་རང་བཞིན་གྱིས་མཉམ་པར་གནས་སུ་དག་པར་རྟོགས་པ་མངོན་དུ་གྱུར་པ་གང་ཡིན་པ་དེ་ནི་གཙོ་བོར་རབ་ཏུ་བཤད་ཅེས་བྱ་སྟེ། རིགས་དང་ཡེ་ཤེས་ཐམས་ཅད་འདུས་པའི་ངོ་བོ་བས་ལྷ་ཐམས་ཅད་ཀྱི་བདག་པོའང་ཡིན་ལ་གཙོ་བོར་གྱུར་པའང་ཡིན་ནོ། །དངོས་སུ་ན་རྡོ་རྗེ་འཛིན་ཆེན་པོ་ལ་བྱའོ། །རིགས་ཕྱི་མ་རྣམས་ནི་རིགས་ཀྱི་ངོ་བོ་ཉོན་
མོངས་པ་རེ་རེ་ནས་གནས་སུ་གྱུར་པ་ལས་ནི་རིགས་སུ་གྲུབ་ལ། ཕུང་པོ་རེ་རེ་གནས་སུ་དག་པ་ལས་ནི་སྐུར་གྲུབ། རྣམ་པར་ཤེས་པ་རེ་རེ་གནས་སུ་དག་པ་ལས་ནི་ཡེ་ཤེས་སུ་གྲུབ་པས་རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པའི་རྒྱལ་བ་རིགས་ལྔ་ཡིན་པར་བཤད་པ་ལས་སོ་སོར་སྤྱན་དྲང་བའི་སྔགས་དང༌། ཡེ་ཤེས་ཀྱི་དོན་དང༌། དེ་བཞི་ལ་ནི་ཕྲིན་ལས་ཀྱང་སྔར་བཤད་ནས། ད་ནི་མར་ནི་རིགས་ཀྱི་ངོ་བོ་དང༌། སྐུའི་ངོ་བོ་གང་ཡིན་པའི་མཚན་ཉིད་རིམ་པར་བསྟན་ཏེ། དེ་ལ་ཞུ་བའི་དུས་སུ་ནི་ཞུས་ཚིག་བཅོ་བརྒྱད་པ་དང་པོར། གཏི་མུག་ཅེས་བགྱི་ཇི་ལྟར་ལགས། །ཞེས་ཞུས་ནས། བཅུ་དགུ་པ་ཞེ་སྡང་ཇི་ལྟར་ལགས་ཞེས་ཞུས་པ་ལས། །ལན་ནི་གནས་སྐབས་སུ་ནི་ཞུས་ཚིག་བཅུ་དགུ་པར། ཞེ་སྡང་ཞེས་བགྱི་ཇི་ལྟར་ལགས། །ཞེས་བྱ་བ་ལན་དང་པོར་བཤད་དེ། དེ་ལ་རྣམ་ཤེས་ཞེ་སྡང་ཞེས་བསྟན་ཏོ། །རྒྱུ་ཞེས་བྱ་བ་གཉིས་སུ་གྲགས། །ཞེས་བྱ་བ་ནི། རྣམ་ཤེས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ་ཚོགས་བརྒྱད་ལ་བྱའོ། །ཞེ་སྡང་ཞེས་བྱ་བ་ནི་སེམས་ལས་བྱུང་བའི་ཕྱིན་ཅི་ལོག་གི་ཞེ་སྡང་མནར་སེམས་པ་དགུ་དང་ལྡན་པས་གཞན་འཇོམས་ཤིང་འཇིག་པར་བྱེད་པའི་མཚན་ཉིད་ཅན་ལ་བྱའོ།། དེ་ལ། རྒྱུ་ཞེས་བྱ་བ་གཉིས་སུ་གྲགས། །ཞེས་བྱ་བ་ནི་རྒྱུ་རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་པ་ལས་ནི་འབྲས་བུ་རྡོ་རྗེ་རིགས་ཀྱི་སྐུར་གྲུབ་པ་ཡིན་ལ། རྒྱུ་ཕྱིན་ཅི་ལོག་གི་ཞེ་སྡང་གནས་སུ་དག་པའི་འབྲས་བུ་ཡང་དག་པའི་ཞེ་སྡང་ཆེན་པོར་གྱུར་པ་ནི་རྡོ་རྗེའི་རིགས་ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཟག་པ་ཅན་གྱི་ཕུང་པོ་ཟག་པ་མེད་པར་གྱུར་པ་ནི། །རྡོ་རྗེའི་རིགས་ཀྱི་སྐུའི་ངོ་བོར་གྲུབ་པ་ཡིན་ལ། སེམས་ཅན་གྱི་དུས་ན་ཕྱིན་ཅི་ལོག་གི་ཞེ་སྡང་གིས་གཞན་འཇོམས་ཤིང་འཇིག་པར་བྱེད་པ་བཞིན་དུ། དེ་གནས་སུ་དག་པ་རྡོ་རྗེའི་རིགས་སུ་གྱུར་པའི་དུས་ན་ཡང་གཟུང་འཛིན་ལ་སོགས་པའི་རྣམ་པར་རྟོག་པ་དང་ཉེས་པ་ཐམས་ཅད་ཕར་ནི་འཇོམས་ཤིང་འཇིག་ལ། ཚུར་ནི་གང་གིས་ཀྱང་མི་ཚུགས་ཏེ། །རྡོ་རྗེ་ལྟ་བུར་སྲ་ཞིང་བརྟན་པ་དང༌། འདུས་མ་བྱས་པ་དང་དབྱེར་མེད་པའི་དོན་དང་ལྡན་པའི་ཕྱིར་ན་རྡོ་རྗེའི་རིགས་ཞེས་བྱ་སྟེ། དེ་ལས་བྱུང་ཞིང་སྐྱེས་
པ་ཐམས་ཅད་རྡོ་རྗེའི་རིགས་སོ། །དེ་བས་ན་རྒྱུ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་དང་ཉོན་མོངས་པའི་ཞེ་སྡང་གཉིས་སུ་གྲགས་ལ། དེ་གནས་སུ་དག་པའི་འབྲས་བུ་ནི་སྐུ་དང་རིགས་གཉིས་སུ་གྲགས་ཞེས་འབྲས་བུའི་མིང་དུ་མ་སྨོས་ཀྱང་ཟླས་དྲངས་པས་མངོན་ནོ། །ཞུས་ཚིག་བཅོ་བརྒྱད་པ། གཏི་མུག་ཅེས་བགྱི་ཇི་ལྟར་ལགས། །ཞེས་པའི་ལན་དུ། གཟུགས་ནི་གཏི་མུག་ཏུ་བསྟན་པ། །གླེན་པས་བཅིངས་པའི་ངོ་བོའོ། །ཞེས་གསུངས་ཏེ། གཟུགས་ནི་གཟུགས་ཀྱི་ཕུང་པོ་གཟུགས་ཅན་བཅོ་ལྔ་ལ་བྱ་ལ་དེ་ཡང་བེམས་པོ་ཤེས་པ་མེད་པས་གཏི་མུག་གི་རང་བཞིན་དུ་བསྟན་པ་ཡིན་ལ། དེ་གནས་སུ་དག་པའི་འབྲས་བུ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་དངོས་སུ་སྣང་བའི་ངོ་བོར་གྲུབ་པ་ཡིན་ནོ། །གླེན་པས་བཅིངས་པའི་ངོ་བོ་ཞེས་བྱ་བ་ནི། ཉོན་མོངས་པའི་གཏི་མུག་ལ་བྱ་སྟེ། དེ་ནི་མིག་གི་སྒོ་གསུམ་གླེན་པས་བཅིངས་ནས་རྨོངས་པ་དང་འདྲ་བར་ཕྱིན་ཅི་ལོག་གི་གཏི་མུག་གིས་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པའོ། །དེ་གནས་སུ་དག་པའི་འབྲས་བུ་ནི་དེ་བཞིན་གཤེགས་པའི་རིགས་ཞེས་བྱ་བའི་ངོ་བོར་གྲུབ་པ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བདག་ཉིད་དུ་རྟོགས་ནས་སྤྲོས་པ་མེད་པའི་ངང་དུ་རྨོངས་ཏེ་གང་དུ་ཡང་མི་རྟོགས་པར་གནས་པ་ཡིན་ནོ། །ཞུས་ཚིག་ཉི་ཤུ་པ། ང་རྒྱལ་ཞེས་བགྱི་ཇི་ལྟར་ལགས། །ཞེས་པའི་ལན་དུ། ཚོར་བ་འདོད་པས་མྱོས་བསྟན་པ། །ང་རྒྱལ་གྱི་ནི་ངོ་བོའོ། །ཞེས་གསུངས་ཏེ། ཚོར་བ་ནི་མིག་གི་འདུས་ཏེ་རེག་པ་ལ་སོགས་པ་བཅོ་བརྒྱད་བདེ་བ་དང་སྡུག་བསྔལ་བ་དང་བཏང་སྙོམས་གསུམ་གྱིས་བསྡུས་པའི་ཚོར་བའི་ཕུང་པོ་ནི་བདེ་བ་ཉམས་སུ་མྱོང་བར་འདོད་པས་ཆགས་ཤིང་དེའི་རོས་མྱོས་པར་ཕོངས་ཤིང་གཏོང་མི་ཕོད་པའི་ང་རྒྱལ་དང༌། ཚོར་བའི་སྡུག་བསྔལ་ཕྲད་ནས་བྲལ་བར་འདོད་ནས་ང་རྒྱལ་གྱི་ངོ་བོ་ཡིན་ལ། དེ་གནས་སུ་དག་པའི་འབྲས་བུ་ནི་རིན་པོ་ཆེའི་རིགས་ཀྱི་སྐུ་དངོས་སུ་སྣང་བའི་ངོ་བོར་གྲུབ་པ་ཡིན་ལ། ཉོན་མོངས་པའི་ང་རྒྱལ་ཡང་ང་རྒྱལ་རྣམ་པ་བདུན་དང་ལྡན་པ་ཚོར་བའི་ང་རྒྱལ་ཉིད་དང་མཚུངས་ཤིང་དབྱེར་མེད་པ་སྟེ། དེ་ཡང་དག་པའི་ང་
རྒྱལ་ཆེན་པོ་གནས་སུ་དག་པའི་འབྲས་བུ་ནི་རིན་པོ་ཆེའི་རིགས་ཞེས་བྱ་བའི་ངོ་བོར་གྲུབ་པ་ཡིན་ཏེ། ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་གཞན་ཟིལ་གྱིས་གནོན་ཅིང་ཆོས་ཐམས་ཅད་ལ་ཁྱད་པར་འཕགས་པའི་ང་རྒྱལ་དང་ལྡན་པ་སྟེ། དཔེར་ན་རིན་པོ་ཆེ་ལྟ་བུའི་ཡོན་ཏན་འཐོབ་པའི་རིགས་སུ་གྱུར་པ་ཡིན་ནོ། །ད་ནི་ཞུས་ཚིག་ཉི་ཤུ་གཅིག་པ། འདོད་ཆགས་ཞེས་བགྱི་ཇི་ལྟར་ལགས། །ཞེས་བྱ་བའི་ལན་དུ། འདུ་ཤེས་འདོད་ཆགས་བདག་ཉིད་ནི། དངོས་པོ་ལ་ནི་ཆགས་པའི་མཚན། །ཞེས་གསུངས་ཏེ། དེ་ལ་འདུ་ཤེས་ནི་རྒྱ་ཆུང་བ་དང་རྒྱ་ཆེ་བ་དང་ཚད་མེད་པ་སྟེ་འདུ་ཤེས་ཀྱི་ཕུང་པོ་ནི་དཀར་པོ་ལ་སོགས་པའི་མཚན་མ་དང་མངོན་རྟགས་སུ་བཟུང་ནས་དངོས་པོ་དེ་ལ་ཆགས་ཤིང་ཞེན་པའི་མཚན་ཉིད་ཅན་ཡིན་པས་ཉོན་མོངས་པ་འདོད་ཆགས་ཉིད་དང་མཚན་ཉིད་མཚུངས་ཤིང་དབྱེར་མེད་པ་སྟེ། དེ་ལྟ་བུའི་འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པའི་འབྲས་བུ་ནི་པདྨའི་རིགས་ཀྱི་སྐུ་དངོས་སུ་སྣང་བའི་ངོ་བོར་གྲུབ་པ་ཡིན་ལ། ཕྱིན་ཅི་ལོག་གི་འདོད་ཆགས་ཞེན་པའི་མཚན་ཉིད་ཅན་ཡང་དག་པའི་འདོད་ཆགས་ཆེན་པོ་གནས་སུ་དག་པའི་འབྲས་བུ་ནི་པདྨའི་རིགས་ཞེས་བྱ་བའི་ངོ་བོར་གྲུབ་པ་ཡིན་ལ། ཡེ་ཤེས་དང་ཐུགས་རྗེས་ཆོས་ཉིད་དང་སེམས་ཅན་ལ་ཆགས་པ་སྟེ། དཔེ་པདྨ་འདམ་ལས་སྐྱེས་ཀྱང་འབུམ་གྱི་ཉེས་པས་མ་གོས་པ་ལྟ་བུར་གྱུར་པ་ཡིན་ནོ། །ཞུས་ཚིག་ཉི་ཤུ་གཉིས་པ། ཕྲག་དོག་ཞེས་བགྱི་ཇི་ལྟར་ལགས། །ཞེས་པའི་ལན་དུ། འདུ་བྱེད་རྟག་ཏུ་ཕྲག་དོག་སྟེ། །རྩེ་གཅིག་བདག་ཉིད་གཏོང་བའོ། །ཞེས་གསུངས་ཏེ། འདུ་བྱེད་ནི་སེམས་དང་ལྡན་པའི་འདུ་བྱེད་ལྔ་བཅུ་རྩ་གཅིག་དང༌། སེམས་དང་མི་ལྡན་པ་བཅུ་བཞིས་བསྡུས་པ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། དེ་ནི་རྟག་ཏུ་ཕྲག་དོག་ཅེས་བྱ་བ་འདུ་བྱེད་སེམས་པས་བསྐྱོད་ནས་ལྔ་ཀུན་དུ་འགྲོ་བ་དང་འགྲོགས་ཏེ་ལྔ་ཡུལ་སོ་སོར་ངེས་པར་ཡུལ་མ་འདྲེས་པར་རྩེ་གཅིག་ཏུ་བདག་ཉིད་གཏོང་བས་འདུ་བྱེད་དང་ཉོན་མོངས་པ་ཕྲག་དོག་མཚུངས་ཤིང་དབྱེར་མེད་པ་སྟེ། །དེ་ལ་འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པ་ནི་ལས་ཀྱི་རིགས་ཀྱི་སྐུ་དངོས་སུ་སྣང་བའི་ངོ་བོར་གྲུབ་པ་ཡིན་ལ། ཉོན་མོངས་པའི་ཕྲག་དོག་
གཞན་གྱི་ཕུན་སུམ་ཚོགས་པ་ལ་འཁྲུལ་པ། གནས་སུ་དག་པའི་འབྲས་བུ་ནི་ལས་ཀྱི་རིགས་ཀྱི་ངོ་བོར་གྲུབ་པ་ཡིན་ཏེ། ཡང་དག་པའི་ཕྲག་དོག་འཕགས་པ་མཆོད་པ་དང༌། སེམས་ཅན་གྱི་དོན་བྱ་བའི་ལས་ཀུན་བདག་གཅིག་པོ་འབའ་ཞིག་གིས་བྱའི། གཞན་གྱིས་བྱར་མི་གཞུག་གོ་བསམ་པ་དེ་ལྟར་གྱུར་ཏོ། །དེ་ལ་མཚན་ཉིད་ཀྱི་ཐེག་པས་ཕུང་པོ་ལྔ་དང་ཉོན་མོངས་པའི་མཚན་ཉིད་སོ་སོར་སྟོན་ཏེ། ཉོན་མོངས་པ་སེམས་ལས་བྱུང་བར་བཤད་ལ། ཐེག་པའམ་རྒྱུད་འདིའི་བཞེད་ཀྱིས་ཀྱང་དེ་སྐད་བཤད་པའི་སྐབས་ཀྱང་ཡོད་ན། སྤྱིར་ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་མཚུངས་ཤིང་ཐ་མི་དད་པར་བཤད་དེ། དེའི་གཏན་ཚིགས་རྒྱུད་ཕྱི་མ་འདི་ལས་འདི་སྐད་གསུངས་པ་ཡིན་ཏེ། རིགས་ཀྱང་རྒྱུའི་དབང་དུ་བྱས་ནས་ནི་གཏི་མུག་གི་རིགས་ཞེས་བྱ་བར་བརྗོད་ལ། འབྲས་བུ་རྣམ་པར་དག་པའི་དབང་དུ་བྱས་ནས་ནི་དེ་བཞིན་གཤེགས་པའི་རིགས་ཞེས་བྱ་བར་བརྗོད་དོ། །འདི་དག་ཀྱང་ལེའུ་དང་པོ་ལས་དཀྱིལ་འཁོར་འཐོན་པའི་སྐབས་སུ་གཏི་མུག་གི་རིགས་མཆོག་གི་ཡང་མཆོག་ཅེས་བྱ་བ་དང༌། དེ་བས་ན་ཉོན་མོངས་པ་གཏི་མུག་གཅིག་པུ་གནས་སུ་དག་པ་ལས་ཡང་དག་པའི་གཏི་མུག་དེ་བཞིན་གཤེགས་པའི་རིགས་གཅིག་པུར་གྱུར་དུ་ཟད་ཀྱི་ཉོན་མོངས་པ་གཏི་མུག་ཀྱང་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་གཞན་དུ་མའི་ངོ་བོར་གནས་པ་མ་ཡིན་ལ། དེ་རྣམ་པར་དག་པའི་རིགས་ཀྱང་རྣམ་པ་དུ་མར་འགྱུར་བ་འགྲུབ་པ་མ་ཡིན་པས་ན། རིགས་ནི་གཉིས་སུ་མེད་བསྟན་ཏེ། །ཞེས་བྱ་བའི་དོན་ཡང་རིགས་ལྔ་ཀུན་ལ་སྦྱར་ཏེ་བཤད་ལ། རྒྱུ་ཞེས་བྱ་བ་གཉིས་སུ་གྲགས། །ཞེས་བྱ་བའི་དོན་ཡང་རིགས་ལྔ་ཀུན་ལ་སྦྱར་ཏེ་བཤད་པར་བྱའོ། །རྒྱུ་མ་དག་པ་གཉིས་དང་འབྲས་བུ་དག་པ་རྣམ་གཉིས་ཏེ། རྒྱུ་ཡང་སྐུའི་རྒྱུ་དང་རིགས་ཀྱི་རྒྱུའོ། །འབྲས་བུ་ཡང་སྐུའི་ངོ་བོ་དང་རིགས་ཀྱི་ངོ་བོར་གྲུབ་པའི་འབྲས་བུར་རིག་པར་བྱའོ། །འོ་ན་ལྷ་གཅིག་གི་རྒྱུད་ལ་ཡང་རིགས་གསུམ་དང་ལྔ་ཚང་བར་གསུངས་ན། འདིར་འདི་ལྟར་བསྟན་པ། ཅིའི་ཕྱིར་ཞེ་ན། བསྡུ་བའི་དབང་དུ་བཤད་པའི་དུས་ན་རིགས་གཅིག་ལ་མང་པོ་ཚང་ཞིང་འདུ་བར་ཡང་བཤད་ལ། རྣམ་པར་ཕྱེ་
བའི་དབང་དུ་བཤད་ན། སྐུ་གསུང་ཐུགས་ལ་སོགས་པ་སོ་སོར་ཕྱེ་ནས་རེ་རེར་བགྲངས་ཏེ་བསྟན་པ་ཡང་ཡོད་པས་དེ་ལྟར་བསྟན་པ་ཡིན་ལ། འདིའི་སྐབས་སུ་རིགས་ལྔ་དང༌། རིགས་ཀྱི་བདག་པོའམ། དང་པོ་རིགས་ཀྱི་ཁུངས་བྱ་བ་དེ་དང་དྲུག་ཏུ་བཞེད་པས་དེའི་གཞུང་སྒྲུབ་པའི་དོན་ཏུ་འདི་ལྟར་བསྟན་ཏེ། གཞན་གྱི་སྐབས་སུ་བསྡུ་བ་དང་དབྱེ་བར་འདོད་པ་འབྱུང་བའི་ཚེ་ན་ཡང་གང་ལྟར་འདོད་པ་དེའི་དབང་དུ་བྱས་ནས་བཤད་པར་བྱ་སྟེ། འདིས་བཀག་པ་མེད་དོ། །ད་ནི་ཞུས་ཚིག་ཉི་ཤུ་གསུམ་པ། རྡོ་རྗེའི་སྔགས་ནི་ཇི་ལྟར་ལགས། །ཞེས་ཞུས་པའི་ལན་དུ། སྲིད་པ་འབྱུང་བ་ཐམས་ཅད་དུ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །འདོད་ཆགས་ཞེ་སྡང་ལྡན་པ་ཡི། །འདོད་པ་སེམས་སུ་གསུངས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྲིད་པ་འབྱུང་བ་ཞེས་བྱ་བ་ནི་ཉོན་མོངས་པ་ལྔ་དང༌། ཕུང་པོ་རྣམ་པ་ལྔ་པོ་སྐྱེ་བར་སྲིད་པ་དང་གནས་པར་སྲིད་པ་དང༌། འཆི་བར་སྲིད་པ་གསུམ་གྱི་དངོས་པོར་སྐྱེ་ཞིང་འབྱུང་བ་འདི་དག་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པའི་ངག་དུ་རིག་པ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ཡུལ་ཆོས་ཀྱི་དབྱིངས་སུ་གནས་པ་ཡིན་ལ། འདོད་ཆགས་ཞེ་སྡང་བྱ་བ་འདོད་པ་ལྔ་ལ་སོགས་པའི་ཡུལ་ཡིད་དུ་འོང་བ་ལ་ཆགས་ཤིང་ཞེན་ཏེ། བླང་ཞིང་ཞེན་ན། བླང་ཞིང་དབང་དུ་བྱ་བར་འདོད་པ་ནི་དབང་དུ་བྱ་བའི་ལས་སོ། །དགྲ་ལ་སོགས་པ་ཡུལ་ཡིད་དུ་མི་འོང་བ་ལ་ཞེ་སྡང་བ་འཇོམས་ཤིང་འཇིགས་པའམ་སྤང་བར་འདོད་པའི་སེམས་ནི་དྲག་པོ་མངོན་སྤྱོད་ཀྱི་ལས་ཏེ་ལས་བཞི་དང་ཕྲ་མོ་ཐ་དད་པ་མང་པོ་རྣམས་ཀྱང་ཡུལ་བཟང་ངན་ལ་ཆགས་སྡང་རྣམ་པ་གཉིས་སྐྱེ་བ་བླང་དོར་གྱི་དབང་དུ་གསུངས་ཏེ། འདི་གཉིས་སུ་འདུ་བ་ལ་དེ་ལྟར་འདོད་ཆགས་ཞེ་སྡང་དང་ལྡན་པའི་བསམ་པས་སྤོང་ལེན་དུ་འདོད་པ་དེ་ནི་ཡུལ་ལས་སྡང་བས་སེམས་སུ་གསུངས་པ་སྟེ། ཡེ་ཤེས་ཀྱི་རང་བཞིན་དུ་རིག་པར་བྱའོ། །དོན་དབྱིངས་དང་ཡེ་ཤེས་དེ་ལྟར་ཡིན་པ་ལས་ཀྱང་མི་མངའ་ལ་དེ་ཡང་གཅིག་གི་ངོ་བོར་གཅིག་གནས་པ་ལས་མི་འདའ་བ་དང༌། དེའི་རྟགས་ཡབ་ཡུམ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་སྐུར་སྣང་བ་
ལས་མི་འདའ་བས་ན་དམ་ཚིག་ཅེས་བྱ། སྣ་ཚོགས་འདྲ་བ་ཞེས་བྱ་བ་ནི། ཡུལ་སྣ་ཚོགས་པར་སྣང་བ་ནི་ཆོས་ཀྱི་དབྱིངས་ཀྱི་གཟུགས་བརྙན། དམ་ཚིག་གི་ཕྱག་རྒྱ་ཤེས་རབ་ཡུམ་གྱི་སྐུ་སྣང་ལ། སེམས་ཀྱི་རྣམ་པ་སྣ་ཚོགས་པར་སྐྱེ་བ་ནི་ཡེ་ཤེས་ཀྱི་གཟུགས་བརྙན། ཡབ་ཐབས་ཀྱི་ཕྱག་རྒྱ་ཆེན་པོར་སྣང་སྟེ། སེམས་ཡུལ་ལ་འཇུག་པ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའོ། །དེ་ལྟར་ན་དོན་དབྱིངས་དང་ཡེ་ཤེས་དབྱེར་མེད་པར་འདྲ་ཞིང་མཚུངས་ཤིང་རྟགས་ཐབས་དང་ཤེས་རབ་ཀྱང་འདྲ་ཞིང་མཚུངས་པས་ན་དེ་ལྟ་བུའི་རྟོག་པ་དང་ཏིང་ངེ་འཛིན་དང་ལྡན་ན། མངོན་པར་ཕྱོགས་པ་ལས་སྐྱེས་འབྲས། །ཞེས་ཏེ། དོན་དབྱིངས་དང་ཡེ་ཤེས་ལ་མངོན་པར་ཕྱོགས་པ་ལས་སྐྱེས་པའི་འབྲས་བུ་ནི་རྟགས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་འགྲུབ་པར་འགྱུར་རོ། །འདོད་ཆགས་དང་ལྡན་པའི་སེམས་ཀྱི་དབང་གིས་ལས་ལ་མངོན་པར་ཕྱོགས་པ་ལས་སྐྱེས་པའི་འབྲས་བུ་ནི་ཡིད་དུ་འོད་བ་བདག་གིར་བྱས་ནས་དང་དུ་ལེན་པར་འགྲུབ་པར་འགྱུར་ལ། ཞེ་སྡང་དང་ལྡན་པའི་སེམས་ཀྱིས་དྲག་པོའི་ལས་ལ་མངོན་པར་ཕྱོགས་པ་ལས་སྐྱེས་པའི་འབྲས་བུ་ནི་ཡུལ་ཡིད་དུ་མི་འོད་བ་འཇོམས་ཤིང་འཇིག་པར་བྱས་ནས་སྤོང་ཞིང་དོར་དུ་ཡོད་པའི་ལས་གྲུབ་པར་འགྱུར་རོ། །གཉིས་མེད་ཆོས་ཀྱི་ཡེ་ཤེས་ལ། །ཞེས་བྱ་བ་དེ་ལྟར་ཐབས་དང་ཤེས་རབ་ཆགས་སྡང་སྤོང་ལེན་དུ་ལྟ་བ་གཉིས་སུ་མེད་དེ། ཆོས་ཉིད་མཚན་མ་མེད་པའི་དད་ལས་མ་གཡོས་པས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྱུར་པ་ཡིན་ལ། དེའི་དུས་ན་ཕྱི་རོལ་གྱི་ཡུལ་ལ་ཆགས་སྡང་གི་དབང་གིས་ང་རྒྱལ་དུ་སྤྱད་ཀྱང་མངོན་པར་ཞེན་པའི་རྟོག་པ་མེད་པས་ཡུལ་སེམས་དབྱིངས་དང་ཡེ་ཤེས་སུ་རྟོགས་པས་ཡེ་ཤེས་ཆོས་ཀྱི་དབྱིངས་ལས་མི་གཡོ་མི་རྟོག་པས། ཆོས་ཉིད་མི་རྟོག་པའི་དད་དུ་རྨོངས་པས་ཡང་དག་པའི་གཏི་མུག་ཆེན་པོ་ཞེས་བྱ་སྟེ། ཆོས་ཀྱི་སྐུ་འཐོབ་པོ་དྲག་པོའི་ལས་ཀྱི་དུས་སུ་ཡུལ་སེམས་མི་མཐུན་པ་ཐུག་པ་ནི་དབྱིངས་དང་ཡེ་ཤེས་ཕྲད་པ་སྟེ། དྲག་པོའི་ལས་རྩོམ་པ་ནི་ཡུལ་སེམས་སུ་རྟོག་པའི་མཚན་མ་ལ་ཁྲོ་བས་དེ་ལ་ནི་ཐ་སྙད་དུ། །
ཞེ་སྡང་ཞེས་ནི་བསྟན་པ་ཡིན། །ཞེས་བྱ་བ་སྟེ་ཡང་དག་པའི་ཞེ་སྡང་ཆེན་པོའི་རང་བཞིན་ཆོས་ཀྱི་སྐུར་གྲུབ་པའོ། །དབང་གི་ལས་བརྩམས་པའི་དུས་སུ་ཡུལ་སྡུག་པ་བདག་གིར་བྱ་བར་འདོད་ནས་ཞེན་ཅིང་ཆགས་པ་ནི་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་ཆགས་པས་དེའི་དང་ལས་མི་གཡོ་བ་སྟེ། དེ་ལ་ནི་ཐ་སྙད་དུ། མཚན་ཉིད་འདོད་ཆགས་ཀུན་ཞེས་པ། །ཞེས་བྱ་སྟེ་ཡང་དག་པའི་འདོད་ཆགས་ཆེན་པོའི་རང་བཞིན་སྤྲུལ་པའི་སྐུར་གྲུབ་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་འདི་ནི་རྡོ་རྗེ་སྟེ། །ཞེས་བྱ་སྟེ། དེ་ལྟར་ཡུལ་དུ་སྣང་བ་ཐམས་ཅད་ནི་ཆོས་ཀྱི་དབྱིངས། སེམས་སུ་འཛིན་པ་ཐམས་ཅད་ནི་རིག་པའི་ཡེ་ཤེས་ཞེ་སྡང་དྲག་པོའི་ལས་ཀྱིས་ཡུལ་སེམས་ཐུག་པ་ནི་དབྱིངས་དང་ཡེ་ཤེས་སུ་ཕྲད་པ་དྲག་པོའི་ལས་རྩོམ་པ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པས་མཚན་མའི་རྟོག་པ་ལ་ཁྲོ་བ་དབང་གི་ལས་ཀྱི་ཡུལ་ལ་སེམས་ཞེན་པ་ནི་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་ཆགས་པས་དེའི་ངང་ལས་མི་གཡོ་བར་རིག་ཅིང་རྟོགས་པའི་ཡེ་ཤེས་འདི་ནི་སྐུ་གསུམ་དང་དབྱེར་མེད་པའི་ངོ་བོར་གྲུབ་པ་དང༌། ཉོན་མོངས་པའི་སྐྱོན་དུ་མི་འགྱུར་བས་གནོད་པ་གཞན་གྱིས་ཚུར་མི་ཚུགས་པས་ན་རྡོ་རྗེ་ཞེས་བྱ་སྟེ། རྡོ་རྗེའི་སྔགས་ཀྱིས་དམིགས་ཏེ་དེ་ལྟར་ཤེས་ནས་མི་འཆིང་ཞིང་གྲོལ་བ་དང་གྲུབ་པར་འགྱུར་རོ། །ད་ནི་ཞུས་ཚིག་ཉི་ཤུ་བཞི་པ། འདི་ཡི་དགའ་བ་ཇི་ལྟར་ལགས། །ཞེས་པའི་ལན་དུ། བུད་མེད་ཡང་དག་བདེ་བའི་མཆོག །དགའ་བས་ཤིན་ཏུ་ལོངས་སྤྱོད་རྫོགས། །ཞེས་གསུངས་ཏེ། འབྱུང་བ་བཞི་གནས་སུ་དག་པ། ཚད་མེད་པ་བཞི་བསྒོམས་པའི་ཏིང་ངེ་འཛིན་ལས་སུ་རུང་བའི་བག་ཆགས་ཀྱིས་བསླང་པ་ཆོས་ཀྱི་དབྱིངས་ཀྱི་གཟུགས་བརྙན། ཡེ་ཤེས་ཀྱི་ཡུལ་དམ་ཚིག་གི་ཕྱག་རྒྱ་ལྷ་མོ་བཞིར་སྣང་བ་ནི། འཇིག་རྟེན་པའི་ལས་ཀྱིས་བསྐྱེད་པའི་བུ་མོ་རྣམས་ལས་ཁྱད་པར་དུ་འཕགས་པས་བུད་མེད་ཡང་དག་ཅེས་བྱ། དེ་དག་དང་གཉིས་སུ་མེད་པར་སྦྱོར་བ་ནི་ཉན་ཐོས་ཆགས་པ་སྤངས་པ་ལས་ལྟོས་ན་ནི་བདེ་ལ། སོ་སོའི་སྐྱེ་བོ་ཆགས་པ་རང་དགར་སྤྱོད་པ་ལས་ལྟོས་ན་ནི་མཆོག་སྟེ། མྱ་ངན་ལས་འདས་པའི་རང་བཞིན་ནམ་རང་བཞིན་དུ་གྱུར་པས་
ན་བདེ་བའི་མཆོག་ཅེས་བྱའོ། །དེའི་དུས་ན་ཆོས་ཉིད་དང་ཡེ་ཤེས་སྦྱོར་བས་དོན་གྱི་དགའ་བ་དང༌། ཐབས་དང་ཤེས་རབ་ཏུ་སྦྱོར་བས་འཕྲལ་དུ་དགའ་བ་དང༌། རྡོ་རྗེ་དང་པདྨོར་སྦྱོར་བས་ཉམས་དགའ་བའི་རོ་མྱང་སྟེ། དེའི་ནང་དུ་ཕྱི་ནང་གསང་བའི་མཆོད་པ་དང༌། ས་དང་ཕ་རོལ་དུ་ཕྱིན་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པ་མ་ལུས་པར་རྫོགས་ཤིང་ཚང་སྟེ། འཁོར་བར་འཆིང་བའི་ཉེས་པ་མེད་ཅིང་རྣམ་པར་གྲོལ་བ་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོར་གནས་པས་སམ། དེའི་རང་བཞིན་དུ་འགྱུར་བས་ན། དགའ་བས་ཤིན་ཏུ་ལོངས་སྤྱོད་རྫོགས། །ཞེས་བྱ་སྟེ་ཡུམ་དགའ་བ་མ་བཞི་ལ་ཉེ་བར་ལོངས་སྤྱོད་པས་དགོས་པ་ཐམས་ཅད་ཚད་ཞིང་རྫོགས་པར་འགྱུར་བའོ། །གཉིས་སུ་ན་དོན་གྱི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྟགས། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བའི་དུས་ན། ཡབ་ཡུམ་གཅིག་ལ་གཅིག་འཁྱུད་པ་ནི་མོ་ཧ་ར་ཏི་སྟེ་སངས་རྒྱས་སྤྱན་གྱི་རང་བཞིན། རྡོ་རྗེ་དང་པདྨ་སྦྱོར་བ་ནི་དྭེ་ཥ་ར་ཏི་སྟེ་མཱ་མ་ཀཱིའི་རང་བཞིན་བདེ་བ་ཆེན་པོའི་རོལ་ཆགས་ནས་ཞལ་སྦྱོར་བ་ནི་རཱ་ག་ར་ཏི་སྟེ་གོས་དཀར་མོའི་རང་བཞིན་བདེ་བ་ཆེན་པོའི་མཚན་ཉིད་ལ་ཆགས་ནས་ཕྱག་རྒྱ་ཆེན་པོའི་ཞལ་སྦྱོར་དུ་གནས་པ་ནི་བཛྲ་ར་ཏི་སྟེ་སྒྲོལ་མའི་རང་བཞིན། བདེ་བ་ཆེན་པོ་མཁའ་ལ་བབས་པའི་རོ་ལ་ཞེན་པ་ནི་རང་བཞིན་ནོ། །དེ་ལྟ་བུའི་འཇིག་རྟེན་ལས་འདས་པའི་ཆོས་ཉིད་ལ་དགའ་བ་ཆེན་པོའི་ཡོན་ཏན་ཐམས་ཅད་སྡུད་པའོ། །ལ་ལ་ན་རེ་གོང་དུ་གསུངས་པའི་གཉིས་མེད་ཆོས་ཀྱི་ཡེ་ཤེས་ལ་བྱ་བ་ནི་མོ་ཧ་ར་ཏི། ཕན་ཚུན་ཐུག་པ་ནི་བྱ་བ་སྟེ་དྭེ་ཥ་ར་ཏི། མཚན་ཉིད་འདོད་ཆགས་བྱ་བ་རཱ་ག་ར་ཏི། ཡེ་ཤེས་དེ་ནི་རྡོ་རྗེ་བྱ་བ་བཛྲ་ར་ཏི་ཞེས་ཟེར་ན། དེ་ནི་སྔ་མའི་ཚིག་དོན་བཞིན་དུ་རིགས་ཀྱི་ལྷ་མོ་སྦྱོར་བ་འཐད་པར་མ་མཐོང་ངོ༌། །ད་ནི་ཞུས་ཚིག་ཉི་ཤུ་ལྔ་པ། ཕུན་སུམ་ཚོགས་པ་ཇི་ལྟར་བཤད། །ཅེས་པའི་ལན་དུ། འདོད་ཆགས་ཞེ་སྡང་གཏི་མུག་དག །རྟག་ཏུ་རྡོ་རྗེ་དགའ་ལ་གནས། །དེ་དག་སངས་རྒྱས་རྣམས་ཀྱི་ཐབས། །ཕྱག་ན་རྡོ་རྗེ་ཞེས་སུ་བཤད། །ཅེས་གསུངས་
ཏེ། འདོད་ཆགས་དེ་གསུང་གི་བདག་ཉིད་པདྨའི་རིགས་དང༌། ཞེ་སྡང་ཐུགས་ཀྱི་བདག་ཉིད་རྡོ་རྗེའི་རིགས་དང༌། གཏི་མུག་སྐུའི་བདག་ཉིད་དེ་བཞིན་གཤེགས་པའི་རིགས་ཀྱིས་མཚོན་ཅིང་དེས་བསྡུས་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་སྤྱོད་ལམ་རྣམ་བཞི་རྟག་པར་དུས་བཞིར་ལྷ་མོ་རྡོ་རྗེ་དགའ་མ་བཞིའི་མཁའ་དབྱིངས་རྣམ་པར་དག་པ་ཕྱི་ནང་གི་ནམ་མཁའ་རྣམ་པ་གསུམ་དབྱེར་མེད་པའི་དཀྱིལ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ཡེ་ཤེས་ཀྱི་གཞལ་ཡས་ཁང་དབྱིབས་གྲུ་བཞི་ལ་ཕྱི་མཆོད་རྟེན་གྱི་ཚུལ་དུ་གྲུབ་པ། སྐུ་གསུང་ཐུགས་ཀྱི་ངོ་བོ་སུམ་རིམ་དུ་བརྩེགས་པ་ལྟ་བུར་བྱིན་གྱིས་བརླབས་པའི་བྷ་ག་ལ། རྟག་ཏུ་གསང་བའི་རྡོ་རྗེ་གསང་བའི་པདྨ་ལ་གཞག་ནས་གཉིས་སུ་མེད་པའི་སྦྱོར་བའི་དགའ་བ་ལ་གནས་ཏེ་རྩ་བའི་རྒྱུད་ལེའུ་དང་པོའི་སྐབས་སུ་གསུངས་པ་བཞིན་དུ། རྡོ་རྗེ་དང་པདྨར་སྦྱོར་བའི་ཡོན་ཏན་རྣམ་གྲངས་མང་པོ་དང་ལྡན་པར་བཞུགས་ཏེ། འཇིག་རྟེན་པའི་བདེ་བ་ཐམས་ཅད་སྡུད་ཅིང་དེ་ལས་མཆོག་ཏུ་གྱུར་པ་འཇིག་རྟེན་ལས་འདས་པའི་བདེ་བ་གཉིས་སུ་མེད་པའི་རོ་སྐུ་ཉམས་སུ་བསྟར་བ་དང༌། འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རིག་ཅིང་ཉམས་སུ་མྱོང་བའི་རེག་པ་ཉིད་ཀྱི་སྐུ་ཉམས་སུ་བསྟར་པ་ནི་ཕུན་སུམ་ཚོགས་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཕུན་སུམ་ཚོགས་པ་ཞེས་བྱ་ན། ཡུམ་ཡང་སོ་སོའི་རིགས་དང༌། ཁ་དོག་དང༌། གཙོ་པོ་དང༌། རྗེས་སུ་མཐུན་པའི་ཡོན་ཏན་དང༌། སྦྱོར་བའི་ཡན་ལག་བརྒྱད་ལ་སོགས་པས་གཙོ་བོ་མཉེས་པར་བྱེད་པའི་ཕྲིན་ལས་དང་བདེ་བ་མཆོག་གི་རོ་ཡབ་ཡུམ་གཉི་གས་ཐུན་མོང་དུ་མྱོང་བར་ནུས་པའི་རང་གི་ནུས་པའི་རྩལ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་ཏེ། དེ་དག་སངས་རྒྱས་རྣམས་ཀྱི་ཐབས་ཞེས་བྱ་བ་དེ་ལྟ་བུར་གྱུར་པའི་ཡོན་ཏན་དང་ལྡན་པ་དེ་ཡང་འཁོར་ལོས་སྒྱུར་བའམ། འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་ལྟར་ལས་ལས་གྲུབ་པ་མ་ཡིན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་དང༌། སྔོན་གྱི་སྨོན་ལམ་གྱི་དབང་དང༌། འཕྲལ་དུ་འགྲོ་བ་འདུལ་བའི་དུས་མཁྱེན་པའི་ཐབས་
མཁས་པའི་རྣམ་པར་ཐར་པ་ཉིད་དེ་ལྟར་བསྟན་ཅིང་སྣང་བ་ཡིན་ཏེ། ཕྱག་ན་རྡོ་རྗེ་ཞེས་སུ་བཤད། །ཅེས་པ་རྡོ་རྗེ་འཛིན་ཆེན་པོ་ཉིད་ཀྱི་ཡེ་ཤེས་དང་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་གཞན་སྣང་ཞིང་གྲུབ་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ད་ནི་ཞུས་ཚིག་ཉི་ཤུ་དྲུག་པ། གཤིན་རྗེ་མཐར་ཕྱིན་ཅི་ཡི་ཕྱིར། །ཞེས་པའི་ལན་དུ། རྣམ་པར་མི་འཇིག་བདག་ཉིད་ཆོས། །མི་སྐྱེ་བ་ཡི་ངོ་བོ་སྟེ། །དངོས་པོ་ཀུན་གྱི་དམ་ཚིག་པས། །དེས་ན་གཤིན་རྗེ་མཐར་བྱེད་དོ། །ཞེས་གསུངས་ཏེ། དཔེར་ན། འཇིག་རྟེན་པ་རྣམས་ཀྱི་དངོས་པོ་དང༌། མཚན་མ་སྐྱེ་འགག་ཅན་དུ་རྟོག་པའི་དབང་གིས་སྐྱེས་ཤིང་འཇིག་པར་འགྱུར་བ་ཡིན་ལ། དེ་ལྟར་མ་རིག་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེས་ཕུང་པོ་བཤིག་ཅིང་ཚེ་སྲོག་བཅད་པ་མཐོང་བ་དེ་ལས་བཟློག་པར་བསྟན་པའི་ཕྱིར་ན། རྣམ་པར་མི་འཇིག་བདག་ཉིད་ཆོས། །ཞེས་བྱ་སྟེ་ལུས་སེམས་ལ་སོགས་པའི་རྣམ་པར་སྣང་བ་མི་འཇིག་པར་གྱུར་པ་ནི་བདག་ཉིད་ཆོས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་ནས་ཆོས་ཐམས་ཅད་མི་སྐྱེ་བར་ཤེས་པའི་ངོ་བོ་སྟོབས་སུ་གྱུར་པ་སྟེ། དངོས་པོ་ཀུན་གྱི་རང་བཞིན་དེ་ལྟར་ཤེས་ན་སྐྱེ་འཇིག་མེད་པར་འགྱུར་བ་ལས་མི་འདའ་བས། དངོས་པོ་ཀུན་གྱི་དམ་ཚིག་པས། །ཞེས་བྱ་བ་སྟེ་གཏན་ཚིགས་དེས་གཤིན་རྗེ་མཐར་བྱེད་ཅེས་བྱ་སྟེ། གཤིན་རྗེས་ཕུང་པོ་བཤིག་ཅིང་ཚེ་སྲོག་གཅོད་པར་ལྟ་བ་དེའི་མཐར་ཕྱིན་པར་བྱེད་དེ། དེ་ལྟར་སྐྱེ་འཇིག་དང་བྲལ་བའི་རང་བཞིན་དང་ལྡན་པ་ནི་ཡ་མཱནྟ་ཀྲྀཏ་ཅེས་བྱ་བའི་སྙིང་པོ་དང༌། དེ་དང་ལྡན་པའི་ཁྲོ་བོ་དེའི་རང་བཞིན་དུ་བསྟན་པ་ཡིན་ནོ། །ད་ནི་ཞུས་ཚིག་ཉི་ཤུ་བདུན་པ། ཤེས་རབ་མཐར་ཕྱིན་ཇི་ལྟར་ལགས། །ཞེས་པའི་ལན་དུ། རྣམ་པར་མི་ཤེས་བདག་ཉིད་ཆོས། །ཡི་གེ་དམ་པ་རྣམ་པར་དག །ཐམས་ཅད་སེམས་ཀྱི་དམ་ཚིག་པས། །དེས་ན་ཤེས་རབ་མཐར་བྱེད་རྒྱལ། །ཞེས་གསུངས་ཏེ་འཇིག་རྟེན་པས་སེམས་ཀྱི་དྲན་རྟོག་ཚིག་གི་སྨྲ་བརྗོད་ཀྱིས་མཚོན་ནས་རང་དང་རིགས་མཐུན་པ་ལ་སྒྲའི་ཐ་དད་ཀྱི་བྱེ་དྲག་འབྱེད་ཅིང་སྟོན་ཤེས་ཀྱང་དེ་ལ་རང་བཞིན་མེད་པར་མ་རིག་པས་ཆོས་ཉིད་ཇི་བཞིན་པའི་དོན་མ་རྟོགས་པས་ཡང་དག་པའི་དོན་མཐོང་དུ་
མི་སྟེར་བ་ལས་བཟློག་པར་བསྟན་པའི་ཕྱིར་ན། རྣམ་པར་མི་ཤེས་བདག་ཉིད་ཆོས། །ཞེས་བྱ་སྟེ་རྣམ་པར་འབྱེད་མི་ཤེས་པ་མིང་དང་གཟུགས་ཀྱིས་བསྡུས་པ་རྣམས་བདག་ཉིད་ཀྱིས་རང་གི་མཚན་ཉིད་སོ་སོར་རྣམ་པར་འབྱེད་པའི་སྒོ་ནས་རྣམ་པར་མི་གཞིག་པར་ཆོས་ཐམས་ཅད་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོར་རིག་ནས་དེའི་རང་ལས་མི་འགྱུར་བར་གནས་པ་ལ་ནི་ཡི་གེ་ཞེས་བྱ་སྟེ། ཨཀྵ་ར་ཞེས་སྒྲས་དྲངས་ན་འགྱུར་བ་མེད་པ་ཞེས་བྱ་སྟེ། སྟོང་པ་ཉིད་ལས་གཞན་དུ་མི་འགྱུར་བའི་ངང་དུ་གནས་ནས་ཆོས་ཉིད་ཇི་བཞིན་པའི་དོན་མི་རྟོགས་པས་མྱ་ངན་ལས་འདས་པ་ཐོབ་ཏུ་མི་སྟེར་བའི་སྐྱོན་རྣམ་པར་དག་པའོ། །ཐམས་ཅད་སེམས་ཀྱི་དམ་ཚིག་པས། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་སེམས་སུ་སྣང་བ་ཡིན་པས་དེ་ལྟར་སེམས་རང་བཞིན་མེད་པས་ཡུལ་དུ་སྣང་བའི་ཆོས་ཐམས་ཅད་སྟོང་པར་རྟོགས་པར་བྱས་ནས། དེ་ཡི་ངང་ལ་གནས་པར་བྱ། །ཞེས་བསྟན་པ་དེ་ཡང་ཡུལ་སེམས་ཐ་དང་པར་བརྟགས་པས་མི་པན་ཏེ། སེམས་རང་བཞིན་མེད་པར་རྟོགས་ནས་ཆོས་ཐམས་ཅད་ཀྱང་རང་བཞིན་མེད་པར་རྟོགས་པར་འགྱུར་ཏེ། སེམས་ཀྱི་སྤྱོད་ཡུལ་ཆོས་ཐམས་ཅད་ཀྱི་རྣམ་པར་སྣང་བ་ལས་མི་འདའ་སེམས་རང་བཞིན་མེད་པར་རྟོགས་ན་ཆོས་ཐམས་ཅད་རང་བཞིན་མེད་པར་འགྱུར་བ་ལས་མི་འདའ་བས་ན་དམ་ཚིག་པས་ཞེས་བྱ་སྟེ། གཏན་ཚིགས་ངས་ན་པྲཛྙཱནྟཱ་ཀྲྀཏ་ནི་ཤེས་རབ་མཐར་ཕྱིན་རྒྱལ་པོ་ཞེས་བྱ་སྟེ། སེམས་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཡུལ་ཤེས་བྱ་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་མཐར་ཕྱིན་པར་བྱེད་པས་ཤེས་རབ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པས་ན་རྒྱལ་པོ་ཞེས་བྱའོ། །ད་ནི་ཁྲོ་བོ་སྙིང་པོའི་དོན་དང་རང་བཞིན་བསྟན་པའོ། །ད་ནི་ཞུས་ཚིག་ཉི་ཤུ་བརྒྱད་པ། པདྨ་མཐར་ཕྱིན་ཇི་ལྟར་ལགས། །ཞེས་པའི་ལན་དུ། བརྗོད་དུ་མེད་པའི་བདག་ཉིད་ཆོས། །མིང་དང་གཟུགས་ལྡན་ངོ་བོ་མེད། །ཆོས་རྣམས་ཀུན་གྱི་དམ་ཚིག་པས། །དེས་ན་པདྨ་མཐར་ཕྱིན་གཙོ། །ཞེས་གསུངས་ཏེ་འཇིག་རྟེན་པས་ཆོས་ཐམས་ཅད་རང་བཞིན་མེད་པས་བརྗོད་དུ་མེད་པར་མི་རྟོགས་ཏེ། ཚིག་
དང་མིང་དུམ་བརྗོད་ན་གཅིག་ལ་གཅིག་བརྔ་མི་ཕྲད་པས་ཚིག་དང་མིང་དུ་བརྗོད་ཅིང་མཚན་མའི་དངོས་པོར་འཛིན་པས་དམ་ཚིག་དང་མིང་ལ་ཐུག་པ་མེད་ཅིང་མྱ་ངན་ལས་འདས་པའི་དོན་མི་འཐོབ་བོ། །དེ་བཞིན་གཤེགས་པས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཁྱེན་ཏེ། བདག་ཉིད་ཀྱི་ཆོས་ཐམས་ཅད་ཀུན་བརྟགས་ཀྱི་རྣམ་པ་མིང་དང་གཟུགས་སུ་ལྡན་པར་སྣང་ཡང་གཟུགས་འཛིན་རྣམ་པ་གཉིས་སྟོང་བས། གང་གི་ངོ་བོར་ཡང་གྲུབ་པ་མེད་དེ། ཆོས་རྣམས་ཀུན་གྱི་མཚན་ཉིད་མིང་དང་གཟུགས་ཀྱི་མཚན་ཉིད་དང་བྲལ་བའི་ངོ་བོར་གནས་པ་ལས་མི་འདའ། དེ་ལྟར་ཡིན་པའི་དོན་ལ་ཚིག་གི་བརྗོད་དུ་མེད་པ་ལས་མི་འདའ་བས་ན། དམ་ཚིག་ཅེས་བྱ་སྟེ། གཏན་ཚིགས་དེས་ན། པད་མཱནྟ་ཀྲྀཏ་ནི་པདྨ་མཐར་ཕྱིན་རྒྱལ་ཞེས་བྱ་སྟེ། ཚིག་གི་གསུང་རྣམ་པར་འབྱེད་ཀྱང༌། དོན་གྱི་གསུང་བརྗོད་པ་ལས་མི་གཡོ་བས་རྣམ་པར་དག་པའི་པདྨ་ལྟ་བུར་གསུང་གི་རིག་གི་ཉེས་པ་མེད་པའི་མཐར་ཕྱིན་ཏེ། གསུང་རྣམ་པར་དག་པའི་གཙོ་བོར་གྱུར་པའོ། །ད་ནི་ཞུས་ཚིག་ཉི་ཤུ་དགུ་པ། བགེགས་མཐར་ཕྱིན་པ་ཇི་ལྟར་ལགས། །ཞེས་པའི་ལན་དུ། རྣམ་པར་མི་རྟོག་བདག་ཉིད་ཆོས། །རང་བཞིན་གྱིས་ནི་ཞི་བའི་གཟུགས། །རྡོ་རྗེ་ཀུན་གྱི་དམ་ཚིག་པས། །དེ་ནས་བགེགས་མཐར་ཕྱིན་པའི་གཙོ། །ཞེས་གསུངས་ཏེ། འཇིག་རྟེན་པ་ནི་གཟུང་འཛིན་དུ་རྟོག་པའི་སྐྱོན་གྱིས་འདོད་པའི་དངོས་པོ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཡིན་པར་མི་ཤེས་ནས། གཟུང་འཛིན་རྣམ་པ་གཉིས་སུ་རྟོག་ཅིང་ཝ་དང་ནེའུ་ལེ་ཅན་དང༌། རྣམ་པར་འཇིག་པ་དང༌། སོ་གཅིག་པ་དང༌། དེ་ལས་དགྱེས་པ་དང༌། བི་ན་ཡ་ཀ་གླང་མགོ་ཅན་ལ་སོགས་པ་ཡིན་པར་བལྟ་བ་ལས་བཟློག་པའི་ཕྱིར་ན། རྣམ་པར་མི་རྟོག་བདག་ཉིད་ཆོས། །ཞེས་བྱ་སྟེ། ཡུལ་སེམས་གཟུང་འཛིན་གྱི་རྣམ་པར་མི་རྟོག་ཅིང༌། བདག་ཉིད་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་སྟོང་པ་ཉིད་ཀྱི་ངོ་བོར་ངས་པར་རྟོགས་པ་ཞི་བ་ཞེས་བྱ་སྟེ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆ་ལ་ཐ་སྙད་དུ་གཟུགས་ཞེས་གདགས་ཏེ། མཚན་མའི་དངོས་པོར་
གྲུབ་པའམ། གཞིག་ཏུ་ཡོད་པའི་གཟུགས་ཡིན་པར་མི་གཟུང་ངོ༌། །དེ་ལྟ་བུའི་དོན་ནི་རྡོ་རྗེ་ལྟར་འདུས་མ་བྱས་པའི་ཆོས་ཉིད་དང་ཡེ་ཤེས་དབྱེར་མེད་པ་ཡེ་ ཤེས་ཀུན་གྱི་བདག་ཉིད། རྣམ ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་དུ་གནས་པ་ཡིན་པ་ལས་གཞན་དུ་མི་འདའ་བས་ན་དམ་ཚིག་པས་ཞེས་པ་དང༌། ལམ་དང༌། ཟད་པ་དང༌། མི་སྐྱེ་བ་དང༌། ཆོས་དང༌། རྗེས་སུ་ཆོས་ཤེས་པ་དང༌། ཀུན་རྫོབ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། སྒྲ་ཇི་བཞིན་པའི་སྤྱིར་བཏང་བའི་ཡེ་ཤེས་བཅུའི་ངོ་བོར་གྱུར་པ། ཁྲོ་བོ་བཅུའོ་ཞེས་གཞན་དག་གླེང་ངོ༌། །འོན་གསང་བའི་དཀྱིལ་འཁོར་ནས་གདོན་པའི་སྔགས་ནི། བཞི་ལས་མ་གསུངས་ན། འདིར་བཅུ་ཚང་བར་བསྟན་པ་ཅི་དོགས་ཤེས་ན། སྨྲས་པ་བཞི་དབྱུང་བའི་སྔས་བསྟན་པ་ནི། གསང་བའི་དཀྱིལ་འཁོར་དང་ཕྱིའི་དཀྱིལ་འཁོར་གྱི་སྒོ་སྲུང་དུ་དགོད་པར་གསུངས་ལ། འདིར་བཅུར་བསྟན་པ་ནི་སྲུང་བའི་འཁོར་ལོའི་དཀྱིལ་འཁོར་དང༌། ཕྱིའི་དཀྱིལ་འཁོར་དུ་དགོད་པ་དང༌། སོ་སོའི་རྣམ་པར་ཐར་པའི་སྒོར་གྱུར་པའི་ལས་དང༌། སྒྲུབ་པར་ཐ་དད་པ་རྩོམ་པར་དགོངས་པའི་ཕྱིར་རོ། །འོ་ན་གཞན་གྱི་སྒོ་སྲུང་མི་རུང་ངམ་ཞེ་ན། སྨྲས་པ་ཁྲོ་བོ་བཞི་ནི་མངོན་པར་རྟོགས་པའི་ལྷ་ཡིན་པས། ཡན་ལག་བཞི་གནས་སུ་དག་པ་ལས་གྱུར་པའི་ཕྱིར་རིགས་མཐུན་པར་འབྲེལ་ཏེ། ཏིང་ངེ་འཛིན་གྱི་གནས་སྐབས་ན་ལུས་ཀྱི་ཡན་ལག་ལ་བསྒོམ་པ་དང༌། གསང་བའི་དཀྱིལ་འཁོར་དང་ཕྱིའི་དཀྱིལ་འཁོར་དུ་ཡང་སྒོ་སྲུང་བར་རིགས་ལ། ཁྲོ་བོ་ལྷག་མ་དྲུག་ནི་མངོན་པར་རྟོགས་པའི་ལྷག་མ་ཡིན་ཏེ། རྒྱུའི་དུས་ན་སེམས་ལས་བྱུང་བའི་འདུ་བྱེད་ཀྱི་ངོ་བོ་འབྲས་བུའི་དུས་ན་ནི་ལྷག་པའི་བྱང་ཆུབ་ཀྱི་སེམས་ལས་བསྐྱེད་ཀྱང་ཡེ་ཤེས་ཀྱིའམ་བྱིན་རླབས་ལས་བྱུང་བས་མངོན་པར་རྟོགས་པའི་ལྷ་ཡན་ལག་ཏུ་གྱུར་པ་ཡིན་པས་སྒོ་སྲུང་དུ་ནི་མི་དགོད་ལ། ཕྱིའི་དཀྱིལ་འཁོར་དུ་སྤྱིར་དགོད་ཅིང༌། ལས་དང་སྒྲུབ་པ་ཐ་དད་པ་བྱ་བ་དག་བཅོལ་ཞིང་བསྒྲུབ་པར་རིགས་སོ། །སྲུང་བའི་འཁོར་ལོ་དཀྱིལ་འཁོར་དུ་ཚང་བར་བཀོད་པ་ཡང༌། རྩ་བའི་རྒྱུད་དང་ཕྱི་མ་འདི་གཉིས་ཀ་ལས་གསུངས་ལ། སྐུ་མདོག་ལ་སོགས་པའི་རིམ་པ་ནི་རྩ་
བའི་རྒྱུད་དུ་གསུངས་ལ། འདིར་ཞུས་ཚིག་མེད་པར་བཅུ་ཚང་བར་བསྟན་པ་ཡང༌། ལེའུ་དང་པོར་ནི་བཞིར་བསྟན། འོག་ཏུ་ནི་བཅུར་བསྟན། འདི་ཡང་དེ་དང་མི་མཐུན་པར་བསྟན་ཅིང་ཅིའི་ཕྱིར་ཞེས་མ་འོངས་པའི་དུས་ན་གཞན་ཐེ་ཚོམ་ཟ་བར་དོགས་པ་བསལ་པ་དང་། གང་དུ་ཡང་བཅུ་ཀ་ཚང་བར་དགོས་པ་གྲངས་ཀྱི་ཁ་བསྐང་བའི་ཕྱིར་རོ། །སྤྱིར་དེ་ལྟར་ཡིན་ཡང་ཁྲོ་བོ་དེ་དག་གི་བྱེ་བྲག་ངོ་ཤེས་པར་བྱ་བའི་ཕྱིར་མུ་རྣམ་པ་བཞིར་བཤད་དེ། མངོན་པར་རྟོགས་པའི་ལྷ་ནི་ཡིན་ལ། དཀྱིལ་འཁོར་གྱི་ལྷ་མ་ཡིན་པ་ནི་སའི་སྙིང་པོ་ལ་སོགས་པ་དྲུག་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། མིག་ལ་སོགས་པའི་རང་བཞིན་གནས་སུ་དག་པ་ནི་ཡིན་ལ། ཕྱི་རོལ་དུ་གདོན་པའི་སྔགས་མ་གསུངས་པས་ཕྱིའི་དཀྱིལ་འཁོར་དེ་ལྟར་ཡིན་དུ་ཟིན་ཀྱང་མངོན་པར་རྟོགས་པ་དང་སྔགས་མ་གསུངས་ན། ཁོར་བོ་ཡིན་ནམ་མ་ཡིན་སྙམ་པ་དེའི་ཕྱིར་ན། དགུག་པའི་རྒྱལ་པོ་ལ་སོགས་དྲུག །ཁྲོ་བོ་ཞེས་སུ་རྣམ་པར་གྲགས། །ཞེས་གསུངས་ཏེ། གང་དུ་གསུངས་པ་ཉིད་འདིར་འགུགས་པ་ཞེས་སྨོས་པའི་ཕྱིར། འདོད་པའི་རྒྱལ་པོ་ལ་སོགས་པའི་སྒྲས་ལྷག་མ་ལྔ་བསྡུས་པའི་གསང་བའི་དཀྱིལ་འཁོར་ནས་ཕྱི་རོལ་དུ་འདོན་པའི་སྔགས་སུ་ཟིན་ཀྱང་ཁོར་བོ་ཡིན་པར་ངེས་ཞེས་པའི་དོན་དུ། དེ་བཞིན་དུ་ལྷག་མ་གཞན་ནས་བསྟན་པའི་ཕྱིར་ན། ས་ལ་སོགས་པ་ལྔ་དག་དང༌། །རྡོ་རྗེ་ལ་སོགས་དམ་ཚིག་དྲུག །འབྱུང་དང་འབྱུང་ལས་གྱུར་བསྟན་པ། །རིག་པའི་རྒྱལ་པོ་ཡིན་པར་གྲགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ས་ལ་སོགས་པ་ཞེས་བྱ་བ་ནི་གླེང་གཞིའི་ལེའུ་ལས། ས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལྔ་ལ་བྱའོ། །རྡོ་རྗེ་ལ་སོགས་དམ་ཚིག་ཅེས་བྱ་བ་ནི། །དམ་ཚིག་རྡོ་རྗེ་བྱང་ཆུབ་སེམས་སྤང་བར་དཀའ་བ་རྡོ་རྗེ་ལྟ་བུ། སེམས་ཀྱི་རྒྱུད་ལ་ཞེན་ཅིང་དབྱི་བར་མི་ནུས་པ་དང་ལྡན་པའི་སེམས་ཅན་ཐམས་ཅད་ལ་བདག་ཉིད་ཀྱི་ཉོན་མོངས་པ་གནས་སུ་དག་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེན་ཅིང་རྣམ་པར་སྦྱངས་ནས། སེམས་ཅན་དེ་དག་ཐམས་ཅད་ཀྱི་སྒོ་གསུམ་གྱི་ལས་དང་ཉོན་མོངས་པར་བཅས་པ་རྣམ་པར་དག་པར་བྱེད་དོ། །དེ་
ལྟར་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་གྱི་ལས་དང་ཉོན་མོངས་པ་དག་པར་བྱས་བས་དག་པ་དེ་ལས་སྐྱེས་པའི་འབྲས་བུ་ནི་བདག་ཉིད་ཁྲོ་བོ་བགེགས་མཐར་བྱེད་ཀྱི་སྐུ་མཚན་མར་སྣང་བ་གྲུབ་པ་ཡིན་ལ། གཞན་ལ་ཡང་དེ་ལྟ་བུའི་སྐུར་སྐྱེད་པར་བྱེད་དོ། །དེ་ལྟར་ཁྲོ་བོ་བཞིའི་དོན་ཞུས་ནས་བཤད་པས་མཚོན་ནས་ཁྲོ་བོ་ཕྱི་མ་དྲུག་ཀྱང་མ་ཞུས་བཞིན་དུ་དེའི་ཞོར་ལ་བཤད་པའི་ཕྱིར་ན། གཟུང་བ་དང་ནི་དགའ་བ་དང༌། །དེ་བཞིན་ཚུལ་དང་མི་གཡོ་དང༌། རྒྱུ་དང་འབྲས་བུ་དག་དང་ནི། །དྲུག་པོ་ཐུགས་ལས་ཡང་དག་འབྱུང༌། །ཞེས་བྱ་བ་ལ་སོགས་པ་སྟེ། གཟུང་བ་ནི་ཡུལ་དངོས་པོར་མ་གྲུབ་པའི་ཆོས་ཉིད་ལ་འཛིན་པའི་སེམས་མ་གྲུབ་པའི་ཡེ་ཤེས་ཀྱིས་གཉིས་སུ་མེད་པར་རྟོགས་པ་སྟེ་འདོད་པའི་རྒྱལ་བོའོ། །དེའི་དོན་ལ་དགའ་བ་ནི་གཏོང་མི་ཕོད་པར་ཞེན་པ་སྟེ། དབྱིག་པ་སྔོན་པོ་ཅན་ནོ། །ཚུལ་ནི་དེ་དང་རྗེས་སུ་མཐུན་པར་དེ་ལ་འཇུག་པ་སྟེ་སྟོབས་པོ་ཆེའོ། །མི་གཡོ་བ་ནི་དོན་དེ་མངོན་དུ་བྱས་པའི་ངན་ལ་ངས་པ་ལས་གཞན་དུ་མི་གཡོ་བ་སྟེ། མི་གཡོ་མགོན་པོའོ། །དེ་ལྟར་ཡུལ་སེམས་གཉིས་སུ་མེད་པར་རྟོགས་པའི་ཡེ་ཤེས་དེ་ཡང་རྒྱུད་པདྨ་ལྟ་བུར་འཁོར་བའི་ཉེས་པ་དག་པ་ལས་འཁྲུངས་ཤིང་བྱུང་བས་ན་རྒྱུ་དེའི་ངོ་བོ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའོ། །ཉེས་པ་དག་པའི་འབྲས་བུར་གྱུར་པ་ནི་ཡེ་ཤེས་རྣམ་པར་དག་པའི་ཐུགས་སུ་གྲུབ་པས་དེ་ལྟ་བུའི་འབྲས་བུའི་ངོ་བོ་ནི་གནོད་མཛེས་ཆེན་པོའོ། །དྲུག་པོ་སེམས་ལས་ཡང་དག་འབྱུང༌། །ཞེས་བྱ་བ་ནི་ཁྲོ་བོ་དེ་དག་སེམས་ལས་འབྱུང་བའི་ཆོས་གནས་སུ་གྱུར་པའི་མཚན་ཉིད་དེ་ཡེ་ཤེས་ཀྱི་བྱིན་རླབས་ལས་བྱུང་བར་རིག་པར་བྱའོ། །ཟབ་མོའི་དབང་དུ་བྱས་ཏེ་བཤད་ན། གཙོ་བོ་ཡབ་ཡུ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བའི་དུས་ན་ལག་པ་གཡས་པས་དཔུང་པ་ནས་བཟུང་པ་ལྕགས་ཀྱུའི་དོན་ཏེ་གཤིན་རྗེ་གཤེད་ཀྱི་རང་བཞིན། གཡོན་པས་འཁྱུད་པ་ཞགས་པའི་དོན་ཏེ་གཞན་གྱིས་མི་ཐུབ་པ། གསང་བའི་དབང་པོ་སྤྲོད་པ་སྒྲོག་གི་དོན་ཏེ་རྟ་མགྲིན། རྡོ་རྗེ་བསྐྱོད་པ་དྲིལ་བུའི་དོན་ཏེ་བདུད་རྩི་འཁྱིལ་པ། ཡུམ་ཆགས་པའི་ཡུལ་དུ་བཟུང་བས། ཏིང་
ངེ་འཛིན་དམ་པོས་མི་གཏོང་བས་འདོད་པའི་རྒྱལ་པོ། གཉིས་སུ་མེད་པའི་ཆགས་པ་ཆེན་པོའི་བདེ་བའི་རོ་ལ་དབྱིག་སྔོན་ཅན། གཉིས་སུ་མེད་པའི་ཚུལ་དེ་དང་ལྡན་པས་སྟོབས་ཆེན་པོ། གཉིས་སུ་མེད་པའི་ངང་ལས་གཞན་དུ་མི་གཡོ་བར་གནས་པས་མི་གཡོ་མགོན་པོའོ། །དེ་ལ་གསང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་སོ་སོའི་ཆེ་བའི་ཡོན་ཏན་དང་བཅས་པ་འཐོན་ལ་མ་ཐོགས་པ་ཉེར་བསྡོགས་སུ་གནས་པའི་ངོ་བོ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ། འབྲས་བུ་མངོན་དུ་འབྱུང་བའི་ངོ་བོར་གནས་པ་ནི་གནོད་མཛེས་ཆེན་པོའོ། །དྲུག་པོ་སེམས་ལས་ཡང་དག་འབྱུང༌། །ཞེས་བྱ་བ་ནི་ཁྲོ་བོ་དེ་དག་ཀྱང་གསང་བ་བྱང་ཆུབ་སེམས་ཀྱི་རང་བཞིན་དོན་དམ་པ་དང༌། ཀུན་རྫོབ་བྱང་ཆུབ་སེམས་རྣམ་གཉིས་དང་དབྱེར་མེད་པ་ལས་བྱུང་ཞིང་འཐོན་པར་བསྟན་པ་ཡིན་ནོ། །གཉིས་སུ་མི་དགེ་བ་བཅུ་གནས་སུ་དག་པའི་འབྲས་བུ་ཡོན་ཏན་རྟགས་སུ་སྣང་བར་ཡང་བཤད་ལ། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་ཆེན་པོའི་དང་དུ་ལོངས་སྤྱད་ནས་གནས་སུ་དག་པར་བྱ་བའི་ཕྱིར་ཕྱིན་ཅི་ལོག་གི་ཞེ་སྡང་གི་ཉེས་པ་ཟད་ནས་ཐུགས་ཀྱི་རིགས་ཀྱི་ངོ་བོར་གྱུར་པ། ཤེས་བྱའི་ཡུལ་ཐོགས་པ་མེད་པར་ཤེས་པའི་མཐར་ཕྱིན་པས་ན་ཤེས་རབ་མཐར་ཕྱིན་ཡིན་ཞེས་བྱའོ། །སེམས་ནི་མཐར་བྱེད་གྱུར་པས་ན། །ཞེས་བྱ་བ་ནི་གཟུང་འཛིན་དང་བཅས་པའི་སེམས་བདག་གཞན་དུ་རྟོག་པའི་ཆགས་སྡང་སྐྱེ་བ་གནས་སུ་དག་པའི་མཐར་ཕྱིན་པས་ཁྲོ་བོ་ཤེས་རབ་མཐར་ཕྱིན་གྱི་སྐུ་མཚན་མར་གསལ་བར་གྲུབ་པར་གྱུར་པ་ཡིན་བས་གཏན་ཚིགས་དེས་ན་ཉོན་མོངས་མཐར་ཕྱིན་གྱུར། །ཞེས་བྱ་སྟེ་གཟུང་འཛིན་དང་བཅས་པའི་སེམས་བདག་གཞན་དུ་རྟོག་པའི་ཆགས་སྡང་སྐྱེ་བའི་ཉོན་མོངས་པ་ཟད་པའི་རྣམ་པར་དག་པའི་མཐར་ཕྱིན་པར་བྱས་པའོ། །དེ་ནི་པདྨ་མཐར་བྱེད་ཀྱི་རིགས་དང་སྐུའི་དོན་བསྟན་པའི་ཕྱིར་ན། འདོད་ཆགས་འདོད་ཆགས་ལོངས་སྤྱོད་པས། །འདོད་ཆགས་ཟད་ཕྱིར་པད་མཐར་ཕྱིན། །ཚིག་ནི་མཐར་ཕྱིན་གྱུར་པ་ན། །སྙོམས་འཇུག་མཐར་ཕྱིན་དེ་བཞིན་ནོ། །ཞེས་གསུངས་ཏེ། ཡང་དག་པའི་འདོད་ཆགས་ཆེན་པོ་ཡེ་ཤེས་དང་ཐུགས་རྗེ་ཆོས་ཀྱི་དབྱིངས་དང་སེམས་ཅན་གྱི་དོན་ལ་ཆགས་
པས་ལོག་པའི་འདོད་ཆགས་ཡུལ་ཡིད་དུ་འོང་བ་ལ་ཞེན་ཅིང་གཏོང་མི་ཕོད་པ། གཉེན་པོས་མ་སྤངས་པར་ཡང་དག་པའི་འདོད་ཆགས་ཆེན་པོའི་ངང་དུ་ལོངས་སྤྱད་ནས། གནས་སུ་དག་པས་འདོད་ཆགས་ཀྱི་ཉེས་པ་ཟད་པར་བྱས་པས་ནི་པདྨ་མཐར་ཕྱིན་གྱི་རིགས་ཀྱི་ངོ་བོར་གྱུར་པས། འདོད་ཆགས་ཟད་ཕྱིར་བད་མཐར་ཕྱིན། །ཞེས་བྱའོ། །ཚིག་ནི་མཐར་ཕྱིན་གྱུར་པས་ན། །ཞེས་བྱ་བ་ནི་ཡེ་ཤེས་དང་ཐུགས་རྗེ་ཆོས་ཀྱི་དབྱིངས་དང༌། སེམས་ཅན་གྱི་དོན་ལ་ཆགས་པའི་ངོ་བོར་བཞུགས་པས། སེམས་ཕྱིའི་ཡུལ་ལ་མི་འཇུག་པས་ཡུལ་མཚོན་པའི་ཚིག་གེ་བརྗོད་པ་མི་འབྱུང་བ་སྟེ། ཚིག་གི་གསུང་རྗོད་པར་བྱེད་པ་མཐར་ཕྱིན་པས་དོན་གྱི་གསུང་བརྗོད་པ་མེད་པའི་ངང་ལ་གནས་པའི་རྟགས་སུ་པདྨ་མཐར་ཕྱིན་གྱི་སྐུ་མཆན་མར་གསལ་བ་གྲུབ་པས་ཚིག་གི་མཐར་ཕྱིན་ཞེས་བྱ་བ། གསུང་བརྗོད་བ་དང་བརྗོད་པ་མེད་པར་མཐར་ཕྱིན་པ་ཇི་ལྟ་བ་བཞིན་དུ། སྙོམས་འཇུག་མཐར་ཕྱིན་དེ་བཞིན་ནོ། །ཞེས་བྱ་སྟེ་ཡེ་ཤེས་དང་ཐུགས་རྗེས་ཆོས་ཀྱི་དབྱིངས་དང་སེམས་ཅན་གྱི་དོན་ལ་ཆགས་པའི་ངང་ལ་སྙོམས་པར་འཇུག་པའི་ཏིང་ཇེ་འཛིན་ཡང་མཐར་ཕྱིན་པར་གྱུར་པ་ནི། ཁྲོ་བོ་པདྨ་མཐར་བྱེད་ཀྱི་སྐུ་མཚན་མར་གསལ་བ་གྲུབ་པ་ཡིན་ནོ། །ད་ནི་བགེགས་མཐར་བྱེད་ཀྱི་རིགས་ཀྱི་ངོ་བོ་དང་སྐུའི་དོན་བསྟན་པའི་ཕྱིར། སྒྲིབ་པ་ཀུན་ཟད་ཡེ་ཤེས་པས། །བགེགས་མཐར་ཕྱིན་པ་ཞེས་སུ་བཤད། །ཉོན་མོངས་རྡོ་རྗེ་ཞེན་སེམས་ཅན། །ཐམས་ཅད་ལས་ནི་རྣམ་དག་འགྱུར། །ཞེས་པ་ལ་སོགས་པ་གསུངས་ཏེ། གོང་དུ་བསྟན་བལྟ་བུའི་དོན་གྱི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང༌། གཟུང་འཛིན་དང་གཟུང་འཛིན་གྱི་བག་ཆགས་དང་བཅས་པ་གཉེན་པོས་མ་སྤངས་པར་དངོས་སུ་སྤྱད་པས་རང་བཞིན་གྱི་གནས་རྣམ་པར་དག་བས། ཐར་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་ཐམས་ཅད་ཟད་པར་བྱས་ནས། ཤེས་བྱའི་ཡུལ་ལ་ཆགས་ཐོགས་མེད་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་རང་བཞིན་མེད་པའི་རྟོགས་པའི་ཡེ་ཤེས་བརྙེས་པས་བགེགས་མཐར་ཕྱིན་པའི་རིགས་ཀྱི་ངོ་བོར་གྱུར་པས། བགེགས་མཐར་ཕྱིན་པ་ཞེས་སུ་བཤད། །ཅེས་བྱའོ། །ཉོན་མོངས་རྡོ་རྗེའི་ཞེན་
སེམས་ཅན། །ཞེས་བྱ་བ་དེ་ལྟར་བདག་ཉིད་གྱུར་པར་མ་ཟད་ཉོན་མོངས་པ་ལམ་དང་གཉེན་པོས་གཞིག་ཅིང་བྱ་སྟེ། གཏན་ཚིགས་དེ་ནི་བིགྣཱནྟ་ཀྲྀད་ལ། བགེགས་མཐར་ཕྱིན་པའི་གཙོ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཟད་ཅིང་མཐར་ཕྱིན་པར་གསལ་ནུས་པ་སྟེ། དེ་ནི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པས་གཙོ་ཞེས་བྱ་བའོ། །ད་ནི་དོན་དེ་དག་རྟོགས་པར་གྱུར་པའི་ཡོན་ཏན་བསྟན་པའི་ཕྱིར་ན། མི་འཇིག་རྣམ་པར་མི་ཤེས་དང༌། །བརྗོད་མེད་རྣམ་པར་མི་རྟོག་པ། །སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། །ཤེས་ནས་ཡེ་ཤེས་ཐོབ་པར་འགྱུར། །ཞེས་གསུངས་ཏེ། སྐྱེ་བ་མེད་པ་རྟོགས་པས་མི་འཇིག་པ་དང༌། སྟོང་པ་ཉིད་ཀྱི་ངང་ལ་གནས་པ་ལས་གཞན་དུ་མི་འགྱུར་བས་རྣམ་པར་མི་ཤེས་པ་དང༌། མིང་དང་གཟུགས་ཀྱི་ཐ་སྙད་དང་བྲལ་བས་བརྗོད་དུ་མེད་པ་དང༌། མཚན་མའི་དངོས་པོ་སྤངས་པས་རྣམ་པར་མི་རྟོག་སྟེ། བཞི་པོ་དེ་ནི་སངས་རྒྱས་ཀྱིས་རྟོགས་པའི་བྱང་ཆུབ་ཀྱང་དེ་ཡིན་ལ། །ཤེས་བྱ་མཁྱེན་པའི་ཡེ་ཤེས་ཀྱང་དེ་ཡིན་ཏེ། དེ་ལྟ་བུའི་སངས་རྒྱས་ཀྱི་བྱང་ཆུབ་དང༌། ཡེ་ཤེས་འདི་ཤེས་ཤིང་རྟོགས་ན་དེ་ལྟར་རྟོག་པ་དེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་སྤྱིའི་ངོ་བོ་དང༌། མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་བཤད་དེ། དེ་ནི་ཁྲོ་བོ་རྣམས་ཀྱི་སོ་སོའི་རང་བཞིན་དང༌། སྤྱན་དྲངས་པའི་སྔགས་ཀྱི་དོན་སྟོན་པའོ། །ད་ནི་རིགས་ཀྱི་ངོ་བོ་དང༌། སྐུའི་དོན་བསྟན་ཏེ། དེ་ཡང་དང་པོ་གཤིན་རྗེ་རིགས་ཀྱི་ངོ་བོ་དང་སྐུའི་དོན་བསྟན་པའི་ཕྱིར་ན། གཏི་མུག་གཏི་མུག་ལོངས་སྤྱོད་པས། །གཏི་མུག་ཟང་ཕྱིར་གཤིན་རྗེ་གཤེད། །གཟུགས་ཀྱི་མཐར་ཕྱིན་གྱུར་པས་ན། །དེས་ན་ཤེས་རབ་མཐར་ཕྱིན་འགྱུར། །ཞེས་གསུངས་ཏེ་ཡང་དག་པའི་གཏི་མུག་ཆེན་པོ་རྣམ་པར་མི་རྟོག་པའི་ངང་དུ་རྨོངས་པ། ལོག་པའི་གཏི་མུག་རྒྱུ་དང་འབྲས་བུ་དང་ཡང་དག་པའི་དོན་ལ་རྨོངས་པ་དེ་དག་གཉེན་པོས་མ་སྤོངས་པར་མི་རྟོག་པའི་ངང་དུ་ལོངས་སྤྱོད་པས་རྨོངས་ཤིང་ཕྱིན་ཅི་ལོག་ཏུ་ཤེས་པའི་གཏི་མུག་ཟད་ཅིང་མཐར་
ཕྱིན་པར་བྱ་བའི་ཕྱིར་ན་གཤིན་རྗེ་གཤེད་ཀྱི་ངོ་བོར་གྲུབ་པ་ཡིན་ལ། གཟུགས་ནི་མཐར་ཕྱིན་གྱུར་པས་ན། །ཞེས་བྱ་བ་གཟུགས་ཀྱི་ཕུང་པོ་ཟག་པ་དང་བཅས་པ་མ་རྟག་པ་དང་སྡུག་བསྔལ་དང༌། སྟོང་པ་དང༌། བདག་མེད་པའི་རང་བཞིན་དུ་ཤེས་ཤིང་མཐར་ཕྱེན་པར་བྱས་པ་ལས་ནི། ཟག་པ་མེད་པའི་ཕུང་པོ་གཤིན་རྗེ་གཤེད་ཀྱི་སྐུ་མཚན་མར་སྣང་བ་འགྲུབ་པར་འགྱུར་བ་ཡིན་བས་ན། གཏན་ཚིགས་དེས་ན་ཤེས་བྱ་མཐར་ཕྱིན་འགྱུར་ཞེས་བྱ་སྟེ། གཏི་མུག་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གྱུར་པས་གཟུགས་རང་བཞིན་མེད་པར་རྟོགས་པས་ཤེས་བྱའི་ཡུལ་ཆོས་སྤྱི་དང༌། རང་གི་མཚན་ཉིད་ཇི་ལྟ་བའམ་ཇི་སྙེད་པ་ལ་མཚན་མར་མི་རྟོག་པས། རྣམ་པར་འབྱེད་པའི་འདུ་ཤེས་མི་འཇུག་པའི་ཕྱིར་ཤེས་པར་བྱ་བ་མཐར་ཕྱིན། མི་ཤེས་པ་མེད་པའི་མཐར་ཕྱིན་པར་གྱུར་པའོ། །ད་ནི་གཞན་གྱིས་མི་ཐུབ་པའི་ངོ་བོ་དང་སྐུའི་དོན་བསྟན་པའི་ཕྱིར་ན། ཉེས་པས་ཉེས་པ་ལོངས་སྤྱོད་ཕྱིར། ཉེས་ཟད་ཤེས་རབ་མཐར་ཕྱིན་ཡིན། །སེམས་ནི་མཐར་བྱེད་གྱུར་པས་ན། །དེས་ན་ཉོན་མོངས་མཐར་ཕྱིན་གྱུར། །ཞེས་གསུངས་ཏེ། ཉེས་པ་ནི་ཞེ་སྡང་སྟེ། དེ་ལ་ཡང་དག་པའི་ཞེ་སྡང་ཆེན་པོ་མཐའ་གཉིས་ལ་ཁྲོ་བས་ཕྱིན་ཅི་ལོག་གི་ཞེ་སྡང་གཟུང་འཛིན་དུ་རྟོག་པས་མནར་སེམས་དགུ་དང་ལྡན་པ་གཉེན་པོས་མ་སྤངས་པར་ཡང་དག་པའི་ཞེ་སྡང་བ། སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་དྲུག་གོ །དེ་དག་ཀྱང་འབྱུང་བ་ཞེས་བྱ་བ་ནི་འབྱུང་བ་ལྔ་རྣམ་པར་དག་པ། སངས་རྒྱས་སྤྱན་ལ་སོགས་པའི་ཡུམ་དང༌། འབྱུང་བ་ལས་གྱུར་ཞེས་བྱ་བ་ནི་དམ་ཚིག་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་སུ་བསྟན་པ་ཡིན་ལ། ཡིད་གནས་སུ་དག་ནས་མངོན་པར་བྱང་ཆུབ་པ་ཀུན་དུ་བཟང་པོ་མ་གཏོགས་སོ། །དེ་དག་ལ་ནི། རིག་པའི་རྒྱལ་པོར་རྣམ་པར་གྲགས། །ཞེས་བྱ་སྟེ། གུ་གུ་ལ་མོའི་སྒྲ་ཡོད་པས་རིག་པ་ནི་ལྷ་མོ་ལ་བྱ། དེའི་རྒྱལ་པོ་གྱུར་པ་ནི་ཡབ་སེམས་དཔའ་རྣམས་ཡིན་པས་དེ་སྐད་གྲགས་ཞེས་བྱ། རྡོ་རྗེ་གཟུགས་ལ་སོགས་པ་དྲུག །རྡོ་རྗེ་བདག་པོ་ཞེས་སུ་བཤད། །ཅེས་བྱ་བ་ནི་གཟུགས་རྡོ་རྗེའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་
སོགས་པ་འདོད་པའི་ཡོན་ཏན་གྱི་ལྷ་མོ་རྣམ་པ་དྲུག་གོ །རྡོ་རྗེ་ནི་ཡེ་ཤེས་ཀྱི་རང་བཞིན་སེམས་དཔའ་རྣམས་ཡིན་ལ། དེའི་བདག་པོར་གྱུར་པ་ནི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་ཡིན་པས་དེ་སྐད་ཅེས་བྱའོ། །གཉིས་སུ་ན་རྡོ་རྗེ་ནི་ཡབ་སེམས་དཔའ་རྣམས་ཀྱི་གསང་བའི་རྡོ་རྗེ་ལ་བྱ་ལ། དེའི་བདག་པོ་ནི་གསང་བའི་པདྨ་དང་ལྡན་པའི་སེམས་མ་རྣམས་ལ་བྱའོ་ཞེས་བཤད་དོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །བདག་ཉིད་ཆེན་པོ་འབྱུང་བ་ཡིན། །ཞེས་བྱ་བ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་རྡོ་རྗེའི་སྐུ་གསུང་ཐུགས་རྡོ་རྗེ་ལས། སེམས་དཔའ་དང་སེམས་མ་ཡབ་ཡུམ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་བདག་ཉིད་དུ་གནས་པ་དེ་དག་འབྱུང་ཞིང་འཐོན་པ་ཡིན་པས་གསང་བའི་དཀྱིལ་འཁོར་དུ་བསྐྱེད་ནས་ཕྱིའི་དཀྱིལ་འཁོར་དུ་སྤྱན་འདྲེན་པའི་དུས་ན་འདི་དག་ལ་རང་རང་གི་སྔགས་འབྱུང་བ་རྣམས་ནི་དེ་དངོས་བརྗོད་པས་སྤྱན་དྲང་ལ་རང་སྔགས་གསལ་བར་མ་གསུངས་པ་རྣམས་ནི་རྒྱུད་འཆད་པའི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེའི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་གྱི་སྙིང་པོ་ཨོཾ་ཨཱཿ་ཧཱུཾ་ཞེས་བརྗོད་པས་ཕྱུང་ལ་ཕྱིའི་དཀྱིལ་འཁོར་དུ་སོ་སོའི་གནས་གང་ཡན་པར་གཞག་པར་བྱའོ། །ད་ནི་ཞུས་ཚིག་སུམ་ཅུ་པ། །མགོན་པོ་ཀུན་དུ་སྤྱོད་པ་ཅི། །ཞེས་པའི་ལན་དུ། ཤེས་རབ་ཐབས་ལས་ཕུང་པོ་འབྱུང༌། །ཁམས་དང་སྐྱེ་མཆེད་གཉིས་ཀྱིས་གཟུགས། །རྫོགས་དང་རིམ་པར་སྦྱོར་བ་ཡིས། །སྔགས་པ་རྣལ་འབྱོར་དབྱུང་བར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ། ཤེས་རབ་ཐབས་ལས་ཕུང་པོ་འབྱུང༌། །ཞེས་བྱ་བ་ནི་ཤེས་རབ་སྤྲོས་པ་དང་བྲལ་བ་དང་ཐབས་མི་དམིགས་པའི་ཐུགས་རྗེ་ཆེན་པོ་ཟུང་དུ་འབྲེལ་བ་ལས་ཕུང་པོ་ལྔ་གནས་སུ་དག་པ་ཡབ་ལྔའི་སྐུ་དང༌། འབྱུང་བ་ལྔ་གནས་སུ་དག་པ་ནི་ཡུམ་ལྔའི་སྣང་བའོ། །དེ་ལྟ་བུའི་ཡབ་ཡུམ་དེ་གཉིས་ཀྱི་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་ཀྱི་ངོ་བོ་ནི་སེམས་དཔའ་དང་སེམས་མའི་གཟུགས་ཕྱག་རྒྱ་ཆེན་པོ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་སྣང་བ་སྟེ། དེ་ཡང་དབང་པོ་དང་རྣམ་པར་ཤེས་པ་རྣམ་པར་དག་པ་
ནི་སེམས་དཔའ་དེས་སྤྱད་པར་བྱ་བའི་ཡུལ་དུ་སྣང་བ་ནི་སེམས་མ་སྟེ། རྒྱུའི་དུས་ན་ཡུལ་སེམས་ཆོས་ཉིད་ཀྱིས་འབྲེལ་བ་དེ་འབྲས་བུའི་དུས་ན་རང་བཞིན་གྱིས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་གནས་པར་ཟད་ཀྱི། གཞན་གྱིས་ནན་གྱིས་འབྲེལ་བ་ལྟ་བུ་ནི་མ་ཡིན་ནོ། །རྫོགས་དང་རིམ་པར་སྦྱོར་བ་ཡིས། །སྔགས་པས་རྣལ་འབྱོར་དབྱུང་བར་བྱ། །ཞེས་བྱ་བ་ནི་ལྷ་མོ་དེ་དག་ཀྱང་ཕྱག་རྒྱ་ཆེན་པོ་ཡན་ལག་དང་ཉིང་ལག་ཡོངས་སུ་རྫོགས་པ། གཙོ་བོ་ནས་འཁོར་གྱི་རིམ་པ་ཇི་ལྟ་བ་བཞིན་དུ་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བ་གཉི་གའི་ཕྱི་ནང་གི་སྐྱེ་མཆེད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གནས་པ་ཡང་གཉིས་སུ་མེད་པར་ཞལ་སྦྱོར་བར་བཞུགས་པར་རིག་པར་བྱའོ། །དེ་ཡང་གང་གིས་ཤེ་ན། སྔགས་པས་རྣལ་འབྱོར་དབྱུང་བར་བྱ། །ཞེས་ཏེ་གསང་བའི་ཐེག་པ་འམ། རྒྱུད་འདིའི་དམ་ཚིག་ལ་གནས་པའི་སྔགས་པས་རང་གི་ཤེས་རབ་དང་ཏིང་ངེ་འཛིན་གྱིས་དེ་ལྟ་བུའི་དཀྱིལ་འཁོར་རྣལ་འབྱོར་བཞི་དང་ལྡན་པར་དབྱུང་བར་བྱའོ། །དེ་ལ་རྣལ་འབྱོར་རྣམ་པ་བཞི་ནི་རང་བཞིན་གྱི་རྣལ་འབྱོར་ནི་རྡོ་རྗེ་འཛིན་ཆེན་པོའོ། །གྲུབ་པའི་རྣལ་འབྱོར་ནི་རིགས་ལྔ་དང་སེམས་དཔའ་རྣམས་སོ། །རྗེས་སུ་མཐུན་པར་འཇུག་པའི་རྣལ་འབྱོར་ནི་ཡུལ་ལྔ་དང་སེམས་མ་རྣམས་སོ། །གཉིས་སུ་ན་རིགས་ལྔ་ཡབ་ཡུམ་དང༌། སེམས་དཔའ་དང་སེམས་མ་ལ་སོགས་པ་ཞེས་ཡབ་ཡུམ་ཟུང་དུ་འབྲེལ་གྱི་རིམ་པར་སྦྱོར་བར་བྱའོ། །དམ་པ་གནས་པའི་རྣལ་འབྱོར་ནི་དེ་ལས་གཞན་པའི་འཁོར་ཐམས་ཅད་དོ། །ཁ་ཅིག་ན་རེ་ཤེས་རབ་ཀྱི་རང་བཞིན་འབྱུང་བ་ལྔ་ཡུམ་དུ་སྣང་བ་དང༌། ཐབས་ཀྱི་རང་བཞིན་ཕུང་པོ་ལྔ་ཡབ་ཏུ་སྣང་བ་དང༌། ཁམས་དང་སྐྱེ་མཆེད་ཀྱི་གཟུགས་སེམས་དཔའ་དང༌། སེམས་མའི་སྣང་བའི་རང་བཞིན་དུ་རྟག་པར་གནས་པར་བསྒོམ་བ་དང་། བློ་འབྲིང་གིས་རྫོགས་པའི་སྐད་ཅིག་ཙམ་གྱིས་ལྷ་ཡབ་ཡུམ་སོ་སོར་གསལ་བ་འམ། ཏིང་ངེ་འཛིན་གྱིས་བསམ་མི་དགོས་པར་དེ་དག་གི་རང་བཞིན་དུ་རྟག་པར་གནས་པར་བསྒོམ་མོ། །སྦྱོར་བ་དེ་ལྷ་སོ་སོའི་སྙིང་པོ་བརྗོད་པ་ཙམ་གྱི་སྦྱོར་བས་བསྒོམ་པའམ། བློ་ཐ་
མས་སོ་སོའི་སྙིང་པོ་དང༌། ཕྱག་མཚན་ལ་སོགས་པའི་འཕྲོ་འདུའི་རིམ་པས་བསྐྱེད་པའི་ཏིང་ངེ་འཛིན་གྱིས་བསྒོམ་པར་བྱའོ། །སྔགས་པས་དེ་ལྟ་བུའི་ལྷའི་དཀྱིལ་འཁོར་མཚན་མ་དང་མཚན་མ་མེད་པ་དབྱེར་མེད་པའི་རྣལ་འབྱོར་པ་དབྱུང་བར་བྱའོ་ཞེས་ཟེར་ན་དཀྱུས་ལ་སྦྱར་ཐབས་ཙམ་ལས་དོན་སྔ་མ་དང་མི་མཐུན་པ་མེད་དོ། །ཐམས་ཅད་དག་པར་མོས་པ་ཡིས། །འཇིགས་པ་ཐམས་ཅད་སྤངས་ནས་སུ། །དོགས་པ་མེད་པའི་སེམས་ཀྱིས་ནི། །སྔགས་པ་སེང་ག་བཞིན་དུ་རྒྱུ། །ཞས་བྱ་བ་ནི་དེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བདག་ཉིད་ཀྱི་ཕུང་པོ་དང་སྐྱེ་མཆེད་ལྷའི་དཀྱིལ་འཁོར་དུ་བསྒོམས་པས། །ཡུལ་སེམས་གཟུང་འཛིན་དུ་ལྟ་བའི་ཉེས་པའི་དྲི་མ་ཐམས་ཅད་མ་ལུས་པར་དག་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་ལ་གནས་པར་མོས་པའི་སྔགས་པ་ཡེས། །དོགས་པ་མེད་པའི་སེམས་ཀྱིས་ནི། །བྱ་བ་འདོད་པའི་ཡོན་ཏན་ལྔ་མ་སྤངས་ཤིང་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་ལ་སོགས་པའི་དམ་རྫས་ལ་སྤྱོད། སྒོ་གསུམ་ཇི་ལྟར་སྤྱོད་ཀྱང་ཐབས་མཁས་པའི་ལྟ་བ་དེ་ལྟ་བུས་རྟོག་པའི་རྩ་བ་བཅད་པས། དེས་འཁོར་བར་འཆིང་བའི་འཇིགས་པ་སྤངས་ཤིང་ངན་སོང་གསུམ་དུ་ལྷུང་བའི་དོགས་པ་མད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དཔེར་ན་བསྲེག་པའི་བསྐལ་པ་བྱུང་ན་ཤིང་ཉིད་མེར་འགྱུར་བ་དང༌། སྒྲོན་མེ་བཏེགས་ན་མུན་པ་ཉིད་སྣང་བར་འགྱུར་བ་བཞིན་དུ། རང་གི་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྤྱོད་ཡུལ་བྱས་པས་དེ་དག་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་རྟོགས་པས་ཡེ་ཤེས་ལ་ཡེ་ཤེས་རོལ་ལྷ་ལ་ལྷ་ཐིམ་པ་ཡིན་པས་གནོད་པའི་ངེས་པར་མི་འགྱུར་བའི་ཕྱིར་རོ། །འཇིགས་པ་དང་དོགས་པ་མེད་པ་དེ་ལྟ་བུའི་སེམས་ཀྱིས་ནི། སྔགས་པ་སེང་གེ་བཞིན་དུ་རྒྱུ། །ཞེས་བྱ་སྟེ། དཔེར་ན། གཅན་གཞན་གྱི་རྒྱལ་པོ་སེང་གེ་གནས་གཅིག་ནས་གཅིག་ཏུའམ་གང་དང་གང་དུ་བགྲོད་པར་འདོད་པའི་གནས་བསྙག་ཅིང་ལམ་ན་འགྲོ་ན་ཡང་སྐད་ཕྱུང་བ་ཙམ་གྱིས་གཅན་གཞན་ཕྲ་མོ་ཐམས་ཅད་ཟིལ་གྱིས་མནན་ཅིང་སྐྲག་པར་བྱེད་ལ། རང་ལ་ཚུར་གནོད་པ་བྱེད་པ་མེད་དོ་སྙམ་པའི་སེམས་ཀྱིས་རྒྱུའོ། །དེ་བཞིན་དུ་སྔགས་པ་གང་དུ་བསྟན་པ་ལྟ་བུའི་ཤེས་རབ་
དང་ཏིང་ངེ་འཛིན་གྱི་གདེང་དང་ལྡན་པ་དེ་ཡང་འཁོར་བ་དང་ངན་སོང་གི་འཇིགས་པ་མེད་པས་སྒོ་གསུམ་གྱིས་ཇི་ལྟར་འདོད་པ་བཞིན་དུ་མི་བཀག་པར་སྤྱོད་པ་ལ་རྒྱུ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་ན། འདི་ལ་མི་བྱ་ཅི་ཡང་མད། །དེ་བཞིན་མི་བཟའ་བ་ཡང་མེད། །སྨྲ་བ་མི་བྱ་ཅུང་ཟད་མེད། །རྟག་ཏུ་མི་བསམ་པ་ཡང་མེད། །ཅེས་གསུངས་ཏེ། གསང་བའི་ཐེག་པ་འདིའམ། །རྒྱུད་འདིའི་དོན་ལ་ཞུགས་པའི་རྣལ་འབྱོར་པས་ལུས་ཀྱི་བསྒུལ་བསྐྱོད་ཅི་བྱས་ཀྱང་ཕྱག་རྒྱ་ཡིན་པས་ཅི་འང་བྱ། དེ་བཞིན་དུ་བཟའ་བ་དང་བཅའ་བ་དང་བཏུང་བ་ཅི་ཟོས་ཀྱང་དམ་རྫས་ཏེ་ཕྱི་ནང་གི་དཀྱིལ་འཁོར་ཐམས་ཅད་མཉེས་པར་འགྱུར་བའི་ནང་གི་སྦྱིན་སྲེག་པས་གང་འདོད་པ་བཟའ་བཏུང་བྱ། ངག་གི་སྨྲ་བརྗོད་ཅི་བྱས་པ་ཐམས་ཅད་སྔགས་སུ་གྱུར་པ་ལས་གཞན་མ་ཡིན་པས་ངག་གིས་གང་འདོད་པ་བཞིན་དུ་ཚིག་སྨྲ། སེམས་ཀྱི་དྲན་རྟོག་ཐམས་ཅད་ཀྱང་མ་བཅོས་པར་དེ་བཞིན་དུ་བཏང་ཡང་ཏིང་ངེ་འཛིན་ལས་གཞན་མ་ཡིན་པས། ཐམས་ཅད་བསམས་ཏེ་དེ་ལྟར་བྱས་ཀྱང་སྒོ་གསུམ་ལའམ། སྒོ་གསུམ་གྱི་ཉེས་པས་མི་གོས་སོ། །མཉམ་གཞག་མེད་པའི་ཚུལ་གྱིས་ནི། །རྟག་པ་ཉིད་དུ་མཉམ་པར་གཞག །ཐམས་ཅད་སེམས་ལས་གང་སྤྱོད་པ། །ཀུན་དུ་སྤྱོད་པར་བསྟན་པ་ཡིན། །ཞེས་བྱ་བ་ནི་གོང་མ་ལྟར་བསྟན་པའི་དོན་དེ་ལྟར་མ་ཡིན་པ་ཞིག་ལ་ཏིང་ངེ་འཛིན་གྱིས་ནན་སྒྱུར་བྱས་ནས་དེ་ལྟར་སྒྲུབ་པ་མ་ཡིན། ཆོས་ཐམས་ཅད་རང་བཞིན་གྱིས་དེ་ལྟ་བུར་གནས་པ་ལ་རྣལ་འབྱོར་པས་མཉམ་པར་གཞག་པར་བྱའི། རྟོག་པ་མེད་པའི་ཚུལ་གྱིས་དུས་དང་གནས་སྐབས་རྟག་ཏུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་མ་རྟོགས་པའི་དོན་རྟོགས་པར་བྱ་བ་དང༌། རྟོགས་པའི་དོན་མངོན་དུ་འགྱུར་བར་བྱའོ། །དེ་ལྟར་ཤེས་ན་སྒོ་གསུམ་གྱི་སྤྱོད་པ་ཅི་སྤྱོད་པ་ཐམས་ཅད་རང་གི་སེམས་ཀྱི་ཁྱད་པར་ལ་སྤྱོད་པར་ཟད་དེ། རྣལ་འབྱོར་པ་གང་ཡང་རུང་བའི་སེམས་ལ་དེ་ལྟར་སྤྱོད་པ་ནི། དེ་ནི་དུས་དང་གནས་སྐབས་ཀུན་དུ་སངས་རྒྱས་ཀྱི་སྤྱོད་པ་དང་དབྱེར་མེད་པའམ་མཚུངས་པར་བསྟན་པ་ཡིན་ནོ། །ད་ནི་ཞུས་ཚིག་སུམ་ཅུ་གཅིག་པ། དེ་བཞིན་སྔགས་ཀྱི་སྤྱོད་པ་ཅི། །ཞེས་པའི་ལན་དུ། གང་དག་རྒྱུ་རྐྱེན་ལས་བྱུང་
བ། །ཡུལ་དང་དབང་པོ་ཡིན་པར་དགོངས། །དེ་དགོངས་ཀུན་དུ་བསྟན་པ་ཡིན། །ཏྲ་ཞེས་བྱ་བ་སྐྱོབ་པའི་དོན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱིར་རྣམ་པར་ཤེས་པའི་ཚོགས་དྲུག་གང་ཡང་རུང་བ་རེ་རེ་ཞིང་ཡང་རྐྱེན་རྣམ་པ་བཞི་བཞིས་བསྐྱེད་དེ། གང་ཞེན། རྒྱུའི་རྐྱེན་ནི་ཀུན་གཞིའི་རྣམ་པར་ཤེས་པ། བདག་པོའི་རྐྱེན་ནི་དབང་པོ། དམིགས་པའི་རྐྱེན་ནི་ཡུལ། དེ་མ་ཐག་པའི་རྐྱེན་ནི་དྲུག་པོ་འགགས་མ་ཐག་པའོ། །དེ་ལ་འདིར། གང་དག་རྒྱུ་རྐྱེན་ལས་བྱུང་བ། །ཞེས་བྱ་བ་ནི་ཕྱི་ནང་གི་སྐྱེ་མཆེད་རྣམས་ཏེ་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དེ་དག་གང་དང་གང་ཡང་རུང་བ་དེ་དག་གི་རྒྱུ་ནི་སོ་སོའི་དབང་པོ་རྣམས་ལ་བྱ་ལ། རྐྱེན་ནི་དེ་དག་གི་ཡུལ་རྣམས་སོ། །རྒྱུ་རྐྱེན་དེ་དག་ཚོགས་པ་ལས་བྱུང་བ་ནི་རྣམ་པར་ཤེས་པ་རྣམས་སོ། །ཡུལ་དང་དབང་པོ་ཡིན་པར་དགོངས། །ཞེས་བྱ་བ་ནི་ཡུལ་དྲུག་ཏུ་སྣང་བ་ནི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག་གོ །དབང་པོ་དྲུག་ནི་སེམས་དཔའ་ལ་སོགས་པ་ལྷ་ཕོ་དྲུག་ཡིན་པར་བསམ་པ་ལ་ནི་དགོངས་ཞེས་བྱ་སྟེ། རྣམ་པར་ཤེས་པ་ནི་དེ་དག་སོ་སོའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་དགོངས་ཀུན་དུ་བསྟན་པ་ཡིན། །ཞེས་བྱ་བ་ནི་དེ་ལྟར་བསམ་པ་དེ་ཡང་ལན་འགའ་ཙམ་མ་ཡིན། དུས་དང་གནས་སྐབས་ཀུན་དུ་བསམ་པར་བསྟན་པ་ཡིན་ཏེ། མདོར་ན་ཡུལ་དང་དབང་པོ་ཕྲད་པ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན། དེ་ལ་རྣམ་པར་ཤེས་པ་འབྱུང་བ་ནི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན། ཡུལ་སེམས་གང་ཡང་རུང་བ་ལས་ཆགས་སྡང་སྐྱེ་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འམ་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ལྷ་མོར་གྱུར་པས་རང་གི་རིགས་ཀྱི་བདག་པོ་ལ་མཆོད་ཅིང་ཐིམ་པར་བསམ་མོ། །ཏྲ་ཞེས་བྱ་བ་སྐྱོབ་པའི་དོན། །ཞེས་བྱ་བ་ནི་ཡུལ་དང་དབང་པོ་དེ་ལྟར་ཤེས་པས་སྒོ་གསུམ་ཇི་ལྟར་སྤྱད་ཀྱང་སྐྱོན་གྱི་ཉེས་པས་འཁོར་བར་འཆིང་ཞིང་ངན་སོང་དུ་སྟུང་བར་མི་འགྱུར་ཏེ། རྣམ་པར་གྲོལ་བར་གྱུར་པས་བདག་སྐྱོབ་པ་ཡིན་ལ། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་མི་དམིགས་པའི་ཐུགས་རྗེ་སྐྱེས་ནས་དོན་མཛད་པ་ནི་གཞན་སྐྱོབ་པའི་དོན་ཏོ། །ལ་ལ་ན་རེ་གོང་དུ་གསུངས་པའི་རྒྱུ་དབང་པོ་ནི་སེམས་དཔའ་སྟེ་སྐུ། རྐྱེན་ཡུམ་ནི་
སེམས་མ་སྟེ་གསུང༌། དེ་ལས་བྱུང་བའི་རྣམ་པར་ཤེས་པ་ནི་ཡེ་ཤེས་ཏེ་ཐུགས། དེ་ལྟར་ཤེས་པ་མཐའ་གཉིས་ལ་སྐྱོབ་པ་ཏྲ་ཞེས་བྱ་བ་སྐྱོབ་པའི་དོན་ཡིན་ནོ་ཞེས་ཟེར་རོ། །དོན་དེ་ཉིད་ཀྱི་ཕྱིར་ན། སྡོམ་པ་ཀུན་ལས་གང་གསུངས་པ། །འཇིག་རྟེན་སྤྱོད་ལས་ངེས་པར་གྲོལ། །རྡོ་རྗེ་ཐམས་ཅད་སྐྱོབ་པ་ནི། །སྔགས་སྤྱོད་པར་ནི་བཤད་པ་ཡིན། །ཞེས་གསུངས་ཏེ། དེ་ལྟར་རྟོགས་པའི་ངང་ལ་གནས་པའི་དུས་ན། ཉན་ཐོས་དང༌། རང་རྒྱལ་བ་དང༌། བྱང་ཆུབ་སེམས་དཔའ་དང༌། ཕྱི་མ་ཡན་ཆད་ཀྱི་སྡོམ་པ་དང༌། དམ་ཚིག་མདོ་སྡེ་དང༌། རྒྱུད་སོ་སོ་ཀུན་ལས་གང་ལྟར་གསུངས་པ་དེ་དག་གིས་སྒོ་གསུམ་བསྲུང་ཞིང་བསྡམ་མི་དགོས་ཏེ། དེ་དག་ལས་འགལ་བར་སྣང་བའི་ལས་སྤྱད་ཀྱང་འགྲོ་བ་གཞན་ལ་ཕན་ཞིང་རང་ལ་ཉམས་པར་མི་འགྱུར་བས་ན། འཇིག་རྟེན་སྤྱོད་པས་ངེས་པར་གྲོལ། །ཞེས་བྱ་སྟེ་འཇིག་རྟེན་སྤྱོད་པ་ལྟ་བུ་སྤྱད་ཀྱང་འཇིག་རྟེན་པའི་འཆིང་བ་ལས་གྲོལ་བར་འགྱུར་ཏེ། བྱང་ཆུབ་འཐོབ་ཅེས་པའི་དོན་ཏོ། །རྡོ་རྗེ་ཐམས་ཅད་སྐྱོང་བ་ནི། །ཞེས་བྱ་བ་རྡོ་རྗེ་ནི་ཡེ་ཤེས་ཀྱི་རང་བཞིན་ཏེ་དེ་བཞིན་གཤེགས་པའི་ཐུགས་སོ། །དེས་འགྲོ་བ་ཐམས་ཅད་འཁོར་བ་དང་ནན་སོང་ངམ་མཐའ་གཉིས་ལས་སྐྱོང་བ་བཞིན་དུ་རྣལ་འབྱོར་བ་དེ་དང་དབྱེར་མེད་པའི་སེམས་བརྩེ་བ་དང་ལྡན་པས་འགྲོ་བ་ཐམས་ཅད་སྐྱོང་ཞིང་ཕན་པ་དང་བདེ་བར་སེམས་པ་ནི། སྔགས་སྤྱོད་པར་ནི་བསྟན་པ་ཡིན། །ཞེས་བྱ་སྟེ་དེ་ལྟར་བསྟན་པ་དེ་ཡང་སྔགས་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱི་སྔགས་ཀྱི་སྤྱོད་པར་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཞུས་ཚིག་སུམ་ཅུ་གཉིས་པ། བཟླས་བརྗོད་ཇི་ལྟར་འཚལ་བར་བགྱི། །ཞེས་པའི་ལན་དུ། སོ་སོ་རང་གི་ངོ་བོ་དག །ཡིད་ཀྱིས་སྙིང་ལ་སྤྱད་པར་བྱ། །བཟླས་བརྗོད་འབྱིན་དང་བསྡུ་བ་ནི། །བྱེ་བྲག་ཏུ་ནི་སངས་བརྗོད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ། སོ་སོ་རང་གི་ངོ་བོ་དག །ཅེས་བྱ་བ་ནི་སེམས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ལྷའི་དཀྱིལ་འཁོར་ཚང་བའམ། རིགས་སོ་སོ་གང་ལ་མོས་པའི་དེའི་རང་རང་གི་དཀྱིལ་འཁོར་གྱི་ངོ་བོར་བསྒོམ་པར་འདོད་ན་དེ་དག་གང་ཡང་རུང་བ་སྒོམ་པའི་ཐབས་ནི་འོག་ནས་འབྱུང་བ་འདི་ལྟར་བྱས་ཏེ་ཞེས་པའི་
དོན་ཏོ། །དེ་ཡང་ཇི་ལྟ་བུར་ཞེ་ན། ཡིད་ཀྱིས་སྙིང་ལ་དཔྱད་པར་བྱ། །ཞེས་ཏེ་ཡིད་ཀྱིས་རྣམ་པར་ཤེས་པ་རྣམ་པར་གསལ་བར་བྱེད་ཅིང་ཡུལ་སོ་སོར་དཔྱོད་པར་བྱེད་པའི་མཚན་ཉིད་ཅན་གྱིས་ལེན་པའི་རྣམ་པར་ཤེས་པ་གང་དུ་ཡང་ལུང་མ་བསྟན་མི་རྟག་པ་རྒྱུན་གྱི་ངོ་བོར་གནས་པ་ལས་དགེ་སྡིག་གི་ས་བོན་ཐམས་ཅད་འཛིན་ཅིང་ལས་ཀྱི་ཚོན་གྱིས་བསྒྱུར་དུ་བཏུབ་པ་དེ་ལ་ནི་ཐ་སྙད་དུ་སྙིང་ཞེས་བྱ་སྟེ། དེ་ལ་དཔྱད་པ་ནི་དེ་ཉིད་ལྷ་དང་ལྷ་མོའི་དཀྱིལ་འཁོར་གང་དང་གང་སྒོམ་པར་འདོད་པ་ནི་ཡིག་འབྲུ་དང་ཐུགས་མཚན་གྱི་འཕྲོ་འདུའི་རིམ་པའམ་རྫོགས་པའི་སྦྱོར་བ་ལས་སྒུ་ཕྱག་རྒྱ་ཆེན་པོ་མཚན་མའི་རྣམ་པར་གསལ་བས་བསྐྱེད་ཅིང་བསྒོམ་པར་བྱའོ། །བཟླས་བརྗོད་འབྱིན་དང་བསྡུ་བ་ནི། །ཞེས་བྱ་བ་ནི་དེ་ལྟར་བསྒོམས་ནས་ལྷ་དེ་ཉིད་ཀྱི་སྔགས་དང་སྙིང་པོ་ཡིད་ཀྱིས་གསལ་བར་བཟླས་ཤིང་དག་གིས་སྔགས་ཀྱི་སྒྲ་ཚིག་ཏུ་བརྗོད་དམ། སྔགས་དེས་འོད་ཟེར་བདག་ལས་འབྱིན་ཅིང་ཕར་འཕྲོ་བ་དང་སྤྲོས་པ་དེ་དག་བདག་ལ་ཚུར་བསྡུ་བར་འདོད་ན་དེའི་ཐབས་ནི། བྱེ་བྲག་ཏུ་ནི་སྔགས་བརྗོད་དོ། །ཞེས་བྱ་སྟེ་ལྷ་གང་དང་གང་བསྒོམ་པའི་བྱེ་བྲག་ཇི་ལྟ་བ་དེ་བཞིན་དུ་སོ་སོའི་སྙིང་པོ་བརྗོད་ལ་འཕྲོ་འདུ་བྱའོ། །དེའི་ཕྱིར་ན། རྡོ་རྗེ་རྒྱ་གྲམ་རང་སྙིང་ལ། །ཡེ་ཤེས་ས་བོན་གྱིས་བསྡུ་བྱ། །བྱང་ཆུབ་བདག་མེད་ས་བོན་གྱི། །བརྟུལ་ཞུགས་ཅན་གྱིས་བདག་མེད་གཟུང༌། །ཞེས་གསུངས་ཏེ། དེ་ལ་རྡོ་རྗེ་ཡེ་ཤེས་རྒྱ་གྲམ་ནི་སྣ་ཚོགས་ཞེས་བྱ་བའི་ཐ་ཚིག་སྟེ། ཡེ་ཤེས་ལྔ་འདུས་པའི་ངོ་བོར་གྱུར་བ་ཡེ་ཤེས་སེམས་དཔའོ། །དེ་བདག་གི་སྙིང་དང་དབྱེར་མེད་པར་བྱས་ནས་གསུང་གི་རྡོ་རྗེ་དང་ཐུགས་ཀྱི་རྡོ་རྗེ་གཉིས་ཀྱི་བར་མཚམས་སུ་བསྒོམ་མོ། །ཡེ་ཤེས་ས་བོན་གྱིས་བསྡུ་བྱ། །ཞེས་བྱ་བ་ནི་དེའི་ཐུགས་ཀར་རང་ལྷ་གང་བསྒོམ་པ་དེའི་ཐུགས་མཚན་ནམ་ཟླ་བ་དེ་ཉིད་ཀྱི་སྙིང་པོས་ལས་བསྐྱེད་དམ་བསམས་ན་ཡང་རུང་སྟེ་དེའི་དཀྱིལ་དུ་རང་གི་རིགས་ཀྱི་སྙིང་པོ་བསམ་པ་ནི་ཡེ་ཤེས་ཀྱི་ས་བོན་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཡེ་ཤེས་སྐྱེ་བའི་རྒྱུར་གྱུར་པ་སྔགས་ཀྱི་ཡིག་འབྲུ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་ས་བོན་ངག་གི་ཚིག་ཏུ་བཟླས་བརྗོད་བྱ་ཞིང༌། སྔགས་དང་འོད་ཟེར་ཕར་སྤྲོ་བ་དང་ཚུར་བསྡུ་བར་བྱའོ། །དེ་ལ་ཡེ་
ཤེས་སེམས་དཔའི་ཚད་ནི་རང་ལྷ་གང་སྒོམ་པའི་དེའི་མཐེ་བོའི་ཚད་དུའོ་ཞེས་ཟེར་ན། སཾ་པུ་ཊ་ལས། ཁ་ཡི་ཐད་ཀར་གདུད་པར་བྱ། །ཞེས་གསུངས་པས་དབུ་རྒྱན་གྱི་སྲོག་གམ་རལ་བའི་ཐོར་ཚུགས་ཀྱིས་རྩེ་མོ་དང་གཙོ་བོ་ཁ་མཉམ་པའོ། །བྱང་ཆུབ་བདག་མེད་ས་བོན་གྱིས། །ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེའི་འབྲུ་དེ་ནི་བྱང་ཆུབ་བདག་མེད་པའི་རང་བཞིན་ཤེས་པའི་རྒྱུད་ལ་སྐྱེད་པར་བྱེད་པའི་རྒྱུར་གྱུར་པ་སྟེ། དེ་ལྟ་བུའི་ས་བོན་གྱི་སྔགས་ཀྱིས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དུ་བསྒོམ་པར་བྱ་སྟེ། དེ་ཡང་གང་གིས་ཤེ་ན། བརྟུལ་ཞུགས་ཅན་གྱིས་ཞེས་ཏེ། འདིའི་དོན་ལ་འཇུག་པའི་བརྟུལ་ཞུགས་ཅན་གྱིས་སོ། །ཇི་ལྟར་ཞེ་ན། བདག་མེད་གཟུང་ཞེས་བྱ་སྟེ། ཆོས་དང་གང་ཟག་ལ་བདག་མེད་པའི་ངོ་བོར་སྒོམ་པ་ལ་གཟུང་ཞེས་བྱའོ། །བཟླས་བརྗོད་ཀྱི་འཕྲོ་འདུ་ཡང་རང་བཞིན་མེད་པའི་ཚུལ་དུ་སྤྲོ་ལ། །བསྡུ་བ་ཡང་རང་བཞིན་མེད་པའི་ཚུལ་དུ་བསྡུའོ། །དོན་དེ་ཉིད་ཀྱི་ཕྱིར་ན། གཟུགས་བཞིན་གཟུགས་ནི་སྤྲོ་བྱ་སྟེ། །ས་བོན་གསུམ་གྱིས་དེ་བཟླས་སོ། །བཟླས་པར་བརྗོད་པར་བསྟན་པ་སྟེ། ཐམས་ཅད་སྔགས་ཞེས་བྱ་བ་ཡིན། །ཞེས་གསུངས་ཏེ། དེ་ལ། གཟུགས་བཞིན་གཟུགས་ནི་སྤྲོ་བར་བྱ། །ཞེས་བྱ་བ་ནི་ལྷ་གང་དང་གང་སྒོམ་པ་དེའི་གཟུགས་དང་མཐུན་པར་འཕྲོ་འདུ་བྱ་བ་སྟེ། དེ་ཡང་བདག་ཕྱག་རྒྱ་ཆེན་པོར་བསྒོམས་ལ། སྐུ་གསུང་ཐུགས་རྡོ་རྗེ་གསུམ་ལུས་ཀྱི་གནས་གསུམ་དུ་བསྒོམ་པ་ལས་འཕྲོ་འདུ་བྱེད་པར་འདོད་ན་ནི་ཐུགས་རྡོ་རྗེ་དང་དབྱེར་མེད་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་དང་ཟླ་བ་ལ་རྡོ་རྗེ་བུམ་པ་ཧཱུཾ་གིས་མཚན་མ་བསམ་པ་དང༌། མགྲིན་པར་པདྨའི་སྙིང་པོ་ལ་ཨཱཿབྶམ། །སྤྱི་བོར་འཁོར་ལོ་ལ་ཨོཾ་བསམ། །དེ་ནས་སྤྲོ་བ་ནི་ཐུགས་ཀྱི་རྡོ་རྗེས་མཚན་དང༌། ཐུགས་ཀྱི་རྡོ་རྗེ་སྐུའི་ཕྲ་མོ་གསུམ་ཀ་ཚང་བའམ། ཡང་ན་རེ་རེ་སྤྲོ་ཡང་རུང་། གསུང་དང་སྐུའི་རྡོ་རྗེ་ཡང་ཚུལ་དེ་བཞིན་དུ་སྤྲོ་བར་བྱའོ། །རིམ་པ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རེ་རེ་ནས་རིམ་པར་སྤྲོ་བའམ། ཡང་ན་གསུམ་ཀ་ལས་ཅིག་ཅར་དུས་གཅིག་ཏུ་སྤྲོ་བ་ཡང་རུང་ངོ༌། །དེ་སོ་སོ་ལས་རང་རང་གི་སྐུ་ཕྲ་མོ་ཁོ་ན་སྤྲོས་ན་ཡང་འགལ་བ་མེད་དེ་གང་ལྟར་ལ་
སོགས་པ་བཞིན་ནོ། །ཕྱག་རྒྱ་ཆེན་པོ་དེ་ཉིད་ཕྱག་རྒྱ་བཞི་དང་ལྡན་པར་བསྒོམས་ནས་ཀླད་རྒྱས་སུ་སྐུའི་རྡོ་རྗེའི་ཐུགས་ཀར་འཁོར་ལོའི་ལྟེ་བར་ཨོཾ་སེར་པོ་བསྒོམ། མགྲིན་པར་གསུང་གི་རྡོ་རྗེའི་ཐུགས་ཀར་པདྨའི་དཀྱིལ་དུ་ཨཱཿདྨར་པོ་བསྒོམ། ཐུགས་ཀར་ཧཱུཾ་མཐིང་ནག་བསྒོམ། གསུང་དང་ཐུགས་རྡོ་རྗེའི་བར་དུ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་ལ་གཙོ་བོ་གང་སྒོམ་པའི་སྙིང་པོའམ། ཡིག་འབྲུ་དགོད་ལ། ཨོཾ་ཞེས་བརྗོད་བས་སྐུ་རྡོ་རྗེ་སྤྲོ་གསུང་དང་ཐུགས་ཀྱི་རྡོ་རྗེ་ཡང་དེ་བཞིན་དུ་རིག་པར་བྱའོ། །རིགས་སོ་སོའི་རྣལ་འབྱོར་བའི་དབང་དུ་བྱས་ན། སྐུ་རྡོ་རྗེའི་རྣལ་འབྱོར་བས་རང་གི་སྙིང་གར་ཡེ་ཤེས་སེམས་དཔའ། །དེའི་ཐུགས་ཀར་པདྨ་དང་ཟླ་བ་ལ་འཁོར་ལོའི་ལྟེ་བ་ལ་ཨོཾ། དེ་ཉིད་ཀྱི་སྔགས་བརྗོད་པ་ལས་ཨོཾ་དང་འཁོར་ལོ་དང་སྐུའི་རྡོ་རྗེ་རྣམས་སྤྲོ་བར་བྱ་ཞིང་སླར་ཡང་བསྡུའོ། །དེ་བཞིན་དུ་གསུང་གི་རྡོ་རྗེ་རྣལ་འབྱོར་བས་ཀྱང་རང་རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཨོཾ་དང་ཧཱུཾ་བསམས་ཏེ་སྔ་མ་བཞིན་འཕྲོ་འདུ་བྱའོ། །དེ་ལྟར་སྤྲོ་བ་དེ་ཡང་རྣལ་འབྱོར་བའི་ལུས་སེམས་གདོས་པ་དང་བྲལ་བ་སྒྱུ་མ་ལྟ་བུའི་ཡེ་ཤེས་སུ་རིག་པར་བྱ་སྟེ། དེ་ལྟར་ཡང་རྩ་བའི་རྒྱུད་ལས། སྔགས་ཀྱི་དོན་ཀུན་བཟླས་པ་ནི། །རྡོ་རྗེ་མི་ཕྱེད་གསུམ་གྱི་མཚན། །རྡོ་རྗེ་དབྱེ་བ་གསུམ་གྱིས་མཐར། །བཀོད་པ་རྡོ་རྗེ་གསུམ་ཞེས་བྱ། །ཞེས་གསུངས་སོ། །ས་བོན་གསུམ་གྱིས་དེ་བཟླས་སོ། །ཞེས་བྱ་བ་ནི། ས་བོན་གསུམ་ནི་སྐུ་གསུང་ཐུགས་ཀྱི་སྔགས་ཨོཾ་ཨཱཿཧཱུཾ་གསུམ་ཡིན་ལ། དེ་བཟླས་སོ་ཞེས་བྱ་བ་ནི་ལྷ་གང་བསྒོམ་ཞིང་བསྒྲུབ་པ་དེའི་སྙིང་པོ་སྟེ། ཡི་གེ་གསུམ་གྱིས་གཞི་བྱས་པ་དཀྱིལ་དུ་བཅུག་ནས་རང་གི་རིགས་ཀྱི་སྙིང་པོ་དང་ཡེ་ཤེས་སེམས་དཔའི་སྙིང་པོ་ཐ་མི་དད་པས་མཐའ་མ་གཉིས་སུ་བཅར་ལ་གཟོད་སྙིང་པོ་དེ་འཕྲོ་འདུ་བྱ་ཞིང་བཟླ་བའོ། །དེ་ཡང་རང་གི་སྙིང་པོ་ལས་ནི་རང་གི་ཡིག་འབྲུ་དང་ཐུགས་མཚན་དང༌། སྐུ་ཕྲ་མོ་གསུམ་ཀའང་རེ་རེའམ། །ཡང་ན་སྐུ་ཕྲ་མོ་ཁོ་ན་སྤྲོའི། །ཡེ་ཤེས་སེམས་དཔའ་ནི་ཡེ་ཤེས་ལྔ་འདུས་པའི་ངོ་བོ་ཡིན་པས་སྙིང་པོ་ལས་རིགས་ལྔ་ཆར་ཚང་བར་སྤྲོ་བར་བྱའོ། །གཉིས་སུ་ན་རིགས་དང་མཐུན་པར་སྤྲོའོ། །བཟླས་པར་བརྗོད་པར་
བསྟན་པ་སྟེ་ཞེས་བྱ་བ་ནི་ཡིད་ཀྱིས་གསལ་བར་བཟླས་པ་དང་ཚིག་ཏུ་བཟླས་པ་བྱ་བ་ཁོ་ན་ངག་གི་སྒོ་ནས་བརྗོད་པར་བསྟན་པ་ཡིན་ཏེ། དེ་ཡང་དབུགས་ཕྱིར་འབྱུང་བ་དང་སྔགས་ཀྱི་སྒོ་ནས་བཟུང་སྟེ་སྤྲུལ་པ་ཕྱིར་སྤྲོ་བར་བྱ། །དབུགས་ནང་དུ་རྔུབ་པ་དང་སྔགས་ཀྱི་མཇུག་བསྡུ་སྟེ། འོད་ཟེར་དང་སྤྲུལ་པ་སླར་བསྡུ་བར་བྱ། གྲངས་ཀྱི་ཡུན་ཇི་ཙམ་བཟླ་བ་ནི་བརྒྱ་སྟོང་གྲངས་མེད་པ་ནས་ཇི་ཙམ་ནུས་པའི་བར་དུའོ། །དེ་ལྟར་བཟླས་པ་བྱས་པའི་སྟེང་ལ་ལྷ་མོ་རྣམས་སྤྲོས་པས་མཆོད་པར་བྱ་སྟེ། སྐུའི་རྡོ་རྗེའི་ཐུགས་ཀ་ནས་ནི་སངས་རྒྱས་སྤྱན་དང་གཟུགས་ཀྱི་རྡོ་རྗེ་མ་སྤྲོའོ། །གསུང་གི་རྡོ་རྗེའི་ཐུགས་ཀ་ནས་ནི་ན་བཟའ་དཀར་མོ་དང་རོའི་རྡོ་རྗེ་མ་སྤྲོའོ། །ཐུགས་ཀྱི་རྡོ་རྗེའི་ཐུགས་ཀ་ནས་ནི་ལྷ་མོ་ཕྱི་མ་དྲུག་སྤྲོའོ། །དེ་ལྟར་སྤྲོས་པ་མཆོད་པ་བླ་ན་ཡོད་པ་དང༌། བླ་ན་མེད་པ་དང༌། ཕྱི་ནང་གསང་བ་གསུམ་གྱིས་བསྡུས་པའི་མཆོད་པར་དམིགས་ལ་མཆོད་པར་བསམ་མོ། །སྤྲོ་བའི་ཚད་ནི་ནམ་མཁའི་དབྱིངས་ཀྱིས་གར་ཁྱབ་པའི་ཚད་དུའོ། །དེའི་ཕྱིར་ན། རྡོ་རྗེ་གསུང་གི་ཐུགས་འདྲར་གྱུར། །ཞེས་གསུངས་སོ། །ཐམས་ཅད་སྔགས་ཞེས་བྱ་བ་ནི། དེ་ལྟ་བུའི་ཏིང་ངེ་འཛིན་དང༌། སྔགས་བཟླ་བ་དང༌། འཕྲོ་འདུའི་ཐབས་བསྟན་པའི་རྣམ་པ་དེ་དག་ཐམས་ཅད་མ་ལུས་པ་ཀུན་ཚང་བས་ཐམས་ཅད་སངས་རྒྱས་པར་བྱེད་པས་མིང་སྔགས་ཞེས་བྱ་བར་བསྟན་པ་ཡིན་ནོ། །སྔགས་ནི་རྒྱུད་ཅེས་གསུངས་པ་ན། །དེ་ཁོ་ན་ཡིས་བསྐུལ་ཏེ་བསྒོམ། །ཞེས་བྱ་བ་ནི་གོང་མ་ལྟར་སྟོན་པའི་སྔགས་ཀྱི་དོན་དེ་ཡང་ཕར་འཕྲོ་བ་དང༌། ཚུར་འདུ་བ་དང༌། བཟླས་བརྗོད་བྱ་བར་མཚམས་མེད་ཅིང་རྒྱུན་མི་འཆད་པར་བྱ་བའི་མཚན་ཉིད་ཅན་པས་རྒྱུད་ཀྱི་རྣམ་གྲངས་རྒྱུད་ཅེས་བྱ་བར་ཡང་གསུངས་པས། ཚུལ་དེ་ཁོ་ན་ལྟར་བྱས་པས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་དམ་བསྐུལ་ཞིང་བདག་ཉིད་ཀྱིས་བསྒོམ་པར་བྱའོ། །གཉིས་སུ་ན་དེ་ཁོ་ན་ཅེས་བྱ་བ་ནི་མི་འགྱུར་བའི་དོན་ཏེ། དེ་ལྟ་བུའི་ཚུལ་གྱིས་གཞན་ལ་བསྐུལ་ཞིང་བདག་གིས་སྒོམ་ན། དེ་བཞིན་དུ་འགྲུབ་པར་འགྱུར་ཞིང་མི་སླུ་བའོ། །འདིར་ནི་མདོར་བསྡུས་པ་སྟེ་བཟླས་པའི་བྱེ་བྲག་རྣམ་གྲངས་སུ་ཕྱེད་པ་ནི་སྔར་རྩ་བའི་རྒྱུད་དུ་རྒྱས་པར་བསྟན་ཟིན་ནོ། །ད་ནི་ཞུས་ཚིག་སུམ་ཅུ་གསུམ་པ།
ཇི་ལྟར་རྒྱས་འདེབས་འཚལ་བར་བགྱི། །ཞེས་ཞུས་པའི་ལན་དུ། ཇི་ལྟར་སྙིང་གར་བྱིན་བརླབས་པ། །ཏིང་ངེ་འཛིན་ཡང་དེ་བཞིན་ནོ། །དེ་རྣམས་སྤྱི་བོར་དབང་བསྐུར་ནས། །ཐམས་ཅད་དེ་བཞིན་མཆོད་པ་དང༌། །གང་ཞིག་རིག་པ་ཡོད་པ་རུ། །སྦྱོར་བའི་རྡོ་རྗེ་འཛིན་པ་སྟེ། དེ་ཡི་ལོངས་སྤྱོད་བཞིར་ཤེས་ནས། །དང་པོ་དེ་བཞིན་རང་བྱིན་བརླབས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་སྔར་བཟླས་བརྗོད་བསྟན་པའི་སྐབས་སུ་དང་པོར་བདག་ཉིད་ལྷ་གང་ལ་དད་ཅིང་བསྒྲུབ་པ་དེའི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་སྒོམ་པ་དང༌། དེའི་ཐུགས་ཀར་རང་གི་ཐུགས་མཚན་ནམ་ཟླ་བ་བསྐྱེད་དམ་བསམས་པ་དེའི་དཀྱིལ་དུ་ཡང་རང་གི་རིགས་ཀྱི་སྙིང་པོ་བསམ་པས་རང་གི་སྙིང་གར་བྱིན་གྱིས་བརླབས་པ་བཞིན་དུ་རྒྱས་འདེབས་པའི་དོན་སྒོམ་པའི་སྐབས་འདིར་ཡང་རྣལ་འབྱོར་པས་ཏིང་ངེ་འཛིན་དེ་བཞིན་དུ་གསལ་བར་བྱ་དགོས་ན། ཏིང་ངེ་འཛིན་ཡང་དེ་བཞིན་ནོ། །ཞེས་བྱའོ། །དེ་ལྟར་དཀྱིལ་འཁོར་ཚང་བའམ་ལྷ་གཅིག་བསྒོམས་ཀྱང་རུང་སྟེ། གང་དང་གང་བསྒོམས་པ་དེ་རྣམས་ཀྱི་སྤྱི་བོར་རང་རང་གི་རིགས་ཀྱི་བདག་པོ་གང་ཡིན་པས་ཀྱང་དབང་བསྐུར་བར་བྱའོ། །དེ་ལྟར་དབང་བསྐུར་བས་ཅི་བྱེད་ཅེ་ན། ཐམས་ཅད་དེ་བཞིན་མཆོད་པ་དང༌། །ཞེས་པ་སྟེ་སྔ་ན་ལྷུན་གྱིས་གྲུབ་པ་དང༌། རང་གིས་བསྐྱེད་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་ཡང་སྔར་བསྟན་པ་དེ་བཞིན་དུ་འདིར་ཡང་མཆོད་པ་དང༌། གང་ཞིག་རིག་པ་ཡོད་པ་རུ། །ཞེས་བྱ་བ་གང་ཞིག་ནི་རྣལ་འབྱོར་ལ་རིག་པ་ནི་ལྷ་མོ་ཡོད་པ་ནི། ལྷ་མོ་དེ་དང་ལྡན་པ་སྦྱོར་བ་ནི་གཉིས་སུ་མེད་པར་རོལ་པ་མཛད་པ། རྡོ་རྗེ་འཛིན་པ་ནི་ཡེ་ཤེས་རྡོ་རྗེ་ལྟ་བུའི་དོན་འཛིན་པའམ། གཉིས་སུ་ན་རྡོ་རྗེ་སེམས་དཔའམ་མི་བསྐྱོད་པ་ལྟ་བུའི་དོན་འཛིན་པ་སྟེ། རྣལ་འབྱོར་པ་གང་ཞིག་གཟུགས་དང་ལྡན་པས་གཉིས་སུ་མེད་པར་རོལ་པས་འཕགས་པ་མཆོད་པ་དང༌། ལས་བཞི་བརྩམ་པ་དང༌། བདག་གཞན་དབང་བསྐུར་བའི་སྒོ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་རྡོ་རྗེ་ལྟ་བུའི་དོན་འཛིན་པའམ། ཐུགས་ཀྱི་རིགས་ཀྱི་ངོ་བོར་གྲུབ་པའི་ཕྱག་རྒྱ་ཆེན་པོ་འཛིན་པར་འདོད་ན་ཡང་རྒྱས་གདབ་པའི་དོན་གྱིས་
དབང་བསྐུར་བ་བྱས་ནས་བསྒྲུབས་ན་འགྲུབ་པར་འགྱུར་རོ། །ཏེ་ཞེས་བྱ་བ་ནི་གང་དང་གང་བྱེད་ཀྱང་རྒྱས་གདབ་པར་བྱ་དགོས་པའི་དོན་ཏོ། །གཉིས་སུ་ན་ལྷག་མ་དང་བཅས་པའི་ཚིག་འོག་ནས་འབྱུང་བའི་དོན་སྟོན་པའི་མགོ་འདྲེན་ཡང་ཡིན་ཏེ། དེའི་ལོངས་སྤྱོད་བཞིར་ཤེས་ནས། །ཞེས་བྱ་བར་སྦྱོར་བ་རྣམ་པ་བཞིའམ། །བསྙེན་སྒྲུབ་རྣམ་པ་བཞིའམ། བསྙེན་སྒྲུབ་རྣམ་པ་བཞི་ནི་ཤེས་རབ་དང་ཏིང་ངེ་འཛིན་གྱིས་ཉེ་བར་ལོངས་སྤྱོད་པའི་ཡུལ་ཡིན་པས་རྣལ་འབྱོར་བ་དེའི་ལོངས་སྤྱོད་བཞིར་ཤེས་པར་བྱས་ནས་དང་པོར་སྦྱོར་བ་བཞིའམ། བསྙེན་སྒྲུབ་བཞི་ཚང་བར་དེ་བཞིན་དུ་བསྒོམས་ནས་རང་བྱིན་གྱིས་བརླབ་ཅིང་དབང་བསྐུར་བའི་རྒྱས་གདབ་པར་བྱའོ། །དེ་ཉིད་ཀྱི་རིམ་པའི་བྱེ་བྲག་གསལ་བར་བསྟན་པའི་ཕྱིར་ན། དཔའ་བོ་རིགས་ཏེ་རྡོ་རྗེ་རྣམས། །སྤྱི་བོ་རེ་རེ་བསྟེན་བྱ་ཞིང༌། །སྙིང་པོ་ཕྱག་རྒྱ་སྔགས་རྣམས་ཀྱིས། །རང་གི་རིགས་པར་རྒྱས་གདབ་བོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དཔའ་བོའི་རིགས་ཏེ་རྡོ་རྗེ་རྣམས། །ཞེས་བྱ་བ་ཉོན་མོངས་པ་དང་འཁོར་བ་ལས་རྒྱལ་བས་ན་དཔའ་བོ་ཞེས་བྱ་སྟེ། དེ་ཡང་གཉེན་པོ་བསྟེན་པས་སམ། །མི་དམིགས་པར་བྱས་ནས་རང་བཞིན་མེད་པར་བརྟགས་པས་སྤངས་ནས་རྒྱལ་བ་མ་ཡིན། མ་བཀག་པར་སྤྱོད་བས་མ་ཆགས་པར་གནས་སུ་དག་སྟེ། དབང་དུ་བྱ་བ་དང་གྲོལ་བ་དང་གྲུབ་པར་གྱུར་བའི་སྒོ་ནས་རྒྱལ་བར་བྱས་བས་ན་དཔའ་བོའི་རིགས་ཞེས་བྱ་སྟེ། གསང་བའི་ཐེག་པ་འདིའོ་སྒོ་ནས་མངོན་པར་བྱང་ཆུབ་པ་རྣམས་ཏེ། དངོས་གང་ཞེ་ན། སའི་སྙིང་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང༌། གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་རྣམས་དང༌། སངས་རྒྱས་སྤྱན་དང་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །རྡོ་རྗེ་རྣམས་ཞེས་བྱ་བ་ནི་རིགས་ཀྱི་བདག་པོ་སངས་རྒྱས་ལྔའོ། །སྤྱི་བོར་རེ་རེ་བསྟེན་བྱ་ཞིང༌། །ཞེས་བྱ་བ་ནི་སེམས་དཔའ་དང་སེམས་མ་དེ་དག་སོ་སོའི་དབུ་རྒྱན་ལ་རང་རང་གི་རིགས་ཀྱི་བདག་པོ་རེ་རེས་བརྒྱན་ཅིང་དབང་བསྐུར་བར་བྱ་བ་སྟེ། དེ་ཡང་ཇི་ལྟར་དབང་བསྐུར་བའམ་རིགས་ཀྱི་བདག་པོས་དབང་བསྐུར་ཐབས་ནི་སྔར་རྩ་བའི་རྒྱུད་ལེའུ་བཅོ་ལྔ་པ་ལས་བཀྲལ་བའི་སྐབས་སུ་བྲིས་ཟིན་ཏེ། ཟློས་བུའི་བྱ་བ་དགོས་
པ་མེད་དོ། །སྙིང་པོ་ཕྱག་རྒྱ་སྔགས་རྣམས་ཀྱིས། །ཞེས་བྱ་བ་ནི་སྙིང་པོ་ནི་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དང༌། ཡེ་ཤེས་སེམས་དཔའ་དང་རིགས་ཀྱི་བདག་པོ་གང་གིས་དབང་བསྐུར་བ་དེའི་སོ་སོའི་སྙིང་པོ་རྣམས་སོ། །ཕྱག་རྒྱ་ནི་སྙིང་པོ་དེའི་ཆ་ལས་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དང༌། ཡེ་ཤེས་སེམས་དཔའ་རྣམས་ཀྱི་སོ་སོའི་སྐུ་ཕྱག་རྒྱ་བསྐྱེད་པའོ། །སྔགས་ནི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་ལ་སོགས་པའི་སྔགས་སོ། །དེ་རྣམས་ཀྱིས། རང་རིག་རིམ་པར་རྒྱས་གདབ་བོ། །ཞེས་བྱ་བ་ནི་རང་གི་རིགས་པའི་ཁྱད་པར་བསྐྱེད་ལ་ལྷའི་རིམ་པར་དབང་བསྐུར་བའི་རྒྱས་གདབ་པར་བྱའོ། །གཞན་དག་ན་རེ་རང་རང་གི་རིགས་ཀྱི་བདག་པོས་རང་གི་རིགས་ཀྱི་སེམས་དཔའ་དང་སེམས་མ་ལ་སོགས་པ་ལ་རྒྱས་གདབ་པའོ་ཞེས་ཟེར་རོ། །དེ་ལ་དབང་བསྐུར་བའི་ཐབས་ནི་རྣམ་པ་གསུམ་སྟེ། གཙོ་བོའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀུག་ནས་བདག་ལ་ཐིམ་པ་སླར་འཐོན་ཏེ་ལྷ་མོར་འཕྲོས་པས་ནམ་མཁའ་གང་བས་བདུད་རྩིའི་བུམ་པ་ཐོགས་ཏེ། དབང་བསྐུར་ནས་དེ་ཉིད་འོད་དུ་ཞུ་བས་རང་གི་རིགས་ཀྱི་བདག་པོར་གྱུར་པས་དབུ་ལ་བརྒྱན་པ་དང༌། དབུས་ཀྱི་གཙོ་བོ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བའི་ལྷག་པའི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བ་དང༌། རང་རང་གི་རིགས་ཀྱི་བདག་པོ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བའི་ལྷག་པའི་བྱང་ཆུབ་སེམས་ཀྱི་དབང་བསྐུར་བའོ། །དེ་ཡང་ལྕེ་ལ་བསྟིམ་པ་དང་མགོ་ལ་བསྟིམ་པ་ལས་རང་གི་ལུས་ལ་ཁྱབ་ཅིང་རིགས་ཀྱི་བདག་པོས་རང་རང་གི་དབུ་ལ་བརྒྱན་པར་བྱའོ། །གལ་ཏེ་དེ་ལྟར་རང་རང་གི་རིགས་ཀྱི་བདག་པོས་སེམས་དཔའ་དང་སེམས་མའི་མགོ་ལ་དབང་བསྐུར་དུ་མ་ནུས་པ་ཟིན་ཀྱང་དཀྱིལ་འཁོར་གྱི་ལྷ་ཚང་བའམ། ཡང་ན་ལྷ་ཕོ་མོ་གཉིས་ཙམ་ཁོ་ན་རྣལ་འབྱོར་བས་སྒོམ་པའམ། རྣལ་འབྱོར་ཕོ་མོ་གཉིས་སུ་མེད་པར་རོལ་པ་མཛད་པས་ཕོའི་དབུ་ལ་རིན་ཆེན་འབྱུང་ལྡན་བསྒོམ་ལ། མོའི་དབུ་ལ་སྣང་བ་མཐའ་ཡས་བསྒོམ་མོ། །ཅིའི་ཕྱིར་ཞེ་ན། རིན་ཆེན་འབྱུང་ལྡན་ནི་ཡོན་ཏན་ཕུན་སུམ་ཚོགས་པའི་རང་བཞིན་པས། རྣལ་འབྱོར་པ་
དང་འགྲོ་བའི་རྒྱུད་ལ་སྨིན་ཅིང་གཞན་གྱི་ཕྱོགས་ཟིལ་གྱིས་གནོན་པར་བྱེད་པའི་ཕྱིར་རོ། །སྣང་བ་མཐའ་ཡས་ནི་འདོད་ཆགས་ཆེན་པོའི་རང་བཞིན་ལྷ་མོ་ཐམས་ཅད་ཀྱི་གཙོ་མོ་ཡིན་པས་གཟུངས་མཉེས་པར་འགྱུར་ཞིང་འདོད་ཆགས་ཀྱི་ཉེས་པས་མ་གོས་པར་བསྟན་པའི་ཕྱིར་རོ། །ལ་ལ་ན་རེ་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་རལ་པའི་དབུ་རྒྱན་ནང་དུ་རིན་ཆེན་འབྱུང་ལྡན་བསྒོམ་ལ། གཟུགས་ཀྱི་རྡོ་རྗེ་མ་དང་སངས་རྒྱས་སྤྱན་ལ་སོགས་པ་རང་རང་གི་གཙོ་བོ་དང་སྦྱོར་བའི་དུས་ན་ནི་འདོད་ཆགས་ཆེན་པོའི་གཙོ་བོར་གྱུར་པ་སྣང་བ་མཐའ་ཡས་ཡིན་པས། དེ་ལྷ་མོ་རྣམས་ཀྱི་དབུ་རྒྱན་ལ་བསྒོམ་མོ་ཞེས་ཟེར་རོ། །རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང༌། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །བསམ་མེད་གཞན་གྱི་དངོས་གྲུབ་ནི། །བསྐལ་པ་བྱེ་བར་ཡོད་མི་འགྱུར། །ཞེས་བྱ་བ་ནི་རྒྱུ་རྡོ་རྗེ་འཛིན་ཆེན་པོ་ལ་ནི་འབྲས་བུ་མི་བསྐྱོད་པས་རྒྱས་གདབ་ཅིང་འབྲས་བུ་མི་བསྐྱོད་པ་ལ་ཡང་རྒྱས་གདབ་སྟེ། གཅིག་གི་དབུ་རྒྱན་ལ་གཅིག་བཞུས་སུ་གསོལ་བས་དབང་བསྐུར་བའོ། ལ་ལ་ན་རེ། རྒྱུས་ཆོས་ཉིད་ལ་ནི་འབྲས་བུ་ཡེ་ཤེས་ཀྱི་རྒྱས་གདབ་སྟེ། ཆོས་ཉིད་ལ་ཕྱག་རྒྱར་བསྐྱེད་ལ་འབྲས་བུ་ཡེ་ཤེས་ལ་ནི་རྒྱུ་ཆོས་ཉིད་ཀྱིས་རྒྱས་གདབ་སྟེ། ཕྱག་རྒྱ་མཚན་མར་བསྐྱེད་ཀྱང་ཆོས་ཉིད་ལས་མ་གཡོས་པར་བྱ་སྟེ། བདེན་པ་གཉིས་ཀྱི་ངང་དུ་མཚན་མ་དང་མཚན་མ་མེད་པར་མཐར་ཕྱིན་པར་བྱའོ། །དེས་ནི་དབང་བསྐུར་བ་ཐམས་ཅད་ཀྱི་དོན་མདོར་བསྡུས་ནས་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །དོན་དེ་ལྟར་ཤེས་པར་བྱ་བ་ཡིན་པས་བསམ་པ་མེད་པ་དག་གི་རིགས་དང་རིགས་ཀྱི་བདག་པོ་འཆོལ་བར་དབུ་རྒྱན་ལ་དབང་བསྐུར་བའི་ཐབས་གཞན་གྱིས་དངོས་གྲུབ་བསྒྲུབ་པར་འདོད་ན་ནི་བསྐལ་པ་བྱེ་བའི་བར་དུ་ཡང་འགྲུབ་པར་ཡང་མི་འགྱུར་རོ་ཞེས་བསྟན་ཏོ། །ད་ནི་ཞུས་ཚིག་སུམ་ཅུ་བཞི་པ། ཆོས་ཀྱི་འབྱུང་གནས་ཇི་ལྟར་ལགས། །ཞེས་པའི་ལན་དུ། །བཞི་ཆར་མཉམ་པར་ལྡན་པ་ནི། །རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །གྲུ་གསུམ་ལ་ནི་རྣམ་པར་བསྒོམ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་འབྱུང་གནས་བསྐྱེད་པའི་ཐབས་འདི་ཡང༌། སློབ་དཔོན་དག་སོ་སོ་ནས་བཞེད་མི་མཐུན་ཏེ། རྡོ་རྗེ་
བཞད་པ་ན་རེ། བདག་ཉིད་རྡོ་རྗེ་འཛིན་ཆེན་པོ་ཀུན་དུ་བཟང་མོ་དང་ལྡན་པར་ཟླ་བའི་དཀྱིལ་འཁོར་ལ་འདུག་པར་བསམ་པ་དང་གཅིག །དེ་ནས་བདག་ཉིད་ཀྱི་བ་སྤུའི་བུ་གནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཡབ་ཡུམ་སྲས་དང་བཅས་པ་སྤྱན་དྲངས་ཏེ། བདག་ཉིད་ཡབ་ཡུམ་གྱི་ལུས་ལ་ཞུགས་ཏེ་རོལ་བ་མཛད་པ་ལས་ཡབ་ཡུམ་གཉིས་ག་ཞུ་བའི་ཟླ་བའི་དཀྱིལ་འཁོར་དུ་གྱུར་པ་དང་གཉིས། ཟླ་བ་དེ་ལས་ཨ་ནས་ཀྵ་ལ་ཐུག་པའི་བར་གྱི་ཡི་གེ་མགོ་གྱེན་དུ་འགྲེང་བའོ་འོད་ཟེར་དང་བཅས་པ་སྲོག་དང་དབུགས་སུ་ལྡན་པ་ལྟ་བུ་བཀོད་ལ། ཨ་ལ་སོགས་པས་ནི་ཤེས་རབ་ཀྱི་ཡུམ་སངས་རྒྱས་སྤྱན་ལ་སོགས་པ་བསྐྱེད། ཀ་ལ་སོགས་པས་ནི་ཐབས་ཀྱི་ཡབ་རྣམ་པར་སྣང་མཛད་ལ་སོགས་པར་བསྒོམ་པ་དང་གསུམ། །དེ་རྣམས་ཀྱི་ཐུགས་ཀར་པདྨ་དང་ཟླ་བ་ལ་རང་གི་ས་བོན་ལས་རིགས་ཀྱི་ཕྱག་མཚན་དུ་གྱུར་བའི་དཀྱིལ་དུ་སོ་སོའི་ས་བོན་གྱིས་མཚན་པར་གྱུར་པ་ལས་རིགས་སོ་སོའི་ཁ་དོག་དང་མཐུན་པའི་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རང་གི་རིགས་ཀྱི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་རང་གི་རིགས་ཀྱི་དམ་ཚིག་སེམས་དཔའི་ཐུགས་ཀར་སོ་སོར་ཞུགས་པ་དང་བཞི་ལ་ནི། བཞི་ཆར་མཉམ་པར་ལྡན་པ་ནི། །ཞེས་བྱ་ལ་དེ་ནས་ཡབ་ཡུམ་དེ་དག་ཆ་ཕྲུགས་པར་བཞུགས་པ་ནི་རིག་པའི་སྐྱེས་བུ་རྡོ་རྗེ་ཅན་ཞེས་བྱ་སྟེ། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་དོན་དང་ལྡན་པའོ། །དེ་ནས་ཡབ་ཡུམ་དེ་དག་གཉིས་སུ་མེད་པའི་རོལ་པ་མཛད་པ་འདོད་ཆགས་ཆེན་པོ་བདེ་བའི་མེས་ཞུ་བ་ལས། སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས་དབྱིབས་གྲུ་གསུམ་དུ་གནས་པའི་ཆོས་ཀྱི་འབྱུང་གནས་སུ་གྱུར་པར་བསྒོམ་ཞེས་བྱ། དེ་ནས་སྲུང་བའི་འཁོར་ལོའི་དཀྱིལ་འཁོར་བསྒོམ་པའི་དུས་ན་ནི་འཁོར་ལོ་རྩིབས་བཅུ་པའི་རིམ་པ་དང་ལྡན་པའི་ཅུང་ཟད་སེར་བའི་ཁ་དོག་དང་ལྡན་པ་དེའི་དབུས་སུ་སྒོམ་པ་ལ་ཡེ་ཤེས་ཆེན་པོ་བཅུའི་བདག་ཉིད་ཁྲོ་བོ་ཆེན་པོ་བཅུ་བསྒོམ་པར་བྱའོ། །ལྷའི་དཀྱིལ་འཁོར་བསྒོམ་པའི་དུས་ན་ནི་ཆོས་ཀྱི་འབྱུང་གནས་དེའི་ནང་དུ་མི་འཁྲུགས་པར་དང་མཱ་མ་ཀཱིའི་རོལ་པ་མཛད་ནས་ཞུ་བ་ལས་ཡེ་ཤེས་དཔའ་རླབས་འཁྲུགས་པའི་རྒྱ་མཚོ་ཆེན་པོར་གྱུར། །དེའི་སྟེང་དུ་རྣམ་པར་སྣང་མཛད་སངས་
རྒྱས་སྤྱན་དང་སྦྱོར་བ་འོད་དུ་ཞུ་བ་ལས་གསེར་གྱི་ས་གཞིར་གྱུར། །དེའི་སྟེང་དུ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྦྱོར་བ་ཞུ་བ་ལས། དེ་ཉིད་རྒྱས་ཤིང་གང་བར་གྱུར་པ་དེའི་སྟེང་དུ་སྣང་བ་མཐའ་ཡས་ལ་ན་བཟའ་དཀར་མོ་དང་སྦྱོར་བ་ཞུ་བ་ལས་ཡེ་ཤེས་མེད་དཔུང་འབར་བའི་ཕྲེང་བ་འཁྲུག་པར་གྱུར། དེའི་སྟེང་དུ་དོན་ཡོད་གྲུབ་པར་སྒྲོལ་མ་དང་སྦྱོར་བ་ཞུ་བ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟེགས་གྲུ་བཞི་པར་གྱུར། །དེའི་དབུས་སུ་བྷྲཱུཾ་སེར་པོའི་འཕྲོ་འདུས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པ་ལས་འཁོར་ལོ་རྩིབས་བརྒྱད་པར་གྱུར། །དེའི་ལྟེ་བ་ལ་རྣམ་པར་སྣང་མཛད་དབྱིངས་ཕྱུག་མ་དང་སྦྱོར་བ་ཞུ་བ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་མཆོད་རྟེན་དཔག་ཚད་བྱེ་བ་ཙམ་གྱི་རྒྱ་ཁྱོན་དང་ལྡན་པ་འོད་ཟེར་གྱི་ཕྲེང་བས་བརྒྱན་པའི་གཞལ་ཡས་ཁང་བསྒོམ་སྟེ། དེའི་འོག་ཏུ་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་རྒྱ་གྲམ་གྱིས་སའི་འོག་ཐམས་ཅད་ཁྱབ་པར་བསྒོམ་མོ། །དེའི་ལྟེ་བ་ལ་བྷཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་པ་ལ་སྒོ་བཞི་པ་ཏྭ་ར་ཎ་བཞི་དང་དྲིལ་བུ་དང་དར་དཔྱངས་དང་འཕན་ལ་སོགས་པས་བརྒྱུས་པ་དཀྱུས་དང་སྒོམ་པའི་རིམ་པ་བཞིན་དུ་བསྒོམ་ཞེས་ཟེར། ཉ་ན་པ་ཏ་བ་རེ་ནི་དང་པོར་ཡཾ་དུད་ཁ་ལས་རླུང་གི་དཀྱིལ་འཁོར་དབྱིབས་ཟླ་གམ། དེའི་སྟེང་དུ་རཾ་དམར་པོ་ལས་མེའི་དཀྱིལ་འཁོར་དབྱིབས་ཟུར་གསུམ་།དེའི་སྟེང་དུ་ལཾ་སེར་པོ་ལས་སའི་དཀྱིལ་འཁོར་སེར་པ་དབྱིབས་གྲུ་བཞི། །དེའི་སྟེང་དུ་ཧཱུཾ་མཐིང་ནག་ལས་རྡོ་རྗེ་རྒྱ་གྲམ་ནག་པོའི་ས་གཞིས་གཡོགས་པ། དེའི་སྟེང་དུ་བཾ་དཀར་པོ་ལས་ཆུའི་དཀྱིལ་འཁོར་ཁ་དོག་དཀར་པོ་དབྱིབས་ཟླུམ་པོ། །དེའི་སྟེང་དུ་འཁོར་ལོ་སེར་པོ་རྩིབས་བཅུ་པ་དེ་ལ་ཡེ་ཤེས་བཅུའི་རང་བཞིན་ཁྲོ་བོ་བཅུ་བསྐྱེད་ནས་བགེགས་མཚམས་གཅོད་པར་བྱེད་པའོ། །དེའི་ལྟེ་བ་ལ་ཆོས་ཀྱི་འབྱུང་གནས་བསྒོམ་སྟེ། དཀྱུས་ལ་སྦྱར་ན། བཞི་ཆ་མཉམ་པར་ལྡན་པ་ནི། །ཞེས་བྱ་བ་ནི་འབྱུང་བ་བཞི་ཆར་མཉམ་པར་ལྡན་པའོ། །རིག་པའི་སྐྱེས་དུ་རྡོ་རྗེ་ཅན། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མོ། །དེ་གཉིས་སུ་མེད་པའི་སྦྱོར་བས་འོད་དུ་ཞུ་བ་ལས་ནི་སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས་ཨེ་གྲུ་གསུམ་ཆོས་ཀྱི་འབྱུང་གནས་སུ་གྱུར་པར་བསྒོམ་མོ། །དེ་གང་དུ་ཞེ་ན། རྩིབས་བཅུ་རིམ་པ་བཅུར་སེར་བའི། །དེ་ཡི་དབུས་སུ་རྣམ་པར་བསྒོམ།
འཁོར་ལོ་དེ་ཅི་དགོས་ཤེ་ན། །བདག་ཉིད་ཡེ་ཤེས་བཅུ་པོ་འབྱུང༌། །ཞེས་བྱ་སྟེ་ཁྲོ་བོ་བཅུའི་བཞུགས་གནས་སྲུང་བའི་འཁོར་ལོའི་དཀྱིལ་འཁོར་རོ་ཞེས་ཟེར་ན། དེ་དག་གང་དུའང་འགལ་བ་མེད་ན་ཡང་བདག་གི་འོད་ཀྱི་གཞི་ཆ་མཉམ་པར་ལྡན་པ་ནི་ཞེས་བྱ་བ་ནི་འབྱུང་བ་བཞི་གནས་སུ་དག་པ་ཡུམ་བཞིའི་རང་བཞིན། །ཚད་མེད་པ་བཞི་བསྒོམས་པའི་བག་ཆགས་ཀྱིས་བསླང་ནས་ཕྱོགས་བཞི་ནས་མཉམ་པར་བཞུགས་པའོ། །རིག་པའི་རང་བཞིན་ལྷ་མོ་དེ་བཞིའི་སྐྱེས་བུ་ནི་རྡོ་རྗེ་ཅན་ཞེས་བྱ་སྟེ་རྡོ་རྗེ་འཛིན་ཆེན་པོའོ། །དེ་དག་གཉིས་སུ་མེད་པར་རོལ་པ་མཛད་པ། འདོད་ཆགས་ཆེན་པོའི་མེས་ཞུ་བ་ལས་ནི་སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རང་བཞིན། གྲུ་གསུམ་པ་ནི་རྣམ་པར་བསམས། །ཞེས་བྱ་སྟེ། ཨེ་གྲུ་གསུམ་ཆོས་ཀྱི་འབྱུང་གནས་སུ་གྱུར་པར་བསྒོམ་མོ། །གནས་གང་དུ་བསྒོམ་ཞེ་ན། རྩིབས་བཅུ་རིམ་པ་ཅུང་སེར་བ། །དེ་ཡི་དབུས་སུ་རྣམ་པར་བསྒོམ། །ཞེས་ཏེ། སྲུང་བའི་འཁོར་ལོའི་དཀྱིལ་འཁོར་རྩིབས་བཅུ་པ་ཁ་དོག་གི་རིམ་པ་ཅུང་ཟད་སེར་བར་འདུག་པ་དེའི་ལྟེ་བ་ལ་ཕྲ་ཕྱོགས་བསྟན་ནས། སྦོམ་ཕྱོགས་གྱེན་དུ་འགྲེང་བ་བསྒོམ་མོ། །འཁོར་ལོ་དེ་ཅི་དགོས་ཤེ་ན། །བདག་ཉིད་བཅུ་པོ་འབྱུང་བ་ནི། །རྩིབས་རྣམས་ལ་ནི་ཁྲོ་བོ་བཅུ། །ཞེས་བྱ་སྟེ། ཡེ་ཤེས་ཆེན་པོ་བཅུའི་བདག་ཉིད། །ཁྲོ་བོ་ཆེན་པོ་བཅུའི་བཞུགས་གནས། །སྲུང་བའི་འཁོར་ལོའི་དཀྱིལ་འཁོར་རོ། །ཁྲོ་བོ་དེ་དག་ཇི་ལྟར་འཐོན་ཞེ་ན། རྫོགས་པའི་མཆོག་ཏུ་མཛེས་པ་ཡིན་ཞེས་ཏེ། སྐུ་ཡན་ལག་དང་ཉིད་ལག་དང༌། །ཁྲོ་རྟགས་དང༌། རྒྱན་དང༌། ཆ་ལུགས་རྫོགས་ཤིང་འཇིག་རྟེན་པའི་ཁྲོ་བོའི་ཚུལ་ཅན་ལ་མཆོག་ཏུ་གྱུར་ཅིང༌། ཤིན་ཏུ་མཛེས་པའི་ངང་ཚུལ་དང་ལྡན་པར་འགྱུར་བའོ། །ལ་ལ་ན་རེ། བཅུ་ཀ་ཚང་བར་རྫོགས་པའི་ཏིང་ངེ་འཛིན་གྱིས་བསྐྱེད་པ་ལས་རྫོགས་པ་ཞེས་བྱའོ་ཟེར་ན། དེ་ཡང་མ་ངེས་ཏེ། སློབ་དཔོན་ལ་ལའི་བཞེད་ཀྱིས་རིམ་པར་བསྐྱེད་པའི་ཏིང་ངེ་འཛིན་དུ་བསྒོམ་པར་ཡང་སྣང་ལ། བདག་དངོས་ཀྱིས་ཀྱང་དེ་ལྟར་རིགས་པར་མཐོང་ངོ༌། །ཁྲོ་བོ་དེ་དག་ཅིའི་ཕྱིར་བསྒོམ་ཞེ་ན། རྡོ་རྗེ་འགོག་པ་བསྒོམ་པར་བྱ། །ཞེས་གསུངས་ཏེ། ལས་དང་དངོས་གྲུབ་ལ་བར་
གཅོད་པའི་བདུད་བགེགས་དང་ལོག་འདྲེན་ཐམས་ཅད་འགོག་པར་བྱེད་པའི་ཕྱིར་དེ་དག་བསྒོམ་པར་བྱའོ། །གཉིས་སུ་ན་དེ་ལྟ་བུའི་ཕྱིར་དེ་དག་སེམས་ཀྱི་རྒྱུ་བ་གཞན་བཀག་ནས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་བསྒོམ་པར་བྱའོ། །དེ་དག་གི་མཚན་ཉིད་ཇི་ལྟ་བུ་ཞེ་ན། མེ་ལྟ་བུར་ནི་འགྲོ་བ་ཡིས། །རྡོ་རྗེ་འབར་བའི་སྤྲིན་ལྟར་འཕྲོ། །ཞེས་བྱ་སྟེ་མེ་ལྟ་བུར་འབར་བ་དང་ཚ་བ་དང༌། གསལ་བ་དང༌། འཕྲོ་བ་དང༌། ཐོགས་པ་མེད་པའི་རྡོ་རྗེ་འབར་བའི་སྤྲིན་ལྟ་བུར་ནམ་མཁའ་ཁྱབ་པར་འཕྲོས་པས་གཞན་ལ་གཅོད་ཅིང་འབིགས་པ་དང༌། བསྲེག་ཅིང་འཇོམས་བར་བྱེད་ནུས་པའི་མཚན་ཉིད་ཅན་ནོ། །ཆོས་ཀྱི་འབྱུང་གནས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཆོས་འབྱུང་ཡེ་ཤེས་རང་བཞིན་ནི། །དྲི་མ་མེད་ཅིང་ཞི་བའོ། །ཞེས་བྱ་སྟེ་གཟུང་འཛིན་གྱི་དྲི་མ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ། ཤེས་རབ་ཀྱི་རང་བཞིན་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ་ཁ་དོག་དཀར་བ། ཐབས་ཀྱི་རང་བཞིན་སྐུ་གསུང་ཐུགས་དང་ལྡན་པས་རྩ་བ་དམར་བ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ་བ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི་ངོ་བོ་ནམ་མཁའི་དབྱིངས་དང་དབྱེར་མེད་ཅིང་གསང་བའི་མཁའ་དབྱིངས་དང་ཐ་མི་དད་པ། ནང་སྟོང་པར་གྱུར་པའི་ཚད་ནམ་མཁའི་དབྱིངས་ཀྱི་མཐའ་དང་མཉམ་ཞིང༌། དེ་བཞིན་གཤེགས་བ་ཐམས་ཅད་ཀྱི་བཞུགས་གནས་དང་ཕོ་བྲང་དུ་གྱུར་པའོ། །རྒོལ་བ་བ་ན་རེ། འོ་ན་གཞན་དག་ན་རེ། འབྱུང་བཞི་རིམ་པར་བསྒོམས་ལ་དེའི་སྟེང་དུ་རྡོ་རྗེ་འཛིན་ཆེན་པོ་ཡབ་ཡུམ་འོད་དུ་ཞུ་བ་ལས་ཆོས་ཀྱི་འབྱུང་གནས་བསྒོམ་ཞེས་ཀྱང་ཟེར། བདག་ཉིད་རྡོ་རྗེ་འཛིན་ཆེན་པོ་ཡབ་ཡུམ་ཟླ་བ་ལ་འདུག་པར་བསམ་པ་ལ་སོགས་པའི་རིམ་པས་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་བ་ལས་ཆོས་ཀྱི་འབྱུང་གནས་སུ་གྱུར་པ་བསྒོམ་ཞེས་ཀྱང་ཟེར། འདིར་དེ་དག་གི་རིམ་པ་མ་སྨོས་པར་ཡུམ་བཞི་དང་ལྡན་པའི་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་བ་ལས་ཆོས་ཀྱི་འབྱུང་གནས་སུ་གྱུར་པ་ཞེས་བཤད་པ་དེ་དག་མི་མཐུན་པར་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། ཆོས་ཀྱི་འབྱུང་གནས་རྡོ་རྗེ་འཛིན་ཆེན་པོ་ཡབ་ཡུམ་ལས་བསྐྱེད་པ་དང༌། རིགས་ལྔ་ཡབ་ཡུམ་ལས་བསྐྱེད་
པ་མི་མཐུན་པར་སྣང་བ་ཡང་རྒྱུ་འབྲས་ཀྱི་དབང་དུ་བྱས་པས་དེ་ལྟར་སྣང་བར་ཟད་ཀྱི་གཞི་ཐ་དད་པ་མ་ཡིན་པས་འགལ་བ་མེད་ལ། འབྱུང་བ་བཞིའི་དཀྱིལ་འཁོར་བསྐྱེད་ཐབས་ལྟག་འོག་མི་མཐུན་པར་སྣང་བ་ཡང་རང་གི་སློབ་དཔོན་གྱིས་བསྟན་པའི་མན་ངག་མཐོང་བའི་ཁུངས་མི་མཐུན་པ་ལས་གྱུར་ཏེ། ཆོས་ཀྱི་འབྱུང་གནས་ཀྱིས་ཀྱང་དབང་ཆེན་གྱི་དཀྱིལ་འཁོར་ལ་ཁྱབ་ལ། དབང་ཆེན་གྱི་དཀྱིལ་འཁོར་ཡང་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཤོང་བས་འགལ་བ་མེད་ལ། དེ་དག་གིས་དེ་རྣམས་བསྟན་པ་ཡང་གསང་བ་འདུས་པའི་དཀྱིལ་འཁོར་ཚང་བར་བསྒོམ་པའི་གཞལ་ཡས་ཁང་བསྐྱེད་པའི་དབང་དུ་གསུངས་པ་ཡིན་པས་དེ་ལྟར་བསྟན་ལ། བདག་གིས་ནི་རྒྱུད་ལྷག་མའི་དཀྱུས་ཀྱི་གནས་སྐབས་ཀྱི་དོན་དང་སྦྱར་ནས་འཚམ་པར་བཤད་པར་ཟད་དེ། རྡོ་རྗེ་འཛིན་ཆེན་པོ་ཡུམ་བཞི་དང་ལྡན་པར་བསྒོམས་པའི་ནང་དུ་ཡང་དབང་ཆེན་ཚང་ལ། དབང་ཆེན་རིམ་པར་བརྩེགས་པ་ཡང་ཡུམ་བཞིའི་རང་བཞིན་ཏེ་དངོས་དབང་ཆེན་རིམ་པར་བརྩེགས་པའི་གནས་སུ་དག་པར་བརྟགས་ཡུམ་བཞི་དང་ལྡན་པར་བསྟན་ན་ཡང་ཉེས་པ་མེད་དོ། །འོ་ན་ཆོས་ཀྱི་འབྱུང་གནས་ཞུས་པའི་སྐབས་སུ་སྲུང་བའི་འཁོར་ལོ་བསྟན་པ་ཅི་དགོས་ཤེ་ན། སྨྲས་པ། སྲུང་བའི་འཁོར་ལོའི་དཀྱིལ་འཁོར་འབའ་ཞིག་ལ་ནི་དབང་ཆེན་བསྒོམ་པ་ཡང་ཡོད། །མི་བསྒོམ་པ་ཡང་ཡོད་དེ་གང་ལྟར་བྱས་ཀྱང་འགལ་བ་མེད་ན་རྒྱུད་འདིའི་དཀྱིལ་འཁོར་གྱི་ལྷ་ཚང་བར་བསྒོམ་ན། བགེགས་བསལ་བའི་ཁྲོ་བོ་བསྒོམ་པ་དང༌། དཀྱིལ་འཁོར་གྱི་ལྷ་ཕྱི་མ་བསྒོམ་པ་འབྲེལ་ལ། སྲུང་བའི་འཁོར་ལོའི་དཀྱིལ་འཁོར་ཁྲོ་བོའི་བཞུགས་གནས་བསྐྱེད་པ་དང༌། དཀྱིལ་འཁོར་གྱི་ལྷ་ཕྱི་མ་བསྐྱེད་པའི་གཞལ་ཡས་ཁང་པར་ཡང་འབྲེལ་པས་གཅིག་གིས་གཅིག་མཚོན་པའི་ཕྱིར་འདི་ལྟར་བསྟན་པ་ཡང་འགལ་བ་མེད་དོ། །གཞན་དག་ན་རེ། དེ་ལྟར་ཆོས་ཀྱི་འབྱུང་གནས་དང༌། འཁོར་ལོ་བསྒོམས་པའི་ཡོན་ཏན་ནི། །བསྒོམས་པས་སྐད་ཅིག་ཉིད་དུ་ནི། །སངས་རྒྱས་སྤྱན་ནི་རབ་ཏུ་བསྐྱེད། །ཅེས་གསུངས་ཏེ། ཆོས་ཀྱི་འཁོར་ལོ་དང༌། སྲུང་བའི་འཁོར་ལོའི་དོན་གོང་མ་ལྟར་སེམས་རྩེ་གཅིག་ཏུ་བསྒོམས་ན་སྐད་ཅིག་ཉིད་དུ་ཤེས་བྱ་ཐམས་ཅད་མ་ཐོགས་མ་ཆགས་པར་
གཟིགས་པའི་སངས་རྒྱས་སྤྱན་བསྐྱེད་པར་འགྱུར་རོ་ཞེས་ཟེར་ན། གཞལ་ཡས་ཁང་གི་རང་བཞིན་བསྒོམས་པས་དེ་ལྟར་གྱུར་པའི་རིགས་པས་མ་མཐོང་ངོ༌། །ད་ནི་ཞུས་ཚིག་སུམ་ཅུ་ལྔ་པ། དེ་བཞིན་སྡོམ་པ་ཇི་ལྟར་ལགས། །ཞེས་པའི་ལན་དུ། བསྒོམས་པས་སྐད་ཅིག་ཉིད་དུ་ནི། །སངས་རྒྱས་སྤྱན་ནི་རབ་ཏུ་བསྐྱེད། །གཉིས་ཀྱི་རིམ་པར་ཉེར་གནས་པ། །དེ་ལ་ལྷ་ཉིད་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་འདིའི་དོན་ཉམས་སུ་ལེན་པའི་རྣལ་འབྱོར་པས་སྐུ་གསུང་ཐུགས་གསུམ་ལས། སྐུའི་རིགས་ཀྱི་དབང་དུ་བྱས་ནས་བསྒྲུབ་ན་ཏིང་ངེ་འཛིན་ཇི་ལྟ་བ་བཞིན་དུ་སྔར་བསྟན་པའི་རིམ་པས་སངས་རྒྱས་རྣམ་པར་སྣང་མཛད་དུ་བསྒོམས་པའི་རྣལ་འབྱོར་པས་དེ་ལྟར་བསྒོམས་ནས། དེའི་སྐད་ཅིག་ཉིད་དུ་ནི། ཡུམ་སངས་རྒྱས་སྤྱན་ཡང་མྱུ་གུ་དང་གྲིབ་མའི་ཚུལ་དུ་རབ་ཏུ་གསལ་བར་བསྐྱེད་ལ། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་ཀྱི་རིམ་པ་ཟུང་དུ་འབྲེལ་པར་ཉེ་བར་གནས་པར་གནས་པ་བསྒོམ་པར་བྱའོ། །དེ་ལ་ལྷ་ཉིད་རྡོ་རྗེ་ཅན། །ཞེས་བྱ་བ་རྣམ་པར་སྣང་མཛད་པ་བསྒོམ་པ་དེ་ལྟར་བསྟན་ལ། ལྷ་ཉིད་རྡོ་རྗེ་ཅན་ཞེས་བྱ་བ་རྒྱུད་དང་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོའམ། ཐུགས་ཀྱི་རིགས་ཀྱི་མི་བསྐྱོད་པ་སྟེ། དེ་བསྒོམས་ན་ཡང་ཏིང་ངེ་འཛིན་གྱི་རིམ་པ་ཇི་ལྟ་བས་དང་པོ་གཙོ་བོའི་སྐུ་བསྐྱེད་ལ། དེ་མ་ཐག་ཏུ་ཡུམ་ཡང་བསྐྱེད་དེ། བསྙེན་སྒྲུབ་རྣམ་པ་བཞི་དང་ལྡན་པར་བྱའོ། །དེ་བཞིན་དུ་ལྷ་གཅིག་གམ། དཀྱིལ་འཁོར་ཚང་བར་སྒོམ་ན་ཡང་ཚུལ་དེ་ཉིད་ཁོ་ནས་བསྒོམ་པར་བྱ་སྟེ། ཅིའི་ཕྱིར་དེ་ལྟར་བསྒོམ་ཞེ་ན། ཇི་ལྟར་རིམ་པར་བཅས་འཇུག་པ། །དེ་ལྟར་རིམ་པར་བཅས་ཏེ་འབྱུང༌། །ཞེས་གསུངས་ཏེ། ཇི་ལྟར་རྒྱུ་སྒྲུབ་པའི་དུས་ན་ཡབ་ཡུམ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རིམ་པར་བཅས་པས་བསྒོམས་ནས་འཇུག་པ་ཡིན་ལ། དེ་ལྟར་བསྒོམས་ནས་འགྲུབ་པའི་འབྲས་བུ་གང་ཡང་བསྒོམས་པ་དེ་བཞིན་དུ། ལྷ་དེ་ཡབ་ཡུམ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རིམ་པར་བཅས་ཏེ་འབྱུང་བ་ཡིན་ནོ། །དེ་ལྟ་བས་ན་གསང་བ་འདུས་པའི་རྣལ་འབྱོར་པས་དོན་དབྱིངས་དང་ཡེ་ཤེས། རྟགས་ཐབས་དང་ཤེས་རབ་ཕྱག་རྒྱ་མཚན་མ་དང་
མཚན་མ་མེད་པ་གསང་བའི་དབང་པོ་རྡོ་རྗེ་དང་པདྨ་གཉིས་ཀྱི་རིམ་པ་དབྱེར་མེད་པར་ཉེ་བར་བསྒོམས་པའི་སྒོ་ནས་འཇུག་ཅིང་གྲུབ་ལ། འབྲས་བུ་དེ་བཞིན་ཐོབ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྒྲུབ་པ་དང་ནི་ནན་ཏན་དང༌། །དེ་བཞིན་དམ་ཚིག་སྡོམ་པ་ལ། །དེ་ཀུན་སྔོན་དུ་རྒྱས་པ་དག །བྱེ་བྲག་རིམ་པ་སོ་སོ་སྟེ། །ཞེས་བྱ་བ་ནི་སྒྲུབ་ཐབས་ཐ་དད་པ་མང་པོ་དང༌། དེ་དག་ཤེས་རབ་དང༌། ཏིང་ངེ་འཛིན་གྱིས་ནན་ཏན་དུ་བྱ་བ་དང༌། དེ་བཞིན་དུ་མི་འདའ་བར་བསྲུང་བའི་རྩ་བ་དང་ཡན་ལག་དང༌། སྤྱི་དང་ཁྱད་པར་གྱི་དམ་ཚིག་དང༌། ལུས་དང་ངག་གི་སྒོ་སྡོམ་པ་ལ་གནས་པར་བྱ་བ་རྣམས་ལ་ནི་དེ་ཀུན་ཞེས་བྱ་སྟེ། མ་ལུས་པར་སྔོན་དུ་རྩ་བའི་རྒྱུད་ཆེན་པོར་ཤིན་ཏུ་རྒྱས་པ་དག་ཏུ་ཕྱེ་ནས་བསྟན་ཟིན། དེ་དག་ཀྱང་བྱེ་བྲག་མི་མཐུན་པའི་རིམ་པ་ནི་སོ་སོ་ནས་མ་འདྲེས་པར་གསུངས་པས་དེ་བཞིན་དུ་ཤེས་ཤིང་བསྲུང་བར་བྱ་དགོས་ཏེ། འདིར་ནི་དེ་དག་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་ཀྱི་ཕྱིར་ན། གཟུགས་སྒྲ་ལ་སོགས་འདོད་པ་ལ། །བདེ་དང་སྡུག་བསྔལ་བདག་ཉིད་འབྱུང༌། །ཞེས་བྱ་བ་ནི་མིག་གི་ཡུལ་གཟུགས་དང༌། རྣ་བའི་ཡུལ་སྒྲ་དང༌། སོགས་ཀྱི་སྒྲས་སྣའི་ཡུལ་དྲི་དང༌། ལྕེའི་ཡུལ་རོ་དང༌། ལུས་ཀྱི་ཡུལ་རེག་བྱ་རྣམས་བསྡུས་ཏེ། འདོད་པའི་ཡོན་ཏན་ལྔ་པོ་དེ་ལ་བྱེ་བྲག་རྣམ་པ་གསུམ་དུ་འགྱུར་ཏེ། ཡུལ་ཡིད་དུ་འོང་བ་དང་ཕྲད་པ་ལས་ནི་ཚོར་བ་སྡུག་བསྔལ་སྐྱེ། ཡུལ་དེ་གཉི་ག་མ་ཡིན་པ་ལས་ནི་ཚོར་བ་བཏང་སྙོམས་སྐྱེ་སྟེ། ཡུལ་ལྔ་བྱེ་བྲག་གསུམ་དུ་གྱུར་པ་ལས། ཚོར་བ་རྣམ་པ་གསུམ་གྱི་བདག་ཉིད་འབྱུང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ན། རྟག་ཏུ་སྙིང་ལས་སྐྱེ་བ་ནི། །འདོད་ཆགས་ཞེ་སྡང་མུན་པ་འབྱུང༌། །ཞེས་བྱ་སྟེ་ཚོར་བ་བདེ་བ་ལས་ནི་ཉོན་མོངས་པ་འདོད་ཆགས་སྐྱེ། ཚོར་བ་སྡུག་བསྔལ་ལས་ནི་ཉོན་མོངས་པ་ཞེ་སྡང་སྐྱེ། ཚོར་བ་བཏང་སྙོམས་ལས་ནི་ཉོན་མོངས་པ་གཏི་མུག་སྐྱེ། རྟག་ཏུ་ཞེས་བྱ་བ་ནི་དུས་རྟག་ཏུ་རྒྱུན་མི་འཆད་པར་དབང་པོ་ཡུལ་དང་ཕྲད་པའི་དུས་ན་རྣམ་པར་ཤེས་པ་སྐྱེ་ཞིང་ཚོར་བ་རྣམ་པ་གསུམ་ཉམས་སུ་མྱོང་བ་ལས། ཉོན་མོངས་པ་རྣམ་པ་གསུམ་སྐྱེ་ཞིང་འབྱུང་ཞེས་པའི་དོན་ཏོ། །
དེ་ལྟར་འབྱུང་བར་གྱུར་པ་ཡིན་དུ་ཟིན་ཀྱང་དེ་དག་དབང་དུ་བྱ་བ་དང༌། གྲོལ་བ་དང༌། གྲུབ་པར་བྱ་བའི་ཕྱིར། འདོད་ཆགས་འདོད་ཆགས་དངོས་རྡོ་རྗེ། །རྡོ་རྗེ་བཞིན་དུ་རིན་ཆེན་འབྱུང༌། །རིན་ཆེན་བཞིན་དུ་དམ་ཚིག་ཤེས། །འདོད་པའི་བུད་མེད་དམ་ཚིག་འདྲ། །ཞེས་གསུངས་ཏེ། དེ་ལ་འདོད་ཆགས་དངོས་ཞེས་བྱ་བ་དང༌། ཡུལ་ཡིད་དུ་འོང་བ་དང་ཕྲང་ནས་ཚོར་བ་བདེ་བ་མྱོང་སྟེ། ཕྱིན་ཅི་ལོག་གི་འདོད་ཆགས་ཞེན་པའི་མཚན་ཉིད་ཅན་སྐྱེས་ན་སྐྱེས་མ་ཐག་པའི་དེའི་སྐད་ཅིག་མ་ཕྱི་མ་ལ། དེ་ཉིད་ཡང་དག་པའི་འདོད་ཆགས་ཆེན་པོ་ཡེ་ཤེས་དང་ཐུགས་རྗེ་ཆོས་ཉིད་དང་སེམས་ཅན་ལ་ཆགས་པ་པདྨའི་རིགས་ཀྱི་སངས་རྒྱས་དངོས་ཡིན་པར་རིག་ན། ཉོན་མོངས་པ་དབང་དུ་འདུས་ཤིང་འཁོར་བ་དང་ངན་སོང་དུ་མི་འཆིང་བས་གྲོལ་ལ། དེ་གོམས་པས་མངོན་དུ་གྱུར་ན་པདྨའི་རིགས་སྣང་བ་མཐའ་ཡས་སུ་གྲུབ་པ་ཡིན་ནོ། །རྡོ་རྗེ་ཞེས་བྱ་བ་ནི་ཡུལ་ཡིད་དུ་མི་འོང་བ་དང་ཕྲད་ནས་ཚོར་བ་སྡུག་བསྔལ་མྱོང་སྟེ། ཕྱིན་ཅི་ལོག་གི་ཞེ་སྡང་གཉེན་པོས་གཞིག་ཅིང་སྤང་དཀའ་ལ་ཕ་རོལ་འཇོམས་ཤིང་འཇིག་པར་བྱེད་པ་རྡོ་རྗེ་ལྟ་བུའི་མཚན་ཉིད་ཅན་སྐྱེས་ན་སྐྱེས་མ་ཐག་པའི་དེའི་སྐད་ཅིག་མ་ཕྱི་མ་ལ་དེ་ཉིད་ཡང་དག་པའི་ཞེ་སྡང་ཆེན་པོ་གཟུང་འཛིན་གྱིས་ཉེས་པའི་རྟོག་པ་ཐམས་ཅད་འཇོམས་ཤིང་འཇིག་པར་བྱེད་པའི་རྡོ་རྗེ་རིགས་ཀྱི་སངས་རྒྱས་དངོས་ཡིན་པར་རིག་ན་སྔ་མ་བཞིན་དུ་ཞེ་སྡང་དབང་དུ་འདུས་པ་དང༌། གྲོལ་བ་དང༌། གྲུབ་པར་གྱུར་པ་ཡིན་ཏེ། འོག་མ་རྣམས་ལ་ཡང་དོན་དེ་བཞིན་དུ་སྦྱར་རོ། །འདིར་གཏི་མུག་མ་སྨོས་བས་ཀྱང་སྔར་བསྟན་ཟིན་པའི་དོན་གྱིས་འདིར་བཤད་པར་བྱ་སྟེ། ཡུལ་གཉི་ག་མ་ཡིན་པ་དང་ཕྲད་ནས་ཚོར་བ་བཏང་སྙོམས་ལ་གནས་པས་ཕྱིན་ཅི་ལོག་གི་གཏི་མུག་སྐྱེས་ཏེ། བཟང་ངན་ལེགས་ཉེས་ཐ་དད་དུ་འབྱེད་པའི་རིག་པ་མེད་པར་རྨོངས་ན། དེ་མ་ཐག་ཏུ་དེ་ཉིད་ཡང་དག་པའི་གཏི་མུག་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྟོག་པའི་མཚན་མ་ཐམས་ཅད་མི་རྟོག་པའི་ངང་དུ་རྨོངས་ཏེ། དོན་དམ་པའི་བདེན་པ་སྤྲོས་པ་མེད་པ་ལ་གནས་པ་ཡིན་པར་རིག་ན་སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་དུ་གྲུབ་པར་འགྱུར་བ་ཡིན་ནོ། །དེས་ནི་ཉོན་མོངས་པ་གསུམ་དབང་དུ་བྱས་པ་དང་
གྲོལ་བ་དང་གྲུབ་པ་སྟེ། རིགས་གསུམ་གྱི་དབང་དུ་གསུངས་པའོ། །གོང་དུ་མ་བསྟན་ཡང་དེའི་ཞོར་ལ་ཉོན་མོངས་པ་ལྔའི་དབང་དུ་བྱས་ནས་རིགས་ལྔའི་དོན་བསྟན་པའི་ཕྱིར་ན་རིན་ཆེན་འབྱུང་ལྡན་ཞེས་བྱ་སྟེ། ཆར་གཏོགས་པའི་ལོག་པའི་ང་རྒྱལ་བདག་མཐོ་བར་དགའ་ཞིང་ཕ་རོལ་ཟིལ་གྱིས་མནན་པར་འདོད་པའི་ངང་དུ་སྲན་ཚུགས་པའི་སེམས་སྐྱེས་ནས་དེ་ཉིད་མི་རྟོག་པའི་ངང་དུ་སྲན་ཚུགས་པ་ལས་བྱུང་བའི་ཆེ་བའི་ཡོན་ཏན་གྱིས་གཞན་ཟིལ་གྱིས་གནོན་པ་རིན་པོ་ཆེའི་རིགས་ཀྱི་སངས་རྒྱས་ཡིན་པར་རིག་ན་དེ་བཞིན་དུ་འགྲུབ་པ་ཡིན་ནོ། །དམ་ཚིག་ཅེས་བྱ་བ་ནི་ཕྱིན་ཅི་ལོག་གི་ཉོན་མོངས་པ་བདག་གི་སྦྱོར་བ་ལ་ཕྲག་དོག་པའི་སེམས་སྐྱེས་ནས་བདག་གི་དགེ་བ་དང༌། ཕ་རོལ་གྱི་སྡིག་པ་འདྲེས་པར་མི་བྱ་ཞིང༌། འཕགས་པ་མཆོད་པ་དང༌། འགྲོ་བའི་དོན་ཐམས་ཅད་བདག་གིས་བྱ་བའི་རང་བཞིན་ལས་ཀྱི་རིགས་ཀྱི་སངས་རྒྱས་ཡིན་པར་བསམས་ན་དེ་བཞིན་དུ་འགྲུབ་པར་འགྱུར་ཏེ། བཤོལ་བ་མེད་པའི་བརྩོན་འགྲུས་དང༌། འབད་རྩོལ་མེད་པའི་ཕྲིན་ལས་ཀྱིས་གང་ལྟར་བཞེད་པའི་དགོངས་པ་དེ་བཞིན་དུ་འགྲུབ་པར་འགྱུར་བ་ལས་མི་འདའ་བའི་ཡེ་ཤེས་མངའ་བས་ན་ལས་ཀྱི་རིགས་སུ་ཕྲག་དོག་ལ་དམ་ཚིག་ཅེས་བྱའོ། །འདོད་པའི་བུད་མེད་དམ་ཚིག་འདྲ། །ཞེས་བྱ་བ་གཟུགས་ལ་སོགས་པའི་ཡུལ་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ཀྱང་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ལྷ་མོའི་རང་བཞིན་ཏེ། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་དེ་དག་རང་གི་རང་བཞིན་ནམ་ཆོས་ཉིད་ཀྱིས་ཡུལ་སེམས་མི་འབྲལ་བར་གནས་ཏེ། དབང་པོ་དང་རྣམ་པར་ཤེས་པ་ཡང་རང་རང་གི་ཡུལ་ལ་དམིགས་པ་ལས་གཞན་དུ་མི་འདའ། ཡུལ་རྣམས་ཀྱང་རང་རང་ལ་དམིགས་པའི་དབང་པོ་དང༌། རྣམ་པར་ཤེས་པའི་རྟེན་བྱེད་ཅིང་སྐྱེས་པ་ལས་མི་འདའ་བས་ན་དམ་ཚིག་ཅེས་བྱ། འདྲ་བ་ནི་དེ་དག་ཀྱང་དེ་ལྟར་བསྒོམས་ནས་གོང་དུ་ཉོན་མོངས་པ་ལྔ་རིགས་ལྔར་བསྒོམས་ན་དེ་བཞིན་དུ་འགྲུབ་པར་བསྟན་པ་དང༌། འདིར་ཡང་འདྲ་ཞེས་བྱ། གཉིས་སུ་ན་ཡུལ་གསུམ་གྱི་དབང་གིས་ཉོན་མོངས་པ་གསུམ་སྐྱེས་ནས་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པར་དམིགས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་རྣམ་བ་གསུམ་དུ་རིག་པར་བྱས་ནས་མཆོད་པའི་ཐབས་སྔར་རྩ་བའི་རྒྱུད་དུ་
བསྟན་པ་ལྟར་བྱས་ན། ཇི་ལྟར་བསམས་པ་དེ་དང་འདྲ་བའི་འབྲས་བུ་སྐྱེ་བར་འགྱུར་ཞེས་པའི་དོན་ཏོ། །གསང་སྔགས་ཀྱི་རྒྱུད་འདིའི་སྡོམ་པ་ནི་དེ་ལྟ་བུའི་དོན་དང་ལྡན་པའི་དང་དུ་གནས་པ་ལ་བྱའི་སོ་སོར་ཐར་པ་དང༌། བྱང་ཆུབ་སེམས་དཔའ་དང༌། བསམ་གཏན་དང༌། ཟག་པ་མེད་པའི་སྡོམ་པ་བསྲུང་བ་ལ་ནི་མི་བྱའོ། །ད་ནི་ཞུས་ཚེག་སུམ་ཅུ་དྲུག་པ། འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སེམས་ཅན་དོན་ནི་ཇི་ལྟར་མཛད། །ཅེས་པའི་ལན་དུ། རྣམ་པ་མེད་པ་རྣམ་པ་ཡིན། །ཡན་ལག་ཐམས་ཅད་ཡིག་གསུམ་བདག །བྱ་བ་དང་ནི་བཟློག་པ་ཡང༌། །ཉིད་ཀྱིས་བཟླས་ཤིང་སྤྲོ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པར་ཆོས་ཀྱི་སྐུ་མཚན་མ་མེད་པའི་ངང་ལས་མ་གཡོས་པར་གནས་པ་ནི་རྣམ་པ་མེད་པ་ཞེས་བྱ། ཡང་དག་པའི་ཀུན་རྫོབ་ཏུ་གཟུགས་ཀྱི་སྐུ་ཡབ་ཡུམ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཕྱག་རྒྱ་མཚན་མའི་རྣམ་པ་གསལ་བར་བསྒོམ་པ་ནི་རྣམ་པ་ཡིན་ཞེས་བྱ། །ཡན་ལག་ཐམས་ཅད་ཅེས་བྱ་བ་ནི་ཡབ་ཡུམ་དེ་ལྟར་བསྒོམས་པའི་ལུས་ངག་ཡིད་གསུམ་ཡིན་ལ། དེ་ལ་ཡི་གེ་ཨོཾ་ཨཱཿ་ཧཱུཾ་གསུམ་གྱིས་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དུ་བསྐྱེད་ཅིང༌། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་བྱིན་གྱིས་བརླབས་པའོ། །དེ་ལྟ་བུའི་ཏིང་ངེ་འཛིན་རྩེ་གཅིག་པ་དང་ལྡན་པའི་རྣལ་འབྱོར་པས་རང་གི་སྙིང་པོ་ཡི་གེ་གསུམ་དང་ལྡན་པར་བཟླས་ཤིང༌། གང་ལྟར་འདོད་པའི་ལས་དང་བྱ་བ་དེ་བཞིན་དུ་བརྩམས་ཏེ། དངོས་ཇི་ལྟ་བུ་བྱ་ཞེ་ན། བྱ་བ་དང་ནི་ཟློག་པ་ཞེས་བྱ་སྟེ། འོ་ན་རྣལ་འབྱོར་པའི་ཞེ་སྡང་ཚུལ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ལས་ཆེ་ཕྲ་ཐམས་ཅད་བྱ་བ་དང༌། དགྲ་གཞན་གྱིས་རྒོལ་བ་དང༌། བདུད་དང༌། བགེགས་དང༌། ལོག་འདྲེན་གྱིས་གནོན་ཅིང་འཚེ་བ་དང༌། ཕ་རོལ་གྱི་རིག་སྔགས་ངན་པ་ལ་སོགས་པ་སླར་ལོག་ཅིང་མི་ཚུགས་པར་བྱའོ། །ཡང་ཞེས་བྱ་བ་ནི་དེ་ལྟ་བུའི་ལས་དང་བྱ་བ་བརྩམས་པ་དེ་ཡང་ཐབས་གཞན་གྱིས་རྣལ་འབྱོར་པའི་སྒོ་ནས་མ་ཡིན་གྱི་ཉིད་ཀྱིས་བཟླས་ཤིང་སྤྲོ་བར་བྱ་ཞེས་ཏེ། ཕྱག་རྒྱ་ཆེན་པོ་ཡབ་ཡུམ་ཟུང་འབྲེལ་དུ་བསྒོམ་པ་ཉིད་ཀྱང་རང་གི་སྙིང་པོ་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་དང་བཅས་པར་བཟླས་ཤིང་འོད་ཟེར་སྤྲོ་བའི་སྦྱོར་བ་ལས་བརྩམ་པར་བྱའོ། །དེ་
ལྟར། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །སྐུ་གསུམ་དུ་ནི་བསྐྱེད་བྱ་ཞིང༌། །ཀུན་དུ་རྒྱས་གདབ་དངོས་གྲུབ་གསང༌། །རྡོ་རྗེ་ཅན་གྱིས་དོན་བྱེད་དོ། །ཞེས་བྱ་བ་ནི་མཚན་ཉིད་གོང་དུ་བསྟན་པ་དེ་ལྟར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ལྡན་པའི་སེམས་བདག་གཞན་གང་གི་རྒྱུད་ལས་བྱུང་ན་ཡང་དེ་དག་སྐུ་གསུམ་སྟེ། ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའི་རང་བཞིན་དུ་བསྐྱེད་པར་བྱ་ཞིང༌། ལས་ཀྱི་གནས་སུ་གྱུར་པའི་བསྒྲུབ་པར་བྱ་བའི་ལུས་ངག་ཡིད་གསུམ་ལ་དུས་དང་གནས་སྐབས་ཀུན་དུ་རྒྱས་བཏབ་ཅིང་ལས་བརྩམས་ན་དངོས་གྲུབ་གསང་བ་ཀུན་དང་ཐུན་མོང་མ་ཡིན་པ་ཐོབ་པའམ། འཐོབ་པའི་རྒྱུར་འགྱུར་ཞིང༌། །རྡོ་རྗེ་ཅན་གྱི་དོན་བྱེད་དོ། །ཞེས་བྱ་སྟེ། རྡོ་རྗེ་འཛིན་ཆེན་པོའམ། མི་བསྐྱོད་པས་འགྲོ་བའི་དོན་བྱེད་པ་དང་འདྲ་སྟེ། བག་ཆགས་ངན་པ་མེད་ཅིང་མཐོ་རིས་དང་བྱང་ཆུབ་འགྲུབ་ཅེས་པའི་དོན་ཏོ། །ད་ནི་རྡོ་རྗེའི་རིགས་སུ་བསྒོམས་ནས་སེམས་ཅན་གྱི་དོན་བྱ་བའི་ཕྱིར། རྣལ་འབྱོར་པ་ཡིས་ཞེ་སྡང་ཚུལ། །ཞེ་སྡང་འཁོར་ལོ་བསྐྱེད་པར་བྱ། །རྡོ་རྗེ་གཏུམ་པོས་བཅོས་ནས་སུ། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བསྡུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྣལ་འབྱོར་པ་ཡིས་ཞེ་སྡང་ཚུལ། །ཞེས་བྱ་བ་ནི་དྲག་པོའི་ལས་ཀྱི་གནས་དང་མཐུན་པར་བདུད་རྩི་རྣམ་པ་ལྔས་བྱུགས་པའི་དཀྱིལ་འཁོར་བྱས་ལ། བདག་ཉིད་སྟན་འཇམ་པ་ལ་འདུག་སྟེ། མི་དམིགས་པའི་སྙིང་རྗེ་ཆེན་པོ་ལ་སོགས་པ་ཚད་མེད་པ་བཞིས་སེམས་ཅན་མི་གཏོང་བའི་སེམས་བསྐྱེད་ལ་སྔར་བསྟན་པའི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གཞལ་མེད་ཁང་བསྐྱེད་པའི་ནང་དུ། བསྐྱེད་རྫོགས་རྣམ་པ་གཉིས་ཀྱི་ཏིང་ངེ་འཛིན་ནམ། སྦྱོར་བ་རྣམ་བཞིས་བསྙེན་སྒྲུབ་རྣམ་པ་བཞི་དང་ལྡན་པའི་རྡོ་རྗེ་འཛིན་ཆེན་པོ་དང༌། ཀུན་དུ་བཟང་མོར་བསྒོམས་པའི་ངག་དང་ལྡན་པས་གཉིས་སུ་མེད་པར་རོལ་པ་མཛད་པ་ལྷག་པའི་བྱང་ཆུབ་ཀྱི་སེམས་གསང་བའི་མཁའ་ལ་ཟླ་བའི་དཀྱིལ་འཁོར་ལྟ་བུར་འཁྱིལ་བ། བཛྲ་དྷྲྀཀ་ཅེས་བྱ་བའི་སྔགས་བསམས་པ་ལས། མི་འཁྲུགས་པ་ཕྱག་ན་རྡོ་རྗེ་འབར་བ་རྩེ་ལྔ་བ་བསྣམས་པ་བསྐྱེད་ལ། ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ཏེ། བཛྲ་དྷྲྀཀ་ཅེས་བརྗོད་པས་ཕྱིར་ཕྱུང་ནས་ཕྱོགས་བཅུར་སྤྲོས་པས་ཞེ་སྡང་ཅན་
གྱི་སེམས་ཅན་ཐམས་ཅད་བཏུལ་ནས། སླར་བྱོན་ཏེ་དེ་ཉིད་ལ་ཐིམ་པ་ལས་རང་བཞིན་བསྒྱུར་ཏེ། ཞེ་སྡང་རྡོ་རྗེ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟ་བུའི་འོད་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པས་གཞན་འཇིགས་པ་སྐྱེད་པར་བྱེད་པ། ཞལ་གསུམ་པ། དབུས་དྲག་པོ། །སྤྱན་དམར་བ། ཉི་མ་བྱེ་བ་ཕྲག་བརྒྱ་ཤར་བ་ལྟ་བུའི་འོད་དང་ལྡན་པའི་སྤྱན་བགྲད་པ། གཡས་ཞི་བ། གཡོན་ཆགས་པ་ཆེན་པོའི་ཞལ་དང་ལྡན་པ། དབུ་ལ་རྡོ་རྗེ་སེམས་དཔས་དབང་བསྐུར་བས་འཇིག་རྟེན་ཁམས་ཀུན་འཁྲུགས་པར་ནུས་པ། ཕྱག་དྲུག་གིས་ཨུཏྤལ་མཐིང་གའི་མདོག་འདྲ་བའི་རལ་གྲི་དང་། སངས་རྒྱས་མང་པོའི་སྤྲིན་འཁྲིགས་ཤིང་འཕྲོ་བ་དང༌། རྡོ་རྗེ་རྩེ་དགུ་པ་ཕྱག་ན་བསྣམས་པ། ཕྱག་མཚན་ཕྱི་མ་རྣམས་ནི་མི་བསྐྱོད་པ་དང་མཐུན་པ། རྒྱན་རྣམས་ཀུན་གྱིས་བརྒྱན་པ། རང་གི་དམ་ཚིག་མ་དང་ལྡན་པའི་ཉི་མའི་དཀྱིལ་འཁོར་ལ་བཞུགས་པར་བསྒོམས་པ་ལ་ནི། རྣལ་འབྱོར་པ་ཡིས་ཞེ་སྡང་ཚུལ། །ཞེས་བྱ་སྟེ། སྣོད་དང་བཅུད་དུ་བཅས་པའི་འཇིག་རྟེན་ཐམས་ཅད་དེ་ལྟ་བུའི་ཞེ་སྡང་འཁོར་ལོ་སྟེ། ཁྲོ་བོ་དང་ཁྲོ་མོའི་རང་བཞིན་དུ་གྱུར་པའི་དཀྱིལ་འཁོར་བསྐྱེད་པར་བྱའོ། །རྡོ་རྗེ་གཏུམ་པོ་བཅོམ་ནས་སུ། །ཞེས་བྱ་བ་ནི་ཁྲོ་མོའི་དཀྱིལ་འཁོར་དེ་དག་ལས་སྦྲུལ་པ་དང་ཡང་སྤྲུལ་ཤིན་ཏུ་ཁྲོ་ཞིང་གཏུམ་པ། མཚོན་ཆ་སྣ་ཚོགས་ཐོགས་པ་སྤྲོས་པས་ལོག་པའི་ཞེ་སྡང་ཅན་གྱི་རྒྱུད་བཅོམ་པར་བསམས་ནས་སུ། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བསྡུ། །ཞེས་བྱ་བ་དེའི་སེམས་ཡེ་ཤེས་རྡོ་རྗེ་ལྟ་བུའི་ལྕགས་ཀྱུས་གསང་བའི་མཁའ་ལ་བསྡུས་ཏེ། ལྷགས་པ་བྱང་ཆུབ་སེམས་དང་དབྱེར་མེད་པར་བྱས་ནས། ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནི་བྱང་ཆུབ་རྫོགས་སྤྲོས་ཏེ། །ཞེས་བྱ་བ་བསྒྲུབ་བྱ་དེ་བྱང་ཆུབ་རྫོགས་པར་བྱ་བའི་ཕྱིར་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་རེག་པས་དེ་དག་ཐམས་ཅད་མི་བསྐྱོད་པའི་སྐུར་གྱུར་ཏེ། སླར་འདུས་པ་ལས་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ཏེ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་ལ་ནི། དེ་ནས་སླར་ཡང་བསྡུ་བར་བྱ། །ཞེས་བྱའོ། །དེ་ནས་ཡཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད་པའི་སྟེང་དུ་བཞག་ལ་ཕཊ་ཀྱིས་མངོན་དགའ་ལ་སོགས་པའི་འཇིག་རྟེན་དུ་འཕངས་ཏེ་སངས་རྒྱས་ཀྱི་
བྱ་བ་བྱེད་དུ་གཞུག་གོ །གཉིས་སུ་ན་ཞེ་སྡང་ཅན་གྱི་སེམས་ཅན་དེ་དག་སྤྲུལ་པ་དང་ཡང་སྤྲུལ་རྡོ་རྗེ་གཏུམ་པོས་བཅོམ་ནས། རྣམ་པར་ཤེས་པ་ཡེ་ཤེས་རྡོ་རྗེ་ལྕགས་ཀྱུས་བཀུག་སྟེ། གསང་བའི་མཁའ་ལ་བསྡུས་ནས་ལྷགས་པ་བྱང་ཆུབ་སེམས་དང་དབྱེར་མེད་པར་བྱས་ནས་ཡི་གེ་ཧཱུཾ་དུ་གྱུར་པར་བརྟག་གོ །ཡང་བདག་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་སོགས་པ་ལུས་ཀྱི་གནས་རྣམས་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་བསྡུས་ནས་བསྟིམས་པས་དབང་དུ་བྱས་ཏེ། ཧཱུཾ་དེ་ཉིད་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་བཀང་བ་ལྟ་བུའི་སྟེང་དུ་བཞག་ལ། ཕཊ་ཀྱིས་མངོན་དགའ་ལ་སོགས་པའི་འཇིག་རྟེན་ན་ཞེས་དང་རྣམ་པར་དག་པའི་སྒོ་ནས་སངས་རྒྱས་པ་མི་བསྐྱོད་པ་ཡབ་ཡུམ་ལ་སོགས་པའི་སྦྱོར་མཚམས་སུ་འཕངས་ཏེ། དེ་དག་གི་སྲས་སུ་བསྐྱེད་པར་བྱའོ། །སྦྱོར་བ་གོམས་པ་བསྟེན་བྱས་ན། །ཞེས་བྱ་བ་དེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྦྱོར་བ་ཡང་ནས་ཡང་དུ་གོམས་པར་བྱས་ནས། དེ་ལྟ་བུ་བྱས་པའི་འབྲས་བུ། །བདག་ཉིད་ཞེ་སྡང་རྡོ་རྗེར་འགྱུར། །ཞེས་བྱའོ། །དེ་ལྟ་བུའི་ལས་བརྩམས་ནས་འཕྲལ་དུ་ཡང༌། །གསད་པ་དང་ནི་གསོ་བ་དང༌། །ཁམས་གསུམ་དུ་ནི་ཁྱད་པར་དུ། །སྐད་ཅིག་གིས་ནི་བྱེད་འགྱུར་ཏེ། །གསལ་བར་ནུས་པ་གདོན་མི་ཟ། །ཞེས་གསུངས་སོ། །ད་ནི་དེ་བཞིན་གཤེགས་པའི་རིགས་སུ་བསྒོམས་ནས་སེམས་ཅན་གྱི་དོན་བྱ་བར་བསྟན་པའི་ཕྱིར་ན། །རྣལ་འབྱོར་པ་ཡིས་གཏི་མུག་ཚུལ། །གཏི་མུག་འཁོར་ལོ་བསྐྱེད་པར་བྱ། །གང་ཞིག་ཅུང་ཟད་རྒྱན་ལ་སོགས། །དེ་རྣམས་རྟག་ཏུ་སྤང་བར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཏི་མུག་ཚུལ་ཞེས་བྱ་བ་སྐུའི་རྡོ་རྗེ་རྣལ་འབྱོར་པས་གོང་དུ་བསྟན་པའི་སྦྱོར་བ་མངོན་དུ་བྱས་ནས། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གཞལ་མེད་ཁང་བསྐྱེད་པར་འཇུག་སྟེ། སྔ་མ་བཞིན་དུ་རྡོ་རྗེ་འཛིན་ཆེན་པོ་དང༌། །ཀུན་དུ་བཟང་པོར་བསྒོམས་པའི་ང་རྒྱལ་དང་ལྡན་པས། བྱང་ཆུབ་སེམས་ཀྱི་ཟླ་བ་ལ་ཛི་ན་ཛི་ཀ་ཅེས་བྱ་བའི་སྔགས་ཀྱིས་བསྐྱེད་པའི་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞི་བའི་ཆ་ལུགས་དང་ལྡན་པ། སྐུ་མདོག་སྟོན་ཀའི་འདམ་བུའི་འོད་འདྲ་བ། འོད་ཟེར་སྣ་ཚོགས་ཕྱོགས་བཅུར་ཀུན་དུ་ཁྱབ་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ།
ཞལ་གསུམ་པ་དབུས་དཀར་གཡས་དམར་གཡོན་ནག་པོ། ཕྱག་དྲུག་པ་གཡས་པ་གསུམ་གྱིས་རིམ་བཞིན་དུ། འཁོར་ལོ་དང༌། རྡོ་རྗེ་དང༌། པདྨ་དཀར་པོ་བསྣམས་པ། གཡོན་གསུམ་གྱིས་རིམ་པ་བཞིན་དུ། དྲིལ་བུ་དང༌། རིན་པོ་ཆེ་དང༌། རལ་གྲི་བསྣམས་པ་ནི་རྣལ་འབྱོར་པའི་གཏི་མུག་ཚུལ་ཞེས་བྱ་བ། སྣོད་དང་བཅུད་དུ་བཅས་པ་ཐམས་ཅད་དེ་ལྟ་བུའི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་བསྒོམས་པ་ལ་ནི། གཏི་མུག་འཁོར་ལོ་བསྐྱེད་པར་བྱ། །ཞེས་བྱའོ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དེ་ཡང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཅིང་ལྷ་རྫས་ཀྱི་རྒྱན་ཁྱད་པར་ཅན་ལྟ་བུའི་ཡོན་ཏན་དམ་པ་རྒྱན་དུ་སྣང་བས་བརྒྱན་པ། འཇིག་རྟེན་ན་གང་ཞིག་གསེར་དངུལ་དང་རིན་པོ་ཆེ་ལ་སོགས་པ་ཐ་ན་ཅུང་ཟད་ཙམ་ཡན་ཆད་ཀྱི་རྒྱན་དང༌། སོགས་ཀྱིས་རབ་ཏུ་ཕྱེ་བ་མན་ཆད་ལ་བྱེ་བྲག་རྣམ་པ་སྣ་ཚོགས་པར་བྱས་པའི་རྒྱན་ཐམས་ཅད་བསྡུས་ཏེ། གང་ཞིག་ཇི་སྙེད་ཡོད་པས་ལུས་ལ་བརྒྱན་པ་དེ་དག་ཟིལ་གྱིས་མནན་ཏེ། ཇི་ལྟར་དཔེར་ན་ཉི་མའི་འོད་ཀྱིས་སྐར་ཟླ་མནན་པའམ། འཛམ་བུ་ཆུ་བོ་གསེར་གྱི་དྲུང་ན་ལྕགས་ནག་པོའི་ཀ་བ་གཅིག་པ་ལྷ་མ་མེ་ལྷན་ནེ་ལྷང་ངེ་མ་ཡིན་པ་བཞིན་དུ་བྱས་ནས། དེ་རྣམས་སོ་སོ་རང་རང་གི་རྒྱན་ལ་རྟག་ཏུ་ཡིད་འབྱུང་ཞིང་སྤང་བར་བྱ་བ་ལ་བརྩོན་པར་བསྒོམ་པར་བྱའོ། །གཞན་ཡང་དཀྱིལ་འཁོར་གྱི་ལྷ་དེ་དག་གི་སྐུ་ལས་འོད་ཟེར་བཀྱེ་བས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་དང༌། འདུ་ཤེས་མེད་མིན་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་ཉན་ཐོས་ཞི་བ་ཕྱོགས་གཅིག་གི་མུར་ལྷུང་བ་རྣམས་ལ་རེག་པར་བྱས་པས་དེ་དག་སོ་སོ་ནས་བསླང་བ་ལ་སྐུ་བསྟན་པས་རང་རང་གི་ཏིང་ངེ་འཛིན་ལ་ཡིད་འབྱུང་ཞིང་སྤངས་ཏེ། ཕྱག་རྒྱ་ཆེན་པོ་མངོན་དུ་གྲུབ་པའི་དོན་ལ་འཇུག་ཅིང་སྤྲོ་བ་སྐྱེ་བ་བསྒོམ་པར་བྱའོ། །རིན་ཆེན་ཀུན་གྱིས་གང་བ་ཡི། །གཏི་མུག་སེམས་ཀྱི་རྒྱ་མཚོ་བསྒོམ། །གཏི་མུག་འཁོར་ལོ་ཅན་རྣམས་ཀྱིས། །སྦྱིན་པའི་ཆར་ནི་དབབ་པར་བྱ། །ཞེས་བྱ་བ་ཡེ་ཤེས་ལས་བྱུང་བའི་ཡོན་ཏན་རིན་པོ་ཆེའི་ངོ་བོ་ལྷ་རྫས་དམ་པའི་རིན་པོ་ཆེ་སྣ་ཚོགས་པའི་རྫས་སུ་སྣང་བའི་རྣམ་
པ་མ་ལུས་པ་ཀུན་གྱིས་ནམ་མཁའི་ཁམས་ཡོངས་སུ་ཁྱབ་པར་གང་བའི་ཏིང་ངེ་འཛིན་མངོན་དུ་བྱས་པའི། གཏི་མུག་སེམས་ཀྱི་རྒྱ་མཚོ་བསྒོམ། །ཞེས་བྱ་སྟེ་ཡང་དག་པའི་གཏི་མུག་ཆེན་པོ་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས་ནོར་བུ་རིན་པོ་ཆེ་རྒྱ་མཚོ་ལྟ་བུའི་དེ་དག་ཡོད་པར་བསྒོམ་མོ། །དེ་ལྟར་བསྒོམས་པ་དེ། གཏི་མུག་འཁོར་ལོ་ཅན་ཀུན་གྱིས། །ཞེས་བྱ་སྟེ་གཏི་མུག་གི་རིགས་ཀྱི་དཀྱིལ་འཁོར་དང་ལྡན་པའི་ལྷ་དེ་དག་མ་ལུས་པ་ཀུན་གྱི་རང་གི་རྒྱན་ལ་ཡིད་འབྱུང་ཞིང་རྣམ་པར་སྣང་མཛད་ཀྱི་སྐུ་ལ་མངོན་པར་དད་པ་སྐྱེས་པ་དང༌། ཕོངས་པ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ། །སྦྱིན་པའི་ཆར་ནི་དབབ་པར་བྱ། །ཞེས་སོ། །རྫས་རྣམས་ཐམས་ཅད་ཁྱད་པར་དུ། །རབ་ཏུ་སྦྱིན་པས་དགའ་འགྱུར་ཏེ། ཐུགས་ཀྱི་རྡོ་རྗེ་བརྟེན་གྱུར་ན། །སྐད་ཅིག་གིས་ནི་བྱེད་པར་འགྱུར། །ཞེས་བྱ་བ་དེ་ལྟ་བུའི་རིན་ཆེན་ཀུན་གྱིས་ནམ་མཁའ་གང་བའི་རྫས་རྣམས་ཐམས་ཅད་མ་ལུས་པ་སེམས་ཅན་རྣམས་ལ་ཁྱད་པར་དུ་རབ་ཏུ་བྱིན་པས་སེམས་ཅན་དེ་དག་དགའ་བར་གྱུར་ཏེ། དེ་ལྟ་བུའི་ཐུགས་ཀྱི་ཏིང་ངེ་འཛིན་རྡོ་རྗེ་ལྟར་བརྟན་ཞིང་མི་ཤིགས་མི་འགྱུར་བ་ཐོབ་པར་འགྱུར་ན། དེའི་མཐུ་ནི་སྐད་ཅིག་མ་ཙམ་གྱིས་གང་དང་གང་ལྟར་བཞེད་པ་དེ་འགྲུབ་ཅིང་བྱེད་ནུས་པར་འགྱུར་རོ། །ད་ནི་པདྨའི་རིགས་སུ་བསྒོམས་ནས་སེམས་ཅན་གྱི་དོན་བྱ་བར་བསྟན་པའི་ཕྱིར་མ་རྣལ་འབྱོར་པ་ཡིས་འདོད་ཆགས་ཚུལ། །འདོད་ཆགས་འཁོར་ལོ་བསྐྱེད་པར་བྱ། །ལྷ་མོ་ཐམས་ཅད་ཕྲོགས་ནས་སུ། །འདོད་པའི་སྦྱོར་བར་འདོད་པ་སྤྱོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པའི་ཚུལ་གྱིས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སྐུ་མདོག་དམར་བ་ཞལ་གསུམ་ལ་གཡས་མཐིང༌། གཡོན་དཀར་བ། ཕྱག་དྲུག་ལ་གཡོན་དང་པོ་འགྱིང་པག་དཀུར་བསྟེན་ནས། པདྨའི་སྡོང་པོ་དྲིལ་བུ་དང་བཅས་པ་འཛིན་པ། །གཡས་ཀྱི་ཕྱག་དང་པོས་ཐུགས་ཀར་པདྨ་ཁ་འབྱེད་པ། གཡས་བར་མ་ན་རྡོ་རྗེ། ཐ་མན་འཁོར་ལོ། གཡོན་བར་མ་ན་རིན་པོ་ཆེ། ཐ་མ་ན་རལ་གྲི་བསྣམས་པ་བསྐྱེད་ཅིང༌། འདོད་ཆགས་དང་ལྡན་པའི་སེམས་ཅན་གྱི་དོན་མཛད་པ་བསྐྱེད་པ་ནི། །རྣལ་འབྱོར་པ་ཡི་འདོད་ཆགས་ཚུལ། །ཞེས་བྱ་བ་སྣོད་དང་བཅུད་དུ་བཅས་པ་
ཐམས་ཅད་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་དང༌། ཡང་སྤྲུལ་གྱི་དཀྱིལ་འཁོར་དུ་བསྒོམ་པ་ལ་ནི། །འདོད་ཆགས་འཁོར་ལོ་བསྐྱེད་པར་བྱ། །ཞེས་བྱ། དེ་དག་གིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷ་མོ་ཐམས་ཅད་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རང་དབང་མེད་པར་མངོན་དོན་དུ་འཕྲོག་ནས་འདོད་པའི་སྦྱོར་བ་རྩེན་ཅིང་ཇི་ཙམ་འདོད་པ་དེ་ཙམ་གྱི་བར་དུ་སྤྱོད་པར་བྱེད་ནུས་སོ། །དེ་དག་ཀྱང་གང་ཞེ་ན། དགའ་སྡུག་བདེ་བའི་སྤྲོས་པ་ཡིས། །རྣམ་པར་སྤྲུལ་པས་འདོད་པ་རྩེན། །འཁོར་ལོ་ཡི་ནི་ལྷ་མོ་ཀུན། །དེ་ནས་མཇུག་ཏུ་རབ་ཏུ་སྦྱིན། །ཞེས་བྱ་བ་དག་སྟེ་བརྒྱ་བྱིན་གྱི་ཆུང་མ་དགའ་སྡུག་མ་ཞེས་བྱ་བ་དང༌། མ་ཧཱ་དེ་བའི་ཆུང་མ་བདེ་བའི་དབང་ཕྱུག་མ་ཞེས་བྱ་བ་སེམས་དགའ་ཞིང་སྤྱོད་ཡུལ་དུ་སྡུག་པ་དང༌། ཚོར་བ་བདེ་བ་དང༌། ཕན་ཚུན་སྤྲོས་པའི་སྦྱོར་བས་བཀུག་ནས་རྣམ་པར་འཕྲུལ་པས་འདོད་པ་རྩེན་པར་བྱེད་པར་བྱའོ། །དེ་བཞིན་དུ་ཁྱབ་འཇུག་འཁོར་ལོ་ནག་པོའི་ཆུང་མ་ཇི་སྙེད་ཡོད་པ་མ་ལུས་པ་ཀུན་ཀྱང་རང་དབང་མེད་པར་བཀུག་ནས་བདག་ཉིད་ཀྱིས་ཇི་ཙམ་འདོད་པ་བཞིན་དུ་སྤྱད་ཅིང་དེ་ནས་མཇུག་ཏུ་རྣལ་འབྱོར་པ་གཞན་དག་ལ་ཡང་རབ་ཏུ་སྦྱིན་པར་བྱེད་དོ། །ཁམས་གསུམ་པ་རུ་སྐྱེས་པ་ཡི། །ལྷ་ཡི་བཙུན་མོ་ཉིད་དག་ཀྱང༌། །སྐད་ཅིག་གིས་ནི་འདོད་སྤྱོད་ན། །མི་ཡི་བུ་མོ་སྨོས་ཅི་དགོས། །ཞེས་བྱ་བ་ཁམས་གསུམ་དུ་སྐྱེས་པའི་ལྷའི་བཙུན་མོ་རྣམས་ཀྱང་འདོད་ན་སྐད་ཅིག་ཙམ་གྱིས་འགུགས་ཤིང་འདོད་པ་སྤྱོད་པར་བྱེད་ནུས་ན། གླིང་བཞིའམ་འཛམ་བུ་གླིང་ན་གནས་པའི་མི་དང་མིའི་རྒྱལ་པོ་ལ་སོགས་པའི་བུ་མོ་དང་ཆུང་མ་ལ་སོགས་པ་འགུགས་ཤིང་མངོན་དུ་སྤྱོད་པ་ལྟ་སྨོས་ཅི་དགོས་ཞེས་བྱ། གཉིས་སུ་ན་སྔར་གསུངས་པའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱིས་རང་རང་གི་དཀྱིལ་འཁོར་གྱི་གཙོ་བོ་བྱས་པའི་ཚུལ་དུ་ལྷ་བསྐྱེད་ལ་གདུལ་བྱའི་དོན་བྱ་བའོ། །ད་ནི་ཞུས་ཚིག་སུམ་ཅུ་བདུན་པ། དཀྱིལ་འཁོར་ཞེས་བགྱི་ཇི་ལྟར་ལགས། །ཞེས་པའི་ལན་དུ། །དཀྱིལ་འཁོར་དང་ནི་དབང་བསྐུར་ལ། །ལས་མཆོག་གིས་ནི་ཁྱད་པར་དུ། །བྱིན་གྱི་རླབས་ཀྱིས་བྱ་བ་ནི། །གྲུབ་པའི་གནས་ནི་གཞན་འགྱུར་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བ་དང༌། ཏིང་ངེ་
འཛིན་དང༌། གསང་བའི་དཀྱིལ་འཁོར་བསྐྱེད་པ་དང༌། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་པ་དང༌། དེར་སློབ་མ་བྱིན་གྱིས་བརླབ་ཅིང་ཕྱི་ནང་གསང་བ་གསུམ་གྱི་དབང་བསྐུར་བ་དང༌། ལས་ཀྱི་མཆོག་རབ་འབྱམས་སམ། ཆེ་ཕྲ་རྣམས་ཀྱིས་བསྒྲུབ་བྱའི་རྒྱུད་ལ་ཁྱབ་ཅིང་ཕན་གདགས་པའི་ཆེད་དུ་ལས་ཀྱི་གནས་གོ་མ་ནོར་བར་བྱ་བ་དང༌། བསྒྲུབ་བྱ་དང་སྒྲུབ་རྫས་ཀྱི་བྱིན་རླབས་ཀྱིས་བརླབ་པར་བྱ་བའི་རིམ་པ་ནི་རིགས་གསུམ་དང་ནི་རིགས་ལྔའི་སོ་སོའི་རིགས་དང་མཐུན་པའི་གཟུངས་མ་བཙལ་ཞིང་བྱིན་གྱིས་བརླབ་པ་ལ་བརྟེན་ནས་གྲུབ་པའི་གནས་སུ་གྱུར་གྱི། དེ་ལས་གཞན་པའི་ཕྱི་རྒྱུད་ལ་སོགས་པའི་ཚུལ་གྱིས་བྱས་ནས་འགྲུབ་པར་འགྱུར་བ་མ་ཡིན་ནོ་ཞེས་བསྟན་ཏོ། །དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར་ན། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། །དཀྱིལ་འཁོར་ལྷ་གར་བསྟེན་པ་སྟེ། །དཀྱིལ་འཁོར་ལས་སུ་གསུངས་པ་ཡང༌། །བུད་མེད་དཀྱིལ་འཁོར་དུ་ནི་བརྟག །ཅེས་གསུངས་ཏེ། བདག་ཉིད་ཕྱག་རྒྱ་ཆེན་པོར་བསྒོམས་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་བ་སྤུའི་བུ་གར་ཞུགས་ཏེ་ལུས་ལ་འདུས་པ་ལྷག་པ་བྱང་ཆུབ་སེམས་སུ་ཞུ་ནས་རྡོ་རྗེའི་ལམ་དུ་བྱུང་སྟེ། ཡུམ་ལ་ཐིམ་པ་ནི་གསང་བའི་ས་བོན་ཞེས་བྱ། དེ་ལས་ལྷ་མོ་སོ་སོའི་ཡིག་འབྲུ་རང་འཐོན་པ་དང་རྣལ་འབྱོར་པས་བསམ་པ་ནི་ཡེ་ཤེས་ཀྱི་ས་བོན་ཞེས་བྱ་སྟེ། དེ་ལས་ལྷ་དང་ལྷ་མོའི་ཚོགས་སྐྱེ་བ་ནས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བྱ། དེ་གར་གནས་ནས་དེ་ལྟར་འགྱུར་ཞེ་ན། །དཀྱིལ་འཁོར་བྷ་གར་བསྟེན་པ་སྟེ། །ཞེས་བྱའོ། །བྷ་གི་དེའི་ཡོན་ཏན་ཡང་རྣམ་པ་དྲུག་སྟེ། གསལ་བ་དང་གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་གྱིས་རྒྱས་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔས་གསང་བ་དང༌། འོད་ཀྱི་དཀྱིལ་འཁོར་འཁྲུགས་པ་དང༌། གསལ་བའི་གདན་ཟླ་བ་ལ་སོགས་པའི་གདན་དང་ལྡན་པ་དང༌། ལྷ་རྣམས་ཀྱི་བཞུགས་གནས་སུ་གྱུར་པ་སྟེ། བྱང་ཆུབ་སེམས་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་ཏིལ་གྱི་གང་བུ་ལྟ་བུས་ནམ་མཁའི་ཁམས་ཡོངས་སུ་གང་བ་དང༌། བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་
སངས་རྒྱས་ཀྱི་ཞིང་ནི་རྡུལ་ཕྲ་མོ་སྙེད་ཀྱི་བཞུགས་གནས་སུ་གྱུར་ཀྱང་ཡངས་དོག་མེད་པ་ནམ་མཁའི་ཁམས་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་འབྱུང་གནས་དབྱེར་མེད་པའི་རང་བཞིན་ཚད་ནམ་མཁའི་དབྱིངས་ཀྱི་མཐའ་དང་མཉམ་པའོ། །དེ་ལྟ་བས་ན་དཀྱིལ་འཁོར་ནི་ལུས་སུ་གསུངས་པ་ཡིན་ལ། དེ་ཡང༌། བུད་མེད་དཀྱིལ་འཁོར་དུ་ནི་བརྟག །ཅེས་བྱ་སྟེ། རང་བཞིན་གྱི་དཀྱིལ་འཁོར་གྱི་སྐབས་ན་ནི་སྐུ་གསུང་ཐུགས་སྙིང་པོ་རྡོ་རྗེའི་བཙུན་མོ་བྷ་ག་ལ་ཞེས་གསུངས་ལ། རྣལ་འབྱོར་པའི་གནས་སྐབས་ན་ནི་རང་གི་ལྷ་དང་རྗེས་སུ་མཐུན་པའི་གཟུགས་མཚན་དང་ལྡན་པ་ལ། རྩ་བའི་རྒྱུད་དང་སྒྲུབ་ཐབས་ལས་གསུངས་པ་བཞིན་དུ་བྱིན་གྱིས་བརླབས་ཤིང་ལུས་ལ་ལྷའི་དཀྱིལ་འཁོར་བཀོད་པ་སྟེ། དེ་ཡང་སྒྱུ་འཕྲུལ་ལས། གསལ་ལྡན་མའམ་བྱིན་བརླབས་ཏེ། །ཞེས་གསུངས་པས། རང་གིས་རང་ལྷར་བསྒོམ་ཞིང་བྱིན་གྱིས་རློབ་ནུས་ན་ལེགས། དེ་ལྟར་མི་ནུས་ན་གཙོ་བོས་བྱིན་གྱིས་བརླབས་ཏེ། དམ་ཚིག་གི་ཕྱག་རྒྱར་བྱས་པ་དེ་ལྟ་བུའི་བུད་མེད་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་བསྟེན་པར་བྱའོ་ཞེས་བསྟན་ཏོ། །ད་ནི་ཞུས་ཚིག་གསུམ་ཅུ་བརྒྱད་པ། ཕྱག་རྒྱ་དགོད་པ་ཇི་ལྟར་ལགས། །ཞེས་པའི་ལན་དུ། ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །ཐམས་ཅད་ཕྱག་རྒྱ་བཏབ་པའོ། །དེ་ནས་ཕྱག་རྒྱས་རྒྱས་བཏབ་པས། །དཀྱིལ་འཁོར་ཞེས་སུ་རྣམ་པར་བསྟན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པའི་དཀྱིལ་འཁོར་གྱི་ལྷ་གཅིག་གམ་ཚང་བར་སྒོམ་ཡང་རུང་སྟེ། ཕུང་པོ་ལྔ་ལ་གཟུགས་ཀྱི་ཕུང་པོ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོ་རྣམས། ཨོཾ་སྭ་ཨ་ཧ་ཧཱུཾ་རྣམས་ལས་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པར་ནམས་སུ་བརྟག་གོ །ཕྱི་ནང་གི་ས་ཆུ་མེ་རླུང་ནམ་མཁའ་ལྔ་ལ། མཽ་ཧ་ར་ཏི། དྭེ་ཥ་ར་ཏི། རཱ་ག་ར་ཏི། བཛྲ་ར་ཏི། ཧཱུཾ་རྣམས་ཀྱིས་སངས་རྒྱས་སྤྱན་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་དང༌། ཀུན་དུ་བཟང་མོ་རྣམས་བརྟག་གོ །ཡང་ན་ལཾ་དང༌། བཾ་དང༌། མཾ་དང༌། པཾ་དང༌། ཏཾ་རྣམས་ཀྱིས་སོ། །མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་རྣམས། ཐླིཾ་ཨོཾ་ཨོཾ་ཨོཾ་
ཧ་ཨོཾ་རྣམས་ཀྱིས་སའི་སྙིང་པོ་དང༌། ཕྱག་ན་རྡོ་རྗེ་དང༌། ནམ་མཁའི་སྙིང་པོ་དང༌། འཇིག་རྟེན་དབང་ཕྱུག་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོ་རྣམས་ཀྱི་རང་བཞིན་དུ་བརྟག་གོ །ཡང་ན་ཤྲཱི་དང་ཛྲིཾ་དང༌། ཁཾ་དང༌། གཾ་དང༌། ཀཾ་དང༌། སཾ་རྣམས་ལས་སོ། །ཡུལ་དྲུག་པོ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་རྣམས། ཛཿ་དང༌། ཧཱུཾ་དང༌། བཾ་དང༌། ཧོཿ་དང༌། ཁཾ་དང༌། རཾ་རྣམས་ཀྱིས་གཟུགས་ཀྱི་རྡོ་རྗེ་མ་དང༌། སྒྲའི་རྡོ་རྗེ་མ་དང༌། དྲིའི་རྡོ་རྗེ་མ་དང༌། རོའི་རྡོ་རྗེ་མ་དང༌། རེག་གི་རྡོ་རྗེ་མ་དང༌། ཆོས་ཀྱི་རྡོ་རྗེ་མ་རྣམས་སུ་བརྟག་གོ །ལག་པ་གཡས་པ་དང༌། གཡོན་པ་དང༌། གསང་བའི་དབང་པོ་རྣམས། ཡ་མཱམྟ་ཀྲྀ་ཏ། པྲཛྙཱ་ན་ཏ་ཀྲྀ་ཏ། པད་མཱནྟ་ཀྲྀ་ཏ། བིགྷ་ནའན་ཏ་ཀྲྀ་ཏ། རྣམས་ཀྱིས་ཁྲོ་བོ་གཤིན་རྗེ་གཤེད་དང༌། གཞན་གྱིས་མི་ཐུབ་པ་དང༌། རྟ་མགྲིན་དང༌། བདུད་རྩི་འཁྱིལ་པ་རྣམས་སུ་བརྟག་གོ །རྣམ་པ་དེས་ནི་དཔེར་ན་མུན་པའི་ནང་དུ་སྒྲོན་མེ་བྱུང་བས་མུན་པ་ཉིད་མི་སྣང་བར་གྱུར་པ་བཞིན་དུ། ཟག་པ་དང་བཅས་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པ་དང༌། ཕྱི་ནང་གི་བརྟན་གཡོ་ཐམས་ཅད་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་དུ་རིག་པར་བྱའོ། །གཞན་ཡང་སྤྱི་བོར་ཟླ་བ་ལ་ཨོཾ་ལས་སྐུའི་རྡོ་རྗེ། མགྲིན་པར་པདྨ་ལ་ཨཱཿ་ལས་གསུང་གི་རྡོ་རྗེ། སྙིང་གར་ཉི་མ་ལ་ཧཱུཾ་ལས་ཐུགས་ཀྱི་རྡོ་རྗེ་བསྒོམས་པས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་སྟེ། ཁམས་བཅོ་བརྒྱད་དུ་བགྲང་ན་ནི་དབང་པོ་དྲུག་དང་རྣམ་པར་ཤེས་པ་དྲུག་དབྱེར་མེད་པས་དྲུག་ཏུ་བགྲངས་ལ། ཡུལ་དྲུག་པོ་སོ་སོར་བགྲང་བར་བྱའོ། །སྐྱེ་མཆེད་བཅུ་གཉིས་སུ་བགྲང་ན་ནི་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་སུ་བགྲང་སྟེ། དེ་ལྟ་བུའི་ཟག་པ་དང་བཅས་པའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ལ་ཟག་པ་མེད་པའི་ལྷ་ཐམས་ཅད་ཀྱི་རང་བཞིན་བསྒོམས་པའི་ཕྱག་རྒྱས་བཏབ་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའི་ཞེས་བྱ་བའི་དོན་དེ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་ལྷའི་དཀྱིལ་འཁོར་དེ་ལྟར་བསྒོམས་པའི་དེ་མ་ཐག་ཏུ་བསྒྲུབ་བྱའི་རྒྱུད་ལྷའི་ཕྱག་རྒྱས་རྒྱས་བཏབ་པས་དཀྱིལ་འཁོར་གྱི་རང་བཞིན་དུ་རྣམ་པར་བརྟགས་ཏེ་བྱིན་གྱིས་བརླབས་པས་དེ་ལྟར་གྱུར་པ་ཡིན་ནོ། །དེ་དག་ཕུང་པོ་དང༌།
ཁམས་དང༌། སྐྱེ་མཆེད་ལ་ཇི་ལྟར་བརྟགས་པ་དེ་བཞིན་དུ། ཕྱིའི་དཀྱིལ་འཁོར་དུ་ཡང་དགོད་པར་བྱ་སྟེ། ཇི་ལྟར་སྔར་རྩ་བའི་རྒྱུད་དུ་གསུངས་བ་དེ་བཞིན་དུ་ཤེས་པར་བྱའོ། །ད་ནི་ཁྲོ་བོའི་དཀྱིལ་འཁོར་དུ་ཕྱག་རྒྱ་དགོད་པའི་ཐབས་བསྟན་པའི་ཕྱིར་ན། ལྕགས་ཀྱུ་དབྱུག་པ་གསལ་ཤིང་དང༌། རལ་གྲི་གྲྭ་རུ་རྣམ་པར་དགོད། །དགུག་དང་དབྱུག་པ་སྟོབས་མི་གཡོ། གནོད་མཛེས་འཁོར་ལོ་སྟེང་དང་འོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལྕགས་ཀྱུ་ནི་འདོད་པའི་རྒྱལ་པོའི་ཕྱག་མཚན་ཏེ་མེའི་ཕྱོགས་སུ་དགོད་པའོ། །དབྱུག་པ་ནི་ནཱི་ལ་ད་ཎྜཱི་ཕྱག་མཚན་ཏེ། བདེན་བྲལ་ཕྱོགས་སུ་དགོད་པའོ། །གསལ་ཤིང་ནི་ཏྲི་ཤཱུལ་ལ་བྱ་སྟེ། སྟོབས་པོ་ཆེའི་ཕྱག་མཚན་རླུང་ལྷའི་ཕྱོགས་སུ་དགོད་པའོ། །རལ་གྲི་ནི་མི་གཡོ་མགོན་པོའི་ཕྱག་མཚན་རྡོ་རྗེ་རལ་གྲི་སྟེ་དབང་ལྡན་ཕྱོགས་སུ་དགོད་པའོ། །གྲྭ་རུ་རྣམ་པར་དགོད་ཅེས་བྱ་བ་ནི་མཚམས་བཞིར་དེ་ལྟར་དགོད་པའོ། །ཕྱོགས་བཞི་ལས་བྱེ་བྲག་ཏུ་བྱས་པས་གྲྭ་ཞེས་བརྗོད་དོ། །དེ་ལྟར་བསྟན་པའི་ཕྱག་མཚན་བཞི་པོ་དེ་དག་ནི་ཁྲོ་བོ་བཞིའི་རང་བཞིན་ཡིན་ཏེ། དགུག་དང་དབྱུག་པ་སྟོབས་མི་གཡོ། །ཞེས་བྱ་སྟེ། འདོད་པའི་རྒྱལ་པོ་དང༌། ནཱི་ལ་དཎྜ་དང༌། སྟོབས་པོ་ཆེ་དང༌། མི་གཡོ་མགོན་པོའི་ཞེས་ཁྲོ་བོ་བཞིའི་ཕྱག་མཚན་བསྟན་པའོ། །གནོད་མཛེས་འཁོར་ལོ་སྟེང་དང་འོག །ཅེས་བྱ་བ་ནི་གནོད་མཛེས་ཀྱི་ཕྱག་མཚན་ནི་རྡོ་རྗེ་དང་དྲིལ་བུ་སྟེ་སྟེང་གི་ཕྱོགས་སུའོ། །འཁོར་ལོ་ནི་གཙུག་ཏོར་ཆེན་པོ་འཁོར་ལོས་སྒྱུར་བའི་ཕྱག་མཚན་ཏེ་འོག་གི་ཕྱོགས་སུ་དགོད་པའོ། །རིག་པའི་རྒྱལ་པོ་གནོད་མཛེས་རྣམས། །འཁོར་ལོ་བསྐོར་བའི་ཕྱག་རྒྱ་དྲུག །ཅེས་བྱ་བ་ཚིག་དེ་དག་གིས་མཇུག་བསྡུས་པའོ། །འོ་ན་གོང་དུ་ནི་ས་ལ་སོགས་པ་རྣམ་པ་ལྔ། །རྡོ་རྗེ་ལ་སོགས་པ་དམ་ཚིག་དྲུག་ལ་རིག་པའི་རྒྱལ་པོ་ཞེས་བརྗོད་ལ། འདིར་ནི་ཁྲོ་བོ་རྣམས་ལ་བརྗོད་པ་ཅིའི་ཕྱིར་ཞེ་ན། དམ་ཚིག་རྡོ་རྗེ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་འདིར་ཡང་རིག་པ་ནི་ཁྲོ་བོ་རྣམས་ལ་བྱ་ལ། དེའི་རྒྱལ་པོར་གྱུར་པ་ནི་ཁྲོ་བོ་རྣམས་ཏེ་རིག་པའི་རྒྱལ་པོ་ཞེས་བྱ་ལ། གཉིས་སུ་ན་རིག་པ་ནི་ཡེ་ཤེས་ལ་བྱ་ལ། དེའི་རང་བཞིན་གྱི་ཁྲོ་བོ་འཇིག་རྟེན་པའི་ཁྲོ་བོའི་ཚུལ་ཅན་རྣམས་ཀྱི་རྒྱལ་པོར་གྱུར་པའི་ཕྱིར་ན། རིག་པའི་རྒྱལ་པོ་ནི་ཞེས་བྱ་སྟེ། གནོད་མཛེས་ལ་སོགས་པ་
རྣམས་ཀྱིས་འཁོར་ལོ་བསྐོར་བའི་ཚུལ་དུ་ཐོགས་པ་མེ་དཔར་དཀྱིལ་འཁོར་སྲུང་ཞིང༌། བར་དུ་གཅོད་པའི་བདུད་བགེགས་འགོག་པའི་ལས་བྱེད་པ། སྲུང་བའི་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་སྟེ། དེ་དག་གི་ཕྱག་རྒྱ་དྲུག་ནི་ལྕགས་ཀྱུ་ལ་སོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཕྱོགས་ཀྱི་ཁྲོ་བོ་བཞི་མ་སྨོས་པ་ཅིའི་ཕྱིར་ཞེ་ན། དེ་ནི་སྔར་རྩ་བའི་རྒྱུད་དུ་རིམ་པར་བསྟན་ཟིན་པའི་ཕྱིར་འདིར་མ་སྨོས་ཏེ། དེ་དག་གི་ཕྱག་རྒྱ་ཡང་ཕྱོགས་བཞིར་དགོད་པར་བྱ་སྟེ། འདིར་སྲུང་བའི་འཁོར་ལོའི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་གསུངས་པའོ། །སེམས་དཔའ་རྣམས་ཀྱི་ས་ལ་སོགས། །རང་གི་ཕྱག་རྒྱའི་དཀྱིལ་འཁོར་རོ། །རྒྱུད་འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲངས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་མོ་སྙེད་སྨོས་ན་ཡང༌། དེ་རྣམས་ཀྱི་ནང་ན་སའི་སྙིང་པོ་ལ་སོགས་པ་རྣམས་ཀྱི་རང་རང་གི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་དུ་དགོད་པར་བྱའོ། །དེ་ཡང་མེ་ལོང་རལ་གྲི་པི་ཝང་དང༌། །དེ་བཞིན་སྣོད་དང་སྣ་ཚོགས་རས། །རྡོ་རྗེ་བདག་པོ་རྡོ་རྗེ་ཡི། །ཆོས་ཀྱི་འབྱུང་གནས་ཕྱག་རྒྱ་དྲུག །ཅེས་གསུངས་པས། སེམས་མ་རྣམས་ཀྱི་ཕྱག་རྒྱ་རྣམས་དང་ལྷན་ཅིག་ཏུ་དགོད་པར་བྱ་སྟེ། ཤར་དུ་སའི་སྙིང་པོའི་འཁོར་ལོ་དང༌། གཟུགས་ཀྱི་རྡོ་རྗེ་མའི་མེ་ལྔ་དགོད། བྱམས་པའི་ཀླུ་ཤིང་མེ་ཏོག་དང་བཅས་པ་དགོད། ལྷོར་ཕྱག་ན་རྡོ་རྗེའི་རྡོ་རྗེ་དང་སྒྲའི་རྡོ་རྗེ་མའི་པི་ཝང་དགོད། །ན་མཁའི་སྙིང་པོའི་རིན་པོ་ཆེ་དང་དྲིའི་རྡོ་རྗེ་མའི་རལ་གྲི་ཞེས་སྨོས་ཏེ། ཏིཀྵྞ་ཞེས་བྱ་བའི་སྒྲས་ནི་སྣའི་དབང་པོ་དང༌། རྣམ་པར་ཤེས་པས་ཡུལ་ལ་གཅོད་པར་རྣོ་ཞིང་ཡུལ་ཡང་དབང་པོ་ཞེན་པར་མགྱོགས་པས་རྣོ་བའི་དོན་ལ་རལ་གྲི་ཞེས་བྱ་སྟེ། དུང་ཕོར་དྲིས་བཀང་བ་དགོད། །ནུབ་ཏུ་འཇིག་རྟེན་དབང་ཕྱུག་གི་པདྨ་དང༌། རོའི་རྡོ་རྗེ་མའི་ཀ་པཱ་ལ་རཀྟ་ཆེན་པོས་བཀང་བ་དགོད། །འཇམ་དཔལ་གྱི་རལ་གྲི་དང༌། འཇམ་དཔལ་མའི་རལ་གྲི་དགོད་དོ། །བྱང་དུ་སྒྲིབ་པ་རྣམ་པར་སེལ་བའི་ཞུ་བའི་ཕྱག་རྒྱའམ་རལ་གྲི་དང༌། རེག་གི་རྡོ་རྗེ་མའི་ལག་ན་འཇམ་པའི་ན་བཟའ་ཀ་ལིན་ཏེ་ཀ་ལྟ་བུ་མཐའ་གཉིས་རྡོ་རྗེས་མཚན་པ་དགོད། རྡོ་རྗེ་ནི་ཀུན་དུ་བཟང་པོ་སྟེ་ཡེ་ཤེས་ལས་སྐྱེས་པའམ། ཡེ་ཤེས་མངའ་བའི་དོན་བདག་པོའི་རྡོ་རྗེ་ཞེས་བྱ་བའི་ཡེ་ཤེས་ཀྱི་ཡུལ་ཆོས་ཉིད་དམ་ཆོས་ཀྱི་དབྱིངས་རྡོ་རྗེ་
ལྟ་བུར་འདུས་མ་བྱས་པའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ། དེའི་ཕྱག་མཚན་ནི་ཆོས་ཀྱི་འབྱུང་གནས་ཨེ་གྲུ་གསུམ་དགོད། ལ་ལ་ན་རེ་རྡོ་རྗེའི་བདག་པོ་རྡོ་རྗེ་ཞེས་བྱ་བ་ནི། རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་རྣམས་དེའི་བདག་པོ་རྡོ་རྗེ་རྣམས་ཏེ། ཅིའི་ཕྱིར་དེ་སྐད་བྱ་ཞེ་ན། སེམས་དཔའ་རྣམས་ནི་ཡེ་ཤེས་རྡོ་རྗེ་ལྟ་བུའི་རང་བཞིན། སེམས་མ་རྣམས་ནི་ཆོས་ཉིད་རྡོ་རྗེ་ལྟ་བུའི་རང་བཞིན་ཏེ་དེ་ལྟ་བུའི་ཕྱག་རྒྱ་དགོད་ཅེས་བྱ་བའི་དོན་དྲུག་ནི་དབང་པོ་དང་ཡུལ་སེམས་དཔའ་དང་སེམས་མར་རྣམ་པར་དག་པའི་གྲངས་ངེས་པར་བཅས་པའོ། །འོ་ན་བྱམས་པ་དང་འཇམ་དཔལ་ཡབ་ཡུམ་སྨོས་པ་ཅིའི་ཕྱིར་ཞེ་ན། སྡང་བ་རྣམ་པར་དག་པའི་མཆོག་ནི་བྱམས་པ། དེའི་ཡུལ་ནི་བྱམས་མ། ཤེས་རབ་རྣམ་པར་དག་པའི་མཆོག་ནི་འཇམ་དཔལ། དེའི་ཡུལ་སྙིང་རྗེ་རྣམ་པར་དག་པའི་རང་བཞིན་འཇམ་དཔལ་མ་སྟེ། སྤྱིར་ནི་དཀྱིལ་འཁོར་གྱི་ལྷ་སུམ་ཅུ་དྲུག་ཏུ་བགྲང་བའི་གྲངས་སུ་འགྲོ་ལ། འདིར་ནི་དགོད་ཅེས་བྱ་བའི་སྒྲས་ཤར་ལ་སོགས་པའི་ཕྱོགས་རེ་རེར་སེམས་དཔའ་དང་སེམས་མ་ཡབ་ཡུམ་ཟུང་གཉིས་གཉིས་ཀྱི་ཕྱག་རྒྱ་དགོད་པར་ཆ་མཉམ་པར་བྱ་བའི་ཕྱིར་སྨོས་སོ། །དེའི་ཕྱིར་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ཁྲོ་རྒྱལ་ཕྱག་རྒྱ་ལྔས་རྒྱས་གདབ། །དེ་ནས་གཞན་ཡང་དཔའ་བོ་གཅིག ། རིགས་ཀྱི་ཁ་དོག་གིས་ནི་བརྟག །ཅེས་གསུངས་ཏེ། གཙོ་བོ་སངས་རྒྱས་སོ་སོའི་རིགས་སུ་གྱུར་པའི་སེམས་དཔའ་དང༌། སེམས་མ་དང༌། ཁྲོ་བོའི་རྒྱལ་པོ་ཡབ་ཡུམ་རྣམས་དང༌། རིགས་ཀྱི་བདག་པོ་སངས་རྒྱས་ལྔའི་ཕྱག་རྒྱ་ལྔས་ཀྱང་གདབ་པར་བྱའོ་ཞེས་བསྟན་ཏེ། དེ་ལ་སངས་རྒྱས་ལྔའི་ཕྱག་རྒྱ་ཡང་ཡུམ་དང་བཅས་པར་དགོད་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་གནས་སུ་རྡོ་རྗེ་འཁོར་ལོ་ཁ་དོག་དཀར་པོ་འབར་བའི་རྩི་བས་བརྒྱད་པའོ། །རིན་ཆེན་འབྱུང་ལྡན་གྱི་གནས་སུ་རིན་པོ་ཆེ་ཉི་མ་ལྟ་བུའི་འོད་ཟེར་སྟུག་པོ་འཕྲོ་བ་དགོད་དོ། །སྣང་བ་མཐའ་ཡས་ཀྱི་གནས་སུ་པདྨ་འོད་ཟེར་དང་ལྡན་པ་དགོད་དོ། །དོན་ཡོད་གྲུབ་པའི་གནས་སུ་རལ་གྲི་ཨུཏྤལའི་འདབ་མ་ལྟ་བུ་དགོད། ཡུམ་བཞི་ཡང་ཤར་ལྷོའི་མཚམས་ཀྱི་གྲྭ་ལ་རིམ་བཞིན་དུ་སྤྲིན་དཔུང་ལྟ་བུའི་འོད་ཟེར་འཕྲོ་བའི་སྤྱན་དང༌། འབར་བའི་སྤྱན་རྡོ་རྗེ་མཐིང་ག་དང༌། པདྨ་འབར་བ་བསྡོང་བུ་དང་བཅས་པ་དང༌། ཨུཏྤལ་འབར་བ་
མཐིང་ག་རྣམས་དགོད་པར་བྱའོ། །དེ་བཞིན་གཞན་ཡང་དཔའ་བོ་གཅིག །ཅེས་བྱ་བ་ནི་སངས་རྒྱས་ལྔ་ཡབ་ཡུམ་གྱི་ཕྱག་རྒྱ་དགོད་པ་དེའི་ཇི་ལྟ་བ་བཞིན་དུ་དཔའ་བོ་གཅིག་བྱ་ལ། དཀྱིལ་འཁོར་བདག་པོ་ནི་ཉོན་མོངས་པ་ཐམས་ཅད་གནས་སུ་དག་ནས། སངས་རྒྱས་པའི་ངོ་བོ་བས་དཔའ་བོ་གཅིག་ཅེས་བྱ་སྟེ་འགྲན་ཟླ་མེད་པའི་དོན་ཏོ། །དེའི་ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་ཨིནྡྲ་ནཱི་ལ་ལྟ་བུའི་བསྐལ་པའི་མེ་ལྟར་འབར་ཞིང་འཇིགས་སུ་རུང་བ་དབུས་སུ་དགོད་པར་བྱའོ། །རིགས་ཀྱི་ཁ་དོག་གིས་ནི་བརྟག །ཅེས་བྱ་བ་ནི་ཕྱག་རྒྱ་དེ་དག་ཀྱང་རིགས་སོ་སོའི་ཁ་དོག་ཇི་ལྟ་བ་བཞིན་དུ་དེ་དང་མཐུན་པར་བྱ་ཞིང་བསམ་པ་ལ་ནི་བརྟག་ཅེས་བྱའོ། །འོ་ན་གཙོ་བོ་རྣམས་ཀྱི་རིམ་པ་ན་ས་འཁོར་ཕྱི་ནས་མི་བཤད་པར་དང་པོར་འཁོར་གྱི་ཕྱག་རྒྱ་དགོད་ཐབས་བཤད་ནས། གཙོ་བོ་ཕྱི་ན་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ་དེ་ཡང་བདེན་མོད་ཀྱི་འོན་ཀྱང་རྒྱུད་དཀྲུགས་པའི་མཚན་ཉིད་ཅན་པས་རྒྱུད་ལེས་དེ་ལྟར་གསུངས་ཀྱང་དོན་གྱིས་གཙོ་བོ་དང་པོར་བྱས་པའི་རིམ་བཞིན་དུ་དགོད་པར་བྱའོ། །འོ་ན་ཁྲོ་མོ་རྣམས་ཀྱི་ཕྱག་རྒྱ་མ་སྨོས་པ་ཅིའི་ཕྱིར་ཞེ་ན། ཁྲོ་མོ་རྣམས་ནི་བགེགས་འགོག་པའི་ཕྲིན་ལས་ལ་རྟག་པར་གནས་པའི་སྐུ་ལ་འཁྲིལ་ཅིང་ཡབ་ལ་འཁྱུད་ནས་གནས་པར་ཟད་ཀྱི། ལྷག་པར་འདི་དག་གི་ཕྱག་རྒྱ་འདིའོ་ཞེས་མཁས་པ་རྣམས་ཀྱིས་མ་སྨོས་སོ། །འོ་ན་ཁྲོ་བོ་གཞན་གྱི་ཁྲོ་མོ་ནི་སྨོས་ནས་འདིའི་སྐབས་སུ་མ་སྨོས་པ་ཅིའི་ཕྱིར་ཞེ་ན། ཁྲོ་བོ་གཞན་ནི་རང་བཞིན་གྱི་དཀྱིལ་འཁོར་དུ་སོ་སོའི་རྣམ་པར་ཐར་པ་ཇི་ལྟ་བ་བཞིན་དུ་བག་ཡངས་སུ་གནས་པ་ཡིན་པས་དེ་དག་ནི་བསྒོམ་ཞིང་དགོད་ན་ལྷ་ཡབ་ཡུམ་གྱི་གྲངས་ངེས་པ་ཅན་དུ་བྱ་དགོས་པའི་ཕྱིར་ཡུམ་གྱི་ཕྱག་མཚན་ཡང་སྨོས་ལ། འདིར་ནི་སྲུང་བའི་འཁོར་ལོའི་དཀྱིལ་འཁོར་གྱི་བགེགས་འགོགས་ཤིང་མ་རུངས་པས་བར་དུ་གཅོད་པ་བསྲུང་བའི་ཕྲིན་ལས་གཙོར་མཛད་བས། ཁྲོ་བོ་རྣམས་ཚང་བར་བསྒོམ་ཞིང་དགོད་པའི་གྲངས་ངེས་པར་འཛིན་པར་ཟད། ཡུམ་རྣམས་ནི་ཟླས་ཡོད་པར་མངོན་གྱི་དེ་དག་གི་ཐུགས་མཚན་གྱི་ཕྱག་རྒྱ་ནི་ལྷག་པར་ཆེད་མི་ཆེ་བས་འདི་ཞེས་བརྗོད་པ་མེད་དོ། །དེ་ལྟ་བུའི་ཕྱག་རྒྱ་དེ་དག་དགོད་པའི་གནས་ནི་རྩ་བའི་རྒྱུད་ཀྱི་ལེའུ་དང་པོ་ལས། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །ཞེས་གསུངས་པའི་དོན་གྱིས་གོང་དུ་བསྟན་པའི་ཆོས་ཀྱི་
འབྱུང་གནས་ཀྱི་ནང་དུ་གཞལ་ཡས་ཁང་བསྐྱེད་པ་གྲུ་བཞི་པ་སྒོ་བཞི་པ་ཏྭ་ར་ན་བཞིས་བརྒྱན་ཅིང་རྟ་བབས་བཞི་དང་ལྡན་པ། སྒོ་དང་སྒོ་ཁང་ལ་ཆུ་སྲིན་གྱི་རྒྱལ་མཚན་དང༌། གཙུག་ཏོར་དང༌། དྲིལ་བུ་དང༌། དར་དཔྱང་དང༌། འཕན་ལ་སོགས་པས་བརྒྱན་པ། གྲྭ་དང་མཚམས་ཐམས་ཅད་དུ་རྡོ་རྗེ་དང་རིན་པོ་ཆེས་སྤྲས་པ། རྡོ་རྗེའི་ཕྲེང་བ་དང༌། ཆུན་འཕྱང་དང༌། ཤར་བུ་དང༌། དྲ་བ་དང༌། དྲ་བ་ཕྱེད་དང༌། ཉི་ཟླ་དང༌། དོ་ཤལ་དང༌། མེ་ཏོག་ཕྲེང་བ་དང༌། འཕན་དང༌། དྲིལ་བུ་དང༌། རྔ་མ་དང༌། དར་དཔྱང་རླུང་གིས་བསྐྱོད་པ་དང༌། བླ་རེ་དང༌། ན་བཟའ་དང༌། ཕྲེང་བ་ལ་སོགས་པ་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། ཐིག་བཞི་བཏབ་པས་ཀ་བ་མཆོག་བརྒྱད་དང་ལྡན་པ། དབུས་ཟླུམ་པོ་ལ་རེའུ་མིག་དགུ་དང་ལྡན་པ། དབུས་མཐིང༌། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྡང་བ། དེའི་ཕྱི་རོལ་དུ་ལྷའི་སྣམ་བུ། དེའི་ཕྱི་རོལ་དུ་མུ་ཁྱུད་དང༌། སྒོ་དང༌། སྒོ་ཁང་དུ་ལྡན་པ་ཨིནྡྲ་ནཱི་ལ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་ལས་གྲུབ་ཅིང་འོད་ཟེར་རྣམ་པ་སྣ་ཚོགས་འཕྲོ་བར་བསྒོམས་ལ། ལྷ་དེ་རྣམས་ཀྱི་སོ་སོའི་བཞུགས་གནས་སུ་ཧྲཱིཿ་ལས་བསྐྱེད་པའི་པདྨ་ཁ་དོག་སྣ་ཚོགས་པར་གྱུར་པའི་གེ་སར་ལ། ཉི་ཟླ་པདྨའི་གདན་སུམ་བརྩེགས། ལྷོར་རིན་པོ་ཆེ་ཟུར་བརྒྱད་པ། ནུབ་ཏུ་པདྨ། བྱང་དུ་ཟུར་གསུམ་མེ་ཏོག་ལྟ་བུའི་འོད་ཟེར་སྣ་ཚོགས་རབ་ཏུ་འབར་བ། ཕྱག་ན་རྡོ་རྗེ་དང༌། ཡུམ་མཱ་མ་ཀཱི་དང༌། ཁྲོ་བོ་རྣམས་ཀྱི་ནི་ཉི་མའི་གདན། སེམས་དཔའ་དང་སེམས་མ་ཕྱི་མ་རྣམས་ཀྱི་ནི་ཟླ་བའི་གདན་ནོ། །ལ་ལ་ན་རེ་དབུས་སུ་ཉི་ཟླ་པདྨའི་གདན་སུམ་བརྩེགས་ཤར་དུ་ཟླ་བ་ལྷོ་དང་ནུབ་དང་བྱང་དང་གསུམ་དུ་ཉི་མ། མཚམས་བཞིར་ཟླ་བ། ལྷའི་སྣམ་བུའི་གྲྭ་བཞི་དང༌། ཤར་སྒོའི་གཡས་གཡོན་གཉིས་ཏེ་དྲུག་ཏུ་ཟླ་བ། སྒོ་བཞིར་ཉི་མའོ་ཞེས་ཟེར་ན་དེ་ནི་ལྷ་བཅུ་དགུའི་དབང་དུ་བྱས་པའོ། །ལ་ལར་སུམ་ཅུ་དྲུག་གི་གདན་དུ་ཤེས་པར་བྱ་སྟེ། འདི་ནི་དཀྱིལ་འཁོར་ཆེན་པོའི་དབང་དུ་བྱས་པ་ཡིན་ཏེ། ཅུང་ཟད་མི་མཐུན་པ་དེ་ཡང་སློབ་དཔོན་སོ་སོའི་ལུང་གི་དབང་གིས་དེ་ལྟར་འདོད་པར་ཟད་དེ་འགལ་བ་མེད་དོ། །དེ་ལྟ་བུའི་གདན་གྱི་དབུས་སུ། ལྷ་སོ་སོའི་ཕྱག་རྒྱ་དེ་དག་ཁམས་ལས་བྱུང་བའམ། སྲོག་དང་རྩ་བའི་དངོས་པོ་ལ་བླུགས་
པ་དང༌། བརྡུངས་པ་དང༌། བརྐོས་པ་དང༌། བྲིས་པ་གང་ཡང་རུང་བར་བྱས་ཏེ། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་ལྷ་སོ་སོའི་ཐུགས་ཀྱི་སྙིང་པོ་བརྗོད་དེ། སྔ་ན་ལྷུན་གྱིས་གྲུབ་པ་ནམ་མཁའ་ལ་བཞུགས་པ་དང༌། ཕྱག་མཚན་ལ་སོགས་པ་བསྒོམས་པ་དང་དབྱེར་མེད་པར་བྱ་སྟེ། སོ་སོའི་གནས་གནས་སུ་དགོད་པར་བྱའོ། །ད་ནི་ཞུས་ཚིག་སུམ་ཅུ་དགུ་པ། མེ་ཏོག་ཇི་ལྟར་འཚལ་བར་བགྱི། །ཞེས་པའི་ལན་དུ། འདི་ནི་མེ་ཏོག་ཅེས་བརྗོད་པ། །ནམ་མཁའི་དབྱིངས་ཀྱི་བུད་མེད་དོ། །སྐུ་གསུང་ཐུགས་ཀྱི་ཁྱད་པར་གྱིས། །རིགས་ཀྱི་རིམ་པ་དགོད་པར་བྱ། །ཞེས་གསུངས་ཏེ། རྒྱུད་འདི་ལས་མེ་ཏོག་ཅེས་བརྗོད་པའི་དོན་ནི་འདོད་པའི་ཁམས་ལ་སོགས་པ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ན་ཡོད་པའི་བུད་མེད་ཐམས་ཅད་ལ་བྱ་བར་གསུངས་སོ། །འོ་ན་ཐམས་ཅད་བྷུ་ཏ་ལས་ནི། ཁྲག་ནི་མེ་ཏོག་ཡིན་པར་བཤད། །ཅེས་གསུངས་ན། དེ་གཉིས་ཅིའི་ཕྱིར་ན་མི་མཐུན་པར་བཤད་ཅེ་ན། སྨྲས་པ། རཀྟ་ཞེས་བྱ་བའི་སྒྲས་ཁྲག་དང་ཁ་དོག་དམར་པོ་ཞེན་ཆགས་ཀྱི་མཚན་ཉིད་ཅན་ཡིན་ལ། མེ་ཏོག་ཀྱང་ཁ་དོག་སྡུག་ཅིང་གཞན་ཆགས་པའི་ཡུལ་དུ་གྱུར་པའི་མཚན་ཉིད་ཅན་ཡིན་ལ། བུད་མེད་ཀྱི་གཟུགས་དང་ཆ་ལུགས་དང༌། བྱད་བཞིན་དང༌། ལག་བྱད་བཟང་པོ་ལ་ཡང་གཞན་ཆགས་ཤིང་ཞེན་པའི་གནས་སུ་གྱུར་པས་ཁྲག་དང་མེ་ཏོག་ཆོས་མཐུན་ཏེ། དར་ལ་བབ་པའི་ན་སོ་དང་དེའི་གསང་བ་ལས་བྱུང་བའི་པདྨ་རཀྟ་གཉི་ག་ཡང་མེ་ཏོག་དང་ཁྲག་དང་མཐུན་ཞིང་མཚུངས་པའི་ཕྱིར་ན། དེ་ལྟར་བསྟན་པ་མི་མཐུན་པ་མེད་དོ། །དེ་དག་ཀྱང་རྣལ་འབྱོར་པས་སྤྱད་པའི་ཐབས་ནི་རྒྱུད་འདི་དང་གཞན་ལས་གསུངས་པའི་ཏིང་ངེ་འཛིན་གྱི་སྦྱོར་བས་བཀུག་ལ། སྐུ་གསུང་ཐུགས་ཀྱི་ཁྱད་པར་གྱིས། །ཞེས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག་པོ་གསུམ་ལས་གང་བསྒོམ་པའི་ལྷ་དེ་ཁྱད་པར་གྱིས་ནི། རིགས་ཀྱི་རིམ་པ་དགོད་པར་བྱ། །ཞེས་གསུངས་པས། གཙོ་བོ་དེ་དང་མཐུན་པའི་རིགས་ཀྱི་ཡུམ་དུ་བསྒོམ་པའི་རིམ་པས་ལུས་ལ་ལྷའི་དཀྱིལ་འཁོར་དགོད་ཅིང་བྱིན་གྱིས་བརླབས་ལ་སྤྱད་པར་བྱ་སྟེ། །དེའི་རིམ་པ་ཡང་འོག་ནས་སྒྲུབ་པ་ཆེན་པོ་བསྟན་པའི་སྐབས་སུ་བཤད་པ་བཞིན་དུ་ལྷ་ཉི་ཤུ་རྩ་ལྔའི་བྱེ་བྲག་གིས་ལུས་ལ་རྡུལ་ཚོན་དགྱེ་ཞིང༌། གསང་གནས་བྱིན་གྱིས་བརླབས་ནས་ཇི་ལྟར་
འདོད་པ་བཞིན་དུ་སྒྲུབ་པའི་གྲོགས་སུ་སྤྱད་པར་བྱའོ། །ད་ནི་ཞུས་ཚིག་བཞི་བཅུ་པ། མཆོད་རྟེན་ཞེས་བགྱི་ཇི་ལྟར་ལགས། །ཞེས་པའི་ལན་དུ། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །ཕོ་བྲང་གནས་ཞེས་བྱ་བ་ཡིན། །ཞེས་གསུངས་ཏེ། གོང་དུ་ཆོས་ཀྱི་འབྱུང་གནས་ཀྱི་དོན་བཤད་པའི་སྐབས་སུ་འཕྲོས་པས། དཀྱིལ་འཁོར་གྲྭ་བཞི་པར་གྱུར་པའི་དབུས་སུ། བྷྲཱུཾ་སེར་པོའི་འཕྲོ་འདུས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། བྷྲཱུཾ་བཞི་པོ་ལ་ཐིམ་པ་ལས་འཁོར་ལོ་རྩིབས་བརྒྱད་པར་གྱུར་པའི་ལྟེ་བ་ལ། རྣམ་པར་སྣང་མཛད་དབྱིངས་ཕྱུག་མ་དང་སྦྱོར་བ་ཞུ་བ་ལས། ལེའུ་བརྒྱད་པ་ལས་གསུངས་པའི་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་མཆོད་རྟེན་དཔག་ཚད་བྱེ་བ་ཙམ་གྱི་ཁྱོན་དང་ལྡན་པའི་འོད་ཟེར་གྱི་ཕྲེང་བས་བརྒྱན་པའི་གཞལ་ཡས་ཁང་བསྒོམ་པ་སྟེ། གསང་བའི་སྙིང་པོ་ལས་ཀྱང༌། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དང་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་དུ་འཁྱིལ་བའི་ཞེས་གསུངས་པའི་དོན་གྱིས་རྡོ་རྗེ་ཐེག་པའི་ནང་དུ་ཐེག་པ་ཐམས་ཅད་འདུས་པའི་ཕྱིར་ཁྲི་འཕང་དུ་བཅས་པ། སངས་རྒྱས་ཀྱིས་ས་བཅུ་མཐར་ཕྱིན་པའི་རྟགས་སུ་སྲོག་ཤིང་དང་འཁོར་ལོར་བཅས་པ། ཆོས་ཀྱི་སྐུ་ཀུན་ལ་ཁྱབ་ཅིང་ཉོན་མོངས་པའི་གདུང་བ་སེལ་བའི་རྒྱུར་གྱུར་པའི་རྟགས་སུ་གདུགས་རིན་པོ་ཆེའི་ཆར་ཁབ་དང་བཅས་པ་སྟེ། མདོར་ན་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་འཕགས་པའི་གཞལ་ཡས་ཁང་དུ་བསྟན་པའོ། །དེ་ནས་དེའི་ནང་དུ་ཧ་ལས་བསྐྱེད་པའི་རྡོ་རྗེ་རྒྱ་གྲམ་ས་བོན་ཐམས་ཅད་དུ་ཁྱབ་པ་བསྒོམ་པའི་ལྟེ་བར། གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་བྱ་བ་ལ་སོགས་པའི་དབྱིབས་དང༌། ཁ་དོག་དང་རྒྱན་དང་ལྡན་པའི་ནང་དུ་ལྷ་སོ་སོའི་གདན་ཡང་བཤམས་པའོ་ཞེས་སྔར་བསྟན་པའི་དོན་ལ་བསྙེགས་ཏེ་འཕྲོ་སྦྱར་བར་བྱའོ། །ད་ནི་ཞུས་ཚིག་བཞི་བཅུ་གཅིག་པ། ཡེ་ཤེས་འཁོར་ལོ་ཇི་ལྟར་ལགས། །ཞེས་པའི་ལན་དུ། ཡེ་ཤེས་སེམས་དཔས་གང་རེག་པ། །རྡོ་རྗེ་ཡེ་ཤེས་ཞེས་སུ་བཤད། །ཅེས་གསུངས་ཏེ། རྒྱུད་གང་ཡང་རུང་བ་ལས་གསུངས་པའི་དཀྱིལ་འཁོར་གྱི་ལྷ་ཚང་བའམ་གཅིག་ཀྱང་རུང་སྟེ། །ཡེ་ཤེས་སེམས་དཔའ་གང་རྣལ་འབྱོར་བས་བསྒོམ་པ་དེ་ལ་རེག་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ལྷ་དེའི་སྐུ་ཕྱག་མཚན་རྒྱན་དང་ཆ་
ལུགས་ཇི་ལྟབ་བཞིན་དུ་བསྒོམ་པའི་རིགས་པ་ཏིང་ངེ་འཛིན་གྱིས་ཉམས་སུ་མྱོང་བར་བྱེད་པའི་ཕྱིར་དང༌། དངོས་གྲུབ་རང་གི་ཏིང་ངེ་འཛིན་གྱི་ནན་ཏན་ལས་བྱུང་བ་ཡིན་དུ་ཟིན་ཅིང་དོན་དམ་པར་རྟོག་པ་དང་བྲལ་བར་བསྒོམ་ཡང༌། ཡང་དག་པའི་ཀུན་རྫོབ་ཏུ་ལྷ་དེ་ཉིད་ཏིང་ངེ་འཛིན་གྱིས་དམིགས་པར་བྱ་བའི་ཡུལ་དུ་གྱུར་ཅིང་དབང་དང་དངོས་གྲུབ་རག་ལས་པའི་གནས་སུ་གྱུར་པ་ཡིན་པའི་ཕྱིར་ན། ཡེ་ཤེས་སེམས་དཔའ་གང་རེག་པ། །ཞེས་བྱ་སྟེ། དེ་ནི་ཡེ་ཤེས་ལྔ་དང༌། སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དང་དབྱེར་མེད་པའི་རང་བཞིན་དང་ལྡན་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཤད་པ་ཡིན་ནོ། །གཞན་དག་ན་རེ། ཡེ་ཤེས་སེམས་དཔའི་རང་བཞིན་གྱི་དཀྱིལ་འཁོར་ནི་ཚད་འདི་ཙམ་ཞེས་གཅིག་ཏུ་ངེས་པར་མ་བཅད་དེ། མདོ་སྡེ་ལས་ཀྱང༌། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་གསུངས་ལ། གསང་བའི་སྙིང་པོ་ལས་ཀྱང༌། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་དུ་སྣང་བ་ཞེས་གསུངས་ལ། རྒྱུད་འདི་ཉིད་ལས་ཀྱང་ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་ལྟ་བུས་ཡོངས་སུ་གང་བར་གྱུར་པ་ཞེས་གསུངས་པས་རང་གི་ཏིང་ངེ་འཛིན་གྱི་ཉམས་དང༌། སེམས་ཀྱི་ཁྱད་པར་ཆེ་ཆུང་གིས་ལྷའི་དཀྱིལ་འཁོར་དེ་བཞིན་དུ་རིག་པར་བྱ་སྟེ། སེམས་དང་ཏིང་ངེ་འཛིན་གྱི་ཁྱད་པར་རྒྱ་ཆེན་པོ་འདི་ཉིད་ལས་དཔག་ཚད་བྱེ་བ་བརྒྱའི་ཁྱོན་ཙམ་ཞེས་གསུངས་པ་དང༌། གསང་བའི་སྙིང་པོ་ལས་འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན་གཞི་ཚང་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ་ཡེ་ཤེས་ཀྱི་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པར་ཞེས་གསུངས་པའམ། ནམ་མཁའི་ཁམས་ཀྱི་མཐའ་དང་མཉམ་པའི་གཞལ་ཡས་ཁང་གི་ནང་ན་དེ་བཞིན་གཤེགས་པ་རིགས་མཐའ་ཡས་པ་འཇིག་རྟེན་ཐམས་ཅད་ཀྱི་རྡུལ་ཕྲ་མོའམ། ཏིལ་གྱི་གང་བུ་ལྟ་བུས་གང་བར་བཞུགས་པར་རིག་ན་ཡང་འཐད་པ་ཡིན་ལ། སེམས་ཀྱི་ཉམས་དང་ཏིང་ངེ་འཛིན་གྱི་ཁྱད་པར་འབྲིང་གིས་རྒྱུད་གང་དང་གང་ཡིན་པའི་དཀྱིལ་འཁོར་གང་བསྒོམས་པ་དེའི་ཚད་ཙམ་མམ། དེ་ལ་སྤྲུལ་པ་དང་ཡང་སྤྲུལ་ལམ། རིགས་དང་རིགས་ཀྱི་བྱེ་བྲག་ཇི་ཙམ་ལ་སོགས་པ་ཙམ་གྱི་ཡེ་ཤེས་སེམས་དཔའ་སྒོམ་ན་ཡང་འཚམ་པ་ཡིན་ལ།
སེམས་ཀྱི་ཉམས་དང་ཏིང་ངེ་འཛིན་གྱི་ཁྱད་པར་ཆུང་ངུས། ལྷ་ཡབ་ཡུམ་གཉིས་ཙམ་བསྒོམ་ཞིང་སྒྲུབ་པའི་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཡང་དེ་ཙམ་མ། །ཡང་ན་རང་གི་ཐུགས་ཀ་ན་གནས་པ་ཁོ་ན་འཕྲོ་ན་ཡང་ཉེས་པ་མེད་དོ། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཡང་རྣལ་འབྱོར་པ་རང་གི་སེམས་ཀྱིས་ཇི་ཙམ་དུག་དང་ལྕོགས་པ་དེ་ཙམ་དུ་བསྒོམ་པ་ལ་ཡང་རེག་ཅེས་བྱ། ཇི་ཙམ་དུ་སྔགས་བཟླས་པའི་འཕྲོ་འདུའི་འོད་ཟེར་དང༌། མཆོད་པའི་སྤྲིན་སྤྲོས་པས་རེག་པར་བྱ་བའི་གནས་སུ་གྱུར་པ་བསམས་པ་ལ་གང་རེག་པ་ཞེས་བྱ་སྟེ། དེ་ལ་ནི། ཡེ་ཤེས་རྡོ་རྗེ་ཞེས་སུ་བཤད། །ཅེས་གསུངས་ཏེ། ཡེ་ཤེས་རྣམ་པ་ལྔ་དང་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་དབྱེར་མེད་པའི་རང་བཞིན་དང་ལྡན་པའི་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ་བཤད་པ་ཡིན་ནོ་ཞེས་ཟེར་རོ། །ད་ནི་ཞུས་ཚིག་བཞི་བཅུ་གཉིས་པ། སྔགས་ཀྱི་ཐབས་ནི་ཇི་ལྟར་ལགས། །ཞེས་པའི་ལན་དུ། ཡི་གེ་ས་བོན་ཚིག་ཏུ་གསུངས། རྡོ་རྗེ་ཡི་གེ་གསུམ་བསྐུལ་བ། །དེ་ཉིད་སྐུ་གསུང་ཐུགས་སུ་གསུངས། །ཞེས་ཏེ་དབུས་ཀྱི་གཙོ་བོ་ནས་སྒོ་བ་ལ་ཐུག་པའི་བར་གྱི་སོ་སོའི་སྔགས་ཀྱི་ཡི་གེ་ནི་སྐུ་བསྐྱེད་པའི་ས་བོན་གྱི་ཚིག་ཏུ་གསུངས་པས་རྒྱུའི་དོན་དུ་ཤེས་པར་བྱ་སྟེ། དེ་ཡང་རྒྱུད་འདིའི་དབང་དུ་བཤད་ནས། ཨོཾ་ཨཱཿ་ཧཱུཾ་ཞེས་པས་རྡོ་རྗེ་འཛིན་ཆེན་པོ་བསྐྱེད་དོ། །དེ་བཞིན་དུ་ཨོཾ་སྭ་ཨ་ཧ་ཧཱུཾ་ཞེས་བྱ་བས་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པ་རྣམས་བསྐྱེད་པའི་རྒྱུར་གྱུར་པའོ། །ཡང་ན་བྷྲཱུཾ་དང༌། ཨཱཾ་དང༌། དྲཱིཾ་དང༌། ཁཾ་དང༌། ཧཱུཾ་རྣམས་ལས་སོ། །མོ་ཧ་ར་ཏི། དྭེ་ཥ་ར་ཏི། རཱ་ག་ར་ཏི། བཛྲ་ར་ཏི། ཧཱུཾ་རྣམས་ལས་ཡུམ་རྣམས་བསྐྱེད་པའི་རྒྱུར་གྱུར་པའོ། །ཡང་ན་ལཾ་དང༌། མཾ་དང༌། པཾ་དང༌། ཏཾ་དང༌། ཧཱུཾ་རྣམས་ལས་སོ། །ལྷག་མ་རྣམས་ནི་སྔར་ཕྱག་རྒྱ་དགོད་པའི་སྐབས་སུ་བསྟན་པ་ཡིན་ནོ། །འདིར་ཡང་སྦྱར་ལ་བཤད་པར་བྱའོ། །རྡོ་རྗེ་ཡི་གེ་གསུམ་བསྐུལ་བ། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་རྡོ་རྗེའི་ཡི་གེ་ཨོཾ་ཨཱཿཧཱུཾ་རྣམ་པ་གསུམ་ནི་བསྐུལ་བའི་སྔགས་ཞེས་བྱ་སྟེ། གང་བསྐུལ་ཞེ་ན། དེ་ཉིད་བསྒོམས་ཤིང་བཟླས་པས་ལྷའི་སྐུ་གསུང་ཐུགས་སམ། གཉིས་སུ་ན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམ་པ་གསུམ་དུ་བདག་གི་རྒྱུད་
ལ་འགྲུབ་པར་བསྐུལ་བའི་སྔགས་སུ་གསུངས་པ་ཡང་ཡིན་ལ། དེ་ལ་བསྐུལ་ཞེས་བྱ་བ་ཡང་ཆོས་ཀྱི་སྐུ་ལས་བསྐུལ་ནས་གཟུགས་ཀྱི་སྐུར་བཞེངས་སུ་གསོལ་བ་དང༌། གཟུགས་སྐུ་ལ་བསྐུལ་ནས་འགྲོ་བའི་དོན་མཛད་པར་བསྐུལ་བའི་སྔགས་ཡིན་ཏེ། གོང་ནས་སྔགས་ཀྱི་ཐབས་ཇི་ལྟར་ལགས་ཞེས་ཞུས་པའི་སྔགས་ཐམས་ཅད་ཀྱི་མཚན་ཉིད་ཞུས་པ་སྐད་ཟེར་ཡང་ཐབས་བྱ་བ་རྒྱུའི་དོན་ཡིན་པས་དེའི་གཉེར་དུ་བྱས་ཏེ། ལན་དུ་ས་བོན་གྱི་སྔགས་དང་བསྐུལ་བའི་སྔགས་རྣམ་པ་གཉིས་གསུངས་ཏེ། དེ་གཉིས་ཀ་ཡང་རྒྱུའི་སྔགས་སུ་བསྟན་པ་སྟེ། རྒྱུ་དང་ས་བོན་དང་ཐབས་ཞེས་བྱ་བ་ནི་དོན་གཅིག་གི་ངོ་བོར་ཤེས་པར་བྱ་སྟེ། དེ་ལས་སྔགས་གཞན་གྱི་མཚན་ཉིད་རྣམ་པར་དབྱེ་བ་མ་གསུངས་པར་ཤེས་པར་བྱའོ། །ད་ནི་ཞུས་ཚིག་བཞི་བཅུ་གསུམ་པ། མགོན་པོ་བསྐུལ་བ་ཇི་ལྟར་ལགས། །ཞེས་པའི་ལན་དུ། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་དུ། །འོད་ཟེར་སྤྲོ་དང་བསྡུ་བ་ཡིས། །རྡོ་རྗེ་ཐམས་ཅད་སྙན་མནན་ཏེ། །ཞེས་གསུངས་ཏེ། རང་གི་སེམས་མཉམ་པར་གཞག་པའི་ཏིང་ངེ་འཛིན་གྱིས་ལྷ་གང་སྒྲུབ་པ་དེའི་རང་བཞིན་དུ་བསྒོམས་ལ་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ནས། ལག་པ་གཉིས་སྙིམ་པར་སྦྱར་བ་དེ་མེ་ཏོག་གིས་གང་བ་གཏོར་ལ། དེ་ནས་ལག་པ་གཉིས་ཁུར་ཚུར་སོ་སོར་བཅངས་ནས། མཐེ་བོང་གཉིས་ལག་པ་གཡས་གཡོན་སོ་སོའི་སྲིན་ལག་དང༌། མཐེའུ་ཆུང་གི་བར་གྱི་རྩར་བཅུག་པ་ནི་རྡོ་རྗེ་ཁུ་ཚུར་ཞེས་བྱ། དེ་ནས་ལག་པ་གར་བསྒྱུར་ཏེ་མཁྲིག་མ་གཡས་པ་སྟེང་དུ་ཕྱུང་ནས་བསྣོལ་ལ་སེ་གོལ་ལན་གསུམ་བརྔབ། གཡོན་པའི་མཁྲིག་མ་སྟེང་དུ་ཕྱུང་ལ་སེ་གོལ་ལན་གསུམ་བརྡབ་སྟེ། དེ་ལྟར་བརྡབས་པའི་རྡོ་རྗེའི་སེ་གོལ་གྱི་སྒྲ་དང༌། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཐུགས་ཀའི་ཡི་གེ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཀུན་དུ་ཁྱབ་སྟེ། ཞིང་ཁམས་དེ་དག་ན་གནས་པའི་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་མཚན་མ་མེད་པའི་ངང་ལ་གནས་པ་ལས་གཟུགས་ཀྱི་སྐུ་མཚན་མའི་རྣམ་པར་གསལ་བའི་ཕྱག་རྒྱ་ཆེན་པོར་དལ་གྱི་དལ་གྱིས་བསླང་བར་བྱ་ཞིང༌། བཛྲ་ས་དུ་ས་མཱནྫཿ་ཧཱུཾ་ཞེས་པས་སྙན་མནན་ཏེ། ཕྱོགས་གཅིག་ཏུ་འདུས་ཤིང་བྱོན་ལ་མ་རེག་པར་ཉེར་བ་སྔོགས་
སུ་གནས་པར་བྱ་བ་ལ་ནི། །རྡོ་རྗེ་ཐམས་ཅད་སྙན་མནན་ཏེ། །ཞེས་བྱའོ། །དེ་ལྟར་ཡང་སརྦ་བྷཱུ་ཏ་ལས། རྡོ་རྗེ་སེམས་དཔར་བདག་སྦྱོར་བས། །ལག་གཉིས་རྡོ་རྗེ་བཅིངས་པ་ལས། །རྡོ་རྗེ་སེ་གོལ་བརྡབས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །དེ་ཡི་བཀའ་སྩལ་གྱིས་སྐྲག་ནས་འཁོར་དང་འཁོར་ལོར་བཅས་པ་ཡི། །སངས་རྒྱས་ཀུན་ཀྱང་འདུས་གྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །ད་ནི་ཞུས་ཚིག་བཞི་བཅུ་བཞི་པ། དེ་རྣམས་ལ་ནི་ཇི་སྐད་འབོད། །ཅེས་པའི་ལན་དུ། རྡོ་རྗེ་ཐམས་ཅད་སྤྱན་དྲངས་ནས། །ཐམས་ཅད་མ་ལུས་མཆོད་པར་བྱ། །ཞེས་གསུངས་ཏེ། གོང་དུ་བསྟན་པའི་ཏིང་ངེ་འཛིན་དང་ལྡན་པས་ལག་པ་གར་བསྒྱུར་ཞིང་སེ་གོལ་བརྡབས་པའི་རྗེས་ལ་ལག་པ་གཡས་གཡོན་གྱི་མཐེ་བོང་དང་སྲིན་ལག་གི་བྲེ་གལ་ཉི་ཟླ་བསམས་ནས་སྦྱར་བའི་བར་དུ་ཡི་གེ་ཛཿ་བསམས་ནས་རྡོ་རྗེ་ཁུ་ཚུར་བཅངས་པའི་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱ་སྟེ། ལག་ངར་གཉིས་བྲང་དུ་བསྣོལ་ལ་དཔུང་མགོ་གཡས་གཡོན་དུ་སེ་གོལ་གཏོགས་པ་ལས། མཐེབ་སྲིན་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་མཚམས་ནས་ལྷ་མོ་ལྕགས་ཀྱུ་ཐོགས་པ་གྲངས་མེད་པ་འཕྲོས་པ་དང༌། སྐུ་གསུང་ཐུགས་ཀྱི་གནས་ནས་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པའི་ལྕགས་ཀྱུས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཐུགས་ཀ་ནས་བསྐུལ་ཞིང་སྤྱན་དྲངས་པར་བྱའོ། །དེའི་དུས་སུ་སྔགས་ཨེ་ཧྱེ་ཧི་བྷ་ག་བཱན། མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ་ས་མ་ཡ་ཧོ། །ས་མ་ཡ་སྟྭཾ་ཞེས་བརྗོད་པས་སྤྱན་དྲང་ཞིང་ཞབས་བསིལ་དང་མཆོད་ཡོན་དབུལ་བ་དང་། ཕྱག་འཚལ་བ་དང༌། བཞུགས་སུ་གསོལ་བ་དང༌། ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་བླ་ན་ཡོད་པ་དང༌། བླ་ན་མེད་པས་བསྡུས་པས་ལྷ་ལ་ལྷ་ཐིམ་པའམ། ཡེ་ཤེས་ལ་ཡེ་ཤེས་རོལ་པའི་ཚུལ་དུ་མཆོད་པར་བྱའོ། །ད་ནི་ཞུས་ཚི་བཞི་བཅུ་ལྔ་པ། གཏོང་བ་ཞེས་བགྱི་ཇི་ལྟར་ལགས། །ཞེས་པའི་ལན་དུ། འོད་ཟེར་གྱིས་ནི་རྡོ་རྗེ་ཀུན། །ཐབས་དེས་རྡོ་རྗེ་ཐམས་ཅད་ཀྱི། །ཀུན་བསྡུས་གོང་བུའི་ཚུལ་གྱིས་སུ། །བཅིངས་པས་བཅིངས་པ་ཞེས་བྱའོ། །ཞེས་གསུངས་ཏེ། གོང་དུ་བསྟན་པ་དེ་ལྟར་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བསླང་ཞིང༌། ཕྱོགས་གཅིག་ཏུ་
བསྡུས་ནས་སྙན་མནན་བྱས་ཤིང་ཐུགས་ཀ་ནས་བསྐུལ་བའི་རྗེས་ལ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བའི་གཙོ་བོ་གཟུངས་ཀྱི་གསང་གནས་ཀྱང་གསང་བའི་སེ་གོལ་གྱི་བདེ་བའི་སྒྲ་བྱུང་ནས་བསྐུལ་ཞིང་ལྷ་དང་ལྷ་མོ་ལྕགས་ཀྱུ་དང༌། ཞགས་པ་དང༌། ལྕགས་སྒྲོག་དང༌། དྲིལ་བུ་ཅན་གྱི་ཚོགས་སྤྲོ་བ་དང༌། ལག་པའི་ཕྱག་རྒྱ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བཅིངས་ལ་ལྷ་སོ་སོའི་མཚན་གྱི་སྔགས་ཀྱི་རྟིང་ལ་ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད་ཅིང༌། འོད་ཟེར་གྱིས་རྡོ་རྗེའི་དཀྱིལ་འཁོར་ཀུན་བསྐུལ་ཞིང༌། ཐབས་ཚུལ་དེས་རྡོ་རྗེ་དཀྱིལ་འཁོར་ཐམས་ཅད་མ་ལུས་པ་ལྷན་ཅིག་ཏུ་བསྡུས་ལ། གོང་བུའི་ཚུལ་གྱིས་འཇའ་ཚོན་གྱི་དྲུ་བུ་ལྟར་ཕུང་པོ་གཅིག་ལ་ནང་མ་འདྲེས་པས་སྐུ་དང་ཁ་དོག་སོ་སོ་ན་གསལ་བར་གནས་པ་དེ་དག་ལྕགས་ཀྱུས་དགུག །ཞགས་པས་བཅུ་མ། ལྕགས་སྒྲོག་གིས་བཅིངས། དྲིལ་བུས་དགྱེས་པ་བསྐྱེད་པར་བྱ་བ་ལ་ནི་བཅིང་པས་བཅིངས་པ་ཞེས་བྱའོ་ཞེས་བྱ་སྟེ། ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་བཞི་བཅིངས་པས་རང་བཞིན་གྱི་དཀྱིལ་འཁོར་ཡེ་ཤེས་སེམས་དཔའི་ཚོགས་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དམ་ཚིག་སེམས་དཔའ་དབྱེར་མེད་པར་བྱས་པ་ལ་ནི་བཅིངས་པ་ཞེས་བྱའོ་ཞེས་གསུངས་ཏེ། དེ་ལྟར་སྤྱན་དྲངས་པའི་དུས་སུ་ཏིང་ངེ་འཛིན་དང་འཕྲོ་འདུ་འགྱེད་པ་ལ་གཏོང་བ་ཞེས་བྱའི། །གཞན་ནི་མ་ཡིན་ནོ། །གྲངས་བཞི་བཅུ་ལྔ་པ་གོང་དུ་ཕྱུང་ནས་བཞི་པ་འོག་ཏུ་སྨོས་པ་ནི་གོང་དུ་ཞུས་ཚིག་བྱུང་བའི་རིམ་པའི་དབང་དུ་བྱས་པའོ། ད་ནི་ཞུས་ཚིག་བཞི་བཅུ་དྲུག་པ། འདིའི་དོན་ནི་ཇི་ལྟར་ལགས། །ཞེས་པའི་ལན་དུ། སྐུ་གསུངས་ཐུགས་ནི་རྡོ་རྗེ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་སྟེ། རི་མོའི་དཀྱིལ་འཁོར་བརྟག་པར་བྱ། །ཞེས་གསུངས་ཏེ། དེ་ལྟར་སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའི་རང་བཞིན་གྱི་དཀྱིལ་འཁོར་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་གྱི་ངོ་བོར་དབྱེར་མེད་པར་བཞུགས་པས་རྣལ་འབྱོར་པ་དམ་ཚིག་སེམས་དཔའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་བསྒོམས་པའི་རྒྱུད་ལ་སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་སྟེ། ཆུ་དང་འོ་མ་འདྲེས་པ་བཞིན་དུ་དབྱེར་མེད་པར་བྱས་ནས། ལྷ་སོ་སོའི་རིགས་དང༌།
ཁ་དོག་དང༌། རྒྱན་དང༌། ཆ་ལུགས་ལ་སོགས་པ་གསལ་ལ་ངང་བཞིན་མེད་པར་བསྒོམས་ཏེ། དཔེར་ན་འབྱོར་པ་རབ་དང་ལྡན་པས་རིན་པོ་ཆེའི་རིགས་རྣམ་པ་སྣ་ཚོགས་པ་ལས་རྡུལ་ཚོན་རི་མོའི་དཀྱིལ་འཁོར་བཞེངས་པར་འདོད་པ་འོད་དང་ཁ་དོགས་གསལ་ཞིང་མ་འདྲེས་པར་སོ་སོ་ན་མཛེས་པར་སྣང་བ་བཞིན་དུ་བརྟག་པར་བྱ་སྟེ། སྒྱུ་འཕྲུལ་ལས། མཐིང་ག་དཀར་པོ་སེར་ལེ་བརྒན། ལྗང་གུ་ལ་སོགས་སྣ་ཚོགས་འཆར། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འཕྲོ། །འབར་བའི་ཕྲེང་བས་འཁྱིལ་བ་ཡི། །མཐའ་དབུས་མེད་པར་ལྷུན་གྱིས་གྲུབ། །ཅེས་གསུངས་པ་བཞིན་དུ་རིག་པར་བྱའོ། །ང་ནི་ཞུས་ཚིག་བཞི་བཅུ་བདུན་པ། དབང་བསྐུར་ཇི་ལྟར་འཚལ་བར་བགྱི། །ཞེས་པའི་ལན་དུ། །དབང་ནི་རྣམ་པ་གསུམ་དག་ཏུ། །རྒྱུད་འདི་ལས་ནི་རབ་ཏུ་བརྟག །འབུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་ལ་ནི་གསང་བའི་དབང༌། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །དེ་ལྟར་དེ་བཞིན་བཞི་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་སོ་སོའི་བཞེད་ཀྱིས་དབང་གི་རྣམ་གྲངས་མཐུན་མི་མཐུན་དང༌། མང་ཉུང་ཐ་དད་པར་འབྱུང་བ་ཡོད་ན་ཡང༌། རྒྱུ་གསང་བ་འདུས་པ་འདི་ལས་ཀྱང་དབང་རྣམ་གྲངས་དུ་མར་བཤད་པ་ཡང་ཡོད་ན། མདོར་བསྡུ་ན་རྣམ་པ་གསུམ་ཡོད་པར་རབ་ཏུ་བརྟག་པར་བྱ་སྟེ། གང་ཞེ་ན། བུམ་པའི་དབང་ལ་སོགས་པའོ། །དེ་ལ་གསེར་དངུལ་དང༌། ཟངས་ལ་སོགས་པའི་བུམ་པ་ནག་ནོག་མེད་ཅིང་གསུས་པ་ཆེ་བ་མགྲིན་པ་ཕྲ་བ། རིང་བ་མཆུ་དང་ལྟེ་བ་ལེགས་པ། མེ་ཏོག་གི་ཕྲེང་བ་དང་རས་ཁ་ཚར་མ་ཉམས་པ་ལ་སོགས་པའི་ན་བཟའ་མཛེས་པས་མགུལ་པ་བཅིངས་ཤིང་མེ་ཏོག་གི་ཕྲེང་བས་བརྒྱན་པ། འབྲས་བུ་དང་འོ་མར་ལྡན་པའི་ཤིང་ངམ་ལྡུམ་བུ་མཛེས་པས་ཁ་བརྒྱན་པ་རིན་པོ་ཆེ་སྣ་ལྔ་དང༌། སྨན་ལྔ་དང༌། འབྲུ་ལྔ་དང༌། སྙིང་པོ་ལྔ་དང༌། དྲི་ལྔ་དང༌། བདུད་རྩི་ལྔ་དང༌། དྲི་ཆུ་དང༌། བདུད་རྩི་ལྔར་སྦྱར་བ་སྔགས་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པས་བརྒྱ་རྩ་བརྒྱད་བཟླས་པ་བླུགས་པ། བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་སངས་རྒྱས་སྤྱན་ལ་སོགས་པས་གཟུང་སྟེ། འོག་ནས་དབང་བསྐུར་བ་བ་སྤུའི་བུ་གནས་ཞུགས་པས་སངས་རྒྱས་ཐམས་ཅད་སློབ་མ་ལ་ཐིམ་པར་བསམ་མོ། །གཉིས་པ་ལ་ནི་
གསང་བའི་དབང༌། །ཞེས་བྱ་བ་ནི་གཉིས་སུ་མེད་པའི་ལྷག་པའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བ་སྟེ། དེ་ནི་ཕྱི་མ་མན་ཆད་དང་ཐུན་མོང་དུ་གྱུར་པ་མ་ཡིན་པས་གསང་བཞེས་བྱའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །ཞེས་བྱ་བ་ཐབས་དང་ཤེས་རབ་ཀྱི་དབང་སྟེ། དེ་ལྟར་དེ་བཞིན་གསུམ་མོ་ཞེས་བསྟན་བ་དེ་ལ་ཤེས་རབ་ཡེ་ཤེས་གཉིས་ལ་སོ་སོར་ཕྱེ་ནས་བགྲངས་ན་བཞི་ཡོད་པར་ཤེས་པར་བྱའོ། །དེ་ལ་གསང་བའི་དབང་བསྟན་པའི་ཕྱིར་ན། སྔགས་ལ་དབང་བའི་མིག་རིངས་མོ། །མེ་ཏོག་བཅས་པའི་ཁུ་འབྱུང་བ། །གསང་བའི་དབང་གི་གསང་གནས་སུ། །སྔགས་པས་སློབ་མ་སྦྱིན་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྷའི་རིགས་དང་མཐུན་པར་སྔགས་ལ་གོམས་ཤིང་གསང་བའི་རྒྱུད་གང་ཡང་རུང་བའི་དཀྱིལ་འཁོར་དུ་འཇུག་པར་ནུས་པའི་བརྟུལ་ཞུགས་དང་ལྡན་པ་དམ་ཚིག་བསྲུང་བ་ལ་བརྩོན་ཞིང་དོན་གྱི་རིག་པ་ཡོད་པ། ན་ཚོད་གཞོན་ཞིང་བཞིན་བཟང་ལ་མིག་གི་དཀྱུས་རིང་བ། མེ་ཏོག་ལྟ་བུ་ཆགས་པ་ཆེན་པོ་དང་བཅས་པའི་ཁུ་བ་པདྨ་རཀྟ་འབྱུང་བ། དགོས་པའི་ཡོན་ཏན་ཐམས་ཅད་ལུས་ལ་ཚོགས་པ་བཙལ་ནས་རྡོ་རྗེ་སློབ་དཔོན་ལ་དབུལ་བར་བྱའོ། །དེ་ནས་གཟུངས་ཏེ་སློབ་དཔོན་གྱི་གཡས་ཕྱོགས་སུ་བཞག་ནས། ཐབས་ཅིག་ཏུ་གནས་པ་ལ་སྤོས་དང༌། མེ་ཏོག་ལ་སོགས་པ་ཕྱི་ནང་གི་མཆོད་པའི་བྱེ་བྲག་གིས་མཆོད་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་སྦྱར་ཏེ། སློབ་དཔོན་ལ་ཞུ་བ། ཇི་ལྟར་བཅོམ་ལྡན་འདས་དཔལ་ཆེན་བདེ་བ་ཆེན་པོས་རྒྱུ་འབྲས་རྣམ་པར་དག་པའི་ཆོས་བསྟན་པ་དང༌། ཆོ་ག་བླ་ན་མེད་པས་འགྲོ་བ་དབང་བསྐུར་བ་དང༌། མགོན་མེད་པའི་འགྲོ་བ་ངན་སོང་གི་སྡུག་བསྔལ་ལས་ཐར་པར་མཛད་པ་བཞིན་དུ། རྡོ་རྗེ་སློབ་དཔོན་གྱིས་བདག་ལ་རྡོ་རྗེ་ཐེག་པའི་དོན་བསྟན་པ་དང་གསང་བའི་དབང་མཆོག་དམ་པ་བསྐུར་བ་དང༌། འགྲོ་བ་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་ཐར་པར་མཛད་དུ་གསོལ་ཞེས་ཞུ་བར་གསོལ་བར་བྱའོ། །གསང་བའི་དབང་གིས་གསང་ནས་སུ། །སྔགས་པས་སློབ་མ་སྦྱིན་པར་བྱ། །ཞེས་བྱའོ། །དེ་ལྟར་ཞུས་པ་དང༌། དེ་ནས་སློབ་དཔོན་གྱིས་ཀྱང་བྱམས་པའི་ཐུགས་
བརྩེ་བར་དགོངས་ཏེ། གསང་བའི་དབང་གིས་སློབ་མའི་རྒྱུད་ལ་དབང་བསྐུར་བར་བྱ་བའི་ཕྱིར། བདུད་རྩི་རྣམ་པ་ལྔ་དང༌། གསང་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྒྱུད་སྦྱང་བ་བྱས་པ་ལ་ནི་གསང་གནས་སུ་ཞེས་བྱ་སྟེ། དེ་ལྟར་བྱས་པས། སྔགས་པས་སློབ་མ་སྦྱིན་པར་བྱ། །ཞེས་ཏེ། དང་པོ་དམ་ཚིག་སྦྱིན་ཏེ་སློབ་མ་ལ་འདི་སྐད་བརྗོད་པར་བྱའོ། །དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །སྲོག་ཆགས་ཐམས་ཅད་གསད་པར་བྱ། །བརྫུན་གྱི་ཚིག་རྣམས་སྨྲ་བར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །བུད་མེད་ཐམས་ཅད་སྤྱད་པར་བྱ། །བཟང་པོ་ཁྱོད་ཀྱིས་བསྲུང་བྱ་བ། །སྔོམ་པའི་མཆོག་ནི་འདི་བཞིའོ། །གཤང་དང་གཅི་ངང་ཁུ་ཁྲག་དང༌། །ལྔ་བ་སེམས་ཉིད་འབྱུང་བ་སྟེ། །ཁྱི་རྟ་གླང་པོ་བ་ལང་ཤ །ཆོ་ག་དག་པར་བྱས་ལ་སོགས། །རྟག་ཏུ་ཁྱོད་ཀྱིས་བཟའ་བར་བྱ། །འདི་ནི་དམ་ཚིག་ཆེན་པོའོ། །ཞེས་བརྗོད་དོ། །བདུད་རྩི་ལྔ་དང་རྐང་ཁྲག་ཏུ་ལྡན་པའི་དམ་རྫས་ཀྱང་བྱིན་ལ་ལོངས་སྤྱད་པར་འགྱུར་བའི་ཕྱིར་རོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་ཏེ། །རྡོ་རྗེ་པདྨའི་ཚུལ་གྱིས་ནི། །རྡོ་རྗེ་ཐམས་ཅད་འདུ་བར་བྱ། །ཞེས་བྱ་བ་ནི་སྔར་གསུངས་བ་བཞིན་དུ་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བསྐྱེད་པའི་དབུས་སུ་སློབ་དཔོན་བདག་ཉིད་རྡོ་རྗེ་འཛིན་ཆེན་པོའི་ངང་དང་ལྡན་པ་མ་གནས་པ་ལ་ནི། །ནམ་མཁའི་དབྱིངས་ཀྱི་དབུས་གནས་ཏེ། དེ་ནས་སློབ་མ་དབང་བསྐུར་བར་བྱ་བའི་ཆེད་དུ། བདག་ཉིད་གཟུངས་དེ་ངང་གཉིས་སུ་མེད་པར་སྦྱོར་བ་ལས་བྱུང་བའི་ལྷག་པ་བྱང་ཆུབ་སེམས་གསང་བའི་མཁའ་ལ་དབབ་བ་ནི། རྡོ་རྗེ་སེམས་དཔའི་ཚུལ་གྱིས་ནི། །ཞེས་བྱའོ། །དེ་ནས་གསང་བའི་མཁའི་ལས་བདག་ཉིད་བསྒོམ་ཞིང་སྒྲུབ་པར་འདོད་པས་ལྷ་དེའི་ཕྱིར་ཕྱུང་ལ་ཕྱོགས་བཅུར་སྤྲོས་པས་འགྲོ་བའི་དོན་མཛད་ནས་སླར་འདུས་པ་བདག་ཉིད་ཀྱི་ལུས་ལ་ཞུགས་པ་དང༌། སྔ་མ་ལས་གནས་གྱུར་ཏེ་ལྷ་དེའི་ཕྱག་རྒྱ་ཆེན་པོར་བསྐྱེད་པ་ལ་ནི། །རྡོ་རྗེ་ཐམས་ཅད་འདུ་བར་བྱ། །ཞེས་བྱའོ། །དོན་དེ་ཉིད་ཀྱི་ཕྱིར་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །དེ་ཀུན་སྙིང་ལས་བསྐུལ་བྱ་ཞིང༌། །རྡོ་རྗེའི་ལམ་ནས་ཕྱུང་ནས་སུ། །སློབ་མའི་ཁ་རུ་དབབ་པར་བྱ། །ཞེས་གསུངས་ཏེ། དེ་ནས་སློབ་མ་ཡང་ལྷ་དེའི་
རང་བཞིན་དུ་བྱིན་གྱིས་བརླབས་ཏེ། བདག་དང་སློབ་མར་བཅས་བའི་ཕུང་པོ་ལ་སོགས་པ་ཡང་བྱིན་གྱིས་བརླབས་པར་བྱ་བ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཞེས་བྱ་སྟེ། དེ་ལྟར་བྱིན་གྱིས་བརླབས་ནས་གཟུངས་དང་གཉིས་སུ་མེད་པར་གནས་པས། བདག་ཉིད་ཀྱི་བ་སྤུའི་བུ་གནས་བྱུང་བའི་འོད་ཟེར་སྟུག་པོའི་ལྕགས་ཀྱུས་ནས་མཁའི་ཁམས་ཐམས་ཅད་ཁྱབ་པར་གྱུར་ཏེ། དེ་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་ཏེ། བདག་གིས་སྐུ་གསུང་ཐུགས་ཀྱི་རྒྱུད་ལ་ཞུགས་པར་བྱའོ། །དེ་ཀུན་སྙིང་པོས་བསྐུལ་བྱ་ཞིང༌། །ཞེས་བྱ་བདེ་ནས་ཡང་གཉིས་སུ་མེད་པའི་རོལ་པ་ལ་གནས་ཤིང་ལྷ་སོ་སོའི་ཐུགས་ཀྱི་སྙིང་པོ་བསྐུལ་བས། བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་རྡོ་རྗེའི་ལམ་ནས་ཕྱུང་ནས། གསང་བའི་མཁའ་ལས་བབས་པ་དེ། སློབ་མའི་ཁ་རུ་དབབ་པར་བྱ། །ཞེས་གསུངས་སོ། །དེའི་དུས་སུ་ཨེ་མའོ་བདེ་བའོ་ཞེས་བརྗོད་དེ། སེམས་ལས་བྱུང་བ་དྲང་བར་བྱ་བ་སྟེ། ད་ནི་དབང་བསྐུར་བ་དེའི་ཡོན་ཏན་བསྟན་པའི་ཕྱིར། དེ་འདིར་རྡོ་རྗེ་ཐམས་ཅད་ཀྱིས། །དབང་བསྐུར་བ་ཡི་གནས་མཆོག་གོ །ཐམས་ཅད་སྔགས་ནི་འགྲུབ་འགྱུར་ཏེ། །གནས་མཆོག་རབ་ཏུ་ཁྱད་པར་འགྱུར། །ཞེས་གསུངས་ཏེ། དེ་ལྟ་བུའི་ཚུལ་དུ་སྐབས་འདིར་སློབ་མ་ལ་དབང་བསྐུར་བ་ནི་རྡོ་རྗེ་ལྟ་བུའི་ཡེ་ཤེས་དང་ལྡན་པའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་གནས་མཆོག་ཏུ་དགོངས་ནས་བསྐུར་བ་ཡིན་ཏེ། དེ་ལྟར་དབང་བསྐུར་བས་སྔགས་ཀྱི་དོན་མ་ལུས་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་ཏེ། དེ་ལྟ་བུའི་དབང་ཐོབ་པ་དེ་ལས་ཆེ་ཕྲ་གང་དང་གང་རྩོམ་ནའང་མཆོག་ཏུའམ། ཁྱད་པར་དུ་འཕགས་པར་འགྱུར་རོ་ཞེས་གསུངས་ཏེ། འདི་ནི་གསང་བའི་དབང་ངོ༌། །དི་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པར་བྱ་བའི་ཕྱིར། ཤིན་ཏུ་དད་ཆེན་ཤེས་རབ་ཅན། །གཟུགས་བཟང་སྒྲུབ་ལ་དགའ་བ་དང༌། །སྦྱོར་བ་གཅིག་ཏུ་གོམས་བྱས་པ། །དམ་ཚིག་ཅན་གྱི་དམ་ཚིག་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བའི་ཐེག་པའི་དོན་ལ་ཤིན་ཏུ་མི་ཕྱེད་པའི་དད་པ་དང༌། གསང་བའི་དོན་ཇི་ལྟ་བ་བཞིན་རིག་པའི་ཤེས་རབ་དང་ལྡན་པ། བྱད་གཟུགས་བཟང་ཞིང་སྒྲུབ་པ་ལ་
དགའ་བ་དང༌། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་སྒོམ་པའི་ཏིང་ངེ་འཛིན་གྱི་སྦྱོར་བའམ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྦྱོར་བའི་གསང་བའི་མཁའ་ལ་ལས་བཞི་ཚང་བར་སྦྱོར་བས་འཕགས་པ་མཆོད་པ་དང༌། འགྲོ་བའི་དོན་བྱེད་པ་དང༌། སྐལ་བ་ཅན་དབང་བསྐུར་བའི་ཕྲིན་ལས་ཏིང་ངེ་འཛིན་དང་བཅས་པའི་སྦྱོར་བརྩེ་གཅིག་ཏུ་བྱས་པས་གོམས་པ་ཀློང་དུ་གྱུར་པ། རྩ་བ་དང་ཡན་ལག་གམ་སྤྱི་དང་ཁྱད་པར་གྱི་དམ་ཚིག་ཅན་གྱི་སྒྲུབ་པ་པོའོ། །གསང་བའི་དམ་ཚིག་གི་མཆོག་ཤེས་རབ་ཡེ་ཤེས་ཀྱི་དབང་ནོད་ཅིང་ཐོབ་པར་འདོད་པ་དེས། བླ་མ་ལ་ནི་སྒྲུབ་པ་པོས། །ཡོན་ནི་རབ་ཏུ་དབུལ་བར་བྱ། །དེ་ལ་བླ་མས་བྱིན་བརླབས་ནས། །སྒྲུབ་པ་པོ་ལ་སྦྱིན་པར་བྱ། །ཞེས་གསུངས་ཏེ། དབང་བསྐུར་བའི་སློབ་དཔོན་བླ་མ་དེ་ལ་དབང་ནོད་པའི་སྒྲུབ་པ་པོ་དེས་བདག་གཞན་གྱི་ཡིད་དུ་འོད་བ་བུ་དང་ཆུང་མ་དང་ལུས་དང་ལོངས་སྤྱོད་ལ་སོགས་པ་རང་ལ་གང་ཡོད་པ་ལ་སེར་སྣ་མི་བྱ་ཞིང༌། ཇི་ཙམ་འབྱོར་པ་ལ་ཆགས་པ་མེད་པས་ཡོན་རབ་ཏུ་དཔགས་ཤིང་ཆེ་བ་དབུལ་བར་བྱའོ། །དེ་ལྟར་ཡོན་ཕུལ་བའི་འོག་ཏུ་གཟུངས་དེ་ལ་བླ་མས་བྱིན་གྱིས་བརླབས་ནས་སྒྲུབ་པ་པོ་ལ་སྦྱིན་པར་བྱའོ། །ཇི་ལྟ་བུར་བྱིན་གྱིས་བརླབ་ཅེ་ན། དེ་ཉིད་ཀྱི་ཕྱིར། གཏི་མུག་དགའ་དང་ལྡན་པ་རུ། །རྟོགས་དཀའ་རྨོངས་བདག་སྦྱོར་བ་སྟེ། །གཏི་མུག་རྒྱུན་གྱིས་དབང་བསྐུར་ན། །གཏི་མུག་རྡོ་རྗེར་བདག་ཉིད་འགྱུར། །ཞས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་གཏི་མུག་གི་རིགས་ཀྱི་དབང་བསྐུར་བ་འདོད་ན། སློབ་དཔོན་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་སྔར་བསྟན་པ་བཞིན་དུ་བྱས་ནས། དེའི་ཡུམ་མོ་ཧར་ཏི་སྟེ་གཏི་མུག་དགའ་མ་དང་ལྡན་པར་བྱས་ནས། རྟོགས་དགའ་རྨོངས་བདག་སྦྱོར་བ་སྟེ། །ཞེས་བྱ་སྟེ། ཡུམ་དེ་ཉིད་གཞན་གྱིས་རྟོགས་པར་དཀའ་ཞིང་རྣམ་པར་མི་རྟོག་པའི་ངང་དུ་གནས་པས་རྨོངས་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་དང་དབྱེར་མེད་པ་དང༌། བདག་ཉིད་གཉིས་སུ་མེད་ཅིང་མཉམ་པར་སྦྱོར་ཏེ། དེ་ལས་བྱུང་བའི་གཏི་མུག་རྒྱུན་གྱི་བྱང་ཆུབ་སེམས་ཡུམ་གྱི་མཁའ་ལ་བབས་པ་དང་དེ་ལ་སྐུའི་རྡོ་རྗེ་དང༌། སངས་རྒྱས་སྤྱན་ནས་མཁའ་གང་བའི་སྤྲིན་ལྟ་བུ་ཁ་དོག་དཀར་པོ་ཤ་སྟག་སྤྲོས་པ་དེ་དག་གཉིས་སུ་མེད་པའི་འདོད་ཆགས་ཀྱི་བདེ་བའི་མེས་ཞུ་ནས། ཁ་དོག་དཀར་པོ་ཡེ་ཤེས་
བདུད་རྩིའི་རང་བཞིན་དུ་གྱུར་པའི་ཆུ་རྒྱུན་གྱིས་སློབ་མའི་མགོ་ནས་བརྩམས་ཏེ། ལུས་ལ་ཁྱབ་པའི་བ་སྤུའི་བུ་གནས་བསྟིམས་པས་སློབ་མའི་ལུས་བུམ་པ་མེ་མར་གྱིས་གང་བ་བཞིན་དུ་གྱུར་ཏེ། ལྷར་བསྐྱེད་པའི་སྐུ་དེ་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པར་བསམས་པ་ལ་ནི། གཏི་མུག་རྡོ་རྗེ་བདག་ཉིད་འགྱུར། །ཞེས་བྱའོ། །ཞེ་སྡང་རིགས་ཀྱི་དབང་བསྐུར་བའི་ཕྱིར་ན། །ཞེ་སྡང་དགའ་དང་ལྡན་པ་རུ། །ཞེ་སྡང་བདག་ཉིད་སྦྱོར་བྱ་ཞིང༌། །ཞེ་སྡང་རྒྱུན་གྱིས་དབང་བསྐུར་ན། །ཞེ་སྡང་རྡོ་རྗེར་བདག་ཉིད་འགྱུར། །ཞེས་གསུངས་ཏེ། མི་བསྐྱོད་པའམ། ཞེ་སྡང་རྡོ་རྗེར་བདག་བསྒོམས་ལ། དྭེ་ཥ་ར་ཏི་སྟེ་ཡུམ་ཞེ་སྡང་དགའ་མ་དང་ལྡན་པར་ཞེ་སྡང་བདག་ཉིད་སྦྱོར་བར་བྱ་ཞིང༌། གཉིས་སུ་མེད་པའི་ལྷག་པ་བྱང་ཆུབ་སེམས་ཡུམ་གྱི་མཁའ་ལ་བབས་པ་ལས་ཐུགས་ཀྱི་རྡོ་རྗེ་དང་མཱ་མ་ཀཱི་ནམ་མཁའ་ཁྱབ་པར་སྤྲིན་བཞིན་དུ་འཕྲོས་ཏེ། དེ་དག་ཀྱང་གཉིས་སུ་མེད་པར་རོལ་པར་མཛད་པས་འོད་དུ་ཞུ་བའི་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཁ་དོག་མཐིང་ག་ཡེ་ཤེས་བདུད་རྩིའི་རང་བཞིན་བསྟིམས་ཤིང་དབང་བསྐུར་བས་སྔ་མ་བཞིན་དུ་གྱུར་ཏེ། དེའི་ཡོན་ཏན་ནི་སློབ་མ་དེ། །ཞེ་སྡང་རྡོ་རྗེའི་བདག་ཉིད་འགྱུར། །ཞེས་གསུངས་སོ། །འདོད་ཆགས་རིགས་ཀྱི་དབང་བསྐུར་བའི་ཕྱིར། །འདོད་ཆགས་དགའ་དང་ལྡན་པ་རུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣང་བ་མཐའ་ཡས་དང་རཱ་ག་ར་ཏི་སྟེ་ཡུམ་འདོད་ཆགས་དགའ་མ་དང་ལྡན་པར་གནས་ནས། འཇིག་རྟེན་པའི་ཆགས་པའི་ཚུལ་དང་ལྡན་པར་ཡང་དག་པའི་འདོད་ཆགས་ཀྱི་བདག་ཉིད་དུ་སྦྱོར་བའི་འདོད་ཆགས་ཀྱི་བདེ་བ་ཆེན་པོའི་ཆུ་རྒྱུན་གྱིས་དབང་བསྐུར་ན་དེའི་ཡོན་ཏན་ནི། འདོད་ཆགས་རྡོ་རྗེ་བདག་ཉིད་འགྱུར། །ཞེས་གསུངས་ཏེ། དེ་ལྟར་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་གྱུར་པ། རིགས་གསུམ་གྱིས་དབང་བསྐུར་བ་བསྟན་ནས། ད་ནི་རིགས་ལྷག་མ་གསུམ་གང་ཡང་རུང་བས་དབང་བསྐུར་བའི་དོན་བསྟན་པའི་ཕྱིར་ན། རྡོ་རྗེ་དགའ་དང་ལྡན་པ་རུ། །ཤེས་རབ་ཡེ་ཤེས་བདག་སྦྱོར་པ། །ཡེ་ཤེས་རྒྱུན་གྱི་དབང་བསྐུར་ན། །ཤེས་རབ་ཡེ་ཤེས་བདག་ཉིད་འགྱུར། །ཞེས་གསུངས་ཏེ། དེ་ལ་རྡོ་རྗེ་དགའ་དང་ལྡན་པ་ཞེས་བྱ་བ་རྡོ་རྗེ་ནི་ཡེ་ཤེས། །དགའ་དང་ལྡན་པ་ནི་ཡེ་ཤེས་ཀྱི་ཡུམ་ཏེ།
རིགས་ཀྱི་ལྷག་མ་གང་ཡང་རུང་བའི་ཡབ་ཡུམ་དུ་བསྒོམས་ནས་གཉིས་སུ་མེད་པར་སྤྱོར་བ་ལས་བྱུང་བ་ལྷག་མ་བྱང་ཆུབ་སེམས་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་སྔ་མ་བཞིན་དུ་དབང་བསྐུར་ན་དེའི་ཡོན་ཏན། ཤེས་རབ་ཡེ་ཤེས་བདག་ཉིད་འགྱུར། །ཞེས་བྱ་སྟེ། ལྷ་གང་གིས་དབང་བསྐུར་བའི་ཡབ་ཡུམ་དེའི་རང་བཞིན་དུ་འགྲུབ་པར་འགྱུར་ཞེས་གསུངས་ཏེ། དེ་ནི་ཤེས་རབ་དང་ཡེ་ཤེས་ཀྱི་དབང་ངོ༌། །ད་ནི་ཞུས་ཚིག་བཞི་བཅུ་བརྒྱད་པ། རིག་པའི་བརྟུལ་ཞུགས་ཇི་ལྟར་ལགས། །ཞེས་པའི་ལན་དུ། དེ་ཉིད་ལྷ་མོ་རིག་མ་སྟེ། །བཟུང་ནས་སློབ་མ་རྡོ་རྗེ་ཅན། །དེ་བཞིན་གཤེགས་པ་མངོན་བྱས་ནས། །ལག་བར་ལག་བ་སྦྱིན་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་མ་ལྟ་བུའི་མཚན་ཉིད་དང་ལྡན་པ་དེ་ཉིད་ལ་ལྷ་མོ་རིག་མ་ཞེས་བྱ་སྟེ། དེ་ལ་བཟུང་ལ་འཁྱུད་ནས་སློབ་མ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པས་རྡོ་རྗེ་ཅན་ཞེས་བྱ་སྟེ། དེ་ལ་སྦྱིན་པར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་མངོན་བྱས་ནས། །ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་ཞུགས་པར་མོས་པ་བསྐྱེད་པར་བྱས་ལ། བདག་གིས་དེ་རིང་སློབ་མ་སྒྲུབ་པ་པོ་འདི་ལ་ཡང་དག་པའི་བྱང་ཆུབ་ཆེན་པོའི་དོན་སྦྱིན་པས་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པར་མཛོད་ཅིག་ཅེས་བརྗོད་པའོ། །དེ་ནས། ལག་པར་ལག་པ་སྦྱིན་པར་བྱ། །ཞེས་བྱ་བ་སློབ་མའི་ལག་པར་གཟུངས་དེའི་ལག་པ་སྦྱིན་པར་བྱའོ། །སློབ་མའི་མགོ་བོར་ལག་པ་བཞག་སྟེ། རྡོ་རྗེ་གསང་བ་སྨྲ་བར་བྱ། །ཐབས་གཞན་དག་གིས་འཚང་མི་རྒྱ། །དེ་བས་འདི་ནི་རིག་མའི་མཆོག །ཅེས་བྱ་བ་དེ་ལྟར་སློབ་མའི་ལག་པར་གཟུངས་བྱིན་ནས། །ལག་པ་གཡས་བ་བརྐྱང་བ་སློབ་མའི་མགོ་བོར་བཞག་ནས་རྡོ་རྗེ་གསང་བ་སྨྲ་བར་བྱ་སྟེ། རྡོ་རྗེ་གསང་བ་ནི་བརྗོད་དུ་མེད་བ་སྟེ། ཡེ་ཤེས་ཀྱི་ཚིག་ཆོས་ཉིད་དང་དབྱེར་མེད་པར་བྱེད་པའོ། །དེ་ཡང་གང་ཞེ་ན། ཐབས་གཞན་དག་གིས་འཚང་མི་རྒྱ། །ཞེས་བྱ་སྟེ། ཕྱི་མ་ཡན་ཆད་ལྟ་བུ་སྡོམ་པས་བསྡམས་ཤིང་དཀའ་ཐུབ་ཀྱིས་གདུངས་པས་ནི་རྒྱུད་འདིར་གསུངས་པ་ལས་ཐབས་གཞན་དུ་གྱུར་པ་སྟེ། དེས་ནི་མྱུར་དུ་འཚང་རྒྱ་བར་མི་འགྱུར་རོ། །གཏན་ཚིགས་དེ་ལྟ་བས་ན་ཁྱོད་ལ་སྦྱིན་པ་འདི་ནི་རིག་པའི་མཆོག་ཅེས་
བྱ་སྟེ། ཡེ་ཤེས་ཀྱི་ཡུལ་ཆོས་ཀྱི་དབྱིངས་ཀྱི་གཟུགས་བརྙན་དམ་ཚིག་གི་ཕྱག་རྒྱ་ཡུམ་དུ་སྣང་བ་འདི་ནི་རིག་ཅིང་རྟོགས་པར་བྱ་བའི་ཕྱིར་ཤེས་བྱ་ཐམས་ཅད་ཀྱི་ནང་ན་མཆོག་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་ཆོས་ནི་གཉིས་མེད་པ། །ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་དོན་གྱི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་འདུས་ལ། དེའི་རྟགས་ནི་ཐབས་དང་ཤེས་རབ་ཡབ་ཡུམ་དུ་སྣང་བ་གཉིས་ཀྱིས་མཚོན་པ་ཡིན་ཏེ། དེ་ཡང་དོན་རྟགས་གཅིག་གིས་གཅིག་མཚོན་པར་ཤེས་པར་བྱའོ། །དེ་བས་ན་རྟག་ཏུ་ལ་འཁོར་བ་རུ་ཞེས་བྱ་བ། གཏན་ཚིགས་དེ་ལྟ་བས་ན་དུས་རྟག་ཏུ་འཁོར་བ་མཐས་ཀླས་པ་ན་འཁོར་ཞིང་གནས་པ་དེ་སྲིད་ཀྱི་བར་དུ་འགྲོ་བའི་དོན་བྱ་བའི་ཕྱིར། ཁྱོད་ཀྱིས་གཟུངས་འདི་དང་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་ནམ་ཡང་འབྲལ་བར་མི་བྱའོ་ཞེས་གདམས་སོ། །དེའི་ཡོན་ཏན་ནི། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་བའི་བརྟུལ་ཞུགས་བླ་ན་མེད། །ཅེས་གསུངས་ལ། དེ་ལྟར་མ་བྱས་པའི་སྐྱོན་ཡང༌། བླུན་པོ་གང་ཞིག་འདའ་བྱེད་ན། །དེ་ལ་དངོས་གྲུབ་མེད་པར་འགྱུར། །ཞེས་གསུངས་སོ། །ད་ནི་ཞུས་ཚིག་བཞི་བཅུ་དགུ་པ། བདུད་རྩི་རྣམ་ལྔ་ཇི་ལྟར་བཟའ། །ཞེས་བྱ་བའི་ལན་དུ། ལུས་ཀྱི་ཆོས་ལ་རང་བཞིན་གྱིས། །དྲི་མ་ལྔ་ནི་འབབ་པར་འགྱུར། །ཡེ་ཤེས་ལྔ་ཡིས་བྱིན་བརླབས་པས། །བདུད་རྩི་ལྔ་ཡི་བཤད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་རྣམས་ཀྱི་ནང་ན་མི་རྣམས་ཀྱི་སོ་སོའི་ལུས་ཀྱི་ཆོས་ཉིད་ལ་རང་གི་རང་བཞིན་གྱིས་འབབ་པར་འགྱུར་བ་ནི་དྲི་མ་རྣམ་པ་ལྔ་ཡིན་ཏེ། དེ་ནི་གང་ཞེ་ན། དྲི་ཆེན་དང༌། བྱང་ཆུབ་སེམས་དང༌། པདྨ་རཀྟ་དང༌། གུར་ཀུམ་དང༌། མདངས་ཆེན་པོ་ཞེས་བྱ་སྟེ། ནད་ཀྱི་རྐྱེན་གྱིས་མ་ཟིན་པའི་མི་ཐ་མལ་པ་ལུད་པ་སྤྲིང་ཐབས་སུ་ལུ་བ་ལས་བྱུང་བའི་ཁ་དོག་ཤེལ་ལྟ་བུར་དཀར་བྲུས་སེ་འདུག་པ་དེ་དང་ལྔ་ལ་བྱའོ། །དེ་དག་ཀྱང་རྒྱུ་ལེགས་པར་བརྟགས་པ་ལས་བྱུང་བའི་འབྲས་བུ་གྲུབ་པ་དེ་ནན་ཏན་གྱིས་བསག་ཅིང་བཅང་བར་བྱའོ། །འོ་ན་ཤ་ཆེན་པོ་དང་ལྔའོ་ཞེས་ཟེར་ན་མི་བདེན་ནམ་ཞེ་ན། སྨྲས་པ། ཤ་ཆེན་པོ་ལྔའི་གྲངས་སུ་བགྲང་བ་ཡོད་པ་ཡང་བདེན་མོད་ཀྱི། འོན་ཀྱང་རྒྱུད་འདི་ལས། དྲི་མ་ལྔ་ནི་འབབ་པར་འགྱུར། །ཞེས་
གསུངས་པ་དང༌། ཤ་ཆེན་པོ་ནི་ཤི་བ་ལས་བྱུང་བའི་ཕྱིར་དྲི་མར་བགྲང་བ་མ་ཡིན་པ་དང༌། ཤ་ལྔ་སེམས་དཔའི་ཡིག་འབྲུས་ལྕགས་ཀྱུ་ལྔར་བྱིན་གྱིས་བརླབས་ནས། ལེའུ་གཉིས་པ་ལས་གསུངས་པ་བཞིན་དུ་འགྲུབ་པར་བསྟན་པ་དང༌། ཤ་ལྔ་ཉིད་ཡུམ་ལྔར་བྱིན་གྱིས་བརླབས་ནས། བདུད་རྩི་ལྔ་དང་ཤ་ལྔ་ལས་ཡབ་ཡུམ་བཅུར་འགྱུར་བར་བསྟན་པ་དང་འགལ་བས་མདངས་ཆེན་པོ་བདུད་རྩི་ལྔར་བསྡུའོ། །ཤ་ཆེན་ནི་མ་ཡིན་ནོ་ཞེས་སྔགས་ལ་མཁས་པའི་སློབ་དཔོན་གྱིས་བཤད་དོ། །དེ་ལྟ་བུའི་ལུས་ལས་བབས་པའི་དྲི་མ་ལྔ་པོ་དེ་དཔའ་བོ་འབྲུ་ལྡར་བཀོད་པའི་འཕྲོ་འདུས་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་པས་མིང་བདུད་རྩི་ལྔ་ཞེས་བཤད་པ་ཡིན་ཞེས་བྱའོ། །ཅིའི་ཕྱིར་བདུད་རྩི་ཞེས་བྱ་ཞེ་ན། རྣམ་པར་རྟོག་པ་བཅུད་ལྟ་བུ་ལ་ཡེ་ཤེས་རྩི་ལྟ་བུས་ཕན་འདོགས་པ་དང༌། དུག་གསུམ་གྱི་ནད་ཀྱིས་འཁོར་བའི་མཐར་འཆིང་བ་ལས་གསོ་ཞིང་སློང་བའི་ཕྱིར་བདུད་རྩི་ཞེས་བྱའོ། །ཚད་ཅི་ཙམ་དུ་བསྒྲུབ་པས་ཤེ་ན། །དྲོ་བ་དང་ནི་འབར་བ་དང༌། །འོད་ཟེར་འབྱུང་དང་གཟུགས་མཐོང་དང༌། །སྔགས་ཀྱི་གཟུགས་ཀྱི་ཚུལ་གྱིས་སུ། །བདུད་རྩི་ལྔ་པོ་བཟའ་བར་བྱ། །ཞེས་གསུངས་ཏེ། རྟགས་རྣམ་པ་ལྔ་ལ་དང་བོར་དྲོ་བ་ཉིད་དུ་གྱུར་ན་མིག་རྣོན་དང་རྐང་མགྱོགས་འགྲུབ་པར་འགྱུར་རོ། །གཉིས་པ་བདུད་རྩི་ལྔའི་རྫས་དེ་དག་འབར་བར་གྱུར་ན་མི་སྣང་བར་འགྲུབ་པར་འགྱུར་རོ། །གསུམ་བ་དེ་དག་གམ་དེ་དག་ལས་འོད་ཟེར་འབྱུང་ན་ནམ་མཁའ་ལ་འགྲོ་བ་འགྲུབ་པར་འགྱུར་རོ། །བཞི་པ་ལྷའི་གཟུགས་གང་ཡང་རུང་བ་མཐོང་ན་རིག་འཛིན་འགྲུབ་པར་འགྱུར་རོ། །ལྔ་པ་སྔགས་ཀྱི་གཟུགས་ཏེ་རྡོ་རྗེ་འཛིན་ཆེན་པོ་ལྟ་བུའི་གཟུགས་མཐོང་ན་དེ་ཉིད་ཀྱི་གོ་འཕང་འགྲུབ་པར་འགྱུར་རོ། །དེ་ལྟར་བུར་བརྟགས་ཤིང་བྱིན་གྱིས་བརླབ་པའི་ཐབས་ཚུལ་གྱི་བདུད་རྩི་ལྔ་བཟའ་ཞིང་ལོངས་སྤྱད་པར་བྱའོ། །ཏིང་ངེ་འཛིན་དང་སྦྱོར་བ་ཇི་ལྟ་བུ་ཞེ་ན། །བར་སྣང་གནས་སུ་འབྱུང་བ་རུ། །རྡོ་རྗེ་ཧཱུཾ་མཛས་ཤེས་པར་བྱ། །པདྨོའི་ཚུལ་དུ་འབྱུང་བ་རུ། །དེ་ཡི་འོག་ཏུ་བསམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བར་སྣང་གནས་ནི་བདུད་རྩིའི་སྣོད་པདྨའི་བྷནྡྷའི་སྟེང་ལ་བྱའོ། །
འབྱུང་བ་རུ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བསྐྱེད་པར་བྱའོ། །དེ་ཡང༌། རྡོ་རྗེ་ཧཱུཾ་མཛད་ཤེས་པར་བྱ། །ཞེས་སྨོས་པས་རྡོ་རྗེ་རྩེ་ལྔ་པ་འགྲེད་བུའམ་ཉལ་ཐབས་གང་ཡང་རུང་བའམ་ཡང་ན་རྡོ་རྗེ་རྒྱ་གྲམ་ཡང་རུང་སྟེ། དེ་དག་ཧཱུཾ་ལས་བསྐྱེད་པའི་བུམ་པའམ་ལྟེ་བ་ལ་ཧཱུཾ་མཛད་ཡབ་ཡུམ་བཞུགས་པར་བསྒོམས་པ་ལ་ནི་ཤེས་པར་བྱ་ཞེས་སོ། །བྷནྡྷ་དེ་ཡང༌། པདྨའི་ཚུལ་དུ་འབྱུང་བ་རུ། །ཞེས་ཏེ། གཟུང་འཛིན་ཉེས་བས་མ་གོས་པ་པདྨོའི་ཐབས་སུ་བསྐྱེད་པར་བྱའོ། དེ་ཡི་འོག་ཏུ་བསམ་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་དང་ཧཱུཾ་མཛད་བསྒོམས་པ་དེའི་འོག་ཏུ་བྷནྡྷ་ཨ་ལས་བསྐྱེད་པར་བསམ་པར་བྱའོ། །བདུད་རྩི་ཨོཾ་གྱིས་མཚན་པ་ནི། །ཞེས་བྱ་བ་ནི་བདུད་རྩི་ལྔ་ལ་ཡེ་ཤེས་ལྔའི་རང་བཞིན་གྱི་ཡི་གེ་ཨོཾ་གྱིས་བརྒྱན་པས། དེའི་རང་བཞིན་དུ་དབྱེར་མེད་པར་བྱ་བ་སྟེ། དེ་ཡི་དབུས་སུ་གཞག་པར་བྱ། །ཞེས་བྱ་བ་ནི་པདྨ་བྷནྡྷ་དེའི་ནང་དུ་གཞག་པར་བྱའོ། །དེ་ནས་བྷནྡྷ་དེའི་འོག་ཏུ་རཾ་ལས་མེའི་དཀྱིལ་འཁོར་དེའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་བསྒོམ་པར་བྱའོ། །རྡོ་རྗེ་པདྨོ་མཉམ་སྦྱོར་ལས། །ཞེས་བྱ་བ་ནི་ཨོཾ་ཡེ་ཤེས་ལྔའི་ངོ་བོ་རིགས་ལྔ་ཡབ་ཡུམ་དུ་གྱུར་པའམ། གཉིས་སུ་ན་ཨོཾ་གྱིས་མཚོན་ནས་དཔའ་བོ་འབྲུ་ལྔ་བདུད་རྩི་ལྔ་ལ་བསྒོམ་པ་དང་། ལམ་ལ་སོགས་པའི་ཡི་གེ་ལྔ་ལྕགས་ཀྱུ་ལྡར་བསམ་པ་རིགས་ལྔ་ཡབ་ཡུམ་དུ་གྱུར་པར་བསྒོམས་ལ། དེ་ནས་འོག་གི་རླུང་གིས་མེ་སྦར་བས་བྷནྡྷ་བསྲོས་ནས་བདུད་རྩི་བསྡུས་པའི་དྲོད་ཀྱིས་རིགས་ལྔ་ཡབ་ཡུམ་འདོད་ཆགས་གཡོས་པས། རྡོ་རྗེ་པདྨ་མཉམ་པར་སྦྱོར་བའི་རོལ་བ་མཛད་པ་ལས་བདེ་བ་ཆེན་པོས་ལྷགས་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་དཀར་ལྟེམ་པར་ཞུ་བར་བརྟག་པའོ། །རྣལ་འབྱོར་པ་ཡིས་འབར་ཚིམ་བྱ། །ཞེས་པ། རྣལ་འབྱོར་པ་ཡིས་དེ་ལྟར་བསྒོམས་ནས་འོད་འབར་བར་མཐོང་བ་དང༌། བདག་དང་དཀྱིལ་འཁོར་གྱི་ལྷ་རྣམས་རྒྱུད་ཚིམ་པར་ལོངས་སྤྱོད་བའོ། །ཁ་དོག་ཇི་ལྟ་བུ་ཞེ་ན། ཤེལ་དང་མཚུངས་པར་འབར་བ་ཡི། །ཡེ་ཤེས་ཉི་མ་འདྲ་བའི་མཆོག །ཅེས་བྱ་སྟེ། བདུད་རྩི་དེ་ཡང་བཟུང་འཛིན་གྱི་ཉེས་པའི་དྲི་མ་རྣམ་པར་དག་པས་མདོག་ཤེལ་དང་མཚུངས་པར་གཙང་ཞིང་དངས་པ། ཁ་དོག་རྣམ་པ་ལྔ་དང་
ལྡན་པའི་འོད་ཟེར་འབར་བའི་གཟུགས་ཅན་དེ་དངོས་ཡེ་ཤེས་ཀྱི་རང་བཞིན་ཉི་མ་དང་འདྲ་བའི་གཟི་བརྗིད་དང་ལྡན་པ་ལ་འཇིག་རྟེན་གྱི་ཉི་མས་འགྲན་དུ་མེད་པས་མཆོག་ཅེས་བྱའོ། །བདུད་རྩི་དེའི་རླངས་པ་དང་དྲོད་ཀྱིས་སྟེང་གི་ཧཱུཾ་མཛད་ཡབ་ཡུམ་ལ་རེག་པས་དེ་ཡང་འདོད་ཆགས་ཆེན་པོ་གཡོས་པས་རོལ་པ་སྤྱད་པའི་བདེ་བའི་སྒྲ་དང༌། བྱང་ཆུབ་སེམས་དཔའ་ལས་འོད་ཟེར་སྤྲོས་པའི་ལྕགས་ཀྱུས་ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད་བཀུག་ཅིང་ལུས་ལ་བསྡུས་ཏེ། ལྷགས་པ་བྱང་ཆུབ་སེམས་སུ་ཞུབ་སྦྱོར་མཚམས་ནས་ཟགས་ཤིང་བདུད་རྩི་ལ་ཐིམ་སྟེ་དབྱེར་མེད་པར་བྱའོ། །བཟླས་བརྗོད་ཀྱི་འཕྲོ་འདུ་ཇི་ལྟར་བྱ་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་ནས། །མཚོན་ཆ་མཆོག་གིས་དྲངས་པ་ཡི། །བདུད་རྩི་དེ་ལ་གཞག་བྱ་སྟེ། །ཞེས་གསུངས་པས། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཨ་མྲྀ་ཏ་ཧྲི་ཧཱུཾ་ཋཿ།ཞེས་གྲངས་ཅི་ནུས་སུ་བརྗོད་པའི་སྔགས་ལས་བྱུང་བའི་འོད་ཟེར་ལྔའི་ལྕགས་ཀྱུས་ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད་བཀུག་ཅིང་བསྡུས་ཏེ། བདུད་རྩི་ལ་བསྟིམ་པའམ། གཉིས་སུ་ན་སྔགས་བརྗོད་པ་ལ་བདུད་རྩི་ལ་བསྟིམས་པ་ལས་སྔགས་དང་བདུད་རྩི་དབྱེར་མེད་པར་གྱུར་པ་ལས་འོད་ཟེར་ཁ་དོག་ལྔའམ། དེ་རེ་རེ་ལས་ཀྱང་རྣམ་པ་ཉི་ཤུ་ལྔ་ལྔའི་ཁ་དོག་དང་ལྡན་པའི་འོད་ཟེར་འཕྲོས་པས་བཀུག་ཅིང་བསྡུ་བ་དང་བསྟིམས་པ་སྔ་མ་བཞིན་དུ་བྱའོ། །དེ་ལ་འཕྲོ་འདུའི་རིམ་པ་ཡང་གསུངས་ཡིག་འབྲུ་དང༌། ཐུགས་ཕྱག་མཚན་དང༌། སྐུ་ཕྱག་རྒྱའི་འཕྲོ་འདུ་བྱ་སྟེ། དེ་དག་གང་བྱེད་པ་དེའི་སྐབས་སུ་རྣལ་འབྱོར་པས་ལོངས་སྤྱད་ནས། གསུང་དང་ཐུགས་དང་སྐུའི་དངོས་གྲུབ་ཀྱང་དེ་བཞིན་དུ་ཐོབ་པར་འགྱུར་རོ། །ཚུལ་ཇི་ལྟར་ལོངས་སྤྱད་ཅེ་ན། །བཟའ་བའི་སྦྱོར་བས་བཟའ་བར་བྱ། །ཞེས་ཏེ། རང་གི་ལྕེ་ལ་ཧཱུཾ་དཀར་པོ་ལས་བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པའི་བུམ་པ་ལ་སྣང་བ་མཐའ་ཡས་བསྒོམས་ལ། བདུད་རྩི་ཨོཾ་དཀར་པོར་བྱིན་གྱིས་བརླབས་ལ་ཟོས་པས་ནང་གི་དཀྱིལ་འཁོར་ཐམས་ཅད་མཉེས་པར་བྱའོ། །གཉིས་སུ་ནི་ཐབས་ཀྱི་ཞགས་པ་ལས་གསུངས་པ་བཞིན་དུ་བྱ་སྟེ། འདི་ནི་ནང་གི་ཧོམ་གྱི་ཆོ་གར་རིག་པར་བྱའོ། །གསུམ་དུ་ན་ཡ་རྐན་དང་
མ་རྐན་དང་ལྕེ་ལ་ཡི་གེ་འབྲུ་གསུམ་བཀོད་ལ་བཟའ་བར་བྱའོ། །རྒོལ་བ་པ་ན་རེ། ཤ་དང་བཤད་གཅི་ཉེ་བར་བསྟན་པས་འདི་ལྟར་འགྲུབ་པར་ཅིའི་ཕྱིར། དེ་ལྟན་ནི་དེ་དག་ལ་ལོངས་སྤྱོད་དུ་བྱེད་པའི་སེམས་ཅན་ཉི་ཚེ་ཡོད་ན། དེ་དག་ནུས་པ་མེད་པར་སྣང་བ་ཅིའི་ཕྱིར་ཞེ་ན། སྨྲས་པ། འདི་དག་ཀྱང་རྒྱུ་བརྟག་པ་ལ་སོགས་པ་བྱས་ནས་ཚུལ་བཞིན་བྱིན་གྱིས་བརླབས་ཏེ། བཟླས་བརྗོད་ཀྱི་འཕྲོ་འདུས་རྟགས་དང་མཚན་མ་བྱུང་བ་དང༌། ལག་པ་དང་ཁ་ལྕེའི་སྦྱོར་བ་བྱས་ཏེ། བསྟེན་ཅིང་ཟོས་ན་དེ་ལྟར་འགྲུབ་པར་ཟད་ཀྱི་གཞན་གྱི་ཐ་མལ་པར་ཟོས་བས་ནི་འགྲུབ་པ་མ་ཡིན་ནོ། །རྒོལ་བ་ན་རེ། འོ་ན་འདི་དག་ལ་འདི་ལྟར་འགྱུར་གྱི། བཟའ་བཏུང་དང་བཅའ་བ་གཞན་དག་ལ་ནི་དེ་ལྟར་བྱས་ན་འགྲུབ་པར་མི་འགྱུར་རམ་ཞེ་ན། སྨྲས་པ། གཞན་དག་ལ་བྱིན་གྱིས་བརླབས་པས་ཀྱང་དེ་ལྟར་འགྲུབ་པར་འགྱུར་བ་ཡིན་མོད་ཀྱི། འོན་ཀྱང་དགོས་པ་ལ་ལའི་ཕྱིར་འདི་དག་ཁྱད་པར་དུ་སྤྱད་པར་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ཀྱང་ཁྱད་པར་དུ་དགོས་པར་བསྟན་ཅེ་ན། ཕྱི་བ་དང་ཉན་ཐོས་པ་དང་ཟས་ལ་གདམས་ངག་མེད་ཅིང་ཤ་ཆད་སྤངས་ནས་དཀར་གསུམ་གྱིས་འཚོ་ཞིང་བདུད་རྩི་ལྔ་ལྟ་བུ་མི་གཙང་བར་བལྟས་ནས་སྤོང་བར་བྱེད་པས་འགྲུབ་པར་ལྟ་བ་དང༌། བྲམ་ཟེ་ལ་སོགས་པ་མི་སྟོད་རིམས་སུ་སྐྱེས་པ་ཁ་ཅིག་ཟས་སྐོམ་ལ་བླང་དོར་དུ་བལྟ་བས་དཀར་གསུམ་གྱིས་འཚོ་བ་དང༌། ཤ་ཟ་བར་འདོད་པ་ཁ་ཅིག་ཤ་ལ་གཙང་སྨེར་འབྱེད་ཅིང་གདམས་ངག་མེད་པ་དང༌། འདོད་ཁམས་ཀྱི་ལྷ་བདུད་རྩིས་འཚོ་བ་རྣམས་ཁམ་གྱི་ཟས་མི་གཙང་བར་ལྟ་བ་དག་རང་རང་གི་སྐྱེ་བས་ཐོབ་པའི་གནས་དང༌། རིགས་ཀྱི་རྟོགས་པས་དེ་ལྟར་ལྟ་བར་ཟད། ཆོས་ཉིད་སྐྱེ་བ་མེད་པས་ཀུན་ལ་ཁྱབ་ཅིང་གཙང་བཙོག་རང་རྒྱུད་སོ་སོར་གྲུབ་པ་མེད་པ་ལ། དེ་ལྟར་མ་རྟོགས་པ་རྣམས་རྟོགས་པས་རྣམ་པར་བཅིངས་པ་ལས་གྲོལ་བར་མི་འགྱུར་བའི་དོན་དུ་འདི་ལྟ་བུ་ལ་སྤྱད་པས་དེ་དག་རང་རང་གི་རྟོག་པ་ཕྱོགས་གཅིག་པ་དེ་དག་ལས་གྲོལ་བར་བྱ་བ་དང༌། ཐབས་དེ་ཉིད་ཀྱིས་མཉམ་པ་ཉིད་ཀྱི་དོན་ལ་འཇུག་པར་ནུས་པའི་སྒོར་འགྱུར་བར་བྱ་བའི་ཕྱིར་སངས་རྒྱས་ལ་ཡང་མཆོད་པ་དང༌། བདག་ཉིད་ཀྱིས་ཀྱང་བཟའ་ཞིང་
བཏུང་བར་བསྟན་པ་ཡིན་ཏེ། དེ་དག་གིས་དེ་ལྟར་མཐོང་བ་དང་འོ་ན་ཇི་ལྟར་བྱས་པས་མཉེས་པར་མི་འགྱུར་ཞིང་ལེགས་པར་འགྲུབ་པ་དང་སྦྱར་ན་བདག་གི་རྟོག་པ་འདི་ནི་མི་བདེན་པར་ངེས་ཏེ། གཅིག་ཏུ་ནི་བདག་གིས་གདམས་ངག་བྱས་པ་ནི་ལྷག་པར་བཟང་ལེགས་ཐོབ་པར་མི་འགྱུར་ལ། གཞན་གྱིས་གདམས་ངག་མེད་པར་སྤྱད་པས་ནི་ལྷག་པར་ཉེས་སྐྱོན་ཐོབ་པ་མེད་པ་དང་སྦྱར་ན་འདི་ལྟར་རྟོགས་པ་ཡང་ངེས་པར་འགྲུབ་པའི་ཚད་མ་མ་ཡིན་པས་བླང་དོར་འདི་ཡང་སྤང་བར་བྱ་བའི་སེམས་སྐྱེ་བ་དང༌། འདི་དག་ལ་འདི་ལྟར་བྱིན་གྱིས་བརླབས་ན་མཚན་མ་འདི་ལྟ་བུར་སྣང་བ་དང༌། ནུས་མཐུ་འདི་དག་འབྱུང་བ་དང་སྦྱར་ན་ཡོན་ཏན་གཞན་ཡང་ཐོབ་པར་ངེས་ལ། འདི་དང་སྦྱར་ན་ཚུལ་གཞན་བཞིན་དུ་འགྲུབ་པས་ཀྱང་དེ་བཞིན་དུ་ངེས་སོ། །བསམ་པའི་རིགས་པ་འཇུག་ཅིང་སྒྲུབ་པའི་དོན་ལ་འཇུག་ཅིང་བརྩོན་པ་བསྐྱེད་པ་དང༌། རྟོག་པ་ཕྲ་མོ་འདི་དག་དག་པའི་རིམ་གྱིས་རྟོག་པ་ཆེན་པོ་སྤོང་ཞིང་མཉམ་པ་ཉིད་ལ་སྟོན་པའི་སེམས་བསྐྱེད་ནས་མ་ནོར་བའི་དོན་ལ་འཇུག་ཅིང་ངེས་པའི་ས་ལ་སྦྱོར་བའི་ཡོན་ཏན་ཡོད་པའི་ཕྱིར་ཡང་འདི་ལྟར་བསྟན་ལ། སྲིན་པོ་ལ་སོགས་པ་མི་ཤ་ཟ་བ་དག་བདག་ཤ་འདི་ཟོས་པས་ཉམས་ཆགས་དང་མཐུ་སྟོབས་ཡོད་པ་ཡིན་ནོ་སྙམ་དུ་རྟོག་ཅིང༌། སྔོན་སྤྱད་པའི་ལས་ཀྱི་འབྲས་བུས་ཐོབ་པའི་མཐུ་སྟོབས་ཡིན་པར་མི་ཤེས་པའི་དོན་དུ་ཤ་ཆེན་ལ་སོགས་པ་ཟ་བར་བསྟན་ཅིང༌། དེ་དག་སྦྱང་ཞིང་བྱིན་གྱིས་བརླབ་པ་བྱས་པས་བྱིན་རླབས་ཁྱད་པར་ཅན་གྱིས་ནུས་མཐུ་སྐྱེས་པས་གཞན་གྱི་ཤ་ཟ་བ་དེ་དག་ཀྱང་རང་གི་ནུས་མཐུ་ལ་ཡིད་འབྱུང་ཞིང་རྣལ་འབྱོར་པའི་ནུས་མཐུ་ལ་དད་པ་སྐྱེས་ནས། སྤྱོད་ཡུལ་གཅིག་ཏུ་མཐོང་ནས་གསང་སྔགས་ཀྱི་བརྟུལ་ཞུགས་ལེན་ཅིང་རྣལ་འབྱོར་པའི་གྲོགས་བྱེད་པར་འགྱུར་བའི་ཕྱིར་ཡང་བཟའ་ཞིང་བསྟན་པར་བྱའོ། །དེ་ཡང་གཙང་བཙོག་ཏུ་བལྟ་བའི་བླང་དོར་སྤང་བའི་ཕྱིར་ན་དངོས་སུ་སྤྱད་ལ་དེའི་བག་ཆགས་ཀྱིས་མི་གོས་ཤིང་ནུས་མཐུ་ཁྱད་པར་ཅན་སྐྱེ་བར་བྱ་བའི་ཕྱིར་ན་བྱིན་གྱིས་བརླབ་ཅིང༌། བདག་གཞན་ལ་མཆོད་པ་བསྟེན་ཅིང་སྤྱད་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་ཀྱང་རྒྱས་པར་སྡར་རྩ་བའི་རྒྱུད་བཀྲལ་བའི་སྐབས་སུ་བསྟན་ཟིན་ཏོ། །འདིས་དཀྱུས་
ཀྱི་འབྲུ་གཉེར་བའི་དབང་གིས་རིམ་པ་གོང་འོག་འཁྲུགས་པར་འབྱུང་དུ་ཟིན་ཀྱང་རྣལ་འབྱོར་པས་བདུད་རྩི་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་རིམ་པར་བྱ་བའི་ཐབས་ཀྱང་སྔར་རྒྱས་པར་བཤད་ཟིན་ཏེ། འདིར་རྩ་བའི་རྒྱུད་དང་ཕྱི་མའི་རྒྱུད་དུ་སོ་སོར་ཕྱེ་བའི་འབྲུ་གཉེར་གྱིས་ཅུང་ཟད་ཙམ་བསྟན་པ་ཡིན་ཏེ། བལྡབ་བུར་རྒྱས་པར་བསྟན་ན་ཚིག་དང་ཡི་གེ་མངས་པས་དགོས་པ་མེད་དོ། །བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་བསྟེན་ཅིང་དང་དུ་བླང་བའི་ཡོན་ཏན་ནི་རྒྱུད་འདི་དང་གཞན་པ་ཀུན་ལ་གསལ་ལོ། །ད་ནི་ཞུས་ཚིག་ལྔ་བཅུ་པ། དཔའ་བོ་ལྔ་ཡང་ཇི་ལྟར་ལགས། །ཞེས་པའི་ལན་དུ། ཡི་གེ་གསུམ་དུ་བསྐྱེད་བྱ་ཞིང༌། །བསྒྲུབ་བྱ་སྒྲུབ་པར་རྣམ་བསྒོམས་ཏེ། །དེ་བཞིན་དཔའ་བོ་ལྔ་ཟོས་ན། །དངོས་གྲུབ་སྦྱིན་པ་བཞིན་དུ་མིན། །ཞེས་གསུངས་ཏེ། །གཞན་དག་ན་རེ་དཔའ་བོ་ལྔ་ལ་ནི་རིགས་ལྔའི་སྙིང་པོ་འབྲུ་ལྔ་ལ་བྱའོ་ཞེས་ཟེར་རོ། །ལ་ལ་ན་རེ་བདུད་རྩི་ལྔ་དཔའ་བོ་འབྲུ་ལྡས་བྱིན་གྱིས་བརླབས་པ་ལ་བྱའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་དཔའ་བོ་འབྲུ་ལྔ་ནི་ལྕགས་ཀྱུ་ལྔ་ལ་བྱའོ་ཞེས་ཟེར་ན། །དེ་དག་གང་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དང་པོ་དཔའ་བོ་འབྲུ་ལྔ་ཡང་ཡི་གེ་ནི་སེམས་དང་མི་ལྡན་པའི་འདུ་བྱེད་ཡིན། དབྱིབས་ཀྱིས་ནི་རིགས་ལྔའི་སྙིང་པོར་བཞག་ནས་མིང་ལྔས་ནི་རིགས་ལྔ་མཚོན་པར་ཟད་དེ། དབྱིབས་གཅིག་ཏུ་མ་ངེས་པ་ལ་མིང་གློ་བུར་དུ་བླ་དགས་སུ་བཏགས་པ་རྣལ་འབྱོར་པས་བརྟག་ཅིང་བརྗོད་པ་དང་གཞན་ལ་མཚོན་པར་བཏུབ་ཀྱི་བཟའ་ཞིང་བཏུང་དུ་མི་དམིགས་པའི་ཕྱིར་ན་དེ་མ་ཡིན་ནོ། །གཉིས་པ་དེས་བདུད་རྩི་ལྔ་ལ་བྱིན་གྱིས་བརླབས་པའང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དྲི་མ་ལྔ་ལ་ཡེ་ཤེས་ཀྱི་ཡི་གེ་དཔའ་བོ་འབྲུ་ལྡས་བྱིན་གྱིས་བརླབས་པས་ལུས་ལས་འབབ་པའི་དྲི་མ་ལྔ་པོ་དེ་ཉིད་ཡེ་ཤེས་ལྔའི་བདུད་རྩིར་གྱུར་པའི་དོན་སྔར་བཤད་ཟིན་པའི་ཕྱིར་ན་དཔའ་བོ་ལྔ་མ་ཡིན་ནོ། །གསུམ་པ་ལྕགས་ཀྱུ་ལྔ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སེམས་དཔའ་ལྔའམ་ཡུམ་ལྔའི་ཡི་གེས་བྱིན་གྱིས་བརླབས་ལ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་བྱ་ཞེས་བདུད་རྩིའི་ནང་དུ་བསྡུས་ཏེ་སྔར་བཤད་ཟིན་པའི་ཕྱིར་ན་དཔའ་བོ་ལྔ་མ་ཡིན་ནོ། །འོ་ན་གང་ལ་བྱ་ཞེ་ན། བདུད་རྩི་ལྔ་དང་སྦྱར་བའི་ཆང་གི་རྣམ་གྲངས་ལྔ་ལ་ནི་དཔའ་
བོ་ལྔ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེས་ནི་སྐྱེས་བུ་ང་རྒྱལ་བསྐྱེད་པའི་འདུ་ཤེས་བསྒྱུར་བ་དང༌། འདུ་བྱ་བའི་ལས་རྩོམ་པ་ལ་མྱུར་བའི་རྐྱེན་དུ་གྱུར་པའི་ཕྱིར་ན་དཔའ་བོ་ཞེས་བྱ་བ་ལ། ལྔ་ནི་མིང་གི་རྣམ་གྲངས་དང་མཚན་ཉིད་ལྔར་བྱེ་བ་སྟེ། གང་ཞེ་ན། སྒེག་མོ་ཞེས་བྱ་བ་དང༌། ན་ཆུང་ཞེས་བྱ་བ་དང༌། རབ་ཏུ་མྱོས་ཞེས་བྱ་བ་དང༌། བདུད་རྩི་ཞེས་བྱ་བ་དང༌། གཅིག་པུ་དཔའ་བ་ཞེས་བྱ་བ་སྟེ། དེ་ལྟར་ཡང་སརྦ་བུདྡྷ་ལས། སྒེག་མོ་དང་ནི་ན་ཆུང་དང༌། །མྱོས་དང་དེ་བཞིན་བདུད་རྩི་དང༌། །གཅིག་ཏུ་དཔའ་དང་འདོད་ཆགས་སྲ། །ཞེས་གསུངས་ཏེ། དེ་ལ་འབྲས་ཆང་ལ་སྒེག་མོ་ཞེས་བྱ་སྟེ་དེ་ཡང་ཕྱིའི་ཆང་ནི་ཡོངས་གྲགས་སུ་གྱུར་བའི་འབྲས་ཆང་ཉིད་ལ་བྱ་ལ། ནང་གི་ནི་རིགས་ངན་གྱི་བུ་མོ་བྱད་གཟུགས་བཟང་བ་དང་ལྡན་པ་རིག་བྱེད་ཐམས་ཅད་ལེགས་པར་བསླབས་ཤིང་གསང་བའི་སྤྱོད་ཡུལ་ལ་གོམས་པ་དང༌། རོལ་པ་སྤྱད་པའི་མཆོད་པ་བཤམས་པའོ། །གསང་བའི་དེ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཡབ་ཡུམ་ལ་བསྣོལ་མར་མཆོད་པ་སྤྲོ་ཞིང་བསྟིམ་པའོ། །དེ་ལ་ཅིའི་ཕྱིར་ཆང་ཞེས་བརྗོད་ཅེ་ན། རྣལ་འབྱོར་པའི་སེམས་ཀྱིས་གཟེངས་བསྟོད་ཅིང་རྣལ་འབྱོར་པ་ཕོ་མོ་དགའ་བས་ཚིམ་པ་དང༌། གསང་བའི་དཀྱིལ་འཁོར་བསྐྱེད་ཅིང་མཆོད་པ་རྩོམ་པ་མྱུར་བའི་རྐྱེན་དུ་གྱུར་པའི་ཕྱིར་རོ། །ན་ཆུང་ཞེས་བྱ་བ་ནི་དབྱི་མོ་དང༌། རྒུན་འབྲུམ་ལ་སོགས་པའི་ཤིང་ཏོག་སྣ་ཚོགས་པ་དང༌། ཤིང་ཤུན་རྣམ་པ་མང་པོ་དང་འབྲུ་ཐམས་ཅད་ཤིང་མ་དུ་རའི་ཤུན་པ་རྣམས་སྦྱར་བའི་ཆང་ལ་བྱ་སྟེ། མ་ཏི་ར་ཞེས་ཀྱང་བྱ་དབང་པོ་རབ་ཏུ་མྱོས་ཞིམ་བས་ན་རབ་ཏུ་མྱོས་པ་སྦྲང་རྩིའོ་ཞེས་ཀྱང་གསུངས་སོ། །ནང་གི་རྣལ་འབྱོར་མ་ན་སོ་གཞོན་ཞིང་གཟུགས་བྱད་བཟང་བ་གསང་བའི་དོན་ལ་གོམས་པ་དང༌། རིགས་ངན་གྱི་བུ་མོ་གཟུགས་བཟང་བ་དང༌། རོལ་པ་སྤྱད་པའི་མཆོད་པ་བརྩམ་པའོ། །གསང་བའི་ནི་དེ་ལས་བྱུང་བའི་བྱང་ཆུབ་སེམས་རྣམ་གཉིས་དང་ཁྲག་ཆེན་པོ་བསྲེས་པའོ། །མྱོས་དང་ཞེས་བྱ་བ་ནི་ཤིང་སཱ་ལའི་ཤུན་པ་དང༌། ཤིང་མ་དུ་རའི་ཤུན་པ་དང་བུ་རམ་ཤིང་གི་ཁུ་བར་སྦྱར་ནས་མནན་པ་ལ་བྱ་སྟེ། དེ་འཐུངས་ན་རྨོངས་ཤིང་མྱོས་པར་བྱེད་ནུས་པས། །བུ་རམ་ཆང་ལ་མྱོས་བྱེད་གསུངས། །ཞེས་བྱའོ། །ནང་གི་ནི་བྲམ་ཟེ་
དང་རྒྱལ་རིགས་ཀྱི་བུ་མོ་ལས་ཉམས་ནས་སྨད་འཚོད་དུ་གྱུར་པ་གསང་བའི་མཆོད་པ་ལ་གོམས་བས་གཏོར་མའི་དུས་སུ་གཉིས་སུ་མེད་པར་རོལ་བའི་མཆོད་བ་བཤམས་པའོ། །གསང་བའི་ནི་དེ་ལས་བྱུང་བའི་ལྷག་པར་བྱང་ཆུབ་ཀྱི་སེམས་སོ། །བདུད་རྩི་ཞེས་བྱ་བ་ནི་རྒུན་འབྲུམ་ལས་གཞི་བླངས་ཏེ། ཏིལ་དང་ན་ལེ་ཤམ་དང༌། ཤིང་པི་པི་ལིང་གི་རྩ་བའི་ཤུན་པ་དང༌། ལི་ཤིའི་རྩ་བ་དང༌། ཛཱ་ཏི་པ་ལ་དང༌། ཨུཏྤལའི་རྩ་བ་དང༌། ཀུ་མུ་ཏའི་རྩ་བ་དང༌། ཨ་མྲའི་ཐོག་བུ་ལ་སོགས་པ་སྦྱར་ནས་ཆད་དུ་བྱས་པ་ནི་བ་ཚ་ནས་བཅོས་པའི་ཆང་ཞེས་བྱ་སྟེ། བདུད་རྩི་ངང་འདྲ་པར་རིན་ཐང་ཆེ་བས། །རྒུན་ཆང་དག་ནི་བདུད་རྩི་ཡིན། །ཞེས་གསུངས་སོ། །ནང་གི་བདུད་རྩི་ནི་རྣམ་པ་ལྡས་བསྡུས་པ་ཉིད་དོ། །གསང་བ་ནི་བྱང་ཆུབ་སེམས་རྣམ་པ་གཉིས་ཁོ་ནར་ཤེས་པར་བྱའོ། །གཅིག་ཏུ་དཔའ་ཞེས་བྱ་བ་ནི་གཞན་གྱིས་མ་བསླད་པའི་རྒྱུན་ཆང་ཆིག་རྐྱ་ཐུབ་པས་ན་གཅིག་ཏུ་དཔའ་ཞས་བྱ་ལ། རྒུན་ཆང་སྦྲང་རྩི་མཆོག་ཏུ་དཔའ། །ཞེས་ཀྱང་གསུངས་སོ། །ནང་གི་ནི་ཐབས་དང་ཤེས་རབ་རོལ་པ་སྤྱོད་པའི་དགའ་བས་ཐིམ་པར་གྱུར་པ་ལ་བྱའོ། །གསང་བའི་རྒུན་ཆད་ནི་བྱང་ཆུབ་སེམས་དཀར་དམར་རྣམ་པ་གཉིས་འདྲེས་པ་ལ་བྱ་ལ། སྦྲང་རྩི་ནི་ཁྲག་ཆེན་པོ་ལ་བྱ་ལ། དེ་གསུམ་ཀ་བསྲེས་པ་ལ་ནི་གཅིག་ཏུ་དཔའ་ཞེས་བྱའོ། །འདོད་ཆགས་སྲ་ཞེས་བྱ་བ་ནི་ཆང་ལས་ལན་ཚྭར་བསྒྱུར་བ་ལ་ཟེར་བས་ཆད་རྣམ་པ་ལྔ་ལ་མི་གཏོགས་སོ། །དེ་རྣམས་དེ་ལྟར་བསྟན་པའི་ཆད་དེ་དག་ལྔ་ཆར་ཚང་པའམ། དེ་ལས་གཅིག་ཙམ་མམ་ཆང་ངོ་བོ་གང་ཡང་རུང་བ་ཆད་དེ་རྣམས་ཀྱི་གྲངས་སུ་འདུས་སུ་བཏུབ་ལ། བདག་བྱིན་གྱིས་བརླབ་ཅིང་ལོངས་སྤྱོད་པའི་ཐབས་ཀྱང་རྒྱུད་སོ་སོའི་བཞེད་ཀྱིས་བྱེ་བྲག་མི་མཐུན་པའི་གྲངས་སུ་མ་གསུངས་པ་ཡོད་ན། འདིར། ཡི་གེ་གསུམ་དུ་བསྐྱེད་བྱ་ཞིང༌། །ཞེས་སྨོས་པས་ཆང་གི་གཟུགས་རགས་པར་སྣང་བ་ནི་ཡི་གེ་ཨོཾ་གྱིས་སྦྱངས་ལ། སྐུའི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ། རོ་ཁ་སྐྱུར་དང༌། ར་རོ་བ་དང༌། མྱོས་པར་བྱེད་པ་ནི་ཡི་གེ་ཨཿ་ཡིས་སྦྱངས་ལ་བདུད་རྩིའི་བཅུད་བསྡུས་ཤིང་གསུང་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ། ཆང་གི་ངོ་བོར་སྣང་བ་ཡི་གེ་ཧཱུཾ་གིས་སྦྱངས་ལ་ཐུགས་རྡོ་རྗེའི་
རང་བཞིན་དུ་བྱིན་གྱིས་བརླབ། གཉིས་སུ་ན་གཟུགས་ཧཱུཾ་གིས་སྦྱངས་པས་ཐུགས་ཡེ་ཤེས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ། རོ་ཨོཾ་གྱིས་སྦྱངས་ཏེ་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབ། རང་གི་ངོ་བོ་ཨཾ་གིས་སྦྱངས་ཏེ་ཡེ་ཤེས་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་ནས། ཡི་གེ་ཧཱུཾ་གིས་སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་གྱི་ཚུལ་དུ་བསྐྱེད་པར་བྱ་ཞིང་བསྒོམས་ལ། དེ་ལྟར་བརྟག་པ་དེ་བསྒྲུབ་པར་བྱ་བའི་ལྷ་གང་ཡིན་པ་དེ་བསྒྲུབ་པར་བྱ་བའི་རྒྱུར་གྱུར་པ་ཡིན་པར་རྣམ་གྲངས་སུ་དུ་མར་ཡང་ནས་ཡང་དུ་འདྲིས་ཤིང་གོམས་པར་བསྒོམས་ཏེ། ཚུལ་དེ་བཞིན་དུ་རིག་པར་བྱས་ནས་དཔའ་བོ་ལྔ་ཁ་ལྕེའི་སྦྱོར་བ་སྔར་བསྟན་པ་བཞིན་དུ་བྱས་ནས་ཟོས་ན། བདག་གི་རྒྱུད་ལ་གང་འདོད་པའི་དངོས་གྲུབ་བསྐྱེད་པར་འགྱུར་བ་ལ་སྦྱིན་པ་ཡིན་ཞེས་བྱ་སྟེ། གཞན་དུ་གྱུར་ནས་མི་སྐྱེ་བར་འགྱུར་མི་སྲིད་པས་ན་མིན་ཞེས་བྱའོ། །རྒོལ་བ་པ་ན་རེ་ཆང་ནི་བཏུང་བ་ཡིན་ན། ཟོས པའི་སྒྲ་བཟའ་བ་དང་བཅའ་བར་འགྱུར་བས་མི་འགལ་ལམ་ཞེ་ན། སྨྲས་པ་ཁ་རཾ་ཁཱ་ཧི་ཞེས་བྱ་བའི་སྒྲས་བཟའ་བ་དང༌། བཅའ་བ་དང༌། བཏུང་བ་གསུམ་ཀ་ལ་ཟོ་ཤིག་ཅེས་སྒྲ་མཐུན་པར་འགྱུར་བས་འདིར་ཆད་ལ་ཟོས་པའི་སྒྲར་གྱུར་པ་འགལ་བ་མེད་དོ། །གཞན་དག་ན་རེ་ཡི་གེ་འབྲུ་གསུམ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གནས་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་ཐ་མི་དད་པ་དཔའ་བོ་ལྔ་དང་དབྱེར་མེད་པར་བྱས་ནས། རྣལ་འབྱོར་པས་ལོངས་སྤྱད་པས་རང་བཞིན་གཅིག་ཏུ་གྱུར་པར་བརྟག་པ་ནི་བསྒྲུབ་བྱ་སྒྲུབ་པར་སྒོམ་པ་དང༌། དངོས་གྲུབ་སྦྱིན་པའི་སྒྲར་བརྗོད་པ་འང་དེ་ཉིད་ལ་བྱའོ་ཞེས་ཟེར་ན་དེ་ཉིད་རིགས་པར་བཤད་པའོ། །རྒོལ་བ་པ་ན་རེ། རྒྱུད་འདིར་ཆང་གི་བཏུང་བར་ནི་མ་གསུངས་ལ། རྒྱུད་གཞན་ལས་མཱཾ་ས་ལ་སོགས་པ་རོ་མཆོག་དཔའ་བོ་ཞེས་བརྗོད་པ་ཡོད་ན། འདིར་ཆང་རྣམ་པ་ལྔར་བརྗོད་པ་རིགས་ས་མ་ཞེ་ན། སྤྱིར་སྦྱོར་བ་ཆེན་པོ་བཞེད་ཀྱིས་ཆང་མི་བཏུང་བ་དམ་རྫས་སུ་མེད་དུ་མི་རུང་བར་གསུངས་ལ། ཁྱད་པར་དུ་བདུད་རྩི་རྣམ་པ་ལྔ་དང་ཆང་གི་བཏུང་བ་གཉིས་ཀྱང་རྟེན་དང་བརྟེན་པའམ། རྒྱུ་རྐྱེན་རྟེན་འབྲེལ་གྱི་ཚུལ་དུ་ལྷན་ཅིག་ཏུ་མི་ཚོགས་སུ་མི་རུང་བར་གསུངས་པ་ལས། འདིའི་རྩ་བའི་རྒྱུད་དུ་བཏུང་བ་ཙམ་དུ་སྤྱིར་བརྗོད་
པར་ཟད་ཀྱི། ཆང་གི་བཏུང་བ་ཞེས་ལྷག་པར་མིང་དུ་མ་སྨོས་པ་ཉིད་ཀྱི་ཕྱིར་ན། བདུད་རྩི་ལྔ་སྨོས་པའི་སྐབས་འདིར་ཆང་གི་བཏུང་བ་བརྗོད་པ་དེ་གཉིས་འབྲེལ་པ་ཅན་དུ་གྱུར་པ་ཡིན་པའི་ཕྱིར་ན་བརྗོད་པར་རིགས་ལ། ལྕགས་ཀྱུ་ནི་སྔར་ཡང་ནས་ཡང་དུ་བརྗོད་ཅིང་བདུད་རྩིའི་ནང་དུ་འདུས་པར་བསྟན་པའི་ཕྱིར་ན་དེ་ཡང་བརྗོད་མི་དགོས་པར་རིག་པར་བྱའོ། །ད་ནི་ཞུས་ཚིག་ལྔ་བཅུ་གཅིག་པ། དངོས་གྲུབ་ཐུན་མོང་ཇི་ལྟར་ལགས། །ཞེས་པའི་ལན་དུ། མི་སྣང་ལ་སོགས་དངོས་གྲུབ་དག །ཐུན་མོང་དུ་ནི་གྲགས་པ་སྟེ། །ཞེས་གསུངས་ཏེ་མི་སྣང་བ་དང་ལ་སོགས་ཀྱི་སྒྲས་མངོན་པར་ཤེས་པ་ལྔ་དང༌། དགུག་པ་ལ་སོགས་པའི་སྒྲུབ་པ་ཆེ་ཕྲ་འབྱུང་བའི་དངོས་གྲུབ་རྣམས་ནི་འཇིག་རྟེན་པ་དང་ཐུན་མོང་དུ་གྱུར་པ་ཡིན་པར་གྲགས་པ་སྟེ། དཀོན་པ་མ་ཡིན་ཞིང་ཡོངས་སུ་མྱ་ངན་ལས་འདས་པར་མི་ནུས་པའོ། །ད་ནི་ཞུས་ཚིག་ལྔ་བཅུ་གཉིས་པ། དེ་བཞིན་མཆོག་ནི་ཇི་ལྟར་ལགས། །ཞེས་པའི་ལན་དུ། དངོས་གྲུབ་མཆོག་ཏུ་གསུངས་པ་ནི། །སངས་རྒྱས་སངས་རྒྱས་པར་བསྒྲུབ་པའོ། །ཞེས་གསུངས་ཏེ། འཇིར་རྟེན་པའི་ཁྱད་པར་དང་ཐུན་མོང་གི་དངོས་གྲུབ་དེ་དེ་རྣམས་ལས་མཆོག་ཏུ་གྱུར་པའི་དངོས་གྲུབ་ནི། སངས་རྒྱས་སངས་རྒྱས་པར་བསྒྲུབ་པའོ། །ཞེས་བྱ་སྟེ་དཔང་པོ་རབ་ཏུ་གྱུར་པའི་གང་ཟག་ཤེས་རབ་དང་སྙིང་རྗེར་ལྡན་པ་ལ་བླ་ན་མེད་པའི་སངས་རྒྱས་ཀྱིས་འཐོབ་པར་འདོད་པ་དག་སངས་རྒྱས་པར་སྒྲུབ་པའི་ཐབས་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ལ་གནས་པར་བྱེད་པའོ། །ད་ནི་ཞུས་ཚིག་ལྔ་བཅུ་གསུམ་པ། དེ་ལ་ཐབས་ནི་རྣམ་པ་དུ། །ཞེས་བྱ་བ་ཐུན་མོང་གི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་དེ་གཉིས་སྒྲུབ་པ་ལ་རྣམ་པ་དུ་མཆིས་ཞེས་པའི་ལན་དུ། བྱང་ཆུབ་རྡོ་རྗེ་རྟོགས་པ་ཡི། །ཐབས་ནི་རྣམ་པ་བཞི་དག་སྟེ། །རྣལ་འབྱོར་རྒྱུད་ནི་ཐམས་ཅད་ལ། །དམ་པ་ཡིས་ནི་རབ་ཏུ་བསྔགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོན་པ་བྱང་ཆུབ་སེམས་རྡོ་རྗེས་བྱང་ཆུབ་ཀྱི་དོན་ཡེ་ཤེས་རྡོ་རྗེ་ལྟ་བུ་རྟོགས་ཤིང་ཐུགས་སུ་ཆུད་པ་དེ་རྣལ་འབྱོར་པས་རྟོགས་པར་བྱ་བའི་ཐབས་མདོར་བསྡུ་ན་རྣམ་པ་བཞི་ཁོ་ནར་ཤེས་པར་བྱ་སྟེ། དོན་དེ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་ལ་
ཡང་། དམ་པ་ཡིས་ནི་བྱ་བ་སངས་རྒྱས་ཐམས་ཅད་ལ་བྱ་སྟེ། དེ་དག་གིས་རབ་ཏུ་བསྔགས་ཤིང་སྟོན་པར་མཛད་པ་ཡིན་ནོ། །དེ་ཡང་གང་ཞེ་ན། བསྙེན་པའི་ཆོ་ག་དང་པོ་སྟེ། །གཉིས་པ་ཉེ་བར་སྒྲུབ་པ་དང༌། །གསུམ་པ་བསྒྲུབ་པར་བྱ་བ་དང༌། །བཞི་པ་སྒྲུབ་པ་ཆེན་པོའོ། །ཞེས་གསུངས་ཏེ། རྩ་བའི་རྒྱུད་ལེའུ་བཅུ་གཉིས་པ་ལས་ནི། བསྙེན་པའི་དམ་ཚིག་སྦྱོར་བ་དང༌། །ཉེ་བར་སྒྲུབ་པ་འབྱུང་བ་དང༌། །སྒྲུབ་པའི་དོན་གྱི་དམ་ཚིག་དང༌། །སྒྲུབ་པ་ཆེན་པོ་དག་དང་བཞི། །ཞེས་གསུངས་ཏེ། དེ་ལ་བསྙེན་པ་ཞེས་བྱ་བ་ནི་ཐེག་པ་གཞན་ལས་ཁྱད་པར་དུ་གྱུར་པ་རྡོ་རྗེ་ཐེག་པའི་མྱ་ངན་ལས་འདས་པ་ལ་བསྙེན་ཅིང་འཁོར་བ་ལས་ཐག་བསྲིངས་པར་གྱུར་པ་ལས་མི་འདའ་བའོ། །ཉེ་བར་སྒྲུབ་པ་ཞེས་བ་ནི་ལྷའི་ཏིང་ངེ་འཛིན་རྫོགས་པས་དེའི་སྐུ་གསུང་ཐུགས་སུ་གྲུབ་པ་ལ་ཉེ་བའི་རྒྱུར་གྱུར་པའོ། །སྒྲུབ་པ་ཞེས་བྱ་བ་ནི་བསྐུལ་བ་སྟེ། ལྷ་དང་ཡུམ་བསྐུལ་བས་རང་གི་ལུས་ངག་ཡིད་གསུམ་དེའི་རང་བཞིན་དུ་གྲུབ་པར་བྱེད་པའོ། །སྒྲུབ་པ་ཆེན་པོ་ཞེས་བྱ་བ་ནི་མཉེས་པ་བསྐྱེད་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོའི་དབང་ཐོབ་པར་བྱེད་པའི་རྒྱུའོ། །རྩ་བའི་རྒྱུད་དེ་ཉིད་ལས་རྡོ་རྗེའི་བྱེ་བྲག་ཅེས་བྱ་བ་ལ། དེ་ནས་ལས་རྣམས་བསྒྲུབ་པར་བྱ། །ཞེས་གསུངས་པ་དང་ལེའུ་འདི་ལས། ཐུན་མོང་མཆོག་གི་བྱེ་བྲག་གིས། །ཞེས་གསུངས་པས་དེ་ལྟར་གྲངས་བཞི་བསྟན་པ་དེ་ལ་ཡང་རྣམ་པ་བཞི་སྟེ། སྤྱིའི་བསྙེན་སྒྲུབ་བཞི་དང༌། དངོས་གྲུབ་ཐུན་མོང་གི་བསྙེན་སྒྲུབ་བཞི་དང༌། མཆོག་གི་བསྙེན་སྒྲུབ་བཞི་དང༌། གསང་བའི་བསྙེན་སྒྲུབ་བཞི་སྟེ། སོ་སོར་ཕྱེན་བཅུ་དྲུག་ཏུ་འགྱུར་བས་དེ་ཡང་ཆུང་དུ་འབྲིང་དང་ཆེན་པོར་དབྱེ་བའི་དོན་ཡང་རིག་པར་བྱས་ལ། དངོས་གྲུབ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གང་དང་གང་སྒྲུབ་ན་ཡང་དེས་བསྒྲུབ་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། བསྙེན་སྒྲུབ་རྣམ་པ་བཞི་ནི་རྒྱུད་འདིར་གསུངས་པའི་ལས་དང་སྒྲུབ་པ་ཐམས་ཅད་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །སྒྲུབ་པ་ཕྲ་མོ་ཁ་ཅིག་ལ་བསྙེན་སྒྲུབ་ཡན་ལག་བཞི་ཚང་བར་སྒོམ་མི་དགོས་པ་ཡང་ཡོད་དེ། དེ་ཡང་རྩ་བའི་རྒྱུད་བཀྲལ་བའི་སྐབས་ཀྱི་ཊཱིཀཱ་ཉིད་ལས་གསལ་བར་ཤེས་པར་བྱའོ། །དེ་ལ་དང་པོར་བསྟན་པའི་བཞི་པོ་འདི་ནི་རྣམ་
གྲངས་སུ་ཕྱེ་བ་ཀུན་གྱི་ལུས་ལྟ་བུ་ལས་སྤྱིའི་སྙེན་སྒྲུབ་རྣམ་པ་བཞི་ཞེས་བྱ་སྟེ། དེའི་དོན་གསལ་བར་བསྟན་པ་ཡང་རྩ་བའི་རྒྱུད་ལེའུ་བཅུ་གཉིས་པ་ལས། བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཉེ་བར་སྒྲུབ་པའི་སྒྲུབ་མཆོག་ལ། །རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱད། །སྔགས་ཀྱི་བདག་པོ་བསྒོམས་པ་ཡིས། །སྒྲུབ་པའི་ཚེ་ན་བསྐུལ་པར་བཤད། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསྒོམ། །ཡེ་ཤེས་རྡོ་རྗེ་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། དེ་ལ་དང་པོར་དོན་དམ་པའི་བྱང་ཆུབ་སེམས་གཙོར་མཛད་ནས། ཨོཾ་ཤཱུ་ཉ་ཏཱ་ཞེས་བྱ་བ་དང༌། དྷརྨ་དྷཱ་ཏུ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ནས། །ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་པས་དཔལ་རྡོ་རྗེ་འཛིན་ཆེན་པོ་ལ་སོགས་པའི་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་བསྐྱེད་ནས། ཡུམ་ཡང་མྱུ་གུ་དང་གྲིབ་མའི་ཚུལ་དུའམ་གཉིས་སུ་ན་གདོལ་པའི་བུ་མོ་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེས་རེག་པར་སྣང་བའི་ཕུང་པོ་བསལ་ནས། ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་རིག་མར་བསྐྱེད་ནས་ཡབ་ཡུམ་གསལ་བར་ཟུང་འབྲེལ་དུ་གནས་པར་བསྒོམ་པ་ནི་བསྙེན་པའི་ཏིང་ངེ་འཛིན་དུ་རབ་ཏུ་སྦྱོར་བའོ། །བྱང་ཆུབ་མཆོག་ཏུ་རབ་ཏུ་སྦྱོར་བ་ནི་དེ་ལྟར་བསྒོམ་པ་དེ་ཡང་ཤེས་རབ་དང་སྙིང་རྗེར་འབྲེལ་པའི་ངོ་བོ་ལས། ཤེས་རབ་ཀྱིས་སྟོང་པ་ཉིད་ཀྱི་མངོན་པར་བྱང་ཆུབ་པ་བསྒོམས་ནས་སྙིང་རྗེས་ཐབས་ཕྱག་རྒྱ་ཆེན་པོ་མངོན་པར་བྱང་ཆུབ་པ་བསྒོམས་ནས་ཐབས་དང་ཤེས་རབ་ལྡན་པར་བསྒོམ་པ་ཉིད་ལ་བྱའོ། །ཉེ་བར་སྒྲུབ་པའི་སྒྲུབ་མཆོག་ལ། །རྡོ་རྗེ་སྒྱེ་མཆེད་རབ་ཏུ་དཔྱད། །ཅེས་བྱ་བ་ནི་ཉེ་བར་སྒྲུབ་པའི་རྒྱུས་འབྲས་བུ་ཕྱག་རྒྱ་ཆེན་པོར་མངོན་པར་གྲུབ་པ་མཆོག་ཡིན་ལ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་གཞུག་པ་དང༌། དཔའ་བོ་འབྲུ་ལྡས་ཕུང་པོ་ལྔ་རིགས་ལྔར་བྱིན་གྱིས་བརླབ་པ་དང༌། ར་ཏི་ལྔས་འབྱུང་བ་ལྔ་ཡུམ་ལྔར་བྱིན་གྱིས་བརླབ་པ་དང༌། སེམས་དཔའི་ས་བོན་རྣམས་ཀྱིས་མིག་ལ་སོགས་པ་དྲུག་སའི་སྙིང་པོ་ལ་སོགས་དྲུག་གི་རང་བཞིན་དུ་བྱིན་གྱིས་བརླབ་པ་དང༌། ཏ་ཀྲྀ་ཏ་ཀྱི་སྔགས་བཞིས་ལག་པ་གཡས་གཡོན་དང༌། ཁ་དང་
གསང་བའི་མཚན་མ་རྣམས་གཤིན་རྗེ་གཤེད་དང་གཞན་གྱིས་མི་ཐུབ་པ་དང༌། རྟ་མགྲིན་དང་བདུད་རྩི་འཁྱིལ་པ་དང་བཞིའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ལ་ནི་དཔྱད་ཅེས་བྱ་སྟེ། དེས་ནི་དཔེར་ན་མུན་པ་ཉིད་བསལ་བར་འགྱུར་བ་དང་འདྲ་བར་འཁོར་བའི་མཚན་ཉིད་མྱ་ངན་ལས་འདས་པའི་རང་བཞིན་དུ་གྱུར་པར་བསྒྲུབ་པའོ། །སྔགས་ཀྱི་བདག་པོ་བསྒོམས་པ་ཡིས། །སྒྲུབ་པའི་ཚེ་ན་བསྐུལ་བར་བཤད། །ཅེས་བྱ་བ་ལུས་ཀྱི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་གསུམ་ལས་རྡོ་རྗེ་གསུམ་དུ་བསྐྱེད་ལ། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ་ལ་སོགས་པའི་ཚིག་གིས་བསྐུལ་ཞིང་གསོལ་བ་གདབ་པ་དང༌། ལེའུ་བཅུ་པ་ལས། སྙིང་གི་དཀྱིལ་དུ་ཕྲ་མོ་ཡི། །དཀྱིལ་འཁོར་རྣམས་ནི་བསམ་པར་བ། །རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །རྟག་ཏུ་སྦྱོར་བས་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པའི་ཚིག་དེ་ལ་ཡབ་ཡུམ་གཉིས་སུ་མེད་པ་དང༌། ལྷའི་དཀྱིལ་འཁོར་ལ་བསྐུལ་བའི་དོན་ཁ་བྲག་གཉིས་སུ་སྦྱར་ནས་བཀྲལ་བ་ལས་ཤེས་པར་བྱའོ། །དེ་ལ་སྔགས་ཀྱི་བདག་པོ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་ཆེན་པོ་ལ་སོགས་པ་ལྷ་གང་བསྒོམས་པ་དེས་གཞན་ལ་བསྐུལ་བའོ། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསྒོམ། །ཞེས་བྱ་བ་ནི་ཐུགས་བྱིན་གྱིས་བརླབ་པ་དང་རིག་མ་བྱིན་གྱིས་བརླབ་པ་དང་མཆོད་པ་ལ་སོགས་པ་ནི་སྒྲུབ་པ་ཆེན་པོའོ། །དེའི་དུས་སུ་རང་གི་རིགས་ཀྱི་བདག་པོའམ། གང་སྒྲུབ་ཅིང་བསྒོམ་པའི་ཡི་དམ་གྱི་ལྷ་གང་ཡིན་པ། དེ་ལ་ནི་རང་སྔགས་རྡོ་རྗེ་ཅན་ཞེས་བྱ་ལ། དེའི་དབུ་རྒྱན་ལ་བདག་རིགས་ཀྱི་བདག་པོ་བསྒོམ་ན་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པའམ། གཉིས་སུ་ན་དེ་བཞིན་གཤེགས་པ་ཡབ་ཡུམ་དེ་ཉིད་སེམས་དཔའ་དང་སེམས་མར་བསྒོམ་ན་དེ་དག་གི་རིགས་ཀྱི་བདག་པོ་གང་ཡིན་པ་བསྒོམ་པ་སྟེ། སྒོམ་པའི་ཐབས་ནི་ཡབ་ཡུམ་རོལ་པ་མཛད་པའི་བདེ་བའི་སྒྲས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས། བདག་གི་བ་སྤུའི་བུ་ག་ནས་ཐིམ་པར་ལྷག་པ་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་ཡུམ་གྱི་མཁའ་ལ་བབས་པ། ཡུམ་གྱི་བ་སྤུའི་བུ་གནས་ལྷ་མོའི་ཚོགས་ལག་པ་ན་བུམ་པ་ཐོགས་པར་
གྱུར་ཏེ། སླར་བྱུང་བས་བདག་གི་མགོ་བོར་དབང་བསྐུར་ཏེ་ཐིམ་པ་ལས་རང་གི་རིགས་ཀྱི་བདག་པོས་དབུལ་བརྒྱན་པའམ། །གཉིས་སུན་དེ་བཞིན་གཤེགས་པར་བསྒོམ་ན་གང་སྒོམ་པ་དེ་ཉིད་སེམས་དཔའ་སེམས་མར་བསྒོམ་ན། རང་གི་རིགས་ཀྱི་གཙོ་བོའམ་ཡང་ན་མི་བསྐྱོད་པའམ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གང་བསྒོམ་ན་ཡང་རུང་སྟེ། དེ་དག་གཉིས་སུ་མེད་པར་སྦྱོར་བའི་ལྷག་པ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་བདག་ཉིད་ལ་དབང་བསྐུར་བར་བསྒོམ་པ་དེ་དེ་ལྟར་བྱས་ན། ཡེ་ཤེས་རྡོ་རྗེ་འགྲུབ་པར་འགྱུར། །ཞེས་བྱ་སྟེ། རྣལ་འབྱོར་པ་དེ་དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་གསུངས་སོ། །འདི་ལ་ཡང་སློབ་དཔོན་སོ་ནས་བཞེད་པ་མི་མཐུན་པར་སྨྲ་བ་དག་ཡོད་པ་ནི་ལེའུ་བཅུ་གཉིས་པའི་སྐབས་སུ་བསྟན་ཟིན་པས་ལེའུ་འདིར་ཟློས་བུར་མ་བྲིས་སོ། །ད་ནི་ཞུས་ཚིག་ལྔ་བཅུ་བཞི་པར། ཐབས་ཀྱི་དངོས་པོ་ཇི་ལྟར་ལགས། །ཞེས་པའི་ལན་དུ། ཐུན་མོང་མཆོག་གི་བྱེ་བྲག་གིས། །བསྙེན་པ་རྣམ་པ་གཉིས་སུ་འགྱུར། །རྡོ་རྗེ་བཞི་པོ་ཐུན་མོང་སྟེ། །ཡེ་ཤེས་བདུད་རྩི་མཆོག་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་པས་ཐུན་མོང་གི་བསྙེན་སྒྲུབ་བཞི་དང༌། མཆོག་གི་བསྙེན་སྒྲུབ་བཞིའི་བྱེ་བྲག་རིམ་པར་དབྱེ་བ་སྟོན་ཏེ། དེ་ལྟར་བསྙེན་སྒྲུབ་རྣམ་པ་བཞིའོ་ཞེས་སྤྱིར་བསྟན་པ་དེ་ཡང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་གཉིས་མི་གཅིག་པའི་བྱེ་བྲག་སོ་སོ་ནས་ཡོད་པའི་དབང་གིས་བསྙེན་པའི་རྣམ་པ་བཞིར་འགྱུར་བ་ཞེས་སྨོས་ཀྱང་བསྙེན་པས་མཚོན་ན་བསྙེན་སྒྲུབ་ཡན་ལག་རྣམ་པ་བཞིར་འགྱུར་བ་དེ་ཡང་འདི་ལྟར་ཤེས་པར་བྱ་སྟེ། རྡོ་རྗེ་རྣམ་པ་བཞི་ནི་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་རྒྱུ་རྐྱེན་དུ་གྱུར་བ་ཡིན་ལ། མཆོག་གི་དངོས་གྲུབ་སྒྲུབ་པའི་བསྙེན་པ་ནི་ཡེ་ཤེས་བདུད་རྩི་ཞེས་བྱ་སྟེ་ཡན་ལག་ཏུ་སྦྱོར་བ་ལ་བྱའོ། །དེ་ལ་རྡོ་རྗེ་རྣམ་པ་བཞི་ཐུན་མོང་དུ་བསྟན་པ་དེའི་རང་གི་ངོ་བོ་གང་ཞེ་ན། དང་པོ་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །ཞེས་གསུངས་པ་སྟེ། འདི་ཡང་སློབ་དཔོན་སོ་སོའི་བཞེད་པ་མི་མཐུན་པར་སྨྲ་ན་ཡང་མཐོང་ཚད་ཀྱི་ལུང་གི་ཁུངས་
མི་མཐུན་པའི་དབང་གིས་དེ་ལྟར་རིག་པར་བྱའོ། །འདིར་བཤད་པའི་ཐབས་ནི་རྣམ་པ་གཉིས་ཏེ། དཀྱིལ་འཁོར་ཆེན་པོའི་དབུ་ཞབས་ཚང་བ་ལ་དགོངས་ནས་སྤྱིར་སྦྱར་བ་དང༌། དཀྱིལ་འཁོར་གྱི་མཆོག་གི་རྒྱལ་པོ་ལ་དགོངས་ནས་འཁོར་རྣམས་བསྐྱེད་པའི་དབང་དུ་སྦྱར་བ་གཉིས་སོ། །དེ་ལ་སྤྱིར་སྦྱར་ཏེ་བཤད་ན། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཕྱི་ནང་གི་དངོས་པོར་སྣང་བའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་དག་པར་བསྒོམས་པའི་ངང་ལས་ཏིང་ངེ་འཛིན་གོམས་ཤིང་རྟོགས་པའི་ཁྱད་པར་ཇེ་རགས་ཇེ་རགས་སུ་འགྱུར་ཏེ། བྱང་ཆུབ་སེམས་རྣམས་པར་དག་པའི་ས་བོན་ཟླ་བ་ལྟ་བུར་གྱུར་པ་ནི་དང་པོ་སྟོང་པ་བྱང་ཆུབ་སེམས་ཞེས་བྱ་སྟེ། སྟོང་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རང་བཞིན་དོན་དམ་པ་མཚོན་པ་ཡིན་པས། ཟླ་བས་ནི་སྙིང་རྗེའི་རང་བཞིན་དུ་ཀུན་རྫོབ་མཚོན་པ་ཡིན་ཏེ་དེ་ནི་བསྙེན་པ་དང་སྦྱར་རོ། །གཉིས་པས་ས་བོན་འབྱུང་བ་ཞེས་བྱ་བ་ནི་ཟླ་བ་དེའི་སྟེང་དུ་གསུང་ཡིག་འབྲུ་ཧཱུཾ་ལ་སོགས་པ་སྒོམ་པ་ལ་བྱ་སྟེ། དེ་ནི་ཉེ་བའི་བསྙེན་སྒྲུབ་དང་པོར་སྦྱར་རོ། །ཡི་གེ་དེའི་འཕྲོ་འདུ་ལས་ཟླ་བ་དང་རྡོ་རྗེ་དབྱེར་མེད་པ་ལས་རྡོ་རྗེ་དང་ལྷའི་ང་རྒྱལ་དང་ལྡན་པར་བྱས་པ་ལ་རྡོ་རྗེ་འཛིན་ཆེན་པོར་གྱུར་པ་ནི། གསུམ་པ་ལ་ཡང་གཟུགས་རྫོགས་ཏེ། །ཞེས་བྱ་སྟེ་སྒྲུབ་པ་དང་སྦྱར་རོ། །དེ་ནས་ཐུགས་ཀར་ཡེ་ཤེས་སེམས་དཔའ་དང༌། ཕུང་པོ་དང༌། འབྱུང་བ་དང༌། ཕྱི་ནང་གི་སྐྱེ་མཆེད་དང༌། ཁྲོ་བོ་བཞི་དང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ་པ་དང༌། རིག་མ་དང་སྦྱར་བ་དང༌། རྡོ་རྗེ་པདྨ་བྱིན་གྱིས་བརླབ་པ་དང༌། རྗེས་སུ་གཏོང་བ་དང༌། མཆོད་པ་དང༌། བྱང་ཆུབ་སེམས་ལས་དཀྱིལ་འཁོར་བསྐྱེད་ཅིང་དེ་ཉིད་ཀྱི་སྔགས་བརྗོད་པས་ཕྱི་རོལ་དུ་བཏོན་ཅིང་ཕྱོགས་བཅུར་སྤྲོས་ཧེ་འགྲོ་བའི་དོན་བྱས་ནས་སླར་བྱོན་པ་རང་རང་གི་བཞུགས་གནས་སུ་དགོད་ཅིང་ཕྱག་རྒྱ་བཞི་དང་ལྡན་པར་བྱ་བ་ནི། བཞི་པ་ལ་ནི་ཡི་གེ་དགོད། །ཅེས་བྱ་སྟེ་སྒྲུབ་པ་ཆེན་པོ་དང་སྦྱར་རོ། །དཀྱིལ་འཁོར་མཆོག་གི་རྒྱལ་པོ་ལ་དགོངས་ནས་འཁོར་རྣམས་བསྐྱེད་པ་དང་སྦྱར་བ་ནི་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་རོལ་པ་མཛད་པའི་བདེ་བའི་སྒྲ་དང༌། ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་འཕྲོས་
པའི་ཀྱོ་བས་ཕྱོགས་བཅུའི་དཀྱིལ་འཁོར་བཀུག་ནས་བདག་ལ་ཐིམ་པ་ལྷག་པ་བྱང་ཆུབ་སེམས་སུ་ཞུ་བ་ཡུམ་གྱི་མཁའ་ལ་བབས་པ་ལས་ཡུམ་གྱི་གསང་གནས་སུ་ཕྱིའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྐྱེད་ནས། སོ་སོའི་བཞུགས་གནས་སུ་ཉི་ཟླ་དང་པདྨའི་གདན་བསམས་པ་ལ་ནི། དང་པོ་སྟོང་པའི་བྱ་བ་ཆུབ་སེམས། །ཞེས་བྱ་བ་ནི་དེ་ནས་སོ་སོའི་གདན་ཐོག་ཏུ་ལྷ་རང་རང་གི་ས་བོན་ན་ཡི་གེ་འབྲུ་རེ་རེ་རྣམས་ཆུ་བུར་རྡོལ་བ་བཞིན་དུ་འཐོན་ཅིང༌། ཏིང་ངེ་འཛིན་གྱིས་བསམ་ཞིང་ངག་གིས་ཀྱང་བརྗོད་ཅིང་གསལ་བར་བརྟགས་པ་ལ་ནི། གཉིས་པ་ས་བོན་འབྱུང་བ་དང༌། །ཞེས་བྱའོ། །ས་བོན་དེ་རྣམས་ལས་སོ་སོའི་ཕྱག་མཚན་དུ་གྱུར། ཕྱག་མཚན་དེ་རྣམས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་འགྲོ་བ་རྣམས་ཀྱི་དོན་བྱས། སངས་རྒྱས་ཐམས་ཅད་བཀུག་ནས་ཐིམ་སྟེ་དབྱེར་མེད་པར་བྱས་ཏེ་སོ་སོའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་པ་ལ་ནི། གསུམ་པ་ལ་ནི་གཟུགས་རྫོགས་ཏེ། །ཞེས་བྱའོ། །དེ་ནས་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ཏེ། ཧཱུཾ་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་ལྷ་རང་རང་གི་སྔགས་བརྗོད་པས་ཕྱི་རོལ་དུ་བཏོན་ཅིང་ཕྱོགས་བཅུར་འགྲོ་བའི་དོན་ལ་སྤྲོས་ནས་སླར་བྱོན་པ་སོ་སོའི་བཞུགས་གནས་སུ་བཞག་པ་ནི། བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་བྱའོ། །དེ་ལ་ཁ་ཅིག་ན་རེ། རྡོ་རྗེ་ཆོ་ག་བཞི་པོ་འདི་སྔ་མ་བཞིན་དུ་དཀྱིལ་འཁོར་སྤྱི་ལ་སྦྱར་བ་ཡིན་གྱི་འཁོར་ལ་སྦྱར་བ་མི་རིགས་སོ་ཞེས་ཟེར་ན། སྨྲས་པ། བདེན་མོད་ཀྱི་འོན་ཀྱང་སྔ་མ་བཞིན་དུ་སྦྱར་བས་མགོ་མཇུག་གི་དོན་བསྡུས་པའི་དཀྱིལ་འཁོར་ལ་སྤྱི་བྱང་ཏུ་ཟིན་ཀྱང་དཀྱིལ་འཁོར་གྱི་རྒྱལ་པོ་ལ་སོགས་སུ་བསལ་བར་མ་ཁྱབ་པས་བྱེ་བྲག་མི་ཕྱེད་པར་དོགས་པ་བསལ་བའི་ཕྱིར་གཉིས་ཀ་སྦྱར་བ་འགལ་བ་མེད་དོ། །ཁ་ཅིག་ན་རེ་རྡོ་རྗེའི་ཆོ་ག་བཞི་པོ་འདི་དཀྱིལ་འཁོར་མཆོག་གི་རྒྱལ་པོའི་སྐབས་སུ་བྱ་བར་རིགས་ཀྱི། སྤྱིར་སྦྱར་བར་མི་རིགས་སོ་ཞེ་ན། སྨྲས་པ། འདིར་རྡོ་རྗེ་རྣམ་པ་བཞི་ཐུན་མོང་སྟེ་ཞེས་གསུངས་པས། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཚེ་ནི་རྡོ་རྗེའི་ཆོ་ག་བཞི་འབའ་ཞིག་བསྒོམས་པས་སྒྲུབ་ལ། མཆོག་གི་དངོས་གྲུབ་སྒྲུབ་པའི་ཚེ་ནི་ཡང་རྡོ་རྗེ་ཆོ་ག་བཞི་དང་པོར་བསྒོམས་ནས་ཡན་ལག་དྲུག་གི་སྦྱོར་བ་ལ་སོགས་པས་ཀྱང་ཁ་བསྐང་ལ་བྱེ་བྲག་ཏུ་བྱ་དགོས་
པས་ན་ཐུན་མོང་དང་མཆོག་གི་དངོས་གྲུབ་གཉི་ག་སྒྲུབ་པ་ལ་ཡང་རྡོ་རྗེའི་ཆོ་ག་བཞི་དགོས་ཤིང་སྤྱི་ལ་ཐུན་མོང་དུ་གྱུར་པ་བསྟན་པ་ཡིན་ལ་དེ་ལྟར་ཡིན་དུ་ཟིན་ན་དཀྱིལ་འཁོར་མཆོག་གི་རྒྱལ་པོ་འབའ་ཞིག་གི་སྐབས་སུ་སྦྱར་བས། དཀྱིལ་འཁོར་ཆེན་པོ་ལ་མ་ཁྱབ་ལ་དེ་ལྟར་ནི་དེས་ནི་ཐུན་མོང་གི་དངོས་གྲུབ་ཀྱང་སྒྲུབ་ཏུ་མི་བཏུབ་ན། མཆོག་གི་དངོས་གྲུབ་སྒྲུབ་པ་ལ་གྲོགས་བྱེད་ནུས་པར་ལྟ་ག་ལ་འགྱུར་བས་ན་མགོ་མཇུག་གི་དོན་བསྡུས་པའི་དཀྱིལ་འཁོར་ཆེན་པོར་སྦྱར་བ་ནི་རིགས་པ་ཡིན་ལ། དཀྱིལ་འཁོར་མཆོག་གི་རྒྱལ་པོ་ཞེས་གཅིག་པུ་ལ་སྦྱར་བས་ནི་མི་འཚམ་སྟེ། དེ་གཉི་ག་ལས་སྦྱར་བས་གང་དུ་འང་འགལ་བ་མེད་དོ། །ལ་ལ་ན་རེ། སྤྱིར་སྦྱར་བ་ལ་བསྙེགས་ཏེ་བཤད་པའི་དང་པོ་སྟོང་པ་བྱང་ཆུབ་སེམས་གཉིས་པ་ས་བོན་འབྱུང་བ་དང༌། གསུམ་པ་གཟུགས་རྫོགས་པའི་ཡི་གེའོ། །བཞི་པ་ལ་ཡི་གེ་དགོད་པ་ནི་ལྷག་མ་ཐམས་ཅད་དེ། བསྟེན་པའི་དམ་ཚིག་སྦྱོར་བ་བསྟན་པས་སྦྱོར་བ་མ་ལུས་པ་བསྡུས་ཏེ། ཉེ་བར་སྒྲུབ་པའི་དངོས་གྲུབ་ཆེན་པོ་ལ་སོགས་པ་མེད་པར་འགྱུར་རོ་ཞེས་ཟེར་རོ། །ལན་དུ་བསྙེན་པའི་ཤེས་རབ་དང་སྙིང་རྗེའི་བདག་ཉིད་བྱང་ཆུབ་སེམས་རྣམ་པ་གཉིས་ལས་ཡབ་ཡུམ་སྐུ་ཕྱག་རྒྱ་ཆེན་པོ་གསལ་བར་བསྐྱེད་པར་ཟད་ཀྱི། དེ་ལྟར་བསྐྱེད་པ་དེའི་སྐྱེ་མཆེད་ཉེ་བར་སྒྲུབ་པར་བྱིན་གྱིས་རློབ་པ་ཡིན་པས་གཞན་སྒྲིབ་ཅིང་མེད་པར་འགྱུར་བ་ཡིན་ནོ། །རྡོ་རྗེ་རྣམ་བཞི་འདི་དག་ནི། །བསྙེན་པའི་བདག་ཉིད་སྒྲུབ་པའོ། །ཞེས་བྱ་བ་ནི་དེ་ལྟར་བསྟན་པའི་རྡོ་རྗེ་རྣམས་བཞི་པོ་འདི་དག་ནི་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཚེ་བསྙེན་པའི་བདག་ཉིད་དང་སྒྲུབ་པ་གཉི་ག་ཉིད་ཡིན་ནོ་བར་བཤད་ན་ཡང༌། འདིའི་སྐབས་སུ་བསྙེན་སྒྲུབ་ཡན་ལག་བཞི་ཀའི་དོན་ཚང་བར་གོང་དུ་བསྟན་ཟིན་ཏོ། །ད་ནི་མཆོག་གི་དངོས་གྲུབ་ཀྱི་ཡན་ལག་བཞི་བསྟན་པའི་ཕྱིར་ན། མཆོག་གི་ཡེ་ཤེས་བདུད་རྩི་ཡིས། །ཡན་ལག་དྲུག་ཏུ་སྦྱོར་བར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་གོམས་པ་མངོན་དུ་གྱུར་པའི་འབྲས་བུ་རྡོ་རྗེ་ཐེག་པ་མྱ་ངན་ལས་འདས་པའི་ངོ་བོ་བྱང་ཆུབ་སེམས་རྡོ་རྗེའི་རང་བཞིན་ཆོས་ཀྱི་སྐུ་དང་དབྱེར་མེད་པ་ནི་མཆོག་གི་ཡེ་ཤེས་བདུད་རྩི་ཞེས་
བྱ་བ་ལ་དེའི་བསྙེན་པ་ནི་དངོས་སུ་ཡན་ལག་དྲུག་ཏུ་སྦྱོར་བར་བྱ་བ་ཡིན་ཏེ། དེའི་ཕྱིར་ན། བསྙེན་པའི་ཡན་ལག་དྲུག་ཚུལ་དུ། །བྱས་པས་སྒྲུབ་པ་མཆོག་ཏུ་འགྱུར། །གཞན་དུ་སྒྲུབ་པར་འགྱུར་ན་ནི། །དངོས་གྲུབ་མཆོག་ནི་འབྱུང་མི་འགྱུར། །ཞེས་གསུངས་ཏེ། བསྙེན་པའི་ཡན་ལག་དྲུག་པ་དང་ལྡན་པའི་ཚུལ་དུ་བྱས་པས་སྒྲུབ་པ་མཆོག་ཏུ་གྱུར་པ་ཡིན་གྱི། ཡན་ལག་དྲུག་སྤངས་ནས་དེ་ལས་གཞན་དུས་གྲུབ་པར་འགྱུར་ན་ནི་དངོས་གྲུབ་མཆོག་ཏུའམ། མཆོག་འགྲུབ་ན་ནི་དངོས་གྲུབ་མཆོག་ཏུའམ། མཆོག་འགྲུབ་པར་མི་འགྱུར་རོ། །དེ་བས་ན་ཡན་ལག་དྲུག་དང་ལྡན་པར་བྱ་དགོས་པ་ཞེས་པའི་དོན་ཏོ། །དེ་ལྟར་བསྟན་པ་དེ་ཡང་གང་ཞེ་ན། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་པ་དང་ཏིང་ངེ་འཛིན་ཏེ། སྤྱོ་བ་ཡན་ལག་དྲུག་ཏུ་བཤད། །ཅེས་གསུངས་ཏེ། དེ་ལ་སོ་སོར་སྤང་བ་ནི་དབང་པོའི་ཡུལ་ལ་འཇུག་པའི་ཆོས་ཉིད་ཀྱིས་གཅིག་གི་རྒྱུན་དུ་གཅིག་གྱུར་པས་མི་འཆིང་ཞིང་གྲོལ་བའི་རྒྱུར་གྱུར་པ་སྟེ། དེའི་ཕྱིར་ན། དབང་པོ་བཅུ་པོ་རྣམས་ཀྱི་ཡང༌། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པ་ཞེས་བཤད་དོ། །འདོད་པ་ལྔ་ནི་བསྡུས་ནས་སུ། །སངས་རྒྱས་ལྔར་ནི་རབ་ཏུ་སྦྱར། །ཞེས་གསུངས་ཏེ། རང་གི་ལུས་ལྷའི་ངོ་བོ་ཡོངས་སུ་རྫོགས་པ་དང་ལྡན་པའི་རྣལ་འབྱོར་བ་ཡབ་ཡུམ་ཐབས་དང་ཤེས་རབ་ཟུང་འབྲེལ་དུ་བཞུགས་སམ་སོ་སོ་ན་བཞུགས་ཀྱང་རུང་སྟེ། མིག་ལ་སོགས་པའི་དབང་པོ་ལྔ་པོ་རྣམས་ཀྱི་གཟུགས་ལ་སོགས་པ་ཕྱིའི་ཡུལ་གང་དང་གང་དུ་མཐོང་བར་གྱུར་ན་ཡང་དུས་དང་རྣམ་ང་ཐམས་ཅད་དུ་ཡུལ་དེ་དག་ཐམས་ཅད་ལྷ་མོའི་རང་བཞིན་དུ་གནས་པ་ལས་གཞན་མ་ཡིན་པར་ཤེས་པར་བྱ་སྟེ། དབང་པོ་ལྔའི་རང་བཞིན་ཡུལ་ལྷ་མོ་ལྔ་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་རང་གི་ཆོས་ཉིད་ཀྱིས་སྤྱོད་ལ། འདོད་པ་ལྔའི་ཡོན་ཏན་དངོས་སུ་སྤྱད་པས་འཁོར་བ་དང་ངན་སོང་དུ་འཆིང་བ་སྟེ། སོ་སོར་སྤོང་བ་ཞེས་གསུངས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྣམ་པར་གྲོལ་བའི་རང་བཞིན་དུ་བསྒྲུབ་པས་འདོད་པའི་ཡོན་ཏན་ལྔ་དབང་པོ་ལྔས་མཚན་མར་བཟུང་ནས་དངོས་སུ་སྤྱོད་པ་དེས་སོ་སོར་སྤོང་བའོ། །དེའི་ཕྱིར་ན། འདོད་པ་ལྔ་ནི་བསྡུས་ནས་སུ། །སངས་རྒྱས་ལྔར་ནི་རབ་ཏུ་སྦྱོར། །ཞེས་
བྱ་སྟེ། འདོད་པ་ལྔ་དབང་པོ་སོ་སོའི་ཡུལ་དུ་འབབ་པ་གང་ཡིན་པ་ཕན་ཚུན་དུ་བསྡུས་པ་ནི་ཡུམ་ལྔར་ཤེས་པར་བྱ་ལ། དབང་པོ་ལྔ་ནི་སངས་རྒྱས་ལྔའི་རང་བཞིན་དུ་ཤེས་པར་བྱས་ལ། དེ་དག་གཅིག་མི་འགོག་པར་སྤྱོད་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚུལ་དུ་སྤྱོད་པར་རིག་པར་བྱ་བ་ནི་རབ་ཏུ་སྦྱོར་བ་ཞེས་བྱ་སྟེ། རྒྱ་གར་གྱི་ཡི་གེ་ལ་ལར་སོ་སོར་སྤྱོད་པ་ཞེས་བྱ་བར་ཡང་སྣང་ན་སྤོང་བ་དང་དོན་མཐུན་ཏེ། མཚན་མར་བཟུང་ནས་དངོས་སུ་སྤྱོད་པས་སོ་སོར་སྤོང་སྟེ། ལྷ་ཡབ་ཡུམ་གཉིས་སུ་མེད་པར་རོལ་པའི་ཚུལ་དུ་སོ་སོར་སྤྱོད་ཅེས་བྱ་བའི་དོན་ཏོ། །བསམ་གཏན་ཞེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན། བརྟག་པ་བསམ་གཏན་ཞེས་བཤད་དེ། བསམ་གཏན་དེ་ནི་རྣམ་ལྔར་འགྱུར། །རྟོག་དང་སྤྱོད་དང་དགའ་བ་དང༌། །དེ་བཞིན་བདེ་བ་ཉིད་དང་ཡང༌། །སེམས་ཀྱི་རྩེ་གཅིག་ཉིད་དག་སྟེ། །ལྔ་པོ་དེར་ནི་བསམ་གཏན་བསྡུ། །ཞེས་གསུངས་པས། བསམ་གཏན་ལ་ཡང་དབྱེ་ན་ཡན་ལག་ལྔར་ཤེས་པར་བྱ་ལ། ལྔའི་དང་པོ་རྣམ་པར་རྟོག་པ་གང་ཞེ་ན། །གསང་བ་གསུམ་འབྱུང་རྟོག་པ་སྟེ། །ཞེས་བྱ་སྟེ། སྐུ་གསུངས་ཐུགས་ཀྱི་གསང་བ་རྣམ་པར་བསྒོམས་པས་ཕྱག་རྒྱ་ཆེན་པོའི་གསང་བ་གསུམ་འབྱུང་བར་རྟོག་པ་སྟེ། གསུང་ཡིག་འབྲུ་དང༌། ཐུགས་ཕྱག་མཚན་དང༌། སྐུ་ཕྱག་རྒྱ་གསུམ་འབྱུང་བར་རྟོག་པ་སྟེ། དེའི་རིམ་པ་ཡང་དང་པོར་ཡིག་འབྲུ། །དེ་ལས་ཐུགས་ཕྱག་མཚན། དེ་ལས་སྐུ་ཕྱག་རྒྱ་ཆེན་པོ་འབྱུང་བར་རྟོག་པ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་འབྱུང་བར་རྟོག་པའོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་གསལ་བ་དང་ཡུམ་ཡང་མྱུ་གུ་དང་གྲིབ་མའི་ཚུལ་དུ་བྱུང་སྟེ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་དུས་ན་ཡབ་ནི་སྐུ། ཡུམ་ནི་གསུང༌། བྱང་ཆུབ་སེམས་ནི་ཐུགས་ཏེ། དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་འབྱུང་བར་རྟོག་པའོ། །གཉིས་པ་སྤྱོད་པ་ནི། དེའི་ལོང་སྤྱོད་དཔྱད་པའོ།། ཞེས་གསུངས་ཏེ། སྐུ་གསུང་ཐུགས་སུ་བརྟགས་ཤིང་དེའི་རང་བཞིན་དུ་དབྱེར་མེད་པར་སྦྱོར་བ་དང༌། དེའི་དོན་དུ་གསང་པའི་རྡོ་རྗེ་དང༌། པདྨོ་ཡང་སྦྱར་ཞིང་གཅིག་ལ་གཅིག་ཉེ་བར་ལོངས་སྤྱོད་པར་བྱེད་པ་ནི་དཔྱད་པའོ། །དགའ་བ་ནི། དགའ་དང་འདྲ་བ་གསུམ་པ་སྟེ། ཞེས་བྱ་བ་
སྟེ། ཡབ་ཡུམ་གཅིག་ལ་གཅིག་ཆགས་ཤིང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོལ་པ་རྩོམ་པ་ནི་དགའ་བའོ། །བདེ་བ་ནི། བདེ་བ་བསྡུས་པ་བཞི་བའོ། །ཞེས་བྱའོ། །དེ་ལྟར་དགའ་བའི་བསྒུལ་བསྐྱོད་ཀྱིས་ལུས་ཀྱི་གནས་ཐམས་ཅད་ནས་བདེ་བ་ཆེན་པོ་ལྷག་པ་བྱང་ཆུབ་སེམས་བསྡུས་ནས་གསང་བའི་མཁའ་ལ་བབ་པ་དེའི་དུས་སུ་ཐེག་བ་འོག་མའི་ཆེ་བའི་ཡོན་ཏན་དུ་བརྗོད་པས་ཐམས་ཅད་ཀྱང་རང་བཞིན་གྱིས་འདུས་པར་འགྱུར་བའོ། །སེམས་རྩེ་གཅིག་པ་ནི། ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །ཞེས་བྱ་སྟེ། དེ་ལྟ་བུའི་ངང་དུ་སེམས་རྩེ་གཅིག་པར་གནས་པ་ནི་རང་གི་སེམས་ཇི་བཞིན་པའི་ངང་དུ་དོན་ཞེས་པས་ཤེས་བྱའི་ཡུལ་འབྱུང་བ་ལྔ་ལ་སོགས་པ་མང་ཞིང་ཐ་དད་པར་སྣང་བའི་བག་ཆགས་ཐམས་ཅད་ཟད་ཅིང་བྱང་ནས་སྣང་བ་མེད་ཅིང་མཐོང་བ་མེད་བའི་དོན་མངོན་དུ་གྱུར་ཏེ། དེའི་ངང་དུ་ཡེ་ཤེས་ལྔ་འདུས་པས་དེ་ལྟར་བདེ་བ་ཆེན་པོ་བྱང་ཆུབ་སེམས་དང་རང་གི་སེམས་ཉིད་དབྱེར་མེད་པར་ཡེ་ཤེས་ལྔའི་ངོ་བོར་གནས་པ་ནི་ཡབ་སངས་རྒྱས་ལྔའི་བཞིན་ཡིན་ལ། ཡུམ་ཤེས་བྱ་འབྱུང་བ་ལྔའི་བག་ཆགས་ཟད་པ་ནི་ཡུམ་ལྔའི་རང་བཞིན་དུ་སྣང་སྟེ། དེ་ལྟ་བུ་དེ་ལ་ནི། སངས་རྒྱས་ཀུན་གྱི་དངོས་པོ་གཞི། །ཞེས་བྱ་བ་ལ། དེ་ལ་ནི། །འདོད་པ་ཐམས་ཅད་རབ་ཏུ་གནས། །ཞེས་བྱ་སྟེ། འཇིག་རྟེན་པའི་འདོད་པའི་ཡོན་ཏན་ལྔ་དང༌། འཇིག་རྟེན་ལས་འདས་པའི་ཆེ་བའི་ཡོན་ཏན་ཐམས་ཅད་གནས་ཀྱང་དེ་ལ་གནས་འབྱུང་ཡང་དེ་ལས་འབྱུང་སྟེ། རྟོགས་སམ་མ་རྟོགས་ཀྱི་ཁྱད་པར་གྱིས་གྲོལ་བ་དང་འཆིང་བའི་རྣམ་པར་སྣང་བ་ཡིན་ནོ། །ལ་ལ་ན་རེ། གསང་གསུམ་བྱུང་བ་རྟོག་པའོ། །ཞེས་བྱ་བ་ལ་སོགས་པ་འདི་དག་གི་དོན་ནི་སྒོ་གསུམ་ཡིག་འབྲུ་དང༌། ཐུགས་མཚན་དང་ཕྱག་རྒྱ་ཆེན་པོའི་རིམ་པས་སམ་ཅིག་ཅར་དུ་ལྷ་གང་ལ་དད་པའི་སྐུ་གསུངས་ཐུགས་བསྒོམ་པ་ནི་རྟོག་པ་དེ་དང་བདག་ཏུ་དབྱེར་མེད་པར་སྦྱོར་བ་ནི་དཔྱོད་པ། ཏིང་ངེ་འཛིན་དེའི་རོ་མྱོང་བ་ནི་དགའ་བ། དེའི་ངང་ལས་གཞན་དུ་མི་འགྱུར་བར་གནས་པ་ནི་བདེ་བ། དོན་དེ་ལ་རྩེ་གཅིག་པ་ནི་རང་གི་སེམས་ཤེས་པ། དེའི་དུས་ན་སེམས་ཞེས་བྱ་བའི་ཡུལ་གཞན་
ལ་འཇུག་པ་ན། རྟོག་པ་ཕྲ་རགས་འབྱུང་བ་ཟད་ཅིང་འགགས་ནས་མཐོང་བ་མེད་ཅིང་སྣང་བ་མེད་པའི་དོན་མངོན་དུ་གྱུར་པ་ནི་ཡེ་ཤེས་ཞེས་བྱ་དེ་ནི་སངས་རྒྱས་ཀུན་གྱི་དངོས་གཞིའམ་ངོ་བོ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆེ་བའི་ཡོན་ཏན་མ་ལུས་པ་ཐམས་ཅད་ཀྱང་དེ་ལ་གནས་ཤིང་དེ་ལ་བྱུང་བས་འདོད་པ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པའང་ཡིན་ནོ་ཞེས་ཟེར་ན། འགལ་བ་ནི་མེད་ན་ཡང་སྦྱོར་བ་ཆེན་པོའི་ལུས་ལས་གཡེང་བར་བསྙད་དོ། །སྦྱོར་བའི་ཡན་ལག་དྲུག་པའི་གསུམ་པ་དབུགས་དགག་པ་དང་གཏོར་བ་ནི་དབུགས་དགག་པ་ནི་མི་སྤྲོ་བའོ།། གཏོང་བ་ནི་སྤྲོ་བའོ། །དེའི་ཕྱིར་ན། དབུགས་ནི་ཡེ་ཤེས་ལྔ་ཡི་དངོས། །འབྱུང་བ་ལྔ་ཡི་རང་བཞིན་ཅན། །གོང་བུའི་ཚུལ་གྱིས་བྱུང་ནས་སུ། །སྣ་ཡི་རྩེ་མོར་བརྟག་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུགས་ནི་རླུང་ཡིན་ལ། དེ་ཉིད་འབྱུང་བ་རྣམས་པ་ལྔ་དང་ལྡན་པས་དེ་ནི་ཡེ་ཤེས་ལྔའི་ངོ་བོ་ཡིན་ཏེ། ཁ་ཅིག་ན་རེ་ས་མེ་ལོང་ལྟ་བུའི་ཡེ་ཤེས་རྡོ་རྗེའི་རིགས། ཆུ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་པདྨའི་རིགས། མེ་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་པོ་ཆེའི་རིགས། རླུང་བྱ་བ་སྒྲུབ་པའི་ཡེ་ཤེས་ལས་ཀྱི་རིགས། ནམ་མཁའ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་བཞིན་གཤེགས་པའི་རིགས་ཞེས་ཟེར་ན། སྤྱིར་དེ་ལྟར་བཤད་པའི་ལུང་ཡོད་དུ་ཟིན་ཀྱང་འདིའི་སྐབས་སུ་ནི་དེ་ལྟར་མི་སྦྱོར་རོ། །འོ་ན་ཇི་ལྟར་ཞེ་ན། དབུགས་རླུང་གི་རང་བཞིན་འབྱུང་བ་ལྔ་ཚང་བ་དང་ལྡན་པས་སྣོད་བཅུད་མ་ལུས་པ་ཐམས་ཅད་བསྡུས་ལ། དེ་རྣམ་པར་དག་པ་ཉིད་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། ཡེ་ཤེས་ནི་འབྱུང་བ་ལྔ་དང་ལྡན་ལ་འབྱུང་བ་ཡེ་ཤེས་དང་ལྡན་པས། དོན་དབྱིངས་དང་ཡེ་ཤེས་རྟགས་ཐབས་དང་ཤེས་རབ་ཏུ་སྣང་ལ། དེ་ཡང་གཉིས་སུ་མེད་པའི་ཚུལ་དུ་གནས་སོ། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །ཞེས་པ་ནི་དབུགས་དེ་ཉིད་ཁ་དོག་ལྔ་དང་ལྡན་པའི་ཕྱག་རྒྱ་མཚན་ཡུངས་འབྲུ་ཙམ་མམ། ཡིག་འབྲུ་ལྔའམ་ཡང་ན་གང་ཡང་རུང་བ་ཅིག་ཏུ་དམིགས་པ་ལ་བྱའོ། །བྱུང་ནས་སུ་བྱ་བ་ནི་རང་གི་སྙིང་གནས་ཕྱིར་བྱུང་བ་སྣའི་རྩེ་མོར་བརྟག་པར་བྱ་ཞེས་བྱ་སྟེ། ཕྱི་ནང་གཉིས་ཀྱི་སྣའི་རྩེ་མོ་ལས་
ཀྱང་པདྨ་སྣའི་རྩེ་མོ་ལ་བསམ་མོ། །ཁ་དོག་ལྔའི་རིན་པོ་ཆེ་ཞེས་བྱ་བ་དབུགས་ཡིག་འབྲུའམ་ཐུགས་མཚན་དུ་བསམ་པ་དེ་ལ་བྱའོ། །དབུགས་དགག་གཏོར་བཞེས་སུ་བཤད། །ཅེས་བྱ་བ་ནི་དགག་པར་འདོད་ན་ནི་དེ་ཉིད་དུ་བསམས་ཏེ་གཞན་དུ་མི་སྤྲོ་ལ། སྤྲོ་བ་ནི་གཞན་དུ་གཏོང་བ་ཞེས་བཤད་དོ། །དེ་ནི་སྤྱིར་བསྟན་ནས་སྦྱོར་བའི་ཡན་ལག་དྲུག་བསྟན་པའི་གསུམ་པ་དབུགས་དགག་པ་ནི། རང་སྔགས་སྙིང་ལ་བསྒོམས་ནས་སུ། །འགོག་པ་ཡིན་ནི་གནས་སུ་དགོད། །ཅེས་བྱ་སྟེ། དབུགས་ནི་རིགས་སོ་སོའི་ལྷ་གང་བསྒོམ་པ་དེའི་ཐུགས་མཚན་དམ་ཚིག་གི་ཕྱག་རྒྱ་རང་གི་སྙིང་གལ་བསྒོམས་ནས་དབུགས་དགག་པའི་གནས་ཡབ་ཡུམ་གང་ཡིན་པའི་ཕྱིར་ནང་གི་སྣའི་རྩེ་མོ་ལ་ཡིག་འབྲུའམ་ཐུགས་མཚན་དུ་བསམ་པ་ནི་དགོད་པའོ། །སྦྱོར་བ་ཡན་ལག་དྲུག་གི་བཞི་པ། གཟུང་བ་ནི་མཚན་མ་མ་བྱུང་གི་བར་དུའམ་སེམས་རྟས་ཤིང་ཏིང་ངེ་འཛིན་ལ་དབང་མ་ཐོབ་པར་དུ་གོང་མ་ལྟར་བསྒོམ་པའི་ངང་ལ་གནས་པར་བྱ་སྟེ། རང་གི་དབང་པོ་བཀག་ནས་ནི། །རིན་ཆེན་གཟུང་བར་རབ་ཏུ་བཤད། །ཅེས་བྱ་བ་ནི་དབུགས་དགག་པ་ཇི་ལྟ་བ་བཞིན་དུ་རང་གི་དབང་པོ་རྣམས་རྣམ་པར་ཤེས་པ་དང་བཅས་པར་བཀག་ནས་སོ་སོའི་ཡུལ་ལ་མི་འཕྲོ་བར་བྱ་སྟེ། རིན་པོ་ཆེ་ལྟ་བུའི་ཡིག་འབྲུ་ངང་ཐུགས་མཚན་ཁ་དོག་ལྔ་དང་ལྡན་པ་དེའི་རང་བཞིན་དུ་སེམས་བསྡུས་ཏེ་བསམ་པ་ལ་ནི་གཟུང་བར་རབ་ཏུ་བཤད་ཅེས་བྱའོ། །དེ་ལྟར་དབུགས་གཟུང་པའི་ཡོན་ཏན་ནི། །རྡོ་རྗེ་འགོག་པར་བསམས་པ་ཡིས། མཚན་མར་འཛིན་པར་འབྱུང་བར་འགྱུར། །ཞེས་བྱ་སྟེ། དེ་ལྟར་དབུགས་ཀྱི་རང་བཞིན་ཡིག་འབྲུ་དང་ཐུགས་མཚན་དུ་བརྟགས་པ་ལ་དབང་པོ་དང་རྣམ་པར་ཤེས་པ་གཏང་ནས་གཉིས་སུ་མེད་པར་བསྒོམས་ལ། སེམས་གཞན་དུ་མི་རྒྱུ་བར་རྡོ་རྗེ་འགོག་པ་བསམ་པ་དེ་ཡིས་ནི་ཡིག་འབྲུ་དང༌། ཕྱག་མཚན་གང་བསྒོམས་པའི་མཚན་མ་དེ་ཡིད་ལ་གསལ་ཞིང་བརྟན་པར་འཛིན་པར་ནུས་པའི་རྟགས་འབྱུང་བར་འགྱུར་རོ། །གཏོར་བ་ནི། བྱང་ཆུབ་རྡོ་རྗེ་བསྒོམས་པ་ཡིས། །མཚན་མ་རྣམ་པ་ལྔ་རུ་འགྱུར། །ཞེས་བྱ་བ་ནི་སྦྱོར་བའི་ཡན་ལག་དྲག་དང་ལྡན་པ་ནི་རྡོ་རྗེ་
ཐེག་པའི་བྱང་ཆུབ་ཡེ་ཤེས་རྡོ་རྗེ་ལྟ་བུས་རྟོགས་པའི་བྱང་ཆུབ་སེམས་རྡོ་རྗེའི་རང་བཞིན་ཡང་ཡིན་ལ་དེ་འགྲུབ་པའི་རྒྱུ་ཡང་ཡིན་པས། དོན་དེ་ལྟ་བུ་བསྒོམས་པ་ཡིས་ནི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་རྟགས་མཚན་མ་རྣམ་པ་ལྔ་འབྱུང་ཞིང་མཐོང་བར་འགྱུར་ཏེ། གང་ཞེ་ན། དང་པོ་སྨིག་རྒྱུ་འདྲ་བ་དང༌། །གཉིས་པ་ལ་ནི་དུ་བའི་ཚུལ། །གསུམ་པ་སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་བཞིན་དུ་འབར། །ལྔ་བ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་པ་ཡིན་མ་མཁའ་བཞིན། །བརྟན་ནས་རྡོ་རྗེ་ལམ་ནས་ནི། །ནམ་མཁའི་ཁམས་ཀུན་སྤྲོ་བར་བྱ། །ཞེས་གསུངས་ཏེ། དེ་ལྟར་ལོ་ཟླ་མང་པོར་འབད་པ་དང༌། ཡིག་འབྲུ་དང༌། ཕྱག་མཚན་དང༌། སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་དེ་ཉིད་མཚན་མ་རྣམ་པ་ལྔ་པོ་འདི་ལྟ་བུར་སྣང་བར་འགྱུར་ལ། དེ་ལྟར་སྣང་བ་དེ་ཡང་བརྟན་པར་གྱུར་པ་དང༌། གསང་བའི་རྡོ་རྗེའི་ལམ་ནས་ཕྱུང་ལ་ཡུམ་གྱི་གསང་བའི་མཁའ་དབྱིངས་གང་བ་དང༌། ཕྱི་རོལ་གྱི་ནམ་མཁའི་ཁམས་ཁྱབ་པར་སྤྲོ་བར་བྱ་སྟེ། གཏོང་བ་དང་སྦྱར་རོ། །སྦྱོར་བ་ཡན་ལག་དྲུག་བསྟན་པའི་ལྔ་པ་རྗེས་སུ་དྲན་པ་ནི། དེ་ལྟར་མཚན་མ་ལྔ་བྱུང་ནས་སྤྲོ་བའི་ཚེ་ཡང་རྗེས་སུ་དྲན་པ་དང་ལྡན་པར་སྤྲོ་སྟེ། དེའི་ཕྱིར་ན། དེ་ལ་སོ་སོར་སྣང་གྱུར་ན། །རྗེས་སུ་དྲན་པར་ཤེས་པར་བྱའོ། །ཞེས་གསུངས་ཏེ། དེ་ལྟར་བསྒོམས་པའི་རྣལ་འབྱོར་པ་དེའི་སེམས་དང་དབང་པོའི་ངོ་བོ་གང་ལ། རིགས་གནག་དང་གང་ཡིན་པའི་ཡིག་འབྲུ་དང་ཐུགས་མཚན་ནམ་སྐུ་ནང་བར་གྱུར་ན། དེའི་ཚེ་རྗེས་སུ་དྲན་པ་བཅུ་དྲུག་དང་ལྡན་པར་སྤྲོས་ཏེ། རྗེས་སུ་དྲན་པ་བཅུ་དྲུག་ནི་རྩ་བའི་རྒྱུད་ལེའུ་བདུན་པ་ལས་འབྱུང་སྟེ། དེ་ལ་དོན་གསུམ་སྟེ། རྗེས་སུ་དྲན་པའི་ཡུམ་དང༌། དེའི་བྱིན་གྱིས་རླབས་ཅིང་བསྒོམ་པ་དང༌། རྗེས་སུ་དྲན་པ་བཅུ་དྲུག་བསྒོམ་པའོ། །དེ་ལ་རྗེས་སུ་དྲན་པའི་ཡུམ་ནི། །ལེའུ་དེ་ཉིད་ལས། བུད་མེད་གཟུགས་བཟང་མདངས་ལྡན་པ། །ལོ་གྲངས་བཅུ་གཉིས་ལོན་བ་ནི། །ཞེས་གསུངས་ཏེ། བྱིན་གྱིས་བརླབ་ཅིང་སྦྱོར་བ་བྱ་བ་ནི། བྱིན་གྱིས་བརླབ་པའི་གནས་གསུམ་གྱིས་བྱ་བ་ནས། ཡིད་དུ་འོང་བ་བསྒོམ་པར་བྱ། །ཞེས་འབྱུང་བའི་བར་གྱིས་བསྟན། རྗེས་སུ་དྲན་པ་བསྒོམ་པ་ནི། །ཡུམ་གྱི་
མཁའ་དབྱིངས་སུ་བསྒོམ་པ་སྟེ། དེ་དག་ཀྱང་ལེའུ་དེ་ཉིད་ལས་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། སངས་རྒྱས་རྣམ་པར་སྣང་མཛད་ཡབ་ཡུམ་དུ་བསྒོམ་པའི་བ་སྤུའི་བུ་ག་ཀུན་ནས་སངས་རྒྱས་ཡབ་ཡུམ་སྤྲོ་བའོ། །དེ་བཞིན་དུ་ཆོས་དང༌། རྡོ་རྗེ་དང་རིགས་དང༌། རིགས་རྗེས་སུ་དྲན་པ་ཞེས་བྱ་བའི་རིན་པོ་ཆེ་དང་ཁྲོ་བོ་རྗེས་སུ་དྲན་པ་སྟེ། ལྔ་པ་ཡང་ཚུལ་གོང་མ་བཞིན་དུ་མ་སྤྲོ་བ་བྱའོ། །དམ་ཚིག་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། བདག་ཡབ་ཡུམ་གྱི་ཁུ་བས་རྡོ་རྗེ་སེམས་དཔའ་མཆོད་པའོ། །དཀྱིལ་འཁོར་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། ཡབ་ཀྱི་ཁུ་བ་ཕྱུང་སྟེ། ཡབ་ཡུམ་གྱི་མཁའ་ལ་དཀྱིལ་འཁོར་ཟླུམ་པོར་བསྒོམས་ཏེ། ལྷ་རྣམས་བསྒོམ་པའོ། །སྐུ་རྗེས་སུ་དྲན་པ་ནི། བདག་སངས་རྒྱས་ཀྱི་སྐུར་བསྒོམ་པ་སྟེ། སྐུ་གསུང་ཐུགས་རྗེས་སུ་དྲན་པ་ཡང་ཚུལ་དེ་བཞིན་དུ་བྱའོ། །དེ་ལ་སེམས་ཅན་རྗེས་སུ་དྲན་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཚུར་བསྡུས་ཏེ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པའོ། །སྔགས་ཐམས་ཅད་ཀྱི་གཟུགས་དང་སྐུ་གསུང་ཐུགས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རྡོ་རྗེ་སྔགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གང་ཡིན་པ་དེ་ཉིད་བདག་ཡིན་པར་བསྒོམ་པའོ། །དམ་ཚིག་རྗེས་སུ་དྲན་པ་བསྒོམ་པ་ནི། ཡབ་ཡུམ་གྱི་ཁུ་བ་བཏུང་བ་དང༌། དེ་བཞིན་གཤེགས་པའི་འཁོར་སྤྲོ་བ་གཉིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་དྲན་པ་བསྒོམ་པ་ནི་བདག་ཉིད་ཀྱིས་ཆོས་ཐམས་ཅད་སྐྱེ་བ་མེད་པ། ཟག་པ་མེད་པ། བྱང་ཆུབ་མེད་པ། རྟོག་པ་མེད་པ། ཁམས་མེད་པ་འབྱུང་བ་མེད་པ། རྗེས་སུ་དྲན་པ། མ་སྐྱེས་པ་རྗེས་སུ་དྲན་པ་དང་བསྒོམ་པ་ནི་རང་བཞིན་གྱིས་མཚན་མ་མེད་པ་མི་འགྱུར་བ་གཉིས་སུ་མེད་པ་མ་ཡིན་པ། ཞི་བ་དྲི་མ་མེད་པ་ནམ་མཁའ་ལྟ་བུའོ། །ཞེ་སྡང་གི་རིགས་ལ་སོགས་པ་མཆོད་པ་རྗེས་སུ་དྲན་པ་བསྒོམ་པ་ནི། བུད་མེད་ལོ་བཅུ་གཉིས་ལོན་པ་ལ་རིགས་ཀྱི་ཚུལ་བཞིན་དུ་སྦྱར་ཏེ་བདག་གི་ཁུ་བས་མཆོད་པར་བྱ་བའོ། །རྗེས་སུ་དྲན་པའི་ཡོན་ཏན་ནི་དངོས་གྲུབ་མཆོག་དང་ཕྲ་བོ་ཀུན་འགྲུབ་སྟེ། འདིས་ནི་དེ་བཞིན་གཤེགས་པའི་སྐུ་ཞེས་བྱ་བ་དང༌། གང་ཞན་ཕྲ་མོ་བཤད་པ་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། བཟླས་
པ་ཙམ་གྱིས་དེ་འགྲུབ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱས་པ་རྩ་བའི་རྒྱུད་ཀྱི་ལེའུ་དེ་ཉིད་ནས་འབྱུང་ངོ༌། །ད་ནི་སྦྱོར་བ་ཡན་ལག་དྲུག་བསྟན་པའི་ཐ་མ་ཏིང་ངེ་འཛིན་ནི། །ཐབས་དང་ཤེས་རབ་སྙོམས་འཇུག་ཅིང༌། །དངོས་པོ་ཐམས་ཅད་བསྡུས་ནས་སུ། །ཀུན་བསྡུས་གོང་བུའི་ཚུལ་གྱིས་ནི། །གཟུགས་ཀྱི་ནང་དུ་བསྒོམ་པར་བྱ། །ཡེ་ཤེས་ཡུད་ཙམ་གྱིས་རྫོགས་པ། །ཏིང་ངེ་འཛིན་ཞེས་བྱ་བ་ཡིན། །ཞེས་གསུངས་ཏེ། ཕྱི་ནང་གི་དངོས་པོ་ཀུན་བསྡུས་ནས་འོད་ཀྱི་གོང་བུ་གཅིག་ཏུ་བྱས་ཏེ། བདག་ཉིད་ཐབས་དང་ཤེས་རབ་ཏུ་བསྒོམས་པའི་བ་སྤུའི་བུ་གར་བཅུག་ཅིང་མཁའ་དབྱིངས་སུ་བསྒོམས་ཏེ། གོང་བུ་རྗེས་སུ་དྲན་པའི་དུས་སུ་སྤྲོ་བ་ཀུན་ཡང་བདག་ཡབ་ཡུམ་གྱི་བྱང་ཆུབ་སེམས་ལ་བསྡུས་ཏེ་ཡེ་ཤེས་ཀྱི་ངོ་བོར་གྱུར་ནས་ཡུད་ཙམ་གྱིས་ཡེ་ཤེས་ལྔ་རྫོགས་པའི་ཏིང་ངེ་འཛིན་བསྒོམ་པའོ། །ད་ནི་སྦྱོར་བ་ཡན་ལག་དྲུག་བསྒོམས་པའི་ཡོན་ཏན་བསྟན་པའི་ཕྱིར། སོ་སོར་སྤོང་བ་སྙོམས་འཇུག་ན། །ཐམས་ཅད་བྱིན་གྱིས་རློབ་པར་འགྱུར། །བསམ་གཏན་ཡེ་ཤེས་སྙོམས་འཇུག་ན། མངོན་པར་ཤེས་པ་ལྔ་འཐོབ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །སོ་སོར་སྤོང་བ་ལ་སྙོམས་པར་འཇུག་ན་དེའི་ཡོན་ཏན་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བདག་ཚུར་བྱིན་གྱིས་རློབ་ལ། བདག་གིས་ཀྱང་དགོས་པ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་ཕར་བྱིན་གྱིས་རློབ་ནུས་པར་འགྱུར་རོ། །བསམ་གཏན་གྱི་ཡེ་ཤེས་ལ་སྙོམས་པར་འཇུག་ན། དེའི་ཡོན་ཏན་ནི་སྙོམས་པར་འཇུག་པ་བཞི་ཐོབ་ཅིང་མངོན་པར་ཤེས་པ་ལྔ་ཐོབ་ནས་འགྲོ་བ་འདུལ་ཞིང་ཚོགས་རྫོགས་པར་འགྱུར་རོ། །དབུགས་དགག་གཏོར་བར་ངེས་པ་ནི། །བྱང་ཆུབ་སེམས་དཔས་གཟིགས་པར་འགྱུར། །རྟག་ཏུ་གཟུང་བ་སྡོམ་ལྡན་དེ། རྡོ་རྗེ་སེམས་དཔའ་ཡང་དག་འཇུག །ཅེས་བྱ་བ་ནི་དབུགས་དགག་པ་དང་གཏོང་བ་ངེས་པར་མངོན་དུ་གྱུར་ན་དེའི་ཡོན་ཏན་ནི་བྱང་ཆུབ་སེམས་དཔས་བདག་ལ་གཟིགས་ཤིང་ཕན་འདོགས་ལ། བདག་གིས་ཀྱང་ཕར་མཐོང་བར་འགྱུར་རོ། །རྟག་ཏུ་གཟུང་བ་བསྒོམས་པའི་ཡོན་ཏན་ནི། ཆོས་ཉིད་ཀྱི་སྟོབས་དང་ཡེ་ཤེས་ཀྱི་སྟོབས་རྣམ་པ་གཉིས་སམ་བཞི་ཐོབ་ནས་རྡོ་རྗེ་སེམས་དཔའ་དང༌། སྤྱོད་ཡུལ་
གཅིག་པར་འཇུག་ནུས་པར་འགྱུར་རོ། །རྗེས་སུ་ཤིན་ཏུ་སྦྱོར་བ་ལས། །འོད་ཀྱི་དཀྱིལ་འཁོར་འབྱུང་བར་བྱ། །ཏིང་འཛིན་དབང་དུ་གྱུར་ཙམ་གྱིས། །སྒྲིབ་པ་མེད་དང་ལྡན་པར་འགྱུར། །ཞེས་བྱ་བ་རྗེས་སུ་དྲན་པ་བཅུ་དྲུག་གི་རང་བཞིན་དུ་སྦྱོར་པའི་ཏིང་ངེ་འཛིན་བསྒོམས་པས་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་འཕྲོས་ནས་སྟོང་གསུམ་གྱི་སྟོང་ཆེན་པོར་ཁྱབ་པ་དང་བསྡུས་ན་འདོམ་གང་བ་ལྟ་བུ་དང་ལྡན་པར་འགྱུར་རོ། །ཏིང་ངེ་འཛིན་བསྒོམ་པ་དབང་དུ་འགྱུར་པའི་ཡོན་ཏན་ནི་སྒྲིབ་པའི་ཚོགས་ཐམས་ཅད་མ་ལུས་པར་བྱང་ནས་འཚང་རྒྱ་བར་འགྱུར་རོ། །ད་ནི་ཉེ་བར་སྒྲུབ་པ་བསྟན་པའི་ཕྱིར་ན། །ཟླ་བ་རྡོ་རྗེ་རབ་སྦྱོར་བས། །སེམས་དེ་སྙིང་ལ་བརྟག་པར་བྱ། །མཚོན་ཆ་མཆོག་གིས་དྲངས་ནས་སུ། །སེམས་ནི་སྔགས་ཀྱི་ངོ་བོར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡང་དོན་བཞི་སྟེ་སེམས་སྔགས་ཀྱི་ངོ་བོར་བྱ་བ་དང༌། རང་གི་བྱང་ཆུབ་ཀྱི་ཚིགས་སུ་བཅད་པ་བརྗོད་པ་དང༌། སྦྱོར་བའི་ཆོ་ག་བསྒོམ་པ་དང༌། སེམས་ཡེ་ཤེས་སུ་བསྒྱུར་བ་བཞི་ལ་ཞེས་བྱ་བ་ནི་ཟླ་བ་རྡོ་རྗེ་སྔོན་དུ་སྨོས་ཀྱང་དང་པོར་སྔགས་ཀྱི་ངོ་བོར་བྱས་པ་བསྒོམ་དགོས་ཏེ། དེ་ཡང་གདོད་དེའི་སྙིང་གར་བདག་ཉིད་ལྟར་བསྒོམས་པའི་སྙིང་གར་པདྨ་ཟླ་བ་ལ་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་བསྒོམས་ནས་སེམས་དེ་སྙིང་ལ་བརྟག་པར་བྱ་ཞེས་ཏེ། བདག་གིས་སེམས་དང་དབྱེར་མེད་པར་བསྒོམ་མོ། །དེ་ནས་ལྕགས་ཁྱུའི་ཕྱག་རྒྱ་བཅས་ཤིང་རྡོར་ཇེ་ལྕགས་ཀྱུ་གྲངས་མེད་པ་འཕྲོས་པ་ཕྱོགས་བཅུའི་སངས་རྒྱས་ལ་རིག་པ་ཐམས་ཅད་བདག་གིས་གང་སྒྲུབ་པའི་ཡེ་ཤེས་སེམས་དཔའི་སྐུར་གྱུར་པའམ། དངོས་སུ་ཡང་རུང་སྤྱན་དྲངས་ནས་བདག་གི་སྙིང་གའི་རྡོ་རྗེ་ལ་བསྡུས་ནས་གཉིས་སུ་མེད་པར་བསྒོམས་ལ། བདག་གི་སྔགས་ཀྱི་ངོ་བོར་བྱ། རང་གི་བྱང་ཆུབ་ཚིག་བཅད་བརྗོད་པ་ནི། །སྔགས་ཀྱིས་གཟུགས་ཀྱི་ཚུལ་གྱིས་ནི། །རང་གི་བྱང་ཆུབ་ཚིགས་བཅད་བརྗོད། །ཅེས་བྱ་སྟེ། གོང་དུ་སྔགས་ཀྱི་ངོར་བྱས་པ་དེའི་ཚུལ་དུ་བསྒོམས་ལ། རང་གི་བྱང་ཆུབ་ཚིགས་བཅད་འདི་བརྗོད་དོ། །བདག་གི་སྐལ་ལྡན་ཆེ་གེ་མོ། །ཁྱོད་ནི་སྒྲུབ་པར་གནས་པ་སྟེ། འདི་ལྟར་རྟག་ཏུ་ཁྱོད་ལ་གུས། །
བསྲུང་དང་མཆོད་ལ་སོགས་པར་གནས། །རང་གི་དངོས་གྲུབ་བདག་ལ་སྩོལ། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་བརྗོད་ཅིང༌། བདག་ཉིད་དང་ལྷ་མངོན་དུ་དབྱེར་མེད་པར་བྱའོ། །ཆོ་གའི་སྦྱོར་བ་བསྒོམ་པ་ནི། །རང་གི་དཀྱིལ་འཁོར་ལ་འདུག་ནས། །ཆོ་ག་ཡང་དག་སྦྱོར་བ་བསྒོམ། །ཞེས་བྱ་སྟེ། རང་གི་རིགས་ཀྱི་ལྷར་བསྒོམས་ལ། །ཆོ་ག་ནི་ཡང་དག་པ་སྟེ། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྦྱོར་བ་བསྒོམས་པའི་འོད་ཟེར་རྡོ་རྗེར་འཕྲོས་པས་ཐུགས་ཀར་བརྡེག་ཅིང་བསྐུལ་ལ། ལྕགས་ཀྱུས་དགུག་ཅིང་བདག་ལ་བསྟིམ་མོ། །སེམས་ཡེ་ཤེས་སུ་བསྒྱུར་བ་ནི། སེམས་དེ་ཡེ་ཤེས་གཟུགས་སུ་བསྒྱུར། །སྒོམ་པ་ནི་ཉེ་བའི་སྒྲུབ་པའོ་ཞེས་བྱ་སྟེ། བདག་ལྷ་ཡབ་ཡུམ་དུ་བསྒོམ་པ་དང༌། དེའི་བྱང་ཆུབ་སེམས་དང་ལྷ་བཀུག་ཅིང་ཐིམ་པ་དང་གསུམ་དབྱེར་མེད་པའི་སེམས་དེ་ཡེ་ཤེས་སེམས་དཔའི་གཟུགས་སུ་བསྒྱུར་ལ་དེའི་ངང་དུ་བསྒོམས་ཏེ་ཡེ་ཤེས་ལྔ་དང་ལྡན་པའི་ངོ་བོར་བྱའོ། །ཉེ་བར་སྒྲུབ་པ་ཞེས་བྱ་བ་ནི་ལྷའི་སྦྱོར་བ་རྫོགས་ཤིང་དེ་དང་ཉེ་བའི་རྒྱུར་གྱུར་པས་ཉེ་བར་སྒྲུབ་པ་ཞེས་བྱའོ། །ད་ནི་སྒྲུབ་པ་བསྟན་པའི་ཕྱིར་ན། ཇི་སྲིད་རྣམ་གཉིས་མཐོང་བར། །དེ་སྲིད་ཟླ་བ་དྲུག་ཏུ་བསྒོམ། །འདོད་ཆགས་ཐམས་ཅད་ལོངས་སྤྱོད་དེ། ཐམས་ཅད་རྟག་ཏུ་སྦྱོར་བར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་མ་ལྟ་བུར་བསྙེན་པས་སེམས་སྦྱངས་ཤིང་ཉེ་བར་སྒྲུབ་པས་བསྒྲུབས་ཏེ་རྟགས་བྱུང་གྲུབ་ནའང་ལེགས་ཏེ་སྒྲུབ་པ་ལ་འཇུག་དགོས། གལ་ཏེ་རྟགས་མ་བྱུང་ཞིང་མ་གྲུབ་ན་ཡང་བསྒྲུབ་པར་བྱ་དགོས་ཏེ། དེ་ཡར་རང་རང་གི་རིགས་དང་མཐུན་པའི་ཡུམ་བཙལ་ལ་དེ་དང་ལྡན་པའི་བྱང་ཆུབ་སེམས་ལས་དཀྱིལ་འཁོར་གདོན་ཅིང་རང་ཉིད་ལྷའི་སྐུ་གསུང་ཐུགས་སུ་བསྒོམ་ཞིང་གང་འདོད་པའི་ལྷ་དེ་བསྒྲུབ་པར་བྱའོ། །དུས་ཇི་སྲིད་རྣམ་གཉིས་ཞེས་བྱ་བ་དུས་ཇི་སྲིད་ལྷ་ཡབ་ཡུམ་རྣམ་གཉིས་སམ། ཕྱག་རྒྱ་མཚན་མ་དང་མཚན་མ་མེད་པ་གཉིས་སུ་མེད་པའི་ངོ་བོར་བཞུགས་པ་ལ་ནི་རྣམ་པ་གཉིས་ཞེས་བྱ་སྟེ། དེ་དབང་པོ་དང་ཡིད་ཀྱིས་མངོན་སུམ་དུ་སྣང་ཞིང་མཐོང་བར་མ་གྱུར་གྱི་བར་དེ་སྲིད་དུ་ཡུན་རིང་ན་ཟླ་བ་དྲུག་གི་བར་དུ་ཡང་བསྒོམ་ཞིང་བསྒྲུབ་པར་བྱ་སྟེ། དེ་ཡང་དྲུག་གསུམ་གཉིས་
གཅིག་ཟླ་བ་ཕྱེད་དང་དྲུག་བསྒྲུབ་ཅིང་འདོད་པའི་ཡུལ་ཆགས་པར་བྱ་བའི་ཡོན་ཏན་ཐམས་ཅད་ཀྱང་མི་བཀག་པར་ལོངས་སྤྱོད་ཅིང༌། གང་སྤྱོད་པའི་འོང་སུ་གྱུར་པ་དེ་དག་ཐམས་ཅད་རྟག་པར་རང་སྤྱོད་ཡུལ་དུ་སྦྱར་ལ་སྤྱད་པར་བྱའོ། །གལ་ཏེ་ཟླ་བ་དྲུག་གིས་ནི་གང་གསུངས་མཐོང་བར་མ་གྱུར་ན། །དེ་ལྟར་གསུངས་པའི་ཆོ་ག་ལྟར། །དེ་ནི་ལན་གསུམ་རབ་ཏུ་བརྩམ། །ཞེས་གསུངས་ཏེ། གལ་ཏེ་ཟླ་བ་དྲུག་གིས་ཀྱང་གང་སྒྲུབ་པར་གསུངས་པའི་ལྷ་དེ་ཡིད་དང༌། དབང་པོས་མངོན་སུམ་དུ་སྣང་ཞིང་མཐོང་པར་མ་གྱུར་ན། འདི་ཉིད་ཀྱི་རྩ་བའི་རྒྱུད་ལས་སྔར་ཇི་ལྟར་གསུངས་པ་དང༌། སྒྲུབ་ཐབས་ལས་འབྱུང་བའི་སྤོགས་པའི་ཆོག་དང་ལྡན་པར་བྱས་པ་ལ་དེ་ནི་བྱ་བ་བསྒྲུབ་པར་བྱ་བའི་ལྷ་དེ་ལན་གསུམ་གྱི་བར་དུ་སྒྲུབ་པ་བརྩམས་པར་བྱའོ། །དེ་ལྟར་ལན་དུ་མར་སྤོགས་པའི། ཆོ་ག་དེ་ལྟར་བྱས་ཀྱང་སྒྲུབ་པ་པོས། མཐོང་བ་འབྱུང་བར་མ་གྱུར་ཅིང༌། གང་ཚེ་བྱང་ཆུབ་མ་གྲུབ་ན། །དྲག་ཤུལ་གྱིས་ནི་བསྒྲུབ་པར་བྱ། དེ་ལྟར་དྲུག་ཚན་ཕྱི་མཐའ་བར་དུ་སྒྲུབ་པར་གྱུར་པ་ལས་ཀྱང་མ་གྲུབ་ཅིང་སྒྲུབ་པ་པོས་ལྷའི་གཟུགས་མཐོང་བར་མ་གྱུར་ཅིང༌། གང་གི་ཚེ་རྟོག་པར་བྱ་བའི་ཡུལ་བྱང་ཆུབ་དེ་ཡང་མ་རྟོགས་ཏེ་མ་གྲུབ་པར་གྱུར་ན་དྲག་ཤུལ་གྱིས་ནི་བསྒྲུབ་པར་བྱ། །ཞེས་བྱ་སྟེ། དྲག་ཤུལ་གྱི་ལས་ཀྱིས་དངོས་གྲུབ་པ་སྒྲུབ་པར་བྱའོ། །དེའི་ཐབས་ཀྱང་རྣམ་པ་གསུམ་སྟེ། དང་པོར་སྙན་པའི་ཚིག་གིས་སྒྲུབ་པ་དང༌། བསྡིགས་པའི་ཚུལ་གྱིས་སྒྲུབ་པ་དང༌། ཆད་པས་བཅད་པའི་ལས་ཀྱིས་བསྒྲུབ་པར་བྱའོ། །དེ་ལ་སྙན་པའི་ཚིག་གིས་སྒྲུབ་པ་ནི་གཞལ་ཡས་ཁང་ཇི་བཞིན་པའི་ནང་ན་རང་གི་དཀྱིལ་འཁོར་གྱི་དབུས་སུ། དཔལ་རྡོ་རྗེ་སེམས་དཔའ་མ་གཏོགས་པའི་རྡོ་རྗེ་རིགས་ཀྱི་ལྷ་གང་ཡང་རུང་བ་ཞིག་གི་སྦྱོར་བ་དང་ལྡན་པར་བསྒོམས་ནས། བདག་ཉིད་ཀྱི་བ་སྤུའི་བུ་གནས་ལྷ་མོའི་ཚོགས་བྱུང་བ་རྣམས་ཀྱིས་ཞེ་སྡང་རྣམ་པར་དག་ཅིང་རྡོ་རྗེའི་རིགས་སུ་སངས་རྒྱས་པའི་ཡེ་ཤེས་ཀྱི་ལྷ་མངོན་དགའི་འཇིག་རྟེན་ན་བཞུགས་པ་རྣམས་ལ་མཆོད་པ་བླ་ན་ཡོད་པ་དང༌། བླ་ན་མེད་པ་ཕྱི་ནང་གསང་བ་རྣམ་པ་གསུམ་གྱིས་བསྡུས་པས་མཆོད་ནས། སྙན་ཅིང་མཛེས་ལ་ཡིད་འཕྲོག་པར་ནུས་པའི་དབྱངས་ཀྱིས་བསྐུལ་ཏེ།
སྲི་ཞུ་དེ་ལྟ་བུས་སྤྱན་དྲངས་ནས། བདག་གི་ལུས་ལ་ཞུགས་ཏེ། དེ་དང་དབྱེར་མེད་པར་གྱུར་པར་བསམས་ན་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ། །གལ་ཏེ་དེས་ཀྱང་མ་གྲུབ་པར་གྱུར་ན་བསྡིགས་པའི་ཐབས་ཀྱིས་སྒྲུབ་སྟེ། བདག་ཉིད་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེའི་བུམ་པ་ལ་ཧཱུཾ་གིས་མཚན་པ་ལས་བསྐྱེད་པའི་སུམྦྷ་ར་ཙ་ཇི་ལྟ་བུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་ལག་ན་རྡོ་རྗེ་ལྕགས་ཀྱུ་བསྣམས་པ་བདག་ཉིད་ཀྱི་ཁ་ནས་ཕྱིར་བྱུང་སྟེ། ཡཾ་ལས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། རཾ་ལས་བསྐྱེད་པའི་གྲུ་གསུམ་མེ་འདྲ་བའི་དབུས་སུ་གནས་པ་ཉི་མའམ་བསྐལ་པའི་མེ་ལྟར་འབར་བ། མདུན་དུ་བཀའ་ནོད་པར་གྱུར་པར་བསམས་ལ་དེའི་ལག་པའི་འབར་བ་རྡོ་རྗེ་ལྕགས་ཀྱུས་སྙིང་གར་བཏབ་ཅིང༌། བདག་ནི་སྐལ་ལྡན་ཆེ་གེ་མོ། །ཞེས་སྔར་གསུངས་པའི་ཚིག་གིས་བསྐུལ་ན་ཞག་བདུན་གྱིས་འགྲུབ་པར་འགྱུར་རོ། །གལ་ཏེ་དེ་ལྟར་བྱས་པས་ཀྱང་དངོས་གྲུབ་མི་སྟེར་ན། དེའི་དུས་སུ་ཆད་པས་བཅད་པའི་ལས་ཀྱིས་བསྒྲུབ་པར་བྱ་སྟེ། རིག་མའི་པདྨའི་ནང་དུ་ཧ་ལས་རྡོ་རྗེ་རྒྱ་གྲམ་བསྐྱེད་པའི་སྟེང་དུ། ཧཱུཾ་ལས་བསྐྱེད་པའི་ཉི་མའི་དཀྱིལ་འཁོར་འཇིགས་རྟེན་པའི་ཉི་མ་བྱེ་བ་ཕྲག་བརྒྱ་དུས་གཅིག་ཏུ་ཤར་བ་ལྟ་བུའི་འོད་དང་ལྡན་པ། དེའི་སྟེང་དུ་རཾ་ལས་བསྐྱེད་པའི་ཟུར་གསུམ་མེ་འདྲ་བའི་ཡེ་ཤེས་རས་མཚོན་པ་བསྐལ་བའི་མེ་ལྟར་འབར་བ་བསམ་ལ་བདག་ཉིད་ཀྱི་གསང་པའི་རྡོ་རྗེ་ལས་བསྐྱེད་པ་སྙིང་རྗེ་ཆེན་པོ་དང༌། འདོད་ཆགས་རྣམ་པར་དག་པའི་རང་བཞིན་ཁ་དོག་དཀར་ལ་དམར་བ། འོད་ཟེར་སྣ་ཚོགས་པའི་ཕྲེང་བ་འབྱུང་བ། ནོར་བུ་རིན་པོ་ཆེ་འབར་བ་ལྟ་བུ་རིག་མའི་ཚོགས་ཐམས་ཅད་ཆགས་པར་བྱེད་པ། སྤྱི་བོ་ཨོཾ་གྱིས་མཚོན་པར་བྱིན་གྱིས་བརླབས་ནས་གསང་པའི་པདྨ་དེ་ལ་གཞག་པར་བྱའོ། །དེ་ནས་རྡོ་རྗེ་དང་པདྨའི་སྦྱོར་མཚམས་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་འཕྲོས་པས་ཡེ་ཤེས་ཀྱི་ལྷ་རྣམས་ཀྱི་སྙིང་གར་བཙུགས་ནས་དྲངས་ཏེ། ལྷ་མོའི་པདྨ་སྣ་རྩེའི་མེའི་དཀྱིལ་འཁོར་གྱི་སྟེང་དུ་གཞག་པར་བྱའོ། །དེ་ནས་ལྷ་མོ་དེ་རྣམས་བསྲེགས་པའི་མེད་དཔུང་འཕྲོ་བའི་རྡོ་རྗེ་པདྨར་ཞུགས་པ་དང༌། ཐབས་དང་ཤེས་རབ་ཀྱི་བསྒུལ་
བསྐྱོད་དང༌། སྔགས་ཀྱི་འོད་ཟེར་གྱི་འཕྲོ་འདུ་དང༌། ལྷག་པ་བྱང་ཆུབ་སེམས་ཀྱི་རྒྱུན་འབར་པ་ཐོབ་དང་སེར་བ་ལྟ་བུ་ལྷ་དེ་དག་གི་ལུས་ལ་ལྷུང་ཞིང་བབ་པས་ཐལ་བ་བཞིན་དུ་བརླག་པར་བསམ་མོ། །དེ་ནས་ལྷ་དེ་དག་གི་ཐུགས་ཡེ་ཤེས་མར་མེ་ལྟ་བུའི་ཧཱུཾ་གི་གཟུགས་སུ་བསྒྱུར་ཏེ། དེ་ལས་དཔལ་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་པ་བདག་གི་ལུས་ལ་ཞུགས་ཏེ། བདག་དང་གཉིས་སུ་མེད་པར་བསྒོམས་ནས། ཉིད་ཀྱིས་གསུངས་པའི་དམ་ཚིགས་ལས་འདའ་བར་དགོས་ན་ཞག་བདུན་ཚུན་ཆད་ཀྱིས་ངེས་པ་ཉིད་དུ་འགྲུབ་པར་འགྱུར་རོ། །རྒོལ་བ་པ་ན་རེ་སྔར་ཉེ་བའི་བསྙེན་པའི་སྐབས་སུ་ཟླ་བ་རྡོ་རྗེ་རབ་སྦྱོར་བ་ཞེས་གསུངས་པས་བསྐུལ་བ་དང༌། རང་གི་དཀྱིལ་འཁོར་ལ་འདུག་ནས་ཞེས་གསུངས་པའི་དོན་གྱིས་སེམས་ཡེ་ཤེས་ཀྱི་གཟུགས་སུ་བསྒྱུར་བས་གསུངས་པ་སྔར་ཡང་བསྟན་ཟིན་ན། དེ་ལས་མི་མཐུན་པར་གྱུར་པ་སྒྲུབ་པའི་སྐབས་སུ་འདིར་ཡང་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་ཡང་བདེན་མོད་ཀྱི་འོང་ཀྱང་བསྙེན་པ་དང༌། ཉེ་བའི་སྒྲུབ་པ་ནི་སེམས་བྱང་བའི་དོན་དུ་ཏིང་ངེ་འཛིན་དཀྱུས་མར་བྱ་བ་ཡིན་ལ། དེ་ལྟར་སེམས་སྦྱངས་ནས་གྲུབ་པ་ནི་གང་འདོད་པའི་དངོས་གྲུབ་དེ་ཉིད་མངོན་དུ་སྒྲུབ་པའི་ཏིང་ངེ་འཛིན་ཏེ། དེ་ལྟར་བསྒྲུབ་པའི་དུས་སུ་དངོས་གྲུབ་མི་སྟེར་བར་གྱུར་ན། དྲག་ཤུལ་གྱི་ལས་བརྩམས་ལ་ནན་གྱིས་དངོས་གྲུབ་བླང་བར་བསྟན་པ་སྟེ། དེ་ཡང་ལྷའི་དགོངས་ཚད་སྲ་སྙི་དང༌། ལས་དྲག་དལ་གྱི་ཚད་རྣམ་པ་གསུམ་རིམ་བཞིན་དུ་སྦྱར་ལ་བྱའོ་བར་བསྟན་པའོ། །རྒོལ་བ་པ་ན་རེ། སྒྲིབ་པ་ཟད་པ་ཉིད་དངོས་གྲུབ་དུ་འགྱུར་བའམ།། སྒྲིབ་པ་ཟད་པས་དངོས་གྲུབ་ཐོབ་པ་ཡིན་ན། སྒྲིབ་པ་ཟད་པར་བྱ་བའི་ཕྱིར་རང་གི་རྒྱུད་ལེགས་པར་མ་སྦྱངས་ན་དྲག་ཤུལ་གྱི་སྦྱོར་བ་ནན་གྱིས་ལྷའི་དངོས་གྲུབ་ཐོབ་པར་འགྱུར་རམ་ཞེ་ན། སྨྲས་པ། མཚན་མ་མེད་པ་ལ་དགའ་བས་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་སྦྱངས་བ་དང༌། མཚན་མ་ལ་དགའ་བས་མཚན་མའི་ཏིང་ངེ་འཛིན་གཙོར་བྱས་པས་སྦྱངས་བ་དང་གཉིས་ལས། འདི་ནི་མཚན་མ་ལ་དགའ་བའི་རྣལ་འབྱོར་བས་མཚན་མའི་ཏིང་ངེ་འཛིན་གཙོར་བྱས་པས་སྒྲིབ་པ་སྦྱངས་པའི་ཐབས་སུ་བསྟན་པ་སྟེ། ལས་ཀྱི་བྱེ་བྲག་མི་མཐུན་པ་དུ་མར་བསྟན་པ་ཡང་ནས་ཡང་དུ་རྣམ་པར་དུ་མའི་སྒོ་ནས་
སེམས་སྦྱང་པའི་ཐབས་སུ་བསྟན་པ་སྟེ། སྒྲིབ་བཟད་པར་བྱ་བའི་གཉེན་པོའི་ཐབས་སུ་གཅིག་ན་ཡང་བྱེ་བྲག་མི་མཐུན་པ་དུ་མར་བསྟན་པ་ནི་རྒྱལ་བས་ཚིག་གི་ཐ་སྙད་རིམ་པར་ཕྱེ་ནས་གསུངས་པའི་མཚམས་ཕྱེད་པར་བྱ་བ་དང༌། སྒྲུབ་པ་པོའི་ཏིང་ངེ་འཛིན་དང་ལས་ཀྱི་རིམ་པ་མི་མཐུན་པའི་སྒོ་ནས་དུ་མར་བསྒྱུར་ཅིང་ཞུགས་ན། སེམས་སྐྱོ་བ་མེད་ཅིང་ཏིང་ངེ་འཛིན་སོ་མ་བརྩེགས་པས་ངལ་དུ་བ་མེད་པའི་སྒོ་ནས་སྒྲུབ་པ་མྱུར་དུ་འཐོབ་པའི་ཕྱིར་བསྟན་པ་ཡིན་ལ་མཚན་མ་མེད་པ་ལ་དགའ་བས་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་སྦྱང་བའི་ཐབས་ཀྱང་འདིའི་རྩ་བའི་རྒྱུད་ཀྱི་སྐབས་སུ་ལྟ་བའི་དབང་དུ་གསུངས་པ་དག་ཀྱང་ཡིན་ལ། ཕལ་དུ་གཞུང་གཞན་ལས་གསུངས་པ་ཡང་མང་བས་འདིར་མི་སྨོས་ཏེ། གསང་སྔགས་ནི་དོན་རྟགས་ཀྱིས་འཇུག་པས་འདིར་སྤྱོད་པ་གཙོར་བསྟན་པ་ཡིན་པར་རིག་ཕར་བྱའོ། །འདི་ལྟ་བསྟན་པ་འདི་ཡང་རྣལ་འབྱོར་བས་སྒྲུབ་ཐབས་གཅིག་གི་སྒོ་ནས་ལན་ཅིག་ཙམ་འབད་ནས་བསྒྲུབས་པ་དང་ལས་མ་གྲུབ་ཏུ་ཟིན་ཀྱང་ཐབས་གཞན་དང་གཞན་གྱི་སྒོ་ནས་ལན་དུ་མར་འབད་ནས་བསྒྲུབ་ན་འགྲུབ་པར་ངེས་ཏེ། རྣལ་འབྱོར་པའི་འབད་རྩོད་ལ་བསྐྱེད་པའི་སེམས་དང༌། འཕགས་པའི་ཐུགས་རྗེའི་གདུལ་བྱ་ལ་དགོངས་ཏེ་སྨྲེ་ལ་ཞིང་གྱུར་ནས་མི་ཕྲད་པ་མི་སྲིད་ཅེས་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེ་ཡི་ཡེ་ཤེས་ནི། །འགྲུབ་པ་ངེས་པར་ཉེ་བར་འགྱུར། །ཞེས་གསུངས་ཏེ། དྲག་ཤུལ་རྣམ་པ་གསུམ་གྱིས་དེ་ལྟར་བསྒྲུབ་པ་དེའི་ཚེ་ཡེ་ཤེས་ཀྱི་ལྷའི་དངོས་གྲུབ་གང་འདོད་པ་དེ་ངེས་པར་མྱུར་དུ་འགྲུབ་ཅིང༌། རྟགས་དང་མཚན་མ་འབྱུང་ཞིང་འཁོར་བ་ལ་ངེས་པར་འབྱུང་བར་འགྱུར་རོ། །ད་ནི་སྒྲུབ་པ་ཆེན་པོའི་དོན་བསྟན་པའི་ཕྱིར་ན། རིགས་ཀྱི་དབྱེ་བའི་སྦྱོར་བས་ནི། །རྡོ་རྗེ་ཕུར་བུས་ཕུར་བུ་གདབ། །དེ་ནས་དབང་དུ་བྱ་བ་དང༌། །སྲུང་པའི་སྦྱོར་བ་དག་ཀྱང་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བསྙེན་པ་དང༌། ཉེ་བའི་སྒྲུབ་པ་ཡང་དང་ཡང་དུ་བྱས་ནས་སེམས་བྱང་བ་དང༌། དེ་ལྟར་བསྒྲུབ་ནས་གྲུབ་པ་ཐོབ་པ་དང༌། སྒྲུབ་པ་ཆེན་པོའི་བདག་ཉིད་ལྷའི་སྐུར་སྣང་ཞིང༌། ཡུམ་གྱི་མཁའ་དབྱིངས་ནས་དཀྱིལ་འཁོར་གདོན་པ་ཕྲིན་ལས་སྣ་ཚོགས་པ་བྱེད་ནུས་པ་སྟེ། དེ་ཡང་རིགས་ཀྱི་བྱེ་བྲག་མི་མཐུན་པའི་སོ་སོའི་
འདོད་པ་བཞིན་དུ་གཟུང་བཙལ་ཐབས་ཚུལ་དེ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་གསང་གནས་བྱིན་གྱིས་བརླབས་ཏེ། གསང་པའི་པདྨ་ལ་རྡོ་རྗེ་ཕུར་བས་གདབ་པར་བྱ་ཞིང༌། དཀྱིལ་འཁོར་བསྐྱེད་པ་དང༌། གང་འདོད་པའི་ལས་བརྩམ་པ་དང༌། གཉིས་སུ་ན་སོ་སོའི་རིགས་ཀྱི་བྱེ་བྲག་བཞིན་དུ་ལས་རྣམས་བཞི་བརྩམ་ཞིང་ཚུལ་དེ་ཉིད་ཀྱིས་གདུལ་བྱའི་གཟུགས་ལ་རྡོ་རྗེ་ཕུར་བུ་གདབ་པར་བྱ་བ་དང༌། གང་དབང་དུ་འདུ་བར་འདོད་ཅིང་མི་འཇུག་བདག་བདག་གི་དབང་དུ་བྱ་བ་དང༌། ནད་པ་དང༌། བྱིས་པ་དང༌། གདོན་གྱིས་གནོད་ཅིང་འཚོ་བ་དང༌། གནོད་ཅིང་འཚེ་བར་དོགས་པ་དག་བསྲུངས་པར་བྱ་བ་ཡང༌། སྒྲུབ་པ་ཆེན་པོའི་སྦྱོར་བས་འགྲུབ་པ་ཡིན་པས་དེ་ལྟ་བུའི་བྱ་བསྒྲུབ་པ་ཆེན་པོ་ཡུམ་དང་ལྡན་པའི་ཚུལ་གྱིས་སྦྱར་བར་བྱ་བའམ། སྒྲུབ་པ་ཆེན་པོ་ཡུམ་དང་ལྡན་པས་ལས་དང་བྱ་བ་དེ་དག་ཐམས་ཅད་སྒྲུབ་པའི་ཐབས་ཀྱིས་རིམ་པར་སྦྱར་བར་བྱའོ། །དོན་དེ་ཉིད་ཀྱི་ཕྱིར་ན། འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས། །ཡེ་ཤེས་འཁོར་ལོ་ཅན་རྣམས་བསྡུས། །ལྷ་མོ་དབུ་ནི་སྤྲོས་ནས་སུ། །བསྒྲུབ་པར་བྱ་བའི་ལུས་ལ་དགོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་ཆེན་པོའི་དོན་ལ་སྤྱོད་པའི་རྣལ་འབྱོར་པ་འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རིགས་ལྔའི་ཡེ་ཤེས་ཀྱི་འཁོར་ལོ་བཀོད་པ་མ་ལུས་པ་ཀུན་བསྡུས་ནས་བདག་གི་ལུས་ལ་ཞུགས་པ་དང༌། སངས་རྒྱས་སྤྱན་ལ་སོགས་པའི་བུད་མེད་རྣམ་པ་དགུར་གྱུར་པ་ཕྱིར་ཕྱུང༌། ཕྱོགས་བཅུར་སྤྲོས་ནས་ཀྱང་བྱ་བ་དེ་ཙམ་གྱི་སོ་ལ་གཞག་པའམ་མ་ཡིན་ཏེ། དེ་དག་གིས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དོན་མཛད་ནས་སླར་བྱོན་ཏེ། བསྒྲུབ་བྱའི་ལུས་ལ་དགོད་པར་བྱ། །ཞེས་བྱ་བ་རང་གི་གཟུང་རིག་མའི་ལུས་ལ་གཞུག་པར་བྱ་བ་ལ་ནི་དགོད་པར་བྱ་ཞེས་སྨོས་སོ། །དེ་ལྟར་བྱས་པ་ལས་ཇི་ལྟ་བུར་འགྱུར་ཞེ་ན། ཡོངས་སུ་གྱུར་ལས་ཕྱག་རྒྱ་བཞིའི། །དཀྱིལ་འཁོར་དེར་ནི་བརྟག་པར་བྱ། །བདག་ཉིད་དབུས་སུ་གནས་བྱས་ནས། འཁོར་ལོ་ཐམས་ཅད་བསྡུ་བར་བྱ། །ཞེས་གསུངས་ཏེ། དེ་ནས་གཟུངས་རིག་
མ་དེའི་ལུས་ལས་དཀྱིལ་འཁོར་ཕྱག་རྒྱ་བཞི་ཞེས་བྱ་བ་སངས་རྒྱས་སྤྱན་ལ་སོགས་པའི་ཡུམ་བཞི་ཕྱིར་བྱུང་བར་གྱུར་ཏེ། དེ་དག་གིས་ཡུམ་དེ་ལ་ཀུན་ནས་ཡོངས་སུ་གྲུབ་བཞི་པའི་ཚུལ་དུ་བསྐོར་བར་བརྟག་གོ །ལེའུ་དང་པོ་ལས་དམ་ཚིག་གི་དཀྱིལ་འཁོར་གྲུ་བཞི་པར་བྱིན་གྱིས་བརླབས་ཏེ་ཞེས་གསུངས་པ་ཡང་དོན་དེ་ཉིད་དོ། །བདག་ཉིད་དབུས་སུ་གནས་བྱས་ལ། །ཞེས་བྱ་བ་ནི་བདག་ཉིད་ཡུམ་བཞིར་བསྐོར་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་རིགས་མ་དང་གཉིས་སུ་མེད་པར་སྦྱོར་པའི་ཕྲིན་ལས་ལ་གནས་པར་བྱས་ནས། འཁོར་ལོ་ཐམས་ཅད་བསྡུ་བར་བྱ། །ཞེས་བྱ་བ་གཉིས་སུ་མེད་པར་རོལ་པ་སྤྱོད་པའི་བདེ་པའི་སྒྲ་དང༌། ལྷག་པར་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་སྤྲོ་བས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པའི་ཡེ་ཤེས་དཀྱིལ་འཁོར་བཀུག་ཅིང་ལུས་ལ་བསྡུས་ཏེ། བདག་གི་བ་སྤུའི་བུ་གནས་ཞུགས་ཏེ་ལུས་ལ་ཐིམ་པར་བྱའོ། །ཐམས་ཅད་རྡོ་རྗེའི་དངོས་བྱས་ལ། །དེ་འོག་བྱང་ཆུབ་བསྒོམ་པར་བྱ། །ཞེས་བྱ་བ་ནི་དེ་ལྟར་ཐིམ་པ་དང་ལྷག་པ་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་ནས། ཡུམ་གྱི་གསང་པའི་མཁའ་ལ་འབབས་པ་ནི་གསང་པའི་ས་བོན་ཞེས་བྱ་ལ། དེ་ལ་ཡེ་ཤེས་ཀྱི་ས་བོན་ཧོ་ཨོཾ་ཨཱཿཧཱུཾ་ཧོ་ཞེས་བྱ་བའི་ཡི་གེ་དཀར་བ་དང༌། དམར་བ་དང༌། མཐིང་ག་གསུམ་གྱི་མཐའ་ཧོ་དམར་པོ་གཉིས་ཀྱིས་བརྟེན་པ་འཐོན་པ་ཡང་བསམ། བདག་གིས་བརྗོད་ཅིང་དེ་ལ་བསྟིམ་པ་དང་དེ་ལྟར་གསལ་བར་ཡང་བསམ་པ་ནི། ཐམས་ཅད་རྡོ་རྗེའི་དངོས་བྱས་ལ། ཞེས་བྱ་བ་སྟེ། ཡེ་ཤེས་རྡོ་རྗེ་ལྟ་བུའི་དོན་དང་ལྡན་ཞིང་སངས་རྒྱས་ཀུན་གྱི་དངོས་པོ་དེ་ལྟ་བུར་བསྡུ་བ་བྱས་ཤིང་བསྒོམ་པར་བྱའོ། །དེ་ནས་ཡི་གེ་ཧོ་དམར་པོ་དགྱེས་པ་ཆེན་པོ་འདོད་ཆགས་ཀྱི་མེས་ཡི་གེ་གསུམ་དང་ཡབ་ཡུམ་གསང་གནས་སུ་བཅས་པ་ཞུ་སྟེ། འོད་ཀྱི་གོང་བུར་གྱུར་པའམ་དེ་གཉིས་སུ་ན་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོལ་པ་མཛད་པའི་བདེ་བ་ཆེན་པོས་མྱོས་ཏེ། རྣམ་པར་མི་རྟོག་པའི་ངང་དུ་རྨོངས་པར་གྱུར་པ་སྣང་བ་མེད་ཅིང་མཐོང་བ་མེད་པའི་ངོ་བོར་གནས་པ་ལ་ནི། དེ་འོག་བྱང་ཆུབ་བསྒོམ་པར་བྱ། །ཞེས་བྱ་སྟེ། ལྷག་པ་བྱང་ཆུབ་ཀྱི་སེམས་ཡི་གེ་གསུམ་དུ་
གྱུར་པ་མཐའ་བཞག་པའི་ཧོས་བཞུས་པ་དེའི་ཚེ་འོད་ཀྱི་གོང་བུར་གྱུར་པའམ། དེ་ཉིད་ཀྱང་སྣང་མཐོང་མེད་པ་མི་རྟོག་པར་གྱུར་པ་ལ་བྱང་ཆུབ་ཅེས་བྱ་སྟེ། དེ་ལྟ་བུའི་ངང་དུ་ཡང་ནས་ཡང་དུ་གོམས་པར་བསྒོམ་པ་ལ་ནི་རྣམ་པར་བསྒོམ་ཞེས་བྱ་སྟེ། དེ་ལྟར་ཡང་རྩ་པའི་རྒྱུད་ཀྱི་ལེའུ་གཉིས་པ་ལས། དངོས་པོ་མེད་པ་སྒོམ་པ་མེད། །སྒོམ་པ་བསྒོམ་པ་མ་ཡིན་ཉིད། །དེ་ལྟར་དངོས་པོ་དངོས་མེད་དེ། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་པའི་དོན་ཡང་འདི་ཉིད་དེ། མིང་གི་རྣམ་གྲངས་མཆོག་གི་བསྙེན་པ་ཡེ་ཤེས་བདུད་རྩི་ཞེས་ཀྱང་བྱའོ།། ཅིའི་ཕྱིར་ཞེ་ན། འདིར་ནི་རྟག་པ་ཐེར་ཟུག་ཏུ་འཛིན་ཅིང་མཚན་མར་ལྟ་བའི་རྣམ་རྟོག་གི་བདུད་འཇོམས་པའི་རྩི། ཡེ་ཤེས་ལྔའི་ངོ་བོ་སྟོང་པ་ཉིད་བསྒོམས་པའི་བག་ཆགས་ཆོས་ཀྱི་སྐུ་དང་ཉེ་བའི་ཕྱིར་རོ། །དེ་ཡང་སེམས་ཅན་གྱི་གནས་སྐབས་ན་སྲིད་པ་བར་མ་དོའི་དྲི་ཟ་ཉེ་བར་འཁོར་བ་ལྟ་བུའི་སྐྱེ་བ་སྔོན་མ་ནི་ཐལ། ད་དང་ཕྱི་མ་ནི་མ་བླངས། ལེན་ལ་ཁད་པར་ཉེར་བསྡོགས་སུ་གནས་པའོ་ཞེས་སློབ་དཔོན་གཞན་དག་སྨྲའོ། །དེ་ལྟ་བུའི་ངང་དུ་གནས་ན་རང་གི་ལྷ་མོ་མཉེས་པ་དང་འགྲོ་བའི་དོན་བྱ་བ་མི་འགྲུབ་པས་དེ་ལས་བསླང་ཞིང་འགྲོ་བའི་དོན་ལ་གཟུང་བའི་ཕྱིར། བསྐུལ་བའི་གླུ་དབྱངས་བཞི་ཡིས་ནི། །ལྷ་མོས་སྙིང་པོ་བསྐུལ་བ་ཡིས། །ཞེས་གསུངས་ཏེ། ཚད་མེད་པ་རྣམ་པ་བཞི་ཡུན་རིང་པོ་ནས་བསྒོམས་པའི་བག་ཆགས་རྟགས་པ་དང༌། འབྱུང་བ་རྣམ་པ་བཞི་གནས་སུ་དག་ཅིང་སངས་རྒྱས་པར་གྱུར་པའི་རང་བཞིན་ལྷ་མོ་སངས་རྒྱས་སྤྱན་ལ་སོགས་པ་བཞི་གྲྭ་བཞིའི་མཚམས་ན་བཞུགས་པར་རྟག་པར་ཡིད་ལ་བྱེད་ཅིང་སྙིང་ལ་མི་བརྗེད་པར་འཛིན་པ་ནི། གཙོ་བོ་ཡིན་ལ་དེ་ལ་བསྐུལ་ནས་རྣམ་པར་མི་རྟོག་པའི་ངང་ལས་བསླང་བའི་ཕྱིར་རྩ་བའི་རྒྱུད་ཀྱི་ལེའུ་བཅུ་པ་ལས་གསུངས་པའི་དབྱངས་བཞིས་རིམ་པ་བཞིན་དུ་བསྐུལ་བའོ། །གཉིས་སུ་ན་ལྷ་མོ་འདིས་དབྱངས་ཀྱིས་གཙོ་བོའི་ཐུགས་ལ་བསྐུལ་བ་ནི་བསྐུལ་བའོ། །དེ་ལྟར་བསྐུལ་བ་དེའི་ཅིར་འགྱུར་ཞེ་ན། ཡེ་ཤེས་ལྟ་བུར་ལུས་བསྒོམ་མོ། །ཞེས་བྱ་སྟེ། ཡེ་ཤེས་ཀྱི་ཁྱད་པར་ཇི་ལྟ་བུར་དགོངས་ཤིང་དམིགས་པ་བཞིན་དུ་སྐུ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའམ། གཉིས་སུ་ན་ཡེ་ཤེས་གང་གི་
ངོ་བོར་གནས་པ་དེ་ལྟ་བུར་ལུས་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པའམ། གཉིས་སུ་ན་ཡེ་ཤེས་གང་གི་ངོ་བོར་གནས་པ་དེ་ལྟ་བུར་ལུས་ཕྱག་རྒྱ་ཆེན་པོར་བསྐྱེད་པ་སྟེ། དེའི་རིམ་པ་ཡང་འོད་ཀྱི་གོང་བུའམ། རྣམ་པར་མི་རྟོག་པའམ། རིགས་གང་ཡིན་པའི་ཡིག་འབྲུར་གྱུར། དེ་ལས་ཐུགས་མཚན་ཡིག་འབྲུའི་མཚན་མར་གྱུར། དེ་ལས་འོད་འཕྲོས་པས་ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད་བཀུག་ཅིང་སྤྱན་དྲངས་ཏེ། སླར་འདུས་པ་ཐུགས་མཚན་ཡིག་འབྲུར་བཅས་པ་ལ་ཞུགས་ཤིང་ཐིམ་པ་ལས་གང་ལྟར་འདོད་ཅིང་ཇི་ལྟར་བསྒོམས་པའི་ལྷ་དེའི་གཟུགས་སུ་གྱུར་པར་བརྟག་པའོ། །དེ་ལྟར་གྱུར་མ་ཐག་ཏུ། །དུས་གསུམ་རྡོ་རྗེའི་རང་བཞིན་སེམས། །ཞེས་བྱ་བ་ནི་དེའི་ལུས་ངག་ཡིད་གསུམ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་གྱི་དངོས་པོར་བསྒོམ་པར་བྱའོ། །དྲེགས་པས་ཁ་དོག་རྣམ་པར་དབྱེ། །ཞེས་བྱ་བ་ནི་རིགས་ལྔའམ་ལས་བཞིའི་གང་འདོད་པར་བསྒོམ། དེའི་ཏིང་ངེ་འཛིན་གྱིས་སྐུའི་ཁ་དོག་ཀྱང་དེ་བཞིན་དུ་གྱུར་པར་བསྒོམ་མོ། །དེ་བཞིན་ཉམས་ཀྱི་སྙིང་པོ་སྟེ། །ཞེས་བྱ་བ་ནི་རྒྱུ་རྐྱེན་གྱི་ཏིང་ངེ་འཛིན་ཇི་ལྟར་བསྒོམས་པས་དེ་གོམས་པ་མངོན་དུ་གྱུར་པའི་འབྲས་བུ་དེ་བཞིན་དུ་འགྲུབ་པར་བསྟན་པ་ནི་རོ་ཡི་སྙིང་ཞེས་བྱ་སྟེ། དེ་ནི་ཏིང་ངེ་འཛིན་གྱི་རོ་ཉམས་སུ་མྱོང་བའི་མཚན་ཉིད་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་དང་དབྱེར་མེད་པའི་རང་བཞིན་ཆོས་ཀྱི་སྐུ་དང་མི་གཉིས་པར་བསྟན་པའོ། །རྣམ་པར་སྣང་མཛད་ཡེ་ཤེས་ནི། །བདེ་བར་གཤེགས་པའི་ཐུགས་དང་གནས། །ཞེས་བྱ་བ་ལྟ་བུའོ། །དབང་བསྐུར་བས་ནི་རང་གི་རྒྱུ། །ཞེས་བྱ་བ་ནི་ཡབ་ཡུམ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ལྷག་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་སྟེ། དེའི་འབྲས་བུ་ནི་རང་གི་རིགས་ཀྱི་བདག་པོས་དབུ་ལ་བརྒྱན་པའོ། །གཉིས་སུ་ན་རྒྱུ་དང་འབྲས་བུའི་ཚུལ་དུ་དབང་བསྐུར་བས་གཅིག་གི་དབུ་རྒྱན་དུ་གཅིག་གྱུར་པའོ། །བཞི་ཡིས་འབྲས་བུ་ཆེ་བ་ཡིན། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་ཡེ་ཤེས་སེམས་དཔའ་དང་བཞིའི་བྱེ་བྲག་མི་མཐུན་
པ་བསྒོམས་པའི་འབྲས་བུ་ཉིད་ཀྱང་སོ་སོའི་གནས་བཞིན་རང་རང་གི་སྐུ་བཞུགས་པར་སྣང་བའོ། །སྔགས་ཀྱི་ཆོས་ནི་བྱེད་འགྱུར་ལ། །ཞེས་བྱ་བ་ནི་གསང་སྔགས་ཞེས་བྱ་བ་མན་ཏྲའི་སྒྲས་ལྷ་ཕོའི་མཚན་ཉིད་མཚོན་པ་སྟེ། ཡབ་ཀྱི་གསང་གནས་འདོད་ཆགས་ཆེན་པོ་རྡོ་རྗེ་ཆོས་ཀྱི་རང་བཞིན་དབྱེར་མེད་པར་གྱུར་པའི་རྒྱུ་རྩེ་ལྔ་པར་བྱིན་གྱིས་བརླབ་པའོ། རིག་པའམ་ཆོས་ཀྱི་ཕྱག་རྒྱས་སོ། །ཞེས་བྱ་བ་ནི་རིག་སྔགས་ནི་བིདྱཱ་ཞེས་བྱ་བའི་སྒྲས་ལྷ་མོའི་མཚན་ཉིད་མཚོན་པ་སྟེ། ཡེ་ཤེས་ཀྱི་ཡུམ་རིག་མ་མྱུ་གུ་དང་གྲིབ་མ་བཞིན་དུ་བསྐྱེད་པའི་གསང་གནས་ཀྱང་འདོད་ཆགས་ཆེན་པོ་རྣམ་པར་དག་པ། ཆོས་ཀྱི་ཕྱག་རྒྱ་པདྨ་འདབ་མ་བརྒྱད་པར་བསྐྱེད་པའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དྲུག །ཅེས་བྱ་བ་ནི་འཁོར་ལོ་རྒྱུན་མི་འཆད་པར་འཁོར་བ་བཞིན་དུ་དབང་པོ་དང་རྣམ་པར་ཤེས་པ་ཡུལ་ལ་རྒྱུན་མི་འཆད་པར་འཇུག་པའི་མཚན་ཉིད་ཅན་གྱི་མིག་ལ་སོགས་པ་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དྲུག་ཏུ་གྱུར་ཅིང་སྣང་བའོ། །གཙུག་ཏོར་ཞེས་ནི་རྣམ་པར་གྲགས། །ཞེས་བྱ་བ་ནི་གཙུག་ཏོར་རམ་དབལ་སོ་ནི་ཁྱད་པར་དུ་འཕགས་ཤིང་གཞན་ཟིལ་གྱིས་གནོན་པ་སྟེ། དེའི་མཚན་ཉིད་དང་མཚུངས་པ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་སྟེ། ཟག་པ་དང་བཅས་པའི་ཕུང་པོ་རྣམ་པ་དེ་ལྟ་བུར་གྱུར་ཅིང་སྣང་བའོ། །རྫུ་འཕྲུལ་ཆེན་པོ་ལོངས་སྤྱོད་བཞི། །ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞི་ནི་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་འབྱུང་བའི་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་སྟེ། དེའི་མཚན་ཉིད་ནི་སངས་རྒྱས་སྤྱན་ལ་སོགས་པའི་ལྷ་མོ་བཞིར་གྱུར་ཅིང་སྣང་བའོ། །རིག་པའི་རྒྱལ་པོ་ཞེས་བྱར་གྲགས། །ཞེས་བྱ་བ་ནི་ལག་པ་གཡས་གཡོན་ལ་སོགས་པའི་མཚན་ཉིད་ནི་གཤིན་རྗེ་གཤེད་ལ་སོགས་པ་བཞིར་གྱུར་ཅིང་སྣང་བའོ། །དེ་བཞིན་རྡོ་རྗེའི་བདག་པོ་རྣམས། །ཞེས་བྱ་བ་ནི་སྔར་བསྟན་པ་དེ་བཞིན་དུ་གཟུགས་ལ་སོགས་པ་འདོད་པའི་ཡུལ་དྲུག་པོ་ཐམས་ཅད་ནི་རྡོ་རྗེའི་བདག་པོ་སྟེ། སེམས་དཔའ་དྲུག་ལ་དབང་བྱེད་པ། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག་ཏུ་གྱུར་ཅིང་སྣང་བའོ། །འདི་དག་གི་རིམ་པ་ཐོད་རྒལ་དུ་འབྱུང་བ་ནི་རྒྱུད་དཀྲུགས་པའི་མཚན་
ཉིད་ཅན་པས་སྒྲུབ་ཐབས་ཀྱི་རིམ་པ་བཞིན་དུ་རིག་པར་བྱའོ། །ལྷ་འདི་དག་ཀྱང་རང་བཞིན་གྱིས་དཀྱིལ་འཁོར་འབྲས་བུ་མཐར་ཕྱིན་པའི་གནས་སྐབས་ན་ནི་འདི་ལྟར་མངོན་དུ་འགྲུབ་ཅིང་འཁོར་དུ་འཁོད་པར་སྣང་བ་ཡིན་ལ་རྣལ་འབྱོར་པས་ནི་བསྒོམ་ཞིང་བརྟག་པར་བྱ་བའི་རིག་པའོ། །ཕྱག་རྒྱ་བཞིས་བསྐོར་བའི་གཙོ་བོ་རྡོ་རྗེ་སེམས་དཔའ་འདོད་ཆགས་ཆེན་པོའི་མེས་ཞུ་བ་ལ། ལྷ་མོ་བཞིའི་དབྱངས་ཀྱིས་བསྐུལ་ནས་སྐུར་བསྐྱེད་པ་འདི་ཡང་རྩ་བའི་རྒྱུད་ཀྱི་གནས་སྐབས་ན་ནི་རྡོ་རྗེ་འཛིན་ཆེན་པོ་ལས་དཀྱིལ་འཁོར་གྱི་བདག་པོའི་རྒྱུད་འཆད་པའི་སྟོན་པའི་སྐུ་བསྐྱེད་པའི་གཏན་ཚིགས་གསུངས་པ་དེ་འདིས་མཚོན་པར་ཤེས་པར་བྱ་ལ། རྣལ་འབྱོར་པའི་གནས་སྐབས་ན་ནི་བདག་གང་ལ་མོས་ཤིང་སྒྲུབ་པའི་ལྷ་དེ་དང་པོར་རྡོ་རྗེ་འཛིན་ཆེན་པོར་བསྒོམས་པ་འོད་དུ་ཞུ་བའམ། མི་རྟོག་པར་བྱས་པ་ལས་བསྐྱེད་པའི་སྐབས་སུ་བསྟན་པ་ལ་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པོ་འདིས་ནི་སྙེན་སྒྲུབ་བཞིའི་སྒྲུབ་པ་ཆེན་པོ་མཚོན་ཅིང་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བསྒོམས་པའི་ཡོན་ཏན་བསྟན་པའི་ཕྱིར་ན། བསམ་གཏན་རྡོ་རྗེ་ཐམས་ཅད་ལ། །དབང་བསྐུར་བ་ནི་རབ་ཏུ་བསྔགས། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །ཡེ་ཤེས་དང་ནི་ལུས་མཉམ་མོ། །ཞེས་གསུངས་ཏེ། དེ་ལྟར་བསྟན་པའི་བསམ་གཏན་ཏིང་ངེ་འཛིན་རྩེ་གཅིག་པའི་དཀྱིལ་འཁོར་བསྒོམ་ཞིང་དེའི་དོན་དུ་བྱེད་པའི་རིམ་པ་བསྟན་པ་འདི་རྣམས་ཀྱིས་རྣལ་འབྱོར་པ་གང་གི་རྒྱུད་ལ་དེ་ལྟར་གནས་ཤིང་ཞེན་པར་གྱུར་པ་དེ་ནི་དབང་བསྐུར་བའི་དོན་དང་ལྡན་པ་ཡིན་པ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བསྟོད་ཅིང་བསྔགས་པར་མཛད་པ་སྟེ། རང་གི་ཡུལ་དང་ཐབས་གཅིག་ཏུ་གནས་པའི་ཆོ་ག་འདི་ལྟ་བུའི་དོན་ཚང་བར་བྱས་པའི་ཚུལ་གྱིས་ནི། ཡེ་ཤེས་ལུས་དང་ལྷན་ཅིག་ཏུ། །ཞེས་བྱ་སྟེ། བདག་གི་སེམས་དང་དེ་བཞིན་གཤེགས་པའི་ཡེ་ཤེས་སུ་མཉམ་ལ། བདག་གི་ལུས་དང་དེ་བཞིན་གཤེགས་པའི་སྐུར་མཉམ་སྟེ། དབྱེར་མེད་པར་གྱུར་པའམ་གཉིས་སུ་ན་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱིས་ཇི་ལྟར་བསྒོམས་ཤིང་དམིགས་པ་དང༌། མཉམ་པའི་ལུས་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་
ནོ། །དེའི་ཐབས་མདོར་བསྡུས་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །གཉིས་སུ་མེད་པར་སྒྲུབ་བྱེད་པ། །ཞེས་བསྟན་ཏེ། བདག་དང་ལྷ་ཐ་དད་པར་གྱུར་པ་ལ་གཅིག་གིས་གཅིག་ལ་དངོས་གྲུབ་སྦྱིན་པ་ལྟ་བུ་མ་ཡིན་ཏེ། བདག་གི་ལུས་ངག་ཡིད་གསུམ་དང༌། ལྷའི་སྐུ་གསུང་ཐུགས་དང་གཉིས་སུ་དབྱེ་བ་མེད་པར་བསྒོམས་ཏེ། ཐ་མི་དད་པར་བྱས་པའི་སྒོ་ནས་བསྒྲུབ་པར་བྱ་སྟེ། དེ་ནི་སྦྱོར་བའི་རྒྱུད་ལ་ཁྱད་པར་ཡོད་པར་བསྟན་པའོ། །འདི་ལ་ཅིའི་ཕྱིར་སྒྲུབ་པ་ཆེན་པོ་ཞེས་བྱ་ཞེ་ན། དེའི་དོན་བསྟན་པའི་ཕྱིར་ན། སྔར་བཤད་པ་ཡི་རིམ་གྱིས་ནི། རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །བདག་དང་འདྲ་བར་དཀྱིལ་འཁོར་བསྐྱེད། །སྒྲུབ་པ་ཆེན་པོ་ཞེས་བཤད་དོ། །ཞེས་གསུངས་ཏེ། ཏིང་ངེ་འཛིན་གོང་དུ་སྨོས་པའི་རིམ་པ་ཉིད་ཀྱིས་རིག་མ་དང་ལྡན་པའི་རིག་པའི་སྐྱེས་བུ་སྐུ་གསུང་ཐུགས་རྡོ་རྗེ་ཅན་དུ་བསྐྱེད་ནས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དག་གིས་རྩ་བའི་རྒྱུད་བཞིའི་ལེའུ་དང་པོ་ལས་སྨོས་པའི་དཀྱིལ་འཁོར་རིམ་པ་ཇི་ལྟར་བསྐྱེད་ཅིང་འབྱིན་པ་དང༌། དེ་དང་འདྲ་བར་འབྱིན་ནུས་པའི་ཏིང་ངེ་འཛིན་ནམ་ཏིང་ངེ་འཛིན་དེ་དང་ལྡན་པའི་རྣལ་འབྱོར་པ་དེ་ལ་ནི་སྒྲུབ་པ་ཆེན་པོའམ། སྒྲུབ་པ་ཆེན་པོ་དང་ལྡན་པ་ཞེས་བྱའོ། །དེ་ནི་དེ་དག་གི་དོན་བསྡུས་ནས་བསྟན་པའི་ཕྱིར་ན། བསྙེན་པའི་དུས་སུ་གཙུག་ཏོར་ཆེན་པོའི་སྦྱོར་བ་ཉིད་ཀྱི་གཟུགས་སུ་དམིགས་པ་ཉིད་དུ་སྦྱར་རོ། །ཉེ་བར་སྒྲུབ་པའི་དུས་སུ་ནི། བདུད་རྩི་ཐབ་སྦྱོར་བ་ཡི་གཟུགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བསྙེན་པའི་དུས་སུ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཙོར་བྱས་ནས། ཨོཾ་ཤཱུ་ཎྱ་ཏཱ་ཞེས་བྱ་བ་དང༌། དྷརྨ་དྷཱ་ཏུ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ནས་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་པས། དཔལ་རྡོ་རྗེ་འཛིན་ཆེན་པོ་ལ་སོགས་པའི་སྐུ་ཕྱག་རྒྱ་ཆེན་པོ་བསྐྱེད་པ་ལ་ནི་གཙུག་ཏོར་ཆེན་པོའི་གཟུགས་ཞེས་བྱ་སྟེ། དེ་ནི་གཙུག་ཏོར་རམ་དབལ་ལྟ་བུར་ཁྱད་པར་དུ་འཕགས་ཤིང༌། གཞན་ཟིལ་གྱིས་གནོད་པའི་སྟོབས་དང་ཡོན་ཏན་མངའ་བ་སྟེ། དེ་གསལ་བ་ཉིད་དུ་དམིགས་པའི་ཏིང་ངེ་འཛིན་གྱི་སྦྱོར་བས་བསྒོམ་ཞིང་ཡུམ་དང་ཡང་ལྡན་པར་བྱའོ། །འོ་ན་ལེའུ་བཅུ་གཉིས་པ་
ལས། །བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཞེས་འབྱུང་བ་དང་མཐུན་པར་སློབ་དཔོན་ཁ་ཅིག་ན་རེ། བསྙེན་པ་ནི་སྟོང་པ་ཉིད་དུ་བསྒོམ་པའོ་ཞེས་ཟེར་ན། འདིར་ཕྱག་རྒྱ་ཆེན་པོར་བསྐྱེད་པར་གསུང་པ་མི་མཐུན་པ་ཇི་ལྟར་རིག་པར་བྱ་ཞེ་ན། སྨྲས་པ་འདིར་བྱང་ཆུབ་མཆོག་ཅེས་སྨོས་པ་ནི་ཤེས་རབ་དང་སྙིང་རྗེར་འབྲེལ་པའི་ངོ་བོ་སྟེ། ཤེས་རབ་ཀྱིས་སྟོང་པ་ཉིད་ཀྱི་མངོན་པར་བྱང་ཆུབ་པ་བསྒོམས་ནས་སྙིང་རྗེས་ཐབས་ཕྱག་རྒྱ་ཆེན་པོ་མངོན་པར་བྱང་ཆུབ་པར་བསྒོམ་པ་བསྟན་པར་ཟད་ཀྱི་སྟོང་པ་ཉིད་དུ་བསྒོམ་པ་ནི་བསྙེན་པ་ཞེས་བྱ་བའི་སྒྲ་དེ་ཡང་མངོན་པར་འགྱུར་ཏེ། དེ་ལྟར་ཡིན་པའི་གཏན་ཚིགས་རྒྱས་པར་སྔར་བསྟན་ཟིན་ཏོ། །ཉེ་བར་སྒྲུབ་པ་བསྒོམ་པའི་དུས་སུ་ནི་བསྙེན་པ་བསྐྱེད་པའི་ལྷ་དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བཞུགས་པ་ལ་སོགས་ཏེ། ཡན་ལག་བཞི་ལ་ཁྲོ་བོ་བཞི་བསྒོམ་པ་ནི་བདུད་རྩི་འཁྱིལ་པ་ཐ་མར་སྨོས་པ་ལ་ཐུག་གི་བར་དུ་གསལ་བར་བསྒོམ་པ་ལ་བྱ་སྟེ། དེའི་དོན་ཡང་རྒྱས་པར་སྔར་བཤད་པ་བཞིན་དུ་ཤེས་པར་བྱ་སྟེ། གསང་བའི་མཚན་མ་ལ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་བའི་གཟུགས་བསྒོམ་ཞེས་འདྲེས་ཀྱི་རིམ་པའི་མཐའ་གཟུང་བར་ཤེས་པར་བྱའོ། །འོ་ན་ལེའུ་བཅུ་གཉིས་པ་ལས། །ཉེ་བར་སྒྲུབ་པ་གྲུབ་མཆོག་ལ། །རྡོ་རྗེ་སྐྱེ་མཆེད་རྣམ་པར་བརྟག །ཅེས་གསུངས་པའི་དོན་ནི་སྐྱེ་མཆེད་དྲུག་ལ་སེམས་དཔའ་དྲུག་བསྒོམ་པ་འབའ་ཞིག་ཏུ་འབྱུང་ན་འདི་ལྟར་བསྟན་པར་ཇི་ལྟར་རིག་པར་བྱ་ཞེ་ན། སྨྲས་པ། དེ་སྐད་མགོ་སྨོས་པས་མཚོན་ནས་བདུད་རྩི་འཁྱིལ་པ་ལ་ཐུག་གི་བར་དུ་བསྒོམ་མོ་ཞེས་གསུངས་པས་དེར་ནི་འདྲེས་ཀྱིས་རིམ་པའི་མགོ་སྨོས་ལ། འདིར་བསྟན་པས་མཇུག་བསྡུས་པས་ལྷ་ཚང་བར་བསྒོམ་དགོས་པར་མངོན་ཏེ་འགལ་བ་མེད་པར་རིག་པར་བྱའོ། །ཉེ་བར་སྒྲུབ་པའི་དུས་སུ་ནི། བདུད་རྩི་འཁྱིལ་བའི་གཟུགས་ཀྱི་བར། །སྔགས་པ་ཆོ་ག་ཤེས་པ་ཡིས། །སྒྲུབ་པ་རང་ལྷའི་སྦྱོར་བས་བྱ། །ཞེས་བྱ་བ་ནི་སྒྲུབ་པའི་ཚེ་ན་ནི་རྡོ་རྗེ་འཛིན་ཆེན་པོ་ལ་སོགས་རང་གི་ལྷ་སྔར་གང་བསྒོམས་པ་དེའི་རང་བཞིན་དུ་ཏིང་ངེ་འཛིན་གྱིས་དབྱེར་མེད་པར་སྦྱོར་བ་བསྒོམ་སྟེ། སྒྲུབ་པ་ཆེན་པོའི་དུས་སུ་ནི། །
ཞེས་བྱ་བ་ནི། དེའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་ལས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་བསྐྱེད་ལ། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །ཞེས་བྱ་བ་ལ་སོགས་པས་བསྐུལ་ཞིང་གསོལ་བ་གདབ་པ་དང༌། ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བ་ལ་བསྐུལ་བ་དང༌། ལྷའི་དཀྱིལ་འཁོར་ལ་བསྐུལ་བའི་དོན་ལེའུ་བཅུ་གཉིས་པ་ལས། སྒྲུབ་པའི་དུས་ན་བསྐུལ་བར་གསུངས། །སྔགས་ཀྱི་བདག་པོ་བསྒོམ་པར་བྱ། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །གསང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསྒོམ། །ཡེ་ཤེས་རྡོ་རྗེ་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཚིག་ལ་ཁ་བྲག་གཉིས་སུ་སྦྱར་ནས་བཤད་པའི་དོན་རྒྱས་པར་སྔར་བསྟན་པ་ལྟ་བུ་ལ་བྱ་སྟེ། ལྷ་དེ་དང་ཏིང་ངེ་འཛིན་དེས་གཞན་བསྐུལ་ཞིང་རོལ་པའམ་བརྩམ་པར་བྱའོ། །འོ་ན་ཁ་ཅིག་ན་རེ། བསྐུལ་བ་ཁོ་ནའོ་ཞེས་ཟེར། ཁ་ཅིག་ན་རེ། ལུས་ངག་བྱིན་གྱིས་བརླབ་པའོ་ཞེས་ཟེར་ན། དེ་དང་མི་མཐུན་པར་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། འདིར་སྐུ་གསུང་ཐུགས་རྡོ་རྗེ་ལ་བསྐུལ་དགོས་པའི་ཕྱིར་ན་འདི་ལྟར་བསྟན་ཏོ། །སྒྲུབ་པ་ཆེན་པོ་བསྒོམ་པའི་དུས་སུ་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་དཀྱིལ་འཁོར་གྱི་ཡང་མངའ་བདག་རྡོ་རྗེ་འཛིན་ཆེན་པོའམ། རྒྱུད་འཆད་པའི་སྟོན་པ་བྱང་ཆུབ་སེམས་རྡོ་རྗེ་ཡིན་མོད་ཀྱི། འོན་ཀྱང་སྔར་གང་བསྒོམས་པའི་ལྷ་ཉིད་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པའམ། ཡབ་ཡུམ་རོལ་པ་མཛད་པའི་བདེ་བའི་སྒྲས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས། བདག་གི་བ་སྤུའི་བུ་ག་ནས་ཐིམ་པ་ལྷག་པ་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་ཡུམ་གྱི་མཁའ་ལ་བབས་པས། ཡུམ་གྱི་བ་སྤུའི་བུ་ག་ནས་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པར་གྱུར་ཏེ། སླར་བྱུང་བས་བདག་གི་མགོ་བོར་དབང་བསྐུར་ཏེ། ཐིམ་པ་ལས་རང་གི་རིགས་ཀྱི་བདག་པོས་དབུ་ལ་བརྒྱན་པ་སྟེ། འདིའི་དོན་ཡང་རྒྱས་པར་སྔར་བསྟན་པ་ལས་རིག་པར་བྱའོ། །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་ཇི་ལྟར་དབང་བསྐུར་བའི་ཐབས་ཀྱང་སྔར་བསྟན་པ་བཞིན་ནོ། །འོ་ན། གོང་དུ་སྨོས་
པའི་རིམ་གྱིས་ནི། རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །བདག་དང་འདྲ་བར་དཀྱིལ་འཁོར་བསྐྱེད། །སྒྲུབ་པ་ཆེན་པོ་ཞེས་བཤད་དོ། །ཞེས་གསུངས་པ་དེ་དང་མི་མཐུན་པས་འགལ་ལོ་ཞེས་སྨྲས་པ། དང་པོར་བསྙེན་པས་ལྷ་བསྐྱེད་པ་ནས་བཟུང་སྟེ། ཐ་མར་དབུ་རྒྱན་ལ་བདག་པོ་བསྒོམས་པས་དབང་བསྐུར་བ་ལ་ཐུག་གི་བར་དུ་བསྒོམས་ནས། གདོད་གཉིས་སུ་མེད་པའི་རོལ་པ་སྤྱད་པའི་བྱང་ཆུབ་སེམས་རྣམ་གཉིས་དང༌། ས་བོན་རྣམ་གཉིས་དབྱེར་མེད་པ་ལས་གསང་བའི་དཀྱིལ་འཁོར་བསྐྱེད་ཅིང་ཕྱི་རོལ་དུ་སྤྱན་དྲངས་ནས་རྡུལ་ཚོན་དུ་དགོད་དགོས་པས་ན་མི་མཐུན་པ་འགལ་བ་མེད་དོ། །འོ་ན་བསྙེན་སྒྲུབ་བཞི་ཡན་ལག་ཚང་བར་བསྒོམ་པའི་གནས་སྐབས་སོ་སོར་དགོས་པ་དེ་དག་སྒྲུབ་པ་ཆེན་པོའི་སྐབས་སུ་ཚང་བར་བསྒོམ་ཞེས་གསུངས་པ་ཅིའི་ཕྱིར་ཞེ་ན། བསྙེན་པ་ལ་སོགས་པ་བསྒོམ་པའི་སྐབས་སུ་དགོས་པ་དེ་དག་ཀུན་སྒྲུབ་པ་ཆེན་པོའི་སྐབས་སུ་ཚང་བར་བྱ་དགོས་ལ། བསྙེན་པ་ལ་སོགས་པ་གསུམ་པ་ནི་སྒྲུབ་པ་ཆེན་པོའི་སྐབས་ཀྱི་དོན་ཚང་བ་མ་ཡིན་པའི་ཕྱིར་ན། འདི་ལྟར་བསྟན་པ་ལ་འགལ་བའི་ཉེས་པ་མེད་དོ། །ད་ནི་དེའི་ཡོན་ཏན་བསྟན་པའི་ཕྱིར་ན། གཙོ་བོ་སངས་རྒྱས་བདག་པོའི་སྐུ། །འདི་ནི་རྡོ་རྗེ་ཅན་ཀུན་དང༌། །རྣལ་འབྱོར་མཆོག་གི་གསང་བ་ཆེ། །དེ་ལྟའི་རྣམ་ཕྱེས་ཤེས་བྱས་ནས། །ཞེས་གསུངས་ཏེ། དེ་ལྟར་བསྟན་པ་དང་འོག་ནས་འབྱུང་བའི་དོན་འདི་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུ་དབྱེར་མེད་པའི་ཡེ་ཤེས་མངའ་བའི་སངས་རྒྱས་མ་ལུས་པ་ཐམས་ཅད་ཀུན་གྱི་སྤྱོད་ཡུལ་དུ་འགྱུར་གྱི། །ཕལ་གྱིས་རྟོགས་པར་དཀའ་བས་གསང་ཆེན་ཞེས་བྱ་བ་ཡིན་ནོ། །འདི་ལྟར་བསྟན་པ་འདི་ཡང་སངས་རྒྱས་གཅིག་ཁོ་ན་འབའ་ཞིག་བསྒོམས་པས་འགྲུབ་པར་ནུས་ཀྱི་གཞན་གྱིས་མི་འགྲུབ་པ་མ་ཡིན་ཏེ། སངས་རྒྱས་རིགས་སོ་སོ་གང་ཡིན་པའི་ཏིང་ངེ་འཛིན་གྱི་ཆ་དེ་ལྟར་བསྒོམས་པས་དེ་དང་དེའི་སྤྱིའི་རྒྱུད་ལ་མངའ་བའི་དངོས་གྲུབ་མཆོག་གཞན་དང་ཐུན་མོང་དུ་མ་གྱུར་པ་དེ་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །ཞི་བ་མཆོག་གི་དངོས་གྲུབ་ནི། །གཞན་དག་གིས་ནི་མི་འགྱུར་རོ། །དངོས་གྲུབ་མཆོག་ནི་བསྒྲུབ་
པར་བྱ། །ཞེས་པ་གསང་བའི་ཐེག་པའི་ལམ་གྱིས་མངོན་པར་བྱང་ཆུབ་པའི་སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཐེག་པའི་མི་གནས་པའི་མྱ་ངན་ལས་འདས་པ་རང་བཞིན་གྱིས་ཞི་བ་མཆོག་གི་དངོས་གྲུབ་དམ་པ་དེ་ནི་བསྙེན་སྒྲུབ་ཡན་ལག་བཞི་ཕྲུགས་ཤིང་མ་ནོར་བར་བསྒོམ་པའི་ཐབས་འདི་ལྟ་བུ་ལ་འབད་པས་འགྲུབ་པར་འགྱུར་གྱི། དེ་ལས་གཞན་དུ་གྱུར་པའི་ཐབས་དག་གིས་ནི་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ་ཞེས་གསུངས་སོ། །ལ་ལ་ན་རེ། བསྙེན་དུས་གཙུག་ཏོར་ཆེན་པོ་ལས། བདུད་རྩི་ཐབ་སྦྱོར་དང༌། ཡི་དམ་གྱི་ལྷ་དང༌། བྱང་ཆུབ་སེམས་རྡོ་རྗེ་རྣམས་ནི་བསྙེན་སྒྲུབ་ཀྱི་ལྷ་ཞེས་བྱ་སྟེ། དེ་བཞིས་བསྙེན་སྒྲུབ་བཞི་བསྒོམ་པའི་དུས་སུ་བདག་བསྒོམ་པ་དང༌། མཚམས་བཅད་པ་གཉིས་ཀ་ལ་སྦྱར་བར་བྱའོ་ཞེས་ཟེར་ན། ལན་དུ་དེ་ལྟ་ན་ནི་བསྙེན་སྒྲུབ་ཡན་ལག་བཞི་རེ་རེའི་གནས་སྐབས་སུ་ལྷ་རེ་རེ་བསྒོམ་ན་ནི་ལྷ་གཅིག་ལ་བཞི་ཆར་མ་ཚང་ལ། འདི་བཞི་ཁོ་ན་བསྒོམ་ན་ནི་ལྷ་གཞན་དང་མ་འབྲེལ་ཞིང་དེའི་སྐབས་སུ་བགེགས་བསྐྲད་ཅིང་མཚམས་བཅད་དགོས་ན་ཡང་བྱ་བའི་རྒྱུད་ལྟར་རྟོག་པ་ཅན་དུའང་འགྱུར་ལ། ལྷ་གཅིག་ཏུ་ངེས་པར་བཅད་པས་རྒྱུད་ཀྱི་དོན་དང་འགལ་བའི་ཉེས་པར་འགྱུར་བས་མི་རིགས་སོ། །ད་ནི་སྦྱར་བའི་བསྙེན་སྒྲུབ་བཞི་བསྟན་པའི་ཕྱིར་ན་མཉམ་སྦྱོར་ལས། བསྐལ་པ་བྱེ་བར་མི་འགྲུབ་པ། །དེ་འདིར་མྱུར་པར་བསྒྲུབས་ན་འགྲུབ། །ཅེས་གསུངས། འདིར་སངས་རྒྱས་རྣམས་ཀྱིས་བསྐལ་བ་བྱེ་བ་སྟོང་དུ་བྱང་ཆུབ་སེམས་རྣམ་པ་གཉིས་ལ་སྦྱོར་བ་གོམས་པར་བྱས་པས་འབྲས་བུ་བསྙེན་ཞེས་གསུངས་ཏེ། དེ་གཉིས་མི་མཐུན་པ་ནི་ལན་རྒྱུད་སོ་སོ་ཉིད་ལས་གསལ་ལོ། །གཞན་དུ་བསྐལ་པ་བྱེ་བས་ནི། །སངས་རྒྱས་སྐྱོབ་པ་རྣམས་ཀྱིས་ཀྱང༌། །དངོས་གྲུབ་མཆོག་ནི་ཞི་བ་དག །ངེས་པར་འབྱུང་བར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བསྐལ་པ་བྱེ་བ་སྟོང་གི་བར་དུ་བྱང་ཆུབ་སེམས་རྣམ་གཉིས་ལ་སྦྱོར་བ་གོམས་པར་བྱས་པས་བྱང་ཆུབ་སེམས་རྡོ་རྗེ་གྲུབ་པ་བསྙེན་པའི་ཕྱིར་ན། བསྒྲུབ་བྱ་སྒྲུབ་པར་ཡང་དག་སྦྱོར། །གང་ཡིན་དེ་ནི་བསྙེན་པར་བཤད། །
ཅེས་བྱ་བ་བདག་ཡབ་ཡུམ་ཡང་བྱང་ཆུབ་སེམས་རྡོ་རྗེར་འགྲུབ་པར་བྱས་ན། བྱང་ཆུབ་སེམས་རྣམ་གཉིས་སྐྱེ་བ་མེད་པར་སྒྲུབ་པ་ལ་སྦྱོར་བ་ཞེས་པ་ལས་བྱང་ཆུབ་སེམས་རྡོ་རྗེའི་དངོས་གྲུབ་འབྱུང་བ་བསྙེན་པ་ཞེས་སུ་གསུངས། དོན་དམ་པ་བྱང་ཆུབ་སེམས་ཤེས་རབ་ཀྱིས་སྟོང་པ་ཉིད་དུ་བསྒོམ་པ་དང༌། ཀུན་རྫོབ་བྱང་ཆུབ་སེམས་སྙིང་རྗེས་ཐབས་ཕྱག་རྒྱ་ཆེན་པོར་མངོན་པར་བྱང་ཆུབ་པའི་བསྒོམ་པ་ནི་བསྙེན་པའོ། །ཉེ་བའི་བསྙེན་པ་ནི་དེ་ལྟར་བྱང་ཆུབ་སེམས་རྣམ་གཉིས་རྟོགས་པས་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ་པའི་སྒོ་ནས་ཡབ་ཡུམ་རྡོ་རྗེ་དང་པདྨར་སྦྱོར་བ་ལ་བྱ་སྟེ། རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཉེ་བར་སྒྲུབ་པ་ཞེས་བཤད་དོ། །ཞེས་གསུངས་སོ། །སྒྲུབ་པ་ནི། ཡི་གེ་ཧཱུཾ་དང་ཕཊ་ལྡན་པ། །བསྐྱོད་པ་སྒྲུབ་པ་ཞེས་བཤད་པ། །ཞེས་བྱ་སྟེ། ཧཱུཾ་གིས་རྡོ་རྗེ་དང་པདྨ་བསྐྱེད། ཕཊ་ཀྱིས་གསང་ལམ་རྣམས་གཉིས་སྦྱང་ཞིང་པདྨོ་ཁ་ཕྱེ། ཕྱག་རྒྱ་བཞི་དང་ལྡན་པས་ཡན་ལག་བསྐྱོད་པ་སྟེ། ཧཱུཾ་ཕཊ་བསྐྱོད་པ་དང་གསུམ་དུ་ལྡན་པའོ། །སྒྲུབ་པ་ཆེན་པོ་ནི། ངོ་བོ་ཉིད་ནི་ཞི་བདེ་བ། །སྒྲུབ་པ་ཆེན་པོ་ཞེས་བཤད་དོ། །ཞེས་གསུངས་ཏེ། བྱང་ཆུབ་སེམས་རང་བཞིན་ཉིད་ཀྱི་སྒོ་ནས་ཞི་ཞིང་རྣམ་པར་དག་པ་གསང་བའི་མཁའ་ལ་བབས་ནས་ཡབ་ཡུམ་ཡང་བདེ་བ་ཆེན་པོས་མྱོས་ཏེ། དེའི་ངང་དུ་མཚུངས་པར་གྱུར་པའོ། །རྒོལ་བ་པ་ན་རེ་བསྙེན་སྒྲུབ་རྣམ་པ་བཞི་ཞེས་མིང་དང་གྲངས་མཐུན་པ་ལ་ཚིག་མི་མཐུན་པར་སྟོན་པ་ཅིའི་ཕྱིར་ཞེ་ན། སྨྲས་པ། ཐུན་མོང་དང་མཆོག་གི་བྱེ་བྲག་དང༌། ལྟ་བ་དང་སྤྱོད་པ་ལ་དགའ་བའི་དབང་དུ་བྱས་ནས་དེ་ལྟར་བསྟན་པ་ཡང་འགལ་བ་མེད་ཅིང་རིགས་ལ་གཉིས་སུ་ན་སྦྱོར་བ་ཆེན་པོའི་ལུས་ཀྱིས་ཏིང་ངེ་འཛིན་བསྒོམ་པའི་རིམ་པ་ཡན་ལག་རྣམ་པ་བཞིར་ཕྱེ་བ་དེ་ཡབ་ཡུམ་ཞལ་སྦྱོར་ཞིང་གཉིས་སུ་མེད་པའི་རོལ་པ་བརྩམ་པའི་དུས་ན། གནས་སྐབས་དེར་ཡན་ལག་བཞི་ཚང་བར་གསུངས་པ་ཡང་རིགས་པ་སྟེ་འགལ་བ་མེད་དོ། །ད་ནི་བསྙེན་སྒྲུབ་རྣམ་པ་བཞིའི་རང་བཞིན་དང༌། ཡོན་ཏན་དུ་བཅས་པ་བསྟན་པའི་ཕྱིར་ན། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཆེན་པོའི་
གནས། །སངས་རྒྱས་ཀུན་གྱི་ཐབས་ལས་བྱུང༌། །དེ་ཉིད་ཆོས་རྣམས་ཆོས་ཉིད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་སྒྲུབ་ཡན་ལག་རྣམ་པ་བཞིར་བསྟན་པ་འདི་ནི་བདག་གཞན་གྱི་དཔལ་ཟབ་པ་དང་རྒྱ་ཆེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་སངས་རྒྱས་མ་ལུས་པ་ཀུན་གྱི་སྐུའི་བདག་ཉིད་ཕྱོགས་བཅུ་དུས་གསུམ་གྱི་རྡོ་རྗེ་འཆང་བ་མ་ལུས་པ་ཀུན་གྱི་འབྱུང་གནས་དང༌། གཤེགས་ཤུལ་དང་བཞུགས་པར་ཆོས་རྣམས་ཀུན་གྱི་ཆོས་ཉིད་དུས་གསུམ་དུ་འདུས་མ་བྱས་པ་དང་ཡང་ཐ་མི་དད་པ་ཡིན་ནོ། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མ་ལུས་པ་ཀུན་གྱི་སྐུ་དང་ཡེ་ཤེས་སྐྱེད་པར་བྱེད་པའི་རྒྱུའམ། སངས་རྒྱས་ཀུན་གྱི་ཐབས་མཁས་པའི་མཛད་སྤྱོད་ཀྱིས་འགྲོ་བ་སྐལ་བ་ཡོད་པས་སྒྲུབ་པ་དང༌། སྐལ་བ་མེད་པར་ཡང་དེའི་སྒོ་ནས་སམ་བྱིན་གྱི་རླབས་ཀྱིས་ཁམས་གསུམ་འཁོར་བ་ལས་སྒྲོལ་བར་བྱེད་པའི་ལམ་དང༌། གྲུ་གཟིངས་སམ་བཞོན་པར་གྱུར་པ་ཡིན་ཏེ། དོན་དེ་ཉིད་ཀྱི་ཕྱིར་ན། ལས་དང་རྗེས་མཐུན་གང་གང་གིས། །རྣལ་འབྱོར་པ་ཡི་སྦྱོར་བ་དམིགས། །དཀྱིལ་འཁོར་དེ་དང་དེ་བསྐྱེད་ན། །དམ་ཚིག་མི་ཟད་བསྒོམ་པར་བྱ། །ཞེས་གསུངས་ཏེ། ལྷ་གང་དང་གང་བསྒོམ་ཞིང་བསྒྲུབ་པའམ། ལས་གང་དང་གང་བརྩམ་པར་འདོད་ན་ཡང་དངོས་པོ་དེ་ལ་རྗེས་སུ་མཐུན་པར་དེ་ལྟར་འདོད་པའི་རྣལ་འབྱོར་པ་དེས་ཏིང་ངེ་འཛིན་དང་ལས་ཀྱི་སྦྱོར་བ་དམིགས་ཤིང་བསྒོམ་པའམ། བརྩམ་པར་བྱས་ནས་འགྲུབ་པར་འགྱུར་ལ། དེའི་ཐབས་ཀྱང་དང་པོར་ལྷ་གང་བསྒོམ་པ་དང༌། ལྷ་གང་བརྩམ་པའི་ལྷ་དེའི་དཀྱིལ་འཁོར་ཐམས་ཅད་མ་ལུས་པར་བསྐྱེད་ཅིང་གསལ་བར་བསྒོམས་ནས། དམ་ཚིག་མི་ཟད་བསྒོམ་པར་བྱ། །ཞེས་པ་དེ་ཉིད་ཀྱི་དམ་ཚིག་བསྲུངས་ན་དེ་བཞིན་དུ་གང་འདོད་པ་འགྲུབ་པས་ན་མི་ཟད་ཅེས་བྱ་སྟེ། དེ་ཡང་ཐེག་པ་འོག་མ་པ་ལྟར་ལུས་དང་ངག་གཙོར་བྱས་ནས་བསྲུང་བ་མ་ཡིན་གྱི། སེམས་གཙོར་བྱས་ནས་ཏིང་ངེ་འཛིན་གྱིས་བསྲུང་དགོས་པས་ན་བསྒོམ་པར་བྱ་ཞེས་གསུངས་པའོ། །དེ་ལྟར་བསྟན་པའི་བསྙེན་སྒྲུབ་ཡན་ལག་བཞི་པོ་དེའི་དཀྱིལ་འཁོར་བསྐྱེད་ཅིང་སྦྱོར་བ་བསྒོམ་པ་དེའི་ཚེ་དམ་ཚིག་བསྲུང་
པར་གསུངས་པ་དེ་ཡང་ཇི་ལྟ་བུ་ཞེ་ན། དེ་ཉིད་ཀྱི་ཕྱིར་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དམ་ཚིག་དང་པོ་བསྲུང་བར་བྱ། །དེ་ནས་གཙུག་ཏོར་དམ་ཚིག་ནི། །ཆོ་ག་ཇི་སྐད་གསུངས་ལས་བྱུང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྙེན་སྒྲུབ་ཡན་ལག་རྣམ་པ་བཞི་ཏིང་ངེ་འཛིན་ལ་མ་ཞུགས་པའི་སྔོན་རོལ་ནས་དམ་ཚིག་བསྲུང་བར་བྱ་སྟེ། དེ་ཡང་སྐུ་གསུང་ཐུགས་རྣམ་པ་གསུམ་གྱི་དམ་ཚིག་གམ། ཡང་ན་གཙུག་ཏོར་བྱ་བ་སངས་རྒྱས་ལ་སྨྲ་བའི་སྒྲ་ཡིན་པས། གཙོ་བོ་བྱང་ཆུབ་སེམས་རྡོ་རྗེའམ། རིགས་ལྔའི་དམ་ཚིག་སྒོ་གསུམ་མམ། སེམས་ཉིད་ལེགས་པར་སྦྱངས་ལ་འདི་ཉིད་ལས་ཆོ་ག་ཇི་སྐད་གསུངས་པ་བཞིན་དུ། ལས་དང་གང་གང་རྗེས་མཐུན་པས། །རང་གི་དཀྱིལ་འཁོར་འབར་ཚིམ་བྱ། །ཞེས་བྱ་སྟེ། གང་བསྒོམ་ཞིང་བསྒྲུབ་པ་དང༌། གང་བརྩམ་པར་འདོད་པ་དེའི་ལས་དང་རྗེས་སུ་མཐུན་པར་བདག་གིས་དཀྱིལ་འཁོར་གསལ་བར་བསྐྱེད་ཅིང་དེ་དང་གཉིས་སུ་མེད་པར་བསྒོམ་པར་བྱའོ། །ད་ནི་ཞུས་ཚིག་ལྔ་བཅུ་ང་ལྔ་པ། རྣལ་འབྱོར་རྡོ་རྗེ་ཅན་ཀུན་གྱིས། །བཀའ་ནི་ཇི་ལྟར་བསྒོམ་པར་བགྱི། །ཞེས་པའི་ལན་ནི་འདི་ཡན་ཆད་དུ་གསུངས་པ་དང༌། འདི་མན་ཆད་འབྱུང་བ་དེ་བཞིན་དུ་བཀའ་སྩལ་པ་ཡིན་པས་དཀྱིལ་འཁོར་རྣམ་པ་གསུམ་གྱི་རང་བཞིན་དུ་བསྒོམ་པའི་རྣལ་འབྱོར་པས། སྟོན་པར་ཇི་སྐད་གསུངས་པའི་དོན་འདི་བཞིན་དུ་རང་གི་སློབ་མ་དང་སྔགས་ཀྱིས་ངེས་པར་འབྱུང་བའི་སྐལ་པ་ཡོད་པའི་གདུལ་བྱ་ལ་བཀའ་སྩལ་པར་བྱའོ། །ཞེས་སྤྱིར་སྦྱར་བར་བྱའོ། །ལ་ལ་ན་རེ། བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །ཞེས་བྱ་བ་ནས། སྔགས་དང་དེ་ཉིད་དངོས་གྲུབ་པའོ། །ཞེས་པའི་བར་གྱི་ཚིགས་བཅད་ཕྱེད་དང་བཞིས་བསྙེན་སྒྲུབ་ཡན་ལག་བཞི་མཇུག་བསྡུས་པ་བཞིན་དུ་བཀའ་སྩལ་པར་བྱའོ།། ཞེས་ཟེར་ན། དེ་ཡང་འགལ་བ་ནི་མེད་ན་སྔར་བསྟན་པ་ཉིད་རིགས་པར་སྣང་ངོ༌། །ད་ནི་ཞས་ཚིག་ལྔ་བཅུ་དྲུག་པ་སྟེ་ཐ་མ་ཞི་བ་ལ་སོགས་པའི་ལས་ཆ་ཕྲ་བ་སྣ་ཚོགས་པ་རྣམས་ཇི་ལྟར་བགྱི་ཞེས་པའི་ལན་དུ། བསྒྲུབ་བྱའི་ལུས་ངག་ཡིན་པ་ལའང༌། །དཀྱིལ་འཁོར་རྣམ་
པར་བསྒོམས་ནས་སུ། །དེ་ཡི་ལུས་གནས་འཁོར་ལོ་ལ། །དེ་ཡི་ཉེས་པ་བསྒྲག་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུལ་བྱ་གཞན་ལ་ཕན་གདགས་པ་དང༌། གནོད་པར་བྱ་བ་གཉི་གའི་ཐབས་ཁ་བྲག་གཉིས་སུ་བཤད་དེ། དེ་ཡང་དང་པོར་ཕན་གདགས་པའི་ཐབས་བསྟན་ཏེ། ཡམས་དང་ཉེ་བར་འཚེ་བ་ཀུན། །ཞེས་བྱ་བ་བསྒྲུབ་བྱ་གང་ཡང་རུང་བ་གང་ཞིག་གི་ལུས་སེམས་ཀྱི་རྒྱུད་ལ་གདོན་འབྱུང་པོས་ཟིན་ཏམ། ནད་ཀྱིས་བཏབ་པར་གྱུར་པ་དེའི་ལུས་ལ་ཡང་ཏིང་ངེ་འཛིན་གྱི་སྦྱོར་བ་འདི་ལྟ་བུ་མངོན་དུ་བྱ་སྟེ། དེ་ཡི་ཉེས་པ་བསྒྲག་པར་བྱ། །ཞེས་པ་སྔར་གསུངས་པ་བཞིན་དུ་ཕུང་པོ་ལྔ་རིགས་ལྔ་ལ་སོགས་པ་ནས་བདུད་རྩི་འཁྱིལ་པ་ལ་ཐུག་གི་བར་དུ་ལྷའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམས་ནས་བསྒྲུབ་བྱ་དེའི་ལུས་ཀྱི་རང་བཞིན་དུ་གནས་པའི་འཁོར་ལོ་དེ་ལ་བསྒྲུབ་བྱ་དེའི་རྒྱུད་ལ་གནོད་པའི་བགེགས་སམ་ནད་ཀྱི་གནོད་པའི་ཉེས་པ་དེ་དག་ཀྱང་གནས་པར་བསྒོམ་པར་བྱའོ། །དེ་ནས་དེ་རྣམས་དེས་བཅོམ་ནས། །བྱུང་བར་གྱུར་པར་རབ་བསྒོམས་ནས། །དངོས་གྲུབ་ཐམས་ཅད་དྲངས་ནས་ཀྱང༌། །རང་གི་འཁོར་ལོ་ཕུར་བུས་གདབ། །ཞེས་བྱ་བ་ནི་དཔེར་ན་མར་ཁོལ་བ་དང་ཆུ་ལྷན་ཅིག་ན་གནས་པར་མི་བཏུབ་པ་བཞིན་དུ་ལྷའི་དཀྱིལ་འཁོར་དང་ནད་བགེགས་ཀྱི་ཉེས་པས་གནོད་པ་བྱེད་པའང་ལྷན་ཅིག་ཏུ་གནས་པར་མི་རུང་སྟེ། གཅིག་གནས་ན་གཅིག་འགག་པའམ་གཅིག་གིས་གཅིག་སྤོང་བར་བྱེད་པར་བསྟན་ཏེ། གོང་མ་ལྟ་བུར་སྒོམ་པར་བྱེད་པའི་སྔགས་མཁན་ནི་རྣལ་འབྱོར་པ་དེའི་བགེགས་སམ། ནད་ཀྱི་གནོད་པ་དེ་ནི་ལྷའི་དཀྱིལ་འཁོར་བསྒོམས་པ་དེས་བཅོམ་ཞིང་བསལ་ཏེ། གདོན་ནམ་ནད་ཀྱི་ཉེས་པ་དེ་ནི་བསྒྲུབ་བྱ་དེའི་ལུས་ལ་ཕྱི་རོལ་དུ་འབྱུང་བར་བསྒོམས་ནས་གདོན་དང་ནད་ཀྱི་དངོས་པོ་གང་ཡིན་པ་དེ་དག་མ་ལུས་པར་ཐམས་ཅད་ལྕགས་ཀྱུས་དྲངས་པ་དང༌། ཞགས་པས་བཅིང་བ་ལ་སོགས་པ་བྱ་སྟེ། དེ་དག་ཀྱང་ཞགས་པས་དྲངས་པ་ཙམ་གྱི་སར་གཞག་པའང་མ་ཡིན་ཏེ། འོ་ན་ཇི་ལྟ་བུར་བྱ་ཞེ་ན། དེ་རྣམས་ཀྱི་ནི་ཕུར་བུས་གདབ། །ཅེས་ཏེ། རང་གི་མཐུས་སྐུ་
གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་བསྒོམས་པ་ལ་འཁོར་ལོ་ཞེས་བྱ་སྟེ། དེའི་ཕུར་བུས་བགེགས་སམ་ནད་ཀྱི་ཉེས་པ་དེ་དག་ལ་གདབ་པོ། །གཉིས་སུ་ན་བགེགས་སམ་ནད་ཀྱི་ཉེས་པ་དེ་རང་གི་ངོ་བོ་ལས་ཐ་དད་དུ་འཁོར་ལོ་ཞེས་བྱ་སྟེ། དེ་པུར་བུས་གདབ་པར་བྱ་བའོ། །ཁ་བྲག་གཉིས་པ་གཞན་ལ་གནོད་པ་བྱ་བ་ཐབས་སུ་བསྟན་པ་ནི། བསྒྲུབ་བྱའི་ལུས་ངག་ཡིན་པ་ལའང༌། །དཀྱིལ་འཁོར་རྣམ་པར་བསྒོམས་ནས་སུ། །དེ་ཡི་ལུས་གནས་འཁོར་ལོ་ལ། །དེ་ཡི་ཉེས་པ་བསྒྲག་པར་བྱ། །ཞེས་བྱ་བར་གང་ཞིག་ལ་གནོད་པར་བྱ་བར་འདོད་པའི་བསྒྲུབ་བྱ་ཡོད་ན་བདག་ཉིད་ལྷའི་དཀྱིལ་འཁོར་དུ་རྣམ་པར་བསྒོམ་ཞིང་བསྒྲུབ་བྱ་དེའི་ལུས་ལ་ཡང་ལྷའི་དཀྱིལ་འཁོར་རྣམ་པར་བསྒོམས་ནས། དེའི་ལུས་དང་སེམས་ཀྱི་ངོ་བོར་གནས་པ་ལ་ཐ་སྙད་དུ་འཁོར་ལོ་ཞེས་བྱ་སྟེ། དེ་ལ་བསྒྲུབ་བྱ་དེ་ཡི་སྒོ་གསུམ་ནས་གཞན་ལ་གནོད་པ་ཅི་དང་ཅི་བྱས་པའི་ཉེས་པ་དེ་དག་ཡང་བག་ཆགས་སྟུག་པོ་དབྱིབས་མི་མཐུན་པར་གནས་ཤིང་ཆགས་པར་བསྒོམ་པར་བྱའོ། །དེ་ནས་དེ་རྣམས་དེས་བཅོམ་ནས། །བྱུང་བར་གྱུར་པ་རྣམ་པར་བསྒོམ། །ཞེས་བྱ་བ་དེ་ལྟར་བསྒོམས་པའི་མཁན་པོ་རྣལ་འབྱོར་པ་དེའི་སྡིག་ཅན་གྱི་ལུས་སེམས་ཀྱི་རྒྱུད་ཉེས་པ་དང་བཅས་པ་དེ་ནི་བདག་གིས་བསྒོམས་པ་དང་དེ་རང་གི་རྒྱུད་ལས་བསྒོམས་པ་དེས་བཅོམ་སྟེ། དེའི་སེམས་ཉེས་པའི་བག་ཆགས་དང་བཅས་པ་དེ་ནི་ལུས་ཀྱི་བ་སྤུའི་བུ་གནས་ཕྱིར་བྱུང་བར་རབ་ཏུ་བསྒོམས་ནས། སེམས་ཀྱི་དངོས་པོ་ལུས་དང་བཅས་པ་མ་ལུས་པ་ཐམས་ཅད་ལྕགས་ཀྱུས་བཀུག་ཅིང་ཞགས་པས་བཅིངས་པ་ལ་སོགས་པ་བྱས་ནས་རང་གི་རྒྱུད་ལྷའི་དཀྱིལ་འཁོར་དུ་བསྒོམས་པའི་འཁོར་ལོ་ཕུར་བུས་གདབ་པར་བྱའོ་ཞེས་བསྟན་ཏོ། །ཆོ་ག་དེ་ལས་གཞན་ཡང་བསྟན་པའི་ཕྱིར། ཇི་སྐད་གསུངས་པའི་རྫས་རྣམས་ཀྱིས། །དེ་ཡི་གཟུགས་བརྙན་བྱས་ནས་ནི། ཁྲོས་པས་ཁྱབ་པའི་སེམས་ཀྱིས་ནི། །རྐང་པས་མཚན་མ་མནན་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་རྩ་བའི་རྒྱུད་ལས་ཇི་སྐད་གསུངས་པའི་རྫས་གྲོག་མཁར་གྱིས་དང༌། དུར་ཁྲོད་ཀྱི་སོལ་བ་དང༌། རྐང་རྗེས་ཀྱི་ས་ལ་སོགས་པ་དང་ལྡན་
པ་བསགས་པ་ལ་བསྒྲུབ་བྱ་གང་ཡིན་པ་དེའི་གཟུགས་བརྙན་བྱ་སྟེ། ཁྲོ་བོ་གང་ཡང་རུང་བའི་ཏིང་ངེ་འཛིན་དུ་བསྒོམས་པའི་སེམས་ཀྱིས་མཚན་མའི་གཟུགས་ཀྱི་ལིང་ག་དེ་བདག་གི་རྐང་པས་ཀུན་དུ་ཁྱབ་པར་མནན་ནས། དེ་ནས་བཀའ་མནོས་ཁྲོ་བོ་ནི། །སྣ་ཚོགས་ཚོགས་ཀྱིས་བསྐོར་བ་རྣམས། །སྒྲུབ་པ་རྡོ་རྗེ་ཅན་གྱིས་ནི། །བསྒྲུབ་བྱ་གསད་ཕྱིར་གཏང་བར་བྱ། །ཞེས་གསུངས་ཏེ། དེ་ཡང་རྩ་བའི་རྒྱུད་ལས་བདག་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཕྱུང་བ་དང༌། འོད་ཟེར་གྱི་ཀྱོ་བས་ཕྱོགས་བཅུའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ་བདག་གི་དྲུང་དུ་ལྷགས་ནས་ཁྲོ་བོས་བདག་ལ་བཀའ་ནོད་ཅིང་ཅི་བགྱི་ཞེས་བདུད་རྩི་འཁྱིལ་བའི་འཁོར་ཁྲོ་བོ་དང་ཁྲོ་མོ་དང༌། མགོ་བརྙན་དང༌། ཕོ་ཉ་དང༌། མགོ་བརྙན་མོ་དང༌། གཅན་གཟན་ཕོ་དང༌། གཅན་གཟན་མོ་དང༌། འདབ་ཆགས་ཕོ་མོ་ལ་སོགས་པ་གཟུགས་ཐ་དད་ཅིང་ཆ་ལུགས་སྣ་ཚོགས་པ་འཇིགས་ཤིང་སྐྱི་བུང་བར་བྱེད་པའི་ཚོགས་ཀྱིས་བདག་ཉིད་ལ་བསྐོར་བ་དང་དེ་ཉིད་ཀྱི་ཕྱིར་ན། ཁྲོ་བོའི་རྒྱལ་པོ་དེས་བསྐོར་ནས། །དེ་ནི་བཅིང་ཞིང་བརྡེག་པ་དང༌། །དེ་ནས་བརྡུངས་ཤིང་སྐྲག་གྱུར་པ། །སྒྲུབ་པ་པོས་ནི་དགུག་པར་བྱ། །ཞེས་གསུངས་ཏེ། དེ་ནས་ཁྲོ་བོ་དང་ཁྲོ་མོའི་ཚོགས་དེ་དག་གིས་བསྒྲུབ་བྱ་དེ་ནི་ཞགས་པ་དང༌། ལྕགས་སྒྲོག་ལ་སོགས་པས་ལུས་བཅིངས་ཤིང་ཐོབ་དང་གཏུན་ཤིང་ལ་སོགས་པས་དྲག་པར་བརྡེགས་པས་ལུས་སེམས་ཀྱི་རྒྱུད་ཀུན་དུ་འཇིགས་ཤིང་སྐྲག་པར་གྱུར་ནས་དེ་མ་ཐག་ཏུ་ལྕགས་ཀྱུ་ལ་སོགས་པའི་འཕྲོ་འདུས་བསྒྲུབ་བྱ་བཀུག་ཅིང་དྲང་བར་བྱ་སྟེ། དེས་ཅི་བྱེད་ཅེ་ན། རྡོ་རྗེ་གསུམ་གྱི་སྔགས་ཀྱིས་ནི། །དེ་ཡི་གཟུགས་བརྙན་ལ་ཕབ་ནས། །སྔགས་པས་རྡོ་རྗེ་དག་གིས་ནི། །སྤྱི་བོ་མགྲིན་པ་སྙི་ག་རུ། །ཕུར་བུའི་སྔགས་ཀྱིས་ཕུར་བུ་གདབ། །ཅེས་གསུངས་ཏེ། སྔར་བཤད་པའི་གཟུགས་བརྙན་ལ་ཕབ་ནས་ཞགས་པ་དང་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་དང་སྔགས་ཀྱིས་དབྱེར་མེད་པར་བྱས་ནས་ངག་གི་གནས་མགུལ་བ་དང༌། དེ་བཞིན་དུ་སེམས་ཀྱི་གནས་སྙིང་ག་དང༌། ལུས་ཀྱི་གནས་སྤྱི་བོ་གསུམ་དུ་སྔགས་ཀྱི་ཕུར་བུས་བཏབ་ལ་སྒོ་གསུམ་གྱི་རྟེན་མེད་པར་བྱའོ། །ཇི་
ལྟ་བུར་བསྒོམས་པའི་ཕུར་བུས་བཏབ་ཅེ་ན། སྐུ་གསུང་ཐུགས་རྡོ་རྗེ་རྣམ་པ་གསུམ་དུ་བསྒོམས་ཤིང་བྱིན་གྱིས་བརླབས་པའི་ཕུར་བུས་གདབ་པར་བྱའོ། །གཞན་ཡང་བསྒྲུབ་བྱ་དེ་ལ་ཡང་དང་ཡང་དུ་གནོད་པ་བསྐྱེད་པར་བྱ་བ་དང༌། ཡུལ་སོ་སོ་ན་གནས་པའི་སེམས་ཅན་རྣམས་ལ་མི་མ་ཡིན་པས་གནོད་པ་བསལ་ཅིང༌། སྙིང་བརྩེ་བ་ཆེན་པོས་ཕན་གདགས་པའི་ཕྱིར་ན། ཡམས་ནད་ཉེ་བར་འཚེ་བ་དང༌། །ཡུལ་དུ་སྣ་ཚོགས་འབྱུང་བ་ཀུན། །གཟུགས་དེ་ལ་ནི་གདབ་བྱ་ཞིང༌། །དེ་རྣམས་རང་གི་ཕུར་བུས་གདབ། །ཅེས་གསུངས་ཏེ། རིམས་ཚ་གྲང་གི་ཡམས་དང༌། རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་ཀྱིས་སེམས་ཅན་རྣམས་ལ་ཉེ་བར་འཚེ་བ་དང༌། ཡུལ་དུ་དེ་ལྟ་བུའམ་འཁྲུག་པ་ལ་སོགས་པའི་ཉེས་པ་སྣ་ཚོགས་པ་འབྱུང་བ་ཀུན་ཡང་ཏིང་ངེ་འཛིན་གྱི་འཕྲོ་འདུ་དང༌། ཕྱག་རྒྱ་ལྕགས་ཀྱུ་ལ་སོགས་པ་དང་། དེའི་སྔགས་ཀྱིས་དྲངས་ཤིང་བཀུག་ནས་སྔར་བཤད་པའི་གཟུགས་དེ་ལ་གདབ་ཅིང་དབྱེར་མེད་པར་བྱ་སྟེ། དེ་རྣམས་ཀྱང་རང་གི་ཕུར་བུས་གདབ་པར་བྱ་བ་སྐུ་གསུང་ཐུགས་རྡོ་རྗེའི་ཕུར་བུས་སམ། རྣམ་པ་གཅིག་ཏུ་ཀཱི་ལ་ཡ་བཅུ་གཉིས་པའི་རྒྱུད་སོ་སོའི་འདུལ་ཐབས་དང་མཐུན་པའི་ཕུར་བུ་གསུངས་པ་དེ་དག་གིས་གདབ་པར་བྱའོ། །ལས་ཕྲ་མོ་གཞན་རྣམས་ཀྱི་ཐབས་ཉིད་བསྟན་པའི་ཕྱིར་ན། དེ་ནས་སྦྱོར་བ་ཐམས་ཅད་ནི། །ཆོ་ག་ཇི་སྐད་གསུངས་པ་བཞིན། །ཐབས་དང་སྦྱོར་གྱི་རྒྱུད་ལ་སོགས། །ལས་ཀྱི་བྱེ་བྲག་ཏུ་ནི་སྦྱར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྐབས་ཀྱི་དེ་མ་ཐག་པ་སྟེ། གང་དུ་གསུངས་པའི་ལས་དེ་དག་བརྩམས་པའི་དེ་མ་ཐག་གམ། རྗེས་ཐོགས་སུ་ལས་ཆེ་ཕྲའི་སྦྱོར་བ་གང་དང་གང་བརྩམ་པར་འདོད་ན་ཡང་དེ་དག་ཐམས་ཅད་བརྩམ་པའི་ཐབས་ནི། །རྩ་བའི་རྒྱུད་དམ་སྒྲུབ་ཐབས་གཞན་ལས་ཆོ་ག་ཇི་སྐད་གསུངས་པ་དེ་བཞིན་དུ། ཐབས་དང་སྦྱོར་གྱི་རྒྱུད་ལ་སོགས། །ཞེས་གསུངས་ཏེ། ལས་ཇི་ལྟ་བུར་བརྩམ་ཞིང་སྒྲུབ་པའི་ཐབས་དང་གང་ལ་དམིགས་པའི་དོན་དུ་སྦྱོར་བའི་ཏིང་ངེ་འཛིན་གྱིས་བསམ་རྒྱུད་དང༌། སོགས་ཀྱི་སྒྲས་དམ་རྫས་དང༌།
ཡོ་བྱད་གཏོར་མ་ཁ་དོག་ཇི་ལྟ་བུར་བསགས་པ་དག་བསྡུས་ཏེ། དེ་དག་གི་རིགས་ནི་ཞི་བ་ལ་སོགས་པའི་ལས་ཀྱི་བྱེ་བྲག་ཆེ་ཕྲ་གང་བརྩམས་པ་དེ་ནི་བཞེད་བཞིན་དུ་སྦྱར་ལ་བཤམ་པར་བྱའོ། །དོན་དེ་ཉིད་ཀྱི་ཕྱིར་ན། མཚན་མ་མནན་ནས་བཟླས་པའམ།། སྦྱིན་སྲེག་ཁྲོ་བོའི་དཀྱིལ་འཁོར་རམ། །གདུག་པའི་སེམས་ཅན་བསམ་གཏན་གྱིས། །བཟའ་བ་རུ་ནི་བརྟག་པར་བྱ། །ཞེས་གསུངས་ཏེ། རོ་དཀྲིས་པའི་རས་སམ་གྲོ་གའམ། ཤོག་ཤོག་གམ། ཤིང་ནི་མ་པའི་ལོ་མའམ་ཏཱ་ལའི་ལོ་མ་ལྟ་བུ་ལ་གཟུགས་ཀྱི་མཚན་མ་ལྟ་བུའམ་མིང་རུས་བྲིས་པའམ། དུར་ཁྲོད་ཀྱི་སོལ་བའམ་གྲོག་མཁར་གྱི་སའམ་རྐང་རྗེས་ཀྱི་ས་ལ་སོགས་པ་ལ་གཟུགས་ཀྱི་མཚན་མའི་ལིང་ག་བྱས་ལ། དེའི་ལུས་དང་ཡན་ལག་ལ་རྣལ་འབྱོར་པའི་རྐང་པའམ། ཕྱག་མཚན་གྱིས་མནན་ནས་དགུག་ཅིང་གཟིར་བ་དང༌། གསད་པའི་སྔགས་བཟླས་པ་བྱ་བའམ་བྱ་བའི་སྒྲས་དེ་གཅིག་པུར་ཡང་མ་ཟད་ཐབས་གཞན་ཡང་ཡོད་པར་བསྟན་པ་སྟེ། གང་ཞེ་ན། ཁྲོ་བོའི་དཀྱིལ་འཁོར་དུ་སྦྱིན་སྲེག་བྱ་ཞིང༌། མཆོད་རྫས་དང་བསྒྲུབ་བྱའི་གཟུགས་སུ་བཅས་པའི་བསྲེག་པའི་ལས་བྱས་པའམ། དམ་ཚིག་ལ་སྡང་ཞིང་སེམས་ཅན་ལ་གདུག་པའི་ཏིང་ངེ་འཛིན་དུ་སྦྱོར་བའི་བསམ་གཏན་གྱིས་དགུག་ཅིང་བསད་ལ། ཤ་ཁྲག་བཟའ་བ་བརྟག་པ་ཡང་ལས་ཀྱི་བྱེ་བྲག་དང་སྦྱར་ལ་བྱའོ། །ལས་རྣམ་བཞི་གང་རྩོམ་ཡང་གོ་མ་ནོར་བར་བྱ་དགོས་པའི་ཕྱིར་ན། ཞི་བ་ལ་ནི་ཞི་བའི་སེམས། །རྒྱས་པ་ལ་ཡང་རྒྱས་པ་སྟེ། །དབང་ལ་ཆགས་པའི་ཡིད་བྱ་ཞིང༌། ཁྲོལ་གཏུམ་པའི་ཡི་གེས་བསྒྲུབ། །ཅེས་གསུངས་ཏེ། ཞི་བའི་ལས་བརྩམས་པ་ལ་ནི་རྫས་དང་ཡོ་བྱད་དཀར་པོ་དང༌། མངར་གསུམ་བསགས་ནས་ཞི་བའི་སེམས་ཀྱི་ཏིང་ངེ་འཛིན་དང་ལྡན་པས་བདག་གཞན་ལ་གནོད་པ་དང༌། རྒྱལ་ཁམས་ཀྱི་འཁྲུག་པ་དང༌། ནད་ཡམས་ལངས་པ་ལྟ་བུ་དང་ངན་སོང་གསུམ་གྱི་སྡུག་བསྔལ་དང་ཉོན་མོངས་པ་ཐམས་ཅད་ཞི་བར་བྱའོ། །རྒྱས་པའི་ལས་བརྩམ་པ་ལ་ནི་རྫས་དང་ཡོ་བྱད་སེར་པོ་བསགས་ལ་རྒྱས་པའི་ཏིང་ངེ་འཛིན་དང་ལྡན་པས་སངས་རྒྱས་ཀྱི་བསྟན་པ་དང༌། ཚེ་དང་དཔལ་དང་
དབང་ཐང་དང༌། ལོངས་སྤྱོད་དང༌། འབྱོར་པ་དང༌། ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱའོ། །དབང་གི་ལས་བརྩམ་པ་ལ་ནི་རྫས་དང་ཡོ་བྱད་དམར་པོ་བསགས་ལ། ཆགས་པའི་ཡིད་དང་ལྡན་པའི་ཏིང་ངེ་འཛིན་མངོན་དུ་བྱའོ། །བདག་ལ་མི་འཚེ་བ་དང་། གནོད་པ་དང༌། ལྷ་མ་ཡིན་དང༌། ཀླུ་གདུག་པ་ཅན་ལྟ་བུ་དབང་དུ་བྱས་ལ་དམ་ཚིག་སྦྱིན་ནོ། དྲག་པོའི་ལས་བརྩམ་པ་ལ་ནི་རྫས་དང་ཡོ་བྱད་ནག་པོ་བསགས་ལ། ཁྲོ་ལ་གཏུམ་པའི་ཡི་གེས་བསྒྲུབ། །ཅེས་བྱ་བ་རྒྱ་གར་གྱི་སྒྲ་ལ་ཨཀྵར་ཟེར་ན་ཡི་གེར་ཡང་འགྱུར་ལ། མི་འགྱུར་བ་ཞེས་ཟེར་ཏེ། ཁྲོ་ལ་གཏུམ་པའི་ཏིང་ངེ་འཛིན་དུ་གནས་པ་ལས་གཞན་དུ་མི་འགྱུར་བར་བྱས་ལ། སེམས་རྩེ་གཅིག་པ་དེ་ལྟ་བུས་གང་འདོད་པའི་ལས་བསྒྲུབ་ཅེས་པའི་དོན་ཏོ། །དེ་ཡན་ཆད་དུ་ཞུས་ཚིག་ལྔ་བཅུ་རྩ་དྲུག་ལན་དང་བཅས་པར་བཤད་ཟིན་ཏོ། །