བདག་སྒྲུབ་པ་ལ་འཇུག་པ་ཞེས་བྱ་བ།
སངས་རྒྱས་ཡེ་ཤེས་ཞབས།
རྒྱ་གར་སྐད་དུ། ཨཱཏྨ་སཱ་དྷ་ནཱ་བ་ཏཱ་ར་ནཱ་མ། བོད་སྐད་དུ། བདག་སྒྲུབ་པ་ལ་འཇུག་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྟོག་པའི་དྲི་མ་མ་ལུས་པ་དང་
བྲལ་ཞིང་ཀུན་དུ་རྟོག་པ་ལས། །བྱུང་དེའི་བདག་ཉིད་འགྲོ་བ་ཐམས་ཅད་ངེས་པར་མི་གནས་སེམས་ནི་གང་ཡིན་འདིར། །མཛེས་པའི་རྣམ་པའི་ཡིད་རྒྱུན་ཆོ་གས་ལུས་ཅན་ངེས་པར་ལེགས་པའི་གནས་དེ་ལ། །ཕྱག་བྱས་སྐྱེ་བ་བརྒྱུད་པར་ཉེ་བར་འཚེ་བ་གཅོད་བྱེད་ཡང་དག་བཤད་པར་བྱ། །རྣམ་པར་རྟོག་པ་ཙམ་དང་སོ་སོར་འབྲེལ་པ་དེའི་རང་བཞིན་མ་ལུས་པ་འདི་ནི་གཅིག་ཏུ་སྡུག་བསྔལ་དཔག་ཏུ་མེད་པའི་མཚན་ཉིད་ཡིན་ལ། །སྐད་ཅིག་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བདག་ཉིད་ཅན་གྱི་སྲིད་པ་ཉམས་སུ་མྱོང་བ་དེ་རྣམ་པར་ལྡོག་པ་ཙམ་ནི་མྱ་ངན་ལས་འདས་པ་ཡིན་པས་དེ་བསྒྲུབ་པའི་ཕྱིར་རབ་ཏུ་འབད་པར་བྱ་སྟེ། རྣམ་རྟོག་ལས་གཞན་འཁོར་བ་ཞེས། །བྱ་བ་འགའ་ཡང་ཡོད་མིན་ཏེ། །དེ་ཕྱིར་རྣམ་རྟོག་བྲལ་གྱུར་པས། །རྟག་ཏུ་ཁྱོད་ནི་མྱ་ངན་འདས། །ཞེས་གང་གསུངས་པ་ཡིན་ནོ། །གཟུགས་ལ་སོགས་པའི་ངོ་བོ་ཉིད་དུ་སོ་སོར་སྣང་བར་གྱུར་པ་མ་ཡིན་ནམ་ཇི་ལྟར་ན་རྣམ་པར་རྟོག་པ་ཙམ་གྱི་བདག་ཉིད་འཁོར་བར་འགྱུར་ཞེ་ན། མ་ཡིན་ཏེ། གཟུགས་ལ་སོགས་པ་རྟོགས་པའི་ཡུལ་ཉིད་དུ་མ་གྲུབ་པ་སྟེ། གཟུགས་ལ་སོགས་པ་སོ་སོར་སྣང་བ་མ་རྟོགས་པར་གཞན་གཟུང་བའམ། ད་འཛིན་བ་ཅུང་ཟད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །ཡུལ་རྟོགས་པར་གྱུར་པ་མ་ཡིན་པར་ཡང་རང་གི་ངོ་བོ་ཡོད་པའི་ཐ་སྙད་ཀྱི་ཡུལ་མི་འགྲུབ་སྟེ། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དང་འབྲེལ་པའི་དངོས་པོ་གཞན་རྟོགས་པས་དེ་རྟོགས་པར་འགྱུར་བ་ཡང་མ་ཡིན་ཏེ། འགའ་ཞིག་མངོན་སུམ་གྱི་བདག་ཉིད་ལས་ཤིན་ཏུ་འདས་པ་ལ་འབྲེལ་པ་རབ་ཏུ་མ་གྲུབ་པའི་ཕྱིར་རོ། །ནང་དུ་སོ་སོར་སྣང་བར་གྱུར་པ་རང་གི་བདེ་བ་ལ་སོགས་པའི་སྣང་བ་ནི་འཛིན་པ་ཉིད་ཡིན་ལ། སྔོན་པོ་ལ་སོགས་པ་དེ་ལས་ཕྱི་རོལ་གྱི་གཟུགས་ཉིད་དུ་རྟོགས་པའི་མཚན་ཉིད་ནི་གཟུང་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་ལ་བདེ་བ་ལ་སོགས་པའི་བྱེད་པ་མ་གྲུབ་པའི་ཕྱིར་རོ། །རྟོག་པའི་བྱེད་པ་མེད་པར་ཡང་འཛིན་པ་ཞེས་བྱ་བ་དེ་ལྟ་ན་ནི། ཕྱི་རོལ་གྱི་གཟུགས་ལ་སོགས་པ་ཡང་འཛིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཅིག་ཅར་རང་དབང་ཉིད་དུ་སོ་སོར་སྣང་བདག་ནི། ཅུང་ཞིག་ནི་གཟུང་
བ། ཅུང་ཞིག་ནི་འཛིན་པའོ་ཞེས་སོ་སོར་ངེས་པའི་རྣམ་པ་ནི་མ་མཐོང་ངོ༌། །བདག་ནི་སྔོན་པོ་ལ་སོགས་པ་རིག་པའོ་ཞེས་བྱ་བ་ཡང་རྣམ་པར་རྟོག་པ་ཙམ་ཉིད་དོ། ཕྱི་དང་ནང་ཉིད་དུ་རང་དགས་སོ་སོར་སྣང་བ་རྣམས་ཁོང་དུ་ཆུད་པའི་ཕྱིར་རོ། །འཛིན་པ་ལ་སོགས་པ་རྣམ་པར་རྟོག་པའི་རྒྱུན་འདི་ཐམས་ཅད་ཉིད་ནི་རང་དབང་དུ་ཉམས་སུ་མྱོང་བ་རབ་ཏུ་སྟོན་པ་ལ་གཞོལ་བ་ཡིན་ཏེ། སོ་སོར་སྣང་བ་རྣམས་གཅིག་ལ་གཅིག་ཡོངས་སུ་འཛིན་པའི་བྱེད་པ་དང་བྲལ་བའི་དངོས་པོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འགའ་ཞིག་ལ་འགའ་ཞིག་གིས་འཛིན་པ་ཞེས་བྱ་བ་ནི་མ་ཡིན་ནོ། །དེ་ལྟར་ཡང་རབ་འབྱོར་ཆོས་ཀྱིས་ཆོས་ཡོངས་སུ་ཤེས་པ་ནི་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ། །གང་ཡང་གཟུང་བ་ནི་ཤེས་པ་གཉིས་ཀྱིས་ཤེས་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དང་དེ་ནི་གཟུགས་ལ་སོགས་པ་ཞེན་པ་ཙམ་ལ་ལྟོས་ནས་ལ་ལར་གང་ཟག་ལ་སོགས་པ་བསྟན་པ་དང་འདྲ་བས་ཉེས་པ་མེད་དོ། །དེ་ལྟ་ཡིན་དུ་ཆུག་ན་ཡང་འགྲོ་བ་རྣམས་ཀྱང་རྣམ་པར་རིག་པ་ཙམ་གྱི་རང་བཞིན་གཟུང་བ་དང་འཛིན་པ་མེད་པའི་རང་བཞིན་ཅན་ཡིན་ལ། དེ་ཡང་ལྡོག་པ་མེད་པའི་ཕྱིར་གང་གིས་དེ་རྣམ་པར་ལྡོག་པ་ཙམ་མྱ་ངན་ལས་འདས་པ་ཞེས་བྱ་ཞེ་ན། མ་ཡིན་ཏེ་རྣམ་པར་ཤེས་པ་ཡང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་དེ་གཅིག་མ་ཡིན་ཏེ། །སྔོན་པོ་ལ་སོགས་པ་ཐ་དད་པས་དམིགས་པ་སྣ་ཚོགས་པའི་ཕྱིར་རོ། །དཀར་པོ་ལ་སོགས་པ་ཁ་དོག་གཅིག་པ་ཡང་ཐོག་མ་དང་དབུས་དང་ཐ་མའི་ཆ་ཐ་དད་པར་སྣང་བའི་ཕྱིར་དང༌། དོན་བྱེད་པའི་ཉེ་བར་སྦྱོར་བ་ཐ་དད་པས་དུ་མ་ཉིད་ནི་དེ་ཙམ་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །དུ་མ་ཡང་མ་ཡིན་ཏེ། རྡུལ་ཕྲ་རབ་ཀྱི་རྣམ་པར་རྟོག་པས་དཀར་པོ་ལ་སོགས་པའི་རྣམ་པར་སྣང་བའི་ཆ་རྣམས་རྟོགས་པ་མེད་པའི་ཕྱིར་རོ། །གཅིག་དང་དུ་མ་ལ་མ་གཏོགས་པ་རྣམ་པ་གཞན་ཡང་ཡོད་པ་མ་ཡིན་ཏེ། འདི་དག་ཕན་ཚུན་མེད་པ་ཉིད་པས་འགལ་བའི་ཕྱིར་རོ། །ཐམས་ཅད་དུ་བདག་མེད་པ་ཉིད་མ་ཡིན་ནམ་གང་དངོས་པོ་རྣམས་ཉམས་སུ་མྱོང་བའི་དོན་བྱེད་པའི་རབ་ཏུ་དབྱེ་བ་བྱ་ཞེ་ན། མ་བརྟགས་གཅིག་པུའི་བདག་ཉིད་སྔ་མ་སྔ་མའི་རྣམ་པར་རྟོག་པ་ཙམ་ཉིད་ཡིན་པའི་ཕྱིར་དེ་རྟོགས་པ་ལས་
གཞན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་བསྟན་ཏོ། །དེ་ལྟ་ཡིན་དུ་ཆུག་ན་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཡོད་པ་ཉིད་དུ་འགྱུར་ཏེ། ཡོད་པའི་དངོས་པོ་ནི་དོན་བྱེད་ནུས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། སོ་སོར་སྣང་བ་ཙམ་དུ་ཡོད་པར་ཁས་བླངས་པས་མི་འགལ་བ་ཡིན་པའི་ཕྱིར་དང༌། ཇི་སྐད་དུ་བཤད་པའི་རིམ་པའི་མཚན་ཉིད་དང་བྲལ་བ་ཉིད་ཀྱི་ཕྱིར། བདག་མེད་པར་རྣམ་པར་གཞག་པ་ཙམ་ཡིན་གྱི་སོ་སོར་སྣང་བ་ཙམ་ལ་བསྙོན་པའི་ཕྱིར་ནི་མ་ཡིན་ཏེ། རབ་འབྱོར་གཟུགས་ཀྱང་གཞན་ལ་སྟོང་པ་ཉིད་ཀྱང་གཞན་མ་ཡིན་ཏེ། འོན་ཀྱང་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་པ་ཉིད་དོ་ཞེས་རྒྱས་པར་གང་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་དངོས་པོ་མ་ལུས་པ་སྔ་མ་དང་ཕྱི་མའི་དབྱེ་བས་སྣང་བ་ཡིན་པའི་ཕྱིར། རྟག་པ་ཡིན་ཞེས་དོགས་པར་མི་བྱའོ། །གང་ཡང་འདི་ལྟ་སྟེ། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པ་འདི་དག་ནི་རྣམ་པར་རིག་པ་ཙམ་མོ་ཞེས་གསུངས་པ་དེ་ཡང་ཤིན་ཏུ་དངོས་པོ་ལ་མངོན་པར་ཞེས་པ་དག་ཕྱི་རོལ་གྱི་དོན་ལ་ཞེན་པ་ཙམ་བཟློག་པའི་ཕྱིར་ཏེ། དེ་ལས་ནི་བདེ་བ་ལ་སོགས་པ་སེམས་ཙམ་དུ་ཞེན་པ་ཡང་གསལ་བ་སྲིད་པའི་ཕྱིར་རོ། །དེ་ལྟར་ཡང༌། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ །དེ་བཞིན་ཉིད་ལ་དམིགས་ནས་ནི། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་འདི་ལྟར་ང་དང་ངའི་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པའི་རང་བཞིན་ཅན་གྱི་འགྲོ་བའི་སྐྱེ་བ་དེ་དང་འགལ་བ་ནི་བཤད་མ་ཐག་པའི་རྣམ་པས་བདག་མེད་པར་མཐོང་བ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་གི་གཞན་གྱི་དབང་དུ་གྱུར་པའི་འགྲོ་བ་དེ་དག་མངོན་པར་གདོན་པའི་ཕྱིར་སྙིང་རྗེ་མཆོག་གི་བསམ་པ་བསྐྱེད་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཁོ་ན་ལ་དང་པོར་མངོན་དུ་ཕྱོགས་པར་བྱའོ། །སྙིང་རྗེས་རབ་ཏུ་ཕྱེ་བ་ཡིན་ཡང་གཏོང་བ་ལ་སོགས་པ་དམིགས་པས་རབ་ཏུ་ཕྱེ་བའི་སྦྱིན་པ་ལ་སོགས་པའི་དགེ་བའི་རྒྱུན་ནི་བདག་དང་གཞན་དུ་རྣམ་པར་རྟོག་པའི་ཕྱིར། རྣམ་པར་མི་རྟོག་པའི་གོ་འཕང་བསྒྲུབ་པར་བྱ་བ་ལ་ཅུང་ཞིག་ཀྱང་ནུས་པ་ཡོད་པ་མ་ཡིན་ཏེ། ཕྱིན་ཅི་ལོག་གི་ཞེན་པ་ནི་རང་དང་རྗེས་སུ་མཐུན་པའི་རྣམ་པར་རྟོག་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །
དེ་སྐད་དུ་ཡང༌། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པར་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་པ་ཡིན་ནོ། །དངོས་པོ་མ་ལུས་པའི་བདག་མེད་པ་ཉིད་ལ་མངོན་པ་ཞེན་པ་ནི་བདག་ཉིད་རྣམ་པར་རྟོག་པ་ཉིད་ཡིན་ན་ཡང་ཕྱིན་ཅི་མ་ལོག་པའི་རང་གི་ཡུལ་ལ་ཞེན་པའི་རང་བཞིན་ཉིད་ཡིན་པས་ཕྱིན་ཅི་ལོག་གི་རྟོག་པ་མ་ལུས་པ་དང་ལྷན་ཅིག་ཏུ་འགལ་བ་ཡིན་པ་ཉིད་དུ་རྟོགས་ཏེ། གང་ཞིག་གང་དང་དུས་གཅིག་གི་ཚེ་འགལ་བར་མཐོང་བ་དེ་ནི་ཤིན་ཏུ་གོམས་པ་ན་ཡང་རང་དང་འགལ་བ་ཤིན་ཏུ་ལྡོག་པར་བྱེད་པ་ནི་མེ་ལས་གྲང་བ་ཉིད་ལ་སོགས་པ་ལྟ་བུ་ཡིན་གྱི་རྣམ་པ་གཞན་དུ་ན་ཕྱིན་ཅི་ལོག་གི་དོགས་པས་ཐ་སྙད་ཐམས་ཅད་མི་འཐད་པར་འགྱུར་བའི་ཕྱིར་རོ། །འདིར་ཡང༌། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་རྟོགས་གལ་ཏེ་བསྒོམ་པ་ནི། །དེ་ནི་མྱ་ངན་འདས་པའི་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་གྱིས་ནི་གྲོལ་མི་འགྱུར། །ཞེས་གསུངས་སོ། །བདག་མེད་པ་ལ་གོམས་པ་ཡང་ཐབས་ཀྱི་བྱེ་བྲག་དང་བྲལ་བ་ཡིན་ན་གང་གི་ཕྱིར་དེས་རྟོག་པའི་དྲི་མ་མ་ལུས་པ་དང་བྲལ་ཞིང་འགྲོ་བ་མ་ལུས་པ་ལ་ཕན་པར་མཛད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེད་པར་མི་ནུས་པ་དེའི་ཕྱིར་ཐབས་ཤིན་ཏུ་མངོན་དུ་གྱུར་པ་ལ་རབ་ཏུ་འབད་པར་བྱའོ། །སྐྱེ་བོ་མ་ལུས་པ་ལ་ཕན་པའི་བདག་ཉིད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ལ། ཕན་པ་ཡང་མཐར་ཐུག་པའི་རྒྱ་ཆེ་བ་ལས་བྱུང་བ་ཡིན་ནོ། །དེའི་རྒྱུ་ཡང་ཐབས་གོམས་པ་ཁོ་ན་ཡིན་ཏེ། བདག་མེད་པ་ལ་གོམས་པ་ནི་རྣམ་པར་རྟོག་པ་ཙམ་སྤངས་པའི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང༌། ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །རྣམ་མི་རྟོག་དང་ཡོངས་སུ་སྨིན། འདི་ལ་དེ་གཉིས་བསྟན་པས་ན། །དེ་ཕྱིར་བླ་ན་མེད་པའི་ཐབས། །ཞེས་གསུངས་སོ། །དེ་བས་ན་ཕྱིན་ཅི་མ་ལོག་པའི་སྦྱིན་པ་ལ་སོགས་པ་ལ་སེམས་དཔའི་རབ་ཏུ་འཇུག་པ་ནི་ཐབས་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་བསྔོས་པར་གྱུར་ན་དེ་དག་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། སྦྱིན་དང་ཚུལ་ཁྲིམས་བཟོད་དང་དེ་བཞིན་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་བྱང་ཆུབ་ཡོངས་སུ་བསྔོ་བར་
གྱིས། །བྱང་ཆུབ་ཕུང་པོར་ཞེན་པས་མཆོག་འཛིན་མ་བྱེད་ཅེས། །དང་པོའི་ལས་ཅན་དེ་ལ་དེ་སྐད་བསྟན་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ནི་དེ་ལྟ་མ་ཡིན་ཏེ། རྒྱུ་མའི་འདྲ་བ་གོམས་པ་ལས་རྫོགས་པའི་བྱང་ཆུབ་གོམས་པ་མངོན་སུམ་དུ་གྱུར་པ་དང་རྗེས་སུ་མཐུན་པའི་བསྒོམ་བ་མེད་པའི་ཕྱིར་རོ། །བདག་ཉིད་ཀྱི་རང་གི་ངོ་བོ་ཉིད་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཅན་གྱི་འབྲས་བུ་ནི་རང་བཞིན་ལས་བསྒྲུབ་པ་བྱ་བ་ཡིན་ལ། དེའི་བདག་ཉིད་ཅན་གྱི་རྒྱུ་ཡང་འདི་ལ་ཡོད་པ་མ་ཡིན་ཏེ། སྦྱིན་པ་ལ་སོགས་པའི་སེམས་དཔའ་ནི་ཕལ་ཆེར་རང་བཞིན་གྱིས་རྒྱ་ཆེ་བ་མ་ཡིན་པའི་ཡུལ་ཅན་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྨོན་ལམ་ཡང་དུས་ཀྱིས་ཤིན་ཏུ་བསྐལ་བ་ཉིད་ཀྱིས་རྫོགས་པའི་སངས་རྒྱས་ཀྱི་ཆེ་ བ་བདག་ཉིད་ཀྱི་ཡུལ་ཅན་ཉིད་ཡིན་པས་རྒྱ་ཆེ་བ་མ་ཡིན་པའི་བདག་ཉིད་ཀྱི་རྣམ་པར་རྟོག ་པའི་གཉེན་པོ་མ་ཡིན་པ་ཉིད་དོ། །གང་གི་ཕྱིར་ཐ་མལ་པའི་རང་གི་ངོ་བོ་སྐྱེ་བོ་དཔག་ཏུ་མེད་པ་ལ་ཕན་པ་མ་ཡིན་པ་ཉིད་ཀྱིས་བརྩེ་བ་དང་ལྡན་པས་སྤང་བར་བྱ་བ་ཡིན་ནོ། །སྨོན་ལམ་གྱི་གྲོགས་སུ་གྱུར་པའི་སྦྱིན་པ་ལ་སོགས་པ་སེམས་དཔའི་བདག་ཉིད་ཀྱི་གཉེན་པོ་ལ་རབ་ཏུ་འཇུག་པར་གྱུར་ཀྱང་དེའི་རྒྱུན་ཡང་ལྡོག་པར་མི་འགྱུར་ན། དུས་གཞན་ན་ལྡོག་པར་འགྱུར་རོ་ཞེས་གང་ལས་ཡང་དག་པར་ཡིད་ཆེས་པར་འགྱུར། ཟབ་མོ་ལ་ཞེན་པས་རང་གི་མི་མཐུན་པའི་ཕྱོགས་ཟད་པར་གྱུར་པ་དེ་ལྟ་བུར་གྱུར་པའི་རྣམ་པ་མ་དམིགས་པའི་ཕྱིར་རོ། །རང་ལས་བཟློག་པ་གཞན་བདག་མེད་པར་བསྒོམས་པར་གྱུར་པས་བདག་གི་དངོས་པོ་རྟོག་པའི་དྲི་མ་མེད་པར་རབ་ཏུ་སྒྲུབ་པར་བྱེད་པ་ནི་མ་ཡིན་ཏེ། དེ་རང་གི་ངོ་བོའི་རྣམ་རྟོག་པ་དང་འགལ་བས་འཇུག་པ་མེད་པའི་ཕྱིར་རོ། །གང་གི་ཚེ་རང་གི་སེམས་དང་ཐ་མི་དད་པའི་སྒོ་ནས་འཛིན་པ་ལ་སོགས་པའི་རྣམ་པར་སྟོང་པ་ཉིད་དུ་མངོན་དུ་བྱེད་པ་དེའི་ཚེ་དེ་ནི་བདེན་པ་མ་ཡིན་པའི་རྣམ་པར་རྟོག་པ་མ་ལུས་པའི་གཉེན་པོ་ཉིད་དུ་དེ་ལྟར་རྟོགས་པར་གྱུར་བའི་བསྒོམ་པ་གོམས་པར་ཤིན་ཏུ་འཕེལ་བར་གྱུར་པས་ཀུན་རྟོག་པ་མ་ལུས་པ་བསལ་བའི་གོ་འཕང་བསྐྱེད་པར་འགྱུར་ཞེས་རྟོག་པ་ཡིན་པའི་ཕྱིར་ རྟོག་པ་སྔོན་དུ་གཏོང་བ་རྣམས་ཀྱི་འཇུག་པའི་ཡུལ་དུ་འགྱུར་རོ། །དེ་བས་ན་རྒྱ་ཆེ་བ ་མ་ཡིན་པའི་
བདག་གི་དངོས་པོར་སྣང་བའི་མངོན་སུམ་གྱི་གཉེན་པོའི་ཕྱོགས་སུ་གྱུར་མ་ཡིན་པས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱ་བ་ལ་སོགས་པའི་སྨོན་ལམ་ནི་དངོས་སུ་རྫོགས་པའི་སངས་རྒྱས་འཐོབ་པའི་རྒྱུ་མ་ཡིན་ཏེ། ཇི་སྐད་དུ། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་མ་ཤེས་པར་དཀའ་བ་སྤྱོད་པ་ལ་སྤྲོ་བས་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱ་སྙམ་ཞེས་གང་གསུངས་པ་ཡིན་ནོ། །དེ་བས་ན་བདག་མེད་པ་དང་འདྲ་བར་རྒྱ་ཆེ་བའི་རང་གི་ངོ་བོ་ཡང་ཐ་མི་དད་པ་ཉིད་དུ་བསྒོམ་པར་བྱའོ། །རྒྱ་ཆེ་བ་ཡང་མེད་པ་ཉིད་མ་ཡིན་ནམ། བསྒོམ་བྱར་བྱ་བ་དེས་ཇི་ལྟར་མངོན་པར་འདོད་པའི་འབྲས་བུ་བསྒྲུབས་པར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། ཟད་པར་ས་ལ་སོགས་པ་དང་འདྲ་བར་ཡང་དག་པ་མ་ཡིན་པ་བསྒོམ་པ་གོམས་པ་ཡང་གསལ་པོར་སྣང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །འདི་ཇི་ལྟར་ན་ཡང་དག་པ་མ་ཡིན་ཞེན་རྫོགས་པའི་སངས་རྒྱས་ཀྱི་སྐུའི་རྣམ་པ་དང་བྲལ་བའི་རང་གི་བདག་ཉིད་ལ་དེའི་ངོ་བོ་སྒྲོ་འདོགས་པས་འཇུག་པ་ནི་རྣ་བ་མོས་པ་ཡིད་ལ་བྱེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་དེ་ཁོ་ན་ཡིད་ལ་བྱེད་པ་ཡང་ཡང་དག་པ་ཉིད་མ་ཡིན་ཏེ། དེ་ཁོ་ན་ཉིད་ཇི་ལྟ་ བ་བཞིན་ཡུལ་ལ་འཇུག་པ་མ་ཡིན་པའི་ཕྱིར་རོ། །གཅིག་ཏུ་རྣམ་པར་མི་རྟོག ་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་ལ་དེ་བཞིན་དུ་ཡིད་ལ་བྱེད་པ་ཡང་མ་ཡིན་ཏེ། དེ་ནི་ལས་དང་པོ་པའི་གནས་སྐབས་ན་རྣམ་པར་རྟོག་པའི་ངོ་བོ་ཉིད་ཀྱིས་འཇུག་པ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་དང་བཅས་པ་ཡིན་པ་དེ་ལྟ་ན་ཡང་དངོས་པོ་ཇི་ལྟ་བ་བཞིན་དུ་གནས་པ་ཉིད་ཀྱིས་དེ་ཁོ་ན་ཉིད་ནི་དེས་ངེས་པར་བྱས་པ་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཉིད་དུ་དེ་རྣམ་པར་གཞག་པར་བྱའོ། །དེ་ལས་གཞན་པ་ནི་ཤིན་ཏུ་མེད་པའི་རང་གི་ངོ་བོ་ལ་སྒྲོ་འདོགས་པར་བྱེད་པ་ཡིན་པའི་ཕྱིར་མོས་པ་ཡིད་ལ་བྱེད་ཅེས་ཐ་སྙད་གདགས་པ་སྟེ། ཐ་མལ་བའི་བདག་ཉིད་ལ་ཐུབ་པ་མཆོག་གི་རྣམ་པ་མེད་བཞིན་དུ་དེ་ཁོ་ན་ཉིད་དང་འདྲ་བར་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་བདག་མེད་པ་ཡིད་ལ་བྱེད་པས་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་གནས་བ་ཡུལ་དུ་བྱེད་ན་རང་གི་ཡུལ་
ཉིད་དུ་སོ་སོར་སྣང་བའམ། ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི་ཡུལ་དུ་གྱུར་པ་ཡིད་ལ་བྱེད་ཅེ་ན། དེ་ལ་ཕྱོགས་དང་པོས་ནི་མོས་པ་ཡིད་ལ་བྱེད་པ་དེ་ཡང་གཞན་དང་མཚུངས་པ་ཡིན་ཏེ། རང་གི་ཡུལ་དུ་གྱུར་པའི་རྣམ་པ་ཡོངས་སུ་འཛིན་པ་ཉིད་དུ་འཇུག་པའི་ཕྱིར་རོ། །རྣམ་པ་གཞན་དུ་མོས་བ་ཡིད་ལ་བྱེད་པ་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རང་གི་ཡུལ་ནི་རྣམ་པར་ཤེས་པས་རྟོགས་པར་མ་གྱུར་པ་ནི་ལྷག་པར་མོས་པའི་ཐ་སྙད་ཀྱི་ཡུལ་མ་ཡིན་ཏེ། ཤེས་པ་ཐམས་ཅད་རང་གི་ཡུལ་དུ་འདོད་པའི་རྣམ་པར་རྟོག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལ་ཕྱོགས་གཉིས་པ་དེ་ཡང་རིགས་པ་མ་ཡིན་ཏེ། བདག་མེད་པའི་ཤེས་པས་འཛིན་པ་ལ་སོགས་པར་ཞེན་པས་ཡུལ་དུ་མི་བྱེད་པའི་ཕྱིར་རོ། །ཤེས་པ་ལས་མ་གཏོགས་པ་གཞན་དེའི་ཡུལ་ཅན་ཞེས་བྱ་བ་མེད་པ་གང་གིས་ན་ཅིག་ཤོས་དེ་ཡུལ་དུ་བྱས་པ་ཡིན་ནོ་ཞེས་བསྟན། དེ་བས་ན་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དང་འདྲ་བར་རང་གི་ཤེས་པའི་རྣམ་པ་ཙམ་དུ་ཡུལ་ཉིད་ཡིན་པའི་ཕྱིར་རྒྱ་ཆེ་བ་ལ་མོས་པ་ཡང་དག་པ་མ་ཡིན་པ་ག་ལ་ཡིན། ཐལ་མལ་བའི་བདག་ཉིད་འདི་ནི་རྒྱ་ཆེ་བའི་རྣམ་པ་ལ་སྒྲོ་འདོགས་པས་འཇུག་པ་ཡང་མ་ཡིན་ཏེ། ཐ་མལ་བའི་རང་གི་ངོ་བོ་ལ་མོས་པས་རྫོགས་པའི་སངས་རྒྱས་ཀྱི་སྐུའི་རྣམ་པ་ཡུལ་དུ་མི་བྱེད་པ་ཉིད་ཀྱི་ཕྱིར་ཡུལ་མ་ཡིན་པ་ལ་སྒྲོ་འདོགས་པ་མི་སྲིད་པའི་ཕྱིར་རོ། །ཐ་མལ་བའི་རང་བཞིན་ནི་རྣམ་པར་རྟོག་པ་ཐ་མལ་པར་སྣང་བའི་མཚན་ཉིད་ཡིན་ལ། བདེ་བར་གཤེགས་པའི་རྣམ་པའི་སྤྱོད་ཡུལ་ཡིད་ལ་བྱེད་པ་ཤིན་ཏུ་སྟོབས་དང་ལྡན་པ་ནི་དེའི་ངོ་བོར་སྣང་བ་མ་ཡིན་ནོ། །གལ་ཏེ་ཡང་རྒྱ་ཆེ་བ་མ་ཡིན་པའི་བདག་ཉིད་རང་གི་ངོ་བོ་ལ་རྣམ་པ་གཞན་དུ་ཅུང་ཞིག་ཀྱང་སྒྲོ་འདོགས་པར་མི་བྱེད་ན་དེ་ཇི་ལྟར་འདིའི་གཉེན་པོར་འགྱུར་ཞེ་ན། བདེ་བར་གཤེགས་པའི་རང་གི་ངོ་བོར་སྣང་བའི་ཡིད་ལ་བྱེད་པའི་རང་གི་ངོ་བོ་ཐ་མལ་པ་མ་ཡིན་པའི་རང་བཞིན་ཉིད་དུ་སྐྱེ་བའི་ཕྱིར་དང༌། རྒྱུན་མི་འཆད་པར་བསྒོམ་པ་གོམས་པས་རིགས་མཐུན་པའི་ཤེས་པ་སྐྱེ་བ་ནི་ཤིན་ཏུ་གསལ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །རྒྱ་ཆེ་བའི་ཤེས་པ་སྐྱེ་བའི་དུས་དེའི་ཚེ་ཅིག་ཤོས་ཐ་མལ་པའི་རྣམ་པའི་སྤྱོད་ཡུལ་ཤེས་པས་ཉམས་སུ་མྱོང་བར་འགྱུར་བ་མེད་དོ། །ཐ་མལ་པའི་རང་གི་ངོ་བོ་ཁོང་དུ་ཆུད་པར་
མ་གྱུར་པ་དེ་ཡང་ཡོད་པ་ཉིད་དུ་ངེས་པར་བྱར་མི་ནུས་ཏེ། དེ་ནི་རྟོག་པ་ཙམ་ཉིད་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ་ཞེས་ངེས་པར་བྱས་པ་ཡིན་ནོ། །དེ་བས་ན་ཀུན་དུ་རྟོག་པ་སྤངས་པ་འོད་ཟེར་མ་ལུས་པ་སྤྲོ་བ་ཅན་གྱི་ཀུན་དུ་བཟང་པོའི་བདག་ཉིད་སྒོམ་པར་བྱེད་པ། དེ་ཁོ་ན་བྱང་ཆུབ་ཀྱི་སྣོད་ཡིན་ཏེ། དེ་སྐད་དུ། ཕྱག་རྒྱའི་ཆོ་ག་གང་དག་གིས། །བསྐལ་པ་བྱེ་བ་གྲངས་མེད་དུ། །སངས་རྒྱས་ཉིད་ནི་མི་འཐོབ་པ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །དེ་ལ་བདག་ཏུ་བརྟག་བྱ་ཞིང༌། ཞེས་བྱ་བ་ནས། རང་ལྷ་ཉིད་ཀྱི་རྣལ་འབྱོར་གྱིས། །དེ་ཕྱིར་བདག་ཉིད་བསམ་པར་བྱ། །ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དེ་ལྟར་ཡང་དག་པ་ཡིད་ལ་བྱེད་པ་ཉིད་ལ་ལྟོས་ནས། བཅོམ་ལྡན་འདས་ཡེ་ཤེས་ཤིན་ཏུ་རྫོགས་པས་དེ་ཁོ་ནའི་རྣལ་འབྱོར་ལ་རྫོགས་པའི་སྒྲུབ་པ་ཡང་ཉེ་བར་བསྔགས་པ་མཛད་དེ། རྫོགས་པའི་སངས་རྒྱས་ལ་མོས་པ་ནི་རྫོགས་པའི་རྣལ་འབྱོར་དང་ཐ་མི་དད་པར་མཆོག་ཏུ་འཛིན་པའི་ཕྱིར་རོ། །མཆོག་ཏུ་འཛིན་པ་མེད་པ་དེ་ནི་བདག་ཉིད་བདེ་བར་གཤེགས་པ་ཡིད་ལ་བྱེད་པར་མི་འགྱུར་ཏེ། བཅོམ་ལྡན་འདས་ནི་ཐ་དད་པར་ཞེན་པ་སྤངས་པ་ཉིད་ཀྱི་ཕྱིར་རོ། །གཞན་བཅོམ་ལྡན་འདས་ཀྱི་རྣམ་པ་དག་ལ་དེའི་མཚན་ཉིད་མེད་པར་རང་གི་ངོ་བོ་ལ་ཆགས་པའི་རྣམ་པར་རྟོག་པ་ནི་ཁ་ན་མ་ཐོ་བ་མེད་པའི་འབྲས་བུར་འགྱུར་བ་ཡང་མ་ཡིན་ཏེ། དེའི་ཕྱིར་རྒྱལ་པའི་སྐུ་ནི་མཐའ་མེད་ལ། །ཡིད་ཀྱིས་བདག་གཞན་མངོན་ཞེན་དྲི་མེད་ལུས། །སངས་རྒྱས་ཀུན་དང་མཚུངས་པར་བློ་གྲོས་མཆོག །སྐྱེ་བོ་མ་ལུས་རེ་བའི་དངོས་གྲུབ་འགྱུར། །དེ་ལ་ཡང་ཐུབ་པ་འོད་ཟེར་དཔག་ཏུ་མེད་པ་སྤྲོ་བ་དང་ལྡན་པ་རང་དང་གཞན་གྱི་ཕུན་སུམ་ཚོགས་པ་མཐའ་ཡས་པའི་རྟེན་དུ་གྱུར་པ་ཉིད་ཀྱིས་ཡང་དག་པའི་ཐབས་ཀྱི་མཆོག་གི་མཚན་ཉིད་ཅན་ཤེས་རབ་དང་བྲལ་བས་ཕོངས་པར་འགྱུར་པ་ལ་མངོན་སུམ་དུ་ཕྱོགས་པས་སྒོམ་པར་བྱེད་ན་ཡང་ཕུན་སུམ་ཚོགས་པ་ཀུན་མ་ལུས་པ་ཐོབ་པར་བྱེད་པ་མ་ཡིན་པའི་ཕྱིར་དེ་རང་གི་ངོ་བོ་ལ་ཕྱིན་ཅི་མ་ལོག་པའི་སེམས་སུ་བྱའོ། །རྙོག་པ་མེད་པའི་ཕུན་སུམ་ཚོགས་པ་ནི་ཤེས་རབ་དང་ཐབས་ལས་རབ་ཏུ་བྱུང་བ་ཉིད་ཀྱི་ཕྱིར་རོ། །དེ་དག་ཀྱང་ཕྱིན་ཅི་མ་ལོག་པའི་རྒྱ་ཆེ་བའི་སེམས་དང་མཚན་ཉིད་གཅིག་
པ་ཉིད་ཡིན་ན་ཡང་ཐ་དད་པའི་ཐ་སྙད་ལ་ཞེན་པས་ཐ་དད་པའི་ཕྱིར་རོ། །འདི་ལྟར་དེ་ཁོ་ན་ཉིད་ལ་སེམས་ཕྱིན་ཅི་ལོག་པ་ལས་བཟློག་པའི་ངོ་བོ་ཉིད་ཀྱིས་ཤེས་རབ་ཏུ་ཤེས་པར་བྱ་ལ། རང་གི་འབྲས་བུ་ལ་ནུས་པ་མེད་པ་ལས་བཟློག་པ་ནི་ཐབས་སུ་བསྟན་པ་ཡིན་ནོ། །ཤེས་རབ་ཡན་ལག་ཀུན་དུ་འཁྱུད་པ་ལས། །མཆོག་ཏུ་དགའ་བ་ཉམས་སུ་བསྟར་བ་ཡི། །ཕུན་ཚོགས་རང་བཞིན་ཡན་ལག་ཐབས་གྱུར་ཏེ། །རྒྱུན་ཆད་མེད་པར་བློ་ལྡན་གྱིས་བསྒོམ་བྱ། །དེའི་འོག་ཏུ། ཤེས་རབ་ཐབས་ལས་རབ་བྱུང་བའི། །དབྱེར་མེད་དམིགས་པའི་སྤྲུལ་འཕྲོ་བར། །སྣང་བས་ཡུལ་དུ་རྣམ་གཞག་པའི། །ཡུལ་གྱི་རང་ལུས་ཡང་དག་མཆོད། །ཇི་སྐད་བཤད་པའི་རིམ་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་རང་གི་ངོ་བོ་མངོན་དུ་བྱས་ནས་ཇི་སྲིད་སྤྲུལ་པ་རྣམས་ལ་དེས་དབང་ཐོབ་པར་གྱུར་པ་དེ་སྲིད་དུ་བདག་གི་ངོ་བོ་དང་ཐ་མི་དད་པའི་ངོ་བོ་མངོན་སུམ་དུ་བྱ་བ་ཡིན་ཏེ། ཕྱིན་ཅི་མ་ལོག་པ་དང་རང་གི་འབྲས་བུ་སྐྱེད་པར་རུང་བ་ཉིད་ཀྱིས་ན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དུ་མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་དང༌། རྒྱུད་ཀྱང་ཐ་མི་དད་པའི་རང་བཞིན་ཡིན་པའི་ཕྱིར་ཏེ། ཀུན་དུ་རྟོག་པ་སྔ་མ་སྔ་མ་ལས་བྱུང་བའི་རྣམ་པར་རྟོག་པའི་རྒྱུན་ནི་རྒྱུད་ཡིན་ཏེ། སྤྲུལ་པ་ཞེས་བྱ་བ་ཡང་གཞན་པ་ཉིད་མ་ཡིན་ཏེ། དེ་བཞིན་དུ་ཀུན་དུ་བརྟགས་པ་ཙམ་ཡིན་པའི་ཕྱིར་རོ། །ཁ་དོག་ལ་སོགས་པ་ཐ་དད་པས་སྣ་ཚོགས་པའི་རང་བཞིན་ཉིད་ཡིན་པས་ཇི་ལྟར་གཅིག་ཉིད་ཅེས་བྱ་ཞེ་ན། དེ་ལྟར་ན་ནི་འགའ་ཞིག་ཀྱང་གཅིག་ཉིད་དུ་མི་འགྱུར་ཏེ། ལྷའི་སྐུ་གཅིག་ཉིད་ལ་ཡང་ཆ་ཤས་དུ་མའི་རང་བཞིན་ཉིད་ཀྱིས་སྣ་ཚོགས་པའི་བདག་ཉིད་ཡིན་པའི་ཕྱིར་ལ། ཆ་ཤས་མེད་པ་ཡང་དམིགས་པར་མ་གྱུར་པའི་ཕྱིར་རོ། །ཇི་ལྟར་ཀུན་རྫོབ་ཏུ་རྫས་གཅིག་བ་ཉིད་ཀྱིས་གཅིག་ཏུ་རྣམ་པར་གཞག་པ་དེ་ལྟར་ཚུལ་གཞན་པའི་སྣ་ཚོགས་པའི་རང་བཞིན་ཉིད་ལ་ཡང་དེའི་ངོ་བོར་རྟོགས་པ་ལ་ལྟོས་ནས་ཐམས་ཅད་བདག་ཉིད་ཡིན་ནོ་ཞེས་ཐ་མི་དད་པའི་ཞེན་པས་ཡིད་ལ་བྱེད་པ་ལ་འཇུག་པའི་ཕྱིར་རོ། །དེ་དག་གིས་ནི་དངོས་པོ་ཐམས་ཅད་མཉམ་པ་ཉིད་དུ་ལྷག་པར་མོས་པར་བཤད་པ་ཡིན་ཏེ་འཛིན་པ་ལ་སོགས་པའི་རྣམ་པ་དང་བྲལ་བར་ཐམས་ཅད་དུ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་དེར་
སྣང་བ་ལ་ལྷག་པར་ཞེན་པའི་ཡུལ་རྣམས་ལས་གཞན་པ་ཐམས་ཅད་ཅེས་བྱ་བའི་ཐ་སྙད་ཀྱི་གཞིར་གྱུར་པ་གཞན་ཡོད་པ་ཡང་མ་ཡིན་ཏེ། དེ་རྣམས་ཀྱང་ཅིག་ཅར་རྟོགས་པའི་རང་བཞིན་ཡིན་པས་ཐ་དད་པར་དབྱེར་མི་ནུས་པའི་ཕྱིར་གཅིག་གི་མཚན་ཉིད་གཞན་ཡོད་པ་ཡང་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་བས་ན་ཡང་དག་པ་ཇི་ལྟ་བའི་རང་གི་ངོ་བོ་སོ་སོར་རྟོགས་པ་ལ་གཞོལ་བ་ནི་ཀུན་རྫོབ་འབའ་ཞིག་པོ་འདི་ལ་ཐམས་ཅད་བདག་མཚུངས་པ་ཡིན་ནོ་ཞེས་ཤེས་པ་འཇུག་པར་འགྱུར་བ་ཡིན་གྱི་དངོས་པོ་འགའ་ལ་ཡང་གང་གིས་ཀྱང་ཐ་དད་པའམ། ཐ་མི་དད་པར་ཡུལ་དུ་བྱེད་པར་ནི་མི་ནུས་ཏེ། ཤེས་པ་ཐམས་ཅད་ནི་རང་གི་ངོ་བོ་ཙམ་ལ་གནས་པ་ཉིད་ཀྱིས་གཞན་གྱི་ངོ་བོ་ཡོངས་སུ་འཛིན་པ་མེད་ལ། ཡུལ་དུ་མ་བྱས་པར་ནི་ཐ་དད་པ་ལ་སོགས་པའི་ཐ་སྙད་མི་རུང་བའི་ཕྱིར་རོ། །དེ་ལྟར་རྣལ་འབྱོར་པའི་རང་གི་སེམས་རྒྱུ་བ་རེ་རེ་ཡང་མི་མཐུན་པའི་ཕྱོགས་མ་ལུས་པ་ལས་ལྡོག་པའི་ངོ་བོ་ཉིད་ཀྱིས་དཀྱིལ་འཁོར་པའི་ལྷ་མ་ལུས་པ་ཉིད་ཀྱི་རང་བཞིན་དུ་སོ་སོར་བརྟག་པར་བྱ་བ་ཡིན་ཏེ་འདི་ལྟར་རང་རང་གི་ལྷའི་ཏིང་ངེ་འཛིན་རྣམས་ནི་ཕྱིན་ཅི་ལོག་དེ་དང་དེ་མིང་དམིགས་པས་སྟོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་འཛིན་པ་ལ་སོགས་པའི་རྣམ་པ་དང་བྲལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ལ། དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བས་འོད་གསལ་བ་ཉིད་ཡིན་པའི་ཕྱིར་དང༌། ཡེ་ཤེས་གཞན་བསྐྱེད་པའི་རྒྱུ་མཚན་ཉིད་ཡིན་པའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ནོ། །མི་དམིགས་པའི་སྙིང་རྗེ་ལ་སོགས་པའི་བདག་ཉིད་ཀྱིས་རྒྱུད་གཞན་ཐ་དད་པར་འཛིན་པ་མེད་པའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཤེས་བྱ་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་སོ། །འགྲོ་བ་མ་ལུས་པ་ལ་ཕན་པའི་རྒྱུ་ཡིན་པ་ཉིད་ཀྱིས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ནོ། །དེ་བས་ན་དེ་དག་ནི་གོ་རིམས་བཞིན་དུ་རྟག་པ་ལ་སོགས་པའི་བདག་པོ་རྣམས་ཀྱི་རང་བཞིན་ནོ། །དམིགས་པའི་གཉེན་པོ་ཉིད་ཀྱིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་མཚན་ཉིད་དང༌། དེ་བཞིན་དུ་མཚན་མ་དང་ལོག་པའི་སྨོན་ལམ་དང་ཕྱིན་ཅི་ལོག་ཏུ་མངོན་པར་འདུ་བྱེད་པའི་གཉེན་པོ་ཉིད་ཀྱིས་རིམ་
པ་བཞིན་དུ། །མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་མི་བྱེད་པའི་རྣམ་པར་ཐར་པའི་བདག་ཉིད་དག་ཡིན་ནོ། །དེ་ལྟ་བས་ན་གོ་རིམས་བཞིན་དུ་རྡོ་རྗེ་སེམས་མ་ལ་སོགས་པའི་རིགས་ཀྱི་ཡུམ་གྱི་རང་བཞིན་ཏེ། སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བཞི་པོ་དག་གིས་ཆོས་ཀྱི་དབྱིངས་ལ་དམིགས་པར་བྱེད་པས་ཏིང་ངེ་འཛིན་ཐམས་ཅད་སྐྱེ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནང་ལ་ཕྱིན་ཅི་ལོག་པའི་གཉེན་པོ་ཉིད་ཀྱིས་ན་ནང་སྟོང་པ་ཉིད་ཀྱི་རྣམ་པ་དང༌། ཕྱི་དམིགས་པ་མེད་པའི་ཕྱིར་ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་དང༌། དེའི་རྟེན་ལས་མི་དམིགས་པའི་རང་བཞིན་ཉིད་ཀྱིས་ཕྱི་ནང་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དང༌། སྣོད་ཀྱི་འཇིག་རྟེན་ལ་ཞེན་པ་དང་བྲལ་བ་ཉིད་ཀྱིས་ན་ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་ནོ། །དེའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བརྟེན་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ཏེ། མིང་དང་གཟུགས་ལ་སོགས་པའི་བག་ཆགས་ཡོངས་སུ་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ནང་མི་དམིགས་པ་ལ་སོགས་པའི་རྟེན་ཉིད་ཡིན་པའི་ཕྱིར། ཇི་ལྟར་རང་རང་གི་ཕྱིན་ཅི་ལོག་གི་གཉེན་པོ་ཉིད་ཀྱིས། བྱང་ཆུབ་ཀྱི་སེམས་སྐྱེ་བ་དང༌། འདྲེན་པར་བྱེད་པ་དང༌། རྗེས་སུ་ཆགས་པ་དང༌། ལེགས་སོ་ཞེས་བྱ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱང་མཚན་མ་མེད་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་དང༌། དོན་དམ་པ་ལ་མཆོག་ཏུ་མཚན་མར་འཛིན་པར་བྱེད་པ་མེད་པའི་ཕྱིར་དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་ཀྱིས་བསོད་ནམས་ཉིད་ཀྱི་ཚོགས་ལ་མཚན་མར་ཡོངས་སུ་འཛིན་པ་མེད་པའི་ཕྱིར། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་བྱང་ཆུབ་ཀྱི་ཕྱོགས་ལ་ཡང་མཚན་མར་རྗེས་སུ་འཛིན་པ་མེད་པའི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་ཡིན་ནོ། །དེ་བས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་རྡོ་རྗེ་རིན་ཆེན་ལ་སོགས་པ་བཞིའི་བདག་ཉིད་ཡིན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པའི་བདག་ཉིད་ཅན་མཉམ་པ་ཉིད་ཀྱི་ཡེ་ཤེས་འཛིན་པ་ལ་སོགས་པའི་སྒོ་ནས་ཇི་སྐད་དུ་བཤད་པའི་མཚན་མར་འཛིན་པ་མེད་པའི་ཕྱིར་དང༌། རང་རང་གི་མི་མཐུན་པའི་ཕྱོགས་སྤངས་པའི་སྒོ་ནས་དབང་བསྐུར་བ་དང༌། གཟི་བརྗིད་འཕེལ་བ་དང༌།
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱོར་བར་བྱེད་པ་དང༌། རབ་ཏུ་སྤྲོ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཉིད་སེམས་ཅན་གྱི་དོན་ལ་ཤིན་ཏུ་སྨོན་པའི་མངོན་པར་ཞེན་པ་མེད་པའི་ཕྱིར་མཐའ་ལས་འདས་པ་སྟོང་པ་ཉིད་དང༌། བདག་གིས་འཁོར་བའི་ཐོག་མ་དང་ཐ་མ་མེད་པ་ཡོངས་སུ་དོར་བར་བྱའོ་ཞེས་སྨོན་པ་ལེན་པ་མེད་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། བདག་གི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་ཡང་དགེ་བ་ཡོངས་སུ་དོར་བར་མི་བྱའོ་ཞེས་མངོན་པར་ཞེན་པ་མེད་པའི་ཕྱིར་དོར་བ་མེད་པ་སྟོང་པ་ཉིད་དང༌། བདག་གིས་རང་གི་མཚན་ཉིད་ཀྱི་རིགས་ནི་ཡོངས་སུ་སྦྱོང་བར་བྱའོ་ཞེས་དོན་དུ་ཉེ་བར་དང་བྲལ་བའི་ཕྱིར་རང་བཞིན་སྟོང་པ་ཉིད་ཡིན་ནོ། །དེའི་ཕྱིར་རྣམ་པར་རྟོག་པའི་ཡིད་གནས་གྱུར་པའི་མཚན་ཉིད་ཅན་སོ་སོར་རྟོག་པའི་ཡེ་ཤེས་ལ་བརྟེན་པ་རྡོ་རྗེ་ཆོས་ལ་སོགས་པ་བཞི་པོའི་བདག་ཉིད་ཡིན་ཏེ། རྣམ་པར་རྟོག་པའི་ཡིད་གནས་གྱུར་པའི་མཚན་ཉིད་ཅན་གྱི་སོ་སོར་རྟོག་པའི་ཡེ་ཤེས་ནི་ཇི་སྐད་དུ་བཤད་པའི་ཕྱིན་ཅི་ལོག་གིས་དབེན་པས་ཆོས་ཀྱི་དེ་ཁོ་ན་ཉིད་སོ་སོར་རྟོག་པ་ཉིད་ཡིན་པའི་ཕྱིར་དང༌། དེའི་སྒོ་ནས་ཀྱང་རང་བཞིན་གྱིས་དག་པའི་ཆོས་ཉིད་དང་ཤེས་རབ་དང༌། ཡེ་ཤེས་ལས་ཕྱིར་མི་ལྡོག་པ་ཉིད་དང༌། དགོངས་པའི་དོན་མ་ལུས་པ་ཡོངས་སུ་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་མཚན་དང་དཔེ་བྱད་ཀྱི་བདག་ཉིད་ཅན་གྱི་གཟུགས་ཀྱི་སྐུ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་དང༌། སྟོབས་དང༌། མི་འཇིགས་པ་ལ་སོགས་པའི་རང་བཞིན་གྱི་ཆོས་ཀྱི་སྐུ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར། །ཆོས་ཐམས་ཅད་སྟོང་པ་ཉིད་དང༌། གང་ཟག་དང་ཆོས་སུ་ཀུན་ནས་སྒྲོ་འདོགས་པ་མེད་པའི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་དང༌། ཇི་སྐད་དུ་བཤད་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་སྐུར་པ་མི་འདེབས་པ་དང༌། མངོན་པར་ཞེན་པ་མེད་པའི་ཕྱིར་དངོས་པོ་མེད་པའི་རང་བཞིན་སྟོང་པ་ཉིད་ཡིན་ནོ། །དེ་བས་ན་བྱ་བ་ནན་ཏན་གྱི་ཡེ་ཤེས་ལ་བརྟེན་པ་རྡོ་རྗེ་ཆོས་ལ་སོགས་པ་བཞི་པོའི་བདག་ཉིད་ཡིན་ཏེ། མིག་ལ་སོགས་པའི་ཤེས་པ་གནས་སུ་གྱུར་པའི་བདག་ཉིད་བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་ཇི་སྐད་དུ་བཤད་
པའི་ཕྱིན་ཅི་ལོག་སྤངས་པའི་སྒོ་ནས་བདེ་བར་གཤེགས་པ་མ་ལུས་པ་མཆོད་པ་དང༌། ཀུན་ནས་བསྲུང་བ་དང༌། བགེགས་བསལ་བ་དང༌། ལུས་ལ་སོགས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སེར་སྣ་དང༌། འཆལ་པའི་ཚུལ་ཁྲིམས་དང་མི་བཟོད་པ་དང༌། ལེ་ལོ་དག་གི་གཉེན་པོ་ཉིད་ཀྱིས་དེ་ཉིད་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཡིན་ནོ། །དེའི་ཕྱིར་གསང་བའི་མཆོད་པ་བཞི་པོའི་རང་བཞིན་ཡིན་ཏེ། གོ་རིམས་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བསྒྲུབ་པ་ནི་རང་གི་རྣམ་པར་ཐར་པའི་སྒོ་རྣམ་པར་དག་པའི་སྟོབས་ཀྱི་ལྷུན་གྱིས་གྲུབ་པར་མངོན་པར་འདོད་པའི་ཁྱད་པར་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་རྣམ་པར་གཡེང་བ་དང༌། ཤེས་རབ་འཆལ་པ་དང༌། ཡང་དག་པ་མ་ཡིན་པའི་སྨོན་ལམ་དང༌། ཐབས་མ་ཡིན་པ་སྤངས་པའི་སྒོ་ནས་བསམ་གཏན་དང༌། ཤེས་རབ་དང༌། སྨོན་ལམ་དང༌། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱིས་ཕྱིའི་མཆོད་པ་བཞི་པོའི་བདག་ཉིད་ཡིན་ཏེ། འབད་པ་དང་བཅས་པའི་ལམ་གྱིས་ཆོས་ཀྱི་དབྱིངས་ལ་དགའ་བས་འཇུག་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱིས་སྒོ་བཞི་བསྲུང་བ་བཞི་པོའི་བདག་ཉིད་ཡིན་ཏེ། ཐེག་པ་ཆེན་པོའི་ཆེན་པོ་ལ་མངོན་པར་ཡིད་ཆེས་དང༌། འཇུག་པ་དང༌། ཀུན་ནས་དགའ་བ་དང༌། རྒྱུན་མི་འཆད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཤེས་རབ་ཡོངས་སུ་དག་པ་ཙམ་ལ་ལྟོས་ནས་ཇི་སྐད་དུ་བཤད་པའི་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བའི་སྒོ་ནས་བྱམས་པ་ལ་སོགས་པའི་ཏིང་ངེ་འཛིན་བཅུ་དྲུག་གི་བདག་ཉིད་ཡིན་ནོ། །ཐབས་འབའ་ཞིག་ཙམ་ལ་ལྟོས་པ་ནི་འཇིག་རྟེན་པའི་ཏིང་ངེ་འཛིན་མ་ལུས་པའི་རང་བཞིན་ནོ། །དེ་ཉིད་ཀུན་ནས་ཉོན་མོངས་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དུ་སྒྲོ་འདོགས་པ་དང་བྲལ་བའི་ཕྱིར་རྣམ་པར་བྱང་བའི་ཕུང་པོ་ལ་སོགས་པའི་མཚན་ཉིད་དུ་རིག་པར་བྱའོ། །དེ་ཉིད་ཀུན་དུ་རྟོག་པ་མ་ལུས་པའི་སེམས་པས་སྒྲོ་བཏགས་པ་སྤངས་ཏེ་དེའི་ཕྱིར་ཇི་
སྲིད་དེ་ཁོ་ན་ཉིད་དུ་ཀུན་དུ་རྟོག་པ་དེ་སྲིད་དུ་དེ་ལ་ཡང་དག་པར་བརྟེན་པར་བྱ་སྟེ། དེའི་ངོ་བོ་ཉིད་དུ་ཞེན་པ་ཉིད་ཀྱིས་དེ་སྐྱེ་བའི་ཡང་དག་པའི་རྟེན་ཡིན་པའི་ཕྱིར་ཏེ། རྣལ་འབྱོར་པའི་ཡེ་ཤེས་སྐྱེད་པར་བྱེད་པ་ཡིན་པར་འདོད་པའི་ཕྱིར་རོ། །དེ་ཉིད་དངོས་པོ་མ་ལུས་པ་བདག་དང་ཐ་མི་དད་པ་ལ་བལྟས་ནས་སྣང་བའི་ཡུལ་དུ་གྱུར་པ་གཟུགས་ལ་སོགས་པ་ཡུལ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པར་བྱའོ། །ཇི་ལྟར་བདག་ཉིད་ལ་མཆོད་པ་ལེགས་པ་ཡིན། གཟུགས་ལ་སོགས་པ་ཅུང་ཟད་ཉམས་སུ་མྱོང་བ་ཐམས་ཅད་ཀྱང་བཀག་པ་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། ཐམས་ཅད་དུ་བདག་ཉིད་ཁོ་ན་མཆོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འདིར་སེམས་ལས་མ་གཏོགས་པ་གཞན་བདག་ཏུ་མངོན་པར་འདོད་པ་མ་ཡིན་ལ། སེམས་ལས་གཞན་མཆོད་པར་བྱ་བ་ཉིད་ཀྱང་མེད་དོ། །ལུགས་སྐུ་ལ་སོགས་པའི་རང་གི་ངོ་བོ་ཡང་མངོན་པར་འདོད་པའི་ལྷ་ཉིད་དུ་སེམས་ཀྱིས་སྒྲོ་བཏགས་པ་ཡིན་པའི་ཕྱིར་རོ། །སོ་སོར་སྣང་བ་ཙམ་ལས་ལྷག་པ་གཞན་ཡོད་པ་ཡང་མ་ཡིན་ཏེ། རང་ལ་ལྷ་ཉིད་དུ་སྒྲོ་བཏགས་པའི་བདག་ཉིད་ཀྱང་བླ་ན་མེད་པའི་འབྲས་བུ་ཡིན་ནོ་ཞེས་བསྟན་པ་དང་འདྲའོ། །གང་ཡང་ཅུང་ཟད་ཉམས་སུ་མྱོང་བ་བཀག་པའི་ཕྱིར་རོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། དགག་པའི་ངག་འཇུག་པའི་སྤྱིས་ཁྱད་པར་གྱི་སྒྲུབ་པས་དགག་པར་གྱུར་པའི་ཕྱིར་རོ། །ཡུལ་གཅིག་ཉིད་ལ་སྒྲུབ་པ་དང༌། དགག་པ་ངག་འགལ་བར་གྱུར་པ་ཡང་ཡུལ་དུ་མ་ཉིད་ལ་ནི་མ་ཡིན་ནོ། །བྱ་བའི་རང་གི་ངོ་བོ་ལ་ཁྱད་པར་མེད་པའི་ཡུལ་དུ་མ་ཉིད་དུ་མི་འཐད་དོ་ཞེ་ན་མ་ཡིན་ཏེ་ཚོགས་པའི་ཁྱད་པར་གྱིས་འདོད་པ་དང༌། འདོད་པ་མ་ཡིན་པའི་འབྲས་བུ་སྐྱེད་པར་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་འདོད་པ་མ་ཡིན་པའི་འབྲས་བུ་ནི་དགག་པར་བྱ་བའི་ཡུལ་ཡིན་ནོ། །དེ་ཡི་ངོ་བོ་ལ་ཞེན་པ་ཙམ་གྱིས་ཐམས་ཅད་དེ་བཞིན་དུ་འགྱུར་བ་ཡང་མ་ཡིན་ཏེ། སྔགས་ལ་སོགས་པས་མངོན་པར་སྦྱངས་པ་ལོངས་སྤྱོད་པའི་དུག་ལས་འཆི་བ་ལ་སོགས་པ་འབྱུང་བའི་ནུས་པ་མ་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་འདིར་ལུས་ལ་སོགས་པའི་ལས་ཕྱིར་ཕྱོགས་པ་ཐུན་མོང་དུ་གཞན་ནས་བཀག་པ་ཡིན་ཡང་འདིར་ཁྱད་
བར་ཅན་གྱི་སྙིང་རྗེ་ལ་སོགས་པས་ཀུན་ནས་བསླང་བས་འདོད་པ་མ་ཡིན་པའི་འབྲས་བུར་མི་འགྱུར་ཏེ། དེ་ལྟར་གྱུར་པའི་གང་ཟག་རྣམས་ལ་བརྩེ་བས་སྤང་བ་ལ་སོགས་པའི་ལས་ཀྱིས་གནོད་པ་སྐྱེད་པ་ལྟ་བུ་དང༌། བུད་མེད་ཆུ་ལ་སོགས་པས་ཁྱེར་བ་ལ་སོགས་པ་ལ་ཕའི་འདུ་ཤེས་ཀྱིས་བཏོན་པ་དང་འདྲ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དག་ལ་ཇི་སྲིད་དུ་དགེ་བ་ལ་སོགས་པའི་ཡིད་ལ་བྱེད་པས་རབ་ཏུ་ཞུགས་པའི་ལས་དེ་ནི་མངོན་པར་སྣང་བའི་ཡུལ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ལམ་གྱི་མཚན་ཉིད་ཁོ་ན་ཉིད་ཡིན་པའི་ཕྱིར་ཏེ། སྙིང་བརྩེར་ལྡན་དང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་བྱ་བ་དང༌། བརྩེར་ལྡན་གཞན་གྱི་དོན་མཐོང་ན། །བཀག་པ་རྣམས་ཀྱང་དེ་ལ་གནང༌། །ཞེས་གང་གསུངས་ལ། གཞན་ཡང༌། བྱང་ཆུབ་སེམས་དཔའི་ཀུན་རྟོག་ལས། །དགེ་བའམ་གལ་ཏེ་མི་དགེ་བའང་རུང༌། །གང་ཕྱིར་དེ་ཡི་ཡིད་དབང་འགྱུར། །ཐམས་ཅད་དགེ་བ་ཉིད་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །ཐབས་ལ་མཁས་པ་མ་གཏོགས་པར་སྲོག་གཅོད་པ་ལ་སོགས་པ་ལས་ངེས་པར་ལྡོག་པར་རྣམ་པར་གཞག་པ་ཡིན་པའི་ཕྱིར་ལ། ཐབས་ལ་མཁས་པ་ནི་དེ་གནང་བ་ཡིན་པའི་ཕྱིར་ཏེ། སུམ་ཅུ་རྩ་གསུམ་པའི་མདོ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་ལས་ཀྱང༌། འདིར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཐམས་ཅད་དུ་སྲོག་གཅོད་པ་ལས་སླར་ལྡོག་པར་བྱ་སྟེ། གཞན་དུ་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པའི་སེམས་ཅན་མཐོང་ན་ཞེས་བྱ་བའི་བར་དང༌། དེ་བཞིན་དུ་མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་བྱ་སྟེ། སེམས་ཅན་སེར་སྣ་ཅན་མཐོང་ན་ཞེས་བྱ་བའི་བར་དང༌། དེ་བཞིན་དུ་གཞན་གྱི་ཆུང་མ་གཞན་གྱིས་ཡོངས་སུ་བཟུང་བ་ལ་བརྣབ་སེམས་ཀྱི་སེམས་སྐྱེད་པར་ཡང་མི་བྱེད་ན་འོན་ཀྱང་ཡན་ལག་མ་ཡིན་པས་བཤད་པའམ། གཉིས་ཀྱིས་གཉིས་སྤྲོད་པ་ལྟ་ཅི་སྨོས། གཞན་དུ་དེ་ལྟ་བུས་འདུལ་བ་རྣམས་ལ་ནི་ཞེས་བྱ་བ་བརྒྱས་པར་གང་གསུངས་པ་ཡིན་པས་བསླབ་པ་ཐམས་ཅད་ཀྱི་ཆ་བལྟ་བར་བྱའོ། །འདོད་ཆགས་ཀྱི་བསམ་པས་ཀུན་ནས་སློབ་པའི་ལུས་དང་ངག་གི་ལས་ནི་ཀུན་ནས་ཉོན་མོངས་པའི་འབྲས་བུ་ཅན་ཡིན་
པའི་ཕྱིར་མི་དགེ་བ་ཡིན་གྱི་རང་གི་ངོ་བོས་ནི་མ་ཡིན་ཏེ། དེ་ལུང་དུ་མ་བསྟན་པ་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་གཞན་ལ་ཕན་པའི་བསམ་པས་རབ་ཏུ་ཞུགས་པ་དེ་ནི་བླ་ན་མེད་པའི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་བསླབ་པའི་རང་བཞིན་ནོ། །བདག་ཉིད་ཀྱི་ཚུལ་ཁྲིམས་སྲུང་བར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། ཆོས་གང་ངེས་པ་རྣམས་ཀྱི་བྱང་ཆུབ་ཡོན་ཏན་འབྱུང་འགྱུར་བ། །འདི་ནི་ཡོན་ཏན་ཆོས་ལྡན་རྣམས་ཀྱི་ཚུལ་ཁྲིམས་དོན། །ཆོས་གང་ཕན་བྱེད་རྣམས་ཀྱི་བྱང་ཆུབ་ཡོན་ཏན་ཉམས་བྱེད་པ། །འདི་ནི་ཚུལ་ཁྲིམས་འཆལ་ཞེས་འདྲེན་པ་རྣམས་ཀྱིས་གསུངས། །ཞེས་གང་གསུངས་པ་དང༌། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང༌། ཐབས་ལ་མཁས་པས་ཐམས་ཅད་ལ། །རྣམ་པར་སྨད་པར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །གཟུགས་ལ་སོགས་པའི་ཡུལ་ལ་ལོངས་སྤྱོད་པར་མཚུངས་སུ་ཟིན་ཀྱང་ཞེན་པའི་དབང་གིས་ཁ་ནམ་མཐོ་བ་དང་བཅས་པ་དང༌། ཁ་ན་མ་ཐོ་བ་མེད་པར་རྣམ་པར་གཞག་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་བའི་བདག་ཉིད་ཅན་གྱི་ཡོངས་སྤྱོད་པ་ཞེན་པར་གྱུར་པས་ཡུམ་ལྔ་ལ་ལོངས་སྤྱོད་པ་ནི་ཉོན་མོངས་པའི་ཡུལ་ལ་ལོངས་སྤྱད་པ་ཡིན་ལ། ཉོན་མོངས་པའི་བསམ་པ་མེད་པས་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ནོ། །དེ་ཡང་རྣམ་པ་གསུམ་སྟེ། འཇིག་རྟེན་པའི་འབྲས་བུ་དང་རྗེས་སུ་མཐུན་པ་དང༌། རང་གི་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པ་དང༌། བླ་ན་མེད་པའི་འབྲས་བུ་དང་མཐུན་པའོ། །དེ་ལ་དང་པོ་ནི་མཐོ་རིས་ལ་སོགས་པ་ཐོབ་པའི་ཕྱིར་ལྷ་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་ཐོབ་པའི་ཡུལ་སྟོབས་པའི་ཡིད་ལ་བྱེད་པའོ། །གཉིས་པ་ཉན་ཐོས་ལ་སོགས་པའི་བྱང་ཆུབ་དོན་དུ་གཉེར་བ་ཡིན་ཏེ། དེ་ཁོ་ན་ཉིད་དུ་གཟུགས་ལ་སོགས་པ་རྣམས་ལ་མི་རྟག་པ་ལ་སོགས་པའི་རྣམ་པར་སོ་སོར་རྟོག་པ་ཡིན་ཏེ། ཇི་སྐད་དུ་ཡང་དག་པར་ལྡན་པའི་ལུང་ལས། དགེ་སློང་དག་དགེ་སློང་གི་མིག་གིས་གཟུགས་མཐོང་བ་ན་གཟུགས་རྣམས་ཟིལ་གྱིས་གནོད་པར་བྱེད་ཀྱི་གཟུགས་ཀྱིས་དེ་དག་ཟིལ་གྱིས་གནོན་པར་མི་འགྱུར་རོ་ཞེས་
བྱ་བ་ནས། མི་རྟག་པར་དམིགས་ནས་གནས་པར་བྱེད་པ་དེའི་ཕྱིར་གཟུགས་ཀྱིས་ཟིལ་གྱིས་གནོན་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་རྒྱས་པར་གསུངས་པ་ཡིན་ནོ། །གསུམ་པ་ལ་ཡང་རྣམ་པ་བཞི་སྟེ། སྨོན་ལམ་ལ་མོས་པས་རབ་ཏུ་འཇུག་པ་དང༌། དེ་ཁོ་ན་ཉིད་འབའ་ཞིག་སོ་སོར་རྟོག་པས་རབ་ཏུ་འཇུག་པ་དང༌། རྒྱ་ཆེ་བ་ཙམ་གྱི་དམིགས་པས་རབ་ཏུ་འཇུག་པ་དང༌། ཟབ་པ་དང་རྒྱ་ཆེ་བས་རབ་ཏུ་འཇུག་པའོ། །དེ་ལ་གཟུགས་ལ་སོགས་པས་སྣང་བ་ཐོབ་པ་རྣམས་ཀྱི་དེའི་རང་བཞིན་ངོ་བོ་ཉམས་སུ་མྱོང་བའི་རྗེས་སུ་འབྲངས་ནས་འགྲོ་བ་མ་ལུས་པ་ལ་ཕན་པ་སྐྱེ་བའི་སེམས་པ་ལ་སྔོན་དུ་ཕྱོགས་པ་ཉིད་ཡིན་ཏེ། སྤྱོད་ཡུལ་ཡོངས་སུ་དག་པ་ལས་འདིར་བྱང་ཆུབ་སེམས་དཔའི་མིག་གིས་གཟུགས་ཡིད་བདེ་བའི་གནས་སུ་གྱུར་པ་མཐོང་བ་ན་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུའི་མཆོག་ཐོབ་པར་གྱུར་ཅིག་ཅེས་དེ་ལྟར་ཡང་སེམས་བསྐྱེད་པར་བྱའོ། །ཡིད་མི་བདེ་བའི་གནས་སུ་གྱུར་པ་མཐོང་བ་ན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྐྱོ་བར་གྱུར་ཅིག་ཅེས་དེ་ལྟར་ཡང་སེམས་བསྐྱེད་པར་བྱའོ། །བཏང་སྙོམས་ཀྱི་གནས་སུ་གྱུར་པ་མཐོང་ན་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ལ་སེམས་མཉམ་པར་གྱུར་ཅིག་ཅེས་དེ་ལྟར་ཡང་སེམས་བསྐྱེད་པར་བྱའོ་ཞེས་རྒྱ་ཆེར་གང་གསུངས་པ་དང༌། དེ་ལྟར་མདོ་སྡེའི་རྒྱན་ལས་ཀྱང༌། །ཇི་ལྟར་ཇི་ལྟར་དབང་པོའི་སྤྱོད་ཡུལ་ལ། །བརྩེ་ལྡན་བདག་ཉིད་སྤྱོད་པས་འཇུག་གྱུར་པ། །དེ་ལྟ་དེ་ལྟར་ཅི་རིགས་མཐུན་གནས་ཏེ། །བརྩེ་བས་སེམས་ཅན་དག་ལ་མངོན་དུ་བྱེད། །ཅེས་གསུངས་པ་ཡིན་ནོ། །གཉིས་པ་ནི་བརྩེ་བ་དང་བཅས་པས་སེམས་ཅན་གྱི་ཁམས་ལ་ལྟོས་པ་དང་བཅས་པས་ཡུལ་ལ་ལོངས་སྤྱོད་པ་མ་ལུས་པ་རྣམས་ལ་བདག་མེད་པའི་སོ་སོར་རྟོག་པའི་ཡིད་ལ་བྱེད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དགེ་སློང་ཆོས་སྨྲ་བདེ་ལ་བདུད་སྡིག་ཅན་གྱིས་བར་ཆད་བྱ་བའི་ཕྱིར་སེམས་བསྒྱུར་བའི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དག་ཉེ་བར་བསྟན་པ་དེ་དག་འདིར་ཐབས་ལ་མཁས་པ་དང༌། ཤེས་རབ་ཀྱིས་ཟིལ་གྱིས་མནན་ནས་ཡོངས་སུ་སྤྱད་པར་བྱའོ་ཞེས་རྒྱས་པར་གང་
གསུངས་པ་ཡིན་ཏེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི་ཉེས་པ་མ་ལུས་པ་སྐྱེ་བའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འདོད་པ་མ་ཡིན་པའི་ལས་མངོན་པར་བསྒྲུབ་པ་ཡང་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པས་ཉམས་ཤིང་ཟད་པར་འགྱུར་ཏེ། དེའི་དབང་གིས་ནི་འདོད་པའི་འབྲས་བུ་སྐྱེད་པའི་ནུས་པ་ཉེ་བར་བཅོམ་པར་འགྱུར་ན་གང་དུ་ཡང་དག་པར་སོ་སོར་རྟོག་པའི་བདག་ཉིད་ཅན་གྱི་གཟུགས་ལ་སོགས་པ་ཁོང་དུ་ཆུད་པ་དེ་ལ་ཉོན་མོངས་པ་ཅན་གྱི་ལས་ཀྱི་སྐབས་ལྟག་ལ་ཡོད། ཕྱིན་ཅི་ལོག་གི་སེམས་ཀྱི་ཁྱད་པར་ཉོན་མོངས་པ་ཅན་གྱི་ལས་ནི་བདག་མེད་པ་སོ་སོར་རྟོག་པ་དེ་དང་འགལ་བའི་ཕྱིར་ཅིག་ཅར་སྐྱེ་བར་མི་འགྱུར་རོ། །དེ་སྐད་དུ་ཡང༌། འཇིག་རྟེན་སྣ་ཚོགས་གང་དེ་འདོད་པ་མིན། །སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན། །འཇིག་རྟེན་སྣ་ཚོགས་དེ་བཞིན་གནས་ཀྱང་ནི། །འོན་ཀྱང་བརྟན་རྣམས་འདི་ལ་འདོད་པ་སྤང༌། །ཞེས་གསུངས་སོ། །གསུམ་པ་ཡང་རྒྱ་ཆེ་བ་ལ་དམིགས་པ་ཉིད་ཀྱི་ཕྱིར་རང་གི་བདག་ཉིད་ཀྱི་གཟུགས་ལ་སོགས་པ་ཡང་ཐ་མལ་བའི་གཟུགས་ལ་ཞེན་པའི་གཉེན་པོ་ཉིད་ཡིན་པས་བརྒྱུད་པས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འཇོག་པའི་རྒྱུ་ཡིན་ཏེ། རྫོགས་པའི་སངས་རྒྱས་ཀྱི་ངོ་བོའི་ང་རྒྱལ་གྱི་རྗེས་སུ་མཐུན་པའི་གཟུགས་ལ་སོགས་པ་ལོངས་སྤྱོད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཡིན་དུ་ཆུག་ན་དེ་ལྟ་ན་ཡང་བཅོམ་ལྡན་འདས་རང་གི་ངོ་བོར་ཡོངས་སུ་བསྒོམ་པ་དེ་ནི་དོན་དམ་པ་ཉིད་དུ་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་ཐ་མལ་པའི་བདག་ཉིད་ལོངས་སྦྱོང་པ་ཡང་ཡོད་པར་མི་འགྱུར་ཏེ། དེ་ཁོ་ན་ཉིད་དུ་གང་གཟུགས་ལ་སོགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་བདག་གིས་གཟུགས་ལ་སོགས་པ་མཐོང་ངོ་ཞེས་ཞེན་པས་ཡུལ་དུ་བྱས་པའི་གཟུགས་ལ་སོགས་པ་དེ་དག་ནི་དེ་ཁོ་ན་ཉིད་དུ་དེ་ལྟར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་དང་འདྲའོ། །དེ་བས་ན་དེ་ཁོ་ན་ཉིད་དུ་གནས་པ་ལ་ལྟོས་པ་མེད་པའི་ཞེན་པ་འགའ་ཞིག་ནི་མི་འདོད་པ་སྐྱེད་པ་ཉིད་ཀྱི་ཕྱིར་མི་དགེ་བ་ཡིན་ལ། ཅིག་ཤོས་ནི་མཆོག་གི་སྐྱེས་བུའི་དོན་ལ་མཁོ་བ་ཉིད་ཀྱི་ཕྱིར་དགེ་བ་ཡིན་ནོ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་
གཞུང་ལས་མཐོང་ངོ༌། །དེ་ཉིད་ཀྱི་ཕྱིར་མིང་ཙམ་གྱི་སྒོ་ནས་ཀྱང་རྫོགས་པའི་སངས་རྒྱས་ཀྱི་ང་རྒྱལ་ནི་ཕུན་སུམ་ཚོགས་པ་མཆོག་རྫོགས་པར་བྱེད་པའི་རྒྱུ་ཡིན་ནོ་ཞེས་རྣམ་པར་གཞག་པ་ཡིན་གྱི་བདག་ཉིད་ཀྱིས་ཉེ་བར་ལོངས་སྤྱོད་པ་ཁོ་ནས་ཐམས་ཅད་དགེ་བའི་བདག་ཉིད་དུ་མི་འགྱུར་རོ་ཞེས་རྣམ་པར་གཞག་པར་ནི་མི་ནུས་ཏེ། བསམ་པའི་དབང་གིས་དེ་ཡང་དགེ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་འགའ་ཞིག་ལོ་སྟོང་ཕྲག་བརྒྱད་ཅུར་དེ་བཞིན་གཤེགས་པ་འཁོར་དགེ་སློང་སྟོང་ཕྲག་བརྒྱད་ཅུ་དང་བཅས་པ་རེ་རེ་ལ་བསྐལ་པ་དུ་མར་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པར་བྱེད་ལ་བྱང་ཆུབ་སེམས་དཔའ་གཞན་འགའ་ཞིག་ཀྱང་དམ་པའི་ཆོས་ཡོངས་སུ་གཟུང་བའི་རྒྱུས་བདག་ཉིད་བསོད་སྙོམས་ཀྱིས་ལོངས་སྤྱོད་པར་བྱེད་ན་སྔ་མ་དེ་བས་བྱང་ཆུབ་སེམས་དཔའ་འདི་ལ་བསོད་ནམས་མང་དུ་འབྱུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྣམ་པར་རྟོག་པ་བཞི་པ་ནི་ཉིད་ཀྱི་རང་བཞིན་ངོ་བོ་ཉིད་རྟོག་པའི་དྲི་མ་མ་ལུས་པ་སྤངས་པས་བདེ་བར་གཤེགས་པའི་སྐུའི་བདག་ཉིད་ཅན་འོད་ཟེར་ཅན་གྱི་ཚོགས་རྣམ་པ་དུ་མའི་སྒོ་ལས་ཡང་དག་པར་བྱུང་བའི་སྤྲུལ་པ་སྣ་ཚོགས་རྣམ་པར་འཕྲོ་བས་འགྲོ་བ་མ་ལུས་པའི་དོན་མཛད་པ་ལ་གཞོལ་བ་དེ་དང་རྗེས་སུ་མཐུན་པའི་གཟུགས་ལ་སོགས་པ་གོང་དུ་སྨོས་པའི་ཁྱད་པར་གྱིས་དངོས་པོ་མ་ལུས་པ་མཉམ་པ་ཉིད་ཀྱིས་བལྟ་བ་ནི་གཅིག་ཏུ་ཕུན་སུམ་ཚོགས་པ་མཆོག་གི་རྒྱུ་ཡིན་ཏེ། མངོན་སུམ་དུ་བསྒྲུབ་པར་བྱ་བའི་ངོ་བོ་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བུའི་རྣམ་པའི་གཟུགས་ལ་སོགས་པ་ལ་མ་ངེས་པར་དཔྱོད་པའི་བདག་ཉིད་ཀྱི་རྫོགས་པའི་སངས་རྒྱས་ཀྱི་མཆོད་པ་ལ་ཁ་ན་མ་ཐོ་བ་དང་བཅས་པར་དོགས་པ་ཉིད་ནི་ཁ་ན་མ་ཐོ་བ་ཆེན་པོའི་རྒྱུ་མ་ཡིན་ཏེ། ཐ་མལ་པའི་ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པའི་གཉེན་པོ་ཉིད་ཀྱིས་འདི་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །མིག་ལ་སོགས་པའི་ཡུལ་ཡང་དག་པ་མ་ཡིན་པ་རྣམས་ལ་ཡིད་ལ་བྱེད་པ་ཐམས་ཅད་འགོག་པས་མྱ་ངན་ལས་འདས་པ་མཆོག་གི་གཞི་ཉིད་ཡིན་པའི་ཕྱིར་སྡོམ་པ་མཆོག་གི་དོན་ཡིན་ནོ། །དེ་ལྟར་ཡང༌། མིག་གི་སྡོམ་པ་ལེགས་པ་སྟེ། །
རྣ་བའི་སྡོམ་པ་ལེགས་པ་ཡིན། །སྣ་ཡི་སྡོམ་པ་ལེགས་པ་སྟེ། །ལྕེ་ཡི་སྡོམ་པ་ལེགས་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ཡིད་ཀྱི་སྡོམ་པ་ལེགས་པ་ཡིན། །དགེ་སློང་ཀུན་དུ་བསྡམས་པ་ཡིས། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་གསུངས་སོ། །རང་དང་གཞན་རྫོགས་པའི་སངས་རྒྱས་ཀྱི་ངོ་བོར་དམིགས་པ་ཉིད་ཀྱིས་ལྷག་པའི་སེམས་ཀྱི་བསླབ་པའི་རང་བཞིན་ལ། རང་གི་ངོ་བོ་ལ་ཕྱིན་ཅི་མ་ལོག་པས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་དམིགས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་སེར་སྣ་ལ་སོགས་པའི་ཉེས་པ་ལས་ལྡོག་པ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མ་ལུས་པ་ནང་དུ་འདུས་པ་ནི་སྔ་མའི་རྗེས་སུ་འབྲངས་ནས་བལྟ་བར་བྱའོ། །དེའི་ཕྱིར་རྣམ་པ་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་རྗེས་སུ་མཐུན་པའི་རང་བཞིན་ལས་རྣམ་པར་ལོག་པ་རྣམས་ནི་རྒྱུའི་མཆོག་སྤངས་པ་རྫོགས་པའི་བྱང་ཆུབ་ཀྱི་སྣོད་དུ་མི་འགྱུར་ཞིང་། གནས་མ་ཡིན་པ་ལ་སྐྲག་པ་ནི་དོན་མེད་པ་བརྒྱུད་པ་སྐྱེད་པར་བྱེད་པའི་རྒྱུ་ཉིད་ཡིན་ཏེ། འགྲོ་བ་གང་ཞིག་རྨོངས་པའི་རྒྱུ་ཡིས་གནས་མ་ཡིན་ལ་སྐྲག་འགྱུར་བ། །ཡུན་རིངས་དུས་སུ་བསོད་ནམས་ཕུང་པོ་ཆེན་པོ་མིན་པ་འབྱུང་འགྱུར་རྒྱུས། །རིགས་མེད་བཤེས་མེད་བློ་མ་སྦྱངས་ཤིང་སྔ་མར་དགེ་བ་མ་བསྐྱེད་པས། །ཆོས་འདི་དག་ལ་སྐྲག་པར་གྱུར་པ་དོན་ཆེན་འདི་ལས་ཉམས་པར་འགྱུར། །རྫོགས་པའི་བྱང་ཆུབ་གཞན་དོན་མཆོག་གི་རྒྱུར་གྱུར་སྣ་ཚོགས་མཐུ་ཡི་གནས། །དེ་ལས་དེ་དང་མཉམ་ཉིད་སེམས་འདི་འབའ་ཞིག་རྒྱུ་ཡི་མཆོག་ཡིན་ཞེས། །བདག་གིས་བཤད་པར་གྱུར་པ་ལས་ཀྱང་ཅུང་ཟད་དྲི་མེད་བསོད་ནམས་དེས། །སངས་རྒྱས་ཡེ་ཤེས་འཁྲུལ་སྤངས་བློ་ཅན་སྐྱེ་བོ་བྱང་ཆུབ་ཐོག་གྱུར་ཅིག །སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་བདག་སྒྲུབ་པ་ལ་འཇུག་པ་ཞེས་བྱ་བ་རྫོགས་སོ།། །།པཎྜི་ཏ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།