དོ་ཧ་མཛོད་ཀྱི་དཀའ་འགྲེལ།
གཉིས་མེད་རྡོ་རྗེ།
རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་པཉྩི་ཀཱ། བོད་སྐད་དུ། དོ་ཧ་མཛོད་ཀྱི་དཀའ་འགྲེལ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྟག་ཏུ་གུས་པས་བླ་མ་ནི། །འགྲོ་བའི་མགོན་ལ་ཕྱག་འཚལ་ཏེ། །དོ་ཧ་མཛོད་ཀྱི་དཀའ་འགྲེལ་ནི། །ས་ར་ཧ་པའི་བརྒྱུད་པ་བྲི། །པདྨ་རྡོ་རྗེའི་ཞབས་ཀྱིས་ནི། །དེས་བྱས་ལུང་གི་རྗེས་འབྲངས་ནས། །བཅོམ་ལྡན་འདས་ཀྱིས་སྔོན་གསུངས་ལས། །སྔོན་མེད་ཅུང་ཟད་བརྗོད་པ་མེད། །བསྟན་པ་དྲུག་གི་དེ་ཉིད་ནི། །དེ་ལ་བརྟེན་པས་མི་ཤེས་སོ། །རིགས་ལ་རྩོད་པ་སོགས་བསྟེན་ནས། །བྲམ་ཟེ་ལ་སོགས་དོན་མེད་ཡིན། །བདག་ལྟ་ཐར་པ་ལས་ཉམས་ཤིང༌། །འགྲོ་བ་དྲུག་གི་འཁོར་བར་འཁོར། །མངོན་སུམ་དང་ནི་རྗེས་དཔག་གི །མཚན་མ་གཉིས་ཀྱི་ཕྱིར་སྤངས་ཤིང༌། །སྡིག་པའི་གྲོགས་པོ་བསྟེན་པ་ཡིས། །ཡང་དག་ལམ་ལས་ཉམས་པ་ཡིན། །དེ་ཕྱིར་བླ་མ་བསྟེན་པ་ནི། །ལེགས་འདོད་རྣམས་ཀྱིས་རྟག་ཏུ་བྱ། །དེ་མཉེས་པ་ལས་ཐར་བ་དང༌། །འཇིག་རྟེན་འདི་དང་ཕ་རོལ་འབྱུང༌། །དེ་བཞིན་གཤེགས་གསུངས་བདེན་པ་ཀུན། །མཉེས་བྱེད་སློབ་མ་དག་ལ་སྟེར། །འདིར་རེ་ཞིག་བསྙེན་པ་རྣམ་པ་དྲུག་ནི་ཚངས་བ་པ་དང༌། དབང་ཕྱུག་པ་དང༌། གཅེར་བུ་པ་དང༌། རྒྱང་པན་པ་དང༌། གྲངས་ཅན་པ་དང༌། སངས་རྒྱས་པའོ། །དེ་རྣམས་གོ་རིམས་དང་གོ་རིམས་ལས་བཟློག་པའི་སྒོ་ནས་གཞུང་མཁན་པོས་བསྟན་པ་ནི། བྲམ་
ཟེ་བྱེ་བྲག་མི་ཤེས་པར། །ཞེས་བྱ་བ་ལ་སོགས་པ་ནས། །ཆོས་དང་ཆོས་མིན་མཉམ་དང་མི་མཉམ་མི་ཤེས་ཞེས་བྱ་བའི་བར་ནི་བྲམ་ཟེ་སུན་དབྱུང་བའི་ཕྱིར་བརྗོད་དེ། བྲམ་ཞེས་བྱེ་བྲག་མི་ཤེས་པར། །ཞེས་བྱ་བ་ནི། བྲམ་ཟེ་ནི་མི་ཤེས་པ་སྟེ། སོ་སོའི་བྱེ་བྲག་མི་ཤེས་པ་དེ་ཇི་ལྟར་ཡིན་ཞེ་ན། དང་པོ་རིགས་ཀྱི་བྱེ་བྲག་ལ་དེ་དག་གི་ལུང་ལས་ཀྱང༌། རིགས་བཞིའི་ནང་ནས་མཆོག་ཏུ་གྱུར་པ་ནི་བྲམ་ཟེ་ཡིན་ཞེས་སྨྲ་བ་དེ་ལུང་དང་རིགས་པ་དང་ལྡན་པས་སུན་དབྱུང་བར་བྱ་སྟེ། ཁྱོད་ཀྱི་ལུགས་ལས་བྲམ་ཟེ་ནི་ཚངས་པའི་ཁ་ནས་སྐྱེས་སོ་ཞེས་ཟེར་བའི་ཕྱིར། གང་གི་ཚེ་རིགས་ཀྱི་བྲམ་ཟེ་ཞེས་ཟེར་ན། སྔོན་གྱི་དུས་ན་བྲམ་ཟེ་ཡིན་གྱི་ད་ལྟར་གྱི་དུས་ན་བྲམ་ཟེ་མ་ཡིན་པར་ཐལ་ཏེ། སྔོན་གྱི་དེ་ནི་འདས་ཟིན་པས་ད་ལྟར་འདིར་ནི་མངོན་སུམ་གྱི་ཚད་མས་བྲམ་ཟེ་རྣམས་བུད་མེད་ཀྱི་སྐྱེ་གནས་ལས་བྱུང་བའི་ཕྱིར་སྔོན་གྱི་བྲམ་ཟེ་ནི་མེད་དོ། །དེའི་ཕྱིར་རིགས་གཅིག་མེད་པ་བཞིན་དུ་གཞན་བྱེ་བྲག་མང་པོ་ཡང་ཡོད་དོ། །དེ་རྣམས་དག་གི་ལུང་གིས་ཚངས་པའི་ཁ་ལས་སྐྱེས་སོ་ཞེས་ཟེར་བ་དེ་ཡང༌། སྒྱུ་ཅན་གྱི་ཚིག་ཡིན་པས་བརྫུན་ཚིག་གོ །ཡང་ན། འདུས་བྱས་ལ་བྲམ་ཟེ་ཡིན་པར་འདོད་ན། །དེ་ཡང་མ་ཡིན་ཏེ། རིགས་ངན་ཡང་འདུས་བྱས་ཅི་སྟེ་མ་ཡིན་ཏེ་མ་ཡིན་ནོ། །དེའི་ཕྱིར་རིགས་མ་གྲུབ་པས་རིག་བྱེད་རང་བྱུང་ཇི་ལྟར་གྲུབ་སྟེ། མི་འགྲུབ་ཅེས་པའོ། །གྱི་ན་རིག་བྱེད་བཞི་དག་འདོད། །ཅེས་གསུངས་ཏེ། རིགས་ཀྱི་བྱེ་བྲག་མི་ཤེས་པ་རྣམས་ཀྱིས་རང་རང་གི་རིག་བྱེད་བཞི་འདོན་ཏེ། སྙན་ངག་གི་རིག་བྱེད་དང༌། སྲིད་སྲུང་དང༌། ངེས་བརྗོད་དང༌། མཆོད་སྦྱིན་གྱི་རིག་བྱེད་དོ། །འདི་ཉིད་ཀློག་པ་ལ་སོགས་པ་ནི། །རིགས་ངན་རྣམས་དང་ཡང་འགལ་བ་མེད་དོ། །བྲམ་ཟེ་དང་རིགས་ངན་གཉིས་ཀྱང་ཀློག་པ་ལས་དོན་མི་ཤེས་པར་འདྲ་བའི་ཕྱིར་རོ། །ཡང་ན་གལ་ཏེ་བྲམ་ཟེ་རྣམས་ཀྱིས་སྒྲ་ཙམ་རྟོགས་སོ་ཞེ་ན། དེ་ལྟ་ན་ནི་སྒྲ་ཙམ་གྱི་རྟོགས་པ་ནི་ཐམས་ཅད་ཀྱི་ཐུན་མོང་ཡིན་ཏེ། ཇི་ལྟར་སྒྲའི་ནང་ན་རིག་བྱེད་ཀྱིས་སྒྲ་སྒྲུབ་པ་དེ་ནི་སྒྲ་ཙམ་ཉིད་དེ། འཇིག་རྟེན་པས་བརྗོད་པས་མཚན་ཉིད་ཡིན་གྱིས། །དོན་དམ་པ་ནི་བརྗོད་པ་ཅུང་ཟད་
ཀྱང་མེད་དོ། །སྒྲ་མི་རྟག་པའི་ངོ་བོ་ཉིད་ཡིན་པས་སྒྲ་རྟག་པ་དང་རང་བྱུང་དུ་ཇི་ལྟར་བརྗོད་དེ་མི་བརྗོད་དོ། །ཇི་ལྟར་འཇིག་རྟེན་པ་རྣམས་ནི་ཡོད་པ་མ་ཡིན་ཏེ། མི་རྟག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རིག་བྱེད་ལ་ཚད་མ་མེད་དོ། །བྱས་པ་ནི་ཉམས་པ་ཡིན་གྱི་རིག་བྱེད་ལ་ནི་ཉམས་པ་མེད་དོ། །གྲོང་གཏན་མེད་པས་གྲོང་གི་མཚམས་གསལ་བར་ཡོད་ཅེས་ཟེར་བ་བཞིན་ནོ། །ཇི་ལྟར་ན་བྱེད་པ་པོ་མེད་པ་ཡིན་ཞེས་དྲིས་པ་ལ། ལན་དུ་རང་གི་གྲུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། སྐྱེས་བུས་བྱས་པ་ཉིད་ནི་མ་ཡིན་ནོ་ཞེས་ཟེར་ན། །དེ་ནི་མ་ཡིན་ཏེ། མངོན་སུམ་གྱིས་ཀྱང་ཕུང་པོ་རྣམས་འཇིག་པ་ཡོད་པར་དམིགས་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། རྒྱུ་མེད་པས་འབྲས་བུ་མེད་དོ། སྒྱུ་མ་ལྟ་བུའི་ངོ་བོ་ཉིད་དུ་མ་མཐོང་བའི་ཕྱིར་རོ། །རྒྱུ་དང་རྐྱེན་ཚོགས་པ་ཙམ་ལས་ལ་འཁྲུལ་པ་དབྱུང་བའི་ཕྱིར། དེ་ལྟར་འཁོར་བ་མ་ལུས་པ་འཁྲུལ་བ་ཙམ་དུ་མི་ཤེས་པ་རྣམས་འགྲོ་བ་དྲུག་གི་འཁོར་བར་འཁོར་རོ། །དེ་ལ་འཁྲུལ་པ་དེ་དགག་ན་མ་ལུས་པ་བདེ་བ་ལ་གནས་པར་འགྱུར་རོ། །འཐད་པ་འདིས་ཀྱང་རིག་བྱེད་ནི་བྱ་བ་ཙམ་སྟེ་རྒྱུ་མེད་པའི་འབྲས་བུ་བརྟགས་པས་འབྲས་བུ་གང་ལས་སྐྱེས་ཏེ། བརྫུན་པ་ཉིད་དོ་ཞེས་རྒྱས་པར་སྦྱར་རོ། །དེའི་ཕྱིར་བརྫུན་པ་མ་ལུས་པ་བྱེད་པ་སྟོན་པ་ནི། །ཁྱིམ་ན་གནས་ཤིང་མེ་ལ་སྲེག །དོན་མེད་སྦྱིན་སྲེག་བྱེད་པ་ནི། །དུ་བས་མིག་ལ་གནོད་པར་བས། །ཞེས་བྱ་བ་གསུངས་ཏེ། ས་ཆུ་ཀུ་ཤས་དག་པར་བྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། །མེ་ལ་བསྲེག་པ་ནི་མེ་ལ་བསྲེགས་པས་དོན་ཅི་ཡོད་ཅེས་བྱ་བ་སྟེ། དོན་མེད་པའི་མར་ལ་སོགས་པའི་སྦྱིན་སྲེག་གིས་ནི་མཆོག་གི་དོན་མ་ཤེས་ན་འབྲས་བུ་མེད་དོ། །གལ་ཏེ་འབྲས་བུ་ཡོད་ན་རིགས་ངན་གྱིས་ཀྱང༌། །དེ་ལྟ་བུ་བྱས་པས་འབྲས་བུ་ཡོད་པར་འགྱུར་ཏེ། །ངེས་པར་དེ་འབའ་ཞིག་གིས་ནི་དུ་བས་མིག་ལ་གནོད་པར་བྱས་ཏེ། ཤིང་རློན་པའི་དུ་བས་མིག་གདུངས་པས་ན་ཞིང་སྡུག་བསྔལ་བར་འགྱུར་རོ། །དེ་ལྟ་ན་དེ་ཀུན་གྱིས་དེ་ཉིད་གང་ཡིན་ཞེ་ན། ཚངས་པ་དང་མཆོག་གི་ཚོངས་པ་ཡིན་ནོ་ཞེས་ཟེར་ཏེ། དེ་ཡང་ཚངས་པའི་ཡེ་ཤེས་ནི་རྣམ་པ་སྣ་ཚོགས་སུ་སྨྲ་
སྟེ། མཆོག་གི་ཚངས་པ་ནི་མཆོད་སྦྱིན་པ་གཅིག་བུའི་ཚིག་སྟེ། སྦྱིན་སྲེག་གི་སྒོ་ནས་ཐར་པ་ཐོབ་པར་འདོད་དོ། །མཐོ་རིས་ཀྱི་ལོངས་སྤྱོད་ལ་ཉེ་བར་ལོངས་སྤྱོད་པའི་འབྲས་བུ་འདོད་པའོ། །འདོད་པ་དེས་ར་དཀར་མོ་བསད་ནས་མཆོད་སྦྱིན་བྱས་པས་བསད་པས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་སྟེ། དགོངས་པས་གསུངས་པའི་དོན་མི་ཤེས་པའི་ཕྱིར་རོ། །དེའི་ཕྱིར་ཀུན་ཚངས་པའི་རང་བཞིན་ཡིན་པས་ཚངས་པ་བསད་པ་སྟེ། ཐམས་ཅད་དུ་ཚངས་པའི་རང་བཞིན་ཡིན་ནོ་ཞེས་བྲམ་ཟེའི་ལུང་ལས་སྣང་བའི་ཕྱིར་རོ། །དེ་ལྟར་ཚངས་པའི་ཡེ་ཤེས་གང་ཡིན་པ་ཡང་མི་འགྲུབ་སྟེ། བཞི་པ་མཆོད་སྦྱིན་གྱི་རིག་བྱེད་ནི་རྣལ་འབྱོར་གྱི་སྤྱོད་པ་མི་ཤེས་པས་རིག་བྱེད་གསུམ་དུ་མཆོད་སྦྱིན་བྱེད་ཀྱི། ཚིག་བརྗོད་པ་ཙམ་ཡང་བཀག་གོ །དེ་ལྟར་རྒྱུན་ཆད་པས་མཆོད་སྦྱིན་བྱེད་ཀྱི། ཚིག་བརྗོད་པ་ཙམ་ཡང་བཀག་གོ །དེ་ལྟར་རྒྱུན་ཆད་པས་མཆོད་སྦྱིན་བྱེད་ཀྱི་ཚིག་འདི་ནི་བརྫུན་པའོ། །འདི་མཆོད་སྦྱིན་གྱི་ནང་ན་ཚངས་པའི་ཡེ་ཤེས་ལས་གཞན་ཐམས་ཅད་མེད་དོ་ཞེས་ཟེར་བས། དེ་ལྟར་ཡིན་པས་རིག་བྱེད་གསུམ་ཡང་ཚད་མ་མ་ཡིན་ཏེ། དེས་ན་བཀག་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རིག་བྱེད་གསུམ་ནས་ཀྱང་བཀག་པའི་ཕྱིར་རོ། །དེ་ལྟན་ནི་བཞི་བ་མཆོད་སྦྱིན་བྱེད་མེད་དེ། །རིག་བྱེད་གསུམ་ཀ་བཀག་པའི་ཕྱིར་རོ། །དེའི་ཕྱིར་ལུང་གི་ཚིག་མེད་པས་ཚངས་པའི་ཡེ་ཤེས་ག་ལ་འགྲུབ་སྟེ། མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཚངས་པའི་ཡེ་ཤེས་ཉམས་སུ་མྱོང་བ་ཡོད་དོ་ཞེ་ན། ཤིན་ཏུ་ཡང་བརྫུན་གྱི་ཚིག་སྟེ། །དངོས་པོ་ཐམས་ཅད་སྟོང་པ་ཉིད་ཡིན་པས་མི་དམིགས་ན་དེའི་ཡེ་ཤེས་ཇི་ལྟར་ཡོད་དེ་མེད་དོ། །ཉམས་སུ་མྱོང་བ་ཡང་རྣམ་པ་དང་བཅས་པས་དམིགས་པ་ཉིད་ཡིན་ན། དེའི་ཚེ་དེ་ཉིད་ཤེས་པ་ཡིན་པས་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །དངོས་པོ་ནི་འཇིག་རྟེན་པས་བཏགས་པ་སྟེ། མི་ཤེས་པའི་རང་བཞིན་ཡིན་པས་དོན་དམ་པར་མི་འགྱུར་རོ། །ཁོ་བོ་ཅག་གི་ལུགས་ཀྱིས་དོན་དམ་པ་ནི་བླ་མའི་ཞལ་ལས་རྙེད་པ་ཡིན་ནོ། །དེ་ལྟར་བྲམ་ཟེའི་བྱེ་བྲག་ཀྱང་བཞི་སྟེ། ཚངས་པར་སྤྱོད་པ་དང༌། ནགས་ན་གནས་པ་དང༌། ཁྱིམ་དུ་གནས་
པ་དང༌། དཀའ་ཐུབ་པའོ། །དེ་ཡང་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བྱིས་པའི་དུས་ནི་བསྲུང་བ་དང་བཟའ་བ་ལ་སོགས་པ་མི་ཤེས་པས། ཚངས་པར་སྤྱོད་པ་ནི་བརྟན་པ་ཐམས་ཅད་ཀྱི་ལུགས་ཀྱིས་ཇི་སྲིད་འཚོའི་བར་དུ་དམ་བཅས་པ་བརྟན་པོ་ཉིད་ཡིན་པར་བྱས་པ་ཡིན་པས། འདིར་བྱིས་པ་རྣམས་ལ་ནི་དེ་ལྟ་བུའི་ངེས་པ་མེད་དེ། ཡང་བག་མ་ལ་སོགས་པ་བྱས་པའི་སྒོ་ནས་ཁྱིམ་ལ་བརྟེན་པ་ཡིན་ནོ། །དེ་ལ་ཡང་ངེས་པ་མེད་དེ། ཡང་ཚངས་པར་སྤྱོད་པ་ལ་སོགས་པ་སྲིད་པས་སོ། །ནགས་ན་གནས་པ་ཡང་དེ་ཉིད་ལ་བརྟེན་ནས་བསམ་གཏན་དང་བཟླས་པ་ལ་སོགས་པ་བྱེད་དེ། མི་བྱེད་པ་ཡང་མི་སྲིད་པའི་ཕྱིར་རོ། །གལ་ཏེ་དཀའ་ཐུབ་ཏུ་མངོན་པར་འདོད་ན་ཡང་ཐམས་ཅད་མཆོད་ཕྱིར་ཐོགས་པར་འཚང་པ་དང༌། བཟའ་བ་གཉིས་ཀྱིས་བྲམ་ཟེ་དང་རིགས་དན་གཉིས་བྱེ་བྲག་མེད་དོ། །གནས་སྐབས་ཁ་ཅིག་ཏུ་བྲམ་ཟེ་ཉིད་རིགས་ངན་ཉིད་དེ། ཇི་ལྟར་བྲམ་ཟེ་མོ་རྐུན་མ་དང་རིགས་ངན་གྱི་སྤྱོད་པ་བྱེད་པས། དེའི་ཚེ་བྲམ་ཟེ་རྣམས་ཀྱི་རིག་བྱེད་ཀྱི་ལུང་བལྟས་ནས། བྲམ་ཟེའི་མཚན་མ་མར་དང་ཀུ་ཤ་བརྐུས་ནས་བྲམ་ཟེས་འཐུངས་པས་བྲམ་ཟེ་དག་པར་འདོད་པ་ནི་རིགས་ངན་གྱི་བྱ་བ་ཉིད་དོ། །ཡང་དཀའ་ཐུབ་ལ་གསུམ་སྟེ། དབྱུ་གུ། དབྱུ་གུ་གསུམ་དང་ལེགས་ལྡན་ཞེས་གསུངས་ཏེ། དེ་ལྟར་དབྱུ་གུ་གཅིག་པ་དང༌། དབྱུ་གུ་གསུམ་པ་དང༌། ལེགས་ལྡན་པའི་ཆ་ལུགས་ཅན་ནོ། །ཡང་དེས་དེ་ལྟ་བུའི་དཀའ་ཐུབ་སྤངས་ནས་གཞན་ལ་བརྟེན་པ་སྟོན་པ་ནི། འདུལ་བ་བ་དང་དད་པའི་ཆ་ལུགས་ཅན་དག་གི། ཞེས་གསུངས་ཏེ། ཇི་སྲིད་མཆོག་གི་དད་པའི་ཆ་ལུགས་སུ་མ་གྱུར་པ་དེ་སྲིད་དུ་ཡེ་ཤེས་མི་རྙེད་དེ། བྱ་བ་ཀུན་མ་སྤངས་པའི་ཕྱིར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མ་རིག་པའི་བག་ཆགས་ཀྱིས་བཟུང་བའི་ཕྱིར་རོ། །མངོན་སུམ་དུ་མཐོང་སྟེ། ཁྱིམ་སྤངས་ནས་དཀའ་ཐུབ་བྱེད་པའི་དུས་སུ་ཇི་སྙེད་རང་གི་ནོར་ལ་སོགས་པ་ཡོད་པ་དེ་ཐམས་ཅད་བུ་དང་ཚ་བ་ལ་སོགས་པ་ལ་སྟེར་ཞིང༌། སེམས་ཅན་ཀུན་ལ་མི་སྟེར་ཏེ་རང་གི་རིགས་རྒྱུད་འབའ་ཞིག་ལ་ཆགས་པས་རང་གི་རིགས་རྒྱུད་ཉམས་པར་མི་འདོད་དོ། །དེའི་ཕྱིར། ཉམས་ཤིང་རྨོངས་པ་ཡི་ནི་ལུས། །རྟག་
ཏུ་ལེགས་སྨིན་ལ་སྨྲ་བ། །བདེ་བ་ཉིད་ནི་དེ་མི་ཤེས། །སྔོན་གྱི་ལས་ཀྱིས་རྨོངས་པར་བྱས། །དེ་དག་གིས་ནི་རང་ཡང་ཉམས་ཤིང་གཞན་ཡང་ཉམས་པར་བྱེད་དོ། །དེ་ཉིད་བསྟན་པའི་ཕྱིར། འགྲོ་བ་རྣམས་ནི་འཁྲུལ་པ་ཉིད་དུ་བཀོལ། ཞེས་གསུངས་ཏེ། འགྲོ་བ་རྣམས་ནི་རྨོངས་པ་ལམ་ངན་པ་ལ་ཞུགས་པ་རྣམས་སོ། །འཁྲུལ་པ་ནི་བརྫུན་པའི་ངག་གིས་སོ། །གཞན་ཡང༌། ཆོས་དང་ཆོས་མིན་མཉམ་དང་མཉམ་མི་ཤེས། །ཞེས་གསུངས་ཏེ། འདིར་ཆོས་ནི་དངོས་པོའི་ཆོས་ཐམས་ཅད་དེ། །སེམས་ཅན་གྱི་རིགས་ལ་སོགས་པའི་ངོ་བོ་སྙིང་རྗེའི་ཡུལ་དུ་གྱུར་པ་རྣམས་སོ། །གཞན་དེ་དང་བྲལ་བ་ནི་ཆོས་མ་ཡིན་པ་སྟེ། བྱ་བ་མ་ཡིན་པའི་མཚན་ཉིད་དང་ལྡན་པ་རྣམས་སོ། །མཉམ་པ་ནི་དེ་དང་གཉིས་སུ་མེད་པའོ། །མི་ཤེས་པ་ནི་ཁྱད་པར་གྱི་ལམ་མི་ཤེས་པ་སྟེ། མདོར་བསྡུས་ན་ཁྱད་པར་ཅན་གྱི་གྲུབ་མཐའ་མི་ཤེས་པའོ། །རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །དགེ་བ་དང་སྡིག་པ་གཉིས་མཉམ་པ་ནི་མ་ཡིན་ནོ། །ད་ནི་དབང་ཕྱུག་ལ་བརྟན་པ་རྣམས་སུན་དབྱུང་བའི་དབང་དུ་བྱས་ནས། ཨེ་རིའི་ལུས་ལ་ཞེས་བྱ་བ་ལ་སོགས་པ་ནས། བླ་མའི་ཡོན་ཏན་རྣམས་ལན་ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ཡང༌། ཨི་རི་ལུས་ལ་ཐལ་བས་བྱུག །ཅེས་བྱ་བ་ནི། ལྷོ་ཕྱོགས་པའི་མུ་སྟེགས་པའི་སློབ་དཔོན་གྱིས་ཐལ་བས་ལུས་ལ་བྱུག་པ་ནི་ཕྱི་རོལ་གྱི་ཐལ་བས་ལུས་གཡོགས་པ་སྟེ། ལེགས་ལྡན་གྱི་ལུས་ལ་ངེས་པ་མ་རྙེད་པའི་ཕྱིར་རོ། །དེ་ཡང༌། མགོ་ལ་རལ་པའི་ཁུར་བུ་ཁུར། །ཞེས་གསུངས་ཏེ། མགོ་ལ་སྐྲ་སྣ་ཚོགས་ཀྱིས་བྱས་པའི་རལ་པའི་ཁུར་བུ་ཁུར་བའོ། །གཞན་ཡང་འཇིག་རྟེན་པ་ལ་ཚུལ་འཆོས་བྱེད་ཅིང༌། རང་གི་ཁྱིམ་དུ་ཞུགས་ཤིང་མར་མེ་པར་ནས་འདུག་པའོ། །མཚམས་སུ་འདུག་ནས་དྲིལ་བུ་འཁྲོལ། །ཞེས་པ་ནི་དབང་ལྡན་དུ་འདུག་ནས་དྲིལ་བུ་དཀྲོལ་བའོ། །སྐྱིལ་ཀྲུང་བཅས་ནས་མིག་བཙུམས་ཏེ། །ཞེས་བྱ་བ་ནི། ཚུལ་འཆོས་ཀྱི་རབ་ཆེན་པོ་ནི་འདི་ཉིད་དེ། མིག་བར་བར་དུ་བལྟ་ཞིང་བཙུམ་ནས་སྐྱིལ་ཀྲུང་བཅས་པ་ནི་རྡོ་རྗེའི་སྐྱིལ་མོ་ཀྲུང་ངོ༌། །དེ་ནས། རྣ་བར་ཤུབ་ཤུབ་སྐྱེ་བོ་སླུ་བ་ནི་དེ་
ལྟར་སྔོན་དུ་བསྟན་པའི་ཨི་རིའི་སློབ་དཔོན་གྱི་མཚན་ཉིད་མཐོང་ནས་རྨོངས་པའི་སྐྱེ་བོ་བླང་བྱ་དང་དོར་བྱ་མི་ཤེས་པ་རྣམས་ཀྱི་རྣ་བར་ཕན་ཚུན་ཤུབ་ཤུབ་གང་ལ་ངག་གནས་པའི་ལམ་འདི་ནི་ཁྱད་པར་ཅན་ཡིན་པས་ཁྱེད་རྣམས་ཉོན་ཅིག་ཟེར་བའོ། །ཡུགས་ས་མོ་དང་ཅོ་རེག་མོ། །འདི་འདྲིའི་ཆ་ལུགས་གཞན་འོངས་ལ། །ཞེས་པ་ནི་ཡུགས་ས་མོ་ནི་ཁྱོ་དང་བྲལ་བའོ། །ཅོ་རེག་མོ་ནི་ཟླ་བ་གཅིག་ལ་འཁོར་ཅིག་ཟ་བའོ། །གཞན་ནི་སྣ་ཚོགས་ཀྱི་ཆ་ལུགས་ཀྱིས་གནས་པའི་དཀའ་ཐུབ་རྣམས་སོ། །དེ་རྣམས་རང་གི་ལམ་དེ་འཇུག་ཅིང་ངོ་སྟོན་པའོ། །དེ་ལྟ་བུའི་བླ་མ་དེ་ལ་ཁྱད་པར་ཅི་ཡོད་ཅེ་ན། དབང་རྣམས་བསྐུར་ཞིང་བླ་མ་ཡི། །ཡོན་རྣམས་ལེན་པར་བྱེད་པ་ཡིན། །ཞེས་པ་ནི་རང་གི་དོན་དུ་ཡོན་བླང་བའི་ཆེད་དུ་དབང་བསྐུར་ཞིང་སེམས་ཅན་རྣམས་ཉོན་མོངས་པ་ལ་སྦྱོར་བར་བྱེད་པ་ནི་རང་ཉིད་མི་ཤེས་པའི་ཕྱིར་རོ། །དེ་ནི་དབང་ཕྱུག་ལ་བརྟེན་པ་རྣམས་སུན་དབྱུང་བའོ། །ང་ནི་གཅེར་བུ་པ་རྣམས་ཡིན་ཏེ། སེན་མོ་རིང་ཞིང་ཞེས་བྱ་བ་ལ་སོགས་པ་ནས། ལུས་ཀྱི་དཀའ་ཐུབ་ཙམ་གྱིས་གདུངས། །ཞེས་བྱ་བའི་བར་གྱིས་སྟོན་ཏེ། སེན་མོ་རིང་ཞིང་ནི་དེའི་ལུས་དྲི་མའི་ཆ་བྱང་ཅན་ཞེས་པ་ནི་ལུས་ཅན་སྒྱུ་དང༌། གཡོ་ལ་བརྟེན་ནས་རང་གི་འདོད་པ་གང་ཡིན་པ་དེ་ལ་ནི་ཐར་པའི་ལམ་མེད་དོ། །ཅིའི་ཕྱིར་ཞེ་ན། དངོས་པོ་གཅིག་ལ་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། ཟེར་ཞིང་ལམ་མི་ཤེས་པའི་ཕྱིར་རོ། །གང་དག་དེ་ལ་བརྟེན་པ་ནི། །ཐར་པ་ཐོབ་པའི་ལམ་མེད་དོ། །ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆེད་དུ་བདག་ཉིད་བཀོལ་ཞེས་གསུངས་ཏེ། བདག་ཉིད་ལས་ངན་པ་དང་ལམ་ངན་པས་གནོད་པར་བྱེད་ཅིང༌། ཐར་པའི་ཆེད་དུ་བྱས་ཀྱང་ཐར་པ་ནི་མི་འགྲུབ་སྟེ། འོག་ནས་འཆད་པའི་ཕྱིར་རོ། །གཅེར་དུ་གང་ཞིག་གྲོལ་འགྱུར་ན། །ཞེས་གསུངས་ཏེ། གལ་ཏེ་གཅེར་བུ་ཙམ་གྱིས་གྲོལ་བ་ཡིན་ན། ཁྱི་དང་ཅེ་སྤྱད་ལ་སོགས་པ་ཅིས་མི་གྲོལ་ཏེ་གྲོལ་བར་འགྱུར་རོ། །ཡང༌། སྦུ་བཏོགས་པས་ནི་གྲོལ་འགྱུར་ན། །ཞེས་གསུངས་ཏེ། གལ་ཏེ་སྦུ་བཏོགས་པས་གྲོལ་པ་ཡིན་ན། །བུད་མེད་གཞོན་ནུ་མ་སྤུ་ངན་རྟག་ཏུ་བཏགས་པས་བུད་མེད་གྲོལ་པར་འགྱུར་རོ། །མཇུག་སྦུ་གཡོབས་པས་ཐར་ཐོབ་ན། །ཞེས་གསུངས་བ་
ནི་གཅེར་བུ་བ་གང་གིས་རྨ་བྱའི་སྒྲོའི་ཆུན་པོ་བླངས་ཤིང་ལག་པ་གཡོབ་བས་གྲོལ་བ་ཡིན་ན། རྨ་བྱ་དང་གཡག་ལ་སོགས་པ་གྲོལ་བར་འགྱུར་རོ། །ལངས་ཏེ་ཟ་བས་གྲོལ་འགྱུར་ན། །ཞེས་སྨོས་ཏེ། གལ་ཏེ་ལངས་ཏེ་ཟ་བས་གྲོལ་ན། རྟ་དང་གླང་པོ་ལ་སོགས་པ་ཅིའི་ཕྱིར་མི་གྲོལ་བར་ཐལ་ལོ། །དེ་ལ་མདའ་བསྣུན་ན་རེ་གཅེར་བུ་པའི། །ཐེག་པའི་ཐར་པ་ང་མི་འདོད། །ཅེས་པ་ནི་ས་ར་ཧའི་ཞལ་ན་རེ། །ནམ་མཁའི་གོས་ཅན་རྣམས་ཀྱི་ཐར་པ་གང་ཡིན་པ་དེ་ནི། ཁོ་བོ་ཅུང་ཟད་ཀྱང་མི་འདོད་དོ་ཞེས་པའོ། །དེ་ཉིད་དང་ནི་བྲལ་བ་ཡི། །ལུས་ཀྱི་དཀའ་ཐུབ་ཙམ་གྱིས་གདུངས། །ཞེས་གསུངས་ཏེ། དེ་ཁོ་ན་ཉིད་དང་བྲལ་ཞིང་ཅི་ཡང་མ་ཤེས་པས་འཇིག་རྟེན་པ་གཞན་ཡང་དོན་མེད་པ་ལ་སྦྱོར་ཞིང་ལྟུང་བར་བྱེད་དོ། །ད་ནི་ཉན་ཐོས་རྣམས་སྟོན་ཏེ། དགེ་ཚུལ་ཞེས་བྱ་བ་ལ་སོགས་པ་ནས། །དེ་དག །དོན་དམ་པར་ནི་གཅིག་མི་འགྲུབ། །ཅེས་བྱ་བའི་བར་དུའོ། །དགེ་ཚུལ་དགེ་སློང་གནས་བརྟན་གཟུགས། །བནྡེ་འདི་ལྟར་རབ་བྱུང་ནས། །ཞེས་སྨོས་ཏེ། དགེ་ཚུལ་ནི་བསླབ་པའི་གནས་བཅུ་པའོ། །དགེ་སློང་ནི་བསླབ་པའི་གནས་ཉིས་བརྒྱ་ལྔ་བཅུ་པའོ། །གནས་བརྟན་ནི་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའོ། །བནྡེ་ནི་དེ་རྣམས་ལ་གཞན་དང་གཞན་གྱིས་ཕྱག་འཚལ་བའི་ཆེད་དུ་རབ་ཏུ་བྱུང་བར་ཁས་བླངས་ནས་བསོད་སྙོམས་དང་བསླབ་པ་ལ་སློབ་ཀྱང་མཆོག་ནི་མ་ཡིན་ཏེ། དེ་ཉིད་མི་ཤེས་པའི་ཕྱིར་དང༌། སྒྱུ་དང་ཚུལ་འཆོས་ཀྱི་གཟུགས་ཀྱིས་སེམས་ཅན་རྣམས་ཀྱིས་སྨོད་པའི་ཕྱིར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ང་ཡོངས་སུ་མྱ་ངན་ལས་འདས་ནས། ཕྱི་མའི་ཚེ་ཕྱི་མའི་དུས་ན་སྙིགས་མ་ལྔ་དང་ལྡན་པའི་དུས་སུ་ངའི་བསྟན་པ་ལ་དགེ་སློང་གང་ཞིག་འབྱུང་བ་རྣམས་མ་ལུས་པར་སྒྱུ་དང་ཚུལ་འཆོས་ལ་དགའ་བར་འགྱུར་རོ། །དེ་བཞིན་དུ་ཁྱིམ་ལ་བརྩོན་ཤིང་ཞིང་རྨོ་བ་དང༌། ཚོང་བྱེད་པ་ལ་སོགས་པ་ལ་དགའ་ཞིང་སྡིག་པའི་ལས་བྱེད་པ་ལ་དགའ་བར་འགྱུར་རོ། །བསྟན་པ་ལ་བཞད་གང་བྱེད་པར་འགྱུར་ཏེ། དེ་རྣམས་ནི་
སྔོན་གྱི་དུས་ན་བདུད་ཀྱི་རིགས་ཀྱི་ལྷ་ཡིན་ཏེ། དེ་ལྟར་ནི་དགེ་སྦྱོང་གི་གཟུགས་ཀྱིས་འོངས་ནས་གནས་སོ། །དེ་ནམས་ཀྱི་ནང་ནས་གནས་བརྟན་ཁ་ཅིག་དགེ་འདུན་གྱི་ལོངས་སྤྱོད་ཐམས་ཅད་འཕྲོག་ཤིང༌། །རང་གི་དབང་དུ་བྱས་ནས་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེའི་ཕྱིར་དེ་རྣམས་ལ་བྱང་ཆུབ་མེད་དོ། །གང་ཉན་ཐོས་ཀྱི་ཐེག་པ་ལ་བརྟེན་པ་སྔོན་དུ་བསྟན་པའི་མཚན་ཉིད་དང་ལྡན་པ་དེ་རྣམས་ནི་གལ་ཏེ་བསླབ་པ་ཞིག་ན་དམྱལ་བར་འགྲོ་བའོ། །ཡང་ན་བསླབ་པ་མ་ཞིག་ཅིང་བསྲུངས་བ་ཙམ་པོ་དེས་ནི་མཐོ་རིས་ཀྱི་ལོངས་སྤྱོད་ཙམ་ཐོབ་ཀྱི། བྱང་ཆུབ་མཆོག་ནི་མེད་དོ། །གལ་ཏེ་ཐེག་པ་ཆེན་པོ་ལ་བརྟེན་ཏོ་ཞེ་ན། དེ་ལ་ཡང་ངེས་པ་མེད་དེ། སྔོན་བདུད་ཀྱི་རིས་ཀྱི་ལྷ་ཡིན་པའི་ཕྱིར་རོ། །གལ་ཏེ་ལེགས་པར་གནས་པ་ཡིན་ན་ཡང་དེ་ལྟ་ན་ཡང་ངེས་པ་མེད་དོ། །དེ་ཉིད་བསྟན་པའི་ཕྱིར། ཁ་ཅིག་མདོ་སྡེ་འཆད་པར་བྱེད་ལ་ཞུགས། །ཞེས་གསུངས་ཏེ། དགེ་སློང་ཁ་ཅིག་རྫས་ཀྱི་སྲིད་པའི་དབང་གིས་སྔོན་མ་མཐོང་བའི་མདོ་སྡེ་ལ་སོགས་པའི་དེ་ཉིད་འཆད་པ་ནི་དམྱལ་བར་འགྲོའོ། །ལ་ལ་བསམ་ཁྲལ་མང་པོས་བསྐམས་པ་མཐོང༌། །ཞེས་གསུངས་ཏེ། ཁ་ཅིག་མ་ཐོས་པས་ཆོས་ལ་ལྟ་རྟོག་མང་པོ་བྱེད་པ་དེ་ཡང་རིགས་པ་མ་ཡིན་ནོ། །དགེ་སྦྱོང་ཁ་ཅིག་ལུང་གི་པུ་སྟི་མང་པོ་བལྟས་ནས་ཞུ་གཏུགས་བྱེད་དེ། ལུང་གི་དོན་མི་ཤེས་པས་སྡིག་པའི་འགྲོ་བར་འགྲོ་བར་འགྱུར་རོ། །དེ་ལྟར་བསམ་ཁྲལ་མང་པོ་བྱས་པ་ལས་ལུས་བསྐམས་ཏེ། ནད་དང་ལྡན་པར་འགྱུར་རོ། །ཁ་ཅིག་ཐེག་པ་ཆེ་ལ་རྒྱུག་བྱེད་ཅིང༌། །ཞེས་གསུངས་ཏེ། དགེ་སློང་ཁ་ཅིག་ཐེག་པ་ཆེན་པོའི་དོན་ལ་འཇུག་ཅིང༌། དེ་ཉིད་ཀྱི་ཐེག་པ་ཆེན་པོ་ལ་སྦྱོར་བར་བྱེད་དོ། །གཞན་དག་དཀྱིལ་འཁོར་འཁོར་ལོ་མ་ལུས་སྒོམ། །ཞེས་གསུངས་ཏེ། འདིས་ནི་ཐེག་པ་ཆེན་པོ་སྔགས་ཀྱི་ང་རྒྱལ་ལ་བརྟེན་ནས་དེ་ཡང་དམྱལ་བ་ལ་སོགས་པར་འགྲོའོ། །གཞན་ཡང༌། ཁ་ཅིག་བཞི་པའི་དོན་འཆད་པ་ལ་ཞུགས། །ཞེས་གསུངས་ཏེ། དགེ་སློང་ཁ་ཅིག་བཞི་པའི་དོན་འཆད་པ་ནི་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། རྣལ་འབྱོར་སྤྱོད་པ་དང༌། དབུ་མ་ལ་ཞུགས་པ་དེ་ཡང་ཚིག་གི་
བརྗོད་པ་མང་པོ་ཙམ་སྟེ་དེ་ཉིད་མེད་པའི་ཕྱིར་དོན་མེད་དོ། །ཡང་ན་བཞི་པ་ནི་ལྷན་ཅིག་སྐྱེས་པ་སྟེ། དེའི་མན་ངག་འཆད་པ་ལ་ཞུགས་ཏེ། དེ་བུ་སྟི་བལྟས་པའི་ང་རྒྱལ་ཙམ་གྱིས་འཆད་ཅིང༌། རང་གི་དོན་མི་ཤེས་སོ་ཞེ་ན་ཡང༌། དེའི་ཚེ་བཤད་པས་ཅི་ཞིག་བྱ་སྟེ། དེ་ལྟར་ན་ཕན་ཚུན་འགལ་བ་སྤྱོད་པས་དམྱལ་བར་འགྲོ་བའོ། །ཁ་ཅིག་དཔྱད་ཅིང་བལྟས་པས་ལམ་ལས་ཉམས། །ཞེས་པ་ནི། ཁ་ཅིག་བལྟ་ཞིང་དཔྱད་པས་རང་གི་འདོད་པ་ལས་རྣམ་པར་ཉམས་ཏེ། ལམ་ནི་རྟོག་དཔྱོད་ཀྱི་ཡུལ་ལས་འདས་པའི་ཕྱིར་རོ། །དེ་ཡང་སྙིང་རྗེ་དང་བྲལ་བས་མྱ་ངན་ལས་འདས་པ་རྣམས་སུ་ལྟུང་ངོ༌། །ལ་ལ་ནམ་མཁའི་ཁམས་ལ་རྟོག་པར་བྱེད། །ཅེས་གསུངས་ཏེ། ལ་ལ་ངན་གྱི་ནམ་མཁའི་ཁམས་ལ་རྟོག་ཅིང་དཔྱད་པས་རང་གི་འདོད་པ་མི་འགྲུབ་སྟེ། བརྟག་པའི་ཕྱི་རོལ་གྱི་ཡན་ལག་ཅན་ལ་མངོན་པར་ཞེན་པས་སོ། །ལྷན་ཅིག་སྐྱེས་པ་བོར་ནས་ནི། །མྱ་ངན་འདས་པ་གཞན་ལ་རྒྱུག །ཅེས་གསུངས་ཏེ། ལྷན་ཅིག་སྐྱེས་བ་པོར་ནས་མྱ་ངན་ལས་འདས་པའི་མཚན་ཉིད་གཞན་མེད་དོ། །དེ་མ་ཤེས་པས་མིང་གི་རྣམ་གྲངས་ཙམ་གྱི་སྒོ་ནས་འཁྲུལ་པའི་ཕྱིར་གཞན་གྱི་མྱ་ངན་ལས་འདས་པ་ལ་འཇུག་པར་འགྱུར་པས་དེ་ལྟར་འཁྲུལ་པས་ངན་འགྲོར་འགྲོ་བར་འགྱུར་རོ། །དེའི་ཕྱིར་འཁྲུལ་པ་ནི་རྣམ་པར་རྟོག་པ་སྟེ། དེ་སྤངས་པས་གྲོལ་པའོ། དེ་ལྟར། དེ་དག་དོན་དམ་གཅིག་མི་འགྲུབ། །ཅེས་གསུངས་ཏེ། དེས་ནི་དགེ་བ་ལ་སོགས་པ་རྣམས་རིག་པས་དཔྱད་བཞིན་པའི་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་གཅིག་ཀྱང་མི་འགྲུབ་པོ། །འཚོ་བའི་ཆེད་དུ་བརྟུལ་ཞུགས་དང༌། །སྤྱོད་པ་འབའ་ཞིག་ལ་ཞུགས་པའོ། །དེ་ལ་བསྡུས་པའི་དོན་ན། གང་ཞིག་གང་ལ་མོས་པར་གྱུར་པ་དེ། །ཐེག་པ་དེར་ཞུགས་ཐར་པ་ཐོབ་པ་མ་ཅི། །ཞེས་གསུངས་ཏེ། གང་དང་གང་མཐོང་བས་མོས་པ་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་ཐེག་པའི་ལམ་ཙམ་སྟེ། དེ་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། ཐེག་པ་དེ་ལ་ཞུགས་པ་རྣམས་ཀྱིས་ཐར་པ་མི་ཐོབ་སྟེ། བརྗོད་བྱ་དང་རྗོད་བྱེད་
བྱེད་ཀྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ཇི་སྲིད་དུ་བླ་མ་ལ་བསྙེན་བཀུར་མ་བྱས་པ་དེ་སྲིད་དུ་རྙེད་པར་དཀའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱི་རོལ་མུ་སྟེགས་པ་ལ་སོགས་པ་དེ་ཉིད་དང་བྲལ་བ་ཐུན་མོང་པ་རྣམས་ལ་སྟོན་པ་ནི། མར་མེ་ལྷ་བཤོས་དེས་ཅི་བྱ། །ཞེས་གསུངས་ཏེ། ཅི་ཞིག་མཐོང་བ་དང་ཕྱག་བྱས་པས་ཅི་ཞིག་བྱ་ཞེས་པའོ། །སྔགས་ཀྱི་བཟླས་བརྗོད་ཅི་ཞིག་བྱ། །ཞེས་གསུངས་ཏེ། དེ་ཉིད་དང་བྲལ་བའི་མར་མེ་དང༌། ལྷ་བཤོས་དང༌། སྔགས་བཟླས་པ་ལ་སོགས་པས་ཅི་བྱ་སྟེ། དགོས་པ་ཅུང་ཟད་མེད་དོ་ཞེས་དགོངས་སོ། །གསང་སྔགས་བསྟན་པ་དེ་ཅི་དགོས། །ཞེས་པ་ནི་སྔགས་བསྟེན་པ་སྟེ། སྔགས་ཀྱི་བཟླས་པས་ཅི་ཞིག་བྱ། །ཞེས་པའོ། །ཡང་ན་ཡེ་ཤེས་ཀྱིས་དེ་ཉིད་དང་བྲལ་བའི་མར་མེ་དང༌། ལྷ་བཤོས་ཀྱིས་ནི་དགོས་པ་ཅུང་ཟད་ཀྱང་མེད་དོ་ཞེས་པའོ། །དེ་ལྟར་ཡང༌། །འབབ་སྟེགས་འགྲོ་དང་དཀའ་ཐུབ་དང༌། །ནགས་ལ་འགྲོ་བས་ཅི་ཞིག་བྱ། །ཞེས་གསུངས་ཏེ། འབབ་སྟེགས་ནི་བཱ་རཱ་ཎ་སཱི་ལ་སོགས་པ་དང༌། ནགས་སུ་འགྲོ་བ་ལ་སོགས་པས་ཅི་ཞིང་བྱ་ཞེས་པའོ། །ཆུ་ལ་ཁྲུས་བྱས་ཙམ་གྱིས་ནི། །ཐར་པ་རྙེད་པར་འགྱུར་རམ་ཅི། །ཞེས་གསུངས་ཏེ། འདིས་ནི་ཁྲུས་སྟེགས་ལ་བརྟེན་ནས་ཆུ་ལ་ཁྲུས་བྱས་པས་ཐར་པ་ཅི་ལ་ཐོབ་སྟེ། མི་ཐོབ་ཅེས་པའོ། །ཀྱེ་ཧོ་བརྫུན་ཞིང་ལོག་པ་དེ་བོར་ལ། །ཞེས་གསུངས་ཏེ། ཀྱེ་སྐྱེས་བུ་རྣམས་བརྫུན་པའི་འཆིང་བ་ལོག་པའི་བཤེས་གཉེན་གྱིས་སྨྲས་པའི་ཁྲུས་སྟེགས་ལ་སོགས་པ་འདི་ཐོང་ཞེས་པའོ། །འཇིག་རྟེན་རྒྱང་པན་ལ་སོགས་པའི་འདོད་པས་དམྱལ་བ་ལ་སོགས་པར་འགྲོ་བ་གང་ཡིན་པ་འདི་ཐོང་ཞེས་པའོ། །སྦྱིན་པ་མེད་དོ། །སྦྱིན་སྲེག་མེད་དོ། །དགེ་སྦྱོང་མེད་དོ། །བྲམ་ཟེ་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །མ་ཤི་བར་དུ་བདེ་བར་འཚོ། །ཤི་ནས་དེ་ཡི་སྤྱོད་ཡུལ་མེད། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སླར་འཚོ་བ་ལྟ་ག་ལ་ཡོད། །ཅེས་བྱ་བ་ལ་སོགས་པ་སྤང་པར་བྱ་བ་ཉིད་ཡིན་ཏེ། ཆད་པར་ལྟ་བ་ཡིན་པའི་ཕྱིར་རོ། །ཡང་
གྲངས་ཅན་པ་རྣམས་ན་རེ། །རྟག་ཏུ་འགྲོ་བ་རྣམས་ཀྱི་རྒྱུ། །གྲངས་ཅན་གཙོ་བོ་ཡིན་པར་འདོད། །ཅེས་བྱ་བ་ལ་སོགས་པ་རྟག་པར་ཁས་ལེན་ནོ། །དེའི་དགེ་བ་ཅིའི་ཕྱིར་མི་བྱེད་ཅེ་ན། །གང་གིས་འཆིང་བར་བྱེད་པ་ཐོང༌། །ཞེས་གསུངས་ཏེ། མདོར་བསྡུས་ནས་ཁྱད་པར་ཅན་གྱི་ལམ་སྟོན་ཏེ། དམ་པའི་ལམ་ལ་མོས་པར་གྱིས་དང༌། དེ་ལ་མོས་པར་བྱས་པ་གང་གིས་རང་གི་དོན་དང་གཞན་གྱི་དོན་འགྲུབ་བོ། །རིགས་པ་མ་ཡིན་པའི་ལམ་བོར་ཅིག །གང་གིས་རང་གི་བློ་རྨོངས་པར་གནས་པ་དེ་ཐོང་ཅིག་ཅེས་པའོ། །དེས་ལོག་པའི་ལམ་དང་བྲལ་ནས་ལྷན་ཅིག་སྐྱེས་པ་ཉིད་རྙེད་པར་འགྱུར་ཏེ། གཞན་གྱིས་ནི་མ་ཡིན་ནོ། །དེ་ཉིད་ཡོངས་སུ་ཤེས་ན་གཞན་མེད་དེ། ཞེས་བྱ་བ་ནི་དེ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ཡོངས་སུ་ཤེས་ན་གཞན་ཡང་ཐར་པ་ནི་ཅུང་ཟད་ཅང་མེད་དོ་ཞེས་པའོ། །གཞན་གྱི་རྣམ་པ་ཀུན་ཀྱང་འདི་ཡིན་ཏེ། །ཞེས་གསུངས་ཏེ། གཞན་ཐམས་ཅད་ཀྱི་ཐར་པའི་ཚོགས་གང་ཡིན་པར་རྟག་པ་དེ་ཀུན་ཀྱང་ལྷན་ཅིག་སྐྱེས་པ་ནི་འདི་ཉིད་ཡིན་པས་གཞན་ན་མེད་དོ། །དེ་ལྟ་ཡིན་ན་ལྷན་ཅིག་སྐྱེས་པ་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པའི་སྒོ་ནས་མི་རྙེད་དོ། །བརྗོད་བྱ་རྗོད་བྱེད་འབྲེལ་པ་སྟེ། །གསུམ་གྱིས་ལྷན་ཅིག་སྐྱེས་མི་རྙེད། །བསྟན་པའི་ཚིག་གིས་སྦྱོར་བ་ཡིས། །བཅོམ་ལྡན་འདས་ཀྱིས་ཅུང་ཟད་གསུངས། །གླེགས་བམ་མཐོང་བ་ཙམ་གྱིས་ཏེ། །སེམས་ཅན་རྣམས་ཀྱིས་མི་རྟོགས་ཕྱིར། །གང་དང་གང་གིས་དངོས་མཐོང་བ། །རང་བཞིན་འཁྲུལ་ཅིང་རྟོགས་པ་སྟེ། །དེ་དང་དེ་ཡིས་དངོས་མི་མཐོང༌། །འཁྲུལ་མེད་བླ་མའི་བརྒྱུད་པས་སོ། །དེའི་ཕྱིར། ཀློག་པ་དེ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀློག་པ་དང༌། འདོན་པ་ཅུང་ཟད་ཅི་བྱེད་པ་ཐམས་ཅད་འཇིག་རྟེན་ལས་འདས་པའི་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཡིན་ནོ། །འཇིག་རྟེན་ལས་འདས་པ་འབའ་ཞིག་ནི་མ་ཡིན་ཏེ། འཇིག་རྟེན་པའི་ཡང༌། བསྟན་བཅོས་རྙིང་པ་འཆད་པ་འང་དེ་ཡིན་ནོ། །ཞེས་གསུངས་ཏེ། གང་ཅུང་
ཟད་བསྟན་བཅོས་རྙིང་པ་ལ་སོགས་པ་འཆད་པ་དེ་ཐམས་ཅད་ལྷན་ཅིག་སྐྱེས་པ་ཉིད་ཡིན་ཏེ། གཞན་ནི་མ་ཡིན་ནོ། །ཡང་དེ་ལྟ་བུའི་ལྟ་བ་ནི། མཚོན་པར་ནུས་པ་ཡོད་མིན་དེ། །ཞེས་པ་ནི། །དེ་ལྟར་ལྷན་ཅིག་སྐྱེས་པ་བསྟན་པའི་རིམ་པས་ཇི་སྲིད་དུ་སྐྱེས་བུ་ལམ་མ་མཚོན་ན་དེ་སྲིད་དུ་ཐར་པ་མི་འཐོབ་སྟེ། །གང་གི་དེའི་དུས་དེ་ཉིད་དུ་ཉོན་མོངས་པ་ཟད་པར་བྱེད་པའོ། །དེ་ཇི་ལྟར་རྟོགས་ཤེ་ན། འོན་ཀྱང་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་བླ་མ་མཆོག་གི་ཞབས་ལ་གུས་པས་རྙེད་དོ། །དེ་གསལ་བར་བྱ་བའི་དོན་དུ། གལ་ཏེ་བླ་མས་གསུངས་པ་ནི། །གང་གི་སྙིང་ལ་ཞུགས་པ་ནི། །ཞེས་གསུངས་ཏེ། གལ་ཏེ་བླ་མས་གསུངས་པའི་ལམ་སྙིང་ལ་ཞུགས་ཤིང་རྟོགས་པ་དེའི་ཕྱིར། ལག་པའི་མཐིལ་དུ་བཞག་པའི་གཏེར་མཐོང་བ་འདྲ་བའོ་ཞེས་གསུངས་ཏེ། ཇི་ལྟར་སྐྱེས་བུ་ཁ་ཅིག་གིས་ཡིད་བཞིན་གྱི་ནོར་བུ་རྙེད་ན། དེའི་ཚེ་དེའི་སྟོབས་ཀྱིས་ངེས་པར་སྦྱིན་པ་ལ་སོགས་པ་བྱེད་དོ། །དེ་བཞིན་དུ་འདིར་ཡང་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཐོབ་ན། ཡིད་བཞིན་གྱི་ནོར་བུ་ཡིན་པས་སེམས་ཅན་ཐམས་ཅད་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་དུ་བྱེད་པ་དང༌། ནོར་ལ་སོགས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བར་བྱེད་དོ། །འདི་ལྟ་བུའི་ལམ་མི་ཤེས་པས་གཞུང་མཁན་པོ་མདའ་བསྣུན་ན་རེ། འདི་སྐད་སྨྲ་ཞེས་མི་ཤེས་པའི་ཡུལ་ལ་ཡིད་གདུང་བར་བྱེད་པའོ། །འགྲོ་བ་རྣམས་ནི་འཁྲུལ་པས་བསླུས།། ཞེས་པ་ནི། འགྲོ་བ་ཐམས་ཅད་འཁྲུལ་པ་སྟེ། མུ་སྟེགས་པའི་ལམ་ལ་སོགས་པ་བསླུས་པའོ། །གཉུག་མ་ཡི་ཡང་རང་བཞིན་ནི། །བྱིས་པ་རྣམས་ཀྱིས་མ་མཚོན་ནོ། །ཞེས་བྱ་བ་ནི་བྱེས་པའི་སྐྱེ་བོ་རྣམས་ཀྱིས་གཉུག་མའི་རང་བཞིན་ལྷན་ཅིག་སྐྱེས་པ་མཚོན་པ་ནི། བླ་མ་དམ་པ་མཉེས་པར་མ་བྱས་པས་སོ། །དེའི་ཕྱིར་དེ་རྣམས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །སྐྱོན་འདི་རྣམས་ནི་མུ་སྟེགས་པ་འབའ་ཞིག་གི་ནི་མ་ཡིན་གྱིས། དགེ་སྦྱོང་ལ་ཡང་ཡོད་པ་མིན་པར་བསྟན་པའི་ཕྱིར།
བསམ་གཏན་མེད་ཅིང་རང་བྱུང་མེད། །ཅེས་གསུངས་ཏེ། གང་གི་ཚེ་ཡང་དག་པའི་ཡེ་ཤེས་དང་བྲལ་བའི་དགེ་སློང་དེས་རབ་ཏུ་བྱུང་བ་བླངས་ཏེ། འདུལ་བ་ལས་བྱུང་བའི་མཚན་ཉིད་ཀྱི་བསླབ་པ་ལ་སློབ་ཀྱང་དེ་རྣམས་ལ་འབྲས་བུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་ན་གནས་པའི་ཆུང་མ་དག་དང་ལྷན་ཅིག་ཏུ། །ཞེས་གསུངས་ཏེ། གང་གི་ཚེ་ཁྱིམ་ལ་སོགས་པ་ལ་བརྟེན་པར་གྱུར་བ་དེའི་ཚེ་སྤྱོད་ལམ་ཕུན་སུམ་ཚོགས་པ་ཉམས་པས་ཚུལ་ཁྲིམས་ཉམས་དང་དམ་བཅས་པ་གཅིག་ཉམས་པས་ཐམས་ཅད་ཉམས་པར་འགྱུར་རོ། །ཇི་ལྟར་སྐྱེས་བུ་གཅིག་གིས་དུག་ཟོས་ནས་ཤི་བ་མཐོང་བ་ལས་སྐྱེས་བུ་གཞན་ཀུན་ཀྱང་དུག་ལ་འཇིགས་པ་སྐྱེ་སྟེ། དེའི་ཚེ་གང་ཅུང་ཟད་ལེགས་པར་བརྟགས་ཏེ་ཟ་བར་བྱེད་པ་འམ། དུག་གི་དེ་ཉིད་ལ་བསླབ་པར་བྱའོ། །དེའི་ཕྱིར་དང་པོ་ཉིད་ནས་ལེགས་པར་དཔྱད་ཅིང་བརྟག་པར་བྱའོ། །དེ་ལྟར་མ་བྱས་ན་ཉམས་པར་འགྱུར་རོ། །དེ་ལྟར་གང་ཅུང་ཟད་སྤྱོད་ལམ་དང་དཀའ་ཐུབ་ལ་སོགས་པ་བླངས་པ་དེ་ཐམས་ཅད་དམ་བཅས་པ་བརྟན་པའི་སྒོ་ནས་བསྲུང་བར་བྱའོ། །ཡང་གང་ཞིག །འདོད་པའི་ཡོན་ཏན་རྣམས། །སྤྱོད་པ་ཡིས་ཀྱང་མི་གྲོལ་ན། །ཞེས་གསུངས་ཏེ། གལ་ཏེ་ལེགས་ཤིང་བརྟན་པས་ཡུལ་བརྟེན་པའི་དགའ་བ་མི་གཏོང་ན། དེའི་ཚེ། མདའ་བསྣུན་ན་རེ་དེ་ཉིད་ནི། །ཡོངས་སུ་ཤེས་པས་མིན་ཞེས་སྨྲ། །ཞེས་གསུངས་ཏེ། དེའི་ཚེ་གཞན་ཡོངས་སུ་བརྗོད་པ་ལ་དགོས་པ་ཅི་ཡོད་དོ། སྐད་ཅིག་མའི་བདེ་བ་མ་སྤངས་པའི་ཕྱིར་གང་གིས་སྡུག་བསྔལ་ཉམས་སུ་མྱོང་བ་ཉིད་དུ་བྱེད་པའོ། །ཡང་ན་ཡུལ་གྱི་བདེ་བ་འདོད་པའི་ཡོན་ཏན་ལྔ་ལ་དེ་ཉིད་ཤེས་པས་ལོངས་སྤྱོད་ཀྱང་གྲོལ་བར་མི་འགྱུར་ན། དེའི་ཚེ་གཞན་ཡོངས་སུ་བརྗོད་པ་ལས་དགོས་པ་ཅི་ཡོད་དེ་སྐད་ཅིག་ཡེ་ཤེས་སྐམ་པོ་བརྗོད་པས་གྲོལ་ལམ་སྟེ། མི་གྲོལ་ལོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མངོན་དུ་གྱུར་ན། བསམ་གཏན་གྱིས་ནི་ཅི་ཞིག་བྱ། །གལ་ཏེ་ལྐོག་ཏུ་གྱུར་ན་ཡང༌། །མུན་པ་ཡིས་ནི་བཀོལ་བའོ། །ཞེས་གསུངས་ཏེ། གལ་ཏེ་
མངོན་སུམ་དུ་གྱུར་ན་དེའི་ཚེ་བསམ་གཏན་གྱིས་ཅི་བྱ། །གལ་ཏེ་ལྐོག་ཏུ་གྱུར་པས་མ་མཐོང་ན་མུན་པ་འཇལ་བ་དང་འདྲ་བས་ཅི་ཡང་མཐོང་བར་མི་འགྱུར་རོ། །འདིས་ཅི་བསྟན་ཞེ་ན། བརྟུལ་ཞུགས་ལ་རབ་ཏུ་བྱུང་བ་ལ་སོགས་པ་བརྟུལ་ཞུགས་མ་ལུས་པ་ཅིའི་ཕྱིར་བྱེད་དེ། མུན་པ་ནང་འཇལ་བ་དང་འདྲ་བར་འཇིག་རྟེན་ཕ་རོལ་གྱི་འབྲས་བུ་མ་མཐོང་བའི་ཕྱིར་རོ། མངོན་སུམ་གྱི་ཤེས་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། མདའ་བསྣུན་ངས་ནི་བོས་པ་ཡིན། །ཞེས་གསུངས་ཏེ། གསང་ནས་བཟླས་པ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་སྐད་ཆེན་པོས་གསལ་པོར་བདག་གིས་དེ་ཉིད་བསྟན་པའོ། །དེ་ཡང་གང་ཡིན་ཞེ་ན། ལྷན་ཅིག་སྐྱེས་པའི་རང་བཞིན་ནི། །དངོས་དང་དངོས་མེད་མ་ཡིན་ནོ། །འདིར་དངོས་པོ་ནི་མིག་ལ་སོགས་པ་ལ་སྣང་བའི་དངོས་པོ་གང་ཡིན་པ་དང༌། ཡིད་ཀྱིས་བརྟག་པའི་དངོས་པོ་རྣམས་སོ། །གང་གི་ཕྱིར་དེ་དག་ཐམས་ཅད་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་སྣ་ཚོགས་སུ་བསྐྱེད་པའོ་ཞེས་དེ་ལྟར་རྟོགས་པར་བྱེད་ན། དེ་ཡང་གྲོལ་བར་མི་འགྱུར་རོ། །དེ་བས་ན་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་དངོས་པོ་མེད་པ་མ་ཡིན་ནོ། །དེ་ལྟར་ཡང༌། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །དེ་ཇི་ལྟར་ཞེ་ན། །རིག་པ་བསྟན་པར་བྱ་སྟེ། འདིར་རྐང་གཉིས་ལ་སོགས་པ་བདེ་བ་ལས་སྐྱེས་ཤིང་བདེ་བ་འདོད་པའི་ཕ་དང་མའི་སྦྱོར་བ་ལས་སྐྱེ་བར་འགྱུར་རོ། །མ་རྟོག་པ་དེ་ཅི་ས་ལན་ཞེ་ན། དེའི་ཕྱིར་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་དངོས་པོ་མེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་བརྗོད་དུ་མེད་པའི་ཕྱིར་འཆི་བ་མཐའི་བདེ་བ་ཞེས་བསྟན་ཏེ། དེ་ཉིད་ཀྱི་ཕྱིར། གང་ལ་བརྟེན་ཏེ་འཆི་བ་དང༌། །སྐྱེ་དང་གནས་དང་འཆིང་འགྱུར་པ། །དེ་ལ་བརྟེན་ནས་མཆོག་གི་ནི། །བདེ་བ་ཆེན་པོ་མཆོག་གྲུབ་པོ། །ཞེས་གསུངས་ཏེ། བདེ་བ་གང་གིས་འཆིང་བར་འགྱུར་བ་དེ་ཉིད་ཀྱིས་སྐྱེས་ནས་གནས་ཤིང་འཆིང་སྟེ། དེ་ཉིད་
ཕལ་པའི་བདེ་བ་ལ་ཆགས་པའི་ཕྱིར་རོ། །དེ་ཉིད་ཀྱང་ཡང་དག་པའི་བླ་མའི་བརྒྱུད་པས་བླངས་ནས་མཆོག་གི་བདེ་བ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །སྐད་གསང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་སོ་སོར་བཤད་པ་ནི། བསམ་གཏན་དག་དང་བྲལ་བས་ན། །བསམ་གཏན་གྱིས་ནི་ཅི་ཞིག་བྱ། །རྣལ་འབྱོར་ལུང་གང་བརྗོད་དུ་མེད། །དེ་ལ་ཇི་ལྟར་བཤད་དུ་ཡོད། །ཅེས་གསུངས་ཏེ། འདིར་དང་པོར་རེ་ཞིག་སེམས་ནི་བརྗོད་བྱ་དང་རྗོད་བྱེད་ཀྱི་མཚན་ཉིད་དང་བྲལ་བའོ། །དེ་གང་ཡིན་ཞེ་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། །དེ་ནི་རྟོག་པས་བྱས་པ་མ་ཡིན་ཏེ། །རྒྱུ་དང་འབྲས་བུ་དང་བྲལ་བའི་ཕྱིར། །འབྲས་བུའི་རྣམ་པར་གཞག་པ་མེད་དོ། །དེའི་ཕྱིར་གང་བརྗོད་དུ་མེད་པ་དེ་ལ་ཇི་ལྟར་བཤད་དུ་ཡོད་ཅེས་པའོ། །དེ་ལྟར་ཡང༌། འདི་ནི་རེ་ཞིག་བརྫུན་ཀུན་ཏེ། །ཇི་སྲིད་ཇི་སྲིད་རྟོག་གྱུར་པ། །ཇི་ལྟར་གྱུར་པ་དེ་དེ་བདེན། །དེ་ཉིད་གང་དུ་མི་རྟོག་པའོ། །གཞན་ཡང༌། འདི་ཡི་རང་བཞིན་དང་བ་སྟེ། །རྣམ་པ་མེད་ཅིང་རྡུལ་བྲལ་བ། །སངས་རྒྱས་མ་གཏོགས་གཞན་གྱིས་ནི། །དེ་ནི་རྟོགས་པར་མི་ནུས་སོ། །གཅིག་ཤོས་སྐྱེ་འགྲོས་རྟོགས་པ་ལྟར། །སངས་རྒྱས་ཀྱིས་ཀྱང་མི་རྟོགས་སོ། །དེ་ཉིད་རྟེན་ཅིང་འབྲེལ་འབྱུང་ཉིད། །དེ་ཉིད་སངས་རྒྱས་ཁོ་ནས་ཤེས། །ཞེས་གསུངས་སོ། །དེའི་ཕྱིར་མི་ཤེས་པས་གཡོགས་པ་རྣམས་ཀྱིས་དེ་ཉིད་རྟོགས་པར་མི་ནུས་ཞེས་པའོ། །མི་ཤེས་པ་དེ་གང་ཡིན་ཞེ་ན། སྲིད་པའི་ཕྱག་རྒྱས་འགྲོ་བ་རྣམས། །མ་ལུས་པ་ནི་ཁོལ་པོར་བྱས། །གཉུག་མ་ཡི་ནི་རང་བཞིན་ནི། །སུས་ཀྱང་བླངས་པ་ཡོད་མ་ཡིན། །ཞེས་གསུངས་ཏེ། སྲིད་པའི་ཕྱག་རྒྱས་འགྲོ་བ་མ་ལུས་པ་རྣམས་དབང་དུ་བྱས་པ་ཡིན་ཏེ། སྲིད་པའི་ཕྱག་རྒྱ་ནི་ཡན་ལག་ཅན་མ་སྟེ་སེམས་སྡིག་ཆེ་བ་དང་རྒྱུ་དང་ལྡན་པ་དེས་འགྲོ་བ་རྣམས་ཁོལ་པོར་བྱས་པས། གལ་ཏེ་འདོད་ན་འདོད་པའི་སྲིད་པས་སྲོག་གཅོད་པ་ལ་སོགས་པ་ཐམས་ཅད་བྱེད་པ་ལ་འཇུག་སྟེ། འདོད་པའི་བདེ་བ་དེས་འགྲོ་བ་
ཀུན་སྨྱོན་པ་ལྟ་བུར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་གཉུག་མ་ནི་ཡང་དག་པའི་དེ་ཉིད་དོ། །སུས་ཀྱང་བླངས་པ་མེད་པ་ནི་སུས་ཀྱང་རྟོག་པ་མེད་པའོ། །གཞན་ཡང་ནོར་གྱིས་སྲིད་པས་སྔགས་དང་རྒྱུད་ལ་སོགས་པ་བཤད་པས་འགྲོ་བ་རྣམས་རྨོངས་པར་བྱེད་པར་འགྱུར་པ་ནི། རྒྱུད་མེད་སྔགས་ཀྱང་མེད་པ་སྟེ། །བསམ་བྱ་དང་ནི་བསམ་གཏན་མེད། །ཅེས་གསུངས་ཏེ། འདི་ནི་གཞུང་བྱེད་པ་པོས་སྙིང་རྗེའི་དབང་གིས་གསུངས་ཏེ། རྒྱུད་དང་སྔགས་ཙམ་པོས་ནི་ཐར་པ་ཐོབ་པ་མ་ཡིན་ནོ། །དེ་དག་གིས་ནི། ཀྱེ་རྨོངས་པ་དེ་ཀུན་འཁྲུལ་པའི་རྒྱུ། །ཞེས་གསུངས་ཏེ། ཀྱེ་བླུན་པོ་རྒྱུད་དང་སྔགས་དེ་དག་ནི། །སྲིད་པ་ཐམས་ཅད་ཕུན་སུམ་ཚོགས་པའི་འབྱོར་བའི་རྒྱུའོ། །ཡང་ན་འཁྲུལ་པ་ནི་གང་གི་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་པའོ། །དེའི་ཕྱིར། དྲི་མ་མེད་པའི་སེམས་ལ་ནི། །བསམ་གཏན་གྱིས་ཀྱང་བསླང་མི་བྱ། །ཞེས་གསུངས་ཏེ། དྲི་མ་མེད་པའི་སེམས་མི་ཤེས་པས་མི་བསླད་ཅིང་མ་བཅིངས་པ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དྲི་མ་མེད་ཅེ་ན། སེམས་ཞེས་བྱ་བ་ནི་གཉིས་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་པའི་རྣམ་པར་རྟོག་པའི་མཚན་ཉིད་ཅན་ནི་སྔོན་དུ་སུན་ཕྱུང་ཟིན་ཏོ། །འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་ངོ་བོ་འམ་ཆོས་ཀྱི་སྐུའི་མཚན་ཉིད་དོ། །དེའི་ཕྱིར། བདག་ཉིད་བདེ་ནས་གདུང་མ་བྱེད། །ཅེས་གསུངས་ཏེ། འདིས་ནི་རྣམ་པར་མི་རྟོག་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་དུ། ཁམས་གསུམ་རྣམ་པར་གནས་པའོ། །དེ་བས་ན་བདག་ཉིད་བརླག་པར་མ་བྱེད་ཅིག་ཅེས་སྡུག་བསྔལ་ལ་མི་གནས་ཞེས་བྱ་བའི་དོན་ཏོ། །བདེ་བའི་རང་བཞིན་དུ་གྱིས་ཤིག་ཅེས་པའོ། །དེ་ཇི་ལྟར་བྱ་ཞེ་ན། ཟ་ཞིང་འཐུང་ལ་ཞེས་བྱ་བ་ལ་སོགས་པ་ནས་མནན་ནས་འགྲོ་བའི་བར་གྱིས་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་སྟོན་ཏེ། ཇི་ལྟར་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་བྱིས་པ་ལྟ་བུ་ཟ་བ་དང་འཐུང་བ་དང་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་གཉིས་སྤྲོད་པའི་བདེ་བ་
གྱིས་ཤིག །ཅེས་པའོ། །ཡང་དང་ཡང་དུ་འཁོར་ལོ་འགེངས། །ཞེས་པ་དང༌། ཡང་ཐོད་པ་ལ་སོགས་པ་བླངས་ལ་གཏར་མ་སྦྱིན་ཞིང་ཚོགས་ཀྱི་འཁོར་ལོའི་གང་ཟག་རྣམས་ལྷའི་གཟུགས་ཀྱིས་གནས་པའོ། །འདིས་ནི་གྲུབ་པར་འགྱུར་ཏེ། སྐལ་བ་དང་ལྡན་པའི་འཇིག་རྟེན་པ་རྣམས་ཡེ་ཤེས་གྲུབ་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པའོ། །རྨོངས་པའི་འཇིག་རྟེན་ནི་མུ་སྟེགས་པ་ལ་སོགས་པའི་འཇིག་རྟེན་པ་བསྟེན་པ་སྟེ། དེའི་མགོ་བོར་རྡོག་པས་མནན་ནས་འགྲོ་བ་ཐམས་ཅད་འདུལ་བར་བྱེད་པའོ། །འདིས་ནི་ཕྱག་རྒྱ་ཆེན་པོ་འགྲུབ་པ་སྟེ། །དེའི་གདམས་ངག་གང་ཡིན་ཞེ་ན། །གང་དུ་རླུང་དང་སེམས་མི་རྒྱུ། །ཉི་མ་ཟླ་བ་འཇུག་མེད་པ། །དེ་ལ་རྨོངས་པས་སེམས་ངལ་སོས། །མདའ་བསྣུན་གྱིས་ནི་མན་ངག་བསྟན། །ཞེས་གསུངས་ཏེ། གང་བླ་མའི་མན་ངག་གིས་སྐྱེ་འགྲོ་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་རང་གིས་ཉམས་སུ་མྱོང་བ་ཡིན་པ་དེ་ལ། སེམས་ངལ་སོས་པ་དང་བདག་ཉིད་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་གནས་པ་དེ་ལ་རླུང་དང་སེམས་མི་རྒྱུ་ཞིང་དེ་ཉིད་ལ་ཉི་མ་དང་ཟླ་བ་འཇུག་པ་མེད་དེ། རྣམ་པར་རྟོག་པ་མེད་པ་ཙམ་ནི་མ་ཡིན་ཏེ། དངོས་པོ་ཐམས་ཅད་འགག་པར་འགྱུར་རོ། །ཇི་ལྟར་བྱིས་པ་རྣམས་ཀྱིས་དགོངས་ཏེ་བསྟན་པའི་སྐད་མི་ཤེས་པས། ཡིད་དང་རླུང་མཉམ་པར་འགག་པ་ལ་བརྟེན་ནས་སྡུག་བསྔལ་བར་འགྱུར་རོ། །དེ་བས་ན་འདིར་འགོག་པ་ཞེས་བྱ་བ་ནི་འགག་པའི་ཚིག་སྟེ། རླུང་འགོག་པ་རབ་རླབས་ཀྱིས་དགོས་བ་ཅི་ཡོད་ཅེས་པའོ། །ཇི་སྲིད་དུ་ལུས་ཡོད་པར་རླུང་རྒྱུ་སྟེ། དེ་སྲིད་དུ་རླུང་འགགས་པས་འགོགས་པའི་སྙོམས་འཇུག་གམ་འཆིང་བར་གྱུར་པ་སྟེ། དེའི་ཕྱིར་བླ་མ་དམ་པའི་མན་ངག་ལས་ཤེས་པར་བྱའོ། །མའི་བསྣུན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འོན་ཀྱང་རླུང་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་བདུད་རྩི་ཡང་ཡིན་ཏེ་ཡིད་བདེ་བའི་ངོ་བོའོ། །དེ་ལྟར་ཉི་མ་དང་ཟླ་བ་ནི་འདོད་ཆགས་དང༌། འདོད་ཆགས་
དང་བྲལ་བའོ། །དེ་དག་གི་རྟག་པ་མ་ཡིན་པའི་ལྷན་ཅིག་སྐྱེས་པ་གང་ཡིན་པ་དེ་བླང་བར་བྱའོ། །དེ་ལྟ་བུའི་གདམས་པ་ནི་ཐོབ་ནས། གཉིས་སུ་མི་བྱ་གཅིག་ཏུ་འང་མིན། །ཞེས་བྱ་བ་ནས། རིགས་ལ་བྱེ་བྲག་མེད་པར་ནི། །ཁམས་གསུམ་མ་ལུས་འདི་ཐམས་ཅད། །འདོད་ཆགས་ཆེན་པོ་གཅིག་ཏུ་འགྱུར། །དེ་དེ་ཐོག་མ་བར་མཐའ་མེད། །སྲིད་མིན་མྱ་ངན་འདས་པ་མིན། །བདེ་བ་ཆེན་པོ་མཆོག་འདི་ལ། །བདག་དང་གཞན་དུ་ཡོད་མ་ཡིན། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་ད་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་མི་བྱ། །དབང་གང་དུ་ནུབ་གྱུར་ཙམ་ན། །རང་གི་ངོ་བོ་ཉམས་པར་གྱུར། །གྲོགས་དག་དེ་ནི་ལྷན་ཅིག་སྐྱེས། །བླ་མའི་ཞལ་ནས་གསལ་བར་དྲིས། །ཞེས་བྱ་བའི་བར་མི་གོ་སླའོ། །འོན་ཀྱང་ཐམས་ཅད་བླ་མའི་གདམས་ངག་གིས་ཁྱབ་པའོ། །དེའི་ཕྱིར་དེ་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་གྱིས་ཤིག་ཅེས་པའོ། །ཁ་ཅིག་ཏུ་གལ་ཏེ་འཁྲུལ་པ་ཡོད་ན་དེའི་ཚེ། བླ་མའི་ཞབས་ཀྱི་གན་དུ་གསལ་པོར་དྲི་བར་གྱིས་ཤིག་དང༌། དེས་འཁྲུལ་པ་མེད་པར་འགྱུར་རོ། །དེས་ན་དེའི་ཚེ་བླ་མའི་བཀའ་ལུང་གིས་གདམས་ངག་བསྟེན་པའི་ཚུལ་གསུངས་ཏེ། ཡིད་ནི་གང་ཤི་རླུང་གར་དེངས། །ཞེས་གསུངས་ཏེ། གང་གི་ཕྱིར་ཡིད་ཤི་བ་དང་རླུང་ཡང་ཟད་ཅིང་དེངས་བར་འགྱུར་རོ། །དེ་གཉིས་འབའ་ཞིག་ནི་མ་ཡིན་ཏེ། གཞན་ཡང༌། འདི་ནི་བདེ་ཆེན་མཆོག་ཡིན་ཏེ། །སྤངས་ནས་གང་ཡང་མི་འགྲོའོ། །ཞེས་གསུངས་ཏེ། འདི་ལྟར་སྟོན་ཏེ། མཆོག་གི་བདེ་བ་ཆེན་པོ་གང་གིས་མ་ཐོབ་པ་དེ་ཡང་སྤངས་ལ་སྟེ། ཡང་དག་པའི་བླ་མའི་གདམས་ངག་མེད་པས་བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་པ་སྟོན་པའི་སྒོ་ནས་ཅུང་ཟད་ཀྱང་མི་རྙེད་དོ་ཞེས་པའོ། །གར་ཡང་མི་འགྲོའོ་ཞེས་པ་ནི་གང་དུ་ཡང་མི་འགྲོ་བ་སྟེ། ངག་གི་སྤྱོད་ཡུལ་མ་ཡིན་ཞེས་དགོངས་སོ། །དེ་སྐད་དུ་
ཡང། བློ་ཡི་སྤྱོད་ཡུལ་མ་ཡིན་ངག་གི་སྤྱོད་ཡུལ་དག་ལས་འདས། །བླ་མས་བསྟན་པའི་དངོས་པོ་བརྗོད་ཅིང་འཇུག་པ་དག་ལ་རིང༌། །དེ་ཡང་རིགས་ཀྱི་སྙིང་རྗེ་ངག་སོགས་ཡོན་ཏན་དྲི་མེད་པའི། །དད་ལྡན་སེམས་ཀྱི་གོ་འཕང་ལ་ནི་རང་ཉིད་ཀྱི་ནི་འཆར། །ཞེས་གསུངས་སོ། །ཀྱེ་ཧོ་རང་གི་འདི་ལ་མ་འཁྲུལ་ཅིག །དངོས་པོ་དངོས་པོ་མེད་པ་ནི། །བདེ་བར་འགྲོ་བའང་འཆིང་བ་སྟེ། །ཞེས་གསུངས་ཏེ། རང་རིག་པ་སྟེ་ཐོག་མ་མེད་པའི་དུས་ནས་བརྟགས་པའི་བདེ་བ་ཞེས་གྲོགས་པོ་དག་རྟོག་པར་མ་བྱེད་ཅིག །གལ་ཏེ་བྱེད་ན་རྨོངས་པར་འགྱུར་རོ་ཞེས་པའོ། །དེའི་ཕྱིར་དངོས་པོ་སྟེ་གོང་དུ་བསྟན་པའི་མཚན་ཉིད་དང་དངོས་པོ་མེད་པའི་མཚན་ཉིད་ནི། བདེ་འགྲོའི་རྣམ་པར་རྟོག་པ་སྟེ། །ཀྱེ་རྨོངས་པ་དེ་ཐམས་ཅད་འཆིང་བ་ཡིན་ནོ། །གསེར་གྱི་སྒྲོག་དང་ལྕགས་ཀྱི་སྲོག་ལ་འཆིང་བར་བྱེ་བྲག་མེད་དེ། དེའི་ཕྱིར་འདི་ཐམས་ཅད་བོར་བར་བྱའོ། །དེ་ལྟར་དམ་པར་ཡང་རྟོག་པ་མེད་པ་སྟེ། འཇུག་པར་མི་འགྱུར་མཁས་པ་ཡིན། །དགེ་བ་དང་ནི་མི་དགེ་ཡང༌། །རྟོག་པ་ཉིད་དུ་བྱེ་བྲག་མེད།། མེས་ནི་སྲེག་པར་བྱེད་པ་ལ། །བུད་ཤིང་ཁྱད་ཀྱི་བྱེ་བྲག་མེད། །རེག་བཞིན་བས་ན་དེ་སྲེག་སྟེ། །ཙནྡན་ལ་འབར་མེ་ཡང་ངོ༌། །འདི་ཇི་ལྟར་བྱ་ཞེ་ན། ཀྱེ་ཧོ་རྣལ་འབྱོར་གཉུག་མ་ཡི། །ཡིད་ལ་ནན་ཏན་གྱིས་ལ་ལྟོས། །ཇི་ལར་ཆུ་ལ་ཆུ་འདྲེས་བཞིན། །ཞེས་གསུངས་ཏེ། ཀྱེ་རྣལ་འབྱོར་པ་གཅིག་ཏུ་སྡོད་དང༌། གཉུག་མའི་ཡིད་དངོས་པོ་དང༌། དངོས་པོ་མེད་པ་སྤངས་པའམ། འོད་གསལ་གྱི་ངོ་བོ་ཉིད་ལ་ལྟོས་ཤིག་ཅེས་པའོ། །གཅིག་ཏུ་སྡོད་པའི་རྣལ་འབྱོར་ནི་སེམས་ཀྱི་འཇུག་པ་དམིགས་པ་ལ་སེམས་རྩེ་གཅིག་པའམ་ཤེས་པ་དང་ཤེས་བྱའི་མཚན་ཉིད་དོ། །དེ་ཡང་གང་ཆུ་ལ་ཆུ་བཞག་པ་བཞིན་དུ་བཞག་སྟེ་འདྲེས་པ་དེ་ལྟ་བུར་གྱུར་ན་རྣལ་འབྱོར་དུ་འགྱུར་རོ། །བརྫུན་པའི་བསམ་གཏན་དག་གིས་ནི། །ཐར་པ་ཉིད་ནི་ཇི་ལྟར་རྙེད། །སྒྱུ་འཕྲུལ་གྱི་ནི་དྲ་བ་
དག །ཇི་ལྟར་པང་དུ་བླང་བར་བྱ། །ཞེས་གསུངས་ཏེ། བརྫུན་པའི་སྐྲ་ཤད་ནི་རབ་རིབ་ཅན་གྱི་ལྟ་བུར་ཐར་པ་རྟོག་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །དེའི་ཕྱིར་དེ་ལྟ་བུའི་དཀའ་ཐུབ་དེས་ཤིན་ཏུ་རྙེད་པར་དཀའོ། །ཅིའི་ཕྱིར་ཞེ་ན། སྒྱུ་འཕྲུལ་དྲ་བ་ནི་ཁམས་གསུམ་མ་ལུས་པའོ། །ཇི་ལྟར་པང་དུ་བླང་བར་བྱ་བ་ནི། དེ་ལྟ་བུས་རྟོགས་པར་མི་ནུས་ཞེས་པའོ། །འོན་ཀྱང༌། བླ་མ་མཆོག་གིས་གསུངས་པ་རྣམས། །ཐམས་ཅད་ལ་ནི་ཡིད་ཆོས་ཀྱིས། །མདའ་བསྣུན་ང་ཡི་ངག་གིས་བསྟན། །ཞེས་གསུངས་ཏེ། གལ་ཏེ་རེ་ཞིག་བླ་མའི་བཀའ་བདེན་པར་ཡིད་ཆེས་པ་དེའི་ཚེ། བླ་མ་མཚོ་སྐྱེས་རྡོ་རྗེ་མཆོག་གི་ཞབས་ཀྱི་གསུང་གིས་དས་འདིར་དོ་ཧ་ཀོ་ཤའི་འགྲེལ་པ་བྱས་སོ། །གདོད་ནས་དག་པའི་ནམ་མཁའ་ལ། །ཞེས་གསུངས་ཏེ། དེ་ལྟར་བླ་མའི་གདམས་ངག་གིས་ཡིད་ཆེས་པར་བྱས་ན་སྲིད་པ་ཐམས་ཅད་ཀྱི་ངལ་བ་གང་ཡིན་པ་དེ་ཐམས་ཅད་དག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བལྟས་ཤིང་བལྟས་ཤིང་མཐོང་བ་དགའ། །ཅེས་གསུངས་ཏེ། ཇི་ལྟར་ཐག་རིང་ལ་སྨིག་རྒྱུ་ལ་ཆུར་མཐོང་བ་ཡང་དང་ཡང་དུ་བལྟས་བས་མཐར་འགགས་པར་འགྱུར་རོ། །དེ་བཞིན་དུ་འདིར་ཡང་དཔྱད་བཞིན་པས་ཐམས་ཅད་ཁྱད་པར་ཅན་གྱི་ཆོས་སྐུའི་རང་བཞིན་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །ཇི་ལྟར་དཔྱད་ཅེ་ན། བླ་མ་དམ་པའི་གདམས་དག་མངོན་དུ་བྱས་པའི་རྒྱུན་གྱི་ནི། དེ་ཡང་རྣམ་པར་རྟོག་པའི་སྒོམ་པ་ནི་སྨིག་རྒྱུའི་ཆུ་བཞིན་ནོ། །གལ་ཏེ་དེ་ཉིད་ཀྱིས་སངས་རྒྱས་འགྲུབ་པོ་ཞེས་ཟེར་ན། དེའི་ཚེ་སངས་རྒྱས་རྟེན་འབྲེལ་དུ་འགྱུར་རོ། །མུན་པ་མེད་པའི་སྣང་བ་བཞིན་ནོ། །གྲིབ་མ་མེད་པ་དང་ཉི་འོད་བཞིན་དུ་ཁྱད་པར་ཅན་གྱི་སྤྲུལ་པའི་སྐུ་འདི་ལས་འབྱུང་ངོ༌། །ཡི་དགས་འགོག་པ་ལས་ནི་ཁྱད་པར་ཅན་གྱི་ཆོས་སྐུའི་རང་བཞིན་དུ་འགྱུར་རོ། །དེ་ཡང་ཐམས་ཅད་ཀྱི་རང་བཞིན་ཡིན་ནོ་ཞེས་དགོངས་ཏེ། ཡང་དེ་ལ་ཡིད་ཤི་ཞིང་འགགས་པ་ཞེས་ནི་མི་བྱའོ། །དེ་ལྟ་བུ་མི་
ཤེས་པ་རྣམས་ལ། །འདི་ལྟ་བུ་ཡི་ནམ་མཁའ་ལ། །གང་ཞིག་གི་ནི་དུས་སུ་འགོག །གཉུག་མའི་ཡིད་ཀྱི་སྐྱོན་གྱིས་ནི། །བྱིས་པ་རྣམས་ཀྱིས་མ་གོའོ། །ཞེས་གསུངས་ཏེ། དེ་ལྟ་བུའི་ཉོན་མོངས་པ་དུས་སུ་འགོག་པ་ནི་མ་སྐྱེས་པའི་དུས་ཏེ་ཐམས་ཅད་ཀྱིས་འཇིག་པའི་དུས་ཞེས་དགོངས་སོ། །དེའི་ཚེ་ངེས་པར་སྲེད་པ་ལ་མངོན་པར་ཞེན་པའི་སྐྱོན་གྱིས་བྱིས་པ་དང༌། མུ་སྟེགས་བ་རྣམས་བསླུས་ཏེ་མ་རིག་པའོ། །དེ་ཉིད་ཀྱི་ཕྱིར། ང་རྒྱལ་གྱི་ནི་སྐྱོན་གྱིས་ནི། །དེ་ཉིད་མཚོན་པར་མི་ནུས་སོ། །ཞེས་གསུངས་ཏེ། ལོག་པའི་ཡེ་ཤེས་པའི་ང་རྒྱལ་གྱིས་དེ་ཉིད་མཚོན་བར་མི་ནུས་སོ། །ཐེག་པ་མ་ལུས་སུན་འབྱིན་ཅིང༌། །ཞེས་གསུངས་ཏེ། དེ་སྐྱོན་དང་ལྡན་པས་མ་ལུས་པའི་ཐེག་པ་སུན་འབྱིན་ཏེ། མ་རུངས་པའི་སྐྱེས་བུ་བཞིན་ནོ། །འཇིག་རྟེན་པ་ཀུན་ཐེག་པས་རྨོངས། །ཞེས་གསུངས་ཏེ། འཇིག་རྟེན་པ་ཀུན་རང་རང་གི་ཐེག་པ་སྟེ་མུ་སྟེགས་པ་ཀུན་རང་རང་གི་ཐེག་པ་རྣམས་རྨོངས་པའོ། །གཉུག་མའི་རང་བཞིན་གང་ཡིན་པ། །དེ་ནི་སུས་ཀྱང་མ་རྟོགས་སོ། །ཞེས་གཞུང་བྱེད་པའི་མཁན་པོ་ཧ་ལས་པའོ། །ཡང་སེམས་ཀྱི་རྩ་བ་མཚོན་ཏེ། །ལྷན་ཅིག་སྐྱེས་པ་དེ་ཉིད་གསུམ། །དེ་དང་དེར་སྐྱེས་དེ་རུ་ནུབ། །དེ་ནི་གསལ་པོར་གནས་པའོ། །ཞེས་གསུངས་ཏེ། འདིར་ནི་གདམས་ངག་གསལ་པོར་སྟོན་ཏེ། སེམས་ཀྱི་ནི་གདམས་ངག་སེམས་པ་སྟེ་གཅིག །དེ་བཞིན་དུ་རྩ་བ་མི་མངོན་པ་ནི་བླ་མའི་གསུང་གིས་བསྟན་པའི་དོན་མཚོན་བྱེད་དེ་གཉིས། ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་ངོ་བོ་ཉིད་མཚོན་བྱེད་ཀྱིས་མ་མཚོན་པ་དང༌། དེ་ཉིད་རྣམ་པ་གསུམ་གྱིས་དེ་ལྟར་མཚོན་བྱ་དང་མཚོན་པ་པོ་གསུམ་བརྫུན་ཞིང་ལོག་པ་སྟེ། དེ་ལྟར་ཡིན་ན་ལྷན་ཅིག་སྐྱེས་པ་ནི་རྗོད་བྱེད་ཀྱི་འབྲེལ་བའི་སྒོ་ནས་མི་རྙེད་དེ། བརྗོད་བྱ་རྗོད་བྱེད་འབྲེལ་པ་སྟེ། །གསུམ་གྱིས་ལྷན་ཅིག་སྐྱེས་མི་རྙེད། །བསྟེན་པའི་ཚིག་གི་སྦྱོར་བ་ཡིས། །བཅོམ་ལྡན་
འདས་ཀྱིས་ཅུང་ཟད་གསུངས། །གླེགས་བམ་མཐོང་བ་ཙམ་གྱིས་ནི། །སེམས་ཅན་རྣམས་ཀྱིས་མི་རྟོགས་སོ། །གང་དང་གང་གིས་དངོས་མཐོང་བ། །རང་བཞིན་འཁྲུལ་ཅིང་རྟོག་པ་སྟེ། །ད་དང་དེ་ཡི་དངོས་མི་མཐོང༌། །འཁྲུལ་མེད་བླ་མའི་བརྒྱུད་པས་སོ། །ཞེས་གསུངས་སོ། །གལ་ཏེ་བཟུང་ནས་ཀྱང་དེའི་ཚེ་ཐམས་ཅད་སེམས་ལས་བྱུང་བའི་ངོ་བོར་འགྱུར་ཏེ། དེས་ནི་གདམས་ངག་གི་བརྒྱུད་པ་རྒྱུན་ཆད་པར་འགྱུར་རོ། །དེ་ལྟ་བུའི་གནས་ལ་རྣལ་འབྱོར་བ་དཔའ་བོ་འགའ་ཙམ་གྲོལ་བར་འགྱུར་རོ། །དེའི་ཕྱིར་འདི་ལྟ་བུས་གནས་པར་བྱའོ། །དེ་ལ་ཆོས་ཐམས་ཅད་འཇུག་པར་བྱེད་པ་ནི་དོན་དམ་པ་ཞེས་བྱའོ། །དེ་ཉིད་བདེ་བ་ཆེན་པོ་གཅིག་ཏུ་རྒྱལ་གྱུར་ཅིང༌། །འགྲོ་བ་རྣམས་ལ་རྟག་འཆར་རྒྱུ་རྐྱེན་བྲལ་འགྱུར་བ། །གང་ཞིག་གིས་ནི་དེ་ཉིད་བརྗོད་པའི་དུས་དག་ན། །ཐམས་ཅད་མཁྱེན་པ་དག་ཀྱང་ཚིག་གིས་ཕོངས། །ཞེས་གསུངས་སོ། །རྩ་བ་བྲལ་བའི་དེ་ཉིད་ནི། །གང་གིས་སེམས་པ་བླ་མ་ཡི། །མན་ངག་གིས་ནི་དེ་ཉིད་རྟོགས། །ཞེས་གསུངས་ཏེ། གང་ཁ་ཅིག་རྩ་བ་དང་བྲལ་བའི་དེ་ཉིད་སེམས་པ་ནི་བླ་མའི་མན་ངག་སྟེ། དེ་ཉིད་སྐྱེས་བུ་རིན་པོ་ཆེས་རྟོགས་པའོ། །ཆོས་རྣམས་མདའ་བསྣུན་གྱིས་སྨྲས་ཞེས་པར་བྱོས། །གང་ཞིག་འཁོར་བ་འཇོམས་པ་ནི། །སེམས་ཀྱི་ངོ་བོ་ཉིད་ཡིན་ནོ། །ཞེས་གསུངས་ཏེ། འདི་ནི་གཞུང་མཁན་པོས་གསལ་པོར་སྟོན་ཏེ། གང་ཁ་ཅིག་སེམས་ཀྱི་ངོ་བོ་ཉིད་བསྒོམ་པ་དེ་ཉིད་འཁོར་བ་འཇིག་པའི་རྒྱུར་འགྱུར་ར། །བླ་མ་དམ་པའི་གདམས་ངག་གིས་དེ་ཉིད་ངེས་པ་བརྟན་པོས་མཚོན་པ་དེས་སེམས་ཀྱི་འཁོར་བ་དེ་འཇིག་པར་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར། གཉུག་མའི་རང་བཞིན་དེ་ཉིད་ནི། །ངག་གིས་བརྗོད་དུ་ཡོད་མ་ཡིན། །ཞེས་གསུངས་ཏེ། རང་བཞིན་གཉུག་མ་ནི་རང་འབྱུང་གི་ཤེས་པའི་ངོ་བོ་ཉིད་དོ། །གཞན་གྱིས་བརྗོད་བྱ་མ་ཡིན་བ་ནི་མུ་སྟེགས་པ་ལ་
སོགས་པ་རྣམས་ཀྱིས་སོ། །འོ་ན་དེ་གང་གིས་སྟོན་ཞེ་ན། བླ་མའི་གདམས་ངག་མིག་གིས་མཐོང༌། །ཞེས་གསུངས་ཏེ། སར་ཧ་བདག་གིས་བླ་མ་སངས་རྒྱས་ལ་བརྟེན་པའི་གདམས་ངག་གིས་རྟོག་པ་ཡིན་གྱིས་གཞན་གྱིས་ནི་མ་ཡིན་ནོ། །བླ་མའི་གདམས་ངག་གིས་ཉམས་སུ་མྱོང་བའོ། །དེ་ལྟར་འདི་ལྟ་བུ་ལ་ཡོན་ཏན་ཅི་ཡོད་ཅེ་ན། འདི་ལ་སྐྱོན་ནི་རྡུལ་ཙམ་མེད། །ཅེས་གསུངས་ཏེ། འདི་ལ་སྐྱོན་གྱི་གནས་རྡུལ་ཙམ་ཡང་མེད་དོ། །གང་གི་ཕྱིར་ཞེ་ན། །ཆོས་དང་ཆོས་མིན་མཉེས་ནས་ཟོས། །ཞེས་གསུངས་ཏེ། བླ་མ་དམ་པའི་གདམས་ངག་གིས་སྔོན་དུ་བསྟན་པའི་ཆོས་དང་ཆོས་མ་ཡིན་པ་དག་པར་བྱས་ནས་ཟ་ཞིང་ལོངས་སྤྱོད་པར་བྱེད་དོ། །འདིའི་ཉེ་བར་སྤྱོད་པར་བྱེད་དོ། །འདིའི་ཉེ་བར་སྤྱོད་པ་ནི། གང་གི་ཚེ་ན་གཉུག་མའི་ཡིད། །ཐམས་ཅད་སྦྱངས་པ་དེ་ཡི་ཚེ། །ཞེས་གསུངས་ཏེ། དེ་ལྟར་ཆོས་ཐམས་ཅད་ཡིད་ལ་བྱེད་པ་མེད་པ་སྟེ། ངོ་བོ་ཉིད་ཀྱིས་མ་སྐྱེས་པས་གཞན་རྒྱུ་ལ་སོགས་པ་ལ་ལྟོས་པ་མེད་པའོ། །གང་གི་ཚེ་ཡིད་ལ་འཁྲུལ་པ་ཡོད་པ་སྤངས་པ་དེའི་ཚེ། ཆོས་ཐམས་ཅད་དག་པར་འགྱུར་བ་ཡིན་ཏེ། དེའི་རང་བཞིན་ཡིན་པའི་ཕྱིར་རོ། །བླ་མའི་ཡོན་ཏན་སྙིང་ལ་འཇུག །ཅེས་པ་ནི། བླ་མས་བྱིན་པའི་མན་ངག་གི་ཡོན་ཏན་རང་གི་སྙིང་ལ་ཞུགས་ཤིང་རྟོགས་ན་དེ་ལ་དག་པར་བྱེད་པ་དང༌། ཟ་བའི་དུས་སུ་ལུས་ལ་སོགས་པ་བཏང་བར་བྱེད་པས་ཡིད་ཆེས་པའོ། །བླ་མའི་གདམས་ངག་རྟོགས་ནས་ཀྱང་གཞན་ལ་མི་སྟེར་ན། དེས་གདམས་ངག་མ་རྟོགས་ཞེས་བྱ་སྟེ། ཤིན་ཏུ་འཛིན་ཆགས་དང་ལྡན་པའི་ཕྱིར་རོ། །འདི་ལྟ་བུ་ཡི་ཡིད་མེད་པ། །ཐུབ་པ་མདའ་བསྣུན་ང་ཡིས་རྟོགས། །ཞེས་གསུངས་ཏེ། འདི་ལྟ་བུ་ཡིད་མེད་པར་མཚོན་པའམ། ཡང་ན་ཡིད་མེད་པ་ཐུབ་པ་སྟེ། བཅོམ་ལྡན་འདས་སོ། །དེ་ནི་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ཞབས་ཡིན་ཏེ། ངེས་དོན་དམ་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་གསུངས་པའོ། །ཡིད་མེད་ནི་རི་བོང་ཪྺ་
ལྟ་བུ་ཡང་མེད་པ་ནི་མ་ཡིན་ནོ། །དེ་ལྟར་དེ་ཡི་གནས་སྐབས་སུ། །ཡེ་ཤེས་ཁོ་བོ་ལྟ་བུས་སྟོང་པར་བརྗོད། །ཡང་ནི་འཇིག་རྟེན་གྲགས་པ་ཡི། །མེད་པ་ལྟར་རྗེས་འབྲངས་པ་མྱིན། །དོན་ནི་མེད་པའི་ངོ་བོ་ཉིད། །ཐ་སྙད་ཙམ་དུ་ཡོད་པ་ཉིད། །རང་བཞིན་མེད་པའི་ཆོས་རྣམས་ལ། །ཡོད་ཉིད་མེད་ཉིད་ག་ལ་ཡོད། །ཁྱོད་ཉིད་དྲན་པར་མི་བྱ་བ། །བཀག་པ་ཉིད་དེ་དྲན་པར་བྱེད། །ཇི་ལྟར་དེ་བཞིན་མེད་སྒྲ་ལས། །ཞི་བ་དག་ནི་སྒྲུབ་པར་བྱེད། །ཅེས་རྒྱས་པར་གསུངས་སོ། །གལ་ཏེ་སྒྲིབ་པ་དང་བཅས་པའི་ཡིད་འགགས་པས་ཁྱད་པར་ཅན་གྱི་ཡིད་སངས་རྒྱས་སུ་འགྲུབ་ཙམ་ན། སྔགས་རྣམས་དང་ནི། །གཅིག་ཀྱང་བདག་གིས་གཅིག་ཀྱང་མི་མཐོང་ངོ༌། །ཞེས་གསུངས་ཏེ། རྒྱུད་ནི་རྣམ་པ་མང་པའོ། །དེ་ལས་གསུངས་པ་ནི་སྔགས་ཏེ། དེ་རྣམས་ཀྱི་གྲུབ་པའི་མཐའ་དང༌། གཞན་གྱིས་བརྟགས་པའི་ལྟ་བ་དང༌། སྒོམ་པ་དང༌། བསྒོམ་བྱ་དང༌། སྒོམ་པ་པོ་ལ་སོགས་པའི་མཚན་ཉིད་བདག་གིས་གཅིག་ཀྱང་མི་མཐོང་ངོ༌། །ཅིའི་ཕྱིར་ཞེ་ན། དེ་ནི་འཇིག་རྟེན་པ་འདུལ་བའི་ཕྱིར་གསུངས་ཏེ། ཁྱད་པར་ཅན་གྱི་འབྲས་བུ་ནི་མ་མཐོང་ངོ༌། །རྣལ་འབྱོར་གོམས་པས་ཅི་ཞིག་བྱ། །གདོང་ནས་དག་པའི་ངོ་བོ་ཉིད། །རང་བཞིན་གྱིས་ནི་གྲུབ་པ་སྟེ། །རྟོག་ལས་དེ་བཞིན་ཉིད་མི་སྐྱེ། །དངོས་མེད་མཚན་ཉིད་བྱང་ཆུབ་སྟེ། །ཆོས་རྣམས་མ་ལུས་དེ་དངོས་ཉིད། །དེ་ཕྱིར་སྤྱོད་པས་བསྐུལ་བ་ནི། །རང་གི་ཕུང་པོ་གཟིངས་བཞིན་ནོ། །དེའི་ཕྱིར། འགྲོ་རྣམས་ལས་ཀྱིས་འཆིང་འགྱུར་ཏེ། །ལས་ལས་གྲོལ་བའི་ཐར་པ་ཡིན། །ཞེས་གསུངས་ཏེ། ལས་གང་གིས་སྐྱེ་བོ་རྣམས་འཆིང་བ་དེ་ཉིད་བཏང་ན་ཡིད་ཀྱི་ཐར་པ་ཡིན་ནོ། །ཐར་པ་ནི་བདག་དང་བདག་གིར་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །ལེགས་པར་བསྒོམས་པའི་ཡིད་ཀྱི་མཚན་མར་འཛིན་པ་ཉིད་འཆིང་བ་ཡིན་ནོ། །དེ་ལྟར་ཆགས་པ་དེ་ཡོངས་སུ་ཤེས་པ་ནི་ཡིད་ཀྱི་ཐར་པ་ཡིན་ནོ་ཞེས་དགོངས་སོ། །ཡིད་ཀྱི་ཐར་པ་གཞན་དུ་མི་རྙེད་དེ། །དེ་ནི་མཆོག་གི་མྱ་ངན་འདས་པ་ཡིན། །ཞེས་གསུངས་ཏེ་དེ་ལྟར་གང་དུ་ཡིད་ཀྱི་ཐར་པ་དེ་ཕན་ཚུན་
དུ་མ་སྤངས་པ་ནི་ངེས་པར་མཆོག་གི་མྱ་ངན་ལས་འདས་པའི་མཚན་ཉིད་དོ། །སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། གང་ལས་སྲིད་དང་མྱ་ངན་ལས་འདས་འཕྲོ་བ། །ཞེས་གསུངས་ཏེ། དེ་ལྟར་གོང་དུ་བསྟན་པའི་མྱ་ངན་ལས་འདས་པའི་མཚན་ཉིད་མཐོང་ན་དེའི་ཚེ་ཇི་ལྟར་བསམ་ཞེ་ན། སེམས་ལས་མ་ལུས་པའི་མ་རིག་པའི་ས་བོན་ལས་བྱུང་བ་འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་དག་པར་མི་ནུས་པར་སྣང་ཞིང་འཕྲོའོ། །དེ་དག་ཀྱང་སྲིད་པའི་ངོ་བོ་ཉིད་དུ་རྣམ་པར་གཞག་པར་མི་ནུས་སོ། །དེའི་ཕྱིར། འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། མཆོག་གི་མྱ་ངན་ལས་འདས་པའི་ཁྱད་པར་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །དེ་ལ་ཕྱག་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདོད་པའི་འབྲས་བུ་སྟེར་བའི་ཕྱིར་རོ། །འདོད་པ་ནི་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་བྱེད་པའི་བདག་ཉིད་དེ། དེ་ནི་ལྷུན་གྱིས་གྲུབ་པའི་འབྲས་བུ་གང་གིས་སྟེར་བའོ། །དེ་ཉིད་བླ་མ་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །དེ་ལྟར། སེམས་བཅིངས་ན་ནི་བཅིངས་པ་ཡིན། །གྲོལ་བས་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་ཏེ། སེམས་བཅིངས་པ་ནི་རྣམ་པར་རྟོག་པ་ལ་སོགས་པས་བཅིངས་པའོ། །དེ་ལྟར་ཡང་དེ་དག་ཤེས་པའི་གྲོལ་བའི་ཐོབ་པར་འགྱུར་ཏེ། གྲོལ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེས་གྲོལ་བ་ལ་ཐེ་ཚོམ་མེད་དོ། །དེ་ལྟར་མ་ཤེས་ན་བྱིས་པའི་སྐྱེ་བོ་རྣམས་འཁོར་བར་འཁྱམས་པར་འགྱུར་རོ། །དེའི་དབང་དུ་བྱས་ནས། བླུན་པོ་གང་གིས་འཆིང་འགྱུར་བ། །མཁས་པ་དེ་ཡིས་རྣམ་པར་གྲོལ། །ཞེས་གསུངས། གང་གིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས་རྨོངས་པའི་འཇིག་རྟེན་པ་རྣམས་འཆིང་བར་འགྱུར་བ་དེ་ཉིད་ཀྱིས་བླ་མའི་གདམས་ངག་རྟོགས་པ་ཡོད་པའི་མཁས་པ་མྱུར་དུ་འཁོར་བ་ལས་གྲོལ་བར་འགྱུར་རོ། །དེ་ལྟར་ཡང༌། བཅིངས་པ་རྣམས་ནི་ཕྱོགས་བཅུར་རྒྱུག །བཏང་ན་མི་གཡོ་བརྟན་པར་གནས། །ཞེས་གསུངས་ཏེ། ཇི་ལྟར་སྐྱེ་འགྲོ་བདག་
དང་བདག་གིར་འཛིན་པའི་རྟོག་པས་བཅིངས་པ་འགྲོ་བ་དྲུག་གི་འཁོར་བར་འཁོར་ཞིང་འཁྱམས་ཏེ། སྐྱེ་འགྲོ་དེ་ཉིད་ཡང་དག་པའི་ལམ་གྱིས་གྲོལ་བ་ན། དེའི་ཚེ་སྣ་ཚོགས་སུ་སྣང་བ་ལྷག་པར་མོས་པ་ལས་མི་གཡོ་བའི་གནས་ལ་གནས་པ་ནི་ཆོས་ཀྱི་སྐུའི་བདག་ཉིད་ཡིན་ཞེས་དགོངས་སོ། །གྲོགས་དག་འདི་ནི་རྔ་མོ་བཞིན། །གོ་བཟློག་པ་ནི་ང་ཡིས་རྟོགས། །ཞེས་གསུངས་ཏེ། འདིར་བསྡུས་པའི་དོན་ནི། ཇི་ལྟར་ང་མོ་ལ་ཁལ་ཆེན་པོ་བཀའ་ན་ནུས་ཚད་ཀྱིས་རྒྱུག་སྟེ། སུས་ཀྱང་བཟུང་བར་མི་ནུས་པ་དེ་ཉིད་ཁལ་ཕོག་པའི་དུས་ན་ས་གཞི་ལ་བརྟེན་པ་དེ་བཞིན་དུ། དེ་ལྟ་བུའི་རྔ་མོ་དང་འདྲ་བའི་སེམས་རང་གིས་རྣམ་པ་ཅན་དུ་སྣང་ངོ༌། །འདིའི་དགོས་པ་ནི། རླུང་སྤངས་རང་ཉིད་མ་སེམས་ཤིང༌། །ཤིང་གི་རྣལ་འབྱོར་དག་གིས་ཀྱང༌། །སྣ་ཡི་རྩེ་མོར་མ་གཏུག་ཅིང༌། །ཅེས་གསུངས་ཏེ། རླུང་སྣ་བུག་ནས་འབྱུང་བ་དང་འཇུག་པའི་མཚན་ཉིད་ཀྱི་རླུང་སྟེ། སྤངས་པ་ནི་རང་ཉིད་མེད་ཅིང་ཤིའོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ཇི་སྲིད་དུ་རླུང་གནས་པ་དེ་སྲིད་དུ་ལུས་གནས་ལ། རླུང་མེད་ན་ལུས་གང་དུ་གནས་ཏེ་མི་གནས་སོ། །དེ་ལྟར་བླ་མའི་མན་ངག་གིས་རླུང་དང་ལུས་ཀྱི་བདག་ཉིད་དུ་བྱས་ནས་དེ་ལ་ལུས་མི་དམིགས་ཏེ། གཞན་ནི་ལུས་མི་དམིགས་སོ། །ཤིང་གི་རྣལ་འབྱོར་ནི་རྣམ་པར་རྟོག་པའི་བདག་ཉིད་ཀྱི་རྣལ་འབྱོར་ལ་ཆགས་པར་མི་བྱེད་ཅེས་པའོ། །ངེས་པར་ཇི་ལྟར་བྱ་ཞེ་ན། ཨེ་མའོ་སྐྱེ་བོ་རྨོངས་པ་རྣམས། །ལྷན་ཅིག་སྐྱེས་པའི་མཆོག་ཏུ་སོན། །སྲིད་པའི་བག་ཆགས་འཆིང་བ་སྤོངས། །ཞེས་གསུངས་ཏེ། ཀྱེ་རྨོངས་པའི་སྐྱེ་བོ་བསམ་པ་ཆུང་དུ་ཐོང་ལ་བསམ་པ་རྒྱ་ཆེན་པོ་གྱིས་ཤིག །དེ་གང་ཡིན་ཞེ་ན། ལྷན་ཅིག་སྐྱེས་པའི་ཚོལ་ཅིག །དེ་ལ་ཞུགས་ལ་དོན་ཆེན་པོ་ལ་ལྷག་པར་མོས་པར་གྱིས་ཤིག་པའོ། །སྲིད་པའི་བག་ཆགས་ནི་བར་མདོའི་སྐྱེ་བའོ། །དེས་ན། སྲིད་པར་འགྲོ་འོང་སྲིད་པའི་འཆིང་བ་སྟེ། །མགལ་མེ་འཁོར་ལོ་བཞིན་དུ་འགྱུར་བའི་ཕྱིར། །དེ་ལ་ཆགས་པར་མི་བྱེད་གཅིག་པར་སྤོངས། །ཞེས་བྱ་བའི་དོན་ཏོ། །འདི་ན་ཡིད་དང་རླུང་ནི་གཡོ་ཞིང་འཕྱར། །ཤིན་ཏུ་མི་སྲུན་པ་ཡི་རྟ་འདྲ་ཐོང༌། །ལྷན་ཅིག་སྐྱེས་པའི་རང་བཞིན་རྟོགས་གྱུར་པ། །དེ་ཡིས་
ཡིད་ནི་བརྟན་པར་འགྱུར་བ་ཡིན། ཞེས་གསུངས་ཏེ། འདི་ལྟ་བུའི་ཡིད་དང་རླུང་ནི་ཤིན་ཏུ་ཡང་མི་ཐུབ་ཅིང་གཡོ་བའི་རྟ་ལྟ་བུ་སྟེ་དེ་བཏང་ངོ༌། །འདི་གཟུང་བར་བྱ་སྟེ་གང་ཞེ་ན། ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་གནས་བླ་མ་དམ་པའི་གདམས་ངག་ལ་བརྟེན་ནས་མི་གཡོ་ཞིང་བརྟན་པར་འགྱུར་ཏེ། རང་གི་བསོད་ནམས་དབང་གིས་རྟོགས། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འདིའི་ཁྱད་པར་ནི། གང་ཚེ་ཡིད་ནི་ཉེ་བར་ནུབ་གྱུར་ན། །དེ་ཡི་ཚེ་ན་འཆིང་བ་ཐམས་ཅད་འཆད། །གང་ལ་ལྷན་ཅིག་སྐྱེས་པ་རོ་མཉམ་པ། །དེ་ལ་དམངས་རིགས་དང་ནི་བྲམ་ཟེ་མེད། །ཅེས་གསུངས་ཏེ། རྣམ་པར་རྟོག་པའི་ཡིད་གང་གི་ཚེ་འགགས་པ་དེའི་ཚེ་བཅིངས་པ་ཐམས་ཅད་སྤོང་བར་བྱེད་དོ། །བདག་ཉིད་འབའ་ཞིག་འཆིང་བ་མེད་པ་ནི་མ་ཡིན་གྱིས། དེའི་ཚེ་ཁྱད་པར་དུ་ལྷན་ཅིག་སྐྱེས་པའི་རོ་མཉམ་པ་ལ་སྐྱེ་འགྲོ་ཐམས་ཅད་འཇུག་པར་བྱེད་དོ། །དེའི་ཚེ་མངས་རིགས་དང་བྲམ་ཟེའི་རིགས་ལ་ཡང་ཁྱད་པར་མེད་དོ། །དེས་དོན་འདི་འགྲུབ་སྟེ། འཇིག་རྟེན་པ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ངོ་བོ་རིགས་གཅིག་གོ་ཞེས་དགོངས་སོ། །དེའི་ཕན་ཡོན་སྟོན་པ་ནི་ལྷན་ཅིག་སྐྱེས་པ་ལས་མ་རྟོགས་པའི་གྲུབ་མཐའ་གཞན་མེད་པར་བསྟན་པའི་ཕྱིར། འདི་ན་ཆུ་བོ་ཡ་མུ་ན། །འདི་ན་གངྒཱ་རྒྱ་མཚོ་ཕྲད། །འདི་ན་པྲ་ཡ་གྷ་ཡིན་ཏེ། །འདི་ན་ཝཱ་རཱ་ཎ་སཱི་ཉིད། །འདི་ན་ཉི་མ་ཟླ་བ་ཡིན། །ཞེས་གསུངས་ཏེ། འདི་ལྟར་ལྷའི་ཆུ་བོ་འདི་རྣམས་ནི་རང་བཞིན་གྱི་ལྷན་ཅིག་སྐྱེས་པའི་རྒྱུན་མི་འཆད་པ་ལ་རོ་གཅིག་པའོ། །འདི་ཉིད་ལ་གངྒཱ་དང༌། ཡ་མུ་ན་ལ་སོགས་པའི་མིང་བཏགས་པ་ཡིན་གྱིས་ཁྲུས་བྱེད་པའི་རྟེན་གྱི་ཆུ་བོ་ནི་མ་ཡིན་ནོ། །འོན་ཀྱང་ཡ་མུ་ན་ནི་ཐེག་པ་ཐམས་ཅད་འདི་ལ་པ་སྟེན་པའི་ཕྱིར་རོ། །གངྒཱ་ནི་དེ་ཉིད་དུ་རྟོགས་ཤིང་འགྲོ་བའི་ངང་ཚུལ་ཅན་ཡིན་ནོ། །གངྒཱ་དང་རྒྱ་མཚོ་ཕྲད་པ་ནི་སྟོང་པ་དང་སྙིང་རྗེ་རོ་གཅིག་པ་ལ་འགྲོ་བ་མ་ལུས་པ་འཇུག་པའོ། །རྒྱ་མཚོ་ནི་ཏིང་ངེ་འཛིན་གྱི་གདམས་ངག་ཐམས་ཅད་ཀྱི་རྒྱ་མཚོ་ཡིན་པའི་ཕྱིར་རོ། །བྲ་ཡ་གྷ་ནི་གཉིས་སུ་མེད་པའི་ཕྱིར་རོ། །ཝཱ་རཱ་ཎ་སཱི་ཡང་གཉིས་སུ་མེད་པ་སྟེ་གཉིས་འགོག་པའོ། །ཟླ་བ་ཉི་མ་གཟའ་རཱ་
ཧུས་གཟུང་བའི་དུས་སུ་གདམས་ངག་གི་དུས་ཀྱི་མེ་ཧུའི་ངོ་བོ་ཉིད་ཀྱི་བྲམ་ཟེའོ་ཞེས་པའོ། །ཁྲུས་སྟེགས་ལ་སོགས་པ་འབའ་ཞིག་ལྷན་ཅིག་སྐྱེས་པ་གནས་པར་མ་བྱས་ཀྱི་གནས་དང་ཉེ་བའི་གནས་ལ་སོགས་པ་ཡང་ལྷན་ཅིག་སྐྱེས་པའི་ངོ་བོར་བསྟན་པའི་ཕྱིར་རོ། །ཞིང་ཀུན་གནས་དང་ཉེ་གནས་སོགས། །ཞེས་བྱ་བ་གསུངས་ཏེ་ཞིང་དང་ཉེ་བ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི་ནི་འདིར་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཡིན་པས་ཕྱི་རོལ་དུ་འཁྱམ་པ་ལ་སོགས་པ་མི་བྱའོ། །ངས་ནི་འཁྱམས་ཏེ་བལྟས་ཤིང་རྟོགས། །ཞེས་གསུངས་ཏེ། བདག་གིས་ཕྱིར་ཏེ། བལྟས་ཤིང་རྟོག་པ་ནི་རྣལ་འབྱོར་མའི་གདམས་ངག་གི་རྣམ་པར་གཞག་སྟེ། ཕྱི་དང་ནང་གིས་བསྡུས་པའི་སྣ་ཚོགས་བདེ་བ་ཆེན་པོའི་རང་བཞིན་ཡིན་ནོ་ཞེས་དགོངས་པའི་དོན་ཏོ། །འདིས་ནི་འདི་སྟོན་ཏེ། རང་གི་ལུས་ནི་བདེ་བའི་ངོ་བོ་དེའི་ཁམས་གནས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར། ཕྱི་རོལ་དུ་འཇུག་པར་མི་བྱའོ། །དེའི་ཕྱིར། ལུས་དང་འདྲ་པའི་འབབ་སྟེགས་གནས། །བདེ་བ་གཞན་ནི་མ་མཐོང་ངོ༌། །ཞེས་གསུངས་ཏེ། རང་གི་ལུས་དང་འདྲ་བའི་ཁྲུས་སྟེགས་བདེ་བའི་རྒྱུ་ནི་མི་མཐོང་ངོ༌། །དེའི་ཕྱིར་རྣལ་འབྱོར་པས་གཉིས་སུ་མེད་པར་གནས་པར་བྱའོ། །དེ་ལྟར་གཞན་ཡང་ནང་གི་བདག་ཉིད་ཀྱི་གནས་ལ་སོགས་པ་ལ་ཀུན་དུ་སྤྱོད་པ་རྟོགས་པར་བྱ་སྟེ། དེ་རྣམས་ལ་བདེ་བའི་རང་བཞིན་གྱི་ཀུན་དུ་སྤྱོད་པ་ཡིན་གྱི་ལུས་འབའ་ཞིག་ཙམ་ན་གནས་པ་མ་ཡིན་ནོ། །དེའི་ཕྱིར། མཆོག་གི་བདེ་བ་ཆེན་པོ་གནས་ལ་སོགས་པའི་རང་བཞིན་དུ་གྲུབ་པས། འདི་ལྟར་ནང་གི་བདག་ཉིད་ཀྱི་གནས་ལ་སོགས་པ་ལ་ལྷ་རྣམས་ཀྱི་བྱིན་གྱིས་བརླབས་པའི་རྫོགས་པའི་རྣལ་འབྱོར་པ་ཕྱི་རོལ་གྱི་ཡུལ་དུ་འགྲོ་བ་ལ་སོགས་པ་མེད་དོ། །ཇི་ལྟར། ཉི་ཤུ་རྩ་བཞིའི་བྱེ་བྲག་གིས། །གནས་ལ་སོགས་པ་འདི་དག་གནས། །དེ་ཕྱིར་དེ་ཉིད་ཤེས་པ་ཡིས། །འཁྱམ་ཞིང་ངལ་བར་མི་བྱའོ། །གལ་ཏེ་དེ་ཉིད་བྲལ་གྱུར་ན། །འཁྱམས་པས་དགོས་པ་ཅུང་ཟད་མེད།།
དེའི་ཕྱིར་གཉིས་སུ་མེད་པའི་ངོ་བོ་ཉིད་གནས་ཡིན་ནོ་ཞེས་དགོངས་སོ། །དེ་ནི་བསྟན་པ་ནི། འདབ་ལྡན་པད་སྡོང་གེ་སར་དབུས། །སྣལ་ལ་དྲི་དང་ཁ་དོག་ལྡན། །ཞེས་གསུངས་ཏེ། དཔེའི་སྒོ་ནས་པདྨའི་འདབ་མ་ལ་སོགས་པའི་བྱེ་བྲག་ཐ་དད་པ་སྤང་བར་བྱ་སྟེ། ཐམས་ཅད་ཀྱང་པདྨའི་ངོ་བོ་ཉིད་དུ་གཅིག་གོ །དེ་ལྟར། བྱེ་བྲག་ཐོང་ཞིག་རྨོངས་པ་རྣམས། །ལོག་པར་འཛིན་པས་མ་གདུངས་ཤིག །ཅེས་གསུངས་ཏེ། ཀྱེ་རྨོངས་པ་པདྨའི་བྱེ་བྲག་རེ་རེའི་རྣམ་གྲངས་ཀྱི་སྒོ་ནས་པདྨའི་ཐ་དད་པ་ཡིན་ནོ་ཞེས་སེམས་གདུང་བར་མ་བྱེད་ཅིག །འདི་ལྟ་བུའི་མི་ཤེས་པའི་ངག་སྣ་ཚོགས་ཀྱི་བསྟན་བཅོས་ལས་ཉེ་བར་བསྟན་པ་བདེ་བ་ལས་ཕྱི་རོལ་དུ་གྱུར་པས་བསྟན་པར་མི་བྱའོ། །དེ་ལྟར་ཡང༌། འདོད་པའི་སྔགས་ཀྱི་བསྟན་བཅོས་ནི། །ཟད་ཕྱིར་དྲིས་ན་རིགས་མེད་ཕྱིར། །ཚངས་པ་ཁྱབ་འཇུག་འཇིག་རྟེན་གསུམ། །མ་ལུས་གང་དུ་སོན་ནས་ཞི། །ཞེས་བྱ་བ་གསུངས་ཏེ། ལྷན་ཅིག་སྐྱེས་པ་ལས་ཕྱི་རོལ་དུ་གྱུར་པའི་སྔགས་ཀྱི་བསྟན་བཅོས་ལ་དགོས་པ་མེད་དེ། ལྷན་ཅིག་སྐྱེས་པ་མེད་ན་སྔགས་ཀྱི་བསྟན་བཅོས་ཐམས་ཅད་ཉམས་ཤིང་ཟད་པར་འགྱུར་རོ། །ཡིད་མི་ཆེས་ནས་དྲིས་པ་དང་རིགས་མེད་པའི་བུས་ཕའི་ནོར་མི་དབང་པ་བཞིན་ནོ། །ཇི་ལྟར་རིགས་རྒྱུད་བསྲུང་བའི་བུ་མ་ཡིན་པའི་ཕ་ཤི་ན་ནོར་ཐམས་ཅད་རྒྱལ་པོ་ལ་སོགས་པས་ཁྱེར་བ་བཞིན་ནོ། །དེ་ལྟར་དེ་ཁོ་ན་ཉིད་དམན་ན་བསྟན་བཅོས་མ་ལུས་པའམ། ཆོས་རྣམས་མ་རིག་པས་བཟུང་བས་ཉམས་ཤིང་ཟད་པར་འགྱུར་རོ། །བསྡུས་པའི་དོན་ནི། ལྷན་ཅིག་སྐྱེས་པ་ནམ་མཁའ་ལྟ་བུར་བྱས་ཏེ་སྤངས་ན་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ་བརྟེན་ནས་དེ་བཞིན་གཤེགས་པ་འམ། གཞན་གྱི་མིང་ཙམ་ཡང་མི་ཐོབ་པའི་ཕྱིར། བསྟན་བཅོས་དེ་ཐམས་ཅད་ཟད་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་ཐམས་ཅད་ལྷན་ཅིག་སྐྱེས་པའི་ངོ་བོ་ཞི་བར་འགྱུར་ཞིང༌། གཞན་ཡང་དེ་ལ་ཚངས་པ་དང༌། ཁྱབ་འཇུག་དང༌། བདེ་བྱེད་དང༌། འཇིག་རྟེན་པ་
ཐམས་ཅད་ཀྱང་ཞི་བར་འགྱུར། དེ་མེད་ན་ཐམས་ཅད་ལ་དེ་ཉིད་རིག་པ་མེད་ཅིང༌། བྱས་པ་ཐམས་ཅད་འབྲས་བུ་མེད། །ཅེས་པའོ། །ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གྲངས་ཚད་ཀྱི། །གང་གིས་དེ་ཉིད་མི་ཤེས་པ། །དེ་དག་ཐམས་ཅད་དོན་མེད་ཡིན། །ཞེས་གསུངས་སོ། །འདི་ཉིད་ཀྱི་ཕྱིར། ཀྱེ་དངུལ་ཆུའི་བཅུད་ལེན་མི་ཤེས་བའི། །ས་བཅིངས་དབྱེ་བ་མི་ཕྱེད་སྤོང༌། །འགྲོ་བ་འཆད་ཅིང་འདོད་པ་ཡིས། །དེ་ཤེས་པར་ནི་ནུས་མ་ཡིན། །ཞེས་གསུངས་ཏེ། སྐྱེས་ན་དངུལ་ཆུའི་བཅུད་ལེན་སྒྲུབ་པའི་དུས་སུ། དེ་དག་པར་བྱེད་པའི་ཐབས་གསལ་པོར་མི་ཤེས་པ་ཇི་ལྟར་ཉམས་པ་དེ་བཞིན་དུ། འདོད་ཆགས་ལ་སོགས་པ་དག་པར་མི་ཤེས་ན་རང་ཉམས་པར་འགྲོ་སྟེ། ཁྱོད་ཀྱིས་འདི་ལྟ་བུ་མ་བྱེད་ཅེས་པའོ། །འདོད་ཆགས་ཀྱི་དབང་གིས་མངོན་པར་འདོད་པའི་ཡུལ་ལྔ་ལ་དེ་ཉིད་དང་བྲལ་བས་རོལ་པ་གང་ཡིན་པ་དེ་ནི་ཤིན་ཏུ་ཡང་མ་རིག་པས་བཟུང་བ་ཁོ་ནའོ། །ཁྱེད་འབའ་ཞིག་ནི་མ་ཡིན་ཏེ། སྐྱེས་བུ་གཞན་དགའ་ཆད་པར་བྱེད་པར་གང་འདོད་པ་དེ་དག་ནི་འབྲས་བུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་འགྲོ་འཁོར་བ་དེ་ཉིད་ཀྱིས་དག་པར་མི་ཤེས་པའི་ཕྱིར་རོ། །ཡང་དེ་ཉིད་ཤེས་པའི་དབང་དུ་བྱས་ནས། སྐྱེས་བུ་དེ་ཉིད་སྣ་ཚོགས་ཀྱིས། །རོ་འདི་རྫས་སུ་བསྟན་མི་ནུས། །བདེ་བའི་གནས་མཆོག་རང་བཞིན་སྤངས། །འགྲོ་བ་ཉེ་བར་སྐྱེ་བ་དེར། །ཞེས་གསུངས་ཏེ། སྐྱེས་བུ་སློབ་མ་གང་གིས་དེ་ཉིད་རྣམ་པར་བསམས་པ་དེའི་རོ་ཉམས་སུ་མྱོང་བ་དང་བཅས་པ་བརྗོད་པར་མི་ནུས་ཏེ། དངོས་པོ་འདི་ནི་སེར་པོའོ་ཞེས་བསྟན་པར་ནུས་པ་བཞིན་དུ་ནི་མ་ཡིན་ནོ། །དེ་སྟོན་པ་ནི། བློ་ནི་རྣམ་འགགས་ཡིད་བཞི་བ། །གང་དུ་མངོན་པའི་ང་རྒྱལ་ཆད། །དེ་ནི་སྒྱུ་མའི་རང་བཞིན་ཉིད། །མཆོག་གི་ཆ་རྟོགས་པ་ཡི་ཚེ། །བསམ་གཏན་འཆིང་བ་དེས་ཅི་བྱ། །ཞེས་གསུངས་ཏེ། དེ་ལྟར་བླ་མས་ལྷན་ཅིག་སྐྱེས་པ་མངོན་དུ་བྱས་པའི་ཚུལ་བསྟན་ཅིང་བྱིན་པ་སྟེ། མངོན་དུ་བྱས་ན་ཇི་སྲིད་རྣམ་པར་རྟོག་པ་འགག་པ་ནི་མི་དྲན་པའོ། །རྣམ་པར་རྟོག་པའི་
ཡིད་ཞི་བས་ཕྱི་རོལ་ལ་སོགས་པའི་དངོས་པོར་མཚོན་ཅིང་འཛིན་པར་མི་བྱེད་དོ། །དེ་ལྟ་བུའི་གནས་ལ་མངོན་པའི་ང་རྒྱལ་དང་བདག་དང་བདག་གིར་འཛིན་པའི་རྣམ་པར་རྟོག་པ་བཅད་ཅིང་ཟད་དེ། དེ་ཉིད་སྒྱུ་མའི་རང་བཞིན་མཆོག་གི་ཆ་སྟེ། ཆ་ནི་བཅུ་དྲུག་པའོ། །དེ་ལྟ་བུའི་དོན་གྱི་བྱ་བ་གང་ཅི་ཡང་མི་བྱེད་པའོ། །དེའི་ཕྱིར་འདིར་བསམ་གཏན་གྱི་འཆིང་བ་དེས་ཅི་བྱ་སྟེ། ཡིད་ཀྱིས་བརྟགས་པ་ལ་དགོས་པ་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ཁྱད་པར་སྟོན་པ་ནི། སྲིད་པ་ལས་སྐྱེས་མཁའ་ལ་ཟད། །དངོས་པོ་སྤངས་ནས་གང་ལས་སྐྱེ། །ཞེས་གསུངས་ཏེ། གནས་གང་སྲིད་པ་ཟོས་པ་དེ་ཁོ་ན་ལ་དངོས་པོ་དང་དངོས་པོ་མེད་པའང་མེད་དོ། །དེ་ལྟར་དངོས་པོ་དང་དངོས་མེད་སྤངས་པས་ཡང་སྐྱེ་བར་འགལ་འགྱུར་ཏེ། སྐྱེ་བ་མེད་ཅེས་པའོ། །དེ་ལྟར་སྨས་པས་ཆད་པར་ལྟ་བར་ཡང་མི་འགྱུར་ཏེ། སངས་རྒྱས་ལ་སོགས་པའི་མཚན་སྒྱུ་མ་ལྟ་བུར་དངོས་དང་དངོས་མེད་པའི་རྣམ་པར་རྟོག་པས་བཟུང་ནས་བརྗོད་པའི་ཕྱིར་རོ། །དེ་ལྟར་ཡང༌། དབྱེ་བ་སྤངས་ནས་གང་སྐྱེས་པ། །དཔལ་ལྡན་བླ་མ་མགོན་པོ་ཡིས། །བསྟན་པ་དེ་ལ་གནས་པར་བྱ། །ཞེས་གསུངས་ཏེ། དབྱེ་བ་སྤངས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། གང་དབུས་སུ་ཉེ་བར་དམིགས་པའོ། །སྤངས་ཞེས་པ་ནི་མཆོག་དང་དགའ་བྲལ་གྱི་དབུས་སུ་དེ་ཉིད་སྤངས་ནས་ཉེ་བར་དམིགས་སོ་ཞེས་དགོངས་སོ། །ཐམས་ཅད་གཉིས་སུ་མེད་པ་ཉིད་ཡིན་པས་དེ་ཐམས་ཅད་སྤངས་ནས་དཔལ་ལྡན་བླ་མས་གསུངས་པ་སྤྱི་བོར་བླང་བར་བྱའོ། །དེའི་ཕྱིར། རིགས་པ་འདིས་གནས་པར་བྱ་སྟེ། །མཐོང་དང་ཐོས་དང་རེག་པ་དང༌། །ཟས་སྣོམ་འཆག་དང་གནས་སུ་གནས། །ཞེས་གསུངས་ཏེ། འདིར་གང་ཅུང་ཟད་མཐོང་བ་དང༌། རྣ་བས་སྒྲ་ཐོས་པ་དེ་དང་རེག་པ་སྟེ་གོས་གྱོན་པ་དང༌། ཁར་ཟ་བ་དང༌། སྣར་སྣོམ་པ་དང༌། གནས་སུ་གནས་པ་ནི་སྟན་ལ་གནས་པའོ། །ཅལ་ཅོལ་གཏམ་དང་ལན་སྨྲ་ལ། །སེམས་ནི་རྣམ་གཅིག་ལས་མི་བསྐྱོད། །ཅེས་གསུངས་ཏེ། ཅལ་ཅོལ་གྱི་གཏམ་ནི་ཉོ་ཚོང་ལ་སོགས་པའི་གཏམ་མོ། །སེམས་གཅིག་གི་རྣམ་པ་གཉིས་སུ་མེད་པའི་རྣལ་འབྱོར་པས་མི་འདའ་བའོ། །དེའི་ཕྱིར་བླ་མ་དམ་པའི་གདམས་ངག་དྲན་པར་སྟོན་པ་
ནི། བླ་མའི་མན་ངག་བདུད་རྩིའི་རོ། །གང་གིས་ངོམས་པར་མི་འཐུང་བ། །ཇི་ལྟར་འགྲོ་ན་མྱ་ངན་གྱིས། །ཐང་ལ་སྐོམ་གདུང་ཤི་བ་བཞིན། །ཞེས་གསུངས་ཏེ། བླ་མ་དམ་པའི་གདམས་ངག་གིས་བདུད་རྩིའི་རོ་མགྱོགས་པ་ཆེན་པོར་སོང་སྟེ་མི་འཐུང་བ་དེ་ནི་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་ལས་ཉམས་པ་ཡིན་ཏེ། ཇི་ལྟར་མྱ་ངན་གྱི་ཐང་ལ་ཚོང་པ་མང་པོ་སྐོམ་པས་གདུངས་པ་ལ། ཚོང་དཔོན་གྱིས་ཕྱོགས་གཅིག་ཏུ་ཆུ་སྦས་ནས་ཡོད་པར་ཤེས་པ་བསྟན་པ་ལས་བརྩོན་འགྲུས་དང་ལྡན་པ་དེར་སོང་སྟེ་ཆུ་འཐུངས་བས་འཚོའོ། །བརྩོན་འགྲུས་མེད་པ་རྣམས་ནི་ཤིའོ། །གདམས་ངག་གིས་རང་གི་མཚན་ཉིད་སྟོན་པ་ནི། བསམ་དང་བསམ་མིན་སྤངས་ནས་ནི། །བུ་ཆུང་བཞིན་དུ་གནས་པར་གྱིས། །བླ་མའི་ལུང་ལ་བསྟན་གུས་ནས། །ལྷན་ཅིག་སྐྱེས་པ་སྐྱེ་བར་ངེས། །ཞེས་གསུངས་ཏེ། བསམ་པ་ནི་ཤེས་བྱ་བསམ་པའོ། །བསམ་མིན་རང་བཞིན་མེད་པ་ལ་སོགས་པ་སྟེ་གཉིས་སྤངས་པའོ། །ངེས་ག་དང་བླ་མ་དམ་པའི་མན་ངག་ལ་བརྟན་པོར་གུས་པར་གྱིས་ལ་བུ་ཆུང་གི་ཚུལ་དུ་གནས་པར་མཛོད་ཅིག་དང་དེས་ལྷན་ཅིག་སྐྱེས་པ་དེ་ཇི་ལྟ་བ་སྐྱེ་བར་འགྱུར་ཏེ། དེ་ལ་གོམས་པས་དེའི་རང་བཞིན་ཡང་ལྷན་ཅིག་སྐྱེ་བར་འགྱུར་རོ། །དེའི་རང་བཞིན་ཡང་སྒྲིབ་པ་ཐམས་ཅད་དང་བྲལ་བ་བརྗོད་དུ་མེད་པར་སྟོན་ཏེ། ཁ་དོག་ཡི་གེ་ཡོན་ཏན་མཆོག །དཔེ་སྤངས་བརྗོད་དུ་མི་ནུས་པར། །དེ་ནི་བདག་གིས་བསྟན་པ་ཡིན། །ཞེས་གསུངས་ཏེ། ཁ་དོག་དང་ཡི་གེ་གཉིས་མི་དམིགས་སོ། །ཡང་ན་ཡི་གེ་ནི་དོན་དམ་པའི་ཡི་གེ་སྟེ། ཁ་དོག་ནི་བདེ་བ་ཆེན་པོའི་རང་བཞིན་ཡིན་པས་གཟུང་བར་བྱ་བ་མ་ཡིན་པ་ཉིད་དུ་བརྗོད་དོ། །དེ་ལྟར་དཔེ་མེད་པ་ནི་གང་གཅིག་ནས་གཅིག་ཏུ་བརྒྱུད་པས་མཚོན་པའི་སྒོ་ནས་མི་རྟོག་པའོ། །བདག་གིས་མཚོན་ནི་བདག་ས་ར་ཧས་འདི་སྐད་དུ་སྨྲས་པའོ། །དེ་ལྟར་ཡང༌། ཇི་སྙེད་རྣམ་པར་རྟོག་པའི་ཡིད་ལས་བྱུང་བ་དེ་ནི་ཐམས་ཅད་ཡང་དག་པར་བྱ་སྟེ། །བདེ་བའི་ངོ་བོ་གང་དེ་ཉིད་ཀྱང་སྙིང་ལ་བདེ་བ་བསྐྱེད་དེ་དེ་ཡང་རྣམ་པར་རྟོག་པ་ཙམ། །གང་ཡང་འདོད་བྲལ་རྒྱུར་གྱུར་དེ་ཡང་གཉི་ག་གང་མིན་དེ་ཡང་སྲིད་པའི་གཙོ་བོའི་རྒྱུ། རྣམ་པར་མི་རྟོག་བདག་ཉིད་ལ་མ་གཏོགས་པའི་ཡུལ་ལ་མྱ་ངན་འདས་པ་ཅུང་ཟད་མེད། །ཅེས་གསུངས་
སོ། །དེ་ཅིའི་ཕྱིར་ཞེ་ན། དབང་ཕྱུག་མཆོག་དེ་སུ་ལ་བསྟན། །གཞོན་ནུའི་བདེ་བ་སྙིང་ཞུགས་བཞིན། །ཞེས་གསུངས་ཏེ། སེམས་ཅན་གྱི་རིས་ལ་ཅི་ཡོད་པ་ནི་འཁྲུལ་ཏེ། དེ་ལ་གནས་སུ་ཟིན་གྱི་དབང་ཕྱུག་དམ་པ་ནི་མཆོག་གི་དེ་ཉིད་དོ། །དེ་གཞན་གྱི་གྲུབ་མཐའ་ལ་མེད་པའི་ཕྱིར་རོ། །སུ་ལ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་སུ་ཅི་ལ་བརྗོད་པར་བྱ། བརྗོད་པ་ཙམ་གྱིས་མི་འཇུག་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གཞོན་ནུ་མའི་བདེ་བ་སྐྱེས་པ་གཞན་ལ་བརྗོད་པར་མི་ནུས་པའི་ཕྱིར་རོ། །དེ་དང་འདྲ་བས་བླ་མ་དམ་པའི་གདམས་ངག་མེད་པར་རྟོགས་པར་བྱ་བར་མི་ནུས་སོ། །དེ་སྟོན་པ་ནི། དངོས་དང་དངོས་མེད་གང་སྤངས་བ། །དེར་ནི་འགྲོ་བ་མ་ལུས་ཐིམ། །ཞེས་གསུངས་ཏེ། གང་གི་ཚེ་བསམ་གྱིས་མི་ཁྱབ་པ་ནི་མཆོག་གི་དེ་ཉིད་ཡིན་ཏེ། དངོས་དང་དངོས་པོ་མེད་པ་དག་པའི་སྟོང་པ་དང་སྙིང་རྗེ་དབྱེར་མི་ཕྱེད་པ་ཡིན་པས་དེ་དང་འདྲ་བའོ། །དེ་ལ་འགྲོ་བ་མ་ལུས་པ་ནི། རྟག་པའི་སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པ་སྟེ། ཐིམ་པ་ནི་དེའི་རང་བཞིན་ཡིན་པས་མི་དམིགས་པའི་ཕྱིར་རོ། །གང་ཚེ་དེར་ཡིད་བརྟན་པར་གནས། །དེ་ཡི་ཚེ་ན་འཁོར་བ་དང༌། །མྱ་ངན་འདས་ལས་གྲོལ་བར་འགྱུར། །ཞེས་གསུངས་ཏེ། གོང་དུ་བསྟན་པའི་རིམ་པས་གལ་ཏེ་ཡིད་བརྟན་པར་གནས་པ་ནི་བདག་དང་བདག་གིར་འཛིན་པ་དང་བྲལ་བ་དེའི་ཚེ། འགྲོ་བ་རིགས་དྲུག་གི་འཁོར་བའི་སྐྱོན་ལས་གྲོལ་བར་འགྱུར་རོ། །དེ་ལྟར་མ་བྱས་ན་སྐྱོན་ནི། གང་གི་ཚེ་ན་བདག་དང་གཞན། །ངོ་མི་ཤེས་པ་དེ་ཡི་ཚེ། །བླ་མེད་ལུས་ནི་ག་ལ་རྙེད། །ཅེས་གསུངས་ཏེ། ཇི་སྲིད་བདག་གིས་ཕུལ་དུ་བྱུང་བ་དེ་ཁོ་ན་ཉིད་མ་རྟོགས་པ་དེ་སྲིད་དུ་རང་གི་ལུས་སྤྲུལ་པའི་སྐུའི་བདག་ཉིད་དམ། ཆོས་ཀྱི་སྐུས་ཁྱབ་པའི་ངོ་བོ་ཉིད་བླ་ན་མེད་པའི་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཅི་ལ་ཐོབ་སྟེ། མི་ཐོབ་པར་འགྱུར་རོ། །དེ་ལྟར། བསྟན་པ་འདི་ལ་མ་འཁྲུལ་པར། །རང་གིས་རང་ལ་ལེགས་པར་རྟོགས། །ཞེས་གསུངས་ཏེ། དེ་ལྟར་ས་ར་ཧ་བདག་གིས་བསྟན་པ་འདི་ལ་འཁྲུལ་བར་མ་བྱེད་ཅིག །འདི་བོར་ནས་གཞན་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའོ། །དེ་ཉིད་རང་རིག་རང་ལ་ལེགས་པར་རྟོགས་པར་འགྱུར་རོ། །རྡུལ་དང་རྡུལ་བྲལ་མ་སེམས་ཤིག །དངོས་པོ་རྒྱུན་དུ་ཞེན་མེད་འཕྲོ། །ཞེས་གསུངས་ཏེ། རྡུལ་དང་རྡུལ་གཉིས་སེམས་ཀྱིས་མ་བསམ་པ་ལ་རྒྱུན་
མི་འཆད་པའི་བདེ་བ་ཆེན་པོ་གཅིག་ཏུ་སྣང་ངོ༌། །མདའ་བསྣུན་གྱིས་སྨྲས་པ་དེ་ཙམ་ཞིག་ཅེས་གསུངས་ཏེ། རྟོག་པ་ཐམས་ཅད་དང་བྲལ་བའི་རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་པའོ། །དེ་ལྟ་བུའི་རྣལ་འབྱོར་ལ་སེམས་ལོག་པར་མི་བྱ་སྟེ། བདག་གིས་ཡང་དག་པར་བསྟན་པའི་ཕྱིར་རོ། །ཀྱེ་མ་ལུས་དོན་དམ་པ་ཤེས་པར་གྱིས། །ཞེས་གསུངས་ཏེ། ཀྱེ་གྲོགས་པོ་རྨོངས་པ་མ་ལུས་པ་ནི་རྩ་བ་མེད་པའི་རང་རིག་མེད་པ་སྟེ། ཐམས་ཅད་ས་བོན་དང་རྟེན་དང་གནས་ལ་སོགས་པ་དང་བྲལ་པ་གང་ཡིན་པ་དེ་ཉིད་ལ་དོན་དམ་པ་ཞེས་གོ་བར་བྱའོ། །དེ་ལྟར་ཡང༌། རྩ་བ་མེད་པ་གཞན་སེམས་བདག །བསྒོམ་པའི་བདག་ཉིད་རྩ་བ་མེད། །བདེན་པའི་ཤེས་བྱ་རྩ་བ་མེད། །རིགས་མེད་དེ་བཞིན་གཤེགས་པའོ། །ཞེས་གསུངས་སོ། །དེའི་ཕྱིར་རང་གི་ངོ་བོ་ཉིད་ཀྱིས་སྣང་ཞིང་འདོད་པ་ནི་མ་ཡིན་ཏེ། དེ་ལ་ཞེན་པ་མེད་པས་ལེགས་ཤེས་པའོ། །དེ་ལྟ་བུའི་དོན་ནི། ཁྱིམ་ན་ཡོད་པ་ཕྱི་རོལ་ཚོལ། །ཁྱིམ་བདག་ཁྱིམ་ཚེས་དག་ལ་དྲིས། །ཞེས་གསུངས་ཏེ། བུད་མེད་ཁ་ཅིག་རང་གི་ཁྱིམ་ན་སྐྱེས་བུ་གཞན་ནས་ཁྱིམ་ཚེས་ལ་འདྲི་བ་དེ་བཞིན་དུ་རང་གི་ལུས་ལ་དེ་ཉིད་གནས་པར་བོར་ནས། གཞན་ལ་འདྲི་བ་དེ་ནི་མི་ཤེས་པའི་རང་བཞིན་ནོ། །ཡང་བླ་མ་དམ་པའི་གདམས་ངག་གིས་ཉམས་སུ་མྱོང་བ་བཞིན་དུ་གཞན་ལ་འདྲི་བ་དེ་ནི་མི་ཤེས་པ་ཉིད་དུ་གཟུང་བར་བྱའོ། །གང་གི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཡིན་པས་དེ་ལ་ཇི་ལྟར་སྐྱེ་བ་ཡོད་དེ་མེད་དོ། །འདི་ཡང་བསྟན་པའི་ཕྱིར། མདའ་བསྣུན་ན་རེ་རྨོངས་པ་རྣམས། །རང་ཉིད་རང་གིས་ཤེས་པར་གྱིས། །དེ་ཡི་ཚེ་ན་བསམ་གཏན་དང༌། །བསམ་པ་དང་ནི་བཟླས་བརྗོད་མེད། །ཅེས་གསུངས་ཏེ། བསྟན་པ་དེ་ཉིད་ཐམས་ཅད་རང་ཉིད་ལ་རང་གིས་ལེགས་པར་རྟོགས་པར་བྱ་སྟེ། ཡང་དེ་ནི་རྣམ་པར་རྟོག་པའི་བདག་ཉིད་བསམ་གཏན་དང་བསམ་བྱ་ལ་སོགས་པར་བརྟགས་པ་ནི་མ་ཡིན་ནོ། །གང་གི་ཚེ་ན་བླ་མ་ཡིས། །བསྟན་པ་ཙམ་གྱིས་ཐམས་ཅད་ཤེས། །དེ་མེད་ཐར་པ་ག་ལ་ཤེས། །ཞེས་གསུངས་ཏེ། འདི་སྐད་སྟོན་པ་ནི་ཁ་ཅིག་བླ་མས་བསྟན་པ་ཐམས་ཅད་ནི་མི་ཤེས་ཏེ། དེ་ཇི་ལྟར་ཤེས་ན་གོམས་པ་ལས་ཤེས་སོ་ཞེ་ན། གོམས་པ་ཙམ་གྱིས་ཤེས་པ་ནི་མ་ཡིན་ཏེ། བདག་ཏུ་འཛིན་པ་དང་བཅས་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། ཡུལ་རྣམས་བགྲོད་ཅིང་གོམས་པས་ནི། །ལྷན་
སྐྱེས་མི་ཤེས་སྡིག་པ་འཛིན། །ཞེས་གསུངས་ཏེ། འདིར་སྐྱེས་བུ་རྣལ་འབྱོར་བ་ཁ་ཅིག་རང་གི་གནས་བོར་ནས་ཡུལ་ཐམས་ཅད་དུ་འཁྱམ་སྟེ། བཟའ་བྱ་དང་བཟའ་བྱ་མ་ཡིན་པ་ལ་སོགས་པའི་ཆེད་དུ་བྱེད་པ་དེ་ནི་རང་གི་ལུས་ཉོན་མོངས་པ་ཁོ་ནར་ཟད་ཀྱི། །གོམས་པར་བྱ་བ་ནི་ཅི་ཡང་མེད་དོ། །དེའི་ཕྱིར་བླ་ན་མེད་པའི་ལྷན་ཅིག་སྐྱེས་པ་མི་ཤེས་པ་འཛིན་ཏེ། ཅི་དྲན་དྲན་ཙམ་ལ་ཡང་རྟོགས་པས་གོམས་པ་ནི་མེད་དོ་ཞེས་དགོངས་སོ། །དེ་ལྟར་ཡང༌། ཤིང་གི་ནང་ན་མེ་ཡོད་པ། །མ་གཙུབས་བར་དུ་འབྱུང་བ་མིན། །དེ་བཞིན་བླ་མེད་བྱང་ཆུབ་ནི། །མ་བསྒྲུབས་པར་དུ་སྐྱེ་བ་མིན། །ཞེས་གསུངས་ཏེ། གལ་ཏེ་རེ་ཞིག་བསྒོམ་པར་བྱ་བ་མེད་ན། འོ་ན་བསྒོམ་པ་དང་བཟླས་པ་ལ་སོགས་པ་གསུངས་པ་ཇི་ལྟར་ཡིན་སྙམ་པ་ལ་དེ་ཉིད་བསྟན་པའི་ཕྱིར། ཡུལ་རྣམས་བསྟན་པས་ཡུལ་གྱིས་ན། །གོས་པར་འགྱུར་བ་མ་ཡིན་ཏེ། །ཇི་ལྟར་ཆུ་ལས་ཨུཏྤལ། །བླངས་ཀྱང་ཆུ་ཡིས་མ་རེག་བཞིན། །ཞེས་གསུངས་ཏེ། ཇི་ལྟར་ཆུའི་ནང་དུ་གྲུ་ལ་ཞུགས་ནས་ཨུཏྤལ་བླངས་ཀྱང་ཆུ་ལས་མ་གོས་པ་བཞིན་དུ། དེ་ཁོ་ན་ཉིད་དུ་ཤེས་པའི་རྟོག་པ་ཡོད་ན། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཀྱང་ཉོན་མོངས་པས་གོས་པར་མི་འགྱུར་རོ། །དེ་ལྟར་གོམས་པར་རྣལ་འབྱོར་ནི། །འདི་ལྟ་བུ་ཡི་བདག་ཉིད་ཀྱིས། །རྩ་བའི་རྣལ་འབྱོར་སྐྱབས་འགྲོ་བ། །དུག་གི་སྔགས་ཅན་དག་ལ་ནི། །དུག་གིས་ཚུགས་པར་ག་ལ་འགྱུར། །ཞེས་གསུངས་ཏེ། འདི་ལྟ་བུའི་རྣལ་འབྱོར་པས་རྩ་བ་སྟེ་བླ་མ་དམ་པའི་གདམས་ངག་རྣམ་པ་ཐམས་ཅད་ཀྱིས་བསྒོམས་ན་དེ་ཡུལ་གྱི་ཉེས་པས་མི་གོས་སོ། །དེའི་ཕྱིར་ཡུལ་རྣམས་ཀྱི་དྲི་མས་མི་གོས་ཏེ། ཕྱི་རོལ་གང་ཡིན་དེ་མེད་དེ། །ཤེས་པ་ཕྱི་རོལ་དོན་ལྟར་སྣང༌། །མཁས་པ་རྣམས་ཀྱིས་སྟོང་བརྟག་པ། །དེ་ཡང་སྟོང་པ་ཉིད་མི་འདོད། །འདི་ནི་ཤེས་ན་དངོས་པོ་དངོས་མེད་པ། །དེ་ཉིད་ཤེས་པ་དེ་ཉིད་གཅིག་པུ་བློ། །སྒྱུ་མ་མཁན་དང་གར་བྱེད་མཁན་པོ་ནི། །དེ་བཞིན་རྣལ་འབྱོར་དབང་ཕྱུག་རོལ་པར་བྱེད། །ཅེས་གསུངས་སོ། །ལྷ་ལ་མཆོད་པ་འབྱོར་བྱས་ཀྱང༌། །བདག་ཉིད་འཆིང་འགྱུར་དེས་ཅི་བྱ། །ཞེས་གསུངས་ཏེ། གལ་ཏེ་རེ་ཞིག་ལྷའི་གཟུགས་སུ་མཆོད་ཅིང་གྲུབ་པ་མངོན་དུ་མངོན་
ཡང་རང་ཉིད་འཆིང་ན་དེ་ལྷ་ཡིས་དགོས་པ་ཅི་ཡོད་དེ། ཅུང་ཟད་ཀྱང་མེད་དོ་ཞེས་པའོ། །དེ་འདྲས་འཁོར་བ་དེ་ཆད་མིན། །འདིར་གོམས་མེད་པས་འབྱུང་མི་ནུས། །ཞེས་གསུངས་ཏེ། ལྷའི་གཟུགས་ཀྱི་རྣམ་པས་རང་གིས་དངོས་སུ་མངོན་དུ་བྱས་ཀྱང་འཁོར་བ་ནི་ཉམས་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་བྲལ་ནས་ ཀུན་གཞི་རྣམ་པར་ཤེས ་པ་འབའ་ཞིག་ཏུ་འཇུག་པ་ན་བར་མ་དོའི་སྲིད་པའི་བདག་ཉིད་དེ། སྔོན་གྱི་ལས་ཀྱི་དབང་གིས་ཡང་འཁོར་བར་འཇུག་གོ །ལྷའི་རྣམ་པ་ཡང་དེ་དང་འདྲ་བ་ཡིན་ཏེ། རྣམ་པར་ཤེས་པ་དམིགས་པའི་ཕྱིར་རོ། །དེ་བས་ན་འཁོར་བ་ཉམས་པར་མི་འགྱུར་ཏེ། ཟོ་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་འཁོར་ཞེས་དགོངས་སོ། །ལྷ་བསྒོམ་པ་ལ་སོགས་པ་ལ་དགོས་པ་མེད་དོ། །འོ་ན་བསྒོམ་པ་དང་བཟླས་པ་ལ་སོགས་པ་གསུངས་པ་ལྟར་ཡིན་སྙམ་པ་ལ། འོན་ཀྱང་དེ་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི་རྟོགས་པ་ཡོད་པ་ཡིན་ན། དེའི་ཚེ་གོམས་པས་འཁོར་བ་ལས་འབྱུང་བ་མི་རྟོགས་པ་གཞན་གྱིས་ནི་གྲོལ་བར་མི་འགྱུར་རོ་སྙམ་དུ་དགོངས་སོ། །དེ་བས་ན་བླ་ན་དམ་པའི་གདམས་ངག་གིས་ཕྲིན་ཙམ་ཡང་ཁྱོད་ཀྱིས་མ་ཐོས་ཏེ། དེ་ཇི་ལྟར་ཡིན་པ་བསྟན་པའི་ཕྱིར། མིག་ནི་མི་འཛུམ་པ་དག་དང༌། སེམས་འགགས་པ་དང་རླུང་འགགས་པ། །དཔལ་ལྡན་བླ་མའི་མན་ངག་ཡིན། །ཞེས་གསུངས་ཏེ། འདིར་བློ་ངན་པ་རྣམས་ཀྱིས་རྣམ་པར་རྟོག་པའི་བདག་ཉིད་བླ་མའི་གདམས་ངག་ཡིན་ནོ་ཞེས་བརྟགས་པ་ནི་བླ་མའི་གདམས་ངག་མ་ཡིན་ནོ། །ཇི་ལྟར་མིག་མི་འཛུམ་པ་ནི་ཅུང་ཟད་ཕྱེ་ཞིང་མི་འགུལ་བའོ། །སེམས་འགགས་པ་ནི་ནམ་མཁའ་ལ་སོགས་པར་ཐིམ་པའོ། །དེས་རླུང་འགགས་པར་འགྱུར་ཏེ། དེ་ནི་དཔལ་ལྡན་བླ་མའི་གདམས་ངག་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ཚེ་རླུང་རྒྱུ་མི་གཡོ་བ། །དེ་ཡི་ཚེ་ན་རྣལ་འབྱོར་བ། །འཆི་བདག་གིས་ནི་ཅི་ཞིག་བྱ། །ཞེས་གསུངས་ཏེ། གང་གི་ཚེ་ཡིད་ཀྱིས་བཞོན་པར་གྱུར་པའི་སྲོག་བརྟན་པར་འགྱུར་བ་དེའི་ཚེ། རྨོངས་པ་སྐྱེས་བུ་རྣལ་འབྱོར་པ་འཆི་བདག་གིས་ཅི་བྱ་སྟེ། འཆི་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །ཇི་སྲིད་དབང་པོ་
རྣམས་གྲོང་ཞེ་ན། །དེ་སྲིད་རེ་བ་མེད་པར་འཕྲོ། །ཞེས་གསུངས་ཏེ། ཇི་སྲིད་དེ་རྣལ་འབྱོར་པ་དབང་པོ་ཡུལ་གྱི་གྲོང་ཁྱེར་ལ་ཞན་པ་དེ་སྲིད་དུ་བླ་མ་དམ་པའི་གདམས་ངག་མི་ཤེས་སོ། །ཇི་སྲིད་དུ་དབང་པོ་ཡུལ་གྱི་གྲོང་ཁྱེར་ལ་ལུང་དང་རིགས་པས་དཔྱད་ན་སྟོང་པ་ཉིད་དུ་མ་རྟོགས་པ་དེའི་ཚེ། རང་བཞིན་གྱིས་དེ་ལྟར་སྣང་ཞིང་འཛིན་པ་དེ་སུ་ཡིས་བཟློག་པར་ནུས་ཏེ། མི་ནུས་ཞེས་བྱ་བའོ། །དེ་ནི་གོམས་པ་ལས་ངེས་པར་སྟོན་ཏེ། འདིར་ནི་ཤིན་ཏུ་དཀའ་བ་ཡིས། །དགོངས་པ་ལ་ནི་སུ་ཞིག་འཇུག །གང་ཞིག་འདི་རུ་ཡོད་པ་ཉིད། །དེ་ནི་འདི་རུ་མ་མཐོང་སྟེ། །ཞེས་གསུངས་ཏེ། གོང་དུ་བསྟན་པ་འདི་ལྟ་བུའི་ཤིན་ཏུ་དཀའ་བའི་དགོངས་པ་ལ་སྐྱེས་བུ་ཇི་ལྟར་འཇུག་པར་འགྱུར་ཏེ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དངོས་པོ་གང་ཞིག་གོང་ན་མེད་པའི་བླ་མའི་གདམས་ངག་གིས་ཇི་སྲིད་དུ་འཇུག་པར་མི་འགྱུར་རོ། །བསྒོམ་པ་དང་བསྒོམ་བྱ་ལ་སོགས་པ་མེད་དོ་ཞེས་པའོ། །དེ་ལྟར་མི་ཤེས་པ་ལ་སྟོན་ཏེ། མཁས་པ་མ་ལུས་བསྟན་བཅོས་འཆད། །ལུས་ལ་སངས་རྒྱས་ཡོད་མི་ཤེས། །འོང་དང་འགྲོ་བ་བཅད་མི་ནུས། །མཁས་པ་ངོ་ཚ་མེད་པར་སྨྲ། །ཞེས་གསུངས་ཏེ། མཁས་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་བསྟན་བཅོས་འཆད་པར་བྱེད་ཀྱང༌། ངག་གི་སྤྲོ་བ་ཙམ་ཉིད་ཡིན་པའི་ཕྱིར། ནོར་དོན་དུ་གཉེར་བས་དམྱལ་བར་འགྲོ་བའི་རྒྱུ་ཁོ་ནའོ། །རང་གི་ལུས་ལ་ཡོད་པའི་སངས་རྒྱས་ཉིད་བླ་མ་དམ་པའི་གདམས་ངག་མི་ཤེས་ཤིང༌། །ཡི་གེ་ཙམ་ལ་བརྟེན་ནས་བླ་མའི་བརྒྱུད་པ་མེད་པར་འཆད་པར་བྱེད་པ་དག་ནི་རང་ཉམས་ཤིང་གཞན་ཡང་ཉམས་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། སྐྱེ་བ་དཔག་ཏུ་མེད་པར་འགྲོ་བ་དང་འོང་བའི་འཁོར་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང༌། ལ་བ་ཅན་གྱི་ཞལ་སྔ་ནས། །ཡི་གེ་ཚིག་དང་ངག་རྣམས་ནི། །གཟུང་བར་བྱ་བའི་ཆོས་རྣམས་ལ། །མཁས་པའམ་ནི་གཞན་ཡང་རུང༌། །སྒྲ་ནི་ཡོངས་སུ་སྒྲུབ་པ་ལ། །རྒན་པོ་འཇིག་རྟེན་ཅི་ཕྱིར་སླད། །སྒྲ་ནི་གང་ཡིན་དྲིས་པ་ལས། །ཐད་སོར་སྟོན་པ་བོར་ནས་ནི། །ཁ་ཅིག་མགོ་ལ་བསྐོར་ནས་སྟོན། །ཞེས་སོ། །གསོན་པོ་རྒས་བར་མ་གྱུར་བར། །དེ་ནི་རྒས་མེད་འཆི་མེད་ཡིན། །ཞེས་གསུངས་ཏེ། འདི་ནི་གོང་དུ་བསྟན་པའི་དོན་གྱི་དཔེ་སྟེ། གལ་
ཏེ་མ་ཤི་པར་རྒས་པ་ལ་སོགས་པར་མ་གྱུར་ན། དེའི་ཚེ་དེ་ནི་རྒས་ཤིང་འཆི་བར་མི་འགྱུར་བ་དེ་ལྟ་བུ་ནི་གང་དུ་ཡང་མ་མཐོང་ངོ༌། །ཡང་ན་ཇི་ལྟར་དངུལ་ཆུའི་རིགས་བསད་པ་དུ་མ་བཞུས་ཤིང་བསྲེགས་པ་ཙམ་གྱིས། ལྕགས་སྲང་བརྒྱ་གསེར་དུ་སྒྱུར་བར་བྱེད་དོ། །དེ་བཞིན་དུ་སེམས་ཅན་རྣམས་རྒས་པ་དང་འཆི་བ་མེད་པར་བྱེད་དོ། །དང་པོ་ཉིད་ནས་བློ་གྲོས་དག་པའི་རྣལ་འབྱོར་བ་བཟའ་བ་ལ་སོགས་པ་ཇི་སྲིད་དུ་གླས་པར་འགྱུར་བ་སུ་ཞིག་རྒས་པ་དང་འཆི་བ་མེད་པ་མཐོང་ཞེ་ན། བླ་མས་བསྟན་པའི་དྲི་མད་བློ། །དེ་ནི་གཏེར་དང་ལྡན་པའོ། །ཞེས་གསུངས་ཏེ། བླ་མ་དམ་པའི་གདམས་ངག་གིས་དྲི་མ་མེད་པའི་བློ་གྲོས་ཀྱི་རྣལ་འབྱོར་གྲུབ་པའི་སྐྱེ་བ་དང་འཆི་བ་མེད་པ་ནི་ཆོས་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་དང༌། བདེ་བ་ཆེན་པོའི་སྐུ་བཞིའི་ངོ་བོ་ཉིད་དོ། །ཟག་པ་དང་བཅས་པ་ཐམས་ཅད་དེས་འགོག་སྟེ། གཞན་གྱིས་ནི་མ་ཡིན་ནོ། །དེའི་ཕྱིར། སྐྱེས་བུ་དེ་ནི་གཏེར་ལྡན་མཆོག་ཡིན་ནོ། །ཞེས་བྱ་བའོ།། ཡུལ་རྣམས་རྣམ་དག་མི་བསྟེན་ཞིང༌། །གང་གིས་སྟོང་པ་འབའ་ཞིག་སྤྱོད། །གཟིངས་ལ་འཕུར་བའི་བྱ་རོག་བཞིན། །བསྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་གསུངས་ཏེ། སྐྱེས་བུ་གང་ཞིག་རྣམ་པར་དག་པའི་ཡུལ་འདོད་པའི་ཡོན་ཏན་རྣམ་པ་ལྔ་བླ་མས་གནང་བ་གང་གིས་ཐོབ་པ་ལ་མི་སྤྱོད་ཅིང༌། དེ་དང་བྲལ་བའི་སྟོང་པ་ཉིད་ཙམ་སྒོམ་ཞིང་ཐ་མལ་པའི་ཡུལ་འབའ་ཞིག་སྟེན་པར་བྱེད་པ་དེས་ནི་ཅུང་ཟད་ཀྱང་སྒྲུབ་པར་མི་བྱེད་དོ། །དཔེར་ན་རྒྱ་མཚོ་ཆེན་པོའི་གྲུ་ལ་གནས་པའི་བྱ་རོག་འཕུར་ནས། གཞན་དུ་འབབ་ས་མ་རྙེད་ཙམ་ན་སླར་ཡང་དེར་འོང་བ་བཞིན་དུ། དེ་ལྟར་བྱིས་པའི་སྐྱེ་བོ་རྣམས་འཁོར་བའི་ལས་ཀྱིས་འཁོར་བ་ཉིད་དུ་ལྟུང་སྟེ། གཞན་ཉི་ཚེ་བའི་སྟོང་པ་ཉིད་ལ་བསྟེན་པའི་ཕྱིར་རོ། །དེའི་ཕྱིར་ཡུལ་ལ་ཞེན་པས་འཆིང་བར་མ་བྱེད་ཅིག །ཀྱེ་རྨོངས་པ་མདའ་བསྣུན་གྱིས་ནི་སྨྲས། ཉ་དང་ཕྱེ་མ་ལེབ་དང་ནི། །གླང་པོ་ཆེ་དང་བུང་བ་དང༌། །རི་དགས་བཞིན་དུ་བལྟ་བར་བྱ། །ཞེས་གསུངས་ཏེ། ཡུལ་ལ་ཞེན་པའི་འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་ལོངས་སྤྱོད་པས་འཆིང་བར་མ་བྱེད་ཅིག་ཅེས་མདའ་བསྣུན་གྱིས་སྨྲས་པའོ། །གལ་ཏེ་བྱེད་ན་ཉ་རོ་ལ་ཆགས་པ་གནམ་ཆུ་འདོད་པས་གཞན་དུ་འགྲོ་བ་གཞན་གྱིས་གསོད་པ་དང༌། ཕྱེ་མ་ལེབ་གཟུགས་ལ་ཆགས་པས་མང་མེ་ལ་ཤི་བ་དང༌།
གླང་ཆེན་རེག་པ་ལ་ཆགས་པ་དང༌། བུང་བ་དྲི་ལ་ཆགས་པ་དང༌། རི་དགས་སྒྲ་ལ་ཆགས་པས་འཆི་བ་བཞིན་དུ་ཐམས་ཅད་ཀྱང་ཆགས་པ་སྔོན་དུ་འགྲོ་བའི་ཕྱིར་རོ། །གང་ཞིག་སེམས་ལ་རྣམ་འཕྲུལ་པ། །དེ་ནི་རང་བཞིན་མེད་པ་སྟེ། །ཞེས་གསུངས་ཏེ། གང་སེམས་ཀྱི་རྣམ་འཕྲུལ་བཟའ་བ་དང་བགྲོད་པ་ལ་སོགས་པ་དེ་ནི་རང་བཞིན་མེད་པ་སྟེ། མི་ཤེས་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །སྲེད་པ་ཅན་ནི་ཉ་པས་ཉ་ལ་སོགས་པའི་སེམས་ཅན་སྲོག་གཅོད་པར་བྱེད་པ་དང༌། འདོད་པ་ཅན་གྱི་སྐྱེས་བུས་དེ་རིང་བུད་མེད་འདི་ལྟ་བུ་སྤྱད་དོ་ཞེས་མི་ཤེས་པས་བསམ་བའི་ཕྱིར་རོ། །གཞན་ཡང་གཞུང་མཁན་པོས། །སྙིང་རྗེའི་དབང་གིས་སྟོན་པ་ནི། །ཆུ་གཞན་རླབས་ཀྱང་གཞན་ཡིན་ནམ། །སྲིད་པ་ཞི་བ་མཁའ་རང་བཞིན། །ཞེས་གསུངས་ཏེ། ཇི་ལྟར་ཆུ་ཀླུང་གང་ཡིན་པ་དེ་ཉིད་རླབས་དང་བཅས་པ་དེ་བཞིན་དུ་འཁོར་བ་རྣམ་པར་དག་པ་ཉིད་མྱ་ངན་ལས་འདས་པའོ། །འདིས་ཅི་བསྟན་ཞེ་ན། བླ་མ་དམ་པའི་གདམས་ངག་ཤེས་པ་རྣམས་ལ་འཁོར་བ་གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པའོ། །མི་ཤེས་པ་རྣམས་ནི་དེ་ནི་མི་མཐུན་པར་རྟོག་གོ །དེ་ལྟ་བུའི་ཡེ་ཤེས་ནི། གང་ལ་སྟོན་ཅིང་གང་ལ་ཉན། །དོན་འདི་ལ་ནི་གང་ཞུགས་ཏེ། །གདུག་པའི་ཁུང་བུའི་རྡུལ་བཞིན་དུ། །སེམས་ནི་དེ་རུ་ནུབ་པ་ཡིན། །ཞེས་གསུངས་ཏེ། མཆོག་ཏུ་ཟབ་པའི་ལམ་མི་ཤེས་པའི་གང་ཟག་ལ་ཇི་ལྟར་བསྟན་ཅིང་དེ་བསྟན་དུ་རུང་བའི་སྐྱེས་བུ་ག་ལ་ཡོད་དེ། མེད་ཅེས་པའོ། །གང་ཞིག་ཞུགས་ནི་མཁས་པ་འདིའི་དོན་གཟུང་བར་བྱེད་པ་ནི་སུ་ཞིག་ཡོད་དེ་མེད་ཅེས་པའོ། །དེ་ལྟ་བུའི་དམ་པའི་སྐྱེས་བུ་ནི་ཁ་ཅིག་ཙམ་མོ། །ཇི་ལྟར་ཁ་ཅིག་གཞན་གྱིས་མཁར་གཞོམ་པའི་ཆེད་དུ་ཐག་རིང་པོར་སའི་འོག་ནས་ས་བརྐོས་ཏེ། དེ་ལྟ་བུའི་རྐོ་བ་དེ་ནི་སྔོན་གོམས་པ་ཅན་གྱི་གང་ཟག་གིས་ནུས་ཀྱི། གཞན་གྱིས་ནི་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་ཁུང་དོག་མོར་བརྐོ་བས་དེའི་ནང་གི་ཤིན་ཏུ་གདུག་པའི་རྡུལ་གྱིས་སྲོག་སྙི་བ་རྣམས་དེ་མ་ཐག་ཏུ་འཚུབས་ནས་འཆི་བའི་ཕྱིར་རོ། །སེམས་བརྟན་པ་རྣམས་ནི་གང་གིས་གདུག་པའི་རྡུལ་དེས་འཆི་བར་མི་འགྱུར་ཏེ། ས་བརྐོས་པ་རྣམས་ནི་ཁུང་བུ་དེ་ཉིད་དུ་ཐིམ་པར་འགྱུར་ཞིང་དང་པོ་རྐོ་
པའི་དུས་སུ་ཅུང་ཟད་ཕྱིར་ཕྱུང་བས་སོ། །དེ་ལྟར་སྐྱེས་བུ་སྔོན་དུ་གོམས་པས་འཁོར་བ་ལས་བྱང་ཆུབ་ཆེན་པོ་འགྲུབ་སྟེ། དེ་དག་གི་ནི་སྣོད་ཡིན་པའི་ཕྱིར་རོ། །དེའི་ཡོན་ཏན་སྟོན་པ་ནི། །ཇི་སྲིད་ཆུ་ལ་ཆུ་ཞུགས་ན། །དེ་སྲིད་ཆུ་ནི་རོ་མཉམ་འགྱུར། །སྐྱོན་དང་ཡོན་ཏན་སེམས་རྣམས་ནི། །བླུན་པོ་འདི་ལ་མི་མཐུན་མེད། །ཇི་ལྟར་རྒྱ་མཚོ་ཆེན་པོའི་ཆུ་ལ་ཆུ་གཞན་ཞུགས་ན་ཆུ་རོ་མཉམ་བ་བཞིན་དུ་འཁོར་བ་ལ་སོགས་པའི་སྐྱོན་དང་ཡོན་ཏན་ཡོངས་སུ་ཤེས་པ་དང་ལྡན་པའི་སྐྱེས་བུ་ཆེན་པོ་ལ་ནི་མི་མཐུན་པའི་ཕྱོགས་གང་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། སྐྱོན་ནི་འདོད་པའི་ཡོན་ཏན་རྣམ་པ་ལྔ་སྟེ། དེ་དག་པར་བྱེད་པ་ནི་བླ་མ་སྣ་ཚོགས་པའི་བཀའི་གདམས་པ་སྟེ་དེ་དྲན་པའི་ཕྱིར་རོ། །ཡང་དེ་ཉིད་གསལ་བར་བྱ་བའི་ཕྱིར། ཁྱེད་ཀྱིས་སྟོང་པར་མ་ཞེན་ཅིག །གྲོགས་དག་སེམས་ནི་མཉམ་པར་གྱིས། །ཏིལ་ཕུབ་ཙམ་གྱི་ཟུག་རྡུས་ཀྱང༌། །སྡུག་བསྔལ་ངེས་པར་འབྱིན་པ་བཞིན། །ཞེས་གསུངས། ཏེ། སྟོང་པ་ཉིད་འབའ་ཞིག་ལ་ཞེན་པར་མ་བྱེད་ཅིག །དེས་ཆད་པར་སྨྲ་བར་ཐལ་བར་འགྱུར་རོ། །གང་དང་གང་དངོས་པོ་དེ་དང་དངོས་པོ་མེད་པ་དེ་དང་དེ་ལ་སེམས་མཉམ་པར་གྱིས་ཤིག །དེ་ལྟར་བདག་དང་གཞན་སྣ་ཚོགས་ཀྱི་དངོས་པོས་བསྡུས་པ་སྣ་ཚོགས་མེད་པར་གྱིས་ཤིག་གལ་ཏེ་སྣ་ཚོགས་སུ་བྱེད་ན། སྐྱོན་དུ་འགྱུར་ཏེ། ཇི་ལྟར་ཏིལ་གྱི་ཤུན་པ་ཙམ་མིག་གི་ནང་དུ་ཞུགས་ཀྱང་སྡུག་བསྔལ་སྐྱེ་བ་བཞིན་དུ་རྣལ་འབྱོར་གྱི་དབང་ཕྱུག་གིས་སྟོང་པ་ཉིད་ལ་ཞེན་ན་ཡང་དེ་དང་འདྲའོ། །གལ་ཏེ་སྟོང་པ་དང་སྟོང་པ་མ་ཡིན་པ་དང༌། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་མི་བསྒོམས་ན། ཇི་ལྟ་བུ་སྒོམ་ཞེ་ན། དེ་ལྟར་ཡིན་ཏེ་དེ་ནི་མ་ཡིན་ནོ། །ཇི་ལྟར། ཡིད་བཞིན་ནོར་བུའི་དགོས་པ་བཞིན། །ཞེས་གསུངས་ཏེ། དེ་ལྟ་བུའི་སྔོན་པོ་དང་སེར་པོ་དང་དམར་པོ་ལ་སོགས་པའི་རྣམ་པའམ། ཉམས་སུ་མྱོང་བའི་ངོ་བོ་ཉིད་དུ་མཚོན་པ་ཡིན་ཡང་དེ་ལྟ་བུ་ནི་མ་ཡིན་ཏེ། དམིགས་པ་དང་བཅས་པ་དང་དམིགས་པ་མེད་པ་དང་སེམས་དང་སེམས་མེད་པའི་རྣམ་པར་རྟོག་པ་གཉིས་དང༌། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ནི་རྟེན་མེད་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བས་འབྲས་བུ་འབྱུང་བ་ནི། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་
དངོས་པོ་ཐམས་ཅད་འབྱུང་བ་མཐོང་ཡང་ལག་པ་ན་ཡོད་པ་དང་འདྲ་བར་བེམས་པོ་ཡིན་ཡང་རང་གི་ཅི་བསམས་པའི་དགོས་པ་བྱེད་པ་དེ་བཞིན་དུ། རྣལ་འབྱོར་པ་ཡང་བླ་མའི་གདམས་ངག་གི་ནོར་བུ་རིན་པོ་ཆེ་ལག་པ་ན་ཡོད་པས། འདོད་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲུབ་པར་བྱེད་དོ་ཞེས་དགོངས་སོ། །དེ་ལྟ་བུ་མི་ཤེས་པར་མཁས་པར་རློམ་པ་རྣམས་ཀྱི་གནས་ལུགས་སྟོན་ཏེ། འཁྲུལ་གཞིག་མཁས་པ་ངོ་མཚར་ཆེ། །རང་རིག་བདེ་ཆེན་བག་ཆགས་ཀྱིས། །ཞེས་གསུངས་ཏེ། ངོ་མཚར་ཆེ་ནི་བཞད་གང་དུ་བྱེད་པའོ། །མཁས་པ་ནི་དབྱངས་དང་གསལ་བྱེད་སོགས་པ་བརྟེན་ནས་འཁྲུལ་བ་གཞིག་བར་འདོད་དེ། །དངོས་པོ་ལ་ནི་མི་འཇིག་གོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། གང་གིས་རང་རིག་པས་དངོས་པོ་ཐམས་ཅད་ནང་དུ་རྟོག་པ་དེ་ཡང་མི་དམིགས་ཤིང་མི་རིག་གོ་ཞེས་དགོངས་སོ། །འཁྲུལ་པ་དེ་ཡང༌། འདི་ལྟར་བཤད་པ་འདིས་སེམས་དང་སེམས་མེད་པའི་རང་བཞིན་གྱིས། འདི་ནི་རང་རིག་པའི་མཚན་ཉིད་བདེ་པ་ཆེན་པོའོ། །ཕྱི་རོལ་གྱི་ཡན་ལག་ལ་རིག་པའི་བདེ་བ་དེ་ནི་ཀུན་རྫོབ་ཏུ་གསུངས་སོ། །ཡང་ཕྱི་རོལ་ལ་བརྟེན་པའི་བདེ་བ་དེ་ཉིད་བརྟེན་པའི་ཕྱིར། ཆོས་ཀུན་ནམ་མཁའི་རང་བཞིན་ཏེ། །སེམས་ཀྱང་ནམ་མཁའི་རང་བཞིན་གཟུང༌། །ཞེས་གསུངས་ཏེ། གཟུགས་ལ་སོགས་པ་ཐམས་ཅད་ཀྱི་ཡུལ་དེ་ཡང་ནམ་མཁའ་དང་མཉམ་པར་བྱ་བ་དང༌། ཡིད་ཀྱང་ནམ་མཁའི་རང་བཞིན་གཟུང་བར་བྱའོ། །དེ་ལྟར་བྱས་ནས། སེམས་དེ་ཡིད་མེད་པར་བྱས་ནས། ལྷན་ཅིག་སྐྱེས་པ་མཆོག་ཏུ་མཛེས། །ཞེས་གསུངས་ཏེ། ནམ་མཁའི་རང་བཞིན་གྱི་སེམས་དེ་ལ་ཡིད་མེད་པར་བྱ་སྟེ། དེ་ལྟར་གང་བྱེད་པ་དེ་ནི་སྐྱེས་བུའི་མཆོག་སྟེ་ལྷན་ཅིག་སྐྱེས་པ་མཆོག་ཏུ་མཛེས་པ་དེ་ལ་རོ་ལ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མི་ཤེས་པས། ཁྱིམ་དང་ཁྱིམ་ནི་དེ་ཡི་གཏམ། །བརྗོད་པས་བདེ་བ་ཆེན་པོ་ཡིས། །གནས་ནི་ཡོངས་སུ་ཤེས་པ་མིན། །ཞེས་གསུངས་ཏེ། འདིར་བློ་ངན་པ་རྣམས་ཀྱིས་ཁྱིམ་དང་ཁྱིམ་དུ་སེམས་ཅན་རྣམས་བསླུ་པར་བྱ་བའི་ཆེད་དུ་བཤད་པར་བྱེད་ཀྱང་དེ་ནི་ཁ་གཏམ་སྙིང་ཙམ་དུ་བས་སོ། །དེ་ལྟར་ཡང༌། ཆུ་ལ་ཆུ་སྦྲུལ་རྗེས་
མཐོང་དང༌། །ནམ་མཁའི་མེ་ཏོག་ཕྲེང་རྒྱན་དང༌། །སྣལ་མ་མེད་པའི་སྣམ་བུ་རྣམས། །འཇིག་རྟེན་ངོ་ཚ་མེད་པ་ཡིན། །ཞེས་གསུངས་ཏེ། དེ་ལྟ་བུ་དམན་པ་མཐོང་ནས་གཞུང་མཁན་པོ་ངོ་མཚར་ནས་སྟོན་པ་ནི། མདའ་བསྣུན་ན་རེ་འགྲོ་ཀུན་སེམས་ཁྲལ་ཁུར། །སེམས་མེད་པས་ནི་སུས་ཀྱང་རྟོག་པ་མེད། །ཅེས་གསུངས་ཏེ། མཁས་པ་མངོན་པའི་ང་རྒྱལ་ཅན་དང་རྨོངས་པའི་འགྲོ་བ་རྣམས་གང་དུ་བསྟན་པའི་སེམས་སྣ་ཚོགས་ཀྱིས་སེམས་ཁྲལ་ཁུར་བ་ནི་ཁོལ་པོར་བྱས་པས་སོ། །བདག་གི་གདམས་ངག་གིས་དེ་ལྟ་བུའི་སེམས་དེ་མཐོང་ན་སེམས་མེད་པའི་ངོ་བོ་ཉིད་ཐོབ་པར་འགྱུར་རོ། །སེམས་མཐོང་བ་དང་སེམས་མེད་པ་དེས་ཅི་མཚོན་ཞེ་ན། མཚོན་པར་མི་ནུས་ཞེས་བྱ་སྟེ། གདོད་མ་ནས་སེམས་རང་བཞིན་མེད་པའི་ཕྱིར་རོ། །ལྷན་ཅིག་ལུང་ནི་མང་པོར་མཐོང༌། །རང་དགར་བཞག་ན་གསལ་པོར་སྣང༌། །ཞེས་གསུངས་ཏེ། ལྷན་ཅིག་གི་རྣམ་པར་མིང་ཙམ་གྱིས་རང་རང་གི་བསྟན་པའི་ལུང་མང་པོ་ལས་མཐོང་སྟེ། དེ་ནི་རང་རང་གི་འདོད་པ་ཉིད་ཀྱི་དེ་དང་དེའི་རྣམ་པར་སྣང་སྟེ་གཞན་དུ་མ་ཡིན་ནོ། །དེ་ལྟར་ཡང་དཔལ་དགྱེས་པའི་རྡོ་རྗེ་ལས། རང་གིས་བྱེད་ཅིང་རང་གིས་འཕྲོག །རང་ཉིད་རྒྱལ་པོ་རང་གཙོ་བོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་བསྟན་པའི་ཕྱིར། མགོན་པོ་བདག་དང་གཞན་རྣམས་འགལ། །ཁྱིམ་དང་ཁྱིམ་ན་གྲུབ་པའི་མཐའ། །འདི་ནི་རབ་ཏུ་གྲགས་པ་ཡིན། །ཞེས་གསུངས་ཏེ། བདག་དང་བདག་གིར་འཛིན་པའི་སྒོ་ནས། འདོད་པས་རང་ཉིད་འཆིང་བར་བྱེད་པ་ནི་ངན་པ་སྟེ། རྣམ་པར་རྟོག་པས་ཡོངས་སུ་བཟུང་པའི་ཕྱིར་རོ། །གཞན་ཡང་དངོས་པོ་གཞན་རྣམས་འགོག་པས་འགལ་བ་ཡིན་ཏེ། དང་པོ་སྐྱེས་བ་ཉིད་ཡིན་པའི་ཕྱིར་རོ། །ཁྱིམ་དང་ཁྱིམ་ནི་གྲུབ་པའི་མཐའ་རྣམས་སྐྱེས་ནས་འཇུག་པ་འདི་རབ་ཏུ་གྲགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྐྱེས་ནས་འཇིག་པའི་ཕྱིར་རོ། །འགལ་བ་ནི་གལ་ཏེ་སྐྱེས་པ་ཡིན་ན་འཇིག་པར་ཇི་ལྟར་འགྱུར་
ཞེས་པའོ། །དེའི་ཕྱིར་གཉིས་ཀ་མི་བདེན་བ་ཞེས་པའོ། །དཔེ་ངན་པའི་སྒོ་ནས་བསྟན་པ་ནི། གཅིག་ནས་ཟོས་ཤིང་གཞན་ཀུན་བསྲེག །ཕྱི་རོལ་སོང་ནས་ཁྱིམ་བདག་ཚོལ། །ཞེས་གསུངས་ཏེ། ཁ་ཅིག་རང་བཟའ་བ་ཟ་ཞིང་བཟའ་བ་གཞན་པོ་ཐམས་ཅད་ཉམས་པར་བྱེད་དེ། གཞན་རྣམས་ལ་སྙིང་པོ་མེད་པའི་ཕྱིར་རོ། །ཡང་ཁྱིམ་བདག་མོས་རང་གི་ཁྱིམ་བོར་ཏེ་ཕྱི་རོལ་དུ་ཁྱོ་གཞན་པོ་ཚོལ་བ་ནི་སེམས་ངན་པ་ཡིན་པའི་ཕྱིར་སྐྱེས་བུ་ངན་པ་རྣམས་ཀྱི་སེམས་ཀྱང་དེ་དང་འདྲའོ། །འོང་བ་དག་ཀྱང་མི་མཐོང་ཞིང༌། །འདུག་པ་ཡང་ནི་མི་མཐོང་ངོ༌། །དབའ་རླབས་མེད་པའི་དབང་ཕྱུག་མཆོག །རྙོག་པ་མེད་པ་བསྒོམ་པར་བྱ། །ཞེས་གསུངས་ཏེ། འདི་ནི་སྔོན་དུ་བསྟན་པའི་ཚིགས་བཅད་ཀྱི་རྗེས་སུ་འབྲང་ནས་བློ་གྲོས་བཟང་པོ་དག་གི་བསམ་གཏན་འདི་ལྟ་བུ་ཡིན་ནོ་ཞེས་སྟོན་ཏེ། ཇི་ལྟར་ཁྱིམ་བདག་མོས་རང་གི་ཁྱིམ་བདག་ལ་བཟའ་བ་བྱིན་ནས། ཁྱིམ་བདག་གཞན་གྱི་ཡང་བཟའ་བ་བསྒྲུབ་པས་རང་གི་ཁྱིམ་ནས་བྱུང་སྟེ་ཁྱོ་གཞན་པ་ཚོལ་བ་དེ་ནི་སོང་བ་ཡང་མི་མཐོང་འོང་བ་ཡང་མི་ཚོར། འདུག་པར་འགྱུར་བ་ཡང་མི་ཤེས་སོ། །དེ་ཡང་འདྲ་བར་རབ་རླབས་མེད་པའི་ཡེ་ཤེས་ནི་རང་གི་ཡིད་ཀྱི་དབང་ཕྱུག་གི་མཆོག། རྙོག་པ་མེད་ཅིང་སྡིག་པ་སྤངས་པ་དེ་ཡོངས་སུ་གཟུང་བར་བྱའོ། །དེ་ཡིས་ཅི་བརྗོད་ཅེ་ན། འདིར་ཞིང་སྐྱེས་ཀྱི་རྣལ་འབྱོར་བ་རྣམས་ནི་རང་བཞིན་གྱི་ཡེ་ཤེས་སྐྱེའོ། །དེ་ཡང་ཅུང་ཟད་མི་རིགས་ཏེ། ཐམས་ཅད་ཀྱི་རང་བཞིན་དུ་བདག་ཉིད་མཐོང་བས་བདག་གིས་བྱས་ཤིང་བདག་གིས་སྐྱེད་དོ་ཞེས་བྱ་བར་སེམས་སོ། །དེ་ལྟར་བླ་མ་དམ་པའི་གདམས་ངག་གིས་ཤེས་པར་བྱའོ། །གཞན་ཡང༌། འགྲོ་དང་འོང་བ་མི་འདོར་རོ། །སྔར་མེད་སྒེག་མོ་ག་ལ་རྙེད། །ཅེས་གསུངས་ཏེ། འགྲོ་ཞིང་འོང་བ་ལ་རང་གི་རིགས་ཀྱི་ཆུང་མ་ཡང་མ་ཡིན་ཁྱོ་འདྲི་བར་ཡང་བྱེད་དོ། །དེ་ལྟ་བུ་ནི་ཀ་མ་རུ་ལ་སོགས་པའི་གནས་རྣམས་ན་རབ་ཏུ་གྲགས་ནས་ཡོད་པའོ། །ཇི་ལྟར་སྐྱེས་བུ་ཁ་ཅིག་རང་གི་ཁྱིམ་ནས་ཡུལ་གཞན་དུ་འགྲོ་སྟེ། སོང་ནས་ཀྱང་ལམ་ཕྱིར་འོང་བ་དེ་ལྟ་བུ་ནི་རྣལ་འབྱོར་པའི་ནུས་པ་ཡིན་ནོ། །ཅིའི་ཕྱིར་འདི་ལྟ་བུ་བྱེད་ཅེ་ན། སོང་ནས་ཀྱང་སྔར་ན་མེད་པའི་
སྒེག་མོ་དང་ཕྲད་ནས་འཇུག་པར་འདོད་དེ། དེ་དང་མི་ཕྲད་པས་ཕྱིར་ལོག་པའོ། །ཅིའི་ཕྱིར་ཞེ་ན། བྱང་སེམས་དཔྲལ་བའི་གླད་རྒྱས་སོན། །རང་གི་གཟུགས་དང་ཐ་མི་དད། །ཅེས་གསུངས་སོ། །གང་གི་ཚེ་རྣལ་འབྱོར་པའི་བད་བའི་སེམས་དཔྲལ་བའི་གླང་རྒྱས་སུ་ཕྱིན་ནས་མཛེས་ཏེ། མི་འདོད་ཀྱང་རང་གི་གཟུགས་དང་ཐ་མི་དད་པར་འགྲོ་སྟེ། ལུས་དང་བདེ་བ་གཉིས་ཐ་མི་དད་པར་འགྱུར་རོ། །གང་ཚེ་ལུས་ངག་ཡིད་དབྱེར་མེད། །ལྷན་སྐྱེས་རང་བཞིན་དེ་ཚེ་མཛེས། །ཞེས་གསུངས་ཏེ། ཡེ་ཤེས་འདིས་སོ་སོའི་སྐྱེ་བོའི་ལུས་དང་ངག་དབྱེར་མེད་པར་ཆུད་པ་ནི། བླ་མ་དམ་པའི་གདམས་ངག་གིས་དེར་ཐིམ་པར་འགྱུར་རོ། །ཇི་སྲིད་ཟག་པ་དང་བཅས་པའི་ཆོས་མེད་པར་མ་གྱུར་པ་དེ་སྲིད་དུ། ལྷན་ཅིག་སྐྱེས་པའི་རང་བཞིན་མི་མཛེས་ཏེ། གང་གིས་བླ་ན་མེད་པའི་རྣལ་འབྱོར་མའི་ཚུལ་ཇི་ལྟར་ཐོབ་པར་འགྱུར། །རྣལ་འབྱོར་མའི་ཚུལ་དེ་གང་ཡིན་ཞེ་ན། ཁྱིམ་བདག་ཁྱིམ་བདག་མི་ཡིས་ཟོས། །ཡུལ་དེ་གང་མཐོང་དཔྱད་མི་བྱ། །ཞེས་གསུངས་ཏེ། གནས་ལ་སོགས་པའི་ཡུལ་གང་ཞིག་ནི་ཁྱིམ་བདག་ཁྱིམ་བདག་མོ་ཡིས་ཟ་བ་ལྟ་བུའི་ཡུལ་གང་མཐོང་བ་དེ་ལ་དཔྱད་པར་མི་བྱའོ། །དེའི་དགོས་པ་ནི། ཀྱེ་གཞན་པོ་དེ་རུ་ག་ལ་འདུ། །རྣལ་འབྱོར་མི་སྤྱོད་མི་མཐུན་པས། །ཞེས་གསུངས་ཏེ། གང་དུ་རང་གི་ཁྱོ་ཡང་གསོད་ན། གཞན་པོ་ག་ལ་འདུས་ཏེ། འོན་ཀྱང་གཞན་རྣམས་ཀྱིས་མཆོད་པ་བྱས་ན་རྣལ་འབྱོར་མ་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་དེ་ནི་མི་གསོང་དོ། །གཞན་ངན་པ་རྣམས་ཀྱིས་ཤའི་མིག་གིས་གསོད་པར་མཐོང་སྟེ། རྣལ་འབྱོར་མ་རྣམས་ཀྱིས་གསོད་པ་ཡང་མ་ཡིན་ཟོས་པར་ཡང་མེད་དོ། །འོན་ཀྱང་ལྷན་ཅིག་སྐྱེས་པའི་ངོ་བོར་ཐིམ་པར་བྱས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྣལ་འབྱོར་མ་རྣམས་ཀྱི་སྤྱོད་པའི་ལུང་ཐམས་ཅད་འཇིག་རྟེན་པའི་ཐ་སྙད་དང་མི་མཐུན་པ་སྟེ། བསམ་གྱིས་མི་ཁྱབ་པའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །བདག་པོ་ཟ་ཞིང་ལྷན་སྐྱེས་མཛེས། །ཆགས་དང་ཆགས་བྲལ་བྱས་ནས་ནི། །གཉུག་མའི་དྲུང་གནས་སེམས་མཉམ་པའི། །
རྣལ་འབྱོར་མ་ནི་ང་ཡིས་མཐོང༌། །ཞེས་གསུངས་ཏེ། རང་གི་ཁྱིམ་བདག་ཟོས་ནས་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་མཛེས་པར་བྱ་སྟེ། གཞན་ཡང་འདོད་ཆགས་དང་འདོད་ཆགས་བྲལ་བར་བྱེད་དོ། །ཁྱོ་གཞན་ཡང་སྟེ། སྔོན་གྱི་ཁྱོ་དང་འདྲ་བའི་སྒོ་ནས་མྱ་ངན་ཡང་བྱེད་དེ། རང་གི་ཡིད་དུ་འོང་བའི་གནས་ན་ཡང་འདུག་པར་བྱེད་དོ། །དེ་ལྟ་བུའི་རྣལ་འབྱོར་མ་དེ་ནི་སེམས་ཉམས་པ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ངས་ནི་བསམ་གྱིས་མི་ཁྱབ་པར་མཐོང་ངོ༌། །དེ་ལ་བསྡུས་པའི་དོན་ནི་རྣལ་འབྱོར་མའི་ཡེ་ཤེས་ནི་གཉིས་སུ་མེད་པ་ཡིན་ཏེ། བྱ་བ་དང་བྱེད་པའི་རྣམ་པར་སྣང་ཞིང༌། དགེ་བ་དང་སྡིག་པའི་རྣམ་པ་བྱེད་ཀྱང་དེས་གནོད་པར་མི་འགྱུར་ཏེ། ཕལ་པ་རྣམས་ལ་ནི་དེ་ལྟར་སྣང་བའི་ཕྱིར་རོ། །ཡང་ན་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཡིན་པའི་ཕྱིར་རོ། །ཁྱིམ་བདག་སེམས་དབང་དུ་གྱུར་པའི་ཕྱིར་སེམས་ནི་ལུས་ཀྱི་རྣམ་པ་སྟེ། གནས་དང་ཉེ་བའི་གནས་ལ་སོགས་པའོ། །རྣལ་འབྱོར་མ་ནི་རང་བཞིན་ཏེ། དེ་བཀག་པས་ཅི་ཡང་དམིགས་པར་མི་འགྱུར་རོ། །དེ་ནི་བླ་མ་དམ་པའི་གདམས་ངག་གིས་ཤེས་པར་བྱའོ། །ཟ་ཞིང་འཐུང་ལ་བསམ་མི་བྱ། །ཇི་ལྟར་སེམས་ལས་ཅི་འབྱུང་བ། །ཕྱི་རོལ་གྱུར་པ་སྡུག་བསྔལ་འཛིན། །སྒྱུ་མའི་རྣལ་འབྱོར་མ་དཔེ་བྲལ། །ཞེས་གསུངས་ཏེ། གང་ཅུང་ཟད་ཟ་བ་དང་འཐུང་བ་ལ་སོགས་པའི་བྱ་བ་བྱེད་པ་ལ། དེ་ནི་རྒྱུན་མི་འཆད་པར་བྱེད་དེ། གང་དང་གང་སེམས་ལས་བྱུང་བ་དེ་བྱའོ། །འོན་ཀྱང་སེམས་ལ་གནོད་པ་ནི་མི་བྱའོ། །སྒྱུ་མའི་རྣལ་འབྱོར་མས་མཚོན་པར་དགའ་བའི་ཡེ་ཤེས་དང་འདྲ་བ་ལྷན་ཅིག་སྐྱེས་པར་ཐིམ་པ་ནི་སྔོན་བཞིན་ནོ། །རྣལ་འབྱོར་མའི་ལམ་ནི་ཐུན་མོང་མ་ཡིན་པ་དཀའ་བའི་ལམ་ཡིན་བས་དེའི་བདུད་རྩི་ཐམས་ཅད་བདེ་བར་གྱུར་ན། ཐམས་ཅད་ལེགས་པར་གནས་པ་ཡིན་ཏེ། གཞན་དུ་ནི་མ་ཡིན་ནོ། །འདི་རུ་ཉིན་མཚན་དབྱེར་མེད་བློ། །ས་གསུམ་གང་གིས་སྤྲུལ་པ་དེས། །སེམས་ཉིད་གྲུབ་པའི་རྣལ་འབྱོར་མ། །ལྷན་ཅིག་སྐྱེས་སྡོམ་ཤེས་པར་བྱ། །ཞེས་གསུངས་ཏེ། གང་དེ་ལྟར་ཉིན་མོ་ཡང་མི་ཤེས་ཤིང་མཚན་མོ་ཡང་མི་ཤེས་པས་ལུས་ངག་ཡིད་
གསུམ་དབྱེར་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ས་གསུམ་སྤྲུལ་པ་གང་ཡིན་པའི་སེམས་དེ་ནི་གྲུབ་པའི་རྣལ་འབྱོར་མ་སྟེ། ལྷན་ཅིག་སྐྱེས་པའི་སྡོམ་པ་ནི་ཡེ་ཤེས་སུ་གྱུར་པའམ། དངོས་སུ་མངོན་དུ་བྱེད་པའོ། །ཡི་གེའི་འགྲོ་བ་མ་ལུས་པ། །ཡི་གེ་མེད་པ་གཅིག་ཀྱང་མེད། །ཇི་སྲིད་ཡི་གེ་རབ་ཤེས་པ། །དེ་སྲིད་ཡི་གེ་མེད་པར་འགྱུར། །ཞེས་གསུངས་ཏེ། ཡི་གེའི་འགྲོ་བ་མ་ལུས་པ་ལ་གནོད་དོ། །འདི་ནི་ཁྱོད་དོ། །འདི་ནི་བུམ་པའོ། །འདི་ནི་སྣམ་བུའོ་ཞེས་མཁས་པ་རྣམས་བརྗོད་དེ། དོན་དམ་པར་ནི་ཅུང་ཟད་མེད་དོ། །གང་གིས་སངས་རྒྱས་ཉིད་གྲུབ་པར་བྱེད་པའི་ཡི་གེ་མེད་པ་ནི་གཅིག་ཀྱང་མེད་དོ། །དེའི་ཕྱིར་ཡི་གེ་རབ་ཏུ་ཤེས་པ་ནི་ཡོངས་སུ་དཔྱད་ནས་ངག་གི་སྤྲོས་པའི་དྲི་མ་བཅོམ་ནས་བརྫུན་པར་བྱས་པས་ཇི་སྲིད་དུ་ཡི་གེ་མེད་པར་གྱུར་པའོ། །ཇི་སྲིད་དེ་ལྟར་མ་བྱས་བ་དེ་སྲིད་དུ་མཆོག་གི་དོན་མི་ཐོབ་པའོ། །དེ་གང་ཡིན་ཞེས་འདྲི་ན། ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །བཅུ་བཞིའི་ས་ལ་རྒྱུན་དུ་གནས། །ཞེས་གསུངས་ཏེ། རྣལ་འབྱོར་གྱི་དབང་ཕྱུག་ལ་ཇི་ལྟར་ཕྱི་རོལ་བཞིན་དུ་ནང་ཡང་ཡེ་ཤེས་ཀྱི་སྣང་བ་ཡིན་པའི་ཕྱིར། དེས་བཅུ་བཞི་པ་ལ་རྒྱུན་དུ་ཐོག་མ་དང་ཐ་མ་མེད་པར་གནས་ཏེ། མཆོག་གི་ཆ་མེད་པའི་ཕྱིར་རོ། །དེ་ཡང་ཆ་ནི་བཅུ་དྲུག་སྟེ། གནམ་སྟོང་གི་མཐར་ཟླ་བའི་ཆ་མེད་པ་བཞིན་དུ་ལུས་མེད་པའི་ཕྱིར་རོ། །དེ་སྟོང་པ་ནི། ལུས་མེད་ལུས་ལ་གབ་པ་ནི། །གང་གིས་དེ་ཤེས་དེ་གྲོལ་འགྱུར། །ཞེས་གསུངས་ཏེ། ལུས་མེད་པ་ནི་དངོས་སུ་ནུས་པར་སོང་བས་གབ་པ་སྟེ། དེ་གང་གིས་པ་དེ་གྲོལ་བར་འགྱུར་རོ། །ཇི་ལྟར་སོ་སོ་རང་གི་རིག་པར་བྱ་བའི་ལྷན་སྐྱེས་ད་ལྟར་འཇིག་རྟེན་པ་རྣམས་ཀྱི་མེད་པ་སྟེ། ལུས་མེད་པ་དང༌། གདོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །འདིར་བརྗོད་པས་གཞུང་མཁན་པོས་རང་དང་གཞན་གྱི་དངོས་པོ་མ་མཐོང་བ་དེ་སྟོན་པ་ནི། གྲུབ་པར་གྱུར་ཅིག་ང་ཡིས་སྟོན། །ཁུ་བ་འཐུངས་པས་བརྗོད་པར་འགྱུར། །གང་གིས་ཡི་གེ་གཅིག་ཤེས་པ། །དེ་ཡི་མིང་ནི་མི་ཤེས་སོ། །ཞེས་གསུངས་ཏེ། ཇི་ལྟར་བྱིས་བའི་
དུས་སུ་ཡི་གེ་སློབ་པ་ནི། སློབ་དཔོན་གྱི་མདུན་དུ་ཡི་གེའི་ཕ་མ་ལ་སོགས་པ་སློབ་པའི་དུས་སུ། དང་པོ་འདི་གྲུབ་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་དང༌། སྒྲའི་རྩ་བ་དང་སྐད་ཀྱི་དབྱིངས་ལ་སོགས་པ་སློབ་ཅིང༌། །དཔྱོད་པ་ལ་སོགས་པ་ཐམས་ཅད་ཀྱི་ཡི་གེ་རྣམས་ལ་འབྲས་བུ་ནི་གཅིག་ཀྱང་མ་ཐོང་བ་ཡིན་ཏེ། དོན་མི་ཤེས་པའི་ཕྱིར་རོ། །གཞན་ཡང་དམ་པའི་དགེ་བའི་བཤེས་གཉེན་ལས་དོན་ཡོངས་སུ་ཤེས་པ་སྐྱེ་ཞིང་འདིར་དཔྱད་ཙམ་ན། དང་པོ་གྲུབ་པར་གྱུར་ཅིག་ཅེས་བྱ་བ་དེ་བདེ་བར་བཀླགས་ཀྱི་གཞན་ཡང་སྙིང་པོ་མེད་པ་བཀླགས་པའོ།། ཇི་ལྟར་ཟན་འཚེད་པའི་དུས་སུ་སྙིང་པོ་ཁུ་བ་བླངས་ནས་འཐུང་སྟེ། གཞན་ནི་སྙིང་པོ་མེད་པའོ། །འདིར་གྲུབ་པར་གྱུར་ཅིག་ཅེས་བྱ་བའི་ཡི་གེ་གཅིག་པོ་དེ་བདག་གིས་ཤེས་ཀྱིས། དེའི་མིང་མང་པས་དེའི་མིང་མི་ཤེས་ཏེ། འདི་ལྟ་བུ་ཡིན་ཞེས་བརྗོད་དུ་མེད་པའི་ཕྱིར་རོ། །ཇི་ལྟར་བྱིས་པའི་དུས་སུ་འདི་གྲུབ་པར་གྱུར་ཅིག་ཅེས་བྱས་པའི་མིང་ཤེས་ཀྱང༌། དོན་མི་ཤེས་པ་བཞིན་དུ་ཆེར་སྐྱེས་པའི་དུས་ན། དོན་ཤེས་ཀྱང་མིད་མི་ཤེས་པའོ། །མ་ལུས་རང་བཞིན་མི་ཤེས་གང་ཞིག་གིས། །ཞེས་གསུངས་ཏེ། ལྷན་ཅིག་སྐྱེས་པ་མི་ཤེས་པས་ཁམས་གསུམ་དུ་ལྟུང་སྟེ། རང་བྱུང་གི་ཡེ་ཤེས་སམ་བརྗོད་དུ་མེད་པའི་རང་བཞིན་དུ་མི་རྟོག་པའི་ཕྱིར་རོ། །གཞན་ཡང་དེ་ཡིས་རང་ཉམས་ཤིང་གཞན་ཡང་ཉམས་པར་བྱེད་དོ། །དེ་ཇི་ལྟ་བུ་ཞེ་ན། ཀུན་དུ་རུ་ཡི་སྐད་ཅིག་ལ། །བདེ་བ་ཆེན་པོ་གྲུབ་པ་ནི། །ཞེས་གསུངས་ཏེ། ཀུན་དུ་རུའི་སྒོ་ནས་བདེ་ཆེན་གྲུབ་ཅེས་ཟེར་བ་ནི་རྨོངས་པའི་ཕྱིར་རོ། །ཇི་ལྟར་རི་དགས་སྐོམ་པ་ཡིས། །སྨིག་རྒྱུའི་ཆུ་ལ་རྒྱུག་པ་ནི། །སྐོམ་པས་འཆི་ནས་ནམ་མཁའི་ཆུ་རྙེད་དམ། །ཞེས་གསུངས་ཏེ། ཇི་ལྟར་རི་དགས་སྐོམ་པས་གདུངས་པས་སྨིག་རྒྱུ་ལ་ཆུར་མཐོང་ནས། དེའི་གནས་སུ་རྒྱུག་པ་ལས་ཆུ་མ་རྙེད་ནས་སྐོམ་པས་འཆི་སྟེ། ནམ་མཁའི་ཆུ་ཇི་ལྟར་རྙེད་པར་འགྱུར་ཏེ། མི་རྙེད་ཅེས་པའོ། །གཞན་དུ་དབང་པོ་གཉིས་སྦྱོར་གྱི་བདེ་བས་ནི་མི་རྙེད་དེ། རྨོངས་པའི་འཇིག་རྟེན་པ་རྣམས་ནི་འདི་ལས་འདི་ཉིད་རྙེད་པར་འདོད་དོ། །དེ་ཉིད་བསྟན་པའི་ཕྱིར། རྡོ་རྗེ་པདྨ་གཉིས་པར་གནས།།
བདེ་བ་གང་གིས་རྣམ་རོལ་བ། །ཅི་སྟེ་དེ་བདེ་ནུས་མེད་པས། །ས་གསུམ་རེ་བ་ཇི་ལྟར་རྫོགས། །ཞེས་གསུངས་ཏེ། འདི་ནི་ལས་དང་པོ་པ་དང༌། དབང་པོ་ཐ་མའི་རྣལ་འབྱོར་པ་འདོད་ཆགས་ལ་ཞེན་པ་རྣམས་ལས་འདོད་ཆགས་ཆེན་པོ་རོལ་པའི་ཐབས་འདིས་སངས་རྒྱས་འགྲུབ་པར་བཅོམ་ལྡན་འདས་ཀྱིས་སྟོན་ཏོ། །དེ་བཞིན་དུ་མདའ་བསྣུན་གྱིས་དེ་ནས་ཕྱུང་སྟེ། འདི་བསྟན་པའོ། །རྡོ་རྗེ་པདྨ་གཉིས་ཀྱི་སྦྱོར་བའི་བདེ་བས་དབང་པོ་ཐ་མའི་སྐྱེས་བུ་རོལ་པར་བྱེད་པ་གང་ཡིན་པ་དེས་ནི་ས་གསུམ་གྱི་བདེ་བ་ཡོངས་སུ་རྫོགས་པར་ཅི་སྟེ་མི་བྱེད་དེ། ཐམས་ཅད་དེའི་རང་བཞིན་གྱིས་ཐམས་ཅད་ཀྱི་བསམ་པ་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའི་ཕྱིར་རོ་ཞེས་དགོངས་སོ། །ཡང་ན་ཐབས་དེ་སྐད་ཅིག་མ། །ཡང་ན་དེ་གཉིས་གཉིས་མེད་དེ། །བླ་མའི་དྲིན་གྱི་བསོད་ནམས་ཀྱིས། །བརྒྱ་ལ་འགའ་ཡིས་ཤེས་པར་འགྱུར།། ཞེས་གསུངས་ཏེ། སྐད་ཅིག་མ་ནི་དགའ་བ་བཞིའི་སྐད་ཅིག་མའི་བྱེ་བྲག་ཡིན་པའི་ཕྱིར་རོ། །ཡང་ན་གཉིས་སུ་མེད་པའི་དུས་སུ་དེ་ཉིད་མཚོན་པའོ། །དེ་ཡང་མཆོག་དང་དགའ་བྲལ་གྱི་དབུས་སུ་ཡིན་པས་ཐ་དད་པ་ནི་མགོ་རྩོམ་པས་སྐད་ཅིག་མ་སྟེ། རྣམ་པ་སྣ་ཚོགས་པ་ལ་སོགས་པ་སྐྱེས་པའི་དུས་སོ། །ཐ་དད་མེད་པ་ནི་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་དེ། བླ་མ་དམ་པའི་གདམས་ངག་གི་དྲིན་གྱིས་སྐྱེས་བུ་ཁ་ཅིག་གིས་ཤེས་ཀྱིས་འཇིག་རྟེན་པ་ཐུན་མོང་བས་ནི་མ་ཡིན་ནོ། །དེའི་ཕྱིར་བདག་གི་བླ་མ་དམ་པའི་གདམས་ངག་གི་སྒོ་ནས་གོང་དུ་བསྟན་པའི་རིག་པས་སྐྱེ་འགྲོ་ཐུན་མོང་བ་རྣམས་ལ་གསལ་བར་བྱས་པ་ཡིན་ནོ། །ཀྱེ་གྲོགས་དག་ཟབ་དང་རྒྱ་ཆེ་བ། །འདི་ལ་བདག་གཞན་ཡོད་མ་ཡིན། །ལྷན་ཅིག་སྐྱེས་དགའ་བཞི་བའི་སྐབས། །གཉུག་མཉམས་སུ་མྱོང་བས་ཤེས། །ཞེས་གསུངས་ཏེ། ཟབ་མོ་ནི་དཔྱད་པའི་སྟོབས་ཀྱིས་རྒྱུན་མི་ཆད་པར་དྲན་པས་ཕྱོགས་དང་ཕྱོགས་མ་ཡིན་པ་ནུས་པར་འགྱུར་རོ། །དེ་ལྟར་མཆོག་ཏུ་ཟབ་པ་དེ་ལ་ནི་བདག་དང་གཞན་ཐམས་ཅད་ཉམས་ཏེ་གདོད་མ་ནས་སྐྱེ་བ་མེད་པའི་ཕྱིར་རོ། །འདི་ལྟ་བུའི་ལྷན་ཅིག་སྐྱེས་པ་དགའ་བ་བཞིའི་དུས་སུ་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་རྟོགས་པར་བྱའོ། །དེའི་ཕན་ཡོན་སྟོན་པ་ནི། །མུན་ནག་ཆེན་
པོར་ཟླ་ཤེལ་གྱིས། །ཇི་ལྟར་གསལ་བར་བྱེད་པ་བཞིན། །མཆོག་ཏུ་བདེ་བ་སྐད་ཅིག་ལ། །སྡིག་པ་མ་ལུས་ཕམ་བྱེད་པའོ། །ཞེས་གསུངས་ཏེ། འདི་མུན་ནག་ཆེན་པོའི་ནང་དུ་ཟླ་ཤེལ་གྱི་ནོར་བུའི་སྣང་བའི་གསལ་བར་བྱེད་པའི་དུས་སུ་རིགས་ངན་རྐུན་མ་ལ་སོགས་པས་གཞན་གྱི་ནོར་རྐུ་བར་བྱེད་པ་བཞིན་དུ། མཆོག་ཏུ་བདེ་བ་ཆེན་པོའི་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའི་དུས་སུ་འཁོར་བའི་སྡིག་སྦྱོང་ཐམས་ཅད་ཉམས་པར་བྱེད་དོ། །དེ་ལྟར། སྡུག་བསྔལ་སྣང་བྱེད་ནུབ་པ་ན། །སྐར་མ་པ་ཝ་སངས་ནི་འཆར། །འདི་ལྟར་གནས་པའི་སྤྲུལ་པ་སྤྲུལ། །འདི་ནི་དཀྱིལ་འཁོར་འཁོར་ལོའིའོ། །ཞེས་གསུངས་ཏེ། ཇི་ལྟར་སོ་གའི་དུས་སུ་སྡུག་བསྔལ་གྱི་ཉིན་མཚན་དེ་ནུབ་ནས་ཤིན་ཏུ་བསིལ་བའི་གཙོ་བོ་སྐར་མ་པ་ཝ་སངས་འཆར་ཏེ། འདི་ལྟ་བུའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་སྒོམ་ཞིང་གནས་པ་གང་གིས་སྣ་ཚོགས་སངས་རྒྱས་ཀྱི་སྐུ་ཀུན་རྫོབ་ཀྱི་སྤྲུལ་པ་སྤྲུལ་ཏེ། ཁྱོད་ཀྱི་སེམས་ཀྱིས་སེམས་དཔྱོད་དང༌། ཅི་སེམས་དང་སེམས་མེད་པ་སྔོན་དུ་བསྟན་པའི་རིགས་པ་གཉིས་ཀ་ཡང་མེད་དོ། །དེ་ལྟར་ཡང༌། སེམས་ཉིད་དམ་པ་སེམས་མེད་ཉིད། །གཉིས་ཀ་མེད་ཅིང་ཅུང་ཟད་མེད། །འགྲོ་བ་མ་ལུས་འཁྲུལ་བའོ། །ཞེས་གསུངས་སོ། །དེ་ལྟ་བུའི་ལྟ་བ་ངན་པ་བོར་ཏེ། མ་ལུས་པའི་བདག་དང་སྐྱེས་བུ་དང༌། །སྲོག་ལ་སོགས་པ་བྱ་བ་ངན་པ་ཐམས་ཅད་ནི་ཀུན་རྫོབ་ཙམ་ཡིན་པའི་ཕྱིར་རོ། །དེ་ལྟར་བདེ་བ་ཆེན་པོའི་རང་བཞིན་དུ་ཐམས་ཅད་དག་པར་གྱིས་ཤིག་དང༌། །འཇིག་རྟེན་ལས་འདས་པའི་མཆོག་ཐོབ་པ་ནི་དེ་ལ་རག་ལས་པའི་ཕྱིར་རོ། །དེའི་ཕྱིར། སེམས་ཀྱི་གླང་པོ་ཡན་དུ་ཆུག །དེ་ལ་བདག་ནི་མ་འདྲི་ཤིག །ནམ་མཁའི་རི་བོ་ཆུ་འཐུད་དང༌། །དེ་ཡི་འགྲམ་དུ་རང་དགར་ཤོག །ཅེས་གསུངས་ཏེ། འཁོར་བའི་ནང་དུ་དགའ་བའི་སེམས་ཀྱི་གླང་པོ་ཡན་དུ་ཆུག །ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་དེ་ཉིད་ལ་བརྟེན་པས་དེ་ཉིད་དུ་ཐིམ་པའི་ཕྱིར། །འོན་ཀྱང་མུ་སྟེགས་པ་ཐམས་ཅད་ཀྱིས་སྲོག་གཅོད་པ་ལ་སོགས་པ་བྱས་པས་དམྱལ་བར་ལྟུང་ངོ༌། །སྙིང་རྗེ་ཅན་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་གནས་པས་མཐོ་རིས་སུ་འགྲོ་ཞིང་བདེ་བར་གནས་སོ། །སེམས་ཀྱི་གླང་པོ་ཐམས་ཅད་ལ་ཁྱབ་པའི་ཚུལ་གྱིས་ནམ་མཁའི་ཆུ་འཐུང་
ཞིག་དེའི་འགྲམ་དུ་ནི་བདེ་བ་ཆེན་པོའི་ཆུ་འགྲམ་མོ། །བདེ་བ་ཆེན་པོ་ཡིན་ཡང་མངོན་པར་ཞེན་པར་མ་བྱེད་ཅེས་དགོངས་སོ། །དེ་བཞིན་དུ། ཡུལ་གྱི་གླང་པོའི་སྣས་བླངས་ནས། །ཇི་ལྟར་གསོད་པ་ལྟར་སྣང་ཡང༌། །རྣལ་འབྱོར་གླང་པོ་སྐྱོང་བ་བཞིན། །དེའི་ཚེ་བྱུང་ནས་སོང་བ་ཡིན། །ཞེས་གསུངས་ཏེ། དེ་བཞིན་དུ་ཡུལ་གྱི་གླང་པོ་ནི་དངོས་པོ་ཐམས་ཅད་དེ། ཡུལ་དང་དབང་པོ་ལྟ་བུར་ཆུ་ཡིས་བླངས་ནས་གསོད་པ་ལྟ་བུར་སྣང་ཡང་མི་འཆི་སྟེ། གླང་པོ་དང་རྩེ་མཁས་པས་སོ། །རྣལ་འབྱོར་གྱི་དབང་ཕྱུག་གིས་ཕྱིར་བྱུང་ནས་གནས་སུ་འགྲོ་ཞེས་བྱའོ། །དེ་ལྟར་བཟའ་བྱ་མ་ཡིན་པ་དེ་མི་རིགས་སོ་ཞེས་དགོངས་སོ་། །དེ་ལྟར་ཡང༌། གང་ཞིག་སྲིད་དེ་མྱ་ངན་འདས་པའོ། །དེ་ལ་དབྱེ་བ་མ་སེམས་ཤིག །རང་བཞིན་གཅིག་པས་རྣམ་པར་སྤངས། །དྲི་མེད་དེ་ནི་ང་ཡིས་རྟོགས། །ཞེས་གསུངས་ཏེ། ཇི་ལྟར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། །ཟུང་དུ་འཇུག་པའི་རིམ་པ་ལས། །འཁོར་བ་དང་ནི་མྱ་ངན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་བཞིན་དུ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པ་དེ་ནི་དབྱེར་མེད་པའི་ཟུང་དུ་འཇུག་པ་ཞེས་བྱའོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར། །ཁྱིམ་དུ་མ་འདུག་ནགས་མ་འགྲོ། །གང་ན་འདུག་ཀྱང་སེམས་ལ་ལྟོས། །མ་ལུས་རྒྱུན་དུ་བྱང་ཆུབ་གནས། །སྲིད་གང་མྱ་ངན་འདས་གང་ཡིན། །ཞེས་གསུངས་ཏེ། ཁྱིམ་དང་གཉིས་ཀ་ལ་ཡང་ངེས་པར་གནས་པར་མི་བྱ་སྟེ། གནས་གཉིས་པོ་ལ་ཞེན་ན་རྣམ་རྟོག་སྐྱེ་བའི་ཕྱིར་རོ། །འོ་ན་ཇི་ལྟར་བྱ་ཞེ་ན། གང་དང་གང་ཟ་པ་དང༌། འཆགས་པ་དང་ཉལ་བ་ལ་སོགས་པའི་དུས་སུ་དེ་ལ་སེམས་ཡོངས་སུ་ཆགས་པར་མ་བྱེད་ཅིག །བརྫུན་པའི་རྣམ་པར་རིག་པ་ཙམ་དུ་གྱིས་ཤིག་ཅེས་བྱ་བའོ། །དེའི་ཕྱིར། མཁས་པས་མ་ལུས་རྟག་ཏུ་རྒྱུན་མི་འཆད་པར་བྱང་ཆུབ་གནས་པ་སྟེ། གང་ཅུང་ཟད་ཀྱང་སྐྱེ་བ་
ནི་མེད་དེ། རང་བྱུང་གི་ཡེ་ཤེས་ཀྱི་ཕྱིར་རོ། །དེ་ལྟར་ཡང༌། མྱང་ན་འདས་དང་འཁོར་བ་ཉིད། །དེ་ཉིད་མ་མཐོང་རྟོགས་པར་བྱེད། །འཁོར་བ་མྱང་ན་འདས་པ་མེད། །དེ་ཉིད་མ་མཐོང་རྟོགས་པར་བྱེད། །འཁོར་བ་དང་ནི་མྱང་ན་འདས། །གཉིས་ཀ་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་བ་ཉིད། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་གསུངས་ཏེ། དེའི་ཕྱིར་བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་གཉིས་སུ་མེད་པའི་ངོ་བོ་མཆོག་ཡིན་པར་གྲུབ་པའོ། །དེ་སྟོན་པ་ནི། བྱང་ཆུབ་ཁྱིམ་དང་ནགས་ན་གནས། །འདི་ཡི་དབྱེ་བ་ཤེས་པར་གྱས། །དྲི་མེད་སེམས་ཀྱི་རང་བཞིན་ལ། །དེ་ནི་རྟོག་པ་མེད་པར་བྱ། །ཞེས་གསུངས་ཏེ། གོང་དུ་བསྟན་པའི་མཚན་ཉིད་ཀྱི་བྱང་ཆུབ་ནི་ཁྱིམ་དང་ནགས་ན་མེད་པ་དེ་ལྟ་བུའི་དབྱེ་བ་དགོངས་པའི་ཚིག་གིས་ཤེས་པར་བྱའོ། །ཁྱིམ་ནི་རང་གི་ལུས་སོ། །ནགས་ནི་བུམ་པ་དང་སྣམ་བུ་ལ་སོགས་པའི་གཟུགས་སོ། །དེ་ལ་བྱང་ཆུབ་མེད་དོ། །འདི་ནི་བདག་དང་འདི་ནི་གཞན། །གང་གིས་དེ་ནི་ཡོངས་སེམས་པ། །དབྱེ་བས་འཆིང་དང་བྲལ་བར་བྱ། །དེས་ནི་བདག་ཉིད་གྲོལ་པའོ། །ཞེས་གསུངས་ཏེ། །གང་གིས་འདི་ནི་བདག་འདི་ན་གཞན་ཞེས་གསུངས་ཏེ་བྱ་བ་གང་དེས་ཕྱིན་ཅི་ལོག་ཏུ་ཡོངས་སུ་སྒོམ་པ་དེ་དབྱེ་བས་འཆིང་བ་མེད་ཀྱང་འོན་ཀྱང་བདག་ཉིད་རྣམ་པར་བཅིངས་པའོ། །དེའི་ཚེ་བདག་ཉིད་གྲོལ་ཡང་མ་གྲོལ་ཞེས་བྱ་སྟེ། དེའི་ཕྱིར་བདག་དང་གཞན་གྱི་ཆར་མི་རྟོག་གོ་ཞེས་དགོངས་སོ། །དེ་ལྟར་ཡང༌། །བདག་དང་གཞན་དུ་འཁྲུལ་མ་བྱེད། །མ་ལུས་རྒྱུན་དུ་སངས་རྒྱས་ཡིན། །དཱི་ཉིད་དྲི་མེད་གོ་འཕང་མཆོག །སེམས་ཉིད་རང་བཞིན་དག་པའོ། །ཞེས་གསུངས་ཏེ། །སེམས་ཅན་གྱི་རིགས་རྣམས་དང་པོ་ཉིད་ནས་སངས་རྒྱས་ཡིན་ཏེ། དེ་ཉིད་དང་པོ་ཉིད་ནས་གློ་བུར་གྱི་རྣམ་པར་རྟོག་པས་བསྒོམས་པས་མ་རྟོགས་ཏེ། རང་ཉིད་སངས་རྒྱས་ཡིན་པ་མ་ཤེས་སོ། །དེ་ཉིད་དྲི་མ་མེད་པའི་མཆོག །སེམས་ཀྱི་ངོ་བོ་ཉིད་བྱང་ཆུབ་ཀྱི་རང་བཞིན་ཡིན་ཏེ། དངོས་པོ་ཐམས་ཅད་འཛིན་པ་སྤངས་པའི་ཕྱིར་རོ། །གཉིས་མེད་སེམས་ཀྱི་སྡོང་པོ་མཆོག །ས་གསུམ་མ་ལུས་ཁྱབ་པར་སོན། །སྙིང་རྗེའི་མེ་ཏོག་
འབྲས་བུ་འཛིན། །མིང་ནི་གཞན་ལ་ཕན་པའོ། །ཞེས་གསུངས་ཏེ། དེ་ལྟར་མཆོག་གི་དོན་བསྟན་ནས་གཞན་ལ་ཕན་པ་སྟོན་ཏེ། རྣལ་འབྱོར་བའི་སེམས་གང་གཉིས་སུ་མེད་པ་ནི་དཔག་བསམ་གྱི་ཤིང་བཞིན་དུ་ཁམས་གསུམ་མ་ལུས་པར་ཁྱབ་པར་སོན་པ་སྟེ། ཐམས་ཅད་གཉིས་སུ་མེད་པ་ཞེས་བྱ་བའི་དོན་ཏོ། །དེའི་སྙིང་རྗེའི་མེ་ཏོག་གི་འབྲས་བུའི་མིང་ནི་གཞན་ལ་ཕན་པ་སྟེ། ཐམས་ཅད་ཀྱི་ཐམས་ཅད་དུ་སངས་རྒྱས་ཀྱི་བྱང་ཆུབ་ལ་སོགས་པ་རྒྱས་པར་བྱེད་པའི་ཕྱིར་རོ། །སྟོད་པའི་སྡོང་པོ་མེ་ཏོག་སྐྱེས། །སྙིང་རྗེ་རྣམ་པ་སྣ་ཚོགས་འབྱུང༌།། ལྷུན་གྲུབ་གཞན་གྱི་འབྲས་བུ་སྟེ། །བདེ་བ་འདི་ནི་སེམས་གཞན་མིན། །ཞེས་གསུངས་ཏེ། དེ་ལྟར་སྟོང་པའི་འབྲས་བུ་སྙིང་རྗེ་རྣམ་པ་སྣ་ཚོགས་ཀྱིས་མི་འདོད་བཞིན་དུ་ཡང་བསམ་པ་སྣ་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །འོན་ཀྱང་ཡོངས་སུ་རྫོགས་པའི་སྙིང་རྗེ་སྟོན་པ་ནི། སྟོང་པའི་སྡོང་པོ་སྙིང་རྗེ་མིན། །གང་ལ་རྩ་བ་ལོ་འདབ་མེད། །དེ་ལ་དམིགས་བྱེད་གང་ཡིན་པ། །དེ་ནི་ལྷུང་ནས་ཡལ་ག་ཆག །ཅེས་གསུངས་ཏེ། སྟོང་པའི་སྡོང་པོ་སྙིང་རྗེ་མིན་པ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་ཕྱིར་འདིར་དམིགས་པ་མེད་པའི་སྙིང་རྗེ་ལ་སྙིང་རྗེ་མིན་པ་ཞེས་བྱའོ། །སྟོང་པ་ཉིད་ཀྱི་སྡོང་པོ་དེ་ལ་རྩ་བ་དང་ལོ་འདབ་མེད་དོ། །སྒོམ་པ་དང་སྒོམ་པ་པོ་དང༌། བསྒོམ་བྱ་གདོད་མ་ནས་མེད་པའི་ཕྱིར་རོ། །དེ་ལ་དམིགས་བར་བྱེད་པ་གང་ཡིན་པ་དེ་ནི་ལྷུང་ནས་ཡལ་ག་ཆག་པ་ནི་ཁམས་གསུམ་གཅིག་བའི་ངོ་བོ་ཉིད་ཡིན་པས་སོ། །དེ་ཉིད་བསྟན་པའི་ཕྱིར། ས་བོན་གཅིག་ལ་སྡོང་པོ་གཉིས། །ལྟོས་པ་མེད་པས་མེ་ཏོག་གཅིག །འདིར་ནི་དབྱེར་མེད་གང་མཐོང་སྟེ། །སྲིད་དང་མྱ་ངན་འདས་ལས་གྲོལ། །ཞེས་གསུངས་ཏེ། ས་བོན་གཅིག་ལ་སྡོང་པོ་དང་ཡལ་གའི་བྱེ་བྲག་གཉིས་སྐྱེ་སྟེ། དེ་ལྟར་རྒྱུ་དང་འབྲས་བུ་རྣམ་པ་གཉིས་སུ་འགྱུར་ཏེ། དེ་ཡང་འབྲས་བུ་ལས་ཐ་མི་དད་དོ། །རྒྱུ་དེ་ལྟ་བུ་ལས་འབྲས་བུའོ་ཞེས་གསུངས་པའི་ཕྱིར་སངས་རྒྱས་དང་འཁོར་བ་དབྱེར་མེད་པར་མཐོང་བ་དེ་ནི་ཐར་པར་འགྱུར་ཏེ། གཉིས་སུ་མེད་པར་རྟོགས་པའི་ཕྱིར་རོ། །གང་ཞིག་འདོད་པ་
ཅན་འོད་ཚེ། །དེ་ནི་རེ་བ་མེད་སོང་ནས། །ཁམ་པོར་དུམ་བུ་བླངས་ནས་ནི། །ཀྱེ་ཧོ་རང་ཁྱིམ་བོར་ལ་སོང༌། །ཞེས་གསུངས་ཏེ། གོང་དུ་བསྟན་བའི་དོན་མཐའ་དག་འཁོར་བའི་ལོངས་སྤྱོད་ལ་ཆགས་པ་མེད་པ་དེའི་ཚེ་རྟོགས་པར་འགྱུར་རོ། །ལོངས་སྤྱོད་ལ་ཆགས་པ་དང་བུ་དང་ཚ་བོ་ལ་སོགས་པ་ཡང་དག་པར་རྒྱས་པ་ནི་སྦྲུལ་གྱི་དུག་དང་འདྲ་བར་གནོད་པ་བྱེད་པའི་ཕྱིར་རོ། །དེའི་ཕྱིར་སྙིང་རྗེ་དང་ལྡན་པས་འདོད་པ་ཅན་སློང་བའི་མི་འོངས་པའི་ཚེ། བདག་ཉིད་སྲིད་པའི་དབང་གིས་ཅུང་ཟད་ཀྱང་མི་སྟེར་ན་ང་ལ་དངོས་གྲུབ་མི་འབྱུང་ངོ་ཞེས་བསམས་ནས་རང་གི་ཁྱིམ་ནས་ཐོན་ཏེ་ཕྱིར་བོར་བའི་ཁམ་པོར་བླངས་ནས་ལོངས་སྤྱོད་ལ་ཆགས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བསྟན་པའི་ཕྱིར། གཞན་ལ་ཕན་པ་མ་བྱས་ཤིང༌། །འདོད་པ་ལ་ནི་མི་སྟེར་བ། །འདི་ནི་འཁོར་བའི་འབྲས་བུ་གང༌། །དེ་བས་རིང་པོར་བྱས་ན་རུང༌། །ཞེས་གསུངས་ཏེ། གཞན་ལ་ཕན་པ་མ་ནུས་ན་ཁྱིམ་དང་ལོངས་སྤྱོད་ཀྱི་དགོས་པ་ཅི་ཡོད། གལ་ཏེ་གསེར་ལ་སོགས་པའི་ནོར་ཡོད་པ་སྦྱིན་པར་མི་གཏོང་ན་འཁོར་བར་གནས་པ་ལ་ནོར་དེར་འབྲས་བུ་མེད་ཅེས་བྱའོ། །དེའི་ཚེ་རང་ཉིད་བོར་བ་བྱས་ན་རུང་གི་ཁྱིམ་ནས་འཐོན་ལ་ལུས་དང་སྲོག་ལ་མི་ལྟ་བར་གནས་སོ་ཞེས་བྱ་བའི་དོན་ཏོ། །བྱིས་པའོ་སྐྱེ་བོ་རྣམས་ཀྱི་དོར་དོ་ཧ་མཛོད་ཀྱི་ཊཱི་ཀ་དཀའ་བའི་དོན་འགྲེལ་བྱས་པའོ། །རང་གིས་གོ་བར་བྱ་བའི་ཕྱིར། །དཀའ་འགྲེལ་བྱས་པ་འདི་ཡིས་ནི། །མིང་ནི་བདག་ཉིད་གོ་བྱེད་པ། །བླ་མ་བརྒྱུད་རི་མ་གསལ་བྱེད་པའོ། །གང་ཚེ་གཞན་གྱིས་བལྟས་ནས་ཀྱང༌། །དེ་ཚེ་དེ་ལ་ཕན་གྱུར་ན། །དེ་ན་སེམས་ཅན་དོན་གྱུར་ཡིན། །དེ་ལྟ་མིན་ན་བཟོད་པར་ཞུ། །རང་གི་དོན་དང་གཞན་དོན་དུ། །བདག་གིས་འདི་བྱས་བསོད་ནམས་ཀྱིས། །དེ་ཡིས་འཇིག་རྟེན་ཐམས་ཅད་ཀུན། །རང་བྱུང་ཡེ་ཤེས་ཐོབ་པར་ཤོག །དོ་ཧ་མཛོད་ཀྱི་དཀའ་འགྲེལ་སློབ་དཔོན་ཆེན་པོ་དཔལ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །རྒྱ་གར་ལྷོ་ཕྱོགས་ཡུལ་ཀོ་ས་ལར་སྐུ་འཁྲུངས་པའི་རྣལ་འབྱོར་པ་ཆེན་པོ་ཤྲཱི་བཻ་རོ་ཙ་ན་བཛྲས་བསྒྱུར་བའོ།། །།