ལེའུ་བཅུ་བདུན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་རྡོ་རྗེའི་བྱིན་གྱིས་རླབས་ཀྱི་རྒྱལ་པོ་ཞེས་བྱ་བ་སྟོན་པ།
ལེའུ་བཅུ་བདུན་པ་ལས་བསྟོད་པ་བསྟན་པ་འདི་ནི་དཀྱིལ་འཁོར་རམ་ཏིང་ངེ་འཛིན་བསྒོམ་པ་དག་ཏུ་ཡང་ཀུན་དུ་སྦྱར་བར་བྱའོ། །དེ་ལ་འདིའི་རང་བཞིན་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོ་དེ་ཉིད་རིགས་ལྔའི་ངོ་བོ་ཉིད་དུ་གནས་པ་ཡིན་ལ། རིགས་དེ་དག་ཀྱང་རིགས་དང་ཡེ་ཤེས་དང་རང་བཞིན་དང་ཕྱག་རྒྱ་དང་མི་རྣམས་ཀྱི་སྒོ་ནས་བསྟོད་པར་ཤེས་པར་བྱའོ། །དེ་ལ། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་རང་བཞིན་ལས་སོ་སོའི་
དམ་ཚིག་བསྲུང་བ་བསྟན་པའོ། །དེ་ལ་སྐུའི་དམ་ཚིག་ནི། སངས་རྒྱས་ཡེ་ཤེས་རྒྱ་མཚོ་ཡིས། །དམ་ཚིག་བཞི་ནི་བསྲུང་བར་བྱ། །ཤ་ཆེན་རྟག་ཏུ་བཟའ་བར་བྱ། །ཞེས་གསུངས་ཏེ། དེ་ལ་དམ་ཚིག་བཞི་ནི་སྲོག་གཅོད་པ་དང་མ་བྱིན་པར་བླང་བ་དང་བརྫུན་དང་འདོད་པ་སྤྱོད་པ་སྟེ་བཞིའོ། དེ་དག་ཀྱང་ཇི་ལྟ་བའི་མན་ངག་བཞིན་དུ་བསྲུང་བའོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་རོ། །འདི་གསུམ་ནི་ཟས་ཀྱིས་ཕྱེ་བ་སྟེ། ཤ་ཆེན་ཟ་བ་དང་བཤང་གཅི་ཟ་བ་དང་ཁུ་ཁྲག་ཟ་བ་སྟེ་བདུད་རྩི་རྣམ་པ་ལྔ་སྐུ་གསུང་ཐུགས་སུ་སྤྱད་པ་ཡིན་ཏེ། དམ་ཚིག་འདི་དག་ནི་རྣལ་འབྱོར་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་དུས་སུ་འདི་དག་ལ་བྱའོ། །རང་སངས་རྒྱས་ཀྱི་དམ་ཚིག་ནི། །དེ་དག་ལུས་ཀྱིས་སྟོན་པ་ཡིན། །ཞེས་པ་ལ་སོགས་པ་སྟེ། རང་སངས་རྒྱས་ནི་ལུས་ཀྱི་སྒོ་ནས་ཆོས་སྟོན་གྱི་ངག་གིས་མ་ཡིན་ཏེ། དེ་ལྟ་བུའི་དམ་ཚིག་ནི་སྐུ་རྡོ་རྗེ་གནས་པ་སྟེ། དེ་ལྟ་བུས་སེམས་ཅན་འདྲེན་པའོ། །དམ་ཚིག་འདི་དག་ཀྱང་རང་རང་གི་དམ་ཚིག་རྣམས་ཀྱང་ཇི་ལྟར་སྨོས་པ་དེ་བཞིན་ཡིན་ཏེ། སྟོན་པས་ཀྱང་དེ་དག་དང་མཐུན་པར་སྟོན་ཞིང་དོན་མཛད་དོ་ཞེས་སྤྱིར་ཤེས་པར་བྱའོ། །ཉན་ཐོས་ཀྱི་དམ་ཚིག་ནི། །དགེ་བ་བཅུ་ཡི་ཆོས་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་དགེ་བ་བཅུའི་ཆོས་རྣམས་ནི་བྱེད་ཅིང་སྤྱོད་པ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་ས་ལ་གནས་པ་ཡེ་ཤེས་སྤངས་པ་ཐབས་དང་ཤེས་རབ་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་མ་མོས་པས་མོས་པ་དམན་པའོ། །ཚངས་པའི་དམ་ཚིག་ནི་བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་པས་ལྷག་མཐོང་གི་ཤེས་རབ་དང་བྲལ་བའི་ཕྱིར་གཏི་མུག་གི་ལས་ཀྱི་ལམ་རྣམ་པ་གང་རྣམས་བྱེད་པའོ། །འདོད་པའི་ཡོན་ཏན་ལ་དགྲ་དང་ཟུག་རྡུར་ལྟ་བས་འཇིགས་ཤིང་མི་སྡུག་པའོ། །དེ་ལྟ་བུའི་ཐབས་ཀྱིས་འདྲེན་པས་བྱང་ཆུབ་སྟོན་པས་ཏེ་དེ་ལྟ་བུའི་སྐུ་རྡོ་རྗེའོ། །ཁ་ཅིག་ན་རེ་ཚངས་པ་ཞེས་སྨོས་པ་ནི་སྐུ་རྡོ་རྗེའི་མིང་གི་རྣམ་གྲངས་ཏེ། འདི་ལྟར་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་ཉན་ཐོས་ཞི་བ་ཕྱོགས་གཅིག་ལ་གནས་པ་འཁོར་བ་དགྲ་དང་ཚེར་མར་ལྟ་བ་རྣམས་ལ་སངས་རྒྱས་ཀྱི་སྦྱོར་བས་བསྐུལ་ནས་རྫོགས་པའི་བྱང་ཆུབ་སྟོན་པས་ཏེ་འོག་
མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ་ཞེས་བྱ་བར་འདོད་དོ། །དྲང་བའི་དམ་ཚིག་ནི། ཁམས་གསུམ་གྱི་བུད་མེད་ལུས་ངག་ཡིད་གསུམ་ལ་གནས་ཤིང་བྱུང་བ་རྣམས་སྐུ་གསུང་ཐུགས་ཀྱི་ངོ་བོར་སྦྱར་བར་བྱའོ། །བིཥྞུའི་དམ་ཚིག་ནི་སེམས་ཅན་རྣམས་སྐུ་གསུང་ཐུགས་ཀྱི་ངོ་བོར་སྒྲོལ་བའོ། །མདོར་ན་འདི་གསུམ་ནི་སྐུ་གསུང་ཐུགས་ཀྱི་སྒོ་ནས་འགྲོ་བའི་དོན་ཕྱེད་པའི་ཚུལ་ལོ། །གནོད་སྦྱིན་དང་གནོད་སྦྱིན་མོའི་དམ་ཚིག་ནི་ཤ་དང་བུད་མེད་ལ་དགའ་བ་སྟེ། འདི་ནི་སྒྲུབ་པ་འམ་དེ་དག་གི་དོན་བྱ་ན་ཡང་དེ་ལྟར་བྱ་སྟེ་འོག་མ་ཀུན་ལ་ཡང་དེ་བཞིན་དུ་སྦྱར་རོ། །གླུ་ཡི་དམ་ཚིག་བསྟན་པ་ལ། །གཞན་དུ་ངེས་པར་ཉོན་མོངས་འགྱུར། །ཞེས་བྱ་བ་ནི་དམ་ཚིག་ལྟར་མ་བྱས་ན་འདུལ་བར་མི་འགྱུར་བ་སྟེ་ཀུན་ལ་ཡང་དེ་བཞིན་དུ་སྦྱར་རོ། །སེམས་ཅན་ཀུན་ལ་ཕན་འདོད་པའི། །དམ་ཚིག་མ་ལུས་སྤྱད་པར་བྱ། །ཞེས་བྱ་བ་ནི་འགྲོ་བ་དྲང་བའི་ཐབས་སུ་སོ་སོའི་དམ་ཚིག་བསྟན་པ་སྟེ་འདི་དག་གིས་དྲང་ཞིང་གདུལ་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་དག་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་དེ་དག་དགའ་བ་ཡིན་ཏེ། དེའི་ཕྱིར། ངོ་བོ་ཉིད་ཀྱིས་ཀུན་འབྱུང་བ། ཁམས་གསུམ་དག་ན་རྣམ་པར་སྤྱོད། །ཅེས་གསུངས་སོ། །ད་ནི་སྐུ་གསུང་ཐུགས་ཀྱི་དམ་ཚིག་རེ་རེ་ལ་ཡང་སྐུ་གསུང་ཐུགས་ཀྱི་དབྱེ་བ་དང་ལྡན་པར་སྟོན་ཏེ། ལུས་ཀྱི་རྣམ་པ་གསུམ་ཐམས་ཅད་ནི། །རྡོ་རྗེ་འདྲ་བར་རབ་ཏུ་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ལུས་ཀྱི་ལས་སམ་བདག་ཉིད་རྣམ་པ་གསུམ་ནི་དུག་གསུམ་གྱི་བདག་ཉིད་ཡིན་ལ། དེ་ཉིད་སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིན་པས་སྐུའི་བདག་ཉིད་ཀྱི་སྐུ་གསུང་ཐུགས་ཏེ། ངག་དང་ཡིད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ད་ནི་སྐུ་གསུང་ཐུགས་ཀྱི་སྡོམ་པ་དང་ལྡན་པ་དེས་གང་ལ་ཡང་ཕྱག་མི་བཙལ་བར་བསྟན་ཏེ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་ཉན་ཐོས་དེ་བཞིན་ཏེ། །སྐུ་གསུང་ཐུགས་སུ་སྦྱོར་བ་ན། །ཕྱག་འཚལ་ན་ནི་མ་རུངས་འགྱུར། །ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་བསམ་གཏན་གྱི་སྦྱོར་བ་ནི་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་རྡོ་རྗེ་ལ་རྡོ་རྗེ་བསྒོམས་ནས་གསང་སྔགས་བཟླས་སོ་ཞེས་བྱ་བའི་དོན་ཏོ། །གསང་སྔགས་དེ་ཡང་གང་གིས་ཇི་
ལྟར་བྱ་ཞེ་ན། སེམས་ཅན་ཁམས་རྣམས་མདོ་རུ་ནི། །བསམ་གཏན་རྡོ་རྗེས་བསྐུལ་བར་བྱ། །རྡོ་རྗེ་གསུམ་གྱིས་ཕྱག་འཚལ་མཆོག །དམ་ཚིག་རྡོ་རྗེ་ལས་བྱུང་བའོ། །ཞེས་གསུངས་ཏེ་དེ་ལ་གང་བསྐུལ་ཞེ་ན། སེམས་ཅན་རྣམས་ཞེས་སྨོས་ཏེ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཐམས་ཅད་བསྐུལ་བར་བྱའོ། །གང་གིས་ཤེ་ན། བསམ་གཏན་རྡོ་རྗེ་ཞེས་སྨོས་ཏེ། གོང་དུ་བསྟན་པའི་བསམ་གཏན་རྡོ་རྗེ་ཉིད་ཀྱིས་སོ། །གསང་སྔགས་གང་གིས་ཤེ་ན། རྡོ་རྗེ་གསུམ་གྱིས་ཕྱག་འཚལ་མཆོག །ཅེས་བྱ་སྟེ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱི་ཡི་གེ་ཨོཾ་གྱིས་བསྐུལ་ཏེ། དེའི་སྐུ་གསུང་ཐུགས་ཉིད་ལས་བྱུང་བའི་ཕྱིར་དམ་ཚིག་རྡོ་རྗེ་ལས་བྱུང་བའོ་ཞེས་སྨོས་པ་ཡིན་ནོ། །བསྙེན་སྒྲུབ་བཞི་ཡི་སྡོམ་པ་ནི། །རྡོ་རྗེ་བཤང་གཅིས་ནམ་མཁའི་དབྱིངས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་དོན་ནི་བསྙེན་སྒྲུབ་བཞིའི་ཏིང་ངེ་འཛིན་དང་ལྡན་པ་ན་བདུད་རྩི་ལྔ་དང་ལྡན་པས་མཆོད་པའི་སྡོམ་པ་དང་ལྡན་པར་བྱ་བ་ཉིད་དོ། །མི་སྣང་བ་ཡི་དམ་ཚིག་ནི། །དུས་བཞིར་ཇི་ལྟར་ཆོ་ག་བཞིན། །ཞེས་གསུངས་ཏེ། འདིར་ཏིང་ངེ་འཛིན་གྱིས་ཤེས་རབ་མ་བསྐྱེད་ནས་དེ་དང་རིག་པའི་བརྟུལ་ཞུགས་སྤྱོད་ཅིང་བྱང་ཆུབ་སེམས་ཀྱི་རྫས་འཕྲོག་པའོ། །དེ་ལ་མི་སྣང་བ་ཞེས་སྨོས་པ་ནི་སྦ་བར་བྱ་བའི་བརྡ་ཚིག་སྟེ་ལྷ་མོ་ཉིད་ལ་བྱའོ། །རྣམ་གཅིག་ཏུ། ཡང་ན་རྫས་ཀྱང་རྟག་ཏུ་དབྲོག །ཅེས་བྱ་བ་ནི་ཏིང་ངེ་འཛིན་གྱིས་བསྐྱེད་པའི་ཤེས་རབ་ལས་གཞན་པ་རང་བཞིན་གྱིས་གྲུབ་པའི་ཕྱག་རྒྱ་དངོས་བཙལ་བའོ། །ནམ་མཁའི་རིག་འཛིན་གྱི་དམ་ཚིག་ནི་དབུ་རྒྱན་བསམ་པ་སྟེ། རྒྱས་བཏབ་པ་ནི་རིག་པ་འཛིན་པའི་ཕྱིར་རོ། །སྔགས་འཆང་ལས་དང་པོ་པའི་དམ་ཚིག་ནི། ལུས་ཀྱི་རྡོ་རྗེ་ཁ་ཟས་དང༌། །ཕྱི་རོལ་རྡོ་རྗེ་འཛིན་པ་དང༌། །རྡོ་རྗེ་ཆོས་ལ་རྟག་པར་ནི། །སྔགས་སྟོན་ཆོ་ག་སྤྱད་པར་བྱ། །ཞེས་བྱ་བ་གསུངས་ཏེ། དེ་ལ་ལུས་ཀྱི་རྡོ་རྗེ་ཁ་ཟས་ལ་སྤྱད་པ་དང༌། ཕྱི་རོལ་རྡོ་རྗེ་འཛིན་པ་ལ་སྤྱད་པ་དང༌། རྡོ་རྗེ་ཆོས་ལ་སྤྱོད་པ་ནི་རྟག་ཏུ་སྔགས་སྟོན་པའི་ཆོ་ག་བྱའོ་ཞེས་པའི་དོན་ཏེ། དེ་ལ་ལུས་ཀྱི་རྡོ་རྗེ་ཁ་ཟས་ནི་ཟས་ཏེ་འདི་དག་ལ་བདུད་རྩིའི་ཏིང་ངེ་འཛིན་གྱི་ཆོ་གས་སྤྱད་པར་བྱའོ། །ཕྱི་རོལ་རྡོ་རྗེ་འཛིན་པ་ནི་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་ལ་རྡོ་རྗེ་འཛིན་གྱི་རང་བཞིན་གྱི་
ལྟར་བརྟགས་ཏེ་སྤྱད་པ་དང༌། རྡོ་རྗེ་ཆོས་ཏེ་ཤེས་རབ་ཀྱི་བདག་ཉིད་ལ་ཇི་ལྟ་བའི་ཆོ་གས་བྱིན་གྱིས་བརླབ་ཅིང་སྤྱད་པ་ཡིན་ཏེ། དེ་ལྟར་སྐུ་གསུང་ཐུགས་སུ་གོམས་པར་བྱ་བ་ནི་ལས་དང་པོ་པའི་དམ་ཚིག་ཡིན་ནོ། །ཁ་ཅིག་ན་རེ་ལུས་ཀྱི་རྡོ་རྗེ་ཁ་ཟས་ནི་བྱིན་གྱིས་བརླབས་པའི་ཟས་དངོས་སོ། །ཕྱི་རོལ་རྡོ་རྗེ་འཛིན་པ་ཞེས་བྱ་བ་ནི་བནྡྷའི་ཕྱི་རོལ་ན་ཡོད་པའི་རྡོ་རྗེ་ཧཱུཾ་གིས་མཚན་པའོ། །རྡོ་རྗེ་ཆོས་ལ་ཞེས་བྱ་བ་ནི་བནྡྷའི་འོག་ན་གནས་པའི་ཨ་དང་མེ་དང་རླུང་ལ་སོགས་པ་སྟེ། དེ་ལྟ་བུའི་རང་བཞིན་དེ་ལ་རླུང་གིས་མེ་སྦར་དེས་བནྡྷའི་བདུད་རྩི་དངོས་གཞི་བསྲེགས་ཧཱུཾ་གིས་རྡོ་རྗེ་ལས་བྱང་ཆུབ་ཀྱི་སེམས་བྱུང་བ་ཨོཾ་དུ་བསྡུས་ཏེ་བནྡྷར་ཐིམ་པས་བདུད་རྩིར་བྱིན་གྱིས་བརླབས་པ་ལ་ནི། སྔགས་སྟོན་ཆོ་ག་སྤྱད་པར་བྱའོ། །ཞེས་ཟེར་རོ། དེ་སྐད་ཅེས་བཀའ་སྩལ་ནས་ཅང་མི་གསུང་བར་གྱུར་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཅང་མི་གསུང་བའི་དོན་ཞུས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ། སྟོན་པ་ཅང་མི་གསུང་བའི་དགོངས་པ་བཀའ་སྩལ་ཏེ་བརྗོད་དུ་མེད་པའི་དོན་ལ་བརྗོད་ན་ལོག་པར་རྟོག་པ་འཛིན་པའི་གནས་སུ་གྱུར་པས་མི་གསུང་བ་ཉིད་ཀྱི་སྒོ་ནས་བསྟན་ཏོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་དུ་དོན་ལ་ཕྱིན་ཅི་ལོག་ཏུ་རྟོག་པར་ དོགས་པ ་མི་མཛད་པར་བཀའ་སྩལ་ཏུ་གསོལ། དེ་ཅིའི་སླད་དུ་ཞེ་ན། ཚིག་འདི་ནི་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །བཀའ་སྩལ་པ་ཡང་ཅིའི་སླད་དུ་ཞེ་ན། ཚངས་པ་ལ་སོགས་པ་མངོན་པར་ཤེས་པའི་ཡེ་ཤེས་དང་ནི་ལྡན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཇི་ལྟ་བ་ནི་མི་ཤེས་པ་རྣམས་འདི་སྙམ་དུ་རྟོག་སྟེ་ཅི་དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མངོན་པར་མཁྱེན་ནས་བཀའ་སྩལ་ལམ། འོན་ཏེ་མི་མཁྱེན་ན་བཀའ་མི་སྩལ་སྙམ་དུ་རྟོག་པ་སྲིད་པས་དེའི་ཕྱིར་བཀའ་སྩལ་དུ་གསོལ་ཞེས་ཞུས་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བའི་ཡི་གེ་ནི་མི་མཁྱེན་པ་ཉིད་ཡིན་ཏེ་ཤེས་སུ་མེད་པའི་ཕྱིར་ཞེས་གསུངས་སོ། །ཁ་ཅིག་ན་རེ་ཤེས་ནས་གསང་བའི་ཡི་གེ་ངོ་བོ་ཡོད་པར་འཆད་དམ་མེད་པར་འཆད་ཅེས་རྟོག་པར་འགྱུར་བས་ངོ་བོ་
ཉིད་མི་ཤེས་པའི་ཕྱིར་འདིའི་ངོ་བོ་ཉིད་ཤེས་པར་མཛད་དུ་གསོལ་ཞེས་ཞུས་པ་ལ། དེ་དག་ནི་ངེད་ཀྱིས་ཀྱང་མི་ཤེས་ཏེ། ཤེས་སུ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་ཀུན་གྱིས་ཕྱག་བྱས་ནས། །ཞེས་བྱ་བས་ནི་གསང་སྔགས་ཀྱི་རིག་པའི་སྐྱེས་བུ་བསྒོམ་པར་ཞུ་བ་ཕུལ་བའོ། །དེ་ནས་བཀའ་སྩལ་པ་ནི། མཁའ་དབྱིངས་འཁོར་ལོའི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། འདི་ནི་རྒྱས་བཏབ་པའི་སྦྱོར་བ་སྟེ་བསྒོམས་ན་དངོས་གྲུབ་འགྲུབ་པ་ཉིད་དུ་བསྟན་པ་ཡིན་ཏེ། དེ་ལ་འདིའི་ཚུལ་ནི་ནམ་མཁའི་དབུས་སུ་དཀྱིལ་འཁོར་རྫོགས་པར་བསྒོམས་ཏེ། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་སྐུ་རྡོ་རྗེ་ཞལ་གསུམ་རྣམ་པར་གཡོ་བ་ཕྱག་ན་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་རིན་པོ་ཆེ་དང་རལ་གྲི་དང་དྲིལ་བུ་བསྣམས་པ་བསྒོམས་ཏེ། སྤྱི་བོར་རྡོ་རྗེ་དབུ་རྒྱན་གྱིས་རྒྱས་བཏབ་པར་བསྒོམས་ན་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་ཏེ། དེ་བཞིན་དུ་ལྷ་ཐམས་ཅད་ལ་ཡང་རང་གི་རིགས་ཀྱི་དབུ་རྒྱན་གྱིས་མཚན་པར་བསྒོམས་ན་དངོས་གྲུབ་ཏུ་འགྱུར་གྱི་རྒྱས་མ་བཏབ་ན་ནི་དངོས་གྲུབ་ཏུ་མི་འགྱུར་བའི་དོན་ཏོ། །ཐབས་དང་ཤེས་རབ་ཀྱི་སྦྱོར་བས་རྒྱལ་པོ་མཉེས་པར་བྱས་ན་སྐུ་གསུང་ཐུགས་ཀྱིས་མཚན་པའི་རྒྱལ་བ་ཁྱུ་མཆོག་རྣམས་མཉེས་པར་འགྱུར་བ་ནི་སྦྱོར་བའི་མཆོད་པའོ། །རང་གི་ལུས་ངག་སེམས་རྡོ་རྗེ་ལ་ལྷའི་སྐུ་གསུང་ཐུགས་ཕྱག་རྒྱའི་དོན་ཆོ་ག་བཞིན་དུ་བརྟགས་ཤིང་བསྒོམས་ན། དེའི་ཆོས་ཉིད་ཀྱིས་སངས་རྒྱས་ཐོབ་པོ་ཞེས་བྱ་བ་ནི་རྡོ་རྗེ་གསང་བ་བསྒྲུབ་པའི་གཏན་ཚིགས་སོ། །བྱང་ཆུབ་དོན་དུ་གཉེར་བར་འདོད་ན་ལག་པའི་ཕྱག་རྒྱ་སྤངས་ཏེ། སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་གྱིས་གྲུབ་པར་འགྱུར་བ་ལས་ནི་སངས་རྒྱས་མི་འདའོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཉིད་བསྔགས་པར་བསྟན་པའོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་མི་སྨད་པར་བསྟན་པ་ནི་ཇི་སྐད་སྨོས་པ་བཞིན་དུ་དང་དུ་བླང་ཞིང་ཚིག་ཙམ་དུ་ཡང་མི་སྨད་པར་བསྟན་ཏེ་ཚུལ་ནི་སྔར་བཞིན་ནོ། །ཐུགས་ཀྱི་དམ་ཚིག་མགུ་ཞིང་ཚིམ་པ་ཉིད་དུ་བྱ་ཞེས་བྱ་བ་ནི་གསད་པ་ཉིད་དུའོ། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །ཞེས་
བྱ་བ་ལ་སོགས་པས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པའི་བདག་ཉིད་བསྟན་ཏེ། དེ་ལ། མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི། །རྡོ་རྗེ་འཛིན་པ་དེ་ཉིད་ཡིན། །ཞེས་བྱ་བ་ནི་ནམ་མཁའ་རྡོ་རྗེ་འཛིན་ཉིད་དུ་བསྟན་པ་སྟེ། འདིར་ལེའུ་དང་པོ་ནས། ནམ་མཁའ་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཞེས་འཁོར་དུ་བསྟན་པ་ནི་འགལ་ལོ་ཞེ་ན། ལེའུ་དང་པོའི་སྐབས་སུ་ནི་ཀུན་དུ་བཟང་མོ་ནམ་མཁའི་རང་བཞིན་ཡིན་པས་འཁོར་དུ་སྨོས་པ་ནི་འགལ་བ་མེད་ལ། དེ་ནམ་མཁའ་གནས་ཀྱི་ངོ་བོ་ཉིད་ཡིན་པས་ཕྱག་རྒྱར་བཀོད་པ་ནི་མེད་དོ། །འདིར་ནི་རྡོ་རྗེ་འཛིན་པའི་རང་བཞིན་དུ་བསྟན་པ་ཡང་དེའི་རང་བཞིན་ཉིད་ཡིན་ཏེ་འདི་ལ་ཆོས་ཅན་གཅིག་པའི་རྟོག་པ་མི་བྱ་སྟེ། གང་ཡང་དེ་བཞིན་གཤེགས་པ་ནི་རྫས་ཀྱི་ཆོས་ཁོ་ན་ལ་ངེས་པར་གནས་པ་ནི་མེད་དེ་ཕུང་པོའི་ལྷ་དང་སྐྱེ་མཆེད་ཀྱི་ལྷ་དང་འབྱུང་བའི་ལྷ་དག་ཡིན་ནོ། །ཁ་ཅིག་ན་རེ་ནམ་མཁའ་ལ་ཡང་ཆོས་ཅན་དང་ཆོས་ཉིད་དུ་བཏགས་ནས་དབྱེ་བ་བྱས་ཏེ་འདི་ཉིད་ཀྱི་བྱེ་བྲག་ཡོད་དོ་ཞེས་ཟེར་རོ། །དོན་དུ་ནི་བཏགས་ནས་བྱེ་བྲག་ཏུ་བྱས་པ་ལ་དངོས་པོར་གྲུབ་པ་ནི་ངོ་བོ་ཉིད་ཀྱིས་མེད་པ་ཡིན་ནོ། །དེ་དག་མན་ཆད་ནི་གོ་སླ་བསམ་བཤད་དོ། །ཀུན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཉོན་ཅིག་ཅེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་ཐབས་བསྟན་ཏེ། དེ་ལ་གང་ཟག་ཤིན་ཏུ་དམན་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་པ་ཡིན་ལ། ཏིང་ངེ་འཛིན་གྱི་མཐུ་ཡོད་པ་རྣམས་ཏིང་ངེ་འཛིན་ལ་བརྟེན་ཏེ་དབང་ནོད་པ་ཡིན་ནོ། །དེ་ལ། ནམ་མཁའ་དབྱིངས་ཀྱི་དབུས་བསམ་པ། །གྲུ་བཞི་ལྷམ་པ་རབ་ཏུ་བཟང༌། །ཞེས་བྱ་བ་ནི་དབང་བསྐུར་བའི་གནས་ཏེ། ནམ་མཁའི་དབྱིངས་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་གྲུ་བཞི་ལྷམ་པའི་གཞལ་ཡས་ཁང་རྫོགས་པར་བསྒོམ་པའོ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ཡིས། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་རྫོགས་པར་བསྒོམས་པས་སོ། །དེས་ཅི་ཞིག་བྱ་ཞེ་ན། བསམ་གཏན་རྡོ་རྗེས་བསྐུལ་བར་བྱ། །ཞེས་གསུངས་ཏེ་སྔོན་དུ་བསྟན་པའི་བསམ་གཏན་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ལྷ་རྣམས་བསྐུལ་ཏེ་སྤྱན་དྲང་ངོ༌། །
དཀྱིལ་འཁོར་དུ་འཇུག་པ་ཡང་ལྷ་དང་དབྱེར་མེད་པའི་ཏིང་ངེ་འཛིན་དུ་བསྒོམས་པས་དཀྱིལ་འཁོར་དུ་གཞུག་པར་བྱ་བའི་ཕྱིར། རྡོ་རྗེའི་དཀྱིལ་འཁོར་བསམ་གཏན་གྱིས་འཁོར་ལོ་ཅན་ཀུན་དུ་གཞུག་པར་བྱ་ཞེས་གསུངས་པ་ཡིན་ནོ། །མཆོད་པ་བྱ་བ་ཡང༌། མཆོད་པའི་ཆོ་ག་དེ་ཉིད་ཀྱིས། །བློ་དང་ལྡན་པས་རྟག་ཏུ་བྱ། །ཞེས་གསུངས་པ་ཡིན་ནོ། །དབང་བསྐུར་བ་ཡང༌། སློབ་དཔོན་སྙིང་གར་བསྒོམས་ནས་ནི། །དབང་བསྐུར་བ་ནི་བརྩམ་པར་བྱ། །ཞེས་གསུངས་ཏེ་སློབ་དཔོན་ལྷའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆེན་པོ་གསལ་བར་བསྒོམས་པའི་སྙིང་གར་སློབ་མ་ཞུགས་ཏེ་ལྷ་དང་དབྱེར་མེད་པའི་ཏིང་ངེ་འཛིན་དུ་བྱས་ཏེ་གནས་པ་ལ་དབང་བསྐུར་བ་བརྩམ་པར་བྱའོ། །དབང་ཇི་ལྟར་བསྐུར་ཞེ་ན། །སངས་རྒྱས་ཀུན་གྱི་ནམ་མཁའི་དབྱིངས། །ཡོངས་སུ་གང་བར་རྣམ་པར་བསམ། །དབང་བསྐུར་བ་ཡི་གནས་གསུམ་གྱིས། །ཐམས་ཅད་ཆོ་ག་བཞིན་དུ་དབང༌། །ཞེས་གསུངས་ཏེ་ནམ་མཁའི་ཁམས་ཐམས་ཅད་དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་རྣམས་ཀྱིས་ཡོངས་སུ་གང་བ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བའི་བུམ་པས་དབང་བསྐུར་ཞིང་སྐུ་གསུང་ཐུགས་ཀྱི་གནས་སུ་ཡེ་ཤེས་ཀྱི་ལྷ་དབབ་ཅིང་བ་སྟིམས་པས་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་བསམ་མོ། །དེའི་ཡོན་ཏན་ཡང༌། དེ་ཡིས་ཡོན་ཏན་ཐོབ་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་གྱི་དཀྱིལ་འཁོར་རྫོགས་སོ་ཞེས་བྱ་བའི་ལེའུ་བཅུ་བདུན་པའོ།། །།