རིམ་པ་ཕྱེ་བ་བཅུ་བདུན་པ། བྱང་ཆུབ་ཀྱི་སེམས་ཀྱི་བཤད་པ།
ད་ནི་རྒྱུད་མ་ལུས་པ་རབ་ཏུ་རྟོགས་པར་བྱ་བ་ལ་གོ་རིམས་འཆོལ་བའི་སྒྲུབ་ཐབས་ལ་ཐེ་ཚོམ་མེད་པའི་གོ་རིམས་རབ་ཏུ་ཤེས་པར་བྱ་བའི་ཕྱིར་དང༌། སྤྲོ་བ་དང་སྡུད་པར་བྱེད་པ་ལ་སོགས་པ་དང༌། ལས་ཀྱི་ཚོགས་མ་ལུས་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་ཞི་བར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་སྟོན་པར་བྱེད་པའི་རིམ་པར་ཕྱེ་བ་དྲིས་པའི་ལན་དང་བཅས་པ་ཉིད་གསུངས་པ། རྣམ་པ་ལྔ་ནི་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་ལྔ་དག་ལས་རྫོགས་པའི་བཅོམ་ལྡན་
འདས་རྡོ་རྗེ་འཆང་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ཨཱ་ལི་དང་ཀཱ་ལི་དང་ཡོངས་སུ་གྱུར་པའི་ཟླ་བ་གཉིས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་དང་པོའི་རྣམ་པའོ། །དེ་དག་གཅིག་ཏུ་གྱུར་པ་ནི་མཉམ་པ་ཉིད་དེ་དེ་གཉིས་པའོ། །དེ་ལས་སྐྱེས་པའི་ཧཱུཾ་ནི་སོ་སོར་རྟོག་པ་སྟེ་གསུམ་པའོ། །དེ་ལས་སྐྱེས་པའི་རྡོ་རྗེ་ནི་བྱ་བ་ནན་ཏན་ཏེ་བཞི་པའོ། །དེ་ལས་ཡང་དག་པར་བྱུང་པའི་རྡོ་རྗེ་འཆང་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་དེ་ལྔ་པའོ། །བསྒོམ་བྱས་ནས་ཞེས་བྱ་བ་ནི་བསྒོམ་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །ཅི་ཞིག་ཅེ་ན། སངས་རྒྱས་གཟུགས་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་གཟུགས་ནི་ཆོས་ཐམས་ཅད་དེས་པར་རྟོགས་པ་དང་ལྡན་པས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོའོ། །དེའི་གཟུགས་ནི་ལུས་སོ། །དེ་ནས་ཅི་ཞིག་བྱ་ཞེ་ན། འཁོར་ལོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འཁོར་ལོ་ནི་དཀྱིལ་འཁོར་པའོ། །དྲུག་པ་འདི་ནི་གཉིས་པའི་དོན་ཏོ། །མཁས་པ་ནི་བསྒོམ་བྱ་དང་སྒོམ་པ་པོ་དང༌། བསྒོམ་པ་ལ་མངོན་པར་ཞེན་པ་མེད་པའོ། །ཇི་ལྟར་ན་དཀྱིལ་འཁོར་པས་འཁོར་ལོ་ཅན་ཁུ་བའི་རྣམ་པའི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལས་སློབ་པར་བྱེད་ཅེ་ན་གསུངས་པ། གར་དང་གླུ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་སྟེ་སེམས་ཅན་མཐའ་ཡས་པའི་དོན་བྱེད་པའི་གར་དང༌། དེ་སྔོན་དུ་སོང་པའི་ཡིད་འཕྲོག་ཅིང་གསལ་བར་བྱེད་པའི་ངག་ནི་གླུའོ། །དེ་དག་གི་སྦྱོར་བ་རབ་ཀྱི་མཐར་ཐུག་པ་དུས་རིང་པོར་གོམས་པར་བྱས་པའི་བྱམས་པ་ལ་སོགས་པ་རྣམས། ཙ་རྩི་ཀ་ལ་སོགས་པའི་གཟུགས་ཀྱིས་སྤྲོས་ནས། དེ་དག་གིས་འཁོར་ལོ་ཅན་བསྐྱེད་པ་ནི་འཁོར་ལོ་བསྐྱེད་པར་བྱ་བ་སྟེ། འཁོར་ལོ་ཅན་ནི་གཟུགས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ། ཙ་རྩི་ཀ་སོགས་གླུ་དང་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཙ་རྩི་ཀ་ལ་སོགས་པ་དེ་དག་གི་གླུ་ནི་དབྱངས་སུ་བྱ་བ་ཡིན་ཞིང་སྒྲ་དབྱངས་ཡིན་པས་སོ། །དྲུག་ལས་སྐྱེས་སོགས་ཞེས་བྱ་བ་ལ་དྲུག་ལས་སྐྱེས་ནི་གླུའི་ཁྱད་པར་རོ། །དེ་ཉིད་གསུངས་པ། སྙིང་རྗེས་ཁྲོས་པའི་དད་སྒྲོལ་ཞེས་བྱ་བ་ལ་སོགས་པ་སྟེ་དད་སྒྲོལ་བཞེངས་ཤིག་ཅེས་བོད་པ་སྟེ་སྟོང་པ་ཉིད་མཐོང་མཛོད་ཅེས་བྱ་བར་བསམ་པའོ། །སྙིང་རྗེས་ཁྲོས་པ་ཞེས་བྱ་བ་ལ། སྙིང་རྗེས་ཁྲོས་
པ་ནི་སྙིང་རྗེའི་དབང་གིས་འདི་ལྟ་བུའི་གཟུགས་བཟུང་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་འབོད་པའོ། །ཁམས་གསུམ་ཀུན་གྱི་གཏི་མུག་ཅེས་བྱ་བ་ལ་སོགས་པ་ལ་ཁམས་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་མིང་ཅན་ནོ། །ཀུན་ནི་ལྷག་མ་མ་ལུས་པའོ། །ཁམས་གསུམ་མ་ལུས་པ་དེ་དག་གི་སོལ་ཞེས་བྱ་བ་སྟེ་མེད་པར་བྱེད་པའོ། །གཏི་མུག་ནི་རྨོངས་པ་སྟེ་མ་རིག་པའོ། །དད་སྒྲོལ་ཞེས་བྱ་བ་ལ་སོགས་པ་ལ་བདུད་བཞི་ནི་ཕུང་པོ་དང༌། ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་རྣམ་པར་གཡེང་བྱེད་དེ་དེ་ལས་རྒྱལ་བར་མཛོད་ལ་རྒྱལ་རིགས་ཁྱོད་བཞེངས་ཤིག་པའོ། །རྩོལ་བས་ཞེས་བྱ་བ་ནི་སྙིང་རྗེའི་སེམས་ཀྱིས་སོ། །མ་བཞུགས་ཞེས་བྱ་བ་ནི་ཉོན་མོངས་པའི་དབང་དུ་གྱུར་པའི་སེམས་ཅན་གྱི་ཁམས་མངོན་པར་གཟིགས་པས་སྙིང་རྗེའི་སེམས་ཀྱིས་གཡེངས་པའོ། །འཇིག་རྟེན་མགྲོན་པོས་ཞེས་བྱ་བ་ལ་འཇིག་རྟེན་མགྲོན་དུ་བོས་པ་སྟེ། དང་པོ་སངས་རྒྱས་ཉིད་དུ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་བཞུགས་ཞེས་པ་ནི་འདུག་པར་འདོད་པའོ། །སྟོང་ཉིད་ཅེས་བྱ་བ་ནི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལའོ། །དད་སྒྲོལ་བཞེངས་ཞེས་བྱ་བའི་དོན་བསྟན་ཟིན་ཏོ། །འཇིག་རྟེན་བསོད་ནམས་ཞེས་བྱ་བ་ནི་འཇིག་རྟེན་པའི་བསོད་ནམས་བསགས་པའི་རྒྱུར་རོ། །ཁྱོད་ནི་ཞེས་བྱ་བ་ནི་ཅིའི་ཕྱིར་ཁྱོད་ཅེས་བྱའོ། །འདུག་ཅེས་བྱ་བ་ནི་གནས་པའོ། །སྟོང་པ་ཉིད་ལ་སེམས་ཞེས་བྱ་བ་ནི་སྟོང་པ་ཉིད་རྣམ་པར་བསམས་ནས་སོ། །བྱང་ཆུབ་འདོད་པའི་འཇིག་རྟེན་མགྲོན་པོས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ངོ་བོ་ལ་འཇིག་རྟེན་མགྲོན་དུ་བོས་ནས་སོ། །མ་དང་ཕར་གྱུར་པའི་རྡོ་རྗེ་འཆང་གི་སྐུ་སྲིད་པ་བར་མ་རྣམ་པར་དག་པ་ཧོ་གཉིས་ཀྱིས་བརྟན་པའི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན། ཨོཾ་ཨཱཿ་ཧཱུཾ་གི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཀྱི་འཇུག་པ་གསུངས་པ། ཇི་ལྟར་སྐར་མདའ་འཕོ་བ་བཞིན།། ཞེས་བྱ་བ་ལ་གང་གིས་ཇི་ལྟར་ནམ་མཁའ་ལ་སྐར་མདའ་འཕོ་བ་སྟེ། གཞན་དུ་འགྲོ་བ་ལྟར་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱང་འཇུག་གོ །དེས་ཅིར་འགྱུར་ཞེ་ན་གསུངས་པ། སྙིང་རྗེ་དང་ནི་འདོད་ཆགས་སེམས། །ཞེས་བྱ་བ་ལ་སྙིང་རྗེ་ནི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་
འབྱིན་པར་འདོད་པའོ། །དེའི་འདོད་ཆགས་ནི་ཞེན་པའོ། །དེ་ཉིད་ནི་སེམས་ཏེ་དེའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་ཉིད་ནི་ཁུ་བར་གྱུར་པའོ། །རྡོ་རྗེ་འཆང་ཞེས་བྱ་བ་ནི་རྡོ་རྗེ་ནི་ཡེ་ཤེས་ལྔའོ། །དེའི་བདག་ཉིད་འཛིན་པར་བྱེད་པས་དེ་ལ་དེ་སྐད་ཅེས་བྱའོ། །རང་ཉིད་ཅེས་བྱ་བ་ནི་རང་རང་གི་ངོ་བོས་ཏེ། ཇི་ལྟར་དེའི་རང་གི་ངོ་བོ་གང་ཡིན་པ་དེས་སོ། །འདིས་ནི་ཁུ་བའི་གནས་སྐབས་ན་ཡང་སྙིང་རྗེའི་བདག་ཉིད་དང༌། ཡེ་ཤེས་ལྔའི་བདག་ཉིད་མ་སྤངས་པར་འགྱུར་རོ། །དེ་དག་ཀྱང་ཇི་ལྟར་བསྒོམ་པར་བྱ་ཞེས་ཐེ་ཚོམ་ཟ་བ་བསལ་བར་བྱ་བའི་ཕྱིར་དང་པོར་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་དང་པོར་ནི་ཐོག་མར་རོ། །རྣལ་འབྱོར་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་གི་གཟུགས་སོ། །དེ་ནས་ནི་རྡོ་རྗེ་སྟེ་ཕྱིན་ནས་སོ། །རྣལ་འབྱོར་ནི་རྗེས་ཀྱི་རྣལ་འབྱོར་རོ། །དེ་ལས་ཤིན་ཏུ་ཡང་སྦྱོར་བ་ནི་ཤིན་ཏུ་རྣལ་འབྱོར་རོ། །ཐུབ་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་རྣམ་པ་ཅན་གྱི་རང་རིག་པ་ཉིད་ནི་རྣལ་འབྱོར་ཆེན་པོའོ། །རྣལ་འབྱོར་ལ་སོགས་པ་འདི་ཅི་ཞིག་ཅེ་ན། རྡོ་རྗེ་སེམས་དཔའ་རྫོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་རྒྱུ་མཐུན་པ་གང་ཡིན་པ་དེ་དེ་དང་འདྲ་བས་ལྷའི་སྐུ་སྟེ། བདེ་བ་ཆེན་པོ་ནམ་མཁའ་ལས་བྱུང་པས་རྗེས་ཀྱི་རྣལ་འབྱོར་ཞེས་བསྟན་ཟིན་ཏོ། །ལྷའི་མིག་སོགས་བྱིན་བརླབ་དང༌། །ཞེས་བྱ་བ་ནི། ལྷའི་ཡང་ཡིན་ལ་མིག་ཀྱང་ཡིན་པས་ལྷའི་མིག་སོགས་ཏེ་ཇི་ལྟ་བུ་ཞེ་ན། ལྷའི་མིག་དང་ལྷའི་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ཟག་བ་ཟད་པའི་ཤེས་པའོ། །དེ་དག་གི་བྱིན་གྱིས་བརླབས་པ་ནི་ལྷའི་རྣམ་པར་བསྐྱེད་པའོ། །ལུས་ལ་སོགས་པ་མ་ལུས་པ་བྱིན་གྱིས་བརླབ་པ་བསྟན་པའོ། །སློབ་དཔོན་ནི་བླ་མའོ། །དེ་ཡང༌། དམ་ཆོས་ཀློག་པ་འབྱིན་པ་དང༌། །འཆད་བྱེད་མན་ངག་སྟོན་པ་དང༌། །དབང་བསྐུར་བ་དང་ལས་བྱེད་པ། །དེ་རྣམས་སློབ་དཔོན་ཞེས་བསྟན་ཏོ། །ཞེས་གསུངས་པ་ཡིན་ནོ། །བརྙས་མི་བྱ་ཞེས་བྱ་བ་ནི་དེ་དག་ལ་བརྙས་པར་མི་བྱའོ། །བྱམས་པས་གདུག་པ་ཞེས་བྱ་བ་ནི་ཆགས་པ་ཉེ་བར་བཅོམ་པའི་བྱམས་པའོ། །དམ་ཚིག་ནི་
བསྲུང་བར་བྱ་བ་དང་བཟའ་བར་བྱ་བའོ། །སློང་མོ་ནི་རྒྱུན་མི་འཆད་པའི་ངོ་བོའོ། །རྣལ་འབྱོར་ནི་ཤེས་རབ་དང་ཐབས་ཀྱི་ངོ་བོའོ། །རྟག་པར་ནི་དུས་ཐམས་ཅད་དུའོ། །རྟག་ཏུ་ཞེས་བྱ་བ་ནི་མཉམ་པར་གཞག་པའམ། མཉམ་པར་མ་བཞག་པའི་གནས་སྐབས་སུ་ཡང་ངོ༌། །དམ་ཚིག་ལ་སོགས་པ་འདིས་རང་རིག་པ་ཐོབ་པར་བྱེད་མཉམ་པར་བྱེད་པས་ན་དམ་ཚིག་ནི་ཕྱག་རྒྱའོ། །སོགས་པའི་སྒྲས་ནི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱའོ། །གནོད་པ་ནི་གནོད་པ་བྱེད་པའོ། །བག་མེད་པ་ནི་ཞེ་སྡང་གིས་རྒྱས་པར་བྱས་པའི་སེམས་སོ། །དཀྱིལ་འཁོར་ནི་འཁོར་ལོ་སྟེ་སློབ་དཔོན་གཙོར་བྱས་པའི་ཚོགས་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །བདེ་གཤེགས་རྣམས་ནི་བླ་མའོ། །ད་ནི་རྒྱུད་མ་ལུས་པ་དོན་མཉམ་པར་རྟོགས་ནས། དེ་བཞིན་གཤེགས་པས་བསྟན་པ་འདུས་ན་ལྐོག་ཏུ་གྱུར་པའི་སེམས་ཅན་སེམས་སྤྲོ་བར་བྱ་བའི་ཕྱིར་ཆེད་དུ་བརྗོད་པ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ། སེམས་ཅན་གྱི་ཕུང་པོ་ཆེན་པོའི་དོན་བྱེད་པའི་ཕྱིར་ཆེན་པོའོ། །དགའ་བའི་མཆོག་གང་ལ་ལྷན་ཅིག་སྐྱེས་པའི་མིང་ཡོད་པ་དེ་ནི་མཆོག་ཏུ་དགའ་བའོ། །དེའི་ངོ་བོ་སྟེ་རང་བཞིན་གང་ལ་ཡོད་པ་དེ་ནི་མཆོག་ཏུ་དགའ་བའི་ངོ་བོ་སྟེ་དེའི་གསུང་ངོ༌། །མི་སྨྲ་པར་གྱུར་ཅེས་བྱ་བ་ནི་ངག་གི་ལམ་ལས་འདས་པའི་ཆོས་ཐོབ་པས་ཞེས་བྱ་བའི་དོན་ཏོ། །འདི་ལྟ་བུའི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །ཆེད་དུབ་རྗོད་པ་ནི་སྙིང་རྗེས་དག་པའི་འཇིག་རྟེན་པའི་རྣམ་པར་རྟོག་པ་མངོན་དུ་བྱས་ནས་བསྐྱེད་པས་བརྗོད་པ་ནི་ཆེད་དུ་བརྗོད་པའོ། །ཆེད་དུ་བརྗོད་དོ་ཞེས་བྱ་བ་ནི་བརྗོད་པ་དང་ལྡན་པའོ། །འཁྲུལ་འཁོར་མཐར་ཐུག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ་།ཆོས་ནི་སྤྱིའི་མཚན་ཉིད་དང་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞིག་ཅེ་ན། ཞི་བ་ཆེན་པོ་ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན་པ་དང་དངོས་པོ་དང་དངོས་པོ་མེད་པ་དང༌། ཀུན་རྫོབ་དང་དོན་དམ་པའི་རྣམ་པར་རྟོག་པ་མ་ལུས་པ་ནུབ་པའི་ཕྱིར་རོ། །དེ་ལྟར་གྱུར་ན་ཡང་གདུག་པ་ཅན་གཞུག་པའི་ཕྱིར་
ཤིན་ཏུ་ཁྲོས་ཤིང་འཇིགས་པར་མཛད་པ་ཡང་ངོ་མཚར་བའོ། །ཨེ་མའོ་མྱ་ངན་འདས་པ་མཆོག །ཅེས་བྱ་བ་ནི་གང་ལ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཆོག་ཡོད་པའི་མྱ་ངན་ལས་འདས་པ་ལ་དེ་སྐད་ཅེས་བྱ་སྟེ། མི་གནས་པའི་མྱ་ངན་ལས་འདས་བཞེས་བྱ་བའི་དོན་ཏོ། །རྣམ་པར་མི་རྟོག་བཞིན་དུ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཞེས་བྱ་བ་ཡང་ངོ་མཚར་རོ། །ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་གསུངས་ནས་མ་རྟོགས་པའི་ངོ་མཚར་ཆེ་བ་ཡང་གསུངས་པ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དེ་ལྟ་བུར་གནས་སུ་ཟིན་ཀྱང༌། གང་འཁོར་བ་ན་འཁོར་བ་ཡང་ངོ་མཚར་ཆེའོ། །གལ་ཏེ་དོན་དམ་པར་རང་བཞིན་གྱི་དོན་ཕུན་སུམ་ཚོགས་པ་ལྟ་ངོ་མཚར་ཆེ་བར་འགྱུར་ན། ཡང་ཀུན་རྫོབ་ཏུ་ཇི་ལྟར་ཡིན་ཞེ་ན་གསུངས་པ། ཨེ་མའོ་འདི་ནི་རབ་ཏུ་མ་ཚར། །ཞེས་བྱ་བ་ལ་སོགས་པ་ལ་ཉེས་པ་གང་དེ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ཉེས་པ་ནི་འཁོར་བའི་རྒྱུ་ཡིན་པའི་ཕྱིར་སྐྱོན་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་ཀྱི་ངོ་བོའོ། །དེའི་ཡོན་ཏན་ཞེས་བྱ་བ་ནི་དོན་དམ་པ་རྫོགས་པར་བྱ་བའི་ཕྱིར་ཡོན་ཏན་དུ་བྱེད། གོམས་པར་བྱེད་པས་ཡོན་ཏན་ཏེ། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ངོ་བོའོ། །འགྱུར་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའོ། །དོན་ནི་འདི་ཡིན་ཏེ། ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་བསྡུས་པའི་བློས་ནི་ཉེས་པ་ཡང་ཡོན་ཏན་གྱི་ངོ་བོར་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ཡང་ངོ་མཚར་བའོ། །དེ་སྐད་དུ་ཡང༌། ཇི་ལྟར་བ་ཚའི་རྒྱ་མཚོ་རུ། །ཆུ་ཡི་ཐིགས་པ་ཞུགས་ན་ནི། །བ་ཚར་འགྱུར་ཞིང་འོ་མར་ནི། །ཞུགས་པས་དེ་ཡང་བདུད་རྩིར་འགྱུར། །ཞེས་གསུངས་པ་དང༌། ཚུལ་ཁྲིམས་བསྔགས་པའི་མདོ་ལས་ཀྱང༌། །མི་མཁས་སྡིག་པ་ཅུང་ཟད་བྱས་ཀྱང་འོག་ཏུ་འགྲོ་།མཁས་པས་ཆེན་པོ་བྱས་ཀྱང་དེ་ཡི་གནོད་པ་སྤོང༌། །ལྕགས་ཀྱི་གོང་བུ་ཆུང་ཡང་ཆུ་ཡི་གཏིང་དུ་འབྱིང༌། །དེ་ཉིད་སྣོད་དུ་བྱས་ན་སྟེང་ན་འཕྱོ་བར་འགྱུར། །ཞེས་གསུངས་པས་སོ། །དེ་ལྟ་བུའི་ཆོས་ཀྱི་དེ་ཁོ་ན་ཉིད་བསྟན་ནས། རྣམ་པ་གང་གིས་བརྟགས་པ་མ་ལུས་པ་སྤོང་བ་དེ་རབ་ཏུ་བསྟན་པ་ནི། དངོས་པོ་མ་ཡིན་ཞེས་བྱ་བ་ལ་འབྱུང་བར་འགྱུར་བར་དངོས་པོའོ། །དེ་
མ་བྱུང་ངོ་ཞེས་བྱ་བའི་དོན་ཏེ་རང་དང་གཞན་དང་གཉི་ག་ལས་སྐྱེ་བར་མི་རིགས་པས་སོ། །དེ་ལ་ཕྱོགས་དང་པོ་ལ་ནི། དེ་ལས་དེ་སྐྱེ་ན་ཁྱད་པར་ཅུང་ཟད་ཀྱང་མེད་པས་ས་བོན་ལས་ས་བོན་ཉིད་སྐྱེ་ན་མྱུ་གུ་ལ་སོགས་པ་མེད་པར་འགྱུར་རོ། །འོན་ཏེ་ས་བོན་ཉིད་མྱུ་གུའི་ངོ་བོར་གྱུར་ཏོ་ཞེ་ན། མ་ཡིན་ཏེ་མྱུ་གུའི་དབྱིབས་དང་ཁ་དོག་དང་རོ་དང་ནུས་པ་མ་གྱུར་པ་རྣམས་གཞན་མ་ཡིན་པས་མྱུ་གུ་མ་ཡིན་ནོ། །འོན་ཏེ་སྔོན་གྱི་ས་བོན་གྱི་ངོ་བོ་ཡོངས་སུ་བཏང་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་གཞན་དང་གཞན་ཡིན་ཞེ་ན། ཇི་ལྟར་དེ་ཉིད་ཡིན། དེ་ལྟ་ན་ཡང་ངོ་ཞེ་ན། ཨེ་མའོ་ཡོངས་སུ་གྱུར་པས་སྨྲ་བ་ལ་མཁས་པ་ཡིན་ཏེ། བདག་ཉིད་ཉམས་ན་ནུས་པ་མེད་པས་བསྐྱེད་དོ་ཞེས་བྱ་བ་ཡིན་ནོ་གཉིས་པ་ཡང་མི་རིགས་ཏེ། དེ་ལྟ་ན་ནི་ཀོ་ཏྲ་པའི་ས་བོན་ལས་སཱ་ལུའི་མྱུ་གུ་འབྱུང་པར་ཐལ་བར་འགྱུར་རོ། །རང་གི་རྒྱུན་བསྐྱེད་པའི་སྟོབས་ཀྱིས་སོ་ཞེ་ན། དེ་ལྟན་ནི་སཱ་ལུའི་ས་བོན་ལས་སཱ་ལུའི་མྱུ་གུ་བསྐྱེད་པའི་ནུས་པ་མེད་དེ། གཞན་ཡིན་པའི་ཕྱིར་རོ། །འོན་ཏེ་རྒྱུན་གཅིག་ཉིད་ཇི་ལྟར་གཞན་དུ་འགྱུར་ཞེ་ན། དེ་ལྟ་ན་ཡང་ས་བོན་དང་མྱུ་གུ་དག་ཁྱད་པར་ཅི་ཡང་མེད་དོ། །དེ་མེད་པས་གཅིག་ཉིད་ཡིན་ན་གཅིག་ཉིད་ཡིན་པ་ལ་གཞན་མེད་པས་སྐྱེ་བ་མེད་དེ་མང་པོ་སྨྲ་ཅི་དགོས། གསུམ་པ་ཡང་མི་རིགས་ཏེ། བདག་དང་གཞན་ནི་ཤིན་ཏུ་ཡང་འགལ་བའི་ཕྱིར་རོ། །དེ་ཡང་མྱུ་གུ་ནི་རང་གི་ངོ་བོས་འབྱུང་བའི་དངོས་པོ་མེད་ལ། གཞན་གྱི་ངོ་བོ་ནི་ས་བོན་ཏེ། ཡོད་པ་ཡིན་ན་ཇི་ལྟར་ན་གཉི་ག་ལས་ཡིན། འོན་ཏེ་སྐྱེ་བར་འགྱུར་བའི་མྱུ་གུ་ལ་གཞན་ས་བོན་འཐོབ་པ་ཡོང་པས་དེས་ན་ཅུང་ཞིག་ནི་རང་ལས་ཅུང་ཞིག །གཞན་ལས་སྐྱེ་བ་ཡོད་པར་འགྱུར་རོ་ཞེ་ན། སྐྱེ་བཞིན་པའི་རང་གི་ངོ་བོ་ནི་ཡོད་པ་མ་ཡིན་པས་དེ་ཉིད་གཞན་ཡིན་ཏེ། གཞན་དུ་ན་ཇི་ལྟར་སྐྱེ་བཞིན་པར་བསྟན་པར་བྱ། གལ་ཏེ་དེ་ལྟ་ཡིན་ན་ས་བོན་གཞན་གྱིས་ཅི་ཞིག་བྱ་སྟེ། རང་ཉིད་དེ་ལས་རྫོགས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བཞིན་པར་ཡོད་པ་ཉིད་དུ་མི་རིགས་སོ། །གང་མེད་པ་དེ་ནི་སྐྱེ་བར་མི་རིགས་ཏེ་ཇི་ལྟར་རི་བོང་གི་རྭ་བཞིན་ནོ། །འདི་ཉིད་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱས་པར། རང་ལས་མ་ཡིན་གཞན་ལས་མིན། །
གཉི་ག་ལས་མིན་ཞེས་བྱ་བ་ལ་སོགས་པས་དབུ་མའི་རབ་ཏུ་བྱེད་པ་ལས་བསྟན་པ་ཡིན་ནོ། །འདིའི་དོན་ནི་དེ་ཉིད་ལས་རིག་པར་བྱའོ། །གཞུང་མངས་པའི་འཇིགས་པས་མ་བརྗོད་དོ། །མེད་ཅེས་བྱ་བ་ལ་བསྒོམ་པར་བྱ་བས་ན་བསྒོམ་བྱ་སྟེ་ཡང་དང་ཡང་དུ་སེམས་ལ་བསྒོམ་པའོ། །དེ་ཡང་འདི་ལྟ་བུའི་ཁྱད་པར་ཅན་གྱི་མ་སྐྱེས་པ་ལ་མེད་དོ། །དངོས་པོ་བསྒོམ་པ་འདི་དག་བཀག་པས་སྒོམ་པ་པོ་གསལ་པོར་བཀག་པ་ཡིན་ཏེ་མ་སྐྱེས་པའི་ཕྱིར་རོ། །སྤྱིར་དངོས་པོ་དང་དེ་ལ་བརྟེན་པའི་བསྒོམ་པ་བཀག་ནས། ཁྱད་པར་དུ་ཁམས་ལ་སོགས་པའི་སྒོ་ནས་གསུངས་པ། །ཁམས་མ་ཡིན་ཞེས་བྱ་བ་ལ་མདོར་ན་ཁམས་བཅོ་བརྒྱད་ནི་ཁམས་སོ། །འདི་ལྟ་སྟེ་གཟུགས་ཀྱི་ཁམས་དང༌། དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་དང་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང༌། མིག་གི་རྣམ་པར་ཤེས་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་མིག་ལ་བརྟེན་ཅིང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ་སྔོན་པོ་ལ་སོགས་པར་སྣང་བའོ། །དེ་བཞིན་དུ་ཡིད་ཀྱི་བར་དུ་ཡང་ཡིན་ལ་བརྟེན་ཏེ་ཆོས་ལ་བརྟན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ་ཆོས་ཀྱི་དབྱིངས་སུ་སྣང་ཞེས་བྱ་བའོ། །དེ་ལ་གཟུགས་དང་མིག་དག་གཅིག་དང་དུ་མ་ལ་སོགས་པར་མི་རིགས་པས་གཉི་ག་ཡང་མེད་པ་ཡིན་ནོ། །དེས་ན་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་ཡང་མེད་དོ། །དེ་བཞིན་དུ་ཅི་སྲིད་རྣམ་པར་ཤེས་པའི་བར་དུའོ། །དེ་ཡང༌། ཤེས་བྱ་མེད་པས་ཤེས་པའང་བཀག་པ་ཡིན། །བདེ་བས་སངས་རྒྱས་ཉིད་ནི་འཐོབ་པ་ཡིན། །ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཁམས་རྣམས་བཀག་ནས་གང་དུ་འདི་དག་ཐམས་ཅད་ནུབ་པར་འགྱུར་པའི་བག་ཆགས་མ་ལུས་པའི་རྟེན་དུ་གྱུར་པའི་ ཀུན་གཞི་རྣམ་པར་ཤེས ་པ་དེ་དགག་པའི་ཕྱིར་གསུངས་པ། རྣམ་ཤེས་མིན་ཞེས་བྱ་བ་སྟེ་དགོངས་པ་ནི་འདི་ཡིན་ཏེ། ཡུལ་རྣམས་སྔ་མ་བཞིན་བཀག་པས་གང་གི་ཕྱིར་ཡུལ་ཅན་བཀག་པར་འགྱུར་རོ། །གཞན་ཡང་དཔེས་དོན་གང་གསལ་བོར་བྱ་བའི་ཕྱིར། ནམ་མཁའི་དཀྱིལ་དང་མཚུངས་པ་ཉིད། །ཅེས་
བྱ་བ་གསུངས་ཏེ། ནམ་མཁའ་དང་མཉམ་པ་ཉིད་ནི་མཚུངས་པ་སྟེ། ངོ་བོ་ཉིད་གཅིག་ཅེས་བྱ་བའི་བར་དུའོ། །ཇི་ལྟར་ནམ་མཁའ་མི་སྐྱེ་བ་མི་འགག་པ། མ་བྱས་པ། མི་འགྱུར་པ། ཀུན་ཏུ་མི་གནས་པ། རྣམ་པར་མི་གནས་པ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་དང་མཚུངས་པའི་གནས་ཉིད་ནི་དཀྱིལ་ཏེ་བསྔ་བའོ། །ཡང་ན་ནམ་མཁའི་དཀྱིལ་དང་མཚུངས་པར་ཐིམ་པར་གྱུར་ཅིང་མཚུངས་པར་གྱུར་པས་དེ་ལྟར་རོ། །དེ་ལྟར་ཁྱད་པར་ཅན་ཡིན་ན་ཡང་བདག་ལ་སོགས་པ་བརྟགས་པ་ཞི་བར་བྱ་བའི་ཕྱིར་གསུངས་པ། ནམ་མཁའ་ལྟ་བུར་ཞེས་བྱ་བ་ལ་ནམ་མཁའ་ཇི་ལྟ་བ་དེ་ལྟ་བུར་བདག་མེད་པ་སྟེ། འདས་ཤིང་བྲལ་བའི་བདག་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བདག་ཅེས་བྱ་བ་ནི་མཚོན་པ་སྟེ། བདག་དང་སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ཅན་དང༌། ཤེད་བདག་དང༌། བྱེད་པ་པོ་དང༌། རིག་པ་ལ་སོགས་པ་སྤངས་པའོ། །འདི་ཞེས་བྱ་བ་ནི་འདི་ཉིད་དོ། །ཆོས་འདི་བདེ་བ་ཆེན་པོའོ་ཞེས་བྱ་བ་ལ་ཆོས་རྣམས་ནི་བདེ་བ་ཆེན་པོ་སྟེ། རྟོག་པ་མ་ལུས་པ་ཟད་པའི་ཕྱིར་བདེ་བའོ། །ཡང་ས་ལ་སོགས་པའི་སྒོ་ནས་གསུངས་པ། །ས་ཡང་མ་ཡིན་ཆུ་ཡང་མིན། །ཞེས་བྱ་བ་ལ་སོགས་པ་ལ་ས་ཡང་མ་ཡིན་ཞེས་པ་ནི་སའི་རྫས་མ་ཡིན་ནོ། །ཆུ་མིན་ཞེས་བྱ་བ་ནི་ཁུ་བའི་ངོ་བོ་མ་ཡིན་པའོ། །མེ་མིན་ཞེས་བྱ་བ་ནི་དྲོ་བ་ཡང་མ་ཡིན་པའོ། །རླུང་མིན་ཞེས་བྱ་བ་ནི་འཕེལ་བ་དང་རྒྱས་པ་དང་གཡོ་བ་མ་ཡིན་པའོ། །ནམ་མཁའ་མིན་ཞེས་བྱ་བ་ནི་མེ་དང་འདྲ་བར་བརྟགས་པའི་དངོས་པོ་ཐམས་ཅད་སྲེག་པར་བྱེད་པས་ནམ་མཁའོ། །གལ་ཏེ་ཐམས་ཅད་དུ་དངོས་པོ་མེད་ན་དེའི་ཕྱིར་ཇི་ལྟར་ན་གཤིན་རྗེ་གཤེད་བསྐྱེད་པ་ཡིན་ཞེ་ན་གསུངས་པ། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་རྡོ་རྗེ་ནི་རྨི་ལམ་དང་གཟུགས་བརྙན་དང་སྒྱུ་མ་ལྟར་ཆོས་ཐམས་ཅད་སྟོང་པའོ། །དེ་ཡང༌། རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་པ་རྡོ་རྗེར་བརྗོད་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དེ་ཉིད་སྣང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་སེམས་དཔའོ། །དེའི་སྦྱོར་བ་ཁྱད་པར་ཅན་རྟེན་ཅིང་འབྲེལ་པར་འབྱུང་བ་བསམ་གྱིས་
མི་ཁྱབ་པ་ནི། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་བྱ་སྟེ་བསྐྱེད་པ་འདི་ལ་རབ་ཏུ་གནས་པའོ། །དེ་དག་བསམ་གྱིས་མི་ཁྱབ་པ་ཡིན་ཡང་དངོས་པོ་ཉིད་དུ་ནི་ཡོད་དོ་ཞེས་ཐེ་ཚོམ་བྲ་བ་བསལ་བའི་ཕྱིར། དངོས་པ་ཐམས་ཅད་དངོས་མེད་བཤད། །ཅེས་བྱ་བ་གསུངས་ཏེ། ཇི་ལྟར་དངོས་པོ་འདི་དག་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བས་སོ་སོར་སྣང་བ་དེ་བཞིན་དུ་དངོས་པོར་བརྗོད་པར་མི་བྱ་ཞིང་དངོས་པོར་བརྗོད་པར་བྱ་བ་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་དང་དེ་བརྟེན་གང་འབྱུང་བ། །རང་གི་ངོ་བོར་དེ་མ་སྐྱེས། །རང་གི་ངོ་བོར་གང་མ་སྐྱེས། །དེ་ལ་སྐྱེས་ཞེས་ཇི་ལྟར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་ན་ནི་དངོས་པོ་འདི་དག་ཉིད་དངོས་པོ་མེད་པར་འགྱུར་རོ་ཞེས་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར། དངོས་པོ་མེད་ཅེས་མ་གྲགས་པ། །ཞེས་གསུངས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་དེ་དངོས་པོ་མེད་པར་གྲགས་ཏེ། དངོས་པོ་མེད་པར་ངོ་བོར་མི་རྟག་ཅེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་ན་རྣལ་འབྱོར་པ་ཤེས་རབ་དང་ཐབས་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་ཉིད་དུ་ཇི་ལྟར་འབྲེལ་ཞེ་ན། དེའི་ཕྱིར་གསུངས་པ། ཆད་པ་མ་ཡིན་ཞེས་བྱ་བ་ལ་ཆད་པ་ནི་མེད་པའོ། །རྟག་པ་མེད་པ་ཞེས་བྱ་བ་ལ་རྟག་པ་ནི་ཐེར་ཟུག་གོ །འང་གི་སྒྲས་ནི་རྟག་པ་དང་མི་རྟག་པ་དང༌། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དེ་ལ་ཅུང་ཟད་ཀྱང་བསམ་དུ་མེད་པའོ་ཞེས་བྱ་བའི་དོན་ཏོ། །ཕྱག་དང་ཞལ་གྱི་སྒོ་ནས་གསུངས་པ། ཡན་ལག་མེད་ཅིང་ཁ་གདོང་མེད། །ཅེས་བྱ་བ་ལ་སོགས་པ་ལ། །ཕྱག་དང་ཞལ་ལ་སོགས་པའི་རྟོག་པ་ཡང་མི་རྟག་པའོ། །བསམ་གྱིས་མི་ཁྱབ་པའི་ལྷན་ཅིག་སྐྱེས་པའི་རིག་པའི་ངོ་བོ་ཡིན་པའི་ཕྱིར་ཞེས་དགོངས་པའོ། །དེ་ཉིད་གསུངས་པ། མཆོག་ཏུ་དགའ་བའི་མཚན་ཉིད་དོ། །ཞེས་བྱ་བ་ལ་མཆོག་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དགའ་བ་གང་ལ་དེ་ཡོད་པ་དེ་ནི་མཆོག་ཏུ་དགའ་བ་སྟེ། ལྷན་ཅིག་སྐྱེས་པ་ཡང་དག་པར་རིག་པའི་བདེ་བ་ཆེན་པོའི་ངོ་བོའོ། །དེ་ཉིད་ཀྱི་མཚན་ཉིད་གང་ཡིན་པའི་ཕྱག་དང་ཞལ་ལ་སོགས་པ་ནི་མཆོག་ཏུ་དགའ་བའི་མཚན་ཉིད་དོ། །འདིས་མཚོན་
བར་བྱེད་པས་སོ། །དེ་ཡང༌། །སེམས་ཀྱི་འཇུག་པ་ཇི་སྙེད་པ། །མགོན་པོ་གཟུགས་ཀྱང་དེ་ཉིད་དོ། །ཆུ་གཞན་རླབས་ཀྱང་གཞན་ནམ་ཅི། །སྲིད་དང་ཞི་བ་འདྲེས་པའི་གཟུགས། །ཞེས་གསུངས་པས་སོ། །ད་ནི་མདོར་བསྡུས་ནས་འདི་དག་རྟག་པ་ཉིད་བསལ་བར་བྱ་བའི་ཕྱིར། དངོས་པོ་ཐམས་ཅད་མེད་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རྟག་པའི་དངོས་པོ་ཡོད་པར་མི་འགྱུར་རོ། །ཇི་ལྟར་ཞེ་ན། ཐོག་མ་བར་དང་མཐའ་སྤངས་པས། །ཞེས་བྱ་བ་གསུངས་ཏེ་ཐོག་མ་ནི་དང་པོའི་ཆའོ། །གཉི་གའི་བར་ནི་དབུས་སོ། །མཐའ་ནི་ལྷག་མའི་ཆ་སྟེ་དེ་སྤངས་པས་སོ། །དོན་ནི་འདི་ཡིན་ཏེ། རིམ་པ་མེད་པའི་གཟུགས་གཅིག་པུ་ལ་ཐོག་མ་དང་བར་དང་མཐའི་དབྱེ་བ་མེད་དེ། རྡུལ་ཕྲ་རབ་དུ་མ་ཆ་ཤས་མེད་པའི་ཕྱིར་དམིགས་པར་མི་འགྱུར་ཏེ་བསགས་པ་མེད་དོ་ཞེས་བྱ་བ་ནི་བསྡུས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆེད་དུ་བརྗོད་པ་བསྟན་ནས། །ད་ནི་རྡོ་རྗེ་ཙ་རྩི་ཀ་ལ་སོགས་པའི་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དྲི་མེད་ཅེས་བྱ་བ་ནི་དངོས་པོ་ལ་སོགས་པར་རྟོག་པའི་དྲི་མ་མ་ལུས་པ་སྤངས་པའི་ཕྱིར་དྲི་མེད་དོ། །དེ་ཉིད་ཀྱི་ཕྱིར་དག་པ་སྟེ་ཅི་ཞིག་ཡིན་ཞེ་ན་གསུངས་པ། མཆོག་ཏུ་དགའ་བ་ཞེས་བྱ་བ་སྟེ་དོན་བསྟན་ཟིན་ཏོ། །བསོད་ནམས་སྡིག་པ་དག་དང་མ་འབྲེལ་ཞེས་བྱ་བ་ལ། བསོད་ནམས་དང་སྡིག་པ་དང་འབྲེལ་པ་མེད་པ་སྟེ། ཡང་དག་པའི་འབྲེལ་པ་མ་མཐོང་བས་རྣམ་པར་མི་རྟོག་པ་ཡང་དག་པར་རིག་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་ཡང་དག་པའི་འབྲེལ་པ་མེད་པས་འགྲོ་བའི་དོན་བྱ་བ་ཡང་མེད་དོ་ཞེ་ན། དེའི་ཕྱིར་གསུངས་པ། ཀུན་ཀྱང་སྙིང་རྗེའི་སེམས་ཀྱིས་མགོན་འདི་ཡོད། །ཅེས་བྱ་བ་ལ་སྙིང་རྗེ་གང་གིས་རོ་མཉམ་པར་བྱས་པའི་སེམས་འདིའོ། །ཡོད་པ་ནི་གནས་པའོ། །ཀུན་ཀྱང་ནི་བསོད་ནམས་དང་སྡིག་པ་དང་འབྲེལ་པའི་སྐྱེ་བ་ལ་སོགས་པའོ། །བདེན་པར་ཞེས་བྱ་བའི་ཚིག་ཡོད་པར་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པའོ།། སྡིག་པ་ལ་སོགས་པ་འདི་དང་ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་ཅི་ཞེ་ན། མགོན་པོ་དེ་བཞིན་ཉིད་ཀྱི་གཏེར་ཆེན་གཅིག་པུ་ཞེས་བྱ་བ་གསུངས་ཏེ། གཅིག་པུ་ནི་གཅིག་ཉིད་དོ། །གཏེར་ཆེན་ཞེས་བྱ་བ་ནི་རིག་མ་རྣམས་ཀྱིས་ངེས་པར་བོད་པའོ། །ཡང་ན་གཏེར་ཆེན་ནི་བདག་དང་གཞན་གྱི་དོན་ཕུན་
སུམ་ཚོགས་པ་གང་ལ་ཡོད་པ་དེ་ནི་གཏེར་ཆེན་པོའི་དེ་ཉིད་ཀྱང་ཡིན་ལ་མི་བདེན་པ་བརྟགས་པའི་ངོ་བོ་ཉིད་དོ། །དེ་ཉིད་ནི་དོན་ཡིན་ཏེ་མགོན་པོ་དེ་བཞིན་ཉིད་དོ། །དགའ་བ་ལ་སོགས་པ་དབྱེ་བའི་སྒོ་ནས་གསུངས་པ། མཆོག་ཏུ་དགའ་བ་འདིའི་ངོ་བོ། །ཞེས་བྱ་བ་ལ་དགའ་བ་ལས་ཁྱད་པར་དུ་འཕགས་པའི་དགའ་བའི་བདེ་བ་ཕུན་སུམ་ཚོགས་པ་གང་ལ་ཡོད་པ་དེ་ནི་མཆོག་ཏུ་དགའ་བའོ། །དེ་ལྟ་བུའི་མཆོག་ཏུ་དགའ་བ་ཡང་ཅི་ཞིག་ཅེ་ན། འདིའི་ངོ་བོ་ནི་ཞེས་བྱ་བ་གསུངས་ཏེ། ལྷག་པར་བདེ་བའི་ངོ་བོ་སྟེ། ལྷག་པར་འགྱུར་བའི་བདེ་བ་ཞེས་བྱ་བའི་བར་དུའོ། །བདེ་བ་ཆེན་པོའི་དངོས་ཞེས་བྱ་བ་ནི་རང་གིས་རིག་པའི་འགྲོ་བའི་དོན་བྱེད་པའི་བདེ་བ་ནི་བདེ་བ་ཆེན་པོའོ། །དངོས་ཞེས་བྱ་བ་ནི་ངོ་བོའོ། །དེའི་ཕྱིར་བདེ་བ་ཆེན་པོའི་དངོས་ཞེས་བྱའོ། །ཆོས་རྣམས་ངོ་བོ་ཞེས་བྱ་བ་ལ་དངོས་པོའི་ཚོགས་མ་ལུས་པ་འཛིན་པས་ཆོས་ནི་ནམ་མཁའ་སྟེ། ནམ་མཁའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་དེ་ལའོ། །སྤུན་ཞེས་བྱ་བ་དང་ཧེ་ཞེས་བྱ་བ་ནི་སྤུན་ཟླའོ་ཞེས་འབོད་པའོ། །བསོད་ནམས་མེད་ཅིང་སྡིག་པ་མེད། །ཅེས་བྱ་བ་ནི་བསོད་ནམས་དང་སྡིག་པ་མེད་པའོ། །ཅིའི་ཕྱིར་ཞེ་ན། སྐྱེ་དང་འགག་པ་དག་ནི་ཡོད་མ་ཡིན། ཞེས་གསུངས་ཏེ། སྐྱེ་བ་དང་འཇིག་པ་དེ་དག་གི་ངོ་བོ་མེད་པའོ། །ཡང་ན་ངོ་བོ་ཞེས་བྱ་བ་གནས་པ་སྟེ་སྐྱེ་བ་མེད་པ་དང་འཇིག་པ་མེད་ཅེས་བྱ་བའི་དོན་ཏོ། །གང་དུ་བྱང་ཆུབ་ཀྱི་སེམས་བསྟན་པ་དེ་ལ་དེ་སྐད་བརྗོད་དོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཅུ་བདུན་པའི་བཤད་པའོ།། །།