དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ།
ཀུན་དགའ་སྙིང་པོ།
དེ་ལྟར་ཆོས་ཀྱི་ཕྱག་རྒྱའི་གཙོ་བོར་གྱུར་པའི་འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་བསྟན་ནས། ད་ནི་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་འཇིག་རྟེན་གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་གྱིས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོར་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །འདིར་དང་པོར་སྦྱོར་བའི་ཏིང་ངེ་འཛིན་ནི་འཇིག་རྟེན་ གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བཤད་པ ་ཉིད་གཟུང་བར་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །ཡང་ཞེས་བྱ་བ་ནི་འཇིག་རྟེན་ གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་ལ་ལྟོས་པས་ན་ཡང་ཞེས་བྱའོ། །དེ་བཞིན་གཤེགས་པ ་ཐམས་ཅད་ནི་ལས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིའི་དམ་ཚིག་ནི་འཇིག་རྟེན་ གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་འདི་ཉིད་དོ། །དེ་ལས་བྱུང་བ་ནི་སྐྱེས་པ ་སྟེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཐུགས་ལ་གནས་
པའི་རྡོ་རྗེ་རྩེ་ལྔ་པ་འབར་བ་ལས་བྱུང་བའོ། །དེས་བྱིན་གྱིས་བརླབས་པ་ནི་བརྟན་པར་བྱས་པའི་ཏིང་ངེ་འཛིན་གང་ཡིན་ པ་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་ནས། འཇིག་རྟེན་གསུམ ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་སྤྲུལ་པའི་ཕྱིར། ཕྱག་ན་རྡོ་རྗེའི་ཐུགས་ཀར་གནས་པའི་རྡོ་རྗེ་བརྟན་པར་བྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་བློ་ལ་གནས་པ་སྟེ། བདག་ཉིད་རང་གི་རིག་པ་དམ་པ་འདི་གསུངས་པ་ནི་བཤད་པའོ། །ཨོཾ་བཛྲ་ཀརྨ་པྲ་བརྟ་ནི་ས་མ་ཡེ་ཧཱུཾ་ཞེས་བྱ་བ་འདི་ནི། འཇིག་རྟེན་ གསུམ་གྱི་འཁོར་ལོ་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་བསྐྱེད་པའི་རྒྱུར་གྱུར་པ ་ཉིད་ཀྱིས་རིག་པ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པས་ན་རིག་པ་དམ་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་བྲན་མོ་རྣམས་ཀྱིའོ་ཞེས་བྱ་བའི་བར་དུ་བསྟན་པ་ནི་གོ་སླའོ། །དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ནས་བྲན་མོ་རྣམས་ཀྱིའོ་ཞེས་བྱ་བའི་བར་དུ་བསྟན་པའི་གཞུང་འདིས་ནི་འཇིག་རྟེན་ གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ ་
གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབ་པ་ལ་སོགས་པ་བསྟན་ པ་ནི། འཇིག་རྟེན་གསུམ ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་གྱི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ གསུམ་པ ་ཡིན་པར་ཤེས་པར་བྱའོ། །འཇིག་རྟེན་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང༌། དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་དེ་ལས་གསུངས་པའི་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་ པ་འཇིག་རྟེན་གསུམ ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང༌། སློབ་མ་འཇུག་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་སྐབས་སུ་བབ་པའོ། །ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །ཡང་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་ལ་ལྟོས་པའོ། །རྡོ་རྗེའི་རིགས་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། སྔར་བསྙེན་པ་བྱས་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །དེའི་དོན་ནི་འདི་སྐད་སྟོན་ པ་ཡིན་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། དེ་ནས་འཇིག་རྟེན་ གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་རིག་པ ་རྣམས་རེ་རེ་ཞིང་ཡང་བཟླས་ པ་ཁྲི་བྱའོ། །དེ་ལྟར་བྱས་ན་སྔོན་དུ་བསྙེན་པར་འགྱུར་རོ། །དེ་ནས་འཇིག་རྟེན་གསུམ ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་ཏིང་དེ་འཛིན་ གསུམ་བསྒོམ་པ ་སྔོན་དུ་འགྲོ་བས་ཞག་བདུན་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་བྲི་བའམ། འཇིག་རྟེན་གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཏིང་ངེ་འཛིན་རྣམ་ པ་གསུམ ་བསྒོམ་ པ་སྔོན་དུ་འགྲོ་བས་འཇིག་རྟེན་གསུམ ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་ཟླ་བ་གཅིག་གམ་ཟླ་བ་དྲུག་གམ། ལོ་གཅིག་གི་བར་དུ་བསྒོམས་ལ་ཇི་སྲིད་མངོན་སུམ་དུ་གྱུར་ལ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་པ་དཀྱིལ་འཁོར་འདི་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་རྒྱུ་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འཇིག་རྟེན་
གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་དུ་འཇུག་པ ་མེད་ན། དེས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ཀྱི་འདོད་པའི་དོན་གྱི་དངོས་གྲུབ་ཏུ་མི་འགྱུར་བ་དེའི་ཕྱིར། རབ་ཏུ་བཤད་པར་བྱ་ཞིང་རྣམ་པར་དབྱེ་བར་བྱའོ། །ལས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །རྡོ་རྗེའི་དཀྱིལ་འཁོར་ཚུལ་གྱིས་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུས་བྲེ། །ཞེས་བྱ་བ་ནི། འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེའི་དཀྱིལ་འཁོར་རོ། །འདིར་དེའི་ཚུལ་གྱིས་ལས་ཀྱི་དཀྱིལ་འཁོར་འདི་ཐམས་ཅད་སྲད་བུས་བྲེ་བར་བྱའོ། །དེ་འདིར་བསྟན་པ་ནི། གྲྭ་བཞི་པ་ལ་བྱང་ཕྱོགས་སྒོ། །ཕྱི་རོལ་དཀྱིལ་འཁོར་སྲད་བུས་བྲེ། །དེ་ཡི་ནང་དུ་དེར་ཡང་ནི། །དེ་བཞིན་སྒོ་ནི་ཤར་ཕྱོགས་གདོད། །ཅེས་བྱ་བ་གསུངས་སོ། །དཀྱིལ་འཁོར་མཆོག་གི་གནས་སུ་ཕྱོགས་བཞིའི་དབུས་ཀྱི་ཆ་ཐམས་ཅད་དུ་སངས་རྒྱས་དབུས་ན་བཞུགས་པར་བྱ། ཞེས་བྱ་བ་ནི། སངས་རྒྱས་དབུས་ན་བཞུགས་པ་རྣམས་ནི་སངས་རྒྱས་དབུས་ན་བཞུགས་པ་སྟེ། དཀྱིལ་འཁོར་གྱི་མཆོག་གོ །དེ་ལ་རྡོ་རྗེ་ཧཱུཾ་མཛད་དང༌། རིན་ཆེན་དང༌། ཆོས་དང༌། ལས་ཀྱི་ཧཱུཾ་མཛད་ཉིད་སངས་རྒྱས་སུ་འདོད་ཀྱི། རྣམ་པར་སྣང་མཛད་ལ་སོགས་པ་ནི་མ་ཡིན་ཏེ། གང་གི་ཕྱིར་འདིར་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་གཟུགས་ཀྱིས་གནས་པའི་ཕྱིར་རོ། །དེ་དག་གིས་ནི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་བཞིའི་རང་རང་གི་ཕྱོགས་གཉིས་ཀར་རིམ་པ་བཞིན་དུ་བྱའོ། །ཡང་གི་སྒྲ་ནི་ངེས་པར་གཟུང་བ་སྟེ་རིམ་པ་ཉིད་དོ། །སེམས་དཔའ་ཆེན་པོ་རྣམས་ཀྱང་གཞག་ཅེས་བྱ་བ་ནི། ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་བར་དུ་བྲི་བར་བྱའོ། །དེའི་ཞེས་བྱ་བ་ནི། བཤད་མ་ཐག་པའི་ཕྱིར་དཀྱིལ་འཁོར་དེའིའོ། །དབུས་ནི་ནང་གི་དཀྱིལ་འཁོར་གྱི་ལྟེ་བའི་ཕྱོགས་སུའོ། །རྡོ་རྗེ་རིག་པ་དམ་པ་ཆུང་མ་དང་བཅས་པ་དང༌། རྡོ་རྗེ་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་བཞིའོ། །དེ་ཡི་ལྷ་མོ་གོ་རིམས་བཞིན། །རྡོ་རྗེའི་དཀྱིལ་འཁོར་ཚུལ་བཞིན་དུ། །ཞེས་བྱ་བ་ནི། ནང་གི་དཀྱིལ་འཁོར་གྱི་གོ་རིམས་བཞིན་རྡོ་རྗེ་གསེར་ལ་སོགས་པའི་ལྷ་མོ་རྣམས་འཇིག་རྟེན་ གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་རིམ་
པ ་བཞིན་དུ་བྲི་བར་བྱའོ། །ཇི་ལྟ་བུར་གྱུར་པ་ཞིག་བྲི་བར་བྱ་ཞེ་ན། རང་གི་ཕྱག་རྒྱ་ཕྱག་རྒྱ་འདྲ། །གར་བྱེད་པ་ནི་བྲི་བར་བྱ། །ཞེས་བྱ་བ་ནི། དེ་ལ་རྡོ་རྗེ་གསེར་དང༌། རྡོ་རྗེ་གཞོན་ནུ་མ་དང༌། རྡོ་རྗེ་ཞི་བ་མོ་དང༌། རྡོ་རྗེ་ཁུ་ཚུར་དང༌། རྡོ་རྗེ་བདུད་རྩི་དང༌། རྡོ་རྗེ་མདའ་དང༌། རྡོ་རྗེ་དབྱུག་པ་དང༌། རྡོ་རྗེ་རྐེད་བཅིངས་དང༌། རྡོ་རྗེ་འཇུ་མ་དང༌། རྡོ་རྗེ་ཟབ་མོ་རྣམས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ནི་དེའི་ཕྱག་རྒྱའོ། །རྡོ་རྗེ་ཆུ་སྲིན་མ་དང༌། རྡོ་རྗེ་རུལ་པ་མོ་དང༌། རྡོ་རྗེ་དུས་དང༌། རྡོ་རྗེ་ཁ་དང༌། རྡོ་རྗེ་འཁོར་མ་དང༌། རྡོ་རྗེ་འབར་མ་དང༌། རྡོ་རྗེ་མགྱོགས་མ་དང༌། རྡོ་རྗེ་ཕོ་ཉ་མ་དང༌། རྡོ་རྗེ་དབང་མོ་དང༌། རྡོ་རྗེ་སྒོ་བ་མ་རྣམས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ནི་ལན་གྱི་ཕྱག་རྒྱར་བརྗོད་དོ། །ལུགས་སུ་བྱུང་བ་དང༌། ལུགས་ལས་བ་ཟློག་པའི་ཚུལ་གྱིས་ཕྱག་རྒྱ་དང་ཕྱག་རྒྱའི་ལན་དུ་ཤེས་པར་བྱའོ། །དེ་ལ་རྡོ་རྗེ་གསེར་གྱི་གར་གྱི་མཆོད་པ་བྱས་ལ། རྡོ་རྗེ་ཆུ་སྲིན་གྱི་གར་གྱི་མཆོད་བས་ཕྱག་རྒྱའི་ལན་བྱའོ། །དེ་བཞིན་དུ་རྡོ་རྗེ་ཟ་བའི་གར་གྱི་མཆོད་པ་བྱ་སྟེ། རྡོ་རྗེ་སྒོ་བ་མའི་གར་གྱི་མཆོད་པས་ཕྱག་རྒྱའི་ལན་གྱི་བར་དུ་བྱའོ། །དེ་ལྟར་རང་གི་ཕྱག་རྒྱ་དང༌། ཕྱག་རྒྱའི་ལན་གྱིས་གར་བྱེད་བའི་ཚུས་ཀྱིས་བྲི་བར་བྱའོ། །ཅིའི་ཕྱིར་དེ་ལྟར་བྲི་བར་བྱ་ཞེ་ན། སངས་རྒྱས་རྡོ་རྗེ་ཅན་མཆོད་ཕྱིར། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་བྱ་ཞེ་ན། རྡོ་རྗེ་གར་གྱི་ཚུལ་གྱིས་སོ། །ཞེས་བྱ་བ་སྨོས་ཏེ། གར་བྱེད་པའི་ཚུལ་དུ་བྲི་བར་བྱའོ། །དེ་ལྟར་རྡོ་རྗེ་གར་བྱེད་པའི་ཚུལ་གྱིས་གློག་འགྱུར་བ་ལྟ་བུ་མདུན་དུ་བསྐོར་པ་འདི་ནི་རྡོ་རྗེ་གར་བྱེད་པ་ཞེས་གྲགས་སོ། །གྲྭ་དང་སྒོའི་ཕྱོགས་རྣམས་སུ་འདུག་པ་ལ་སོགས་པ་རིམ་པ་བཞིན་ཞེས་བྱ་བ་ནི། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་བདུག་པ་མ་ལ་སོགས་པའི་ལྷ་མོ་བཞི་དང༌། ནང་གི་དཀྱིལ་འཁོར་གྱི་སྒོར་རྡོ་རྗེ་གླང་སྣ་མ་དང༌། ཕྲེང་བ་མ་དང༌། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་སྒོར་རྡོ་རྗེ་དབང་དང༌། རྣམ་པར་རྒྱལ་བའི་རྡོ་རྗེ་དག་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོ་ག་བཞིན་དུ་བྲི་བར་བྱའོ་ཞེས་བྱ་བ་འདི་ནི་རིམ་པ་བཞིན་ཞེས་བྱ་བའི་དོན་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། དཀར་པོའི་ཁ་དོག་གིས་ཐིག་སྐུད་སོ་སོར་ཁ་བསྒྱུར་ལ།
དེ་ཉིད་ཀྱི་རིམ་པ་བཞིན་བཞག་ལ་ཧཱུཾ་ཏྲཱཾ་ཧྲཱིཿ་ཨ་ཨཱ་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམ་པ་ལྔའི་ས་བོན་གྱི་ཡི་གེ་དེ་རྣམས་རང་རང་གི་ཁ་དོག་གི་ཐིག་སྐུད་དེ་རྣམས་ལ་རིམ་པ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་བཀོད་ལ་བར་སྣང་གི་ཕྱོགས་ན་བཞུགས་པ་རྣམས་ལས་རང་གི་ས་བོན་ལས་བྱུང་བའི་འོད་ཟེར་དང་ཡང་འབར་བའི་ལྟ་བས་བལྟ་ཞིང་བཀུག་ལ་ལག་ན་གནས་པའི་སྔོན་པོ་ལ་སོགས་པའི་ཐིག་སྐུད་དེ་རྣམས་བཀང་ལ། ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦྦ་དྷརྨྨཱ་སྥར་སྥར་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨཱ་ཨ་ཏྱ་ན་ཧ་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨཱ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝཱན་བཛྲ་ཧཱུཾ་ཕཊ། ཅེས་བྱ་བས་བསྒྲིལ་བར་བྱའོ། །དེ་ནས་དྲིས་བྱུགས་ལ། གསེར་ལ་སོགས་པའི་སྣོད་དུ་ཐིག་སྐུད་དེ་བཞག་ལ། མེ་ཏོག་གཏོར་བ་དང༌། བདུག་པ་ཕུལ་ལ་རྡོ་རྗེ་བསྡམས་པས་བཟུང་ལ། ཨོཾ་བཛྲ་སཱུ་ཏྲ་ཨཱ་ཀཪྵ་ཡ་སརྦྦ་མཎྜལ་ཧཱུཾ། ཞེས་བྱ་བ་དེས་སྔགས་ལན་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་དང༌། རིན་ཆེན་དང༌། ཆོས་དང་ལས་ཀྱི་ཧཱུཾ་མཛད་ཀྱང་བཟླ་བར་བྱའོ། །དེ་ནས་རིམ་པ་ཇི་ལྟ་བ་བཞིན་དུ་གཡོན་པའི་ཁུ་ཚུར་གྱིས་ཐིག་སྐུད་དེ་བླངས་ལ། ཨོཾ་བཛྲ་སཱུ་ཏྲ་ཨ་ཀཪྵ་ཡ་སརྦྦ་མཎྜལ་ཧཱུཾ་ཞེས་བྱ་བའི་སྙིང་པོ་འདིས་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །དང་པོར་རེ་ཞིག་ཚངས་པའི་ཐིག་གཉིས་གདབ་སྟེ། །དེ་ནས་ཕྱིའི་དཀྱིལ་འཁོར་ཟུར་བཞི་པ། བྱང་ཕྱོགས་སུ་སྒོ་བཏོད་པ་ཐིག་བཏབ་ལ་དེའི་ནང་དུ་ཆ་དྲུག་ཏུ་ཕྱེ་བ་ལས་དཀྱིལ་འཁོར་གཉིས་པ་ཆ་བཞི་པ་སྒོ་ཤར་དུ་བཏོད་བའོ། །དཀྱིལ་འཁོར་གཉིས་པ་དེའི་དབུས་སུ་དེའི་ཕྱེད་ཀྱི་ཚད་རྡོ་རྗེ་རིག་པ་དམ་བའི་གནས་ཐིག་གདབ་པར་བྱའོ། །དེ་ནས་སྲད་བུ་བྲེས་པ་དེར་དག་པའི་ཚོན་གྱིས་དགང་བར་བྱའོ། །ཚོན་རྩི་འདྲི་བའི་སྙིང་པོ་དང༌། གཡོན་པའི་རྡོ་རྗེ་ཁུ་ཚུར་ཆེས། །ཆོ་ག་བཞིན་དུ་གཟུང་བར་བྱ། །དང་པོ་བྲིས་ནས་ཕྱིས་ཅི་བདེར། །དེ་ལ་འདི་ནི་ཚོན་གྱི་སྙིང་པོ་ཡིན་ཏེ། ཨོཾ་བཛྲ་རཱ་ཀ་ས་མ་ཡ་ཧཱུཾ། ཚོན་རྩི་འདྲི་བ་ནི་ཚོན་རྩི་དཀར་པོ་ལ་ཡི་གེ་ཨ་ལས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་གཟུགས་བརྙན་དཀར་པོ་དང༌། སྡོན་པོ་ལ་ཡི་གེ་ཧཱུཾ་ལས་དེ་བཞིན་
གཤེགས་པ་མི་བསྐྱོད་པའི་གཟུགས་བརྙན་སྔོན་པོ་དང༌། སེར་པོ་ལ་ཡི་གེ་ཧྲཱཾ་ལས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་གཟུགས་བརྙན་སེར་པོ་དང༌། དམར་པོ་ལ་ཡི་གེ་ཧྲཱིཿ་ལས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་གཟུགས་བརྙན་དམར་བོ། ལྗང་གུ་ལ་ཡི་གེ་ཨ་ལས། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་གཟུགས་བརྙན་ལྗང་གུ་བསྐྱེད་ལ། སྔར་བཤད་བའི་ཚོན་རྩི་བྱིན་གྱིས་བརླབ་པའི་ཕྱག་རྒྱ་དང༌། ཨོཾ་བཛྲ་རཱ་ཀ་ས་མ་ཡ་ཧཱུཾ། ཞེས་བྱ་པ་འདི་རེ་རེ་ཞིང་ལན་བདུན་བདུན་བཟླས་པར་བྱའོ། །དེ་ལ་དང་པོར་སྔོན་པོ་དང༌། དེ་ནས་སེར་པོ་དང༌། དེ་ནས་དམར་པོ་དང༌། དེ་ནས་ལྗང་གུ་དང༌། དེ་ནས་ཐམས་ཅད་ཀྱི་ནང་དུ་དཀར་པོས་དཀྱིལ་འཁོར་གཉིས་ཚོན་སྣ་ལྡས་བྲི་བར་བྱའོ། །དེ་ལྟར་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་དང༌། གཟུངས་ཀྱི་དཀྱིལ་འཁོར་རྣམས་ལ་ཡང་ཤེས་པར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ལ། དཀྱིལ་འཁོར་དབུས་མའི་དབུས་སུ། རྡོ་རྗེ་རིག་པ་དམ་པ་རང་གི་ཆུང་མ་དང་བཅས་པ་གར་བྱེད་པའི་སྦྱོར་བས་གནས་པ་བྲི་བར་བྱའོ། །དཀྱིལ་འཁོར་དེ་ཉིད་ཀྱི་ཤར་ལྷོའི་མཚམས་ཀྱི་ཆ་ལ་སྒེག་མོ། ལྷོ་ནུབ་ཀྱི་མཚམས་སུ་ཕྲེང་བ་མ། ནུབ་བྱང་གི་མཚམས་སུ་གླུ་མ། བྱང་ཤར་གྱི་མཚམས་སུ་གར་མ་བྲི་བར་བྱའོ། །དཀྱིལ་འཁོར་གཉིས་པའི་ཤར་ཕྱོགས་ཀྱི་ལྷའི་སྣམ་བུའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་འབར་བ་བྲི་བ་དང༌། དེ་བཞིན་དུ་ལྷོ་ཕྱོགས་དང༌། ནུབ་ཕྱོགས་དང༌། བྱང་གི་ཕྱོགས་སུ་ཡང་བྲི་བར་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་རྡོ་རྗེའི་ཕྱག་རྒྱའི་བྱང་གི་ཆ་ལ་རྡོ་རྗེ་གསེར་དང༌། རྡོ་རྗེ་གཞོན་ནུ་མ་གཉིས་བྲི་བར་བྱའོ། །རྡོ་རྗེའི་ཕྱག་རྒྱ་དེ་ཉིད་ཀྱི་ལྷོ་ཕྱོགས་ཀྱི་ཆ་ལ་རྡོ་རྗེ་ཞི་བ་དང༌། རྡོ་རྗེ་ཁུ་ཚུར་རོ། །ལྷོ་ཕྱོགས་ཀྱི་རྡོ་རྗེ་ཕྱག་རྒྱའི་ཤར་ཕྱོགས་ཀྱི་ཆ་ལ་རྡོ་རྗེ་བདུད་རྩི་དང༌། རྡོ་རྗེ་འོད་དོ། །རྡོ་རྗེའི་ཕྱག་རྒྱ་དེ་ཉིད་ཀྱི་ནུབ་ཕྱོགས་ཀྱི་ཆ་ལ། རྡོ་རྗེ་དབྱིག་པ་དང༌། རྡོ་རྗེ་རྐེད་བཅིངས་མའོ། །ནུབ་ཕྱོགས་ཀྱི་རྡོ་རྗེ་ཕྱག་རྒྱའི་ལྷོ་ཕྱོགས་ཀྱི་ཆ་ལ། རྡོ་རྗེ་ཕོ་ཉ་མ་དང༌། རྡོ་རྗེ་མགྱོགས་མའོ། །རྡོ་རྗེའི་ཕྱག་རྒྱ་དེ་ཉིད་ཀྱི་བྱང་ཕྱོགས་ཀྱི་ཆ་ལ། རྡོ་རྗེ་འབར་བ་དང༌། རྡོ་རྗེ་འཁྱོར་མའོ། །བྱང་ཕྱོགས་ཀྱི་རྡོ་རྗེ་ནུབ་ཕྱོགས་ཀྱི་ཆ་ལ། རྡོ་རྗེ་ཁ་དང༌། རྡོ་རྗེ་དུས་སོ། །རྡོ་རྗེའི་ཕྱག་རྒྱ་དེ་ཉིད་ཀྱི་ཤར་
ཕྱོགས་ཀྱི་ཆ་ལ་རྡོ་རྗེ་རུལ་པ་མོ་དང༌། རྡོ་རྗེ་ཆུ་སྲིན་མོ་བྲི་བར་བྱའོ། །དེ་ཉིད་ཀྱི་དཀྱིལ་འཁོར་གཉིས་པ་མེའི་མཚམས་ཀྱི་ཆ་ལ་འཇིགས་མ། བདེན་བྲལ་དུ་དཔལ་མོ། །རླུང་དུ་དབྱངས་ཅན་མ། དབང་ལྡན་དུ་དཀའ་བཟློག་མ་བྲི་བར་བྱའོ། །དཀྱིལ་འཁོར་དེ་ཉིད་ཀྱི་སྒོའི་དབུས་སུ་རྡོ་རྗེ་འཇུ་མ་དང༌། རྡོ་རྗེ་ཟ་བ་མའོ། །ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་ཤར་ཕྱོགས་ཀྱི་དབུས་ཀྱི་ཆ་ལ་རྡོ་རྗེ་ཧཱུཾ་མཛད། དེའི་བྱང་ཕྱོགས་ཀྱི་ལོགས་སུ་ཁྲོ་བོ་རྡོ་རྗེ་སེམས་དཔའ་དང༌། ཁྲོ་བོ་རྡོ་རྗེ་རྒྱལ་པོའོ། །རྡོ་རྗེ་ཧཱུཾ་མཛད་དེ་ཉིད་ཀྱི་ལྷོ་ཕྱོགས་ཀྱི་ཆ་ལ་ཁྲོ་བོ་རྡོ་རྗེ་ཆགས་པ་དང༌། ཁྲོ་བོ་རྡོ་རྗེ་ལེགས་པ་བྲིའོ། །དཀྱིལ་འཁོར་དེ་ཉིད་ཀྱི་ལྷོ་ཕྱོགས་ཀྱི་ཆ་ལ་རིན་ཆེན་ཧཱུཾ་མཛད་དང༌། དེའི་ཤར་ཕྱོགས་ཀྱི་ལོགས་སུ་ཁྲོ་བོ་རྡོ་རྗེ་རིན་ཆེན་དང༌། ཁྲོ་བོ་རྡོ་རྗེ་ཉི་མའོ། །དེ་ཉིད་ཀྱི་ནུབ་ཕྱོགས་ཀྱི་ཆ་ལ་ཁྲོ་བོ་རྡོ་རྗེ་དཔལ་དང༌། ཁྲོ་བོ་རྡོ་རྗེ་བཞད་པའོ། །ནུབ་ཕྱོགས་ཀྱི་ལྷའི་སྣམ་བུའི་དབུས་ཀྱི་ཆ་ལ་ཆོས་ཀྱི་ཧཱུཾ་མཛད། དེའི་གཡས་ཕྱོགས་ཀྱི་ལོགས་སུ་ཁྲོ་བོ་རྡོ་རྗེ་ཆོས་དང༌། ཁྲོ་བོ་རྡོ་རྗེ་རྣོན་པོའོ། །དེ་ཉིད་གཡོན་ཕྱོགས་ཀྱི་ལོགས་སུ་ཁྲོ་བོ་རྡོ་རྗེ་རྒྱུ་དང༌། ཁྲོ་བོ་རྡོ་རྗེ་སྲུང་བའོ། །དེའི་བྱང་ཕྱོགས་ཀྱི་ལྷའི་སྣམ་བུའི་དབུས་ཀྱི་ཆ་ལ་ལས་ཀྱི་ཧཱུཾ་མཛད། དེའི་གཡས་ཕྱོགས་ཀྱི་ལོགས་སུ་ཁྲོ་བོ་རྡོ་རྗེ་ལས་དང༌། ཁྲོ་བོ་རྡོ་རྗེ་སྲུང་བའོ། །དེའི་གཡོན་ཕྱོགས་ཀྱི་ཆ་ལ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དང༌། ཁྲོ་བོ་རྡོ་རྗེ་ཁུ་ཚུར་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་དེ་ཉིད་ཀྱི་མེའི་མཚམས་ཀྱི་ཆ་ལ། རྡོ་རྗེ་བདུག་པ་མ་དང༌། འཇིགས་མའི་མཚན་མའི་ཕྱག་རྒྱ་བྲི་བར་བྱའོ། །བདེན་བྲལ་དུ་རྡོ་རྗེ་མེ་ཏོག་མ་དང༌། ལྷ་མོ་དཔལ་མོའི་མཚན་མའི་ཕྱག་རྒྱའོ། །རླུང་དུ་རྡོ་རྗེ་མར་མེ་དང༌། དབྱངས་ཅན་མའི་མཚན་མའི་ཕྱག་རྒྱའོ། །དབང་ལྡན་གྱི་མཚམས་ཀྱི་ཆ་ལ་རྡོ་རྗེ་དྲི་མ་དང༌། དཀའ་བཟློག་མའི་མཚན་མའི་ཕྱག་རྒྱ་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་སྒོའི་དབུས་སུ་རྡོ་རྗེ་སྒོ་བ་མ་དང༌། རྡོ་རྗེ་དབང་མོ་དག་བྲི་བར་བྱའོ། །དེ་ལ་རྡོ་རྗེ་ཧཱུཾ་མཛད་དང༌། རིན་ཆེན་དང༌། ཆོས་དང༌། ལས་ཀྱི་ཧཱུཾ་མཛད་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཕྱག་རྒྱ་ཆེན་པོ། འཇིག་རྟེན་ གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་ལས་
བཤད་པའི་རིག་པ ་རྣམས་ཀྱིས་བྲི་བར་བྱའོ། །ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་དྲིལ་བུའི་མཐར་ཐུག་པ་བྲི་བར་བྱའོ། །སྒེག་མོ་ལ་སོགས་པ་ནི་འཇིག་རྟེན་ གསུམ་ལས་རྣམ་པ ་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཕྱག་རྒྱ་ཆེན་པོའི་སྔགས་ཀྱིས་བྲི་བར་བྱའོ། །རྡོ་རྗེ་རིག་པ་མཆོག་ལ་སོགས་པ་ནས་རྡོ་རྗེ་ཆུ་སྲིན་གྱི་མཐར་ཐུག་ པ་ནི། འཇིག་རྟེན་གསུམ ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་དུ་བཤད་པའི་ཕྱག་རྒྱ་ཆེན་པོའི་རིག་པ་རྣམས་ཀྱིས་བྲི་བར་བྱའོ། །འཇིགས་མ་ལ་སོགས་པའི། །ཨོཾ་སརྦྦ་བཛྲ་ག་མི་ནི་སརྦྦ་བ་ཀྵེ་སཱ་དྷ་ཡ་གུ་ཧྱ་བཛྲི་ཎི་ཧཱུཾ་ཞེས་བྱ་བ་ནི། འཇིག་རྟེན་ གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མ་མོ་ཐམས་ཅད་ཀྱི་སྤྱིའི་རིག་པ ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས། རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས། །ཁྲོ་བོ་ཏི་རཱི་ནྟི་རིའི་ཕྱག་རྒྱ་བཅིངས་ནས། དེས་མེ་ཏོག་གི་ཕྲེང་བ་བླངས་ཏེ། རྡོ་རྗེ་ཤུགས་ཀྱིས་ཞུགས་ལ། ཧཱུཾ་བཞི་བརྗོད་ཅིང་དཀྱིལ་འཁོར་དུ་ཞུགས་ནས་ལན་བདུན་བསྐོར་བ་བྱས་ཏེ། ལྷག་པ་དང་མ་ཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་མེ་ཏོག་གི་ཕྲེང་བ་ཕུལ་ནས་གར་བྱས་ཏེ་བླངས་ལ་རང་གི་སྤྱི་བོར་བཅིང་བར་བྱའོ། །དེ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྒོ་དབྱེ་བའི་ཕྱག་རྒྱས་དཀྱིལ་འཁོར་གྱི་སྒོ་གཉིས་ཀ་དབྱེ་བར་བྱའོ། །སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་བཛྲ་ཨུཏྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཤཱི་གྷྲཾ་སྨ་ར་བཛྲ་ས་མ་ཡ་ཧཱུཾ་ཕཊ། དེ་ནས་བུམ་པ་གཞུག་པ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ནས། སློབ་དཔོན་གྱིས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ཐུག་པའི་རང་ཉིད་འཇུག་པའི་ཆོ་ག་དང༌། སློབ་མ་འཇུག་པ་ལ་སོགས་པའི་ཆོ་གའི་ཚུལ་དུ་རྗེས་སུ་སྤྱད་པས་དེ་ནས་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། དཀྱིལ་འཁོར་རྡོ་རྗེས་བསྒྲུབ་པར་བྱའོ། །དེ་ནས་བསྡུ་བ་བྱས་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་བསྟོད་པར་བྱའོ། །དེ་ནས་ཞེས་བྱ་བ་ནི། དེ་མ་ཐག་པ་སྟེ།
མཚན་བརྒྱ་རྩ་བརྒྱད་པས་བསྟོད་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་འདིར་དགུག་པ ་ལ་སོགས་པའི་ལས་བྱས་ནས་ཞེས་བྱ་བ་ནི། དེ་ལ་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱས་དགུག་པའི་ལས་ནི། །དེ་ཉིད་དང་པོར་བྱས་པའི་དགུག་པ་ལ་སོགས་པ་ལས་གང་ཡིན་པ་དེ་བྱེད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་བཤད་པའི་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་དགུག་ པ་དང༌། དེ་ནས་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་པའི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཞགས་པའི་ཕྱག་རྒྱས་དཀྱིལ་འཁོར་དུ་གཞུག་ པ་དང༌། ལྕགས་སྒྲོག་གི་ཕྱག་རྒྱས་བཅིང་བ་དང༌། འཇིག་རྟེན་གསུམ ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཁྲོ་པོ་རྡོ་རྗེ་འབེབས་པའི་ལས་ཀྱི་ཕྱག་རྒྱས་དབང་དུ་བྱའོ། །དེ་ནས་ཁྲོ་བོ་རྡོ་རྗེ་གནོད་སྤྱིན་གྱིས་བགེགས་བསྐྲད་ལ། ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་ནས། ཁྲོ་བོ་རྡོ་རྗེ་གོ་ཆས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུང་བར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱིས་མཆོད་ཡོན་ཕུལ་ལ། རང་གི་དམ་ཚིག་གི་ཕྱག་རྒྱས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུ་བསྒྲུབས་ལ། དེ་ནས་ཆོས་དད་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱ་བཏབ་སྟེ། དབང་བསྐུར་ནས་ཕྱི་རོལ་གྱི་མཆོད་པ་དང་རྡོ་རྗེ་སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་དང༌། རྡོ་རྗེ་གསེར་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ལས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་མཆོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ། སློབ་མ་གཞུག་པའི་གནང་བ་ནོད་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་སློབ་མ་ལ་ཕྱག་བཞི་བྱེད་དུ་བཅུག་ལ། རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ཏེ། རྡོ་རྗེ་ཧཱུཾ་མཛད་ཡོངས་སུ་བཟླས་པའི་ཕྱི་རོལ་ན་གནས་པའི་ཆུས་དབང་བསྐུར་རོ། །རྡོ་རྗེ་འཆང་པའི་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ་ཞེས་བྱ་བ་ནི། དེ་ལྟར་དབང་བསྐུར་ནས་སློབ་དཔོན་རང་ཉིད་རྡོ་རྗེ་འཆད་པའི་སྔར་བཤད་པའི་མཚན་ཉིད་ཅན་བཅིངས་ལ། སློབ་མ་ཡང་འཆིང་
དུ་གཞུག་གོ །འདིའི་སྙིང་པོ་ནི། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་དྷཱ་ར་གྲྀ་ཧྞ་ས་མ་ཡ་ཧཱུཾ། འདི་སྐད་དུ་སྨྲོས་ཤིག །ཁྱོད་ཀྱིས་ལྷའི་རིགས་མ་མཐོང་བ་དང༌། ལས་མི་ཤེས་པ་སུ་ལ་ཡང་གསང་པའི་ལས་འདི་མ་སྨྲ་ཤིག་ཅེས་བྱ་བ་ལས་མི་ཤེས་པའི་ལས་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པས། ལས་ཀྱི་དཀྱིལ་འཁོར་མ་མཐོང་བ་ལས་མི་ཤེས་པ་ཞེས་བརྗོད་དོ། །འདིར་འཆད་པར་འགྱུར་པའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་གསང་བ་དེ་ཐམས་ཅད་བརྗོད་པར་མི་བྱའོ། །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བྱ་བ་ནི་གཟིར་པར་འགྱུར་བའོ། །དེ་ནས་ཡོན་གྱི་མཆོག་བླངས་ལ། རྡོ་རྗེ་འཛིན་མའི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་སྟེ། རྡོ་རྗེ་སློབ་དཔོན་རང་གི་ལས་ཀྱི་རྡོ་རྗེ་འཛིན་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་ཞེས་བྱ་བ་ནི། སློབ་དཔོན་རང་ཉིད་ཀྱིས་ལས་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེ་འཛིན་མའི་དམ་ཚིག་གི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ། ཁྲོ་བོའི་ལྟ་བས་བལྟ་ཞིང་སློབ་མ་ལ་དབབ་པར་བྱའོ། །སློབ་མ་འདི་སྐད་བརྗོད་དུ་གཞུག་གོ །ཨོཾ་བཛྲ་ཛིཪྻ་ཞེས་བྱ་བ་ལ་སོགས་པ་དེས་འབབ་པར་འགྱུར་རོ། །ཡང་བབས་ན། བདག་ཉིད་ཀྱིས་འཇུག་པར་བྱ་སྟེ། རྡོ་རྗེ་ཤུགས་ཀྱི་སྙིང་པོ་འདིས་འཇུག་པར་བྱའོ། །ཨོཾ་པྲ་བེ་ཤ་བཛྲ་པྲ་བེ་ཤ་བཛྲ་ཨཱ་བེ་ཤ་བཛྲ་ཨ་དྷི་ཏིཥྛ་བཛྲ་ཧཱུཾ། གལ་ཏེ་སྔ་མའི་འཇུག་པས་བྱའོ་ཞེ་ན། མ་ཡིན་ཏེ་དབབ་པ་ཙམ་ཡིན་པའི་ཕྱིར་རོ། །འདི་ཉིད་ཀྱིས་བབས་ནས་འཇུག་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱའོ། །ཕྱག་རྒྱ་དང་ལྡན་གྱི་ཕྱག་རྒྱ་རྣམས་ཀྱི་གར་གྱི་མཆོད་པས་མཆོད་པར་བྱའོ་ཞེས་བྱ་བ་ནི་བབས་པའི་མཐུས་མ་བརླབས་པའི་སློབ་མ་རྣམས་ཀྱང་རྡོ་རྗེ་གསེར་གྱི་ཕྱག་རྒྱ་འཆིང་བ་དང༌། དེ་ནས་དེ་བཀྲོལ་ན་རྡོ་རྗེ་ཆུ་སྲིན་གྱི་ཕྱག་རྒྱ་འཆིང་བ་དང༌། དེ་བཞིན་དུ་རྡོ་རྗེ་བཟའ་བ་མའི་བར་གྱི་ཕྱག་རྒྱ་བཅིངས་ཏེ། དེ་ནས་དེ་བཀྲོལ་ལ་རྡོ་རྗེ་སྒོ་བ་མའི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལྟར་ན་དེ་ནི་ཕྱག་རྒྱ་དང་ལན་གྱི་ཕྱག་རྒྱ་རྣམས་ཀྱིས་གར་གྱི་མཆོད་པས་མཆོད་པ་ཡིན་ནོ། །དེ་ལྟར་བྱས་པར་གྱུར་ན་དེས་ཅི་ཞིག་ཏུ་འགྱུར་ཞེ་ན་དེང་ཕྱིན་ཆད་ཅེས་བྱ་བ་སྨོས་ཏེ།
དེང་ནས་བརྩམས་ཏེ། ལས་ཐམས་ཅད་ཀྱི་རྡོ་རྗེ་གསེར་ལ་སོགས་པའི་ལས་བྱེད་པར་འགྱུར་རོ། །གང་རྣམས་ཀྱིས་བྱེད་པར་འགྱུར་ཞེ་ན། ལུས་དང་ངག་དང་ལྟ་བ་དང་ཡིད་དང༌། རྡོ་རྗེའི་ཕྱག་རྒྱ་རྣམས་ཀྱིས་ཞེས་བྱ་བ་སྨོས་ཏེ། དེ་ལ་ལུས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་དང༌། རྡོ་རྗེ་རིག་པ་དམ་པ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའོ། །ངག་གི་ཕྱག་རྒྱ་ནི་དེ་དག་གི་རིག་པའོ། །ལྟ་པའི་ཕྱག་རྒྱ་ནི་ཁྲོ་བོའི་ལྟ་བའོ། །ཡིད་ཀྱི་ཕྱག་རྒྱ་ནི་སྒོམ་པའོ། །རྡོ་རྗེའི་ཕྱག་རྒྱ་ནི་རྡོ་རྗེ་འབར་བ་ལ་སོགས་པ་ནས། །ཀླུའི་རྡོ་རྗེ་ཀླུའི་ཞགས་པའི་ཕྱག་རྒྱའི་མཚན་མའི་ཕྱག་རྒྱའོ། །དེར་འདོད་པ་ཞེས་བྱ་བ་ནི། བསམ་པ་ཉིད་ཀྱིས་བྱེད་པ་སྟེ། འདི་ནི་ཕན་ཡོན་བཤད་པ་ཡིན་ནོ། །དེ་ནས་ཡང་གདོད་གཡོགས་པ་བཀྲོལ་ཏེ་ཞེས་བྱ་བ་ནི། དེ་ནས་དུས་ཕྱིས་གདོང་གཡོགས་བཀྲོལ་པར་བྱའོ། །བཀྲོལ་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་དབང་བསྐུར་བར་བྱའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏོ། །དེ་ལྟར་གར་བྱ་ཞིང་མཆོད་པ་བྱས་ན་ཡང༌། དེ་ནས་སློབ་མ་དེ་ལ་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་དོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་ཀྱི་གྲུབ་པ་ཡང་ཐོབ་ན། དངོས་གྲུབ་གཞན་ལྷ་སྨོས་ཀྱང་ཅི་དགོས་ཏེ། ཁྱོད་ཀྱིས་ལས་ཀྱི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག །དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དོ། །ཁྱོད་ཀྱིས་ལྷའི་རིགས་མ་མཐོང་བ་དང་ལས་མི་ཤེས་པ་སུ་ལ་ཡང་གསང་པའི་ལས་འདི་མ་སྨྲ་ཤིག་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་རྡོ་རྗེ་འཛིན་མའི་ཕྱག་རྒྱ་ཁ་ཐུར་དང༌། གྱེན་དུ་བསྟན་པ་བཅིངས་ཏེ། སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་ཅེས་བརྗོད་དོ། །འདི་ནི་ཁྱོད་ཀྱི་དམ་ཚིག་རྡོ་རྗེ་ཡིན་གྱིས། གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང༌། མནའི་ཆུ་སྙིང་པོས་སྔགས་ལ། སློབ་མ་དེ་འཐུང་དུ་གཞུག་གོ །དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་
སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་ཨུ་ཏ་ཀ་ཋ་ཞེས་བྱ་བའི་ཚུལ་གྱིས་སོ། །དེ་ནས་སློབ་མ་ལ་འདི་སྐད་བསྒོ་ཤིག །དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ད་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ད་ལ་བརྙས་པ་མ་བྱེད་ཅིག །མི་བདེ་པ་མ་སྤངས་པས་དུས་བྱས་ནས་དམྱལ་པར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ། འདི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་ལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་ཅེས་བསྒོའོ། །དེ་ནས་དེ་རྡོ་རྗེ་འབེབས་པའི་ཕྱག་རྒྱ་དང༌། བཛྲ་ཨཱ་བེ་ཤ་ཨཿ་ཞེས་བྱ་བའི་སྙིང་པོ་འདིས་དབབ་པ་བསྐྱེད་པར་བྱའོ། །དེ་ནས་མེ་ཏོག་དོར་རོ། །སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་པྲ་ཏཱི་ཙྪ་ཨ་དྷི་ཏིཥྛ་བཛྲ་ཧོ། །དེ་ནས་མེ་ཏོག་གི་ཕྲེང་བ་བླངས་ལ་སྤྱི་བོར་བཅིང་བར་བྱའོ། །སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་པྲ་ཏི་གྲྀཧྞ་སཏྭཾ་མི་མཾ་ས་ཏྭ་མ་ཧཱ་བ་ལ། དེ་ནས་དེ་བཞིན་དུ་གདོང་གཡོགས་དགྲོལ་ལོ། །སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་དེང་འབྱེད་ཤོག །ཧེ་བཛྲ་པཱ་ཤྱ། །དེ་ནས་སྒོ་སྲུང་ནས་བརྩམས་ནས། རིག་པ་དམ་པའི་བར་དུ་དཀྱིལ་འཁོར་བསྟན་ཏོ། །དེ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ། དེ་སྙིང་གར་བཀྲོལ་དུ་གཞུག་གོ །ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷཱ་བ་ཤཱ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡ་མེ་ཨ་དྷི་ཏི་ཥྛ་སརྦྦ་སི་མེ་པྲ་ཡ་ཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོ། །དེ་ནས་ཆུའི་དབང་བསྐུར་བར་བྱའོ། །འདིའི་སྙིང་པོ་ནི། ཨོཾ་བཛྲ་ཨ་བྷི་ཥེ་ཀ་ཨ་བྷི་ཥིཉྩ་བཛྲ་དྷ་ར་ཏྲི་ས་མ་ཡ་གྲ་གྲ། །དེ་ནས་རྡོ་རྗེ་དབྱིངས་སུ་བཤད་པའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ་སྔར་བཤད་པའི་རྡོ་རྗེ་རྩེ་ གསུམ་པ ་ལ་སོགས་པའི་སྙིང་པོས་རྡོ་རྗེ་རིག་པ་དམ་པ་ལ་སོགས་པ་ལ་བྱིན་ལ། མིང་གིས་དབང་བསྐུར་བར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ལ་སོགས་པས་དབང་བསྐུར་ པ་ནི་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་དུ་བཤད་པའི་ལས་ཀྱི་ཆོ་ག་བྱའོ། །དེ་ལྟར་སློབ་དཔོན་གྱིས་ལས་ཀྱི་ཆོ་ག་དང༌། སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་འཇིག་རྟེན་གསུམ་གྱི་
འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་རྣམས་འཇིག་རྟེན་ གསུམ་གྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྣལ་འབྱོར་དང་ཕྱིའི་རྡོ་རྗེ་རིགས་ཀྱི་བཟླས་པ ་བྱས་ཏེ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་ པ་བཅིང་པའམ་རྡོ་རྗེ་ཆེན་པོའི་རིགས་ཀྱི་རྣལ་འབྱོར་པས། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ལྷའི་རྣལ་འབྱོར་བྱས་ལ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར་གར་གྱི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་སློབས་ཤིག་ཅེས་གསུངས་སོ། །གར་གྱི་མཆོད་པ་ནི་གར་གྱི་མཆོད་པ་སྟེ། འདིར་ཕྱག་རྒྱ་བཅིངས་པའི་ཡེ་ཤེས་ཏེ་སློབས་ཤིག་པར་བསྟན་པའོ། །སངས་རྒྱས་རྡོ་རྗེ་འཛིན་སོགས་ཀྱི། །དམ་ཚིག་ཕྱག་རྒྱ་གཉིས་བྱས་ཏེ། །ཞེས་བྱ་བ་ནི། དེ་ལ་སངས་རྒྱས་ནི་རྡོ་རྗེ་ཧཱུཾ་མཛད་དང༌། རིན་ཆེན་དང༌། ཆོས་དང༌། ལས་ཀྱི་ཧཱུཾ་མཛད་དོ། །རྡོ་རྗེ་འཛིན་ནི་ཁྲོ་བོ་རྡོ་རྗེ་སེམས་དཔའོ། །སོགས་པ་སྨོས་པ་ནི། རྡོ་རྗེ་རྒྱལ་པོ་ནས་བརྩམས་ནས། རྡོ་རྗེ་སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་ཀྱི་མཐར་ཐུག་པའི་བར་དུ་འདིར་གཟུང་བར་བྱའོ། །སངས་རྒྱ་དོ་རྗེ་འཛིན་པ་རྣམས་ནི་སངས་རྒྱས་རྡོ་རྗེ་འཛིན་པ་སྟེ། དེ་དང་པོར་བྱས་པ་མ་ཡིན་པ་དེ་ནི་སངས་རྒྱས་རྡོ་རྗེ་འཛིན་སོགས་ཀྱིའོ། །དེ་དག་སངས་རྒྱས་རྡོ་རྗེ་འཛིན་སོགས་ཀྱིས་ཞེས་བྱ་བར་སྦྱར་རོ། །དམ་ཚིག་མཆོག་ནི་གཉིས་སུ་བྱ། །ཞེས་བྱ་བ་ནི་མཆོད་པའི་ཕྱག་རྒྱར་གྱུར་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པའི་དཀྱིལ་འཁོར་ཆེན་པོར་བཤད་པའི་འཇིག་རྟེན་ གསུམ་ལས་རྣམ་པར་རྒྱལ་པ ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་ནས་རྡོ་རྗེ་དྲིའི་དམ་ཚིག་གི་ཕྱག་རྒྱའི་མཐར་ཐུག་པའི་དམ་ཚིག་མཆོག་ཅེས་བརྗོད་དོ། །སངས་རྒྱས་དང་རྡོ་རྗེ་འཛིན་པ་གཉིས་སུ་བྱས་པས་ལས་ཀྱི་དཀྱིལ་འཁོར་འདི་རུ་དེ་དག་གི་མཆོད་པའི་ཕྱག་རྒྱར་འགྱུར་རོ། །དེ་རྣམས་ཀྱིས། །ལས་ཀྱི་དཀྱིལ་འཁོར་མཆོད་པར་བྱ། །ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་ལཱ་སྱ་ལ་སོགས་མཆོད། །རྡོ་རྗེ་རིག་པ་དམ་པ་སྟེ། ཞེས་བྱ་བ་ནི། རྡོ་རྗེའི་སྒྲ་ནི་ངེས་པར་གཟུང་པའོ། །རྡོ་རྗེ་སྒེག་མོ་ལ་སོགས་ནི། །གསང་པའི་མཆོད་པའི་ཕྱག་རྒྱའོ། །རྡོ་རྗེ་རིག་པ་དམ་པ་སྟེ། །ཞེས་བྱ་
བ་ནི། ཕྱག་རྒྱ་ལྷག་མ་རྣམས་སོ། །ལྷ་ཐམས་ཅད་མཆོད་པ་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །རིག་པ་འདི་རྣམས་ཐམས་ཅད་ཀྱང༌། །ཞེས་བྱ་བ་ནི་རྡོ་རྗེ་གསེར་ནས་བརྩམས་ནས། རྡོ་རྗེ་ཆུ་སྲིན་གྱི་བར་དུ་གར་གྱིས་མཆོད་པར་བྱེད་པའི་རིག་པ་རྣམས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ལས་ཀྱི་དཀྱིལ་འཁོར་མཆོད་པར་བྱ། །ཇི་ལྟར་མཆོད་པར་བྱ་ཞེ་ན། །ལྟག་འོག་གོ་རིམས་ཇི་བཞིན་དུ། །ཞེས་བྱ་བ་སྨོས་ཏེ། སློབ་མའམ་གཞན་ཡང་རུང་བ་རྡོ་རྗེ་གསེར་ལ་སོགས་པ་བྱེད་པ་ན། སློབ་དཔོན་གྱིས་རྡོ་རྗེ་ཆུ་སྲིན་བཅིང་བར་བྱའོ། །དེ་བཞིན་དུ་རྡོ་རྗེ་ཟ་བ་འཆིང་བར་བྱེད་པ་ན་སློབ་དཔོན་གྱིས་རྡོ་རྗེ་སྒོ་བ་མོ་བཅིང་བར་བྱའོ་ཞེས་བྱ་བ་ནི། ལྟག་འོག་གོ་རིམས་ཇི་བཞིན་དུ། །ཞེས་བྱ་བ་ནི་སྒྲའི་དོན་ཡིན་ནོ། །སངས་རྒྱས་རྡོ་རྗེ་འཛིན་སོགས་ཀྱི། །དམ་ཚིག་མཆོག་ནི་གཉིས་སུ་བྱ། །མཆོད་པའི་ཕྱག་རྒྱར་འདིར་འགྱུར་རོ། །ཞེས་བཤད་པ་དེ་ནི་མི་ཤེས་ཏེ། ཇི་ལྟར་གཉིས་སུ་བྱས་ནས་མཆོད་པའི་ཕྱག་རྒྱར་འགྱུར་རོ་ཞེ་ན། དེ་བཤད་པ་ནི། རྡོ་རྗེ་གར་གྱི་ཚུལ་གྱིས་ནི། །ཕྱག་རྒྱ་ཆེན་པོ་མདོར་བསྡུས་སོ། །ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྔགས་བརྗོད་ཅིང༌། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་གང་བྱའོ། །དམ་ཚིག་མཆོག་ནི་གཉིས་བྱས་ཏེ། ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོ་མདོར་བསྡུས་པ་དེ་དག་གོ །རྡོ་རྗེ་ཧཱུཾ་མཛད་དང༌། རིན་ཆེན་དང༌། ཆོས་དང༌། ལས་ཀྱི་ཧཱུཾ་མཛད་རྣམས་ཀྱིས་འཇིག་རྟེན་ གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་རིག་པ ་བརྗོད་ཅིང་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱའོ། །ལན་གྱི་ཕྱག་རྒྱ་དགྲོལ་པར་བྱ། །ཞེས་བྱ་བ་ནི། ཁྲོ་བོ་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ན་གང་གི་ཚེ་སློབ་མའམ། །གཞན་ཡང་རུང་བ་མཆོད་པ་བྱེད་པར་འགྱུར་པ་དེའི་ཚེ་སློབ་དཔོན་གྱིས་ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ཏེ། ལས་ཀྱི་དཀྱིལ་འཁོར་མཆོད་པར་བྱའོ། །དེ་ལྟར་ཁྲོ་བོ་རྡོ་རྗེ་བཞད་པའི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ནས། གང་གི་ཚེ་འགའ་ཞིག་གི་ལས་ཀྱི་དཀྱིལ་འཁོར་ལ་མཆོད་པ་བྱེད་པ་དེའི་ཚེ། སློབ་དཔོན་གྱིས་ཁྲོ་བོ་རྡོ་རྗེ་ཆོས་ཀྱི་
དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ནས། ལས་ཀྱི་དཀྱིལ་འཁོར་ལ་མཆོད་པར་བྱའོ། །གང་གི་ཚེ་འགའ་ཞིག་གིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་གཉིས་སུ་བྱས་ནས་མཆོད་པ་བྱེད་པ་དེའི་ཚེ་སློབ་དཔོན་གྱིས་ལས་ཀྱི་ཧཱུཾ་མཛད་ཀྱི་ཕྱག་རྒྱ་གཉིས་སུ་བྱའོ། །གང་གི་ཚེ་རིན་ཆེན་ཧཱུཾ་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བྱེད་པ་དེའི་ཚེ་སློབ་དཔོན་གྱིས་ཆོས་ཀྱི་ཧཱུཾ་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ནས། ལས་ཀྱི་དཀྱིལ་འཁོར་ལ་མཆོད་པ་བྱའོ། །གང་གི་ཚེ་རྡོ་རྗེ་གསེར་གྱི་ཕྱག་རྒྱ་བྱེད་པ་དེའི་ཚེ། །རྡོ་རྗེ་ཆུ་སྲིན་གྱི་ཕྱག་རྒྱ་བསྟན་པར་བྱའོ། །དེ་བཞིན་དུ་གང་གི་ཚེ་འགའ་ཞིག་རྡོ་རྗེ་ཟབ་མོ་འཆིང་བ་དེའི་ཚེ། སློབ་དཔོན་གྱིས་རྡོ་རྗེ་སྒོ་བ་མའི་བར་དུ་ཕྱག་རྒྱ་བསྟན་པར་བྱའོ། །དེ་ལྟར་ན་ལན་གྱི་ཕྱག་རྒྱ་དགྲོལ་པར་བྱ་བ་ཡིན་ནོ། །གར་གྱི་མཆོད་པའི་ཕྱག་རྒྱ་འདི་ཡིས་ནི། །མཆོད་པའི་རྒྱུར་གྱུར་པས་སོ། །གཙོ་བོ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །རྡོ་རྗེ་འཛིན་པ་ཆེ་སོགས་ནི་ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །རྡོ་རྗེ་ཧཱུཾ་མཛད་ནས་ཁྲོ་བོ་རྡོ་རྗེ་འབེབས་པའི་བར་གྱི་མཆོད་པ་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གྱུར་པས་ཅིར་འགྱུར་ཞེ་ན། ལས་གྲུབ་པར་ཡང་ངེས་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་འཆང་ཆེན་པོ་ལ་སོགས་བའི་ལས་ཀྱི་དངོས་གྲུབ་རྣམས་ངེས་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཚེ་འགའ་ཞིག་རྡོ་རྗེ་ཧཱུཾ་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ནས། གར་བྱེད་པར་སྟོན་པ་དེའི་ཚེ་སློབ་དཔོན་གྱིས་ལས་ཀྱི་ཧཱུཾ་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེ་བཞིན་དུ་གཉིས་སུ་བྱས་པ་བསྟན་པར་བྱའོ། །དེ་བཞིན་དུ་གང་གི་ཚེ་རིན་ཆེན་ཧཱུཾ་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ནས་དེ་བཞིན་དུ་སྟོན་པ་དེའི་ཚེ། སློབ་དཔོན་གྱིས་ཆོས་ཀྱི་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དེ་བཞིན་དུ་གཉིས་སུ་བྱས་ལ་བསྟན་པར་བྱའོ། །དེ་བཞིན་དུ་གང་གི་ཚེ་ཁྲོ་བོ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་གཉིས་སུ་བྱས་པ་དེའི་ཚེ་ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །ཁྲོ་བོ་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་བྱེད་པ་ན་ཁྲོ་བོ་རྡོ་རྗེ་གནོད་སྤྱིན་གྱི་ཕྱག་རྒྱའོ། །ཁྲོ་བོ་རྡོ་རྗེ་ཆགས་པའི་ཕྱག་རྒྱ་བྱེད་པ་ན་ཁྲོ་བོ་རྡོ་རྗེ་སྲུང་པའི་ཕྱག་རྒྱའོ། །རྡོ་རྗེ་ལེགས་པའི་ཕྱག་རྒྱ་བྱེད་པ་ན་རྡོ་རྗེ་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བྱེད་པ་ན། རྡོ་རྗེ་
སྲུང་པའི་ཕྱག་རྒྱའོ། །རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་རྒྱ་བྱེད་པ་ན། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱའོ། །རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱ་བྱེད་པ་ན། རྡོ་རྗེ་རྣོན་པོའི་ཕྱག་རྒྱའོ། །རྡོ་རྗེ་བཞད་པའི་ཕྱག་རྒྱ་བྱེད་པ་ན། །རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་སྒེག་མོ་བྱེད་པ་ན། རྡོ་རྗེ་གར་མ་བྱའོ། །རྡོ་རྗེ་ཕྲེང་བ་མ་བྱེད་པ་ན། རྡོ་རྗེ་གླུ་མ་བྱའོ། །རྡོ་རྗེ་བདུག་པ་མ་བྱེད་པ་ན། རྡོ་རྗེ་དྲི་ཆབ་མའོ། །རྡོ་རྗེ་མེ་ཏོག་མ་བྱེད་པ་ན། །རྡོ་རྗེ་མར་མེ་མ་བྱས་ཏེ། དེ་བཞིན་དུ་གཉིས་སུ་བྱས་ལ་བསྟན་པར་བྱའོ། །དེ་ལྟར་འཇིག་རྟེན་པའི་དམ་ཚིག་གི་ཁུ་ཚུར་གར་བྱས་པ་ལས་བྱུང་བས། རྡོ་རྗེ་གསེར་གྱི་ཕྱག་རྒྱ་བྱེད་པ་ན། དེ་ནས་རྡོ་རྗེ་ཆུ་སྲིན་གྱི་ཕྱག་རྒྱ་བྱའོ། །རྡོ་རྗེ་གཞོན་ནུ་མའི་ཕྱག་རྒྱ་བྱེད་པ་ན། དེ་ནས་རྡོ་རྗེ་རུལ་པ་མའི་ཕྱག་རྒྱ་བྱའོ། །རྡོ་རྗེ་ཞི་བ་མའི་ཕྱག་རྒྱ་བྱེད་པ་ན། དེ་ནས་རྡོ་རྗེ་དུས་ཀྱི་ཕྱག་རྒྱ་བྱའོ། །རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བྱེད་པ་ན། དེ་ནས་རྡོ་རྗེ་ཁའི་ཕྱག་རྒྱ་བྱའོ། །རྡོ་རྗེ་བདུད་རྩིའི་ཕྱག་རྒྱ་བྱེད་པ་ན། དེ་ནས་འཁྱོར་མའི་ཕྱག་རྒྱ་བྱའོ། །རྡོ་རྗེ་མདངས་ཀྱི་ཕྱག་རྒྱ་བྱེད་པ་ན། རྡོ་རྗེ་འབར་མའི་ཕྱག་རྒྱ་བྱའོ། །རྡོ་རྗེ་དབྱིག་མཆོག་མའི་ཕྱག་རྒྱ་བྱེད་པ་ན། མགྱོགས་མ་རྡོ་རྗེ་མའི་ཕྱག་རྒྱ་བྱའོ། །རྡོ་རྗེ་རྐེད་བཅིངས་མའི་ཕྱག་རྒྱ་བྱེད་པ་ན། རྡོ་རྗེ་ཕོ་ཉ་མའི་ཕྱག་རྒྱ་བྱའོ། །རྡོ་རྗེ་འཇུ་མའི་ཕྱག་རྒྱ་བྱེད་པ་ན། རྡོ་རྗེ་དབང་མོའི་ཕྱག་རྒྱ་བྱའོ། །རྡོ་རྗེ་ཟ་བ་མོའི་ཕྱག་རྒྱ་བྱེད་པ་ན། རྡོ་རྗེ་སྒོ་བ་མའི་ཕྱག་རྒྱ་བྱའོ། །འཇིག་རྟེན་པའི་དམ་ཚིག་གི་ཁུ་ཚུར་གཉིས་སུ་བྱས་ན། གར་བྱས་པ་ལས་བྱུང་པའི་ཕྱག་རྒྱ་བཅིངས་པར་བྱའོ། །ཁྲོ་བོ་རྡོ་རྗེ་རིག་པ་དམ་པའི་ཕྱག་རྒྱ་བྱེད་པ་ན། རྡོ་རྗེ་མའི་ཕྱག་རྒྱ་གཉིས་ཀྱིས་གར་བྱེད་པ་ནི་མཆོད་པའི་ཕྱག་རྒྱ་ཡིན་གྱི་ལན་གྱི་ཕྱག་རྒྱ་ནི་མེད་དོ། །འདི་དག་ནི་གར་གྱི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་སོ། །དེ་ལ་རྡོ་རྗེ་ཧཱུཾ་མཛད་དང༌། རིན་ཆེན་དང༌། ཆོས་དང༌། ལས་ཀྱི་ཧཱུཾ་མཛད་དང༌། རྡོ་རྗེ་རིགས་པ་མཆོག་ལ་སོགས་པ་ནས། རྡོ་རྗེ་ཆུ་སྲིན་གྱི་མཐར་ཐུག་ པ་ནི་འཇིག་རྟེན་གསུམ ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །ཁྲོ་བོ་རྡོ་རྗེ་སེམས་དཔའ་ནས་བརྩམས་ནས། ཁྲོ་བོ་རྡོ་རྗེ་དྲིལ་བུ་མའི་མཐར་ཐུག་ པ་རྣམས་ནི། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་པའི་དཀྱིལ་འཁོར་ཆེན་པོར་
བཤད་པའི་ཡི་གེ་ཧཱུཾ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཡི་གེ་ཏྲཱཾ་ནི་རིན་ཆེན་ཧཱུཾ་མཛད་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཡི་གེ་ཧྲཱིཿ་ནི་ཆོས་ཀྱི་ཧཱུཾ་མཛད་ཀྱིའོ། །ཡི་གེ་ཨ་ནི་ལས་ཀྱི་ཧཱུཾ་མཛད་ཀྱིའོ། །ཧཱུཾ་ཧེ་ཏྲཾ་ཏཾ་ཧི་ཧྲི། དེ་ཧ་དྷེ་ག་ཏི། ཧཱུཾ་གྲཾ་ཀེ་བཾ་ཏྲེ་ཨཱ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་ཁུ་ཚུར་གྱི་བར་གྱིའོ། །མ་ཧཱ་ར་ཏི་ཧཱུཾ། རཱུ་པ་ཤོ་བྷེ་ཧཱུཾ། ཤོ་ཏྲ་སཽ་ཁྱ་ཧཱུཾ། སརྦྦ་པཱུ་ཙེ་ཧཱུཾ། པྲ་ཧླཱ་ད་ནི་ཕ་ལ་ག་མི་ཧཱུཾ། སུ་ཏེ་ཛཾ་གྲ་ཧཱུཾ། སཽ་གནྡྷ་གི་ཧཱུཾ། ཞེས་བྱ་བ་སྒེག་མོ་ལ་སོགས་པ་ནས། ཁྲོ་བོ་རྡོ་རྗེ་དྲི་ཆབ་མའི་བར་གྱི་ཆོས་ཀྱི་ཕྱག་རྒྱའོ། །ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ཀྱི་ནི་རང་རིག་པའོ། །སྔར་བཤད་པའི་གར་བྱེད་པའི་ཕྱག་རྒྱ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་མཛད་ལ་སོགས་པ་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་ པ་རྣམས་ནི་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ཡིན་ནོ། །རྡོ་རྗེ་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་རྣམས་དང༌། རྡོ་རྗེ་རིག་པ་དམ་པ་ལ་སོགས་པ་ནས། རྡོ་རྗེ་ཆུ་སྲིན་ལ་མཐར་ཐུག་གི་བར་དུ་མ་བྷ་མ་དང་བཅས་པས་གར་བྱེད་པ། སྦྱོར་བ་ཅན་ནི་འདིར་ཕྱག་རྒྱ་ཆེན་པོ་ཡིན་ནོ། །འདིའི་མདོག་དང་ཕྱག་རྒྱ་དང་མཚན་མ་རྣམས་ཀྱི་ངེས་ པ་ནི་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བསྟན་ཟིན་པས་དེ་ཉིད་དུ་ཤེས་པར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཆོ་ག་ལྷག་མ་རྣམས་ཀྱང་གཟུང་བར་བྱའོ། །འཇིག་རྟེན་ གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པ ་རྫོགས་སོ།། །།དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། ཕྱི་རོལ་གྱི་རྡོ་རྗེའི་རིས་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་རབ་ཏུ་གཞག་པའི་རྗེས་ཐོགས་ཉིད་ལའོ། །ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །རྡོ་རྗེའི་རིགས་དེ་དག་ཐམས་ཅད་ནི་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་ཡང་དག་པར་སྦྱོར་པའོ། །སེམས་ཅན་ཀྱང་ཡིན་ལ་དེ་ཐམས་ཅད་ཀྱང་ཡིན་པས་ན་སེམས་ཅན་དེ་དག་ཐམས་ཅད་ཀྱི་དོན་ཏོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱིས་
ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་དེ་བསྒོམ་པ་ནི་སེམས་ཅན་གྱི་དོན་ཏོ། །ཁྱོད་ཀྱིས་དེ་ལྟར་ཡང་དག་པར་ངེས་པར་སྦྱོར་ཞིང་ཡོངས་སུ་མི་གཏོང་པས། དུས་འདི་ནས་ཉེ་པར་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཐར་ཐུག་གི་བར་དུ་སེམས་ཅན་གྱི་དོན་མཛད་པའོ། །ཕྱིར་མི་ལྡོག་པའི་ས་ལ་རབ་ཏུ་གཞག་སྟེ་ཞེས་བྱ་བ་ནི། ཕྱིར་མི་ལྡོག་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ལམ་ལ་གནས་པ་ཡིན་པ་དེའི་ཕྱིར། །འཁོར་བའི་ལམ་ལ་མི་འཇུག་ཅིང་མི་ལྡོག་པ་དེས་ནི་ཕྱིར་མི་ལྡོག་པའི་ཐ་སྙད་དུ་བྱེད་དེ་ཕྱིར་མི་ལྡོག་པར་མེད་ཅིང་མི་ལྡོག་པ་ནི་ཕྱིར་མི་ལྡོག་པའོ། །ས་དེ་ལ་མངོན་པར་འདུས་བྱས་པས་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་རྟོགས་པར་འགྱུར་རོ། །དེས་ན་ཕྱིར་མི་ལྡོག་པའི་ས་ལ་རབ་ཏུ་གཞག་པ། སེམས་ཅན་ལྷག་མ་རྣམས་ཀྱི་དོན་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པ་ཡིན་ནོ། །མཁྱེན་བཞིན་དུ་ཞེས་བྱ་བ་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་མཁྱེན་དུ་ཟིན་ཀྱང་སྒྱུ་མ་རྡོ་རྗེ་ལ་སོགས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ལུང་བསྟན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཉོན་ཅིག་ཅེས་བྱ་བ་དེ་གང་ལགས། ཉན་པ་ནི་རང་ཉིད་ཉམས་སུ་ལེན་པ་དང༌། གཞན་ལ་གདམས་ངག་སྟོན་པས་ན། བདག་གསང་བ་ཐམས་ཅད་འཛིན་པར་དབང་བསྐུར་ན་ཞེས་བྱ་བ་ནི་བདག་ཉིད་གསང་བ་འཛིན་པའི་རྒྱུ་མཚན་གྱིས་དབང་བསྐུར་པ་ཡིན་པས་རྒྱུ་དེའི་ཕྱིར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དེ་གང་ལགས། །བཀའ་སྩོལ་ཅིག་ཅེས་པ་སྟེ། ཀུན་ནས་བདག་གིས་རྟོགས་པར་བྱེད་པས་ན་དཀའོ། །དེ་ནས་ཞེས་བྱ་བ་ནི། དེ་མ་ཐག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དེའི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་པའི་རྡོ་རྗེ་སྟེ། མ་ཆགས་པ་དང་མ་སྡང་པ་དང་མ་རྨོངས་པ་དང༌། འདོད་ཆགས་ལ་སོགས་པའི་སྤྱོད་པ་བསྟན་ནས། །སེམས་ཅན་གྱི་དོན་མཛད་པས་ན་གསང་བའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་
པའོ། །འདི་ཞེས་བྱ་བ་ནི་བློ་ལ་གནས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདི་གསུངས་པ་ནི་བཤད་པའོ། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །ཞེས་བྱ་བ་ནི་གང་དང་གང་གི་གཟུགས་ཀྱིས་འདུལ་ཞིང་ལུང་དང་རྟོགས་པ་ལ་རབ་ཏུ་བཞག་པའོ། །སེམས་ཅན་རྣམས་ཀྱི་རང་བཞིན་ནི། །ཞེས་བྱ་བ་ནི། རང་གི་བདག་ཉིད་དུ་གྱུར་པའི་ངོ་བོ་ནི་རང་བཞིན་ཏེ། དེ་ལ་རང་གི་བདག་ཉིད་ནི་རང་བཞིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། འདོད་ཆགས་སྤྱོད་པ་ལ་སོགས་པ་གང་ཡིན་པ་དེ་དག་གི་འདོད་ཆགས་ཀྱིས་འདོད་ཆགས་སྤང་བ་དང༌། ཞེ་སྡང་སྤྱོད་པ་གང་ཡིན་པ་དེ་དག་ལ་ཁྲོ་བས་ཁྲོ་བ་སྤང་བ་དང༌། གཏི་མུག་ལ་སྤྱོད་པ་གང་ཡིན་པ་དེ་དག་ལ་ཁྱབ་འཇུག་སྒྱུ་མའི་གཟུགས་བསྟན་པ་ལ་སོགས་པས་འདུལ་བར་བྱེད་པ་ཡིན་ནོ། །འདི་ཉིད་བཤད་པ་ནི། དེ་ལྟ་དེ་ལྟར་སེམས་ཅན་དོན། །ཞེས་པ་ལ་སོགས་པ་སྟེ། འདོད་ཆགས་ལ་སོགས་པའི་སྤྱོད་པ་བསྟན་པ་དེ་དང་དེས། དེ་ལྟ་དེ་ལྟར་སེམས་ཅན་གྱི་དོན་བྱས་པས། སེམས་ཅན་མངོན་པར་འདོད་པའི་དོན་ཡོངས་སུ་རྫོགས་པར་འགྱུར་རོ། །ཇི་ལྟར་བྱེད་ཅེ་ན། འདོད་ཆགས་ལ་སོགས་གཙང་བས་བྱ། །ཞེས་བྱ་བ་གསུངས་ཏེ། ཐུགས་རྗེ་ཆེན་པོ་གཞན་གྱི་དབང་གིས་མ་ཆགས་པ་དང༌། མ་སྡང་བ་དང་མ་རྨོངས་པ་ཡིན་པའི་ཕྱིར་རོ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར་ནི། བདེ་བའི་རྣམ་པར་སྨིན་པའི་ལས་དེའི་ཕྱིར་དང༌། སངས་རྒྱས་རྣམས་ཀྱིས་བསྟན་པའི་ཕྱིར་འདི་ལྟར་སེམས་ཅན་ཡོངས་སུ་སྦྱང་བའི་ཕྱིར་ཁྱེད་ཀྱིས་གསད་པར་བྱའོ་ཞེས་གནང་བ་མཛད་པའི་རྒྱུ་མཚན་འདིས་བསད་པ་ནི་བརྒྱལ་བར་བྱེད་པ་ཉིད་ཡིན་ནོ། །གང་ལ་ཞེ་ན། །སེམས་ཅན་ཐམས་ཅད་ལའོ། །སྲོག་གཅོང་བའི་ཀུན་ནས་སློང་བའི་སྡིག་པས་གོས་པར་མི་འགྱུར་རོ་ཞེས་བྱ་བ་ནི། ཐུགས་རྗེ་གཞན་གྱི་དབང་གིས་ཕན་པ་དང་བདེ་བ་ལ་ངེས་པར་སྦྱོར་བའི་གསོད་པ་ཡིན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཕན་ཕྱིར་དང༌། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སངས་རྒྱས་རྣམས་ཀྱི་དོན་ནི་སངས་རྒྱས་དོན་ཏེ། ཕ་རོལ་པོ་ལོངས་སྤྱོད་དང་རྒྱགས་པས་དྲེགས་པའི་ཕྱུག་པ་དེ་ལས་ཉམས་པར་བྱས་ནས་བསྟན་པ་ལ་གནས་པར་བྱ་བའི་ཕྱིར་རོ། །དེའི་དོན་
ལ་སྦྱོར་བས་སངས་རྒྱས་ཀྱི་དོན་དུ་རབ་ཏུ་སྦྱོར་བ་དེའི་ཕྱིར་སངས་རྒྱས་ཀྱི་འབྲས་བུ་ལ་རབ་ཏུ་སྦྱོར་བ་ནི། སངས་རྒྱས་ཀྱི་དོན་དུ་སྦྱོར་བའོ། །ཕ་རོལ་ནོར་རྣམས་ཕྲོགས་པ་ནི། །རྒྱལ་པོ་ལ་སོགས་པའིའོ། །མ་བྱིན་པར་ལེན་པས་ཀུན་ནས་བསླང་བའི་སྡིག་པས་རྣལ་འབྱོར་བ་དེ་ལ་གོས་པར་མི་འགྱུར་རོ། །འདོད་ཆགས་འདྲ་བའི་བདེ་བ་མེད། །ཅེས་བྱ་བ་ནི། དེ་ལ་འདོད་ཆགས་ནི་ཆོས་བདག་མེད་པའི་ཆགས་པ་སྟེ། མི་དམིགས་པའི་ཐུགས་རྗེ་ཆེན་པོའོ། །དེ་སྐད་དུ་ཡང༌། ཆོས་བདག་མེད་པའི་ཆགས་པ་ཡིས། །མཁས་པ་རྣམས་ནི་དགའ་བར་བྱེད། །ཅེས་གསུངས་སོ། །འདྲ་བ་ནི་མཚུངས་པ་སྟེ་བདེ་བ་གཞན་ན་མེད་པའོ། །དེ་ལྟ་བུར་གྱུར་པའི་བདེ་བ་དེ་རྒྱལ་བ་རྣམས་དང་དེ་བཞིན་གཤེགས་པ་རྣམས་ལ་དེ་ཕུལ་བར་བསྒོམ་པའི་སྟོབས་ཀྱིས་མངོན་སུམ་དུ་བྱས་པའོ། །སེམས་ཅན་གྱི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་དངོས་གྲུབ་དམ་པའི་རྒྱུའི་ཕྱིར་རོ། །གཞན་གྱི་ཆུང་མ་ནི་གཞན་གྱི་བུད་མེད་དོ། །གཞན་གྱི་བུད་མེད་མཆོག་ཏུ་གྱུར་པ་ནི་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱའི་གཟུགས་སོ། །བསྟེན་པ་ནི་བསྒོམ་པའོ། །བསོད་ནམས་ཐོབ་པར་འགྱུར་ཞེས་བྱ་བ་ནི་རྙེད་པར་འགྱུར་བའོ། །དེ་ལ་བསོད་ནམས་ཞེས་བྱ་བ་ནི་དག་བྱེད་ཀྱི་བསོད་ནམས་ཏེ་གཟུང་བ་དང་འཛིན་པའི་དྲི་མ་འཁྲུད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བའི་ཏིང་ངེ་འཛིན་འདི་མངོན་པར་འདོད་པའི་ཕྱིར་རོ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང༌། །སངས་རྒྱས་རྣམས་ཀྱིས་བསྟན་པའི་ཕྱིར། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ལས་རྣམས་ཐམས་ཅད་བྱས་པ་ཡིས། །ཞེས་བྱ་བ་ནི། སྦྱོར་བ་དང༌། ཡོངས་སུ་སྦྱོར་བ་དང༌། སོར་རྟོག་པ་དང་ནན་ཏན་དུ་བྱེད་པའི་བརྩོན་འགྲུས་ཀྱི་རང་བཞིན་རྣམ་པ་བཞིའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལས་ཐམས་ཅད་ནི་ལས་ཐམས་ཅད་དོ། །ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་ཡིད་བདེ་བའི་དངོས་གྲུབ་བྱེད་པའི་རྒྱུའི་ཕྱིར་རོ། །བྱམས་པའི་ཞེས་བྱ་བ་ནི་བསྒོམ་པའོ། །ཤིན་ཏུ་ཕུལ་དུ་བྱུང་བར་འགྱུར་བ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་བསོད་
ནམས་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་མཚན་ཉིད་ཐོབ་ཅིང་རྙེད་པའོ། །ཡང་ན་སྲོག་བཅད་པ་དང་མ་བྱིན་པར་ལེན་པ་རྣམས་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་གཞན་དུ་གསུངས་པ་ལྟར་བཤད་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་རྟོགས་པས་སེམས་ཅན་དུ་འཛིན་པ་བསད་པ་ན་སེམས་ཅན་ཐམས་ཅད་བསད་པའོ། །འདིས་བསད་པའི་སེམས་ཅན་རྣམས་མི་བསྐྱོད་རྡོ་རྗེའི་སངས་རྒྱས་ཀྱི་ཞིང་ཁམས་སུ་རྒྱལ་བའི་སྲས་སུ་འགྱུར་རོ་ཞེས་གསུངས་སོ། །ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ཉོན་མོངས་པའི་བག་ཆགས་ཕྲོགས་པས་ན། ཕ་རོལ་ནོར་རྣམས་ཕྲོགས་པ་སྟེ། །ཉོན་མོངས་སེམས་ཅན་ནོར་ཞེས་བཤད། །ཅེས་གསུངས་སོ། །ཉོན་མོངས་འཇིག་རྟེན་ཁམས་རྣམས་ཀྱི། །དབང་བྱས་ཁྲོ་བོ་ཆེར་སྤྲུལ་ནས། །བློ་ལྡན་རྡོ་རྗེ་མགོན་པོ་ཡིས། །རྟོགས་པའི་རྒྱལ་པོ་འདི་གསུངས་སོ། །སེམས་ཅན་ཁྲོ་བ་རབ་གྲུབ་ཕྱིར། །དྲི་མ་མེད་པའི་དེ་ཉིད་ནི། །སྣང་བྱེད་དགེ་བ་འདི་བཤད་ལས། །བདག་གིས་བསོད་ནམས་གང་བསགས་པ། །དེ་ཡིས་འཇིག་རྟེན་མ་ལུས་པ། །རྡོ་རྗེ་ཁྲོ་ཆེན་ཀུན་དགའ་ཆེ། །སྙིང་པོ་བསམ་མི་ཁྱབ་ཆེན་གཙོ། །རྡོ་རྗེ་ཧཱུཾ་མཛད་གཙོ་གྱུར་ཅིག །དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལས་ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་བཤད་པ་རྫོགས་སོ།། །།དེ་ལྟར་ཁྲོ་བས་ཁྲོ་བ་སྤང་བའི་ཕྱིར། །གནང་བ་ནོད་པས་དེའི་རྗེས་སུ་འཇུག་པའི་རྡོ་རྗེའི་རིགས་ཆེན་པོ་དང་ཕྱིའི་རྡོ་རྗེའི་རིགས་དེས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པ་བསྟན་ནས། ད་ནི་གཏི་མུག་གི་གཉེན་པོར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་པདྨའི་རིགས་དེས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི། དེ་མ་ཐག་པ་སྟེ་དང་པོར་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་ཞེས་བྱ་བའི་ཐ་ཚིག་གོ །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི། རྡོ་རྗེ་དབྱིངས་ལས་གསུངས་པའི་དང་པོར་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་སུ་རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་སྙིང་པོ་དང༌། པདྨའི་རིགས་ཀྱི་
བདག་པོ་རྡོ་རྗེ་སྤྱན་དང༌། རྡོ་རྗེ་སྤྱན་གཉིས་པ་རྡོ་རྗེ་སྣ་ཚོགས་སྤྲུལ་པས་བསྣན་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཡང་ཇི་ལྟར་ཤེས་ཤེ་ན། གང་གི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་ཐོས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་གལ་བ་དེར་མངོན་དུ་ཕྱོགས་ཏེ་འདུག་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་རྗེས་ཐོགས་ལ་ཕྱག་ན་རྡོ་རྗེ་དང༌། རྡོ་རྗེ་སྙིང་པོ་དང༌། རྡོ་རྗེ་ལྟ་བ་དང༌། རྡོ་རྗེ་སྣ་ཚོགས་སུ་བྱིན་གྱིས་བརླབས་ཏེ། དེ་ནས་དེས་བྱིན་གྱིས་བརླབས་པས་དེ་ཐམས་ཅད་ཐ་དད་པར་གྱུར་ཏོ། །ཐམས་ཅད་ཀྱི་གཟུགས་སྟོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། པདྨའི་རིགས་སྤྲུལ་པར་མཛད་དོ་ཞེས་དེ་མ་ཐག་ཏུ་འཆད་པར་འགྱུར་བའི་ཕྱིར་རོ། །ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་དེ་ཡིན་པ་ས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་དང་མཉམ་པའི་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་གྲུབ་པ་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡང་གཅིག་ཏུ་འདུས་ཏེ་ཞེས་བྱ་བ་ནི། སྔར་རྡོ་རྗེའི་རིགས་ཀྱིས་འདུལ་བའི་ཕྱིར་འདུ་བར་མཛད་ནས་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པ་ཡིན་ལ། ད་ནི་འཆད་པར་འགྱུར་བ་ལ་ལྟོས་པས་ཡང་གི་སྒྲ་སྨོས་སོ། །འདུ་ཞིང་ཆོགས་པར་མཛད་པ་དེ་ནི་གཅིག་ཏུ་འདུས་པའོ། །བཅོམ་ལྡན་འདས་ནི་བདུད་བཞི་ལས་རྒྱལ་བའོ། །ཕྱག་ན་རྡོ་རྗེ་དེ་ཉིད་ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པའི་རྡོ་རྗེ་སེམས་དཔའི་གཟུགས་ཅན་རྡོ་རྗེ་འཆང་ཆེན་པོའོ། །ཆོས་ཐམས་ཅད་ཀྱི་བདག་པོ་ནི་ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་ཆོས་ཐམས་ཅད་དེ་པདྨའི་རིགས་ཀྱི་གཟུགས་ཅན་གྱི་སངས་རྒྱས་ལ་སོགས་པའོ། །དེའི་བདག་པོ་ནི་མངའ་བདག་སྟེ། ཐམས་ཅད་བྱེད་པས་ན་ཆོས་ཀྱི་དབང་ཕྱུག་གོ །སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་
རྣམ་པར་དག་པའོ་ཞེས་སོ་སོར་རྟོག་པ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ལ་གཟིགས་པས་ན་སྤྱན་རས་གཟིགས་སོ། །དེ་ལ་དབང་པོ་ནི་སྤྱན་རས་གཟིགས་ཀྱི་མངའ་བདག་ཡིན་པས་ན་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གོ །འདིས་ཞེས་བྱ་བ་ནི་འཆད་པར་འགྱུར་བ་དེ་བློ་ལ་གནས་པའོ། །དེ་བཞིན་གཤེགས་པས་མཚན་བརྒྱ་རྩ་བརྒྱད་པ་དེས་གསོལ་བ་བཏབ་པ་ནི་དོན་དུ་གཉེར་བའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་འཆང་ཆེན་པོ་དེ་ཉིད་སྤྱན་རས་གཟིགས་ཀྱི་དབང་པོའི་གཟུགས་འཛིན་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་པདྨའི་རིགས་སྤྲུལ་པའི་ཕྱིར་མཚན་བརྒྱ་རྩ་བརྒྱད་པས་གསོལ་བ་འདེབས་པ་ཡིན་གྱིས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །པདྨོ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའོ། །སེམས་དཔའ་ནི་པདྨའི་སེམས་དཔའོ། །པདྨ་ཆེན་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་གཟུགས་དེས་ཐམས་ཅད་དུ་སོང་བས་ན་པདྨ་ཆེན་པོའོ། །འཇིག་རྟེན་དབང་པོ་ཞེས་པ་ནི་འཇིག་རྟེན་དབང་ཕྱུག་གི་གཟུགས་ཀྱིས་བཞུགས་པ་དེའི་འཇིག་རྟེན་དབང་པོའོ། །དབང་ཕྱུག་ཆེ་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་འདུལ་བ་རྣམས་ལ་དོན་ཡོད་པར་ཞགས་པའི་གཟུགས་ཀྱིས་བཞུགས་པས་ན་དབང་ཕྱུག་ཆེན་པོའོ། །སྤྱན་རས་གཟིགས་དབང་པོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་གཟིགས་པ་དང་སེམས་ཅན་ལ་གཟིགས་པ་འདི་ལ་མངའ་བས་ན་དེ་ནི་འདིར་སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱའོ། །བརྟན་པའི་མཆོག་ཅེས་བྱ་བ་ནི། །བརྟན་པ་ནི་འཇིགས་པ་མེད་པའོ། །དེ་དག་གི་མཆོག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་གྱི་རང་བཞིན་གྱིས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྐྲག་པ་དང་རྟག་ཏུ་བྲལ་བའི་ཕྱིར་རོ། །རྡོ་རྗེ་ཆོས་ཞེས་བྱ་བ་ནི་རྡོ་རྗེ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །དེའི་ཆོས་ནི་གཟུགས་སྣ་ཚོགས་བསྟན་ནས། སེམས་ཅན་གྱི་དོན་མཛད་པས་ན་སྤྱན་རས་གཟིགས་དབང་ཕྱུག་སྟེ། རྡོ་རྗེ་ཆོས་ནི་རྡོ་རྗེ་ཆོས་སོ། །ཡང་ན་རྡོ་རྗེ་དང་ཆོས་ནི་རྡོ་རྗེ་ཆོས་ཏེ། སྟོང་པ་ཉིད་ནི་གཟུགས་སོ། །གཟུགས་ཉིད་ནི་སྟོང་པའོ་ཞེས་གསུངས་ཏེ་བདུན་ནོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་
ནི་ནམ་མཁའ་དང་མཉམ་པའི་ཡེ་ཤེས་ནི་ཆོས་སོ། །དེས་འཇིག་རྟེན་གྱི་ཁམས་ཀྱི་བདག་པོའི་གཟུགས་ཀྱིས་རྒྱལ་པོ་ལྟར་གསལ་བར་བྱེད་པས་ན་ཆོས་ཀྱི་རྒྱལ་པོའོ། །དག་པ་ཆེན་པོ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་ནམ་མཁའ་དང་མཉམ་པའི་ལེ་ཤེས་ཀྱི་གཟུགས་ཀྱིས་ཐམས་ཅད་དུ་སོང་བའི་ཕྱིར་དང་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པའི་ཕྱིར། དག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དག་པ་ཆེན་པོའོ། །སེམས་དཔའི་རྒྱལ་པོ་ནི་པདྨའི་རིགས་ཐམས་ཅད་ཀྱི་ལྷ་སེམས་དཔའི་གཟུགས་འཛིན་པའི་རྒྱལ་པོ་ནི་སེམས་དཔའི་རྒྱལ་པོ་སྟེ། དེ་དག་གི་སྤྱི་བོར་འོད་དཔག་ཏུ་མེད་པའི་གཟུགས་ཀྱིས་བཞུགས་པའི་ཕྱིར་རོ། །བློ་གྲོས་ཆེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་བཞུགས་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བློ་གྲོས་ཆེན་པོའོ། །པདྨའི་བདག་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱིས་པདྨ་ཉིད་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར། པདྨའི་བདག་ཉིད་ནི་དེའི་རང་བཞིན་དུ་གྱུར་པས་ན་པདྨའི་བདག་ཉིད་དོ། །པདྨ་ཆེ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་གཟུགས་དེ་ཉིད་ཀྱིས་ཐམས་ཅད་དུ་སོང་བའི་ཕྱིར། པདྨ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་པདྨ་ཆེན་པོའོ། །པདྨའི་མགོན་པོ་ཞེས་བྱ་བ་ནི་པདྨའི་རིགས་ཀྱི་པདྨ་དེའི་མགོན་པོ་ནི་པདྨའི་མགོན་པོའོ། །དེས་པདྨའི་རིགས་ལ་སོགས་པ་དབང་དུ་བྱེད་པ་སྟེ། མཚན་བདུན་ནོ། །པདྨ་ལས་བྱུང་ཞེས་བྱ་བ་ནི་པདྨའི་རྒྱུ་ལས་བྱུང་བས་ན་པདྨ་ལས་བྱུང་ངོ༌། །པདྨའི་རིགས་ཐམས་ཅད་རྡོ་རྗེ་པདྨའི་གཟུགས་ལས་བྱུང་བའི་ཕྱིར་རོ། །པད་བཟང་འོད་ཅེས་བྱ་བ་ནི་པདྨའི་རྣམ་པ་ཅན་གྱི་འོད་ཟེར་འབྱུང་བའི་ཕྱིར་རོ། །དེ་སྐད་དུ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་པདྨོ་ལྟ་བུའི་འོད་ཟེར་ཁ་དོག་དང༌། གཟུགས་དང༌། རྟགས་དང་སྤྱོད་ལམ་རྣམ་པ་དུ་མ་འབྱུང་སྟེ། འཕགས་པ་སྤྱན་རས་གཟིགས་དབང་པོའི་ཐུགས་ཀར་ཞུགས་སོ་ཞེས་འཆད་པར་འགྱུར་རོ། །པདྨ་དག་པ་ཞེས་བྱ་བ་ནི་པདྨ་ཡིས་དག་པས་ན་པདྨ་དག་པ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱིས་དྲི་མ་ཐམས་ཅད་སྤངས་པའི་ཕྱིར་རོ། །རབ་དག་བྱེད་ཅེས་བྱ་བ་ནི་ཤིན་ཏུ་དག་པར་བྱེད་པའི་ཕྱིར་ནར་བདག་གོ །པདྨའི་
ཏིང་ངེ་འཛིན་དེས་རང་དང་གཞན་གྱི་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་འཁྲུལ་པར་བྱེད་པའི་ཕྱིར་རོ། །རྡོ་རྗེ་པདྨོ་ཞེས་བྱ་བ་ནི་རྡོ་རྗེ་པདྨའི་གཟུགས་ཀྱིས་སོ། །པད་མཆོག་སྐུ་ཞེས་ཡ་བ་ནི་པདྨ་བཟང་པོ་ནི་པདྨ་མཆོག་སྟེ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱའི་གཟུགས་སོ། །དེའི་སྐུ་མདོག་དཀར་དམར་གྱི་སྐུ་མངའ་བ་ནི་པད་མཆོག་སྐུའོ། །པདྨོ་པདྨོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་པདྨའི་ཏིང་ངེ་འཛིན་ལ་བཞུགས་པ་གང་ཡིན་པ་དེ་ལ་པདྨོའི་པདྨ་ཞེས་ཕྱིས་འཆད་པར་འགྱུར་རོ། །དེ་སྐད་དུ་ཡང༌། བདག་ཉིད་ཀྱིས་ནི་བདག་ཉིད་དང༌། །རྡོ་རྗེ་ཆོས་ཀྱི་ཏིང་འཛིན་གནས། །པདྨོའི་པདྨོ་བསྒོམས་ན་ནི། །ཟད་མི་ཤེས་པའི་གོ་འཕང་ཐོབ། །ཅེས་འཆད་པར་འགྱུར་བས་ཏེ་གཟུགས་སུ་བྱ་བ་ཡིན་ཏེ་མཚན་བདུན་ནོ། །སྣ་ཚོགས་ཆེན་པོ་ཞས་བྱ་བ་ནི་སྣ་ཚོགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། སྣ་ཚོགས་ཆེན་པོ་སྟེ་ཐམས་ཅད་ཀྱི་གཟུགས་འཛིན་པས་འགྲོ་བ་འདུལ་བའི་རང་བཞིན་ནོ། །སྣང་བ་ཆེ་ཞེས་བྱ་བ་ནི་སྣང་བ་ཡང་ཡིན་ལ་ཆེན་པ་ཡང་དེ་ཡིན་པས་ན་སྣང་བ་ཆེ་སྟེ། པདྨ་ཉི་མའི་འོད་ཀྱིས་ནམ་མཁའ་ཐམས་ཅད་འགེངས་པའོ། །དགོས་པ་ཆེན་པོ་ཞེས་བྱ་བ་ནི་དགོས་པ་ཆེན་པོ་འདི་ལ་མངའ་བས་ན་དགོས་པ་ཆེ་སྟེ། སེམས་ཅན་གྱི་དོན་དུ་དེས་ཐམས་ཅད་པའི་གཟུགས་བསྟན་ནས་ནམ་མཁའ་ཐམས་ཅད་འགེངས་པའོ། །དེ་དང་མཚུངས་ཞེས་བྱ་བ་ནི་ཆེན་པོ་ནི་དེ་བཞིན་གཤེགས་པའོ། །འདིའི་དཔེ་དེ་དང་མཚུངས་པས་ན་ཆེ་དང་མཚུངས་པ་སྟེ། དེ་བཞིན་གཤེགས་པ་དང་མཚུངས་ཞེས་བྱ་བའི་དོན་ཏོ། །སྐུ་དང་གསུང་དང་ཐུགས་རྗེ་ལྟར་གྱུར་པ་ནམ་མཁའི་ཁམས་ཐམས་ཅད་དུ་རྟག་ཏུ་བཞུགས་པའི་གཟུགས་དང་མཚུངས་པའོ། །བརྟན་པ་ཆེན་པོ་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་ངོ་བོ་དེ་ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་ཅིང་སྐྲག་པ་མེད་པས་ན་བརྟན་པ་ཆེན་པོའོ། །དཔའ་བོ་ཆེ་ཞེས་བྱ་བ་ནི་རང་ཉིད་དྲི་མ་མེད་པའི་རྡོ་རྗེ་འཆང་བའི་གཟུགས་ཀྱིས་དམིགས་པ་ཐམས་ཅད་ལ་སྤྱོད་པའི་སེམས་ཅན་སྐྲག་ཅིང་འཇིགས་པར་བྱེད་པས་ན་དཔའ་བོ་ཆེའོ། །དཔའ་ཆེན་ཞེས་བྱ་བ་ནི་དཔའ་བ་ནི་གཟི་བརྗིད་དེ་གཟི་བརྗིད་ཅན་རྣམས་ཀྱི་ནང་ན་གཟི་བརྗིད་
ཆེ་བས་ན་དཔའི་ཆེན་ནོ། །རྡོ་རྗེ་ཉི་མ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གཟུགས་ཀྱིས་རྒྱལ་སྲིད་ཐམས་ཅད་འཕྲོག་པར་བྱེད་པས་ན་དཔའ་བོ་ཆེ་བ་སྟེ་མཚན་བདུན་ནོ། །སེམས་ཅན་བསམ་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་འདོད་པ་གང་ཡིན་པ་ལ་བསམ་པ་ཞེས་བཤད་དོ། །ཐེག་བ་ཆེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དེ་ཉིད་གོམས་པའི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའི་ལམ་གྱི་རང་བཞིན་འབྲས་བུ་དང་བཅས་པར་འགྱུར་བ་དེའི་ཕྱིར་ཐེག་པ་ཆེན་པོའོ། །རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནི་རྣལ་འབྱོར་ཆེའོ། །དེ་སྐད་དུ་ཡང༌། ཕྱག་རྒྱ་ཆེན་པོའི་ཏིང་འཛིན་གྱིས། །དེ་ཉིད་ཆེན་པོ་རྗོད་བྱེད་ཅིང༌། །ཐམས་ཅད་རེ་རེའང་བདག་ཡིན་པར། །སྒོམ་པ་སེམས་པའི་སྦྱོར་བའོ། །ཞེས་འཆད་པར་འགྱུར་རོ། །ཚངས་པའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་འདུལ་བར་བྱེད་པས་ན་མེས་པོ་ཆེའོ། །བདེ་ཟ་ཞེས་བྱ་བ་ནི་ཤ་མ་ནི་བདེ་བའོ། །དེ་ལ་སྤྱོད་པས་ན་ཟ་བའོ། །ཡང་ན་ལྷ་ཆེན་པོས་འདུལ་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར། དེའི་གཟུགས་སྟོན་པས་ན་བདེ་ཟའོ། །བདེ་བྱེད་ཅེས་བྱ་བ་ནི་བདེ་བར་བྱེད་པས་ན་བདེ་བྱེད་དོ། །དག་པའི་དོན་ཞེས་བྱ་བ་ནི་དག་པ་ཆོས་ཀྱི་དབྱིངས་དེ་ཉིད་འདི་ལ་མངའ་བས་ན་དག་པའི་དོན་ཏོ། །སངས་རྒྱས་པདྨོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་གནས་སུ་འབྱུང་བ་སྟེ། སངས་རྒྱས་ཀྱང་ཡིན་ལ་པདྨ་ཡང་ཡིན་པས་ན་སངས་རྒྱས་པདྨ་སྟེ་མཚན་བརྒྱད་དོ། །ཆོས་ཀྱི་དེ་ཉིད་ནི། པདྨའི་རིགས་ཀྱི་དཀྱིལ་འཁོར་ཏེ། །དེ་རྣམས་རྐྱང་ཁོ་ན་ཉིད་ནི་ཆོས་ཀྱི་དེ་ཉིད་ངོ༌། །མི་མཉམ་མེད་པས་ཟུར་བཞི་མཉམ། །ཞེས་བྱ་བ་ལ་སོགས་པས་བཤད་ཟིན་པ་དེའི་དོན་ནི་འདིར་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཏོ། །དམ་པའི་ཆོས་དམ་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་ཏེ་པདྨའི་རིགས་ཀྱི་དཀྱིལ་འཁོར་རེ། །དག་པའི་ཆོས་ཞེས་བྱ་བ་ནི། དཀྱིལ་འཁོར་དེ་ཉིད་ཀྱིས་འདོད་ཆགས་ལ་སོགས་སྦོང་བ་དེའི་ཕྱིར། །དག་པ་ཡང་ཡིན་ལ་ཆོས་ཀྱང་དེ་ཡིན་པས་ན་དག་པའི་ཆོས་སོ། །ཆོས་རབ་བྱེད་ཅེས་བྱ་བ་ནི། པདྨའི་རིགས་ཀྱི་དཀྱིལ་འཁོར་དེ་ཉིད་པདྨའི་རིགས་ཀྱི་ཏིང་ངེ་འཛིན་དེས་སྐྱེད་པར་
བྱེད་པའི་ཕྱིར་རོ། །བཟང་པོའི་ཆོས་བྱེད་པའི་ཕྱིར་ཆོས་རབ་བྱེད་དོ། །ཆོས་ཆེན་པོ་ཞེས་བྱ་བ་ནི། པདྨའི་རིགས་ཀྱི་དཀྱིལ་འཁོར་དེ་ཉིད་རྒྱུད་ཕྱི་མ་ཕྱི་མ་ལས་བཤད་པའི་ཚུལ་གྱིས་ཐམས་ཅད་དུ་སོང་བས་ན་ཆོས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཆོས་ཆེན་པོའོ། །ཆོས་བཟང་མཆོག་ཅེས་བྱ་བ་ནི། ཆོས་དགེ་བའི་ཆོས་ནི་ཆོས་བཟང་པོ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་དེའི་མཆོག་ནི་ཆོས་བཟང་མཆོག་སྟེ་དཀྱིལ་འཁོར་ཉིད་དོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་པདྨའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་རང་བཞིན་དུ་འགྲོ་བ་ཡིན་པ་དེའི་ཕྱིར། ཆོས་ཀྱི་འཁོར་ལོ་མཚན་བདུན་ནོ། །སངས་རྒྱས་སེམས་དཔའ་ཞེས་བྱ་བ་ནི་སངས་རྒྱས་ནི་ཉེ་བར་མཚོན་པ་སྟེ། སངས་རྒྱས་ཀྱི་སེམས་དཔའ་ནི་སེམས་ཅན་ནོ། །དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་སྤྱི་བོ་ན་བཞུགས་པ་དེས་ཉེ་བར་མཚོན་པའི་ཕྱིར་རོ། །སེམས་བཟང་མཆོག་ཅེས་བྱ་བ་ནི། དག་པའི་སེམས་ནི་སེམས་བཟང་སྟེ། སངས་རྒྱས་པདྨ་ལ་སོགས་པ་དེ་དག་གི་མཆོག་ཏུ་གྱུར་པས་ན་སེམས་བཟང་མཆོག་སྟེ་པདྨའི་རིགས་ཀྱི་བདག་པོའོ། །ཆོས་ཀྱི་སེམས་དཔའ་ཞེས་བྱ་བ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་དག་ལས་བྱུང་བའི་ཆོས་ཀྱི་སེམས་ནི་སེམས་དཔའི་ཆོས་སོ། །སེམས་མཆོག་འཛིན་ཞེས་བྱ་བ་ནི། དགེ་བའི་སེམས་ནི་སེམས་ཀྱི་མཆོག་སྟེ། །སེམས་ཅན་ཀུན་གྱི་སེམས་གང་ཡིན། །བརྟན་ཕྱིར་སེམས་དཔའ་ཞེས་བརྗོད་དོ། །ཞེས་གང་ལ་འཆད་པར་འགྱུར་བ་ནི་འདིར་སེམས་དཔའ་མཆོག་འཛིན་པ་དེས་ན་སེམས་མཆོག་འཛིན་ཞེས་བྱ་བ། སེམས་དཔའི་དམ་པ་ཞེས་བྱ་བ་བཤད་མ་ཐག་པའི་རྡོ་རྗེ་དང་མཚུངས་པའི་སེམས་དེ་ཉིད་རྡོ་རྗེའི་གཟུགས་ཅན་ཡིན་པས་ན་སེམས་དཔའ་དམ་པའོ། །སེམས་མཆོག་ཅེས་བྱ་བ་ནི་བཤད་མ་ཐག་པའི་སེམས་དཔའ་དམ་པ་དེ་ཉིད་ལེགས་པར་ཤེས་པས་ན་སེམས་མཆོག་ཅེས་སོ། །སེམས་ཅན་སེམས་དཔའ་ཞེས་བྱ་བ་ནི། རྡོ་རྗེའི་བདག་ཉིད་དུ་བསྒོམས་པས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སེམས་དཔའི་རྡོ་རྗེར་གྱུར་པ་དེ་ཉིད་སེམས་དཔར་གྱིས་བརླབས་པའི་སྦྱོར་བས་རྡོ་རྗེ་སེམས་དཔར་གྱུར་པའི་སེམས་ནི་སེམས་ཅན་སེམས་ཅན་སེམས་དཔའ་ཞེས་བྱ་སྟེ་མཚན་བདུན་ནོ། །སྤྱན་རས་གཟིགས་དབང་
ཞེས་བྱ་བ་ནི། རང་བཞིན་གྱིས་རྣམ་པར་དག་པའི་སོ་སོར་རྟོག་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པའི་ཕྱིར་སྤྱན་རས་གཟིགས་སོ། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་གཟུགས་འཛིན་པས་ན་སྤྱན་རས་གཟིགས་དབང་ངོ༌། །མགོན་པོ་མཆོག་ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་སྐྱབས་དང་མགོན་བྱེད་པ་དེ་དག་གི་ནང་ན་མཆོག་ཡིན་པས་ན་མགོན་པོ་མཆོག་གོ །མགོན་པོ་ཆེན་པོ་ཞེས་བྱ་བ་ནི་མགོན་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མགོན་པོ་ཆེན་པོ་སྟེ། ཐམས་ཅད་ཀྱི་གཟུགས་སུ་བསྟན་ནས་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་ཕྱིར་དང། ཐམས་ཅད་དུ་འགྲོ་བའི་ཕྱིར་རོ། །རྣམ་པར་གཟིགས་ཞེས་བྱ་བ་ནི་བྱེད་བྲག་ཏུ་གཟིགས་པ་ནི་རྣམ་པར་གཟིགས་སོ། །གང་ལ་ཡོངས་སུ་བསྐྱབ་པའི་དོན་ཡིན་ཞེ་ན། སྣང་བ་ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་ཀྱི་སྣང་བས་སོ། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་གཟུགས་ཀྱིས་སེམས་ཅན་གྱི་དོན་བྱེད་པས་ནི་སྣང་བའོ། །འཇིག་རྟེན་དོན་ཞེས་བྱ་བ་ནི་འཇིག་རྟེན་པས་དོན་དུ་གཉེར་བ་ནི་འཇིག་རྟེན་དོན་ཏོ། །འཇིག་རྟེན་མགོན་ཁྱོད་ཅེས་བྱ་བ་ནི། མིང་གི་སྒོ་ནས་འདི་སྐད་བཏགས་པ་ཡིན་ནོ། །མཚན་བརྒྱད་དོ། །འཇིག་རྟེན་ཡི་གེ་ཞེས་བྱ་བ་ནི། འཇིག་རྟེན་པའི་ཡི་གེ་ནི་འཇིག་རྟེན་ཡི་གེ་སྟེ། མི་ཟད་པའི་ཕྱིར་ན་ཡི་གེ་ཞེས་བྱ་བའི་ཚིག་གོ །ཡི་གེ་ཆེ་ཞེས་བྱ་བ་ནི། མི་ཟད་པའི་ཕྱིར་ཡི་གེ་ཆེ་སྟེ། ཡི་གེ་ཆེན་པོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ཐམས་ཅད་དུ་སོང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡི་གེ་མཆོག་ཅེས་བྱ་བ་ནི། འཇིག་རྟེན་པ་འགའ་ཞིག་ཡི་གེ་འགའ་ཞིག་འདོད་བ་དེ་དག་གི་ནང་ན་མཆོག་ཡིན་པས་ན་མཛེས་པའོ། །ཡི་གེ་འདྲ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དེའི་གཟུགས་དང་འདྲ་བའི་ཡི་གེ་དེ་ལ་འདི་སྐད་ཅེས་བརྗོད་དོ། །ཡི་གེའི་ཡི་གེ་ཞེས་པ་ན། དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ནི་ཡི་གེའོ། །ཡི་གེ་དེ་དག་གི་ཡི་གེ་ནི་ལོངས་སྤྱོད་རྫོགས་པའི་སྐུས་རྟག་ཏུ་གནས་པའི་ཕྱིར་རོ། །ཐམས་ཅད་སྤྱན་ཞེས་བྱ་བ་ནི། ཐམས་ཅད་ཀྱི་སྤྱན་ནི་སྤྱན་ལྔ་སྟེ་ཐམས་ཅད་སྤྱན་ཞེས་བྱའོ། །འཁོར་ལོ་ཡི་གེ་ཞེས་བྱ་བ་ནི། གདུལ་བྱའི་སྐྱེ་བོའི་རྒྱུད་ལ་རིམ་གྱིས་འཕོ་བས་ན་འཁོར་ལོ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། རང་
བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་དེ་ཉིད་མི་ཟད་པས་ན་ཡི་གེ་སྟེ། དེའི་རང་བཞིན་ཉིད་ཡི་གེ་འཁོར་ལོའི་མཚན་བདུན་ནོ། །ཕྱག་ན་པདྨོ་ཞེས་བྱ་བ་ནི་ཕྱག་ན་པདྨོ་མངའ་བ་ནི་ཕྱག་ན་པདྨའོ། །ཕྱག་ཆེན་པོ་ཞེས་བྱ་བ་ནི། ཕྱག་ཆེན་པོ་མངའ་བས་ན་ཕྱག་ཆེན་པོ་སྟེ། ནམ་མཁའི་ཁམས་ཀྱང་ཕྱག་གིས་ཁྱབ་པའོ། །དབུགས་འབྱིན་པ་ཞེས་བྱ་བ་ནི། ངན་སོང་དུ་སོང་བ་དང༌། མྱ་ངན་དང༌། ཤི་པ་ལ་སོགས་པའི་འཇིགས་པས་སྐྲག་པའི་སེམས་ཅན་རྣམས་བསྲུང་བའི་ཕྱིར་ན་དབུགས་འབྱིན་པའོ། །སྦྱིན་པ་པོ་ཞེས་བྱ་བ་ནི་ནམ་མཁའི་སྙིང་པོའི་ཏིང་ངེ་འཛིན་གྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པའོ། །སངས་རྒྱས་ཆོས་ཞེས་བྱ་བ་ནི། ཐེག་ པ་གསུམ ་སྟོན་པའི་ཆོས་ཀྱི་ངོ་བོ་ཡིན་པའི་ཕྱིར་སངས་རྒྱས་རྣམས་ཀྱི་ཆོས་ནི་སངས་རྒྱས་ཆོས་སོ། །སངས་རྒྱས་ཆེ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཆེན་པོའི་གཟུགས་ཀྱིས་ཐམས་ཅད་དུ་སོང་བས་ན། སངས་རྒྱས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སངས་རྒྱས་ཆེན་པོའོ། །སངས་རྒྱས་བདག་ཉིད་ཅེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱིས་རྡུལ་ཕྲ་རབ་ལས་བསྒྲུབ་པའི་ཕྱིར་སངས་རྒྱས་བདག་ཉིད་དོ། །མཚན་བདུན་ནོ། །སངས་རྒྱས་གཟུགས་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་གནས་སུ་པདྨ་སངས་རྒྱས་ཀྱི་གཟུགས་ཀྱིས་བཞུགས་པའི་ཕྱིར་སངས་རྒྱས་གཟུགས་སོ། །གཟུགས་ཆེན་པོ་ཞེས་བྱ་བ་ནི། ཐམས་ཅད་ཀྱི་གཟུགས་ཀྱིས་ནམ་མཁའི་ཁམས་སྤྲོས་པས་ན་གཟུགས་ཆེན་པོའོ། །རྡོ་རྗེའི་གཟུགས་ཞེས་བྱ་བ་ནི། ཐམས་ཅད་ཀྱི་ཕྱག་རྒྱའི་གཟུགས་ཀྱིས་བཞུགས་པའི་ཕྱིར་རྡོ་རྗེའི་གཟུགས་སོ། །གཟུགས་བཟང་འཆང་ཞེས་བྱ་བ་ནི། །གཟུགས་བཟང་པོ་ལྟ་བས་ཆོག་མི་ཤེས་པ་མངའ་བས་ན་གཟུགས་བཟང་འཆང་ངོ༌། །ཆོས་ཀྱི་སྣང་བ་ཞེས་བྱ་བ་ནི། མ་དང་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཀྱིས་སྣང་བར་བྱེད་པས་ན་ཆོས་ཀྱི་སྣང་བའོ། །གཟི་བརྗིད་མཆོག་ཅེས་བྱ་བ་ནི། དགེ་བའི་གཟི་བརྗིད་ཇི་ལྟ་ཇི་ལྟ་བུའི་གཟི་བརྗིད་མཆོག་དེ་ལྟ་བུ་དེ་ལ་མངའ་བས་ན་གཟི་བརྗིད་མཆོག་གོ །བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་གཟི་བརྗིད་ནི་འཁོར་ལོས་སྒྱུར་པའི་རྒྱལ་པོའི་གཟུགས་ཀྱིས་རྒྱལ་པོ་ཆོས་ཐམས་ཅད་ཀྱི་གཟི་བརྗིད་ཟིལ་གྱིས་གནོན་པར་བཞུགས་
པའི་ཕྱིར་རོ། །གཟུགས་དེ་ཉིད་ཀྱིས་ཁམས་ གསུམ་པ ་མ་ལུས་པའི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་སྣང་བར་བྱེད་པས་ན། འཇིག་རྟེན་སྣང་བྱེད་དོ། །མཚན་བདུན་ནོ། །པདྨོའི་དཔལ་གྱི་མགོན་པོ་ཞེས་བྱ་བ་ནི། པདྨའི་རིགས་སྐྱེད་པར་བྱེད་པའི་པདྨོའི་དཔལ་དེ་ནི་མགོན་པོ་སྟེ་བདག་པོའོ། །མགོན་པོ་མཆོག་ཅེས་བྱ་བ་ནི། སེམས་ཅན་རྣམས་སྐྱོབ་པས་ན་མགོན་པོའོ། །སངས་རྒྱས་པདྨ་ལ་སོགས་པ་དེ་དག་གིས་འགྲོ་བ་རྣམས་འདུལ་བར་བྱེད་པས་ན་མཆོག་གོ །ཆོས་དཔལ་མགོན་པོ་ཞེས་བྱ་བ་ནི། ཆོས་སོ་སོ་ཡང་དག་པར་རིག་པ་བཞིའི་རང་བཞིན་གྱི་ཤེས་རབ་ནི་ཆོས་སོ། །དཔལ་ནི་ཕུན་སུམ་ཚོགས་པའོ། །དེའི་མགོན་པོ་ནི་གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ལ་གནས་པའི་ངོ་བོ་ཡིན་པ་དེའི་ཕྱིར་དེ་ལས་སྐྱེས་པའོ། །མགོན་ལྡན་པ་ཞེས་བྱ་བ་ནི། མངོན་པོ་རྣམ་པར་སྣང་མཛད་དེ། དེས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་པདྨའི་རིགས་བསྐྱེད་པའི་ཕྱིར་རོ། །དེའི་ཕྱིར་མགོན་པོ་དེ་ལ་མངའ་བས་ན་མགོན་ལྡན་པའོ། །ཚངས་པའི་མགོན་པོ་ཞེས་བྱ་བ་ནི། ཚངས་པ་ནི་བསམ་གཏན་དང་པོ་བསྐྱེད་ པ་སྟེ། སྟོང་གསུམ ་པའི་བདག་བོ་ཚངས་པའི་གཟུགས་ཀྱིས་བདག་པོ་མཛད་པས་ན་ཚངས་པའི་མགོན་པོའོ། །ཚངས་པ་ཆེན་པོ་ཞེས་བྱ་བ་ནི། དེ་ཉིད་ཚངས་པ་མགོན་པོའི་གཟུགས་ཀྱིས་ཚངས་པ་ཐམས་ཅད་ཀྱི་གཟུགས་ལས་མཆོག་ཏུ་གྱུར་པས་ན་ཚངས་པ་ཆན་པོའོ། །ཚངས་སྲས་ཞེས་བྱ་བ་ནི། ཚངས་པས་བསྐྱེད་པའི་དྲང་སྲོང་ནི་ཚངས་པའི་སྲས་ཏེ། དེས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་འདུལ་བར་བྱེད་པའི་གཟུགས་དེ་འཛིན་པས་ན་ཆོངས་པའི་སྲས་ཏེ་མཚན་བདུན་ཡིན་ནོ། །སྣང་བ་ཞེས་བྱ་བ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བས་ཕྱི་དང་ནང་དུ་བཅས་པའི་མུན་པ་རྣམས་སེལ་བའི་ཕྱིར། སྒྲེན་མ་ལྟ་བུ་ཡིན་པས་ན་སྒྲོན་མ་སྣང་བའོ། །སྣང་མཆོག་ཅེས་བྱ་བ་ནི། གཟུགས་དེ་ཉིད་ཀྱིས་འཇིག་རྟེན་པའི་སྣང་བའི་ནང་ནས་མཆོག་ཏུ་གྱུར་བས་ན་སྣང་བ་མཆོག་གོ །སྣང་བའི་གཙོ་བོ་ཞེས་བྱ་བ་ནི། བག་ཆགས་དང་བཅས་པའི་ཉོན་མོངས་པ་དེ་སྤོང་བའི་གཟུགས་ཀྱིས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་སྣང་བ་རྣོ་བའི་ཕྱིར་སྣང་བའི་གཙོ་བོའོ། །སྣང་གསལ་ཞེས་བྱ་བ་ནི། པདྨ་སྣང་ཞིང་གསལ་བས་ཕྱི་རོལ་གྱི་སྣང་བའི་གསལ་
བ་ཆེས་གསལ་བར་བྱེད་པའོ། །ཤིན་ཏུ་སྣང་བ་ཞེས་བྱ་བ་ནི། ཤིན་ཏུ་སྣང་བས་རབ་ཏུ་གསལ་བར་བྱེད་པ་པདྨའི་སྣང་བའི་གཟུགས་དེ་ཉིད་ཀྱིས་དངོས་པོ་ཐམས་ཅད་གསལ་བར་བྱེད་པའི་ཕྱིར་ཤིན་ཏུ་སྣང་བའོ། །སྣང་བའི་མགོན་པོ་ཞེས་བྱ་བ་ནི། པདྨའི་སྣང་ཞིང་གསལ་བ་ཐམས་ཅད་ཀྱི་བདག་པོ་ཡིན་པས་ན་མགོན་པོའོ། །སྣང་བ་ཆེ་ཞེས་བྱ་བ་ནི། པདྨ་སྣང་ཞིང་གསལ་བས་ནམ་མཁའ་ཁྱབ་པས་སྣང་བ་ཆེའོ། །སངས་རྒྱས་སྣང་ཁྱོད་ཅེས་བྱ་བ་ནི། བཤད་མ་ཐག་པའི་སྣང་བ་ཐམས་ཅད་ཀྱི་ནང་ནས་སངས་རྒྱས་བཅོམ་ལྡན་འདས་གང་ཡིན་པ་དེ་ནི་སངས་རྒྱས་སྣང་བ་སྟེ། མཚན་བརྒྱད་ཡིན་ནོ། །སངས་རྒྱས་དབང་བསྐུར་བ་ཞེས་བྱ་བ་ནི། ཁྱོད་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིག་པར་དབང་བསྐུར་བ་ནི་སངས་རྒྱས་ཀྱི་དབང་བསྐུར་བའོ། །སངས་རྒྱས་མཆོག་ཅེས་བྱ་བ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོས་སྤྲུལ་པའི་སྐུའི་རང་བཞིན་སངས་རྒྱས་རྣམས་ཀྱི་མཆོག་ནི་སངས་རྒྱས་མཆོག་གོ །སངས་རྒྱས་སྲས་པོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་སྐྱེས་པ་ན་སངས་རྒྱས་སྲས་སོ། །མཁས་ཆེན་པོ་ཞེས་བྱ་བ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྣལ་འབྱོར་ཆེན་པོས་དོན་ཐམས་ཅད་ཡོངས་སུ་མཁྱེན་པ་ནི་མཁས་པ་ཆེན་པོའོ། །སངས་རྒྱས་དབང་བསྐུར་བ་ཞེས་བྱ་བ་ནི། ནམ་མཁའི་སྙིང་པོ་རིན་པོ་ཆེའི་ཅོད་པན་གྱི་གཟུགས་ཀྱིས་དབང་བསྐུར་བ་ནི། སངས་རྒྱས་དབང་བསྐུར་རོ། །གཙུག་གི་མཆོག་ཅེས་བྱ་བ་ནི་པདྨའི་རིགས་ཀྱི་ལྷ་རྣམས་ཀྱི་གཟུགས་ཀྱི་སྤྱི་གཙུག་ན། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་འཆང་བའམ། གཞན་ཡང་རུང་བ་རྣམས་ནི་མཆོག་སྟེ། གཙུག་གི་མཆོག་གོ །སངས་རྒྱས་ཞེས་བྱ་བ་ནི། པདྨའི་རིགས་ཀྱི་ལྷ་རྣམས་ཀྱི་གཟུགས་དེ་དག་ལ་སངས་རྒྱས་ཀྱི་རང་བཞིན་གྱི་སྤྱི་བོར་བཞུགས་པས་ན་སངས་རྒྱས་སངས་རྒྱས་ཁྱོད་དེ། འཇིག་རྟེན་དབང་ཕྱུག་ཉིད་ལ་སྣང་བ་མཐའ་ཡས་ཞུགས་པ་ཡང་ཡིན་པས་མཚན་བདུན་ཡིན་ནོ། །སངས་རྒྱས་སྤྱན་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་སྤྱན་ཡིན་པས་ན་སངས་རྒྱས་ཀྱི་སྤྱན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །སྤྱན་ཆེན་པོ་ཞེས་བྱ་བ་ནི། ལྷའི་སྤྱན་ཡང་དེ་ཡིན་ལ། ཆེན་པོ་ཡང་དེ་ཡིན་
པས་ན་སྤྱན་ཆེན་པོའོ། །ཆོས་སྤྱན་ཞེས་བྱ་བ་ནི། ཡུལ་ཡོངས་སུ་མ་སྤངས་པར་མཁྱེན་ནས་ཆོས་སྟོན་པ་གང་ཡིན་པ་དེ་ནི་ཆོས་སྤྱན་ནོ། །གཟིགས་པ་ཆེན་པོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་སྤྱན་གྱིས་ངོ་བོ་ལ་གཟིགས་པ་ཆེན་པོ་འདི་ལ་མངའ་བས་ན་གཟིགས་པ་ཆེན་པོའོ། །ཏིང་ངེ་འཛིན་གྱི་ཡེ་ཤེས་ཞེས་བྱ་བ་ནི། ཏིང་ངེ་འཛིན་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་ཡེ་ཤེས་སུ་དེས་པའོ། །ཐམས་ཅད་པ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་པ་ནི་ཁྱོད་དོ། །རྡོ་རྗེ་སྤྱན་ཞེས་བྱ་བ་ནི། ཤའི་སྤྱན་གྱི་ངོ་བོ་ནི་རྡོ་རྗེ་སྤྱན་ཏེ། རྡོ་རྗེ་སྤྱན་དེས་ཉེ་བར་མཚོན་པ་ནི་རྡོ་རྗེ་སྤྱན་ཞེས་བཤད་པ་སྟེ་མཚན་བདུན་ཡིན་ནོ། །དེ་ལྟར་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པའི་ཕན་ཡོན་གསུངས་པ་ནི་བདག་ཉིད་ཀུན་གྱིས་ཞེས་བྱ་བ་སྨོས་ཏེ། འགའ་ཞིག་བཤད་མ་ཐག་པ་འདིས་བདག་ཉིད་ཀུན་གྱིས་དངོས་པོ་ཐམས་ཅད་ཀྱི་སྒོ་ནས་སོ། །ཡོན་ཏན་གྱི་རྒྱུ་མཚན་གྱི་ཡོན་ཏན་ནོ། །ཁྱོད་ཀྱི་མཚན་བརྒྱ་རྩ་བརྒྱད་པ་རྣམས་ནི་ཁྱོད་ཀྱི་མཚན་བརྒྱ་རྩ་བརྒྱད་པ་ཡང་དག་པར་བརྗོད་པའོ། །བསྟོད་དམ་ནི་བསྟོད་པའི་བསམ་པས་བསྟོད་པར་འདོད་པའོ། །སྒོམ་པར་བྱེད་པ་ནི་དོན་མངོན་དུ་བྱེད་པ་གང་ཡིན་པ་དེས་ཀྱང་འཇིག་རྟེན་གྱི་དབང་པོ་དང་མཚུངས་པར་འགྱུར་རོ། །དཔའ་བོ་ཁྱོད་ལ་གསོལ་བཏབ་པ། །ཞེས་བྱ་བ་ནི། གུས་པ་སྔོན་དུ་འགྲོ་བས་དོན་དུ་གཉེར་བས་གསོལ་བ་འདེ་བས་པ་ནི་དོན་གྱི་ཆེད་ཀར་གསོལ་བ་འདེབས་པའོ། །དམིགས་པ་ཐམས་ཅད་ལས་རྣམ་པར་རྒྱལ་བས་ན་དཔའ་བོའོ། །རང་གི་རིགས་ནི་བསྐྱེད་ནས་ཀྱང༌། །ཞེས་བྱ་བ་ནི་པདྨའི་རིགས་བསྐྱེད་པའོ། །ཆོས་ཀྱི་དཀྱིལ་འཁོར་དམ་པ་ནི། །ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་གྱི་རང་གི་བདག་ཉིད་མཆོག་ཏུ་གྱུར་པ་ཁྱོད་ཀྱིས་བཤད་དུ་གསོལ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་འདེབས་པའོ། །ཐུབ་པ་ཆེན་པོས་བཤད་དུ་གསོལ། །ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ གསུམ་ཐུབ་པ ་དང་ལྡན་པས་ན་ཐུབ་པའོ། །ཐུབ་པ་རྣམས་ཀྱི་ནང་ན་ཐུབ་པ་ཡིན་པས་ན་ཐུབ་པ་ཆེན་པོའོ། །དེ་ལ་ལུས་ཐུབ་པ་ནི། ལུས་ཀྱི་མི་དགེ་བའི་ལས་ཀྱི་ལམ་རྣམ་ པ་གསུམ ་དང་བྲལ་བའོ། །ངག་གི་ལས་ཀྱི་ལམ་
རྣམ་པ་བཞི་དང་བྲལ་བས་ན་ངག་ཐུབ་པའོ། །ཡིད་ཀྱི་མི་དགེ་བའི་ལས་ཀྱི་ལམ་རྣམ་ པ་གསུམ ་དང་བྲལ་བས་ན་ཡིད་ཐུབ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལ་སྤྱན་རས་གཟིགས་ཀྱི་དབང་པོ་ཕྱག་ན་རྡོ་རྗེའི་གཟུགས་འཛིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་ཐོས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ག་ལ་བ་དེར་མངོན་དུ་ཕྱོགས་ཏེ་འདུག་ནས་སོ། །འདུག་ནས་ཅི་ཞིག་བྱེད་ཅེ་ན། རྡོ་རྗེ་པདྨོ་དེ་རང་གི་ཐུགས་ཀར་བཞག་སྟེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་ནི། དང་པོར་སྦྱོར་བའི་ཏིང་ངེ་འཛིན་རྫོགས་པའི་དུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཀྱི་སྐུའི་དབང་བསྐུར་བ་གང་ཡིན་པ་དེས་དབང་བསྐུར་རོ། །དེ་ནས་རང་གི་ཐུགས་ཀའི་ཕྱོགས་སུ་ཕྱག་གཡོན་པ་བརྐྱང་བའི་ཚུལ་གྱིས་བཟུང་ནས་གནས་པ་ལ། ཕྱག་གཡས་པས་འབྱེད་པའི་ཚུལ་དུ་མཛད་ནས་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །རབ་ཏུ་དག་པའི་ས་ཞེས་བྱ་བ་ནི། མཆོག་ཏུ་གྱུར་པས་ན་རབ་ཏུའོ། །ཅིའི་ཕྱིར་འདི་རབ་ཏུ་དག་པ་ཡིན་ཞེ་ན། གང་གི་ཕྱིར་དྲི་མ་ཐམས་ཅད་དང་བྲལ་བས་ན་དག་པའི་ཐ་ཚིག་གོ །དེ་སུའི་ཡིན་ཞེ་ན། རྡོ་རྗེ་པདྨོ་འདི་དག་གི །ཞེས་སྨོས་ཏེ། འདིར་ཅིའི་ཕྱིར་ངོ་མཚར་ཆེ་ཞེ་ན། ཕ་ཡིན་བདག་གི་བུ་ཡང་ཡིན། །ཞེས་བྱ་བ་སྨོས་ཏེ། ཕ་ནི་རྡོ་རྗེ་པདྨའི་སྟེ། འདི་ཡང་བདག་ཉིད་ཡིན་ལ་བུ་ཡང་བདག་ཡིན་པས་ན། བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་འདི་ངོ་མཚར་བའོ། །འདི་སྐད་སྟོན་པ་ཡིན་ཏེ། འདི་གང་ཡིན་པ་ཡང་བདག་ཡིན་ལ་བདག་གང་ཡིན་པའང་འདི་ཡིན་པས་ན་རྡོ་རྗེ་པདྨས་འདུལ་བ་རྣམས་ཀྱིས་དེ་ལྟར་མཐོང་བ་ཡིན་ནོ། །འཇིག་རྟེན་དབང་ཕྱུག་ལས་པདྨ་འབྱུང་ལ། དེ་ལས་ཀྱང་འཇིག་རྟེན་དབང་ཕྱུག་ཏུ་བྱུང་བ་འདི་ངོ་མཚར་བའོ། །རིགས་འདི་བྱིན་གྱིས་བརླབ་པར་མཛོད། །ཅེས་བྱ་བ་ནི། རང་གི་རིགས་བྱིན་གྱིས་བརླབས་ནས་གང་གིས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་བདག་ལ་གཏད་པའོ། །རིགས་འདི་ནི་ཞེས་བྱ་བ་ནི་རང་གི་ཐུགས་ཀར་བཞག་པ་གང་ཡིན་པ་འདིའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་
ཁྱེད་ཀྱི་ཐུགས་ལ་རྡོ་རྗེ་འཆང་ཆན་པོའི་གཟུགས་ཀྱིས་པདྨའི་རིགས་སུ་རྣམ་པར་གནས་པ་གང་ཡིན་པ་དེ་བདག་ཅག་གི་རིགས་ཀྱི་ནུས་པ་བསྐྱེད་པའི་ཕྱིར། བདག་ལ་དེ་གཏད་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་རང་གི་རིགས་འདི་བྱིན་གྱིས་བརླབ་པར་མཛོད་ཅེས་བྱ་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལ་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོའོ། །དེའི་དམ་ཚིག་ནི་ཧྲཱིཿ་ཞེས་བྱ་བ་ཐུགས་ལ་གནས་སོ། །དེ་ལས་བྱུང་པ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་པའི་སེམས་དཔའི་རྡོ་རྗེ་གང་ལས་པདྨ་ལྟ་བུར་བྱུང་པ་དེ་སྐད་དུ་བཤད་པ་དེས་བྱིན་གྱིས་བརླབས་ཤིང་བརྟན་པར་མཛད་ནས། པདྨོ་ལྟ་བུ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་མིང་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་སོ། །འདི་ཞེས་བྱ་བ་ནི་བློ་ལ་གནས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ནི་པདྨའི་འོད་ཟེར་གྱི་གཟུགས་ཅན་ནོ། །དམ་ཚིག་ཅེས་བྱ་བ་ནི་རྒྱུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནི་རང་གི་ཐུགས་ལ་གནས་པའི་ཐུགས་ཀའི་སེམས་དཔའི་རྡོ་རྗེ་ལས་བྱུང་བ་ནི་ངེས་པར་བྱུང་བའོ། །འདི་སྐད་སྟོན་པ་ཡིན་ཏེ། པདྨའི་རིགས་སྤྲུལ་བའི་ཕྱིར་དང་པདྨའི་རྣམ་པའི་འོད་ཟེར་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་བྱིན་གྱིས་བརླབས་པའི་ཕྱིར་སེམས་དཔའི་རྡོ་རྗེ་བྱིན་གྱིས་བརླབས་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རྣམ་པར་སྣང་མཛད་ཆེན་པོ་ལ་བསྐུལ་བར་གྱུར་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཞས་བྱ་བ་ནི། བསྡུ་བས་བྱིན་ནས་རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ལས་སོ། །པདྨ་ལྟ་བུ་ནི་པདྨའི་རྣམ་པར་རོ། །ཁ་དོག་དུ་མ་ནི་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། དཀར་པོའི་ཁ་དོག་གོ །གཟུགས་དུ་མ་ནི་དབྱི་བས་སྣ་ཚོགས་པའོ། །རྟགས་དུ་མ་ནི་མཚན་མ་སྣ་ཚོགས་པའོ། །སྤྱོད་ལམ་དུ་མ་ནི་གནས་པ་དང༌། འགྲོ་བ་དང༌། འཆག་པ་དང༌། འདུག་པ་དང༌། ཉལ་བའི་རང་བཞིན་གྱི་པདྨ་ལྟ་བུའི་འོད་ཟེར་བྱུང་ནས། འདོད་ཆགས་ལ་སོགས་པ་རྣམ་པར་དག་པ་དང་ཞེས་བྱ་བ་ནི། དེ་ལ་མི་དམིགས་པའི་ཐུགས་
རྗེ་ཆེན་པོ་ཆགས་པའོ། །སོགས་པ་སྨོས་པ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་སྔར་བཤད་པ་རྣམས་གཟུང་བའོ། །འདོད་ཆགས་དང་པོར་བྱས་པ་གང་ཡིན་པ་ནི་འདོད་ཆགས་ལ་སོགས་པའོ། །དེ་ཉིད་རྣམ་པར་དག་པ་དང༌། ཆོས་ཉིད་ཀྱི་ཡེ་ཤེས་ཀྱིས་འདོད་ཆགས་ལ་སོགས་པ་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །དེར་ངེས་པའི་ཡེ་ཤེས་ཀྱི་གཟུགས་ཀྱིས་དེ་རྣམས་ཡང་དག་པར་སྦྱང་ཞིང་དག་པ་ལས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡེ་ཤེས་ལ་སོགས་པ་གདུལ་བྱ་ལ་བསྐྱེད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་སླར་ལོག་སྟེ་འཕགས་པ་སྤྱན་རས་གཟིགས་དབང་པོའི་ཐུགས་ཀར་ཞུགས་སོ་ཞེས་བྱ་བ་ནི། འོད་ཟེར་ཞུགས་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདིས་པདྨའི་རིགས་སྤྲུལ་པར་བྱིན་གྱིས་རློབ་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་བྱ་བ་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོར་བྱིན་གྱིས་བརླབས་པའི་རྗེས་ཐོགས་ཉིད་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་པདྨའི་རིགས་ཀྱི་ལྷ་རྣམས་སོ། །དེ་དག་གི་ཆོས་ནི་པདྨའི་རིགས་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རོ། །དེའི་དམ་ཚིག་ནི་སྐྱེད་པར་བྱེད་པའི་རྒྱུའོ། །མིང་དེ་སྐད་ཅེས་བྱ་བ་གང་ཡིན་པ་དེ་རིག་པ་དམ་པ་འདི་གསུངས་སོ། །དེ་ལྟར་ཕྱག་ན་རྡོ་རྗེ་དང༌། རྡོ་རྗེ་སྙིང་པོ་དང༌། རྡོ་རྗེ་སྤྱན་དང༌། རྡོ་རྗེ་སྣ་ཚོགས་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་གི་རིག་པདྨ་པ་འདི་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ནི་རྡོ་རྗེ་ཆོས་སོ། །པདྨའི་རིགས་སྤྲུལ་ཅིང་བྱིན་གྱིས་བརླབས་པའི་ཕྱིར། གཟུགས་ཀྱང་དེ་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་ན་གཟུགས་ཐམས་ཅད་པ་སྟེ། པདྨའི་སངས་རྒྱས་ལ་སོགས་པའོ། །དེས་འདུལ་པའི་རྒྱུད་ལ་ཡང་དག་པར་སྟོན་པས་ན། གཟུགས་ཐམས་ཅད་སྟོན་པའོ། །རྒྱུ་མཚན་དེས་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཐུགས་ལ་
གནས་པའོ། །འགྲོ་བ་ཐམས་ཅད་འདུལ་བའི་དམ་ཚིག་ཅེས་བྱ་བ་ནི། སེམས་ཅན་གྱི་ཁམས་ཀྱི་འགྲོ་བ་ཐམས་ཅད་འདིས་འདུལ་བར་བྱེད་པས་འགྲོ་བ་ཐམས་ཅད་འདུལ་བའོ། །པདྨའི་རིགས་དེའི་དམ་ཚིག་གི་རྒྱུར་གྱུར་པ་སྟེ་སྐྱེད་པར་བྱེད་པའི་སྙིང་པོ་ནི་སྒྲའི་གཟུགས་ཏེ། འགྲོ་བ་ཐམས་ཅད་འདུལ་བའི་དམ་ཚིག་ཅེས་བྱ་བ་འདི་གསུངས་ཤིག་པའོ། །འཕགས་པ་སྤྱན་རས་གཟིགས་དབང་པོའི་ཐུགས་ལས་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་ལས་འཕགས་ཤིང་རིང་དུ་སོང་བས་ན་འཕགས་པའོ། །སེམས་ཅན་གྱི་ཁམས་རྣམས་འདུལ་བར་བྱེད་པ་གང་ཡིན་པ་དང༌། རང་གི་རིགས་ལ་གཟིགས་པས་ན་སྤྱན་རས་གཟིགས་སོ། །དེ་ལ་དབང་པོ་ནི་མངའ་བདག་སྟེ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའོ། །དེའི་ཐུགས་ལ་ཞེས་བྱ་བ་ནི། སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་པདྨའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་དེ་ལས་སོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པའི་སེམས་དཔའ་རྡོ་རྗེའི་གཟུགས་ནི་རྡོ་རྗེ་འཆང་ཆེན་པོའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་གཟུགས་འཛིན་པ་ཞེས་བྱ་བ་ནི། སངས་རྒྱས་པདྨོ་ནས་བརྩམས་ནས་པདྨ་འབེབས་པའི་མཐར་ཐུག་པ་དེའི་ནང་ནས་གང་ལ་འཕགས་པ་སྤྱན་རས་གཟིགས་དབང་པོའི་གཟུགས་འཛིན་པ་དེ་ནི་འཕགས་པ་སྤྱན་རས་གཟིགས་དབང་པོའི་གཟུགས་འཛིན་པའོ། །པདྨའི་གདན་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པས་ན་པདྨ་ལ་བཞུགས་པའོ། །རྡོ་རྗེ་རྩེ་ལྔ་པ་ལ་སོགས་པ་ནས་དྲིལ་བུའི་མཐར་ཐུག་པ་པདྨས་མཚན་པའི་མཚན་མའི་ཕྱག་རྒྱ་འཛིན་པའི་ཕྱིར་ན། ཕྱག་རྒྱའི་མཚན་མ་པདྨ་འཛིན་པའོ། །ཁ་དོག་སྣ་ཚོགས་པ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའོ། །གཟུགས་ནི་དབྱིབས་རིང་བ་དང་ཐུང་བ་ལ་སོགས་པའོ། །ཆ་ལུགས་ནི་སངས་རྒྱས་པདྨ་ལ་སོགས་པ་ནས་པདྨ་འབེབས་པའི་བར་ནི་ཆ་བྱད་དོ། །དེ་ཉིད་ཀྱི་རྒྱན་ནི་བཏགས་པའོ། །ཁ་དོག་དང་གཟུགས་དང༌། ཆ་བྱད་དང༌། རྒྱན་སྣ་ཚོགས་པ་གང་ཡིན་པ་དེ་དག་ནི་སྣ་ཚོགས་པའི་གཟུགས་ཀྱི་ཆ་བྱད་དང་རྒྱན་ནོ། །དེ་བཞིན་གཤེགས་པ་ལ་
སོགས་པ་ཞེས་བྱ་བ་ནི་སངས་རྒྱས་པདྨ་ལ་སོགས་པའོ། །སེམས་དཔའ་ཐམས་ཅད་ཀྱི་གཟུགས་འཛིན་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་སོགས་པ་སེམས་དཔའ་ཐམས་ཅད་ཀྱི་གཟུགས་འཛིན་པའོ། །དེ་ལྟར་གྱུར་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་ལུས་སུ་གྱུར་ནས་བྱུང་སྟེ། ཟླ་བའི་དཀྱིལ་འཁོར་རྣམས་ལ་འཁོད་ནས་ཆེད་དུ་བརྗོད་པ་ནི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་བྱས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ཅེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་གནས་པའི་སེམས་ཅན་གང་ཡིན་པ་དེ་དག་ལ་གང་དང་གང་གི་གཟུགས་ཀྱིས་འདུལ་བར་གྱུར་པ་དེ་དང་དེའི་གཟུགས་ཀྱིས་དེ་དག་རང་གི་གཟུགས་སུ་བསྟན་ནས་འདུལ་བར་བྱས་ཏེ། སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱོགས་དང་མཚམས་སུ་དེ་བཞིན་གཤེགས་པ་ལ་སོགས་པ་དང༌། སེམས་དཔའ་ཐམས་ཅད་ཀྱི་གཟུགས་ཀྱིས་ཟླ་བའི་དཀྱིལ་འཁོར་རྣམས་ལ་འཁོད་དེ་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་འདུག་ནས་ཆེད་དུ་བརྗོད་པ་གསུངས་སོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །སྐལ་པ་ཇི་ལྟ་བའི་སེམས་ཅན་འདུལ་བའི་ཕྱིར། སངས་རྒྱས་པདྨ་ལ་སོགས་པའི་གཟུགས་བསྟན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐབས་སོ། །སྙིང་རྗེའི་བདག་ཉིད་ནི་དམིགས་པ་མེད་པའི་ཐུགས་རྗེའི་རང་བཞིན་ནོ། །འདིར་ཅི་ཞིག་ངོ་མཚར་ཞེ་ན། གང་དུ་ཐབས་ཀྱིས་འདུལ་མཛད་ན། །ཞེས་བྱ་བ་སྨོས་ཏེ། དམིགས་པའི་ཐུགས་རྗེ་ལ་གནས་ནས་ལྷ་རྣམས་སུ་ཡང་གྱུར་པ་ཡིན་ནོ། །འཁོར་བའི་ཕུང་པོ་ཐམས་ཅད་ལས་བཟློག་ནས། ལས་དང་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་སུ་ཟིན་ཀྱང་ལྷ་ཆེན་པོ་ལ་སོགས་པ་ལྷའི་གཟུགས་སུ་ཡང་འགྱུར་པ་འདི་ནི་ངོ་མཚར་བའོ།། འདི་སྐད་སྟོན་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་སྐུ་མ་ཡིན་ཡང་ལྷ་ལ་སོགས་པའི་གཟུགས་ཀྱིས་འདུལ་བ་ལ་མོས་པ་རྣམས་ཀྱིས་མཐོང་བ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནས། ལྷ་རྣམས་སུ་ཡང་གྱུར་པ་
ཡིན་ཞེས་བྱ་བའི་བར་གྱི་གཞུང་འདི་ཙམ་གྱིས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་བསྟན་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ལ་སོགས་པ་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ གསུམ་པ ་ཡིན་པར་ཤེས་པར་བྱའོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་དངོས་གྲུབ་རྣམས་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་དམ་ཚིག་དང་དབང་བསྐུར་བས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། །དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་སློབ་དཔོན་གྱི་ལས་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པ་ཡིན་ནོ། །རང་གི་རིགས་ཀྱི་དཀྱིལ་འཁོར་སྤྲུལ་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕུལ་ནས། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་འདི་བཤད་དོ་ཞེས་བྱ་བར་སྦྱར་རོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་དགོས་པའི་དོན་ཅི་ཞིག་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ལ་ངན་སོང་དུ་ལྟུང་བ་དང་འཆི་བ་ལ་སོགས་པས་མི་འཇིགས་པ་ནི། མི་འཇིགས་པ་སྦྱིན་པ་དང་དོན་ཐོབ་པའོ། །དངོས་གྲུབ་དམ་པ་ནི་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲུབ་པའོ། །རྡོ་རྗེ་ཆོས་ཉིད་ནི་པདྨའི་རིགས་རྡོ་རྗེ་གསང་བའི་རང་བཞིན་ནོ། །དེའི་ཡེ་ཤེས་ནི་ངེས་པའོ། །མངོན་པར་ཤེས་པ་ནི་དྲུག་གོ །སེམས་ཅན་དེ་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང༌། དོན་དང་དངོས་གྲུབ་དམ་པ་དང༌། རྡོ་རྗེ་ཆོས་ཉིད་དང༌། ཡེ་ཤེས་དང༌། མངོན་པར་ཤེས་པའི་འབྲས་བུ་རྙེད་བའི་རྒྱུ་དེའི་ཕྱིར་ཕུལ་ལོ། །འདི་ཞེས་བྱ་བ་ནི་བློ་ལ་གནས་པའོ། །འགྲོ་བ་ཐམས་ཅད་འདུལ་བའི་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་ཆེན་པོ་དེ་གསུངས་ཤིང་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་དེ་སྔོན་དུ་བསྙེན་པའི་རྗེས་ཐོགས་ལའོ། །དེ་ནས་ཞེས་བྱ་བ་ནི་རྒྱ་དེའི་ཕྱིར་ཏེ་གང་གི་ཕྱིར་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་འཇུག་པ་མེད་པར་དེས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ལ་དེ་ལས་གསུངས་པའི་དངོས་གྲུབ་ཏུ་མེ་འགྱུར་བ་དེའི་ཕྱིར་རབ་ཏུ་བཤད་པར་བྱ་བ་སྟེ། རབ་ཏུ་ཕྱེ་ནས་ཡང་དག་པར་བཤད་པར་བྱའོ། །
དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །ཞེས་བྱ་བ་ནི་མཆོག་ཏུ་གྱུར་པའོ། །རྡོ་རྗེ་དབྱིངས་དང་འདྲ་བ་ནི། །ཞེས་བྱ་བ་ལ་སྤྲུལ་པའི་དཀྱིལ་འཁོར་དང་འདྲ་བས་ན། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའོ། །མཚན་གང་ཡིན་ཞེ་ན། འགྲོ་བ་འདུལ་བ་ཞེས་བྱ་བ་སྟེ། འགྲོ་པ་འདུལ་བ་ཞེས་མིང་དུ་བཏགས་པའོ། །དེ་ཅི་འདྲ་བ་ཞིག་ཅེ་ན། གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་བྱ་བ་ནི་དེ་དབྱིབས་བཤད་པ་ཡིན་ནོ། །དེ་ཡི་ནང་དུ་སྲད་བུས་ནི། །གྲུ་བཞི་པ་ནི་བྲི་བར་བྱ། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་དེ་ཉིད་ཀྱི་ནང་དུ་ནང་གི་སྲད་བུ་གྲུ་བཞི་བར་དེ་ལྟར་བྲི་བོར་བྱའོ། །དེ་ལྟར་ཡིན་ན་ནི་ཅི་ཞིག་ཏུ་འགྱུར་ཞེ་ན། གཉིས་པའི་གྲྭར་ནི་སྒོ་བཏོད་ཅིང༌། །ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་གཉིས་པ་ཞེས་བྱ་བའི་ཐ་ཚིག་གོ །གཉིས་པ་དེ་གྲུ་བཞི་བར་བྲི་བར་བྱས་ནས་དཀྱིལ་འཁོར་གཉིས་པ་དེའི་གྲྭ་བཞི་ཕྱིའི་དཀྱིལ་འཁོར་གྱི་སྒོ་ལ་མངོན་དུ་ཕྱོགས་པར་བྱས་ཏེ། གཉིས་པའི་གྲྭར་ནི་སྒོ་བཏོད་ཅིང༌། །ཞེས་བྱ་བ་བཤད་པ་ཡིན་ནོ། །གྲྭ་སྒོ་ལ་མངོན་དུ་ཕྱོགས་བ་གང་ཡིན་པ་དེ་ནི་དེར་ཡང་པདྨའི་རྣམ་པས་ཟུར་སྒོར་བཏོད་བ་ཡིན་ནོ། །པདྨ་འདབ་མ་འདྲ་བར་བྱ་བ་ཡིན། །ཞེས་སྨོས་སོ། །དེ་ཡང་ཇི་ལྟར་བྲི་བར་བྱ་ཞེ་ན། ཀ་བ་བརྒྱད་ཀྱི་ཚུལ་དུ་ནི། །པདྨ་འདབ་མ་བརྒྱད་ པ་བྲི། །ཞེས་བྱ་བ་སྨོས་ཏེ། ཆ་གསུམ ་མཉམ་པར་ཐིག་བཏབ་ལ། །ཕྱོགས་དང་མཚམས་རྣམས་སུ་པདྨའི་འདབ་མ་བཞི་བཞི་བྲིས་ལ། འདབ་མ་རྣམས་ལ་རྡོ་རྗེ་བྲིའོ། །དེ་ཡི་གེ་སར་དབུས་སུ་ནི། །སངས་རྒྱས་ཀྱི་ནི་སྐུ་གཟུགས་གཞག ། ཅེས་བྱ་བ་ནི་དཀྱིལ་འཁོར་གཉིས་པ་དེའི་པདྨའི་ལྟེ་བའི་དབུས་སུ་རྣམ་པར་སྣང་མཛད་བྲི་བར་བྱའོ། །སངས་རྒྱས་ཕྱོགས་ཀུན་བྲི་བ་ནི། །པདྨའི་དབུས་སུ་གནས་པ་ཡི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ཉིད་ཀྱི་པདྨའི་ལྟེ་བའི་ཕྱོགས་བཞིའི་པདྨའི་གདན་ལ་བྲི་བར་བྱའོ། །ཅི་ཞིག་བྲི་ཞེ་ན། རྡོ་རྗེ་རིན་ཆེན་པདྨ་དང༌། །སྣ་ཚོགས་པདྨོ་དེ་བཞིན་ནོ། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་སེམས་མའི་གནས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པའི་པདྨའོ། །རྡོ་རྗེ་རིན་ཆེན་མའི་གནས་སུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་པདྨ་འབའ་ཞིག་གིས་མཚན་པའོ། །རྡོ་རྗེ་ཆོས་མའི་
གནས་སུ་པདྨ་འདབ་མ་བཅུ་དྲུག་པའི་རྡོ་རྗེ་པདྨའོ། །རྡོ་རྗེ་ལས་མའི་གནས་སུ་སྣ་ཚོགས་པདྨ་འདབ་མ་བཞི་པ་བྲི་བོར་བྱའོ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ། །ཞེས་བྱ་བ་ནི། སེམས་ཅན་གྱི་ཁམས་ཀྱི་འགྲོ་བ་དེ་འདུལ་བར་བྱེད་པ་འདི་ནི་འགྲོ་བ་འདུལ་བ་སྟེ་འཇིག་རྟེན་དབང་ཕྱུག་གོ །གཟུགས་རྣམས་ཐམས་ཅད་འབྱིན་པ་ནི། །ཏིང་ངེ་འཛིན་ལ་བཞུགས་པའོ། །དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་པདྨའི་འདབ་མ་ལ་དེར་ནི་སྤྱན་རས་གཟིགས་དབང་ཕྱུག་བྲི་བར་བྱའོ། །གཟུགས་རྣམས་ནི་སངས་རྒྱས་པདྨ་ལ་སོགས་པ་ནས། པདྨ་འབེབས་པའི་མཐར་ཐུག་པའོ། །འབྱིན་པ་ནི་རར་གྱི་གཟུགས་ཀྱི་སྤྱི་གཙུག་ལ་སོགས་པའི་གནས་རྣམས་ནས། འོད་ཟེར་གྱི་ཚོགས་འབྱིན་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེའི་ཕྱོགས་ནི། ཐམས་ཅད་དུ་ནི་ཕྱོགས་བཞིར་རོ། །རྡོ་རྗེ་འགྱིང་ལ་སོགས་ཚུལ་དུ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་སོ། །སངས་རྒྱས་ལ་སོགས་སེམས་དཔའ་ཆེ། །མཚན་མ་པདྨོ་འཆང་བ་བྲི། །ཞེས་བྱ་བ་ནི་བྲིའོ་ཞས་བྱ་བར་ཤེས་པར་བྱའོ། །དེ་ལ་སངས་རྒྱས་ནི་སངས་རྒྱས་པདྨོ་ལ་སོགས་པ་སྨོས་པས་ནི་པདྨའི་ལྕགས་ཀྱུ་དང་པདྨ་ཆགས་པ་དང༌། པདྨ་ལེགས་པ་རྣམས་གཟུང་བར་བྱའོ། །སངས་རྒྱས་དང་པོར་བྱས་པ་གང་ཡིན་པ་དེ་ནི། སངས་རྒྱས་ལ་སོགས་སེམས་དཔའ་ཆེ་སྟེ། བྲི་བར་བྱ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ལ་སོགས་པ་དེ་དག་ཇི་ལྟར་བྲི་བར་བྱ་ཞེ་ན། མཚན་མ་པདྨ་འཆང་བ་བྲི། །ཞེས་བྱ་བ་སྨོས་ཏེ། པདྨོའི་རྟགས་ཀྱི་མཚན་མ་ཅན་གྱི་རྡོ་རྗེ་ལ་སོགས་པ་འཆང་བ་ནི་མཚན་མ་པདྨོ་འཆང་བ་སྟེ། པདྨའི་མཚན་མ་ཅན་གྱི་སངས་རྒྱས་ལ་སོགས་པ་བྲི་བར་བྱའོ། །ཐམས་ཅད་དུ་རང་གི་སྙིང་པོ་བརྗོད་ཅིང༌། སྙིང་པོའི་དོན་བྲི་བར་བྱའོ། །དེ་ཡི་དབུས་སུ་བྲི་བ་ནི། །ཞེས་བྱ་བ་ནི་ལྷོ་ཕྱོགས་ཀྱི་པདྨའི་འདབ་མའི་དབུས་སུའོ། །ཐོར་ཚུགས་དབུས་ན་འང་དེ་བཞིན་གཤེགས། །ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་རལ་པའི་ཐོར་ཚུགས་བྲིས་ལ། དེའི་དབུས་སུ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་བྲི་བར་བྱའོ།།
དེའི་ཕྱོགས་ནི་ཐམས་ཅད་དུ་ནི་ཐོར་ཚུགས་ཀྱི་ཕྱོགས་བཞིར་རོ། །ཁྲོ་གཉེར་ལ་སོགས་ཚུལ་དུ་ནི། །ཞེས་བྱ་བ་ནི་དེ་ལ་པདྨའི་ཁྲོ་གཉེར་ནི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའོ། །མཚན་མར་པདྨོ་འཆང་བ་ནི་པདྨའི་ཁུ་ཚུར་དེའི་སྦྱོར་བས་གཡོན་བསྙེམས་པ་དང་བཅས་པས་པདྨའི་དྲིལ་བུ་བཟུང་ལ། དེ་བཞིན་དུ་ཕྱག་གཡས་པའི་ཁུ་ཚུར་གྱིས་པདྨས་མཚན་པའི་ཡིད་བཞིན་གྱི་ནོར་བུ་དབང་བསྐུར་བའི་གནས་སུ་འཇོག་པའོ། །སོགས་པ་སྨོས་པས་ནི། པདྨའི་ཉི་མ་དང༌། དཔལ་དང་བཞད་པ་རྣམས་གཟུང་བར་བྱའོ། །ཁྲོ་གཉེར་ལ་སོགས་པའི་ཚུལ་ཅན་ནི་ཁྲོ་གཉེར་ལ་སོགས་པའི་ཚུལ་ཏེ། ཁྲོ་གཉེར་ལ་སོགས་པའི་སྦྱོར་བ་དེས་མཚན་མ་པདྨོ་འཆང་བ་བྲི་བར་བྱའོ། །མཚན་མ་དེ་དག་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བསྟན་པ་གང་ཡིན་པ་དེ་ཐམས་ཅད་པདྨའི་མཚན་མ་ཅན་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །ལྟག་འོག་གོ་རིམས་ཇི་བཞིན་དུ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཆོ་གས་བྲིའོ་ཞེས་བྱ་བའི་ཐ་ཚིག་གོ །དཀྱིལ་འཁོར་གསུམ་པའང་དེ་བཞིན་ཏེ། །ཞེས་བྱ་བ་ནི་ནུབ་ཕྱོགས་ཀྱི་པདྨའི་འདབ་མ་ནི་དཀྱིལ་འཁོར་ གསུམ་པའོ། །དེ་བཞིན་དུ་ཞེས་བྱ་བའི་རྣམ་པ ་འདི་ནི་རྡོ་རྗེ་དབྱིངས་ལས་བཤད་པའི་ཆོ་ག་ཉིད་ཀྱིས་བྱའོ་ཞེས་བྱ་བའི་དོན་ཏོ། །སེམས་དཔའ་ཆེན་པོ་སྙོམས་ཞུགས་པའི་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱས་བཞུགས་པ་ནི། སེམས་དཔའ་ཆེན་པོ་སྙོམས་པར་ཞུགས་པར་བྲིའོ། །གང་དུ་ཞེ་ན། པདྨའི་སྟེང་དུའོ། །སོགས་ཞེས་བྱ་བ་དེ་ནི་སྔ་མ་བཞིན་ནོ། །པདྨོ་གཟིགས་སོགས་ཚུལ་དུ་ནི། །ཞེས་བྱ་བ་ནི་དེ་ལ་རྡོ་རྗེ་ཆོས་ཀྱི་ཏིང་ངེ་འཛིན་གྱི་སྦྱོར་བས་པདྨ་ལ་གཟིགས་ནས། པདྨའི་འདབ་མཁའ་བྱེད་པར་མཛད་པའོ། །སོགས་པ་སྨོས་པས་ནི། དེ་བཞིན་གཤེགས་པ་ཐམས་ཅད་གཅོད་པ་ལ་སོགས་པ་གཟུང་ངོ༌། །དཀྱིལ་འཁོར་བཞི་པའང་དེ་བཞིན་ཏེ། །ཞེས་བྱ་བ་ནི་བྱང་ཕྱོགས་ཀྱི་པདྨའི་འདབ་མའོ། །དེར་ནི་པདྨོ་ཞལ་བཞི་པ། །པདྨ་མདུང་རྩེ་ཐོགས་པ་བྲི། །ཞེས་བྱ་བ་ནི་སྤྱན་རས་གཟིགས་དབང་ཕྱུག་ཆེན་པོའི་གཟུགས་འཛིན་པ་ཞལ་བཞི་པ། པདྨའི་མདུང་བསྣམས་པ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །ཞེས་བྱ་བ་ནི་
སྔ་མ་བཞིན་ནོ། །རྡོ་རྗེ་གར་སོགས་ཚུལ་དུ་ནི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གི་གར་གྱིས་བཞུགས་པ་ནི་རྡོ་རྗེ་གར་རོ། །དེ་ཉིད་ཐོག་མར་བྱས་པ་གང་ཡིན་པ་དེ་ནི་རྡོ་རྗེ་གར་ལ་སོགས་པའོ། །དེ་དག་གི་ཚུལ་གྱིས་ལེགས་པར་བཞུགས་པའི་སྦྱོར་བ་དེས་དཀྱིལ་འཁོར་དེ་ལ་མཚན་མར་པདྨོ་འཛིན་པ་བྲིའོ། །གྲྭ་རྣམས་ཀུན་དུ་བྲི་བ་ནི། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་དབྱིངས་ལས་གསུངས་པའི་ཆོགས་ཤེས་པར་བྱའོ། །དེ་བཞིན་དུ་པདྨ་ལ་སོགས་པ་མཆོད་བ་བཞི་ཞེས་བྱ་བ་ནི་བདུག་པ་མ་ལ་སོགས་པའོ། །དེ་ནས་ཚོགས་ལ་སོགས་པ་ཀུན། །ཞེས་བྱ་བ་ནི་གནས་ཀྱི་ངེས་པ་ཙམ་ཡང་ཤེས་པར་བྱའོ། །ཡང༌། དེ་ནས་རབ་ཏུ་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ནི་དོན་རྒྱས་པ་བརྗོད་པར་བྱ་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཤད་པའི་མཛད་པ་བཞིན་དུ་བྱའོ། །དེ་ལ་རེ་ཞིག་དཀྱིལ་འཁོར་བྲི་བར་འདོད། པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་བདག་ཡིན་ནོ་ཞེས་བསྒོམས་ལ་ནང་གི་བདག་ཉིད་ཅན་གྱིས་ཁྲུས་བྱས་ཏེ། སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ་དངོས་པོར་འཛིན་པའི་མངོན་པར་ཞེན་པ་མི་བྱའོ། །ཕྱིའི་ཁྲུས་ལ་མངོན་པར་ཞེན་པ་ཡིན་ན་ཡང་ཁྲུས་ཀྱི་ཆོ་ག་ཡིན་པས་ཁྲུས་བྱའོ། །དེ་ལ་ལྷའི་ཁང་པ་དང་ཉེ་བ་ན་རྐང་པ་དང་ལག་པ་བཀྲུ་སྟེ། ལྷའི་ཁང་པའི་བགེགས་བསྐྲད་ནས། ལྷའི་ཁང་པར་ཞུགས་ལ། བདག་ཉིད་བསྲུང་བ་དང༌། གནས་བསྲུང་བ་བྱས་ལ་པདྨའི་རྒྱུའི་ཕྱག་རྒྱས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་སྤྲུལ་ལ། མངོན་སུམ་ལྟ་བུར་དམིགས་ཏེ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ་ཕྱོགས་ཐམས་ཅད་ནས་དཀྱིལ་འཁོར་ལྔ་པ་དང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མྱ་ན་བཛྲ་བནད་ནཾ་ཀ་རོ་མི། ཞེས་བྱ་བའི་སྙིང་པོ་འདིས་ཕྱག་བྱས་ལ་དེ་ནས་ཕྱག་པ་ཞི་བྱ་སྟེ། འདི་ལྟར་ཤར་ཕྱོགས་ནས་རྡོ་རྗེ་ཐལ་མོ་བརྐྱང་ལ་ལུས་ཐམས་ཅད་ཕབ་སྟེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྛཱ་ནཱ་ཡ་ཨཱ་ཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི་སརྦྦ་ཏ་ཋཱ་ག་ཏ་བཛྲས་ཏྭ་ཨདྷི་ཏི་ཥྛཱ་སྭ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ལྷོ་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། དཔྲལ་བ་ས་ལ་རེག་པར་བྱས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སཱུ་ཛ་ཨ་བྷི་ཥི་ཀཱ་ཡ་ཨཱཏྨ་ནཱཾ་
ན་ཪྻཱི་ཏ་ཡཱ་མི། སརྦྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥཉྩི་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་ནུབ་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས། ཇི་ལྟ་བའི་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་སྟེ་ཁ་ས་ལ་རེག་པ་དང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། སརྦྦ་ཏ་ཐཱ་ག་ཏ་བཛྲ་དྷརྨྨ་པྲ་བརྟ་ཡ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །དེ་ནས་བྱང་ཕྱོགས་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྤྱི་པོ་ནས་ཕབ་སྟེ། སྙིང་གར་སྦྱར་ལ་སྤྱི་བོ་ས་ལ་རེག་པར་སྦྱར་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། སརྦྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ཞེས་བྱ་བ་འདིས་ཕྱག་བྱའོ། །པུས་མོ་གཡས་པའི་ལྷང་ས་ལ་བཙུགས་ཏེ། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ་སྡིག་པ་ཐམས་ཅད་བཤགས་པར་བྱའོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་སོ་སོར་བཤགས་པས་སོ་སོར་བཤགས་པར་བགྱིའོ། །ཕྱོགས་བཅུ་ན་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། རང་སངས་རྒྱས་རྣམས་དང༌། འཕགས་པ་ཉན་ཐོས་ཡང་དག་པར་སོང་བ་རྣམས་དང༌། ཡང་དག་པར་ཞུགས་པ་རྣམས་དང༌། སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་རྗེས་སུ་ཡི་རང་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་བསྐུལ་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་གང་ཡིན་པ་དེ་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་གསོལ་བར་འཚལ་
ལ། །དེ་ནས་མེ་ཏོག་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་མེ་ཏོག་གི་བྱེ་བྲག །ཡིད་ལས་བྱུང་བའམ། ཆུ་ལས་སྐྱེས་བའམ། ཐང་ལས་སྐྱེས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང༌། ཕྱག་རྒྱ་དང༌། གསང་སྔགས་དང། རིག་སྔགས་ཀྱི་ལྷ་ཐམས་ཅད་ལ་དབུ་ལ་བར་བགྱིའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་པུ་ཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བདུག་པ་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་བདུག་པའི་བྱེ་བྲག་ལྷན་ཅིག་སྐྱེས་པའམ། ཡང་དག་པར་སྦྱར་བའམ། ཡོངས་སུ་གྱུར་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་དྷཱུ་བེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཧཱུཾ། མར་མེའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་སྣང་བའི་བྱེ་བྲག་ཅེས་བྱ་བ་ལ་སོགས་པས་དབུལ་བར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དྲིའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་རྣམས་ཀྱི་དྲིའི་བྱེ་བྲག་ལྷན་ཅིག་སྐྱེས་པའམ། ཡང་དག་པར་སྦྱར་བའམ། ཡོངས་སུ་གྱུར་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་དང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཐལ་མོ་ཁོང་སྟོང་དུ་སྦྱར་བ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་
ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། རིན་པོ་ཆེའི་རི་པོའམ། རྒྱ་མ་ཚོ་ལས་བྱུང་བའི་རིན་པོ་ཆེའི་ཚོགས་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་དང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བོ་དྷྱཾ་ག་རཏྣ་ཨཱ་ལཾ་ཀ་ར་པཱུ་ཛ་མི་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང་མི་ཐམས་ཅད་ཀྱི་དགོད་པ་དང༌། སྒེག་པ་དང༌། དགའ་བ་དང༌། རྩེ་འཇོའི་བདེ་བའི་བྱེ་བྲག་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་དང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཧཱ་སྱ་ལཱ་སྱ་ར་ཏ་ཀྲི་ཌི་སཽ་ཁྱ་ཨ་ནུཏྟ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གང་ཡང་འཇིག་རྟེན་གྱི་ཁམས་འདིའམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། དཔག་བསམ་གྱི་ཤིང་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་དང༌། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷྱཾ་ཨཱ་ལཾ་ཀ་ར་ཝ་སྟྲ་པཱུ་ཇ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་བར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱིས་འཁོར་བའི་སྡུག་བསྔལ་རྗེས་སུ་དྲན་པར་བྱས་ནས། སྙིང་རྗེའི་དབང་གིས་སེམས་ཅན་ཐམས་ཅད་བསྒྲལ་བར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་དེ། མ་བསྒྲལ་བ་རྣམས་བསྒྲལ་བར་བྱ་བའི་ཕྱིར་དང༌། མ་གྲོལ་བ་རྣམས་དགྲོལ་བར་བྱ་བའི་ཕྱིར་དང༌། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པར་བྱ་བའི་ཕྱིར་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བའི་ཕྱིར་དང༌། སེམས་ཅན་གྱི་ཁམས་མ་ལུས་པ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་བོ་དྷི་ཙི་ཏྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་སྒེག་མོའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཡོ་བྱད་ཐམས་ཅད་ཀྱིས་ཡང་དག་པར་འབྱོར་ཅིང༌། ཕུན་སུམ་ཚོགས་པ་ཐམས་ཅད་འདོད་པ་ཙམ་ལ་རག་ལས་པར་གྱུར་ཅིག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲོད་བྷ་བ་དཱ་ན་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་
མ་ཡེ་ཧཱུཾ། རྡོ་རྗེ་ཕྲེང་བ་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མེ་དགེ་བའི་ལུས་དང༌། ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་བྲལ་བར་གྱུར་ཅིག །དགེ་བའི་ལུས་དང་ངག་དང༌། ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་བོ་དྷི་ཧ་ར་ཤཱི་ལ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གླུ་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་ཡང་དག་པར་བརྒྱན་པར་བྱས་པ་དང༌། རྟག་ཏུ་ཕན་ཚུན་འཇིགས་པ་མེད་པ་དང༌། ཞེ་འགྲས་པ་མེད་པར་ཞུགས་ཤིང༌། མིག་དང་ཡིད་མངོན་པར་དགའ་བ་དང༌། ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པར་གྱུར་ཅིག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཀྵནྟི་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། གར་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་པར་བརྩོན་པ་དང་ལྡན་པ་དང༌། སངས་རྒྱས་ཉིད་དུ་ཡོངས་སུ་གཞོལ་ཞིང་འཁོར་བ་ཡོངས་སུ་སྤོང་བའི་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སན་ས་རཱ་བ་རི་ཏྱཾ་ག་ཨ་ནུཏྟ་ར་མ་ཧཱ་བིཪྻཱ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་བྲལ་བར་གྱུར་ཅིག །བསམ་གཏན་དང་རྣམ་པར་ཐར་བ་དང༌། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པ་རྣམས་དང༌། རིག་པ་ཐམས་ཅད་དབང་དུ་གྱུར་པ་ཕུན་སུམ་ཚོགས་པར་གྱུར་ཅིག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་སཽ་ཁྱ་བི་ཧཱ་ར་དྷ་ན་པཱ་ར་མི་ཏཱ་བཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བདུག་པ་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་ཡེ་ཤེས་དང་ཡང་དག་པར་ལྡན་བར་གྱུར་ཅིག །སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་སྟེ། བཟོ་དང་བསྟན་བཅོས་ཐམས་ཅད་ཤེས་ཤིང་སྒྱུ་རྩལ་དང་ལྡན་ལ་གསང་བའི་ཆོ་ག་ཤེས་པ་དང༌། དེ་ཁོ་ན་ཉིད་མཐོང་སྟེ། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་
ཐམས་ཅད་ཡང་དག་པར་གཅོད་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་ཀླེ་ཤ་ཙྪེ་ད་མ་ཧཱ་པྲ་ཛྙཱ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། ལུས་ཀྱིས་བསྙེན་བཀུར་བྱ་བའི་ཕྱིར། བདག་ཉིད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་པར་ལྷག་པར་མོས་པར་བྱས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནི་ཪྻཱི་ཏ་ན་བཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཐམས་ཅད་དུ་ལྕེ་བརྒྱ་སྟོང་སྙེད་ཀྱི་སྒོ་ནས། མཉམ་ཉིད་མི་གཡོ་ཞེས་བྱ་བའི་བསྟོད་པས་མཆོད་པར་ལྷག་པར་མོས་པ་བྱས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཝཱ་ཀ་ནི་ཪྻཱ་ཏ་ན་པཱུ་ཛ་མི་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསམ་པ་གཅིག་པའི་སྦྱོར་བས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་ལྷག་པར་མོས་པ་བྱས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙིཏྟ་ནི་ཪྻཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པར་མོས་པ་བྱས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་གུ་ཧྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་བརྗོད་པར་བྱའོ། །དེ་ལྟར་མཆོད་པ་ཉི་ཤུས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་བདག་ཉིད་དབུལ་གྱིས་བདག་དུས་ཐམས་ཅད་དང༌། རྣམ་པར་ཐམས་ཅད་དུ་སོ་སོར་བཞེས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས་དམ་ཚིག་ཆེན་པོའི་དངོས་གྲུབ་བདག་ལ་སྩལ་དུ་གསོལ། ཞེས་བརྗོད་ལ། དགེ་བའི་རྩ་བདེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་དགེ་བའི་རྩ་བ་འདི་དག་གིས། བདག་དང་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་བྲལ་བར་གྱུར་ཅིག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་དག་པར་ལྡན་པའི་བདེ་བ་ཉིད་དང་ཡིད་བདེ་བ་ཉིད་ཀྱིས་མིའི་མཆོག་ཏུ་སེམས་ཅན་ཐམས་ཅད་གྱུར་ཅིག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང༌། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་གྲོལ། །ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ལ་
སྡོམ་ པ་གཟུང་བར་བགྱིའོ། །ཇི་ལྟར་དུས་གསུམ ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱིས་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ༌། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བརྗོད་དོ། །དེ་ནས་བཛྲ་ཨཉྩ་ལི་ཞེས་བྱ་བས་རྡོ་རྗེ་ཐལ་མོ་བཅིང་བར་བྱའོ། །བཛྲ་བནྡྷ་ཞེས་བྱ་བས་རྡོ་རྗེ་བསྡམས་པ་བཅིང་བར་བྱའོ། །བཛྲ་བནྡྷ་ཏྲཊ་ཞེས་བྱ་བས་རྡོ་རྗེ་བསྡམས་པ་སྙིང་གར་དགྲོལ་བར་བྱའོ། །བཛྲ་ཨཱ་བེ་ཤ །ཞེས་བྱ་བས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨ་ཞེས་བྱ་བས་བདག་ཉིད་ལ་དབབ་པར་རིག་པར་བྱའོ། །ཏིཥྛ་བཛྲ་དྲྀ་དྷོ་མེ་ཞེས་བྱ་བ་ལ་སོགས་པས་དབབ་པ་དེ་ཡང་བརྟན་པར་བྱའོ། །བཛྲ་མུཥྚི། ཞེས་བྱ་བས་རྡོ་རྗེ་དབྱིངས་ལས་གསུངས་པའི་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་སནྡྷི་བཾ་ཞེས་བརྗོད་དོ། །ཨོཾ་སརྦྦ་ཨ་པ་ཡ་ཨཱ་ཀ་ཪྵ་ཎ་བི་ཤོ་དྷ་
ནེ་བཛྲས་མ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་ཕྱག་རྒྱ་དང་བཅས་པས་ངན་འགྲོ་ཐམས་ཅད་དགུག་པར་བྱའོ། །རྡོ་རྗེ་ཕྱག་རྒྱ་གཉིས་ནང་དུ། །མཛུབ་མོ་གཉིས་ནི་བཅིངས་ནས་ཀྱང༌། །ལེགས་པར་གྱེན་དུ་འཕངས་པ་ནི། །ལྟུང་བ་སློང་བའི་དམ་པའོ། །ཞེས་བྱ་བ་བའི་ཕྱག་རྒྱས་ངན་སོང་རྣམས་བཀུག་ལ། དེ་ནས་དེ་རྣམས་ལ་གསུམ་ལ་སྐྱབས་སུ་འགྲོ་བ་སྦྱིན་ནོ། །དུས་འདི་ནས་བཟུང་སྟེ། ཇི་སྲིད་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། ཕྱག་རྒྱ་དང་བཅས་པ་ལ་སྐྱབས་སུ་མཆིའོ། །དེ་ནས་སྡིག་པ་བྲལ་བའི་ཕྱག་རྒྱ་བསྟན་ལ། ཨོཾ་བཛྲ་པཱ་ཎི་བི་སྤོ་ཊ་ཡ་སརྦྦ་ཨ་པ་ཡ། བནྡྷ་ཎི་པྲ་མོ་ཀྵ་ཡ། སརྦྦ་ཨ་པ་ཡ་ག་ཏེ་བྷྱ་སརྦྦ་སཏྭ་ཏ་ཐཱ་ག་ཏ་བྷ་བ་ཏ་བཛྲ་ས་མ་ཡ་ཏྲཊ། ཅེས་བརྗོད་ཅིང༌། རྡོ་རྗེ་བཅིངས་པ་དམ་བཅས་ཏེ། །གུང་མོ་གཉིས་ཀ་སྦྱར་ནས་ནི། །ཐ་མ་བཞི་ཡི་རྩེ་མོ་སྦྱར། །སྡིག་པ་འཇོམས་པར་གྲགས་པ་ཡིན། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པ་ནས། པདྨ་འབེབས་པའི་མཐར་ཐུག་ པ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། སརྦྦ་ཤུདྡྷོ་ཞེས་བརྗོད་པར་བྱའོ། །སྔགས་དེ་ལན་གསུམ ་བརྗོད་ཅིང་བཛྲ་མུཿ་ཞེས་བྱ་བ་འདིས་རང་གི་སྙིང་གར་གཞུག་པར་བྱའོ། །དེའི་ཚེ་ཨོཾ་ཧཱུཾ་ཧྲཱིཿཧོཿ་ཞེས་བྱ་བའི་སྙིང་པོ་རང་གི་སྙིང་གར་ཟླ་བ་ལ་གནས་པའི་པདྨའི་སྟེང་དུ་བསམ་པར་བྱ་ཞིང༌། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ཆོས་ཐམས་ཅད་བདག་མེད་པར་བསྒོམས་ལ། དེའི་སྙིང་པོ་ཡང་ཡིད་ཀྱིས་བརྗོད་པར་བྱའོ། །དེ་ནས་སྙིང་པོ་དེ་ཉིད་དབྱངས་ཡིག་བཅུ་དྲུག་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་རང་གི་སེམས་བསམ་པར་བྱའོ། །དེ་ནས་དེའི་སྟེང་དུ་སྙིང་པོ་དེ་ཉིད་དང་ཡི་གེ་ཀ་ལ་སོགས་པ་ནས། ཀྵའི་མཐར་ཐུག་པ་དང་བཅས་པ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པར་བསམ་མོ། །ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་ཉིད་བཤད་མ་ཐག་པའི་སྙིང་པོ་དང་བཅས་པ་ལས་རྡོ་རྗེ་རྩེ་ལྔ་པ་སྙིང་པོ་དེ་ཉིད་བརྗོད་པས་རྡོ་རྗེ་དེ་བཅོམ་ལྡན་འདས་འགྲོ་བ་འདུལ་བ་སྣ་ཚོགས་པདྨར་བསམ་པར་བྱའོ། །དེ་ནས་དེའི་དབུས་སུ་སྙིང་པོ་བཀོད་ལ་བི་ཤྭ་པདྨ་ཨ་ཧཾ་ཞེས་ཕྱག་རྒྱའི་ང་རྒྱལ་བསྐྱེད་
པར་བྱའོ། །ཕྱག་རྒྱའི་གཟུགས་དེ་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བས་རྡོ་རྗེ་སེམས་དཔར་བསྒོམས་ལ། བཛྲ་ས་ཏྭ་ཨ་ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང་འདི་སྐད་བརྗོད་དོ། །བཛྲ་སཏྭ་ཨ་ཧཾ་ཞེས་བྱ་བ་དང༌། ཨོཾ་ཧཱུཾ་ཧྲཱིཿཧོཿཛ་གད་བི་ན་ཡ་ཨ་ཧཾ་ཞེས་བརྗོད་ལ། རྡོ་རྗེ་སེམས་དཔའ་དེ་འགྲོ་བ་འདུལ་བའི་བདག་ཉིད་དུ་བསམ་པར་བྱའོ། །མ་ཧཱ་ས་མ་ཡ་སཏྭ་ཨ་ཧཾ་ཞེས་བརྗོད་དོ། །དེ་ནས་འགྲོ་བ་འདུལ་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ས་མ་ཡ་ཨ་ཧཾ་ཞེས་བྱའོ། །དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་སྙིང་ག་དང་དཔྲལ་བ་དང། ལྐོག་མ་དང༌། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །ས་མ་ཡ་སཏྭ་ཨ་དྷི་ཏིཥྟྲ་སྭ་མཱཾ་ཞེས་བྱའོ། །དེ་ནས་སྣ་ཚོགས་པདྨ་འཛིན་པའི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེའི་སྙིང་པོ་བརྗོད་ལ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་འགྲོ་བ་འདུལ་བའི་བདག་ཉིད་དུ་བསྒོམ་པར་བྱའོ། དེ་ནས་ནམ་མཁའ་དང་མཉམ་པའི་སྦྱོར་བས་རང་གི་སྙིང་གར་ཞུགས་ལ། པདྨའི་རྒྱུའི་ཕྱག་རྒྱས་སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་དང་མཉམ་པའི་འགྲོ་བ་འདུལ་པའི་དཀྱིལ་འཁོར་ཆེན་པོར་སྤྲུལ་ལ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། མེ་ཏོག་གི་ཕྲེང་བ་བླངས་ཏེ། ཇི་ལྟ་བ་བཞིན་དུ་ཞུགས་ནས་རང་གི་སྤྱི་བོར་མེ་ཏོག་གི་ཕྲེང་བ་དོར་ཏེ་བཅིང་བར་བྱས་ན། དངོས་གྲུབ་ཀྱི་པདྨ་བརྟུལ་ཞུགས་ཀྱི་བར་དུ་སྤྱད་ལ་དཀྱིལ་འཁོར་དེ་མངོན་སུམ་དུ་གྱུར་པ་ལྟ་བུར་བསྒོམ་པར་བྱའོ། །ཡང་བཅོམ་ལྡན་འདས་འགྲོ་བ་འདུལ་བའི་ཕྱག་རྒྱ་བཅིངས་ཏེ། རང་གི་ལུས་ལ་ལྷ་ཐམས་ཅད་ཀྱི་གནས་རྣམས་སུ་ཡི་གེ་ཧྲཱིཿལས་པདྨའི་གདན་བསྐྱེད་ལ། ཡང་དེ་རྣམས་ལ་ས་མ་ཡ་ཨ། ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་བསམས་ཏེ། ཡིད་ཀྱིས་རང་གི་ལུས་ཀྱི་གནས་སུ་འདུག་ལ། རང་གི་ལུས་ལས་ཕྱི་རོལ་གྱི་མདུན་དུ། ཨོཾ་ཧཱུཾ་ཧྲཱིཿཧོཿ་ཨ། ཞེས་བྱ་བ་འདིས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་འགྲོ་བ་འདུལ་བའི་སྣ་ཚོགས་པདྨ་སྤྲུལ་ལ་པདྨོ་ཨ་ཧཾ་ཞེས་པ་པདྨོ་ཨ་ཧཾ་ཞེས་པ་པདྨོའི་ང་རྒྱལ་བསྒོམ་པར་བྱའོ། །དེ་ནས་ཛ་གད་བི་ན་ཡ་ཨ་ཧཾ་ཞེ་བྱ་བས་འགྲོ་བ་འདུལ་བར་བདག་ཉིད་བསམ་ས་ལ། དེ་ཉིད་ལ་རྟ་མགྲིན་ལ་སོགས་པའི་ལས་ཀྱི་ཕྱག་
རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང་དབང་དུ་བྱའོ། །ཨོཾ་ཧཱུཾ་ཧྲཱིཿཧོཿདྲྀ་ཤྱ་ཞེས་བྱ་བ་དང༌། བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱས་བཅོམ་ལྡན་འདས་ལ་བལྟས་ཏེ། ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་པ་དེ་ཉིད་ཀྱིས་རང་གི་ལུས་ཀྱི་གནས་སུ་གནས་པ་ལ་གཞུག་པར་བྱའོ། །ས་མ་ཡ་སྟྭཾ་ཞེས་བརྗོད་པས་འོད་ཀྱི་དཀྱིལ་འཁོར་གྱི་རྣམ་པར་བསྒོམས་ལ། དེས་གྲུབ་པ་དང་ས་མ་ཡ་སྟྭཾ་ཨ་ཧཾ། ཨོཾ་ཧཱུཾ་ཧྲཱིཿཧོཿ་ཞེས་བརྗོད་པས་བཅོམ་ལྡན་འདས་ལ་ཞུགས་པ་དང༌། བདག་ཉིད་དང་ལྷན་ཅིག་ཐ་མི་དད་པར་བསྒོམ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཡིད་ཀྱིས་རང་གི་ལུས་ཀྱི་གནས་སུ་འདུག་སྟེ། རང་གི་ལུས་ལས་ཕྱི་རོལ་གྱི་མདུན་དུ་པདྨ་འབེབས་པའི་ཡི་གེ་ཨའི་མཐའ་ཅན་གྱི་སྔགས་ཀྱིས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པདྨའི་དྲིལ་བུ་བསྐྱེད་ལ་པདྨོ་གྷནྚ་ཨ་ཧཾ། ཞེས་པདྨའི་དྲིལ་བུའི་ང་རྒྱལ་བྱའོ། །པདྨ་ཨཱ་བེ་ཤ་ཨ་ཧཾ། ཞེས་བྱ་བ་དེས་པདྨ་འབེབས་པའི་གཟུགས་སུ་བསྒོམས་ལ། དེ་ནས་པདྨ་འབེབས་པ་དེ་ཉིད་ལ་རྟ་མགྲིན་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དགུག་པ་དང༌། གཞུག་པ་དང༌། བཅིངས་བ་དང་དབང་དུ་བྱས་ཏེ། རང་གི་དམ་ཚིག་གི་ཕྱག་རྒྱས་བལྟས་ལ། དེའི་སྔགས་བརྗོད་ཅིང་དྲྀ་ཤྱ་ཞེས་ཀྱང་བརྗོད་དོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང༌། ཛཿཧཱུཾ་བཾ་ཧོཿ་ཞེས་བརྗོད་པས་རང་གི་ལུས་ལ་བཅུག་ལ། ས་མ་ཡ་སྟྭཾ་ཞེས་བྱ་བས་འོད་ཀྱི་དཀྱིལ་འཁོར་དབབ་པ་དང༌། ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་པ་དང་སྔགས་བརྗོད་པས་པདྨ་འབེབས་པ་དང། བདག་ཉིད་ལྷན་ཅིག་ཏུ་གྱུར་པར་བསམ་པར་བྱའོ། །དེ་ནས་འགྲོ་བ་འདུལ་བ་ལ་སོགས་པའི་རྟེན་དང༌། བརྟེན་པའི་ལུས་ལ་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཛཿཧཱུཾ་བཾ་ཧོཿ་ཞེས་བརྗོད་ཅིང༌། ཡིད་ཀྱིས་ལེགས་པའི་སྦྱོར་བ་ཡིས། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་གཞུག་ཅིང་བསྒྲུབ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ལ་སོགས་པ་ནས། པདྨ་འབེབས་པའི་མཐར་ཐུག་པའི་བར་དུ་ཆོས་དང༌། ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་དང་རྡོ་རྗེ་སེམས་མ་དང༌། རིན་
ཆེན་དང༌། ཆོས་དང༌། རྡོ་རྗེ་ལས་མའི་ཕྱག་རྒྱ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱིན་གྱིས་བརླབ་པ་དང༌། འགྲོ་བ་འདུལ་བ་ལ་སོགས་པ་ནས། པདྨ་འབེབས་པའི་བར་དུ་རྡོ་རྗེ་པདྨའི་དམ་ཚིག་གི་ཕྱག་རྒྱས་རང་གི་ལུས་ཀྱི་སྙིང་ག་དང༌། དཔྲལ་བ་དང༌། ལྐོག་མ་དང༌། སྤྱི་བོར་རིམ་པ་བཞིན་དུ་བྱིན་གྱིས་བརླབས་ཏེ། སྙིང་གའི་པདྨའི་ཕྱོགས་རྣམས་སུ་རྡོ་རྗེ་པདྨ་སངས་རྒྱས་ཀྱིས་དབང་བསྐུར་བ་དཔྲལ་པའི་ཕྱོགས་རྣམས་ཀྱི་རྡོ་རྗེ་རིན་ཆེན་མའི་གནས་སུ་བཤད་ཟིན་པའི་རིན་པོ་ཆེ་པདྨའོ། །ལྐོག་མའི་ཕྱོགས་རྣམས་ཀྱི་རྡོ་རྗེ་ཆོས་མའི་གནས་སུ་བཤད་ཟིན་པའི་པདྨོའི་རྡོ་རྗེ་པདྨའོ། །ཐམས་ཅད་ཀྱི་སྤྱི་བོའི་ཕྱོགས་ཀྱི་རྡོ་རྗེ་ལས་མའི་གནས་སུ་བཤད་ཟིན་པའི་སྣ་ཚོགས་པདྨ་དང་ཟླ་བའི་གདན་རྣམས་ལ་སྣ་ཚོགས་པདྨ་རེ་རེ་ཞིང་རིམ་གྱིས་བསྐྱེད་པར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱས་དེ་བཞིན་གཤེགས་པ་རྣམས་ལ་དབང་བསྐུར་ལ་འགྲོ་བ་འདུལ་བ་ལ་སོགས་པ་ནས། པདྨ་འབེབས་པའི་མཐར་ཐུག་པའི་བར་དུ། འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ཆོས་མའི་ཕྱག་རྒྱས་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་པདྨའི་ཕྱག་རྒྱས་དབང་བསྐུར་བ་དང༌། བདག་པོའི་དབང་བསྐུར་བ་དང༌། མིང་གི་དབང་བསྐུར་བ་དང༌། དངོས་གྲུབ་ཀྱི་པདྨའི་བརྟུལ་ཞུགས་བླངས་ལ། པདྨའི་སྒེག་མོ་ལ་སོགས་པ་རྣམས་ཀྱིས་མཆོད་པ་དང༌། པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་བཅུ་དྲུག་གིས་ཡང་དག་པར་མཆོད་ལ། དེ་ཉིད་ཀྱིས་ན་པདྨ་གཟུང༌།། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆ། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །དེ་ནས་ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་དུ་བདག་ཉིད་བསྒོམ་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བས་གཟུགས་བརྙན་དང་མཚུངས་པའི་སྟོང་པ་ཉིད་ཀྱི་རང་བཞིན་དུ་མོས་པ་དང༌། ཨོཾ་སརྦ་ས་མོ་ཧཾ་ཞེས་བྱ་བས་བདག་གཉིས་སུ་མེད་པའི་ཡེ་ཤེས་སུ་བསྐྱེད་པར་བྱའོ། །ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་བདག་ཡིན་ནོ་སྙམ་དུ་བསམས་ལ་འདི་ཙམ་གྱིས་ནི་རྣལ་འབྱོར་ཆེན་པོ་རྫོགས་པར་འགྱུར་བ་ཡིན་ནོ། །ད་ནི་
གནས་ཀྱི་ངེས་པ་བརྗོད་པར་བྱ་སྟེ། དེ་ལ་སྔགས་པའི་སྙིང་གར་གནས་པའི་ཟླ་བ་ལ་ཟླ་བ་དང་པདྨའི་གདན་གྱི་དབུས་སུ་འགྲོ་བ་འདུལ་བའི་མདུན་དུ་པདྨའི་སངས་རྒྱས། གཡས་སུ་པདྨའི་རྒྱལ་པོ། གཡོན་དུ་པདྨའི་ཆགས་པ། རྒྱབ་ཏུ་པདྨའི་ལེགས་པ། མཛོད་སྤུའི་ཕྱོགས་སུ་གཙུག་ཕུད་སངས་རྒྱས་དང༌། པདྨའི་ཁྲོ་གཉེར་རིག་པའི་རྒྱལ་པོའོ། །མགོ་བོའི་རྒྱབ་ཏུ་པདྨའི་ཉི་མ། ཕྲག་པ་གཉིས་སུ་པདྨའི་དཔལ། སོའི་ཕྲེང་བ་གཉིས་ལ་པདྨའི་བཞད་པ། ལྐོག་མའི་ཕྱོགས་སུ་དབུས་ཀྱི་ཆ་ལ་པདྨའི་ཏིང་ངེ་འཛིན། དེའི་མདུན་དུ་པདྨའི་སྒྲོལ་མ། རྣལ་འབྱོར་པའི་ནུ་མ་གཉིས་ལ་པདྨ་རྣོན་པོའོ། །ལྟེ་བར་པདྨའི་རྒྱུ། ལྕེ་ལ་པདྨའི་བསྲུང་བ། སྤྱི་གཙུག་ཏུ་པདྨ་དོན་ཡོད་པའི་དབང་ཕྱུག །དེའི་མདུན་དུ་པདྨ་གར་གྱི་དབང་ཕྱུག །རྣལ་འབྱོར་པའི་ནམ་འཚང་གཉིས་སུ་པདྨའི་བསྲུང་བ། ཁར་པདྨའི་གནོད་སྤྱིན། རྐེད་པར་པདྨའི་ཁུ་ཚུར། སངས་རྒྱས་པདྨའི་གཡོན་ལོགས་སུ་པདྨའི་སྒེག་མོ་དང༌། པདྨའི་ཁྲོ་གཉེར། རིག་པའི་རྒྱལ་པོའི་གཡོན་ལོགས་སུ་པདྨའི་ཕྲེང་བ་མ། པདྨ་སྒྲོལ་མའི་གཡོན་ལོགས་སུ་པདྨའི་གླུ་མ། པདྨ་གར་གྱི་དབང་ཕྱུག་གི་གཡོན་ལོགས་སུ་པདྨའི་གར་མ། རྣལ་འབྱོར་པའི་སྣམ་ལོགས་ཀྱི་གསང་བའི་གནས་སུ་པདྨའི་བདུག་པ་མ། མགོ་ལ་པདྨའི་མེ་ཏོག་མ། མིག་ལ་པདྨའི་མར་མེ་མ། ནུ་མ་དང་བྲང་དང༌། སྙིང་གར་པདྨའི་བྱུག་པ་མ། བརླ་གཡས་པ་ལ་རྟ་མགྲིན། བརླ་གཡོན་པ་ལ་དོན་ཡོད་པའི་ཞགས་པ། བྱིན་པ་གཡས་པ་ལ་པདྨའི་ལྕགས་སྒྲོག །བྱིན་པ་གཡོན་པ་ལ་པདྨའི་འབེབས་པ། དེ་བཞིན་གཤེགས་པ་རྣམས་ནི་རྟེན་དང་བརྟེན་པའི་ལུས་ཀྱི་ཡན་ལག་ཐམས་ཅད་ལ་ཏིལ་དང་ཏིལ་མར་གྱི་ཚུལ་གྱིས་བཞུགས་སོ། །ཉིན་རེ་ཞིང་རྣལ་འབྱོར་ཆེན་པོ་ལན་རེ་བསྒྲུབ་པར་བྱའོ། །དེ་ལྟར་རྣལ་འབྱོར་ཆེན་པོ་བྱས་ནས། ཐུན་བཞིའི་སྦྱོར་བས་ཐམས་ཅད་ཀྱི་སྔགས་བཟླས་བརྗོད་འབུམ་བྱ་བའམ། ཡང་ན་རང་གི་སྙིང་གར་འཆད་པར་འགྱུར་བའི་འགྲོ་བ་འདུལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་སྤྲུལ་ལ་ཟླ་བ་གཅིག་གམ། ཟླ་བ་དྲུག་དྲུག་གམ། ལོ་གཅིག་གི་བར་དུ་ཇི་སྲིད་རྒྱུན་མི་འཆད་པར་
དཀྱིལ་འཁོར་མངོན་སུམ་དུ་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །ཡང་ན་དང་པོར་སྦྱོར་བ་དང༌། དཀྱིལ་འཁོར་ཆེན་པོ་རྒྱལ་མཆོག་དང༌། ལས་ཀྱི་རྒྱལ་མཆོག་བསྒོམས་ལ། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བ་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གི་བར་དུ་དཀྱིལ་འཁོར་བསྒོམ་བར་བྱའོ། །དེ་ལྟར་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བསྒོམས་ནས། ས་སྦྱང་བ་དང༌། ས་གཟུང་བར་བྱའོ། །དེ་ནས་བདག་ཉིད་ཁྲུས་བྱས་ལ་ལུས་དྲིས་བྱུགས། ཇི་སྙེད་པའི་རྒྱན་གདགས་ཤིང༌། ཤིན་ཏུ་དཀར་བའི་གོས་བསྒོ་ཞིང༌། མེ་ཏོག་ཕྲེང་བས་གདོང་ཡང་བརྒྱན། ཞག་བདུན་གྱི་བར་དུ་ཏིང་ངེ་འཛིན་གསུམ་ནས་བརྩམས་ཏེ། དཀྱིལ་འཁོར་བསྒོམས་ནས། དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་བདག་དང་གནས་བསྲུང་བ་བྱས་ལ། སྔར་བཤད་པའི་པདྨའི་རྒྱུའི་ལས་ཀྱི་ཕྱག་རྒྱས་དཀྱིལ་འཁོར་སྤྲུལ་ཏེ། ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བླང་བ་དང༌། རྣལ་འབྱོར་ཆེན་པོ་བྱས་ལ། དེ་ནས་སྔ་མ་བཞིན་དུ། དེ་ཉིད་ཀྱིས་ནི་པདྨ་གཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །དེ་ནས་སྙིང་པོ་གསུམ་བརྗོད་ཅིང༌། །དོན་ གསུམ་ནི། རྡོ་རྗེའི་བདག་ཉིད་དང༌། ནམ་མཁའ་དང་མཚུངས་པ ་དང༌། ཆོས་བདག་མེད་པར་མཉམ་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་དང་མཚུངས་སོ་ཞེས་བསྒོམ་པར་བྱའོ། །དེ་ནས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ནམ་མཁའི་ཕྱོགས་སུ་གནས་པ་དང༌། ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཱ་ཎཱཾ། ཨཱ་དྱ་ནུ་ཏྤནྣ་ཏྭ་ཏ་ཅེས་ཡིད་ཀྱིས་བརྗོད་ལ། སྟོར་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་ནམ་མཁའི་ཚད་དང་མཉམ་པར་བསམ་པར་བྱའོ། །དེ་ནས་ནམ་མཁའི་ཕྱོགས་དེར། དང་པོར་ཡི་གེ་ཡཾ་ཡོངས་སུ་གྱུར་བ་ལས། རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་བཾ་ལས་འོ་མའི་རྒྱ་མཚོ། དེའི་སྟེང་དུ་ཡི་གེ་ལ་ལས་གསེར་གྱི་དཀྱིལ་འཁོར། དེའི་སྟེང་དུ་བཾ་ཡོངས་སུ་གྱུར་པ་ལས་འོ་མའི་རྒྱ་མཚོ་བསམ་པར་བྱའོ། །དེའི་དབུས་སུ་ཧཱུཾ་སུཾ་ཧཱུཾ་ཞེས་བྱ་བ་ལས་རི་རབ་ཆེན་པོ་ཟུར་བཞི་པ། རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། རིན་པོ་ཆེ་བརྒྱན་པ། སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་དང་མཉམ་པར་བསྒོམ་མོ། །ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦྦཾ་སྭཱ་ཧཱ།
ཞེས་བརྗོད་ཅིང་རྡོ་རྗེ་བསྡམས་པ་བརྐྱང་སྟེ། ས་ལ་བཞག་ནས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེའི་སྟེང་དུ་པདྨའི་རྒྱུའི་ལས་ཀྱི་ཕྱག་རྒྱས་འགྲོ་བ་འདུལ་བའི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེ་ལས་བྱས་པ་སྤྲུལ་ལ། པདྨའི་ཁང་བུ་བརྩེགས་པའི་དབུས་སུ་ཨ་སི་ཨཾ་ཞེས་བྱ་བས་སེང་གེའི་གདན་དང༌། ལྷ་ལྷག་མ་རྣམས་ཀྱི་གནས་སུ་ཡི་གེ་ཧྲཱིཿལས་པདྨའི་གདན་དང༌། སེང་གེའི་གདན་ལ་སོགས་པ་དེ་རྣམས་ལས་མ་ཡ་ཨ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་སྤྲུལ་ལ། དཀྱིལ་འཁོར་གྱི་སའི་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ་བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་ཡང་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་དཔའ་སེམས་གཅིག་པས། །མི་ལྡོག་པར་ནི་བདག་གྱུར་ཏེ། །པདྨ་ཆེན་པོའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོག་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པ། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ལ། སྤོས་སྣོད་ལག་ཏུ་ཐོགས་ཏེ། སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་ཚེ་གེ་ཞེས་བགྱི་བས། །པདྨ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །ཞེས་བརྗོད་ལ། དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་ཀྱི་རྒྱལ་མཆོག་རྣམས་བསྒོམས་ལ། དེ་ནས་འགྲོ་བ་འདུལ་བའི་གནས་སུ་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོར་གནས་ཏེ། དེའི་སྔགས་ཟློས་པ་ལ་བརྩོན་པའི་རྣལ་འབྱོར་པ་ལ་སྒྲུབ་པའི་གྲོགས་མཆོག་དེ་བཞིན་གཤེགས་པའི་ང་རྒྱལ་དང་ལྡན་པས་དཀྱིལ་འཁོར་བྲི་བའི་ཕྱིར། འགྲོ་བ་འདུལ་བའི་མཚན་བརྒྱ་རྩ་བརྒྱད་པས་གསོལ་བ་གདབ་པར་བྱའོ། །དེ་ནས་ལངས་ལ་དེ་བཞིན་གཤགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་གང་བར་མངོན་དུ་བསམས་ལ། བདག་ནི་རབ་ཉིད་པདྨ་ཅན། །པདྨའི་
སེམས་དཔར་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཅན་པདྨ་ཅན་བདག་ཡིན། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །ཕྱག་ན་པདྨོ་བརྟན་བདག་ཡིན། །བདག་པོ་པདྨོ་ཆེན་པོ་བདག །བྱིན་གྱིས་བརླབས་པ་མི་འདོར་རོ། །ཨོཾ་ཧཱུཾ་ཧྲཱིཿ་ཧོཿ་ཞེས་བརྗོད་ལང་རྒྱལ་བསྐྱེད་དེ། བཛྲ་དྲྀཤྱ་ཕཊ། ཅེས་བྱ་བའི་མིག་གཉིས་སུ་བཀོད་ལ་ཡི་གེ་ཨཿལས་རྐང་མཐིལ་དུ་སྣ་ཚོགས་རྡོ་རྗེ་བསྐྱེད་ལ་བདག་ཉིད་སྣ་ཚོགས་པདྨའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཧཱུཾ་ཧྲཱིཿཧོཿབཛྲ་ཨདྷི་ཏིཥྛ་མཎྜལ་ཨུ་ཐ་ཡ་ཞེས་བརྗོད་ཅིང་དཀྱིལ་འཁོར་ནམ་མཁའི་ཕྱོགས་སུ་གདེག་པར་བྱའོ། །དེ་ནས་ཕྱག་རྒྱ་ངེས་བདག་ཉིད་ལ་བྱིན་གྱིས་བརླབས་ལ་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། ཨོཾ་ཧཱུཾ་ཧྲཱིཿཧོཿ་ཞེས་བརྗོད་ནས། །བསྒྱིངས་པའི་ཚུལ་གྱིས་རབ་ཏུ་བསྐོར། །དེ་ནས་བགེགས་བསལ་པ་ལ་སོགས་པ་བྱས་ནས། ཡང་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱི་ལ་སྔགས་དང་ཕྱག་རྒྱ་འདི་དང་ལྡན་པས་གསང་བའི་དཀྱིལ་འཁོར་དགུག་པར་བྱའོ། །ཨོཾ་བཛྲ་མཎྜལ་ཧཱུཾ་ཛཿདེའི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང་མཐེ་བོ་གཉིས་རྡོ་རྗེར་བྱས་ལ། དཀྱིལ་འཁོར་ཐམས་ཅད་དགུག་པར་བྱེད་པ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱའོ། །ཨོཾ་མ་ཧཱ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིད་དྱ་ཧཱུཾ་ཞེས་བྱ་བ་ཕྱག་རྒྱའི་སྦྱོར་བ་འདིས་ཡང་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་དབྱིངས་ཀྱི་རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱ་ནི་འདིའི་ཕྱག་རྒྱ་ཡིན་ནོ། །དེ་ནས་ལག་པ་གཡས་པའི་མཐེ་བོས་རང་གི་མཐེ་ཆུང་གི་སེན་མོ་མནན་ལ། སོར་མོ་ལྷག་མ་རྣམས་རྩེ་ གསུམ་པ ་ལྟར་བྱས་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་བླངས་ཏེ། དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་བསྐོར་ཏེ། མཚམས་བཞི་རུ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་བཟུང་ལ། མཐའ་ཡས་དང་རྣམ་པར་རྒྱལ་བ་དང་སྤྲིན་སྒྲ་དང་གསུས་པོ་ཆེ་ཞེས་བྱ་བ་ཕུར་བུའི་རྣམ་པ་ལྟ་བུ་གྲྭ་བཞིན་བསྐྱེད་ནས། ལག་པ་གཡས་པ་རྡོ་རྗེ་རྩེ་ གསུམ་པ ་ལྟར་བྱས་ནས་བརྡུང་ཞིང༌། འདི་སྐད་ཅེས་སྙིང་པོ་བཟླ་བར་བྱའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦྦ་དུཥྡྲཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་ པ་ཡ་ཏི་སྭཱ་ཧཱ། ཞེས་བྱ་བའམ། འཇིག་རྟེན་གསུམ ་གྱི་
དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྔགས་ཀྱིས་བྱའོ། །སེང་ལྡེང་ལས་བྱས་པའི་ཕུར་བུ་དཀྱིལ་འཁོར་གྱི་ཟུར་བཞི་དང་ལྟེ་བར་མངོན་པར་བསྔགས་ལ་གདབ་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་ཡོངས་སུ་བགེགས་བསྐྲད་ལ་ར་བ་དང་དྲ་བ་བྱས་ནས་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་ལ། རྡོ་རྗེ་ཆས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ལ། པདྨའི་གནོད་སྦྱིན་གྱིས་ཡོངས་སུ་བཟླས་པའི་ཆུའི་བུམ་པ་དཀྱིལ་འཁོར་གྱི་སྒོར་བཞག་ལ་རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་དྲིའི་ཆུས་མཆོད་ པ་ཐམས་ཅད་བསངས་ཏེ། རྡོ་རྗེ་མེ་ལན་གསུམ ་བཟླས་ལ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཡང་ལན་གསུམ་དུ་བཟླ་བར་བྱའོ། །དེ་ལ་རྡོ་རྗེ་རྩེ་མོ་ལ་སོགས་པའི་ཕྱག་རྒྱ་དང་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ། རྡོ་རྗེ་རྩེ་མོའི་སྔགས་སོ། །ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། རྡོ་རྗེ་མེའི་སྔགས་སོ། །བཛྲ་པུཥྤེ་ཧཱུཾ་ཞེས་བྱ་བ་མེ་ཏོག་གི་སྔགས་སོ། །ཨོཾ་བཛྲ་གནྡྷེ་ཞེས་བྱ་བ་དྲིའི་སྔགས་སོ། །ཨོཾ་བཛྲ་དྷཱུ་པེ་ཧཱུཾ་ཞེས་བྱ་བ་བདུག་པའི་སྔགས་སོ། །ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨ་ཎཾ། ཨཱདྱ་ནུཏྤྣྣ་ཏྭཱ་ཏ་ཅེས་པ་ལྷ་བཤོས་ཀྱི་སྔགས་སོ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཞེས་བྱ་བ་མར་མེའི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་རི་བོ་འདེགས་པའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་རྩེ་མོའིའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སོར་མོ་འབར་བ་ལྟ་བུ་ལས་མཐེ་བོ་གཉིས་རྡོ་རྗེར་བསྒྲེང་བ་ནི་རྡོ་རྗེ་ཁྲོ་བོ་ཏི་རཱནྟི་རིའི་ཕྱག་རྒྱ་ཞེས་བྱ་བ་འདི་རྡོ་རྗེ་མེའི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གྱེན་དུ་འཐོར་བའི་ཚུལ་དུ་བྱེད་པ་ནི་མེ་ཏོག་གི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་དྲིས་བྱུག་པའི་ཚུལ་དུ་བྱེད་པ་ནི། དྲིའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བདུག་པ་འཐུལ་བའི་ཚུལ་དུ་བྱེད་པ་ནི་བདུག་པའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རལ་གྲི་འདེབས་པའི་ཚུལ་དུ་བྱེད་པ་ནི་ལྷ་བཤོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཐེ་བོ་གཉིས་གཤིབས་ཏེ་བསྒྲེང་ནས་མར་མེའི་སྡོང་བུ་ལྟར་བྱེད་པ་ནི་མར་མེའི་ཕྱག་རྒྱའོ། །ཨོཾ་ཧཱུཾ་ཧྲཱིཿཧོཿ་ཞེས་བྱ་བ་མེ་ཏོག་གི་རྡོ་རྗེ་ཐལ་མོ་བཅིངས་ལ། མཐེ་བོ་གཉིས་བརྐྱང་སྟེ་ཐལ་མོ་འབྱེད་པའི་ཚུལ་གྱིས་ཡོན་ཆབ་ལ་སྔགས་ལན་བདུན་ནམ་ཉི་ཤུ་རྩ་གཅིག་ཏུ་བཟླས་ལ་གཞག་པར་བྱའོ། །
དེ་ནས་དཀྱིལ་འཁོར་གྱི་གནས་ཐམས་ཅད་རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་དྲི་ཆུ་དང༌། པདྨའི་གནོད་སྦྱིན་ཡོངས་སུ་བཟླས་པའི་ཆུས་བྱུགས་ལ། དེ་ཉིད་ཡོངས་སུ་བཟླས་པའི་དྲིའི་ཆུས་ལྷ་རྣམས་ཀྱི་གནས་སུ་དཀྱིལ་འཁོར་བྱའོ། །ད་ནས་དཀྱིལ་འཁོར་ཐམས་ཅད་ཀྱི་གནས་རྣམས་སུ་ཡིད་ཀྱིས་བཞག་ལ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ལན་བདུན་བཟླས་ཏེ། དྲིའི་དཀྱིལ་འཁོར་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པ་ནས་པདྨ་འབེབས་པའི་མཐར་ཐུག་པ་ནམ་མཁའི་ཕྱོགས་ནས་ཕབ་སྟེ། རང་རང་གི་སྔགས་ཀྱིས་གཞག་པར་བྱའོ། །བསྐལ་པ་བཟང་པོ་པ་རྣམས་ཀྱང་རང་གི་གནས་རྣམས་སུ། ཨོཾ་སརྦྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ག་ན་ས་མུངྒ་ཏེ། མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ། ཞེས་བྱ་བས་གཞག་པར་བྱའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པར་དྲིའི་ཆུ་ཅུང་ཟད་ཅིག་བླུགས་ལ། རྡོ་རྗེ་མེ་དང༌། པདྨའི་གནོད་སྦྱིན་དང༌། འགྲོ་བ་འདུལ་བའི་སྔགས་རེ་རེ་ཞིང་བརྒྱ་རྩ་བརྒྱད་བཟླས་ལ་ལྷའི་རང་བཞིན་དུ་དེ་བསྒོམས་ནས། མཆོད་ཡོན་གྱི་སྔགས་དང་རེ་རེ་ཞིང་མཆོད་ཡོན་ཕུལ་ལ། མཆོད་པ་ཐམས་ཅད་ཕྱག་རྒྱ་དང་བཅས་པས་ཡང་དག་པར་མཆོད་ལ་རང་གི་དམ་ཚིག་གི་ཕྱག་རྒྱས་མེ་ཏོག་གི་ལྕུག་མ་བཟུང་སྟེ། རེ་རེ་ཞིང་སྔགས་བརྒྱ་རྩ་བརྒྱད་མངོན་པར་བཟླས་ལ། ཡང་བདུག་པས་བདུགས་ལ་ཉིན་ཞག་གཉིས་པ་ལ་དེ་བཞིན་དུ་བཟླས་པར་བྱའོ། །བུམ་པ་དེ་ཡང་ལྷག་པར་གནས་པ་ནི་བཅོམ་ལྡན་འདས་འགྲོ་བ་འདུལ་བའི་སྤྱན་སྔར་གཞག་པར་བྱའོ། །ལྷག་པར་གནས་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྫས་སུ་སྤྱད་ལ་དེ་ནས་ཉི་མ་འཆར་ཀའི་དུས་སུ་རྡོ་རྗེ་སློང་བའི་ཕྱག་རྒྱ་དེ་ཉིད་ཀྱི་དཀྱིལ་འཁོར་ནམ་མཁར་བཞག་ལ་ཐིག་གདབ་པར་བྱའོ། །དེ་ལ་དང་པོར་རེ་ཞིག་ཚོན་རྩི་སྔོན་པོ་དང་སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། དཀར་པོ་དྲི་ཞིམ་པ་བསྒོས་ལ། སྲད་བུ་སོ་སོར་ཁ་བསྒྱུར་ལ་གོ་རིམས་འདི་ཉིད་ཀྱིས་བཞག་སྟེ། ཧཱུཾ་ཧྲཱཾ་ཧྲཱིཿཨ་ཨོཾ་ཞེས་བྱ་བའི་ས་བོན་གྱིས་མི་བསྐྱོད་པ་ལ་སོགས་པ་སྲད་བུ་དེ་རྣམས་ལ་བཀོད་དེ། ཨོཾ་དཱི་བྷ་དྲྀཥྚི་ཨཾ་ཀུ་ཤ་ཛཿ་ཞེས་མིག་གཉིས་སུ་བཀོད་ལ། རབ་ཏུ་གཡོ་ཞིང་འབར་བའི་མིག །མིག་གི་རྫི་མ་འདྲེན་པ་ནི། །ཞེས་བྱ་བའི་འབར་བའི་ལྷ་བས་མི་བསྐྱོད་པ་ལ་སོགས་པ་བསྐུལ་ཞིང་འདི་སྐད་ཅེས་
བརྗོད་དེ། བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་ཐིག་གདབ་པར་བྱ་བའི་ཕྱིར། རྡོ་རྗེའི་ཐིག་བདག་ལ་སྩོལ་ཅིག་ཅེས་བྱ་བས་ཀྱང་བསྐུལ་བར་བྱའོ། །དེ་ནས་རང་གི་ས་བོན་གྱི་འོད་ཀྱིས་བསྐུལ་བའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པས་བཏང་བའི་སྲད་བུ་འབར་བའི་ལྕགས་ཀྱུས་བཀུག་སྟེ། རང་གི་ལག་ན་གནས་པའི་སྲད་བུ་དེ་གང་བར་བྱས་ལ། ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦྦ་དྷརྨྨ་སྥར་སྥར་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨ། ཨ་ཏྱན་ཏ་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨཱ་ཨོཾ་ཧཱུཾ་ཧྲཱིཿ་ཧོཿ། ཞེས་བྱ་བ་ཟློས་ཤིང་བསྒྲིལ་བར་བྱའོ། །བསྒྲིལ་ནས་མིག་གཡས་དང་གཡོན་དུ་མ་དང་ཊ་ལས་ཉི་མ་དང་ཟླ་བ་བསྐྱེད་ལ་བཛྲ་དྲྀཥྚ་ཕཊ་ཅེས་བྱ་བས་བརྟན་པར་བྱས་ལ། སྲད་བུ་དེ་དྲིས་བྱུགས་ལ་གསེར་ལ་སོགས་པའི་སྣོད་དུ་བཞག་ནས། དྲི་དང་མེ་ཏོག་དང༌། བདུག་སྦོས་ཀྱིས་མཆོད་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་རྡོ་རྗེ་བསྡམས་པས་བཟུང་སྟེ། ལན་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་རྣམ་པར་སྣང་མཛད་དང༌། འགྲོ་བ་འདུལ་བ་དང༌། སངས་རྒྱས་ཐོར་ཚུགས་དང༌། པདྨའི་ཏིང་ངེ་འཛིན་དང༌། པདྨ་དོན་ཡོད་དབང་ཕྱུག་དང་སེམས་དཔའ་བཅུ་དྲུག་དང༌། རྡོ་རྗེ་གནོད་སྦྱིན་བཟླས་པའི་དྲིས་དཀྱིལ་འཁོར་གྱིས་གཞི་ཡང་བྱུགས་ལ་མེ་ཏོག་གིས་མཛེས་པར་བྱས་ནས་བར་སྣང་ན་བཞུགས་པའི་ལྷ་ཐམས་ཅད་ལ་ཕྱག་བྱས་ཏེ། ཨོཾ་ཧཱུཾ་ཧྲཱིཿ་ཧོཿ་ཞེས་བྱ་བས་མཆོད་ཡོན་ཕུལ་ལ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་མཆོད་པ་རྣམ་པ་ལྔ་དང༌། སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་ལ། མིག་གཡས་གཡོན་དུ་ཡི་གེ་ཛཿ་སེར་པོ་བཀོད་ལ། ཉི་མ་དང་ཟླ་བ་སེར་པོའི་སྣང་བ་བསྐྱེད་དེ། གླུ་དང་རོལ་མོ་ལ་སོགས་པའི་མཆོད་པ་དང་བཅས་པས་དཀྱིལ་འཁོར་བརྟག་པར་བྱའོ། །དེ་ལ་རེ་ཞིག་སྔར་ས་མངོན་པར་བཟླས་པའི་ཁ་དོག་དཀར་པོ་དྲི་ཞིམ་པར་སྲད་བུ་མངོན་པར་སྤངས་ལ། དེ་ནས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་ཨོཾ་ཧཱུཾ་ཧྲཱིཿ་ཧོཿ་ཞེས་བྱ་བ་འདིས་རང་གི་སྙིང་གའི་པདྨ་ལས་གྲུབ་པའི་གྲོགས་པོ་པདྨ་གར་གྱི་དབང་ཕྱུག་གི་གཟུགས་ཀྱིས་ཕྱུང་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྲད་བུ་དེ་བཟུང་སྟེ། ཛཿ་ཞེས་བྱ་བས་བསྒྲུབ་པའི་གྲོགས་པའི་ལག་ཏུ་སྲད་བུ་དེ་གཏད་ལ། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་ཞིང་ཤར་ཕྱོགས་སུ་བལྟས་ཏེ། ཚངས་
པའི་ཐིག་གདབ་པར་བྱའོ། །ཛཿ་ཛཿ་ཛཿ་ཞེས་བྱ་བ་བསྒྲུབ་པའི་གྲོགས་པོས་ཡི་གེ་ཛཿ་གསུམ་གྱིས་ཐིག་སྐུད་དྲང་བར་བྱའོ། །ཡང་སློབ་དཔོན་ལྷོ་རུ་འདུག་ལ་བྱང་དུ་བལྟས་ཏེ། ཚངས་པའི་ཐིག་གཉིས་པ་གདབ་པར་བྱའོ། །དེ་ནས་མེའི་ཆར་གནས་ལ་བྱང་ཕྱོགས་སུ་བལྟས་ཏེ་ཕྱིའི་དཀྱིལ་འཁོར་གྱི་ཤར་གྱི་ཐིག་གདབ་བོ། །རླུང་གི་ཕྱོགས་སུ་གནས་ལ་ལྷོ་ཕྱོགས་སུ་བལྟས་ཏེ་ནུབ་ཀྱི་ཐིག་གདབ་བོ། །དེ་ཉིད་དུ་འདུག་སྟེ་ཤར་དུ་བལྟས་ནས་བྱང་གི་ཕྱོགས་ཀྱི་ཐིག་གདབ་བོ། །ཡང་མེའི་མཚམས་སུ་འདུག་སྟེ་ནུབ་ཏུ་བལྟས་ལ་ལྷོ་ཕྱོགས་ཀྱི་ཐིག་གདབ་བོ། །དེ་བཞིན་དུ་ལྷའི་སྣམ་བུ་དང༌། ཁ་ཁྱེར་གྱི་ཐིག་ཀྱང་གདབ་པར་བྱའོ། །ཡང་མེའི་མཚམས་སུ་གནས་ཏེ་རླུང་གི་ཕྱོགས་ཀྱི་མཚམས་ཀྱི་བར་དུ་ཐིག་གདབ་པ་དང༌། ཡང་བདེན་བྲལ་གྱི་མཚམས་སུ་གནས་ཏེ། དབང་ལྡན་གྱི་མཚམས་ཀྱི་བར་དུ་ཐིག་གདབ་པ་དང༌། དེ་ནས་སྒོ་དང༌། རྟ་བབས་ཀྱི་ཐིག་ཀྱང་བཏབ་ལ་དེའི་ནང་དུ་སྔར་བཤད་པའི་ཚུལ་གྱིས་ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ལ་ཟུར་བཞི་པའི་རི་མོ་གཉིས་པ་ནི་སྒོ་ལ་མངོན་པར་ཕྱོགས་པར་ཐིག་གདབ་པར་བྱའོ། །རི་མོ་གཉིས་པའི་དབུས་སུ་པདྨའི་ཕྲེང་བ་བྲིས་ལ། ཀ་བ་བརྒྱད་དང་ལྡན་པའི་ཆ་གསུམ་མཉམ་པར་ཐིག་བཏབ་ནས། པདྨ་འདབ་མ་བརྒྱད་པའི་ཐིག་ནི་གདབ་པར་བྱའོ། །དེ་ལ་རེ་ཞིག་སྲད་བུའི་སྔགས་ནི། ཨོཾ་བཛྲ་ས་མ་ཡ་སྭཱ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ལ། མིག་གཡས་པ་དང༌། གཡོན་པར་ཡི་གེ་ཧྲཱིཿ་ལས་ཉི་མ་དང་ཟླ་བ་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཀུན་ནས་བལྟས་པས་སྒོ་རྣམས་དབྱེའོ། །སློབ་དཔོན་དང་བསྒྲུབ་པའི་གྲོགས་མཆོག་བསྒྱིངས་པའི་ཚུལ་གྱིས་བསྐོར་ཕྱོགས་སུ་འགྲོ་བར་བྱ་བ་ནི་ཐིག་གི་ཆོ་གའོ། །དེ་ནས་ཚོན་རྩི་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ལ་ཚོན་དཀར་པོ་ལ་ཡི་གེ་ཨོཾ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། ཚོན་སྔོན་པོ་ལ་ཡི་གེ་ཧཱུཾ་ལས་མི་བསྐྱོད་པ་སྐུ་མདོག་མཐིང་ག །ཚོན་སེར་པོ་ལ་ཡི་གེ་ཏྲཱཾ་ལས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ། ཚོན་དམར་པོ་ལ་ཡི་གེ་ཧྲཱིཿ་ལས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ། ཚོན་ལྗང་གུ་ལ་ཡི་གེ་ཨ་ལས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུར་བསྐྱེད་ལ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བ་འདི་ཕྱག་རྒྱ་དང་ལྡན་པས་རེ་རེ་ལ་ཡང་ལན་བདུན་བདུན་བཟླ་བར་བྱའོ། །དེ་ལ་ཕྱག་
རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཕྱག་རྒྱ་གཉིས་ལས་ནི། །མཛུབ་མོའི་རྩེ་མོ་མཉམ་སྦྱར་བ། །བྱས་ནས་ཚོན་རྩི་ཐམས་ཅད་ནི། །འབར་བའི་ལྟ་བས་དགུག་པར་བྱ། །ཡི་གེ་ཧི་ཞེས་བྱ་བ་མཐར་སྦྱར་བར་བྱའོ། །དེ་ནས་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བའི་སྙིང་པོ་དང་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། གཡས་ནས་བསྐོར་བའི་རིམ་པས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཚོན་རྩི་ཐོག་མར་བཀྱེ་ལ་ཕྱི་མ་ནི་རྡོ་རྗེ་ཁུ་ཚུར་མེད་ཀྱང་བྱའོ། །རིམ་པ་ནི་འདི་ཡིན་ཏེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། ཐམས་ཅད་ཀྱི་ནང་དུ་དཀར་པོ་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་ཕྱིའི་དཀྱིལ་འཁོར་བྲིས་ལ། ནང་གི་དཀྱིལ་འཁོར་ནི་ཟུར་བཞི་བསྣོལ་བའི་རི་མོ་གཉིས་པ་བྲིས་ལ། རི་མོ་གཉིས་པའི་དབུས་སུ་པདྨའི་ཕྲེང་བ་བྲིས་ལ། པདྨ་འདབ་མ་བརྒྱད་པ་ལྟ་བུའི་ཀ་བ་བརྒྱད་པ་བྲི་བར་བྱའོ། །པདྨ་དེའི་གེ་སར་གྱི་དབུས་སུ། སེང་གེ་དང་པདྨའི་གདན་ལ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་རྣམ་པར་སྣང་མཛད་སྔར་བཤད་པའི་ཚུལ་གྱིས་བྲི་བར་བྱའོ། །དེའི་ཕྱོགས་རྣམས་སུ་པདྨ་དང་ཟླ་བའི་གདན་ལ་ཕྱག་རྒྱ་བཞི་བྲི་བར་བྱའོ། །དེ་ལྟར་འགྲོ་བ་འདུལ་བ་ལ་སོགས་པ་ཡང་ཟླ་བ་དང་པདྨའི་གདན་ལ་བྲི་བ་དང༌། བསྐལ་པ་བཟང་པོ་རྣམས་ཀྱང་སྔར་བཤད་པའི་རིམ་པས་ཕྱིའི་དཀྱིལ་འཁོར་གྱི་ཁྱམས་རྣམས་སུ། བྱམས་པ་ལ་སོགས་པའི་བསྐལ་པ་བཟང་པོ་སྟོང་དུ་བཞིས་མཚང་བ་པདྨ་དང༌། ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་བྲི་བར་བྱའོ། །ཤར་ཕྱོགས་ལ་སོགས་པའི་ཕྱོགས་རྣམས་སུ་མཉམ་པའི་རིམ་པ་བཞིན་དུ་བྱའོ། །དེ་ནས་ཤར་གྱི་སྣམ་བུ་ལ། སངས་རྒྱས་པདྨ་བཞིན་དུ་པདྨའི་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །ལྷོ་ཕྱོགས་ཀྱི་སྣམ་བུ་ལ་རྡོ་རྗེ་རིན་པོ་ཆེ་བཞིན་དུ་རིན་ཆེན་པདྨ་བསྣམས་པའོ། །ཡང་ནུབ་ཕྱོགས་ཀྱི་སྣམ་བུ་ལ་རྡོ་རྗེ་ཆོས་བཞིན་དུ་རྡོ་རྗེ་པདྨ་བསྣམས་པའོ། །བྱང་ཕྱོགས་ཀྱི་སྣམ་བུ་ལ་པདྨ་གར་གྱི་དབང་ཕྱུག་བཞིན་དུ་སྣ་ཚོགས་པདྨ་བསྣམས་པའོ། །དེ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་སྐུ་མདོག་དཀར་པོ། བྱང་ཆུབ་མཆོག་གི་ཕྱག་རྒྱས་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། ཞལ་བཞི་པ། ཞལ་དང་པོ་ཤར་དུ་གཟིགས་པའོ། །རྡོ་རྗེ་སེམས་མའི་གནས་སུ་པདྨས་
མཚན་པའི་རྡོ་རྗེ་རྩེ་ལྔ་པ། རྡོ་རྗེ་རིན་ཆེན་མའི་གནས་སུ་ཡིད་བཞིན་གྱི་ནོར་བུའི་རྩེ་མོ་པདྨ་ཅན། རྡོ་རྗེ་ཆོས་མའི་གནས་སུ་པདྨ་འདབ་མ་བཅུ་དྲུག་པའི་རྡོ་རྗེ་པདྨ། རྡོ་རྗེ་ལས་མའི་གནས་སུ་པདྨ་འདབ་མ་བཞི་པ། ཁ་དོག་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུའི་འདབ་མ་བཞི་པ་ལྟེ་བ་དཀར་པོའོ། །བཅོམ་ལྡན་འདས་འགྲོ་བ་འདུལ་བ་ནི་ཕྱག་གཉིས་པ་སྐུ་མདོག་དཀར་དམར། ཕྱག་གཡོན་པས་པདྨའི་སྡོང་བུ་བཟུང་ནས་ཕྱག་གཡས་པས་ཐུགས་ཀར་པདྨ་འབྱེད་པར་མཛད་པས་བཞུགས་པའོ། །སངས་རྒྱས་པདྨ་ནི་ཤཱཀྱ་ཐུབ་པའི་གཟུགས་ཅན་གསེར་གྱི་མདོག་མངའ་བ། གཡོན་བསྙེམས་པས་པདྨའི་དྲིལ་བུ་བཟུང་ནས། ཕྱག་གཡས་པས་ཁ་ཊྭཱཾ་ག་པདྨས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་གུང་མོའི་རྩེ་མོ་ལ་རང་གི་སྙིང་གར་འདེགས་པའི་ཚུལ་གྱིས་འཛིན་པའོ། །པདྨའི་རྒྱལ་པོ་ནི་སྐུ་མདོག་སེར་པོ་ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་རལ་གྲི། གཡོན་གྱི་དང་པོ་ན་ལྕགས་ཀྱུ། གཡོན་གྱི་གཉིས་པ་ན་པདྨ་བསྣམས་པའོ། །པདྨའི་ཆགས་པ་སྐུ་མདོག་དམར་པོ་པདྨའི་མདའ་གཞུ་འགེངས་པས་སངས་རྒྱས་ཐམས་ཅད་གསོད་པའི་ཚུལ་དུ་མཛད་པའོ། །པདྨ་ལེགས་པ་ནི་མརྒད་ཀྱི་མདོག་ཅན་པདྨའི་སེ་གོལ་བརྡབས་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་མཛད་པའོ། །འཇིག་རྟེན་དབང་ཕྱུག་གི་རལ་པའི་དབུས་ན་འོད་དཔག་ཏུ་མེད་པ་ཕྱག་གཡོན་པས་པདྨ་བསྣམས་པ། ཕྱག་གཡས་པ་ཏིང་ངེ་འཛིན་མཆོག་གིས་བཞུགས་པ། སྐུ་མདོག་དམར་པོ་སངས་རྒྱས་ཐོར་ཚུགས་ཞེས་བརྗོད་པའོ། །པདྨའི་ཁྲོ་གཉེར་ནི་སྐུ་མདོག་སེར་ཕྱག་གཡས་པ་པདྨའི་ཁུ་ཚུར་གྱིས་པདྨས་མཚན་པའི་ཡིད་བཞིན་གྱི་ནོར་བུས་དབང་བསྐུར་བའི་གནས་སུ་འཇོག་པའི་ཕྱག་གཡོན་པའི་བསྙེམས་པས་པདྨའི་དྲིལ་བུ་འཛིན་པའོ། །པདྨའི་ཉི་མ་ནི་སྐུ་མདོག་དམར་པོ་ཉི་མ་ལྟ་བུ་ཕྱག་གཡོན་པས་པདྨ་བསྣམས་ཤིང༌། ཕྱག་གཡས་པས་པདྨ་ལ་གནས་པའི་ཉི་མའི་དེ་བཞིན་གཤེགས་པ་ཐམས་ཅད་འོད་ཀྱིས་སྣང་བར་མཛད་པ་བསྣམས་པའོ། །པདྨའི་དཔལ་ཟླ་བའི་མདོག་དང་དེའི་ཆ་བྱད་ཅན་ཕྱག་གཡོན་པས་པདྨས་མཚན་པའི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྣམས་པ། ཕྱག་
གཡས་པས་མཆོག་སྦྱིན་པའོ། །པདྨ་བཞད་པ་སྐུ་མདོག་དཀར་སེར་ཞལ་བཅུ་གཅིག་པ། ཕྱག་བཅུ་གཉིས་པ་ཚངས་པའི་ཆ་བྱད་ཅན་རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ་དང༌། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ། །དེ་ལ་ཞལ་དང་པོ་ཞི་བ། དེ་བཞིན་དུ་ཞལ་གཡས་པ་དང༌། གཡོན་པའི་ཕྱོགས་ཀྱང་ཞི་བ་ཡིན་ལ། རྒྱབ་ཀྱི་ཞལ་གཅིག་ནི་མི་སྡུག་པའི་ཉམས་ཅན་ནོ། །ཡང་ཞལ་དང་པོའི་སྟེང་མ་གཅིག་ནི་མཆེ་བ་གཙིགས་པ། དེའི་གཡས་གཡོན་གྱི་ཞལ་གཉིས་ནི་མི་སྡུག་པའི་ཉམས་ཅན། དེའི་རྒྱབ་ནི་མཆེ་བ་རྣམ་པར་གཙིགས་པ། དེའི་སྟེང་མའི་ཞལ་དང་པོ་ནི་མཆེ་བ་གཙིགས་པ། ཞལ་གཡས་པ་ནི་མཆེ་བ་ཕྱུང་བ། གཡོན་པ་ནི་དྲག་ཅིང་ཆེར་བཞད་པ། དེའི་སྟེང་མ་གཅིག་ནི་རྫོགས་པའི་སངས་རྒྱས་ཀྱི་ཞལ་ལོ། །ཕྱག་དང་པོ་གཉིས་ནི་ཆོས་སྟོན་པའི་ཕྱག་རྒྱའོ། །གཉིས་པ་གཉིས་ནི་མེ་ཏོག་གི་ཐལ་མོ་མཛད་པ། ཕྱག་གཡས་པ་ན་སོའི་ཕྲེང་བ་པདྨར་ཆུད་པའི་རྡོ་རྗེ་ཅན་གྱིས་མཚན་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་འཛུམ་པ་ལ་ངེས་པར་སྦྱོར་བའོ། །གཡས་ཀྱི་བཞི་པ་དང༌། ལྔ་པ་ན་རལ་གྲི་དང་བགྲང་ཕྲེང་བསྣམས་པ། ཕྱག་གཅིག་གིས་སེམས་ཅན་ཐམས་ཅད་དབུགས་འབྱིན་པར་མཛད་པའོ། །ཕྱག་གཡོན་པས་པདྨ་དང་གླེགས་བམ་དང་ཡིད་བཞིན་གྱི་ནོར་བུ་དང༌། རིལ་བ་སྤྱི་བླུགས་བསྣམས་པར་བཞུགས་པའོ། །པདྨའི་ཏིང་ངེ་འཛིན་ནི་བརྒྱ་བྱིན་གྱི་ཆ་ལུགས་ཅན། སྤྱན་སྟོང་དང་ལྡན་པ་སྐུ་མདོག་དམར་པོ་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱའི་ཕྱག་གཡོན་པས་རྡོ་རྗེ་པདྨ་བསྣམས་པ། པདྨའི་སྒྲོལ་མ་ནི་རྡོ་རྗེ་ཆོས་ཀྱི་གཟུགས་ཅན་ནོ། །གཞོན་ནུ་ནི་གདོང་དྲུག་བཞིན་དུ་སྐུ་མདོག་དམར་པོ་ཕྱག་བཞི་པ། ཕྱག་གཡོན་པ་པདྨའི་ཁུ་ཚུར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བསྣམས་པ། ཕྱག་གཡས་བའི་ཁུ་ཚུར་གྱིས་པདྨའི་རལ་གྲིས་དེ་བཞིན་གཤེགས་པ་ཐམས་ཅད་གཅོད་པར་མཛད་པའོ། །གཡས་ཀྱི་གཉིས་པ་ན་མདུང་བསྣམས་པ། གཡོན་གྱི་གཉིས་བ་ན་པདྨ་བསྣམས་པའོ། །པདྨའི་རྒྱུ་ཁྱབ་འཇུག་གི་གཟུགས་ཅན། མགྲིན་པ་སྔོན་པོ་སྤྱན་ གསུམ་པ ་ཕྱག་གཡས་པ་གཉིས་ན་འཁོར་ལོ་དང་བེ་ཅོན་བསྣམས་པ། གཡོན་པ་གཉིས་ན་
པདྨ་དང་དུང་བསྣམས་པ། སྟག་གི་པགས་པའི་ཤམ་ཐབས་ཅན་སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་འཆང་བ། རི་དགས་ཀྱི་པགས་པ་སྟོད་གཡོགས་སུ་བསྣམས་པ། ཞལ་ཆེར་བཞད་པའོ། །པདྨའི་གསུང་ནི་ཚངས་པའི་གཟུགས་ཅན། མདོག་དཀར་དམར་ཞལ་བཞི་པ། ཕྱག་གཡས་པ་གཉིས་ན་བགྲང་ཕྲེང་དང་དབྱིག་པ། གཡོན་པ་གཉིས་ན་པདྨ་དང་རིལ་བ་སྤྱི་བླུགས་བསྣམས་པའོ། །པདྨ་དོན་ཡོད་པའི་དབང་ཕྱུག་ནི་ལྷ་ཆེན་པོའི་གཟུགས་ཅན་ཞལ་བཞི་པ་སྤྱན་ གསུམ་པ ་མགྲིན་པ་སྔོ་བ་སྦྲུལ་གྱི་མཆོད་ཕྱིར་ཐོགས་འཆང་བ་སྟག་གི་པགས་པའི་ཤམ་ཐབས་ཅན། རི་དགས་ནག་པོའི་པགས་པ་སྟོད་གཡོགས་སུ་བསྣམས་པ། ཕྱག་གཡས་ཀྱི་དང་པོས་མཆོག་སྦྱིན་པ། གཉིས་པས་པདྨ་བསྣམས་པ། གཡོན་གྱི་དང་པོ་ན་མདུང་རྩེ་ གསུམ་པ ་གཉིས་པས་ན་རལ་གྲི། ཞལ་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུའི་མདོག་ཅན་ནོ། །པདྨ་གར་གྱི་དབང་ཕྱུག་གར་གྱི་དབང་ཕྱུག་གི་གཟུགས་ཅན། ཕྱག་གཡས་པ་རྣམས་ན་པདྨ་དང་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། གཡོན་པ་རྣམས་ན་མདུང་རྩེ་ གསུམ་པ ་དང་ལྕགས་སྒྲོག་དང་དྲིལ་བུ་བསྣམས་བ་སྐུ་མདོག་དཀར་པོ་སྤྱན་ གསུམ་པའོ། །པདྨའི་བསྲུང་བ་ནི་གསེར་གྱི་མདོག་ཅན། ཕྱག་གཡས་ཀྱི་དང་པོས་མི་འཇིགས་པ ་སྦྱིན་པ། གཡོན་གྱི་དང་པོས་པདྨ་བསྣམས་པ། ཕྱག་གཉིས་ཀྱིས་པདྨའི་གོ་ཆ་བསྣམས་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གོ་བསྐོན་པའོ། །པདྨའི་གནོད་སྦྱིན་ནི་སྐུ་མདོག་ནག་པོ་གསུས་པོ་ཆེ་བ། ཞལ་མཆེ་བ་རྣམ་པར་གཙིགས་པ། པདྨའི་མཆེ་བ་གཉིས་ཕྱག་གཉིས་ཀྱི་ཁུ་ཚུར་གྱིས་བཟུང་ནས་ཁར་བཞག་པས་དེ་བཞིན་གཤེགས་པ་ཐམས་ཅད་འཇིགས་པར་བྱེད་པའོ། །པདྨའི་ཁུ་ཚུར་ནི་སྐུ་མདོག་སེར་པོ་དམ་ཚིག་གི་པདྨའི་ཁུ་ཚུར་གྱིས་པདྨས་མཚན་པའི་རྡོ་རྗེ་འཚིར་ཞིང་བཞུགས་པའོ། །པདྨའི་སྒེག་མོ་ནི་མདོག་དཀར་མོ་པདྨའི་ཁུ་ཚུར་གཉིས་ཀྱིས་པདྨས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་གཉིས་བཟུང་ནས་བསྙེམས་པའི་ཚུལ་གྱིས་བསམ་པ་གཡོས་པས་འདུད་པའོ། །པདྨའི་ཕྲེང་བ་མ་མདོག་སེར་པོ། པདྨ་རིན་པོ་ཆེའི་ཕྲེང་བས་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བའོ། །པདྨའི་གླུ་མ་ནི་མདོག་དཀར་
དམར་པདྨའི་པི་ཝང་བརྡུང་བའོ། །པདྨའི་གར་མ་ནི་སྣ་ཚོགས་པའི་མདོག་ཅན་པདྨས་མཚན་པའི་རྡོ་རྗེ་རྩེ་ གསུམ་བསྣམས་པས་གར་བསྐོར་བའི་ཚུལ་དུ་བྱེད་པའོ། །པདྨའི་བདུག་པ ་མ་ནི་སྐུ་མདོག་དཀར་དམར་པདྨའི་སྤོས་ཁང་བསྣམས་ནས་པདྨའི་བདུག་པས་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་མཛད་པའོ། །པདྨའི་མེ་ཏོག་མ་ནི་སྐུ་མདོག་སེར་པོ། ཕྱག་གཡོན་པས་པདྨའི་མེ་ཏོག་གི་སྣོད་བསྣམས་པ། ཕྱག་གཡས་པས་པདྨའི་མེ་ཏོག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པའོ། །པདྨའི་མར་མེ་མ་ནི་མདོག་དམར་སྐྱ་པདྨའི་མར་མེའི་སྡོང་བུས་ད་བཞིན་གཤེགས་པ་ཐམས་ཅད་སྣང་བར་བྱེད་པའོ། །པདྨའི་དྲི་མ་ནི་སྣ་ཚོགས་པའི་མདོག་ཅན། ཕྱག་གཡོན་པས་པདྨའི་དྲིའི་དུང་བསྣམས་པ། ཕྱག་གཡས་པས་པདྨའི་དྲིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་བཞུགས་པའོ། །རྟ་མགྲིན་ནི་མདོག་དམར་སྐྱ། པདྨའི་ལྕགས་ཀྱུས་དེ་བཞིན་གཤགས་པ་ཐམས་ཅད་འགུགས་པ་དང༌། ཞལ་དང་པོའི་མཆེ་བ་རྣམ་པར་གཙིགས་པ། དེའི་སྟེང་དུ་རྟའི་གདོང་མགྲིན་པ་བསྟོད་པ་མདོག་ལྗང་གུའོ། །དོན་ཡོད་པའི་ཞགས་པ་ནི་ཕྱུགས་བདག་གི་གཟུགས་ཅན་སྤྱན་ གསུམ་པ། ཕྱག་བཞི་པ ་གཡས་ཀྱི་དང་པོ་ན་ཞགས་པ། གཉིས་པ་ན་མཆོག་སྦྱིན། གཡོན་གྱི་དང་པོ་ན་དབྱིག་པ། གཡོན་གྱི་གཉིས་པན་པདྨ་བསྣམས་པའོ། །པདྨའི་ལྕགས་སྒྲོག་ནི་མདོག་དམར་སྐྱ། པདྨའི་ལྕགས་སྒྲོག་དང་བཅས་པས་དེ་བཞིན་གཤེགས་པ་ཐམས་ཅད་འཆིང་བར་བྱེད་པའོ། །པདྨ་འབེབས་པ་ནི་ཞལ་དྲུག་པ། གཞོན་ནུ་ཀུན་འགྱེད་ཀྱི་ཆ་ལུགས་ཅན། མདོག་དམར་པོ་ཕྱག་གཡས་ཀྱི་དང་པོ་ན་དྲིལ་བུ། གཉིས་པ་ན་མདུང༌། གསུམ་པ ་ན་རལ་གྲི། གཡོན་གྱི་དང་པོ་ན་པདྨ། གཉིས་པ་ན་ལྕགས་སྒྲོག །གསུམ་པ་ན་ཁྱིམ་བྱ་བསྣམས་པས་བཞུགས་པའོ། །དེ་ལ་རྣམ་པར་སྣང་མཛད་དང༌། སངས་རྒྱས་ཐོར་ཚུགས་དང༌། བསྐལ་པ་བཟང་པོ་རྣམས་ནི་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བའོ། །ལྷག་མ་རྣམས་ནི་འོད་དཔག་ཏུ་མེད་པའི་པདྨའི་ཕྲེང་བའི་ཅོད་པན་གྱིས་དབང་བསྐུར་བའོ། །རྣམ་པར་སྣང་མཛད་དང༌།
སངས་རྒྱས་ཐོར་ཚུགས་དང༌། ཏིང་ངེ་འཛིན་པདྨའི་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །འགྲོ་བ་འདུལ་བ་ལ་སོགས་པ་ལྷག་མ་རྣམས་ནི་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །རྣམ་པར་སྣང་མཛད་དང༌། སངས་རྒྱས་ཐོར་ཚུགས་དང༌། པདྨའི་ཏིང་ངེ་འཛིན་ནི་ཞི་བའི་གཟིག་དང་པོའོ།། ལྷག་མ་རྣམས་རྡོ་རྗེ་ལྟ་བ་ཅན་ནོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་དགོངས་ཀའི་དུས་སུ་འགྲོ་བ་འདུལ་བའི་དམ་ཚིག་གི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བླངས་ལ། རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་འཇུག་པར་བྱས་ཤིང༌། ཨོཾ་ཧཱུཾ་ཧྲཱིཿ་ཧོཿ་ཞེས་ཀྱང་བརྗོད་པར་བྱའོ། །ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷག་པ་དང་མཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར་བལྟས་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་དཀྱིལ་འཁོར་ལ་ལན་བདུན་བསྐོར་བ་བྱས་ནས་རྡོ་རྗེ་སེམས་དཔའ་ལ་ཕྲེང་བ་དེ་ཕུལ་ཏེ། རྡོ་རྗེ་གར་བྱས་ལ་བླངས་ནས་རང་གི་མགོ་ལ་བཅིང་བར་བྱའོ། །ཨོཾ་ཧཱུཾ་ཧྲཱིཿ་ཧོཿ་ཞེས་རྒྱུན་མི་འཆད་པ་ཁོ་ནར་བཟླས་པར་བྱའོ། །དེ་ནས་ཡི་གེ་ཧཱུཾ་ལས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསམ་པར་བྱའོ། །དེ་ནས་དབུས་སུ་འདུག་ནས་ནི། །རྡོ་རྗེ་སློབ་དཔོན་མཉམ་གཞག་པས། །རྡོ་རྗེ་སྒོ་ནི་རྣམ་བཞི་པོ། །ཡིད་ཀྱིས་སུ་ནི་དབྱེ་བར་བྱ། །ཨོཾ་བཛྲ་ཨུཏྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། དེའི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་མཛུབ་མོ་གཉིས་ལེགས་པར། །སྦྱར་ལ་བཀན་ཏེ་བསྡམས་ནས་སུ། །རབ་ཏུ་བྲོས་ནས་དབྱེ་བ་ནི། །སྒོ་དབྱེ་བ་ཡི་མཆོག་ཡིན་ནོ། །དེ་ནས་རིན་པོ་ཆེའམ་ས་ལས་བྱས་པའི་བུམ་པ་རྩ་བ་མི་གནག་པ་གསུས་པ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ། རིན་པོ་ཆེ་དང༌། སྨན་ཐམས་ཅད་དང༌། པདྨའི་མེ་ཏོག་ལ་སོགས་པ་དང༌། དྲི་ཞིམ་པོའི་ཆུས་ཡོངས་སུ་བཀང་བ། པདྨས་མཚན་པ། མགུལ་པ་རས་དཀར་པོ་བཟང་པོས་བཅིངས་པ། འདབ་མ་དང༌། འབྲས་བུ་དྲི་ཞིམ་པས་ཁ་བརྒྱན་པ། སྦོས་ཆུ་དྲི་ཞིམ་པས་ཀུན་ནས་བྱུགས་ཏེ། མེ་ཏོག་གི་ཕྲེང་བ་བཏགས་པ་ཇི་ལྟ་བ་བཞིན་དུ་ལྷག་པར་གནས་པ་བྱས་ལ། རྡོ་རྗེ་ཆོས་མས་པདྨའི་མེ་ཏོག་གི་ལྕུག་མ་ཡོངས་སུ་བཟུང་ལ། ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ་ཞེས་བྱ་བས་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ལ། བཅོམ་ལྡན་འདས་འགྲོ་བ་འདུལ་བའི་སྔགས་ཀྱང་བརྒྱ་རྩ་བརྒྱད་བཟླས་ལ། བུམ་པ་དེ་བཅོམ་ལྡན་འདས་འགྲོ་བ་འདུལ་བའི་སྤྱན་སྔར་གཞག་པར་བྱའོ།།
གཉིས་པ་ལ་འགྲོ་བ་འདུལ་བ་བརྒྱ་རྩ་བརྒྱད་བཟླས་ཏེ། འཇུག་པའི་སྒོར་མངོན་པར་ཕྱོགས་པར་གཞག་པར་བྱ་ཞིང༌། ཆུ་དེས་བདག་ཉིད་དང་སློབ་མ་ལ་དབང་བསྐུར་བར་བྱའོ། །འཇུག་པའི་དུས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ། སློབ་མ་ཡང་འཆིང་དུ་གཞུག་གོ །རྣམ་པར་སྣང་མཛད་ལ་སོགས་པའི་བུམ་པ་ཡང་སོ་སོ་རང་རང་གི་མཚན་མས་མཚན་པ། དེ་རྣམས་ཀྱི་རང་རང་གི་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཁྱམས་རྣམས་སུ་གཞག་པ་དང༌། དེ་རྣམས་ཀྱི་ཕྱི་རོལ་དུ་བུམ་པ་གང་བའོ། །མ་རྙེད་པར་གྱུར་ན་བཅོམ་ལྡན་འདས་འགྲོ་བ་འདུལ་བ་ལ་རྣམ་པར་རྒྱལ་བའི་བུམ་པ་དང༌། རྣམ་པར་སྣང་མཛད་དང༌། སངས་རྒྱས་ཐོར་ཚུགས་དང༌། པདྨའི་ཏིང་ངེ་འཛིན་དང༌། དོན་ཡོད་དབང་ཕྱུག་རྣམས་ལ་རང་རང་གི་སྔགས་བཟླས་པའི་བུམ་པ་དབུལ་བར་བྱའོ། །ཨོཾ་བཛྲ་ཛྷི་ཞེས་བྱ་བའི་རིགས་ཀྱི་སྙིང་པོ་འདིས་འགྲོ་བ་འདུལ་བའི་རིགས་ཀྱི་བུམ་པ་ལ་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ། འགྲོ་བ་འདུལ་བའི་ལྷ་རྣམས་ལ་དབུལ་བར་བྱའོ། །ཨོཾ་བཛྲ་རཏྣ་མུ་ཀུ་ཊ་ཧཱུཾ་ཞེས་བྱ་བས་སངས་རྒྱས་ཐོར་ཚུགས་ཀྱི་རིགས་ཀྱི་བུམ་པ་ལའོ། །ཨོཾ་དྷརྨྨ་པདྨ་ཧྲཱིཿ་ཞེས་བྱ་བས་པདྨའི་ཏིང་ངེ་འཛིན་གྱི་བུམ་པ་ལའོ། །ཨོཾ་སརྦྦ་མུ་ཁི་ཧཱུཾ་ཞེས་བྱ་བས་པདྨ་དོན་ཡོད་དབང་ཕྱུག་གི་བུམ་པ་ལ་བརྒྱ་རྩ་བརྒྱད་བཟླས་པ་བྱས་ནས། དོན་ཡོད་དབང་ཕྱུག་གི་རིགས་ཀྱི་ལྷ་རྣམས་ལ་དབུལ་བར་བྱའོ། །དེ་ནས་བདག་པོ་ལྔའི་བུམ་པ་གང་བ་དང༌། རིགས་བཞིའི་བུམ་པ་གང་བ་བཞི་དབུལ་བར་བྱ་སྟེ། བྱམས་པ་ལ་སོགས་པའི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་རིག་པ་ཡོངས་སུ་བཟླས་པའི་བུམ་པ་གང་བར་བྱས་ལ་དབུལ་བར་བྱའོ། །མ་རྙེད་ན་བུམ་པ་རྣམས་དང་བུམ་པ་གང་བ་བཅུ་ལས་ཉུང་བ་དབུལ་བར་མི་བྱའོ་ཞེས་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། ཇི་སྐད་བཤད་པ་དེ་དག་བྱས་པའི་རྗེས་ཐོགས་ལའོ། །དེ་ནས་འགྲོ་བ་ཐམས་ཅད་འདུལ་བའི་ཞེས་བྱ་བའི་པདྨའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་བཤད་དོ་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་ནས་བརྩམས་ཏེ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་གའི་བྱེ་བྲག་རྒྱས་པར་ཕྱེའོ།།
དེ་ལ་དང་པོ་ཁོ་ནར་ཞེས་བྱ་བ་ནི། དབབ་པ་ལ་སོགས་པའི་སྔོན་དུ་སོང་བའོ། །པདྨའི་སློབ་དཔོན་ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་རྣལ་འབྱོར་ཆེན་པོ་དང༌། བྱིན་གྱིས་བརླབས་པའི་སློབ་དབོན་ནི་པདྨའི་སློབ་དཔོན་ནོ། །རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཇི་ལྟ་བ་བཞིན་དུ་བཞུགས་ཏེ་ཞེས་བྱ་བ་ནི་གདོང་གཡོགས་བཅིངས་ལ། ཕྱག་བཞི་བྱས་ཏེ་སྡོམ་པ་བཟུང་ལ། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་ལ་དབང་བསྐུར་ཏེ། སློབ་མ་འཇུག་པའི་ཆོ་ག་བཞིན་དུ་རྡོ་རྗེ་ཆོས་མ་བཅིངས་ལ་འཇུག་པར་བྱའོ་ཞེས་བྱ་བ་འདི་ནི་ཇི་ལྟ་བ་བཞིན་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་བྱ་བ་ནི། དེ་ལས་བཤད་པའི་ཚུལ་གྱིས་དབབ་པ་ལ་སོགས་པའི་ལས་རྣམས་བྱའོ། །སྙིང་པོ་འདིས་ལས་རྣམས་བྱའོ་ཞེས་བྱ་བ་ནི་དབབ་པ་དང་མེ་ཏོག་དོར་བ་དང༌། ཕྲེང་བ་བཅིང་བའི་དབང་དང༌། གདོང་གཡོགས་དགྲོལ་བ་དང༌། དཀྱིལ་འཁོར་བལྟ་བ་དང༌། དབབ་པ་ཉེ་བར་བསྡུ་བ་དང༌། ཆུའི་དབང་དང༌། ཕྱག་རྒྱའི་དབང་གིས་ཅོད་པན་གྱི་དབང་བསྐུར་བ་དང༌། རྡོ་རྗེ་པདྨ་དང༌། བདག་པོ་དང༌། མིང་གི་དབང་བསྐུར་བ་དང༌། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་རྗེས་ཐོགས་ལ། པདྨའི་རིགས་ཀྱི་སྙིང་པོ་རྗེས་ཐོགས་ལ་འཆད་པར་འགྱུར་བར་བརྗོད་པ་ནི། ཨོཾ་པདྨ་སྥོ་ཊ་ཨ་དྷི་ཏིཥྛ་ཨ་ཞེས་ཕྱོགས་གཅིག་དཔེར་བརྗོད་པ་ཙམ་གྱིས་དེ་དག་གི་སྙིང་པོ་རྣམས་ཀྱང་བསྟན་པ་ཡིན་ནོ། །སྙིང་པོ་འདི་དཔེར་བརྗོད་པ་ཙམ་གྱིས། དེ་རྣམས་ཀྱི་སྙིང་པོའང་ཤེས་པར་བྱ་སྟེ། ལས་རྣམས་བྱའོ་ཞེས་བྱ་བ་བཤད་པ་ཡིན་ནོ། །ཨོཾ་པདྨ་སྥོ་ཊ་ཨ་དྷི་ཏིཥྛ་ཨ་ཞེས་བྱ་བ་ནི་དབབ་པའི་དོན་ཏོ། །དཀྱིལ་འཁོར་འདིར་དབབ་པའི་སྙིང་པོ་འདི་དང༌། རྡོ་རྗེ་པདྨའི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ནས། ཐལ་མོ་སྦྱར་ནས་ལན་བརྒྱའི་བར་དུ་བཟླས་པར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ལས་བཤད་པའི་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱི་མཛུབ་མོས། རྡོ་རྗེ་པདྨའི་དམ་ཚིག་གི་ཕྱག་རྒྱའི་གུང་མོ་ལན་བརྒྱའི་བར་དུ་དྲལ་ཞིང་ཨ་ཞེས་བརྗོད་དོ། །དེ་ནས་དེ་བཞིན་དུ་བཀའ་མ་ནོས་ནས་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་བཤད་པའི་མེ་ཏོག་དོར་བ་ལ་སོགས་པ་སྔོན་དུ་འགྲོ་བའི་ཆོ་གའི་གོ་རིམས་ཐམས་ཅད་རྗེས་
སུ་སྤྱད་པས། ཇི་ལྟ་བ་བཞིན་དུ་སློབ་མ་འཇུག་པའི་གནང་བ་མནོས་ཏེ། དེ་ནས་ཡང་དམ་ཚིག་གི་ཕྱག་རྒྱས་བདག་ཉིད་དབང་བསྐུར་ཏེ་ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་དབང་བསྐུར་བར་བཤད་པ་དེ་བཞིན་དུ་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱས་གང་ལ་འོད་དཔག་ཏུ་མེད་པའི་དབང་བསྐུར་བར་བྱ་སྟེ། སློབ་དཔོན་གྱིས་ཞེས་བྱ་བ་ནི་ལྷག་མའོ། །པདྨོའི་དབྱིབས་བླངས་ནས་ཞེས་བྱ་བ་ནི། སངས་རྒྱས་ཀུན་གྱི་པདྨོའི་དབང༌། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་གྱིས་རབ་གྲུབ་ཕྱིར། །པདྨོ་འདི་ནི་ཁྱོད་ཀྱིས་ལོང༌། །ཞེས་བྱ་བ་དང༌། ཤིང་ལས་བྱས་པའི་པདྨ་འདབ་མ་བཅུ་དྲུག་པ་སྡོང་བུ་དང་བཅས་པ། ལྟེ་བའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་སོར་བརྒྱད་པ། པདྨ་འདབ་མ་བརྒྱད་པའི་ནང་དུ་ཆུད་པ། འོག་གི་ཆའི་འདབ་མ་བརྒྱད་ཁ་གྱེས་པ། སྟེང་གི་ཆའི་ཅུང་ཟད་ཁ་མ་བྱེ་བར་གྱུར་པའི་པདྨའི་དབྱིབས་དང༌། པདྨའི་དྲིལ་བུ་དང་བཅས་པ་བླངས་ཏེ་རང་གི་མིང་གི་དབང་བསྐུར་རོ། །རང་གི་པདྨོའི་མིང་ནས་བརྗོད་ལ་ཞེས་བྱ་བ་ནི། བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས་ལོ་ཀེ་ཤྭ་ར་པདྨ་ཧཾ་ཞེས་པའམ། གཞན་གང་ཡང་རུང་བ་ཇི་ལྟར་ཐོབ་པ་རང་གི་པདྨའི་མིང་གྲགས་པས་ན་བརྗོད་པར་བྱའོ། །པདྨའི་ལྕགས་ཀྱུ་ལ་སོགས་པའི་ལས་རྣམས་བྱའོ་ཞེས་བྱ་བ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོ་གས་སྤྲུལ་པ་དང༌། བསྡུ་བ་བྱས་ལ། པདྨོའི་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བ་ལ་སོགས་པའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱས་ལ། སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་ལ། རྟ་མགྲིན་ལ་སོགས་པའི་ལས་ཀྱི་ཕྱག་རྒྱས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ཏེ། པདྨའི་གནོད་སྦྱིན་གྱིས་བགེགས་བསྐྲད་ལ། ར་བ་དང་དྲ་བ་བྱས་ཏེ། པདྨའི་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས་སྒོ་བཅད་ལ། པདྨའི་བསྲུང་བའི་དམ་ཚིག་གི་ཕྱག་རྒྱས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ཏེ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་ཕྱག་བྱས་ཏེ། འགྲོ་བ་འདུལ་བ་ལ་མཆོད་ཡོན་དང༌། ཞབས་བསིལ་
ཕུལ་ལ། སྔགས་དང་ཕྱག་རྒྱས་སོ་སོར་དབུལ་བར་བྱའོ། །དེ་ནས་ཆོས་ཀྱི་ཕྱག་རྒྱ་འདི་ཉིད་ཀྱིས་སེམས་དཔའ་ཆེན་པོ་རྣམས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས་པདྨ་འབེབས་པའི་བར་དུ་ཕྱིས་འཆད་པར་འགྱུར་བའི་དམ་ཚིག་གི་ཕྱག་རྒྱ་ཡིན་གྱི། འདིར་དེའི་ཆོས་ཀྱི་ཕྱག་རྒྱར་མངོན་པར་འདོད་པའི་ཡི་གེ་བདག་ཉིད་ནི་འདི་མ་ཡིན་ཏེ། སྒྲུབ་པའི་དབང་དུ་བྱས་པའི་ཕྱིར་རོ། །གང་གི་ཕྱིར་དམ་ཚིག་གི་ཕྱག་རྒྱས་དངོས་སུ་སྒྲུབ་པར་བཅོམ་ལྡན་འདས་ཀྱིས་བཤད་པ་དེའི་ཕྱིར། སྐབས་འདིར་མངོན་པར་འདོད་པའི་ཆོས་ཀྱི་ཕྱག་རྒྱ་ཡང་མ་ཡིན་ལ། འདིར་དམ་ཚིག་གི་ཕྱག་རྒྱ་ལ་ཆོས་ཀྱི་ཕྱག་རྒྱས་ཞེས་བརྗོད་པར་མི་བྱའོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། དེ་སྐད་དུ་ཡང༌། རྒྱུད་ཕྱི་མ་ལས་པདྨའི་རིགས་ཀྱི་ཕྱག་རྒྱ་རྣམ་པ་བཞི་ཀ་ལ་ཡང་ཆོས་ཀྱི་ཕྱག་རྒྱར་བརྗོད་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་རྣམས་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱ་ཞིང༌། རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་རྣམས་ལ་ནི་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་ལ། ནོར་བུའི་རིགས་ཀྱི་ཕྱག་རྒྱ་བཞི་ཀ་ལ་ཡང་ལས་ཀྱི་ཕྱག་རྒྱ་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །དེ་ནས་དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་དམ་ཚིག་གི་ཕྱག་རྒྱ་དང། སེམས་དཔའི་རྡོ་རྗེ་ལ་སོགས་པས། །དེ་ལྟར་སེམས་དཔའ་ཆེན་པོ་བསྒྲུབ། །ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད་ཅིང་ཞེས་བྱ་བས་ལྷ་ཐམས་ཅད་ཀྱི་རང་གི་རིག་པས་དངོས་གྲུབ་སྒྲུབ་པའི་རྒྱུར་བཤད་པ་དེ་བཞིན་དུ་འདིར་ཡང་དངོས་གྲུབ་ཀྱི་དོན་དུ་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་བྲིས་ལ་ཁྲུས་བྱས་ཏེ། དེ་ནས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ལ། ཇི་ལྟ་བ་བཞིན་དུ་སྒོ་དབྱེ་བ་བྱས་ནས་སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང་ལྡན་པའི་སློབ་དཔོན་གྱིས་གོས་དཀར་མོ་དང་འགྲོ་བ་འདུལ་བའི་རྗེས་སུ་མཐུན་པའི་རྒྱན་རྣམས་ལ་དྲི་ཞིམ་པོས་བྱུག་པ་དང༌། བདུག་པས་བདུགས་ཏེ་པདྨའི་གནོད་སྦྱིན་གྱི་སྔགས་ཀྱིས་གོས་ཐམས་ཅད་ལ་ཡོངས་སུ་བཟླས་ལ་ཟེའུ་ཀ་ལ་སོགས་པ་བཅིངས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་རིན་ཆེན་གྱིས་རྒྱན་ཐམས་ཅད་ལ་མངོན་པར་
བསྔགས་ལ་བདག་ཉིད་དང་རྗེས་སུ་མཐུན་པའི་ཅི་རིགས་པའི་རྒྱན་བཏགས་ཏེ། ཡང་སྔགས་གཉིས་ཀྱིས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་དང་ལྡན་པའི་པདྨའི་ཕྲེང་བའི་ཅོད་པན་ལ་ཡོངས་སུ་བཟླས་ཏེ། པདྨའི་ཅོད་པན་གྱི་དབང་བསྐུར་བས་བདག་ཉིད་ལ་དབང་བསྐུར་ཏེ། མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་ལ། དཀྱིལ་འཁོར་ཐམས་ཅད་བློས་མངོན་སུམ་ལྟ་བུར་བྱས་ལ་ཕྱག་བྱས་ཏེ། མཆོད་ཡོན་ཕུལ་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། པདྨ་དང་དྲིལ་བུ་བཟུང་ནས་ཡང་གདོང་གཡོགས་དང་གོས་ལ་པདྨའི་གནོད་སྦྱིན་དང༌། རྟ་མགྲིན་ལ་སོགས་པ་སྒོ་སྲུང་རྣམས་ཀྱི་སྔགས་ཡོངས་སུ་བཟླས་ལ། གདོང་གཡོགས་བཅིངས་ནས། མེ་ཏོག་གི་ཕྲེང་བ་བཏགས་ལ་སློབ་དཔོན་གྱིས་ཕྱག་བཞི་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ལ། སྡོམ་པ་གཟུང་བར་བྱས་ཏེ། བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་བྱ་བ་ནས་བརྩམས་ནས། དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་བྱ་བའི་བར་དུའོ། །དེ་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་ལ་དབང་བསྐུར་ལ་རྡོ་རྗེ་པདྨའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་འཇུག་པའི་ཆོ་གས་ཞུགས་ཏེ། དེ་ནས་རྡོ་རྗེ་མནའི་ཆུ་འཐུངས་ལ་དབབ་པའི་ཆོ་གས་དབབ་པ་བྱས་ཏེ། ཨོཾ་པདྨ་སྥོ་ཊ་ཨ་དྷི་ཏིཥྛ་ཨ་ཞེས་བྱ་བ་བརྒྱ་དང་ཡང་ཨ་ཞེས་བྱ་བ་ལན་བརྒྱའི་བར་དུ་བཟླ་བར་བྱའོ། །དེ་ནས་མེ་ཏོག་དོར་ལ་རང་གི་སྤྱི་བོར་བཅིངས་ཏེ། གདོང་གཡོགས་བཀྲོལ་ནས་དཀྱིལ་འཁོར་བལྟས་ལ། དབབ་བ་ཉེ་བར་བསྡུ་བ་བྱས་ནས། །སློབ་དཔོན་དུ་དབང་བསྐུར་བའི་ཆོ་གས་བདག་ཉིད་དབང་བསྐུར་ལ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། མིག་འབྱེད་པ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ལ། ཚིགས་བཅད་གཉིས་ཀྱིས་རྗེས་སུ་གནང་བ་མནོས་ནས། དེ་ཉིད་ཀྱིས་ནི་པདྨ་གཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །དེ་ནས་བྱིན་གྱིས་བརླབས་ཏེ་འགྲོ་བ་འདུལ་བའི་སྙིང་པོ་བཟླས་ལ། དངོས་གྲུབ་ཀྱི་པདྨའི་བརྟུལ་ཞུ་གས་བླངས་ཏེ། བཅོམ་ལྡན་འདས་འགྲོ་བ་འདུལ་བའི་སྙིང་པོ་དང་ཕྱག་རྒྱ་
བཞིའི་ཡེ་ཤེས་བསླབས་ནས། གཟེངས་བསྟོད་པ་དང༌། ལུང་བསྟན་པ་བླང་བར་བྱའོ། །ཡང་རང་ལ་བྱིན་གྱིས་བརླབས་པ་དང༌། ཕྱག་རྒྱ་དང༌། ཅོད་པན་དང༌། པདྨོ་དང༌། བདག་པོ་དང༌། མིང་གི་དབང་བསྐུར་བས་རང་ཉིད་ལ་བདག་ཉིད་ཀྱིས་བྱས་ནས། བདག་ཉིད་ཡང་དག་པར་མཆོད་ལ་བསྒོམ་པར་བྱའོ། །ལོ་ཀེ་ཤྭ་ར་ཨ་ཧཾ་ཞེས་བྱ་བ་ལ་སོགས་པའི་མིང་གང་ཡང་རུང་བ་ནས་བརྗོད་དེ། པདྨ་དང་དྲིལ་བུ་འཛིན་པ་ཉིད་ཀྱིས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རྣམ་པར་སྣང་མཛད་ཀྱི་གནས་སུ་བུདྡྷ་ཧཱུཾ་ཨ་ཞེས་བྱ་བས་རྣམ་པར་སྣང་མཛད་ཀྱི་པདྨས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་བསམས་ལ། དེ་ནས་བཛྲ་པདྨ་ཨ་ཧཾ་ཞེས་བྱ་བས་དེ་བཞིན་གཤེགས་པའི་ང་རྒྱལ་བསྒོམ་པར་བྱའོ། །རྡོ་རྗེ་དེ་ཉིད་ཏ་དྱ་ཐཱ་སརྦྦ་ཏ་ཐཱ་ག་ཏ་སཏྟ་ཐཱ་ཨ་ཧཾ་ཞེས་བྱ་བས་རྣམ་པར་སྣང་མཛད་ཀྱི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་པདྨ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་པདྨ་འབེབས་པའི་གནས་སུ། ཨོཾ་ཤཾ་མུ་ཁ། པདྨ་ཀུ་མཱ་ར། བེ་ཤ་དྷ་ར། པདྨ་གྷཎྜ་ཡ། ཨཱ་བི་ཤ་ཡ། སརྦྦ་པདྨ་ཀུ་ལ་ས་མ་ཡཱཾ། སརྦྦ་མུ་དྲཾ། བནྡྷ་ཡ། སརྦྦ་སིདྡྷི་མྨེ་པྲ་ཡཙྪ། པདྨ་ཨཱ་བེ་ཤ་ཨ་ཨ་ཨ་ཨ་ཞེས་བྱ་བས་པདྨ་འབེབས་པའི་གནས་སུ་པདྨ་དྲིལ་བུའི་གཟུགས་སུ་བདག་ཉིད་བསམ་པར་བྱའོ། །པདྨ་གྷཎྜ་ཨ་ཧཾ་ཞེས་བྱ་བས་ང་རྒྱལ་བསྐྱེད་ལ། པདྨ་ཨཱ་བེ་ཤ་ཨ་ཧཾ་ཞེས་བྱ་བས་དྲིལ་བུའི་གཟུགས་དེ་པདྨ་འབེབས་པའི་བར་བསྒོམ་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་རྡོ་རྗེས་བསྒྲུབ་པར་འགྱུར་རོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་ལ། བསྡུ་བ་བྱས་ཏེ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། སྒོ་ཐམས་ཅད་ནས་རྟ་མགྲིན་གྱི་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ལས་བྱས་ཏེ། དེ་བཞིན་དུ་པདྨའི་གནོད་སྦྱིན་གྱིས་བགེགས་བསྐྲད་ལ་ར་བ་དང་དྲ་བ་བྱས་ཏེ། པདྨའི་ཁུ་ཚུར་གྱིས་དཀྱིལ་འཁོར་གྱི་སྒོ་བཅད་ལ། པདྨའི་བསྲུང་བས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ཏེ། འགྲོ་བ་འདུལ་བའི་སྙིང་པོས་དཀྱིལ་འཁོར་བའི་ལྷ་ཐམས་ཅད་ལ་མཆོད་ཡོན་ཕུལ་ལ། ཨོཾ་པྲ་ཝ་ར་སཏྐཱ་རཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་བྱ་བའི་རིག་པ་འདིས་ཞབས་བསིལ་དབུལ་བར་བྱའོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། གཡས་
པའི་ཁུ་ཚུར་གྱིས་སོར་མོ་ཐམས་ཅད་བསྐུམ་ལ་མཛུབ་མོ་དང་མཐེ་བོ་གཉིས་བསྐུམ་པ་ལྟར་བྱས་ནས་མེ་ཏོག་བླངས་ཏེ། འབུལ་བའི་ཚེ་སོར་མོ་དེ་རྣམས་བརྐྱང་བར་བྱ་སྟེ། ལྷ་ཐམས་ཅད་ཀྱི་ཞབས་ལ་དབུལ་བར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཤུདྡྷ་ཧཱུཾ་དྲྀ་ཤྱ་ཛཿ་ཧཱུཾ་བཾ་ཧོཿ། ས་མ་ཡ་ཧཱུཾ། ས་མ་ཡ་སྟྭཾ། ཨ་ཧཾ་བུདྡྷ་ཧཱུཾ་ཞེས་བྱ་བ་ལན་ གསུམ་བརྗོད་ལ་རྣམ་པར་སྣང་མཛད་བསྒྲུབ་པར་བྱའོ། །དེ་བཞིན་དུ་བསྐལ་པ ་བཟང་པོའི་མཐར་ཐུག་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་གནས་མུངྒ་ཏེ་མ་ཧཱ་ན་ཡ་བ་རི་བཱ་རི་སྭཱ་ཧཱ། དྲྀ་ཤྱ་ཛཿ་ཧཱུཾ་བཾ་ཧོཿ། ས་མ་ཡ་ཧཱུཾ། ས་མ་ཡ་སྟྭཾ་ཨ་ཧཾ། ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨྨ་ཏེ་ག་ན་ས་མུངྒ་ཏེ་མ་ཧཱ་ན་ཡ་བ་རི་བླ་རེ་སྭཱ་ཧཱ། ཞེས་བརྗོད་ཅིང་བསྐལ་པ་བཟང་པོ་རྣམས་བསྒྲུབ་པར་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པ་ནས། པདྨ་འབེབས་པའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་འཆད་པར་འགྱུར་བ་དང༌། བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོ་པ་རྣམས་ཀྱི་གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བཀན་ལ་གཡས་པའི་མཛུབ་མོ་དང་མ་ཐེ་བོང་གཉིས་ཀྱིས་མཐེའུ་ཆུང་ནས་བརྩམས་ཏེ་ཕྱེ་ལ། ཐལ་མོ་ཁོང་སྟོང་དུ་བྱས་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་བསྒྲུབས་ནས། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་ཀྱང་རྒྱས་བཏབ་ནས། །དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ། གོས་དང་རྒྱན་ཐམས་ཅད་ལ་གདུགས་དང་རྒྱལ་མཚན་དང༌། བླ་རེ་སྣ་ཚོགས་པ་ལ་ཡང་པདྨ་གནོད་སྦྱིན་དང༌། འགྲོ་བ་འདུལ་བ་དང༌། ཡི་གེ་ཨོཾ་མངོན་པར་བཟླས་ཏེ་དབུལ་བར་བྱའོ། །དེ་ནས་མེ་ཏོག་གི་ཤིང་བརྒྱའམ་བཞིའམ་མེ་ཏོག་གི་ཤིང་རྣམས་ལ་མེ་ཏོག་གི་རིག་པ་དང༌། དེ་ནས་མར་མེའི་རིག་པས་མར་མེ་དང༌། དྲིའི་རིག་པས་དྲི་དང༌། བདུག་པའི་རིག་པས་བདུག་པ་དང༌། ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པའི་ལྷ་བཤོས་ཀྱི་རིག་པ་དང༌། རོལ་མོའི་ཆ་བྱད་ཐམས་ཅད་ལ་རོལ་མེའི་རིག་པ་རྣམས་དང༌། དར་དཔྱངས་དཔྱངས་པར་
བྱ་བ་དང༌། མེ་ཏོག་གི་ཕྲེང་བ་དང༌། རྔ་ཡབ་ཀྱིས་བརྒྱན་ཅིང༌། དྲ་བ་དང་དྲ་བ་ཕྱེད་པས་སྤྲས་པ། ཟླ་བ་ཕྱེད་པས་ཉེ་བར་མཛེས་པར་བྱས་པ་དང༌། རྟ་དང༌། གླང་པོ་ཆེ་དང༌། བ་གླང་གི་ཁྱུ་ཤིན་ཏུ་བརྟགས་པ་རྣམས་ཀྱང་དབུལ་བར་བྱའོ། །རྟ་བབས་ཡིད་དུ་འོང་བ་དྲིལ་བུ་ལ་སོགས་པ་དང་བཅས་པ་ལ་ཡང༌། པདྨའི་གནོད་སྦྱིན་དང༌། འགྲོ་བ་འདུལ་བ་དང༌། ཡི་གེ་ཨོཾ་མངོན་པར་བཟླས་ཏེ་དབུལ་བར་བྱའོ། །དེ་ལ་མཆོད་པ་ཐམས་ཅད་དབུལ་བའི་སྙིང་པོ་ནི་འདི་ཡིན་ཏེ། བཛྲ་སྭ་ར་ཎ་ཁཾ་དེ་ནས་པདྨོའི་སྒེག་མོ། ལ་སོགས་པ་རྣམ་པ་བརྒྱད་ཀྱིས་མཆོད་ལ། པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་བཅུ་དྲུག་གི་ཀྱང་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་མཆོད་དེ། ཡི་གེ་ཨོཾ་མངོན་པར་བཟླས་པའི་རིན་པོ་ཆེ་སྣ་བདུན་དང༌། མཆོད་པའི་ཡན་ལག་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམས་ལ། ཨོཾ་སརྦྦ་བིཏྤཱུ་ར་པཱུར་སུ་ར་སུ་ར་ཨཱ་ཝ་རྟ་ཡ་ཨཱ་ཝ་རྟ་ཡ་ཧོཿ་ཨོཾ་བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བ་དང༌། ཕྱག་འཚལ་བའི་ཐལ་མོ་སྦྱར་བ་བཅིངས་ལ་ཡང་མཆོད་པར་བྱའོ། །སླར་ཡང་པདྨའི་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་རྣམ་པ་བཞིས་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་མཆོད་ལ། ཕྱག་བྱས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སློབ་དཔོན་གྱིས་བཅོམ་ལྡན་འདས་དངོས་གྲུབ་ཐམས་ཅད་ཀྱི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་དོན་མཛོད་ཅིག་ཅེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་གསོལ་བ་བཏབ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ཏེ། སློབ་མ་གཞུག་པའི་གནང་བ་ནོད་པར་བྱས་ཏེ། བདག་མིང་འདི་ཞེས་བགྱི་བ་ཡི། །པདྨའི་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་སྨན་སླད་དུ། །སློབ་མ་རྣམས་ནི་གཞུག་པར་བགྱི། །པདྨའི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པའོ། །དེ་ནས་པདྨའི་སློབ་མ་རྣམས་གཞུག་པར་བྱ་ཞེས་བྱ་བ་ནི་སློབ་དཔོན་གྱིས་ལས་ཀྱི་དུས་ཕྱིས་སློབ་མ་འགྲོ་བ་འདུལ་བའི་གཟུགས་སུ་བྱིན་གྱིས་བརླབས་ལ། དེ་ནས་པདྨའི་སློབ་མ་གཞུག་པར་བྱའོ། །
དེ་ལ་དང་པོར་ཞེས་བྱ་བ་ནི། སློབ་མ་འཇུག་པའི་སྔོན་དུའོ། །ཇི་སྐད་བཤད་པའི་པདྨའི་སློབ་མའི་སློབ་མ་རྣམས་ཀྱི་དཀྱིལ་འཁོར་ཆེན་པོར་བཅུག་ལ་མནའི་སྙིང་པོ་བྱིན་ལ་འདི་སྐད་ཅེས་བསྒོ་བར་བྱའོ། །དེང་ཁྱོད་ཀྱི་ནི་སྙིང་གནས། །པདྨའི་སེམས་དཔའ་ཉིད་བཞུགས་ཏེ། །ཞེས་བྱ་བ་ལ་སོགས་པས་མནའ་བསྒག་པར་བྱའོ། །གསང་བའི་ཆོ་ག་རྒྱས་པ་ཞེས་བྱ་བ་ནི། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་སྦས་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དབང་ཕྱུག་ཆེན་པོ་ལ་སོགས་པས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བར་གནས་པའི་ཕྱིར་རོ། །གསང་བའི་ཆོ་ག་རྒྱས་པ་ནི་སྣ་ཚོགས་པའི་གཟུགས་ཅན་ནོ། །དེ་བཞིན་དུ་གཞུག་པའི་ཆོ་ག་རྒྱས་པ་ཡང་གསང་བའི་ཆོ་ག་རྒྱས་པ་སྟེ་དམ་ཚིག་མི་ཤེས་པ་ལ་མི་བསྟན་པའི་ཕྱིར་རོ། །དེ་ནས་སྙིང་པོ་འདིས་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ་ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་གོས་ཀྱི་སྟོད་གཡོགས་དང་སྨད་གཡོགས་དང༌། གདོང་གཡོགས་ཀྱང་བཅིངས་ནས་ཕྱག་བཞི་བྱས་ཏེ། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། རྡོ་རྗེ་ཆོས་མའི་ཕྱག་རྒྱ་བཅིངས་ཏེ། དེ་སྐད་དུ་ཡང༌། རྡོ་རྗེ་ཆོས་ཀྱི་ཏིང་འཛིན་གྱིས། །དམ་ཚིག་སྐད་ཅིག་གིས་འགྲུབ་འགྱུར། །ཞེས་གསུངས་པས། དམ་ཚིག་ནི་དཀྱིལ་འཁོར་གྱི་དངོས་གྲུབ་སྟེ། དཀྱིལ་འཁོར་དུ་ཞུགས་པ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་སློབ་མ་འཇུག་པའི་གནང་བ་ནོད་པའི་དུས་ཕྱིས་ཕྱག་རྒྱ་ཅིང་བར་མི་བྱ་བའམ། རིམ་པ་ནི་འདི་བཞིན་དུ་མི་བྱའོ། །ལྷག་མ་ནི་གོ་སླའོ། །དེ་ནས་ལས་རྣམས་ཇི་ལྟ་བ་བཞིན་བྱས་ནས་ཞེས་བྱ་བ་ནི། སློབ་དཔོན་གྱི་ལས་ཀྱི་ཆོ་ག་ཇི་སྐད་བཤད་པ་བཞིན་དུ་སློབ་མ་འཇུག་པའི་ཆོ་ག་རྒྱས་པ་ཐམས་ཅད་ཀྱང་དེ་བཞིན་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །པདྨའི་དབྱིབས་ལག་ཏུ་སྦྱིན་ནོ་ཞེས་བྱ་བ་ནི་སྔར་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་པདྨ་སློབ་མའི་ལག་ཏུ་སྦྱིན་ནོ། །བྱིན་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱང་སྦྱིན་ཏེ། ཨོཾ་པདྨ་ཧསྟ་བཛྲ་དྷརྨྨཱ་ཏྲཾ་པཱ་ལ་ཡ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རྡོ་རྗེ་
ནི་ཆོས་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བའི་ཞེས་བྱ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟོགས་པའོ། །དེའི་ཆོས་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་ཏེ་དེ་སྐྱོང་བའོ། །ཡང་དག་པའི་དངས་པོར་འཛིན་པའི་མངོན་པར་ཞེན་པ་མི་བྱེད་པར་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བ་ཐམས་ཅད་ལ་བསྒོམ་པར་གྱིས་ཤིག་དང་འདི་ནི་པདྨ་ཡོངས་སུ་མི་གཏོང་བའི་མཚན་ཉིད་ཀྱིས་བརྟུལ་ཞུགས་སོ། །དེ་ཉིད་བཤད་པ་ནི། ཇི་ལྟར་པདྨ་དམར་པོ་འདི། །ཞེས་བྱ་བ་སྨྲོས་ཏེ། ཇི་ལྟར་པདྨ་ཁ་དོག་དམར་པོ་འདི་ཁྱོད་ཀྱིས་ཟུང་ཤིག །རིགས་ཀྱི་ཉེས་པའི་འདམ་ལ་སོགས་ཆུ་ཡིས་མི་གོས་པ་བཞིན་ནོ། །ཐམས་ཅད་དག་པ་ནི་སྔར་བཤད་པའི་རྡོ་རྗེ་ཆོས་ཀྱི་རང་བཞིན་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་ཆོས་བདག་མེད་པའི་ཆགས་པས་གོས་པས་བྱང་ཆུབ་སེམས་དཔའོ། །བསྒོམ་པ་ནི་གོམས་པར་བྱས་པའོ། །དེ་བཞིན་དུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་དྲི་མའི་ཁམས་གསུམ་པའི་འདོད་ཆགས་ཀྱི་སྡིག་པའི་ཆུས་གོས་པར་མི་འགྱུར་རོ། །དེ་ལ་ཆོས་ཉིད་དེ་ཡིན་ནོ། །ཞེས་བྱ་བ་ནི། ཐོག་མ་མེད་པ་ནས་སྒྲོ་འདོགས་པ་མེད་པའི་རང་བཞིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། ལྷག་པར་གནས་པ་དེ་བཞིན་དུ་བྱས་ནས། དབང་བསྐུར་བར་འོས་པའི་སློབ་མས་བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བའམ། དགེ་སྦྱོང་དང་དགེ་སློང་གི་སྡོམ་པ་ཡོངས་སུ་བླངས་པ། ལག་ན་མེ་ཏོག་ཐོགས་པའི་སློབ་མས་སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་བྱས་ལ། འདི་སྐད་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་དག་ཀྱང་བདག་ལ་སྩོལ། །དེ་ནས་ཇི་སྐད་བཤད་པའི་གོས་ཀྱི་སྟོད་གཡོགས་དང་སྨད་གཡོགས་བསྐོན་ཞིང་གདོང་གཡོགས་ཀྱང་བཅིངས་ལ་སློབ་མ་ཕྱག་བཞི་བྱེད་དུ་གཞུག་གོ །ཡང་སྒོ་བཞི་ནས་ཕྱག་བཞི་བྱས་ལ། ལག་ན་མེ་ཏོག་ཐོགས་པའི་སློབ་མས་སློབ་དཔོན་ལ་ཡང་ཕྱག་བྱས་ཏེ། སྔར་བཤད་པའི་རིམ་པ་ཉིད་ཀྱིས་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌།
བསྐུལ་བ་དང༌། གསོལ་བ་ཡང་བྱས་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པ་ཉི་མ་མ་ལུས་པ། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སློབ་དཔོན་དཔང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་པའི། །མི་ལྡོག་འཁོར་ལོའི་སྦྱོར་བར་ལྡན། །ཐར་པ་ཆེན་པོ་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བའི་རིགས་མཐོ་ཐམས་ཅད་དུ། །སློབ་དཔོན་ཆེན་པར་བདག་འཇུག་མཛོད། །མི་ལྡོག་འཁོར་ལོའི་དབང་བསྐུར་བས། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་པ། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་པོ་ཆེ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་སྡོམ་དང་གསང་བ་ཡིས། །འཁོར་ལོ་འདིར་ནི་འཇུག་པར་འཚལ། །དེ་ནས་སློབ་དཔོན་གྱིས་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གསང་བ་ཆེན་པོ་རིགས་དག་པ། །གསང་བ་ཆེན་པོར་འཛིན་པ་ནི། །བདག་ཉིད་ཆེན་པོར་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་བཤད། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་ གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་
པ ་རྣམ་བཞི་རབ་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ཡང་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། རྩ་བའི་ལྟུང་བ་ཞེས་བཤད་དེ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་པ་ལོག་པར་མི་སྤྱོད་ཅིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ནི། ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པར། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་ གསུམ་དང༌། །ངག་གི་རྣམ་པ ་བཞི་རྣམས་དང༌། །ཡིད་ཀྱི་རྣམ་ པ་གསུམ ་རྣམས་ཀྱང༌། ཅི་ནུས་པར་ནི་རྗེས་སུ་སྐྱོང༌། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ནི་ཡོངས་མི་སྤང༌། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་གཞོན་པ་མཚོན་ཆ་དང༌། །མཚན་མ་བགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བསྲུངས། །དེས་ཀྱང་འདི་སྐད་བརྗོད་བྱ་སྟེ། །སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བ་ཀཱ་སྩལ་པ། །དེ་དག་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་ གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ ་བདག་གིས་བསྐྱེད་པར་བགྱི། །ཞེས་བྱ་བ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །གང་ཞིག་སྡོམ་པ་མི་འཛིན་པར་བྱེད་པ་དེ་ལ་ནི། དེང་ཁྱོད་ཅེས་བྱ་བ་ལ་སོགས་པ་བརྗོད་པར་མི་བྱ་སྟེ། སློབ་དཔོན་དུ་རྗེས་སུ་གནང་བ་དང༌། དབང་བསྐུར་བ་ཡང་མི་བྱའོ། །དེ་ནས་དེ་མ་ཐག་ཏུ།
ཨོཾ་སརྦྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡ་མི་ཞེས་བྱ་བ་འདིས། བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་ནས་སུ། །དེ་ཡི་སྙིང་གར་སྙིང་པོས་ནི། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །སུ་ར་ཏེ་ས་མ་ཡ་སཏྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། དེ་ནས་དེ་འགྲོ་བ་འདུལ་པར་བྱིན་གྱིས་བརླབས་ཏེ། འགྲོ་བ་འདུལ་བའི་དམ་ཚིག་གི་ཕྱག་རྒྱ་དང༌། །རྡོ་རྗེ་པདྨ་ལ་སོགས་པའི་ཕྱག་རྒྱ་བཞིས་བྱིན་གྱིས་བརླབས་ལ། དེ་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ཏེ། དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ཡོན་གྱི་མཆོག་བླངས་ཏེ། རྡོ་རྗེ་བརྟུལ་ཞུགས་ཀྱིས་དཀྱིལ་འཁོར་ཆེན་པོར་འཇུག་པར་བྱའོ། །དེ་ལ་དང་པོ་རེ་ཞིག་སློབ་དཔོན་གྱིས། ཨོཾ་བཛྲ་པདྨ་ས་མ་ཡ་སཏྭཾ་ཞེས་བརྗོད་ཅིང་རྡོ་རྗེ་པདྨའི་དམ་ཚིག་གི་ཕྱག་རྒྱ་རང་ཉིད་བཅིངས་ལ་སློབ་མ་ཡང་འཆིང་དུ་གཞུག་པར་བྱའོ། །དེ་ཉིད་ཀྱི་གུང་མོའི་སོར་མོ་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ལ། ཨོཾ་པདྨ་ས་མ་ཡ་ཧཱུཾ་ཞེས་བྱ་བའི་སྙིང་པོ་འདི་དང༌། རྟ་མགྲིན་གྱི་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱས་ཤར་ཕྱོགས་ཀྱི་སྒོ་ནས་བཅུག་ལ་དགུག་པར་བྱའོ། །ལྷོ་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་བཅུག་ལ་དོན་ཡོད་ཞགས་པའི་ལས་ཀྱི་ཕྱག་རྒྱས་གཞུག་པར་བྱའོ། །ཡང་ནུབ་ཕྱོགས་ཀྱི་སྒོར་བཅུག་ལ་པདྨའི་ལྕགས་སྒྲོག་གི་ལས་ཀྱི་ཕྱག་རྒྱས་བཅིང་བར་བྱའོ། །དེ་ནས་ཡང་བྱང་ཕྱོགས་ཀྱི་སྒོ་ནས་བཅུག་ལ་པདྨ་འབེབས་པའི་ལས་ཀྱི་ཕྱག་རྒྱས་དབང་དུ་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་པདྨའི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་པ་ཡང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་སློབ་དཔོན་རང་ཉིད་ཀྱིས་རྡོ་རྗེ་པདྨའི་དམ་ཚིག་གི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང༌། གྱེན་དུ་བསྟན་པ་བཅིངས་ལ་པདྨ་སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེ་དམ་ཚིག་ཡིན་
གྱིས། གལ་ཏེ་ཚུལ་འདི་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་མནའི་སྙིང་པོ་འདི་ལན་ཅིག་བཟླས་པའི་ཆུས་པདྨའི་སློབ་མ་དེ་འཐུང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། པདྨའི་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བཛྲ་ཨུ་ད་ཀ་ཋ། དེ་ནས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱིས་ཕྱག་ན་པདྨོ་བ་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་ཡང་འདི་སྐད་དུ་བསྒོ་བར་བྱ་སྟེ། གསང་བའི་ཆོ་ག་རྒྱས་པ་འདི་སུ་ལ་ཡང་མ་སྨྲ་ཤིག །ཁྱོད་མི་བདེ་བ་མ་སྦངས་པར་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབས་ལ། པདྨའི་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་ཅེས་བསྒོའོ། །དེ་ནས་མྱུར་དུ་སློབ་དཔོན་གྱིས་རྡོ་རྗེ་པདྨའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དུ་གཞུག་གོ །འདི་ནི་རྡོ་རྗེ་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་འབབ་པར་ཤོག །བཛྲ་ཨཱ་བེ་ཤ་ཨཿ་ཞེས་བྱ་བ་ལན་བརྒྱའི་བར་དུ་བརྗོད་པར་བྱའོ། །དེའི་ཚེ་ཁྲོ་བོའི་ཁུ་ཚུར་བཅིངས་ལ། རྡོ་རྗེ་པདྨའི་དམ་ཚིག་གི་ཕྱག་རྒྱ་དྲལ་བར་བྱ་ཞིང༌། ཨོཾ་ཧཱུཾ་ཧྲཱིཿ་ཧོཿ་ཨ་ཨ་ཨ་ཨ། ཞེས་ལན་བརྒྱའི་བར་བརྗོད་ན་ངེས་པར་འབབ་པར་འགྱུར་རོ། །གང་གི་ཚེ་དེ་ལྟར་བབས་པས་པདྨ། སངས་རྒྱས་ཀྱི་ཕྱག་རྒྱ་འཆིང་བ་དེའི་ཚེ་སློབ་དཔོན་གྱིས་པདྨ་ཁུ་ཚུར་གྱི་ཕྱག་རྒྱ་བཅིང་བར་བྱའོ། །གང་གི་ཚེ་པདྨ་རྒྱལ་བོའི་ཕྱག་རྒྱ་འཆིང་བ་དེའི་ཚེ། པདྨ་གནོད་སྦྱིན་གྱི་ཕྱག་རྒྱ་བཅིང་བར་བྱའོ། །གང་གི་ཚེ་པདྨ་ཆགས་པའི་ཕྱག་རྒྱ་འཆིང་བ་དེའི་ཚེ། པདྨ་སྲུང་བའི་ཕྱག་རྒྱ་བཅིང་བར་བྱའོ། །གང་གི་ཚེ་པདྨ་ལེགས་པའི་ཕྱག་རྒྱ་འཆིང་པ་དེའི་ཚེ། པདྨ་གར་གྱི་དབང་ཕྱུག་གི་ཕྱག་རྒྱ་བཅིང་བར་བྱའོ། །
གང་གི་ཚེ་པདྨ་ཁྲོ་གཉེར་གྱི་ཕྱག་རྒྱ་འཆིང་བ་དེའི་ཚེ། པདྨ་སྲུང་བའི་ཕྱག་རྒྱའོ། །གང་གི་ཚེ་པདྨ་ཉི་མའི་ཕྱག་རྒྱ་འཆིང་བ་དེའི་ཚེ། པདྨ་རྒྱུའི་ཕྱག་རྒྱའོ། །གང་གི་ཚེ་པདྨ་རྒྱལ་མཚན་གྱི་ཕྱག་རྒྱ་འཆིང་བ་དེའི་ཚེ། པདྨ་རྣོན་པོའི་ཕྱག་རྒྱའོ། །གང་གི་ཚེ་པདྨ་བཞད་པའི་ཕྱག་རྒྱ་འཆིང་བ་དེའི་ཚེ། པདྨ་སྒྲོལ་མའི་ཕྱག་རྒྱ་བྱའོ། །དེ་ལྟ་བུས་ནི་པདྨའི་སངས་རྒྱས་དགོངས་པ་མཛད་པར་འགྱུར་རོ། །དེ་ནས་བབས་པ་དེའི་ལྕེ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་ པ་དཀར་པོ་བསམས་ལ། བཛྲ་ཛི་ཧྭ་ཞེས་བྱ་བས་བྱིན་གྱིས་བརླབས་ལ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་གར་གྱི་ཕྱག་རྒྱ་དང༌། ཁྲོ་བོ་རྡོ་རྗེ་བསྲུང་བའི་གནས་སུ་བཞད་པའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། བྲུ་ཧི་བཛྲ་དེ་ནས་ཐམས་ཅད་སྨྲ་བར་འགྱུར་རོ། །དེ་ནས་ཕྲེང་བ་དེ་པྲ་ཏཱི་ཙྪ་བཛྲ་ཧོཿ་ཞེས་བྱ་བས་དཀྱིལ་འཁོར་ཆེན་པོར་དོར་བར་བྱའོ། །དེ་ནས་ཨོཾ་པྲ་ཏི་གྲྀ་ཧྣ་སྟྭཾ་མི་མཾ་སཏྭ་མ་ཧཱ་བཱ་ལ་ཞེས་བྱ་བས་ཕྲེང་བ་དེ་དེའི་མགོ་ལ་བཅིང་བར་བྱའོ། །དེ་ནས། པདྨའི་སེམས་དཔའ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱིད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པཱ་ཤྱ་དེ་ནས་རྟ་མགྲིན་ནས་བརྩམས་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བར་དུ་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ། །དེ་ནས་ཏི་ཥྛ་བཛྲ་དྲྀ་བྷོ་མེ་བྷཱ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡཾ་ཨ་དྷི་ཏིཥྛ་སརྦྦ་སིདྡྷི་མྨེ་པྲ་ཡ་ཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ་ཞེས་བྱ་བའི་སྙིང་པོ་འདིས་དབབ་པའི་ཕྱག་རྒྱ་སྙིང་གར་དགྲོལ་བར་བྱའོ། །དེ་ནས་གང་ལ་མེ་ཏོག་བབས་པའི་ལྷ་དེ་སྐུ་དམ་ཚིག་གི་ཕྱག་རྒྱས་དེ་སྤྲུལ་ལ། རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་དང༌། རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་ཁྱད་པར་གྱིས་སློབ་མ་བྱིན་གྱིས་བརླབས་ལ་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེ་ནས་ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཁ་ཤར་ཕྱོགས་ཀྱི་སྒོ་ལ་མངོན་པར་ཕྱོགས་པའམ། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་པདྨ་དང་ཟླ་བའི་སྟེང་དུ་བཞག་ལ། མཆོད་ཡོན་བྱིན་ནས་མཆོད་པ་རྣམ་པ་ལྔ་དང༌། སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། རང་གི་ལྷའི་
བུམ་པས་དབང་བསྐུར་ཞིང༌། དེའི་སྔགས་ཀྱང་བརྗོད་པར་བྱའོ། །ཕྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་པདྨའི་ཁུ་ཚུར་གྱིས་ཆུ་བླངས་ལ། ཆུ་དེས་དབང་བསྐུར་བ་དང་འཐུང་དུ་ཡང་གཞུག་གོ །དེའི་སྔགས་ཨོཾ་བཛྲ་ཨ་བྷི་ཥི་ཉྩ་ཞེས་བརྗོད་པར་བྱའོ། །དེ་ནས་ཡོད་ཅིང་འབྱོར་བར་གྱུར་ན་སྔར་བཤད་པའི་ཆོ་གས་གོས་དཀར་པོའི་སྟོད་གཡོགས་དང༌། སྨད་གཡོགས་དང༌། ཟེའུ་ཀ་བཅིངས་པའི་ཕྱིར། དེ་ལ་ཕྱི་ནས་ཟེའུ་ཀ་ལ་སོགས་པ་བྱའོ། །ཨོཾ་བཛྲ་དྷརྨྨཱ་ས་མ་ཡེ་བཛྲ་པདྨི་ནེ་ཧཱུཾ། ཞེས་བྱ་བས་སློབ་མ་ལ་ཆོས་ཀྱི་རྡོ་རྗེའི་དབང་བསྐུར་བར་བྱའོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཐལ་མོ་བསྡམས་ནས་ཀྱང༌། །གུང་མོ་རྡོ་རྗེ་མཉམ་སྦྱར་བ། །ཆོས་ཀྱི་རྡོ་རྗེ་རབ་གྲགས་པ། །དེ་ཡིས་དབང་བསྐུར་སྦྱིན་པར་བྱ། །ཡི་གེ་ཧྲཱིཿ་ལས་འོད་དཔག་ཏུ་མེད་པ་བསམས་ལ། འདི་དེའི་སྤྱི་བོར་གཞག་པར་བྱའོ། །འདི་ནི་ཆོས་ཀྱི་སྐུའི་ཅོད་པན་གྱིས་དབང་བསྐུར་བ་ཡིན་ནོ། །དེ་ནས་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་པདྨ་དང༌། པདྨའི་དྲིལ་བུ་དང་བཅས་པའི་སློབ་མའི་ལག་པ་གཉིས་སུ་བྱིན་ནས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང༌། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥི་ཉྩཱ་མི། ཏི་ཥྛ་བཛྲ་ས་མ་ཡ་སྟྭཾ། དེ་ནས་ཨོཾ་བཛྲ་སཏྭ་ནཱ་མ་ཨ་བྷི་ཥི་ཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་འཇིག་རྟེན་དབང་ཕྱུག་པདྨ་ཞེས་བྱ་བ་ལ་སོགས་པའི་སྔགས་འདིས་མིང་གིས་དབང་བསྐུར་བར་བྱ་སྟེ། སློབ་མ་རྡོ་རྗེ་ཐལ་མོ་བསྐོར་བ་དང༌། སློབ་དཔོན་ལ་ཕྱག་བྱེད་དུ་བཅུག་ལ། ཡོན་གྱི་མཆོག་བླངས་ཏེ། དབང་བསྐུར་ཐམས་ཅད་སྦྱིན་པར་བྱའོ། །དེ་ནས་དྲི་ལ་སོགས་པ་དང༌། པདྨའི་སྒེག་མོ་ལ་སོགས་པ་རྣམས་ཀྱིས་སློབ་མ་ལ་མཆོད་པར་བྱའོ། །འདི་ནི་སྡོམ་པ་གཟུང་བ་དང༌། སྡོམ་པ་མ་བཟུང་བ་རྣམས་ཀྱི་ཐུན་མོང་གི་དབང་བསྐུར་བ་ཡིན་ནོ། །སློབ་དཔོན་དུ་དབང་བསྐུར་བར་འོས་པ་རྣམས་ཀྱིས་ཁྱད་པར་བརྗོད་པར་བྱ་སྟེ། རྩ་བའི་དཀྱིལ་འཁོར་ལས་ཁྲུ་གཉིས་ཙམ་དོར་བར་དབུས་མའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱི་ཁྲུ་བཞི་པ་སྒོ་ནུབ་ཏུ་བལྟས་པ། ཤར་ཕྱོགས་ཀྱི་སྒོ་ལ་མངོན་པར་ཕྱོགས་པའི་དཀྱིལ་འཁོར་ཚོན་སྣ་ལྔས་བྲིས་ལ། དེའི་དབུས་སུ་པདྨ་
འདབ་མ་བརྒྱད་པ། དེའི་སྟེང་དུ་རྡོ་རྗེ་པདྨ་འདབ་མ་བཅུ་དྲུག་པ་བྲིས་ལ། རྩ་བའི་དཀྱིལ་འཁོར་བཞིན་དུ་དཀྱིལ་འཁོར་དེ་ཡང་དག་པར་མཆོད་ནས། དེ་ལ་སེང་གེའི་ཁྲིའམ། ཁྲིའུ་པདྨ་དང༌། ཟླ་བ་དར་གྱིས་གཡོགས་ལ། པདྨའི་གནོད་སྦྱིན་ཡོངས་སུ་བཟླས་ཏེ་སློབ་མ་བཞག་ལ། དེའི་སྟེང་དུ་བླ་རེ་བྲེ་བ་དང༌། གཡས་ལོགས་སུ་དར་དང༌། མེ་ཏོག་གི་ཕྲེང་བས་བརྒྱན་པའི་གདུགས་དཀར་པོ་རིན་པོ་ཆེའི་ཏོག་ཅན་བྱའོ། །གཡོན་ལོགས་སུ་གོས་དཀར་པོ་སྣ་ཚོགས་པའི་རྒྱལ་མཚན་དང༌། བ་དན་སྣ་ཚོགས་པ་བཙུགས་ལ་འགྲོ་བ་འདུལ་བ་དང༌། ཡི་གེ་ཨོཾ་ཡོངས་སུ་བཟླ་བར་བྱའོ། །དེ་ནས་སློབ་མ་འགྲོ་བ་འདུལ་བའི་དམ་ཚིག་གི་ཕྱག་རྒྱས་འགྲོ་བ་འདུལ་བའི་གཟུགས་སུ་བསྐྱེད་ལ། དེ་ཕྱག་རྒྱ་ཆེན་པོ་གནས་པ་ལ། སློབ་མའི་ལུས་ལ་རྣལ་འབྱོར་ཆེན་པོ་ལས་བཤད་པའི་གནས་རྣམས་སུ་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རྣམ་པར་སྣང་མཛད་དང༌། འགྲོ་བ་འདུལ་བ་ནས་བརྩམས་ནས་པདྨ་འབེབས་པའི་མཐར་ཐུག་པའི་དཀྱིལ་འཁོར་པའི་ལྷའི་ཁྱད་པར་ཐམས་ཅད་བཀོད་ལ། ཡང་དེ་ཉིད་ལ་ཡི་གེ་མ་ལས་རྣམ་པར་སྣང་མཛད་ཀྱི་ཅོད་པན་དང༌། ཡི་གེ་ང་ལས་བྲང་དུ་མི་བསྐྱོད་པའི་དཔལ་བེའུ་དང༌། ཡི་གེ་ཉ་ལས་སྨིན་མཚམས་ཀྱི་མཛོད་སྤུར་རིན་ཆེན་འབྱུང་ལྡན་དང༌། ཡི་གེ་ཎ་ལས་མཆུ་གཉིས་ཀྱི་བར་དུ་འོད་དཔག་ཏུ་མེད་པ་དང༌། ཡི་གེ་ན་ལས་སྤྱི་གཙུག་ཏུ་དོན་ཡོད་གྲུབ་པ་དང༌། ཡི་གེ་ཡ་ལས་སྙིང་གར་པདྨས་མཚན་པའི་རྡོ་རྗེ་དང༌། ཡི་གེ་ར་ལས་དཔྲལ་བར་པདྨས་མཚན་པའི་ཡིད་བཞིན་གྱི་ནོར་བུ་གཙང་མ་ཞེས་བྱ་བ་དང༌། ཡི་གེ་ལ་ལས་ལྐོག་མའི་ཕྱོགས་སུ་རྡོ་རྗེ་པདྨ་དང༌། ཡི་གེ་ཝ་ལས་མགོ་བོར་སྣ་ཚོགས་པདྨ་དང༌། ཨ་ཨཱ་ཞེས་བྱ་བས་རྣ་བ་གཡས་གཡོན་དུ་པདྨའི་སངས་རྒྱས་དང༌། པདྨའི་རྒྱལ་པོ་དང༌། ཨི་ཨཱི་ལས་མིག་གཡས་གཡོན་གཉིས་སུ་པདྨའི་ཆགས་པ་དང༌། པདྨའི་ལེགས་པ་དང༌། ཨུ་ཨཱུ་ཞེས་བྱ་བ་ལས་འགྲམ་པ་གཉིས་སུ་པདྨའི་ཁྲོ་གཉེར་དང་པདྨའི་ཉི་མ། རྀ་རཱྀ་ཞེས་བྱ་བ་ལས་རྣ་རྩ་གཉིས་སུ་པདྨའི་དཔལ་དང༌། པདྨའི་བཞད་པ། ལྀ་ལཱྀ་ཞེས་བྱ་བ་ལས་མཆུ་གཉིས་ལ་པདྨའི་སྒྲོལ་མ་དང་པདྨའི་རྣོན་བོ། ཨེ་ཨཻ་ཞེས་བྱ་
བ་ལས་སྣ་བུག་གཉིས་ལ་པདྨའི་རྒྱུ་དང་པདྨའི་བསྲུང་བའོ། །ཨོ་ཨཽ་ཞེས་བྱ་བ་ལས་ན་མཚོང་གཉིས་སུ་པདྨ་གར་གྱི་དབང་ཕྱུག་དང་པདྨའི་བསྲུང་བ། ཨཾ་ཨཱཿ་ཞེས་བྱ་བས་ལྟག་ཁུང་གཡས་གཡོན་དུ་པདྨའི་གནོད་སྦྱིན་དང་པདྨའི་ཁུ་ཚུར་རོ། །ཨོཾ་ཤ་ཥ་ས་ཧ་ཙ་ཚ་ཛ་ཛྷ་ལས་ལྟེ་བ་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་པདྨའི་སྒོག་མོ་དང༌། ཕྲེང་བ་མ་དང༌། གླུ་མ་དང༌། གར་མ་དང༌། རྟ་མགྲིན་དང༌། དོན་ཡོད་ཞགས་པ་དང༌། ལྕགས་སྒྲོག་དང༌། འབེབས་པའོ། །ཏྲི་ཀ་ཁ་ག་གྷ་ཞེས་བྱ་བ་ལས་རྒྱབ་ཏུ་རིག་པའི་རྒྱལ་པོ་རྣམས་སོ། །ཊ་ཋ་ཌ་ཌྷ་ཞེས་བྱ་བ་ལས་དཔུང་པ་གཉིས་དང་ལྷག་པ་གཉིས་ལ་ཁྲོ་བོ་རྣམས་སོ། །ཏ་ཐ་ད་དྷ་ཞེས་བྱ་བ་ལས་རྟགས་དང་མཇུག་ཚོས་གཉིས་དང་རྒྱབ་ཏུ་ཚོགས་ཀྱི་བདག་པོ་རྣམས་སོ། །པ་ཕ་པ་བྷ་ཞེས་བྱ་བ་ལས་བརླ་གཉིས་དང་རྗེ་ངར་གཉིས་ལ་ཕོ་ཉ་རྣམས་སོ། །ཤ་ལཾ་ཀུ་ཀ་ཞེས་བྱ་བ་ལས་རྐང་པའི་ལོང་བུ་གཉིས་སུ་གཡོག་པོ་རྣམས་སོ། །ཡ་ཧཱུཾ་ར་ཏྲ་ལ་ཧྲི་ཝ་ཨ་ཞེས་བྱ་བ་ལས་ལོང་བུ་གཉིས་དང་རྐང་པ་གཉིས་ལ་པདྨའི་བདུག་པ་མ་དང༌། མེ་ཏོག་མ་དང༌། མར་མེ་མ་དང༌། དྲི་ཆབ་མའོ། །ཙ་ཚ་ཛ་ཛྷ་ཉ་ཞེས་བྱ་བ་ལས་ལག་པ་གཡས་པ་ལ་ལས་བྱེད་ལྔའོ། །ཊ་ཋ་ཌ་ཌྷ་ཎ་ཞེས་བྱ་བ་ལས་ལག་པ་གཡོན་པ་ལ་ལས་བྱེད་མ་ལྡའོ། །ཀྲཾ་ཀྲི་ཡ་ར་ལ་ཝ་ཀྵ་ཞེས་བྱ་བ་ལས་རྐང་པ་གཡས་པ་ལ་ལས་བྱེད་མ་བདུན་ནོ། །ཤ་ཥ་ས་ཧ་ལཾ་ཞེས་བྱ་བ་ལས་རྐང་པ་གཡོན་ པ་ལ་མིང་པོ་གསུམ ་དང༌། སྲིང་མོ་བཞི་དང་བཅས་པ་དགོད་པར་བྱའོ། །སྔར་ཡིག་འབྲུ་རྣམས་རིམ་གྱིས་བཀོད་ལ། ཕྱིས་ཕྱག་རྒྱའི་གཟུགས་སུ་བསམས་ཏེ། དེ་ནས་ཡི་གེ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དངོས་གྲུབ་ཐམས་ཅད་རྫོགས་པར་བྱ་བའི་ཕྱིར། རིགས་རིགས་སུ་ཡང་རྒྱས་པ་ལ་མངོན་པར་དགའ་བས་ཡིག་འབྲུ་དགོད་པའི་ཆོ་ག་བྱའོ། །དེ་ནས་རྡོ་རྗེ་ཆོས་མས་སློབ་མའི་སྙིང་གར་བྱིན་གྱིས་བརླབས་ལ། སྨིན་མཚམས་དང༌། ལྐོག་མ་དང་སྤྱི་བོར་རྡོ་རྗེ་དང་པདྨ་འབའ་ཞིག་དང༌། སྣ་ཚོགས་པདྨ་ གསུམ་གྱིས་ཇི་ལྟ་བའི་གནས་སུ་བྱིན་གྱིས་བརླབས་ཏེ། དྲི་ལ་སོགས་པ ་རྣམས་ཀྱིས་མཆོད་ལ། གདན་དེ་ལ་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོས་བཞག་
སྟེ། མཆོད་ཡོན་སྔོན་དུ་འགྲོ་བའི་དྲི་ལ་སོགས་ པ་རྣམས་དང༌། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་གཟུགས་ཀྱི་དཀྱིལ་འཁོར་ལ་བཤད་པའི་སྒེག་མོ་ལ་སོགས་པ་ལ་བསྐོར་བའི་རོལ་མོའི་ཕྱག་རྒྱ་རྣམས་ཀྱིས་མཆོད་ལ། དཔལ་མཆོག་དང་པོ་ལས་གསུངས་པའི་རོལ་མོ་བརྒྱ་ཕྲག་སྙེད་ལས་དུང་དང༌། རྔ་བོ་ཆེ་དང༌། རྫ་རྡ་དང༌། རྔ་རིངས་དང༌། རྔ་དྲ་བ་ཅན་དང༌། རྔ་ཟླུམ་དང༌། པི་ཝང་དང༌། གླིང་བུའི་བྱེ་བྲག་ཇི་སྙེད་པ་རྣམས་ལ་བྱིན་གྱིས་བརླབས་ཏེ་དབུལ་བ་དང༌། སྒེག་མོ་ལ་སོགས་པ་རོལ་མོའི་ཁྱད་པར་རྣམས་ཀྱིས་ཡང་དག་པར་མཆོད་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གདོན་པར་བྱའོ། །དེ་ནས་རྟ་མགྲིན་གྱི་བུམ་པ་གང་པའི་དབང་བསྐུར་བ་ནས་བརྩམས་ནས། རྣམ་པར་སྣང་མཛད་ཀྱི་བར་གྱི་བུམ་པ་གང་བ་དང་འགྲོ་བ་འདུལ་བའི་བུམ་པ་གང་བས་དབང་བསྐུར་བར་བྱའོ། །དེ་ནས་བུམ་པས་དབང་བསྐུར་བའི་ཕྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་པདྨ་ཁུ་ཚུར་གྱིས་ཆུ་བླངས་ལ། དབང་བསྐུར་བ་དང༌། འཐུང་དུ་ཡང་གཞུག་གོ །ཨོཾ་ཧ་ཡ་གྲྀ་བ་མ་ཧཱ་པདྨ་ཨཾ་ཀུ་ཤ་ཨཱ་ཀ་ཪྵ་ཡ་ཤཱི་གྷྲཾ་སརྦྦ་པདྨ་ཀུ་ལ་པདྨ་ས་མ་ཡཾ་པདྨ་ཨཾ་ཀུ་ཤ་དྷཱ་ར་ཧཱུཾ་ཛ་ཨོཾ་བཛྲ་ཨ་བྷི་ཥྙྩི་ཞེས་བྱ་བ་ནས་དེ་བཞིན་དུ་ཨོཾ་ཧཱུཾ་ཧྲཱིཿ་ཧོཿ་བཛྲ་ཨ་བྷི་ཥྙྩི། ཞེས་བྱ་བའི་སྦྱོར་བ་འདིས་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་དང༌། པདྨའི་གནོད་སྦྱིན་ཡོངས་སུ་བཟླས་པའི་གོས་དཀར་པོ་དང་རྒྱན་གྱི་བྱེ་བྲག་ཐམས་ཅད་བྱིན་ལ་དྲི་ལ་སོགས་པ་དང༌། སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། སྔར་བཤད་པ་བཞིན་དུ་ཆོས་ཀྱི་རྡོ་རྗེ་བཅིངས་ཏེ། །འོད་དཔག་ཏུ་མེད་པའི་དབང་གིས་དབང་བསྐུར་ལ། ཡང་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་ཕ་དང་ལྡན་པའི་པདྨའི་ཕྲེང་བ་དང་བཅས་པའི་རིན་པོ་ཆེའི་ཅོད་པན་གྱི་དར་དབྱངས་ཀྱི་དབང་གིས་དབང་བསྐུར་བ་དང༌། ཨོཾ་དྷརྨྨཱ་ས་མ་ཡ་བཛྲ་པདྨེ་ནི་ཧཱུཾ། བཛྲ་རཏྣ་ཞེས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་པདྨ་དང༌། པདྨའི་དྲིལ་བུ་བླངས་ལ་མཚན་མའི་དབང་བསྐུར་བ་དང༌། བདག་པོའི་དབང་བསྐུར་བ་ན། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་
བསྐུར་བར་བྱ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་སྦྱིན་ནོ། །དེ་ནས་ཨོཾ་པདྨ་མཱ་ལེ་ཨ་བྷི་ཥིཉྩ་ལོ་ཀེ་ཤྭ་ར་ཏེ་སྭ་ར་ཧྲཱིཿ་ཞེས་བྱ་བ་སྟོང་རྩ་བརྒྱད་ཡོངས་སུ་བཟླས་ཏེ། པདྨའི་ཕྲེང་བ་དེ་སྤྱི་བོར་བཅིང་བར་བྱའོ། །དེ་ནས་མིང་གི་དབང་བསྐུར་བྱིན་ལ། མཆོད་པ་རྣམ་པ་ལྔ་དང་པདྨའི་སྒེག་མེ་ལ་སོགས་པས་ཡང་དག་པར་མཆོད་ལ། ཡི་གེ་པྲས་ཡང་དག་པར་བྱིན་གྱིས་བརླབས་པའི་རིན་པོ་ཆེའི་མིག་ཐུར་རམ། གསེར་ལ་སོགས་པའི་ཐུར་མ་ཐོགས་ལ་མདུན་དུ་འདུག་སྟེ། མིག་འབྱེད་པའི་ཚུལ་དུ་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་ཧྲི་དེ་ནས་ཨ་བཛྲ་སཏྭ་ཞེས་བྱ་བས་མེ་ལོང་ལ་ཡོངས་སུ་བཟླས་ལ་ཆོས་ཉིད་ཀྱི་མཚན་ཉིད་བསྟན་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་རིགས་སུ་སྐྱེ། །ཡི་གེ་ཧོ་ལས་མདའ་བསྐྱེད་པ། །གཞུ་དང་ལྷན་ཅིག་ཏུ་བྱིན་ནས། འདི་སྐད་ཅེས་བརྗོད་པར་བྱའོ། །འདིས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པར་གྱིས་ལ། ཡི་གེ་ཧོས་ཕྱོགས་བཞི་དང་སྟེང་འོག་ཏུ་མདའ་འཕེན་དུ་གཞུག་པར་བྱའོ། །མེ་ལོང་ལ་ཨ་བཛྲ་སཏྭ་ཞེས་ཡོངས་སུ་བཟླས་ཏེ་བསྟན་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བ་དག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་གང་ཡིན་བ་དེ་ནི་འདི་ཡིན་ནོ་ཞེས་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །བཛྲ་ཧེ་ཏུ་མཾ་ཞེས་བྱ་བས་འཁོར་ལོ་རྩིབས་བརྒྱད་པ་རྐང་པ་གཉིས་ཀྱི་བར་དུ་དེ་གཞག་པར་བྱ་བ་དང༌། །བཛྲ་བྷ་ཥ་རཾ་ཞེས་བྱ་བས་ལག་པ་གཡས་བར་དུད་བྱིན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་
ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་ཆོས་ཀྱི་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པ། །མ་ལུས་ཀུན་དུ་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང༌། །དོགས་པ་མེད་པའི་སེམས་ཀྱིས་ནི། །གསང་སྔགས་སྐྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང༌། །ཀུན་དུ་ཁྱོད་ལ་སྲུང་བར་བྱེད། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ང་རྒྱལ་གྱིས། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་གསང་སྔགས་ཀྱི་ཐེག་པའི་རྗེས་སུ་གནང་བ་བྱིན་ནས། འགྲོ་བ་འདུལ་བའི་རྣལ་འབྱོར་པས། སླར་ཡང་དཀྱིལ་འཁོར་བྲི་བའི་རྗེས་སུ་གནང་བ་སྦྱིན་པར་བྱའོ། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་བརྗོད་ནས། དེ་ནས་དེ་ཉིད་ཀྱིས་པདྨ་གཟུང་བར་བྱ་སྟེ། དེ་ཉིད་ཀྱིས་ནི་བཅོམ་ལྡན་འདས། །འཇིག་རྟེན་དབང་ཕྱུག་རྫོགས་སངས་རྒྱས། །འདུལ་བར་བྱེད་པའི་ཐབས་ཀྱིས་ནི། །གར་གྱིས་རོལ་པ་རྣམ་པར་དག །འདིས་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ་སྟེ། ཇི་ལྟར་པདྨ་རབ་དམར་བ། །ཚོན་གྱི་ཉེས་པས་མི་གོས་བཞིན།། དེ་བཞིན་ཁམས་གསུམ་དག་པས་ན། །བག་ཆགས་ཉེས་པས་གོས་མི་འགྱུར། །འདིས་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱ་སྟེ། གང་དང་གང་གི་གཟུགས་ཀྱིས་ནི། །འགྲོ་བ་འདུལ་བར་བྱེད་པས་ན། །པདྨ་དག་མཆོག་སྦྱོར་བ་ཡིས། །དེ་དང་དེ་ཉིད་ཀྱིས་སྦྱང་བྱ། །དེ་ནས་དངོས་གྲུབ་ཀྱི་པདྨའི་བརྟུལ་ཞུགས་སྦྱིན་པར་བྱའོ། །ཨོཾ་པདྨ་ཧ་སྟ་དྷརྨྨ་ཏཾ་པ་ལ་ཡ་དེས་ཀྱང་འདི་སྐད་དུ། རྡོ་རྗེ་ཆོས་ཉིད་ཇི་ལྟ་བུ་ལགས་ཞེས་དྲི་བར་བྱའོ། །དེ་ལ་ཡང་འདི་སྐད་དུ་བརྗོད་པར་བྱ་སྟེ། ཇི་ལྟར་པདྨ་དམར་པོ་འདི། །ཚོན་གྱི་ཉེས་པས་མི་གོས་བཞིན།།
ཐམས་ཅད་དག་པར་བསྒོམས་ནས་ནི། །དེ་བཞིན་སྡིག་པས་གོས་མི་འགྱུར། །དེ་ལ་ཆོས་ནི་འདི་ཡིན་ནོ། །དེ་ནས་སྙིང་པོ་བྱིན་ལ། འགྲོ་བ་འདུལ་བའི་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་མངོན་དུ་བྱས་ལ། སློབ་མ་ཐམས་ཅད་གཟེངས་བསྟོད་པ་དང༌། ལུང་བསྟན་པར་བྱའོ། །ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཀུན་དུ་གྲུབ་པའི་ཕྱིར། །སྲིད་པའི་ངན་སོང་རྣམས་ལས་བཏོན། །ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ། དེ་བཞིན་གཤེགས་པ་སཪྻ་ས་མ་ཡ་སྟྭཾ་བྷུ་ར་བྷུ་བ་སྭཿ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ་གཡོན་པ་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ལ། གཡས་པ་མཆོག་སྦྱིན་པའི་ཚུལ་དུ་བྱས་པ་འདི་ནི་གཟེངས་བསྟོད་པའི་ཕྱག་རྒྱ་ཡིན་ནོ། །ཆོ་ག་ལྷག་མ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་ལས་ཤེས་པར་བྱའོ། །དེ་ལྟར་སློབ་དཔོན་གྱི་ཆོ་ག་རྒྱས་པ་དང༌། སློབ་མ་འཇུག་པ་ལ་སོགས་པ་ཆོ་ག་རྒྱས་པར་བསྟན་ནས། དེ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་དམ་ཚིག་དང་དབང་བསྐུར་བ་ཐོབ་པའི་སློབ་དཔོན་གྱིས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་གཞུག་པའི་ཆོ་ག་རྒྱས་པའི་དུས་ཕྱིས་པདྨའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱ་དབང་དུ་བྱ་བ་ལ་སོགས་པ་ནི། དེ་མ་ཐག་ཏུ་བསྟན་པར་བྱ་བ་ཡིན་ནོ། །དེར་ངེས་པའི་ཡེ་ཤེས་ཀྱི་ངོ་བོ་དེ་བསླབ་ཅིང་བསྟན་པར་བྱའོ། །སྙིང་ལ་པདྨོ་བྲིས་ནས་ཀྱང༌། །ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་བྱས་ལ་སྙིང་ལ་རྡོ་རྗེ་པདྨ་བྲི་བར་བྱའོ། །གང་གིས་བྲི་ཞེ་ན། པདྨོ་བསྒོམས་ནས་ཞེས་བྱ་བ་སྨོས་སོ། །དེ་བྲིས་པ་ཅི་ཞིག་བྱ་ཞ་ན། པདྨོའི་དཔལ་ཡང་དབང་དུ་བྱེད་པ་སྟེ། འགྲོ་བ་འདུལ་བའི་རང་གི་རིག་པ་འགྲུབ་པ་དང༌། པདྨའི་རིགས་དབང་དུ་བྱེད་པའོ། །གང་ཞེ་ན། བུད་མེད་ཕལ་པའང་སྨོས་ཅི་དགོས། །ཞེས་བྱའོ། །ཨུ་མ་ལ་སོགས་པའི་བུད་མེད་མཆོག་ཏུ་མཛེས་པ་ངེས་པ་ཁོ་ནར་དབང་དུ་བྱེད་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་
བ་ལ་སོགས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ་ཕྱིས་པདྨ་ཤྲཱི་ཡཾ་བ་ཤ་མ་ནཱ་ཡ་ཧོཿ། ཞེས་བྱ་བ་འདིས་འགྲོ་བ་འདུལ་བ་ལ་སོགས་པར་བདག་ཉིད་བསྐྱེད་ལ། རང་གི་སྙིང་པོ་དང༌། སྙིང་པོ་འདིས་རྡོ་རྗེ་པདྨ་བསྒྲུབས་ལ། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཟླ་བ་གཅིག་བསྒོམས་ལ། མཐར་མཚན་ཐོག་ཐག་བསྒོམས་ནས་དེ་འཇིག་རྟེན་དབང་ཕྱུག་དང་མཉམ་པར་འགྱུར་རོ། །བུད་མེད་དབང་དུ་བྱེད་པར་འདོད་ན་ཟླ་བ་གཅིག་བསྒོམས་ལ། དེ་ནས་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཟླ་བ་གཅིག་བྱས་ལ། མཐར་མཚན་ཐོག་ཐག་བསྒོམས་ནས་དེས་པདྨའི་དཔལ་མོའི་གཟུགས་ཅན་ནམ། ཨུ་མ་ལ་སོགས་པ་གནོད་སྦྱིན་མོའི་གཟུགས་ཅན་རྟ་མགྲིན་ལ་སོགས་པ་རྣམས་ཀྱིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། ད་བང་དུ་བྱས་ཏེ། དེ་པདྨའི་འོད་ཟེར་གྱི་ཚོགས་ཀྱིས་བཀང་ནས་འཁྱུད་པར་བསམ་ཤིང༌། པདྨ་ཤྲཱི་ཡ་བ་ཤ་མ་ནཱ་ཡ་ཧོཿ། །ཆེ་གེ་མོ་བ་ཤ་མ་ནཱ་ཡ་ཧོཿ། །ཞེས་བཟླས་པས་དེ་དབང་དུ་འགྱུར་རོ། །དཔྲལ་བར་སངས་རྒྱས་གཟུགས་བྲིས་ཏེ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་རང་གི་ལྷའི་གཟུགས་བྱས་ལ་ཕྱི་ནས་བདག་ཉིད་ཨ་བྷི་ཥེ་ཀ་པྲ་ཡཙྪ་བཾ་ཞེས་བརྗོད་པས་དཔྲལ་བའི་ཕྱོགས་སུ་རྡོ་རྗེ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་བསམས་ནས་སྔ་མ་བཞིན་དུ་རྟག་ཏུ་བསྒོམས་ནས། མཐར་མཚན་ཐོག་ཐག་བསྒོམས་ན། ཐོ་རངས་ཁ་རང་གི་ལྷའི་དབང་བསྐུར་བ་ཐོབ་པར་འགྱུར་ཞིང་རང་གི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་རོ། །ཁ་ཡི་ནང་དུ་ལྕེ་སྟེང་དུ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ན། །ཞེས་བྱ་བ་ནི། སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ་རྡོ་རྗེ་ལྕེར་བྱིན་གྱིས་བརླབས་ནས། པདྨ་སྭ་ར་སྭ་ཏེ་ཤོ་དྷ་ཡ་ཧཱུཾ། ཞེས་བྱ་བས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་ལྕེ་ལ་བསམས་ཏེ་སྔ་མ་བཞིན་དུ་དེའི་སྙིང་པོ་བཟླ་བ་དང༌། བསྒོམ་པ་ཡང་བྱས་ནས། མཐར་མཚན་ཐོག་ཐག་དེ་ཐུན་བཞིར་བསྒོམས་ན་འཇིག་རྟེན་དབང་ཕྱུག་དང་འདྲ་བར་འགྱུར་རོ། །གཙུག་ཏོར་དབུས་སུ་པདྨོ་ནི། །སྙོམས་པར་ཞུགས་ཏེ་བཞག་ནས་ཀྱང༌། །
ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་དེ་བཞིན་དུ་བྱས་ནས། ཨོཾ་པདྨོ་ཨུརྠ་དྷྭཾ་གྲཾ་བ་ཤཾ་ཀུ་རུ་ཛ། ཞེས་བྱ་བས། པདྨའི་གཙུག་ཏོར་ཞལ་བཞི་བསྐྱེད་ནས། ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་སྙིང་པོ་བཟླས་ཤིང་བསྒོམ་པར་བྱའོ། །དེ་ནས་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཟླ་བ་གཅིག་བྱས་ན་འགྲུབ་པར་འགྱུར་ཞིང་དེ་བཞིན་གཤེགས་ པ་ལྟ་བུའི་འཇིག་རྟེན་གསུམ ་གྱི་དབང་ཕྱུག་གི་ལྷ་ལྟ་བུའི་གཙུག་ཏོར་གྱིས་མཁའ་འགྲོ་མ་ཐམས་ཅད་དབང་དུ་འགྱུར་རོ། །རྩིག་པའམ་ཡང་ན་ནམ་མཁའ་རུང༌། །ཞེས་བྱ་བ་ལ་སོགས་པ་ནི། རང་གི་ལྷའི་རྣལ་འབྱོར་བྱས་ལ། ཨོཾ་སརྦྦ་ཛ་གད་བ་ཤི་ཏ་ཛྙཱ་ན་པདྨ་ཨ་བྷི་ཥིཉྩ་ཨ་ཞེས་བྱ་བ་རྡོ་རྗེ་པདྨ་བརྩིགས་པ་ལ་སོགས་པ་ལ་སྤྲུལ་པ་སྙིང་པོ་འདི་བཟླས་ཤིང་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས། ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཟླ་བ་གཅིག་བྱས་ནས། མཐར་མཚན་ཐོག་ཐག་བསྒོམས་ན་དེས་དེ་བཞིན་གཤེགས་པ་ལ་སོགས་པ་ནས། སེམས་ཅན་ལ་པདྨ་སྤྲོ་བར་བསྒོམས་པས་དེས་རང་གི་རིག་པ་སྣང་བར་འགྱུར་ཏེ། དེ་སྐད་དུ། འདིས་ནི་སེམས་ཅན་ཐམས་ཅད་ཀྱང༌། །དབང་དུ་བྱེད་པ་དམ་པའོ། །ཞེས་སྨོས་སོ། །ནམ་མཁའམ་ནི་ཕྱོགས་གཞན་དུ། །ཞེས་བྱ་བ་ནི། སྔ་མ་བཞིན་དུ་ལྷའི་རྣལ་འབྱོར་བྱས་ལ། ཨོཾ་ཛྙཱ་ན་པདྨ་ཏིཥྛ་ཨྀ་དྲ་ཤྱཾ་ཀུ་རུ་བཾ། ཞེས་བྱ་བའི་སྙིང་པོ་འདི་བརྗོད་ཅིང་ནམ་མཁའ་ལ་སོགས་པའི་ཕྱོགས་སུ་རྡོ་རྗེ་པདྨ་སྤྲུལ་ལ། སྙིང་པོ་འདི་ཉིད་བརྗོད་ཅིང་ཉིན་རེར་ཐུན་བཞིའི་སྦྱོར་བས་ཇི་སྲིད་མངོན་སུམ་དུ་མཐོང་བར་འགྱུར་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས། གང་ཚེ་མཐོང་བ་དེ་ཚེ་བླངས། །ཅི་དགའ་བར་ནི་སྣང་མི་འགྱུར། །ཞེས་བྱའོ། །རྩིག་པའམ་ཡང་ན་ནམ་མཁའ་ལ། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཨོཾ་ས་མ་དྷི་བི་ཤྭ་པདྨ་ཏིཥྛ་བེ་ཤྭ་རུ་པྱཾ་མི་དཪྴ་ཡ་བྷ་ག་བཾ། ཞེས་བྱ་བ་ཡོངས་སུ་ཟློས་ཤིང་རྩིག་པའམ། ཡང་ན་ནམ་མཁའ་ལ་པདྨ་འདབ་མ་བཞི་པ་སྤྲུལ་ལ། འདི་ཉིད་ཡོངས་སུ་བཟླས་ཏེ། ཇི་སྲིད་སྔར་བཤད་པ་བཞིན་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །
གང་གི་ཚེ་མཐོང་ནས་བླངས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་འགྲོ་བ་འདུལ་བའི་གཟུགས་སུ་འགྱུར་རོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་ཨོཾ་ས་མ་དྷི་བཛྲ་པདྨ་ཏིཥྛ་ཨུ་ཏིཥྛ་ཤཱི་གྷྲཾ་ཧྲཱིཿ། ཞེས་བྱ་བས་རྡོ་རྗེ་པདྨོ་ནམ་མཁའ་ལའམ། རྩིག་པ་ལ་སོགས་པའི་གནས་སུ་སྤྲུལ་ལ་སྙིང་པོ་འདི་ཉིད་ཟློས་ཤིང་སྔ་མ་བཞིན་དུ་བསྒོམས་ཏེ། དེས་མཐོང་བར་གྱུར་པ་དང་བླངས་ནས་པདྨའི་རིག་པ་འཛིན་པར་འགྱུར་རོ། །དཀྱིལ་འཁོར་ལ་སོགས་ཐམས་ཅད་དུ། །སྤྱན་རས་གཟིགས་དབང་བྲིས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་འདིར་འཕགས་པ་རྟ་མགྲིན་དུ་གནས་པའི་སྤྱན་རས་གཟིགས་དབང་ཕྱུག་དེའི་རྣལ་འབྱོར་བྱས་ལ། ཨོཾ་པདྨ་ཨཾ་ཀུ་ཤ་ཨཱ་ཀཪྵ་ཡ་སརྦྦ་མ་ཧཱ་སཏྭཾ་ཧཱུཾ་ཛཿ། ཞེས་བྱ་བའི་སྙིང་པོ་འབུམ་བཟླས་པ་བྱས་ནས་ཕྱིས་མཚན་ཐོག་ཐག་བཟླས་ན་འགྲུབ་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་རམ་རས་ལ་འཇིག་རྟེན་དབང་ཕྱུག་གི་མདུན་དུ་རྟ་མགྲིན་བྲིས་ལ། དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ཏེ། དམ་ཚིག་གི་ཕྱག་རྒྱས་བསྒྲུབས་ལ། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་དབང་བསྐུར་ཏེ། མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། དེའམ་ཡང་ན་གཞན་གནོད་སྦྱིན་མོ་ལ་སོགས་པའི་གཟུགས་དེའི་མདུན་དུ། རྟ་མགྲིན་གྱི་ལས་ཀྱི་ཕྱག་རྒྱས་བཅིངས་ན་རང་གི་དབང་དུ་བྱེད་པར་འགྱུར་རོ། །དཀྱིལ་འཁོར་ལ་སོགས་ཐམས་ཅད་དུ། །སྤྱན་རས་གཟིགས་དབང་བྲི་བར་བྱ། །ཞེས་བྱ་བ་ལ་སོགས་པ་ནི། འདིར་རྗེ་བཙུན་དོན་ཡོད་ཞགས་པ་ནི་སྔར་བཤད་པའི་མཚན་ཉིད་དང་ལྡན་པའི་འཇིག་རྟེན་དབང་ཕྱུག་དེའི་རྣལ་འབྱོར་བྱས་ལ། ཨོཾ་ཨ་མོ་གྷ་པཱ་ཤ་ཀྲོ་དྷ་ཧཱུཾ་ཧོཿ་ཞེས་བྱ་བའི་སྙིང་པོ་འབུམ་བཟླས་པ་བྱས་ལ། མཐར་མཚན་ཐོག་ཐག་བཟླས་ཏེ། དེ་ནས་དཀྱིལ་འཁོར་རམ་རས་ལ་བཅོམ་ལྡན་འདས་དོན་ཡོད་ཞགས་པ་དེ་ཉིད་བྲིས་ལ། བཅོམ་ལྡན་འདས་རྗེ་བཙུན་དོན་ཡོད་ཞགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའམ་སེམས་ཅན་གཞན་དཀྱིལ་འཁོར་དུ་བཅུག་ན་རང་གི་དབང་དུ་བྱེད་པར་
འགྱུར་བས་ན། ངེས་པར་ཞགས་པའི་ཕྱག་རྒྱ་ཡིས། །འགྲོ་བ་ཐམས་ཅད་འདྲེན་པར་བྱེད། །ཅེས་བྱའོ། །དཀྱིལ་འཁོར་ལ་སོགས་ཐམས་ཅད་དུ། །སྤྱན་རས་གཟིགས་དབང་བྲི་བར་བྱ། །ཞེས་བྱ་བ་ལ་སོགས་པ་ནི། འདིར་པདྨ་ལྕགས་སྒྲོག་ནི་འཇིག་རྟེན་དབང་ཕྱུག་དེའི་རྣལ་འབྱོར་བྱས་ལ། ཨོཾ་པདྨོ་སྥོ་ཊ་བཾ་ཞེས་བྱ་བའི་སྙིང་པོ་འབུམ་བཟླས་ཏེ། དེ་ནས་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དེའམ་ཡང་ན་བསྒྲུབ་པར་བྱ་བ་གཞན་པདྨ་ལྕགས་སྒྲོག་གི་ཕྱག་རྒྱ་བཅིང་བར་འགྱུར་རོ། །དཀྱིལ་འཁོར་ལ་སོགས་ཐམས་ཅད་དུ། །སྤྱན་རས་གཟིགས་དབང་བྲི་དེ་ཡི། །ཞེས་བྱ་བ་ལ་སོགས་པ་ནི། འདིར་པདྨ་འབེབས་པ་ནི་འཇིག་རྟེན་དབང་ཕྱུག་དེའི་རྣལ་འབྱོར་བྱས་ལ། ཨོཾ་པདྨ་གྷཎྜ་ཨཱ་བེ་ཤ་ཨཿ་ཞེས་བྱ་བའི་སྙིང་པོ་འབུམ་བཟླས་ཏེ། མཐར་མཚན་ཐོག་ཐག་བཟླས་པར་བྱའོ། །དེ་ནས་ཕྱིས་དཀྱིལ་འཁོར་དུ་པདྨ་འབེབས་པ་སྔ་མ་བཞིན་དུ་བྲིས་ལ་ལྷ་ལ་སོགས་པའི་སེམས་ཅན་དགུག་པ་དང༌། གཞུག་པ་དང༌། བཅིངས་ལ་པདྨ་འབེབས་པའི་ལས་ཀྱི་ཕྱག་རྒྱ་དང་སྙིང་པོ་འདིས་སྣོད་ལ་ཕབ་ན་ཐམས་ཅད་སྨྲ་བར་འགྱུར་རོ། །བདག་ཉིད་ཉིད་ཀྱིས་བདག་ཉིད་ཉིད། །པདྨོ་ཞལ་བཞི་སེམས་དཔར་ཡང༌། །ཞེས་བྱ་བ་ལ་སོགས་པ་ནི། པདྨ་འདབ་མ་བཞི་དང་ལྡན་བཞིན་དུ་པདྨ་དོན་ཡོད་པའི་དབང་ཕྱུག་ཞལ་བཞིའི་སྐུ་མདོག་སྔོན་པོ་དང་སེར་པོ་དང༌། དམར་པོ་དང༌། ལྗང་གུ་སྣ་ཚོགས་པར་བསྒོམས་ཏེ་གོམས་པར་བྱས་པའོ། །བདག་ཉིད་ཅེས་བྱ་བ་འདི་ཉིད་ཀྱིས་རྒྱས་པར་བཤད་པ་ནི། བདག་ཉིད་ཉིད་ཅེས་བྱ་བ་ཡིན་ནོ། །སུ་ཞིག་སྒོམ་པ་ཡིན་ཞེ་ན། བདག་ཉིད་ཉིད་ཀྱི་ཞེས་བྱ་བ་སྨོས་ཏེ། མདུན་དུ་ཡང་དེ་བསྒོམ་པར་བྱ་བ་མ་ཡིན་ནོ་ཞེ་ན། བདག་ཉིད་ཉིད་ཅེས་བྱ་བ་སྨོས་སོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཡོད་པའི་དབང་ཕྱུག་གི་རྣལ་འབྱོར་བྱས་ལ་པདྨ་བི་ཤ་ཞེས་བརྗོད་ཅིང༌། བདག་ཉིད་ཉིད་ཀྱིས་བདག་ཉིད་ཉིད་པདྨ་དོན་ཡོད་པའི་དབང་ཕྱུག་གི་གཟུགས་སུ་ཇི་སྲིད་བདག་ཉིད་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་རས་རིས་ལ་སོགས་པ་ལ་བཅོམ་ལྡན་འདས་སྤྱན་དྲངས་མཚན་ཐོག་ཐག་བསྒོམས་ན། དེས་པདྨ་
དོན་ཡོད་པའི་དབང་ཕྱུག་ལྟ་བུ་གཟུགས་མང་པོར་འགྱུར་རོ། །རྡོ་རྗེ་ཆོས་ཀྱི་ཏིང་འཛིན་གནས། །པདྨོས་པདྨ་བསྒོམས་ན་ནི། །ཞེས་བྱ་བ་ལ་སོགས་པ་ནི་པདྨ་ཏིང་ངེ་འཛིན་གྱི་རྣལ་འབྱོར་བྱས་ལ་དྷརྨྨ་ཀཱ་ཡ་པདྨ་ཞེས་བརྗོད་ཅིང༌། ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་མཚན་ཐོག་ཐག་བསྒོམས་ན་ཏིང་ངེ་འཛིན་པདྨའི་གཟུགས་སུ་འགྲུབ་པར་འགྱུར་རོ། །སྤྱན་རས་གཟིགས་དབང་ཐོར་ཚུགས་དབུས། །བདག་གི་སངས་རྒྱས་གཟུགས་སུ་ནི། །ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་བྱས་ལ། བུདྡྷ་ཨ་བྷི་ཥེ་ཀ་ཞེས་བརྗོད་ཅིང་སྤྱན་རས་གཟིགས་དབང་ཕྱུག་གི་རལ་པའི་ཐོར་ཚུགས་ཀྱི་དབུས་སུ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པར་བདག་ཉིད་ཀྱིས་བསྒོམས་པ་དེ་དང་སྙིང་པོ་འདི་ཉིད་བརྗོད་ཅིང་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཇི་སྲིད་སངས་རྒྱས་ཀྱི་གཟུགས་སུ་བདག་ཉིད་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་ན་ཚེ་དཔག་ཏུ་མེད་པ་དང་མཉམ་པར་འགྱུར་རོ། །སྣ་ཚོགས་གཟུགས་ཀྱི་ཏིང་འཛིན་གནས། །སྣ་ཚོགས་གཟུགས་ཀྱི་ཏིང་འཛིན་དུ། །བདག་ཉིད་ཀྱིས་ནི་བསྒོམས་ན་ནི། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་ལོ་ཀེ་ཤྭ་ར་ཞེས་བརྗོད་ཅིང༌། འགྲོ་བ་འདུལ་བར་བདག་ཉིད་བསྒོམས་ཏེ། དེ་ཉིད་བརྗོད་ཅིང་སྔ་མ་བཞིན་དུ་བསྒོམས་ནས་མཐར་མཚན་ཐོག་ཐག་བྱས་ན། འགྲོ་བ་འདུལ་བ་དང་འདྲ་བར་འགྱུར་རོ། །དེ་ལྟར་ཇི་ལྟ་བའི་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པ་བསྟན་ནས། ད་ནི་འདི་ལས་བཤད་པའི་དངོས་གྲུབ་རྣམས་རང་གི་ལྷའི་རྣལ་འབྱོར་བྱས་ལ། རང་གི་ལྷའི་ཕྱག་རྒྱ་བཞིས་རྒྱས་བཏབ་ནས། བསྒྲུབ་པར་བྱ་བ་དང་ཕན་ཡོན་བསྟན་པས་སྒྲུབ་པ་པོ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར། དེ་གཉིས་ཀ་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པའི་རྗེས་ཐོགས་ལའོ། །དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའོ། །ཐམས་ཅད་ཀྱང་ཡིན་ལ་ཕྱག་རྒྱ་ཡང་དེ་ཡིན་པས་ན་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་
དང། ཆོས་དང༌། ལས་རྣམས་ཀྱི་དེར་ངེས་པའི་ཡེ་ཤེས་དེ་བསླབ་ཅིང་བསྟན་པར་བྱ་བའོ། །དེ་ལ་ཞེས་བྱ་བ་སྨོས་པ་ནི་རྒྱས་པར་འཆད་པའོ། །རེ་ཞིག་ཅེས་སྨོས་པ་ནི་རིམ་པ་ལ་ལྟོས་པའོ། །དང་པོར་ཞེས་བྱ་བ་ནི་ཐོག་མར་རོ། །ཕྱག་རྒྱ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས། ཕྱག་རྒྱ་ཆེན་པོས་ཏེ། སྐུའི་གསང་བའི་ངོ་བོ་ཡེ་ཤེས་སུ་གྱུར་པའོ། །ཇི་ལྟར་རི་མོའི་ཚུལ་དུ་ནི། །ཟླ་བའི་དཀྱིལ་འཁོར་དབུས་གནས་ཤིང༌། །པདྨོ་ལ་གནས་སེམས་དཔའ་ནི། །བདག་ཉིད་ཀྱིས་ནི་བདག་ཉིད་བསྒོམ། །ཞེས་བྱ་བ་ལ། ཟླ་བའི་དཀྱིལ་འཁོར་དབུས་གནས་ཤིང༌། །ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་ལ་ཇི་ལྟར་རི་མོ་བྲི་བར་བསྟན་པ་དེ་བཞིན་དུ་དེ་དག་གིས་རྗེས་སུ་འབྲང་བར་བྱ་བ་ཡིན་པ་དེའི་ཕྱིར། ཇི་ལྟར་རི་མོའི་ཚུལ་དུ་ནི། །པདྨོ་ལ་ངས་སེམས་དཔར་ནི། །བདག་ཉིད་ཀྱིས་ནི་བདག་ཉིད་བསྒོམ། །ཞེས་བྱ་བའོ། །འདི་སྐད་སྟོན་པ་ཡིན་ཏེ། མཉམ་པའི་ཐལ་མོ་དང༌། ཡང་རྡོ་རྗེ་ཐལ་མོ་དང༌། དེ་ནས་རྡོ་རྗེ་བསྡམས་པ་བཅིངས་ལ། དེའི་རྗེས་ལ་རྡོ་རྗེ་བསྡམས་པ་སྙིང་གར་དྲལ་ཏེ། རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱས་བདག་ཉིད་ལ་དབབ་པར་བྱས་ལ། ཏིཥྛ་བཛྲ་ཞེས་བྱ་ལ་སོགས་པས་དབབ་པ་ཉེ་བར་བསྡུ་བ་བྱས་ནས། བཛྲ་མུཥྚི་ཞེས་བྱ་བས། རྡོ་རྗེ་དབྱིངས་ལས་གསུངས་པའི་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་སིནྡྷི་བཾ། ཞེས་བརྗོད་པར་བྱའོ། །དེ་ནས་སྡིག་པ་དྲལ་བའི་ཕྱག་རྒྱ་བཅིངས་ལ་སྡིག་པ་དྲལ་ལོ། །དེ་ནས་སྐྱིལ་མོ་ཀྲུང་བཅས་ཏེ། རང་གི་སྙིང་གའི་ཟླ་བ་རྡོ་རྗེ་པདྨས་མཚན་པའི་སྟེང་དུ། ཨོཾ་ཧཱུཾ་ཧྲཱིཿ་ཧོཿ་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ་འདི་ཉིད་རྒྱུན་དུ་བརྗོད་ཅིང་ཆོས་བདག་མེད་པ་བསྒོམ་པར་བྱའོ། །དེ་ནས་དེ་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་རང་གི་བསམས་ལ། དེའི་སྟེང་དུ་དེ་ཉིད་དང་ཟླ་བའི་དཀྱིལ་འཁོར་གཉིས་པའོ། །ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་ཉིད་ལ་སྔར་བཤད་པའི་ཡི་གེ་བཞི་དང་ལྡན་པ་ལས་པདྨ་རཱ་གའི་རྡོ་རྗེ་རྩེ་ལྔ་པའོ། །དེ་ཉིད་ཀྱི་སྙིང་པོ་ཟློས་ཤིང་རྡོ་རྗེ་ལས་བྱུང་བའི་པདྨ་དེའི་དབུས་སུ་སྙིང་པོའི་ཡི་གེ་བཀོད་ལ། བཛྲ་པདྨ་ཨ་ཧཾ་ཞེས་པདྨའི་ང་རྒྱལ་བསྒོམས་ཏེ་བཛྲ་ས་ཏྭ་ཧཾ་ཞེས་ཡིད་ཀྱིས་བརྗོད་
བས། དེ་པདྨའི་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བས་གཡོན་པ་བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་བའི་སེམས་དཔར་བདག་ཉིད་བསྒོམས་ལ། ཡང་བཛྲ་སཏྭ་ཧཾ་ཞེས་བརྗོད་པར་བྱའོ། །རྡོ་རྗེ་སེམས་དཔའ་དེ་ཉིད་ལ། ཨོཾ་ཧཱུཾ་ཧྲཱིཿ་ཧོཿ། ཞེས་བརྗོད་པས་བདག་ཉིད་འགྲོ་བ་འདུལ་བར་ངེས་པར་བྱས་ལ། མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་འགྲོ་བ་འདུལ་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ས་མ་ཡ་ཧཾ་ཞེས་བརྗོད་དོ། །དེ་ཉིད་དང་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་སྙིང་ག་དང༌། མཛོད་སྤུ་དང༌། ལྐོག་མ་དང༌། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་པདྨ་བླངས་ལ། འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱ་སྟེ། དེ་བཞིན་དུ་པདྨ་འབེབས་པའི་མཐར་ཐུག་གེ་བར་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །འགྲོ་བ་འདུལ་བ་ལས་བཤད་པའི་ཆོ་གས་རང་གི་སྙིང་གའི་ཟླ་བ་ལ་གནས་པའི་པདྨར། ཨོཾ་ཤཾ་མུ་ཁ། པདྨ་ཀུ་མཱ་ར། བེ་ཤ་དྷ་ར། པདྨ་གྷཎྜ་ཡ། ཨཱ་བི་ཤ་ཡ། སརྦྦ་ཀུ་ལ་པདྨ་ས་མ་ཡཱཾ། སརྦྦ་མུ་དྲཾ། བནྡྷ་ཡ། སརྦྦ་སིདྡྷི་མྨེ་པྭ་ཡཙྪ། པདྨ་ཨཱ་བེ་ཤ་ཨ་ཨ་ཨ་ཨ་ཨ་ཞེས་ཡིད་ཀྱིས་བྲིས་ལ། དེ་ཉིད་ཡིད་ཀྱིས་བརྗོད་ཅིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསམས་ལ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཉིས་པ་སྔགས་དེ་ཉིད་དང་བཅས་པའི་རྡོ་རྗེ་རྩེ་ལྔ་པའོ། །པདྨ་འབེབས་པའི་སྔགས་དེ་ཉིད་དང་བཅས་པས་པདྨའི་དྲིལ་བུར་བསྐྱེད་ལ། དྲིལ་བུའི་དབུས་སུ་པདྨ་འབེབས་པའི་སྔགས་བསམས་ལ་བཛྲ་གྷཎྜ་ཧཾ་ཞེས་བྱ་བས་པདྨ་དྲིལ་བུའི་ང་རྒྱལ་བསྒོམ་པར་བྱའོ། །བཛྲ་སཏྭ་ཞེས་བརྗོད་པས་པདྨའི་དྲིལ་བུ་དེ་རྡོ་རྗེ་སེམས་དཔར་བསམས་ལ། སྔ་མ་བཞིན་དུ་བཛྲ་སཏྭ་ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་དེ་ལ་པདྨ་འབེབས་པའི་སྔགས་བརྗོད་པས་རྡོ་རྗེ་སེམས་དཔའ་དང་པདྨ་འབེབས་པར་བསམ་པར་བྱའོ། །དེ་ནས་མ་ཧཱ་ས་མ་ཡ་སཏྭ་ཨ་ཧཾ། དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ས་མ་ཡ་ཧཾ། དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང༌། ས་མ་ཡ་སཏྭཾ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་སྙིང་ག་དང༌། སྨིན་མཚམས་དང༌། ལྐོག་
མ་དང༌། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་པདྨའི་དྲིལ་བུ་བཟུང་ལ། པདྨ་འབེབས་པའི་གཟུགས་ཀྱིས་འདུག་ལ། དེའི་སྔགས་ཀྱང་བརྗོད་པར་བྱའོ། །མདུན་དུ་འགྲོ་བ་འདུལ་བ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བསྐྱེད་དེ་པ་སྒོམ་པ་དང༌། བཅིང་བ་ཡང་འདིས་བཤད་པ་ཡིན་ནོ། །དེ་ནས་མདུན་དུ་ཡེ་ཤེས་སེམས་དཔའ་ཇི་ལྟ་བ་བཞིན་དུ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ཏེ། རང་གི་དམ་ཚིག་གི་ཕྱག་རྒྱས་བལྟས་ལ་ཡང་རང་གི་ལུས་ལ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ཏེ། ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང༌། རྒྱབ་ཏུ་ཟླ་བའི་དཀྱིལ་འཁོར་ཕབ་ལ། ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བྱ་བས་རང་གི་སྔགས་བརྗོད་ཅིང་དེ་དང་དེའི་རང་བཞིན་དུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད་ཅིང་ཡིད་ཀྱིས་ལེགས་སོ་ཞེས་སྦྱོར་བ་ཡིས། རང་གི་ལུས་ལ་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ལ། རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་རང་འདོད་པའི་ལྷ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ། བྱིན་གྱིས་རློབ་པའི་ཕྱག་རྒྱ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ལ། སྒེག་མོ་ལ་སོགས་པའི་གསང་པའི་མཆོད་པ་བཞིས་ཡང་དག་པར་མཆོད་ལ། ཕྱག་བྱས་ཏེ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱས་ཏེ། དེ་ཉིད་ཀྱིས་ནི་པདྨ་གཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །བསྒོམ་ཞེས་བྱ་བ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱི་སྤྱིའི་བསྒྲུབ་པའི་ཆོ་གའོ། །དེ་ནས་དེ་དག་གི་ལས་ནི་འདི་དག་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས། པདྨ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་ནི་དེའི་ལས་སོ། །སངས་རྒྱས་ཕྱག་རྒྱ་ཆེ་བཅིངས་ན། །ཚེ་དཔག་མེད་དང་མཉམ་པར་འགྱུར། །ཞེས་བྱ་བ་སྨོས་པ་ནི། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྔགས་ཀྱིས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་
ཆེན་པོར་བཅིངས་ནས། གང་གི་ཚེ་སྔ་མ་བཞིན་དུ་བྱས་པས་འགྲུབ་པར་འགྱུར་བ་དེའི་ཚེ་ཚེ་དཔག་ཏུ་མེད་པ་དང་མཉམ་ཞིང་མཚུངས་པ་འགྱུར་རོ། །རྡོ་རྗེ་པདྨོ་བཅིངས་ན་ནི། །སྤྱན་རས་གཟིགས་དབང་མཉམ་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་སེམས་མའི་གནས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ནི་རྡོ་རྗེ་པདྨའི་ཡིན་ལ། དེའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་སངས་རྒྱས་པདྨའི་གཟུགས་སོ། །གང་གི་ཚེ་དེ་བཅིངས་པས་འགྲུབ་པར་འགྱུར་བ་དེའི་ཚེ་སངས་རྒྱས་པདྨ་དང་མཚུངས་པར་འགྱུར་རོ། །སངས་རྒྱས་དབང་ནི་རྡོ་རྗེ་རིན་ཆེན་མའི་གནས་ཀྱིས་ཏེ། པདྨ་ཁྲོ་གཉེར་གྱི་ཕྱག་རྒྱ་ཉིད་དེའི་ཕྱག་རྒྱ་ཆེན་པོ་ཡིན་ལ། དེ་བཅིངས་ནས་གང་གི་ཚེ་བསྒོམས་ནས་འགྲུབ་པར་འགྱུར་བ་དེའི་ཚེ་བདེ་བར་གཤེགས་པ་དེ་བཞིན་གཤེགས་པ་དེས་དབང་བསྐུར་བས་དེ་བཞིན་གཤེགས་པ་དང་པདྨ་ཁྲོ་གཉེར་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །པདྨོས་པདྨའི་ཏིང་འཛིན་ཐོབ། །ཅེས་བྱ་བ་ནི་རྡོ་རྗེ་ཆོས་མའི་གནས་ཏེ། པདྨའི་སྒྲོལ་མའི་ཕྱག་རྒྱ་ཆེན་པོ་ཉིད་དེའི་ཕྱག་རྒྱ་ཆེན་པོ་ཡིན་ཏེ། གང་གི་ཚེ་དེ་བསྒོམས་པས་འགྲུབ་པར་འགྱུར་བ་དེའི་ཚེ། དེའི་སྒྲུབ་པ་པོ་ལ་པདྨ་སྒྲོལ་མའི་ཏིང་ངེ་འཛིན་སྟེར་རོ། །སྣ་ཚོགས་ཀྱིས་ནི་སྣ་ཚོགས་མཆོག །ཅེས་བྱ་བ་ནི་རྡོ་རྗེ་པས་མའི་གནས་ཀྱི་ཕྱག་རྒྱ་གང་ཡིན་པ་པདྨ་གར་གྱི་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་ཉིད་ཡིན་པས་དེའི་ཕྱག་རྒྱ་ཆེན་པོ་དེ་བཅིངས་ནས། གང་གིས་བསྒོམས་པས་འགྲུབ་པར་འགྱུར་བ་དེའི་ཚེ། དེས་སྒྲུབ་པ་པོ་ལ་པདྨ་གར་གྱི་དབང་ཕྱུག་གི་གཟུགས་སྣ་ཚོགས་ཀྱི་མཆོག་དེ་སྟེར་བར་འགྱུར་རོ། །སྣ་ཚོགས་གཟུགས་ཀྱིས་འདུལ་བའོ། །ཞེས་བྱ་བ་ནི་གཟུགས་ཐམས་ཅད་སྟན་ནས་གདུལ་བྱའི་འགྲོ་བ་རྣམས་ལ་སྣ་ཚོགས་པའི་གཟུགས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་སྟེར་བའོ། །སངས་རྒྱས་རིན་ཆེན་དབང་བསྐུར་ཏེ། །ཞེས་བྱ་བ་ནི་སངས་རྒྱས་ཐོར་ཚུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི་སངས་རྒྱས་རིན་ཆེན་ཏེ། དེའི་དངོས་གྲུབ་ཀྱི་དབང་བསྐུར་བ་སྒྲུབ་པ་པོ་ལ་སྟེར་བར་འགྱུར་ཏེ། ཐོར་ཚུགས་སངས་རྒྱས་ཉིད་སྟེར་རོ། །ཞེས་བྱ་བའི་དོན་ཏོ། །པདྨའི་སེམས་དཔའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་པདྨའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཆེན་པོ་སྟེ། པདྨའི་ཏིང་ངེ་འཛིན་གྱི་དངོས་
གྲུབ་སྟེར་བའོ། །པདྨའི་ཁྲོ་བོ་དབང་ཕྱུག་དཔལ། །ཞེས་བྱ་བ་ནི་པདྨའི་དོན་ཡོད་པའི་ཕྱག་རྒྱ་ཆེན་པོ་སྟེ། པདྨ་ཁྲོ་བོའི་དབང་ཕྱུག་དེ་ཉིད་ཀྱི་ཕུན་སུམ་ཚོགས་པ་ནི་དཔལ་དེ་འདོད་པར་བྱའོ། །ཇི་ལྟར་དཔལ་དེ་འདོད་པར་བྱ་བ་ཡིན་ཞེ་ན། རྡོ་རྗེ་འཇིག་རྟེན་དབང་ཕྱུག་གིས། །པདྨོ་འདོད་པའི་དངོས་གྲུབ་མཆོག །ཅེས་བྱ་བ་སྨོས་ཏེ། རྡོ་རྗེ་འཇིག་རྟེན་དབང་ཕྱུག་ནི་རྡོ་རྗེ་ཆོས་སོ། །དོན་ཡོད་གྲུབ་པའི་གནས་ནས་ལྷ་ཆེན་པོའི་གཟུགས་འཛིན་པ་དེའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་སྟེ། རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་མཆོག་གི་དངོས་གྲུབ་དམ་པ་ནི། པདྨོ་འདོད་པ་བྱ་བ་སྤྱན་རས་གཟིགས་དབང་ཕྱུག་སྒྲུབ་པ་པོ་ལ་སྟེར་བས་ན། པདྨ་ཁྲོ་བོའི་དབང་ཕྱུག་དཔལ་སྟེར་བ་ཡིན་ནོ། །སངས་རྒྱས་དབང་གི་སངས་རྒྱས་ཉིད། །ཅེས་བྱ་བ་ནི། པདྨའི་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་ནི་པདྨའི་དབང་ཕྱུག་སྟེ། དེའི་དངོས་གྲུབ་ཏུ་གྱུར་པའི་སངས་རྒྱས་ཉིད་སྟེར་བའོ། །རྡོ་རྗེ་པདྨོ་གྲུབ་མཆོག་སྦྱིན། །ཞེས་བྱ་བ་ནི་པདྨོ་རྒྱལ་པོའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་པདྨོ་སྟེ། དེའི་དངོ་གྲུབ་ཏུ་གྱུར་པ་མཆོག་ཏུ་དགེ་བའི་པདྨོའི་རྒྱལ་པོའི་དངོས་གྲུབ་སྟེར་བའོ། །འདོད་པའི་དབང་པོས་ར་འདོད་ལྡན་ནི་པདྨ་ཆགས་པའི་ཕྱག་རྒྱ་ཆེན་པོ་སྟེ། པདྨ་ཆགས་པ་ཉིད་སྟེར་བའོ། །པདྨ་ལེགས་པའི་ཕྱག་རྒྱ་ཆེན་པོ་ནི་ཡང་དག་པའོ། །ལེགས་སྦྱིན་པ་ནི་པདྨ་ལེགས་པའི་ངོ་བོ་དེ་སྟེར་བའོ། །ཁྲོ་གཉེར་གྱིས་ནི་ཁྲོ་ཞིང་མྱུར། །ཞེས་བྱ་བ་ནི་པདྨའི་ཁྲོ་གཉེར་རིག་པའི་རྒྱལ་པོའི་ཕྱག་རྒྱ་ཆེན་པོ་ནི་ཁྲོ་གཉེར་རོ། །ཁྲོ་བ་དང་བཅས་པས་སེམས་ཅན་དང་སེམས་ཅན་མ་ཡིན་པ་གསོད་པ་དེ་ཞི་བར་བྱེད་པའོ། །པདྨོའི་ཉི་མ་ནི་པདྨའི་གཟི་བརྗིད་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། དེ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པའི་གཟི་བརྗིད་སྩོལ་བའོ། །པདྨའི་གཟི་བརྗིད་ཉིད་སྟེར་རོ་ཞེས་བྱ་བའི་དོན་ཏོ། །པདྨོའི་ཟླ་བ་ནི་པདྨོ་དཔལ་གྱི་ཕྱག་རྒྱ་ཆེན་པོས་ཁྱབ་པ་དེ་ནི་མདངས་ཆེན་པོའོ། །བཞད་པས་རབ་ཏུ་བཞད་པ་ཐོབ། །ཅེས་བྱ་བ་ནི་བཞད་པའི་ཕྱག་རྒྱ་ཆེན་པོས་བཞད་པས་རབ་ཏུ་དགའ་ཞིང་བཟང་བའི་བཞད་པ་སྟེ། པདྨ་བཞད་པའི་ངོ་བོ་དེ་སྟེར་བའོ། །སྒྲོལ་བས་ནི་ཆོས་ཀྱི་པདྨའི་ཕྱག་རྒྱ་ཆེན་པོ་དེས་དངོས་གྲུབ་མཆོག་རྡོ་རྗེ་ཆོས་ཀྱི་ཏིང་ངེ་འཛིན་
ཐོབ་པར་འགྱུར་རོ། །པདྨོའི་རལ་གྲི་ནི་པདྨ་རྣོན་པོའི་ཕྱག་རྒྱ་ཆེན་པོ་དེས་པདྨ་རྣོན་པོ་ལྟ་བུའི་དངོས་གྲུབ་དམ་པ་སྐལ་པ་བཟང་པོའི་ཤིན་ཏུ་སྲིད་པ་འགྲུབ་པར་འགྱུར་རོ། །སྐལ་བཟང་སངས་རྒྱས་བཅོམ་ལྡན་འདས། །སྲིད་བ་ཤིན་ཏུ་གྲུབ་པ་ཡིན། །ཞེས་གསུངས་སོ། །མགྲིན་སྔོན་པདྨའི་རྒྱུའི་ཕྱག་རྒྱ་ཆེན་པོ་དེའི་འགུགས་པ་ཆེན་པོས་པདྨའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་འགུགས་ཞེས་བྱ་བའི་དོན་ཏོ། །གོས་དཀར་ནི་པདྨ་གསུང་གི་ཕྱག་རྒྱ་ཆེན་པོའོ། །དེའི་དངོས་གྲུབ་ནི་པདྨ་གསུང་གི་དངོས་གྲུབ་སྟེར་བའོ། །པདྨ་གར་གྱི་དབང་ཕྱུག་ནི་པདྨ་གར་གྱི་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོའོ། །དེ་འགྲུབ་པ་ནི་པདྨ་གར་གྱི་དབང་ཕྱུག་གི་དངོས་གྲུབ་སྟེར་བའོ། །མི་འཇིགས་པ་ནི་པདྨ་སྲུང་བའི་ཕྱག་རྒྱ་ཆེན་པོའོ། །དེ་གྲུབ་པར་གྱུར་པས་རྟག་ཏུ་འཇིགས་པ་མེད་པ་པདྨའི་བསྲུང་བ་ཞེས་བྱ་བའི་དོན་ཏོ། །རབ་གཏུམ་གྱིས་ནི་མ་རུངས་འདུལ། །ཞེས་བྱ་བ་ནི་པདྨའི་གནོད་སྦྱིན་གྱི་ཕྱག་རྒྱ་ཆེན་པོས་བདུད་ཐམས་ཅད་འཇོམས་པའོ། །པདྨའི་ཁུ་ཚུར་ནི་པདྨའི་ཁུ་ཚུར་གྱི་ཕྱག་རྒྱ་ཆེན་པོ་རབ་ཏུ་ལེགས་པར་སྒྲུབ་པར་བྱེད་པ་ནི་རབ་སྒྲུབ་བྱེད་དེ། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པ་སྒྲུབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་འབྲས་བུ་དང་བཅས་པ་བསྟན་ནས། ད་ནི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསླབས་པ་དེའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །པདྨའི་རིགས་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་དམ་ཚིག་འཛིན་པའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེའི་ཡེ་ཤེས་ནི་བསླབ་པའོ། །རྡོ་རྗེ་བསྡམས་པ་བཅིངས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་དབྱིངས་སུ་བཤད་པའི་རྡོ་རྗེ་བསྡམས་པ་བཅིངས་ལ། མཐེ་བོ་དང་མཐེ་ཆུང་གཉིས་མཉམ་པར་བསྒྲེང་བ་དང། ཡི་གེ་ཧྲཱིཿའི་སྔགས་བརྗོད་པ་དང་བཅས་པ་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱར་བཤད་དོ། །ཕྱག་རྒྱ་འདི་ནི་ཆོས་དམ་ཚིག །ཅེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་ཆོས་སོ། །དེའི་དམ་ཚིག་ནི་རྒྱུར་གྱུར་པ་སྟེ། གང་གི་ཕྱིར། ཆོས་ནི་རབ་ཏུ་ཐོབ་པར་བྱེད། ཅེས་བྱ་བ་
སྨོས་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་སངས་རྒྱས་རྣམས་ཀྱི་ཆོས་ཡིན་ལ། དེ་ཕུལ་དུ་བྱུང་བ་སྟེར་བ་ནི་སངས་རྒྱས་ཆོས་ནི་རབ་ཐོབ་བྱེད་དོ། །འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཚེ་ཕྱག་རྒྱ་འདི་བཅིངས་ནས་ཡི་གེ་ཧྲཱིཿ་བརྗོད་ཅིང་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམས་ལ། དེའི་ཚེ་དེའི་རྣལ་འབྱོར་པ་ཕྱག་རྒྱ་འདིས་སངས་རྒྱས་ཀྱི་ཆོས་ཐོབ་པར་འགྱུར་རོ། །རྡོ་རྗེ་བསྡམས་པ་དམ་བཅིངས་ནས། །ཞེས་བྱ་བ་ལ་སོགས་པ་མཛུབ་མོ་དང་གུང་མོ་དང་སྲིན་ལག་བསྙམས་པ་འདི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་གཉིས་པ་སྟེ། སངས་རྒྱས་པདྨ་ཉིད་འགྲུབ་པར་བྱེད་པའོ།། ཇི་སྐད་སྟོན་པ་ཡིན་ཏེ། ཕྱག་རྒྱ་འདི་བཅིངས་ནས། ཨོཾ་བཛྲ་པདྨ་ཨ་ཏ་མ་ཧྲཱིཿ་ཞེས་བྱ་བས་རྣམ་པར་སྣང་མཛད་དུ་བསྒོམས་ནས། གང་གི་ཚེ་རྣམ་པར་སྣང་མཛད་དུ་བསྒོམས་ཤིང་བཟླས་པ་བྱེད་པ་དེའི་ཚེ་རྣམ་པར་སྣང་མཛད་འགྲུབ་པར་འགྱུར་རོ། །རྡོ་རྗེ་བསྡམས་པ་བཅིངས་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་གུང་མོ་གཉིས་སེམས་མ་རྡོ་རྗེ་མ་ལྟར་བསྙམས་པ་འདི་རྡོ་རྗེ་སེམས་མ་དང༌། རྡོ་རྗེ་སེམས་དཔའི་གནས་ཀྱི་རྡོ་རྗེ་པདྨའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་ཧཱུཾ་ཕཊ། ཅེས་བྱ་བ་གང་གི་ཚེ་ཕྱག་ན་རྡོ་རྗེར་བསྒོམས་པ་དེའི་ཚེ། རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན་བའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེའི་ཕྱིར། །འདི་ནི་རིག་པ་དམ་པ་ཡི། །ཕྱག་རྒྱ་ཡིན་ཏེ་རྡོ་རྗེ་འགྲུབ། །ཅེས་གསུངས་སོ། །དེ་ལས་གུང་མོ་རིན་ཆེན་འདྲ། །ཞེས་བྱ་བ་ནི་བཤད་མ་ཐག་པའི་རྡོ་རྗེ་སེམས་མའི་རིག་པ་དམ་པའི་ཕྱག་རྒྱའི་གུང་མོ་གཉིས་ཀྱི་ཚུལ་ལས་རིན་པོ་ཆེའི་དབྱིབས་སུ་བྱས་པ་ནི། རྡོ་རྗེ་རིན་ཆེན་མའི་གནས་དང༌། རྡོ་རྗེ་སྙིང་པོའི་སངས་རྒྱས་ལ་དབང་བསྐུར་བའི་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་སྙིང་པོའི་རྣལ་འབྱོར་བྱས་ལ། ཨོཾ་བཛྲ་རཏྣ་ཨུཏྟ་མ་ཏྲ་ཞེས་བརྗོད་ཅིང༌། གང་གི་ཚེ་རྡོ་རྗེ་སྙིང་པོ་བདག་ཉིད་བསྒོམས་པ་དེའི་ཚེ། རྡོ་རྗེ་སྙིང་པོར་འགྱུར་རོ། །དེ་བས་ན། རྡོ་རྗེ་རིན་ཆེན་རབ་གྲུབ་བྱེད། །ཅེས་གསུངས་སོ། །གུང་མོ་པདྨའི་ཚུལ་དུ་བྱས། །པདྨའི་དངོས་གྲུབ་རབ་ཐོབ་བྱེད། །ཅེས་བྱ་བ་ནི། རྡོ་རྗེ་སེམས་མའི་རྡོ་རྗེ་རིག་པ་དམ་པའི་ཕྱག་རྒྱའི་གཟུགས་ལས་གུང་མོ་གཉིས་པདྨའི་འདབ་མ་ལྟར་བྱས་པ་ནི་རྡོ་རྗེ་ཆོས་མ་དང༌།
པདྨའི་པདྨ་རྡོ་རྗེ་སྤྱན་གྱི་དམ་ཚིག་གི་ཕྱག་རྒྱ་སྟེ། རྡོ་རྗེ་དབྱིངས་ལས་བཤད་པའི་ཚུལ་གྱིས་རྡོ་རྗེ་སྤྱན་གྱི་རྣལ་འབྱོར་བྱས་ལ་འདི་བཅིང་སྟེ། ཨོཾ་བཛྲ་བི་ཏོཏྟ་མ་ཧྲཱིཿ་ཞེས་བྱ་བ་བཟླས་ཤིང༌། གང་གི་ཚེ་རྡོ་རྗེ་སྤྱན་བསྒོམས་ནས་འགྲུབ་པར་འགྱུར་བ་དེའི་ཚེ་པདྨའི་དངོས་གྲུབ་འདི་རབ་ཏུ་ཐོབ་པར་བྱེད་དོ། །རྡོ་རྗེ་སྤྱན་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཐལ་མོ་བསྡམས་བྱས་ནས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་བྱ་བ་ནི། རྡོ་རྗེ་ཐལ་མོ་བཅིངས་པ་ནི། རྡོ་རྗེ་ལས་མའི་གནས་སུ་སྣ་ཚོགས་པདྨའི་དམ་ཚིག་གི་ཕྱག་རྒྱ་དང༌། རྡོ་རྗེ་སྣ་ཚོགས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། རྡོ་རྗེ་དབྱིངས་ལས་གསུངས་པའི་རྡོ་རྗེ་སྣང་ཚོགས་པའི་རྣལ་འབྱོར་བྱས་ལ། འདི་བཅིངས་ཏེ། ཨོཾ་བཛྲ་བི་ཤ་ཨུཏྟ་མ་ཨ་ཞེས་བྱ་བ་བཟླས་ལ། གང་གི་ཚེ་རྡོ་རྗེ་སྣ་ཚོགས་སུ་བདག་ཉིད་བསྒོམས་ན། དེའི་ཚེ་གྲུབ་པར་འགྱུར་བ་གང་ཡིན་པ་དེས་རྡོ་རྗེ་ལས་ནི་བྱེད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་རྡོ་རྗེ་བཅིངས་ནས་ནི། །སྐད་ཅིག་གིས་ནི་དམ་ཚིག་འགྲུབ། །ཅེས་བྱ་བ་ནི། རྡོ་རྗེ་བསྡམས་པ་དམ་བྱས་ལ། །གུང་མོ་བསྙམས་ལ་རྡོ་རྗེར་བྱ། །ཆོས་ཀྱི་རྡོ་རྗེ་ཞེས་གྲགས་པ། །དཀྱིལ་འཁོར་ཆེན་པོ་སྒྲུབ་བྱེད་པ།། འདི་དམ་དུ་བཅིངས་པས་དམ་ཚིག་གི་དཀྱིལ་འཁོར་དུ་ཞུགས་ན་སྐད་ཅིག་མ་དེ་ཉིད་ཀྱི་ཚེ་འགྲུབ་ཅིང་རྫོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཚེ་སློབ་དཔོན་གྱིས། ཨོཾ་བཛྲ་པདྨ་ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང༌། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་ཆོས་མ་འདི་ཇི་ལྟ་བ་བཞིན་དུ་བཅིངས་ལ། ཨོཾ་པདྨ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་ཆེན་པོར་ཞུགས་པར་འགྱུར་བ་དེའི་ཚེ་སྐད་ཅིག་མ་དེ་ཉིད་ལ་དཀྱིལ་འཁོར་ཆེན་པོར་ཞུགས་པས་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་སློབ་མས་ཀྱང་ཞུགས་པས་འགྲུབ་པར་འགྱུར་རོ། །ཁ་ཅིག་ནི་དཀྱིལ་འཁོར་སྤྲུལ་པའི་ཕྱག་རྒྱ་ཡིན་ནོ་ཞེས་ཟེར་ཏེ། འདི་ནི་མ་ཡིན་ཏེ། གང་གི་ཕྱིར་རིགས་ཀྱི་དམ་ཚིག་འདི་དང་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་འདིས་དཀྱིལ་འཁོར་དུ་འཇུག་པ་ཉིད་ཡིན་གྱི་སྤྲུལ་པ་ནི་མ་ཡིན་ནོ། །དམ་ཚིག་གི་ཕྱག་རྒྱས་དཀྱིལ་འཁོར་སྤྲུལ་པར་བྱེད་པ་མ་ཡིན་གྱི་ཕྱག་རྒྱ་ཆེན་པོ་ཉིད་ཀྱིས་དཀྱིལ་འཁོར་
སྤྲུལ་པར་གསུངས་པའི་ཕྱིར་རོ། །རྡོ་རྗེ་བསྡམས་ནས་མཛུབ་བསྙམས་པ། །སངས་རྒྱས་དངོས་གྲུབ་རབ་ཐོབ་བྱེད། །ཅེས་བྱ་བ་ནི། རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བསྙམས་ལ་ཁབ་ལྟར་བྱས་པ་འདི་དང༌། བུདྡྷ་ཧཱུཾ་ཞེས་བྱ་བའི་སྙིང་པོས་དཀྱིལ་འཁོར་རམ་རང་གི་ལུས་སམ་རས་ལ་སོགས་པ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྦྱན་དྲངས་ནས་བསྒྲུབ་པར་བྱས་ན། དེ་ལྟར་སངས་རྒྱས་ཀྱི་དངོས་གྲུབ་རབ་ཏུ་ཐོབ་པར་བྱེད་དོ། །དེ་ནས་རབ་ཏུ་བཤད་བྱ་བ། །ཞེས་པ་ལ་དེ་ལྟར་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་བསྟན་ནས། འགྲོ་བ་འདུལ་པ་ནས་བརྩམས་ནས། །པདྨ་འབེབས་པའི་བར་ནི་སེམས་དཔའི་ཕྱག་རྒྱ་སྟེ། སེམས་དཔའ་དེ་དག་གི་དམ་ཚིག་འཛིན་པའི་ཕྱག་རྒྱ་ནི་སེམས་དཔའི་ཕྱག་རྒྱའོ། །ཁྱད་པར་ནི་གང་དང་གང་གིས་ཕྱག་རྒྱ་འཆད་པར་འགྱུར་བའི་ཕྱག་རྒྱ་གསལ་བར་སྟོན་པའོ། །རྡོ་རྗེ་ཐལ་མོ་བསྡམས་ནས་ཀྱང། །གུང་མོ་མཉམ་བསྙམས་དེ་བཞིན་དུ། །ཞེས་བྱ་བ་ནི། གུང་མོ་གཉིས་པོ་དེ་བསྙམས་པར་བྱས་པ་ནི་གུང་མོ་བསྙམས་པ་སྟེ། གུང་མོ་གཉིས་བསྙམས་ནས་བསྒྲེང་བ་གང་ཡིན་པ་དེ་ནི་གུང་མོ་བསྙམས་ནས་ཕྱེ་བའོ། །དེ་བཞིན་དུ། མཐེ་ཆུང་མཐེ་བོ་ཕྱེ་བ་ནི། །ཞེས་བྱ་བ་ནི་མཐེའུ་ཆུང་དང་མཐེ་བོ་གཉིས་ཕྱེ་ལ་ཕྱི་རོལ་དུ་བརྐྱང་ནས། པདྨ་འདབ་མ་བཞི་བ་ལྟར་བྱས་པ་གང་ཡིན་པ་དེ་ནི། མཐེ་ཆུང་མཐེ་བོ་ཕྱེ་བ་ནི་སྣ་ཚོགས་པདྨར་བཤད་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཐལ་མོ་ལས་གུང་མོ་གཉིས་བསྙམས་ལ། མཐེ་ཆུང་དང་མཐེ་བོ་སོ་སོར་བརྐྱང་བ་ནི། འགྲོ་བ་འདུལ་བའི་དམ་ཚིག་ཕྱག་རྒྱའོ། །དེ་ལས་མཐེ་བོ་གཉིས་བསྣོལ་ཏེ། །དབུས་ཀྱི་རྡོ་རྗེ་སྤྱི་གཙུག་ཕུད། །མཛུབ་གཉིས་རྩེ་སྤྲད་བཀུག་པའི་གཟུགས། །ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའི་ཕྱག་རྒྱ་ཉིད་ལས་མཐེ་བོ་གཉིས་བསྣོལ་ཏེ་མཛུབ་མོ་གཉིས་བཀུག་ལ། གུང་མོ་གཉིས་བསྙམས་ཏེ་བསྒྲེང་བའི་རྒྱབ་ཏུ་བཙུགས་ཏེ། གཙུག་ཕུད་སངས་རྒྱས་ཡིན་པར་བཤད་པ་ནི། གཙུག་ཕུད་སངས་རྒྱས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དམ་བཅིངས་ལ། ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་བསྡམས་པ་དམ་པོར་བརྟན་པར་བསྡམས་པའོ། །མཐེ་
བོ་གཉིས་བསྙམས་རྩེ་བཏུད་ནས། མཛུབ་མོ་གཉིས་ནི་རྩེ་མོ་སྤྲད་ནས་ཁ་ཐུར་དུ་བསྟན་ནས་བཀན་ཏེ་བཞག་པ་གང་ཡིན་པ་ད་ནི་ཏིང་ངེ་འཛིན་པདྨའོ། །ཐལ་མོ་པདྨོར་མཉམ་སྦྱར་ལ། །མཛུབ་མོ་རྡོ་རྗེ་བསྙམས་ནས་ནི། །མཛུབ་མོ་གཉིས་བསྙམས་ན་བརྐྱང་བར་བྱའོ། །མཐེ་བོ་ངོས་ལ་སྦྱར་བ་ནི། །ཞེས་བྱ་བ་ནི་མཐེ་བོ་གཉིས་ཀྱི་ཁ་ཕྱེ་བ་དེ་ནི་ངེས་པའི་དབང་ཕྱུག་གི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་མཉམ་པར་སྤྱར་ལ་མཛུབ་མོ་གཉིས་བསྙམས་ཏེ། བསྡམས་ནས་མཐེ་བོ་གཉིས་ཁ་ཕྱེ་བ་ནི་པདྨ་དོན་ཡོད་པའི་དབང་ཕྱུག་གི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་བསྡམས་པ་བསྡམས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་བསྡམས་པ་བརྟན་པོར་བཅིངས་ལ། ལེགས་པར་བཀན་ཏེ་མཐེ་བོ་གཉིས་པདྨའི་འདབ་མ་ལྟར་བྱས་པ་ནི་སངས་རྒྱས་པདྨོའོ། །མཐེ་བོ་གཉིས་ནི་རྡོ་རྗེར་བསྙམས། །ཞེས་བྱ་བ་ལ་སོགས་པ་ནི་ལག་པ་གཉིས་ཐལ་མོ་སྦྱར་ལ་གཡས་པའི་མཛུབ་མོ་རལ་གྲི་ལྟར་བྱས་ལ། གཡོན་པའི་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་ནས། མཐེ་ཆུང་གཉིས་སོ་སོར་ཕྱེ་ལ་གུང་མོ་དང་སྲིན་ལག་གཉིས་པདྨའི་འདབ་མ་ལྟར་བྱས་པ་ནི་པདྨའི་རྒྱལ་པོའིའོ། །ཐལ་མོ་མཉམ་པར་རབ་སྦྱར་ལ། །ཞེས་བྱ་བ་ལ་སོགས་པ་ནི་ཐལ་མོ་མཉམ་པར་རབ་ཏུ་སྦྱར་ལ་གཡོན་པའི་མཐེ་བོ་གཡས་པའི་མཐེ་པོས་བཟུང་ནས། དེ་ནས་གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱས་པས། གཡོན་པའི་མཛུབ་མོ་བཟུང་ནས། གཡོན་ལོགས་ནས་འདྲེན་པ་ལྟར་བྱེད་པ་ནི་པདྨ་ཆགས་པའིའོ། །ཐལ་མོ་སྦྱར་ནས་མཉམ་པར་བཀན། །ལེགས་པའི་ཕྱག་རྒྱ་བཅིངས་ནས་ནི། །ཞེས་བྱ་བ་ནི་ཐལ་མོ་སྦྱར་ནས་མཉམ་པར་བཀན་ལ། མཛུབ་མོ་དང་མཐེ་བོ་གཉིས་ཀྱིས་ལེགས་སོ་སྦྱིན་པའི་ཚུལ་དུ་བྱེད་པ་ནི་པདྨོ་ལགས་པའིའོ། །ཐལ་མོ་མཉམ་པར་རབ་སྦྱར་ལ། །ཞེས་བྱ་བ་ལ་སོགས་པ་ནི་ཐལ་མོ་མཉམ་བར་དམ་དུ་སྦྱར་ལ་མཛུབ་མོ་གཉིས་ཀྱི་ཚིགས་ གསུམ་པ ་བཀུག་ནས། མིག་ལྟ་བུར་བྱས་ལ་མཐེའུ་ཆུང་གཉིས་ཕྱེ་ལ་མཛོད་སྤུའི་ཕྱོགས་སུ་གཞག་པ་ནི། པདྨའི་ཁྲོ་གཉེར་རིག་པའི་རྒྱལ་པོའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །སོར་མོ་ཐམས་ཅད་དཀྱིལ་འཁོར་དུ། །སྙིང་གར་རབ་ཏུ་བརྐྱང་བ་ནི།།
པདྨ་ཉི་མ་ཡིན་པར་བཤད། །རྡོ་རྗེ་བསྡམས་པ་དམ་པོར་བྱས་ལ། སོར་མོ་ཐམས་ཅད་དཀྱིལ་འཁོར་གྱི་ཚུལ་དུ་སྙིང་གར་རབ་ཏུ་བརྐྱང་ནས་རབ་ཏུ་བསྐོར་བ་ནི་པདྨ་ཉི་མའོ། །ཐལ་མོ་རབ་ཏུ་དམ་སྦྱར་ལ། །ཞེས་བྱ་བ་ལ་སོགས་པ་ནི་མཉམ་པའི་ཐལ་མོའི་མཛུབ་མོ་གཉིས་རིན་པོ་ཆེ་འདྲ་བར་བྱས་ནས། དཔུང་པ་སྤྱི་བོར་རབ་ཏུ་བརྐྱང་སྟེ། བཞག་པའི་ཕྱག་རྒྱ་འདི་ནི་པདྨའི་ཟླ་བའིའོ། །རྡོ་རྗེ་བསྡམས་པ་སྤྱི་བོར་གཞག །ཁ་དང་བཅས་པས་རབ་བརྐྱང་ནས། །ཉིད་ཀྱི་ཁ་ནས་དགོད་པ་དང༌། །ཁ་ནི་མཆུ་གཅིག་ཉིད་དུ་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་སྤྱི་བོར་བཞག་སྟེ། སོར་མོའི་རྩེ་མོ་ཐམས་ཅད་བརྐྱང་ནས་དགོད་པའི་ཚུལ་དུ་བྱེད་པ་ནི་པདྨ་བཞད་པའིའོ། །ཏིང་འཛིན་པདྨོ་བཅིངས་ནས་ནི། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཏིང་ངེ་འཛིན་པདྨའི་ཕྱག་རྒྱ་བཅིངས་ལ། མཐེ་བོ་གཉིས་བསྙམས་ཏེ་ཁ་གྱེན་དུ་བསྟན་ནས་བཞག་པ་ནི་པདྨ་སྒྲོལ་མའིའོ། །པདྨ་སྒྲོལ་མའི་ཕྱག་རྒྱ་ནི། །མཛུབ་གཉིས་པདྨའི་ཚུལ་དུ་བཅིངས། །རལ་གྲིའི་ཚུལ་དུ་བྱས་པ་འདི། །པདྨོ་རལ་གྲིའི་ཕྱག་རྒྱ་ཡིན། །ཞེས་བྱ་བ་ནི་བཤད་མ་ཐག་པའི་པདྨའི་སྒྲོལ་མའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་བཅིངས་ཏེ། མཛུབ་མོ་གཉིས་ཀྱི་ཚིགས་ གསུམ་པ ་བཀུག་ལ་པདྨ་རལ་གྲིའི་ཚུལ་དུ་བྱས་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་གཅོད་པའི་ཚུལ་དུ་བྱེད་པ་འདི་ནི་པདྨ་རྣོན་པོའིའོ། །མཐེའུ་ཆུད་པདྨ་ཆེན་པོ་བྱ། །ཞེས་བྱ་བ་ལ་སོགས་པ་ནི་ཐལ་མོ་སྦྱར་བའི་མཐེའུ་ཆུང་གཉིས་པདྨར་བྱ་བ་དང༌། མཐེ་བོ་གཉིས་དབྱིག་པ་ལྟར་བསྒྲེང་ལ། མཛུབ་མོ་གཡས་པ་དང་གཡོན་པ་བསྐུམ་སྟེ། གུང་མོ་དང་སྲིན་ལག་གཉིས་ཅུང་ཟད་བརྐྱང་ལ། རྡོ་རྗེ་བསྡམས་པ་བཅིངས་པ་ནི་པདྨ་ཁྱབ་འཇུག་གིའོ། །རྡོ་རྗེ་བསྡམས་པ་ཐལ་མོ་དམ་བྱས་ལ། ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཐལ་མོ་དམ་དུ་བཅིངས་ནས་མཐེ་བོ་གཡས་པས་རྡོ་རྗེ་བསྡམས་པའི་ཚུལ་དུ་ཅི་ནུས་པར་བཅིང་བར་བྱའོ། །གཡས་པའི་ཨོཾ་གྱི་ནང་དུ་གཞུག །གཡོན་པའི་མཛུབ་མཐེ་བ་བཟླས་པ་བྱ། །ཞེས་བྱ་བ་ནི་གཡོན་པའི་མཐེ་བོ་དང་མཛུབ་མོ་གཉིས་བཟླས་པའི་ཕྲེང་བ་འདྲེན་པའི་ཚུལ་དུ་བྱའོ། །སོར་ཀུན་ཆུ་སྐྱེས་ཁ་བྱེ་
འདྲ། །ཞེས་བྱ་བ་ནི་ལྷག་མའི་སོར་མོ་རྣམས་ཅུང་ཟད་ཁ་བྱེ་བའི་ཚུལ་དུ་བྱེད་པ་པདྨ་གསུང་བའིའོ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ལ། །ཞེས་བྱ་བ་ནི། གཡོན་དང་གཡས་ནས་དེ་བཞིན་དུ་འགྱིང་བ་དང་བཅས་པས་གཡས་དང་གཡོན་གྱི་ལོགས་སུ་གར་བྱེད་པས་བསྐོར་ནས་ཕྱིས་སྤྱི་བོར་འཇོག་པ་ནི་པདྨ་གར་གྱི་དབང་ཕྱུག་གོ །རྡོ་རྗེ་ཐལ་མོ་དམ་བྱས་ལ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་བཞིན་རྩེ་ཀུན་ཁ་བྱེ་བ། །ཞེས་བྱ་བ་ནི་སོར་མོ་ཐམས་ཅད་བརྐྱང་ནས་ཡོངས་སུ་བསྐོར་ཏེ་པདྨོར་བྱས་ལ། པདྨོའི་ཚུལ་གྱིས་རྡོ་རྗེ་ཐལ་མོ་བཅིང་བར་བྱའོ། །རྡོ་རྗེ་ཐལ་མོ་ལས་སོར་མོ་ཐམས་ཅད་ཁ་ཕྱེ་ལ་པདྨ་ལྟར་བྱས་ནས། །ཕྱིས་རྡོ་རྗེ་ཐལ་མོ་བཅིངས་ལ། སྙིང་གའི་ཕྱོགས་སུ་གཞག་པར་བྱའོ་ཞེས་བྱ་བ་འདི་ནི་པདྨའི་བསྲུང་བའོ། །རྡོ་རྗེ་ཐལ་མོ་དམ་བྱས་ལ། །གསང་བའི་གནོད་སྦྱིན་ཚུལ་དུ་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའི་མཛུབ་མོ་གཉིས་བསྐུམ་ལ་གུང་མོ་གཉིས་མཐེ་བོ་གཉིས་མཐེ་བོ་གཉིས་ཀྱིས་མནན་ནས། ཞལ་གྱི་མཆེ་བ་གཙིགས་པ་བཞིན་དུ་ཡང་ཁར་བཞག་ལ་གསང་བའི་གནོད་སྦྱིན་གྱི་ཚུལ་དུ་བྱའོ། །གསང་བའི་གནོད་སྦྱིན་གྱི་སྦྱོར་བ་འདི་དང་ལྡན་པས་ན་གསང་བའི་གནོད་སྦྱིན་གྱི་ཚུལ་དུའོ། །ཐལ་མོ་སྦྱར་ཏེ་བརྐྱང་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་བརྐྱང་ལ་རང་གི་ཁར་གཞག་པ་ནི་པདྨའི་གནོད་སྦྱིན་ཞེས་བྱ་བ་པདྨ་གནོད་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་བཅིངས་ནས་ཀྱང༌། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་དམ་དུ་བཅིངས་ལ། གུང་མོ་གཉིས་ནི་ཕྱིར་བཀུག་སྟེ། །རང་གི་མཐེ་བོ་རྒྱབ་མནན་པ། །ཞེས་བྱ་བ་ནི་དམ་ཚིག་གི་ཁུ་ཚུར་དེའི་ཕྱག་རྒྱའི་གུང་མོ་གཉིས་བསྐུམ་པས་རང་གི་མཐེ་བོ་གཉིས་ཀྱི་རྒྱབ་མནན་པ་འདི་ནི་པདྨའི་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་དབྱིངས་ཀྱི་ཚུལ་དུ་ནི། །རྡོ་རྗེ་ཐལ་མོ་ལས་བྱུང་བ། །མཆོད་པའི་ལྷ་མོ་ཐམས་ཅད་ཀྱི། །དམ་ཚིག་མཆོག་རྣམས་བཅིངས་པའོ། །ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་ལས། སྙིང་གར་མཐེ་བོ་བསྙམས་ལ་གཞག །རབ་ཏུ་བརྐྱང་བ་ཕྲེང་བའོ། །ཐལ་མོ་སྦྱར་བ་ཁ་ནས་དབྱུང༌། །གར་ལ་ཐལ་སྦྱར་སྤྱི་བོར་གཞག །རྡོ་རྗེ་བཅིངས་པ་ཐུར་
དུ་བླུགས། །རང་གི་ཐལ་སྦྱར་གྱེན་དུ་གཏོར། །མ་ཐེ་བོ་བཅིངས་བ་རབ་ཏུ་བསྡམས། །རབ་ཏུ་བརྐྱང་བ་བྱུགས་པའོ། །ཞེས་བྱ་བ་འདི་དག་པདྨའི་སྒེག་མོ་ལ་སོགས་པ་ནས་པདྨའི་དྲིའི་མཐར་ཐུག་པ་རྣམ་པ་བརྒྱད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དམ་བཅས་ལ། །མཛུབ་མོ་གཉིས་ནི་མཉམ་སྦྱར་ལ། །བཀུག་ནས་རྩེ་མོ་སྦྱར་བ་ནི། །རྟ་མགྲིན་དེ་ནི་ཡིན་པར་བཤད། །ཅེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་རྟའི་གདོང་པ་ལྟ་བུར་བྱས་ལ། དེའི་རྩེ་མོ་མདུན་དུ་ཡང་དང་ཡང་བརྐྱང་བསྐུམ་སྟོན་པ་ནི་རྟ་མགྲིན་གྱི་དམ་ཚིག་གི་ཕྱག་རྒྱའོ། །པདྨའི་ཐལ་མོ་མཉམ་སྦྱར་ལ། །མཛུབ་གཉིས་མདུད་པ་མདུད་བ་ནི། །ཞེས་བྱ་བ་ནི་མཛུབ་མོ་གཉིས་ཕན་ཚུན་ཅུང་ཟད་བཀུག་ནས་ལྕགས་ཀྱུའི་ཚུལ་དུ་བཟུང་ལ་མདུད་པ་མདུད་པ་ནི་དོན་ཡོད་ཞགས་པའི་ཕྱག་རྒྱའོ། །མཐེབ་མཛུབ་ལྕགས་སྒྲོག་འདྲ་བར་བྱ། །ཞེས་བྱ་བ་ནི་ཐལ་མོ་ཅུང་ཟད་ཁ་འབྱེད་པའི་མཛུབ་མོ་དང་མཐེ་བོ་གཉིས་ལྕགས་སྒྲོག་འཆིང་བའི་ཚུལ་དུ་བྱེད་པ་འདི་ནི་པདྨ་ལྕགས་སྒྲོག་གི་ཕྱག་རྒྱའོ། །རྡོ་རྗེ་འབེབས་པའི་ཚུལ་གྱིས་ནི། །པདྨོ་ཐལ་མོ་མཉམ་སྦྱར་ལ། །སྲིན་ལག་མཐེ་ཆུང་གཉིས་བར་དུ། །མཐེ་བོ་གཉིས་བཅུག་དམ་དུ་བཙིར། །ཞེས་བྱ་བ་ནི་ཐལ་མོ་ཅུང་ཟད་ཁ་བྱེ་བའི་ནང་དུ་རང་གི་མ་ཐེའུ་ཆུང་གཉིས་ཀྱི་བར་དུ་མཐེ་བོ་གཉིས་བཅུག་ལ་བཙིར་བ་ནི། པདྨ་འབེབས་པའི་དམ་ཚིག་གི་ཕྱག་རྒྱའོ། །བྱམས་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ནི། ཇི་ལྟར་བྲིས་པའི་རྗེས་སུ་འབྲང་བར་ཤེས་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་ཡང་བཤད་ཟིན་ཏོ། །དེ་ནས་པདྨོའི་རིགས་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའོ། །ཆོས་ཞེས་བྱ་བ་ནི་མཚོན་པ་སྟེ། ཡི་གེའི་བདག་ཉིད་ཕྱག་རྒྱའི་ཡེ་ཤེས་སུ་འགྱུར་རོ། །ཡེ་ཤེས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ལྗགས་ལ་རྡོ་རྗེ་དགོང་བར་བྱའོ། །འགྲོ་བ་འདུལ་བ་དང༌། སངས་རྒྱས་པདྨ་དང༌། རྡོ་རྗེ་ཆོས་མ་རྣམས་ཀྱི་ལྗགས་ལ་ནི་ཧྲཱིའོ། །པདྨ་རྒྱལ་པོ་ལ་གྲིའོ། །པདྨ་ཆགས་པ་ལ་པྲིའོ། །པདྨ་ལེགས་པ་ལ་ཧཱིའོ། །གཙུག་ཕུད་སངས་རྒྱས་དང་སངས་རྒྱས་པདྨ་དབང་བསྐུར་བའི་པདྨའི་རིན་པོ་ཆེ་མ་དང༌། པདྨའི་ཁྲོ་གཉེར་རྣམས་ལ་ཤྲཱིའོ། །པདྨའི་ཉི་མ་ལ་ཤྲིའོ། །པདྨའི་ཟླ་བ་
ལ་དྷིའོ། །པདྨའི་བཞད་པ་ལ་ཧིའོ། །པདྨའི་ཏིང་ངེ་འཛིན་དང༌། པདྨའི་པདྨོ་མ་དང༌། པདྨ་སྒྲོལ་མ་རྣམས་ལ་གིའོ། །པདྨའི་རྣོན་པོ་ལ་དྷིའོ། །པདྨའི་རྒྱུ་ལ་ཀྲིའོ། །པདྨའི་གསུང་བ་ལ་བིའོ། །པདྨའི་ངེས་པའི་དབང་ཕྱུག་དང་སྣ་ཚོགས་པདྨ་དང༌། པདྨ་གར་གྱི་དབང་ཕྱུག་མ་རྣམས་ལ་བིའོ། །པདྨ་བསྲུང་བ་རྀའོ། །པདྨའི་གནོད་སྦྱིན་ལ་ནི་ཥྜིའོ། །པདྨའི་ཁུ་ཚུར་ལ་ཨཱའོ། །མ་ཧཱ་ར་ཏེ། རཱུ་པ་ཤྭ་བེ། ཤྭ་ཏྲ་སོའུ་ཁྱེ། སརྦྦ་པུ་ཛེ། ཕ་ལ་ད་ནི། ཕ་ལ་ག་མི། སུ་དེ་ཛ་གྲི། སུ་གནྡྷཱ་གི །ཨ་ཡ་ཧི་ཛཿ། ཨ་ཧི་ཧཱུཾ་ཧཱུཾ། ཧེ་སྦོ་ཊ་བཾ། གཎྜ་ཨ་ཨ་ཞེས་བྱ་བ་དང༌། མཐར་ཡི་གེ་ཧྲཱི་དང་བཅས་པས་སྒེག་མོ་ལ་སོགས་པའི་ལྗགས་ལ་བསམ་པར་བྱའོ། །བྱམས་པ་ལ་སོགས་པ་རྣམས་ལ་ནི་རང་གི་རིག་པ་ཡིན་ནོ། །པདྨའི་ཁུ་ཚུར་གཉིས་བྱས་ལ། །ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་པདྨའི་ཁུ་ཚུར་གྱི་དམ་ཚིག་གི་ཁུ་ཚུར་གཉིས་སུ་བྱས་ལ་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། དེའི་རིམ་པ་ནི་འདི་ཡིན་ཏེ། གཡོན་པའི་པདྨ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཆེ། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལས་ཀྱི་ཕྱག་རྒྱའོ། །གཡས་པ་དང་གཡོན་པའི་ཐལ་མོ་ཁ་ཕྱེ་བའི་ཚུལ་དུ་བྱེད་པ་ནི་འགྲོ་བ་འདུལ་བའིའོ། །བསྒྱིངས་བཅས་གསོར་བ་གཉིས་ཀ་ཡིས། །སངས་རྒྱས་པདྨ་དང་རྡོ་རྗེ་ཆོས་མ་གཉིས་ཀྱིའོ། །ལྕགས་ཀྱུ་འཛིན་ལྟར་གནས་པ་ནི། །པདྨའི་རྒྱལ་པོའིའོ། །མདའ་འཕང་བ་ཡི་ཚུལ་དང་ནི། །པདྨ་ཆགས་པའིའོ། །ལེགས་སོ་ཞེས་པ་སྙིང་གར་གཞག །པདྨ་ལེགས་པའིའོ། །ཏིང་ངེ་འཛིན་མཆོག་ནི། གཙུག་ཕུད་སངས་རྒྱས་ཀྱིའོ། །དབང་བསྐུར་བ་ནི་རྡོ་རྗེ་གཉིས། །པདྨའི་ཁྲོ་གཉེར་རིན་ཆེན་དང༌། པདྨའི་དབང་བསྐུར་མ་དང་གཉིས་ཀྱིའོ། །སྙིང་གར་ཉི་མ་བསྟན་པར་བྱ། །པདྨ་གཟི་བརྗིད་ཀྱིའོ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །པདྨ་ཟླ་བའིའོ། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ། །པདྨ་བཞད་པའིའོ། །ཡང་གཡས་པ་དང་གཡོན་པའི་ཐལ་མོ་ཕྱེ་བ་ནི་པདྨའི་ཏིང་ངེ་འཛིན་དང༌། པདྨ་སྒྲོལ་མ་དང༌། པདྨའི་པདྨོ་དང་གསུམ་གྱི་ཡིན་ནོ། །སྙིང་གར་
གཡོན་པའི་རལ་གྲི་མདུང༌། །པདྨ་རྣོན་པོའིའོ། །མགལ་མེའི་འཁོར་ལོ་བསྐོར་བ་དང༌། །པདྨའི་རྒྱུའིའོ། །རྡོ་རྗེ་གཉིས་ཀ་ཁ་ནས་དབྱུང༌། །པདྨ་གསུང་བའོ། །རྡོ་རྗེ་གར་བསྐོར་བཀྲོལ་བ་ཡིས། །ཐལ་མོ་འགྲམ་ པ་སྤྱི་བོར་གཞག །པདྨ་ངེས་པའི་དབང་ཕྱུག་དང༌། པདྨ་གར་གྱི་དབང་ཕྱུག་དང༌། སྣ་ཚོགས་པདྨ་དང་གསུམ ་གྱི་ཡིན་ནོ། །གོ་ཆ་པདྨའི་བསྲུང་བའིའོ། །མཐེའུ་ཆུང་མཆེ་བ་དང༌། པདྨ་གནོད་སྦྱིན་གྱིའོ། །ཁུ་ཚུར་གྱི་ཉིས་ནི་མནན་པའོ། །པདྨ་ཁུ་ཚུར་གྱིའོ། །རྡོ་རྗེ་བསྒྱིང་པའི་ཚུལ་གྱིས་ནི། །བསམ་པ་གཡོས་པས་འདུད་པར་བྱ། །ཕྲེང་བ་བཅིང་དང་ཁ་ནས་དབྱུང༌། །རྡོ་རྗེ་གར་ནི་བསྐུར་བ་ཡིན། །པདྨ་བཅིང་བ་ཐུར་དུ་བླུགས། །པདྨའི་ཁུ་ཚུར་གྱེན་དུ་འཐོར། །མཐེ་བོ་བསྙམས་ཏེ་རབ་ཏུ་བསྡམས། །རབ་ཏུ་བརྐྱང་ནས་བྱུག་པའོ། །མཛུབ་མོ་ལྕགས་ཀྱུ་བཅིང་བ་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་ལ་མཛུབ་གཉིས་མདུད། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་གནས། །ཞེས་བྱ་བ་དང༌། བྱམས་པ་ལ་སོགས་པ་རྣམས་ཀྱི་ནི་ཡི་གེ་ཀྲི་ལས་རང་གི་སྙིང་གར་སྣ་ཚོགས་པདྨ་བསམས་ནས་ཕྱག་རྒྱ་ཆེན་པོ་འཆིང་བའི་ཚུལ་དུ་བྱེད་པ་ཉིད་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་དམ་ཚིག་ནི་པདྨའི་རིགས་སོ། །དེའི་རྟོག་པ་ལས་བྱུང་བས་ན་རྟོག་པའོ། །གཞན་ལས་ཆེས་ཤིན་ཏུ་ཁྱད་པར་དུ་གྱུར་པའི་གཟུགས་ཐམས་ཅད་སྟོན་པའི་རང་བཞིན་ཡིན་པའི་ཕྱིར་དང༌། གསལ་བས་ན་རྒྱལ་བོ་སྟེ། དེའི་ཕྱིར་རྟོག་པའི་རྒྱལ་པོའོ། །དེ་ལྟར་རྟོག་པའི་རྒྱལ་པོ་ཆེན་པོ་ལས་འགྲོ་བ་འདུལ་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་རྫོགས་པ་ནི་རྩ་བའི་རྒྱུད་ཀྱི་མཐར་ཐུག་པའོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ་རྫོགས་སོ།། །།དེ་ལྟར་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་རྗེས་སུ་གཟུང་བའི་ཕྱིར། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་བསྟན་ནས། ད་ནི་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱིས་འདུལ་བའི་སེམས་
ཅན་གྱི་ཁམས་རྣམས་རྗེས་སུ་གཟུང་བའི་ཕྱིར། འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོར་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོར་སྦྱོར་བའི་ཏིང་ངེ་འཛིན་ནི། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་གཟུང་བར་བྱའོ། །ཡང་ཞེས་བྱ་བའི་སྒྲ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལ་ལྟོས་པས་ན་ཡང་ཞེས་བྱའོ། །བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི། རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པ་ལ་མཐར་ཐུག་པའི་པདྨའི་རིགས་སོ། །དྲན་པ་དང་ཡང་དག་པར་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་སོ། །དེ་ཉིད་ནི་གཟུངས་ཏེ། དེའི་དམ་ཚིག་ནི་རྣམ་པར་སྣང་མཛད་ལ་སོགས་པའི་པདྨའི་རིགས་དེའི་གཟུངས་ཀྱི་དཀྱིལ་འཁོར་འདིའོ། །དེ་ལས་བྱུང་བ་ནི་འགྲོ་བ་འདུལ་བའི་ཐུགས་ཀའི་རྡོ་རྗེ་པདྨ་ལས་བྱུང་བའོ། །དེ་སྐད་དུ་བཤད་པ་དེས་བྱིན་གྱིས་བརླབས་པའི་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་པར་ནུས་པ་སྟེ། པདྨ་བཞིན་དུ་སྒྲིབ་པ་རྣམས་ཀྱིས་གོས་པ་མེད་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་ལ་སྙོམས་པར་ཞུགས་ནས་རང་གི་རིགས་སྤྲུལ་པར་མཛད་པའི་རྗེས་ཐོགས་ལ་འཆད་པར་འགྱུར་བའི་རང་གི་རིག་པ་དམ་པ་འདི་གསུངས་པ་ནི་རིག་པ་དམ་པ་བཤད་པའོ། །དེ་ལྟར་ཕྱག་ན་རྡོ་རྗེ་དང༌། རྡོ་རྗེ་སྙིང་པོ་དང༌། རྡོ་རྗེ་སྤྱན་དང༌། རྡོ་རྗེ་སྣ་ཚོགས་དང། འགྲོ་བ་འདུལ་བ་དང༌། གཙུག་ཕུད་སངས་རྒྱས་དང༌། ཏིང་ངེ་འཛིན་པདྨ་དང༌། ངེས་པའི་དབང་ཕྱུག་རྣམས་ཀྱིས་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་པའི་ཕྱིར། རིག་པ་དམ་པ་གསུངས་པའོ། །དེས་ཀྱང་པདྨ་དབྱིངས་ཀྱི་དབང་ཕྱུག་མའི་ལྷ་མོ་ལ་སོགས་པ་ནས། པདྨ་འབེབས་པའི་མཐར་ཐུག་པའི་བར་གྱི་གཟུངས་རྣམས་འཇིག་རྟེན་དབང་ཕྱུག་གི་ཐུགས་ཀའི་པདྨ་ལས་བྱུང་བས་སེམས་ཅན་གྱི་ཁམས་ཐམས་ཅད་གཟུངས་ཀྱི་ཡེ་ཤེས་ཀྱི་རྣམ་པར་སྦྱངས་ནས་སླར་ལོག་སྟེ། རྡོ་རྗེ་དབྱིངས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཚུལ་དུ་པདྨ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་
གཟུངས་རྣམས་མཆོད་རྟེན་ལ་སོགས་པའི་གཟུངས་ཀྱི་ནང་དུ་ཆུད་ནས་བཞུགས་སོ་ཞེས་ཤེས་པར་བྱའོ། །ཡང་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ནས། ཨོཾ་ཀརྨ་ས་མ་ཡ་ཧཱུཾ་ཞེས་བྱ་བའི་བར་གྱི་གཞུང་འདི་ཙམ་གྱིས་ནི་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབ་པ་ལ་སོགས་པ་ནི་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བ་ནི་ཏིང་ངེ་འཛིན་ གསུམ་པ ་ཡིན་པར་ཤེས་པར་བྱའོ། །འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་དངོས་གྲུབ་རྣམས་ནི་དཀྱིལ་འཁོར་དེར་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྐབས་སུ་བབ་པ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འགྲོ་བ་འདུལ་བའི་རང་གི་རིགས་ནི་པདྨའི་རིགས་ཏེ་དམ་ཚིག་གི་ཕྱག་རྒྱའི་མཚན་མའི་ཕྱག་རྒྱའོ། །དཀྱིལ་འཁོར་གསུངས་ཤིང་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། རིག་པའི་བརྟུལ་ཞུགས་ཀྱི་རྗེས་ཐོགས་ལའོ། །དེ་ལ་འགྲོ་བ་འདུལ་བའི་རྣལ་འབྱོར་པས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། འགྲོ་བ་འདུལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་གསུངས་པའི་སྙིང་པོ་དང་འཆད་པར་འགྱུར་བའི་རང་གི་སྙིང་པོ་རྣམས་ཀྱིས་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་བསྐྱེད་ཅིང་གོ་རིམས་བཞིན་དུ་བཞག་ལ། གཟུངས་ཀྱི་ལྷ་སོ་སོ་དང་བདག་ཉིད་ལྷན་ཅིག་གཉིས་སུ་མེད་པར་བསམས་ནས། གཟུངས་ཀྱི་རིག་པ་རེ་རེ་ཞིང་ཡང་བཟླས་པ་ཁྲི་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་སྟེ་ཏིང་ངེ་འཛིན་རྣམ་ པ་གསུམ ་བསྒོམ་པ་ནས་བརྩམས་ནས། དཀྱིལ་འཁོར་དེ་ཞག་བདུན་བསྒོམ་པའམ། ཡང་ན་གནས་གཞན་དུ་བསྒོམ་པར་བྱ་བ་དེ་ལྟ་བུས་ནི་རིག་པའི་བརྟུལ་ཞུགས་སྤྱོད་པར་གྱུར་པ་ཡིན་ནོ། །དེ་ནས་ཡང་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ། ཏིང་ངེ་འཛིན་རྣམ་པ་ གསུམ་པ ་བསྒོམ་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བཤད་མ་ཐག་པ་བྱས་
ནས་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་རྒྱུ་དེའི་ཕྱིར་གྱི་དོན་ཏོ། །གང་གི་ཕྱིར་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་དུ་འཇུག་པ་མེད་ན་དེས་འདུལ་བའི་སེམས་ཅན་གྱི་ཁམས་རྗེས་སུ་བཟུང་བར་མི་འགྱུར་བའི་རྒྱུ་དེའི་ཕྱིར་རབ་ཏུ་བཤད་པར་བྱའོ། ཕྱག་རྒྱའི་དཀྱིལ་འཁོར་དམ་པ་ནི། །མཆོག་ཏུ་གྱུར་པའོ། །དེ་ཅི་འདྲ་བ་ཞིག་ཅེ་ན། རྡོ་རྗེ་དབྱིངས་དང་འདྲ་བ་ལ། །ཞེས་བྱ་བ་སྨྲས་ཏེ། སྤྲུལ་པའི་གཟུགས་ཀྱི་དཀྱིལ་འཁོར་ནི་འདིར་རྡོ་རྗེ་དབྱིངས་ཏེ། དེ་དང་འདྲ་བས་ན་རྡོ་རྗེ་དབྱིངས་དང་འདྲ་བའོ། །པདྨའི་གསང་བ་ཞེས་བཤད་པའོ།། ཞེས་བྱ་བ་ནི། པདྨ་ནི་པདྨའི་རིགས་རྣམས་སོ། །གསང་བ་ནི་པདྨའི་གསང་བའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །ཞེས་བྱ་བ་ན་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་དབྱིངས་སུ་དེའི་རིག་པ་ཟློས་ཤིང་བྲི་བར་བྱའོ། །ནམ་མཁའི་ཕྱོགས་ནས་མཆོད་རྟེན་གྱི་གཟུགས་ཀྱིས་ཕབ་ལ་བྲིས་པའི་མཆོད་རྟེན་གྱི་གཟུགས་དང་གཅིག་ཏུ་བྱའོ། །དེ་བཞིན་དུ་ཕྱག་རྒྱ་གཞན་ལ་ཡང་རང་གི་མཚན་མ་རྣམས་ཕབ་ནས་གཅིག་ཏུ་བསྲེ་བར་བྱའོ། །དེའི་དབུས་པདྨ་བཟང་པོ་ལ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ཞེས་བྱ་བ་ནི་དེའི་ཕྱོགས་བཞིར་རོ། །དམ་ཚིག་མཆོག་རྣམས་ཞེས་བྱ་བ་ནི། དམ་ཚིག་དེའི་མཆོག་ནི་དམ་ཚིག་མཆོག་སྟེ། རིགས་ཐམས་ཅད་བསྡུས་པ་ན་དམ་པའོ། །གང་གི་ཕྱིར་སོ་སོའི་ཕྱག་རྒྱ་རྣམས་ཀྱིས་རིགས་ཐམས་ཅད་ལ་རྒྱས་འདེབས་པའི་ཕྱིར་རོ། །ལྷག་མ་བཞིན་ཞེས་བྱ་བ་ནི། ཇི་ལྟར་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་བྲིས་པ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྣ་ཚོགས་གཟུགས་མཆོག་དཀྱིལ་འཁོར་དུ། །ཞེས་བྱ་བ་འགྲོ་བ་འདུལ་བ་སྣ་ཚོགས་ཀྱི་གཟུགས་ཅན་དེ་གཙོ་བོ་མཆོག་གི་དཀྱིལ་འཁོར་ནི་སྣ་ཚོགས་གཟུགས་མཆོག་དཀྱིལ་འཁོར་རོ། །དེ་ཡི་དབུས་སུ་པདྨ་ཡི། །བསྐོར་བའི་པདྨོ་བྲི་བར་བྱ། །ཞེས་བྱ་བ་ནི། དེ་ལ་དཀྱིལ་འཁོར་དེའི་དབུས་སུ་ནི། དབུས་ཀྱི་ཆའི་པདྨ་ལ་རྡོ་རྗེ་པདྨ་དེ་ལ་ཚད་ཕྲ་མོའི་རྡོ་རྗེ་པདྨ་དེར་སྤྲུལ་པས་ཡོངས་སུ་བསྐོར་བའོ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་
དུ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་སྐད་སྟོན་ པ་ཡིན་ཏེ། ལྷ་ཐམས་ཅད་ཀྱི་གནས་རྣམས་སུ་ཁ་ཁྱེར་གསུམ ་པའི་ཁྲི་ལ་གནས་པའི་པདྨ་བྲི་བར་བྱའོ། །དབུས་ཀྱི་དཀྱིལ་འཁོར་དེའི་དབུས་ཀྱི་པདྨ་ལ་རྣམ་པར་སྣང་མཛད་ཀྱི་གནས་སུ་མཆོད་རྟེན་དབུ་ནུབ་ཏུ་བསྟན་པ་འོད་ཟེར་དང་བཅས་པ་བྲི་བར་བྱའོ། །དེའི་ཤར་ཕྱོགས་ཀྱི་ཆ་ལ་རྡོ་རྗེ་སེམས་མའི་གནས་སུ་རྡོ་རྗེ་རྩེ་ལྔ་པ་དབུ་ཤར་དུ་བསྟན་པ་ཆོས་ཀྱི་རྡོ་རྗེ་མའོ། །ལྷོ་ཕྱོགས་སུ་པདྨས་མཚན་པའི་ཡིད་བཞིན་གྱི་ནོར་བུ་དབུ་ལྷོ་ཕྱོགས་སུ་བསྟན་པ་སངས་རྒྱས་དབང་བསྐུར་མའོ། །ནུབ་ཕྱོགས་སུ་རྡོ་རྗེ་པདྨ་འདབ་མ་བཅུ་དྲུག་པ་མདོག་དམར་སྐྱ་དབུ་ནུབ་ཏུ་བསྟན་པ་པདྨའི་པདྨ་དང་དམ་ཚིག་སྒྲོལ་མ་ཞེས་བྱ་བའི་མིང་གཉིས་དང་ལྡན་པ། བྱང་ཕྱོགས་སུ་པདྨ་འདབ་མ་བཞི་པ་སྣ་ཚོགས་པའི་མདོག་ཅན་དབུ་བྱང་དུ་བསྟན་པའོ། །འགྲོ་བ་འདུལ་བའི་གནས་སུ་པདྨ་འདབ་མ་བཅུ་དྲུག་པ་མདོག་དམར་སྐྱ་སྔར་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་པདྨ་ལ་དེ་ལས་གཞན་པའི་པདྨས་ཡོངས་སུ་བསྐོར་བའོ། །པདྨ་སངས་རྒྱས་ཀྱི་གནས་སུ་པདྨས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་དབུ་ཤར་དུ་བལྟས་པའོ། །པདྨོ་རྒྱལ་པོའི་གནས་སུ་པདྨའི་ལྕགས་ཀྱུ་དང༌། རལ་གྲི་དང༌། རྡོ་རྗེ་དང༌། པདྨོ། །པདྨ་ཆགས་པའི་གནས་སུ་པདྨའི་མདའ་གཞུ། པདྨ་ལེགས་པའི་གནས་སུ་པདྨ་དང་བཅས་པའི་སེ་གོལ་གཏོགས་པའི་ཁུ་ཆུར་གཉིས་སོ། །གཙུག་ཕུད་སངས་རྒྱས་ཀྱི་གནས་སུ་འཇིག་རྟེན་དབང་ཕྱུག་གི་རལ་པའི་དབུས་སུ་གནས་པའི་རྡོ་རྗེ་པདྨ་འདབ་མ་བཅུ་དྲུག་པའོ། །པདྨ་ཁྲོ་གཉེར་གྱི་གནས་སུ་པདྨས་མཚན་པའི་ཡིད་བཞིན་གྱི་ནོར་བུ། པདྨ་ཉི་མའི་གནས་སུ་པདྨའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་རོ། །པདྨའི་རྒྱལ་མཚན་གྱི་གནས་སུ་ཟླ་བ་ཕྱེད་པ་ལ་བརྟེན་པའི་པདྨས་མཚན་པའི་ཡིད་བཞིན་གྱི་ནོར་བུའི་རྩེ་མོ་ཅན་གྱི་རྒྱལ་མཚན། པདྨ་བཞད་པའི་གནས་སུ་པདྨས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་གཉིས་ཀྱི་བར་དུ་ཆུད་པའི་སོའི་ཕྲེང་བའོ། །པདྨའི་ཏིང་ངེ་འཛིན་གྱི་གནས་སུ་པདྨ་འདབ་མ་བཅུ་དྲུག་པའི་པདྨའི་རྡོ་རྗེ་པདྨའོ། །པདྨ་སྒྲོལ་མའི་གནས་སུ་རྡོ་རྗེ་པདྨ། པདྨ་རྣོན་པོའི་གནས་སུ་པདྨས་མཚན་པའི་རལ་གྲི། པདྨ་རྒྱུའི་གནས་སུ་པདྨའི་ལྟེ་བ་ལ་རྡོ་རྗེ་འཁོར་ལོ་རྩིབས་བརྒྱད་པ་དང༌།
དུང་དང་བེ་ཅོན་དང་པདྨའོ། །པདྨ་གསུང་པའི་གནས་སུ་པདྨས་མཚན་པའི་ལྕེ། པདྨ་ངེས་པའི་དབང་ཕྱུག་གི་གནས་སུ་སྣ་ཚོགས་པདྨ་འདབ་མ་བཞི་པ། པདྨ་གར་གྱི་དབང་ཕྱུག་གི་གནས་སུ་གར་བྱེད་པའི་ལག་པ་བཟུང་བའི་སྣ་ཚོགས་པདྨ། པདྨ་སྲུང་བའི་གནས་སུ་པདྨས་མཚན་པའི་གོ་ཆ། པདྨ་གནོད་སྦྱིན་གྱི་གནས་སུ་མཆེ་བ་གཉིས་ཀྱི་རྩ་བ་པདྨས་མཚན་པ། པདྨ་ཁུ་ཚུར་གྱི་གནས་སུ་པདྨའི་དམ་ཚིག་གི་ཁུ་ཚུར་གྱིས་བཟུང་བའི་པདྨས་མཚན་པའི་རྡོ་རྗེ་རྩེ་ལྔ་པའོ། །པདྨ་སྒེག་མོའི་གནས་སུ་པདྨས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་གཉིས། པདྨའི་ཕྲེང་བའི་གནས་སུ་པདྨས་མཚན་པའི་རིན་པོ་ཆེའི་ཕྲེང་བ། པདྨ་གླུ་མའི་གནས་སུ་པདྨས་མཚན་པའི་པི་ཝང༌། པདྨ་གར་མའི་གནས་སུ་པདྨས་མཚན་པའི་རྡོ་རྗེ་རྩེ་ གསུམ་པ ་དང་བཅས་པའི་ལག་པས་གར་སྐོར་བ། བདུག་པ་མའི་གནས་སུ་པདྨས་མཚན་པའི་སྤོས་སྣོད། མེ་ཏོག་མའི་གནས་སུ་མེ་ཏོག་གི་ཟ་མ་ཏོག །མར་མེ་མའི་གནས་སུ་པདྨས་མཚན་པའི་མཆོད་སྡོང༌། དྲི་མའི་གནས་སུ་དྲིའི་དུང་ཆོས་པདྨས་མཚན་པ། རྟ་མགྲིན་གྱི་གནས་སུ་པདྨས་མཚན་པའི་ལྕགས་ཀྱུ། དོན་ཡོད་ཞགས་པའི་གནས་སུ་པདྨས་མཚན་པའི་ཞགས་པ། ལྕགས་སྒྲོག་གི་གནས་སུ་པདྨས་མཚན་པའི་ལྕགས་སྒྲོག །པདྨ་འབེབས་པའི་གནས་སུ་པདྨས་མཚན་པའི་དྲིལ་བུ། བྱམས་པ་ལ་སོགས་པ་རྣམས་ནི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་མཚན་མ་སྔར་བཤད་པའི་རིགས་པས་ཁྱམས་སུ་བྲི་བར་བྱའོ། །མཚན་མ་ཐམས་ཅད་ཀྱང་འོད་ཟེར་གྱི་ཕྲེང་བ་དང་བཅས་པ་ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་དུ་མགོ་བལྟས་པ་གོ་རིམས་བཞིན་དུ་བྲི་བར་བྱའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ཇི་ལྟ་བ་བཞིན་དུ་སྒོ་དབྱེ་བ་བྱས་ལ་བུམ་པ་ཐམས་ཅད་དང་བུམ་པ་གང་བ་ཇི་ལྟ་བའི་གནས་སུ་བཞག་ལ། གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིག་པ་རྣམས་ཀྱིས་སྔ་མ་བཞིན་དུ་བཟླས་ནས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས། འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་
ལས་བཤད་པའི་རྡོ་རྗེ་ཆོས་མ་བཅིངས་ལ་ཞུགས་ནས། འཇུག་པ་ལ་སོགས་པའི་སྔོན་དུ་འགྲོ་བའི་པདྨ་བརྟུལ་ཞུགས་འཛིན་པའི་བར་དུ་བྱས་ལ། བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་ཡང་བྱས་ནས་དཀྱིལ་འཁོར་རྡོ་རྗེས་བསྒྲུབ་པར་བྱའོ། །དེ་ནས་བསྡུ་བ་བྱས་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པའི་རྗེས་ཐོགས་ཉིད་ལ། འདིར་ཞེས་བྱ་བ་ནི་པདྨ་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་དུའོ། །དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱས་ནས་ཞེས་བྱ་བ་ལ། དེ་ལ་དགུག་པ་ནི་པདྨའི་རིགས་ཀྱི་གཟུངས་རྣམས་རང་རང་གི་སྒོ་དང་ཉེ་བར་རྟ་མགྲིན་གྱི་ལས་ཀྱི་ཕྱག་རྒྱས་དགུག་ལ་གཞག་པའོ། །སོགས་པ་སྨོས་པ་ནི་གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བ་དང༌། མཆོད་ཡོན་དབུལ་བ་དང༌། ཕྱག་རྒྱ་བཞིས་རྒྱས་གདབ་པ་དང༌། དབང་བསྐུར་བ་དང་མཆོད་པ་དང༌། ཕྱག་བཞི་བྱས་ལ། གནང་བ་མ་ནོས་པ་ནི་དགུག་པ་ལ་སོགས་པ་དང་པོར་བྱས་པ་གང་ཡིན་པ་དེ་ནི་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པའོ། །བཤད་མ་ཐག་པ་དེ་བྱས་ནས། པདྨའི་སློབ་མ་ཇི་ལྟ་བ་བཞིན་དུ་བཅུག་སྟེ། འགྲོ་བ་འདུལ་བའི་གཟུགས་སུ་བྱིན་གྱིས་བརླབ་པོ། །སློབ་མ་ནི་པདྨའི་སློབ་མའོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་འགྲོ་བ་འདུལ་བའི་སྙིང་པོ་དང་བཅས་པའི་དམ་ཚིག་གི་ཕྱག་རྒྱས་སློབ་དཔོན་གྱིས་བསྒྲུབ་པར་བྱའོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཇི་ལྟ་བའི་ཆོ་ག་དེ་དང་གཟུགས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་ཆོས་མ་བཅིངས་ལ་འཇུག་པར་བྱའོ། །འདི་སྐད་དུ་ཁྱོད་ཀྱིས་གསང་བ་འདི་སུ་ལ་ཡང་མ་སྨྲ་ཤིག་ཅེས་བྱ་བ་ལ་སོགས་པ་དང༌། དེ་ནས་ཕབ་ནས་འདི་སྐད་དུ་ཁྱོད་ཀྱི་རྨི་ལམ་དུ་ཅི་སྣང་ཞེས་དྲིས་ནས་ཞེས་བྱ་བ་ནི། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྡོ་རྗེ་ཆུ་བཏུང་བ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག །ཅེས་བྱ་བའི་ཆོ་གས་སྔ་མ་བཞིན་དུ་དབབ་པར་བྱས་ལ། དེ་ནས་ཕབ་ལ་འདི་སྐད་དུ། རྡོ་རྗེ་དམ་ཚིག་གིས་ཁྱོད་ཀྱི་རྨི་ལམ་དུ་ཅི་ཞིག་སྣང་ཞེས་དྲིས་པ་ནི། །དཀར་པོ་དང༌། སེར་པོ་དང༌། དམར་པོ་
དང། ནག་པོ་དང་ལྗང་གུ་རྣམས་སྣ་ཚོགས་པ་ཅི་ཞིག་སྣང་ཞེས་བྱ་བའོ། །ཅི་ལྟ་བ་བཞིན་དུ་གདོང་གཡོགས་བཀྲོལ་ཏེ་ཞེས་བྱ་བ་ནི། མེ་ཏོག་གི་ཕྲེང་བ་དོར་ལ། དེ་ནས་དེ་བླངས་ཏེ་སྤྱི་བོར་བཅིངས་ནས། དེའི་རྗེས་ལ་གདོང་གཡོགས་བཀྲོལ་པའི་སྔགས་ཀྱིས་གདོང་གཡོགས་བཅིངས་པ་བཀྲོལ་ལོ་ཞེས་བྱ་བ་ནི། ཇི་ལྟ་བ་བཞིན་ཞེས་བྱ་བའི་དོན་ཡིན་ནོ། །ཡང་དེ་ནས་སོར་བཞི་པའི་ཚད་ཀྱི་ཡུ་བ་དང་བཅས་པའི་གསང་བའི་དཀྱིལ་འཁོར་གྱི་པདྨ་འཆད་པས་གཡོགས་ཏེ། སློབ་མ་ལ་དབང་བསྐུར་ནས། མིང་གི་དབང་བསྐུར་བ་ལ་སོགས་པས་ཀྱང་དབང་བསྐུར་བར་བྱའོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང༌། སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་པདྨའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་ཀྱི་ཡེ་ཤེས་རྣམས་ནི་པདྨའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་སློབ་དཔོན་རྣམས་ཀྱིས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ལྟར་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་ཡང་སྣོད་ཇི་ལྟ་བ་བཞིན་དུ་ཕྱག་རྒྱའི་ཡེ་ཤེས་བསླབ་པོ་ཞེས་གསུངས་ཏེ། དངོས་གྲུབ་ཀྱང་ཡིན་ལ་དམ་པ་ཡང་ཡིན་པས་ན་དངོས་གྲུབ་དམ་པའོ། །འཇིག་རྟེན་དབང་ཕྱུག་དང༌། གཙུག་ཕུད་སངས་རྒྱས་དང༌། པདྨའི་པདྨ་དང༌། པདྨའི་དོན་ཡོད་དབང་ཕྱུག་རྣམས་ཀྱི་དངོས་གྲུབ་དེ་ཐོབ་པ་ནི་བསྒྲུབ་པ་སྟེ། དེར་ངེས་པའི་ཡེ་ཤེས་སུ་འགྱུར་བའོ། །སྤྱན་རས་གཟིགས་དབང་སེམས་དཔའ་ཆེ། །ཞེས་བྱ་བ་ནི། རིགས་ཀྱི་བདག་པོ་ཅི་འདྲ་ཞིག་བསྟན་ཅེ་ན། སྤྱན་རས་གཟིགས་དབང་ཞེས་བྱ་བ་སྨོས་ཏེ། གཟུགས་ཐམས་ཅད་སྟོན་པའི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཅེས་བྱ་བ་ནི་རང་ཉིད་དོ། །རང་ཉིད་ནི་ངོ་བོ་ཞེས་བྱ་བའི་དོན་ཏོ། །བསྒོམས་ནས་ཕྱག་རྒྱ་ཆེན་པོ་ཡིས། །ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་གས་རང་གི་ལྷའི་ཆོག་བྱས་ནས། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་
རིག་པ་རྣམས་ཀྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་ཨོཾ་པདྨ་སཏྭ་ཨ་ཧཾ་སིདྡྷྱ་ཧི། ཞེས་བྱ་བའི་སྙིང་པོ་དང་ཐུན་པ་ཞིའི་སྦྱོར་བས་གང་གི་ཚོ་རྒྱུན་མི་འཆད་པར་བསྒོམས་པར་གྱུར་པ་དེའི་ཚེ། དེའི་གཟུགས་སུ་བདག་ཉིད་མཐོང་བར་འགྱུར་རོ། །དེ་བས་ཟླ་བ་ཉལ་མཚན་ཐོག་ཐག་བསྒོམས་པས་འགྲོ་བ་འདུལ་བ་དང་འདྲ་བར་འགྱུར་རོ། །སངས་རྒྱས་དབང་གི་དམ་ཚིག་ནི། །ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སངས་རྒྱས་གཙུག་ཕུད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །མཉམ་པར་གཞག་པས་བརྟན་བྱས་ཏེ། །ཞེས་བྱ་བ་ལ་མཉམ་པར་གཞག་པ་ནི་གཡེང་བ་མེད་པའོ། །བདག་ཉིད་ཉིད་ཀྱིས་སྒོམ་པ་གོམས་པར་བྱས་ནས་མཆོག་དམ་པ་སངས་རྒྱས་གཙུག་ཕུད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་རང་འདོད་པའི་ལྷའི་རྣལ་འབྱོར་བྱས། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སངས་རྒྱས་གཙུག་ཕུད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། གཙུག་ཕུད་སངས་རྒྱས་ཀྱི་རིག་པ་བརྗོད་ཅིང༌། གཙུག་ཕུད་སངས་རྒྱས་ཀྱི་གཟུགས་སུ་བདག་ཉིད་བསམས་ཏེ། ཨོཾ་བུདྡྷ་ཨ་བྷི་ཥེ་ཀ་ཧཾ་སིདྡྷྱ་མཱཾ་ཞེས་བརྗོད་ཅིང༌། གང་གི་ཚེ་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་རྒྱུན་མི་འཆད་པར་བསྒོམས་པར་གྱུར་པ་དེའི་ཚེ་གཙུག་ཕུད་སངས་རྒྱས་ཀྱི་གཟུགས་སུ་བདག་ཉིད་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་ནས་སྔ་མ་བཞིན་དུ་མཚན་ཐོག་ཐག་བསྒོམ་པ་བྱས་ན་དེས་གཙུག་ཕུད་སངས་རྒྱས་དང་འདྲ་བར་གྲུབ་པར་འགྱུར་རོ། །པདྨོའི་པདྨོར་སེམས་དཔའ་ཆེ། །ཞེས་བྱ་བ་ལ་པདྨོའི་པདྨ་ནི་པདྨའི་ཏིང་ངེ་འཛིན་ནོ། །པདྨའི་པདྨོར་སེམས་དཔའ་ཆེན་པོར་བདག་ཉིད་ཀྱིས་བསྒོམས་ན་པདྨའི་པདྨའི་དངོས་གྲུབ་དམ་པ་རྣལ་འབྱོར་པས་ཐོབ་པར་འགྱུར་རོ། །སྔ་མ་བཞིན་དུ་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་པདྨ་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིག་པ་བརྗོད་ཅིང༌། པདྨོ་པདྨའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པས། བདག་ཉིད་ཀྱིས་བསྒོམས་ལ། དེ་ནས། ཨོཾ་དྷརྨྨ་ས་མ་དྷི་ར་ཧཾ་སིདྡྷ་ཧོ་ཞེས་ཟློས་ཤིང་པདྨའི་ཏིང་ངེ་འཛིན་དུ་བདག་ཉིད་བསྒོམས་ནས། གང་གི་ཚེ་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་
བས་རྒྱུན་མི་འཆད་པར་བསྒོམས་པ་དེའི་ཚེ་དེའི་ངོ་བོར་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་ནས་སྔ་མ་བཞིན་དུ་མཚན་ཐོག་ཐག་བསྒོམས་ན་པདྨའི་ཏིང་ངེ་འཛིན་དང་འདྲ་བར་འགྲུབ་པར་འགྱུར་རོ། །རང་བྱུང་གདོན་མི་ཟ་བའི་ཞེས་བྱ་བ་ནི། གདོན་མི་ཟ་བའི་དབང་ཕྱུག་ནི་མཆོག་སྟེ། པདྨ་དོན་ཡོད་དབང་ཕྱུག་གི་རང་བཞིན་གྱི་ལས་ཀྱི་ཕྱག་རྒྱ་དེ་ཉིད་ནི་རང་བྱུང་སྟེ། ཆོ་ག་བཞིན་དུ་བསྒྲུབས་ནས་རང་གི་ལྷའི་རྣལ་འབྱོར་བྱས་ནས། མྱུར་ཞིང་མགྱོགས་པར་པདྨ་གདོན་མི་ཟ་བའི་དབང་ཕྱུག་གི་གཟུགས་ཀྱི་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་པདྨ་གདོན་མི་ཟ་བའི་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་དེའི་རིག་པ་བརྗོད་པར་བྱའོ།། ཨོཾ་ཨ་མོ་གྷ་ཤ་ར་པདྨ་ཧཾ་སིདྡྷྱ་མ་མཾ། ཞེས་བྱ་བ་ཟློས་ཤིང་པདྨ་གདོན་མི་ཟ་བའི་དབང་ཕྱུག་ཏུ་བདག་ཉིད་གང་གི་ཚེ་ཐུན་བཞིའི་སྦྱོར་བས་སྔ་མ་བཞིན་དུ་བསྒོམས་པར་གྱུར་པ། དེའི་ཚེ་དེ་དང་མཚུངས་པར་བདག་ཉིད་མཐོང་བར་འགྱུར་རོ། །སྔ་མ་བཞིན་དུ་མཚན་ཐོག་ཐག་བསྒོམས་ན་པདྨ་གདོན་མི་ཟ་བའི་དབང་ཕྱུག་དང་འདྲ་བར་འགྲུབ་པོར་འགྱུར་རོ། །དེ་ལྟར་དངོས་གྲུབ་དམ་པའི་ཡེ་ཤེས་ཀྱི་དངོས་གྲུབ་རྣམ་པ་བཞི་བསྟན་ནས། ད་ནི་ནོར་འགྲུབ་པའི་ཡེ་ཤེས་རྣམ་པ་བཞི་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་ལ་ནོར་ནི་གསེར་ལ་སོགས་པའོ། །དེ་འགྲུབ་པ་ནི་ཐོབ་པའོ། །ཡེ་ཤེས་ནི་དེར་ངེས་པ་སྟེ། ཁའི་ནང་དུ་དབྱིག་བཅུག་སྟེ། ཞེས་བྱ་བ་ལ། དབྱིག་ནི་ཟོང་རི་མོ་བྲིས་པའོ། །དེ་ཁར་བཅུག་ནས་བདག་ཉིད་བདག་ཉིད་ཀྱིས་བསྒོམས་ན་ནི། ཞེས་བྱ་བ་ནི། བདག་ཉིད་ཀྱིས་བདག་ཉིད་དུ་བསྒོམས་པའོ།། ཅི་ཞིག་བསྒོམ་ཞེ་ན། སྣ་ཚོགས་དབང་ཕྱུག་ཕྱག་རྒྱ་ཆེ། །ཞེས་བྱ་བ་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོའོ། །གཅིག་ཏུ་གྱུར་པས་སྟོང་དུ་འགྱུར། །ཞེས་བྱ་བ་ནི་དེ་ལྟར་བསྒོམས་པས་ཟོང་གཅིག་པོ་དེ་དང་དེ་གཞལ་དུ་མེད་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་
འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་འགྲོ་པ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དེའི་རིག་པ་བརྗོད་ཅིང་བསྒོམས་ཏེ། འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ནས། ཨོཾ་པདྨ་ཧ་རི་བྱ་པྲ་དྱ་ཧཱུཾ་ཛ་ཞེས་བྱ་བ་ཟློས་ཤིང་གང་གི་ཚེ་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་དབྱིག་ཁར་བཅུག་ནས་བསྒོམས་པ་དེའི་ཚེ་ནོར་གྱི་གནང་བ་ཐོབ་པར་འགྱུར་རོ། །དེ་ནས་མཚན་ཐོག་ཐག་བསྒོམ་པར་བྱས་ན་འགྲུབ་པར་འགྱུར་རོ། །དེ་ནས་ཕྱིས་བསྲུང་བ་བྱས་ན། །ཁྱིམ་གང་དུ་དབྱིག་གི་སྣོད་གཞག་པ་དེ་མི་ཟད་པར་འགྱུར་རོ། །གསེར་སྲང་བརྒྱད་ཆ་བླངས་ནས་ནི། །ཞེས་བྱ་བ་ནི་འོལ་མ་སིའི་སུམ་ཅུ་རྩ་གཉིས་ཀྱི་ཚད་དང་ལྡན་པའི་གསེར་དམ་ཚིག་གི་ཕྱག་རྒྱས་རབ་ཏུ་བརྟན་པོར་བཟུང་ནས། བདག་ཉིད་ཀྱིས་བསྒོམས་པ་བྱས་ན་ནི། འདོད་པའི་ལྷའི་བདག་ཉིད་ཀྱི་གཟུགས་གཅིག་ལས་དེའི་གཟུགས་དུ་མར་འགྱུར་རོ། །སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པ་བརྗོད་ཅིང་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་ཨོཾ་པདྨ་སུ་བར་ན་པྲ་དེ་ཧཱུཾ་ཛ་ཞེས་བརྗོད་ཅིང༌། གསེར་ཞོ་གཅིག་དམ་ཚིག་གི་ཕྱག་རྒྱས་བླངས་ཏེ་འདི་སྐད་བརྗོད་པར་བྱའོ། །སྔ་མ་བཞིན་དུ་ཇི་སྲིད་ད་མཚན་མ་ཐོབ་པ་དེ་སྲིད་ཀྱི་བར་དུ་རང་གི་ལྷའི་རྣལ་འབྱོར་བསྒོམ་པར་བྱའོ། །དེ་ནས་ཟླ་བ་ཉལ་མཚན་ཐོག་ཐག་བསྒོམས་ན་དེ་བཞིན་དུ་མི་ཟད་པར་འགྱུར་རོ། །མུ་ཏིག་འབྲུམ་བུ་ཁར་བཅུག་ལ། །བདག་ཉིད་འཇིག་རྟེན་དབང་ཕྱུག་ཏུ། །བདག་ཉིད་ཀྱིས་ནི་བསྒོམས་ན་ནི། །གཅིག་ཏུ་གྱུར་ལས་སྟོང་དུ་འགྱུར། །ཞེས་བྱ་བ་ནི་དེ་བཞིན་དུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པ་བརྗོད་ཅིང་རང་གི་ལྷའི་གཟུགས་སུ་བདག་ཉིད་བསྒོམས་ཏེ། ཨོཾ་པདྨ་མུགྟ་པྲ་དི་ཧཱུཾ་ཛ་ཞེས་བརྗོད་ཅིང་མུ་ཏིག་གི་འབྲུམ་བུ་བླངས་ཏེ་ཁར་བཅུག་ནས་ཇི་སྲིད་མཚན་མ་ཐོབ་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་རང་གི་ལྷའི་རྣལ་འབྱོར་བསྒོམ་པར་བྱའོ། །དེ་ནས་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བསྒོམས་ན་དེ་མི་
ཟད་པར་འགྱུར་རོ། །ལས་ཀྱི་ཕྱག་རྒྱ་ལག་གཉིས་ཀྱིས། །རིན་ཆེན་ཐམས་ཅད་བླངས་ནས་ནི། །བདག་ཉིད་ཉིད་ཀྱིས་བསྒོམས་ན་ཡང༌། །གཅིག་ཏུ་གྱུར་ལས་སྟོང་དུ་འགྱུར། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པ་བརྗོད་ཅིང་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཨོཾ་པདྨ་སརྦྦ་རཏྣ་པྲ་དྷ་ཧཱུཾ་ཛ་ཞེས་བརྗོད་ཅིང་ཇི་སྐད་བཤད་པའི་རིན་པོ་ཆེ་ཐམས་ཅད་ལས་ཀྱི་ཕྱག་རྒྱ་ས་བླངས་ཏེ། ཇི་སྲིད་དུ་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་མཚན་ཐོག་ཐག་བསྒོམས་ན་དེ་མི་ཟད་པའི་དངོས་གྲུབ་ཏུ་འགྱུར་ཏེ། འདིར་རང་གི་ལྷའི་ཁ་དོག་སེར་པོ་བསྒོམ་ཞིང་དགའ་ཞིང་མགུ་བར་བྱས་ནས་ནོར་གྱི་དངོས་གྲུབ་བསྒྲུབ་པར་བྱའོ། །དེ་ནས་རྗེས་སུ་དགའ་བར་བྱ་བའི་ཡེ་ཤེས་ནི་དབང་དུ་བྱ་བའི་ཕྱིར་བསྒོམ་པའི་ཡེ་ཤེས་སོ། །སྣ་ཚོགས་དབང་ཕྱུག་ཕྱག་རྒྱ་ཆེ། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བསྒོམས་ནས་པདྨ་བླངས་ཏེ། བསྒྲུབ་པར་བྱ་བ་མདུན་དུ་གནས་པ་རྣལ་འབྱོར་པ་གང་ཡིན་པ་དེས་རྣལ་འབྱོར་པ་དེ་མགུ་བར་བྱེད་དོ། །དེའི་དོན་ནི་འདི་ཡིན་ཏེ། སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་བཅོམ་ལྡན་འདས་འགྲོ་བ་འདུལ་བའི་རིག་པ་བརྗོད་ཅིང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་པཱ་ཎི་ཥྱ་ར་མ་ཧཱ་པདྨ་ཧོ་ཞེས་སྙིང་པོ་བརྗོད་ཅིང་པདྨ་དམར་པོས་འབྱེད་པ་ལྟར་བྱེད་ཅིང་དེ་ལས་གཞན་པ་འགྲོ་བ་འདུལ་བ་སྐུ་མདོག་དམར་པོ་འོད་ཟེར་དམར་པོ་འཕྲོ་བར་ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བསྒོམས་ན་དངོས་གྲུབ་གྲུབ་པར་འགྱུར་རོ། །གང་གི་ཚེ་གནོད་སྦྱིན་མོ་ལ་སོགས་པའི་གཟུགས་དབང་དུ་བྱེད་པ་དེའི་ཚེ་དེའི་མདུན་དུ་རྣལ་འབྱོར་གྱི་སྟོབས་ཀྱིས་གནས་པར་བདག་ཉིད་ཀྱིས་བསམས་ནས་ལག་ན་གནས་པའི་པདྨའི་འོད་ཟེར་འབར་བས་བཀང་ནས་མདོག་དམར་པོར་བྱས་ལ་བཀུག་ལ་འཁྱུད་པས་རང་གི་རྐང་པའི་དྲུང་དུ་ལྷུང་བར་བསམ་པར་
བྱའོ། །ཨོཾ་བི་ཥེ་ཥ་ཀརྨྨ་ཧཱ་པདྨ་ཧོཿ། ཆེ་གེ་མོ་ཉིད་བ་ཤི་མ་ནཱ་ཡ་ཧོཿ་ཞེས་བྱ་བས་འགྲོ་བ་དབང་དུ་བྱེད་པར་འགྱུར་རོ། །དམ་ཚིག་ཆེན་པོའི་ཕྱག་རྒྱ་ཡིས། །པདྨ་དམར་པོ་དམ་བཟུང་སྟེ། །ཞེས་བྱ་བ་ལ་པདྨ་དེ་བླངས་ནས་དམ་ཚིག་གི་ཕྱག་རྒྱས་དེ་དམར་པོར་བཟུང་ལ། བདག་ཉིད་ཉིད་ཀྱིས་བསྒོམས་ན་ནི། །བུད་མེད་ཐམས་ཅད་དགའ་བར་འགྱུར། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། དེའི་རིག་པ་བརྗོད་ཅིང་ཕྱི་རོལ་གྱི་རིན་པོ་ཆེ་པདྨ་དེ་བླངས་ལ། ཨོཾ་ས་མ་ཡ་པདྨོ་ཧཾ་ཞེས་ཟློས་ཤིང་ཇི་སྲིད་དུ་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་རང་གི་ལྷའི་གཟུགས་སུ་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་མཚན་ཐོག་ཐག་བཟླས་ཤིང་བསྒྲུབས་ན་པདྨ་འོད་ཟེར་འབར་བ་དེ་དང༌། དེ་ཉིད་ཀྱིས་བསྒྲུབ་པར་བྱ་བ་དབང་དུ་བྱེད་དོ། །ཆེ་གེ་མོ་ཉིད་པ་ཥི་མ་ནཱ་ཡ་ཧོ། བདག་ཉིད་ཉིད་ཀྱིས་བསྒོམས་ནས་ཀྱང༌། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །པདྨ་བླངས་ཏེ་ཇི་ལྟ་བ་ཞེས་བྱ་བ་ནི། པདྨ་དེ་མེད་ཀྱང་དམ་ཚིག་དང་ཆོས་དང་ལས་དང༌། ཕྱག་རྒྱ་ཆེན་པོ་རྣམས་ཀྱི་རྣལ་འབྱོར་ཉིད་ཀྱིས་དེ་མཐོང་བར་འགྱུར་རོ། །རྡོ་རྗེ་ལྟ་བས་དེ་ལྟར་བལྟས། །འཇིག་རྟེན་ཐམས་ཅད་དེས་མགུར་འགྱུར། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ་ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་ལ་རིག་པ་རྣམས་བརྗོད་ཅིང་པདྨའི་འདབ་མ་འབྱེད་པའི་ཚུལ་གྱིས་གནས་པར་བདག་ཉིད་བསམ་པར་བྱའོ། །ཨོཾ་ཡོ་ག་པདྨོ་ཧོཿ་ཞེས་བྱ་བ་བརྗོད་ཅིང༌། ཇི་སྲིད་དུ་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་དེ་ཉིད་ཀྱིས་མཚན་ཐོག་ཐག་བསྒོམ་པར་བྱས་ལ། དེ་དང་དེ་ཉིད་ཀྱིས་ལས་ཀྱི་དུས་སུ་ལྷའི་རྣལ་འབྱོར་བྱས་ལ། ཨོཾ་ཡོ་ག་པདྨ་ཧོཿ། ཆེ་གེ་མོ་ཉིད་བ་ཥི་མ་ནཱ་ཡ་ཧོཿ་ཞེས་ཟློས་ཤིང་རྡོ་རྗེ་ལྟ་བས་བསྒྲུབ་པར་བྱ་བ་བལྟས་ལ་རྣལ་འབྱོར་གྱི་སྟོབས་ཀྱིས་བསྒྲུབ་པར་བྱ་བ་མདུན་དུ་བཞག་ལ། དེ་ནས་པདྨའི་འོད་ཟེར་དེ་ཉིད་ཀྱིས་བཀང་ལ་འཁྱུད་པས་རང་གི་རྐང་པའི་དྲུང་དུ་
ལྷུང་བར་བསམ་པས་བདག་ཉིད་ནོར་དང་བཅས་པ་ངེས་པར་དབང་དུ་འགྱུར་རོ། །ལས་ཀྱི་ཕྱག་རྒྱའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ལས་ཀྱི་ཕྱག་རྒྱས་སྣ་ཚོགས་པདྨའི་ཕྱག་རྒྱ་གཟུང་བར་བྱའོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི། ལྷའི་རྣལ་འབྱོར་བྱས་ནས་སོ། །ལག་པ་གཉིས་ཀྱིས་བསྐོར་ནས་ནི། །ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་བཅིངས་པའི་ལག་པ་གཉིས་ཀྱིས་པདྨ་བསྐོར་ནས་བསྒྲུབ་པར་བྱ་བ་དེ་དབང་དུ་བྱེད་པར་འགྱུར་རོ། །བུད་མེད་ཐམས་ཅད་དེས་མགུར་བྱེད། །ཅེས་བྱ་བ་ནི་འགྲོ་པ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་དེ་ཉིད་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་རིག་པ་བརྗོད་ཅིང་ཡང་ཨོཾ་ཀརྨ་པདྨ་ཧོཿ། ཞེས་ཟློས་ཤིང་ལས་ཀྱི་ཕྱག་རྒྱས་པདྨ་དམར་པོ་དམར་པོར་བཟུང་ལ། ཐུན་བཞིའི་སྦྱོར་བས་ཇི་སྲིད་མཚན་མའི་འོད་ཟེར་མཐོང་བ་ལ་སོགས་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམས་ལ། དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བསྒོམས་ན་འགྲུབ་པར་འགྱུར་རོ། །དེ་ནས་ལས་ཀྱི་དུས་སུ་དེ་ཉིད་ཀྱི་ལྷའི་རྣལ་འབྱོར་བྱས་ནས། ཡིད་ཀྱིས་བསྒྲུབ་པར་བྱ་བ་བུད་མེད་ཀྱི་གཟུགས་མདུན་དུ་བཞག་ལ་ལས་ཀྱི་ཕྱག་རྒྱས་པདྨ་དེ་བླངས་ཏེ། པདྨའི་འོད་ཟེར་སྤྲོས་པས་བསྒྲུབ་པར་བྱ་བ་བཀང་ལ། པདྨས་བསྐོར་ན་ངེས་པར་དབང་དུ་འགྱུར་རོ། །ཨོཾ་ཀརྨ་པདྨ་ཧོཿ། ཆེ་གེ་མོ་ཉིད་བ་ཤ་མ་ན་ཡ་ཧོཿ། ཞེས་བརྗོད་དོ། །མ་ལུས་དབང་པོའི་ཕྱག་རྒྱ་ཆེ་ནི་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་སྟེ། སྐུ་མདོག་ནག་པོའོ། །གོམས་པར་བྱ་བ་བདག་རང་ཉིད་ནི་བདག་རང་ཉིད་ཀྱིས་ཁྲོ་བོ་བསྒོམ་པའོ། །གང་གི་མདུན་དུ་དེ་པདྨ། །བཅད་ན་འཆི་འགྱུར་སྐད་ཅིག་གིས། །ཞེས་བྱ་བ་ནི་སྣ་ཚོགས་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོས་ཕྱི་རོལ་གྱི་པདྨ་བླངས་ཏེ། གང་གི་མདུན་དུ་བློས་བཞག་ནས། །དེའི་པདྨ་བཅད་ན་སྐད་ཅིག་མ་དེ་ཉིད་ལ་མགོ་འཆད་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་འགྲོ་བ་འདུལ་བའི་རྣལ་
འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་བཅིང་སྟེ། དེའི་རིག་པ་བརྗོད་པར་བྱའོ། །དེ་ནས་ཕྱི་རོལ་གྱི་པདྨ་བླངས་ལ། ཨོཾ་མ་ཧཱ་པདྨ་ཙྪེ་ད་མཱ་ར་ཡ་ཧོཿ་ཕཊ། ཅེས་ཟློས་ཤིང་ཐུན་བཞིའི་སྦྱོར་བས་ཟླ་བ་གཅིག་བསྒོམ་པར་བྱའོ། །ཡང་དེ་ནས་མཚན་ཐོག་ཐག་བྱ་བའམ། ལས་ལ་སྦྱོར་བའི་དུས་སུ་དེ་ཉིད་ཀྱིས་རྣལ་འབྱོར་བྱས་ལ་ཕྱི་རོལ་གྱི་པདྨ་དངོས་སུ་བླང་བའམ། ཡིད་ཀྱིས་བསྒྲུབ་པར་བྱ་བ་མདུན་དུ་བཞག་ལ་བདག་ཉིད་ཁྲོ་བོར་བྱས་ལ། ཨོཾ་པདྨ་མ་ཧཱ་ཙྪེ་ད་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ཟློས་ཤིང་བསྒྲུབ་པར་བྱ་བ་མགོ་བོ་ནས་དྲང་བའི་བསམ་པས་པདྨ་བླངས་ཏེ་བཅད་ན་བསྒྲུབ་པར་བྱ་བ་དེ་མགོ་བོ་འཆད་པར་འགྱུར་རོ། །པདྨ་བརྟེན་བཟུང་ཡང་དག་པར། །ཞེས་བྱ་བ་ལ་སོགས་པ་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་འགྲོ་བ་འདུལ་བའི་དམ་ཚིག་གི་ཕྱག་རྒྱ་དང༌། ཨོཾ་ས་མ་ཡ་པདྨ་སྥོ་ཊ་ནཱ་ཤ་ཡ་རཏྣ་ཕཊ། ཅེས་ཟློས་ཤིང་སྔ་མ་བཞིན་དུ་བསྒོམ་པར་བྱས་ནས། བདག་ཉིད་ཀྱིས་ཕྱི་རོལ་གྱི་པདྨ་བླངས་ལ་མཐར་མཚན་ཐོག་ཐག་བྱ་བའམ། དེ་ལས་ལ་སྦྱོར་བའི་དུས་སུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་འགྲོ་བ་འདུལ་བ་དེ་ཉིད་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཁྲོ་བོ་དང་ལྡན་པས་གང་གི་མདུན་དུ་ཡིད་ཀྱིས་བཞག་ལ་དམ་ཚིག་གི་ཕྱག་རྒྱས་དེས་ཕྱི་རོལ་གྱི་པདྨ་འདབ་མ་བཅུ་དྲུག་བླངས་ལ་བསྒྲུབ་པར་བྱ་བ་རྟོག་པའི་བསམ་པས་བཤིག་ན་སའི་སྟེང་དུ་ལྟུང་བར་འགྱུར་རོ། །ཨོཾ་ས་མ་ཡ་ཆེ་གེ་མོ་སྥོ་ཊ་ཡ་རཏྣ་ཕཊ། ཅེས་བརྗོད་ཅིང་གང་གི་མིང་ནས་སྨོས་པ་དེ་དེ་འཇིག་པར་འགྱུར་བའམ། ཡང་ན་གཟུགས་བརྙན་བྱས་ལ། དགུག་པ་དང༌། གཞུག་པ་དང༌། བཅིང་པ་དང༌། དབང་དུ་བྱས་ལ་དེའི་སྙིང་གར་མིང་བྲི་བ་ལ་སོགས་པ་བྱའོ། །ཏིང་འཛིན་ཕྱག་རྒྱ་བཅིངས་པ་ལས། །ཞེས་བྱ་བ་ནི་ཏིང་ངེ་འཛིན་པདྨའི་ཕྱག་རྒྱའོ། །བཅིངས་པ་ནི་མངོན་སུམ་དུ་བྱས་པའོ། །པདྨོ་བསྒྲུབ་པ་ཇི་བཞིན་དུ། །ཞེས་བྱ་བ་ནི་ལག་པ་གཡས་གཡོན་གཉིས་ཀྱིས་ཕྱི་རོལ་གྱི་པདྨ་བླངས་ལ། གང་
གི་མིང་ནས་སྨྲོས་ཤིང་པདྨ་དེ་བཅད་ན་བསྒྲུབ་པར་བྱ་བ་དེ་འཇིག་ཅིང་དུམ་བུར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་ཏིང་ངེ་འཛིན་པདྨའི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེའི་རིག་པ་བརྗོད་ཅིང༌། ཡང་ཨོཾ་དྷརྨྨ་པདྨ་ཙྪེ་ད་བི་ནཱ་ཤ་ཡ་ཧྲྀ་ད་ཡ་ཕཊ། ཅེས་བརྗོད་ཅིང༌། ཕྱི་རོལ་གྱི་པདྨ་ལག་པ་གཡས་གཡོན་གྱིས་བླངས་ལ་སྔ་མ་བཞིན་དུ་ཟླ་བ་གཅིག་བསྒོམས་ན། མཐར་མཚན་ཐོག་ཐག་བྱ་བའམ། དེའི་ལས་ལ་སྦྱོར་བའི་དུས་སུ་པདྨ་ཏིང་ངེ་འཛིན་དེ་ཉིད་རྣལ་འབྱོར་བྱས་ལ་པདྨ་དེ་ཉིད་བླངས་ཏེ། བསྒྲུབ་པར་བྱ་བའི་མགོ་བོ་གཅད་པའི་བསམ་པས་གཅོད་ཅིང༌། ཨོཾ་དྷརྨྨ་པདྨ་ཙྪེ་ད་ཆེ་གེ་མོ་བི་ནཱ་ཤ་ཡ་ཧྲྀ་ད་ཡ་ཕཊ། ཅེས་བརྗོད་པས་ངེས་པ་ཉིད་དུ་བསྒྲུབ་པར་བྱ་བའི་མགོ་བོ་འཆད་པར་འགྱུར་རོ། །ལས་ཀྱི་ཕྱག་རྒྱའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། དེས་སྣ་ཚོགས་པདྨ་བཟུང་སྟེ། པད་བཟུང་ཆོ་ག་ཇི་ལྟ་བར། །གང་ལ་ཁྲོས་པས་རྟོགས་བྱ་བ། །ཞེས་བྱ་བ་ནི་དེའི་ལྷའི་རྣལ་འབྱོར་བྱས་པས་སོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་པདྨ་ངེས་པའི་དབང་ཕྱུག་གི་རྣལ་འབྱོར་བྱས་ལ། ཕྱིས་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་པདྨ་ངེས་པའི་དབང་ཕྱུག་གི་ཕྱག་རྒྱ་བཅིངས་ལ། དེའི་རིག་པ་བརྗོད་པར་བྱའོ། །དེ་ནས་སྣ་ཚོགས་པདྨ་དེ་ཉིད་བླངས་ཏེ། ཨོཾ་ཀརྨྨ་པདྨ་སྥོ་ཊ་ཡ། སྥོ་ཊ་ཡ། ཛི་བི་ཏཾ་ཨ་དྱ་ཀྲིཏྟ་ཕཊ། ཅེས་བརྗོད་ཅིང་ཟླ་བ་གཅིག་སྔ་མ་བཞིན་དུ་བསྒོམས་ལ་མཐར་མཚན་ཐོག་ཐག་བསྒོམ་པར་བྱའོ། །དེ་ནས་ལས་ཀྱི་དུས་སུ་སྔ་མ་བཞིན་དུ་ལྷའི་རྣལ་འབྱོར་བྱས་ལ། གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་པདྨ་ངེས་པའི་དབང་ཕྱུག་གི་ལས་ཀྱི་ཕྱག་རྒྱ་དེ་བཞིན་དུ་བཅིངས་ཏེ། དེ་ནས་སྣ་ཚོགས་པདྨ་དེ་ཉིད་བླངས་ལ། ཨོཾ་ཀརྨ་པདྨ་སྥོ་ཊ་ཡ་ཆེ་གེ་མོ་སྥོ་ཊ་ཡ་ཛི་བི་ཏཾ་ཨདྱ་ཆེ་གེ་མོ་ཀྲིཏྟ་ཕཊ། ཅེས་བརྗོད་ཅིང་པདྨ་དེས་བསྒྲུབ་པར་བྱ་བ་
རྟོག་པའི་བསམ་པས་བསྣུན་པའམ། བསྒྲུབ་པར་བྱ་བའི་གཟུགས་བརྙན་ལ་དེས་བསྣུན་པ་ཡིན་ན་དེ་ངེས་པར་འཆི་བར་འགྱུར་རོ། །གསང་བ་ནི་ལྷ་རྣམས་ཀྱི་རིག་པ་དང་བཅས་པའི་སྦྱོར་བས་སྒོམ་པ་སྟེ། དེ་ཡི་ཡེ་ཤེས་དབབ་པ་ནི། །པདྨ་ལ་ནི་བུད་མེད་བསམ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་འགྲོ་བ་འདུལ་བའི་རྡོ་རྗེ་པདྨ་ལ་འགྲོ་བ་འདུལ་བའི་ལྷ་མོ་བསམས་ཏེ། རྡོ་རྗེ་དེའི་སྟེང་དུ་བདག་ཉིད་ནི་འགྲོ་བ་འདུལ་བའོ། །བརྩེ་བ་ནི་ལོངས་སྤྱོད་པའོ། །རྡོ་རྗེ་པདྨའི་རྩེ་མོར་འགྲོ་བ་འདུལ་བའི་ལྷ་མོའི་གཟུགས་དང་སྙོམས་པར་ཞུགས་པར་བསམས་ལ། སེམས་རྩེ་གཅིག་པས་བསྒྲུབས་ན་འགྲོ་བ་འདུལ་བར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ལྷའི་རྣལ་འབྱོར་སྔ་མ་བཞིན་དུ་བྱས་ལ་ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བདག་ཉིད་འགྲོ་བ་འདུལ་བར་བསམ་མོ། །དེ་ནས་ཡི་གེ་ཧྲཱི་ལས་རང་གི་གདན་གྱི་སྟེང་དུ་པདྨ་ཕྲ་མོས་ཡོངས་སུ་བསྐོར་བའི་རྡོ་རྗེ་པདྨ་དེ་ཡོངས་སུ་གྱུར་པ་ལས་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་བསམས་ལ། དེ་ནས་བསྡུ་བ་བྱས་ཏེ། འགྲོ་བ་འདུལ་བའི་ལྷ་མོ་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས། རྟ་མགྲིན་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ཏེ་དམ་ཚིག་གི་ཕྱག་རྒྱས་བསྒྲུབས་ལ། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ལ། པདྨའི་སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། ཨོཾ་བཛྲ་པདྨ་སཾ་ཡོ་ག་སཱ་དྷ་ཡ་ཧྲཱི་ཞེས་ཡོངས་སུ་ཟློས་ཤིང་བཅོམ་ལྡན་འདས་དང་ལྷན་ཅིག་མཉམ་པར་སྦྱོར་བས་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བསྒོམས་ན། དེ་ནས་དེ་མངོན་སུམ་དུ་མཐོང་བར་གསལ་བ་དང༌། དེ་དང་འཁྱུད་པ་དང་མཉམ་པར་སྦྱོར་བར་བྱེད་ཅིང་སྒྲུབ་པ་པོའི་ལུས་ཀྱི་ནང་དུ་ཞུགས་པར་འགྱུར་རོ། །
ཕྱིས་ནི་འགྲོ་བ་འདུལ་བ་དང་མཚུངས་པར་ཡང་འགྱུར་རོ། །པདྨ་ལ་ནི་བུད་མེད་བསམ། །ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་གཙུག་ཕུད་སངས་རྒྱས་ཀྱི་མཚན་མའི་ཕྱག་རྒྱ་ནི་གཙུག་ཕུད་སངས་རྒྱས་དང་མཚུངས་པའི་གཙུག་ཕུད་སངས་རྒྱས་ཀྱི་གཟུགས་སུ་རྣམ་པར་བསམ་པར་བྱའོ། །དེ་སྟེང་བདག་ཉིད་སངས་རྒྱས་བསྒྱུར། །ཞེས་བྱ་བ་ནི། གཙུག་ཕུད་སངས་རྒྱས་སུའོ། །ལྷག་མ་ནི་གོ་སླའོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་གཙུག་ཕུད་སངས་རྒྱས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་གཙུག་ཕུད་སངས་རྒྱས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། བདག་ཉིད་གཙུག་ཕུད་སངས་རྒྱས་སུ་བསམས་ནས། གཙུག་ཕུད་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རང་གི་གདན་གྱི་མདུན་དུ་ཡི་གེ་ཤྲཱི་ལས་རལ་པའི་དབུས་ན་པདྨ་ཆེན་པོ་དང་ལྡན་པ་སྤྲུལ་ལ་དེ་ཉིད་ལས་གཙུག་ཕུད་སངས་རྒྱས་ཀྱི་ལྷ་མོའི་གཟུགས་སུ་བསམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བསྡུ་བ་བྱས་ལ། ཨོཾ་བུདྡྷ་མ་ཀུ་ཏ་ས་ན་ཡོ་ག་སན་ཡ་ཤྲཱི་ཞེས་བརྗོད་ཅིང༌། སྔ་མ་བཞིན་དུ་བཅོམ་ལྡན་འདས་མ་དང་ལྷན་ཅིག་ཏུ་གྱུར་པར་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་པས་དེས་དེ་འོངས་ནས་དེ་དང་ལྷན་ཅིག་མཉམ་པར་སྦྱོར་བ་བྱས་ནས། དེ་ལུས་ཀྱི་ནང་དུ་ཞུགས་པར་འགྱུར་རོ། །ཕྱིས་གཙུག་ཕུད་སངས་རྒྱས་དང་ཡང་འདྲ་བར་འགྱུར་རོ། །པདྨ་ལ་ནི་བུད་མེད་བསམ། །ཞེས་བྱ་བ་ནི་པདྨའི་ཏིང་ངེ་འཛིན་གྱི་མཚན་མའི་ཕྱག་རྒྱ་ལ་པདྨའི་ཏིང་ངེ་འཛིན་གྱི་ལྷ་མོར་བསམ་མོ། །དེ་སྟེང་པདྨོར་བདག་བསྒྱུར་ཏེ། །ཞེས་བྱ་བ་ནི་བདག་ཉིད་པདྨའི་ཏིང་ངེ་འཛིན་དེའི་པདྨ་ལ་ཏིང་ངེ་འཛིན་པདྨའི་ལྷ་མོའི་གཟུགས་སྟེང་དུ་བསམ་པར་བྱའོ། །རྩེ་ཞིང་པདྨོ་པདྨོའི་མཆོག །དག་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་བདག་ཉིད་པདྨ་ཏིང་ངེ་འཛིན་གཟུགས་བརྙན་དང་མཚུངས་པར་བསྒོམས་ནས་དེ་ལྟ་བུར་གྱུར་པའི་གཟུགས་བརྙན་དང་མཚུངས་པར་བསྒོམས་པས་དག་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་
ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་ཉིད་ཀྱི་ཏིང་ངེ་འཛིན་པདྨའི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་པདྨའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བདག་ཉིད་པདྨའི་ཏིང་ངེ་འཛིན་དུ་བསམ་པར་བྱའོ། །དེ་ནས་ཡི་གེ་དེ་ཉིད་ལས་པདྨའི་སྟེང་དུ་པདྨའི་ཏིང་ངེ་འཛིན་གྱི་རྡོ་རྗེ་པདྨའི་ཕྱག་རྒྱ་སྤྲུལ་ལ། པདྨོའི་པདྨོ་དེ་ཉིད་ལས། །པདྨའི་ཏིང་ངེ་འཛིན་གྱི་ལྷ་མོའི་གཟུགས་སུ་བསམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བསྡུ་བ་ལ་སོགས་པ་བྱས་ཏེ། བཅོམ་ལྡན་འདས་དང་ལྷན་ཅིག་མཉམ་པར་སྦྱོར་བས་བསྒོམས་ལ་ཨོཾ་པདྨ་པདྨ་སཾ་ཡོ་ག་སཱ་དྷ་མ་ཏི། ཞེས་བརྗོད་ཅིང་ཐུན་བཞིའི་སྦྱོར་བས་ཇི་སྲིད་མངོན་སུམ་དུ་གྱུར་པ་དེ་སྲིད་ཀྱི་བར་དུ་བྱའོ། །དེ་ནས་མཐར་མཚན་ཐོག་ཐག་དེ་ཉིད་བསྒོམས་པ་དང་བྱིན་ནས་དེས་ལྷན་ཅིག་ཏུ་སྦྱོར་བར་བྱེད་ཅིང་དེ་ཉིད་ལུས་ལ་ཞུགས་པར་འགྱུར་རོ། །ཕྱིས་ཏིང་ངེ་འཛིན་པདྨ་ཉིད་དུ་ཡང་འགྱུར་རོ། །པདྨ་ལ་ནི་བུད་མེད་བསམ། །ཞེས་བྱ་བ་ནི་པདྨ་ངེས་པའི་དབང་ཕྱུག་གི་སྣ་ཚོགས་པདྨ་འདབ་མ་བཞི་པ་ལ་པདྨ་ངེས་པའི་དབང་ཕྱུག་གི་གཟུགས་ཀྱི་ལྷ་མོ་བསམ་མོ། །དེ་སྟེང་སྣ་ཚོགས་བདག་གྱུར་ཏེ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་པདྨ་ངེས་པའི་དབང་ཕྱུག་དེའི་པདྨའི་སྟེང་དུ་བདག་ཉིད་གྱུར་ཏེ་བསྒོམ་པར་བྱའོ། །ཇི་ཞིག་བྱེད་ཅེ་ན། རྩེ་ཞིང་པདྨོ་མཆོག་ཅེས་བྱ་བ་ནི། དབང་པོ་གཉིས་མཉམ་པར་སྦྱོར་བས་སོ། །སྣ་ཚོགས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་པདྨ་ངེས་པའི་དབང་ཕྱུག་དེ་ལ་དངོས་གྲུབ་སྣ་ཚོགས་པ་ཞེས་བྱ་བ་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་པདྨ་ངེས་པའི་དབང་ཕྱུག་གི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་པདྨ་ངེས་པའི་དབང་ཕྱུག་གི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། བདག་ཉིད་པདྨ་ངེས་པའི་དབང་ཕྱུག་ཏུ་བསྒོམ་མོ། །དེ་ནས་དེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། མདུན་དུ་པདྨའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བཞི་པ་པདྨ་ཕྲ་མོའི་འཁོར་གྱིས་བསྐོར་བར་བསམ་མོ། །དེ་ནས་ཧྲཱིཿ་ཞེས་བྱ་བའི་སྙིང་པོ་འདི་ལས་པདྨ་ངེས་པའི་དབང་ཕྱུག་དེ་ཉིད་ཀྱི་གཟུགས་སུ་
བསམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བསྡུ་བ་བྱས་ལ་བཅོམ་ལྡན་འདས་དང་ལྷན་ཅིག་པའི་མཉམ་པར་སྦྱོར་བས། ཨོཾ་ཨ་བི་ཤ་པདྨ་སཾ་ཡོ་ག་སཱ་དྷ་ཡ་ཧྲཱིཿ་ཞེས་ཟློས་ཤིང་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་མཚན་ཐོག་ཐག་བསྒོམས་ནས་དེ་བྱིན་ཏེ། དེ་དང་ལྷན་ཅིག་མཉམ་པར་སྦྱོར་བ་བྱས་ན། དེ་ཉིད་ལུས་ལ་ཞུགས་ཏེ། ཕྱིས་འདི་པདྨ་ངེས་པའི་དབང་ཕྱུག་དང་ཡང་འདྲ་བར་འགྱུར་རོ། །དེ་ལྟར་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་ནས། ད་ནི་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ལ་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། དངོས་གྲུབ་ཀྱི་ཡེ་ཤེས་བསླབས་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། མནའི་སྙིང་པོ་བྱིན་ལ་པདྨའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་གསང་བ་དང་དེའི་ཕྱག་རྒྱ་ཆེན་པོ་ནི། གསང་བའི་ཕྱག་རྒྱ་ཆེན་པོ་སྟེ། དེའི་ཡེ་ཤེས་བསླབ་པར་བྱའོ། །སོར་མོའི་རྩེ་སྤྲད་པདྨོར་བྱ། །ཞེས་བྱ་བ་ནི་ཐལ་མོ་མཉམ་པར་སྦྱོར་བའི་སོར་མོ་ཐམས་ཅད་ཀྱི་རྩེ་མོ་པདྨ་ཁ་བྱེ་བ་ལྟར་བྱས་པའི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱའོ། །རིག་པ་ནི་འདི་ཡིན་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་དྷརྨྨ་ས་མ་ཡེ་ཧཱུཾ་ཞེས་པ་རིག་པ་འདི་ཟློས་ཤིང་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམས་ན། རྣམ་པར་སྣང་མཛད་དང་འདྲ་བར་འགྲུབ་པར་འགྱུར་རོ། །རྡོ་རྗེ་ཁྲོ་བོ་མཛུབ་གཉིས་སྤྲད། །ཅེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་བརྐྱང་ལ། རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་འདི་ཉིད་བཅིངས་ཏེ། ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཞེས་ཟློས་ཤིང་བདག་ཉིད་རྡོ་རྗེ་སེམས་དཔར་བསྒོམས་ན། རྡོ་རྗེ་སེམས་དཔའ་ཉིད་དུ་འགྲུབ་པར་འགྱུར་རོ། །རྩེ་གཉིས་ནོར་བུ་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་ནོར་བུ་ལྟར་བྱས་ཏེ། རྡོ་རྗེ་དབྱིངས་ལས་བཤད་
པའི་རྡོ་རྗེ་སྙིང་པོའི་རྣལ་འབྱོར་བྱས་ལ་འདི་ཉིད་བཅིངས་ཏེ། ཨོཾ་མ་ཎི་རཏྣ་ས་མ་ཡེ་ཧཱུཾ་ཞེས་བྱ་བ་དང༌། བདག་ཉིད་རྡོ་རྗེ་སྙིང་པོར་བསྒོམས་ན་རྡོ་རྗེ་སྙིང་པོ་དང་འདྲ་བར་འགྱུར་བར་འགྱུར་རོ། །པདྨོ་ལྟར་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་ཕན་ཚུན་གདོང་སྦྱར་ལ་པདྨའི་འདབ་མ་ལྟར་བྱས་པ་འདི་ནི་རྡོ་རྗེ་སྤྱན་གྱིའོ། །རྡོ་རྗེ་དབྱིངས་ལས་གསུངས་པའི་རྡོ་རྗེ་ཆོས་ཀྱི་རྣལ་འབྱོར་བྱས་ལ་འདི་བཅིངས་ཏེ། ཨོཾ་པདྨ་ས་མ་ཡེ་ཧཱུཾ་ཞེས་བྱ་བའི་རིག་པ་བརྗོད་ཅིང་བདག་ཉིད་རྡོ་རྗེ་ཆོས་སུ་བསྒོམས་ན་རྡོ་རྗེ་སྤྱན་དང་འདྲ་བར་འགྲུབ་པར་འགྱུར་རོ། །རྡོ་རྗེ་བསྡམས་པའང་དེ་བཞིན་ཏེ། །ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་ཇི་ལྟར་གྲགས་པའི་རྡོ་རྗེ་བསྡམས་པ་བཅིངས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་ལས་ཀྱི་རྣལ་འབྱོར་བྱས་ལ་ཕྱིས་ཕྱག་རྒྱ་འདི་བཅིངས་ཏེ། ཨོཾ་བཛྲ་ཀརྨ་ས་མ་ཡ་ཧཱུཾ་ཞེས་ཟློས་ཤིང་བདག་ཉིད་རྡོ་རྗེ་ལས་སུ་བསྒོམས་ན། དེ་རྡོ་རྗེ་ལས་དང་འདྲ་བར་འགྲུབ་པར་འགྱུར་རོ། །རྡོ་རྗེ་བཅིངས་པ་བསྡམས་ནས་ནི། །གུང་མོ་གཉིས་ནི་མྱུ་གུར་བསྒྲེང༌། །མཛུབ་མོ་སྲིན་ལག་གཉིས་བཀུག་པའི། །ཕྱག་རྒྱ་ཤཱཀྱ་ཐུབ་པར་བསྟན། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལས། གུང་མོ་གཉིས་མྱུ་གུ་ལྟར་བསྒྲེང་ལ། མཛུབ་མོ་རྡང་སྲིན་ལག་གཉིས་པདྨ་ལྟར་བྱས་པ་འདི་ནི་ཤཱཀྱ་ཐུབ་པའི་རྣམ་པར་སྣང་མཛད་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱའོ། །ཆོས་ཀྱི་རྡོ་རྗེ་སྙིང་གར་གཞག །བསྒྱུར་ཏེ་དཔྲལ་བར་གཞག་པ་དང༌། །ཏིང་ངེ་འཛིན་ཚུལ་པང་དུ་གཞག །བསྒྱུར་ནས་སྤྱི་བོར་གཞག་པར་བྱ། །ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པ་དམ་བྱས་ལ། །གུང་མོ་གཉིས་ནི་མཉམ་སྦྱར་བ། །རྡོ་རྗེ་ཆོས་ཞེས་གྲགས་པ་ཡི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའོ། །འདི་སྙིང་གར་གཞག་པ་ནི་འགྲོ་བ་འདུལ་བ་དང་རྡོ་རྗེ་སེམས་མའི་གནས་ན་གནས་པའི་ཆོས་ཀྱི་རྡོ་རྗེ་མའིའོ། །དེ་ཉིད་ཡོངས་སུ་བསྒྱུར་ནས་དཔྲལ་བའི་ཕྱོགས་སུ་གཞག་པ་ནི། བཅོམ་ལྡན་འདས་གཙུག་ཕུད་སངས་རྒྱས་དང༌། རྡོ་ཇེ་རིན་ཆེན་མའི་གནས་ཀྱི་སངས་རྒྱས་དབང་བསྐུར་མའིའོ། །དེ་ཉིད་ཁར་བཀན་ནས་
གཞག་པ་ནི། པདྨ་ཏིང་ངེ་འཛིན་གྱི་གནས་སུ་པདྨ་ཏིང་ངེ་འཛིན་མར་འགྱུར་ལ། རྡོ་རྗེ་ཆོས་མའི་གནས་སུ་དམ་ཚིག་སྒྲོལ་མར་འགྱུར་རོ། །དེ་ཉིད་བསྒྱུར་ནས་སྤྱི་བོར་གཞག་པ་ནི། །པདྨའི་ངེས་པའི་དབང་ཕྱུག་གི་གནས་སུ་པདྨ་ངེས་པའི་དབང་ཕྱུག་གི་གཟུངས་མར་འགྱུར་ལ། རྡོ་རྗེ་ལས་མའི་གནས་སུ་སྣ་ཚོགས་ཀྱི་སྒོར་འགྱུར་རོ། །རྡོ་རྗེ་དབྱིངས་ཀྱི་དབང་བཅིངས་ལ། །མཆོད་རྟེན་པདྨོའི་ཚུལ་དུ་ནི། །གུང་མོ་གཉིས་ནི་བཅིངས་གྱུར་ན། །སངས་རྒྱས་པདྨོ་ཡིན་པར་བཤད། །ཅེས་བྱ་བ་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་མིང་ཅན་ཤཱཀྱ་ཐུབ་པའི་ཕྱག་རྒྱ་སྟེ། གུང་མོ་གཉིས་པདྨ་ལྟར་བྱས་པ་ནི་སངས་རྒྱས་པདྨའི་གཟུངས་ཀྱིའོ། །དེ་ལས་མཐེ་བོ་རྡོ་རྗེ་དང༌། །མཛུབ་གཉིས་རལ་གྲི་ལྕགས་ཀྱུར་བྱ། །ཞེས་བྱ་བ་ནི། སངས་རྒྱས་པདྨའི་གཟུངས་ཀྱི་ཕྱག་རྒྱ་ལས་མཐེ་བོང་གཉིས་རྡོ་རྗེར་བྱས་ལ། གཡས་པའི་མཛུབ་མོ་བསྒྲེང་བ་ནི་རལ་གྲིར་བྱ་བ་དང༌། གཡོན་པའི་མཛུབ་མོ་ལྕགས་ཀྱུར་བྱས་པ་ནི་པདྨ་རྒྱལ་པོའི་གཟུངས་ཀྱིའོ། །དེ་ལས་མཐེ་བོ་བསྣོལ་ནས་ཀྱང༌། །མཛུབ་མོས་མཛུབ་མོ་རབ་བཟུང་ལ། །དྲངས་ན་རབ་དགའ་ཡིན་པར་བཤད། །ཅེས་བྱ་བ་ནི་པདྨ་རྒྱལ་པོའི་གཟུངས་ཀྱི་ཕྱག་རྒྱ་དེ་ཉིད་ལས། མཐེ་བོ་གཉིས་རྡོ་རྗེ་བཅིངས་པའི་ཚུལ་གྱིས་བསྣོལ་ལ་མཛུབ་མོ་གཡས་པའི་ལྕགས་ཀྱུས་གཡོན་པའི་ལོགས་ལས་མདའ་འདྲེན་པའི་ཚུལ་དུ་བྱེད་པ་ནི་པདྨ་ཆགས་པའིའོ། །ལེགས་སོ་ཞེས་པའང་དེ་བཞིན་ཏེ། །ཞེས་བྱ་བ་ནི་པདྨ་ཆགས་པའི་གཟུངས་ཀྱི་ཕྱག་རྒྱ་ལས། མཛུབ་མོ་གཉིས་མཐེ་བོ་གཉིས་ཀྱིས་སེ་གོལ་གཏོགས་པའི་ཚུལ་དུ་བྱེད་པ་ནི་པདྨོ་ལེགས་སོ་ཞེས་བྱ་བའི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །མཐེ་བ་གཉིས་མཉམ་སྟེ་བཅུག་ནས་ཀྱང༌། །མཛུབ་གཉིས་རྩེ་བཀུག་རྩེ་མོ་ནི། །དཔྲལ་གཞག་གུང་མོ་པདྨོར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལས་མཐེ་བོ་གཉིས་བཅུག་ནས་གུང་མོ་གཉིས་པདྨ་ལྟར་བྱས་ལ། མཛུབ་མོ་གཉིས་མྱུ་གུ་ལྟར་བསྒྲེང་ནས་ཚིགས་ གསུམ་པ ་བཀུག་སྟེ། རྩེ་མོ་གཉིས་དཔྲལ་པའི་ཕྱོགས་སུ་གཞག་པ་ནི་པདྨ་ཁྲོ་གཉེར་གྱི་གཟུངས་ཀྱིའོ། །དེ་ཉིད་ལས་ནི་སྙིང་གར་ཡང༌། །
ཉི་མའི་དཀྱིལ་འཁོར་སྟོན་པ་དང༌། །ཞེས་བྱ་བ་ནི། པདྨོ་ཁྲོ་གཉེར་གྱི་གཟུངས་ཀྱི་ཕྱག་རྒྱ་ལས། སྙིང་གར་ཉི་མའི་དཀྱིལ་འཁོར་སྟོན་པའི་ཚུལ་དུ་བྱེད་པ་འདི་ནི་པདྨ་ཉི་མའི་གཟུངས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་ནི་རྒྱལ་མཚན་བཅིངས། །ཞེས་བྱ་བ་ནི། པདྨ་ཉི་མའི་གཟུངས་ཀྱི་ཕྱག་རྒྱ་ཉིད་ལས་དཔུང་པ་གཉིས་བརྐྱང་ལ་སྤྱི་བོར་གཞག་པ་ནི་པདྨ་ཟླ་བའི་དཔལ་གྱི་གཟུངས་ཀྱི་ཕྱག་རྒྱའོ། །ལྟག་པར་རབ་ཏུ་བརྐྱང་པར་བྱ། །ཞེས་བྱ་བ་ནི། དེ་ཉིད་མགོ་བོའི་རྒྱབ་ཏུ་བརྐྱང་ནས་སོར་མོའི་རྩེ་མོ་རྣམས་སོ་སོར་གཞག་པ་ནི་ཞལ་བཅུ་གཅིག་པའི་གཟུངས་ཀྱིའོ། །རྡོ་རྗེ་བསྡམས་པ་དམ་བཅས་ལ། མཛུབ་གཉིས་རྩེ་མོ་པདྨོར་དགུག །ཅེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བརྐྱང་ལ་ཅུང་ཟད་བསྐུམ་ནས། ཕན་ཚུན་གདོང་སྦྱར་ནས་གཞག་པ་འདི་ནི་པདྨ་སྒྲོལ་མའི་གཟུངས་ཀྱིའོ། །དེ་བཞིན་པདྨོ་རལ་གྲི་སྟེ། །མཛུབ་མོ་པདྨོར་བྱས་པ་སྦྱར། །ཞེས་བྱ་བ་ནི། པདྨ་སྒྲོལ་མའི་གཟུངས་ཀྱི་ཕྱག་རྒྱ་ཉིད་ལས་མཛུབ་མོ་གཉིས་ཕན་ཚུན་གདོང་སྦྱར་ལ། ཚིགས་ གསུམ་པ ་གཉིས་ཅུང་ཟད་བཀུག་པ་ནི་པདྨ་རལ་གྲི་སྟེ་པདྨ་རྣོན་པོའི་གཟུངས་ཀྱིའོ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །མཐེ་བོ་གཡོན་པ་ནང་དུ་གཞུག །དེ་སྟེང་མཐེ་བོ་ཐོ་བར་བསྒྲེང༌། །སོར་མོ་ཀུན་ཀྱང་བད་མཐེའུ་ཆུང༌། །ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པ་ལས་གཡོན་པའི་མཐེ་བོ་ནང་དུ་བཅུག་ལ། གཡས་པའི་མཐེ་བོ་བསྒྲེང་ལ་མཐེའུ་ཆུང་གཉིས་ཕན་ཚུན་ལྟོ་སྦྱར་ནས་པདྨ་ལྟར་བྱས་ཏེ། སོར་མོ་ལྷག་མ་རྣམས་སྟེང་དུ་བརྐྱང་བར་བྱས་པ་འདི་ནི་པདྨ་རྒྱུའི་གཟུངས་ཀྱིའོ། །དེ་ལས་ཐམས་ཅད་བཀུག་ནས་ཀྱང། །མཐེ་ཆུང་པདྨ་ལྟ་བུར་བྱ། །མཐེ་བོས་གཡས་དང་སྦྱོར་པ་ཡིས། །མཛུབ་མོས་ནོར་བུ་བསྒྲེང་བར་བྱ། །ཞེས་བྱ་བ་ནི་པདྨ་རྒྱུའི་གཟུངས་ཀྱི་ཕྱག་རྒྱ་ལས། རྡོ་རྗེ་བསྡམས་པའི་མཐེའུ་ཆུང་གཉིས་པདྨར་བྱས་ལ། གཡས་པའི་མཛུབ་མོ་མཐེ་བོས་ཕྲེང་བ་འདྲེན་པའི་ཚུལ་དུ་བྱེད་པ་འདི་ནི་པདྨ་བསྲུང་པའི་གཟུངས་ཀྱིའོ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །མཐེའུ་ཆུང་པདྨ་ལྟ་བུར་བྱ། །མཛུབ་མོ་བསྙམས་པ་པདྨའི་སྤྱན། །རབ་ཏུ་གར་བྱེད་བཟློག་པར་བྱ། །ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པ་ལས་མཐེའུ་ཆུང་གཉིས་པདྨ་ལྟ་བུ་དང༌། མཛུབ་མོ་གཉིས་བརྐྱང་ནས་
ཚིགས་ གསུམ་པ ་བཀུག་ནས་མིག་ལྟ་བུར་བྱས་ཏེ་གར་བྱས་ནས་ལྡོག་སྟེ། དཔྲལ་པའི་ཕྱོགས་སུ་མིག་གི་ཚུལ་དུ་གཞག་པ་འདི་ནི་པདྨ་གར་གྱི་དབང་ཕྱུག་གི་གཟུངས་ཀྱིའོ། །རྡོ་རྗེ་བསྡམས་པ་དམ་བྱ་ལ། །མཐེའུ་ཆུང་པདྨ་ལྟ་བུར་བྱ། །ནང་དུ་མཛུབ་མོ་གཉིས་བཀུག་སྟེ། །མཐེ་བོ་གཉིས་ནི་གོ་ཆར་བྱ། །ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པ་ལས་མཐེའུ་ཆུང་གཉིས་པདྨ་ལྟར་བྱས་ལ་མཛུབ་མོ་གཉིས་བཀུག་སྟེ་མཐེ་བོང་གཉིས་བཀབ་པ་འདི་ནི་པདྨ་བསྲུང་པའི་གཟུངས་ཀྱིའོ། །དེ་ལས་མཐེ་བ་གཉིས་མཆེ་བར་བྱ། །ཞེས་བྱ་བ་ནི། པདྨ་བསྲུང་པའི་གཟུངས་ཀྱི་ཕྱག་རྒྱ་ལས་མཐེ་བོ་གཉིས་བརྐྱང་ནས་ཁར་གཞག་པ་འདི་ནི་པདྨ་གནོད་སྤྱིན་གྱི་གཟུངས་ཀྱིའོ། །མཐེ་བ་གཉིས་ནང་དུ་གཞུག་པར་བྱ། །ཞེས་བྱ་བ་ནི་པདྨ་བསྲུང་པའི་གཟུངས་ཀྱི་ཕྱག་རྒྱ་ལས། མཐེ་བོ་གཉིས་ནང་དུ་བཅུག་ལ། མཛུབ་མོ་གཉིས་ཀྱི་ཁུ་ཚུར་གྱིས་འཛིན་པ་འདི་ནི་པདྨ་ཁུ་ཚུར་གྱི་གཟུངས་ཀྱི་ཕྱག་རྒྱའོ། །པདྨ་སྒེག་མོ་ལ་སོགས་པ་ནས། པདྨ་འབེབས་པའི་མཐར་ཐུག་པ་རྣམས་ནི་འགྲོ་པ་འདུལ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་འདིར་ཕྱག་རྒྱ་ཆེན་པོར་འགྱུར་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་བཅིངས་པ་འདི་ལས་དུས་ཕྱིས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་ཕྱེ་ནས་བཤད་པས་ན་རབ་ཏུ་བཤད་པར་བྱའོ། །དམ་ཚིག་མཆོག་ནི་བླ་མེད་དེ། །ཞེས་བྱ་བ་ནི་ཤིན་ཏུ་ཕུལ་དུ་བྱུང་བའོ། །རྡོ་རྗེ་ནང་དུ་བསྡམས་ནས་ཀྱང༌། །མཛུབ་གཉིས་པདྨོ་འདྲར་བྱས་ལ། །མཐེ་བོ་ཕན་ཚུན་བསྣོལ་བ་ནི། །གསང་བ་སྣ་ཚོགས་དབང་ཕྱུག་བཤད། །ཅེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཛུབ་མོ་གཉིས་པདྨ་ལྟ་བུ་དང་མཐེ་བོ་གཉིས་ཕན་ཚུན་བསྣོལ་པ་འདི་ནི་འགྲོ་པ་འདུལ་པའི་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །མཐེ་ཆུང་གུང་མོ་མཉམ་བསྒྲེངས་ལ། །མཐེ་བོས་རྡོ་རྗེ་སྦྱར་བ་ནི། །གཙུག་ཕུད་དབུས་ན་དེ་བཞིན་གཤེགས། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་མཐེ་བོ་དང༌། གུང་མོ་དང༌། མཐེའུ་ཆུང་དང་ གསུམ་མྱུ་གུ་ལྟར་བྱས་པ ་འདི་ནི་གཙུག་ཕུད་སངས་རྒྱས་ཀྱི་གཟུངས་ཀྱིའོ། །
དེ་བཞིན་རྡོ་རྗེ་བསྡམས་པ་ལ། །མཐེ་བོ་པདྨ་འདྲ་བྱས་ཏེ། །ཁ་ནས་དབྱུང་ལྟར་བྱས་ནས་ཀྱང༌། །པང་དུ་ཏིང་ངེ་འཛིན་ལྟར་གཞག །ཅེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་མཐེ་བོ་གཉིས་པདྨ་ལྟ་བུ་དང་ཁ་ནས་འབྱིན་པའི་ཚུལ་དུ་བྱས་ཏེ། པང་དུ་བཀན་ནས་ཏིང་ངེ་འཛིན་གྱིས་ཚུལ་དུ་གཞག་པ་ནི་པདྨའི་ཏིང་ངེ་འཛིན་གྱི་གཟུངས་ཀྱིའོ། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །སོར་མོ་ཀུན་གྱི་དངོས་རྣམས་ནི། །མཉམ་པར་རབ་ཏུ་བསྡམས་ནས་ཀྱང༌། །མཛུབ་གཉིས་རྡོ་རྗེ་མཉམ་པའོ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བྱས་ལ་སོར་མོ་ཐམས་ཅད་ཕན་ཚུན་ལྟོ་སྦྱར་ལ་མཛུབ་མོ་གཉིས་མྱུ་གུ་ལྟར་བྱས་པ་འདི་ནི་པདྨ་ངེས་པའི་དབང་ཕྱུག་གི་གཟུགས་ཀྱིའོ། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །མཛུབ་གཉིས་པདྨོ་འདྲར་བྱས་ལ། །མཐེ་བོང་གཉིས་ཀྱང་བསྣོལ་ནས་ནི། །མཛུབ་མོ་གཉིས་ནི་རྩེ་སྤྲད་དགུག །ཅེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཛུབ་མོ་དང་གུང་མོ་གཉིས་པདྨ་ལྟ་བུར་བྱས་ཏེ། མཐེ་བོང་གཉིས་བསྣོལ་བ་འདི་ནི་སངས་རྒྱས་པདྨའི་གཟུངས་ཀྱིའོ། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །མཐེ་བ་གཉིས་རྡོ་རྗེ་རབ་སྦྱར་ལ། །མཛུབ་མོ་རལ་གྲི་ལྕགས་ཀྱུར་བྱ། །མཐེ་ཆུང་པདྨོ་འདྲར་བྱས་པའོ། །ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཐེ་བོང་གཉིས་མྱུ་གུ་ལྟར་བྱས་ནས། གཡས་པའི་མཛུབ་མོ་རལ་གྲི་དང༌། གཡོན་པའི་མཛུབ་མོ་ལྕགས་ཀྱུ་ལྟ་བུ་དང༌། མཐེའུ་ཆུང་གཉིས་པདྨ་ལྟར་བྱས་པ་འདི་ནི་པདྨའི་རྒྱལ་པོའི་གཟུངས་ཀྱིའོ། །དེ་བཞིན་དུ་ནི་བསྒྱུར་ནས་ཀྱང༌།། མཛུབ་མོ་གཡོན་པ་བསྒྲེངས་ནས་ཀྱང༌། །མཛུབ་མོ་མཐེ་བོང་རྩེ་སྦྱར་བས། །དམ་དུ་བཟུང་སྟེ་དགུག་ལྟར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་གཡོན་པ་བསྒྱུར་ནས། གཡོན་པའི་མཛུབ་མོ་བསྒྲེང་ལ། གཡས་པའི་མཐེ་བོ་དང་མཛུབ་མོས་མདའ་འདྲེན་པའི་ཚུལ་དུ་བྱེད་པ་འདི་ནི་པདྨ་ཆགས་པ་གཟུངས་ཀྱིའོ། །དེ་བཞིན་མཉམ་བྱས་མཛུབ་མོ་གཉིས། །བཀུག་ལ་མཐེ་བོས་མནན་པ་ནི། །པདྨ་དགྱེས་པ་བདག་ཉིད་ཆེ། །ལེགས་སོ་ཞེས་པ་སྤྱིན་བྱེད་པ། །ཞེས་བྱ་བ་ནི་པདྨ་ཆགས་པའི་གཟུགས་ཀྱི་ཕྱག་རྒྱ་ཉིད་ལས། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་མཛུབ་
མོ་གཉིས་མཐེ་བོ་གཉིས་ཀྱིས་ལེགས་སོ་ཞེས་བྱ་བ་སྟེར་པའི་ཚུལ་དུ་བྱེད་པ་འདི་ནི་པདྨ་དགྱེས་པའི་གཟུངས་ཀྱིའོ། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །སོར་མོ་རྣམས་ཀྱི་ངོས་སྦྱར་ལ། །མཐེ་བོང་གཉིས་ཀྱིས་མནན་ནས་ནི། །མཛུབ་མོ་མཉམ་པར་སྦྱར་པའོ། །ཞེས་བྱ་པ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། སོར་མོ་ཐམས་ཅད་ཕན་ཚུན་གདོང་སྦྱར་ནས། མཛུབ་མོ་གཉིས་མྱུ་གུ་ལྟར་བྱས་ནས། མཐེ་བོ་གཉིས་ཀྱིས་དམ་དུ་བཟུང་སྟེ། དཔྲལ་བའི་ཕྱོགས་སུ་གཞག་པ་འདི་ནི་པདྨ་ཁྲོ་གཉེར་མའོ། །དེ་ཉིད་སྙིང་གར་ཉི་མ་བྱ། །ཞེས་བྱ་བ་ནི་ཁྲོ་གཉེར་གྱི་ཕྱག་རྒྱ་ཉིད་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་ཚུལ་དུ་བྱེད་པ་ནི་པདྨ་ཉི་མའི་གཟུགས་ཀྱིའོ། །སྤྱི་བོར་པདྨོ་རྒྱལ་མཚན་བྱ། །ཞེས་བྱ་བ་ནི་པདྨ་ཉི་མའི་གཟུངས་ཀྱི་ཕྱག་རྒྱ་ཉིད་ལས་དཔུང་པ་གཉིས་བརྐྱང་ནས་སྤྱི་བོར་འཇོག་པ་འདི་ནི་པདྨ་ཟླ་བའི་རྒྱལ་མཚན་གྱི་གཟུངས་ཀྱིའོ། །ཕབ་སྟེ་ཁ་འགྲམ་གཞག་པ་ནི། །པདྨ་ཆེར་དགོད་པ་ཡི་ཚུལ། །ཞེས་བྱ་བ་ནི་པདྨ་ཟླ་བ་རྒྱལ་མཚན་གྱི་གཟུངས་ཀྱི་ཕྱག་རྒྱ་ཉིད་དགོད་པའི་ཚུལ་གྱིས་བསྐོར་ནས་ཁའི་ཕྱོགས་སུ་གཞག་པ་འདི་ནི་པདྨ་བཞད་པའི་གཟུངས་ཀྱིའོ། །རྡོ་རྗེ་ནང་དུ་བསྡམས་བྱས་ནས། །ཆོས་ཀྱི་རྡོ་རྗེ་ཚུལ་བྱས་ཏེ། །མཐེའུ་ཆུང་སྤྱི་བོར་རབ་མཉམ་པ། །འདི་ནི་སྒྲོལ་མའི་དམ་ཚིག་ཡིན། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་གུང་མོ་གཉིས་མྱུ་གུ་ལྟར་བྱས་ལ། མཐེའུ་ཆུང་དང་མཐེ་བོ་ཡང་མྱུ་གུ་ལྟར་བྱས་པ་འདི་ནི་པདྨ་སྒྲོལ་མའི་གཟུངས་ཀྱིའོ། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །མཛུབ་གུང་པདྨོ་རལ་གྲིར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མཛུབ་མོ་གཉིས་པདྨ་རལ་གྲི་ལྟ་བུར་བྱས་པ་འདི་ནི་པདྨ་རྣོན་པོའི་གཟུངས་ཀྱིའོ། །དེ་བཞིན་ནང་དུ་འཁོར་ལོ་བྱ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། གཡོན་པའི་མཐེ་བོང་ནང་དུ་བཅུག་སྟེ། གཡས་པའི་མཐེ་བོས་སྟེང་དུ་བརྐྱང་ནས་མཐེའུ་ཆུང་གཉིས་པདྨ་ལྟར་བྱས་ཏེ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་མ་བཀྲོལ་བར་སོར་མོ་ལྷག་མ་རྣམས་འཁོར་ལོའི་ཚུལ་དུ་བརྐྱང་བ་འདི་ནི་རྡོ་རྗེ་རྒྱུའི་གཟུངས་ཀྱིའོ། །བཟླས་པ་ཟིན་པ་དེ་བཞིན་ནོ། །ཞེས་བྱ་བ་ནི་པདྨ་རྒྱུའི་
གཟུངས་ཀྱི་ཕྱག་རྒྱ་ལས་རྡོ་རྗེ་བསྡམས་པ་ནང་དུ་བཅིང་པའི་མཐེའུ་ཆུང་གཉིས་པདྨ་ལྟར་བྱས་ལ་གཡས་པའི་མཐེ་བོ་དང་མཛུབ་མོ་གཉིས་ཀྱིས་བགྲང་ཕྲེང་འདྲེན་པའི་ཚུལ་དུ་བྱེད་པ་འདི་ནི་པདྨ་བསྲུང་པའི་གཟུངས་ཀྱིའོ། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །མཐེ་བ་མཛུབ་སྤྲད་དེ་གཉིས་སུ་བྱ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། གཉིས་སུ་བྱས་པའི་སོ་སོའི་མཐེབ་མོ་དང༌། མཛུབ་མོའི་ལྟོ་སྦྱར་ལ་གུང་མོ་གཉིས་བསྐུམས་ཏེ། སྲིན་ལག་གཉིས་ཀྱང་ཅུང་ཟད་བསྐུམས་ནས། མཐེའུ་ཆུང་གཉིས་བརྐྱང་སྟེ་ཕྲག་པ་གཉིས་སུ་འཛིན་པའི་ཚུལ་དུ་བྱེད་པ་ནི་མཐེབ་མཛུབ་སྤྲད་པ་གཉིས་སུ་བྱས་པ་སྟེ་པདྨ་གར་གྱི་དབང་ཕྱུག་གི་གཟུངས་ཀྱིའོ། །དེ་ནས་སྙིང་གར་སྦྱར་བ་ནི། །གསང་བ་བསྲུང་བ་ཡིན་པར་བཤད། །ཅེས་བྱ་བ་ནི་པདྨ་གར་གྱི་དབང་ཕྱུག་གི་གཟུངས་ཀྱི་ཕྱག་རྒྱ་ཉིད་ལས་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སྙིང་གར་གཞག་པ་འདི་ནི་པདྨ་བསྲུང་བའི་གཟུངས་ཀྱིའོ། །དེ་བཞིན་རྡོ་རྗེ་བསྡམས་པ་ལས། །མཐེ་ཆུང་པདྨོ་འདྲར་བྱས་ལ། །མཛུབ་གཉིས་ཤིན་ཏུ་བཀུག་ནས་ཀྱང༌། །མཐེབ་གཉིས་ཕྱིར་བསྐྱེད་མཆེ་བ་ཅན། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་མཐེ་ཆུང་གཉིས་པདྨ་ལྟར་བྱས་ལ་མཛུབ་མོ་གཉིས་དགུག་པ་དང་མཐེ་བོ་གཉིས་བཀྱེད་ནས་ཁར་གཞག་པ་འདི་ནི་པདྨ་གནོད་སྦྱིན་གྱི་གཟུངས་ཀྱིའོ། །དེ་ལས་ཁུ་ཚུར་ཚུལ་གྱིས་ནི། །མཐེབ་གཉིས་ངོས་ནི་བཙིར་བ་ནི། །པདྨ་གསང་བ་ཁུ་ཚུར་ཆེ། །དམ་ཚིག་མཆོག་ཏུ་རབ་བརྟགས་པ། །ཞེས་བྱ་བ་ནི་པདྨ་གནོད་སྦྱིན་གྱི་གཟུངས་ཉིད་ལས་མཐེ་བོང་གཉིས་མཐེའུ་ཆུང་གི་བར་དུ་བཅུག་ལ། མཛུབ་མོ་གཉིས་བསྐུམ་པའི་རྩེ་མོས་བཙིར་བ་ནི་པདྨ་ཁུ་ཚུར་གྱི་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །པདྨ་ལཱ་སྐྱེ་ལ་སོགས་པ། །དེ་དག་ཐམས་ཅད་ཀུན་གྱི་ནི། །རྡོ་རྗེ་ནང་དུ་བསྡམས་བྱས་ལ། །དེ་འདྲ་བར་ནི་བཅིང་བར་བྱ། །རྡོ་རྗེ་བསྡམས་པ་ནང་བཅིངས་ལ། །སྙིང་གར་མཉམ་ལ་རབ་ཏུ་གཞག །རབ་ཏུ་བརྐྱང་བ་ཕྲེང་བའོ། །ཐལ་མོ་སྦྱར་བ་ཁ་ནས་དབྱུང༌། །གར་ལས་ཐལ་སྦྱར་སྤྱི་བོར་གཞག །རྡོ་རྗེ་བཅིངས་པ་ཐུར་དུ་བླུགས། །རང་གི་ཐལ་སྦྱར་གྱེན་དུ་གཏོར། །མཐེ་བོང་བསྙམས་ཏེ་རབ་
ཏུ་བསྡམས། །རབ་ཏུ་བརྐྱང་ནས་བྱུགས་པའོ། །པདྨའི་སྒེག་མོ་ལ་སོགས་པ་ནས། པདྨའི་དྲིའི་མཐར་ཐུག་པའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །མཛུབ་མོ་གཉིས་ནི་མཉམ་སྦྱར་ནས། །བཀུག་ནས་རྩེ་མོ་སྦྱར་བ་ནི། །རྟ་མགྲིན་གྱི་ནི་ཡིན་པར་བཤད། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ལ། །མཛུབ་གཉིས་མདུད་པར་མདུད་ན་ནི། །དོན་ཡོད་ཞགས་པའི་ཕྱག་རྒྱ་ཡིན། །མཐེབ་མཛུབ་ལྕགས་སྒྲོག་འདྲ་བར་བྱ། །རྡོ་རྗེ་དབབ་པའི་ཚུལ་གྱིས་ནི། །པདྨོའི་ཐལ་མོ་མཉམ་སྦྱར་ལ། །སྲིན་ལག་མཐེའུ་ཆུང་གཉིས་སྦྱར་ཏེ། །མཐེ་བོ་གཉིས་བཅུག་པར་དུ་བཙིར། །ཞེས་བྱ་བ་ནི། རྟ་མགྲིན་ནས་བརྩམས་ནས་པདྨ་འབེབས་པའི་མཐར་ཐུག་པའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། རྡོ་རྗེ་ཆོས་མ་དང༌། སངས་རྒྱས་དབང་བསྐུར་མ་དང༌། ཆོས་ཀྱི་དམ་ཚིག་མ་དང༌། སྒོ་སྣ་ཚོགས་མ་རྣམས་ནི་ཕྱག་རྒྱ་ཆེན་པོ་ཉིད་དམ་ཚིག་གི་ཕྱག་རྒྱའི་སྦྱོར་བས་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །དེ་ནས་པདྨོ་གསང་བའི་པདྨོའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཆོས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་ལ་ཧྲཱི་ནི་སངས་རྒྱས་པདྨའིའོ། །གྲ་ནི་པདྨ་རྒྱལ་པོའི་གཟུངས་ཀྱིའོ། །པྲ་ནི་ཆགས་མའིའོ། །ཧ་ནི་ལེགས་མའིའོ། །ཤྲཱི་ནི་པདྨ་ཁྲོ་གཉེར་མའིའོ། །ས་ནི་པདྨ་ཉི་མའིའོ། །དཱ་ནི་པདྨ་ཟླ་བའིའོ། །ཧ་ནི་པདྨ་བཞད་པའིའོ། །གཱ་ནི་སྒྲོལ་མའིའོ། །དྷ་ནི་པདྨ་རྣོན་པོ་མའི་འོ། །ཀྲཱ་ནི་པདྨ་རྒྱུའི་གཟུངས་ཀྱིའོ། །པཱ་ནི་པདྨ་གསུང་བའི་འོ། །བ་ནི་གར་གྱི་དབང་ཕྱུག་གིའོ། །ར་ནི་བསྲུང་བ་མའིའོ། །ཥ་ནི་གནོད་སྦྱིན་མའིའོ། །ཨ་ནི་པདྨའི་ཁུ་ཚུར་གྱི་གཟུངས་ཀྱིའོ། །ཆོས་ཀྱི་ཕྱག་རྒྱ་ནི་ལྗགས་ལ་བསམ་པར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་ནས་པདྨ་འབེབས་པའི་མཐར་ཐུག་པ་ནི་འགྲོ་པ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་ཉིད་གཟུང་བར་བྱའོ། །ལས་ཀྱི་ཕྱག་རྒྱ་མདོར་བསྡུས་ནས། །གསང་བའི་ཁུ་ཚུར་གཉིས་པའོ། །ཞེས་བྱ་བ་ནི་པདྨའི་ཁུ་ཚུར་གྱི་གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ནས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྦྱོར་བས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་
པ་ནས། པདྨ་འབེབས་པའི་ལས་ཀྱི་མཐར་ཐུག་པའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང་རྡོ་རྗེ་དབྱིངས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་དམ་ཚིག་གི་ཕྱག་རྒྱ་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་ནི་དུས་ཐམས་ཅད་དུ་བཅིང་བར་མི་བྱ་བ་ཉིད་དོ་ཞེས་བྱུང་བས་འདིར་ཡང་པདྨའི་དམ་ཚིག་གི་ཁུ་ཚུར་གྱི་གཟུངས་ཀྱི་ཕྱག་རྒྱ་ལས་འབྱུང་བ་ནི་དུས་ཐམས་ཅད་དུ་བཅིང་བར་མི་བྱའོ། །དེ་ལ་འགྲོ་པ་འདུལ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ལས་ཀྱི་ཕྱག་རྒྱ་འཆིང་བའི་སྦྱོར་བས། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཆེ། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །གཡས་པས་གཡོན་པ་དབྱེ་པར་བྱ། །ཞེས་བྱ་བ་ནི་འགྲོ་བ་འདུལ་བ་དང༌། པདྨའི་ཏིང་ངེ་འཛིན་དང༌། པདྨའི་སྒྲོལ་མ་དང༌། པདྨའི་དམ་ཚིག་སྒྲོལ་མ་རྣམས་ཀྱིའོ། །བསྒྱིངས་བཅས་གསོར་བ་གཉིས་ཀའི་ནི་སངས་རྒྱས་པདྨའི་གཟུངས་དང། །རྡོ་རྗེ་ཆོས་མའིའོ། །ལྕགས་ཀྱུ་འཛིན་ལྟར་གནས་པ་ནི། །པདྨའི་དེ་བཞིན་གཤེགས་པའི་ལྕགས་ཀྱུའོ། །མདའ་འཕངས་པའི་ཚུལ་དང་པདྨ་ཆགས་པའིའོ། །ལེགས་སོ་སྦྱིན་པ་སྙིང་གར་གཞག །པདྨ་ལེགས་པའིའོ། །དབང་བསྐུར་བ་ནི་རྡོ་རྗེ་གཉིས། །ཞེས་པ་ནི་པདྨ་ཁྲོ་གཉེར་དང། སངས་རྒྱས་དབང་བསྐུར་པའི་ཏིང་ངེ་འཛིན་མཆོག་མ་དང་གཙུག་ཕུད་སངས་རྒྱས་ཀྱིའོ། །སྙིང་གར་ཉི་མ་བསྟན་པར་བྱ་བ་ནི་པདྨ་ཉི་མའིའོ། །གཡོན་པ་ལ་ནི་གྲུ་མོ་གཟུགས་ནི་པདྨ་ཟླ་བའིའོ། །དེ་བཞིན་ཁ་ཕྱོགས་བསྐོར་བ་ནི་པདྨ་བཞད་པའིའོ། །སྙིང་གར་འབྱེད་པ་ལྟ་བུ་ནི་པདྨ་སྒྲོལ་མའིའོ། །སྙིང་གར་གཡོན་པའི་རལ་གྲི་འདུད་པ་ནི་པདྨ་རྣོན་པོའིའོ། །མགལ་མེའི་འཁོར་ལོ་བསྐོར་བ་ནི་པདྨ་ཁྱབ་འཇུག་གིའོ། །རྡོ་རྗེ་གཉིས་ཀ་ཁ་ནས་དབྱུང་བ་ནི་གསང་པའིའོ། །རྡོ་རྗེ་གར་བསྐོར་བཀྲོལ་བ་ནི། །ཐལ་མོ་འགྲམ་པ་སྤྱི་བོར་གཞག །ཅེས་པ་ནི། པདྨ་ངེས་པའི་དབང་ཕྱུག་དང་གར་གྱི་དབང་ཕྱུག་དང་སྣ་ཚོགས་ཀྱི་སྒོའིའོ། །གོ་ཆ་ནི་པདྨ་བསྲུང་བའིའོ། །མཐེ་ཅུང་མཆེ་བ་ནི་པདྨ་གནོད་སྤྱིན་གྱིའོ། །ཁུ་ཚུར་གཉིས་ནི་མནན་པ་ནི་པདྨ་ཁུ་ཚུར་གྱི་གཟུངས་ཀྱིའོ། །པདྨ་འགྱིང་བའི་ཚུལ་གྱིས་ནི། །བསམ་པ་གཡོས་པས་འདུད་པར་བྱ། །ཕྲེང་བ་བཅིང་དང་ཁ་ནས་
དབྱུང༌། །གར་ལ་ཐལ་སྦྱར་སྤྱི་བོར་གཞག །ཐུར་དུ་བླུགས་དང་གྱེན་དུ་གཏོར། །མཐེ་བོ་བསྙམས་ལ་རབ་ཏུ་བསྡམས། །དྲིས་བྱུགས་པ་ཡི་སྦྱོར་པ་ཡིས། །མཆོད་པའི་ཕྱག་རྒྱ་རབ་ཏུ་བརྟག །མཛུབ་མོའི་ལྕགས་ཀྱུ་བཅིང་བ་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་པ་མཛུབ་གཉིས་གདུབ། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་མནན། །དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལས། པདྨ་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པ་རྫོགས་སོ།། །།དེ་ལྟར་པདྨའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱིས་འདུལ་པའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པ་བསྟན་ནས། ད་ནི་པདྨའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱིས་འདུལ་པའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །དང་པོ་སྦྱོར་པའི་ཏིང་ངེ་འཛིན་ནི་འགྲོ་པ་འདུལ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་ཡིན་ནོ། །ཡང་ཞེས་བྱ་བ་ནི་འགྲོ་པ་འདུལ་པའི་གཟུངས་ཀྱི་དཀྱིལ་འཁོར་ལ་ལྟོས་པའོ། །བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་ནི་ཆོས་ཐམས་ཅད་སྤྲོས་པ་མེད་པར་བྱས་པའོ། །དེའི་དམ་ཚིག་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་པདྨའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་རོ། །དེ་ལས་བྱུང་བ་ནི་འཇིག་རྟེན་དབང་ཕྱུག་གི་ཐུགས་ཀ་ན་གནས་པའི་པདྨ་གང་ཡིན་པ་དེ་ལས་བྱུང་བའོ། །དེས་བྱིན་གྱིས་བརླབས་པ་ནི་ནུས་པར་མཛད་པའོ། །གང་གི་ཏིང་ངེ་འཛིན་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །འདི་ཞེས་བྱ་བ་ནི་དེ་མ་ཐག་འཆད་པར་འགྱུར་པའི་བློ་ལ་གནས་པའོ། །རང་གི་རིག་པ་དམ་པ་གསུངས་པ་ནི་བཤད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་པདྨའི་རིགས་ཀྱི་རང་བཞིན་གྱི་རང་གི་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་པའི་ཕྱིར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀ་ན་གནས་པའི་རྡོ་རྗེ་པདྨའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས་རིག་པ་དམ་པ་འདི་གསུངས་པའོ། །
དེ་ནས་དཀྱིལ་འཁོར་དེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀའི་པདྨ་ལས་སྤྲུལ་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སྔ་མ་བཞིན་དུ་ཕུལ་ལོ། །དེ་ལྟར་ཕྱག་ན་རྡོ་རྗེ་དང༌། རྡོ་རྗེ་སྙིང་པོ་དང༌། རྡོ་རྗེ་སྤྱན་དང༌། རྡོ་རྗེ་སྣ་ཚོགས་རྣམས་ཀྱི་རང་རང་གི་རིག་པ་དམ་པ་རྣམས་གསུངས་ནས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀའི་པདྨ་ལས་འགྲོ་པ་འདུལ་བ་དང་གཙུག་ཕུད་སངས་རྒྱས་དང༌། པདྨ་ཏིང་ངེ་འཛིན་དང༌། པདྨ་དོན་ཡོད་དབང་ཕྱུག་གི་དཀྱིལ་འཁོར་རྣམས་པདྨའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་གཟུགས་སུ་སྤྲུལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕུལ་པ་ཡིན་ནོ། །དེ་ལ་རང་གི་རིགས་ཀྱི་ཆོས་འབྱུང་པ་ནི། འགྲོ་བ་འདུལ་པའི་ཆོས་ཀྱི་དཀྱིལ་འཁོར་ལས་འབྱུང་བ་གང་ཡིན་པའི་རིག་པ་དམ་པ་འདི་དེ་བཞིན་དུ་གསུངས་པའོ། །དེ་ལ་དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས། ཨོཾ་བཛྲ་ཀརྨ་དྷརྨྨ་ཧཱུཾ་ཞེས་བསྟན་པའི་བར་གྱི་གཞུང་དེ་ཙམ་གྱིས་འགྲོ་པ་འདུལ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ནོ། །སྔ་མ་བཞིན་དུ་བསྡུ་པ་དང་བྱིན་གྱིས་བརླབས་པ་ལ་སོགས་པ་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ གསུམ་པ ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་སྐབས་སུ་བབ་པའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་པའི་བློ་ལ་གནས་པའོ། །རང་གི་ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་ཤིང་འཆད་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། སྔོན་དུ་བསྙེན་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། འགྲོ་པ་འདུལ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་འགྲོ་པ་འདུལ་པའི་རང་གི་ལྷའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་པས་ཆོས་ཀྱི་དཀྱིལ་འཁོར་གྱི་སྔགས་རྣམས་རེ་རེ་ཞིང་བཟླས་བརྗོད་འབུམ་བྱའོ། །དེའི་རྗེས་ཐོགས་ལ་ཉི་མ་བདུན་དཀྱིལ་འཁོར་འདི་བསྒོམས་ལ། དེ་ནས་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་རྒྱུ་དེའི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་འགྲོ་པ་འདུལ་པའི་ཆོས་ཀྱི་དཀྱིལ་འཁོར་དུ་འཇུག་པ་མེད་ན། དེས་འདུལ་པའི་སེམས་ཅན་གྱི་ཁམས་རྣམས་ཀྱི་མངོན་
པར་འདོད་པའི་དངོས་གྲུབ་ཀྱི་དོན་འགྲུབ་པར་མི་འགྱུར་བས་རྒྱུ་དེའི་ཕྱིར་རབ་ཏུ་བཤད་པར་བྱའོ། །ཡེ་ཤེས་དཀྱིལ་འཁོར་དམ་པ་སྟེ། །ཞེས་བྱ་བ་ནི་པདྨའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་མཆོག་གོ །རྡོ་རྗེ་དབྱིངས་དང་འདྲ་བར་ནི། །ཞེས་བྱ་བ་ལས་སྤྲུལ་པའི་ཆོས་ཀྱི་དཀྱིལ་འཁོར་ནི་འདིར་རྡོ་རྗེ་དབྱིངས་ཡིན་ལ་དེ་དང་མཚུངས་པས་ན། རྡོ་རྗེ་དབྱིངས་དང་འདྲ་བར་ནི། །ཆོས་ཀྱི་ཡེ་ཤེས་ཞེས་བརྗོད་དོ། །ཞེས་བྱ་བ་ནི། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ་བར་བྱའོ། །དེ་ཡི་དབུས་སུ་བྲི་བ་ནི། །ཡེ་ཤེས་རྡོ་རྗེ་དེ་བཞིན་གཤེགས། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་སྦྱོར་བ་དེས་དེ་ནས་ཐིག་བཏབ་ལ། ཆོས་ཀྱི་དཀྱིལ་འཁོར་དེའི་དབུས་སུ་ཕྱོགས་དང་མཚམས་མཉམ་པར་པདྨ་འདབ་མ་བརྒྱད་པ་ཀ་བ་བརྒྱད་དང་ཡང་དག་པར་ལྡན་པའི་པདྨའི་དཀྱིལ་འཁོར་བྲི་བར་བྱའོ། །དེའི་དབུས་སུ་སེང་གེ་དང༌། པདྨའི་གདན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་རྩེ་ལྔ་པ་དེའི་ལྟེ་བར་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་བྲི་བར་བྱའོ། །རྣམ་པར་སྣང་མཛད་དེའི་ཕྱོགས་དང༌། མཚམས་རྣམས་ཐམས་ཅད་དུ། སེམས་དཔའ་ཆེ་རྣམས་ཆོ་ག་བཞིན། །སྣ་ཚོགས་དབང་ཕྱུག་ལ་སོགས་པ། །ཏིང་ངེ་འཛིན་ལ་སྙོམས་ཞུགས་བྲི། །ཞེས་བྱ་བ་ནི་འགྲོ་བ་འདུལ་བ་ལ་སོགས་པ་བྲི་བར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་དཀྱིལ་འཁོར་ཐམས་ཅད་ཐིག་བཏབ་ལ་ཁྲོ་བོའི་ལྟ་བས་བལྟས་ཏེ། དེ་ཉིད་ཀྱི་སྒོ་རྣམས་བྱས་ལ། ཚོན་སྣ་རྣམ་པ་ལྔས་དཀྱིལ་འཁོར་བྲིས་ཏེ། དཀྱིལ་འཁོར་གྱི་ལྟེ་བའི་གནས་སུ་རྣམ་པར་སྣང་མཛད་སྔར་བཤད་པའི་མཚན་ཉིད་དང་ལྡན་པ་ཇི་སྐད་བཤད་པའི་སེང་གེའི་གདན་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ཆུར་གནས་པ་ལ། རྡོ་རྗེ་བསྡམས་པ་བཅིངས་ནས་སྐྱིལ་མོ་ཀྲུང་གི་སྟེང་དུ་བཀན་ནས་སྙིང་གའི་ཕྱི་རོལ་དུ་རྡོ་རྗེ་རྩེ་ལྔ་པ་ནས་འབྲས་ཀྱི་ཚད་ཙམ་བསྣམས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་བྲི་བར་བྱའོ། །དེའི་ཕྱོགས་རྣམས་སུ་ཆོས་ཀྱི་རྡོ་རྗེ་མ་ལ་སོགས་པ་རིགས་ཀྱི་ཕྱག་རྒྱ་བཞི་པ་དང༌། འགྲོ་བ་འདུལ་བའི་དཀྱིལ་
འཁོར་ཆེན་པོ་ལས་བཤད་པའི་ཚུལ་གྱིས་ལྷ་ཐམས་ཅད་ཀྱི་གནས་སུ་པདྨ་དང་ཟླ་བའི་གདན་ལ་དེ་རྣམས་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་ཆུར་གནས་པ་ལ་འགྲོ་བ་འདུལ་བ་ལ་སོགས་པ་ནས། པདྨ་འབེབས་པའི་མཐར་ཐུག་པའི་སྔར་བཤད་པའི་མཚན་ཉིད་དང་ལྡན་པ་དང༌། བྱམས་པ་ལ་སོགས་པ་རྣམས་རང་གི་མཚན་མ་ནས་འབྲས་ཀྱི་ཚད་ཙམ་སྙིང་གའི་ཕྱི་རོལ་དུ་འཇོག་ཅིང་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པ་བྲི་བར་བྱའོ། །སྔ་མ་བཞིན་དུ། སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །ཐམས་ཅད་སྙོམས་པར་ཞུགས་པ་སྟེ། །ཏིང་ངེ་འཛིན་དུ་བཞུགས་པ་དང༌། །ཕྱག་གཉིས་རྡོ་རྗེ་བཅིང་བས་བཅིངས། །ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་འབའ་ཞིག་ཏུ་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་བརྗོད་པ་སྟེ། སློབ་དཔོན་རང་ཉིད་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གས་ཇི་ལྟ་བ་བཞིན་དུ་ཞུགས་ལ་ནས་འབྲས་ཙམ་གྱི་རྡོ་རྗེ་པདྨའི་དབང་བསྐུར་བླངས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །དེ་ནས་བསྡུ་བ་བྱས་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། དེའི་རྗེས་ཐོགས་ཉིད་ལ་པདྨའི་རིགས་ཀྱི་དཀྱིལ་འཁོར་འདིར་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱས་ནས་ཞེས་བྱ་བ་ནི་རྟ་མགྲིན་གྱི་ལྕགས་ཀྱུས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དགུག་པ་དང༌། དོན་ཡོད་ཞགས་པས་གཞུག་པ་དང༌། པདྨའི་ལྕགས་སྒྲོག་གིས་བཅིང་བ་དང༌། པདྨ་འབེབས་པས་དབང་དུ་བྱ་བ་དང༌། པདྨ་གནོད་སྦྱིན་གྱིས་བགེགས་བསལ་ལ། ར་བ་དང་དྲ་བ་བྱའོ། །དེ་ནས་པདྨའི་ཁུ་ཚུར་གྱིས་སྒོ་བཅད་ལ། པདྨའི་སྲུང་བས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ལ། འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ལྷ་ཐམས་ཅད་ལ་མཆོད་ཡོན་དང་ཞབས་བསིལ་ཕུལ་ནས། དམ་ཚིག་གི་ཕྱག་རྒྱས་བསྒྲུབས་ཏེ། དེ་ནས་ཆོས་དང་ལས་དང༌། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་ཀྱང་རྒྱས་བཏབ་ལ། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་དབང་བསྐུར་ལ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། སློབ་མ་འཇུག་པའི་གནང་བ་ནོད་པ་ནི་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཞེས་བྱའོ། །དེ་ལྟར་བྱས་ནས། ཇི་ལྟ་བ་བཞིན་དུ་བཅུག་སྟེ། འདི་སྐད་དུ་ཁྱོད་ཀྱིས་གཞན་སུ་ལ་ཡང་མ་བརྗོད་ཅིག་ཅེས་བྱ་བ་ནི་འགྲོ་བ་འདུལ་
བའི་དཀྱིལ་འཁོར་ཆེན་བོར་འཇུག་པའི་ཆོ་ག་བཞིན་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་རྡོ་རྗེ་པདྨ་ནས་འབྲས་ཀྱི་ཚད་ཙམ་སློབ་མ་རྣམས་ལ་བྱིན་ནས་ཞེས་བྱ་བ་དང༌། ཆོ་ག་ལྷག་མ་རྣམས་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་གཟུང་བར་བྱའོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་དང་སློབ་མ་འཇུག་པའི་ཆོ་ག་བསྟན་ནས། ད་ནི་འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ། དེ་ལས་བཤད་པའི་དངོས་གྲུབ་ཀྱི་ཡེ་ཤེས་རྣམས་སློབ་དཔོན་གྱིས་བསྟན་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །དེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། གང་འདོད་ཅེས་དྲི་པར་བྱའོ། །འཇིག་རྟེན་དབང་ཕྱུག་སྙོམས་ཞུགས་ལ། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་བའི་ཆོ་གས་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་བའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། སྙིང་གར་པདྨོ་བསྒོམས་ནས་ཀྱང༌། །ཞེས་བྱ་བ་ནི། ཨོཾ་པདྨ་ཛྙཱ་ན་ཧྲྀ་ད་ཡ་ཨཱ་བེ་ཤ་།ཞེས་བྱ་བའི་སྙིང་པོ་འདིས་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་པདྨ་བསྐྱེད་པ། དེ་ཉིད་ཟློས་ཤིང་བསྒོམས་ནས། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམས་ན་མཐོང་བར་འགྱུར་རོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བསྒོམས་ན་དེ་འགྲུབ་པར་འགྱུར་རོ། །པདྨའི་ཏིང་ངེ་འཛིན་ཐོབ་པར། །དེ་མ་ཐག་ཏུ་མྱུར་བར་འདིར། །ཞེས་བྱ་བ་ལ་འདིར་ཞེས་བྱ་བ་ནི། སྐད་ཅིག་མ་དེ་ཉིད་ཀྱི་ཚེའོ། །འཇིག་རྟེན་དབང་ཕྱུག་སྙོམས་ཞུགས་ལ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དཔྲལ་བར་པདྨོ་བསྒོམས་བྱས་ཏེ། ཞེས་བྱ་བ་ནི། ཨོཾ་པདྨ་ཛྙཱ་ན་ཨ་བྷི་ཥེ་ཀ་ཨཱ་བེ་ཤ་ཞེས་བྱ་བའི་སྙིང་བོ་འདིས་དཔྲལ་བའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔ་མ་བཞིན་དུ་རྡོ་རྗེ་པདྨ་སྤྲུལ་ལ་སྔ་མ་བཞིན་དུ་བསྒོམས་ལ་དེ་ནས་བསྒྲུབ་པར་བྱའོ། །འཇིག་རྟེན་དབང་གི་ཏིང་འཛིན་གྱིས། །ལྕེ་ལ་པདྨོ་བསྒོམས་ནས་ཀྱང༌། ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཐམས་ཅད་བྱས་ལ། ཨོཾ་པདྨ་ཛྙཱ་ན་བི་ཪྻཱ་ར་ཏ་མ་ཨཱ་བེ་ཤ་།ཞེས་བྱ་བ་རང་གི་ལྕེ་
ལ་རྡོ་རྗེ་པདྨ་བསྐྱེད་དེ་སྔ་མ་བཞིན་དུ་བསྒོམས་ནས་བསྒྲུབ་པར་བྱའོ། །འཇིག་རྟེན་དབང་གི་ཏིང་འཛིན་གྱིས། །སྤྱི་གཙུག་པདྨོ་བསྒོམས་ནས་ཀྱང༌། །ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་དེ་ཉིད་བྱས་ནས། ཨོཾ་པདྨ་ཛྙཱ་ན་ཨུཥྞཱི་ཥ་ཨཱ་བེ་ཤ་ཞེས་བྱ་བས་སྤྱི་གཙུག་གི་གནས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་པདྨ་བསྐྱེད་ལ་སྔ་མ་བཞིན་དུ་བསྒྲུབ་པར་བྱའོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །པདྨོ་དབྱིབས་ནི་བསྒོམས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཨོཾ་པདྨ་ཨཱ་ཀ་ཤ་ཞེས་བྱ་བའི་སྙིང་པོ་འདིས་ནམ་མཁའ་ལ་སོགས་པའི་གནས་སུ་རྡོ་རྗེ་པདྨ་བསྐྱེད་ཅིང་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་མཚན་ཐོག་ཐག་བསྒོམས་ན་ནི་མི་སྣང་བའི་དངོས་གྲུབ་ཏུ་འགྱུར་རོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཨོཾ་པདྨ་ར་ཐ། ཞེས་བྱ་བ་ནམ་མཁའ་ལ་སོགས་པའི་ཕྱོགས་སུ་པདྨོ་བསྐྱེད་ལ། དེ་ནས་དེ་ཉིད་ཟློས་ཤིང་དེའི་སྟེང་དུ་བདག་ཉིད་འདུག་སྟེ། འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བསྒོམས་ནས་ཕྱིས་སྔ་མ་བཞིན་དུ་བསྒྲུབས་ན་མི་སྣང་བར་འགྱུར་རོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཨོཾ་ཛྙཱ་ན་པདྨ་གྲྀཧྞ། ཞེས་བྱ་བའི་སྙིང་པོ་འདིས་ནམ་མཁའ་ལ་སོགས་པའི་ཕྱོགས་སུ་པདྨ་སྤྲུལ་ལ། དེ་ཉིད་ཟློས་ཤིང་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བསྒྲུབས་ན་གང་གི་ཚེ་མཐོང་བ་དེ་བླངས་ན་མི་སྣང་བར་འགྱུར་རོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཨོཾ་པདྨ་རས་ཡན། ཞེས་བྱ་བའི་སྙིང་པོ་འདིས་ནམ་མཁའ་ལ་སོགས་པའི་ཕྱོགས་སུ་པདྨ་སྤྲུལ་ལ། དེ་ཉིད་ཟློས་ཤིང་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམས་ན་མཐོང་བར་འགྱུར་རོ། །དེ་ནས་མཚན་ཐོག་ཐག་བསྒོམས་ན་རང་གི་གཟུགས་ཉིད་པདྨར་མཐོང་བར་འགྱུར་ཏེ། དེ་བས་ན། མཐོང་བའི་པདྨོ་དེ་ཟོས་ན། །དེ་མ་ཐག་ཏུ་མི་སྣང་འགྱུར། །ཞེས་བྱ་བའོ། །ཕྱག་རྒྱ་ཆེ་བཅིངས་པདྨོ་ནི། །ཁ་དོག་དབྱི་བས་རྣམས་སྣ་ཚོགས་པའི། །ཞེས་
བྱ་བ་ལ་ཁ་དོག་སྣ་ཚོགས་བ་ནི་སྔོན་པོ་ལ་སོགས་པའོ། །དབྱིབས་སྣ་ཚོགས་པ་ནི་ཟླུམ་བོ་ལ་སོགས་པའོ། །པདྨོ་ནི་རྡོ་རྗེ་སྣ་ཚོགས་པདྨ་ལུགས་མའམ། བརྐོས་པ་འམ་འཇིམ་པ་ལ་སོགས་པ་ལས་བྱས་པ་སྣ་ཚོགས་པ་དེ་བླངས་ལ་བཟུང་ནས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བསྒོམས་ན། གཟུགས་ཐམས་ཅད་འཆང་བར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་པདྨ་དྷ་ར་བི་ཤྭ་རཱུ་པ་པྲ་བ་ཏ་ཀ་ཨཱ་བེ་ཤ་ཞེས་བརྗོད་ཅིང༌། ཇི་སྐད་བཤད་པའི་པདྨ་དེ་བཟུང་ལ་འགྲོ་བ་འདུལ་བའི་གཟུགས་སུ་བདག་ཉིད་བསྒོམས་ལ། སྙིང་པོ་འདི་ཉིད་བརྗོད་ཅིང་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམས་ན། དེའི་གཟུགས་སུ་བདག་ཉིད་དུ་མཐོང་བར་འགྱུར་རོ། །དེ་ནས་སྔ་མ་བཞིན་དུ་མཚན་ཐོག་ཐག་བསྒོམས་ན་འགྲུབ་པར་འགྱུར་ཏེ། འགྲོ་བ་འདུལ་བ་དང་མཚུངས་པར་འགྱུར་རོ། །པདྨ་ཁ་དོག་དབྱིབས་རྣམས་ནི། །སྣ་ཚོགས་པདྨོའི་དབྱིབས་བྲིས་ལ། །ཞེས་བྱ་བ་ལ་སོགས་པ་ལ་རས་སམ། རྩིག་པའམ་སྤང་ལེབ་ལ་བཟོ་བོ་མཁས་པས་པདྨ་བྲིས་ལ། དེ་ནས་རང་གི་ལྷའི་རྣལ་འབྱོར་བྱས་ཏེ། ཨོཾ་བི་ཤྭ་པདྨ་པྲ་བརྟ་ཡ་མཱཾ། ཞེས་བརྗོད་ཅིང་འགྲོ་བ་འདུལ་བ་དེའི་ཏིང་ངེ་འཛིན་བསྒོམས་ཏེ། སྔ་མ་བཞིན་དུ་བསྒོམ་ས་ན་འགྲོ་བ་འདུལ་བ་ནང་འདྲ་བར་འགྱུར་རོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །པདྨའི་ཁ་དོག་དབྱིབས་རྣམས་ནི། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྔ་མ་བཞིན་དུ་ལྷའི་རྣལ་འབྱོར་བྱས་ལ། ཨོཾ་ས་མ་དྷི་བི་ཤྭ་པདྨ་ཨཱ་བེ་ཤ་ཞེས་བྱ་བའི་སྙིང་པོ་འདིས་ནམ་མཁའ་ལ་སོགས་པ་ལས་ཇི་སྐད་དུ་བཤད་པའི་ཁ་དོག་དང་དབྱིབས་དང་ལྡན་པའི་པདྨ་སྤྲུལ་ལ་སྙིང་པོ་འདི་ཉིད་བརྗོད་ཅིང་བསྒོམས་ན། སྔ་མ་བཞིན་དུ་བསྒྲུབ་པར་བྱས་ན་འདོད་པའི་གཟུགས་སུ་འགྱུར་རོ། །པདྨ་ཁ་དོག་དབྱིབས་རྣམས་ནི། །སྣ་ཚོགས་དབྱིབས་སུ་བྱས་ནས་ཀྱང༌། །ཞེས་བྱ་བ་ནི་བཟོ་བོ་མཁས་པས་སྔ་མ་བཞིན་དུ་པདྨའི་གཟུགས་བྱས་ལ། རང་གི་ལྷའི་རྣལ་འབྱོར་བྱས་ཏེ། ཨོཾ་བི་ཤྭ་པདྨ་ས་ནོད་ཀྵི་ས་ཨཱ་ཀ་ཤ་པི་ཥི་རཱུ་པཾ་ཨ་དྷི་ཊིཥྛ་མཾ།
ཞེས་བརྗོད་ཅིང་དེའི་སྟེང་དུ་འདུག་ལ། དེ་ཉིད་ཟློས་ཤིང་བསྒོམས་ན། རང་ཉིད་འཇིག་རྟེན་དབང་ཕྱུག་གི་གཟུགས་དེས་སྔ་མ་བཞིན་དུ་བསྒྲུབ་པ་བྱས་ན། ནམ་མཁའ་ལ་འགྲོ་ཞིང་ཅི་དགའ་བའི་གཟུགས་སུ་འགྱུར་རོ། །གང་ཡང་རུང་བའི་ཕྱག་རྒྱ་ཆེ། །ཏིང་ངེ་འཛིན་གྱིས་ལེགས་བཅིངས་ལ། །པདྨོ་བླངས་ལ་རབ་བྱིན་ལ། །རྟག་པ་རུ་ནི་དབང་དུ་འགྱུར། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་མ་ཧཱ་པདྨ་ཧོཿ་ཞེས་བྱ་བའི་སྙིང་པོ་འདིས་པདྨོ་བླངས་ཏེ། འཇིག་རྟེན་དབང་ཕྱུག་འགྲོ་བ་འདུལ་བའམ། རིགས་ཀྱི་རང་བཞིན་དུ་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཇི་སྲིད་དུ་ཟླ་བ་གཅིག་ཙམ་པ་དེ་སྲིད་དུ་བདག་ཉིད་བསྒོམས་ནས། མཚན་ཐོག་ཐག་བསྒོམ་པ་དང་བཟླས་པ་བྱའོ། །དེ་ནས་ལས་ཀྱི་དུས་སུ་དེ་ཉིད་ཀྱི་ལྷའི་རྣལ་འབྱོར་བྱས་ལ། ཕྱི་རོལ་གྱི་མེ་ཏོག་པདྨ་བླངས་ཏེ་སྙིང་བོ་འདི་ལན་བརྒྱ་རྩ་བརྒྱད་མངོན་པར་བཟླས་ཏེ། ཕྱག་རྒྱ་ཆེན་པོ་བཅིངས་པ་དེས་པདྨ་བླངས་ལ། ཨོཾ་མ་ཧཱ་པདྨ་ཧོ། ཆེ་གེ་མོ་ཉིད་བ་ཤ་མཱ་ན་ཡ་ཧོ། ཞེས་མངོན་པར་བཟླས་ལ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །གང་ཡང་རུང་བའི་དམ་ཚིག་ནི། །ཕྱག་རྒྱ་ཞེས་བྱ་ལེགས་བཅིངས་ནས། །ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་དེ་ཉིད་ལས་བཤད་པའི་གཙུག་ཕུད་སངས་རྒྱས་ཀྱི་རྣལ་འབྱོར་རམ་དེའི་རིགས་ཀྱི་རྣལ་འབྱོར་བྱས་ཏེ། གཙུག་ཕུད་སངས་རྒྱས་ཀྱི་རིགས་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་དེས་པདྨ་བླངས་ལ། ཨོཾ་ས་མ་ཡ་པདྨ་ཧོ། ཞེས་ཟློས་ཤིང་སྔ་མ་བཞིན་དུ་བསྒྲུབ་པ་བྱས་ན། གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །ཏིང་ངེ་འཛིན་སྐྱེས་དགེ་བ་ཡིས། །ཕྱག་རྒྱ་གང་ཡང་རུང་བཅིངས་ལ། །ཡེ་ཤེས་པདྨོ་གང་བྱིན་པ། །དེ་ནི་དེ་ཡིས་མྱུར་བར་འགྱུར། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་པདྨའི་ཏིང་ངེ་འཛིན་དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་པདྨའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཆེན་པོ་དང༌། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ།
ཕྱི་རོལ་གྱི་པདྨ་བླངས་ལ། ཨོཾ་ཛྙཱ་ན་པདྨ་ཧོ། ཞེས་བརྗོད་ཅིང་དེ་ཉིད་ཟླ་བ་གཅིག་ཙམ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་ལ་ཡང་ལས་ལ་སྦྱོར་བའི་དུས་སུ་དེ་ཉིད་ཀྱི་ལྷའི་རྣལ་འབྱོར་བྱས་ལ་ཕྱག་རྒྱ་ཆེན་པོ་དེ་ཉིད་ཀྱིས་པདྨ་དེ་བླངས་ལ། ཨོཾ་ཛྙཱ་ན་པདྨ་ཧོ། ཆེ་གེ་མོ་བ་ཤ་མཱ་ན་ཡ་ཧོ། །ཞེས་པ་ལན་བརྒྱ་རྩ་བརྒྱད་བཟླས་ནས་སྦྱིན་པར་བྱའོ། །གང་ཡང་རུང་བའི་དམ་ཚིག་ལྡན། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་པདྨ་ངེས་པའི་དབང་ཕྱུག་གི་རྣལ་འབྱོར་རམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་པདྨ་ངེས་པའི་དབང་ཕྱུག་གི་ལས་ཀྱི་ཕྱག་རྒྱ་དང༌། དེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། ཨོཾ་ཀརྨ་པདྨ་ཧོ། །ཞེས་བྱ་བའི་སྙིང་པོ་འདིས་ཕྱི་རོལ་གྱི་པདྨ་བླངས་ཏེ། དེ་ཉིད་ཀྱི་བསྒོམས་པ་བྱས་ན། མཚན་ཐོག་ཐག་བསྒོམས་ལ། ཕྱི་ས་ལས་ཀྱི་དུས་སུ་དེ་ཉིད་ཀྱིས་ལས་ཀྱི་ཕྱག་རྒྱ་པདྨ་བླངས་ཏེ། ཨོཾ་ཀརྨ་པདྨ་ཧོ། ཆེ་གེ་མོ་ཉིད་བ་ཤ་མཱ་ན་ཡ་ཧོ། ཞེས་ལན་བརྒྱ་རྩ་བརྒྱད་པདྨ་ལ་མངོན་པར་བཟླས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །དེ་ལྟར་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པ་བསྟན་ནས། ད་ནི་འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་བཞི་པོ་རྣམས་ཀྱིས་དེ་ལས་གསུངས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པའི་དུས་ཕྱིས་སོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་རོ། །ཕྱག་རྒྱ་ཆེན་པོ་ནི་ལུས་ཀྱི་ཕྱག་རྒྱའོ། །དེའི་ཡེ་ཤེས་བསླབ་པའོ། །ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི། །ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཚུལ་གྱིས་ཆོས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་
བཅིང་བར་བྱའོ། །དེའི་རིག་པ་ནི་འདི་ཡིན་ཏེ། སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །ཐམས་ཅད་སྙོམས་པར་ཞུགས་པ་ཉིད། །ཏིང་ངེ་འཛིན་དུ་བཞུགས་པ་དང༌། །ཕྱག་གཉིས་རྡོ་རྗེ་བཅིང་པ་བཅིངས། །ཞེས་བྱ་བ་ལ་སོགས་པ་སྔར་རྒྱས་པར་བཤད་པ་ཉིད་གཟུང་བར་བྱའོ། །དེ་ནས་རབ་ཏུ་བཤད་བྱ་བ། །དམ་ཚིག་མཆོག་ནི་ཞེས་བྱ་བ་ནི། ཆོས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱའོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་སྟེ་ཞེས་བྱ་བ་སྨོས་ཏེ། ཏིང་ངེ་འཛིན་གྱིས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ལྷ་ཐམས་ཅད་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི། །པདྨོའི་པདྨོ་གཞག་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་གུང་མོ་གཉིས་པདྨའི་འདབ་མ་ལྟར་བྱས་པ་འདི་ནི། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་ཆོས་ཀྱི་རྡོ་རྗེ་མའི་གནས་ཀྱི་པདྨའི་པདྨ་ཞེས་བྱ་བའི་ཕྱག་རྒྱ་སྟེ། རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་པདྨོ་སངས་རྒྱས་ལ་སོགས་པ་ནས་པདྨ་ཁུ་ཚུར་གྱི་མཐུར་ཐུག་པའི་གནས་སུ་གཞག་པ་ནི་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །དེ་ལ་རིག་པ་ནི་འདི་ཡིན་ཏེ། སྐྱིལ་མོ་ཀྲུང་ནས་གན་རྐྱལ་དུ། །གཡས་གཅུས་དེ་བཞིན་སླར་གཅུས་པ། །སྙིང་གར་གནས་པ་བཞི་པ་སྟེ། །རྡོ་རྗེ་སེམས་སོགས་དཀྱིལ་འཁོར་རོ། །དཔྲལ་བར་གཞག་དང་ལྟག་པ་དང༌། །ཕྲག་པ་དག་ནི་དགོད་པར་བྱ། །ཁར་གཞག་སྙིང་གར་རལ་གྲི་དང༌། །སྙིང་གར་རྒྱས་དང་ཁ་ནས་དབྱུང༌། །སྤྱི་བོ་ཐོང་ཀ་ཁར་བཞག་པ། །མཛུབ་མོ་གཉིས་བཀུག་མདུན་དེ་བཞིན། །རྣམ་པར་སྣང་མཛད་ལ་སོགས་པ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱ་ཉིད་ཉིན་པར་ཤེས་པར་བྱའོ། །སངས་རྒྱས་པདྨ་ལ་སོགས་པའི་ཆོས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པ་ཉིད་ཡིན་ནོ། །ལྷག་མ་རྣམས་ཀྱིས་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པ་གཟུང་བར་བྱའོ། །ཆོས་ཀྱི་ཁུ་ཚུར་བསྟན་བྱས་ལ། །ལས་ཀྱི་ཕྱག་རྒྱ་གཉིས་སུ་བྱས། །ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་པདྨའི་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱས་ཏེ། གཉིས་སུ་བྱས་ནས་
ཁུ་ཚུར་གཉིས་ཀྱིས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་གྱིས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལས། འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པ་རྫོགས་སོ།། །། དེ་ལྟར་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་བསྟན་ནས། ད་ནི་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་འགྲོ་བ་འདུལ་བའི་ལས་ཀྱི་དཀྱིལ་འཁོར་གྱིས་འགྲོ་བ་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོར་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་ཞེས་བྱའོ། །འདིར་དང་པོར་སྦྱོར་བའི་ཏིང་ངེ་འཛིན་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཉིད་ཡིན་ནོ། །ཡང་ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་ལ་ལྟོས་ནས་ཡང་ཞེས་བྱ་བ་སྨོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེའི་རང་བཞིན་གྱིས་འོད་གསལ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟོགས་པ་ནི་ཆོས་ཀྱི་རིགས་ཀྱི་ལས་སོ། །དེའི་དམ་ཚིག་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་པདྨའི་རིགས་ཀྱི་ནང་དུ་གཏོགས་པའི་ལས་ཀྱི་དཀྱིལ་འཁོར་རོ། །དེ་ལས་བྱུང་བ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀའི་པདྨ་གང་ལས་བྱུང་བ་དེ་ལ་འདི་སྐད་ཅེས་བྱ་སྟེ། དེས་བྱིན་གྱིས་བརླབས་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ལས་གང་གིས་དམ་ཚིག་འབྱུང་བར་བྱིན་གྱིས་རློབ་པའི་པདྨོ་ཞེས་བྱ་བའི་ཏིང་ངེ་འཛིན་མིང་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ནས་རིག་པ་འདི་གསུངས་པ་ནི་བཤད་པའོ། །རང་གི་རིགས་ནི་འགྲོ་བ་འདུལ་བའི་ལས་ཀྱི་དཀྱིལ་འཁོར་རོ། །དེ་ལས་བྱུང་བ་ནི་རང་གི་རིགས་ཀྱི་ལས་ལ་བྱུང་བའི་རང་གི་རིག་པ་དམ་པའོ། །འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་པདྨའི་རིགས་ཀྱི་རང་གི་དཀྱིལ་འཁོར་སྤྲུལ་པའི་ཕྱིར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀ་ན་གནས་པའི་པདྨའི་རྡོ་རྗེ་ལ་མངོན་དུ་དམིགས་ནས་རང་གི་རིག་པ་དམ་པ་འདི་གསུངས་སོ། །དེ་ནས་འཕགས་པ་སྤྱན་རས་
གཟིགས་དབང་ཕྱུག་ལ་དེས་བསྐུལ་བས། རང་གི་ཐུགས་ཀའི་པདྨ་ལས་དེའི་དཀྱིལ་འཁོར་སྤྲུལ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སྔ་མ་བཞིན་དུ་ཕུལ་ལོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཕྱག་ན་རྡོ་རྗེ་དང༌། རྡོ་རྗེ་སྙིང་པོ་དང༌། རྡོ་རྗེ་སྤྱན་དང༌། རྡོ་རྗེ་སྣ་ཚོགས་དང༌། འགྲོ་བ་འདུལ་བ་དང༌། གཙུག་ཕུད་སངས་རྒྱས་དང༌། ཏིང་ངེ་འཛིན་པདྨ་དང༌། པདྨ་ངེས་པའི་དབང་ཕྱུག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བསྐུལ་བས། རང་གི་ཐུགས་ཀའི་པདྨ་ལས་སྔ་མ་བཞིན་དུ་དཀྱིལ་འཁོར་སྤྲུལ་ནས་ཕུལ་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ནས། ཨོཾ་བི་ཤྭ་ཀརྨྨ་ས་མ་ཡེ་ཧཱུཾ་ཞེས་བྱ་བའི་བར་གྱི་གཞུང་འདི་ནི་འགྲོ་བ་འདུལ་བའི་ལས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ལ་སོགས་པས་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ གསུམ་པ ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་རྣམ་ པ་གསུམ ་བསྟན་ནས། ད་ནི་འགྲོ་བ་འདུལ་བའི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་ནི་འགྲོ་བ་འདུལ་བའི་ལས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐྱུར་བ་ཐོབ་བ་རྣམས་ཀྱིས་བསྒྲུབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྐབས་སུ་བང་བའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་འགྲོ་བ་འདུལ་བའོ། །འདི་ཞེས་བྱ་བ་ནི་བློ་ལ་གནས་པའོ། །ལས་ཀྱི་དཀྱིལ་འཁོར་ནི་རང་གི་པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་རོ། །བཤད་དོ་ཞེས་བྱ་བ་ནི་གསུངས་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ་ཐུན་བཞིའི་སྦྱོར་བས་ལས་ཀྱི་དཀྱིལ་འཁོར་གྱི་རིག་པ་རྣམས་རེ་རེ་ཞིང་ཡང་བཟླས་པ་ཁྲི་བྱས་ནས། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཏིང་ངེ་འཛིན་རྣམ་ པ་གསུམ ་བསྒོམ་པ་ནས་བརྩམས་ཏེ། ལས་ཀྱི་དཀྱིལ་འཁོར་ཞག་བདུན་བསྒོམས་པའི་རྗེས་ཐོགས་ལ་ལས་ཀྱི་དཀྱིལ་འཁོར་བྲི་
བར་བྱའོ། །དེ་ནས་ནི་རྒྱུ་དེའི་ཕྱིར་ཏེ་གང་གི་ཕྱིར་ལས་ཀྱི་དཀྱིལ་འཁོར་དུ་འཇུག་པ་མེད་ན། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་འགྲུབ་པར་མི་འགྱུར་བ་དེའི་ཕྱིར་རབ་ཏུ་བཤད་བྱ་བ། ལས་ཀྱི་དཀྱིལ་འཁོར་དམ་པ་ཞེས་བྱ་བའོ། །རྡོ་རྗེ་དབྱིངས་དང་འདྲ་བ་ནི། །ཞེས་བྱ་བ་ནི་སྦྲུལ་པའི་ལས་ཀྱི་དཀྱིལ་འཁོར་དང་འདྲའོ། །པདྨའི་ལས་ནི་བྱ་བ་སྟེ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་བཞིན་དུ་ཕྱི་དང་ནང་གི་དཀྱིལ་འཁོར་འདི་ཐམས་ཅད་ཐིག་གདབ་པར་བྱའོ། །སངས་རྒྱས་ཕྱོགས་ཀུན་པདྨོ་ནི། །མཚན་མ་འཛིན་པར་ཐམས་ཅད་བྲི། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་བཞིན་དུ་དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ་སྟེ། དེ་བཞིན་དུ་རྣམ་པར་སྣང་མཛད་དང༌། འགྲོ་བ་འདུལ་བ་དང༌། གཙུག་ཕུད་སངས་རྒྱས་དང༌། པདྨའི་ཏིང་ངེ་འཛིན་དང༌། པདྨ་དོན་ཡོད་དབང་ཕྱུག་བྲིས་ལ་དེ་དག་གི་ཕྱོགས་ཐམས་ཅད་དུ་སངས་རྒྱས་པདྨ་ལ་སོགས་པའི་གཟུགས་འཛིན་པ། སངས་རྒྱས་པདྨ་ལ་སོགས་པ་ནས་པདྨ་འབེབས་པ་ལ་མཐར་ཐུག་པའི་བར་དུ་བྲི་བར་བྱའོ། །བྱམས་པ་ལ་སོགས་པའི་གཟུགས་འཛིན་བའི་བྱམས་པ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་རིག་པ་ནི་སྔར་བཤད་པའི་རིག་པ་ཉིད་ཀྱིས་བྱའོ། །ཨོཾ་བྷུ་རི་ནི་ཧཱུཾ། ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རིག་པའོ། །ཆོས་ཀྱི་རྡོ་རྗེ་མ་དང༌། སངས་རྒྱས་དབང་བསྐུར་མ་དང༌། པདྨའི་པདྨ་དང༌། སྣ་ཚོགས་ཀྱི་སྒོ་རྣམས་ཀྱི་ནི། འགྲོ་བ་འདུལ་བའི་གཟུགས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིག་པ་ཡིན་པར་ཤེས་པར་བྱའོ། །གཞན་ནི་འགྲོ་བ་འདུལ་བ་ནས་བརྩམས་ནས། པདྨ་འབེབས་པའི་མཐར་ཐུག་པ་རྣམས་ཀྱི་རིག་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་ག་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། བསྡུ་བ་བྱས་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པའི་རྗེས་ཐོགས་ལའོ། །ལས་ཀྱི་དཀྱིལ་འཁོར་ལས་འདིར་དགུག་
པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱས་ནས་ཞེས་བྱ་བ་ཡིན་ནོ། །དེ་ལ་དགུག་པ་ནི། རྟ་མགྲིན་གྱི་ལས་ཀྱི་ཕྱག་རྒྱས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བཀུག་ནས་རང་རང་གི་སྒོ་དང་ཉེ་བར་གཞག་པར་བྱའོ། །དགུག་པ་དང་པོར་བྱས་པ་གང་ཡིན་པ་དེ་ནི་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པའོ། །དོན་ཡོད་ཞགས་པ་དང༌། ལྕགས་སྒྲོག་དང༌། འབེབས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ལ། པདྨ་གནོད་སྦྱིན་གྱིས་བགེགས་བསྐྲད་ནས། རབ་དང་དྲ་བ་བྱས་ཏེ། པདྨའི་ཁུ་ཚུར་གྱིས་སྒོ་ཐམས་ཅད་ལ་པདྨའི་སྲུང་བས་དཀྱིལ་འཁོར་ཐམས་ཅད་ཀྱི་བསྲུང་བས་ཡང་དག་པར་བསྲུངས་ལ། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་འགྲོ་བ་འདུལ་བའི་རིག་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་མཆོད་ཡོན་དང་ཞབས་བསིལ་ཡང་ཕུལ་ནས་ལས་ཀྱི་དཀྱིལ་འཁོར་ལས་འཆད་པར་འགྱུར་བའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་བསྒྲུབས་ལ། དེ་ནས་ཆོས་དང་ལས་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་སྟེ་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ལ་མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་མཆོད་ནས་ཕྱག་བྱས་ཏེ། སློབ་མ་འཇུག་པའི་གནང་བ་ནོད་པར་བྱའོ་ཞེས་བྱ་བ་འདི་ནི་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཡིན་ནོ། །དེ་ལྟར་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་དེ་བྱས་ནས། ཇི་ལྟ་བ་བཞིན་དུ་བཅུག་སྟེ། འདི་སྐད་དུ། རིགས་ཀྱི་བུ་ཁྱོད་ཀྱིས་ཚུལ་འདི་སུ་ལ་ཡང་མ་སྨྲ་ཤིག་ཅེས་བྱ་བའོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཆོ་གས་ཞུགས་པ་ནི་ཇི་ལྟ་བ་བཞིན་བཅུག་སྟེ་ཞེས་བྱ་བའི་དོན་ཡིན་ནོ། །འདིར་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་པདྨ་འདབ་མ་བཞི་པའི་སྣ་ཚོགས་པདྨ་སློབ་མ་ལ་སྦྱིན་པར་བྱ་ཞིང་སློབ་དཔོན་བདག་ཉིད་ཀྱང་སྣ་ཚོགས་པདྨས་དབང་བསྐུར་བར་བྱ་བ་གཞུང་འདིས་བཟུང་བ་ཡིན་ནོ། །ལྷག་མ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པར་ཤེས་པར་བྱའོ། །དེ་ལྟར་སློབ་དཔོན་གྱི་ལས་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་དེ་ལས་བཤད་པའི་དངོས་གྲུབ་ཀྱི་ཡེ་ཤེས་
རྣམས་སློབ་དཔོན་གྱིས་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། སློབ་མ་འཇུག་པའི་ཆོ་ག་རྒྱས་པའི་རྗེས་ཐོགས་ལ་ཡེ་ཤེས་བསྐྱེད་ཅིང་བསླབ་པར་བྱའོ། །དེ་ནས་སྡིག་པ་བཤགས་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ནི་ཅི་འདོད་ཅེས་དྲིས་པ་དང༌། སྡིག་པ་བཤགས་པའི་ཡེ་ཤེས་བསླབ་པར་འཚལ་ལོ་ཞེས་སྨྲས་ན། འཇིག་རྟེན་དབང་ཕྱུག་ཕྱག་རྒྱ་ཆེ། །ཤིན་ཏུ་མཉམ་གཞག་བསྒོམས་ནས་ཀྱང༌། །སྡིག་རྣམས་བཤགས་ནས་མྱུར་བར་ནི། །སྡིག་བ་ཀུན་ལས་དེ་འདག་འགྱུར། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། མདུན་དུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་དང༌། གཟུགས་དང༌། ཆོས་དང༌། ལས་དང༌། ཕྱག་རྒྱ་བཞི་པ་དང༌། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་རྣམས་སམ་གཅིག་ལ་བསྒྲུབ་པར་བྱ་བའི་ལྷ་མདུན་དུ་སྤྱན་དྲངས་ཏེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བཞི་བྱས་ནས། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོའམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེའི་རིག་པ་བརྗོད་ཅིང་འགྲོ་བ་འདུལ་བ་ཡང་ཡིན་ནོ་ཞེས་བརྗོད་ལ་པུས་མོའི་ལྷ་ང་གཉིས་ས་ལ་བཙུགས་ཏེ། སྡིག་པ་ཐམས་ཅད་བཤགས་པར་བྱ་སྟེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་ཆེ་གེ་མོ་ཞེས་བགྱི་བ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །ཨོཾ་སརྦྦ་པཱ་པཾ་སཾ་ཤོ་དྷ་ན་མ་ཧཱ་པདྨ་ཞེས་བྱ་བ་དེ་ལྟ་བུས་སྡིག་པ་ཐམས་ཅད་དག་
བར་འགྱུར་རོ། །དམ་ཚིག་གི་ནི་མཆོག་བཅིངས་ཏེ། །ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་ཐམས་ཅད་ལས་བཤད་པའི་སངས་རྒྱས་གཙུག་ཕུད་ཀྱི་དམ་ཚིག་གི་ཕྱག་རྒྱའམ། དེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེའི་ང་རྒྱལ་གྱིས་གནས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནས། སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་བརྗོད་པ་དང༌། ཨོཾ་སརྦྦ་ཨ་ནན་ཏཪྻཱ་ཤོ་དྷ་ནས་མ་ཡ་པདྨ་ཞེས་བརྗོད་པ་དེ་ལྟ་བུས་མཚམས་མེད་པ་རྣམས་བྱང་བར་འགྱུར་རོ། །འཇིག་རྟེན་དབང་ཕྱུག་ཏིང་འཛིན་དུ། །ཞེས་བྱ་བ་ལ་སོགས་པ་ནི་པདྨ་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་པདྨའི་ཏིང་ངེ་འཛིན་ནམ། དེའི་རིགས་ཀྱི་ལྷ་རྣམས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་ང་རྒྱལ་གྱིས་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་བརྗོད་ལ། ཨོཾ་སརྦྦ་པཱ་པཾ་པྲཎ་ཤ་ན་དྷརྨྨ་པདྨ། ཞེས་བྱ་བ་བརྗོད་པ་དེ་ལྟ་བུས་ཀྱང་སྡིག་པ་ཐམས་ཅད་རབ་ཏུ་འཇོམས་པར་འགྱུར་རོ། །མདོར་ན་གང་ཡང་རུང་བ་ཡི། །ལས་ཀྱི་ཕྱག་རྒྱ་ལེགས་བཅིངས་ལ། །ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་པདྨ་ངེས་པའི་དབང་ཕྱུག་གམ། དེའི་རིགས་ཀྱི་ལྷ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། དེའི་ང་རྒྱལ་གྱིས་གནས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་བརྗོད་ཅིང༌། ཨོཾ་སརྦྦ་ཀརྨྨཱ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ་དྷརྨྨ་ཀརྨྨ་པདྨ་ཞེས་བརྗོད་པ་དེ་ལྟ་བུས་ལས་ཀྱི་སྒྲིབ་པ་ཀུན་ལས་རྣམ་པར་དག་པར་འགྱུར་རོ། །དེ་ནས་སྒྲིབ་པ་ཐམས་ཅད་ཟད་བར་འགྱུར་པའི་ཡེ་ཤེས་བསླབ་པའོ་ཞེས་བྱ་བ་ལ། དེ་ལ་སྒྲིབ་པ་ནི་རྣམ་པ་བཞི་སྟེ། གཟུང་བ་དང་འཛིན་པ་ཐམས་ཅད་ཀྱི་བག་ཆགས་ཀུན་གཞིའི་རྣམ་པར་ཤེས་པ་དང་ལྷན་ཅིག་གནས་པའི་རྣམ་པར་སྨིན་པའི་སྒྲིབ་པ་དང༌། བདག་ཏུ་རྨོངས་པ་དང༌། བདག་ཏུ་ང་རྒྱལ་དང༌། བདག་ཏུ་ལྟ་བ་དང༌། བདག་ཏུ་ཆགས་བ་རྣམས་ཉོན་མོངས་པ་ཅན་གྱི་ཡིད་དང་བཅས་པའི་ཉོན་མོངས་པའི་སྒྲིབ་པ་དང༌། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་བ་དང༌། འགྱོད་
པ་དང༌། ཐེ་ཚོམ་རྣམས་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་སྒྲིབ་པ་ལྔ་པོ་དང༌། མཚམས་མེད་པ་ལྔ་དང༌། དམ་པའི་ཆོས་སྤོང་བ་ལ་སོགས་པ་ལུས་དང་ངག་གི་ལས་རྣམས་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་རྣམ་པར་ཤེས་པ་རྣམས་དང་མཚུངས་པར་ལྡན་པར་གྱུར་པའི་ལས་ཀྱི་སྒྲིབ་པ་སྟེ་རྣམ་པ་བཞི་ཡིན་ནོ། །སྒྲིབ་པ་རྣམ་པ་བཞི་པོ་དེ་དག་ཡོངས་སུ་ཟད་ཅིང་འཇིག་པར་འགྱུར་བ་དེས་ངེས་པའི་ཡེ་ཤེས་དེ་སློབ་པོ། །འཇིག་རྟེན་དབང་གི་ཕྱག་རྒྱ་ཆེར། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་འགྲོ་བ་འདུལ་བའི་རྣལ་འབྱོར་རམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོའམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེའི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནམ། དེའི་རིགས་ཀྱི་ལྷའི་རང་བཞིན་བདག་ཉིད་རྣམ་པར་བསམས་ཏེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་བརྗོད་ཅིང༌། ཤུདྡྷ་ཤུདྡྷ་ཞེས་བརྗོད་ནས། བདག་ཉིད་གཟུགས་བརྙན་དང་མཚུངས་པའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསམ་པ་དང༌། མི་བསྐྱོད་པ་བསྒོམས་ནས། ཨོཾ་པཱ་པཾ་ཀྵ་ཡ་པདྨ། ཞེས་བྱ་བའི་སྙིང་པོ་བརྗོད་དོ། །དེ་ལྟར་བཟླས་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་གེགས་སུ་གྱུར་པའི་ལས་རྣམས་དང་རྣམ་པར་སྨིན་པའི་སྒྲིབ་པའི་རང་བཞིན་རྣམ་པར་དག་པར་འགྱུར་རོ། །འཇིག་རྟེན་དབང་གི་ཏིང་འཛིན་གྱིས། །ལས་ཀྱི་དམ་ཚིག་བཅིངས་ནས་ན། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་གཙུག་ཕུད་སངས་རྒྱས་ཀྱི་རྣལ་འབྱོར་རམ། དེའི་རིགས་ཀྱི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་གཙུག་ཕུད་སངས་རྒྱས་ཀྱི་དམ་ཚིག་གི་ཕྱག་རྒྱའམ། དེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རང་གི་ཕྱག་རྒྱ་ནི་སེམས་དཔའི་གཟུགས་ཀྱི་བདག་ཉིད་དུ་བསྒོམས་ནས། ནམ་མཁའ་དང་མཉམ་པའི་ཡེ་ཤེས་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་བདག་ཉིད་བསྒོམ་ཞིང༌། བུདྡྷ་བུདྡྷ་ཞེས་བཟླས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་བྱ་བ་ལ་སོགས་
པ་སྔ་མ་བཞིན་དུ་བརྗོད་པ་དང༌། ཨོཾ་ཨ་བ་ར་ཎ་ཀྵ་ཡ་པདྨ་ཞེས་ལན་ གསུམ་དུ་བཟླས་པ ་དེ་ལྟ་བུས་ནི་ཉོན་མོངས་པའི་ཡིད་དང་བཅས་པའི་ཉོན་མོངས་པའི་སྒྲིབ་པ་ཇི་སྐད་དུ་བཤད་པའི་ཆགས་པ་དང༌། ང་རྒྱལ་དང༌། རྨོངས་པ་དང༌། ལྟ་བ་ལ་སོགས་པའི་ལས་ཀྱི་སྒྲིབ་བ་རྣམས་རྣམ་པར་དག་པར་འགྱུར་རོ།། འཇིག་རྟེན་དབང་པོར་སྙོམས་ཞུགས་ལ། །ཞེས་བྱ་བ་ལ་སོགས་པ་ནི། དེ་བཞིན་དུ་ཏིང་ངེ་འཛིན་པདྨའི་རྣལ་འབྱོར་རམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་ཕྱག་རྒྱ་སེམས་དཔའི་གཟུགས་ཀྱི་བདག་ཉིད་དུ་བསྒོམས་ནས་སྔ་མ་བཞིན་དུ་སྡིག་པ་བཤགས་པ་བྱས་ཏེ། དྷི་དྷི་དྷི་དྷི་ཞེས་བྱ་བའི་ཡི་གེ་དྷི་བཞི་བརྗོད་ཅིང་རང་བཞིན་གྱིས་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་སྒོ་མངོན་དུ་བྱས་ནས་ནི་བ་ར་ཎ་ཀྵ་ཡ་པདྨ་ཞེས་ལན་ གསུམ་བརྗོད་པ ་དེ་ལྟ་བུས་འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་གྱི་མཚན་ཉིད་ཀྱི་སྒྲིབ་པ་རྣམས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་གེགས་སུ་གྱུར་པའི་སྡིག་པ་རྣམས་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱིས་སྤོང་བར་འགྱུར་བ་ཡིན་ནོ། །འཇིག་རྟེན་དབང་པོའི་ཏིང་འཛིན་གྱིས། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ། འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་བྱས་ལ་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་པདྨ་ངེས་པའི་དབང་ཕྱུག་གི་ལས་ཀྱི་ཕྱག་རྒྱ་དང༌། དེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། རང་གི་ཕྱག་རྒྱ་སེམས་དཔའི་གཟུགས་ཀྱི་བདག་ཉིད་དུ་བསྒོམས་ནས། སྔ་མ་བཞིན་དུ་སྡིག་པ་བཤགས་པ་བྱས་ཏེ། ཡི་གེ་ཧི་བཞི་བརྗོད་དོ། །བདག་ཉིད་རྣམ་པར་ཐར་པའི་སྒོ་འོད་གསལ་བའི་རང་བཞིན་དུ་བསྒོམས་ཏེ། ཨོཾ་ཀརྨྨ་ཀྵ་ཡ་པདྨ། ཞེས་ཟློས་ཤིང༌། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་བསྒོམས་ལ། མཚམས་མེད་པ་ལ་སོགས་པའི་ལས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་གཅོད་པ་རྣམས་རྣམ་པར་དག་པར་འགྱུར་རོ། །དེ་ལྟར་ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱང་བ་བྱས་ནས། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མཆོད་པར་བྱ་བ་ཡིན་ནོ། །སྔ་མ་བཞིན་དུ་འཇིག་རྟེན་དབང་ཕྱུག་གི་རྣལ་
འབྱོར་གྱིས་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོའམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་ཕྱག་རྒྱ་སེམས་དཔའི་བདག་ཉིད་དུ་བསམས་ཏེ། ཡི་གེ་ཨོཾ་ལན་བཞི་བརྗོད་ཅིང་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་པདྨའི་སྤྲིན་སྤྲུལ་ལ། ཨོཾ་ཨཾ་ཀརྨ་པདྨ་ཞེས་བརྗོད་ཅིང་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པར་བྱའོ། །འཇིག་རྟེན་དབང་པོའི་ཏིང་འཛིན་གྱིས། །དམ་ཚིག་མཆོག་ནི་བཅིངས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་ལ་གནས་ནས། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་གཙུག་ཕུད་སངས་རྒྱས་ཀྱི་དམ་ཚིག་གི་ཕྱག་རྒྱའམ། དེའི་རིགས་ཀྱི་ལྷའི་ཕྱག་རྒྱ་བཅིངས་ལ། ཡི་གེ་བྷུ་རྣམ་པ་བཞི་ལས་རིན་ཆེན་པདྨ་ལ་སོགས་པའི་མཆོད་པའི་སྤྲིན་སྔ་མ་བཞིན་དུ་སྤྲུལ་ལ། ཨོཾ་བྷུ་ཀ་ར་པདྨ་ཞེས་བརྗོད་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེས་མཆོད་པར་བྱའོ། །འཇིག་རྟེན་དབང་པོར་སྙོམས་ཞུགས་ལ། །ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ་འཇིག་རྟེན་དབང་པོའི་རྣལ་འབྱོར་ལ་གནས་ནས། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་པདྨའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཆེན་པོ་འམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་ཕྱག་རྒྱ་སེམས་དཔའི་གཟུགས་ཀྱི་བདག་ཉིད་དུ་བསྒོམས་ལ། ཡི་གེ་ཧེ་རྣམ་པ་བཞི་ལས་རྡོ་རྗེ་པདྨ་ལ་སོགས་པའི་མཆོད་པའི་སྤྲིན་སྤྲུལ་ལ། ཨོཾ་ཧེ་ཀ་ར་པདྨ་ཞེས་བྱ་བ་འདིས་སངས་རྒྱས་ཐམས་ཅད་ལ་དེས་མཆོད་པར་བྱའོ། །པདྨོ་ལས་ཀྱི་ཕྱག་རྒྱ་ནི། །ཤིན་ཏུ་མཉམ་པར་གཞག་བཅིངས་ན། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་འཇིག་རྟེན་དབང་པོའི་རྣལ་འབྱོར་ལ་གནས་ཏེ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་པདྨ་ངེས་པའི་དབང་ཕྱུག་གི་ལས་ཀྱི་ཕྱག་རྒྱ་དང༌། དེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། རང་གི་ཕྱག་རྒྱ་སེམས་དཔའི་གཟུགས་ཀྱི་བདག་ཉིད་དུ་བསྒོམས་ནས། ཡི་གེ་དྷི་རྣམ་པ་བཞི་ལས་སྣ་ཚོགས་པདྨ་ལ་སོགས་པའི་མཆོད་པའི་སྤྲིན་སྤྲུལ་ལ། ཨོཾ་དྷེ་ཀ་ར་ཀ་ར་མ་པདྨ་ཞེས་བརྗོད་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་མཆོད་པའི་ཡེ་ཤེས་ཀྱི་རྗེས་ཐོགས་ལའོ། །དངོས་
གྲུབ་ཀྱི་དོན་གྱི་ཡེ་ཤེས་ནི་དངོས་གྲུབ་ཀྱི་ཡེ་ཤེས་ཏེ་སློབ་པར་བྱ་བའོ། །འཇིག་རྟེན་དབང་པོའི་ཕྱག་རྒྱ་ཆེར། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་རྣལ་འབྱོར་དང་ལྡན་པའམ། དེའི་རིགས་ཀྱི་རྣལ་འབྱོར་དང་ལྡན་པས་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་དང༌། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རང་གི་ཕྱག་རྒྱ་སེམས་མའི་བདག་ཉིད་དུ་བསྒོམས་ནས། ཡི་གེ་ཧྲི་རྣམ་པ་བཞི་བསམས་ལ། དེ་ནས་ཨོཾ་ཧྲཱི་སིདྡྷྱ་ཞེས་བྱ་བ་བཟླས་པས་དངོས་གྲུབ་འགྲུབ་པར་འགྱུར་རོ། །འཇིག་རྟེན་དབང་པོའི་ཏིང་འཛིན་གྱིས། །དམ་ཚིག་མཆོག་ནི་བཅིངས་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་འཇིག་རྟེན་དབང་པོའི་རྣལ་འབྱོར་དང་ལྡན་པས་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སངས་རྒྱས་གཙུག་ཕུད་དང༌། དེའི་རིགས་ཀྱི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཡི་གེ་ཤྲི་རྣམ་པ་བཞི་ལས་བདག་ཉིད་རང་གི་ཕྱག་རྒྱ་སེམས་དཔར་བསྐྱེད་ལ། ཨོཾ་ཤྲི་སིདྡྷྱ་ཞེས་བརྗོད་པས་རང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །འཇིག་རྟེན་དབང་པོ་མཉམ་གཞག་པར། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་དང་ལྡན་པས་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཏིང་ངེ་འཛིན་པདྨ་དང༌། དེའི་རིགས་ཀྱི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཡི་གེ་དྷི་ཀ་རྣམ་པ་བཞིས་རང་གི་ཕྱག་རྒྱ་སེམས་དཔའི་བདག་ཉིད་དུ་ཁྲོ་བ་དང་ལྡན་པར་བསམས་ལ། དེ་ནས་ཨོཾ་དྷི་ཀ་སིདྡྷྱ་ཞེས་བརྗོད་ཅིང་རང་བཞིན་གྱིས་རྣམ་པར་དག་པ་བསྒོམ་པར་བྱའོ། །དེ་ལྟར་རང་བཞིན་གྱིས་དག་པའི་ཁྲོ་བོའི་ཏིང་ངེ་འཛིན་གྱིས་དངོས་གྲུབ་འགྲུབ་པར་འགྱུར་རོ། །པདྨ་ཆེན་པོ་དགེ་བ་ཡི། །ལས་ཀྱི་ཕྱག་རྒྱ་བསླབ་པར་བྱ། །ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་པདྨ་ངེས་པའི་དབང་ཕྱུག་གི་ལས་ཀྱི་ཕྱག་རྒྱའམ། དེའི་རིགས་ཀྱི་ལྷ་རྣམས་ཀྱི་ཕྱག་རྒྱ་བཅིངས་ཏེ། རང་གི་ཕྱག་རྒྱ་སེམས་དཔའི་བདག་ཉིད་དུ་བྱས་ནས། ཡི་གེ་སི་རྣམ་པ་བཞིས་འོད་གསལ་བའི་རྣམ་པའི་བདག་ཉིད་དུ་བསྒོམས་ལ། ཨོཾ་སི་སིདྡྷྱ་ཞེས་བརྗོད་ཅིང་བདག་ཉིད་དུ་བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ནས་གཞན་ཡང་དེ་ནས་ཞེས་བྱ་བ་ལ་སོགས་པས། ལས་ཀྱི་གསང་
བའི་ཕྱག་རྒྱའི་ཡེ་ཤེས་བསྟན་པར་བྱའོ། །གསང་བས་ན་གསང་བ་སྟེ། སེམས་ཀྱི་བྱ་བ་གང་ཡིན་པའོ། །འཇིག་རྟེན་དབང་པོ་སྙོམས་ཞུགས་ལ། །ཞེས་བྱ་བ་ནི་པདྨ་རིགས་ཀྱི་ལྷའི་རྣལ་འབྱོར་རོ། །བུད་མེད་ཀུན་དང་རྩེ་བྱེད་ཅིང༌། །ཞེས་བྱ་བ་ནི་རང་གི་རིག་པའི་ལྷའོ། །ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང་སངས་རྒྱས་ཐམས་ཅད་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་པས་མཆོད་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པ་དང་རང་གི་རིག་པའི་ལྷ་མོ་སྤྲུལ་ལ། བསྡུ་བ་ལ་སོགས་པ་བྱས་ནས། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། བདག་ཉིད་གཟུགས་བརྙན་དང་མཚུངས་པ་དང༌། དེ་ཡང་གཟུགས་བརྙན་དང་མཚུངས་པར་བསྒོམས་ལ་ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང༌། དེ་དང་ལྷན་ཅིག་བའི་སྦྱོར་བ་བསམས་ཏེ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེའི་རང་བཞིན་དུ་བསམས་ལ། ཨོཾ་སརྦྦ་པཱུ་ཛ་པྲ་བརྟན་ཡ་མཾ་ཞེས་བྱ་བ་འདི་བརྗོད་དོ། །དེ་ནས་ཇི་སྲིད་དུ་འདི་ཉིད་བརྗོད་ཅིང་ཐུན་བཞིའི་སྦྱོར་བས་དེ་སྲིད་དུ་བསྒོམས་ནས། དེའི་རང་བཞིན་མངོན་སུམ་ལྟ་བུར་འགྱུར་རོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བསྒོམས་ན་འགྲུབ་པར་འགྱུར་རོ། །རིག་པ་དེ་ཡང་མངོན་སུམ་དུ་འོངས་ནས་ལྷན་ཅིག་མཉམ་པར་སྦྱོར་བ་བྱས་ནས། དེའི་ལུས་ལ་འཇུག་པར་འགྱུར་བ་དང༌། དེ་ནས་འདི་འཇིག་རྟེན་དབང་ཕྱུག་དང་འདྲ་བར་འགྱུར་རོ། །འཇིག་རྟེན་དབང་པོར་སྙོམས་ཞུགས་ལ། །བུད་མེད་ཀུན་དང་རྩེ་བྱེད་ཅིང༌། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཐམས་ཅད་བྱས་ནས། རང་གི་རིག་མ་དང་ལྷན་ཅིག་ཏུ་མཉམ་པར་སྦྱོར་བར་བསྒོམས་ལ། པྲི་ཡ་པྲི་ཡ་ཞེས་བརྗོད་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེའི་རང་བཞིན་དུ་བསམས་ཏེ། ཨོཾ་པྲི་ཏི་ཀ་ར་པདྨ་ཧོ་ཞེས་བརྗོད་ན་སོ། དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་དང་མཉམ་པར་ལྷག་པར་མོས་ཤིང་དགའ་བ་བསྐྱེད་ལ། ཕྱིས་ཇི་སྲིད་དུ་བདག་ཉིད་རིག་པ་དང་ལྷན་ཅིག་པའི་སྦྱོར་བ་དང་ལྡན་པ་དེ་སྲིད་དུ་བསྒོམས་
ན། དེའི་བདག་ཉིད་མངོན་སུམ་ལྟ་བུར་མཐོང་བར་འགྱུར་རོ། །དེ་ནས་བསྒྲུབས་པ་དང་དེའི་རིག་པའི་ལྷ་མོ་མངོན་སུམ་དུ་འོངས་ནས་ལྷན་ཅིག་ཏུ་མཉམ་པར་སྦྱོར་བ་བྱས་ནས། དེ་ལུས་ལ་འཇུག་པར་འགྱུར་རོ། །སྐད་ཅིག་མ་དེ་ཉིད་ཀྱི་ཚེ་འདི་འཇིག་རྟེན་དབང་ཕྱུག་དང་འདྲ་བར་འགྱུར་རོ། །འཇིག་རྟེན་དབང་པོར་སྙོམས་ཞུགས་ལ། །བུད་མེད་ཀུན་དང་རྩེ་བྱེད་ཅིང༌། །ཞེས་བྱ་བ་ལ་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཨ་ཧོ་ར་ཏི་ཞེས་བརྗོད་ཅིང་ལྷ་མོ་དང་ལྷན་ཅིག་མཉམ་པར་སྦྱོར་བ་བསྒོམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེའི་རང་བཞིན་དུ་བསྒོམ་མོ། །དེ་ནས་སྣང་བརྙན་ཙམ་གྱི་རྣལ་འབྱོར་ལ་གནས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བསྒོམས་ལ། ཨོཾ་ར་ཏི་པྲ་བརྟན་པདྨ་ཞེས་བརྗོད་ཅིང༌། དེ་ཇི་སྲིད་དུ་བདག་ཉིད་དང་ལྷན་ཅིག་ཏུ་མཉམ་པར་སྦྱོར་བའི་བསྒོམ་པ་དང་ལྡན་པ་དེ་སྲིད་དུ་བསྒོམ་པ་ན། དེའི་རང་བཞིན་དུ་བདག་ཉིད་མཐོང་བར་འགྱུར་རོ། །དེ་ནས་སྔ་མ་བཞིན་དུ་བསྒྲུབ་པར་བྱའོ། །འཇིག་རྟེན་དབང་པོར་སྙོམས་ཞུགས་ལ། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་ཐམས་ཅད་བྱས་ལ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་འོད་གསལ་བའོ་ཞེས་བྱ་བ་བསྒོམ་ཞིང༌། རིག་པའི་ལྷ་མོ་དང་ལྷན་ཅིག་མཉམ་པར་སྦྱོར་བར་བསྒོམས་ནས། སུ་ཁ་སུ་ཁ་ཞེས་བརྗོད་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེའི་རང་བཞིན་དུ་བསམ་པར་བྱའོ། །ཨོཾ་མ་ཧཱ་སུ་ཁ་པདྨ་དྷིཌྚ་ཧཾ་ཞེས་ལན་ གསུམ་བརྗོད་ཅིང་དེ་བཞིན་གཤེགས་པ ་ཐམས་ཅད་ལ་དེའི་བདེ་བས་ཡང་དག་པར་མཆོད་ལ། ཕྱིས་གང་གི་ཚེ་སྔ་མ་བཞིན་དུ་བདག་ཉིད་དང་ལྷན་ཅིག་པར་བསྒོམ་པ་དེའི་ཚེ་མངོན་སུམ་ལྟ་བུར་དེའི་རང་བཞིན་དུ་བདག་ཉིད་མཐོང་བར་འགྱུར་རོ། །དེ་ནས་སྔ་མ་བཞིན་དུ་བསྒྲུབ་པར་བྱའོ། །འགྲོ་བ་འདུལ་པའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་རྣམས་ནི། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་གྱི་ཕྱག་རྒྱ་བཞི་པོ་རྣམས་བྱས་ལ། ཕྱེས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་བཅིངས་ཏེ་བསྒྲུབ་པར་བྱའོ་ཞེས་བྱ་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ཡེ་ཤེས་བསླབ་
པ་བསྟན་པའི་རྗེས་ཐོགས་ཉིད་ལའོ། །ལས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ནི། ལས་ཀྱི་ཕྱག་རྒྱ་ཆེན་པོ་དེ་དང་དེ་བཅིང་བའི་མཚན་ཉིད་དོ། །ཇི་ལྟ་བ་བཞིན་དུ་བསླབ་པར་བྱའོ་ཞེས་བྱ་བ་ནི་མནའི་སྙིང་པོ་བྱིན་ནས་སོ། །འདི་སྐད་སྟོན་པ་ཡིན་ཏེ། རང་གི་མཚན་མ་དང་བཅས་པའི་ཐལ་མོ་སྦྱར་ལ། སྙིང་གར་རྩིབ་ལོགས་རྒྱབ་སྦྱོར་བ། །དཔྲལ་བ་ལ་སོགས་དེ་བཞིན་དུ། །ཁ་དང་རྣ་བ་མགོ་ལྟག་པ། །སྤྱི་བོ་ཕྲག་བ་ཁ་རྐེད་བཞག །རིམ་པ་འདིས་གནས་ཇི་ལྟ་བ་བཞིན་དུ་གཞག་པ་ནི། པདྨ་སངས་རྒྱས་ལ་སོགས་པའི་ལྷ་མོ་ནས། པདྨ་ཁུ་ཚུར་གྱི་ལྷ་མོའི་མཐར་ཐུག་པའི་ལག་པ་བསྒྱུར་བའི་ཚུལ་གྱིས་མཚོན་པ་ནི། སེམས་མ་བཅུ་དྲུག་གི་ཕྱག་རྒྱ་ཆེན་པོར་འགྱུར་རོ། །ལྷག་མ་རྣམས་ནི་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་ཉིད་ཡིན་པ་ར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་སྟོན་ཏེ། པདྨའི་ཐལ་མོ་སྦྱར་ཏེ་ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་གཟུགས་ཀྱི་དཀྱིལ་འཁོར་གྱི་རྣམ་པར་སྣང་མཛད་ཀྱི་གནས་ཀྱི་ཕྱག་རྒྱར་བསྟན་པའི་པདྨོའི་ཐལ་མོ་སྦྱར་བ་མཆོག་ཅེས་བྱ་བའི་དེ་ཉིད་འདིར་སངས་རྒྱས་པདྨོ་ལ་སོགས་པའི་ལྷ་མོ་ནས། པདྨའི་ཁུ་ཚུར་གྱི་ལྷ་མོའི་མཐར་ཐུག་པ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །ལས་ཀྱི་དཀྱིལ་འཁོར་ཚུལ་གྱིས་ནི་ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་ལས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་བཅིངས་ནས། གནས་རྣམས་ཀུན་དུ་གཞག་པར་བྱས་ན་དམ་ཚིག་གི་ཕྱག་རྒྱར་འགྱུར་པ་དེ་བཞིན་དུ་འདིར་ཡང༌། ཐལ་མོ་སྦྱར་བའི་ཕྱག་རྒྱ་གནས་རྣམས་ཀུན་དུ་གཞག་པར་བྱས་ན་ལྷ་མོ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་བཤད་པའི་ཐལ་མོ་སྦྱར་བ་བཅིངས་ལ། སྙིང་གར་རྩིབ་ལོགས་རྒྱབ་སྦྱོར་བ། །དཔྲལ་བ་ལ་སོགས་དེ་བཞིན་དུ། །ཁ་དང་རྣ་བ་མགོ་ལྟག་པ། །སྤྱི་བོ་ཕྲག་པ་ཁ་རྐེད་བཞག །ཅེས་བྱ་བའི་གོ་རིམས་འདིས་སངས་རྒྱས་པདྨོའི་ལྷ་མོ་ནས་བརྩམས་ནས། པདྨ་ཁུ་ཚུར་མའི་མཐར་ཐུག་པ་བཅུ་དུག་གི་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །ལྷག་མ་རྣམས་ཀྱི་ནི་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱ་ཉིད་ཡིན་པར་ཤེས་པར་བྱའོ། །གཞན་ཡང་དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། པདྨའི་རིགས་ཀྱི་ལས་
ཀྱི་དཀྱིལ་འཁོར་གྱི་ཆོས་ཀྱི་ཕྱག་རྒྱ་དེ་ནི། ཏྲ་ཞེས་བྱ་བ་ནི་བརྗོད་པར་བྱའོ། །རྡོ་རྗེ་དབྱིངས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོས་ཀྱི་ཕྱག་རྒྱ་ཉིད་ལ་ཡི་གེ་ཏྲ་ཀུན་གྱི་མཐར་སྦྱར་བར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་ཕྱག་རྒྱ་གཉིས་བྱས་ལ། །ལས་ཀྱི་ཕྱག་རྒྱ་ཡང་དག་སྦྱར། །ཞེས་བྱ་བ་ནི་རྐེད་པའི་གནས་སུ་ཐལ་མོ་སྦྱར་བ་གཉིས་སུ་བྱས་ནས། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ། །སངས་རྒྱས་བྱང་ཆུབ་སྦྱིན་པའོ། །ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་གོ་རིམས་ཀྱི་རྣམ་པར་སྣང་མཛད་ནས་བརྩམས་ནས། པདྨ་འབེབས་པའི་བར་གྱི་མཐར་ཐུག་པའི་ལྷ་མོ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །ད་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བར་བྱེད་བ་ལས། པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པ་རྫོགས་སོ།། །།དེ་ལྟར་རྒྱས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར། པདྨའི་རིགས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོ་དང༌། གཟུངས་དང༌། ཆོས་དང༌། ལས་ཀྱི་དཀྱིལ་འཁོར་རྣམས་བསྟན་ནས། ད་ནི་བར་མ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བར་བྱེད་པའི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་རྣམ་པ་བཞི་བསྡུས་པར་གྱུར་བ་འགྲོ་བ་འདུལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོར་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་ཞེས་བྱ་བའི་ཐ་ཚིག་གོ །འདིར་དང་པོར་སྦྱོར་བའི་ཏིང་ངེ་འཛིན་ནི། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དང་པོར་སྦྱོར་བ་ཉིད་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་རྣམ་པ་བཞི་ལ་ལྟོས་ནས་ཡང་ཞེས་བྱ་བ་སྨོས་སོ། །རྡོ་རྗེ་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྡོ་རྗེ་ཆོས་སོ། །དེའི་དམ་ཚིག་ནི་པདྨའི་རིགས་ཀྱི་རང་བཞིན་ཏེ། པདྨའི་རིགས་ཀྱི་ཕྱག་རྒྱ་བཞི་བའི་དཀྱིལ་འཁོར་རོ། །དེ་ཉིད་ཀྱི་ཕྱག་རྒྱ་ནི་སེམས་ཅན་གྱི་ཁམས་ལ་གཟུགས་བརྙན་གྱི་ཚུལ་གྱིས་རྒྱས་འདེབས་པའི་ཕྱིར་རོ། །
དེ་གང་གིས་བྱིན་གྱིས་བརླབས་ཤིང་བསྐྱེད་པའི་ཏིང་ངེ་འཛིན་ཏེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ཕྱིས་འཆད་པར་འགྱུར་བའི་ཕྱག་རྒྱ་ཇི་སྐད་དུ་བཤད་པ་བསྐྱེད་པའི་སྙིང་པོ་འདིས་གསུངས་པ་ནི་བཤད་པའོ། འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་པདྨའི་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་སྦྲུལ་པའི་ཕྱིར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་ཀ་ན་གནས་པའི་པདྨོའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ནས་སྙིང་པོ་འདི་གསུངས་སོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་པདྨའི་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་སྤྲུལ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕུལ་ལོ། །དེ་ལྟར་ཕྱག་ན་རྡོ་རྗེ་དང༌། རྡོ་རྗེ་སྙིང་པོ་དང༌། རྡོ་རྗེ་སྤྱན་དང༌། རྡོ་རྗེ་སྣ་ཚོགས་ཀྱི་ཕྱག་རྒྱའི་སྙིང་པོ་རྣམས་གསུངས་པ་དང༌། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འགྲོ་བ་འདུལ་བ་དང༌། གཙུག་ཕུད་སངས་རྒྱས་དང༌། པདྨའི་ཏིང་ངེ་འཛིན་དང༌། པདྨ་ངེས་པའི་དབང་ཕྱུག་རྣམས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཐུགས་ཀའི་པདྨ་ལས་སྤྲུལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕུལ་ལོ་ཞེས་ཤེས་པར་བྱའོ། །དེ་ལ་དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཨོཾ་སརྦྦ་མུ་ཁི་ཧཱུཾ་ཞེས་བྱ་བའི་གཞུང་འདི་ཙམ་གྱིས་ནི། པདྨའི་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལྔ་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབ་པ་ལ་སོགས་པ་ནི་པདྨའི་རིགས་ཀྱི་ཕྱག་རྒྱ་བཞི་པའི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལྔ་སྔ་མ་བཞིན་དུ་ཤེས་པར་བྱའོ། །འགྲོ་བ་འདུལ་བའི་དུམ་བུར་གསུངས་པའི་དངོས་གྲུབ་རྣམས་ནི་པདྨ་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྐབས་སུ་བབ་པའོ། །འཕགས་པ་སྤྱན་རས་གཟིགས་དབང་པོ་ནི་འགྲོ་བ་འདུལ་བའོ། །འདི་ཞེས་བྱ་བ་ནི་
བློ་ལ་གནས་པའོ། །ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ནི་པདྨའི་རིགས་ཀྱི་རང་བཞིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་པ་ནི་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་འགྲོ་བ་འདུལ་བའི་རྣལ་འབྱོར་དང་དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། སྔ་མ་བཞིན་དུ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་ལ་དཀྱིལ་འཁོར་འདི་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་རྒྱུ་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་ཞུགས་པ་མེད་ན་བར་མ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བར་མི་འགྱུར་བ་དེའི་ཕྱིར་རབ་ཏུ་བཤད་བྱ་བ། ཕྱག་རྒྱ་བཞི་མཆོག་དཀྱིལ་འཁོར་ཏེ། །ཞེས་བྱའོ། །རྡོ་རྗེ་དབྱིངས་དང་འདྲ་བ་དང༌། །ཞེས་བྱ་བ་ནི་སྤྲུལ་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དང་འདྲ་པའོ། །དཀྱིལ་འཁོར་ཆེན་པོ་འདྲ་བར་བྱ། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་དང་འདྲ་བའོ། །ཕྱག་རྒྱའི་དཀྱིལ་འཁོར་དབུས་སུ་ནི། །སངས་རྒྱས་གཟུགས་ནི་གཞག་པར་བྱ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རྡོ་རྗེ་པདྨོ་ལ་སོགས་བྲི། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་བྲི་བའི་ཆོ་གས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་པདྨ་དང༌། སེང་གེའི་གདན་ལ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་བཤད་པའི་སྙིང་པོས་བྲི་བར་བྱའོ། །དེའི་ཤར་ཕྱོགས་ཀྱི་ཆལ་འགྲོ་བ་འདུལ་བའི་གནས་སུ་པདྨ་དང་ཟླ་བའི་གདན་ལ་པདྨས་མཚན་པའི་རྡོ་རྗེ་རྩེ་ལྔ་པ། གཙུག་ཕུད་སངས་རྒྱས་ཀྱི་གནས་སུ་པདྨས་མཚན་པའི་ཡིད་བཞིན་གྱི་ནོར་བུ། པདྨ་ཏིང་ངེ་འཛིན་གྱི་གནས་སུ་རྡོ་རྗེ་པདྨ་འདབ་མ་བཅུ་དྲུག་པ། པདྨ་ངེས་པའི་དབང་ཕྱུག་གི་གནས་སུ་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང་ལྗང་གུའི་ཁ་དོག་དང་ལྡན་པའི་འདབ་མ་བཞི་པ་ལྟེ་བ་ནི་དཀར་པོ་སྟེ། འདི་ནི་པདྨ་འདབ་མ་བཞི་པ་ཞེས་བརྗོད་དོ། །འདིར་འགྲོ་བ་འདུལ་བ་ལས་བཤད་པའི་སྙིང་པོ་འདི་ཉིད་ཀྱིས་བྲི་བར་བྱ་སྟེ། དེ་སྐད་དུ། སངས་རྒྱས་ཕྱོགས་ཀུན་བྲི་བ་ནི། །པདྨའི་གནས་སུ་གནས་པ་ནི། །རྡོ་རྗེ་རིན་ཆེན་པདྨོ་དང༌། །སྣ་ཚོགས་པདྨོ་དེ་བཞིན་ནོ། །ཞེས་
གསུངས་སོ། །དེ་ལ་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་ཧཱུཾ་དྷེ་ཀྲེ་ཞེས་བྱ་བ་འདི་ཉིད་གཟུང་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སློབ་དཔོན་གྱི་ཆོ་གས་སློབ་དཔོན་ཉིད་འཇུག་པའི་ཆོ་ག་རྗེས་སུ་བཅད་ལ་བསྡུ་བ་བྱས་ཏེ། དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པའི་རྗེས་ཐོགས་ཉིད་ལ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་འདིར་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་བྱ་བའོ། །དེ་ལ་རྟ་མགྲིན་གྱི་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱ་སྔ་མ་བཞིན་དུ་དགུག་པ་ལ་སོགས་པ་སྨོས་པ་ནི། དོན་ཡོད་ཞགས་པའི་ལས་ཀྱི་ཕྱག་རྒྱས་གཞུག་པ་ནས་བརྩམས་ནས། སློབ་མ་གཞུག་པའི་གནང་བ་ནོད་པའི་མཐར་ཐུག་པའི་ཆོ་ག་རྒྱས་པ་ཤེས་པར་བྱའོ། །དགུག་པ་དང་པོར་བྱས་པ་གང་ཡིན་པ་ཉིད་ནི་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་བྱའོ། །ཇི་ལྟ་བ་བཞིན་བཅུག་སྟེ། འདི་སྐད་དུ་ཞེས་བྱ་བ་ནི། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་སློབ་མ་བཅུག་ལ། འདི་ཁྱོད་ཀྱིས་སུ་ལ་ཡང་མ་བརྗོད་ཅིག་ཅེས་བརྗོད་ལ། ལྷག་མ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་ཤེས་པར་བྱའོ། །དེ་ལྟར་སློབ་དཔོན་གྱི་ལས་དང༌། སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་འགྲོ་བ་འདུལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་འགྲོ་བ་འདུལ་བའི་དུམ་བུ་ཐམས་ཅད་ལས་བཤད་པའི་དངོས་གྲུབ་རྣམས་སློབ་དཔོན་གྱིས་བསྟན་པར་བྱའོ་ཞེས་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སློབ་མ་འཇུག་པའི་དུས་ཕྱིས། ཡེ་ཤེས་བསྐྱེད་པར་བྱ་བའི་བསྒོམ་པའི་གདམས་ངག་སྦྱིན་པར་བྱའོ། །ལག་པས་པདྨོ་བཟུང་ནས་ཀྱང༌། །ཞེས་བྱ་བ་ནི་ཤིང་ལས་བྱས་པའི་པདྨ་འདབ་མ་བཅུ་དྲུག་པ་དེ་གཟུང་ངོ༌། །བསྒོམས་ཏེ་ལེགས་པར་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཏིང་དེ་འཛིན་གྱི་སྟོབས་ཀྱིས་པདྨའི་དྲི་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ན་འགྲུབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོས་པདྨ་
བླངས་ཏེ། ཨོཾ་གནྡྷ་པཱུ་ཛ་གྲ་གྷྱ་སཱ་དྷ་ཡ་ཧྲི། ཞེས་ཟློས་ཤིང་ཇི་སྲིད་དུ་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམས་ན། པདྨ་དེ་ལས་གདོན་མི་ཟ་བར་ལྷའི་པདྨའི་དྲི་བྲོ་བར་འགྱུར་རོ། །དེ་ནས་པདྨ་དེ་ཏིང་ངེ་འཛིན་གྱི་སྦྱོར་བས་བསྣམས་ན། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་རས་གཟིགས་དབང་ཕྱུག་ཏུ་གྱུར་ནས། པདྨ་ལ་ཆེད་དུ་ནོན་པར་བསྣམས་ཏེ། གང་གི་ཚེ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམས་ན་དེས་འཇིག་རྟེན་དབང་ཕྱུག་དང་མཚུངས་པའི་དངོས་གྲུབ་ཏུ་འགྱུར་རོ། །མཉམ་པར་གཞག་པས་གཉུག་ཕུད་གཙུག་དབུས། །སངས་རྒྱས་གཟུགས་ནི་རབ་གཞག་པ། །ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་རལ་པའི་དབུས་སུ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་རབ་ཏུ་གཞག་པར་བྱའོ། །མཉམ་པར་གཞག་པ་ནི་སེམས་གཡེང་བ་མེད་པའོ། །འཇིག་རྟེན་ཐམས་ཅད་དབང་དུ་བྱེད། །ཅེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའོ། །ཇི་ལྟར་ཞེ་ན། འགྲོ་ཞིང་བསྒྱིངས་པ་བསྟན་ནས་ནི། །ཞེས་བྱ་བ་སྨོས་ཏེ། དེའི་ང་རྒྱལ་བསྒོམ་ཞིང་བསྒྱིངས་པས་ཕྱོགས་བཅུར་རང་གི་གཟུགས་ཀྱི་རྗེས་སུ་འབྲང་བ་དང་བཅས་པས་སྟོན་པའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣལ་འབྱོར་བྱས་ལ། ཕྱིས་ཨོཾ་པདྨ་མུ་ཀུ་ཊ་ཏ་ཐཱ་ག་ཏ་བ་ཤི་ཀུ་རུ་སརྦྦ་ལོ་ཀེ་ཤྭ་ར་ཨཱ་བེ་ཤ་ཀརྨྨཱ་ཡ་ཧོ། ཞེས་ཟློས་ཤིང་པདྨའི་ཅོད་པན་གྱི་དབུས་སུ་གཙུག་ཕུད་སངས་རྒྱས་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་དེའི་ངོ་བོར་བསྟན་པར་བྱས་ལ། དེའི་ངོ་བོ་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་དེའི་རང་བཞིན་དུ་བྱའོ། །པདྨོའི་པདྨོ་གཟུགས་ཆེན་པོར། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཏིང་ངེ་འཛིན་པདྨོ་ནི་པདྨོ་ཡིན་ལ། དེའི་པདྨོ་ནེ་པདྨའི་པདྨོའོ། །རྡོ་རྗེ་པདྨ་འདབ་མ་བཅུ་དྲུག་པ་ཁ་དོག་དམར་པོ་པདྨ་དེས་མཚན་པར་བྱས་པ་ནི་བསྐྱེད་པའོ། །གང་གིས་བྱ་ཞེ་ན། ཏིང་ངེ་འཛིན་གྱིས་ཞེས་བྱ་བ་སྨོས་ཏེ་བསྒོམས་པ་སྤྲུལ་པའོ། །ཇི་བཞིན་ཚུལ་དུ་འདུག་ནས་སུ། །ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་བྱས་ནས་སོ། །ཡིད་ཀྱིས་དེ་ནི་གསད་པར་བྱ། །ཞེས་བྱ་བ་ནི་ཏིང་
ངེ་འཛིན་གྱིས་བསྐྱེད་པའི་པདྨ་དེས་འགྲོ་བ་ཐམས་ཅད་ཡིད་ཀྱིས་གསད་པར་བྱའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཏིང་ངེ་འཛིན་པདྨའི་རྣལ་འབྱོར་བྱས་ལ། ཨོཾ་པདྨ་པདྨ་མཱ་ར་ཡ་སརྦྦ་པྲ་ཏྱ་ཨརྠི་ཀཱ་ནས་མ་དི་ཛྙཱ་ན་དྷྲཱྀཀ །ཅེས་ཟློས་ཤིང་རང་གི་ལག་པར་རྣལ་འབྱོར་གྱི་པདྨ་བསམས་ལ། དེ་ནས་སྙིང་པོ་འདི་བརྗོད་པར་བྱའོ། །བདག་ཉིད་པདྨ་ཁྲོ་བོའི་ཏིང་ངེ་འཛིན་ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམས་ལ། དེ་ནས་གང་གི་ཚེ་རང་གི་ལུས་ཀྱི་མདུན་དུ་དེ་བཞིན་གཤེགས་པ་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོས་པ་དེའི་ཚེ། ཉིན་རེ་ཞིང་དེའི་རང་བཞིན་དུ་བསྒོམས་པའི་སྟོབས་ཀྱིས་མཐོང་བར་འགྱུར་རོ། །དེ་ནས་མཐར་མཚན་ཐོག་ཐག་པདྨ་ཁྲོ་བོའི་ཏིང་ངེ་འཛིན་བསྒོམས་ན་འགྲུབ་པར་འགྱུར་ཏེ། པདྨའི་ཏིང་ངེ་འཛིན་དང་མཚུངས་པར་འདོད་ཆགས་ལ་སོགས་པ་དང་བྲལ་བར་འགྱུར་རོ། །དེ་བས་ན་གང་གི་ཚེ་ན་པདྨ་དེས་སེམས་ཅན་འགའ་ཞིག་ལ་རེག་པ་དེའི་ཚེ་ཡང་པདྨའི་ཁྲོ་བོའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྒྲིབ་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་ལྟར་ན་སྔ་མའི་གནས་སྐབས་ལས་འཕྲོས་པ་ལས་གསད་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །པདྨའི་རྒྱ་གྲམ་ཉིད་དང་ནི། །ཞེས་བྱ་བ་ནི། ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་སྣ་ཚོགས་པདྨའི་རྒྱ་གྲམ་མོ། །ཤིང་ལ་སོགས་པ་ལ་པདྨ་རྒྱ་གྲམ་གྱི་བཟོ་བྱས་ལ་ལག་པས་བཟུང་ནས། དེ་བསྐོར་བས་དབབ་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་པདྨ་ངེས་པའི་དབང་ཕྱུག་གི་རྣལ་འབྱོར་བྱས་ལ། ཨོཾ་བི་ཤྭ་པདྨ་སརྦྦ་ཀརྨྨ་ཀ་རོ་བྷ་བ་ལ་ལིའུ་ལེ་ལེ་ལི་ཧཱུཾ་ཕཊ། ཅེས་བརྗོད་ཅིང་ཇི་སྐད་བཤད་པའི་པདྨ་ངེས་པའི་དབང་ཕྱུག་གི་ལས་ཀྱི་ཕྱག་རྒྱ་བཟུང་ལ། གང་གི་ཚེ་སྙིང་པོ་འདི་ཟློས་ཤིང༌། ཟླ་བ་གཅིག་གམ་ཟླ་བ་དྲུག་གི་བར་དུ་བྱས་ནས་མཐར་མཚན་ཐོག་ཐག་བསྒོམས་ན། དེ་ནས་དེའི་ཚེ་པདྨ་དེ་འགྲུབ་པར་འགྱུར་རོ། །དེ་ནས་ལས་ཀྱི་དུས་སུ་སྔ་མ་བཞིན་དུ་ལྷའི་རྣལ་འབྱོར་བྱས་ལ། བདེན་པའི་བྱིན་གྱི་རླབས་ཀྱིས་པདྨ་དེ་ལན་ གསུམ་མངོན་པར་བཟླས་ནས་བསྐོར་ནས། སྣོད་ལ་གཞུག་པ ་ལ་སོགས་པའི་ལས་ཐམས་ཅད་
བསམས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །དེ་ནས་ཕྱག་རྒྱ་གསང་བའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ལ་གསང་བའི་དམ་ཚིག་དང་ཆོས་དང་ལས་ལ་སོགས་པའི་མཚན་ཉིད་ཀྱིས་བྱ་བའོ། །ཆགས་པས་དགོས་པ་ཐམས་ཅད་ནི། །ཞེས་བྱ་བ་འདི་ནི་འདི་གསང་བའོ། །དེ་ཉིད་ཀྱི་ཕྱག་རྒྱ་དེར་ངེས་པའི་ཡེ་ཤེས་དེ་བསླབ་པ་ནི་བསྟན་པའོ། །འདི་ཉིད་འཆད་པ་ནི་ཆགས་པ་ཞེས་བྱ་བ་ལ་སོགས་པ་ནི། ཆོས་བདག་མེད་པའི་ཆགས་པས་ཆགས་པ་མངའ་བ་ནི་གསང་བའི་དམ་ཚིག་སྟེ། ཆོས་དང་ལས་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བསྒྲུབ་ཅིང་སྐྱེད་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་འདའ་བར་མི་འགྱུར་བ། །ཕྱག་རྒྱ་དམ་ཚིག་ཅེས་སུ་བསྒྲགས། །ཞེས་བྱ་བའོ། །བསྒྲུབ་པར་དཀའ་བའི་ཕྱག་རྒྱ་ཡང༌། །རྣལ་འབྱོར་གྱིས་ནི་མྱུར་དུ་འགྲུབ། །ཅེས་བྱ་བ་ནི་ཤིན་ཏུ་ཆགས་པ་བསྒོམ་དགོས་པའི་རྣལ་འབྱོར་འདི་ནི་བསྒྲུབ་པར་དཀའ་བ་སྟེ། གདུལ་བྱ་མ་ཡིན་པའི་རིགས་མེད་པའི་སྒྲུབ་པ་པོས་ཀྱང་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་རྣམས་ཤིན་ཏུ་ཆགས་པའི་རྣལ་འབྱོར་བསྒོམ་པའི་སྟོབས་ཀྱིས་སྐད་ཅིག་གིས་ནི་མྱུར་བ་ཉིད་དུ་འགྲུབ་པའོ། །དེ་ལ་འདིར་ཕྱག་རྒྱ་ཐམས་ཅད་ཀྱི་དམ་ཚིག་ནི་འདི་ཡིན་ཏེ། བདག་ཉིད་ཆེན་པོ་གང་དག་གིས། །ཕྱག་རྒྱ་གང་དང་གང་བཅིངས་པ། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་ནི་བདག་ཉིད་བསྒོམ་པར་བྱ། །དེ་ལ་གསང་བ་འདི་ཡིན་ཏེ། །རང་གི་དབང་པོ་བཤིག་ནས་ནི། །རྡོ་རྗེ་བཅིངས་པ་བཟུང་ནས་སུ། །དེ་ཡིས་ཕྱག་རྒྱ་གང་རེ་བ། །དེ་མ་ཐག་ཏུ་དེ་དབང་འགྱུར། །དེ་ལ་ཕྱག་རྒྱ་ཐམས་ཅད་ཀྱི་ཆོས་ནི་འདི་ཡིན་ཏེ། རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཡེ་ཤེས་ཕྱག་རྒྱ་བཅིང་བར་བྱ། །ཆོ་ག་འདི་ཡི་ཚུལ་གྱིས་ནི། །ཡེ་ཤེས་ཕྱག་རྒྱ་དབང་དུ་འགྱུར། །དེ་ལ་ཕྱག་རྒྱ་ཀུན་གྱི་ལས་ནི་འདི་ཡིན་ཏེ། གླུ་དང་གར་དང་ཟས་དང་བློ། །སྤྱོད་པ་ལ་སོགས་བདེ་བ་རྣམས། །སངས་རྒྱས་རྣམས་ལ་ཕུལ་ན་ནི། །ལས་ཀྱི་ཕྱག་རྒྱ་དབང་དུ་འགྱུར། །དེ་ནས་དཀྱིལ་འཁོར་ཐམས་ཅད་བསྒྲུབ་པའི་གསང་བའི་ཕྱག་རྒྱ་བསླབ་པར་བྱའོ། །མཚན་མ་བསྟན་པར་རང་གྱུར་ནས། །དཀར་པོར་གྱུར་པའི་རས་ལ་གནས། །མཚན་མ་མཆོད་རྟེན་བྱིན་བརླབས་ཏེ། །བདག་ཉིད་འགྲོ་བ་འདུལ་བར་བསྒོམ།།
ཞེས་བྱ་བ་ལ་སོགས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། གང་རྒྱ་ཆེ་བས་བསྒྲགས་པའི་འགྲོ་བ་འདུལ་བའི་ཏིང་ངེ་འཛིན་རྣམ་ པ་གསུམ ་བསྒོམ་པའི་དཀྱིལ་འཁོར་གྱི་བརྟུལ་ཞུགས་སྤྱོད་པ་ལ་སྤྲོ་བ་མེད་པ་གང་ཡིན་པ་དེས། ཉིན་རེ་བཞིན་དུ་ཁྲུས་བྱ་བ་དང༌། བདག་ཉིད་བསྲུང་བ་སྔོན་དུ་འགྲོ་བས་སྡོམ་པ་གཟུང་བ་དང༌། ཕྱག་རྒྱ་དགྲོལ་བ་དང་སྡིག་པ་དྲལ་ལ། དེ་ནས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། སྙིང་པོ་བཟླས་ལ་པདྨའི་རྒྱའི་ལས་ཀྱི་ཕྱག་རྒྱས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་སྤྲུལ་ལ། བདག་ཉིད་འགྲོ་བ་འདུལ་བའི་གཟུགས་སུ་བྱིན་གྱིས་བརླབས་ལ། རང་གིས་ཉིང་གར་གནས་པའི་དཀྱིལ་འཁོར་དེར་རྡོ་རྗེ་པདྨའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཇི་ལྟ་བ་བཞིན་དུ་འཇུག་པར་བྱའོ། །ཞུགས་ནས་མེ་ཏོག་གི་ཕྲེང་བ་རང་གི་སྤྱི་བོར་དོར་རོ། །དེ་ནས་ཕྲེང་བ་ཇི་ལྟ་བ་བཞིན་དུ་བླངས་ཏེ། རང་གི་མགོ་ལ་ཕྲེང་བའི་དབང་བསྐུར་བའི་སྔགས་ཀྱིས་བཅིངས་ནས་དངོས་གྲུབ་ཀྱི་པདྨའི་བརྟུལ་ཞུགས་བླང་བའི་མཐར་ཐུག་པའི་རང་གི་ཆོ་ག་རྗེས་སུ་སྤྱད་ལ། དེ་ནས་དཀྱིལ་འཁོར་དེའི་སྙིང་གའི་ཟླ་བ་ཞུ་བར་བསམས་སྟེ། རྣལ་འབྱོར་ཆེན་པོ་བྱས་ལ། རང་གི་སྙིང་གར་སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་གི་ཚད་དང་མཉམ་པར་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ། ཨོཾ་བཛྲ་དྷརྨྨ་པདྨ་ཧཱུཾ། ཨོཾ་བཛྲ་ཛྫ། ཨོཾ་བཛྲ་རཏྣ་མུ་ཀུ་ཊ་ཧཱུཾ། ཨོཾ་དྷརྨྨ་པདྨེ་དྷི། ཨོཾ་སརྦྦ་མུ་ཁི་ཧཱུཾ། ཞེས་བྱ་བའི་པདྨ་རིགས་ཀྱི་སྙིང་པོ་འདི་རྣམས་དང༌། རྣམ་པར་སྣང་མཛད་དང༌། རྡོ་རྗེ་སེམས་དཔའ་དང། ནམ་མཁའི་སྙིང་པོ་དང༌། རྡོ་རྗེ་སྤྱན་དང༌། རྡོ་རྗེ་སྣ་ཚོགས་ཀྱི་ཕྱག་རྒྱ་ཆེན་པོ་དང་བཅས་པ་རྣམས་ཀྱིས་འགྲོ་བ་འདུལ་པའི་དཀྱིལ་འཁོར་ཆེན་པོ་རྣམ་པར་སྣང་མཛད་ལ་སོགས་པ་ནས། པདྨ་འབེབས་པའི་མཐར་ཐུག་པ་སྦྲུལ་ལ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྙིང་པོ་ཚིག་ཙམ་གྱིས་རང་རང་གི་གནས་རྣམས་སུ་བཞག་ལ། རྣམ་པར་སྣང་མཛད་ལ་སོགས་པ་ནས་པདྨ་འབེབས་པའི་མཐར་ཐུག་པ་རྣམས་སྐུ་དང༌། གསུང་དང་ཐུགས་རྡོ་རྗེའི་རང་བཞིན་དུ་བདག་ཉིད་ཀྱིས་བསམས་ཏེ། སྙིང་པོ་འདི་ཉིད་ལན་གསུམ་བརྗོད་པར་བྱའོ། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། དེ་ནས་རང་བཞིན་
གྱིས་རྣམ་པར་དག་པར་བདག་ཉིད་བསྒོམས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ། དེ་ནས་བདག་མེད་པའི་མཉམ་པ་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་ནས། པདྨ་འབེབས་པའི་མཐར་ཐུག་པ་དང༌། སེམས་ཅན་ཐམས་ཅད་བདག་ཉིད་མཉམ་པ་ཉིད་བསྒོམས་ལ། ཨོཾ་སརྦྦ་ས་མོ་ཧཾ། ཨོཾ་སཱ་དྷ་ཨ་པདྨ་རཱ་ག་ས་མ་ཡ་ཨ། ཞེས་ལན་གསུམ་བརྗོད་དོ། །དེ་ནས་འགྲོ་བ་འདུལ་བའི་རང་བཞིན་གྱི་དཀྱིལ་འཁོར་ནི་བདག་ཉིད་དང་ཡིན་ནོ་ཞེས་ད་རྒྱལ་བསྐྱེད་ལ། ཨོཾ་ཧཱུཾ་ཧྲི་ཧོ། ཞེས་བརྗོད་ཅིང༌། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་རང་བཞིན་དུ་ཐུན་བཞིའི་སྦྱོར་བས་ཟླ་བ་གཅིག་གམ་ཟླ་བ་དྲུག་གམ། ལོ་གཅིག་ཏུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་གཟུགས་སུ་བདག་ཉིད་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བདག་ཉིད་ཀྱིས་བསྒོམ་པར་བྱའོ། །དེ་ལྟར་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་རབ་ཏུ་བསྒྲུབས་ནས། ཕྱིས་ཏིང་ངེ་འཛིན་རྣམ་ པ་གསུམ ་སྒོམ་པ། སྔོན་དུ་འགྲེ་བ་ཞག་བདུན་བྱས་ནས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་བསྒོམས་ནས་བྲི་བར་བྱའོ། །གལ་ཏེ་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་བསྒྲུབ་པར་འདོད་ན། དེ་ནས་སྣ་མ་བཞིན་དུ་སྙིང་པོ་ལྔས་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་ལ། གཟུངས་ཀྱི་རིག་པ་རྣམས་ཀྱིས་ཇི་ལྟ་བའི་གནས་རྣམས་སུ་གཟུངས་རྣམས་བཞག་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་བ་ཤུདྡྷོ་ཉཧཾ། ཨོཾ་སརྦ་ས་མོ་ཧཾ། ཨོཾ་སཱ་དྷ་ཡ་པདྨ་རཱ་ག་ས་མ་ཡ་ཨ། ཞེས་བྱ་བ་སྔ་མ་བཞིན་དུ་བརྗོད་པ་དན། འགྲོ་བ་འདུལ་བའི་གཟུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་བདག་ཉིད་བསྒོམས་ལ་འདི་སྐད་ཅེས་བརྗོད་དོ། །འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ནི་བདག་རང་ཡིན་ནོ་ཞེས་བྱའོ། །དེ་ནས་བཟུང་ཏེ་རེ་རེ་དང་ཡང་ཧན་ཅིག་བདག་ཉིད་དན་ཐ་མི་དང་པར་བསམས་ཏེ། རེ་རེ་ཞིང་ཡང་བཟླས་པ་ཁྲི་བྱ་བ་དེ་ལྟ་བུས་ཀྱང་གཟུངས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར་རོ། །དེ་ནས་སྔ་མ་བཞིན་དུ་བྲི་བར་བྱའོ། །གལ་ཏེ་ཆོས་ཀྱི་དཀྱིལ་འཁོར་བསྒྲུབ་པར་འདོད་ན། སྔ་མ་བཞིན་དུ་ཐམས་ཅད་བྱས་ལ། སྔར་བཤད་པའི་སྙིང་པོ་དང་རང་གི་སྙིང་པོས་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་ཏེ། རྡོ་རྗེ་ཕྲ་མོའི་སྦྱོར་བས་སྙིང་གནས་བཏེག་ལ་སྣ་བུག་ནས་བྱུང་ནས་སྣའི་རྩེ་མོར་བསམ་པར་བྱའོ།
དེ་ནས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྔགས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་ནས། པདྨ་འབེབས་པའི་མཐར་ཐུག་ པ་རྣམས་རང་རང་གི་གནས་སུ་དགོད་པར་བྱའོ། །སྔ་མ་བཞིན་དུ་སྙིང་པོ་གསུམ ་བརྗོད་ཅིང༌། དོན་རྣམ་ པ་གསུམ ་བསྒོམས་ལ། དྷརྨྨ་མཎྜ་ལ་ཨ་སྭ་བྷཱ་བ་ཧཾ་སྭ་ཡཾ། ཞེས་ཀྱང་དེ་སྐད་དུ་བརྗོད་པར་བྱའོ། །དེ་ནས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་འགྲོ་བ་འདུལ་བའི་སྔགས་བརྗོད་ཅིང༌། ཟླ་བ་གཉིས་སྣའི་རྩེ་མོར་ཆོས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱའོ། །ཉིན་རེ་ཞིང་སྐྱོ་བར་གྱུར་ན་སྣ་བུ་གནས་རང་གི་སྙིང་གར་བཅུག་ལ། བཛྲ་དྷི་ཌྷ་ཏིཥྛ་ཞེས་བྱ་བས་བརྟན་པར་བྱའོ། །ཡང་ཟླ་བ་གཅིག་སྤྲོ་བ་དང་བསྡུ་བའི་སྦྱོར་བས་བསྒོམ་པ་དེ་ལྟ་བུས་ཆོས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར་རོ། །གལ་ཏེ་ལས་ཀྱི་དཀྱིལ་འཁོར་བསྒྲུབ་པར་འདོད་ན། སྔ་མ་བཞིན་དུ་ཐམས་ཅད་བྱས་ལ། རྡོ་རྗེ་དབྱིངས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་དང༌། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་སྔགས་ཀྱིས་སྣ་ཚོགས་པདྨ་རྒྱ་གྲམ་བླངས་ལ། རང་གི་སྙིང་པོ་དང་སྔར་བཤད་པའི་སྙིང་པོ་ལྔས་ལས་ཀྱི་དཀྱིལ་འཁོར་སྤྲུལ་ལ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པ་རྣམས་ཀྱིས་ལྷ་རྣམས་ཇི་ལྟ་བའི་གནས་སུ་བཞག་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ལས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ནི་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ནས། རེ་རེ་ཞིང་ཡང་རིག་པ་ཁྲི་ཟློས་ཤིང་རེ་རེའི་རྣལ་འབྱོར་བྱའོ། །དེ་ལྟ་བུས་ལས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར་རོ། །འགྲོ་བ་འདུལ་བའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་རྣམས་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་བཞི་པོ་རྣམས་ཀྱིས། རང་གི་ལྷའི་རྣལ་འབྱོར་བྱས་ལ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བ་དང༌། འཆིང་བའི་མཚན་ཉིད་ཐམས་ཅད་བསླབ་ཅིང་བསྟན་པར་བྱའོ། །དེ་ལ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བསྟན་པ་ཉིད་ཀྱིས་རྣམ་པར་སྣང་མཛད་དང༌། ཆོས་ཀྱི་རྡོ་རྗེ་མ་དང༌། སངས་རྒྱས་དབང་བསྐུར་མ་དང༌། པདྨའི་པདྨོ་དང༌།
སྣ་ཚོགས་མཆོག་མ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་རྣམས་འདིའི་ཡང་ཡིན་པར་ཤེས་པར་བྱའོ། །ཇི་ལྟར་རྣམ་པར་སྣང་མཛད་ཀྱི་པདྨའི་རིགས་ཀྱི་ཕྱག་རྒྱ་བཞི་པོའི་དཀྱིལ་འཁོར་བཞིན་དུ་འགྲོ་བ་འདུལ་བའི་ཕྱག་རྒྱ་བཞི་པོའི་དཀྱིལ་འཁོར་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བྲི་བར་བྱའོ། །རང་རང་གི་ཕྱག་རྒྱ་རྣམས་ཀྱིས་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དབུས་སུ་བྲིས་ལ། འགྲོ་བ་འདུལ་བའི་གནས་ཀྱི་ཤར་ཕྱོགས་ཀྱི་པདྨའི་འདབ་མ་ལ་སངས་རྒྱས་པདྨའི་པདྨས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་པདྨ་དང་ཟླ་བ་ལ་བྲི་བར་བྱའོ། །གཙུག་ཕུད་སངས་རྒྱས་ཀྱི་གནས་ལྷོ་རུ་པདྨའི་རྒྱལ་པོའི་པདྨའི་ལྕགས་ཀྱུ། པདྨའི་ཏིང་ངེ་འཛིན་གྱི་གནས་ནུབ་ཏུ་པདྨ་ལེགས་པའི་པདྨའི་ཁུ་ཚུར་གཉིས། པདྨ་ངེས་པའི་དབང་ཕྱུག་གི་གནས་སུ་བྱང་དུ་པདྨ་ཆགས་པའི་པདྨའི་མདའ་གཞུ་བྲི་བར་བྱའོ། །དེ་ལ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྙིང་པོ་དང༌། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་བཤད་པའི་སྙིང་པོས་བྲི་བར་བྱའོ། །སངས་རྒྱས་པདྨ་ལ་སོགས་པའི་ཕྱག་རྒྱ་ནི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྙིང་པོ་ཉིད་བརྗོད་པར་བྱའོ། །སྔ་མ་བཞིན་དུ་གཙུག་ཕུད་སངས་རྒྱས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་བཤད་པའི་སྙིང་པོ་དང༌། དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དབུས་སུ་བྲི་བར་བྱའོ། །འགྲོ་བ་འདུལ་བའི་གནས་སུ་པདྨའི་ཁྲོ་གཉེར་གྱི་མཚན་མ། པདྨས་མཚན་པའི་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱའོ། །གཙུག་ཕུད་སངས་རྒྱས་ཀྱི་གནས་སུ་པདྨ་ཉི་མའི་ཕྱག་རྒྱ། པདྨ་ཏིང་ངེ་འཛིན་གྱི་གནས་སུ་པདྨ་བཞད་པའི་ཕྱག་རྒྱ། པདྨ་ངེས་པའི་དབང་ཕྱུག་གི་གནས་སུ་པདྨའི་དཔལ་གྱི་ཕྱག་རྒྱ། དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྙིང་པོ་ཉིད་ཀྱིས་བྲི་བར་བྱའོ། །སྔ་མ་བཞིན་དུ་པདྨའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་དང༌། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་བཤད་པའི་སྙིང་པོ་དབུས་སུ་བྲི་བར་བྱའོ། །འགྲོ་བ་འདུལ་བའི་གནས་སུ་པདྨ་སྒྲོལ་མའི་ཕྱག་རྒྱ།
གཙུག་ཕུད་སངས་རྒྱས་ཀྱི་གནས་སུ་པདྨ་རྣོན་པོའི་ཕྱག་རྒྱ། པདྨ་ཏིང་ངེ་འཛིན་གྱི་གནས་སུ་པདྨ་གསུང་བའི་ཕྱག་རྒྱ། པདྨ་ངེས་པའི་དབང་ཕྱུག་གི་གནས་སུ་པདྨ་རྒྱུའི་ཕྱག་རྒྱ། དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྙིང་པོས་བྲི་བར་བྱའོ། །སྔ་མ་བཞིན་དུ་པདྨ་ངེས་པའི་དབང་ཕྱུག་གི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའམ། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་བཤད་པའི་སྙིང་པོས་བྲི་བ་དང༌། འགྲོ་བ་འདུལ་བའི་གནས་སུ་པདྨ་གར་གྱི་དབང་ཕྱུག་གི་ཕྱག་རྒྱ། གཙུག་ཕུད་སངས་རྒྱས་ཀྱི་གནས་སུ་པདྨ་བསྲུང་བའི་ཕྱག་རྒྱ། པདྨ་ཏིང་ངེ་འཛིན་གྱི་གནས་སུ་པདྨ་ཁུ་ཚུར་གྱི་ཕྱག་རྒྱ། པདྨ་ངེས་པའི་དབང་ཕྱུག་གི་གནས་སུ་པདྨ་གནོད་སྦྱིན་གྱི་ཕྱག་རྒྱ་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་གྱིས་བྲི་བར་བྱའོ། །འདི་དག་གི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་རྣམས་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་ཁོ་ན་ཉིད་གཟུང་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ། དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལས་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་འགྲེལ་པ་རྫོགས་སོ།། །།དེ་ལྟར་བར་མ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བཤད་ནས། མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། འགྲོ་བ་འདུལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོར་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོར་སྦྱོར་བའི་ཏིང་ངེ་འཛིན་ནི་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་ཁང་བུ་བརྩེགས་པ་དང༌། གདན་བསྐྱེད་པའི་མཐར་ཐུག་པའི་བར་དུ་ཤེས་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་པོ་ནི་འགྲོ་བ་འདུལ་བའོ། །འདི་ཞེས་བྱ་བ་ནི་བློ་ལ་གནས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་འགྲོ་བ་དེ་ཐམས་ཅད་གདུལ་བར་བྱ་བ་དང༌། དམ་པའི་དོན་གྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱ་བ་དང༌། གང་གིས་ལུང་དང་རྟོགས་པའི་བདག་ཉིད་ལ་རབ་ཏུ་འཇོག་པ་དེ་ནི་འགྲོ་བ་འདུལ་བའི་སྟེ། སྤྱན་རས་གཟིགས་དབང་ཕྱུག་དེར་ངེས་པའི་ཡེ་ཤེས་
སོ། །དེ་སྟོན་པར་བྱེད་པའི་སྒྲའི་ཚུལ་ལ་ཡང་རྒྱུ་ལ་འབྲས་བུ་བཏགས་ནས་འགྲོ་བ་ཐམས་ཅད་འདུལ་བའི་རང་གི་སྙིང་པོ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ཀྱིས་རང་གི་སྙིང་པོ་འདི་གསུངས་པ་ནི་བཤད་པའོ། །ཨོཾ་སརྦྦ་ཛཱ་གད་བི་ན་ཡ་ཞེས་བྱ་བ་ལ་སོགས་པའོ། །འདི་སྐད་སྟོན་པ་ཡིན་ཏེ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་འགྲོ་བ་འདུལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་བྲི་བར་འདོད་པ་ན། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་གྱིས་འགྲོ་བ་འདུལ་བའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་ཇི་ལྟ་བ་བཞིན་དུ་བྱས་ནས། ཁང་བུ་བརྩེགས་པ་ནས་གདན་རྣམ་པ་གཉིས་བསྐྱེད་ལ། ནམ་མཁའི་ཕྱོགས་ནས་བབས་ཏེ། སྔ་མ་བཞིན་དུ་པདྨ་དང་ཟླ་བའི་སྟེང་དུ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་འདུག་པར་བྱའོ་ཞེས་བྱ་བ་འདི་ཙམ་གྱིས་ནི་དང་པོར་སྦྱོར་བ་མཆོག་གི་ཏིང་ངེ་འཛིན་ཏོ། །བཤད་མ་ཐག་པའི་འགྲོ་བ་འདུལ་བའི་སྙིང་པོས་མདུན་དུ་གནས་པའི་པདྨ་དང་ཟླ་བ་ལ། རང་གི་སྙིང་པོས་འགྲོ་བ་འདུལ་བ་སྤྲུལ་ལ་གཞག་པར་བྱའོ་ཞེས་བྱ་བ་འདི་ནི་འདིར་འགྲོ་བ་འདུལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབ་པ་ནས་བརྩམས་པ་ནི། ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ གསུམ་པ ་ཡིན་པར་ཤེས་པར་བྱའོ། །འགྲོ་བ་འདུལ་བའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་ཐམས་ཅད་འགྲོ་བ་འདུལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་པོས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པ་འདི་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྐབས་སུ་བབ་པའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ནི་འགྲོ་བ་འདུལ་བའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །འགྲོ་བ་ཐམས་ཅད་འདུལ་བས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཚོན་པ་ཡིན་ནོ། །
འགྲོ་བ་ཐམས་ཅད་འདུལ་བཞེས་བྱ་བའི་དཀྱིལ་འཁོར་གསུངས་པ་ནི་བཤད་པའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་བརྗོད་པ་སྟེ། སྔོན་དུ་བསྙེན་པའི་རྗེས་ཐོགས་ལ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བས་ནི་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ གསུམ་བསྒོམ་པ ་སྔོན་དུ་འགྲོ་བས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཇི་སྲིད་མངོན་སུམ་དུ་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་ལ་དཀྱིལ་འཁོར་འདི་ཉིད་བྲི་བར་བྱ་བའམ། ཡང་ན་དཀྱིལ་འཁོར་ཆེན་པོའི་ཆོ་གས་རྣལ་འབྱོར་ཆེན་པོ་བྱས་ལ། རེ་རེ་ཞིང་ཡང་སྔགས་འབུམ་བཟླས་པར་བྱས་ཏེ། དེ་ནས་ཏིང་ངེ་འཛིན་རྣམ་གསུམ་ཞག་བདུན་བསྒོམས་པའི་རྗེས་ཐོགས་ལ་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་རྒྱུ་དེའི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་འཇུག་པ་མེད་ན་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བར་མི་འགྱུར་བ་དེའི་ཕྱིར། དེ་ནས་རབ་ཏུ་བཤད་བྱ་བ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཏེ། །ཞེས་བྱའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །ཞེས་བྱ་བ་ནི། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཡང་དག་པར་བྲི་བའོ། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེར་ནི་འདབ་མ་ཀུན་ཁྱབ་པ། །སྣ་ཚོགས་གཟུགས་ནི་བྲི་བར་བྱ། །ཞེས་བྱ་བ་ནི། དེ་ལ་དཀྱིལ་འཁོར་གྱི་དབུས་སུ་འདབ་མ་ཀུན་ལ་པདྨའི་རིགས་དེས་ཁྱབ་ཅིང་སྤྲུལ་པའི་ངང་ཚུལ་གང་ལ་མངའ་བ་དེ་ནི་འདིར་འདབ་མ་ཀུན་ཁྱབ་པའོ། །རྣམ་པ་སྣ་ཚོགས་པ་དུ་མ་སངས་རྒྱས་པདྨ་ལ་སོགས་པའི་གཟུགས་གང་ལ་མངའ་བ་འདི་ནི་སྣ་ཚོགས་སོ། །འདབ་མ་ཀུན་ལ་ཁྱབ་པ་ཡང་ཡིན་ལ་སྣ་ཚོགས་པའི་གཟུགས་ཀྱང་འདི་ཡིན་པས་ན། པདྨ་ཀུན་ལ་ཁྱབ་པ་སྣ་ཚོགས་པའི་གཟུགས་ཏེ། འགྲོ་བ་འདུལ་བ་དེ་བྲི་བར་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་བཞིན་དུ་ཕྱི་དང་ནང་གི་དཀྱིལ་འཁོར་དེ་བྲིས་ལ། དཀྱིལ་འཁོར་གྱི་ལྟེ་བར་ཡི་གེ་ཧྲཱི་ལས་པདྨ་དེའི་སྟེང་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། ཨོཾ་སརྦྦ་ཛ་གང་བི་ན་ཡ་མ་ཧཱ་སཏྭ་ཨཱ་གཙྪ་ཤཱི་གྷྲཾ་བི་ཤྭ་རཱུ་བཾ་དཪྵ་ཡ་མ་མ་ཙ་སརྦྦ་སིདྡྷི་ཡ་པྲ་ཡཙྪ་ཧྲཱི།
ཞེས་བརྗོད་པས། བཅོམ་ལྡན་འདས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་དང༌། གཟུངས་དང༌། ཆོས་དང༌། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ལྷའི་གཟུགས་ཀྱི་སྤྱི་གཙུག་ནས་བརྩམས་ནས་རྐང་མཐིལ་གྱི་བར་དུ་འོད་ཟེར་གྱི་ཚུལ་གྱིས་འབྱིན་པ་བྲིས་ལ། ནམ་མཁའི་ཕྱོགས་ནས་ཕབ་སྟེ། གཟུགས་བརྙན་དང་གཅིག་ཏུ་བསྲེ་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ཉིད་ལའོ། །འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་རང་གི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རང་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་ཡང་བྱས་ལ། པདྨ་ཆེ་གེ་མོ་ཞེས་རང་གི་མིང་ནས་བརྗོད་ནས། འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་སརྦྦ་ཛྫ་གད་བི་ན་ཡ་མ་ཧཱ་ས་ཏྲ་ཨཱ་གྩྪ་ཤཱི་གྷྲཾ་བི་ཤྭ་རཱུ་བཾ་དཪྴ་ཡ་མ་མ་ཙ་སརྦྦ་སིདྡྷི་ཡ་པྲ་ཡཙྪ་ཧྲཱི་ཨ་ཞེས་བརྗོད་པས། འགོར་བ་འདུལ་བའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་པདྨོ་བསམ་པར་བྱའོ། །དེ་ནས་བཛྲ་པདྨོ་ཨ་ཧཾ་ཞེས་བརྗོད་ཅིང༌། རྡོ་རྗེ་པདྨའི་ང་རྒྱལ་བསྒོམ་པར་བྱའོ། །ཛ་གད་བི་ན་ཡོ་ཨ་ཧཾ་ཞེས་བརྗོད་པས་པདྨ་དེ་ཉིད་འགྲོ་བ་འདུལ་བའི་རང་བཞིན་དུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་བསྡུ་བ་བྱས་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། རྟ་མགྲིན་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དགུག་པ་དང། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ལ། པདྨའི་གནོད་སྦྱིན་གྱིས་བགེགས་བསལ་ལ་ར་བ་དང་དྲ་བ་བྱས་ཏེ། པདྨའི་ཁུ་ཚུར་གྱིས་སྒོ་བཅད་ལ། པདྨ་སྲུང་བའི་ཕྱག་རྒྱས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ལ། འགྲོ་བ་འདུལ་བའི་སྙིང་པོས་མཆོད་ཡོན་ཕུལ་ནས། ཞལ་བསིལ་གྱི་སྔགས་དང༌། ཕྱག་རྒྱས་ཞལ་བསིལ་དབུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱས་བསྒྲུབས་ཏེ། ཆོས་དང༌། ལས་དང༌། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་སྟེ། དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ལ། ཡང་མཆོད་ཡོན་ཕུལ་ནས་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ་གནང་བ་ནོད་པའི་རྗེས་ཐོགས་ཁོ་ན་ལ། འགྲོ་བ་འདུལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་འདིར་ཆོ་ག་རྒྱས་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་བཙུད་ནས་ཞེས་བྱ་བ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་འཇུག་པའི་ཆོ་
གས་པདྨའི་སློབ་མ་གཞུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བསྒོ་སྟེ་ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་བྱས་ནས། པདྨའི་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་དུ་སློབ་མ་ལ་བཤད་པ་བཞིན་དུ་འདིར་ཡང་བསྒོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །གཞུང་འདི་ཙམ་གྱིས་ནི་སློབ་དཔོན་གྱི་ལས་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པ་དེ་ལྟར་བསྟན་ནས། ད་ནི་འགྲོ་བ་འདུལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། འགྲོ་བ་འདུལ་བའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་གསུངས་ཏེ། འགྲོ་བ་འདུལ་བ་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ །དེར་ངེས་པའི་ཡེ་ཤེས་དེ་བསླབ་པའོ། །འགྲོ་བ་འདུལ་བའི་ཞེས་བྱ་བ་ནི། དཀྱིལ་འཁོར་ལེགས་པར་བྲིས་ནས་ཀྱང༌། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་བྲི་བའོ། །ཕྱག་རྒྱ་ཆེན་པོ་བསྒོམས་ན་ནི། །སྣ་ཚོགས་འཆང་དང་འདྲ་བར་འགྱུར། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཆོ་ག་དང༌། འདིར་སློབ་དཔོན་རང་ཉིད་ཀྱི་ཆོ་ག་རྗེས་སུ་སྤྱད་ལ་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་བསྒོམས་ན། འགྲོ་བ་འདུལ་བ་དང་འདྲ་བར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་འགྲོ་བ་འདུལ་བའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། ཕྱིས་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ལས་བཤད་པའི་སྔགས་དང་བཤད་མ་ཐར་པའི་འགྲོ་བ་འདུལ་བའི་སྙིང་པོས་ཏིང་ངེ་འཛིན་རྣམ་ པ་གསུམ ་ཇི་ལྟ་བ་བཞིན་དུ་སྒོམ་པ་སྔོན་དུ་འགྲོ་བས་བསྐྱེད་ལ། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཐུན་རེ་རེ་ཡང་ཇི་སྲིད་མངོན་སུམ་དུ་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་དེའི་དཀྱིལ་འཁོར་བྲིས་ནས། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ། སློབ་དཔོན་རང་ཉིད་ཀྱི་མིང་ནས་བརྗོད་ནས་རྡོ་རྗེས་བསྒྲུབ་པར་བྱའོ། །པདྨའི་སློབ་དཔོན་སེམས་དཔའ་ཡི། །རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །
སེ་གོལ་མང་པོ་བརྡབ་བགྱིས་ལ། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །དེ་ནས་པདྨའི་སེམས་དཔའ་ཡི། །མིང་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་རབ་ཏུ་བརྗོད་པར་བགྱི། །དེ་ནས་རྟ་མགྲིན་ལ་སོགས་པ་ལས་ཀྱི་ཕྱག་རྒྱས་བཅོམ་ལྡན་འདས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བ་དང༌། སྔ་མ་བཞིན་དུ་མཆོད་པ་དང་ཕྱག་བྱ་བའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ལ། འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། འགྲོ་བ་འདུལ་བའི་ཕྱག་རྒྱ་གཅིག་པའི་སྙིང་པོ་བཟླས་ཤིང་མཚན་ཐོག་ཐག་བསྒོམ་པ་བྱས་ན། དེས་འགྲོ་བ་འདུལ་བ་དང་མཚུངས་པར་འགྱུར་རོ། །དེ་ནས་འགྲོ་བ་འདུལ་བའི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ནི། ཕྱག་རྒྱའི་ཡེ་ཤེས་བསླབ་པའི་དུས་ཕྱིས་འགྲོ་བ་འདུལ་བ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ །ཕྱག་རྒྱ་གཅིག་པ་དང༌། ལས་ཀྱི་དཀྱིལ་འཁོར་ལ་གནས་པའི་རྣལ་འབྱོར་པ་དག་པ་གཅིག་ཏུ་གྱུར་པར་ལྷག་པར་མོས་པའི་ཕྱག་རྒྱ་ནི་གསང་བའི་ཕྱག་རྒྱའོ། །དེར་ངེས་པའི་ཡེ་ཤེས་བསླབ་པ་ནི་བསྟན་པའོ། །སྣ་ཚོགས་གཟུགས་ཀྱི་ཏིང་འཛིན་དང༌། །མཉམ་པར་གཞག་པ་བསྒོམས་ནས་ཀྱང༌། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་ཏིང་ངེ་འཛིན་གྱིས་ཏིང་ངེ་འཛིན་སྣ་ཚོགས་ཀྱི་གཟུགས་སུ་དེ་བསྒོམས་པའོ། །ལེགས་པར་མཉམ་པར་གཞག་པའི་མཚན་མ་ཐོབ་ནས། དང་པོ་གཉིས་ནི་སྦྱར་བར་བྱ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་སྐུ་གང་ཡིན་པ་དང༌། རྣལ་འབྱོར་པའི་ལུས་གང་ཡིན་པ་གཅིག་ཏུ་གྱུར་པར་ལྷག་པར་མོས་པ་ནི་དབང་པོ་གཉིས་མཉམ་པར་སྦྱོར་བའོ། །དཀྱིལ་འཁོར་དེར་སྔར་བཤད་པའི་ཚུལ་གྱིས་བྱས་ན། རྣལ་འབྱོར་པས་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འགྲོ་བ་འདུལ་བའི་དུམ་བུ་ལས་བཤད་པའི་དངོས་གྲུབ་ཐམས་ཅད་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་བཞི་པོ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གསང་བའི་ཡེ་ཤེས་བསྟན་པའི་དུས་ཕྱིས་ཕྱག་རྒྱ་
ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཅིང་བ་རྣམས་བསླབ་པར་བྱའོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་དང་པོར་བྱས་པའི་ཕྱག་རྒྱ་བཅིང་བ་གང་ཡིན་པའི་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒ་བཅིང་བ་སྟེ། དེ་བསླབ་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང་ཆོས་དང༌། ལས་རྣམས་ཉིད་འདིར་གཟུང་བར་བྱའོ་།དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་དཀྱིལ་འཁོར་ཆེན་པོ་ཕྱག་ཆེན་པོ་ལ་སོགས་པའི་དངོས་གྲུབ་བཤད་པ་དེ་བཞིན་དུ་འདིར་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དཀྱིལ་འཁོར་ལ་དངོས་གྲུབ་ཏུ་འགྱུར་བ་དེ་བཞིན་དུ་རས་སམ། རྩིག་པའམ། སྐུ་གཟུགས་སམ། ནམ་མཁའ་ལ་བརྟགས་པའི་དཀྱིལ་འཁོར་ལ་ཡང་དམ་ཚིག་དང་དབང་བསྐུར་བ་དང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་བཞིན་དུ་རས་ལ་སོགས་པ་ཡང་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་བྲི་བའི་ཆོ་གའི་ཚུལ་དུ་གསུངས་པ་དེ་བཞིན་དུ་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་བྲི་བའི་ཆོ་ག་ཡང་ཤེས་པར་བྱའོ་ཞེས་བསྟན་པའི་ཕྱིར། ཕྱག་རྒྱ་གཞན་རྣམས་ཀྱང་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་དེ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་དམ་ཚིག་ནི་པདྨའི་རིགས་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་ཡང་མིང་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ། །དེ་ཁོ་ན་།ཆེན་པོ་ཡང་ཡིན་ལ་རྟོག་པ་ཡང་དེ་ཡིན་པས་ན་རྟོག་པ་ཆེན་པོའོ། །དེ་གཞན་ལས་ཁྱད་པར་དུ་གྱུར་པས་རྒྱལ་།པོ་སྟེ་མཛེས་ཤིང་འབར་བའི་ཕྱིར་རོ། །རྫོགས་སོ་ཞེས་བྱ་བ་ནི་རྩ་བའི་རྒྱུད་ཀྱི་མཐར་ཐུག་པའོ། །པདྨའི་རིགས་འདི་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ལས་བྱུང་བ་རྒྱུ་ལ་འབྲས་བུ་བཏགས་ནས་ཆོས་ཀྱི་ཕྱག་རྒྱ་ཞེས་བརྗོད་དོ། །དེ་སྐད་དུ་ཡང༌། སོ་སོར་རྟོག་པའི་འགྲོ་བ་ཀུན། །གཏི་མུག་རྒྱ་མཚོ་ལས་བསྒྲལ་ཕྱིར། །བློ་ལྡན་
འཇིག་རྟེན་དབང་ཕྱུག་གིས། །རྟོག་པའི་རྒྱལ་པོ་འདི་གསུང་སོ། །ཞེས་བྱ་བ་འདི་གསུངས་པ་ཡིན་ནོ། །རྣམ་དག་ཆོས་ནི་རྟོགས་བྱའི་ཕྱིར། །དྲི་མ་མེད་པ་དེ་ཉིད་ནི། །སྣང་བྱེད་དགེ་བ་འདི་བཤད་ལས། །བདག་གིས་བསོད་ནམས་གང་བསགས་པ། །དེ་ཡིས་འཇིག་རྟེན་མ་ལུས་པ།། སྙིང་རྗེ་ལས་བྱུང་ཀུན་དགའ་ཆེ། །སྙིང་པོ་བསམ་མི་ཁྱབ་ཆེན་གཙོ། །པདྨ་ལས་བྱུང་རྒྱལ་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ། དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ་པདྨའི་རིགས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པ་རྫོགས་སོ།། །།དེ་ལྟར་ལོག་པར་ལྟ་བའི་གཉེན་པོར་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་པདྨའི་རིགས་བསྟན་ནས། ད་ནི་སེར་སྣ་ཅན་གྱི་གཉེན་པོར་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ལས་ཡོངས་སུ་རྫོགས་པར་བྱེད་པའི་ནོར་བུའི་རིགས་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོར་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་སྟེང་དུ་རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་རིན་ཆེན་དང༌། རྡོ་རྗེ་ཆོས་དང༌། རྡོ་རྗེ་ལས་སྤྲུལ་པའི་མཐར་ཐུག་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་དེ་དག་འདིར་བཤད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་པར་གྲུབ་པ་ལ་སོགས་པའོ། །ཡང་དེ་ཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ནས་ཞེས་བྱ་བ་ལ་ཡང་གི་སྒྲ་ནི་ཟློས་པའི་དོན་ཏོ། །སྔར་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། གཅིག་ཏུ་འདུས་པར་མཛད་པ་ཡིན་ལ་དེ་ལྟར་ནི་ནམ་མཁའི་སྙིང་པོ་ལ་མཚན་བརྒྱ་རྩ་བརྒྱད་པས་གསོལ་བ་གདབ་པའི་ཕྱིར། གཅིག་ཏུ་ཚོགས་ཤིང་འདུས་པར་བྱས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བ་ནི་རིན་པོ་ཆེའི་རིགས་སུ་དེའི་རྒྱུ་ཡིན་པས་རིན་པོ་ཆེ་བསྐྱེད་པར་མཛད་པ་ཡིན་ནོ། །གང་གི་ཕྱིར་
འཕགས་པ་ནམ་མཁའི་སྙིང་པོའི་ཐུགས་ལས་རིགས་ཐམས་ཅད་འདིར་བསྐྱེད་པར་མཛད་པ་ཡིན་ནོ། །རྡོ་རྗེ་འཛིན་པ་དེ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པའི་སེམས་དཔའ་རྡོ་རྗེའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོའི་གཟུགས་འཛིན་པ་ལ་འཆད་པར་འགྱུར་བའི་མཚན་བརྒྱ་རྩ་བརྒྱད་པ་འདིས་གསོལ་བ་བཏབ་པ་ཅིའི་དོན་དུ་གཉེར་བ་ཡིན་ནོ། །དོན་དུ་གཉེར་བའི་རྒྱུ་ཡོད་པའི་གསོལ་བ་འདེབས་པའི་ཕྱིར་ལྡན་པར་བཤད་དོ། །ནམ་མཁའི་སྙིང་པོ་ཞེས་བྱ་བ་ནི། དེ་ལ་ནམ་མཁའི་སྒྲས་ནི་འདིར་རྣམ་པར་སྣང་མཛད་ཀྱི་ཕྱག་ན་གནས་པའི་རྡོ་རྗེ་རིན་པོ་ཆེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པར་བརྗོད་པ་ཡིན་ཏེ། ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་བ་ནམ་མཁའ་ཡང་ཡིན་ལ་སྙིང་པོ་ཡང་འདི་ཡིན་པས་ན་ནམ་མཁའི་སྙིང་པོས་ཏེ་དེ་བཞིན་གཤེགས་པ་དེ་རྣམས་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་བསྐྱེད་པ་ཡིན་ནོ། །སེམས་ཅན་དོན་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་དུ་གཉེར་བས་ན་སེམས་ཅན་དོན་ནོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི། སེམས་དཔའ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་སེམས་དཔའ་ཆེན་པོ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱིས་ཐམས་ཅད་དུ་ཁྱབ་པའོ་ཞེས་བྱ་བའི་དོན་ཡིན་ནོ། །གཟི་བརྗིད་ཆེན་པོ་ཞེས་བྱ་བ་ནི། གཟི་བརྗིད་ཆེན་པོ་འདི་ལ་མངའ་བས་ན་གཟི་བརྗིད་ཆེན་པོ་སྟེ། མདངས་དང་ལྡན་པའི་གཟི་བརྗིད་ཀྱིས་ནམ་མཁའ་ཐམས་ཅད་ཁྱབ་པའོ། །རིན་པོ་ཆེ་ཆེན་པོ་ནི་རྡོ་རྗེ་རིན་ཆེན་གྱི་གཟུགས་ཀྱིས་ནམ་མཁའ་ཁྱབ་པས་ན་རིན་པོ་ཆེའོ། །རིན་ཆེན་མཆོག་ནི་རིན་པོ་ཆེ་བཟང་པོ་རྣམས་ལས་ཀྱང་ཆོས་བཟང་བའི་རིན་པོ་ཆེའོ། །རིན་པོ་ཆེས་མཚན་པ་ལ་སོགས་པའི་མཚན་མའི་རང་བཞིན་དེ་དག་ལས་གཙོ་བོ་མཆོག་ཡིན་ཏེ། རིགས་ཀྱི་བདག་པོའི་མཚན་མའི་གཟུགས་ཡིན་པའི་ཕྱིར་རོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ནི། རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུ་ནི་རྡོ་རྗེ་རིན་ཆེན་ཏེ་མཚན་བདུན་ནོ། །དབང་བསྐུར་བྱིན་ཞེས་བྱ་བ་ནི། རིན་པོ་ཆེའི་རིགས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །
རིན་ཆེན་ཞེས་བྱ་བ་ནི། རིན་པོ་ཆེའི་རིགས་དེས་ནམ་མཁའ་ཁྱབ་པའོ། །དག་པ་ཆེ་ཞེས་བྱ་བ་ནི། རིན་པོ་ཆེའི་རིགས་ཀྱི་གཟུགས་དེས་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་འཁྲུད་པའི་ཕྱིར་དག་པ་ཆེའོ། །དགེ་བ་ཆེ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་རང་བཞིན་ཡིན་པས་ན་དག་པ་ཆེའོ། །སངས་རྒྱས་རིན་ཆེན་ཞེས་བྱ་བ་ནི། རིན་པོ་ཆེའི་རིགས་དེས་དབང་བསྐུར་བའི་ངོ་བོ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་གཞན་ན་མེད་པའི་ཕྱིར་སངས་རྒྱས་རིན་ཆེན་ཞེས་བརྗོད་དོ། །རྣམ་དག་སྐུ་ཞེས་བྱ་བ་ནི། ལུས་ལ་དྲི་མ་མི་མངའ་བས་ན་རྣམ་དག་སྐུའོ། །རིན་ཆེན་རིན་ཆེན་ཞེས་བྱ་བ་ནི། ནམ་མཁའི་སྙིང་པོའི་ཕྱག་ན་གནས་པ་སྟེ་མཚན་བདུན་ཡིན་ནོ། །ནམ་མཁའ་ཞེས་བྱ་བ་ནི། ནམ་མཁའི་འོད་ཟེར་གྱི་གཟུགས་ཀྱིས་སྤྲོ་བའི་ཕྱིར་ནམ་མཁའོ། །ནམ་མཁའ་ལས་བྱུང་ཞེས་བྱ་བ་ནི། ནམ་མཁའི་འོད་ཟེར་དང་གཅིག་ཏུ་གྱུར་ནས། རྡོ་རྗེ་རིན་ཆེན་བསྐྱེད་པའི་ཕྱིར་ནམ་མཁའ་ལས་བྱུང་བའོ། །ནམ་མཁའི་ཁམས་ཐམས་ཅད་ཅེས་བྱ་བ་ནི། ནམ་མཁའི་ཁམས་ཐམས་ཅད་འོད་ཟེར་གྱི་རང་བཞིན་དུ་གྱུར་ནས་ངེས་པར་འབྱུང་བའི་ཕྱིར་ནམ་མཁའ་ཐམས་ཅད་དོ། །འོད་ཆེ་ཞེས་བྱ་བ་ནི། ནམ་མཁའི་འོད་ཟེར་དེ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བའོ། །ཀུན་རྫོབ་ཀྱི་བདག་ཉིད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་དུ་འོད་ཆེན་པོ་སྣང་བ་དེས་ནམ་མཁའ་ཁྱབ་པའོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའི་དབྱིངས་ཞེས་བྱ་བ་ནི། རྡོ་རྗེ་རིན་ཆེན་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་ནམ་མཁའི་དབྱིངས་སོ། །ཕྱོགས་ཀུན་ཞེས་བྱ་བ་ནི་ཕྱོགས་བཅུའི་རང་བཞིན་ཡིན་པའི་ཕྱིར་ཕྱོགས་ཀུན་ནོ། །རེ་ཀུན་མཆོག་ཅེས་བྱ་བ་ནི། འདི་ལྟར་ནམ་མཁའི་རང་བཞིན་གྱི་ཕྱོགས་ཐམས་ཅད་དུ་གྱུར་པའི་ཆོས་འདིས་ཕྱོགས་ཐམས་ཅད་ལས་གོང་ན་མེད་པའི་ཕྱིར་རེ་བ་ཀུན་གྱི་མཆོག་སྟེ་མཚན་བདུན་ཡིན་ནོ། །རིན་ཆེན་མཛོད་སྤུ་ཞེས་བྱ་བ་ནི། རིན་པོ་ཆེའི་མཛོད་སྤུ་འདི་ལ་མདའ་བས་ན་རིན་ཆེན་མཛོད་སྤུའོ། །རིན་ཆེན་འབྱུང་ཞེས་བྱ་བ་ནི། རིན་པོ་ཆེ་ལས་བྱུང་བའི་དེ་བཞིན་གཤེགས་པའི་རང་བཞིན་ཡིན་པའི་ཕྱིར་རིན་ཆེན་འབྱུང་བའོ། །སངས་རྒྱས་མཛོད་སྤུ་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སྨིན་མཚམས་ཀྱི་ཕྱོགས་སུ་གནས་པའི་ཕྱིར་དེ་བཞིན་གཤེགས་པའི་
མཛོད་སྤུའོ། །བདེ་གཤེགས་རབ་ཅེས་བྱ་བ་ནི་ཤིན་ཏུ་དགེ་ཞིང་བཟང་བར་དེ་བཞིན་གཤེགས་པའི་སངས་རྒྱས་ནི་བདེར་གཤེགས་རབ་བོ། །རིན་ཆེན་ཐམས་ཅད་ཅེས་བྱ་བ་ནི། རིན་པོ་ཆེའི་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་གཟུགས་ཀྱིས་རིན་པོ་ཆེའི་རིགས་ཐམས་ཅད་བསྡུས་པའི་རང་བཞིན་ཡིན་པའི་ཕྱིར་རིན་ཆེན་ཐམས་ཅད་དོ། །རབ་ཀུན་མཆོག་ཅེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱའི་གཟུགས་ཀྱིས་མཚུངས་པ་མེད་པའི་ཕྱིར་རབ་ཀུན་མཆོག་གོ །རིན་ཆེན་དགོས་པ་ཞེས་བྱ་བ་ནི། རིན་པོ་ཆེའི་འབྲས་བུ་ནི་རིན་པོ་ཆེའི་དགོས་པ་སྟེ། རིན་པོ་ཆེའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་དེའི་རང་བཞིན་ཡིན་པའི་ཕྱིར། རིན་ཆེན་དགོས་པ་ཁྱོད་དེ་མཚན་བདུན་ཡིན་ནོ། །རིན་ཆེན་ཞེས་བྱ་བ་ནི་རིན་པོ་ཆེའི་རང་བཞིན་ཡིན་པའི་ཕྱིར་རིན་ཆེན་ནོ། །རིན་ཆེན་མཆོག་ཅེས་བྱ་བ་ནི་རིགས་ཀྱི་བདག་པོའི་གཟུགས་འཛིན་པའི་ཕྱིར་རིན་ཆེན་མཆོག་གོ །རིན་ཆེན་དག་ཅེས་བྱ་བ་ནི། བདག་པོའི་གཟུགས་ཀྱིས་རིན་ཆེན་ཐམས་ཅད་ཟིལ་གྱིས་མནན་ནས་གནས་པའི་ཕྱིར་རིན་ཆེན་དྲག་གོ །དེ་བཞིན་གཤེགས་པ་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་རང་བཞིན་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཀུན་ནོ། །རིན་ཆེན་ནི་རིན་པོ་ཆེ་ཆེའི་སྐུར་གྲུབ་པའོ། །རིན་ཆེན་དམ་པ་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ནང་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་གཟུགས་ཀྱིས་དམ་པར་གྱུར་པའི་ཕྱིར་རོ། །ནམ་མཁའ་ཆེ་ཞེས་བྱ་བ་ནི། ནམ་མཁའ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པ་དེ་བས་ནམ་མཁའ་ཆེན་པོའོ། །རྫས་ཐམས་ཅད་ཀྱི་གཟུགས་ནུབ་པ་དེའི་རང་བཞིན་ཡིན་པའི་ཕྱིར་ནམ་མཁའ་ཆེའོ། །མཁའ་མཉམ་ཞེས་བྱ་བ་ནི་མཉམ་པ་ཡིན་ཏེ་ནམ་མཁའ་ཡང་དེ་ཡིན་པས་མཁའ་མཉམ་ནི་རྫས་དང་རྫས་མ་ཡིན་པ་ཐམས་ཅད་ལ་ནམ་མཁས་ཁྱབ་པའི་རང་བཞིན་ཡིན་པའི་ཕྱིར་མཁའ་མཉམ་སྟེ་མཚན་བརྒྱད་ཡིན་ནོ། །རྒྱན་ཡིན་པས་ན་ཞེས་བྱ་བ་ནི་སྤུད་པའོ། །མཛེས་པ་ཆེ་ཞེས་བྱ་བ་ནི་མཛེས་པ་ཆེན་པོ་འདི་ལ་མངའ་བས་ན་མཛེས་པ་ཆེའོ། །མཛེས་པའི་འབྱུང་གནས་ཞེས་བྱ་བ་ནི། མཛེས་པ་ལས་འབྱུང་བས་ན་མཛེས་པའི་འབྱུང་གནས་ཏེ། སྐྱེ་བའི་གནས་ཞེས་བྱ་བའི་ཐ་ཚིག་གོ །རབ་མཛེས་
མཛད་ཅེས་བྱ་བ་ནི་ཤིན་ཏུ་མཛེས་པར་མཛད་པའོ། །དོན་ཀུན་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་དོན་ཀུན་ནོ། །དག་ཅིང་ཞེས་བྱ་བ་ནི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་ན་དག་པའོ། །དག་པའི་དོན་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དོན་འདི་ལ་མངའ་བས་ན་དག་པའི་དོན་ནོ། །སྦྱིན་སྤྱོད་ཅེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གྲུབ་པས་ནམ་མཁའ་མཛོད་ཀྱི་སྦྱིན་པའི་སྤྱད་པ་སྤྱོད་པ་སྟེ་མཚན་བརྒྱད་ཡིན་ནོ། །ཆོས་རིན་ཆེན་ཞེས་བྱ་བ་ནི། ཐེག་པ་ཆེན་པོ་ལས་ངེས་པར་འབྱུང་བ་མྱ་ངན་ལས་འདས་པའི་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཆོས་རིན་ཆེན་ནོ། །རྣམ་དག་མཆོག་ཅེས་བྱ་བ་ནི་རྣམ་པར་དག་པ་ཞེས་བྱ་བ་ནི་མཆོག་ནི། རྣམ་དག་མཆོག་སྟེ། ཆོས་ཀྱི་སྐུའི་རང་བཞིན་གྱིས་མཚུངས་པའི་ཕྱིར་རོ། །དགེ་འདུན་རིན་ཆེན་ཞེས་བྱ་བ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་མཚན་ཉིད་ཅན་སེམས་ཁོང་དུ་ཆུད་པས། དེ་བཞིན་དུ་གཤེགས་པའི་ཕྱིར་རོ། །དབང་བསྐུར་ཆེན་པོ་ཞེས་བྱ་བ་ནི། ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་འཁྲུད་པར་བྱེད་པའི་ཕྱིར་དབང་བསྐུར་ཆེན་པོའོ། །འཇིག་རྟེན་དོན་ཞེས་བྱ་བ་ནི། འཕྱིག་པས་ན་འཇིག་རྟེན་ཏེ། ཁམས་ གསུམ་པ ་རྣམས་དེ་ཉིད་ཀྱི་དོན་ལ་དམིགས་པ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་དོན་ནོ། །གནོད་སྦྱིན་ཁྱོད་ཅེས་བྱ་བ་ནི། དོན་ཕུལ་དུ་བྱུང་བ་སྟེར་བས་ན་དོན་སྦྱིན་ནོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་མེད་པའི་ལམ་གྱི་དོན་དེ་ཉིད་ཀྱི་དགོས་པ་མངའ་བ་འདི་ནི་དོན་སྦྱིན་ཏེ་མཚན་བདུན་ནོ། །སྦྱིན་པ་ཞེས་བྱ་བ་ནི་སྟེར་བས་ན་སྦྱིན་པའོ། །རབ་སྦྱིན་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཕུལ་དུ་བྱུང་བའི་སྦྱིན་པའོ། །སྦྱིན་པའི་མཆོག་ཅེས་བྱ་བ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཡིན་པའི་ཕྱིར་རོ། །གཏོང་ཞིང་ཞེས་བྱ་བ་ནི། གཏོང་བ་ནི་སྦྱིན་པ་སྟེ། འདི་ནི་མིང་གི་རྣམ་གྲངས་ཡིན་ནོ། །གཏོང་མཆོག་ཅེས་བྱ་བ་ནི། འདི་ཡང་སྦྱིན་པའི་མཆོག་གི་མིང་གི་རྣམ་གྲངས་ཡིན་ནོ། །སྦྱིན་མཛད་ཅེས་བྱ་བ་ནི་རང་གི་ལག་པས་དཔག་བསམ་གྱི་ཤིང་ལ་སོགས་པ་སྟེར་བའོ། །
སེམས་ཅན་དོན་ཀུན་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ཕྱིར་རོ། །དེ་ཉིད་དོན་ཞེས་བྱ་བ་ནི། ཇི་སྐད་བཤད་པའི་དེ་ཁོ་ན་ཉིད་བཅུའི་དོན་གྱི་ངོ་བོ་ཡིན་པའི་ཕྱིར་དེ་ཉིད་དོན་ཏོ། །དོན་ཆེན་དོན་ཞེས་བྱ་བ་ནི་དོན་ཡང་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་ན་དོན་ཆེན་ཏེ་ཆོས་ཀྱི་དབྱིངས་དེའི་དོན་ནི་དེ་བཞིན་ཏེ་མཚན་དགུ་ཡིན་ནོ། །བསམ་པའི་རྒྱལ་པོ་ཞེས་བྱ་བ་ནི། བསམ་པ་འདི་མཛེས་ཤིང་འབར་བས་ན་བསམ་པའི་རྒྱལ་པོ་སྟེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་བསྐང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གཟི་བརྗིད་ཆེ་ཞེས་བྱ་བ་ནི། ནམ་མཁའ་ཐམས་ཅད་ཁྱབ་པའི་གཟི་བརྗིད་འདི་ལ་མངའ་བས་ན་གཟི་བརྗིད་ཆེའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ཞེས་བྱ་བ་ནི་འཁོར་གསུམ ་རྣམ་པར་དག་པའི་སྤྱོད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཚུལ་ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་ཚུལ་གྱིས་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་བདེན་པ་གསུངས་པའི་ཕྱིར་རོ། །སེམས་དཔའ་ཆེ་ཞེས་བྱ་བ་ནི་ཆོས་བདག་མེད་པའི་ངོ་བོས་ཐམས་ཅད་དེ་བཞིན་དུ་རྟོགས་པའི་ཕྱིར་སེམས་དཔའ་ཆེའོ། །དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིར་སངས་རྒྱས་ཀུན་ཏེ་མཚན་བདུན་ཡིན་ནོ། །དེ་བཞིན་གཤེགས་པ་རིན་པོ་ཆེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བའི་རིན་པོ་ཆེ་ཆེན་པོ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་རིན་པོ་ཆེའོ། །དེ་བཞིན་གཤེགས་པ་འོད་པོ་ཆེ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉི་མའི་དཀྱིལ་འཁོར་གྱི་འོད་ཆེན་པོ་མངའ་བའི་ཕྱིར་དེ་བཞིན་གཤེགས་པའི་འོད་ཆེན་པོའོ། །དེ་བཞིན་གཤེགས་པའི་དཔལ་ཆེན་པོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསམ་པའི་རྒྱལ་པོའི་དཔལ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར། དེ་བཞིན་གཤེགས་པའི་དཔལ་ཆེན་པོའོ། །བཞད་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་བཞད་པས་ནམ་མཁའ་ཐམས་ཅད་ཁྱབ་པར་བཞད་པ་ཆེན་པོ་སྟེ་མཚན་བཞི་ཡིན་ནོ། །དེ་བཞིན་གཤེགས་པ་དབང་བསྐུར་མཆོག །ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཅོད་པན་གྱི་ངོ་བོས་གནས་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་དབང་བསྐུར་བ་དེ་ཉིད་གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར་མཆོག་གོ །དབང་ཆེན་ཞེས་བྱ་བ་ནི་དབང་ཡང་ཡིན་ལ་ཆེན་པོ་ཡང་འདི་ཡིན་པས་
དབང་ཆེན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་ངོ་བོ་ཉིད་ཀྱིས་ས་འོག་མ་རྣམས་ཀྱི་དབང་བསྐུར་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །ཁྱབ་བདག་ཆེན་པོ་སྟེ་ཞེས་བྱ་བ་ནི་ཐམས་ཅད་ལ་ཁྱབ་པའི་ཕྱིར་ཁྱབ་བདག་ཆེའོ། །འཇིག་རྟེན་མགོན་ཞེས་བྱ་བ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དུ་བསྐལ་བ་སྲེག་པའི་དུས་སུ་སྐྱོབ་པ་མཛད་པས་ན་འཇིག་རྟེན་མགོན་པོའོ། །རབ་འཇིག་རྟེན་ཞེས་བྱ་བ་ནི་འཇིག་རྟེན་བཟང་པོ་ནི་རབ་ཀྱི་འཇིག་རྟེན་ཏེ། རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་གི་རང་བཞིན་དུ་གནས་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི། ཉོན་མོངས་པ་དང་བཅས་པའི་སངས་རྒྱས་ཀྱི་ཞིང་ཁམས་ལས་དེ་ཉིད་གཙོ་བོར་གྱུར་པས་ན་མཆོག་གོ །འཇིག་རྟེན་ཉི་མ་ཞེས་བྱ་བ་ནི། ཉོན་མོངས་པ་རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་དུ་སྣང་བར་བྱེད་པས་ན་འཇིག་རྟེན་ཉི་མ་སྟེ་མཚན་བརྒྱད་ཡིན་ནོ། །རིན་ཆེན་ཕུལ་ཏེ་ཞེས་བྱ་བ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་ནང་ན་ཤིན་ཏུ་ཁྱད་པར་དུ་གྱུར་པ་སྟེ་རིན་ཆེན་ཕུལ་ལོ། །རབ་ཀྱི་མཆོག་ཅེས་བྱ་བ་ནི། གཙོ་བོ་ལས་ཀྱང་ཤིན་ཏུ་གཙོ་བོ་ཡིན་པས་ན་རབ་མཆོག་གོ །རིན་ཆེན་རྒྱན་ཞེས་བྱ་བ་ནི། རིན་པོ་ཆེའི་རྒྱན་འདི་ལས་མངའ་བས་ན་རིན་ཆེན་རྒྱན་ནོ། །རིན་ཆེན་མཛད་ཅེས་བྱ་བ་ནི་རིན་པོ་ཆེ་འཆང་བའོ། །རིན་ཆེན་སྣང་བ་ཞེས་བྱ་བ་ནི་རིན་པོ་ཆེ་སྣང་བ་འདི་ལ་མངའ་བས་ན་སྣང་བའོ། །སྣང་བ་ཆེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་འཇིག་རྟེན་ཐམས་ཅད་ལ་ཁྱབ་པས་ན་སྣང་བ་ཆེའོ། །རིན་ཆེན་གྲགས་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་སྙན་པ་དང༌། རྙེད་པ་བཟང་པོའི་རིན་པོ་ཆེ་མངའ་བས་རིན་ཆེན་གྲགས་པ་སྟེ་མཚན་བདུན་ནོ། །རིན་ཆེན་ཕུང་པོ་ཞེས་བྱ་བ་ནི་རིན་པོ་ཆེ་བྱུར་བུར་སྤུངས་པ་དང་འདྲ་བས་ན། རིན་པོ་ཆེ་བཟང་པོ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རིན་པོ་ཆེ་དེ་རྣམས་དེ་ལས་སྐྱེས་པའི་ཕྱིར་རིན་པོ་ཆེའི་ཕུང་པོའོ། །རིན་ཆེན་འབྱུང་ལྡན་ཞེས་བྱ་བ་ནི། རིན་པོ་ཆེ་ལས་བྱུང་བས་ན་རིན་ཆེན་འབྱུང་ལྡན་ནོ། །ནོར་བུའི་གཟུགས་དང་ལྡན་པའི་ཕྱིར་ནོར་བུའོ། །རྡོ་རྗེ་ནོར་བུ་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུའི་གཟུགས་ཡིན་པའི་རྡོ་རྗེ་ནོར་བུའོ། །ཡོན་ཏན་ཞེས་བྱ་བ་ནི་བསླབ་པར་བྱ་བས་ཡོན་ཏན་ཏེ། དཔལ་དུ་གྱུར་པར་བྱ་བའི་དོན་དུ་གོམས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །རིན་ཆེན་འབྱུང་བ་ཞེས་བྱ་
བ་ནི་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་རིན་པོ་ཆེ་ཐམས་ཅད་དེ་ལས་སྐྱེས་པས་ན། རིན་ཆེན་འབྱུང་བའོ། །སྐུ་རབ་འབར་ཞེས་བྱ་བ་ནི། ཤིན་ཏུ་འབར་བའི་སྐུ་མངའ་བས་ན་སྐུ་འབར་ཏེ། གཟི་བརྗིད་འབར་བས་གསལ་བར་བྱེད་པའི་ཕྱིར་རོ། །རིན་ཆེན་ཀུན་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ལ་དཀོན་པ་ཡིན་པའི་ཕྱིར་རིན་ཆེན་ཀུན་ཏེ་མཚན་བརྒྱད་ཡིན་ནོ། །ཆེ་ཉིད་ཅེས་བྱ་བ་ནི་བདག་ཉིད་ཆེན་པོའི་རང་བཞིན་ཡིན་པས་ན་ཆེ་ཉིད་དེ། སྐུ་དང་གསུང་དང་ཐུགས་རྡོ་རྗེས་ནམ་མཁའ་ཁྱབ་པའི་ཕྱིར་རོ། །ཤིང་སྡེ་ཞེས་བྱ་བ་ནི་མཆོད་སྡོང་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པ་ཡིན་པའི་ཕྱིར་ཤིང་ངོ༌། །རིན་ཆེན་དབང་ཞེས་བྱ་བ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་ཕྱིར་རིན་ཆེན་དབང་ངོ༌། །རེ་བ་ཐམས་ཅད་སྐོང་མཛད་པ། །ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པས་ན་རེ་བ་ཐམས་ཅད་སྐོང་མཛད་པའོ། །བསམ་པ་ཐམས་ཅད་ལེགས་པར་བརྙེས། །ཞེས་བྱ་བ་ནི་འདོད་པའི་དངོས་གྲུབ་ཐམས་ཅད་བརྙེས་པའི་ངོ་བོ་ཡིན་པའི་ཕྱིར། བསམ་པ་ཐམས་ཅད་ལེགས་པར་བརྙེས་སོ། །རིན་ཆེན་ཕུང་པོ་ཞེས་བྱ་བ་ནི། གཞལ་དུ་མེད་པའི་རིན་པོ་ཆེ་ཐམས་ཅད་ཀྱི་བྱུར་བུར་གྱུར་བའི་ཕྱིར་རིན་ཆེན་ཕུང་པོ་སྟེ་མཚན་དྲུག་ཡིན་ནོ། །འོད་མཆོག་ཅེས་བྱ་བ་ནི། འོད་ཟེར་གྱི་མཆོག་དེའི་རྩེ་མོར་གྱུར་བ་ནི་འོད་ཟེར་མཆོག་གོ །ཁྱབ་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ངོ་བོས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་རྗེས་སུ་སོང་བའི་ཕྱིར་ཁྱབ་པའོ། །བདག་ཉིད་ཀུན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་ཕྱུང་བའི་རང་བཞིན་ཡིན་པའི་ཕྱིར་བདག་ཉིད་ཀུན་ནོ། །མཆོག་རབ་སྦྱིན་ཞེས་བྱ་བ་ནི། རྣལ་འབྱོར་པ་མངོན་པར་འདོད་པས་བསྒྲུབ་པའི་དུས་སུ་མཆོག་སྟེར་བས་ན་མཆོག་རབ་སྦྱིན་ནོ། །མཆོག་ཆེ་བ་ཞེས་བྱ་བ་ནི། རིན་པོ་ཆེའི་རིག་པ་འཛིན་པ་ལ་སོགས་པའི་ཁྱད་པར་དུ་ཕུན་སུམ་ཚོགས་པས་ན་མཆོག་ཆེའོ། །ཕུན་སུམ་ཐམས་ཅད་འབྱོར་པའོ། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་རིགས་ཐམས་ཅད་མ་ཚང་བ་མེད་པའི་ངོ་བོ་ཡིན་པའི་ཕྱིར་ཕུན་སུམ་ཚོགས་པ་ཐམས་ཅད་འབྱོར་པའོ། །རྡོ་རྗེ་སྙིང་པོ་ནི་རྡོ་རྗེ་རྩེ་ལྔ་པས་མཚན་པའི་
ཡིད་བཞིན་ནོར་བུ་རིན་པོ་ཆེའི་སྙིང་པོའི་སྐྱེ་གནས་འདི་ལ་མངའ་བས་ན་རྡོ་རྗེ་སྙིང་པོའོ། །གང་གི་ཕྱིར་དཀྱིལ་འཁོར་བསྒྲུབ་པ་དང་ཕྱག་རྒྱ་ཆེན་པོ་བསྒྲུབ་པས་མངོན་པར་བྱང་ཆུབ་པ་མངོན་སུམ་དུ་བྱེད་པའི་དུས་སུ་འདི་རྡོ་རྗེ་རིན་ཆེན་ལས་སྐྱེ་བར་བཞེད་པ་ཡིན་ནོ། །དེའི་ཕྱིར་རྡོ་རྗེ་རིན་པོ་ཆེའི་སྐྱེ་གནས་ལ་རྡོ་རྗེ་སྙིང་པོ་ཞེས་བརྗོད་དེ་མཚན་བརྒྱད་ཡིན་ནོ། །ད་ནི་མཚན་བརྒྱ་རྩ་བརྒྱད་འཛིན་པའི་ཕན་ཡོན་བསྟན་པ་ནི། སུ་ཡང་རུང་བས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཞི་བ་འདི་ཞེས་བྱ་བ་ནི། མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱིས་དབང་བསྐུར་བ། །སྐད་ཅིག་ཏུ་ནི་སྡིག་མེད་ཐོབ། །མིང་བརྒྱ་རྩ་བརྒྱད་ཀྱི་གཞུང་གི་དོན་འཛིན་པ་དང༌། རྟོགས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་མིང་གི་དབང་བསྐུར་བས་ན་རིན་པོ་ཆེའི་རིགས་ཐོབ་པ་ནི་མངོན་སུམ་དུ་བྱེད་པའོ། །སྡིག་པ་མེད་པ་ནི་སྒྲིབ་པ་དང་བྲལ་བའོ། །གང་གི་ཚེ་སྒྲིབ་པ་དང་བྲལ་བར་གྱུར་པ་དེ་ཉིད་ཀྱི་ཚེ། དེ་ཉིད་སྐད་ཅིག་གཅིག་ལ་ཐོབ་པོ། །རིན་ཆེན་ཁྱོད་ལ་གསོལ་བ་ནི། །ཞེས་བྱ་བ་ནི་གསོལ་བ་འདེབས་པའི་དོན་དུ་གཉེར་བ་སྟེ། གུས་པས་སྔོན་དུ་འགྲོ་བས་སོ། །རིན་ཆེན་ཁྱོད་ལ་ཞེས་བྱ་བ་ནི་བོད་པའོ། །ནོར་འདུས་པ་ནི་བཤད་པའི་མཛོད་ཅེས་བྱ་བ་ནི་རིན་པོ་ཆེའི་རིགས་སོ། །དེ་ཉིད་ཀྱི་རྣམ་པར་འགྲེལ་པ་ནི། སངས་རྒྱས་ཀུན་གྱི་དབང་བསྐུར་མཆོག །རང་གི་རིགས་ནི་བསྐྱེད་པར་མཛོད། །ཅེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བ་ནི། སངས་རྒྱས་ཉིད་ཀྱིས་དབང་བསྐུར་བའོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པ་དང༌། ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པའོ། །དེའི་རྒྱུ་མཐུན་པ་རིན་པོ་ཆེའི་རིགས་དེ་ཉིད་ནི་མཆོག་སྟེ། འཁོར་བ་མ་སྟོངས་ཀྱི་བར་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ནམ་མཁའི་སྙིང་པོའི་རིགས་བསྐྱེད་པར་མཛད་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་བརྗོད་པ་སྟེ། གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་རང་བཞིན་གྱི་སེམས་དཔའ་ནི་སེམས་དཔའ་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཤད་མ་ཐག་པའི་བཀའ་འདི་ཐོས་ཤིང་མཉན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་
ཚིག་ཅེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དབང་བསྐུར་པ་ནི་རིན་པོ་ཆེའི་རིགས་སུ་སྦྲུལ་ནས། དེ་དག་གི་མགོ་བོ་ལ་རིན་པོ་ཆེའི་ཅོད་པན་བསྐྱེད་པའོ། །དེའི་དམ་ཚིག་ནི་བསྐྱེད་པའི་རྒྱུའོ། །མིང་དེ་སྐད་ཅེས་བྱ་བའི་སྙིང་པོ་གང་ཡིན་པ་འདི་གསུངས་པའོ། །ཨོཾ་བཛྲ་རཏྣ་ཧཱུཾ་ཞེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། རིན་པོ་ཆེའི་རིགས་བསྐྱེད་པར་གསོལ་བ་འདེབས་པའི་ཚིག་གསན་ནས། བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྙིང་པོ་འདིས་རིན་པོ་ཆེ་ཅོད་པན་གྱིས་དབང་བསྐུར་བ་བྱིན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་བུ་ནི་ནོར་བུའི་རིགས་སོ། །དེའི་དམ་ཚིག་ནི་དེ་བསྐྱེད་པའི་རྒྱུ་སྟེ་མིང་དེ་སྐད་ཅེས་བྱ་བ་རིག་པ་དམ་པ་གང་ཡིན་པ་འདི་གསུངས་པ་ནི་བཤད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། འཕགས་པ་ནམ་མཁའི་སྙིང་པོས་དབང་བསྐུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནོར་བུའི་རིགས་ཀྱི་ངོ་བོའི་རང་བཞིན་ལ་འཁོར་བསྐྱེད་པའི་རྒྱུར་གྱུར་པའི་རིག་པ་དམ་པ་འདི་གསུངས་ཤིང་བཤད་པ་ཡིན་ནོ། །དེ་ལྟར་ན་ཕྱག་ན་རྡོ་རྗེ་དང༌། རྡོ་རྗེ་སྙིང་པོ་དང༌། རྡོ་རྗེ་སྤྱན་དང༌། རྡོ་རྗེ་སྣ་ཚོགས་རྣམས་ཀྱིས་རྡོ་རྗེ་སྙིང་པོ་དང། རིན་ཆེན་ལྟ་བ་དང༌། རིན་ཆེན་པདྨ་དང༌། རིན་ཆེན་ཆར་འབེབས་ཀྱི་དཀྱིལ་འཁོར་བསྐྱེད་པའི་རྒྱུར་གྱུར་པའི་རིག་པ་དམ་པ་འདི་གསུངས་པའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང༌། རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་སྙིང་པོ་དང༌། རྡོ་རྗེ་ལྟ་བ་དང༌། རྡོ་རྗེ་སྣ་ཚོགས་ཀྱི་དཀྱིལ་འཁོར་བསྐྱེད་པའི་རྒྱུར་གྱུར་པའི་རིག་པ་དམ་པ་འདི་གསུངས་པའི་རྗེས་ཐོགས་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོ་དོན་ཐམས་ཅད་གྲུབ་པའི་གཟུགས་ཅན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རིན་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་རིན་པོ་ཆེ་ནི་རིན་པོ་ཆེའི་རིགས་ཏེ། དེ་ལ་དམིགས་ནས་ཐུགས་རྩེ་གཅིག་ཏུ་མཛད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་
ཞུགས་ནས། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་སྤྲུལ་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། འཕགས་པ་ནམ་མཁའི་སྙིང་པོ་སྙོམས་པར་ཞུགས་མ་ཐག་པའི་རྗེས་ཐོགས་ཉིད་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ནི་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་གྲུབ་པ་རྣམས་ཀྱི་ཐུགས་ཀ་ལས། རྡོ་རྗེ་ནོར་བུ་རིན་ཆེན་ལྟ་བུའི་འོད་ཟེར་རྣམས་བྱུང་ནས་ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་རྡོ་རྗེ་རིན་པོ་ཆེ་དང་འདྲ་བའོ། །དེ་དག་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་པར་བྱས་ཏེ་ཞེས་བྱ་བ་ནི། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྡོ་རྗེ་རིན་པོ་ཆེའི་རྣམ་པས་རང་རང་གི་གཟུགས་སུ་སྣང་བའོ། །སེམས་ཅན་ཐམས་ཅད་ནི་རིན་པོ་ཆེའི་རིགས་ཀྱི་རྣལ་འབྱོར་ལ་མངོན་པར་དགའ་བའི་མཚན་མ་ཐོབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རིན་པོ་ཆེའི་རིགས་ཀྱི་དངོས་གྲུབ་སྒྲུབ་པའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་གིས་དབང་བསྐུར་ནས། ཡང་གཅིག་ཏུ་གྱུར་པ་ནི་ཐུགས་ཀར་ཞུགས་པའོ། །གང་གི་ཐུགས་ཀར་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་ཐུགས་སུ་ཞུགས་སོ། །དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཤེས་པར་བྱ་སྟེ། རྡོ་རྗེ་རིན་པོ་ཆེ་འོད་ཟེར་གྱི་རྣམ་པར་ཞུགས་པ་ཉིད་ཀྱི་རྗེས་ཐོགས་ལའོ། །དེ་ནས་ནམ་མཁའི་སྙིང་པོའི་ཐུགས་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་དོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀའི་སེམས་དཔའི་རྡོ་རྗེའི་རྣམ་པ་ལས་བྱང་ཆུབ་སེམས་དཔའ་ཆེན་པོའི་སྐུ་བྱུང་བར་གྱུར་ནས་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། ཀུན་ནས་འོད་ཟེར་འབར་བའི་སྙིང་པོ་ཞེས་བྱ་བ་སྨོས་ཏེ། ཀུན་ནས་འོད་ཟེར་འབར་བ་རིན་པོ་ཆེའི་འོད་དེས་བསྐོར་ཞིང་ནང་དུ་ཞུགས་པར་བྱས་པས་ན་ཀུན་ནས་འོད་ཟེར་འབར་བའི་སྙིང་པོའོ། །རྡོ་རྗེ་དང༌། ནོར་བུ་དང༌། རིན་པོ་ཆེ་སྣ་ཚོགས་ཀྱིས་དབང་བསྐུར་བ་ལ་སོགས་པའི་རྒྱན་གྱིས་བརྒྱན་པའི་སྐུ་ཞེས་བྱ་བ་ནི། རྡོ་རྗེ་དང༌། ནོར་བུ་དང༌། རིན་པོ་ཆེ་སྣ་ཚོགས་པ་དེས་དབང་བསྐུར་བ་ནི། རྡོ་རྗེ་དང༌། ནོར་བུ་དང༌། རིན་པོ་ཆེ་སྣ་ཚོགས་པས་དབང་བསྐུར་བའོ། །
དེ་དང་པོར་བྱས་པའི་རྒྱན་ནི་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་སྣ་ཚོགས་པས་དབང་བསྐུར་བ་ལ་སོགས་པའི་རྒྱན་ནོ། །དེའི་རྒྱན་གྱིས་དེ་རྣམ་པར་བརྒྱན་པའི་སྐུ་ནི་རྡོ་རྗེ་དང་ནོར་བུ་དང༌། རིན་པོ་ཆེ་སྣ་ཚོགས་ཀྱིས་དབང་བསྐུར་བ་ལ་སོགས་པའི་རྒྱན་གྱིས་བརྒྱན་པའི་སྐུའོ། །དེའི་ཕྱག་ན་ཅི་ཞིག་བསྣམས་ཤེ་ན། རྡོ་རྗེ་ནོར་བུ་རིན་པོ་ཆེ་ཆེན་པོའི་མཚན་མ་ཕྱག་ན་བསྣམས་པའོ་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ནོར་བུ་ཡང་ཡིན་ལ་རིན་པོ་ཆེ་ཆེན་པོ་ཡང་དེ་ཡིན་བས་ན། རྡོ་རྗེ་ནོར་བུའི་རིན་པོ་ཆེ་ཆེན་པོ་དེ་ཉིད་ཀྱིས་མཚན་མའི་རྡོ་རྗེ་རྩེ་ལྔ་པ་ལ་སོགས་པ་ནས། རིན་པོ་ཆེ་དྲིལ་བུའི་མཐར་ཐུག་པའི་ཕྱག་རྒྱ་ནི་རྡོ་རྗེ་ནོར་བུ་རིན་པོ་ཆེ་ལས་ཕྱག་རྒྱའི་མཚན་མའོ། །དེ་རྣམས་ཀྱི་ཕྱག་མཚན་དང་ལྡན་པ་གང་ཡིན་པ་དེ་ནི་རྡོ་རྗེ་ནོར་བུ་རིན་པོ་ཆེ་ཆེན་པོའི་མཚན་མ་ཕྱག་ན་བསྣམས་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་སྐུ་རྣམས་སུ་གྱུར་ཏེ་བྱུང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ལས་བྱུང་བའོ། །ཕྱུང་ནས་དེས་ཅི་ཞིག་བྱེད་ཅེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞེས་བྱ་བ་སྨོས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྤྲིན་རྒྱ་མཚོ་རབ་འབྱམ་ཐམས་ཅད་དུ་སེམས་ཅན་རྣམ་པར་གནས་པ་དེ་ལ་རིན་པོ་ཆེའི་ཆར་ཕབ་པ་ལ་སོགས་པ་ནོར་བསྐྱེད་པ་རྣམས་ཀྱིས་བསྒོམ་པ་ལ་དགའ་བའི་སྐལ་བ་དང་ལྡན་པ་རྣམས་མགུ་བར་བྱས་ནས་ཤེས་པར་བྱའོ།། དེ་མགུ་བར་བྱས་ནས་ཅི་ཞིག་བྱེད་ཅེ་ན། སླར་ཡང་བྱོན་ཏེ་ཞེས་བྱ་བ་སྨོས་ཏེ། ཡང་སླར་ལོག་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱོགས་དང་མཚམས་ཐམས་ཅད་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆ་བྱད་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏེ། སངས་རྒྱས་ཐམས་ཅད་ཀྱི། །རིན་ཆེན་ཐམས་ཅད་བསྡུས་པ་ནི། །ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དང་འབྲེལ་པའི་རིན་པོ་ཆེ་ཐམས་ཅད་བསྡུས་པས་ན་རིན་ཆེན་ཐམས་ཅད་བསྡུས་པའོ། །དེ་གང་ཞིག་གིས་ཤེ་ན། རྡོ་རྗེ་རིན་ཆེན་རིགས་ཉིད་དུ། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་རིན་ཆེན་འཕགས་པ་ནམ་མཁའི་སྙིང་པོའི་རིགས་སྟོན་པ་ཡིན་ཏེ། དེའི་ཐུགས་ལས་བྱུང་བའི་ཕྱིར་རོ། །ཅི་ཞིག་ངོ་མཚར་ཞེ་ན། འགྲོ་བའི་དོན་དུ་འདིར་གྱུར་ཏོ། །ཞེས་བྱ་བ་ནི་སེམས་ཅན་གྱི་དོན་
དུའོ། །འདི་སྐད་སྟོན་པ་ཡིན་ཏེ། སེམས་ཅན་དེ་བཞིན་གཤེགས་པའི་རིགས་འདི་དོན་དམ་པར་ན་གདོད་མ་ནས་མ་སྐྱེས་པ་ཡིན་ཡང༌། དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་རིན་པོ་ཆེ་ལས་སྐྱེས་པའི་འགྲོ་བ་འདུལ་བའི་གདུལ་བྱའི་རིགས་རྣམས་ཀྱིས་མཐོང་བ་ནི་དོ་མཚར་བའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་སྐད་དུ་ཡང༌། ཆོས་རྣམས་རང་བཞིན་འོད་གསལ་པ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཞེས་བྱ་བ་ནས་བརྩམས་ནས། རྡོ་རྗེ་རིན་ཆེན་བདག་ཉིད་དུ། །འགྲོ་བའི་དོན་དུ་འདིར་གྱུར་ཏོ། །ཞེས་བྱ་བའི་བར་གྱི་གཞུང་འདི་ཙམ་གྱིས་ནི་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བཤད་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབ་པ་ལ་སོགས་པ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་བཞིན་དུ་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ གསུམ་པ ་ཡིན་པར་ཤེས་པར་བྱའོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་དེ་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པ་ལ་འཇུག་པར་བྱའོ། །ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པས། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བསྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་སྐབས་སུ་བབ་པ་སྟེ། སློབ་དཔོན་དང་སློབ་མའི་ཚེ་ག་རྒྱས་པའི་དུས་ལ་བབ་པ་ཞེས་བྱ་བའི་དོན་ཏོ། །རང་གི་རིགས་བསྐྱེད་ནས་ཞེས་བྱ་བ་ནི། བཤད་མ་ཐག་པའི་ཚུལ་གྱིས་རང་གི་རིགས་དེ་རིན་པོ་ཆེའི་རིགས་དེ་བསྐྱེད་པ་ནི་རང་གི་ཐུགས་ལས་ཕྱུང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་འདུལ་བ་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་འདིས་ཡོངས་སུ་རྫོགས་པར་བྱེད་པ་ནི་རང་གི་རིགས་འདི་བཅོམ་ལྡན་འདས་ལ་ཕུལ་བ་ཡིན་ནོ། །འདི་ཇི་ལྟ་བུ་ཞེ་ན། དོན་ཐམས་ཅད་གྲུབ་པ་ཞེས་སྨོས་ཏེ། དོན་ཡང་ཡིན་ལ་དེ་ཐམས་
ཅད་ཀྱང་ཡིན་པས་དོན་ཐམས་ཅད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་གང་ཡིན་པ་འདི་འགྲུབ་པའི་དོན་ཐམས་ཅད་འགྲུབ་པ་སྟེ། བཅོམ་ལྡན་འདས་ནམ་མཁའི་སྙིང་པོའམ། དེའི་རིགས་ནི་དོན་ཐམས་ཅད་དོ། །དེ་འགྲུབ་པའི་རྒྱུ་མཚན་གྱི་དཀྱིལ་འཁོར་ནི་དོན་ཐམས་ཅད་འགྲུབ་པའི་དཀྱིལ་འཁོར་ཆེན་པོ་སྟེ། རིན་པོ་ཆེའི་རིགས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་དཀྱིལ་འཁོར་གཙོ་བོར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བ་ཉིད་དོ། །དེ་གསུངས་པ་ནི་བཤད་པའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། སྔོན་དུ་བསྙེན་པའི་རྗེས་ཐོགས་ལའོ། །དེ་ནས་ཞེས་བྱ་བ་ནི་དེའི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དུ་འཇུག་པ་མེད་ན་དེ་ལ་བཤད་པ་དངོས་གྲུབ་འགྲུབ་པར་མི་འགྱུར་བ་དེའི་ཕྱིར། རབ་ཏུ་བཤད་པར་བྱ་བ། དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །རྡོ་རྗེ་དབྱིངས་དང་འདྲ་བ་ལ། །ཞེས་བྱ་བ་ནི་སྦྲུལ་པའི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ནི་རྡོ་རྗེ་དབྱིངས་སོ། །དེ་དང་འདྲ་བ་ནི་རྡོ་རྗེ་དབྱིངས་དང་འདྲ་བ་སྟེ། དོན་ཀུན་གྲུབ་པ་ཞེས་བཤད་པ། །ཞེས་གསུངས་སོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བ་ཞིས་ནི་བརྒྱན་པ་སྟེ། །ཞེས་བྱ་བ་ནས། ཕྱི་རོལ་དཀྱིལ་འཁོར་སྲད་བུ་བྲེ། །ཞེས་བྱ་བའི་བར་དུ་བཤད་ཟིན་ཏོ། །དེ་ཡི་ནང་དུ་རྡོ་རྗེ་ཡི། །རིན་ཆེན་ལས་བྱུང་གནས་བྱ་ཞིང༌། །ཞེས་བྱ་བ་ནི། བཤད་མ་ཐག་པའི་ཕྱིར་དཀྱིལ་འཁོར་དེའི་ནང་ནི་ནང་གི་དབུས་ཞེས་བྱ་བའི་ཐ་ཚིག་གོ །ཅི་ཞིག་བྱ་ཞེ་ན། རྡོ་རྗེ་རིན་པོ་ཆེ་ལས་བྱུང་བའི་རྡོ་རྗེ་རིན་པོ་ཆེའི་རང་བཞིན་གྱི་གནས་ཀྱི་དཀྱིལ་འཁོར་རོ། །ཇི་ལྟར་སྲད་བུ་བྲེ་བར་བྱ་ཞེ་ན། ཀ་བ་བརྒྱད་ཀྱི་ཚུལ་དུ་ནི། །རིན་ཆེན་སྣ་ཚོགས་འབར་བ་ཡི། །དཀྱིལ་འཁོར་ལྔས་ནི་བརྒྱན་གྱུར་པ། །དེར་ནི་སྲད་བུ་བྲེ་བར་བྱ། །ཞེས་བྱ་བ་སྨོས་ཏེ། ཀ་བ་བརྒྱད་ཀྱི་ཚུལ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པར་ཤེས་པར་བྱའོ། །རིན་ཆེན་སྣ་ཚོགས་འོད་འབར་བ། །དཀྱིལ་འཁོར་ལྔས་ནི་བརྒྱན་གྱུར་པ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང༌། དོན་ཐམས་ཅད་གྲུབ་པ་དང༌། རིན་ཆེན་ལྟ་བ་དང༌། རིན་ཆེན་པདྨ་དང༌། རིན་ཆེན་ཆར་འབེབས་ཀྱི་དཀྱིལ་འཁོར་ཟླ་བའི་དཀྱིལ་འཁོར་གྱིས་བརྒྱན་པ་རེ་རེ་ཞིང་ཡང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལྔ་ལྔས་
དེ་ལྟར་བརྒྱན་པར་བྱའོ། །རིན་ཆེན་ཟུར་བརྒྱད་པ། རེའུ་མིག་བརྒྱད་ལས་འོད་ཟེར་གྱི་ཕྱི་རོལ་དུ་འཕྲོས་པའི་རིན་པོ་ཆེ་ལྕུག་མས་ཕྱི་རོལ་ཀུན་ལ་ཡོངས་སུ་བསྐོར་བ་ནི། རྡོ་རྗེ་རིན་པོ་ཆེའི་འོད་ཟེར་འབར་བ་དེས་ན་རིན་ཆེན་སྣ་ཚོགས་འོད་འབར་བའོ། །རང་གི་ཕྱག་རྒྱས་བསྐོར་བ་སྟེ། །དེར་ནི་སངས་རྒྱས་གཞག་པར་བྱ། །ཞེས་བྱ་བ་ནི། དཀྱིལ་འཁོར་རྣམ་པ་ལྔའི་དབུས་ཀྱི་དཀྱིལ་འཁོར་གང་ཡིན་པ་དེ་ལ་རྣམ་པར་སྣང་མཛད་བྲིས་ལ། རང་གི་སྙིང་པོས་ནམ་མཁའི་ཕྱོགས་བཅུག་ལ་དབབ་པར་བྱའོ། །དེའི་ཤར་གྱི་ཆ་ལ་རྡོ་རྗེ་ནོར་བུ་དང༌། ལྷོར་རིན་པོ་ཆེའི་མྱུ་གུ། ནུབ་ཏུ་རྡོ་རྗེ་རིན་ཆེན་པདྨ། བྱང་དུ་རིན་ཆེན་ཆར་འབེབས་ཀྱི་ཕྱག་རྒྱ་བྲི་བར་བྱའོ། །ཐམས་ཅད་ཀྱང་རང་གི་སྙིང་པོས་ནམ་མཁའི་ཕྱོགས་ནས་བཀུག་ལ་དབབ་པར་བྱའོ་ཞེས་ཤེས་པར་བྱའོ། །དེ་ལ་སྙིང་པོ་འདི་དག་ཡིན་ཏེ། ཨོཾ་བུདྡྷ་རཏྣ་ཧཱུཾ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྙིང་པོ་སྟེ། དགོད་པའི་སྙིང་བོ་ཡིན་ནོ། །ཨོཾ་བཛྲ་མ་ཎི་ཧཱུཾ། རྡོ་རྗེ་སེམས་མའི་གནས་ཀྱི་རྡོ་རྗེ་ནོར་བུ་མའི་ཕྱག་རྒྱའོ། །ཨོཾ་བཛྲ་རཏྣཾ་ཨཾ་ཀུར་ཧཱུཾ། རྡོ་རྗེ་རིན་ཆེན་མའི་གནས་ཀྱིའོ། །ཨོཾ་བཛྲ་རཏྣ་པདྨ་ཧཱུཾ། རྡོ་རྗེ་ཆོས་མའི་གནས་སུའོ། །ཨོཾ་བཛྲ་རཏྣ་པཱ་ཤ་ཧཱུཾ། རྡོ་རྗེ་ལས་མའི་གནས་སུ་རིན་ཆེན་ཆར་འབེབས་ཀྱི་ཕྱག་རྒྱའོ། །རེ་བ་ཀུན་གྲུབ་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །ཞེས་བྱ་བ་ལ་སོགས་བ་ནི། རེ་བ་ཐམས་ཅད་འགྲུབ་པ་མངའ་བས་འདིར་ནི་རེ་བ་ཐམས་ཅད་གྲུབ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོའོ། །དེའི་དཀྱིལ་འཁོར་ནི་རེ་བ་ཐམས་ཅད་འགྲུབ་པའི་དཀྱིལ་འཁོར་རོ། །རྡོ་རྗེ་སྙིང་པོ་དེར་གནས་ཤིང༌། །རིན་ཆེན་མཆོག་ནི་སྦྱིན་པར་བྲི། །ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་གནས་དེར་བཞུགས་པས་ན་དེར་གནས་སོ། །གནས་དེ་དང་དེར་རྡོ་རྗེ་སྙིང་པོ་སྟེ། ནམ་མཁའི་སྙིང་པོ་བྲི་བར་བྱའོ། །རིན་ཆེན་མཆོག་ནི་སྦྱིན་པར་བྲི། །ཞེས་བྱ་བ་ནི། རིན་པོ་ཆེའི་མཆོག་སྟེར་བར་བྱེད་པ་བྲི་བར་བྱའོ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལྟག་འོག་གོ་རིམས་ཇི་བཞིན་དུ། །རིན་ཆེན་ཕྱག་རྒྱ་ལྡན་པའོ། །ཞེས་བྱ་བ་ནི། ཡིད་བཞིན་གྱི་ནོར་བུས་མཚན་པའི་རྡོ་རྗེ་ལ་སོགས་པའི་རང་གི་མཚན་མ་ཕྱག་ན་བསྣམས་པ་དང༌། ནོར་བུའི་མཚན་
མ་ལ་སོགས་པ་བསྣམས་པའི་སེམས་དཔའ་ཆེན་པོ་རྣམས་བྲི་པར་བྱའོ། །ལྟག་འོག་གོ་རིམས་ཇི་བཞིན་དུ། །ཞེས་བྱ་བ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་ག་བྲི་བར་བྱའོ། །དེ་ལ་དེ་དག་གི་སྙིང་པོ་ཞེས་བྱ་བ་ནི་གོ་སླའོ། །རིན་ཆེན་ཕྲེང་བའི་དཀྱིལ་འཁོར་དུ། །ཞེས་བྱ་བ་ནི་མིག་གཉིས་ཀྱི་སྟེང་དུ་ཡང་དག་པར་ལྡན་པ་ནི་ཉེ་བར་མཚོན་པ་སྟེ། ནམ་མཁའི་སྙིང་པོའི་རིན་པོ་ཆེའི་ཕྲེང་བའི་དཀྱིལ་འཁོར་འདི་ནི་རིན་ཆེན་ཕྲེང་བའི་དཀྱིལ་འཁོར་རོ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ཞེས་བྱ་བ་ནི་གོ་སླའོ། །རིན་ཆེན་པདྨའི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །ཞེས་བྱ་བ་ནི་རིན་པོ་ཆེས་མཚན་པའི་པདྨ་སྟེ། རིན་ཆེན་པདྨ་དེའི་དཀྱིལ་འཁོར་རོ། །རིན་ཆེན་པདྨ་འཛིན་ཁྱབ་བདག །དེ་ཡི་དབུས་གནས་བྲི་བར་བྱ། །ཞེས་བྱ་བ་ནི། འོད་དཔག་ཏུ་མེད་པའི་གནས་སུ་རིན་ཆེན་པདྨ་བསྣམས་པ། འཕགས་པ་ནམ་མཁའི་སྙིང་པོ་ཏིང་ངེ་འཛིན་ལ་སོགས་པར་ཞུགས་པ་བྲི་བར་བྱ་ཞེས་བྱ་བའི་ཐ་ཚིག་གོ །རིན་ཆེན་ཆར་འབེབས་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །ཞེས་བྱ་བ་ནི་རིན་ཆེན་ཆར་འབེབས་ནི་ཉེ་བར་མཚོན་པ་སྟེ། རིན་ཆེན་ཆར་འབེབས་ནི་འཕགས་པ་ནམ་མཁའི་སྙིང་པོ་ཡིན་ལ། དེའི་དཀྱིལ་འཁོར་རོ། །ལྷག་མ་ནི་གོ་སླའོ། །དེ་ནས་ཀྱི་སྒྲ་ནི་དམ་ཐག་པ་སྟེ། དེ་ལྟར་དཀྱིལ་འཁོར་བྲིས་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་ག་ཐམས་ཅད་བྱས་པའི་རྗེས་ལ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་འདིར་རེ་ཞིག་འཕགས་པ་ནམ་མཁའི་སྙིང་པོའི་རྣལ་འབྱོར་དང་ནོར་བུའི་རིགས་ཀྱི་རྣལ་འབྱོར་བྱས་ལ། རིན་པོ་ཆེའི་སློབ་དཔོན་རང་ཉིད་འཇུག་པར་བྱའོ། །ཇི་ལྟ་བ་བཞིན་དུ་ཞུགས་ཏེ་ཞེས་བྱ་བ་ནི། འཆད་པར་འགྱུར་བའི་སློབ་མ་འཇུག་པའི་ཆོ་གས་སློབ་དཔོན་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོར་གྱུར་པས་བདག་ཉིད་འཇུག་པར་བསམ་པ་ནི་ཇི་ལྟ་བ་བཞིན་དུ་ཞུགས་པའོ། །ཆོ་ག་རྒྱས་པ་བདག་ཉིད་ཀྱིས་བྱས་ལ་ཞེས་བྱ་བ་ནི། རྡོ་རྗེ་དབྱིངས་ལས་བཤད་པའི་ཆོ་ག་བཞིན་དུ་འདིར་སློབ་དཔོན་བདག་ཉིད་སྒྲུབ་པའོ། །དེ་ནས་ཞེས་བྱ་བ་ནི་རང་གི་ཆོ་ག་རྒྱས་པའི་རྗེས་ཐོགས་ལའོ། །རིན་པོ་ཆེས་བྱིན་གྱིས་བརླབས་པའི་བུམ་པའི་ཆུས་ནོར་བུའི་སློབ་
མལ་དབང་བསྐུར་ཏེ་ཞེས་བྱ་བ་ནི། འཕགས་པ་ནམ་མཁའི་སྙིང་པོ་མངོན་པར་བཟླས་པའི་འཇུག་པའི་སྒོ་ལ་མངོན་པར་ཕྱོགས་པར་གཞག་པའི་བུམ་པ་ནི་རིན་པོ་ཆེའི་བྱིན་གྱིས་བརླབས་པ་ཞེས་བྱའོ། །དེའི་ཕྱིར་ནོར་བུའི་རིགས་ཀྱི་བདག་པོར་བྱིན་གྱིས་བརླབས་པའི་སློབ་མ་ལ་ཆུ་བླངས་ལ། ནོར་བུའི་སློབ་མ་དེ་ལ་ཆུ་དེས་བསང་གཏོར་དང༌། དབང་བསྐུར་བར་བྱའོ། །ཅི་ཞིག་བྱེད་ཅེ་ན། རྡོ་རྗེ་ནོར་བུའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་སྨོས་ཏེ། ཨོཾ་བཛྲ་མ་ཎི་རཏྣ་ས་མ་ཡ་བཾ། ཞེས་བརྗོད་ཅིང༌། རང་ཉིད་ཀྱི་ཕྱག་རྒྱ་བཅིངས་ལ། དེ་ཡང་འཆིང་དུ་གཞུག་པར་བྱའོ། །གང་གིས་ཤེ་ན། སྙིང་པོ་འདི་བརྗོད་པས་སོ། །དེ་ནས་ཁ་དོག་ཇི་ལྟ་བ་བཞིན་དུ་རྙེད་པའི་གོས་འདིས་ནི་གོས་གཞན་ཇི་ལྟར་རྙེད་པ་ཐམས་ཅད་གཟུང་བར་བྱའོ་ཞེས་བཅོམ་ལྡན་འདས་ཉིད་ཀྱིས་གནང་བ་སྦྱིན་པར་སྟོན་ཏོ། །སྙིང་པོ་འདིས་རང་དང་གཞན་འཇུག་པར་བྱ་སྟེ། ཨོཾ་ཧཱུཾ་པྲ་བེ་ཤ་མ་ནི་རཱ་ཛ་ཀུ་ལཾ། དམ་ཚིག་གཉིས་སུ་བྱས་ཏེ་ཞེས་བྱ་བ་ནི། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་གཡས་པའི་རྡོ་རྗེ་ནོར་བུའི་དམ་ཚིག་གི་ཕྱག་རྒྱ་དྲལ་བར་བྱ་ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་བརྗོད་པར་བྱའོ་ཞེས་བྱ་བ་ནི། དོན་ཐམས་ཅད་གྲུབ་པ་རབ་ཏུ་སྦྱིན་པའི་སྔགས་འདིར་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་གི་དཀྱིལ་འཁོར་དུ་དེ་བརྗོད་ཅིང་སྒོ་སྲུང་ནས་བརྩམས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བར་དུ་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཐུག་གི་བར་དུ་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནས། ཅི་འབྱོར་པས་མཆོད་པར་བྱས་ནས། དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་གྱི་གཞུང་འདི་ཙམ་གྱིས་ནི་དེའི་ཆོ་ག་རྒྱས་པའི་དོན་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་དམ་ཚིག་དང༌། དབང་བསྐུར་བ་ཐོབ་པ་དེས་དཀྱིལ་འཁོར་བྲི་བར་འདོད་ན། དང་པོར་རེ་ཞིག་རིམ་པ་འདིས་སྔོན་དུ་བསྙེན་པ་བྱས་ཏེ། ཐོ་རངས་ཀྱི་ཐུན་
མཚམས་ལ་མལ་ནས་ལངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་ལངས་ཏེ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་བཟླས་པས། བདག་ཉིད་རྡོ་རྗེ་གནོད་སྦྱིན་དུ་སྦྲུལ་ལ་འདི་ཉིད་བརྗོད་ཅིང་གདོང་ལ་སོགས་པ་དག་པར་བྱའོ། །ཡང་འདི་ཉིད་བརྗོད་ཅིང་ལྷའི་ཁང་པར་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། བདག་ཉིད་བསྒྲུབ་པའི་གྲོགས་པོས་གཡས་ནས་བསྐོར་ཞིང་རིམ་གྱིས་སྐྱང་ནུལ་བྱའོ། །དེ་ནས་སློབ་དཔོན་ཁྲུས་ལ་མངོན་པར་ཞེན་ན་ཁྲུས་བྱའོ། །གལ་ཏེ་རྣམ་པར་རྟོག་པ་སྤྱོད་པ་ཡིན་པ་དེའི་ཚེ་ཆུའི་ཁྲུས་ཀྱིས་ཆོ་ག་བྱ་བའམ། ཆོས་བདག་མེད་པ་ལ་ལྷག་པར་མོས་པ་དང་རང་གི་སྔོམ་པ་བསྲུང་བ་རྣམས་ཀྱིས་ནང་གི་བདག་ཉིད་ཅན་གྱིས་ཁྲུས་རྒྱུན་མི་འཆད་པ་ཉིད་དུ་བྱའོ། །དེ་ལ་རྣམ་པར་རྟོག་པ་ལ་སྤྱོད་པ་དེའི་ཆུའི་ཁྲུས་ཀྱི་ཆོ་ག་ནི་འདི་ཡིན་ཏེ། རེ་ཞིག་ཐོག་མར་ཡི་གེ་ཧཱུཾ་ལས་རྡོ་རྗེ་མེ་ལྟར་འབར་བར་བདག་ཉིད་བསྐྱེད་ལ། ཨོཾ་དྷུ་པི་དྷུ་པི་ཀ་ཡ་ཧཱུ་བི་པྲ་ཛཱ་ལི་ནི་སྭཱ་ཧཱ། ཞེས་བརྗོད་ལ། ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། བདག་ཉིད་མེ་ལྟར་འབར་བ་མ་རུངས་པའི་རྡོ་རྗེ་འབར་བ་བཟོད་པར་དཀའ་བར་བྱས་ཏེ། རྡོ་རྗེ་བསྡམས་པ་ནང་བཅིངས་ནས། །སོར་མོ་ནང་དུ་འབར་བྱས་ལ། །མཐེ་བོ་རྡོ་རྗེ་བསྒྲེང་བ་ནི། །ཁྲོ་བོ་ཏི་རཱིནྟི་རིར་བཤད། །རྡོ་རྗེ་ཉི་མའི་རྡོ་རྗེ་འབར་བའི་དམ་ཚིག་གི་ཕྱག་རྒྱའོ། །དེའི་རྗེས་ལ་བདག་ཉིད་ཨོཾ་ཧཱུཾ་ཞེས་བདག་ཉིད་གོ་ཆའི་ཕྱག་རྒྱས་གོ་ཆ་བཅིང་བར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་སུ་བྱས་པས་སྙིང་གར་མདུད་པ་བཅིང་བའི་ཚུལ་དུ་བྱ་བ་དང༌། དེ་བཞིན་དུ་མགྲིན་པ་དང༌། ལྟག་པ་དང༌། ཡང་སྙིང་ག་དང༌། ནུ་མའི་བར་དང༌། ཡང་སྙིང་ག་དང༌། དེ་ནས་མགྲིན་པ་དང༌། རྒྱབ་དང༌། དེ་ནས་དབང་བསྐུར་བའི་གནས་སུ་མདུད་པའི་ཚུལ་གྱིས་དར་དཔྱངས་བཅིང་བའི་ཚུལ་དུ་བྱས་ཏེ། སྒེག་པ་དང་བཅས་པས་ལག་པ་གཡས་པ་དང༌། གཡོན་པ་མཐའ་མ་ནས་བཀྲོལ་ཏེ། དར་དཔྱངས་འཕྱང་བའི་ཚུལ་དུ་བྱེད་ཅིང་མཐར་མཉམ་པའི་ཐལ་མོ་དང་བཛྲ་ཏུ་ཥྱ་ཧོ་ཞེས་བྱ་བས་མཉེས་པར་བྱའོ། །དེ་ནས་ཨོཾ་བྷུར་ཛཱ་ལ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བས་ས་བླངས་ནས་ཆ་ གསུམ་དུ་བྱས་ཏེ། རིག་པ ་འདི་ཉིད་མངོན་བར་བཟླས་ལ་ཁྲུས་བྱེད་པའི་ས་ཕྱོགས་སུ་
གཞག་པར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བཅིངས་ལ། ཡི་གེ་ཧཱུཾ་གིས་ཆུ་དང་ཆུའི་གནས་ཐམས་ཅད་ཀྱི་བགེགས་ཐམས་ཅད་བཟའ་བར་བྱའོ། །ཡང་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བཅིངས་ལ། འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་ཆུ་དང་ཆུའི་བགེགས་ཐམས་ཅད་བཟའ་བར་བྱའོ། །ཡི་གེ་ཨ་ལས་རྡོ་རྗེ་ཐལ་མོའི་མཐེ་བོ་གཉིས་བརྐྱང་ལ། མཛུབ་མོ་གཉིས་མཆེ་བའི་ཚུལ་དུ་བྱ་བ་ནི། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །དེ་ནས་ཨོཾ་བྷུར་ཛཱ་ལ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་ཅིང༌། ཆུ་སྙིམ་ པ་གསུམ ་བླངས་ལ་སྟེང་བཅིང་བའི་ཕྱིར་བསང་གཏོར་བྱ་བ་དང༌། རིག་ པ་འདི་ཉིད་ཟློས་ཤིང་སྔར་བཤད་པའི་ས་ཆ་གསུམ ་ལས་གཅིག་བླངས་ལ། རྐེད་པའི་ཕྱོགས་བཀྲུ་བ་དང་ལག་པ་བཀྲུས་ལ་ཉེ་རེག་བྱའོ། །དེ་ནས་ཡི་གེ་ཧཱུཾ་བརྗོད་ཅིང་ཆ་གཉིས་པ་བླངས་ལ་ལུས་ལ་ཁྲུས་བྱའོ། །ཆ་ གསུམ་པ ་དང་བཅས་པ་དང་ཡན་ལག་ཐམས་ཅད་ཁྲུས་བྱས་ལ། ཨོཾ་བྷུར་ཛཱ་ལ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་ཅིང་ཉེ་རེག་བྱས་ནས་རང་གི་མགོ་ལ་རང་གི་དམ་ཚིག་གི་ཕྱག་རྒྱ་དང་དེའི་སྔགས་ཀྱིས་ཆུ་བླུགས་པར་བྱའོ། །དེ་ཉིད་ཀྱིས་བདས་རང་བྱིན་གྱིས་བརླབས་ཏེ། ལངས་ལ་ཨོཾ་ཤི་ཁ་རེ་རུ་ཊ་ཕཊ། ཅེས་བཟླས་པའི་ཆུས་གོས་ལ་སོགས་པ་བསངས་ཏེ། བཛྲ་སཏྭ་ཞེས་བརྗོད་ཅིང་ཇི་ལྟ་བ་བཞིན་དུ་བགོས་ལ། ཡིད་ཀྱིས་ཆུའི་གནས་ཀྱི་བསྲུང་བ་བཀྲོལ་ལ། རང་གི་ལྷའི་ང་རྒྱལ་གྱིས་དེའི་སྔགས་བརྗོད་ཅིང་ལྷའི་ཁང་པ་དང་ཉེ་བར་རྐང་པ་བཀྲུས་ཏེ། རིག་པ་འདི་ཉིད་ཀྱིས་ཉེ་རེག་བྱ་བ་དང༌། གཡོན་པའི་ཁྲོ་བོའི་ཁུ་ཚུར་དང་ཧཱུཾ་ཕཊ་ཅེས་བྱ་བས་ལྷའི་ཁང་བའི་བགེགས་བསྐྲད་པ་དང༌། གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་ལྷའི་ཁང་པ་བསྲུང་བ་བྱས་ཏེ་འཇུག་པར་བྱའོ། །ཡང་རྡོ་རྗེ་རྩེ་མོ་བཟླས་པའི་དྲིའི་ཆུ་དང་ནོར་བུའི་གནོད་སྦྱིན་བཟླས་པས་སྟན་དང་ལྷའི་ཁང་པ་བསངས་ཏེ། ས་མ་ཡ་སྟྲཾ། ཞེས་བརྗོད་ལ་འདུག་པར་བྱའོ། །དེ་ནས་ཡི་གེ་ཧྲཱིཿ་ལས་ལྐོག་མའི་ཕྱོགས་པདྨ་འདབ་མ་བརྒྱད་པ། ལྕེའི་པདྨའི་འདབ་མར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསྐྱེད་ལ། བཛྲ་ཛི་ཧྭ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱའོ། །ལག་པ་གཉིས་སུ་ཡང་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ་བསམས་ལ་དེ་ཉིད་ཀྱི་སྟེང་དུ་ཏྲ་གཉིས་ལས་རྡོ་རྗེ་རིན་པོ་ཆེ་གཉིས་བསམ་ཞིང་སོར་མོའི་རྩེ་མོ་རྣམས་རྡོ་རྗེ་ནོར་བུ་མྱུ་གུ་ལྟ་བུས་བགེགས་
གཞོམ་པ་ལ་སོགས་པ་བྱའོ། །དེ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་མེ་ལྟར་འབར་བར་བདག་ཉིད་བསམས་ཏེ། ཨོཾ་གྷི་བཛྲ་ས་མ་ཡ་ཧཱུཾ་བཾ་ཞེས་ཟློས་ཤིང་ཁྲོ་བོ་ཏི་རཱིནྟི་རི་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་ནང་བཅིངས་ལ། །ཡིད་ཀྱིས་ཁྲོས་ནས་དགབ་བྱ་བ། །རྡོ་རྗེ་མཐེ་བོང་དམ་པོ་སྟེ། །ཁྲོ་བོ་ཏི་རཱནྟི་རིར་བཤད། །ཡི་གེ་ཧཱུཾ་གིས་ཏི་རཱནྟི་རི་བཅིངས་ཏེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་ཅིང་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་མཐེ་བོང་གཉིས་གཞི་བས་ཏེ། རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་འཇོག་པ་ནི་རྡོ་རྗེ་ཏི་རིནྟི་རི་སྟེ། འདིས་སྤྱི་བོ་ནས་བརྩམས་ནས། ཕྱོགས་བཞིར་རྡོ་རྗེ་ཕྲེང་བ་བཅིང་བའི་ཚུལ་གྱིས་བསྐོར་ཏེ། དབྲལ་བའི་ཕྱོགས་སུ་གཞག་པར་བྱའོ། །སྔ་མ་བཞིན་དུ་གོ་ཆ་བཅིངས་ཏེ། མཐར་མཉམ་པའི་ཐལ་མོས་མཉེས་པར་བྱས་ནས། ཡང་ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཞེས་བརྗོད་ཅིང༌། རྡོ་རྗེ་སྐྱིལ་ཀྲུང་ཕྱེད་དུ་འདུག་ལ་གཡོན་པའི་ཁུ་ཚུར་སྙིང་གར་བཞག་ནས། གཡས་པའི་རྡོ་རྗེ་ཁུ་ཚུར་གསོར་བས་བགེགས་ཐམས་ཅད་ལ་བསྣུན་པར་བྱའོ། །དེ་ནས་ཧཱུཾ་བཛྲ་ཨ་ན་ལ། ཧ་ནད་ཧ་པ་ཙམ་ཐ་བྷ་ཉྫ་ར་ཎ་ཧཱུཾ་ཕཊ། ཅེས་བྱ་བས་སྔར་བཤད་པའི་རྡོ་རྗེ་མེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། བགེགས་ཐམས་ཅད་བསྐྲད་པ་དང༌། བཅིང་བ་དང༌། བསྲེག་པ་དང། འཚོད་པ་དང་གསོད་པ་ལ་སོགས་པ་བྱའོ། །ཡང་རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་གཉིས་བརྐྱང་སྟེ་སྙོམས་ཏེ་བཞག་ལ། བཛྲ་ཏྲི་བནྡྷ་སརྦྦ་བིགྷྣཱན་ཞེས་བརྗོད་ཅིང་བགེགས་ཐམས་ཅད་བཅིང་བར་བྱའོ། །རྡོ་རྗེ་བསྡམས་པ་བརྐྱང་བ་ས་ལ་བཞག་ལ། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦྦཾ་སྭཱ་ཧཱ། ཞེས་བྱ་བ་དང་མགོ་བཅིང་བར་བྱའོ། །རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱ་དང༌། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་བྱ་བས་སྟེང་བཅིང་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་ཏེ། མགོ་བོའི་སྟེང་དུ་མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་གཞག་པ་ནི་རྡོ་རྗེ་འཇིགས་བྱེད་སྤྱན་གྱི་ཕྱག་རྒྱའོ། །སྔར་བཤད་པའི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང༌། བཛྲ་ཡཀྵ་ཧཱུཾ་ཞེས་བྱ་བ་དང་བཅས་པས་རྡོ་རྗེ་འཇིགས་བྱེད་སྤྱན་གྱིས་བཅིང་བའི་འོག་ཏུ་ཡང་ནམ་མཁའ་བཅིང་བར་བྱའོ། །རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་དང་བཅས་པས་ཤར་ཕྱོགས་བཅིང་བར་བ་སྟེ། ཨོཾ་དྲུཾ་
བནྡྷ་ཧཾ་ཞེས་བྱ་བའམ། དྲུཾ་ཞེས་བྱ་བ་ཡོངས་སུ་བཟླའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར་ཏེ་བཟློག་ནས་སྤྱི་གཙུག་ཏུ་གཞག་པ་འདི་ནི་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱའོ། །ཡང་རྡོ་རྗེ་ཞགས་པ་དེ་ཉིད་བཅིང་བར་བྱས་ཏེ། ཨོཾ་བཛྲ་པཱ་ཤ་ཧྲི། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཁྲིག་མ་མདུད་པ་བྱས་པ་འདི་ནི་ཞགས་པའི་ཕྱག་རྒྱའོ། །རྡོ་རྗེ་བ་དན་གྱིས་ནུབ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་པ་ཏཾ་ཀེ་པ་ཏཾ་གི་ནི་ར་ཊ། རྡོ་རྗེ་བསྡམས་པ་ལས་མཐེ་བོ་གཉིས་སེམས་དཔའི་སྐྱིལ་ཀྲུང་དུ་བྱས་ལ་མཛུབ་མོ་གཉིས་མཉམ་པར་གཞིབས་ཏེ་ཕྱེ་ལ་མཐེའུ་ཆུད་གཉིས་བརྐྱང་ནས་བ་དན་ལྟར་བྱ་བ་ནི་རྡོ་རྗེ་བ་དན་གྱི་ཕྱག་རྒྱའོ། །བྱང་ཕྱོགས་སུ་རྡོ་རྗེ་ནག་མོས་བཅིང་བར་བྱ་སྟེ། ཧྲི་བཛྲ་ཀ་ལི་རུ་ཊ་མ་ཊ། སྔར་བཤད་པའི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྙིང་གར་བསྟན་པར་བྱས་པ་ནི་རྡོ་རྗེ་ནག་མོའི་ཕྱག་རྒྱའོ། །རྡོ་རྗེ་རྩེ་མོས་ལྟོ་བཅིང་བར་བྱ་སྟེ། སྔར་བཤད་པ་ཉིད་ཀྱི་སྔགས་དང༌། རྡོ་རྗེ་ཁུ་ཚུར་གཉིས་རི་བོ་འདེགས་པའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ། །རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་བཅིང་བར་བྱས་ལ་ར་བར་བརྩིག་པར་བྱའོ། །ཧཱུཾ་བཛྲ་ཀརྨྨ་ཡང་རྡོ་རྗེ་ཧཱུཾ་མཛད་ཀྱི་ནང་དུ་རབ་བྱས་ཏེ། ཧཱུཾ་ཞེས་བརྗོད་ཅིང༌། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །ལག་ངར་རྡོ་རྗེ་བྱས་ནས་སུ། །མཐེའུ་ཆུང་ལྕགས་ཀྱུར་བཅིང་བར་བྱ། །མཛུབ་མོ་གཉིས་ཀྱིས་བསྡིགས་ པ་ནི། །འཇིག་རྟེན་གསུམ ་རྒྱལ་ཞེས་བྱའོ། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་གཉིས་བརྐྱང་བ་ནི་རྡོ་རྗེ་ལས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དང༌། བཛྲ་བནྡྷ་བཾ་ཞེས་བྱ་བ་ནི་རྡོ་རྗེ་བླ་རེ་བྱའོ། །དེ་ནས་ནོར་བུའི་གནོད་སྦྱིན་ཡོངས་སུ་བཟླས་པའི་དྲིའི་ཆུའི་སྣོད་ལྷའི་ཁང་པའི་སྒོར་གཞག་པ་ལ་བསང་གཏོར་བྱས་ལ། ནོར་བུའི་གནོད་སྦྱིན་བཟླས་པའི་དྲིའི་ཆུ་ཉིད་ཀྱིས་མཆོད་པའི་ཡན་ལག་ཐམས་ཅད་བསད་ པ་དང༌། སྔར་བཤད་པའི་རྡོ་རྗེ་མའི་ཕྱག་རྒྱ་དང་བཅས་པའི་སྔགས་ཀྱིས་ལན་གསུམ ་མངོན་པར་བཟླས་ལ། མེ་ཏོག་གི་ཕྱག་རྒྱ་དང་བཛྲ་པུཥྤེ་ཧཱུཾ་ཞེས་ལན་གསུམ་མངོན་པར་བཟླ་བར་བྱ་བ་དང༌། ཨོཾ་བཛྲ་གནྡྷེ་ཞེས་དྲིའི་ཕྱག་རྒྱས་དྲིའོ། །ཨོཾ་བཛྲ་དྷཱུ་པེ་ཧཱུཾ་ཞེས་བྱ་བ་དང༌། ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཅེས་བྱ་བ་དང༌།
ལྷ་བཤོས་ལ་ཡོངས་སུ་བཟླའོ། །དེའི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་བསྡམས་པ་ལས་རལ་གྲི་འདྲེན་པའི་ཚུལ་དུ་བྱེད་པའོ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཞེས་བྱ་བ་དང༌། མར་མེའི་ཕྱག་རྒྱས་མར་མེ་ལའོ། །ཨོཾ་སརྦྦ་ཨརྠ་སི་དྡྷི་པྲ་ཏ་ཧཱུཾ། དྲི་ཆེན་སེར་པོའི་ཆུ་ལ་མེ་ཏོག་སེར་པོ་དང༌། ཞོ་དང་ཏིལ་ནག་པོ་དང༌། ཀུ་ཤ་དང་འབྲས་བུ་ལ་སོགས་པ་དུང་ཆོས་ལ་སོགས་པའི་སྣོད་དུ་བཅུག་ལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་མཚན་ཉིད་ཅན་དེའི་ཕྱག་རྒྱ་ལན་གསུམ་བཟླས་ལ་གཞག་པར་བྱའོ། །དེ་ནས་ནོར་བུའི་རྒྱུའི་ལས་ཀྱི་ཕྱག་རྒྱས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་སྤྲུལ་ལ། ཡོད་ཅིང་འབྱོར་ན་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་ལ། ཕྱག་བྱ་བ་སྔོན་དུ་འགྲོ་བ་དང༌། སྡོམ་པ་གཟུང་བ་བྱས་ནས་མཉམ་པའི་ཐལ་མོ་དང༌། ཡང་རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་བཅིངས་ལ། དེ་ནས་རྡོ་རྗེ་བསྡམས་པ་སྙིང་གར་དྲལ་བར་བྱའོ། །དེ་ནས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བཛྲ་ཨཱ་བེ་ཤ་ཞེས་བརྗོད་ཅིང༌། ཨ་ཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱའོ། །ཏིཥྛ་བཛྲ་དྲྀ་ཌྷོ་མེ་ཞེས་བྱ་བ་ལ་སོགས་པ་དབབ་པ་ཉེ་བར་བསྡུ་བར་བྱས་ལ། བཛྲ་མུཥྚི་ཞེས་བརྗོད་ཅིང༌། རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཨོཾ་བཛྲ་སནྡྷི་བཾ་ཞེས་ལན་ གསུམ་བརྗོད་པར་བྱའོ། །སྡིག་པ ་དྲལ་བའི་ཕྱག་རྒྱས་སྡིག་པ་དྲལ་ཏེ། དེ་ནས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བུདྡྷ་རཏྣ་ཧཱུཾ་ཞེས་ལན་གསུམ་བརྗོད་ཅིང༌། བཛྲ་མུཿ་ཞེས་བྱ་བས་རང་གི་སྙིང་གའི་ཟླ་བ་ལ་བཅུག་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེར་ཞུ་བར་བསམ་པར་བྱའོ། །དེ་ལྟར་ནོར་བུ་འབེབས་པའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཨ། ཞེས་ལན་གསུམ་ཟློས་ཤིང༌། ཨོཾ་བཛྲ་མུཿ་ཞེས་ཡོངས་སུ་བཟླས་པས་རང་གི་སྙིང་གའི་ཟླ་བ་དེར་ཕྱག་རྒྱས་བཅུག་པས། བཅོམ་ལྡན་འདས་རིན་ཆེན་འབེབས་པ་རང་གི་སྙིང་གར་ཞུ་པར་བསམ་པར་བྱའོ། །དེ་ལྟར་ལྷ་ཐམས་ཅད་ཀྱི་རང་བཞིན་གྱིས་བྱང་ཆུབ་སེམས་ཀྱི་ཟླ་བའི་དཀྱིལ་འཁོར་བསྐྱེད་ནས། སྐྱིལ་མོ་ཀྲུང་བཅས་ལ་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རིན་པོ་ཆེ་བསམ་པར་བྱའོ། །རྡོ་རྗེ་རིན་པོ་ཆེའི་དབུས་སུ།།
ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་ཏ་ཧཱུཾ་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ། འདི་ཉིད་ཡིད་ཀྱིས་བརྗོད་དེ། ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་སྙིང་པོ་དེ་ཉིད་དང༌། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ་ཞེས་བྱ་བ་དབྱངས་ཡིག་བཅུ་དྲུག་དང་བཅས་པས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསམ་པར་བྱའོ། །དབྱངས་ཡིག་བཅུ་དྲུག་པོ་འདི་ཉིད་ནི་ནོར་བུའི་མཚན་མ་ལ་སོགས་པ་ནས། ནོར་བུའི་ཁུ་ཚུར་གྱི་མཐར་ཐུག་པ་ཡིན་པར་འདིར་ཤེས་བར་བྱའོ། །དེ་ནས་དེའི་སྟེང་དུ་སྙིང་པོ་དེ་ཉིད་དང༌། ཡི་གེ་ཀ་ལ་སོགས་པ་དང་བཅས་པ་ལ་ཟླ་བའི་དཀྱིལ་འཁོར་གཉིས་པར་བསམ་མོ། །ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་ཉིད་དང༌། ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་ཏ་ཧཱུཾ་ཞེས་བྱ་བའི་སྙིང་པོ་དང་བཅས་པས་རྡོ་རྗེ་རྩེ་ལྔ་པར་བསམ་མོ། །རྡོ་རྗེ་དེ་ཉིད་རྡོ་རྗེ་རིན་པོ་ཆེར་བྱས་ལ་དེའི་དབུས་སུ། ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་ཏ་ཧཱུཾ་ཞེས་ཡིད་ཀྱིས་བྲི་ས་ལ། བཛྲ་རཏྣ་ཧཾ་ཞེས་བྱ་བས་རྡོ་རྗེ་རིན་པོ་ཆེའི་ང་རྒྱལ་བསྒོམ་པར་བྱའོ། །དེ་ལྟར་བསམས་ལ་རྡོ་རྗེ་རིན་ཆེན་གྱི་བདག་ཉིད་གང་ཡིན་པ་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་དང༌། མཆོད་པ་དང༌། དམ་ཚིག་གི་དངོས་གྲུབ་ཀྱི་ཚུལ་གྱིས་འབྲས་བུ་བསྒྲུབ་པ་ཡིན་ནོ་ཞེས་ངེས་པ་བསྐྱེད་ལ་སེམས་བསྐྱེད་པའི་སྦྱོར་བས། རྡོ་རྗེ་རིན་ཆེན་དེ་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམས་ལ། བཛྲ་སཏྭ་ཧཾ་ཞེས་ཟློས་ཤིང་སྙོམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང༌། འདི་སྐད་བརྗད་པར་བྱའོ། །ཨོཾ་བཛྲ་སཏྭ་ཧཾ་རྡོ་རྗེ་སེམས་དཔའ་དེ་ཉིད། ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་ཏ་ཧཱུཾ་ཞེས་བཟླས་པས་ནམ་མཁའི་སྙིང་པོའི་བདག་ཉིད་དུ་བསམས་ལ་མ་ཧཱ་ས་མ་ཡ་ས་ཏྭ་ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་དོན་ཐམས་ཅད་གྲུབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ས་མ་ཡ་ཧཾ་ཞེས་བརྗོད་པར་བྱའོ། །དོན་ཐམས་ཅད་གྲུབ་པའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་སྙིང་ག་དང༌། དཔྲལ་བ་དང༌། ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབ་བར་བྱའོ། །ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ། དེ་ནས་རིན་པོ་ཆེས་མཚན་པའི་དྲིལ་བུ་ལག་པ་གཡོན་པའི་རིན་པོ་ཆེ་ཁུ་ཚུར་གྱིས་བླངས་ལ་ལག་པ་གཡས་པའི་རྡོ་རྗེ་ནོར་བུ་དང༌། བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་ནམ་མཁའ་དང་མཉམ་པའི་
སྦྱོར་བས་སྙིང་གར་ཞུགས་ལ་ནོར་བུ་རྒྱུའི་ལས་ཀྱི་ཕྱག་རྒྱས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་སྦྲུལ་པར་བྱའོ། །རྡོ་རྗེ་ནོར་བུ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་བླངས་ཏེ། བདག་ཉིད་དེར་ཇི་ལྟ་བ་བཞིན་དུ་ཞུགས་ལ་མེ་ཏོག་དོར་བའི་སྔགས་ཀྱིས་རང་གི་སྤྱི་བོར་མེ་ཏོག་དོར་བར་བྱའོ། །དེ་ནས་ཕྲེང་བའི་དབང་བསྐུར་བའི་སྔགས་ཀྱིས་ཕྲེང་བ་དེ་སྤྱི་བོར་བཅིང་བར་བྱའོ། །དངོས་གྲུབ་ཀྱི་རིན་པོ་ཆེ་བརྟུལ་ཞུགས་ཀྱི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། །དེ་ནས་དཀྱིལ་འཁོར་དེ་ནམ་མཁའི་དང་མཚུངས་པར་བསམ་མོ། །ཡང་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རང་གི་ལུས་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ས་མ་ཡ་ཨ་ཞེས་བརྗོད་པས་ཟླ་བའི་དཀྱིལ་འཁོར་བསྐྱེད་པར་བྱའོ། །གཞིའི་ལུས་ཀྱི་རང་གི་གནས་སུ་གནས་ཏེ། གཞིའི་ལུས་ལ་ཕྱི་རོལ་གྱི་མདུན་དུ་ཡང་ས་མ་ཡ་ཨ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་སྦྲུལ་པ་དེའི་སྟེང་དུ་ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་ཏ་ཧཱུཾ་ཨ་ཞེས་རྡོ་རྗེ་རིན་པོ་ཆེ་ཕབ་ལ། དེའི་དབུས་སུ་ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་ཏ་ཧཱུཾ་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ། བཛྲ་རཏྣ་ཧཾ་ཞེས་བྱ་བས་རྡོ་རྗེ་རིན་པོ་ཆེའི་ང་རྒྱལ་བསྒོམ་པར་བྱའོ། །རྡོ་རྗེ་རིན་པོ་ཆེ་དེ་ཉིད་བཛྲ་གརྦྷ་ཧཾ་ཞེས་བྱ་བས་རྡོ་རྗེ་སྙིང་པོར་བདག་ཉིད་བསྒོམ་པར་བྱའོ། །དེ་ལ་དེ་ཉིད་དུ་རིན་པོ་ཆེ་ལྕགས་ཀྱུ་དང༌། ཞགས་པ་དང༌། ལྕགས་སྒྲོག་དང༌། འབེབས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ཏེ། ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་ཏ་དྲྀ་ཥྱ་ཧཱུཾ། བཅོམ་ལྡན་འདས་རང་གི་དམ་ཚིག་གི་ཕྱག་རྒྱས་བཅོམ་ལྡན་འདས་དེ་བལྟས་ལ། ཛཿ་ཧཱུཾ་བཾ་ཧོཿ་ས་གཞུག་པ་དང༌། རང་གི་ལུས་ལས་ལུས་ཀྱི་གནས་སུ་གནས་པ་དེ་ཉིད་ལ་བཅུག་ལ་ས་མ་ཡ་སྟྭཾ་ཞེས་བརྗོད་པས་འོད་ཀྱི་དཀྱིལ་འཁོར་ཕབ་སྟེ། ས་མ་ཡ་སྟྭཾ་ཨ་ཧཾ། ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་ཏ་ཧཱུཾ་ཞེས་ཟློས་ཤིང༌། བཅོམ་ལྡན་འདས་ལ་ཞུགས་ལ་བདག་ཉིད་དང་ལྷན་ཅིག་ཐ་མི་དད་པར་བསྒོམ་པར་བྱའོ། །དེ་བཞིན་དུ་རིན་ཆེན་འབེབས་པའི་ཕྱག་རྒྱ་བཅིངས་ཏེ། རང་གི་ལུས་ཀྱི་གནས་སུ་ཡིད་ཀྱིས་འདུག་སྟེ། རང་གི་ལུས་ལས་ཕྱི་རོལ་གྱི་མདུན་དུ་ས་མ་ཡ་ཨ་ཞེས་བྱ་བའི་དཀྱིལ་འཁོར་སྦྲུལ་ལ།
དེའི་སྟེང་དུ། ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཨཿ་ཞེས་བྱ་བས་རིན་པོ་ཆེའི་དྲིལ་བུ་བསྐྱེད་དེ། དེའི་དབུས་སུ་ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཞེས་ཡིད་ཀྱིས་བྲིས་ལ་བཛྲ་མ་ཎི་རཏྣ་གྷ་ཎྜེ་ཨ་ཧཾ་ཞེས་བྱ་བས་རྡོ་རྗེ་ནོར་བུ་རིན་པོ་ཆེའི་དྲིལ་བུའི་ང་རྒྱལ་བསྐྱེད་པར་བྱའོ། །ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཨཿ་ཞེས་ཟློས་ཤིང་མ་ཎི་རཏྣ་ཨཱ་བེ་ཤ་ཧཱུཾ་ཞེས་བྱ་བས་དེ་རིན་ཆེན་འབེབས་པས་བར་བསྒོམ་པར་བྱའོ། །དེ་ལ་དེ་ཉིད་དུ་ནོར་བུ་རིན་པོ་ཆེ་འབེབས་པ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ལ་རང་གི་དམ་ཚིག་གི་ཕྱག་རྒྱ་དང༌། ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཨ་དྲྀ་ཤྱ་ཞེས་བྱ་བས་བལྟས་ལ། དམ་ཚིག་གི་ཕྱག་རྒྱས་དེ་ཉིད་དུ་ཛཿ་ཧཱུཾ་བཾ་ཧོཿ་ས་རང་གི་ལུས་ལ་བཞུགས་པར་བྱའོ། །ཞུགས་པ་དང་ས་མ་ཡ་སྟྭཾ་ཞེས་བརྗོད་པས། འོད་ཀྱི་དཀྱིལ་འཁོར་ལ་ས་མ་ཡ་སྟྭཾ་ཨ་ཧཾ་ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཨཿ་ཞེས་ལན་ གསུམ་བརྗོད་པས། བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་འབེབས་པ ་དང་བདག་ཉིད་ལྷན་ཅིག་ཐ་མི་དད་པར་བསམ་པར་བྱའོ། །དེ་ནས་གཞིའི་ལུས་དང༌། དོན་ཐམས་ཅད་གྲུབ་པ་ལ་སོགས་པ་ནས། ནོར་བུ་རིན་ཆེན་འབེབས་པ་ལ་སོགས་པའི་མཐར་ཐུག་པའི་སྐུ་ལ་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པ་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་བཅུག་ལ། ཛཿ་ཧཱུཾ་བཾ་ཧོཿ་ཞེས་ཡིད་ཀྱིས་བརྗོད་ཅིང༌། དེ་ནས་རྡོ་རྗེ་དབྱིངས་ལས་སྔར་བཤད་པའི་ཚུལ་གྱིས་རང་རང་གི་དམ་ཚིག་གི་ཕྱག་རྒྱས་དེ་སྒྲུབ་པོ། །དེ་ནས་རྣམ་པར་སྣང་མཛད་རིན་ཆེན་འབེབས་པའི་བར་གྱི་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་བརླབས་ཏེ། རྡོ་རྗེ་ནོར་བུ་རིན་པོ་ཆེ་བཅིངས་ནས། དོན་ཐམས་ཅད་གྲུབ་པ་ལ་སོགས་པ་རིན་པོ་ཆེའི་རིགས་ཀྱི་ལྷ་ཐམས་ཅད་ཀྱི་སྙིང་གར་བྱིན་གྱིས་བརླབ་པར་བྱའོ། །ཡང་རྡོ་རྗེ་རིན་པོ་ཆེ་མྱུ་གུ་མ་བཅིངས་ཏེ། ཐམས་ཅད་ཀྱི་དཔྲལ་བའི་ཕྱོགས་སུ་བྱིན་གྱིས་བརླབ་པར་བྱའོ། །རིན་པོ་ཆེ་པདྨ་ལས་ལྐོག་མའི་ཕྱོགས་དང༌། རྡོ་རྗེ་རིན་ཆེན་ཆར་འབེབས་མས་སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་རིན་ཆེན་གྱི་
ཕྱག་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བ་དང༌། རིན་པོ་ཆེའི་རིགས་ཐམས་ཅད་ལ་རྡོ་རྗེ་རིན་པོ་ཆེའི་མྱུ་གུས་དབང་བསྐུར་བར་བྱའོ། །དེ་ནས་སྔ་མ་བཞིན་དུ་གོ་ཆ་བགོ་བ་དང་ཕྲེང་བ་བཅིང་བ་བྱས་ནས་མཐར་མཉམ་པའི་ཐལ་མོས་མཉེས་པར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའི་རྡོ་རྗེ་དང་ནོར་བུའི་དྲིལ་བུའི་ཕྱག་རྒྱས་བདག་པོའི་དབང་བསྐུར་ལ་མིང་གི་དབང་བསྐུར་བ་དང༌། དངོས་གྲུབ་ཀྱི་རྡོ་རྗེ་རིན་པོ་ཆེའི་བརྟུལ་ཞུགས་ཀྱང་བླང་བར་བྱའོ། །རིན་པོ་ཆེའི་སྒེག་མོ་ལ་སོགས་པ་མཆོད་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ། རིན་པོ་ཆེའི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་མཆོད་པ་བཅུ་དྲུག་གི་ཕྱག་རྒྱས་བདག་ཉིད་ཡང་དག་པར་མཆོད་པར་བྱའོ། །དེ་ཉིད་ཀྱིས་ནི་རིན་ཆེན་གཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །དེ་ནས་རང་གི་སྙིང་པོ་ལེན་གསུམ་བཟླས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ཅིང༌། ལྷ་ཐམས་ཅད་ཀྱི་སྐུ་དང༌། གསུང་དང་ཐུགས་བདག་ཡིན་ནོ་ཞེས་བསྒོམ་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་ཟློས་ཤིང་གཟུགས་བརྙན་དང་མཚུངས་པའི་ཆོས་བདག་མེད་པའི་རང་བཞིན་དུ་བསམ་མོ། །ཨོཾ་སརྦྦ་ས་མོ྅ཧཾ་ཞེས་བརྗོད་ཅིང༌། ཆོས་བདག་མེད་པའི་མཉམ་པ་ཉིད་ཀྱིས་ལྷ་ཐམས་ཅད་བདག་ཉིད་དང་ལྷན་ཅིག་ཐ་མི་དད་པར་ངེས་པར་བྱས་ནས། འཕགས་པ་ནམ་མཁའི་སྙིང་པོའི་སྐུ་དང༌། གསུང་དང་ཐུགས་རྡོ་རྗེ་བསྒོམ་པར་བྱའོ། །གཞུང་འདི་ཙམ་གྱིས་རྣལ་འབྱོར་ཆེན་པོ་རྫོགས་པ་ཡིན་ནོ། །ད་ནི་གནས་ཀྱི་ངེས་པ་བཤད་པར་བྱ་སྟེ། དེ་ལ་སྔགས་པའི་རང་གི་སྙིང་ག་ན་གནས་པའི་ཟླ་བའི་དཀྱིལ་འཁོར་ལ། རིགས་ཀྱི་བདག་པོ་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་དང༌། དེའི་མདུན་དུ་ནོར་བུའི་མཚན་མ་དང༌། གཡས་ཕྱོགས་སུ་རིན་ཆེན་རྒྱལ་པོ་དང༌། གཡོན་ཕྱོགས་སུ་རིན་ཆེན་ཆགས་པ་དང༌། རྒྱབ་ཏུ་རིན་ཆེན་ལེགས་པའོ། །ཡང་རྣལ་འབྱོར་པའི་དཔྲལ་བའི་ཕྱོགས་སུ་རིན་ཆེན་ལྟ་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་པའི་ཕྲེང་བ་དང༌། མགོ་བོའི་རྒྱབ་ཏུ་རིན་ཆེན་ཉི་མ་དང༌། ཕྲག་པ་གཉིས་སུ་རིན་ཆེན་དཔལ། སོའི་ཕྲེང་བ་གཉིས་ལ་རིན་ཆེན་བཞད་པའོ། །ལྐོག་མའི་ཕྱོགས་སུ་རིན་ཆེན་པདྨ་འཛིན་དང༌།
གཏོང་པ་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་སྙིང་པོའོ། །ནུ་མ་གཉིས་ཀྱི་བར་དུ་རིན་ཆེན་རྣོན་པོ། ལྟེ་བར་རིན་ཆེན་རྒྱུ། ལྕེ་ལ་རིན་ཆེན་གསུང་བའོ། །སྤྱི་བོར་རིན་ཆེན་ཆར་འབེབས་དང༌། རིན་ཆེན་མཆོད་པ། ནམ་ཚོང་གཉིས་སུ་རིན་ཆེན་གོ་ཆ། ཁར་ནོར་བུའི་གནོད་སྦྱིན། དཀུར་ནོར་བུའི་ཁུ་ཚུར་རོ། །ནོར་བུའི་མཚན་མའི་གཡོན་ཕྱོགས་སུ་ནོར་བུ་སྒེག་མོ། དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བའི་རིན་པོ་ཆེ་ཕྲེང་པའི་གཡོན་དུ་རིན་ཆེན་ཕྲེང་བ་མ། གཏོད་པ་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་སྙིང་པོ། གཡོན་དུ་རིན་ཆེན་གླུ་མ། ནོར་བུ་མཆོད་པའི་གཡོན་དུ་རིན་ཆེན་གར་མའོ། །ཡང་རྣལ་འབྱོར་པའི་གསང་བའི་གནས་སུ་རིན་ཆེན་བདུག་པ་མ། མགོ་བོར་རིན་ཆེན་མེ་ཏོག་མ། མིག་གཉིས་ལ་རིན་ཆེན་མར་མེ་མ། ནུ་མ་དང་བྲང་དང་སྙིང་གར་རིན་ཆེན་བྱུག་པ་མ། བརླག་གཡས་པ་ལ་རིན་ཆེན་ལྕགས་ཀྱུ། བརླ་གཡོན་པ་ལ་རིན་ཆེན་ཞགས་པ། བྱིན་པ་གཡས་པ་ལ་རིན་ཆེན་ལྕགས་སྒྲོག། བྱིན་པ་གཡོན་པ་ལ་རིན་ཆེན་འབེབས་པ་རྣམས་ཡང་དག་པར་བཞུགས་པའོ། །དེ་བཞིན་གཤེགས་པ་རྣམས་ནི་ཡན་ལག་ཐམས་ཅད་ལ་ཆུ་དང་འོ་མ་འདྲེས་པ་བཞིན་དུ་བཞུགས་སོ། །ཉིན་རེ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ་བསྒྲུབ་པར་བྱའོ། །དེ་ལྟར་རྣལ་འབྱོར་ཆེན་པོ་བྱས་ནས་ཐུན་བཞིའི་སྦྱོར་བས་ཐམས་ཅད་ཀྱི་སྔགས་འབུམ་བཟླས་ལ་བསྒྲུབ་པར་བྱ་བའམ། ཡང་ན་རང་གི་སྙིང་གར་འཆད་པར་འགྱུར་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་བཤད་པའི་ཚུལ་གྱིས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་བསྒོམས་ཏེ། ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གི་བར་དུ་ཇི་སྲིད་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱ་བའམ། ཡང་ན་ཇི་སྐད་བཤད་པའི་རྣལ་འབྱོར་ཆེན་པོ་བསྒྲུབས་ནས། འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ནམ་མཁའི་ཕྱོགས་སུ་གནས་ཏེ། མིག་ནི་གཡོན་དང་གཡས་པ་ཉིད་དག་ལ། །ཨ་མེད་ཊ་དང་མ་ལས་ཉི་ཟླ་དགོད། །ཧཱུཾ་ལས་མིག་འབྲས་བསྐལ་པའི་མེ་ལྟ་བུ། །ཚུལ་དུ་གནས་པ་རྡོ་རྗེའི་ལྟ་བ་བྱ། །རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ལས་འབར་བའི་རྡོ་རྗེ། རྡོ་རྗེའི་ལྟེ་བ་ལ་ཡི་གེའི་ས་བོན་དང་བཅས་པའི་འོད་ཟེར་འབར་བ་འཁྲུག་པར་བསམ་པར་
བྱའོ། །འོད་ཟེར་འབར་བདེས་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ཐལ་བར་བྱས་ལ། དེ་ནས་ནམ་མཁའི་ཕྱོགས་སུ་སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་དང་མཉམ་པའི་ཟླ་བའི་མདོག་ཅན་གྱི་ཡི་གེ་ཁཾ་རྣམ་པར་སྣང་མཛད་ཀྱི་རང་བཞིན་འོ་མ་ཅན་གྱི་ཆུ་དང་མཚུངས་པའི་བདུད་རྩིའི་ཆར་གྱི་རྒྱུན་གྱིས་བསྲེགས་པའི་སངས་རྒྱས་ཀྱི་ཞིང་རྣམས་བཀྲུས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་དཔའ་རླབས་འཁྲུག་པའི་ཕྲེང་བ་ཅན་གྱི་རྒྱ་མཚོ་ཆེན་པོའི་དབུས་སུ་ཡི་གེ་རཾ་བསྐལ་པའི་མེ་དང་མཚུངས་པར་བསམ་པར་བྱའོ། །ཡི་གེ་རཾ་དེས་ཆུ་བསྐོལ་བས་རིན་པོ་ཆེ་ཆེན་པོའི་པདྨའི་རྒྱལ་པོ་དཔག་ཚད་བྱེ་བ་དུ་མའི་ཚད་དང་མཉམ་པའི་གཟུགས་ཡོངས་སུ་གྱུར་པ་དེ་རིན་པོ་ཆེ་པདྨ་མཐའ་ཡས་པས་ཡོངས་སུ་བསྐོར་བའི་པདྨ་དེའི་རྩ་བའི་ཡི་གེ་པྲ་གསེར་གྱི་མདོག་ཅན་ལས་གསེར་གྱི་རུས་སྦལ་ཚད་གཞལ་དུ་མེད་པ་པདྨའི་གཞིར་གྱུར་པའོ། །ཡང་པདྨའི་ལྟེ་བར་ཡི་གེ་པྲ་གསེར་གྱི་མདོག་ཅན་དང༌། ཡི་གེ་ཁཾ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནམ་མཁའི་ཕྱོགས་ནས་འོངས་ནས་གནས་པར་བསམ་པར་བྱའོ། །དེ་ནས་པདྨ་དང་ཡི་གེ་པྲ་དང་ཡི་གེ་ཁཾ་གཅིག་ཏུ་གྱུར་པ་ལས་ཧཱུཾ་སུཾ་ཧཱུཾ་ཞེས་བརྗོད་པས་རིའི་རྒྱལ་པོ་རི་རབ་ཆེན་པོ་ཟུར་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་བར་བསམ་པར་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་སལ་རེག་པར་བྱས་ཏེ། སྔ་མ་བཞིན་དུ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རིན་ཆེན་རྒྱུའི་ལས་ཀྱི་ཕྱག་རྒྱ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་སྦྲུལ་ལ། རྣམ་པར་སྣང་མཛད་ཀྱི་གནས་སུ་ཨ་སཾ་ཨི་ཞེས་བྱ་བས་སེང་གེ་དང་པདྨའི་གདན་ལ། ཧཱུཾ་གྒ་ཧཱུཾ་ཞེས་བྱ་བས་མི་བསྐྱོད་པའི་གནས་སུ་གླང་པོ་ཆེའི་གདན་དང༌། ཏྲ་པཾ་ཏྲ་ཞེས་བྱ་བས་རིན་ཆེན་འབྱུང་ལྡན་གྱི་གནས་སུ་རྟའི་གདན་དང༌། ཧྲི་མཾ་ཧྲི་ཞེས་བྱ་བ་ལས་འོད་དཔག་ཏུ་མེད་པའི་གནས་སུ་རྨ་བྱའི་གདན་དང༌། ཨཾ་གྒ་ཨ་ཞེས་བྱ་བས་དོན་ཡོད་གྲུབ་པའི་གནས་སུ་ནམ་མཁའ་ལྡིང་གི་གདན་ཏེ། དེ་རྣམས་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ་པར་བྱའོ། །དེ་ནས་དབུས་སུ་འདུག་ལ། རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལས་བཤད་པའི་ཚོགས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་གྱིས་མངོན་པར་སངས་རྒྱས་ནས་རི་རབ་ཀྱི་སྟེང་དུ་བབས་ཏེ། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་གདན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཏེ་གནས་སོ། །རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་རིན་ཆེན་གཉིས་དང༌། རྡོ་རྗེ་ཆོས་དང༌། རྡོ་རྗེ་ལས་གཉིས་ཇི་ལྟ་བ་བཞིན་དུ་བསྐྱེད་ནས། དེ་བཞིན་གཤེགས་པ་ཐམས་ཅད་འདུལ་བའི་དབུས་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་ནི་དང་པོར་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་རིན་པོ་ཆེའི་རིགས་ཀྱི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་བསྐྱེད་པའི་ཕྱིར་བདག་ཉིད་ལ་གསོལ་བ་བཏབ་པར་བསམ་པར་བྱའོ། །དེ་ནས་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། གསོལ་བ་བཏབ་པའི་ཚིག་གསན་ནས། ཨོཾ་བཛྲ་རཏྣ་ཧཱུཾ་ཞེས་བརྗོད་ཅིང༌། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་སྦྲུལ་པའི་ཕྱིར། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བ་སྦྱིན་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་དང༌། རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་སྙིང་པོ་དང༌། རྡོ་རྗེ་སྤྱན་དང༌། རྡོ་རྗེ་སྣ་ཚོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨཱ་ཤ་པ་རི་པཱུ་ར་ན་མ་ཧཱ་རཏྣ་ཧཱུཾ། ཨོཾ་བཛྲ་དྷཱ་ཏུ་ཏྲཱཾ། ཨོཾ་མ་ཎི་ཧཱུཾ། ཨོཾ་པདྨ་ཧྲཱིཿ། ཨོཾ་བི་ཤྭ་རཏྣ་ཧཱུཾ། ཞེས་བྱ་བའི་རིག་པ་དམ་པ་ལྔ་པོ་དེ་རྣམས་ཀྱིས་འཕགས་པ་ནམ་མཁའི་སྙིང་པོས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་བསྐྱེད་པའི་རྒྱུར་གྱུར་པ་འདི་བྱིན་གྱིས་བརླབ་པ་ཡིན་ནོ། །དེ་ནས་འཕགས་པ་ནམ་མཁའི་སྙིང་པོ་དང་བདག་ཉིད་ཐ་མི་དད་པར་འཕགས་པ་ནམ་མཁའི་སྙིང་པོའི་རང་བཞིན་དུ་ངེས་པར་བྱས་ནས། རང་གི་སྙིང་གའི་ཟླ་བ་ལ་གནས་པའི་རྡོ་རྗེ་ནོར་བུ་རིན་པོ་ཆེ་ལས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་ལྷའི་གཟུགས་ཡིད་ཀྱིས་ཕྱུང་ལ་འཇིག་རྟེན་གྱི་ཁམས་རབ་འབྱམ་སྤྲིན་རྒྱ་མཚོ་ཐམས་ཅད་དུ་རིན་པོ་ཆེའི་རིགས་དང་ལྡན་པའི་སེམས་ཅན་གྱི་ཁམས་ཐམས་ཅད་རིན་པོ་ཆེའི་རིགས་ཀྱི་རང་བཞིན་དུ་བསྐྱེད་ནས། སླར་ལོག་སྟེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ། ལྷ་ཐམས་ཅད་ཀྱི་གཟུགས་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱིས། །རིན་ཆེན་ཐམས་ཅད་བསྡུས་པ་ནི། །རྡོ་རྗེ་རིན་ཆེན་
རིགས་ཉིད་དུ། །འགྲོ་བའི་དོན་དུ་འདི་གྱུར་ཏོ། །ཨོཾ་བུདྡྷ་རཏྣ་ཧཱུཾ་ཞེས་བྱ་བ་ནས། ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཨཿ། ཞེས་བྱ་བའི་བར་དུ་རྣམ་པར་སྣང་མཛད་ལ་སོགས་པ་ནས་རིན་ཆེན་འབེབས་པའི་མཐར་ཐུག་པ་རྣམས་ཀྱིས་རང་གི་སྙིད་པོ་འདི་བརྗོད་ཅིང༌། དེ་དག་རང་གི་གནས་སུ་གཞུག་པར་བསྒོམ་པར་བྱའོ་ཞེས་བྱ་བའི་གཞུང་འདི་ཙམ་གྱིས་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་ཡིན་ནོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་བསྡུ་བ་བྱས་ཏེ། དེ་བཞིན་དུ་རང་ལ་དབང་བསྐུར་བ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པ་འདི་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ གསུམ་པ ་བཤད་པ་ཡིན་ནོ། །དེ་ལྟར་ཏིང་ངེ་འཛིན་རྣམ་ པ་གསུམ ་བསྒོམས་ནས་ཡང་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་པས། དོན་ཐམས་ཅད་གྲུབ་པའི་གནས་སུ་འདུག་སྟེ་བསྡུ་བ་བྱའོ། །དེ་ནས་དོན་ཀུན་སྒྲུབ་བྱེད་པའི། །ཕྱག་རྒྱ་ཆེན་པོ་ལྷུར་བཅིངས་ནས། །མིང་བརྒྱ་རྩ་བརྒྱད་དམ་པ་འདིས། །ལན་ཅིག་པར་དུ་བརྗོད་པར་བྱ། །དེ་ནས་སྒོ་རྣམས་ཐམས་ཅད་དུ། །ལྕགས་ཀྱུ་ལ་སོགས་ལས་བགྱིས་ནས། །ལས་ཆེན་མཆོག་གི་ཕྱག་རྒྱ་ཡིས། །དམ་ཚིག་མཆོག་ནི་གཞུག་པར་བྱ། །དམ་ཚིག་མཆོག་གི་ཕྱག་རྒྱ་དང༌། །སངས་རྒྱས་རིན་ཆེན་ལ་སོགས་པས། །དེ་ལྟར་སེམས་དཔའ་ཆེན་པོ་བསྒྲུབ། །ཛཿ་ཧཱུཾ་བཾ་ཧོཿ་ཞེས་རབ་བརྗོད། །འདི་སྐད་སྟོན་པ་ཡིན་ཏེ། །སྔ་མ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ཏེ། ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་ཏ་ཧཱུཾ་ཞེས་བྱ་བས། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་མཆོད་ཡོན་ཕུལ་ལ། ཨོཾ་པྲ་བ་ར་སཏྐཱ་ར་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་བྱ་བས་སྔ་མ་བཞིན་དུ་ཞབས་བསིལ་དབུལ་བར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བུདྡྷ་རཏྣ་ཧཱུཾ་དྲྀ་ཤྱ་ཛཿ་ཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ཨ་ཧཾ། ཨོཾ་བུདྡྷ་རཏྣ་ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་བཞིན་དུ་རིན་ཆེན་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཨ་དྲྀ་ཤྱ་ཛཿ་ཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ཨ་ཧཾ། ཨོཾ་མ་ཎི་རཏྣ་
ཨཱ་བེ་ཤ་ཨ་ཞེས་བྱ་བའི་བར་དུ་ལན་གསུམ་བརྗོད་པས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་ཐམས་ཅད་རྒྱས་བཏབ་ལ་དབང་བསྐུར་བའི་ཕྱག་རྒྱ་གཉིས་ཀྱིས་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཏེ། ཡང་མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བས་མཆོད་པ་རྣམ་བ་ལྔ་ལ་སོགས་པའི་མཆོད་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་ཕྱག་བྱས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་སརྦྦ་ས་མོ྅ཧཾ། ཞེས་ཟློས་ཤིང་དོན་རྣམ་ པ་གསུམ ་བསྒོམས་ལ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་རང་བཞིན་བདག་ཉིད་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱའོ། །ཨོཾ་སརྦྦ་ཨ་རཐ་སི་དྡྷི་པྲ་ཏ་ཧཱུཾ་ཞེས་བརྗོད་ཅིང༌། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་རང་བཞིན་ནི་བདག་ཉིད་ཡིན་ནོ་ཞེས་བསྒོམ་པར་བྱའོ། །ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཇི་སྲིད་དཀྱིལ་འཁོར་གྱི་ལྷའི་གཟུགས་སུ་བདག་ཉིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱིས་སྤྱད་བ་དང༌། ས་ཡོངས་སུ་གཟུང་བར་བྱའོ། །དེ་ནས་བདག་ཉིད་ཁྲུས་བྱ་ཞིང༌། །ལུས་དྲིས་བྱུགས་ལ་ཇི་སྙེད་པའི་གོས་དང་རྒྱན་གང་གས་ཤིང་གདོང་དྲི་ཞིམ་པར་བྱས་ལ། དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་སྟེ། རིན་པོ་ཆེའི་རྒྱུའི་ཕྱག་རྒྱས་རང་གི་དཀྱིལ་འཁོར་ཆེན་པོ་སྦྲུལ་ལ། མཆོད་པ་དང༌། ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་སྡོམ་པ་གཟུང་བ་བྱས་ལ་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་ཡང་དག་པར་བསྒྲུབས་ཏེ། ཁང་བུ་བརྩེགས་པ་དང་གདན་རྣམས་སྤྲུལ་ལ། དཀྱིལ་འཁོར་གྱི་སའི་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པས། །གྱུར་པར་བདག་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་གྱུར་ཏེ། །ནོར་བུ་ཆེན་པོའི་རིགས་སུ་ནི། །དེང་བདག་སྐྱེས་པར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པའི། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ཡན་
ལག་ཐམས་ཅད་ཀྱིས་ཕྱག་བྱས་ལ། སྤོས་སྣོད་ལག་ཏུ་ཐོགས་ཏེ། སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡིས། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་རབ་ཏུ་སྩོལ། །ཞེས་བརྗོད་ལ། དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་ཀྱི་རྒྱལ་པོ་མཆོག་བསྒོམ་པར་བྱའོ། །དེ་ནས་ཡང་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དོན་ཐམས་ཅད་གྲུབ་པ་དེའི་གནས་ན་འདུག་པ་དེའི་སྙིང་པོ་ཟློས་པ་ལ་བསྒྲུབ་པའི་གྲོགས་མཆོག་དེ་བཞིན་གཤེགས་པའི་ང་རྒྱལ་དང་ལྡན་པས་དཀྱིལ་འཁོར་བྲི་བའི་ཕྱིར་མཚན་བརྒྱ་རྩ་བརྒྱད་པས་གསོལ་བ་གདབ་པར་བྱའོ། །དེ་ནས་ལངས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱ་ད་བནད་ནཾ་ཀ་རོ་མི། ཞེས་བྱ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཡོངས་སུ་གད་བར་བསམས་ཏེ། བདག་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སྙིང་པོའང་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཡིན། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ།། རྡོ་རྗེ་རིན་ཆེན་བརྟན་བདག་ཡིན། །བདག་པོ་རིན་ཆེན་ཆེན་པོ་བདག །བྱིན་གྱིས་བརླབས་པ་མི་འདོར་རོ། །ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་ཏ་ཧཱུཾ་ཞེས་བརྗོད་ཅིང༌། རེ་བ་ཐམས་ཅད་གྲུབ་པའི་དངོས་གྲུབ་ཀྱི་ཕྱིར་ང་རྒྱལ་བརྟན་པར་བྱས་ཏེ། མ་དང་ཊ་ལས་མིག་གཉིས་སུ་ཉི་མ་དང་ཟླ་བ་དེ་བཞིན་དུ་བསྐྱེད་ལ། ཡི་གེ་ཨཿ་ལས་རྐང་མཐིལ་དུ་སྣ་ཚོགས་རྡོ་རྗེ་བྱའོ། །དེ་ནས་དོན་ཐམས་ཅད་གྲུབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་ཏ་ཧཱུཾ་བཛྲ་ཨུ་ཏིཥྛ། ཞེས་ཟློས་ཤིང་དཀྱིལ་འཁོར་ནམ་མཁའ་ལ་བཏེག་ལ་གཞག་པར་བྱའོ། །ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་ཏ་ཧཱུཾ། ཞེས་བྱ་བས་བྱིན་གྱིས་བརླབ་པ་བྱས་ཏེ། དེ་ཉིད་ཀྱི་ཕྱག་རྒྱས་བདག་ཉིད་ཀྱི་སྙིང་ག་དང་དཔྲལ་བ་དང༌། ལྐོག་མ་དང༌། སྤྱི་བོར་ལན་ཅིག་བྱིན་གྱིས་བརླབས་ལ། ཡང་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། །རྡོ་རྗེ་སྙིང་པོ་ཞེས་
བརྗོད་ཅིང༌། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །སྔར་བཤད་པའི་རྡོ་རྗེ་དྲ་བའི་མཐར་ཐུག་པའི་བསྲུང་བའི་ཆོ་གས་ཐམས་ཅད་རྗེས་སུ་སྤྱད་ལ། སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་ནས། གསང་བའི་གཟུགས་ཅན་གྱི་དཀྱིལ་འཁོར་དགུག་པར་བྱ་སྟེ། ཨོཾ་བཛྲ་མཎྜལ་ཧཱུཾ་ཛཿ་ཞེས་བྱ་བ་ཕྱག་རྒྱ་དང་ལྡན་པས་གསང་བའི་དཀྱིལ་འཁོར་དགུག་པར་བྱའོ། །དེའི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང་མཐེའུ་ཆུང་རྡོ་རྗེར་མདུད་ནས། དཀྱིལ་འཁོར་ཐམས་ཅད་འགུགས་པར་བྱེད་པ་ནི་རྡོ་རྗེ་འཁོར་ལོ་ཞེས་བྱའོ། །དེ་ནས་མ་ཧཱ་བཛྲ་ཙཀྲ་ཨ་དྷི་སིདྡྷི་ཏིཥྛཱ་ཧཱུཾ་ཞེས་བྱ་བའི་ཕྱག་རྒྱ་དང་ལྡན་པ་དེས་ཡང་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་སྟེ། རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱ་ཉིད་འདིའི་ཕྱག་རྒྱ་ཡིན་ནོ། །དེ་ནས་ལག་པ་གཡས་པའི་མཐེ་བོས་མཐེའུ་ཆུང་གི་རྩེ་མོ་མནན་ལ། སོར་མོ་ལྷག་མ་རྣམས་བརྐྱང་ལ། རྡོ་རྗེ་རྩེ་ གསུམ་ལྟར་བྱས་ལ། གཡོན་པའི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ ་བཟུང་སྟེ། དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས། གྲྭ་བཞིར་གཡོན་པའི་ཁུ་ཚུར་གྱིས་བཟུང་བའི་རྡོ་རྗེ་དེས་མཐའ་ཡས་དང༌། རྣམ་པར་རྒྱལ་བ་དང༌། སྤྲིན་སྒྲ་དང༌། གསུས་པོ་ཆེ་ཞེས་བྱ་བའི་ཕུར་བུ་བཞི་བསྐྱེད་ལ་ལག་པ་གཡས་པ་རྡོ་རྗེ་རྩེ་ གསུམ་པར་བྱས་པ ་དང༌། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦྦ་དུ་ཥྚཱ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷཱ་རོ་ཨཱ་ཛྙཱ་ པ་ཡ་ཏི་སྭཱ་ཧཱ། ཞེས་བྱ་བའི་སྙིང་པོ་འདིས་བརྡུང་བར་བྱའོ། །འཇིག་རྟེན་གསུམ ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕུར་བུའི་སྔགས་སམ། ཡང་ན་འཇིག་རྟེན་ལས་འདས་པའི་རྡོ་རྗེ་ལས་བཤད་པའི་ཕུར་བུའི་སྔགས་ཀྱིས་སེང་ལྡེང་གི་ཕུར་བུ་བཞི་ལ་མངོན་པར་བསྔགས་ཏེ། ཇི་ལྟར་བཤད་པའི་དཀྱིལ་འཁོར་གྱི་ཟུར་བཞིར་ཕུར་བུ་གདབ་པར་བྱའོ། །ཧཾ་ཀྲོ་དྷ་ཡ་ཊི་ཊ་ཊི་ཊ་ཊི་ཊ་མ་ཊ་ཕཊ། ཅེས་བྱ་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེ་ལས་བཤད་པའི་སྔགས་ཡིན་ནོ། །དེ་ནས་ནོར་བུའི་གནོད་སྦྱིན་གྱིས་བགེགས་བསྐྲད་ལ་རབ་དང་དྲ་བ་བྱས་ཏེ། ནོར་བུ་ཁུ་ཚུར་གྱིས་སྒོ་བཅད་ལ། ནོར་བུའི་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ཏེ། ནོར་བུའི་གནོད་སྦྱིན་ཡོངས་སུ་བཟླས་པས་གསང་བའི་བུམ་པ་དཀྱིལ་འཁོར་གྱི་སྒོར་གཞག་ལ་སྔ་མ་བཞིན་དུ་མཆོད་པ་
རྣམས་མངོན་པར་བསྔགས་ཏེ། མཆོད་ཡོན་ལན་ཉི་ཤུ་རྩ་གཅིག་བཟླས་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ནོར་བུའི་གནོད་སྦྱིན་ཡོངས་སུ་བཟླས་པའི་དྲི་ཆུས་བྱུགས་ལ། དེ་ཡོངས་སུ་བཟླས་པའི་དྲི་ཉིད་ཀྱིས་ལྷ་ཐམས་ཅད་ཀྱི་གནས་སུ་དཀྱིལ་འཁོར་བྱ་བ་ཡིན་ནོ། །དེ་ནས་ནམ་མཁའི་ཕྱོགས་ན་གནས་པའི་དཀྱིལ་འཁོར་ས་གཞི་ལ་ཡིད་ཀྱིས་ཕབ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་དྲིའི་ཐིག་ལེ་ལ་ལན་བདུན་བཟླས་པར་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པ་ནས་རིན་ཆེན་འབེབས་པ་དང་བསྐལ་པ་བཟང་པོའི་མཐར་ཐུག་པ་རྣམས་ནམ་མཁའི་ཕྱོགས་ནས་ཕབ་སྟེ། རང་རང་གི་སྔགས་ཀྱིས་གཞག་པར་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ནི་བཤད་ཟིན་ཏོ། །ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷེ་དྷརྨྨ་ཏེ་ག་ག་ན་ས་མུངྒེ་ཏ་སྭ་བྷཱ་བ་བི་ཤུདྡྷེ་ཨ་ཧཱ་ནཱ་ཡ་པ་རི་བཱ་རེ་སྭཱ་ཧཱ། ཞེས་བྱ་བ་བསྐལ་པ་བཟང་པོའི་སྔགས་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་བཞག་ནས་ཆུ་ཅུང་ཟད་ཅིག་བླུགས་པའི་རྣམ་པར་རྒྱལ་བའི་བུམ་པ་ལ་རྡོ་རྗེ་མེ་དང༌། ནོར་བུ་གནོད་སྦྱིན་དང༌། དོན་ཐམས་ཅད་གྲུབ་པའི་སྔགས་རེ་རེ་ཞིང་ཡང་བརྒྱ་རྩ་བརྒྱད་བཟླས་ལ། སྔགས་མངོན་པར་བཟླས་པའི་མཆོད་ཡོན་གྱིས་སོ་སོར་མཆོད་ཡོན་ཕུལ་ལ། ལྷ་དེ་རྣམས་ཀྱི་གཟུགས་དང་ལྡན་པའི་བུམ་པ་བསྒོམ་པར་བྱའོ། །མཆོད་པ་ཐམས་ཅད་ཕྱག་རྒྱ་དང་བཅས་པས་ཡང་དག་པར་མཆོད་ལ་རང་གི་དམ་ཚིག་གི་ཕྱག་རྒྱས་རྡོ་རྗེ་རིན་པོ་ཆེའི་མེ་ཏོག་ནི་ལྕུག་མ་ལ་རེ་རེ་ཞིང་ལན་བརྒྱ་རྩ་བརྒྱད་བཟླས་ལ་བདུག་པས་བདུག་པར་བྱའོ། །ཉིན་ཞག་གཉིས་ པ་ལ་ཐུན་གསུམ ་དུ་སྔ་མ་བཞིན་དུ་མངོན་པར་བཟླས་ལ། དེ་ནས་ལྷག་པར་གནས་པར་བྱས་པའི་བུམ་པ་དེ་དོན་ཐམས་ཅད་གྲུབ་པའི་མདུན་དུ་གཞག་པར་བྱའོ། །ཇི་ལྟ་བ་བཞིན་དུ་ལྷག་པར་གནས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཉི་མ་ཤར་བའི་དུས་སུ་དེ་ནས་དཀྱིལ་འཁོར་དེ་དོན་ཐམས་ཅད་གྲུབ་པའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་ནམ་མཁའི་ཕྱོགས་སུ་བཞག་ལ་ཐིག་གདབ་པར་བྱའོ། །དེ་ལ་དང་པོར་རེ་ཞིག་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། དཀར་པོ་དྲི་ཞིམ་པོ་བསྒོས་པས་སྲད་བུ་སོ་སོར་ཁ་བསྒྱུར་ལ་གོ་རིམས་དེ་ཉིད་ཀྱིས་
བཞག་ནས། ཧཱུཾ་ཏྲཱཾ་ཧཱིཿ་ཨཱཾ་ཨ་ཞེས་བྱ་བ་རང་གི་ས་བོན་ལས་མི་བསྐྱོད་པ་ལ་སོགས་པ་དེ་རྣམས་སྲད་བུ་རྣམས་ལ་བཀོད་དེ། དཱིཔྟ་དྲྀཥྚི་ཨཾ་ཀུ་ཤ་ཛཿ་ཞེས་བྱ་བ་མིག་གཉིས་ལ་བཀོད་ལ། རབ་ཏུ་གཡོ་ཞིང་འབར་བའི་མིག །མིག་གི་རྫི་མ་འདྲེན་པ་ནི། །ཞེས་འབར་བའི་ལྟ་བས་མི་བསྐྱོད་པ་ལ་སོགས་པ་སྤྲུལ་ཞིང་འདི་སྐད་ཅེས་བརྗོད་པར་བྱའོ། །བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོ་ཐིག་གདབ་པའི་ཕྱིར། རྡོ་རྗེའི་ཐིག་བདག་ལ་སྩོལ་ཅིག་ཅེས་པའོ། །དེ་ནས་རང་གི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་མི་བསྐྱོད་པ་ལ་སོགས་པས་བཏང་བའི་སྲང་བུ་འབར་བའི་ལྕགས་ཀྱུས་བཀུག་སྟེ། རང་གི་ལག་ན་གནས་པའི་སྲད་བུ་དེས་གང་བར་བྱས་ལ། ཨ་ནྱོ་ནྱ་ཨ་ནུ་ག་ཏཱ་སརྦྦ་དྷརྨྨཱཿ་པར་སྤ་ར་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨཱཿ་ཨ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨཱཿ་ཨོཾ་སརྦྦ་ཨརྠ་སིདྡྷ་ཧཱུཾ་ཞེས་བརྗོད་ཅིང་བསྒྲིལ་བར་བྱའོ། །བསྒྲིལ་ནས་མིག་གཡས་དང་གཡོན་དུ་ཊ་དང་མ་ལས་ཉི་མ་དང་ཟླ་བ་བསྐྱེད་ལ། བཛྲ་དྲྀཥྚི་མ་ཊ་ཞེས་བྱ་བས་བརྟན་པར་བྱས་ལ། དྲིས་བྱུགས་པའི་གསེར་ལ་སོགས་པའི་སྣོད་དུ་ཐིག་སྐུད་ལེགས་པར་བཞག་ལ། དྲི་དང་མེ་ཏོག་དང་བདུག་སྤོས་ཀྱིས་མཆོད་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཱཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བའི་ཐིག་སྐུད་ཀྱི་སྔགས་འདི་དང་རྡོ་རྗེ་བསྡམས་པས་བཟུང་སྟེ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་བདག་པོ་ལྔ་དང་སེམས་དཔའ་བཅུ་དྲུག་བཟླས་པའི་དྲིས་ས་གཞི་བྱུགས་ལ། ཕྱི་རོལ་ཀུན་མེ་ཏོག་གིས་མཛེས་པར་བྱས་ལ་བར་སྣང་ལ་བཞུགས་པའི་རིགས་ཐམས་ཅད་ལ་མཆོད་ཡོན་ཕུལ་ཏེ། མེ་ཏོག་ལ་སོགས་པ་དང་སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་ལ། ཕྱག་བྱས་ཏེ། མིག་གཡས་དང་གཡོན་དུ་ཛ་སེར་པོ་བཀོད་ལ། ཉི་མ་དང་ཟླ་བ་སེར་པོའི་སྣང་བ་བསྐྱེད་དེ། ཀླུ་དང་རོལ་མོ་ལ་སོགས་པའི་མཆོད་པ་དང་བཅས་པས་དཀྱིལ་འཁོར་བརྟག་པར་བྱའོ། །དེ་ལ་རེ་ཞིག་སྔར་མངོན་པར་བཟླས་ལ་ཁ་དོག་དཀར་པོ་དྲི་ཞིམ་པས་སྲང་བུ་སྤངས་ལ། དེ་ནས་རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་གའི་རྡོ་རྗེ་རིན་པོ་ཆེ་ལས་བསྒྲུབ་པའི་གྲོགས་མཆོག་ནོར་བུ་མཆོང་པའི་རིག་པའི་རྒྱལ་པོའི་སྔགས་ཀྱིས་ཡིད་ལ་སྤྲུལ་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་བླངས་ཏེ། ཛ་ཞེས་བྱ་བས་བསྒྲུབ་པའི་གྲོགས་མཆོག་གི་ལག་ཏུ་སྲད་བུ་དེ་
གཏད་ལ། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་ཞིང་ཤར་ཕྱོགས་སུ་བལྟས་ཏེ། སློབ་དཔོན་གྱིས་ཚངས་པའི་ཐིག་གདབ་པར་བྱའོ། །ཛ་ཛ་ཛཿ་ཞེས་ལན་གསུམ་གྱི་བར་དུ་བརྗོད་ཅིང༌། བསྒྲུབ་པའི་གྲོགས་མཆོག་གིས་ཐིག་སྐུད་དྲང་བར་བྱའོ། །ཡང་སློབ་དཔོན་ལྷོ་ཕྱོགས་སུ་འདུག་སྟེ། བྱང་དུ་བལྟས་ཏེ་ཚངས་པའི་ཐིག་གདབ་པར་བྱའོ། །དེ་ནས་ཡང་མེའི་ཕྱོགས་ཀྱི་ཆར་གནས་ཏེ། བྱང་དུ་ཁ་བལྟས་ལ་ཕྱིའི་དཀྱིལ་འཁོར་ཤར་དུ་ཐིག་གདབ་པར་བྱའོ། །རླུང་གི་ཕྱོགས་སུ་གནས་ལ་ལྷོའི་ཕྱོགས་སུ་བལྟས་ཏེ་ནུབ་ཀྱི་ཐིག་གདབ་པར་བྱའོ། །དེ་ཉིད་དུ་འདུག་སྟེ། ཤར་དུ་བལྟས་ཏེ་བྱང་དུ་ཐིག་གདབ་པར་བྱའོ། །ཡང་མེའི་ཕྱོགས་སུ་འདུག་སྟེ་ནུབ་ཏུ་བལྟས་ཏེ་ལྷོའི་ཐིག་གདབ་པར་བྱའོ། །དེ་ནས་ཁ་ཁྱེར་དང་ལྷའི་སྣམ་བུའི་ཐིག་ཀྱང་གདབ་པར་བྱའོ། །ཡང་མེའི་མཚམས་སུ་གནས་ཏེ་རླུང་གི་བར་གྱི་མཚམས་ཀྱི་ཐིག་གདབ་པ་དང༌། ཡང་བདེན་བྲལ་གྱི་མཚམས་སུ་གནས་ཏེ། དབང་ལྡན་གྱི་མཚམས་ཀྱི་བར་གྱི་ཐིག་གདབ་པར་བྱའོ། །དེ་བཞིན་དུ་སྒོ་དང༌། སྒོ་ཁྱུད་ཀྱི་ཐིག་གདབ་པར་བྱ་སྟེ། སྒོ་ནི་དབུས་མའི་ཆ་བརྒྱད་པ། །ཁ་ཁྱེར་ནི་སྒོའི་ཐད་ཀ་སྤངས་པའི་ལྷའི་སྣམ་བུ་དང་བཅས་པའོ། །ཁ་ཁྱེར་ནི་སྒོའི་ཕྱེད་ཀྱི་ཚད་ཡིན་ནོ། །སྒོ་འགྲམ་གྱི་ཚད་དེ་ཉིད་སྒོ་ཁྱུད་ཀྱི་ཡང་དེ་ཡིན་ནོ། །རྟ་བབས་ནི་སྒོའི་སུམ་འགྱུར་དུ་བྱའོ། །ཚོན་སྣ་ལྔའི་ས་ནི་ཁ་ཁྱེར་གྱི་ཕྱེད་ཀྱི་ཚད་དུ་བྱའོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་གྱི་ཐིག་བཏབ་ནས། ནང་གི་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱ་སྟེ། ཕྱི་དཀྱིལ་འཁོར་གྱི་ཕྱེད་ཚད་ལ། ནོར་བུའི་ཀ་བ་བརྒྱད་དང་ཡང་དག་པར་ལྡན་པ། །རིན་པོ་ཆེ་ཟུར་བརྒྱད་པའི་དབྱིབས་ལ་རིན་པོ་ཆེ་འབར་བ་དུ་མས་མཛེས་པ། སྒོ་སྤངས་པའི་རི་མོ་གཉིས་ཟླུམ་པོར་བྱས་པ། རི་མོ་གཉིས་ཀྱི་བར་དུ་ལྕུག་མས་མཛེས་པར་བྱས་པ་ཟླུམ་པོ་བྲི་བར་བྱའོ། །རིན་པོ་ཆེ་ཕྲེང་བའི་འོད་ཟེར་ཁ་ཕྱི་རོལ་དུ་བལྟས་པས་སྣང་བར་བྱེད་པ། བདག་པོ་ལྔའི་གནས་སུ་རིན་པོ་ཆེའི་རི་མོ་ཟླུམ་པོ་ལྔ་བྱས་ལ་ཟླ་བའི་དཀྱིལ་འཁོར་ལྔ་ལྔ་བྲི་བར་བྱའོ། །ཕྱི་དང་ནང་གི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་གནས་སུ་ཟླ་བའི་དཀྱིལ་འཁོར་རེ་རེ་ལ་ཡང་རིན་པོ་ཆེ་ཆེན་པོའི་རི་མོ་ཟླུམ་པོས་བསྐོར་བ་ཤེས་པར་བྱའོ། །
དེ་ལ་སློབ་དཔོན་ལྷོ་ཕྱོགས་སུ་འདུག་ནས། ཤར་ཕྱོགས་ཀྱི་གདུང་དང་ཀ་བ་གཉིས་ཀྱི་ཐིག་གདབ་པར་བྱའོ། །བྱང་ཕྱོགས་སུ་འདུག་ལ་ནུབ་ཀྱི་གདུང་དང་ཀ་བ་གཉིས་ཀྱི་ཐིག་གདབ་པར་བྱའོ། །ནུབ་ཏུ་འདུག་ལ་བྱང་གི་གདུང་དང་ཀ་བ་གཉིས་ཀྱི་ཐིག་གདབ་པར་བྱའོ། །ཤར་ཕྱོགས་སུ་འདུག་ལ་ལྷོ་ཕྱོགས་ཀྱི་གདུང་དང་ཀ་བ་གཉིས་ཀྱི་ཐིག་གདབ་པར་བྱ་ལ། འདི་ཆ་ གསུམ་པ ་མཉམ་པའི་ཐིག་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འཇིག་རྟེན་ གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ལས་བཤད་པའི་ཚུལ་གྱིས་རྡོ་རྗེ་ཕུར་བུ་བཏབ་ལ། སྐུད་པ ་བཏགས་ཏེ་རི་མོ་ཟླུམ་པོ་གཉིས་ཀྱི་བར་དུ་རིན་པོ་ཆེ་ལྕུག་མའི་ཐིག་གིས་ཐིག་གདབ་པར་བྱའོ། །དེ་ལ་ཐིག་གདབ་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱའོ། །ཐིག་འདབས་པའི་དུས་སུ་སློབ་དཔོན་དང༌། སློབ་མ་རྣམས་རྡོ་རྗེ་ཤུགས་ཀྱིས་བཏེག་སྟེ། སྐོར་ཕྱོགས་སུ་འགྲོ་བར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་ཀྱིས་དཀྱིལ་འཁོར་གྱི་ལྟེ་བའི་ཕུར་བུ་བཏོན་ལ། ཚོན་སྣ་ལྔས་ཕུར་བུའི་ཁུང་བུ་མཉམ་པོར་བྱས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་བྱས་ནས་མིག་གཡས་པ་དང་གཡོན་པར་ཧྲཱི་ལས་ཉི་མ་དང་ཟླ་བ་བསྐྱེད་དེ། ཁྲོ་བོའི་ལྟ་བས་ཀུན་དུ་བལྟས་ནས་སྒོ་རྣམས་དབྱེ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་ཐིག་བཏབ་ལ་ཚོན་དགྱེ་བར་བྱའོ། །དེ་ནས་ཚོན་རྩི་བསྒྲུབ་པར་བྱ་སྟེ། དེ་ལ་ཚོན་དཀར་པོ་ལ་ཨོཾ་ལས་རྣམ་པར་སྣང་མཛད་ཀྱི་གཟུགས་དང༌། སྔོན་པོ་ལ་ཧཱུཾ་ལས་མི་བསྐྱོད་པའི་གཟུགས་དང༌། སེར་པོ་ལ་ཏྲཱཾ་ལས་རིན་ཆེན་འབྱུང་ལྡན་གྱི་གཟུགས་དང༌། དམར་པོ་ལ་ཧྲཱིཿ་ལས་སྣང་བ་མཐའ་ཡས་ཀྱི་གཟུགས་དང༌། ལྗང་གུ་ལ་ཨ་ལས་དོན་ཡོད་གྲུབ་པའི་གཟུགས་སུ་བསྐྱེད་དེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བ་འདིས་ཕྱག་རྒྱ་དང་ལྡན་པས་རེ་རེ་ཞིང་ཡང་ལན་བདུན་གྱི་བར་དུ་བཟླ་བར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ལས་ནི། །མཛུབ་མོའི་རྩེ་མོ་མཉམ་སྦྱར་བ།། བྱས་ནས་ཚོན་རྩི་ཐམས་ཅད་ནི། །འབར་པའི་ལྟ་བས་དགུག་པར་བྱ། །ཧི་ཞེས་བྱ་བས་མཐར་སྦར་བར་བྱའོ། །དེ་ནས་སྙིང་པོ་འདི་དང༌། དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། གཡས་ནས་བསྐོར་བས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཚོན་རྩི་རིམ་གྱིས་དགྱེ་བར་བྱའོ། །ཕྱིས་ནི་ཇི་ལྟར་བདེ་བར་
བྱའོ། །རིམ་པ་ནི་འདི་ཡིན་ཏེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། ཀུན་གྱི་ནང་དུ་དཀར་པོ་སྟེ། དེ་སྐད་དུ་ཡང༌། །སྔོན་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་གཞན། །དེ་བཞིན་གཞན་དག་མརྒད་འདྲ། །དཀར་པོ་ནད་དུ་ཤེས་བྱ་སྟེ། །དེ་ནི་ཚོན་གྱི་རིམ་པར་བཤད། །ཅེས་གསུངས་སོ། །ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་དཀྱིལ་འཁོར་བྲིས་ནས། དེ་ནས་ནང་གི་དཀྱིལ་འཁོར་རི་མོ་ཟླུམ་པོ་གཉིས་བསྐོར་བའི་ནང་དུ་རིན་པོ་ཆེའི་ལྕུག་མ་བྲི་བར་བྱའོ། །ཕྱི་རོལ་གྱི་རི་མོ་དང་ཉེ་བར་ཁ་ཕྱིར་བལྟས་པའི་རྡོ་རྗེ་རིན་པོ་ཆེའི་ཕྲེང་བ་འབར་བ་དང་བཅས་པར་བྱའོ། །དེ་ནས་ནོར་བུའི་ཀ་བ་བརྒྱད་བྱས་ལ། ཀ་བ་བརྒྱད་པའི་དབུས་སུ་ཟུར་བརྒྱད་པའི་ནོར་བུ་དང་འདྲ་བ་འབར་བ་དང་བཅས་པའི་ནང་གི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་པདྨ་དང༌། སེང་གེའི་གདན་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་གྱིས། ཨོཾ་བུདྡྷ་རཏྣ་ཧཱུཾ་ཞེས་བྱ་བའི་སྙིང་པོ་འདི་བྲིས་ལ། སྙིང་པོ་འདི་ནམ་མཁའི་ཕྱོགས་ནས་ཕབ་སྟེ། གཟུགས་བརྙན་དང་གཅིག་ཏུ་བསྲེ་བར་བྱའོ། །དེ་བཞིན་དུ་ཐམས་ཅད་ཀྱང་ཤེས་པར་བྱའོ། །དེའི་ཕྱོགས་རྣམས་སུ་པདྨ་དང༌། ཟླ་བའི་གདན་ལ། ཨོཾ་བཛྲ་མ་ནེ་ཧཱུཾ། ཨོཾ་བཛྲ་རཏྣ་ཨཾ་ཀུ་ར་ཧཱུཾ། ཨོཾ་བཛྲ་རཏྣ་པདྨ་ཧཱུཾ། ཨོཾ་བཛྲ་རཏྣ་པཱ་ཤ་ཧཱུཾ། ཞེས་བྱ་བའི་སྙིང་པོ་རྣམས་ཀྱིས་ཕྱག་རྒྱ་བཞི་བྲི་བར་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་རིན་པོ་ཆེ་རེའུ་མིག་གི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་འཁོར་དང་བཅས་པ། ཨོཾ་སརྦྦ་ཨརྠ་སི་དྡྷི་པྲ་དཱ་ཧཱུཾ། ཨོཾ་བཛྲ་མ་ཎི་ཙིནྟཱ་ཨཱ་ཀཱ་ཤ་གརྦྷ་སིདྡྷྱ་སིདྡྷྱ་ཧཱུཾ། ཨོཾ་རཏྣ་ཨཾ་ཀུ་ཤ་ཨཱ་ཀཪྵ་ཡ། སརྦྦ་ཨརྠ་ཨ་ན་ཡ་ཤཱི་གྷྲཾ་སརྦྦ་ཏ་ཐཱ་ག་ཏ་ས་ཏྱ་མ་ནུ་སྨ་ར་ཧཱུཾ། ཨོཾ་མ་ཎི་རཱ་ག་བ་ཤི་ཀུ་རུ་སརྦྦ་ཨརྠཱ་ན་ཡ་ཨཱ་ཀཱ་ཤ་གརྦྷ་ཧཱུཾ། ཨོཾ་རཏྣ་ཏུཥྚི་ཧཱུཾ། ཞེས་བྱ་པའི་སྙིང་པོ་འདི་རྣམས་ཀྱིས་བྲི་བར་བྱའོ། །ལྷོ་ཕྱོགས་ཀྱི་ནོར་བུའི་རེའུ་མིག་གི་དབུས་སུ། རིན་ཆེན་ཕྲེང་བ་འཁོར་དང་བཅས་པ་རྣམས། ཨོཾ་རཏྣ་ཧྲྀཥྚ་ཏྲཱཾ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་རཏྣ་མཱ་ལ་ཧཱུཾ། ཨོཾ་མ་ཎི་སཱུཪྻ་ཧཱུཾ། ཨོཾ་ཙིནྟྲཱ་མ་ཎི་དྷྭ་ཛ་སརྦྦ་ཨཱ་ཤཱ་པ་ར་པཱུ་ར་ཀ་ཨཱ་
ཀཱ་ཤ་གརྦྷ་ཧཱུཾ། ཨོཾ་རཏྣ་ཨཊྚ་ཧ་ས་ཧ་ས་ཧཱུཾ་ཞེས་བྱ་བའི་སྙིང་པོ་བྲི་བར་བྱའོ། །ནུབ་ཕྱོགས་ཀྱི་ནོར་བུའི་རེའུ་མིག་གི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་རིན་ཆེན་པདྨ་འཁོར་དང་བཅས་པ། ཨོཾ་རཏྣ་པདྨ་ཧཱུཾ། ཨོཾ་ཏྱ་ག་ས་མ་དྷི་ཛྙ་ན་གརྦྷ་ཧཱུཾ། ཨོཾ་རཏྣ་ཀོ་ཥ་ལཱ་ཡ་གྲ་ཧཱུཾ། ཨོཾ་མ་ཎི་ཙ་ཀྲ་པྲ་བརྟ་ཡ་ཧཱུཾ། ཨོཾ་རཏྣ་དྲྀཥྚ་ཧཱུཾ། ཞེས་བྱ་བའི་སྙིང་པོ་བྲི་བར་བྱའོ། །བྱང་ཕྱོགས་ཀྱི་ནོར་བུའི་རེའུ་མིག་གི་དཀྱིལ་འཁོར་གྱི་དབུས་སུ་རིན་ཆེན་ཆར་འབེབས་འཁོར་དང་བཅས་པ། ཨོཾ་རཏྣཱ་དྲྀཥྚ་བཪྵཱ་ཡ་སརྦྦ་ཨརྠ་སཾ་བ་དི་བྷ་ག་བཱ་ན་མ་ཎི་ཧ་སྟ་ཧཱུཾ། ཨོཾ་མ་ཎི་པཱུ་ཛ་ས་མ་ཡ་ཧཱུཾ། ཨོཾ་མ་ཎི་བནྡྷ་ཀ་པ་ཙ་ཧཱུཾ། ཨོཾ་མ་ཎི་དཾ་ཥྟྲ་ཀ་རཱ་ལ་མ་ཧཱ་ཡཀྵ་ཧ་ར་ཧ་ར་སརྦྦ་ཨརྠཱ་ན་བྷི་ཥཱ་པ་ཡ་ཧཱུཾ། ཨོཾ་མ་ཎི་རཏྣ་བནྡྷ་ས་མ་ཡ་ཧཱུཾ། ཞེས་བྱ་བའི་སྙིང་པོ་འདི་བྲི་བར་བྱའོ། །རྡོ་རྗེ་སྒེག་མོ་ལ་སོགས་པའི་གནས་རྣམས་སུ་རིན་ཆེན་སྒེག་མོ་ལ་སོགས་པ་རྣམས་ནི། ཨོཾ་རཏྣ་ར་ཏི་ཧཱུཾ། ཨོཾ་རཏྣ་མཱ་ལ་ཧཱུཾ། ཨོཾ་རཏྣ་གཱི་ཏེ་ཧཱུཾ། ཨོཾ་རཏྣ་ནྲྀ་ཏྱ་ཧཱུཾ་ཞེས་བྱ་བས་སོ། །ཕྱིའི་དཀྱིལ་འཁོར་གྱི་ཟུར་རྣམས་སུ། རིན་ཆེན་བདུག་པ་མ་ལ་སོགས་པ་རྣམས། ཨོཾ་དྷཱུ་པ་རཏྣི། ཨོཾ་པུཥྤ་མ་ཎི། ཨོཾ་རཏྣ་ཨཱ་ལོ་ཀི །ཨོཾ་མ་ཎི་གནྡྷི་ཞེས་བྱ་བས་སོ། །ཤར་ཕྱོགས་ཀྱི་སྒོ་ལ་སོགས་པ་རྣམས་སུ། རིན་ཆེན་ལྕགས་ཀྱུ་ལ་སོགས་པ། ཨོཾ་སརྦ་རཏྣ་ཨཱ་ཀཱ་ཤ་ཨཱཪྻ་ཨ་རུ་ན། མ་ཧཱ་སཏྭ་བྷ་ག་བཱནྟཾ་ཨཱ་ཀཱ་ཤ་བ་ར་པྲ་ཙོ་ད་ཡ་ཨཱ་ཀཪྵ་ཡ་ཤྲཱི་གྷཾ་ཧོ་ཛཿ་ཨོཾ་སརྦྦ་རཏྣ་པྲ་བེ་ཤ་ས་མ་ཡཾ། མ་ཧཱ་མ་ཎི་རཱ་ཛ་ཀུ་ལ་རཏྣ་པཱ་ཤ་ཧཱུཾ། ཨོཾ་མ་ཎི་བནྡྷ་ཧཱུཾ་བཾ། ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཨཿ། ཞེས་བྱ་བའི་སྙིང་པོ་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ཁྱམས་སུ་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སྟོང་དུ་བཞིས་མ་ཚང་བ་མཉམ་པ་ཕྱོགས་བཞིར་རིག་པས་བྲི་བར་བྱའོ། །ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷེ་དྷརྨྨ་ཏེ་ག་ག་ནས་མུངྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ནཱ་ནཱ་ཡ་པ་རི་བཱ་རེ་སྭཱ་ཧཱ། ཞེས་བྱ་བས་རྡོ་རྗེ་སྙིང་པོ་ནས་བསྐལ་པ་བཟང་པོའི་མཐར་ཐུག་པའི་བར་དུ་གཟུགས་བརྙན་ཐམས་ཅད་ཟླ་བ་དང་པདྨའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་གསེར་གྱི་མདོག་ཅན་དགའ་ཞིང་མགུ་བ་སྟེ། རྡོ་རྗེ་ནོར་བུ་ལ་སོགས་པ་ཀུན་ནས་འོད་ཟེར་འབར་བའི་སྙིང་པོ་སྣ་ཚོགས་པ་རྡོ་རྗེ་ནོར་བུ་རིན་པོ་ཆའི་ཅོད་པན་གྱིས་དབང་བསྐུར་བ་རྒྱན་ཐམས་ཅད་
ཀྱིས་བརྒྱན་པར་བྱས་པའི་སྐུ་རྡོ་རྗེ་ནོར་བུ་རིན་པོ་ཆེ་ཆེན་པོའི་མཚན་མ་བསྣམས་པ་བྲི་བར་བྱའོ། །འདི་དག་ལ་ཁྱད་པར་གྱི་དགག་པ་ནི་མེད་དོ། །དེ་ལ་རྡོ་རྗེ་སེམས་མའི་གནས་སུ་རྡོ་རྗེ་ནོར་བུའི་རྡོ་རྗེ་རྩ་ལྔ་པས་མཚན་པའོ། །རིན་ཆེན་རྡོ་རྗེ་མའི་གནས་སུ་རྡོ་རྗེ་རིན་པོ་ཆེའི་མྱུ་གུ་མའི་རིན་པོ་ཆེའི་ཕྲེང་བའོ། །རྡོ་རྗེ་ཆོས་མའི་གནས་སུ་རིན་ཆེན་པདྨའི་འདབ་མ་བཅུ་དྲུག་པ་པདྨའི་གནས་སུ་ཡིད་བཞིན་ནོར་བུ། ལས་ཀྱི་རྡོ་རྗེ་མའི་གནས་སུ་རྡོ་རྗེ་རིན་ཆེན་ཆར་འབེབས་མའི་རིན་པོ་ཆེ་རྒྱ་གྲམ་གྱི་དབུས་སུ་རྡོ་རྗེ་ནོར་བུ་ཆེན་པོའོ། །བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་ནི། ནོར་བུའི་ཁུ་ཚུར་གྱིས་དྲིལ་བུ་བསྣམས་ཤིང༌། དེ་ཉིད་ཀྱིས་བསྙེམས་པ་དང་བཅས་པ་དང༌། ཕྱག་གཡས་པ་ན་རྡོ་རེ་ནོར་བུ་དང་བཅས་པའི་མཆོག་སྦྱིན་པའི་ཕྱག་རྒྱས་བཞུགས་པའོ། །ནོར་བུའི་མཚན་མ་ནི། གཡོན་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་དྲིལ་བུས་བསྙེམས་པ་དང་བཅས་པ་དང༌། གཡས་པས་ཁ་ཊྭཱཾ་གའི་ཕྱག་རྒྱས་ནོར་བུས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་སྙིང་གར་འདེབས་པའི་ཚུལ་གྱིས་བསྣམས་པའོ། །རིན་ཆེན་རྒྱལ་པོ་ནི་རྡོ་རྗེ་ནོར་བུས་མཚན་པའི་རིན་པོ་ཆེའི་ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་སྡུད་པར་མཛད་པའོ། །ནོར་བུའི་ཆགས་པ་ནི་རིན་ཆེན་མངའ་དང་གཞུས་དེ་བཞིན་གཤེགས་པ་ཐམས་ཅད་འབིགས་པར་མཛད་པའོ། །རིན་ཆེན་ལེགས་པ་ནི་ཕྱག་གཉིས་ཀྱི་ཁུ་ཚུར་ལེགས་པར་སྦྱིན་པའི་ཚུལ་གྱིས་མཉེས་པར་བྱེད་པའོ། །རིན་ཆེན་ལྟ་བ་ནི་མིག་གཉིས་དང་ལྡན་པའི་རིན་པོ་ཆེའི་གཙུག་ཏོར་དང་བཅས་པའི་རིན་པོ་ཆེའི་ཕྲེང་བ་མགོ་ལ་བཅིང་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བའོ། །རིན་ཆེན་ཕྲེང་བ་ཡང་དེ་བཞིན་དུ་དབང་བསྐུར་བར་བྱེད་པ་ལས། ཁྱད་པར་ནི་འདི་ཡིན་ཏེ། མིག་སྤངས་པའི་ནོར་བུའི་ཕྲེང་བའོ། །ནོར་བུ་ཉི་མ་ནི་ཕྱག་གཡས་ན་རིན་པོ་ཆེས་མཚན་པའི་ཉི་མའི་དཀྱིལ་འཁོར་བསྣམས་ཏེ། འོད་ཀྱིས་སྣང་བར་མཛད་པ་དང༌། ཕྱག་གཡོན་གདན་ལ་བརྟེན་ཅིང་བཞུགས་པའོ། །ནོར་བུའི་དཔལ་གྱི་ཕྱག་གཡས་ན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྣམས་པ། དེ་བཞིན་གཤེགས་པ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་སྦྱོར་བ་དང༌། ཕྱག་གཡོན་པ་གདན་ལ་བརྟེན་ནས་བཞུགས་
པའོ། །རིན་ཆེན་བཞད་པ་ནི་ཕྱག་གཡས་ཀྱིས་སོའི་ཕྲེང་བ་གཉིས་ཀྱི་རྩེ་མོ་ན་ནོར་བུས་མཚན་པའི་རྡོ་རྗེ་རིན་པོ་ཆེ་གཉིས་བསྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་འཛུམ་ཞིང་རིན་པོ་ཆེའི་བཞད་པ་རྨད་དུ་བྱུང་བ་ལ་ངེས་པར་སྦྱོང་བ་ཕྱག་གཡས་པ་གདན་ལ་བརྟེན་ནས་བཞུགས་པའོ། །རིན་ཆེན་པདྨའི་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱས་པདྨ་འདབ་མ་བཅུ་དྲུག་པ་ཡིད་བཞིན་གྱི་ནོར་བུས་མཚན་པ་བསྣམས་པའོ། །གཏོང་བ་ཏིང་ངེ་འཛིན་ཡེ་ཤེས་ཀྱི་སྙིང་པོ་ནི་པདྨ་འདབ་མ་བཅུ་དྲུག་པ་ནོར་བུས་མཚན་པ་གཡོན་པ་ནོར་བུའི་ཁུ་ཚུར་བསྙེམས་པའི་ཚུལ་དང༌། གཡས་པའི་ཕྱག་གིས་རང་གི་ཐུགས་ཀར་འབྱེད་པའོ། །རིན་ཆེན་རྣོན་པོ་ནི་གཡོན་པའི་རིན་པོ་ཆེའི་ཁུ་ཚུར་གྱི་ནོར་བུས་མཚན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་ཐུགས་ཀར་བསྣམས་ནས་ཕྱག་གཡས་པས་ནོར་བུས་མཚན་པའི་རལ་གྲིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་པའི་ཚུལ་ཅན་ནོ། །ནོར་བུའི་འཁོར་ལོ་ནི་ནོར་བུས་མཚན་པའི་འཁོར་ལོ་རྩིབས་བརྒྱད་པ་ཕྱག་གཡས་པའི་གུང་མོ་ལ་བསྐོར་བ་དང༌། ཕྱག་གཡོན་པ་གདན་ལ་བརྟེན་ཅིང་བཞུགས་པའོ། །ནོར་བུའི་གསུང་བ་ནི་ཕྱག་གཡས་པས་ནོར་བུས་མཚན་པའི་ལྕེའི་དེ་བཞིན་གཤེགས་པ་ཐམས་ཅད་དང་ཆོས་བདག་མེད་པའི་གཏམ་སྨྲ་བར་མཛད་པ་དང༌། ཕྱག་གཡོན་གདན་ལ་བརྟེན་ནས་བཞུགས་པའོ། །རིན་ཆེན་ཆར་འབེབས་ནི་ཕྱག་གཡོན་པ་རིན་པོ་ཆེའི་ཁུ་ཚུར་གྱིས་ནོར་བུ་རྒྱ་གྲམ་གྱི་དྲིལ་བུ་བསྣམས་ཤིང་བསྙེམས་པ་དང་བཅས་པའི་ཚུལ་དང༌། ཕྱག་གཡས་པས་རིན་པོ་ཆེ་ཆར་འབེབས་པའི་ཚུལ་དུ་མཛད་པའོ། །རིན་ཆེན་མཆོད་པ་ནི་རིན་ཆེན་ཆར་འབེབས་བཞིན་དུ་གཡོན་བསྙེམས་པའི་ཚུལ་དང༌། ཕྱག་གཡས་པ་ནོར་བུས་མཚན་པའི་སྣ་ཚོགས་རྡོ་རྗེ་རང་གི་ཐུགས་ཀར་བསྟོད་པའི་ཚུལ་གྱིས་བསྣམས་པའོ། །ནོར་བུའི་བསྲུང་བ་ནི་ནོར་བུས་མཚན་པའི་གོ་ཆ་བསྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་གོ་བསྐོན་པའི་ཚུལ་དུ་མཛད་པའོ། །ནོར་བུའི་གནོད་སྦྱིན་ནི་སྐུ་མདོག་ནག་པོ་ཞལ་མཆེ་བ་གཙིགས་པས་འཇིགས་པ། ཁུ་ཚུར་གཉིས་ཀྱིས་ནོར་བུས་མཚན་པའི་མཆེ་བ་གཉིས་ཁའི་འགྲམ་དུ་འཛིན་ཅིང་བཞུགས་པས་དེ་བཞིན་གཤེགས་པ་ཐམས་ཅད་
འཇིགས་པར་མཛད་པའོ། །ནོར་བུའི་ཁུ་ཚུར་ནི་དམ་ཚིག་གི་ནོར་བུའི་ཁུ་ཚུར་གཉིས་ཀྱི་ནང་དུ་ནོར་བུས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་བཙིར་ཞིང་བཞུགས་པའོ། །རིན་ཆེན་སྒེག་མོ་ནི་རིན་པོ་ཆེས་མཚན་པའི་རྡོ་རྗེ་གཉིས་བསྣམས་པས་རིན་པོ་ཆེ་འགྱིང་བའི་ཚུལ་གྱིས་གཡོན་ནས་གཡས་སུ་མགོ་བོ་འདུད་པའི་ཚུལ་དུ་བྱེད་པའོ། །རིན་ཆེན་ཕྲེང་བ་མ་ནི་རིན་ཆེན་ཕྲེང་བས་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བའོ། །རིན་ཆེན་གླུ་མ་ནི་རིན་པོ་ཆེའི་པི་ཝང་བརྡུང་བའི་ཚུལ་དུ་བྱེད་པའོ། །རིན་ཆེན་གར་མ་ནི་རྡོ་རྗེ་ནོར་བུས་མཚན་པའི་ཕྱག་གཉིས་གར་མཛད་ཅིང་བཞུགས་པའོ། །རིན་ཆེན་བདུག་པ་མ་ནི་རིན་པོ་ཆེའི་སྤོས་སྣོད་བསྣམས་ནས། རིན་པོ་ཆེའི་བདུག་པས་དེ་བཞིན་གཤགས་པ་ཐམས་ཅད་ཚིམ་པར་མཛད་པའོ། །རིན་པོ་ཆེའི་མེ་ཏོག་ནི་ཕྱག་གཡོན་གྱིས་རིན་པོ་ཆེའི་མེ་ཏོག་གི་སྣོད་ཐོགས་ཏེ། ཕྱག་གཡས་པས་རིན་པོ་ཆེའི་མེ་ཏོག་གི་ཆར་འབེབས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་མཛད་པའོ། །རིན་པོ་ཆེའི་མར་མེ་མ་ནི་རིན་པོ་ཆེའི་མཆོད་སྡོང་བསྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྣང་བར་མཛད་པའོ། །རིན་པོ་ཆེའི་བྱུག་པ་ནི་ཕྱག་གཡོན་པས་རིན་པོ་ཆེའི་དུང་ཆོས་བསྣམས་ཏེ། ཕྱག་གཡས་ཀྱིས་དྲིའི་སྤྲིན་གྱིས་ཆར་འབེབས་པར་མཛད་པའོ། །རིན་པོ་ཆེའི་ལྕགས་ཀྱུ་ནི་ལྷའི་བུ་སྐྱ་རེངས་ཀྱི་གཟུགས་ཅན་རིན་པོ་ཆེའི་ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་གྱི་སྒོ་དང་ཉེ་བར་སྡུད་པར་མཛད་པའོ། །རིན་པོ་ཆེ་ཞགས་པ་ནི་རིན་པོ་ཆེའི་ཞགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པར་མཛད་པའོ། །རིན་ཆེན་ལྕགས་སྒྲོག་ནི་དེ་བཞིན་གཤེགས་པ་ཐམས་ཅད་འཆིང་བར་མཛད་པའོ། །རིན་ཆེན་འབེབས་པ་ནི་རིན་པོ་ཆེའི་དྲིལ་བུས་དེ་བཞིན་གཤེགས་པ་ཐམས་ཅད་འབེབས་པར་མཛད་པའོ།། ཤར་ཕྱོགས་ཀྱི་ལྷའི་སྣམ་བུའི་ནང་དུ་བསྐལ་བ་བཟང་བོ་ནོར་བུས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ། །ལྷོ་ཕྱོགས་སུ་རིན་ཆེན་ཕྲེང་བ་བསྣམས་པའོ། །ནུབ་ཕྱོགས་སུ་རིན་ཆེན་པདྨ་བསྣམས་པའོ། །བྱང་ཕྱོགས་སུ་ནོར་བུས་མཚན་པར་སྣ་ཚོགས་རྡོ་རྗེ་བསྣམས་པ་གཞག་པར་བྱའོ། །དེ་ལྟར་
དཀྱིལ་འཁོར་བྲིས་ནས། ཕྱི་རོལ་ཉེ་འཁོར་ཀུན་དུ་དྲིས་བྱུགས་ནས། མེ་ཏོག་གཏོར་བར་བྱའོ། །དོན་ཐམས་ཅད་གྲུབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། མེ་ཏོག་གི་ཕྲེང་བ་བླངས་ལ། རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་འཇུག་པར་བྱ་ཞིང༌། ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་དཱ་ཧཱུཾ། ཞེས་བརྗོད་པར་བྱའོ། །ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷག་པ་དང་མ་ཚད་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་བལྟས་ལ་རྡོ་རྗེ་རིན་པོ་ཆེའི་དྲིལ་བུ་དཀྲོལ་ཞིང༌། དཀྱིལ་འཁོར་ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་ལ་ཕྲེང་བ་དེ་ཕུལ་ཏེ། རྡོ་རྗེ་རིན་པོ་ཆེའི་གར་བྱས་ནས་རང་གི་མགོ་ལ་བཅིང་བར་བྱའོ། །ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་དཱ་ཧཱུཾ། ཞེས་ཀྱང་རྒྱུན་མི་འཆད་པ་ཁོ་ནར་བཟླ་བར་བྱའོ། །དེ་སྐད་དུ་ཡང༌། རྡོ་རྗེ་དྲིལ་བུ་བསྐུལ་བས། །མཁས་པས་མ་ཚང་ཡོངས་སུ་བསྐོང༌། །ལྷག་པ་ཡང་ནི་དོར་མཛད་པས། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཞེས་གསུངས་སོ། །དེའི་རྗེས་ལ་ཡི་གེ་ཧཱུཾ་ལས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསམ་པར་བྱའོ། །དེ་ནས་དབུས་སུ་འདུག་ནས་ནི། །རྡོ་རྗེ་སློབ་དཔོན་མཉམ་གཞག་པས། །རིན་ཆེན་སྒོ་ནི་རྣམ་བཞི་པོ། །ཡིད་ཀྱིས་སུ་ནི་དབྱེ་བར་བྱ། །ཨོཾ་བཛྲ་ཨུདྒྷ་ཏྲ་ཡ་ས་མ་ཡ་པྲ་བེ་ཤ་ཧཱུཾ། ཞེས་བྱ་བ་དང༌། ཕྱག་རྒྱ་དང་བཅས་པས་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་མཛུབ་སོར་གཉིས་ལེགས་པས། །སྦྱར་ལ་བཀན་ཏེ་བཟླས་ནས་སུ། །རབ་ཏུ་ཁྲོས་ནས་དབྱེ་བ་ན། །སྒོ་འབྱེད་པ་ཡི་མཆོག་ཡིན་ནོ། །དེ་ནས་རིན་པོ་ཆེ་འམ་ས་ལས་བྱས་པའི་བུམ་པ་རྩ་བ་མི་གནག་པ་གསུས་པ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ། རིན་པོ་ཆེ་ཐམས་ཅད་དང༌། སྨན་དང་དྲིའི་ཆུས་ཡོངས་སུ་བཀང་བ་རྡོ་རྗེ་ནོར་བུས་མཚན་པའི་རྡོ་རྗེ་རིན་པོ་ཆེའི་ནོར་བུའི་སྟེང་དུ་གཞག་པ། མགུལ་བ་རས་བཟང་པོས་བཅིངས་པ། འདབ་མ་དང་འབྲས་བུ་དྲི་ཞིམ་པས་ཁ་བརྒྱན་པ་དྲིས་ཀུན་དུ་བྱུགས་ཏེ། མེ་ཏོག་གི་ཕྲེང་བ་བཏགས་པ་སྔར་བསྙེན་པ་བྱས་པ་རྡོ་རྗེ་ནོར་བུ་ཆེན་པོའི་ཕྱག་རྒྱས་རིན་པོ་ཆེའི་མེ་ཏོག་གི་ལྕུག་མ་བཟུང་ལ། ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ། ཞེས་ལན་སྟོང་རྩ་བརྒྱད་བཟླ་བ་དང༌། བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་ལན་བརྒྱ་རྩ་བརྒྱད་བཟླས་པའི་བུམ་པ་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའི་སྤྱན་སྔར་གཞག་པར་བྱའོ། །བུམ་པ་གཉིས་པ་ནི་དོན་ཐམས་ཅད་གྲུབ་པ་ལན་བརྒྱ་རྩ་བརྒྱད་
བཟླས་ལ་འཇུག་པའི་སྒོ་མངོན་པར་ཕྱོགས་པར་གཞག་པར་བྱའོ། །དེས་འཇུག་པའི་དུས་སུ་བདག་དང་སློབ་མ་དབང་བསྐུར་བར་བྱའོ། །རྡོ་རྗེ་ནོར་བུ་ཆེན་པོའི་ཕྱག་རྒྱ་བཅིང་བ་དང༌། འཆིང་དུ་གཞུག་པར་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་བུམ་པ་སོ་སོའི་མཚན་མས་མཚན་པ་ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་དཀྱིལ་འཁོར་ཀུན་ལ་བསྐོར་ཏེ་བཞག་ལ། བུམ་པ་གང་བ་ལ་ཡང་དེའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་གཞག་པར་བྱའོ། །གལ་ཏེ་མེད་ན་བཅོམ་ལྡན་འདས་རྡོ་རྗེའི་སྙིང་པོའི་བུམ་པ་དང༌། རྣམ་པར་སྣང་མཛད་དང༌། རིན་ཆེན་ལྟ་བ་དང༌། རིན་ཆེན་པདྨ་དང༌། རིན་ཆེན་ཆར་འབེབས་རྣམས་ཀྱི་རང་རང་གི་སྔགས་ཀྱིས་བུམ་པ་ལ་བཟླས་ནས་དབུལ་བར་བྱའོ། །ཨོཾ་བཛྲ་མཱ་ལེ་ཧཱུ། ཞེས་བྱ་བ་རིགས་ཀྱི་སྙིང་པོ་འདིས་དོན་ཐམས་ཅད་གྲུབ་པའི་བུམ་པ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་དོན་ཐམས་ཅད་གྲུབ་པའི་རིགས་ཀྱི་ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །ཨོཾ་མ་ནི་རཏྣེ་ཧཱུཾ། ཞེས་བྱ་བས་རིན་ཆེན་ལྟ་བའི་རིགས་ཀྱི་བུམ་པ་ལའོ། །ཨོཾ་དྷརྨྨ་རཏྣེ་ཧཱུཾ། ཞེས་བྱ་བས་རིན་ཆེན་པདྨའི་རིགས་ཀྱི་བུམ་ཕ་ལའོ། །ཨོཾ་དྲྀཥྚ་ཧྲཱི་ཧཱུཾ། ཞེས་བྱ་བས་རིན་ཆེན་ཆར་འབེབས་ཀྱི་བུམ་པ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། རིན་ཆེན་ཆར་འབེབས་ཀྱི་ལྷ་རྣམས་ལ་དབུལ་བར་བྱའོ། །དེ་ནས་བདག་པོ་ལྔའི་བུམ་པ་གང་བ་དང༌། རིགས་བཞིས་གང་བའི་བུམ་པ་བཞིས་དབུལ་བ་དང༌། བྱམས་པ་ལ་སོགས་པ་རྣམས་ལ་གང་བའི་བུམ་པ་གཅིག་ལ་དེའི་རིག་པ་བཟླས་ནས་དབུལ་བར་བྱའོ། །གལ་ཏེ་མ་རྙེད་པར་གྱུར་ན་བཅུ་ལས་ཉུང་བར་མི་བྱའོ་ཞེས་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་སོ། །དེ་ནས་སྔ་མ་བཞིན་དུ་ཁྲུས་བྱ་བ་དང༌། རྣལ་འབྱོར་ཆེན་པོ་ཡང་དག་པར་བསྒྲུབས་ལ། དོན་ཐམས་ཅད་གྲུབ་པའི་གཟུགས་དང་རྗེས་སུ་མཐུན་པའི་རྒྱན་གདགས་པ་གོས་ཐམས་ཅད་ལ་དྲི་དང་བདུག་པས་ལེགས་པར་བསྒོས་ནས་རིན་ཆེན་གནོད་སྦྱིན་ཡོངས་སུ་བཟླས་ཏེ། ཟེའུ་ཀ་བཅིང་བ་ལ་སོགས་པ་དང༌། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་རིན་ཆེན་གྱིས་རྒྱན་ཐམས་ཅད་ལ་མངོན་པར་བསྔགས་ལ། ཇི་ལྟར་རྗེས་སུ་མཐུན་པའི་སློབ་དཔོན་བདག་ཉིད་ལ་རྣམ་པར་བརྒྱན་ཏེ། ཡང་ཅོད་པན་ལ་རིན་པོ་ཆེའི་མྱུ་གུ་དང༌། དར་དབྱངས་ལ་རྡོ་རྗེ་རིན་ཆེན་ཡོངས་སུ་བཟླས་
ཏེ། ཅོད་པན་དང་དར་དབྱངས་ཀྱི་དབང་བསྐུར་བས། བདག་ཉིད་ལ་དབང་བསྐུར་ནས། མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་མངོན་སུམ་ལྟ་བུར་བསམས་ནས། ཕྱག་བྱས་ལ་མཆོད་ཡོན་ཕུལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། རྡོ་རྗེ་ནོར་བུ་དང་རིན་པོ་ཆེའི་དྲིལ་བུ་བཟུང་སྟེ། གདོང་གཡོགས་ཀྱི་གོས་ལ་ནོར་བུའི་གནོད་སྦྱིན་དང་སྒོ་སྲུང་ཡོངས་སུ་བཟླས་ཏེ། གདོང་གཡོགས་བཅིངས་ལ་ལག་ན་མེ་ཏོག་ཐོགས་ནས། སློབ་དཔོན་གྱིས་ཕྱག་བཞི་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། སྡོམ་པ་གཟུང་ལ། བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་བྱ་བ་ལ་སོགས་པ་བྱའོ། །དེ་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་ལ་དབང་བསྐུར་ལ། རྡོ་རྗེ་ནོར་བུ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། འཇུག་པའི་ཆོ་གས་ཞུགས་པར་བྱའོ། །དེ་ནས་རྡོ་རྗེའི་ཆུ་འཐུངས་ལ་བདག་ཉིད་ལ་དབབ་པར་བྱས་ཏེ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་ལག་པ་གཡས་པའི་རྡོ་རྗེ་ནོར་བུ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་ལ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱི་མཛུབ་མོས་ཡང་དང་ཡང་དྲལ་བར་བྱ་ཞིང༌། ཨ་ཨ་ཞེས་ལན་བརྒྱ་བཟླའོ། །དེ་ནས་ཇི་ལྟ་བ་བཞིན་དུ་མེ་ཏོག་གི་ཕྲེང་བ་དོར་ལ། རང་གི་སྤྱི་བོར་བཅིང་བ་དང༌། གདོང་གཡོགས་བཀྲོལ་ཏེ་དཀྱིལ་འཁོར་བལྟས་ནས་དབབ་པ་ཉེ་བར་བསྡུ་བ་བྱའོ། །སློབ་དཔོན་གྱིས་དབང་བསྐུར་བའི་ཆོ་གས་དབང་བསྐུར་བར་བྱས་ལ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། མིག་དབྱེ་བ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཚིགས་སུ་བཅད་པ་གཉིས་ཀྱིས་རྗེས་སུ་གནང་བ་ནོས་ཏེ། དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་ནོར་བུ་བཟུང་ནས། ཆོས་ཀྱི་རིན་པོ་ཆེའི་དྲིལ་བུ་དཀྲོལ་ཏེ། དེ་ནས་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཏེ། དོན་ཐམས་ཅད་གྲུབ་པའི་སྙིང་པོ་ཟློས་ཤིང༌། དངོས་གྲུབ་ཀྱི་རྡོ་རྗེ་ནོར་བུའི་བརྟུལ་ཞུགས་བླངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་དང༌། ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པ་དང༌། གཟེངས་བསྟོད་པ་དང༌། ལུང་བསྟན་པ་ཡང་བླང་ངོ༌། །ཡང་བདག་ལ་བྱིན་གྱིས་བརླབས་པ་དང༌། ཕྱག་རྒྱ་དང༌། ཅོད་པན་དང༌། རྡོ་རྗེ་ནོར་བུ་དང༌། བདག་པོ་དང་མིང་གི་དབང་བསྐུར་བ་ཡང་བདག་ཉིད་ཀྱིས་བྱས་ལ་བདག་ཉིད་ཡང་དག་པར་
མཆོད་དེ། བསྒོམ་པར་བྱས་ནས་དོན་ཐམས་ཅད་གྲུབ་པ་བདག་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བདག་ཉིད་ཀྱི་མིང་གང་ཡང་རུང་བ་ནས་བརྗོད་ཅིང༌། རྡོ་རྗེ་ནོར་བུ་དང༌། རིན་པོ་ཆེའི་དྲིལ་བུ་གཟུང་བ་ཉིད་ཀྱིས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རྣམ་པར་སྣང་མཛད་ཀྱི་གནས་སུ། ཨོཾ་བུདྡྷ་རཏྣ་ཧཱུཾ་ཨ་ཞེས་བྱ་བས། རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་ནོར་བུས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱའོ། །དེ་ནས་བཛྲ་ཨ་ཧཾ་ཞེས་བྱ་བས་དེ་བཞིན་གཤེགས་པའི་རྡོ་རྗེའི་ང་རྒྱལ་དུ་བསྒོམ་པར་བྱའོ། །རྡོ་རྗེ་དེ་ཉིད་ཡ་ཐཱ་སརྦྦ་ཏ་ཐཱ་ག་ཏ་ཏ་ཐཱ་ཨ་ཧཾ་ཞེས་བྱ་བས་རྣམ་པར་སྣང་མཛད་ཀྱི་བདག་ཉིད་བསྒོམ་པར་བྱའོ། །དེ་ལྟར་རྡོ་རྗེ་དྲིལ་བུའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་མ་ཎིརྟྣ་ཨ་ཨཱ་བེ་ཤ་ཞེས་བྱ་བས། རིན་ཆེན་འབེབས་པའི་གནས་སུ་རིན་ཆེན་འབེབས་པའི་ངོ་བོ་རིན་པོ་ཆེ་དྲིལ་བུར་བསམ་པར་བྱའོ། །རཏྣ་ཨ་བི་ཤ་གྷཙྜ་ཨ་ཧཾ་ཞེས་བྱ་བས། རིན་པོ་ཆེ་དྲིལ་བུའི་ང་རྒྱལ་བསྒོམ་པར་བྱའོ། །རིན་པོ་ཆེ་དྲིལ་བུ་དེ། མ་ཎི་རཏྞ་ཨཱ་བེ་ཤ་ཧཾ། ཞེས་བྱ་བས་བྱང་ཆུབ་སེམས་དཔའ་ཆེན་པོ་རིན་ཆེན་ཆར་འབེབས་པའི་སྐུར་བདག་ཉིད་བསམ་པར་བྱའོ། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་རྡོ་རྗེས་བསྒྲུབ་པར་བྱའོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་དཀྱིལ་འཁོར་གྱི་སྒོ་ཕྱེ་ལ། བསྡུ་བ་བྱས་ཏེ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། སྒོ་ཐམས་ཅད་དུ་རིན་ཆེན་ལྕགས་ཀྱུ་ལ་སོགས་པ་ཕྱག་རྒྱ་རྣམས་ཀྱིས་ལས་བྱས་ནས་སྔ་མ་བཞིན་དུ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་ལ། རབ་དང་དྲ་བ་ཡང་བྱས་ནས། ནོར་བུའི་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས་སྒོ་རྣམས་བཅད་ལ་ནོར་བུའི་སྲུང་བས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ཏེ། དོན་ཐམས་ཅད་གྲུབ་པའི་སྙིང་པོ་འདིས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་མཆོད་ཡོན་ཕུལ་ནས། སྔ་མ་བཞིན་དུ་ཞལ་བསིལ་གྱི་ཕྱག་རྒྱས་ཀྱང་ཞལ་བསིལ་དབུལ་བར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཨོཾ་བུདྡྷ་རཏྣ་དྲྀ་ཤྱ་ཛཿ་ཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ་ཨ་ཧཾ། ཨོཾ་བུདྡྷ་རཏྣ་ཧཱུཾ་ཞེས་ལན་གསུམ་བརྗོད་ཅིང་རྣམ་པར་སྣང་མཛད་བསྒྲུབ་པར་བྱའོ། །དེ་བཞིན་དུ་ནོར་བུ་རིན་ཆེན་འབེབས་པའི་བར་དུ་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་དྲྀ་ཤྱ་ཛཿ་ཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ།
ས་མ་ཡ་སྟྭཾ་ཨ་ཧཾ། ཨོཾ་མ་ཎྀ་རཏྣ་ཨཱ་བེ་ཤ་ཨཱ། ཞེས་བྱ་བ་ལན་ གསུམ་བརྗོད་ཅིང༌། ནོར་བུ་རིན་ཆེན་འབེབས་པ ་བསྒྲུབ་པར་བྱའོ། །སྔ་མ་བཞིན་དུ་བསྐལ་བ་བཟང་པོའི་དམ་ཚིག་གི་ཕྱག་རྒྱས་བསྐལ་བ་བཟང་པོ་སྔ་མས་བསྒྲུབ་པར་བྱའོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་ས་རྣམ་པར་སྣང་མཛད་ལ་སོགས་པ་ནས། བསྐལ་བ་བཟང་པོའི་མཐར་ཐུག་པ་བསྒྲུབས་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་སྟེ། རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་དབང་བསྐུར་ལ། རིན་པོ་ཆེའི་མྱུ་གུའི་དམ་ཚིག་གི་ཕྱག་རྒྱས་རིན་པོ་ཆེའི་བསྐལ་པ་བཟང་པོ་ལ་མཐར་ཐུག་པ་ཐམས་ཅད་དབང་བསྐུར་ཏེ། མཆོད་ཡོན་ཕུལ་ནས་མཆོད་པའི་ཁྱད་པར་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པར་བྱའོ། །དེ་ལ་དང་པོར་གོས་དང་རྒྱན་ཐམས་ཅད་ལ་ནོར་བུའི་གནོད་སྦྱིན་དང༌། དོན་ཐམས་ཅད་གྲུབ་པ་དང༌། ཡི་གེ་ཨོཾ་ཡོངས་སུ་བཟླས་ཏེ། ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །གདུགས་དང་རྒྱལ་མཚན་དང༌། བླ་རེ་སྣ་ཚོགས་རྣམས་དང༌། ཡང་མེ་ཏོག་གི་ཤིང་བརྒྱའམ། མེ་ཏོག་གི་ཤིང་བཞི་ལ། མེ་ཏོག་དང༌། དེ་ནས་དྲི་དང༌། བདུག་པ་དང༌། ལྷ་བཤོས་དང༌། མར་མེ་ལ་སྔ་མ་བཞིན་དུ་སྔགས་བཟླས་ལ་དབུལ་བར་བྱའོ། །རོལ་མོ་བརྡུང་བའི་སྔགས་དང༌། ཕྱག་རྒྱ་རྣམས་ཀྱིས་རོལ་མོ་ཐམས་ཅད་སྔར་བཤད་པ་བཞིན་དབུལ་བ་དང༌། དར་ཡང་དཔྱད་པར་བྱ་བ་དང༌། ཕྲེང་བ་སྔ་མས་རྣམ་པར་བརྒྱན། །དྲ་བ་དྲ་བ་ཕྱེད་པས་སྤྲས། །ཟླ་བ་ཕྱེད་པས་ཉེ་བར་མཛེས། །རྟ་བབས་ཡིད་དུ་འོང་བ་ཡི། །དྲིལ་བུ་ལ་སོགས་བཅང་བ་དང། །རྟ་དང་གླང་པོའི་ཁྱུ་རྣམས་དང༌། །ཤིན་ཏུ་བརྟགས་ནས་དབུལ་བར་བྱ། །ནོར་བུའི་གནོད་སྦྱིན་དང༌། དོན་ཐམས་ཅད་གྲུབ་པ་དང༌། ཡི་གེ་ཨོཾ་མངོན་པར་བཟླས་ཏེ། དེ་ལ་མཆོད་པ་ཐམས་ཅད་དབུལ་བའི་སྙིང་པོ་ནི་འདི་ཡིན་ཏེ། བཛྲ་སྥ་ར་ཎ་ཁཾ། དེ་ནས་རིན་པོ་ཆེ་སྒེག་མོ་ལ་སོགས་པའི་མཆོད་པ་རྣམས་པ་བརྒྱད་ཀྱིས་མཆོད་པ་དང༌། ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་རྣམ་པ་བཅུ་དྲུག་གིས་དཀྱིལ་འཁོར་ཡང་དག་པར་མཆོད་ལ། ཡི་གེ་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལྔ་བདུན་ལ་སོགས་པས་ནམ་མཁའ་བཀང་ལ། ཨོཾ་སརྦྦ་བིཏྤཱུ་ར་པཱུ་ར་སུ་ར་
སུ་ར་ཨཱ་བརྟ་ཨཱ་བརྟ་ཧོ། །ཞེས་བྱ་བ་འདིས་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས་མཆོད་པའི་སྤྲིན་ཐམས་ཅད་དབུལ་བར་བྱའོ། །ཡང་རིན་ཆེན་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་རྣམ་པ་བཞིས་ཡང་དག་པར་མཆོད་ལ་དངོས་གྲུབ་ཐམས་ཅད་འགྲུབ་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་དོན་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ལས་གསུངས་པའི་ཆོ་གས་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་བཏབ་སྟེ། ཕྱག་འཚལ་ནས་སློབ་མ་གཞུག་པའི་གནང་བ་ནོད་པར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བ་ཡིས། རིན་ཆེན་སློབ་དཔོན་དཀའ་ཐུབ་ཆེས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །ཞེས་བྱ་བ་ནི་རིན་པོ་ཆེ་སློབ་དཔོན་གྱི་ཆོ་ག་རྒྱས་པའོ། །དེའི་རྗེས་ལ་སློབ་དཔོན་མ་གཞུག་པར་བྱ་སྟེ། དང་པོར་རེ་ཞིག་ཇི་ལྟ་བ་བཞིན་དུ་ལྷག་པར་གནས་པ་བྱས་ལ་དབང་བསྐུར་བར་འོས་པ་བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བའམ་དགེ་སྤྱོད་དམ། དགེ་སློང་གི་སྡོམ་པ་ཡོངས་སུ་གཟུང་བའི་སློབ་མ་ལག་ན་མེ་ཏོག་ཐོགས་པ་སློབ་དཔོན་ལ་མངོན་པར་ཕྱག་ནས་འདིས་སྐད་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་གནང༌། །དེ་ནས་ཇི་སྐད་དུ་བཤད་པའི་གོས་ཀྱིས་དགོང་གཡོགས་བཅིང་པ་དང༌། སྟོད་གཡོགས་དང་སྨད་གཡོགས་བསྐོན་ཏེ། སྒོ་བཞི་ནས་སློབ་མ་ཕྱག་བཞི་བྱེད་དུ་གཞུག་གོ །ཕྱག་བཞི་བྱས་ཟིན་པ་དང༌། ཡང་སློབ་དཔོན་ལ་ཕྱག་བྱས་ལ་ལག་ན་མེ་ཏོག་ཐོགས་པའི་ཐལ་མོ་སྙིང་གར་སྦྱར་ཏེ་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རིན་པོ་ཆེ་མིང་འདི་ཞེས་བགྱི་བས། ཕྱོགས་
བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་སོ་སོར་བཤགས་པས་སོ་སོར་བཤགས་པར་བགྱིའོ། །ཕྱོགས་བཅུ་ན་འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། རང་སངས་རྒྱས་དང༌། འཕགས་པ་ཉན་ཐོས་དང༌། ཡང་དག་པར་སོང་བ་དང༌། ཡང་དག་པར་ཞུགས་པ་རྣམས་སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་ཡི་རང་བར་བགྱིའོ། །ཕྱོགས་བཅུའི་སངས་གྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་གསོལ་བར་འཚལ་ལོ། །དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པ་ཉི་མ་མ་ལུས་པ། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །སློབ་དཔོན་དབང་དུ་གནས་པ་ལ། སངས་རྒྱས་རོལ་མོ་ལས་བྱུང་བའི། །མི་ལྡོག་འཁོར་ལོའི་འབྱོར་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བ་རིགས་མཐོ་ཐམས་ཅད་དུ། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་པ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང༌། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་པོ་ཆེ། །སེམས་ཅན་ཀུན་གྱི་དོན་བགྱིད་ཅིང༌། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང༌། །
དམ་ཚིག་སྡོམ་དང་གསང་བ་ཡི། །འཁོར་ལོ་འདིར་ཡང་འཇུག་པར་འཚལ། །དེ་ནས་སློབ་དཔོན་གྱིས་ཀྱང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གསང་བ་ཆེན་པོ་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱའོ། །སངས་རྒྱ་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་ གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་དག་པ ་ཡི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་ གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ ་རྣམ་བཞི་རབ་ཏུ་སྦྱིན།། ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ལས་གཞན་པ་བཅུ་བཞི་འདི། །ཕས་ཕམ་བར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གང་ཚེ་ཉམས་འགྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླངས་ངོ༌། །འདོད་པ་ལོག་པར་མི་སྤྱད་ཅིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ནིམ། །ཆང་གི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །དམ་ པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་ཅན་ནམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ ་དང༌། །དག་གི་རྣམ་བ་བཞི་རྣམས་དང༌། །ཡིད་ཀྱི་རྣམ་ པ་གསུམ ་དག་ནི། །ཅི་ནུས་པར་ནི་རྗེས་སུ་བསྐྱང༌། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་པ་དག་ཡོངས་མི་སྤོང༌།།
རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་ཡིན་གསང་བ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱ་ཞིང༌། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་ལྟར་བདག་ནི་བགྱི་བར་འཚལ། །ཇི་ལྟར་དུས་ གསུམ་མགོན་པོ་རྣམས། །བྱང་ཆུབ་སེམས་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལས། ཉིན་རེ་ཞིང་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྔོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་མི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང༌། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་དགོད། །གང་ཞིག་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ་ནི་འཇུག་པ་ཙམ་ཞིག་བྱེད་དུ་གཞུག་གི །སློབ་དཔོན་དུ་རྗེས་སུ་གནང་བ་དང་དབང་བསྐུར་བར་ཡང་མི་བྱའོ། །དེ་ནས་ཨོཾ་སརྦྦ་ཡོ་གྩིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བ་འདིས། བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་ནས་སུ། །དེ་ཡི་སྙིང་གར་
སྙིང་པོ་ནི། །རྡོ་རྗེ་རབ་ཏུ་གཞག་པར་བྱ། །སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། དེ་ནས་དོན་ཐམས་ཅད་གྲུབ་པའི་དམ་ཚིག་གི་ཕྱག་རྒྱ་དང༌། རྡོ་རྗེ་ནོར་བུ་ཆེན་པོ་ལ་སོགས་པ་རྣམ་པ་བཞིས་དེ་དོན་ཐམས་ཅད་གྲུབ་པར་བྱིན་གྱིས་བརླབ་པར་བྱའོ། །དེ་ཕྱི་རོལ་ན་གནས་པའི་དོན་ཐམས་ཅད་གྲུབ་པའི་བུམ་པས་དབང་བསྐུར་ལ། དྲི་དང་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ་ཡོན་གྱི་མཆོག་བླངས་ནས། རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་ཆེན་པོར་འཇུག་པར་བྱའོ། །དེ་ལ་དང་པོར་རེ་ཞིག་སློབ་དཔོན་རྡོ་རྗེ་ནོར་བུའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། སློབ་མ་ཡང་འཆིང་དུ་འཇུག་པར་བྱའོ། །སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་བཛྲ་མ་ཎི་ས་མ་ཡ་བཾ། དེ་ནས་དེ་ཉིད་ཀྱི་མཛུབ་མོ་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ཏེ། ཨོཾ་ཧཱུཾ་པྲ་བི་ཤ་མ་ཎི་ཛ་ཛ་ཀུ་ལཾ་ཞེས་བྱ་བའི་སྙིང་པོ་འདིས་འཇུག་པར་བྱའོ། །དེ་ནས་རིན་ཆེན་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱས་དགུག་པ་དང༌། ཡང་ལྷོ་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། རིན་ཆེན་ཞགས་པའི་ལས་ཀྱི་ཕྱག་རྒྱས་གཞུག་པ་དང༌། དེ་ནས་ནུབ་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། རིན་ཆེན་ལྕགས་སྒྲོག་གིས་བཅིང་བ་དང༌། དེ་ནས་བྱང་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། རིན་ཆེན་ཞགས་པའི་ལས་ཀྱི་ཕྱག་རྒྱས་དབང་དུ་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་རིགས་སུ་ཞུགས་ཀྱི་ངས་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་གྲུབ་པ་ཡང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱས་ནས། ཕྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རིན་ཆེན་སློབ་དཔོན་རང་ཉིད་ཀྱིས་རིན་ཆེན་ནོར་བུ་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཁ་ཐུར་དུ་བསྟན་པ་དང་གྱེན་དུ་བསྟན་པ་བཅིངས་ལ། རིན་ཆེན་སློབ་མའི་སྤྱི་བོར་གཞག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱི་གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང༌། མནའི་སྙིང་པོ་འདི་ལན་ཅིག་བཟླས་པའི་ཆུ་རིན་པོ་ཆེའི་སློབ་
མ་དེ་འཐུང་དུ་གཞུག་གོ །དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་ཨུ་ད་ཀ་ཋ། དེ་ནས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱིས་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདི་ཁྱོད་ཀྱིས་སུ་ལ་ཡང་མ་བརྗོད་ཅིག །ཁྱོད་ཚེ་རབས་ཐམས་ཅད་དུ་དབུལ་བོར་གྱུར་ཏ་རེ། སྡུག་བསྔལ་ལས་མི་འདའ་བར་གྱུར་ཏ་རེ། སེམས་ཅན་དམྱལ་བ་ན་ཡུན་རིང་དུ་གནས་པར་གྱུར་ཏ་རེ་ཞེས་བསྒོའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་ཅེས་བསྒོའོ། །དེ་ནས་རིན་ཆེན་སློབ་དཔོན་གྱིས་མྱུར་དུ་རྡོ་རྗེ་ནོར་བུ་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དུ་གཞུག་གོ །འདི་ནི་རྡོ་རྗེ་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་འབབ་པར་ཤོག ། བཛྲ་ཨཱ་བེ་ཤ་ཨཿ་ཞེས་ལན་བརྒྱའི་བར་དུ་བཟླ་བར་བྱའོ། །དེ་ནས་ཁྲོ་བོའི་ཁུ་ཚུར་བཅིངས་ནས། ཨོཾ་སརྦྦ་ཨརྠ་སིདྡྷ་པྲ་དཱ་ཧཱུཾ། ཞེས་བྱ་བའི་སྙིང་པོ་འདིས་རྡོ་རྗེ་ནོར་བུའི་དམ་ཚིག་གི་ཕྱག་རྒྱ་དྲལ་བར་བྱ་ཞིང༌། ཨ་ཨཿ་ཨ་ཨཿ་ཞེས་ལན་བརྒྱའི་བར་དུ་བཟླས་ན། བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་ངེས་པར་འབབ་པར་འགྱུར་རོ། །དེ་ལྟར་བབས་པར་གྱུར་ནས་གང་གི་ཚེ་ནོར་བུས་མཚན་པའི་དམ་ཚིག་གི་ཕྱག་རྒྱ་འཆིང་བ་དེའི་ཚེ། སློབ་དཔོན་གྱིས་ནོར་བུ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །གང་གི་ཚེ་ནོར་བུ་རྒྱལ་པོའི་ཕྱག་རྒྱ་འཆིང་བ་དེའི་ཚེ། སློབ་དཔོན་གྱིས་ནོར་བུ་གནོད་སྦྱིན་གྱི་ཕྱག་རྒྱ་བཅིང་བར་བྱའོ། །གང་གི་ཚེ་ནོར་བུ་ཆགས་པའི་ཕྱག་རྒྱ་འཆིང་བ་དེའི་ཚེ། ནོར་བུ་བསྲུང་བའི་ཕྱག་རྒྱ་བཅིང་བར་བྱའོ། །གང་གི་ཚེ་ནོར་བུ་ལེགས་པའི་ཕྱག་རྒྱ་འཆིང་བ་དེའི་ཚེ། ནོར་བུ་མཆོད་པའི་ཕྱག་རྒྱ་བཅིང་བར་བྱའོ། །གང་གི་ཚེ་དེ་བཞིན་གཤེགས་པ་ཐམས་
ཅད་དབང་བསྐུར་བའི་རིན་པོ་ཆེ་ཕྲེང་བ་འཆིང་བ་དེའི་ཚེ། ནོར་བུ་གསུང་བའི་ཕྱག་རྒྱ་བཅིང་བར་བྱའོ། །གང་གི་ཚེ་ནོར་བུ་ཉི་མའི་ཕྱག་རྒྱ་འཆིང་བ་དེའི་ཚེ། ནོར་བུ་འཁོར་ལོའི་ཕྱག་རྒྱ་བཅིང་བར་བྱའོ། །གང་གི་ཚེ་ནོར་བུ་དཔལ་གྱི་ཕྱག་རྒྱ་འཆིང་བ་དེའི་ཚེ། ནོར་བུ་རྣོན་པོའི་ཕྱག་རྒྱ་བཅིང་བར་བྱའོ། །གང་གི་ཚེ་རིན་ཆེན་བཞད་པའི་ཕྱག་རྒྱ་འཆིང་བ་དེའི་ཚེ། གཏོང་བ་ཏིང་ངེ་འཛིན་ཡེ་ཤེས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་ཐམས་ཅད་ལ་ཡང་ཉེ་བར་བསྒྲུབ་པར་བྱའོ། །དེ་ནས་བབས་བ་དེའི་ལྕེ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་ པ་བསམས་ལ། རྡོ་རྗེ་ལྕེར་བྱིན་གྱིས་བརླབས་ནས། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་གར་གྱི་རྒྱག་ཕྱ་བཅིངས་ཏེ། བྲུ་ཏི་བཛྲ་ཞེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་ཚིག་གིས་དྲི་བར་བྱ་སྟེ། གཏེར་ཆེན་པོ་གང་ན་ཡོད་ཇི་ལྟར་ཐོབ་པར་འགྱུར་ཞེས་དྲིའོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་ཐམས་ཅད་གསུང་བར་འགྱུར་རོ། །དེ་ནས་ཕྲེང་བ་དེ་པྲ་ཏཱི་ཙྪ་བཛྲ་ཧོ། ཞེས་བྱ་བའི་སྙིང་པོ་འདིས་དཀྱིལ་འཁོར་ཆེན་པོར་དོར་བར་བྱའོ། །དེ་ནས་ཕྲེང་བ་དེ་བླངས་ལ། ཨོཾ་པྲ་ཏི་གྲྀཧྣ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བའི་སྙིང་པོ་འདིས་དེ་ཉིད་ཀྱི་མགོ་ལ་བཅིང་བར་བྱའོ། །དེ་ནས། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པཱ་ཤྱ་ཞེས་བྱ་བའི་སྙིང་པོ་འདིས་གདོང་གཡོགས་བཅིང་བ་དེ་བཞིན་དུ་བཀྲོལ་བར་བྱའོ། །དེ་ནས་རིན་ཆེན་ལྕགས་ཀྱུ་ནས་བརྩམས་ནས། རྣམ་པར་སྣང་མཛད་ཀྱི་བར་དུ་བསྟན་པར་བྱའོ། །དེ་ནས་རྡོ་རྗེ་ནོར་བུའི་ཕྱག་རྒྱ་དེ་ཉིད་བཅིངས་ཏེ། སློབ་མའི་སྙིང་གར་སྙིང་པོ་འདིས་དགྲོལ་དུ་གཞུག་གོ །ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ་ཤ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛ་སརྦྦ་སིདྡྷིམྨེ་པྲ་ཡཙྪ་སརྦྦ་ཀརྨྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། །དེ་ནས་གང་ལ་མེ་ཏོག་བབས་པའི་ལྷ་དེའི་ཕྱག་རྒྱ་བཅིངས་ལ། དེའི་གཟུགས་སུ་བསྐྱེད་ནས་རྡོ་རྗེ་ནོར་བུའི་དམ་ཚིག་གི་ཕྱག་རྒྱས་གནས་བཞིན་བྱིན་གྱིས་བརླབས་ལ། སྙིང་གར་རྡོ་རྗེ་རིན་པོ་ཆེ་དང༌། ཡང་དཔྲལ་བར་རིན་པོ་ཆེའི་མྱུ་གུ། ལྐོག་མའི་ཕྱོགས་སུ་རྡོ་རྗེ་པདྨ། སྤྱི་གཙུག་ཏུ་རིན་ཆེན་ཆར་འབེབས་མས་
བྱིན་གྱིས་བརླབས་པར་བྱས་ལ། དེ་ནས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིང་ངོ༌། །དེའི་རྗེས་ལ་ཕྱིའི་དཀྱིལ་འཁོར་གྱི་ནང་དུ་ཤར་གྱི་སྒོ་ལ་མངོན་པར་ཕྱོགས་པའམ། ཡང་ན་ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་པདྨ་དང་ཟླ་བའི་གདན་བྲིས་ལ་དེའི་སྟེང་དུ་བཞག་ནས་མཆོད་ཡོན་ཕུལ་ལ་མཆོད་པ་རྣམ་བ་ལྔས་མཆོད་དེ། རང་གི་ལྷའི་དབང་བསྐུར་ཞིང༌། དེའི་སྔགས་ཀྱང་བརྗོད་ལ། ཕྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་རིན་པོ་ཆེའི་ཁུ་ཚུར་གྱིས་ཆུ་བླངས་ནས། དབང་བསྐུར་ཞིང་དེ་འཐུང་དུ་གཞུག་པར་བྱའོ། །དེ་ནས་གལ་ཏེ་ཡོད་ཅིང་འབྱོར་ན་སྔར་བཤད་པའི་ཆོ་གས་སྟོད་གཡོགས་དང་སྨད་གཡོགས་བགོ་བ་དང༌། ཟེའུ་ཀ་ཡང་དེ་ལ་བྱིན་ལ་ཟེའུ་ཀ་ལ་སོགས་པ་འཆིང་དུ་གཞུག་གོ །སློབ་མ་ལ་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱས་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་རྩེ་ལྔ་པས་མཚན་པའི་རྡོ་རྗེ་ནོར་བུ་སོར་དྲུག་པའི་ཚད་ཙམ་རིན་པོ་ཆེའི་དྲིལ་བུ་དང་བཅས་པ་སློབ་མའི་ལག་པར་སྦྱིན་པར་བྱའོ། །སྙིང་པོ་ནི་འདི་ཡིན་ཏེ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །སངས་རྒྱས་ཀུན་དུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང༌། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། དེ་ནས་བཛྲ་སཏྭ་ཏྭཾ་ཨ་བྷིཥྙྩ་མི་བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ། ཞེས་བྱ་བའི་སྙིང་པོ་འདིས། ཀྱེ་རྡོ་རྗེ་དོན་ཐམས་ཅད་གྲུབ་བ་ཞེས་བྱ་བ་ལ་སོགས་པའི་མིང་གི་དབང་བསྐུར་བར་བྱའོ། །སློབ་མས་རྡོ་རྗེ་ཐལ་མོ་བསྐོར་ནས། རིན་པོ་ཆེ་སློབ་དཔོན་ལ་ཕྱག་བྱས་ནས་ཡོན་གྱི་མཆོད་པ་ཕུལ་ཏེ། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་བླང་བར་བྱའོ། །དེ་ནས་དྲི་ཆབ་ལ་སོགས་པ་དང༌། སྒེག་མོ་ལ་སོགས་པས་མཆོད་པར་བྱའོ། །སྡོམ་པ་འཛིན་པར་བྱེད་པ་དང༌། སྡོམ་པ་མི་འཛིན་པའི་ཐུན་མོང་གི་དབང་བསྐུར་བའི་ཆོ་གའོ། །སྔོན་དུ་སློབ་དཔོན་དུ་དབང་བསྐུར་བར་འོས་པའི་ཁྱད་པར་བརྗོད་པར་བྱ་སྟེ། རྩ་བའི་དཀྱིལ་འཁོར་ལས་ཁྲུ་གཉིས་ཙམ་ཡོངས་སུ་དོར་བར་དབུ་མའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་གྲུ་བཞི་པ། སྒོ་ནུབ་ཏུ་བལྟས་པ། ཤར་གྱི་སྒོ་ལ་མངོན་པར་ཕྱོགས་པའི་དཀྱིལ་འཁོར་ཆེན་སྣ་ལྔས་བྲིས་ལ། དབུས་སུ་པདྨ་འདབ་བརྒྱད་པ། དེའི་དབུས་སུ་རྡོ་རྗེ་ནོར་བུ་སྔར་བཤད་པའི་མཚན་ཉིད་དང་ལྡན་པས་བྲིས་ལ་རྩ་བའི་དཀྱིལ་འཁོར་བཞིན་དུ་དཀྱིལ་
འཁོར་ཡང་དག་པར་མཆོད་པར་བྱའོ། །དེ་ལ་སེང་གེའི་ཁྲིའམ། པདྨ་དང་ཟླ་བ་བྲིས་ལ། གོས་ཀྱིས་གཡོགས་པ་ལ་ནོར་བུའི་གནོད་སྦྱིན་ཡོངས་སུ་བཟླས་ཏེ། དེ་བཞག་ནས། དེའི་གདན་གྱི་སྟེང་དུ་བླ་རེ་བྲེ་བ་དང༌། གཡོན་ལོགས་སུ་དར་དཔྱངས་དང་མེ་ཏོག་གི་ཕྲེང་བས་བརྒྱན་པར་བྱའོ། །གདུགས་དཀར་པོ་རིན་པོ་ཆེའི་ཏོག་ཅན་དང༌། གཡོན་དུ་གོས་སྣ་ཚོགས་དང༌། རྒྱལ་མཚན་དང༌། བ་དན་སྣ་ཚོགས་པ་བཟུང་ལ། དོན་ཐམས་ཅད་གྲུབ་པ་དང༌། ཡི་གེ་ཨོཾ་ཡོངས་སུ་བཟླ་བར་བྱའོ། །དེ་ནས་སློབ་མངོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་དོན་ཐམས་ཅད་གྲུབ་པའི་གཟུགས་སུ་བསྐྱེད་ལ། དེའི་ཕྱག་རྒྱ་ཆེན་པོས་གཞག་སྟེ། སློབ་མའི་ལུས་ཀྱི་རྣལ་འབྱོར་ཆེན་པོའི་གནས་སུ་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རྣམ་པར་སྣང་མཛད་དང་དོན་ཐམས་ཅད་གྲུབ་པ་ནས་བརྩམས་ནས། ནོར་བུ་རིན་པོ་ཆེ་འབེབས་པའི་མཐར་ཐུག་པའི་བར་དུ་དགོད་པར་བྱའོ། །རྡོ་རྗེ་ནོར་བུ་མ་དང༌། རིན་ཆེན་མྱུ་གུ་མ་དང། རྡོ་རྗེ་རིན་ཆེན་པདྨ་དང༌། རྡོ་རྗེ་རིན་ཆེན་ཆར་འབེབས་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ། དྲི་ལ་སོགས་པས་ཡང་དག་པར་མཆོད་པར་བྱའོ། །གདན་དེ་ལ་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་གཞག་སྟེ། མཆོད་ཡོན་ཕུལ་ལ་དྲི་ལ་སོགས་པས་མཆོད་ པ་དང༌། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པ་རྣམས་དང༌། དཔལ་མཆོག་དང་པོ་ལས་བཤད་པའི་རོལ་མོའི་ཕྱག་རྒྱ་རྣམ་པ་བརྒྱས་ཇི་སྙེད་པའི་དུང་དང་རྔ་བོ་ཆེ་ལ་སོགས་པའི་རོལ་མོའི་ཁྱད་པར་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ་དབུལ་བར་བྱའོ། །རིན་ཆེན་སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་ལ། དེ་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གདོན་པར་བྱའོ། །དེ་ནས་རིན་པོ་ཆེ་ལྕགས་ཀྱུས་གང་བའི་བུམ་པ་ནས་བརྩམས་ཏེ། རྣམ་པར་སྣང་མཛད་ཀྱིས་གང་བའི་བུམ་པའི་དབང་བསྐུར་ནས། ཕྱིས་དོན་ཐམས་ཅད་གྲུབ་པས་གང་བའི་བུམ་པས་དབང་བསྐུར་བར་བྱའོ། །དེ་ནས་སྔ་མ་ལྟར་བུམ་པ་ཐམས་ཅད་ཀྱིས་དབང་བསྐུར་ནས། ཕྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་རིན་པོ་ཆེའི་ཁུ་ཚུར་གྱིས་ཆུ་བླངས་ཏེ། དབང་བསྐུར་བ་དང་འཐུང་དུ་གཞུག་པ་ཡང་བྱའོ། །ཨོཾ་སརྦྦ་རཏྣ་ཨཱ་ཀཪྵ་ཨཱཪྻ་ཨ་ནུ་ན་མ་ཧཱ་སཏྭ་བྷ་ག་བཱ་ནྟཾ། ཨོཾ་ཨཱཪྻ་ཨཱ་ཀཱ་ཤ་གརྦྷ་སྥོ་ཊ་ཡ་
ཨཱ་ཀཪྵ་ཡ་ཤཱི་གྷྲཾ་ཧོ་ཛ། ཨོཾ་བཛྲ་ཨ་བྷིཥྙྩ་ཞེས་བྱ་བ་ནས། དེ་བཞིན་དུ། ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་དཱ་ཧཱུཾ། ཨོཾ་བཛྲ་ཨ་བྷིཥིཉྩ་ཞེས་བྱ་བའི་བར་དུ་བྱ་བ་ཡིན་ནོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། སློབ་མ་དབང་བསྐུར་བའི་གནས་སུ་གཞག་སྟེ། ཨོཾ་བཛྲ་རཏྣ་ཨ་བྷིཥྙྩ་རཏྣ་ཨཱ་དྷི་པ་ཏི་ཏྲེ་པ་བ་ཊ་ཊ། ཞེས་བྱ་བའི་སྙིང་པོ་འདིས་ལན་སྟོང་གི་བར་དུ་བཟླ་བར་བྱའོ། །དེ་ནས་གོས་སེར་པོ་དང་རྒྱན་ཐམས་ཅད་ལ་ནོར་བུའི་གནོད་སྦྱིན་དང༌། རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་རིན་ཆེན་ཡོངས་སུ་བཟླས་ཏེ་དེ་ལ་སྦྱིན་པར་བྱའོ། །དྲི་ལ་སོགས་པ་དང༌། རིན་ཆེན་སྒེག་མོ་ལ་སོགས་པ་རྣམས་ཀྱིས་མངོན་པར་མཆོད་ལ། རྡོ་རྗེ་རིན་ཆེན་མའི་མྱུ་གུའི་དམ་ཚིག་གི་ཕྱག་རྒྱས་དབང་བསྐུར་ནས་རིན་པོ་ཆེ་ལ་སོགས་པ་ལས་བྱས་པའི་རྡོ་རྗེ་རིན་པོ་ཆེའི་ཅོད་པན་དང༌། དར་དཔྱངས་ལ་རྡོ་རྗེ་རིན་པོ་ཆེ་མྱུ་གུ་ཡོངས་སུ་བཟླས་ཏེ་དབང་བསྐུར་བར་བར་བྱའོ། །དེས་དབང་བསྐུར་ནས་རྡོ་རྗེ་རིན་པོ་ཆེ་དྲིལ་བུ་དང་བཅས་པ་སྔ་མ་བཞིན་དུ་བྱིན་ནས་མིང་གི་དབང་བསྐུར་བ་སྦྱིན་པར་བྱའོ། །དེ་ནས་མཆོད་པ་རྣམ་པ་ལྔ་དང༌། རིན་ཆེན་སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ། ཡི་གེ་པྲས་བྱིན་གྱིས་བརླབས་པའི་རིན་པོ་ཆེའི་མིག་ཐུར་རམ། གསེར་ལ་སོགས་པའི་ཐུར་མ་ཐོགས་ཏེ། མདུན་དུ་འདུག་ལ་དེའི་མིག་འབྱེད་པ་ལྟར་བྱེད་ཅིང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཇི་ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནི་ཏྲ་ཨ་པ་ཧཱ་ར་པཱ་ཏྲ་ལཾ་ཧྲཱིཿ་ཞེས་བྱའོ། །དེ་ནས་ཨཱ་བཛྲ་སཏྭ་ཞེས་བྱ་བ་མེ་ལོང་ལ་ཡོངས་སུ་བཟླས་ཏེ་བསྟན་ལ་ཆོས་ཀྱི་མཚན་ཉིད་བརྗོད་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །ཧོ་ཞེས་བྱ་བས་མདའ་བསྐྱེད་ལ་གཞུ་དང་བཅས་ཏེ་བྱིན་ནས་འདི་སླད་ཅེས་བརྗོད་པར་བྱའོ། །འདིས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་གྱིས་ཤིག་
ཅེས་བརྗོད་ཅིང༌། ཡི་གེ་ཧོས་ཕྱོགས་བཞི་དང༌། སྟེང་དང༌། འོག་ཏུ་མདས་འཕེན་པའི་ཚུལ་དུ་བྱེད་དུ་གཞུག་གོ །ཡང་མེ་ལོང་བླངས་ལ་ཨཱཿ་བཛྲ་སཏྭ་ཞེས་ཡོངས་སུ་ཟློས་ཤིང་འདི་སྐད་ཅེས་བརྗོད་པར་བྱའོ། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། བདག་པོ་བྱང་ཆུབ་ཀྱི་སེམས་འདི་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་བཛྲ་ཧེ་ཏུ་མཾ། ཞེས་བྱ་བས་འཁོར་ལོ་རྩིབས་བརྒྱད་པ་རྐང་པ་གཉིས་ཀྱི་བར་དུ་བཞག་ལ་བཛྲ་བྷཱ་ཥ་རཾ་ཞེས་བྱ་བས་ལག་པ་གཡས་མུ་དུང་བྱིན་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ནས་བརྩམས་ཏེ་བྱང་ཆུབ་སེམས་བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཅིག །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་བ་ཆོས་ཀྱི་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པ། །མ་ལུས་ཀུན་དུ་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང༌། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱད་པ་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོག །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཀུན་དུ་ཁྱོད་ལ་སྲུང་བར་བྱེད། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ང་རྒྱལ་གྱིས། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་པ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བས་གསང་སྔགས་ཀྱི་ཐེག་པ་འཆད་པའི་རྗེས་སུ་གནང་བ་སྦྱིན་པར་བྱའོ། །ཡང་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། ཇི་ལྟར་སྣ་ཚོགས་འདུལ་འགྱུར་པ། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་དཀྱིལ་འཁོར་བྲི་བའི་རྗེས་སུ་གནང་བ་སྦྱིན་ནོ། །དེ་ནས་ཡི་གེ་ཏྲཱཾ་ལས་རྡོ་རྗེ་རིན་པོ་ཆེ་དེ་འཕགས་པ་ནམ་མཁའི་སྙིང་པོར་བསམས་ལ། ཉི་མ་འདི་ནི་དམ་པ་སྟེ། །ཀུན་གཟིགས་དེ་བཞིན་གཤེགས་པ་ཡིན། ནམ་མཁའི་སྙིང་པོ་བཅོམ་ལྡན་འདས། །བསམ་པ་ཐམས་ཅད་རྫོགས་མཛད་པའོ། །ཞེས་བྱ་བ་འདིས་དེ་ཁོ་ན་ཉིད་སྦྱིན་པར་བྱའོ། །དེ་ནས་
ཡི་གེ་ཨ་ལས་རིན་པོ་ཆེ་དྲིལ་བུ་བཅོམ་ལྡན་འདས་དོན་ཐམས་ཅད་འདས་དོན་ཐམས་ཅད་གྲུབ་པར་བསམས་ལ། །བསམ་པ་ཐམས་ཅད་གྲུབ་རྣམས་ཀྱིས། །བསམ་པ་གྲུབ་པ་དམ་པ་ཡིན། །དེ་ཡང་འདོད་པ་རབ་གྲུབ་ཕྱིར། །འདོད་དང་ཐར་པ་བདེ་བ་ཆེ། །ཞེས་བྱ་བས་ཆོད་ཀྱི་དྲིལ་བུ་དཀྲོལ་བ་སྦྱིན་པར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཏེ། མི་མཁོ་བ་ཡང་སྦྱིན་བྱ་ཞིང༌། །འདོད་དང་བདེ་བ་ཐམས་ཅད་ཀྱིས། །བདག་ཉིད་དང་ནི་གཞན་རྣམས་ཀྱི། །བསམ་པ་ཐམས་ཅད་རྫོགས་པར་བྱ། །ཞེས་བྱ་བ་ནི་དམ་ཚིག་གོ །སྙིང་པོ་བཟླས་པར་ཡང་བྱའོ། །དེ་སྐད་དུ་ཡང༌། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་གསུངས་པ་བརླབས་ནས་དངོས་གྲུབ་ཀྱི་རྡོ་རྗེ་རིན་པོ་ཆེའི་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་ན་རྡོ་རྗེ་ལག་ན་འདུག། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བྱའོ། །དེ་ནས་ཆོག་འདིས་སྙིང་པོ་འདི་སྦྱིན་པར་བྱ་སྟེ། དེ་ལ་དང་པོར་ལག་ན་མེ་ཏོག་ཐོགས་པའི་སློབ་མས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་ཕྱག་བྱ་བ་དང༌། རྡོ་རྗེ་སློབ་དཔོན་ལ་ཡང་ཕྱག་བྱས་ཡོན་གྱི་མཆོག་ཕུལ་ཏེ། སློབ་དཔོན་ལ་སྙིང་པོ་ལ་སོགས་ པ་བླང་བའི་ཕྱིར། ལན་གསུམ ་གསོལ་བ་གདབ་པར་བྱའོ། །དེ་དེ་ལྟར་སློབ་མ་ལག་ན་མེ་ཏོག་ཐོགས་ཤིང་ཡན་ལག་འདུད་པས་སྙིང་པོ་ལ་སོགས་པ་དོན་དུ་གཉེར་བ་ཤེས་ནས་སློབ་དཔོན་གྱིས་ཡིད་ཀྱི་སྙིང་པོ་ལ་སོགས་པའི་དོན་དུ་ལྷ་ལ་གསོལ་བ་གདབ་པར་བྱའོ། །སློབ་དཔོན་གྱིས། ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་དཱ་ཧཱུཾ། ཞེས་བྱ་བ་ལ་སོགས་པ་ཟློས་ཤིང༌། དྲི་དང་མེ་ཏོག་ལ་སོགས་པ་ལ་ལན་བརྒྱ་མངོན་པར་བསྔགས་ནས་འདི་རང་གིས་ཟུང་ཤིག་ཅེས་བརྗོད་ལ་མངོན་པར་བསྔགས་པའི་མེ་ཏོག་དེ་སློབ་མའི་ལག་ཏུ་སྦྱིན་པར་བྱའོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདི་ནི་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་སྣོད་དུ་གྱུར་པ་ལགས་ཏེ། བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་འདི་ལ་བདག་གིས་སྩལ་ལགས་སོ།
ཁྱེད་འདི་དང་ཉེ་བར་མཛོད་ཅིག །ཁྱེད་བཅོམ་ལྡན་འདས་མ་འདི་དང་ཉེ་བར་མཛོད་ཅིག །དེ་ནས་སློབ་མས་ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་དཱ་ཧཱུཾ་ཞེས་བྱ་བ་གསུངས་པ་འདིས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་བདག་གིས་གཟུང་ལགས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་སྣོད་དུ་གྱུར་པ་བདག་ལགས་སོ། །ཁྱེད་བདག་དང་ཉེ་བར་མཛོད་ཅིག །བཅོམ་ལྡན་འདས་མ་ཁྱེད་བདག་དང་ཉེ་བར་མཛོད་ཅིག་ཅེས་བརྗོད་པར་བྱའོ། །འདིར་སློབ་དཔོན་དང་སློབ་མས་ལན་གསུམ་བརྗོད་དགོས་པར་ཤེས་པར་བྱའོ། །དེ་ནས་མེ་ཏོག་དེ་རང་གི་སྤྱི་བོར་གཞག་སྟེ། སྔ་མ་བཞིན་དུ་ཇི་ལྟར་ཐོབ་པའི་སྙིང་པོ་ལ་སོགས་པ་ལན་བརྒྱ་རྩ་བརྒྱད་དཀྱིལ་འཁོར་གྱི་མདུན་དུ་བཟླས་པར་བྱའོ། །སྙིང་པོ་ལ་སོགས་པའི་ཡི་གེ་མང་ན་གྲོག་ལ་གི་ཝང་གིས་ཡི་གེ་བྲིས་ལ་ལན་ གསུམ་བཟླས་ཏེ་སྔར་བཤད་པ ་ཉིད་ཀྱི་ཚུལ་དུ་སྦྱིན་པར་བྱའོ། །བྱིན་ནས་ཡོན་གྱི་མཆོག་དབུལ་བ་དེ་བཤད་པར་བྱ་སྟེ། དེ་ལ་ཡོན་གྱི་མཆོག་ནི་འདི་ཡིན་ཏེ། ཐམས་ཅད་གྲུབ་འདོད་བླ་མ་ལ། །སྣ་ཚོགས་དམ་པས་ཡོན་ཕུལ་ཏེ། །གང་ཡང་གཏོང་བར་མི་ཕོད་པ། །དེ་དང་དེ་ནི་དམ་པ་བཤད། །ཅུང་ཟད་ཡིད་འོང་གང་དང་གང༌། །ཤིན་ཏུ་ཁྱད་པར་གྱུར་དེ་ཉིད། །མི་ཟད་དེ་ཉིད་འདོད་པ་ཡིས། །དེ་དང་དེ་ནི་བླ་མར་དབུལ། །ཡང་ན་མངོན་པར་འདོད་པའི་རྫས། །ཆུང་ཡང་ཕན་པ་མཆོག་ཡིན་པས། །ཡང་ན་དེ་ཡི་ལས་བྱའོ། །གལ་ཏེ་བཟང་པོ་ཡོད་ན་ཡང༌། །མ་བྱིན་ངན་པའི་ཡོན་བདག་དང༌། །སློབ་དཔོན་ལ་ནི་སྨོད་པ་སྟེ། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་བསྒྲུབ་པའི་ཡོན་ཏན་བསྟན་ནས་ནི། དེ་བཞིན་གཤེགས་བསྒྲུབ་པ་ནི། བུ་མོ་ཤིན་ཏུ་བརྒྱན་པའམ། །ཆུང་མའམ་དེ་བཞིན་ཡིད་འོང་མ། །སངས་རྒྱས་བྱང་ཆུབ་མཆོག་གི་ཡོན། །ཕུལ་ནས་ཡོན་གྱིས་བླུ་བར་བྱ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་སྒྲུབ་པའི་ཡོན་ཏན་བསྟན་ནས། རྡོ་རྗེ་རིགས་བསྒྲུབ་པའི་ཕྱིར། ཕྱུགས་ཆེན་རང་ཉིད་ཕུལ་ནས་ནི། །སླར་ཡང་རིན་གྱིས་བླུ་བར་བྱ། །རྡོ་རྗེ་འཛིན་དང་མཉམ་སྦྱོར་བ། །ཡོན་གྱི་མཆོག་ཏུ་བསྔགས་པ་ཡིན། །ཞེས་གསུངས་སོ། །ད་ནི་པདྨའི་རིགས་སྒྲུབ་པ་པོས། །མུ་ཏིག་ཕྲེང་བ་བཅང་བ་དང༌། །གོས་ཟུང་ཤིན་ཏུ་དཀར་བའམ། །རྟ་དཀར་
བའམ་རྟ་དག་ནི། །པདྨའི་ཡོན་གྱི་མཆོག་ཡིན་ནོ། །ཞེས་གསུངས་སོ། །རིན་པོ་ཆེའི་རིགས་བསྒྲུབ་པའི་ཕྱིར། །རྒྱལ་སྲིད་དང་ནི་ནོར་རྣམས་ནི། །གོས་དང་རྒྱན་རྣམས་བསགས་པ་དང༌། །དེ་བཞིན་མཆོད་པ་ཐམས་ཅད་ཉིད། །རྡོ་རྗེ་ཉི་མའི་ཡོན་ཡིན་ནོ། །ཞེས་གསུངས་སོ། །རྟ་མཆོག་སྒྲུབ་པར་བྱེད་པས་ན། །རྟ་རྣམས་ཤིན་ཏུ་བརྒྱན་པ་དང༌། །གླང་པོ་ལེགས་པར་བརྟགས་པ་དང༌། །ཤིང་རྟ་རིན་ཆེན་གྱིས་བཀང་བ། །རྟ་མཆོག་གི་ནི་ཡོན་དུ་འགྱུར། །ཞེས་གསུངས་སོ། །དེ་ལྟར་སྙིང་པོ་ལ་སོགས་པ་བྱིན་ནས་རྡོ་རྗེ་དབྱིངས་ལ་སོགས་པའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པ་དང༌། རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་མངོན་དུ་བྱས་ལ་ཕྱག་རྒྱ་བཅིངས་ཏེ་སློབ་མ་ཐམས་ཅད་ལུང་བསྟན་པར་བྱའོ། །ཨོཾ་འདིར་ནི་ངས་ཁྱོད་ལུང་བསྟན་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཀུན་དུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཱ་ཧཱ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ། གཡོན་པ་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ལ་གཡས་པ་མཆོག་སྦྱིན་པའི་ཚུལ་དུ་བྱས་ལ་འདི་ནི་གཟེངས་བསྟོད་པ་ཞེས་བྱ་བའི་ཕྱག་རྒྱ་སྟེ། ཆོ་ག་ལྷག་མ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པས་ཤེས་པར་བྱའོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་དམ་ཚིག་དང་དབང་བསྐུར་བའི་སློབ་དཔོན་གྱིས་ཇི་ལྟར་འདོད་པའི་དངོས་གྲུབ་ཀྱི་ཡེ་ཤེས་བཤད་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི། དེའི་ཕྱིར་འཇུག་པའི་ཆོ་ག་རྒྱས་པའི་རྗེས་ཐོགས་ལའོ། །ཅི་ཡོད་པ་དང་ཅི་འབྱོར་པའི་མི་རྣམས་ཀྱི་ལོངས་སྤྱོད་ཆ་བཅུར་བགོས་ནས་མཆོད་པ་བྱའོ། །མཆོད་པ་དེ་བྱས་ནས་དགོས་པ་ཐམས་ཅད་ནི་དོན་ཐམས་ཅད་ལ་སོགས་པའོ། །བསྒྲུབ་པར་བྱ་བ་ནི་ཕྱིས་འཆད་པར་འགྱུར་བས་སོ། །དེ་ནས་ཞེས་བྱ་བ་ནི་སྐབས་སུ་བབ་པའོ། །འདི་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། གཏེར་ངེས་པའི་ཡེ་ཤེས་ཀྱི་ཕྱག་རྒྱར་
འགྱུར་རོ། །རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ཆེ། །ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་དང་དེའི་རིགས་ནོར་བུའི་མཚན་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ནི། རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་ཞེས་བྱ་བ་ཡིན་པས་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། དེ་བཅིངས་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཤིན་ཏུ་མཉམ་པར་གཞག་པ་ནི། །རབ་ཏུ་མཉམ་པར་གཞག་པ་སྟེ། །རྣམ་པར་གཡེང་བ་མེད་པའི་སེམས། །གཏེར་བརྐོས་ནས་ནི་གང་དག་ན། །ཞེས་བྱ་བ་ནི། ཕྱོགས་གང་དང་གང་ན་གཏེར་ཡོད་པར་རེ་བའི་ཕྱོགས་དེར་བརྐོས་ན། ངེས་པར་གཏེར་ཡོད་པ་དེ་མཐོང་བར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་རམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ཏེ། དེའི་ཕྱག་རྒྱ་ཆེན་པོ་དང་ནོར་བུའི་མཚན་མ་ལ་སོགས་པ་དེ་དང་དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ནས། ཨོཾ་མ་ཧཱ་མ་ཎི་རཏྣ་ཨ་བྷི་ཥ་ཧཱུཾ་ཞེས་བྱ་བས་བདག་ཉིད་གསེར་གྱི་མདོག་ཅན་གྱི་ནམ་མཁའི་སྙིང་པོར་བསྒོམས་ནས་རང་གི་སྙིང་གའི་ཟླ་བ་ལ་ཏྲ་ལས། རྡོ་རྗེ་ནོར་བུ་བསྐྱེད་དེ། དེའི་དབུས་སུ་ཡི་གེ་འདི་རྣམས་གསེར་གྱི་མདོག་ཅན་ཡིད་ཀྱིས་བྲིས་ལ་སྙིང་པོ་ཟློས་ཤིང་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་ཏུ་རང་ཉིད་བསྒོམས་ཏེ། མཚན་ཐོག་ཐག་བསྒོམས་ན། དེས་གང་ན་གཏེར་ཡོད་པར་རེ་བ་དེར་སྔར་བཤད་པའི་ཆོ་གས་བདག་དང་གནས་བསྲུང་བ་བྱས་ལ། རང་གི་ལྷའི་རྣལ་འབྱོར་བསྒོམས་ཏེ། རང་གི་ལྟ་སྤྱན་དྲངས་ནས་མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ལ། ཞིང་དང་ཞིང་སྐྱོང་རྣམས་སྔ་མ་བཞིན་དུ་རིན་པོ་ཆེ་ལྕགས་སྒྲོག་གིས་བཅིངས་ཏེ། བཅོམ་ལྡན་འདས་ཀྱི་བདེན་པ་དང༌། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་བདེན་པ་གང་ཡིན་པ་དེས་གཏེར་བདག་གིས་མཐོང་བ་དང༌། དངོས་གྲུབ་རབ་ཏུ་སྩལ་དུ་གསོལ། ཞེས་བདེན་པའི་བྱིན་གྱི་རླབས་བདར་བས་གང་གི་ཚེ། བཅོམ་ལྡན་འདས་བསྒོམས་པར་གྱུར་པ་དེའི་ཚེ། དེ་ནས་བརྐོས་ན་ངེས་པ་ཁོ་
ནར་རྙེད་པར་འགྱུར་རོ། །དམ་ཚིག་གི་ནི་མཆོག་བཅིངས་ལ། །ཞེས་བྱ་བ་ནི། རིན་ཆེན་ལྟ་བའམ། དེའི་རིགས་ནི་སྔ་མ་བཞིན་དུ་རྣལ་འབྱོར་བྱས་ལ། དེའི་དམ་ཚིག་གི་ཕྱག་རྒྱ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རིན་པོ་ཆེའི་ཕྲེང་བ་ལ་སོགས་པ་རིན་པོ་ཆེའི་རིགས་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། གང་ན་གཏེར་རྣམས་ཡོད་གྱུར་པ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེར་ནི་ཕྱག་རྒྱ་བཅིངས་ནས་ནི། ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་བསྒྲུབ་པར་བྱས་ནས། གཏེར་གྱི་གནས་སུ་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དེར་དམ་ཚིག་གི་ཕྱག་རྒྱ་བཙིར་ན་དམ་ཚིག་གི་ཕྱག་རྒྱ་དེའི་བྱིན་གྱི་རླབས་ཀྱིས་ཨ་མྲ་ལ་སོགས་པ་ཡོངས་སུ་སྨིན་པའི་འབྲས་བུ་ཁ་ཕྱེ་བ་བཞིན་དུ་གཏེར་གྱི་ཆར་འབབ་པ་ཐམས་ཅད་བླང་བར་བསམས་ན། ངེས་པ་ཉིད་དུ་གཏེར་རང་གི་སྟེང་དུ་འབྱུང་བར་འགྱུར་རོ། །དེའི་ཚེ་སྔར་བཤད་པའི་ཚུལ་གྱིས། ཨོཾ་མ་ཎི་རཏྣ་པྲ་ཏ་དྷ་ར་ཤ་ཡ། ཞེས་བྱ་བའི་སྙིང་པོ་འདི་བཟླ་བར་བྱའོ། །རྡོ་རྗེ་སྙིང་པོ་ཏིང་འཛིན་དུ། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་རིན་ཆེན་པདྨའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཨོཾ་མ་ཎི་རཏྣ་སཾ་དྷི་བྷུ་ཧི། རིན་ཆེན་པདྨའི་ཕྱག་རྒྱ་ཆེན་པོ་དང༌། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་དང༌། བདག་ཉིད་གསེར་གྱི་མདོག་ཅན་དུ་བསྐྱེད་ལ། རང་གི་ལྕེ་ལ་སྙིང་པོ་འདི་ཡིད་ཀྱིས་བྲིས་ལ། སྔ་མ་བཞིན་དུ་བསྒོམ་པ་དང་བཟླས་པ་བྱས་ལ། དེ་ནས་བསྒྲུབ་པ་ཡང་དེ་བཞིན་དུ་བྱའོ། །དེ་ནས་གཏེར་གྱི་གནས་སུ་སོང་ལ་སྔ་མ་བཞིན་དུ་ཆོ་ག་རྗེས་སུ་སྤྱད་དེ་བསྒོམས་ན། གང་གི་ཚེ་བྱིན་གྱིས་བརླབས་པའི་བར་དུ་བྱས་ན་རང་གི་ལྕེས་ཐམས་ཅད་སྨྲ་བར་འགྱུར་རོ། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་རིན་ཆེན་ཆར་འབེབས་དང༌། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཨོཾ་རཏྣ་ཨ་བྷི་ཤ་དཪྴ་ཡ་ཞེས་སྙིང་པོ་བརྗོད་ཅིང། རིན་ཆེན་ཆར་འབེབས་ཀྱི་ལས་ཀྱི་ཕྱག་རྒྱའམ། དེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། བདག་ཉིད་རིན་ཆེན་ཆར་འབེབས་ཀྱི་གཟུགས་སམ། དེའི་རིགས་ཀྱི་ལྷའི་གཟུགས་སུ་བསྐྱེད་ལ། རང་གི་སྙིང་གར་རྡོ་རྗེ་རིན་ཆེན་ཆར་འབེབས་ཀྱི་ཕྱག་རྒྱའི་དབུས་སུ་སྙིང་པོ་འདི་ཡིད་ཀྱིས་བྲིས་
ཏེ། སྔ་མ་བཞིན་དུ་བསྒོམས་ལ། དེ་ནས་དེ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ནས་རེ་བའི་གནས་སུ་སྔར་བཤད་པའི་ཆོ་ག་རྗེས་སུ་སྤྱད་ལ། ཇི་སྲིད་དུ་བསྒོམས་པ་དེའི་ཚེ་དབང་དུ་འགྱུར་རོ། །དེ་ནས་བརྐོས་ན་གདོན་མི་ཟ་བར་གཏེར་རྙེད་པར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་བསྒོམས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། དེ་ནས་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོའམ། དེའི་རིགས་ནོར་བུའི་མཚན་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཨོཾ་མ་ཧཱ་མ་ནི་རཏྣ་ཀ་ཡ་དཪྴ་ཡ་རཏྣ་ཞེས་བྱ་བའི་སྙིང་པོ་བརྗོད་ཅིང༌། ནམ་མཁའི་སྙིང་པོ་དང་ནོར་བུའི་མཚན་མ་ལ་སོགས་པའི་གཟུགས་སུ་གསེར་གྱི་མདོག་ཅན་དུ་བསམས་ལ། ཐུགས་ཀའི་རྡོ་རྗེ་ནོར་བུའི་སྙིང་པོ་བཀོད་ལ་ཟློས་ཤིང་སྔ་མ་བཞིན་དུ་རྣམ་པར་བསྒོམས་ལ་མཚན་ཐོག་ཐག་བསྒྲུབ་པར་བྱའོ། །དེ་ནས་གཏེར་གྱི་གནས་སུ་སོང་ལ་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། དེ་ཇི་སྲིད་དུ་བསྒོམ་པ་དེའི་ཚེ། རང་གི་སྙིང་གའི་རྡོ་རྗེ་རིན་པོ་ཆེའི་འོད་ཟེར་བྱུང་ནས་ལུས་ལ་འཁོར་བར་འགྱུར་རོ། །དེ་ནས་རིན་ཆེན་གཏེར་ཡོད་པར། །དམ་ཚིག་གིས་ནི་ཤེས་པར་འགྱུར། །ཞེས་བྱ་བ་ནི་རིན་པོ་ཆེའི་འོད་ཟེར་གྱིས་བསྐོར་བའི་ཚེ་ནའོ། །དམ་ཚིག་མཆོག་ནི་བཅིངས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ནི་རིན་ཆེན་ལྟ་བ་དང༌། དེའི་རིགས་ཀྱི་ལྷའི་རྣལ་འབྱོར་བྱས་ལ་ཕྱིས་དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཨཱ་ཀཱ་ཤ་གརྦྷ་མ་ཎི་རཏྣ་སྤུ་ཏ་སྤུ་ཏ་མ་ཏྲ་ནི་བི་དྷིཿ་ཞེས་བྱ་བའི་སྙིང་པོ་ཟློས་ཤིང་རིན་ཆེན་ལྟ་བའམ། དེའི་རིགས་ཀྱི་གཟུགས་སུ་བདག་ཉིད་བསྒོམས་ཏེ། དེ་ཉིད་ཀྱི་སྙིང་པོ་ཟློས་ཤིང་སྔ་མ་བཞིན་དུ་བསྒོམས་ལ་ཡང་དག་པར་བསྒྲུབས་ཏེ། གཏེར་གྱི་གནས་སུ་སོང་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཇི་སྲིད་དུ་བསྒོམས་པ་དེ་སྲིད་དུ་རང་གི་སྙིང་གའི་རིན་པོ་ཆེ་ལས་འོད་ཟེར་བྱུང་བས་ཕྱག་རྒྱ་ལ་ཁྱབ་པར་བབ་པར་འགྱུར་རོ། །དེ་ནས་རིན་པོ་ཆེ་ཆེན་པོའི་གཏེར་ཡོད་པར་ནི་ཤེས་པར་བྱ་ཞས་བྱའོ། །ཏིང་འཛིན་ཕྱག་རྒྱ་བཅིངས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་རིན་ཆེན་པདྨའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཨོཾ་མ་ཎི་རཏྣ་ཛྙཱ་ན་ས་ཡཾ་བྲཱུ་ཧི།
ཞེས་བྱ་བས་ལྕེ་ལ་བསམས་ནས་སྔ་མ་བཞིན་དུ་བསྒྲུབས་ལ། གཏེར་གྱི་གནས་སུ་སོང་སྟེ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དེ་ཇི་སྲིད་དུ་བསྒོམས་པ་དེའི་ཚེ་འབབ་པར་འགྱུར་རོ། །དེ་ནས་རང་གི་ལྕེས་གང་ན་གཏེར་ཡོད་ཅེས་སྨྲ་བར་འགྱུར་རོ། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ནི། རིན་ཆེན་ཆར་འབེབས་སམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཨོཾ་པུ་ར་ས་མ་ཡ་བནྡྷ་དཪྵ་ཡ་སྭཱ་ཧཱ། ཞེས་བྱ་བའི་སྙིང་པོ་བརྗོད་ཅིང༌། རིན་ཆེན་ཆར་འབེབས་སམ་དེའི་རིགས་ཀྱི་སྙིང་པོ་འདི་དང་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་གར་རིན་ཆེན་ཆར་འབེབས་ཀྱི་ཕྱག་རྒྱ་བསམས་ལ་སྔ་མ་བཞིན་དུ་བསྒྲུབས་ཏེ། གཏེར་གྱི་གནས་སུ་སོང་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཇི་སྲིད་དུ་བསྒོམས་པ་དེ་སྲིད་དུ་ལག་པ་གཉིས་ལས་ཡེ་ཤེས་བབས་ནས་ལས་ཀྱི་ཕྱག་རྒྱ་བཅིངས་པ་བཀྲོལ་ལ་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། བབས་ནས་དམ་ཚིག་བཅིངས་གྱུར་པ། །དེ་ན་གཏེར་ནི་ཡོད་པར་བཤད། །ཅེས་བྱའོ། ཕྱག་རྒྱ་ཆེན་པོ་བསྒོམས་ན་ནི། །དེ་བཞིན་གང་དུ་དེ་འགྱུར་བ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པ་དང༌། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་དེ་དང་དེའི་རིགས་ཀྱི་ལྷ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་གར་རྡོ་རྗེ་རིན་པོ་ཆེ་དེའི་དབུས་སུ་ཡི་གེ་ཏྲ་བསམ་པར་བྱའོ། །ཨོཾ་ནི་དྷི་ཛྙཱ་ན་ཨཱ་བི་ཤ་ཞེས་བྱ་བ་ཡིད་ཀྱིས་བྲིས་ཏེ། སྔ་མ་བཞིན་དུ་བསྒྲུབ་པ་བྱས་ལ། ཇི་སྲིད་དུ་བསྒོམས་པ་དེའི་ཚེ་གཏེར་མཐོང་བར་འགྱུར་རོ། །དེ་ནས་བརྐོས་ནས་བླང་བར་བྱའོ། །གང་དུ་གཏེར་ཡོད་དེར་ཡང་ནི། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་རིན་ཆེན་ལྟ་བའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། དེའི་དམ་ཚིག་གི་ཕྱག་རྒྱ་དང་དེའི་རིགས་ཀྱི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། སྙིང་གའི་རྡོ་རྗེ་རིན་པོ་ཆེའི་དབུས་སུ། ཨོཾ་རཏྣ་ས་མ་ཡ་མུ་ཙ་ནི་དྷི་བནྡྷ། ཞེས་བྱ་བ་ཡིད་ཀྱིས་བྲིས་ཏེ་སྔ་མ་བཞིན་དུ་བསྒྲུབས་ལ་གཏེར་གྱི་གནས་སུ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཇི་སྲིད་དུ་བསྒོམས་པ་དེ་སྲིད་དུ་དམ་ཚིག་གི་ཕྱག་རྒྱ་རང་གྲོལ་བར་འགྱུར་རོ། །དེ་ནས་གཏེར་ཡོད་པ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །ཏིང་འཛིན་ཕྱག་རྒྱ་བཅིངས་ནས་ནི། །གང་དུ་ངེས་པ་དེར་
འགྱུར་བ། །ཞེས་བྱ་བ་ནི་རིན་པོ་ཆེ་པདྨའམ་དེའི་རིགས་ཀྱི་རྣལ་འབྱོར་བྱས་ཏེ། ཨོཾ་དྷརྨྨ་རཏྣ་པྲུ་ཧི་ནི་ཧ་ན་མ་ཞེས་བྱ་བ་ས་ལྕེ་ལ་བཀོད་ལ་སྔ་མ་བཞིན་དུ་བསྒྲུབས་ཏེ། གཏེར་ཡོད་པའི་གནས་སུ་སོང་ནས། ཇི་སྲིད་དུ་བསྒོམས་པ་རེ་གྱུར་པ་དེ་སྲིད་དུ་འབབ་པར་འགྱུར་ཏེ། དར་ནི་ངེས་པར་གཏེར་ཡོད་པར། །ཡེ་ཤེས་བསྐྱེད་དེ་ཤེས་པར་བྱའོ། །གང་དང་གང་ན་རེ་བ་ཡོང༌། །ལས་ཀྱི་ཕྱག་རྒྱ་ཆོ་ག་བཞིན། །ཞེས་བྱ་བ་ནི་རིན་ཆེན་ཆར་འབེབས་པའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། རང་གི་སྙིང་གར་རྡོ་རྗེ་རིན་ཆེན་ཆར་འབེབས་དང་དེའི་སྟེང་དུ། ཨོཾ་སརྦྦ་ཀརྨྨ་ཎི་སྥོ་ཊ་ཡ་དཪྴ་ཡ། ནི་དྷྲི་བྷནྡྷ་ཨོཾ་ཀྵི་པ། ཞེས་བྱ་བ་ཡིད་ཀྱིས་བྲིས་ཏེ། སྔ་མ་བཞིན་དུ་བསྒྲུབ་པ་བྱས་ལ་རིན་ཆེན་ཆར་འབེབས་དང༌། དེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། གང་དུ་འཇིག་རྟེན་པ་ཕལ་ཆེ་བས་ཐམས་ཅད་གཏེར་རེ་བ་རྒྱུར་པ་དེར་ཡོད་པར་འགྱུར་རོ། །དེར་ཇི་སྲིད་བསྒོམས་པ་དེ་སྲིད་ཕྱག་རྒྱ་གཉིས་སུ་གྱུར་པ་དེར་གཏེར་ཡོད་པར་ཤེས་པར་འགྱུར་ཏེ། དེར་བཅིངས་དེ་ནི་གཉིས་འགྱུར་ན། །གཏེར་ནི་ཡོད་པར་ཤེས་པར་བྱ། །ཞེས་བྱའོ། །ཕྱག་རྒྱ་ཆེན་པོ་བསྒོམས་ནས་ནི། །གཏེར་རྣམས་ཀུན་དུ་བཙལ་ནས་ཀྱང༌། །ཞེས་བྱ་བ་ནི། སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའམ། དེའི་རིགས་ཀྱི་རྣལ་འབྱོར་བྱ་བ་ལ་ཕྱིས་དེའི་ཕྱག་རྒྱ་ཆེན་པོ་དང༌། རིན་ཆེན་ནོར་བུ་ལ་སོགས་པ་དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་གའི་རྡོ་རྗེ་ནོར་བུའི་དབུས་སུ། ཨོཾ་མ་ཧཱ་རཏྣ་པ་རི་ཀྵ་བི་ཤུ་དྡྷི་ཡ་བི་ཤ་།ཞས་བྱ་བ་ཡིད་ཀྱིས་བྲིས་ཏེ། སྔ་མ་བཞིན་དུ་བསྒྲུབ་པ་བྱས་ནས། གང་ལ་རེ་བར་གྱུར་པ་དེ་ན་གཏེར་ཡོད་པར་འགྱུར་རོ། །དེ་ལ་ཇི་སྲིད་དུ་བསྒོམས་པ་དེའི་བབས་པར་གྱུར་པ་དེའི་ཕྱིར། དེ་ན་གཏེར་ནི་ཡོད་པར་བཤད། །ཅེས་བྱའོ། །དམ་ཚིག་མཆོག་ནི་བཅིངས་ནས་ཀྱང༌། །གཏེར་རྣམས་ཀུན་དུ་བཙལ་ནས་ཀྱང༌། །ཞེས་བྱ་བ་ནི་རིན་ཆེན་ལྟ་བའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། དེ་དང་དེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་གའི་རྡོ་རྗེ་ནོར་བུ་རིན་པོ་ཆེའི་དབུས་སུ། ཨོཾ་རཏྣ་ས་མ་ཡ་ཏྲེ་དྷ་དཪྵ་ཡ་ཞེས་ཡིད་ཀྱིས་བྲིས་ནས་སྔ་མ་བཞིན་དུ་བསྒྲུབས་ཏེ། གཏེར་གྱི་གནས་སུ་ཇི་སྲིད་
དུ་བསྒོམས་པ་དེའི་ཚེ་ཕྱག་རྒྱ་དགྲོལ་བར་མི་ནུས་པར་འགྱུར་བ་དེ་ན་གཏེར་ཡོད་པར་ཤེས་པར་བྱའོ། །ཏིང་ངེ་འཛིན་ཕྱག་རྒྱ་བཅིངས་ནས་ནི། །དེ་རྣམས་ཀུན་ནས་བཙལ་ནས་ཀྱང༌། །ཞེས་བྱ་བ་ནི་རིན་ཆེན་པདྨ་དང༌། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་རཏྣ་པ་རི་ཀྵ་ཛྙཱ་ན་ཨཱ་བེ་ཤ། ཞེས་བྱ་བ་ལྟ་བ་ལ་ཡིད་ཀྱིས་བྲིས་ཏེ། སྔ་མ་བཞིན་དུ་བསྒྲུབས་ནས་ཇི་སྲིད་བསྒོམས་པ་དེའི་ཚེ་གཏེར་རྣམས་མཐོང་བར་འགྱུར་རོ། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ཀྱང༌། །གཏེར་རྣམས་ཀུན་དུ་བཙལ་དུ་ནས་ཀྱང༌། །ཞེས་བྱ་བ་ལ་རིན་ཆེན་ཆར་འབེབས་སམ། རིན་ཆེན་མཆོད་པ་ལ་སོགས་པ་དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ་རིན་ཆེན་ཆར་འབེབས་སམ་དེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་གའི་རྡོ་རྗེ་ནོར་བུ་རིན་ཆེན་ཆར་འབེབས་བསམ་པར་བྱའོ། །དེའི་སྟེང་དུ། ཨོཾ་མ་ཎི་ཀརྨྨ་བྷྲ་མ་ཡ་ཞེས་བྱ་བ་ནི་ཡིད་ཀྱིས་བྲིས་ལ་སྔ་མ་བཞིན་དུ་བསྒྲུབས་ན། གནས་གང་དུ་གཏེར་ཡོད་པ་ཡིན་ནོ་ཞེས། འཇིག་རྟེན་ཕལ་ཆེར་རེ་བར་འགྱུར་བ་དེར། ཇི་སྲིད་བསྒོམས་པ་དེའི་ཚེ་ལས་ཀྱི་ཕྱག་རྒྱ་འཁོར་བར་འགྱུར་རོ། །དེ་ནས་དེ་ན་གཏེར་ཡོད་པར་ཤེས་པར་འགྱུར་རོ། །དེ་ནས་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ནི་གཏེར་གྱི་ལྷ་དང་མཉམ་པར་སྦྱོར་བས། བསྒོམ་པ་གསང་བའི་ཡེ་ཤེས་བསླབ་པར་བྱའོ། །དབང་པོ་གཉིས་ནི་མཉམ་སྦྱར་ལ། །གཏེར་རྣམས་ཀུན་དུ་ཚོལ་བྱེད་ཅིང༌། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའམ། ནོར་བུའི་མཚན་མ་ལ་སོགས་པ་དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། དེ་ནས་རང་གི་སྙིང་གར་རྡོ་རྗེ་ནོར་བུ་བསམས་ལ་དེའི་དབུས་སུ་ཨོཾ་མ་ཎི་ཡོ་ག་ཨཱ་བེ་ཤ་།ཞེས་བྱ་བ་ཡིད་ཀྱིས་བྲིས་ཏེ། དོན་ཐམས་ཅད་གྲུབ་པ་དང༌། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་སྔ་མ་བཞིན་དུ་བསྒྲུབ་པ་དང༌། གཏེར་གྱི་གནས་སུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་གཏེར་གྱི་ལྷ་དང་ལྷ་མོའི་གཟུགས་སུ་རྣམ་པར་བསམས་ཏེ། ཇི་སྲིད་དུ་ལྟན་ཅིག་མཉམ་པར་སྦྱོར་བས་བསྒོམས་པ་དེ་སྲིད་བབས་པར་གྱུར་ནས་མངོན་སུམ་མཐོང་བར་འགྱུར་རོ། །དམ་ཚིག་མཆོག་ནི་བཅིངས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་རིན་ཆེན་ལྟ་བ་འམ།
དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ་རིན་ཆེན་ལྟ་བ་དང་དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་གའི་རྡོ་རྗེ་རིན་པོ་ཆེ་ལ། ཨོཾ་ས་མ་ཡ་སན་ཡོ་ག་དྲྀ་ཌྷོ་མེ་བྷ་བ་ཞེས་བྱ་བ་ཡིད་ཀྱིས་བྲིས་ཏེ། སྔ་མ་བཞིན་དུ་བསྒྲུབས་ལ་གཏེར་གྱི་གནས་སུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཇི་སྲིད་དུ་གཏེར་གྱི་ལྷ་དང་ལྷན་ཅིག་ཏུ་བསྒོམས་པ་དེ་མངོན་སུམ་ལྟ་བུར་འགྱུར་རོ། །དེ་ལྟར་བསྒོམས་ནས་ཕྱག་རྒྱ་གང་དུ་བསྟན་པར་གྱུར་པ་ན་གཏེར་གྱི་ལྷ་མཐོང་བའི་ཚུལ་གྱིས་གཏེར་ཡོད་པའི་ཕྱོགས་དེར་སྟོན་པར་འགྱུར་རོ། །དབང་པོ་གཉིས་ནི་མཉམ་སྦྱར་ལ། །གཏེར་རྣམས་ཀུན་དུ་ཚོལ་བྱེད་ཅིང༌། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རིན་ཆེན་པདྨའམ་དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཨོཾ་ཎི་དི་ཛྙཱ་ན་ཨཱ་བེ་ཤ་མཱ་མ་ཡོ་ག །ཞེས་ལྕེ་ལ་ཡིད་ཀྱིས་བྲིས་ཏེ། སྔ་མ་བཞིན་དུ་བསྒྲུབས་པ་བྱས་ལ། གཏེར་ཡོད་པའི་གནས་སུ་སོང་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཇི་སྲིད་དུ་གཏེར་གྱི་ལྷ་དང་མཉམ་པར་སྦྱོར་བར་བསྒོམས་པ་དེ་སྲིད་དུ་གཏེར་མཐོང་བར་འགྱུར་རོ། །དབང་པོ་གཉིས་ཀྱི་ཏིང་འཛིན་གྱིས། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ནི། །ཞེས་བྱ་བ་ལ་རིན་ཆེན་ཆར་འབེབས་པའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། རྡོ་རྗེ་ནོར་བུ་ཆར་འབེབས་རང་གི་སྙིང་གར་བསམས་ལ། དེའི་སྟེང་དུ། ཨོཾ་སརྦྦ་ཀརྨྨ་སྥོ་ཊ་ས་མ་ཡོ་ག་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ་སྔ་མ་བཞིན་དུ་བསྒྲུབ་ཏེ། རིན་ཆེན་ཆར་འབེབས་སམ། དེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། ཕྱིས་གཏེར་གྱི་གནས་སུ་སོང་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། གཏེར་གྱི་ལྷ་དང་ལྷན་ཅིག་མཉམ་པར་སྦྱོར་བས་ཇི་སྲིད་དུ་བསྒོམས་པ་དེའི་ཚེ་ཕྱག་རྒྱ་གཉིས་སུ་འགྱུར་ཏེ། རང་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་གཏེར་གྱི་ལྷ་གྲུབ་པར་གྱུར་པ་དེས་གཏེར་སྟོན་པའི་དངོས་གྲུབ་ཏུ་འགྱུར་རོ། །དེ་ལྟར་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་ནས། ད་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དངོས་གྲུབ་རྣམས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་བཞི་པོ་རྣམས་ཀྱིས་ཇི་ལྟ་བ་བཞིན་
དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ་བསྒྲུབས་ཏེ། མདུན་དུ་ལྷ་སྤྱན་དྲངས་ནས་རང་གི་ཕྱག་རྒྱ་བཞི་པོ་རྣམས་ཀྱིས་རྒྱས་བཏབ་ལ་བསྒྲུབ་པ་ན། སྒྲུབ་པ་པོ་སྤྲོ་བ་བསྐྱེད་པའི་ཕྱིར་དང༌། ཕྱག་རྒྱའི་འབྲས་བུ་བསྟན་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ནོར་བུའི་རིགས་ཆེན་པོའི་ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་གསུངས་ལ། དེ་ནས་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པའི་རྗེས་ཐོགས་ལ་ཞེས་བྱ་བའི་ཐ་ཚིག་གོ །ཆེན་པོ་ཡང་ཡིན་ལ་ནོར་བུའི་རིགས་ཀྱང་ཡིན་པས་ན། ནོར་བུའི་རིགས་ཆེན་པོ་སྟེ། དོན་ཡོད་པར་གྲུབ་པའི་དཀྱིལ་འཁོར་ཆེན་པོའོ། །དེ་ལ་ཐམས་ཅད་ནི་ཕྱག་རྒྱ་རྣམ་པ་བཞི་སྟེ། ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་སོ། །དེ་རྣམས་ཀྱི་ཡེ་ཤེས་སུ་ངེས་པ་དེ་བསླབ་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོ་བཅིངས་པའི་མཚན་ཉིད་བསྟན་པའོ། །ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས་སོ། །ཇི་ལྟ་བ་ཡི་རི་མོ་བཞིན། །ཞེས་བྱ་བ་ནི། འདྲི་མཁན་གྱིས་ཇི་ལྟ་བའི་རི་མོའི་རྗེས་སུ་འབྲངས་ནས་ཇི་ལྟ་བ་བཞིན་བྲི་བའོ། །འདི་སྐད་སྟོན་པ་ཡིན་ཏེ། ཇི་ལྟར་རྣམ་པར་སྣང་མཛད་ལ་སོགས་པ་དང༌། ནོར་བུ་རིན་ཆེན་འབེབས་པའི་མཐར་ཐུག་པའི་སྐུའི་གསང་བའི་མཚན་ཉིད་ཀྱི་དཀྱིལ་འཁོར་བྲི་བའི་ཆོ་གར་གསུངས་པ་དེའི་མཚན་ཉིད་ཀྱི་རྗེས་སུ་འབྲངས་ནས། བདག་ཉིད་ཀྱང་སྐུའི་གསང་བའི་རང་བཞིན་རྩ་བའི་དཀྱིལ་འཁོར་ན་གནས་པ་བསྒོམས་ཏེ། ཡང་དང་ཡང་དུ་མངོན་དུ་བྱ་བ་ཡིན་ནོ། །དེ་གང་གི་ཡིན་ཞེ་ན། ཕྱག་རྒྱ་ཆེན་པོ་ཞེས་སྨོས་ཏེ། སྐུའི་གསང་བ་བསྒོམ་པའོ། །ཅིའི་ཕྱིར་བསྒོམས་ཞེ་ན། དོན་གྱི་མཆོག་ཀུན་གྲུབ་པར་འགྱུར། །ཞེས་བྱ་བ་སྨོས་སོ། །དོན་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་དོན་གྱི་མཆོག་ཀུན་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་ནས་རིན་ཆེན་འབེབས་པའི་རང་བཞིན་གྱི་མཐར་ཐུག་པའོ། །དེའི་མཆོག་གི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་བྱས་ནས་དེ་རྟོགས་པར་བསྒོམ་པའོ། །རྡོ་རྗེ་ནོར་བུ་དང༌། རྡོ་རྗེ་ནོར་བུ་མྱུ་གུ་དང༌། རྡོ་རྗེ་རིན་ཆེན་པདྨ་
དང། རྡོ་རྗེ་རིན་ཆེན་ཆར་འབེབས་ཀྱི་ཕྱག་རྒྱ་ཆེན་པོ་ནི། ནོར་བུའི་མཚན་མ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བའི་ཕྲེང་བ་དང༌། གཏོང་བའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་སྙིང་པོ་དང་ནོར་བུའི་མཆོད་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ཉིད་ཀྱིས་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་འབྲས་བུ་གསུངས་པ་ཡིན་ནོ། །སངས་རྒྱས་ཕྱག་རྒྱ་སངས་རྒྱས་ཉིད། །ཅེས་བྱ་བ་ལ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ནི་སངས་རྒྱས་ཕྱག་རྒྱ་ཆེན་པོ་སྟེ། དེ་སངས་རྒྱས་ཉིད་འགྲུབ་པ་སྟེར་བའོ། །དངོས་གྲུབ་ཟབ་མོ་འདི་ལ་མངའ་བས་ན་རབ་གྲུབ་པོ། །གང་གི་ཕྱག་རྒྱ་ཡིན་ཞེ་ན། །རྡོ་རྗེ་སྙིང་པོའིའོ། །དོན་ཐམས་ཅད་གྲུབ་པ་དང༌། ནོར་བུའི་མཚན་མ་དག་གི་ཕྱག་རྒྱ་ཆེན་པོ་དེ་རྣམས་རབ་ཏུ་འགྲུབ་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །རིན་ཆེན་ལྕགས་ཀྱུ་ནི། རིན་ཆེན་རྒྱལ་པོའི་ཕྱག་རྒྱ་ཆེན་པོ་སྟེ། དེས་ཕྱོགས་བཅུ་ཀུན་ནས་དེ་བཞིན་གཤེགས་པ་ལ་སོགས་པ་སྤྱན་འདྲེས་པར་བྱེད་པའོ། །ནོར་བུ་དགའ་བ་ནི་ནོར་བུ་ཆགས་པ་ཆེན་པོ་སྟེ། ནོར་བུའི་ཆགས་པས་རྗེས་སུ་དགའ་བར་བྱེད་པས་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་ཅན་གྱི་ཁམས་ལ་རྗེས་སུ་དགའ་བར་བྱེད་པ་དང༌། སྒྲུབ་པ་པོའི་བཀའ་བཞིན་བྱེད་པའོ། །ནོར་བུ་ལེགས་པའི་ཕྱག་རྒྱ་ཆེན་པོ་ནི་ནོར་བུའི་མགུ་བའོ། །ཤིན་ཏུ་མགུ་བར་བྱེད་པས་ན་རབ་ཏུ་མགུ་བ་ཕུལ་དུ་བྱུང་བ་བྱེད་ཅེས་བྱ་བའི་བྱེད་ཅེས་བྱ་བའི་ཐ་ཚིག་གོ ། ནོར་བུ་ལྟ་བའི་ཕྱག་རྒྱ་ཆེན་པོ་ནི་ནོར་བུའི་ལྟ་བའོ། །ནོར་འཕྲོག་བ་ནི་དབང་བསྐུར་བ་ལ་སོགས་པ་བཀུག་ནས། རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བའི་ནོར་བུའི་ཕྲེང་བ་སྟེ། དེའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་ནོར་བུའི་དབང་བསྐུར་བའམ། སྒྲུབ་པ་པོ་ལ་དབང་བསྐུར་བའོ། །ནོར་བུའི་ཉི་མའི་ཕྱག་རྒྱ་ཆེན་པོ་ནི་ནོར་བུའི་ཉི་མ་སྟེ་གཟི་བརྗིད་བཟང་པོ་མངའ་བས་ན་གཟི་བརྗིད་མཆོག་གོ །ནམ་མཁའ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མེའི་འོད་ཟེར་དེ་འགྱེད་པས་ན་གཟི་བརྗིད་མཆོག་སྟེར་བས་
ཏེ། ནོར་བུའི་ཉི་མ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ནོར་བུའི་རྒྱལ་མཚན་གྱི་ཕྱག་རྒྱ་ཆེན་པོ་ནི་ཡིད་བཞིན་ནོར་བུ་སྟེ་དེ་ཅི་དགར་སྟེར་བའོ། །དེས་ཅི་དགར་སྦྱིན་པ་ནི་གང་དང་གང་གིས་མངོན་པར་འདོད་པའི་བསྒྲུབ་པར་བྱ་བ་དེ་དང་དེ་ཉིད་ཡོངས་སུ་རྫགས་པར་བྱེད་པའོ། །རིན་ཆེན་བཞད་བའི་ཕྱག་རྒྱ་ཆེན་པོ་ནི་རིན་ཆེན་བཞད་བ་སྟེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་དོན་འཕྲོག་ཅིང་སྒྲུབ་པར་བྱེད་པའོ། །རིན་ཆེན་པདྨའི་ཕྱག་རྒྱ་ཆེན་པོ་ནི་རིན་ཆེན་མཆོག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་དེ་མཚན་ཉིད་ཀྱི་ཆོས་དེ་སྟེར་བའོ། །གཏོང་བ་ཏིང་ངེ་འཛིན་ཡེ་ཤེས་ཀྱི་སྙིང་པོའི་ཕྱག་རྒྱ་ཆེན་པོ་ནི་གཏོང་བ་མཆོག་སྟེ། ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་རྙེད་པ་དམ་པ་འཐོབ་པའོ། །རིན་ཆེན་རྣོན་པོའི་ཕྱག་རྒྱ་ཆེན་པོ་ནི་རིན་ཆེན་རལ་གྲི་སྟེ། ཤེས་རབ་ཀྱི་ཡེ་ཤེས་ཆེན་པོའི་མཛོད་སྟེར་བའོ། །ནོར་བུ་འཁོར་ལོའི་ཕྱག་རྒྱ་ཆེན་པོ་ནི་ནོར་བུའི་འཁོར་ལོ་སྟེ། དེའི་བདག་པོ་ནི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་གྱི་བདག་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ནོར་བུའི་འཁོར་ལོ་དེ་སྟེར་བར་འགྱུར་རོ། །རིན་ཆེན་གསུང་བའི་ཕྱག་རྒྱ་ཆེན་པོ་ནི་སྨྲ་བ་སྩལ་བའི་དངོས་གྲུབ་སྟེ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་དངོས་གྲུབ་ནོར་བུའི་གསུང་བ་ཉིད་ཐོབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རིན་ཆེན་ཆར་འབེབས་ཀྱི་ཕྱག་རྒྱ་ཆེན་པོ་ནི་རིན་པོ་ཆེ་ཆར་འབེབས་ཏེ། དེ་ནོར་བུ་ཆེན་པོའི་བྱང་ཆུབ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་ཆར་ཉིད་འཐོབ་པར་འགྱུར་རོ། །ནོར་བུ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི་ནོར་བུ་ཆེན་པོ་སྟེ། དེ་ཤིན་ཏུ་ལེགས་པར་མཆོད་པ་ཐོབ་པར་འགྱུར་རོ། །ནོར་བུ་བསྲུང་བའི་ཕྱག་རྒྱ་ཆེན་པོ་ནི་རིན་ཆེན་གོ་ཆ་བརྟན་པར་བྱེད་པ་སྟེ། ཕྱིར་མི་ལྡོག་པའི་བརྩོན་འགྲུས་ནི་ནོར་བུའི་བསྲུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ནོར་བུ་གནོད་སྦྱིན་གྱི་ཕྱག་རྒྱ་ཆེན་པོ་ནི་ནོར་བུའི་མཆེ་བ་གཟུང་བ་དང༌། འཛིན་པའི་རྣམ་པར་རྟོག་པ་འཇོམས་པས་ན་དེའི་ནོར་འཕྲོག་པའོ། །ནོར་བུའི་ཁུ་ཚུར་གྱི་ཕྱག་རྒྱ་ཆེན་པོ་ནི་ཁུ་ཚུར་དེས་ནོར་བུའི་དངོས་གྲུབ་ཐོབ་པ་སྟེ། དེ་མངོན་སུམ་དུ་བྱས་པས་དེ་བཞིན་གཤེགས་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །
དེ་ནས་དཀྱིལ་འཁོར་ཆེན་པོའང་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་དམ་ཚིག་འཛིན་པའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་ཡེ་ཤེས་སུ་འགྱུར་བའོ། །རྡོ་རྗེ་རིན་ཆེན་ཕྱག་རྒྱ་ནི། །སངས་རྒྱས་ཀུན་གྱི་དབང་བསྐུར་ཐོབ། །ཅེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་རྡོ་རྗེ་རིན་ཆེན་གྱི་བདག་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ལ་དབང་བསྐུར་བར་གསོལ་བ་གདབ་སྟེ། དེའི་མཚན་ཉིད་ནི་རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་བསྙམས་ལ་མཛུབ་མོ་གཉིས་བཀུག་པའི་རྩེ་མོ་སྤྲད་པ་ནི་རྡོ་རྗེ་རིན་ཆེན་ཏེ། རྡོ་རྗེ་རིན་ཆེན་དེ་ཉིད་འཆིང་བའི་སྦྱོར་བ་དང༌། ཨོཾ་བཛྲ་རཏྣ་ཧཱུཾ་ཞེས་བྱ་བས་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བ་སྦྱིན་ནོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་འཕགས་པ་ནམ་མཁའི་སྙིང་པོའི་རྣལ་འབྱོར་བྱས་ཏེ། ཕྱིས་ཕྱག་རྒྱ་འདི་བཅིངས་ནས་བདག་ཉིད་འཕགས་པ་ནམ་མཁའི་སྙིང་པོར་བསྒོམས་ཏེ། སྙིང་པོ་འདི་བཟླས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་རྡོ་རྗེ་རིན་ཆེན་འགྲུབ་པར་འགྱུར་རོ། །རྡོ་རྗེ་ནོར་བུ་ཆེ་བཅིངས་ནས། །རྡོ་རྗེ་རིན་ཆེན་མགུ་བར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ། མཛུབ་མོ་རྒྱབ་ཏུ་བསྐུམས་ནས། རྡོ་རྗེ་མཐེ་བོང་དང་སྦྱར་བ་འདི་ནི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱའོ། །འདི་བཅིངས་ལ་ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ཤ་པ་རི་པཱུ་ར་ནི་མ་ཧཱ་རཏྣ་ཧཱུཾ། ཞེས་གསུངས་ཏེ་བྱ་བ་གང་གི་ཚེ་རྡོ་རྗེ་དབྱིངས་ལས་བཤད་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ལ་བཟླས་པ་དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དངོས་གྲུབ་ཐོབ་པར་འགྱུར་བ་དེའི་ཕྱིར། རྡོ་རྗེ་རིན་ཆེན་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པས་ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཐོབ་ཅེས་བྱ་བའི་དོན་ཏོ། །རྡོ་རྗེ་གཉིས་ལས་ནོར་བུ་བྱས། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་ནོར་བུར་བྱའོ། །རྡོ་རྗེ་འཛིན་
ལས་ནོར་ཐོབ་བོ། །ཞེས་བྱ་བ་ནི་འབྲས་བུ་གསུངས་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་འདི་བཅིངས་ཏེ། ཨོཾ་བཛྲ་ཧཱུཾ་ཏྲཱཾ་ཞེས་སྙིང་པོ་ཟློས་ཤིང༌། རྡོ་རྗེ་འཛིན་པའི་བདག་ཉིད་དུ་བསྒོམས་ནས་མཚན་མ་ཐོབ་པ་དང༌། མཚན་ཐོག་ཐག་ཟློས་ཤིང་བཅོམ་ལྡན་འདས་མདུན་དུ་བཞག་ལ་བསྒོམས་པ་དེའི་ཚེ་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་རོ། །དེ་ཉིད་མཐེ་བོང་རྡོ་རྗེ་ཡིས། །ཞེས་བྱ་བ་ནི་བཤད་མ་ཐག་པའི་རྡོ་རྗེ་འཛིན་པའི་ཕྱག་རྒྱའི་མཐེ་བོ་གཉིས་མྱུ་གུ་ལྟར་བྱས་པ་ནི་ནམ་མཁའི་སྙིང་པོའི་ཕྱག་རྒྱའོ། །ནོར་བུ་སྦྱིན་པ་ཞེས་བྱ་བ་ནི་ནམ་མཁའི་སྙིང་པོའི་དངོས་གྲུབ་ཀྱི་འབྲས་བུའོ། །སྙིང་གར་བཞག་ཅེས་བྱ་བ་ནི་ཡིད་ཀྱིས་མངོན་པར་འདོད་པ་ཞེས་བྱ་བའི་དོན་ཏོ། །སྔ་མ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ནམ་མཁའི་སྙིང་པོའི་རྣལ་འབྱོར་བྱས་ལ། ཕྱིས་ཕྱག་རྒྱ་དེ་བཅིངས་ཏེ། ཨོཾ་མ་ཎི་རཏྣ་ཧཱུཾ། ཞེས་བརྗོད་ཅིང་བསྒོམས་པས་ནམ་མཁའི་སྙིང་པོ་འགྲུབ་པར་འགྱུར་རོ། །མཛུབ་གཉིས་པདྨའི་ནོར་བུ་བཅིངས། །རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་བསྒྲེང་ནས་ཕན་ཚུན་ལྟོ་སྦྱར་ཏེ། རྒྱབ་ཅུང་ཟང་བསྐུམས་ནས་རིན་པོ་ཆེ་བྱའོ། །ཅི་ཞིག་ཏུ་འགྱུར་ཞེ་ན། འཇིག་རྟེན་དབང་གིས་ནོར་སྦྱིན་འགྱུར། །ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སྤྱན་སྒྲུབ་པ་པོ་རང་ལ་དངོས་གྲུབ་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སྤྱན་གྱི་རྣལ་འབྱོར་བྱས་ཏེ། ཕྱིས་དེའི་ཕྱག་རྒྱ་བཅིངས་ལ། པདྨ་ཧྲཱིཿ་ཞེས་ཟློས་ཤིང་རྡོ་རྗེ་སྤྱན་བསྒོམས་ཏེ། གང་གི་ཚེ་མཚན་མ་ཐོབ་ནས་དངོས་གྲུབ་ཏུ་གྱུར་པ་དེའི་ཚེ་རྡོ་རྗེ་སྤྱན་ཉིད་དང་འཇིག་རྟེན་དབང་ཕྱུག་ཉིད་ཐོབ་པར་འགྱུར་རོ། །རྡོ་རྗེ་ལ་ནོར་སྣ་ཚོགས་ཀྱི། །ཞེས་བྱ་བ་ནི་སྔར་བཤད་པའོ། །རྡོ་རྗེ་ནོར་བུ་ཆེ་བཅིངས་ལ། །གར་བྱས་སྤྱི་གཙུག་དབུས་གཞག་སྟེ། །མཆོད་པའི་ཆོ་ག་ཐམས་ཅད་ཀྱིས། །ཀུན་ལ་རིན་ཆེན་མཆོད་པར་བྱ། །ཞེས་བྱ་བ་འདི་ནི་རྡོ་རྗེ་ལས་ཀྱི་
ནོར་བུ་སྟེ། ནོར་བུ་མཆོད་པའི་དམ་ཚིག་གི་ཕྱག་རྒྱའོ། །ཅི་ཞིག་སྦྱིན་པར་བྱེད་ཅེ་ན། ནོར་བུ་ཆེན་པོ་རྒྱལ་མཚན་སྦྱིན། །ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་ལས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་དེའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་བི་ཤྭ་རཏྣ་ཧཱུཾ་ཞེས་ཟློས་ཤིང་གང་གི་མཚན་མ་ཐོབ་པར་གྱུར་ནས་འགྲུབ་བར་འགྱུར་བ་དེའི་ཚེ་སྣ་ཚོགས་སུ་འགྱུར་རོ། །རྡོ་རྗེ་དབྱིངས་མཛུབ་ནོར་མཆོག་གིས།། ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་དེའི་ནོར་གྱི་མཆོག་ནི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱའོ། །དེས་སངས་རྒྱས་རིན་ཆེན་དེ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཨོཾ་བུདྡྷ་རཏྣ་ཧཱུཾ་ཞེས་བྱ་བའི་སྙིང་པོ་ནི་ཕྱག་རྒྱའོ། །མཛུབ་མོ་བསྙམས་ཏེ་རྒྱབ་བཀུག་ལ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་མྱུ་གུ་ལྟར་བྱས་ནས་རྒྱབ་བསྐུམས་ཏེ། རིན་པོ་ཆེའི་མཐེ་བོང་གཉིས་མྱུ་གུ་ལྟར་བྱས་པ། དེ་ལས་མཐེ་བོང་རྡོར་ཇེ་བཅིངས་པར་འགྱུར་ཏེ། རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ལས། །འདི་ནི་རྡོ་རྗེ་ནོར་བུར་གསུངས། །ཞེས་བྱ་བ་ནི་བཤད་པའོ། །གང་ལ་འབྱུང་བ་ཡིན་ཞེ་ན། རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ལས། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་བསྡམས་པ་གཉིས་དམ་དུ་བྱས་པ་འདི་ནི་རྡོ་རྗེ་སྙིང་པོའི་ཕྱག་རྒྱར་འགྱུར་རོ། །ད་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་ནོར་བུ་ཆེན་པོ་དམ་ཚིག་གི་ཕྱག་རྒྱ་འདི་ནི་སེམས་མ་རྡོ་རྗེ་མའི་གནས་རྡོ་རྗེ་ནོར་བུའི་ཕྱག་རྒྱའི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །འདི་ནི་བཅིངས་མ་ཐག་ཏུ་ཡང༌། །རྡོ་རྗེ་ནོར་བུ་ཆེན་པོ་ཐོབ། །ཅེས་བྱ་བ་ནི་ནོར་བུ་ཆེན་པོའི་རིགས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང༌། རྟོག་པ་ཐོབ་པོ་ཞེས་བྱ་བའི་ཐ་ཚིག་གོ །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་འཕགས་པ་ནམ་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱ་ནི། མཛུབ་གཉིས་རིན་ཆེན་འདྲར་བཅིངས་པ། །གུང་མོ་མྱུ་གུ་བསྒྲེང་བས་ནི། །ཞེས་བྱ་བ་ནི་གུང་མོ་མྱུ་གུ་ལྟར་བསྒྲེང་བ་འདི་ནི། རྡོ་རྗེ་རིན་ཆེན་མྱུ་གུ་དམ་ཚིག་གི་ཕྱག་རྒྱ་སྟེ། འདི་
ནི་བཅིངས་མ་ཐག་ཏུ་ཡང་སྟོབས་དང་མི་འཇིགས་པ་ལ་སོགས་པ་དགེ་བའི་མཚན་ཉིད་ཀྱིས་དབང་བསྐུར་བ་ཐོབ་པར་འགྱུར་པ་དེ་རྙེད་པར་འགྱུར་བའོ། །དེ་ནས་གུང་མོ་སྲིན་ལག་དང༌། །མཐེ་ཆུང་རྣམས་ནི་པདྨོར་བྱས། །ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེ་མྱུ་གུའི་ཕྱག་རྒྱ་ཉིད་ལ་གུང་མོ་དང༌། སྲིན་ལག་དང་མཐེའུ་ཆུང་རྣམས་སོར་མོ་ཕན་ཚུན་གདོང་སྦྱར་ཏེ། པདྨ་ཁ་བྱེ་བ་བཞིན་དུ་བྱས་པ་འདི་ནི་རྡོ་རྗེ་རིན་ཆེན་པདྨའི་དམ་ཚིག་གི་ཕྱག་རྒྱའོ། །འདི་ནི་གཏོང་བའི་ཏིང་ངེ་འཛིན་ཡེ་ཤེས་ཀྱི་སྙིང་པོ་འགྲུབ་པས། ཀུན་དུ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་གིས་ཏིང་ངེ་འཛིན་གྱི་ནོར་བུ་སྒྲུབ་པ་པོ་ལ་སྦྱིན་པར་འགྱུར་རོ། །མཛུབ་མོ་མཐེ་བོ་མཐེའུ་ཆུང་རྣམས། །རྡོ་རྗེ་རིན་ཆེན་ཚུལ་དུ་བྱ། །ཞེས་བྱ་བ་ནི་ཐལ་མོ་སྦྱར་ལ། སྲིན་ལག་གཉིས་མྱུ་གུ་ལྟ་བུ་དང༌། གུང་མོ་དང་མཐེའུ་ཆུང་གཉིས་ནང་དུ་བཅུག་ནས། སེན་མོ་གཉིས་ཕན་ཚུན་སྦྱར་བ་འདི་ནི་རྡོ་རྗེ་རིན་ཆེན་ཆར་འབེབས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་བསྡམས་པ་དམ་པོར་བྱས་ནས་མཛུབ་མོ་གཉིས་ནོར་བུ་འདྲ་བར་བྱས་ལ། མཐེ་བོ་གཉིས་བརྐྱང་སྟེ་ཁ་ཕྱེ་ནས་སྙིང་གར་གཞག་པ་འདི་ནི། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་དོན་ཐམས་ཅད་གྲུབ་པའི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བསམས་པས་བསྡམས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ལ་གུང་མོ་གཉིས་མྱུ་གུ་ལྟར་བྱས་ཏེ། རྒྱབ་བསྐུམ་པའི་ཚུལ་གྱིས་རིན་པོ་ཆེར་བྱས་པ་འདི་ནི་རྡོ་རྗེ་སེམས་དཔའི་གནས་ཀྱི་རྡོ་རྗེ་ནོར་བུ་མཚན་མའི་དམ་ཚིག་གི་ཕྱག་རྒྱའོ། །ལས་ཅི་ཞིག་བྱེད་ཅེ་ན། ནོར་བུ་རིན་ཆེན་རབ་སྦྱིན་ནོ། །ཞེས་བྱ་བ་སྨོས་ཏེ། །དེ་ཉིད་ལས་ཞེས་བྱ་བ་ནི། བཤད་མ་ཐག་པའི་ནོར་བུ་མཚན་མའི་དམ་ཚིག་གི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱས་པ་ནི། རིན་ཆེན་རྒྱལ་པོའི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱི་དོན་ཀུན་འགུགས་པའི་ཕྱག་རྒྱའོ།། མིང་གང་ཡིན་ཞེ་ན། ནོར་བུ་རིན་ཆེན་ལྕགས་ཀྱུར་བཤད། །ཅེས་བྱ་བ་སྨོས་ཏེ་བསྟན་པའོ། །དེ་ཉིད་ལས་ཞེས་བྱ་བ་ནི། བཤད་མ་ཐག་པའི་རིན་ཆེན་རྒྱལ་པོའི་དམ་ཚིག་གི་ཕྱག་རྒྱ་ལས་སོ། །བསྒྱུར་ནས་ཀྱང་ཞེས་བྱ་བ་ནི་གཡོན་པའི་ཕྱོགས་ནས་སོ། །མཛུབ་མོས་མཛུབ་མོ་བཟུང་ནས་
ནི། ཞེས་བྱ་བ་ནི་གཡས་པའི་མཛུབ་མོས་གཡོན་པའི་མཛུབ་མོ་བཟུང་སྟེ། མདའ་འཕང་པའི་ཚུལ་དུ་བྱས་ལ་དྲངས་ཤིང་འཐེན་ནས། དགྲོལ་བར་སེམས་ཅན་གྱི་ཁམས་དགའ་བར་བྱེད་ཅིང་དབང་དུ་བྱེད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། ནོར་བུ་རྒྱལ་པོའི་ཕྱག་རྒྱ་ལས། གཡས་པའི་མཛུབ་མོས་གཡོན་ལོགས་ནས་འདྲེན་པའི་ཚུལ་དུ་བྱེད་པ་ནི་ནོར་བུ་ཆགས་པའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མཐེ་བ་གཉིས་སྦྱར་བ་ལེགས་སོ་ཞེས་བྱའོ་ཞེས་བྱ་བ་ནི་ནོར་བུ་ཆགས་པའི་ཕྱག་རྒྱ་ཉིད་ལས། མཛུབ་མོ་དང་མཐེ་བོ་གཉིས་སེ་གོའི་བརྡབས་པའི་ཚུལ་དུ་བྱེད་པ་ནི་ནོར་བུ་ལེགས་པའིའོ། །དེ་ལས་མཐེབ་གཉིས་སྦྱར་བ་ཡིས། །མཛུབ་གཉིས་རྩེ་མོར་བཀབ་དེ་བཞིན། །མཐེ་བོ་གཉིས་ནི་དབུས་སྦྱར་ལ། །མཛུབ་གཉིས་ངོས་དང་སྦྱར་བ་ནི། །ཞེས་བྱ་བ་ནི་རིན་ཆེན་ལེགས་པའི་ཕྱག་རྒྱ་ཉིད་ལས། མཛུབ་མོ་གཉིས་བསྐུམས་ནས་ཚིགས་ གསུམ་པ ་ཕན་ཚུན་སྦྱར་ལ། མཐེ་བོ་གཉིས་བསྒྲེངས་ནས་བཀབ་ལ་ཅུང་ཟད་ཁ་ཕྱེ་སྟེ། མཐེ་བོང་གི་གདོང་ལྟ་བའི་ཚུལ་དུ་འཛིན་པར་བྱེད་པ་འདི་ནི་ནོར་བུའི་ལྟ་བ་སྟེ། ནོར་བུ་ལྟ་བའི་ཕྱག་རྒྱ་འབར་བའི་ལྟ་བ་དབང་བསྐུར་བ་ལ་སོགས་པ་བྱས་པས་འཇིག་རྟེན་པ་རྣམས་ཀྱིས་ལྟ་བའི་དོན་རྣམས་འཕྲོག་པར་བྱེད་པའོ། །དོན་ཀུན་གྲུབ་པའི་ཕྲེང་བ་ནི། །ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བ་སྟེ། འདིར་དོན་ཐམས་ཅད་གྲུབ་པ་དེའི་ཕྲེང་བ་ནི་དབང་བསྐུར་བའི་དམ་ཚིག་གི་ཕྱག་རྒྱའོ། །དེས་ལས་གང་ཞིག་བྱེད་ཅེ་ན། །རང་གི་དབང་ནི་རབ་སྦྱིན་འགྱུར། །ཞེས་བྱ་བ་སྨོས་ཏེ། དགེ་བའི་དབང་བསྐུར་བ་ནི་རང་གི་དབང་བསྐུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བའི་དབང་བསྐུར་བ་དེ་བཀུག་ནས་སྦྱིན་པར་བྱ་བ་ནི་རང་གི་དབང་རབ་ཏུ་སྦྱིན་པར་འགྱུར་རོ། །དོན་ཐམས་ཅད་གྲུབ་པའི་ཕྲེང་བ་འདི་གང་ཞིག་ཡིན་ཞེ་ན། དེ་ཉིད་སྙིད་གར་མཐེ་བོ་གཉིས། །བསྒྲེང་སྟེ་ངོས་ཀྱིས་སྦྱར་བ་ནི། །ཞེས་བྱ་བ་ལ་རིན་ཆེན་ལྟ་བའི་དམ་ཚིག་གི་ཕྱག་རྒྱ་སྙིང་གའི་ཕྱོགས་སུ་མཛུབ་མོ་གཉིས་དང་མཐེ་བོ་གཉིས་ཕན་ཚུན་ཁ་སྦྱར་ལ་བཅིངས་ཏེ། ཕྱིས་སྙིང་གའི་ཕྱོགས་སུ་གཞག་པ་ལས། དབང་བསྐུར་བའི་གནས་སུ་
འཇོག་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་ཕྲེང་བའི་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ནོར་བུ་ཉི་མའི་སྙིང་གར་གཞག །གཟི་བརྗིད་ཆེན་པོ་རབ་སྦྱིན་འགྱུར། །ཞེས་བྱ་བ་ནི་བཤད་མ་ཐག་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་ཕྲེང་བའི་དམ་ཚིག་གི་ཕྱག་རྒྱ་ཉིད་ལས་ཉི་མའི་དཀྱིལ་འཁོར་གྱི་ཚུལ་གྱིས་སྙིང་གར་བསྐོར་བས་ནམ་མཁའི་ཁམས་ཁྱབ་པར་ཉི་མའི་ཏིང་ངེ་འཛིན་རབ་ཏུ་སྟེར་བ་དང༌། གཟི་བརྗིད་ཆེན་པོ་རབ་ཏུ་སྦྱིན་པ་འདི་ནི་ནོར་བུ་ཉི་མའི་དམ་ཚིག་གི་ཕྱག་རྒྱའོ། །སྲིན་ལག་བསྙམས་ཏེ་བསྒྲེང་ནས་ནི། །ཕྱི་སྟེ་སྤྱི་བོར་གཞག་བྱ་བ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུག་བའི་ཕྱག་རྒྱ་དེ་ཉིད་སྤྱི་བོར་བཞག་ལ་སྲིན་ལག་གཉིས་བསྙམས་ཏེ་མྱུ་གུ་ལྟར་བྱས་ནས་ཕྱེ་བ་འདི་ནི་ནོར་བུའི་དཔལ་གྱིའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་མྱུ་གུ་ལྟར་བྱས་ནས་ཕྱིར་སྟེ་སྤྱི་བོར་གཞག་པར་བྱའོ། །རྡོ་རྗེ་ནོར་བུ་ཆེན་པོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རེ་བ་ཐམས་ཅད་རྫོགས་བྱེད་པ། །ཞེས་བྱ་བ་ནི་ཕྱག་རྒྱ་འདིའི་འབྲས་བུ་གསུངས་པ་ཡིན་ནོ། །དེ་ཉིད་ལས་ནི་འགྱིང་བྱེད་ཅིང༌། །ཁ་འགྲམ་དགོད་པར་བསྐོར་བ་དེ། །ཞེས་བྱ་བ་ནི་ནོར་བུའི་དཔལ་གྱི་དམ་ཚིག་གི་ཕྱག་རྒྱ་ཉིད་འགྱིང་བར་བྱེད་ཅིང་དགོད་པའི་ཚུལ་དུ་བསྒོར་ནས་ཁར་འཇོག་པ་འདི་ནི་རིན་ཆེན་བཞད་པའིའོ། །རིན་ཆེན་ཆེར་དགོད་ཅེས་བྱ་བ་ནི་ཕྱག་རྒྱའི་མིང་བསྟན་པ་ཡིན་ནོ། །འདིའི་འབྲས་བུ་གང་ཡིན་ཞེ་ན། བཞད་པས་དོན་རྣམས་ཐམས་ཅད་ཐོབ། །ཅེས་བྱ་བ་སྨོས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྦྱིན་པའི་དོན་ཐོབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཀུན་རྩེ་ནོར་བུའི་པདྨ་ནི། །ཏིང་ངེ་འཛིན་གྱིས་ནོར་འཕྲོགས་པ། །ཞེས་བྱ་བ་ནི་སོར་མོའི་རྩེ་མོ་ཐམས་ཅད་བསྙེམས་ལ་ཚིགས་ གསུམ་པ ་ཅུང་ཟད་ཅིག་བཀུག་པ་ནི་ནོར་བུའི་པདྨ་ལྟ་བུ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ནོར་ཏིང་ངེ་འཛིན་གྱི་སྦྱོར་བས་འགུགས་པར་བྱེད་པ་འདི་ནི་རིན་ཆེན་པདྨའིའོ། །འདི་སྐད་སྟོན་པ་ཡིན་ཏེ། སོར་མོ་རྩེ་མོ་
ཐམས་ཅད་ནོར་བུའི་པདྨ་ལྟ་བུར་བྱས་ནས། མདུན་དུ་ཁ་ཐུར་དུ་བསྟན་ལ་གཞག་པར་བྱའོ། །དེ་ལས་མཐའ་ལས་གྲོལ་བ་ནི། །སྦྱིན་པ་ཆེན་པོ་རབ་སྦྱིན་བྱེད། །རིན་ཆེན་པདྨའི་དམ་ཚིག་གི་ཕྱག་རྒྱ་ཉིད་ལས་མཐེའུ་ཆུང་ནས་བརྩམས་ཏེ། དལ་བུས་དགྲོལ་བའི་ཚུལ་གྱིས་སོར་མོ་ཐམས་ཅད་བཀྲོལ་བ་ནི་གཏོང་བ་ཏིང་ངེ་འཛིན་ཡེ་ཤེས་ཀྱི་སྙིང་པོའོ། སྦྱིན་པ་ཆེན་པོ་རབ་སྦྱིན་བྱེད། །ཅེས་སོ། །མཐེ་བོང་གཉིས་ནི་ནང་དུ་དགུག །ཅེས་བྱ་བ་ལ་སོགས་པ་ནི་རིན་ཆེན་པདྨའི་དམ་ཚིག་གི་ཕྱག་རྒྱ་ཉིད་ལས། མཐེ་བོང་ནང་དུ་བཅུག་ལ་མཛུབ་མོ་གཉིས་ནོར་བུ་ལྟ་བུར་བྱས་ནས་རལ་གྲི་འཛིན་པའི་ཚུལ་དུ་བྱེད་པ་འདི་ནི་ནོར་བུ་རལ་གྲི་ཞེས་བྱ་བ་རིན་ཆེན་རྣོན་པོའིའོ། ལས་ཅི་ཞིག་བྱེད་ཅེ་ན། ནོར་འཕྲོག་པ་ཞེས་བྱ་བ་སྨོས་ཏེ། ཤེས་རབ་དང་ཡེ་ཤེས་ལ་སོགས་པའོ། །སུ་དག་གི་ཞེ་ན། འགྲོ་བ་རྣམས་ཀྱི་སྟེ། སངས་རྒྱས་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པའི་མཐུས་རྣམ་པར་རྣོན་པའོ། །རྡོ་རྗེ་བསྡམས་ཏེ་འཁོར་ལོ་བྱ། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་གྱི་བདག་པོ་སྟེར་བར་བྱེད་པའི་རྡོ་རྗེ་རབ་ཏུ་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཐལ་མོའི་ཚུལ་དུ་བྱས། །ཁ་ནས་འདྲེན་པར་བྱས་པ་ནི། །ཞེས་བྱ་བ་ལ། ནོར་བུ་འཁོར་ལོའི་དམ་ཚིག་གི་ཕྱག་ཪྻ་ཉིད་ལས། ནོར་བུའི་ཐལ་མོ་སྦྱར་ཏེ། ཁ་ནས་འདྲེན་པའི་ཚུལ་དུ་བྱེད་པ་ནི་ནོར་བསྲུང་བའིའོ། །དེ་ཉིད་བཅིངས་བ་ནི་རིན་ཆེན་གསུངས་པའི་རྣལ་འབྱོར་པས་དེ་བཅིངས་པའོ། །ངག་ཡིན་ཏེ་ནོར་བུ་གསུང་བའིའོ། །རང་གི་བཀས་ནི་རང་གི་ཚིག་དེ་ནོར་བུ་གསུང་བའི་བཀའོ། །ང་རྒྱལ་གྱི་ནོར་གསུང་བས་འཕྲོག་ཅིང་འགུགས་པར་བྱེད་པ་སྟེ། རང་གི་རིག་པས་བྱེད་ཅེས་བྱ་བའི་དོན་ཏོ། །རྡོ་རྗེ་ནོར་བུ་ཆེ་བཅིངས་ལ། །ཞེས་བྱ་བ་ནི། མཛུབ་མོ་བསྙམས་ཏེ་རྒྱབ་བཀུག་པ། མཐེ་བོང་རྡོ་རྗེ་བཅིངས་པ་ནི། །རྡོ་རྗེ་བསྡམས་པ་ལས་བྱུང་བ། །རྡོ་རྗེ་ནོར་བུ་ཆེ་ཞེས་བཤད། །དེ་བཅིངས་ལ་སོར་མོ་ལྷག་མ་རྣམས་གྱེན་དུ་བརྐྱང་ནས། ནོར་བུ་ལྟ་བུའི་ཚུལ་གྱིས་བསྐྱོད་པ་དེ་བཞིན་དུ་སོར་མོ་ཐམས་ཅད་ཀྱང་བསྐྱོད་པར་བྱའོ། །དེའི་ཕྱིར། སོར་མོ་ཐམས་ཅད་བསྒྲེང་ནས་ནི། །ཕྱོགས་བཞི་ནས་ནོར་ཆར་འབེབས། །ཞེས་
བྱ་བ་འདི་ནི་རིན་ཆེན་ཆར་འབེབས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ནོར་བུ་ཆེ་བཅིངས་ལ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གར་བྱས་གཙུག་ཕུག་དབུས་པ་བཞག་ནས། །ཞེས་བྱ་བ་ནི་གར་བྱེད་ཅིང་སྤྱི་གཙུག་གི་ཕྱོགས་ཀྱི་ཕྱོགས་སུ་མཆོད་པས་ཡང་དག་པར་མཆོད་པར་བྱེད་པའོ། །ཀུན་ལ་ཆོ་ག་བཞིན་བཅིངས་ནས། །རིན་ཆེན་ཀུན་གྱིས་དེ་མཆོད་འགྱུར། །ཞེས་བྱ་བ་ནི་མཛུབ་མོ་གཉིས་རྡོ་རྗེ་ནོར་བུ་ཆེན་པོར་བྱས་ལ། སོར་མོ་ལྷག་མ་བརྐྱང་གདོང་སྦྱར་ནས། ནོར་བུའི་ཚུལ་དུ་བཏགས་པའི་ནོར་བུ་ཆེན་པོ་ཆོ་ག་བཞིན་དུ་ཡང་དག་པར་མཆོད་པ་དེ་རྣལ་འབྱོར་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་རིན་པོ་ཆེའི་ནོར་བུ་དངོས་གྲུབ་ཐོབ་པར་བྱེད་པའི་ཕྱིར་མཆོད་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། རིན་ཆེན་ཆར་འབེབས་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ནས། གར་བྱས་ཏེ་སྤྱི་གཙུག་གི་དབུས་སུ་གཞག་པ་འདི་ནི་ནོར་བུ་མཆོད་པའི་དམ་ཚིག་གི་ཕྱག་རྒྱའོ།། དོན་ཀུན་གྲུབ་པའི་ཕྱག་རྒྱ་ནི། །མགྲིན་པའི་ཕྱོགས་སུ་འཁྱུད་པར་བྱ། །ནོར་བུ་བཅིང་བ་ཞེས་བྱ་སྟེ། །བསྲུང་བ་ཡི་ནི་ཆོ་གར་གྲགས། །ཞེས་བྱ་བ་ནི་ནོར་བུ་བསྲུང་བའིའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་བསྡམས་པ་ལ་མཛུབ་མོ་གཉིས་ནོར་བུར་བྱས་ནས། མཐེ་བོ་གཉིས་བརྐྱང་སྟེ་ཁ་ཕྱེ་ལ། རང་གི་མགྲིན་པའི་ཕྱོགས་སུ་འཁྱུད་པ་ལྟར་བྱའོ། །དེ་ཉིད་དོན་ཀུན་གྲུབ་པའི་ཕྱིར། །གནོད་སྦྱིན་ཚུལ་དུ་ཁར་གཞག་གོ །ཞེས་བྱ་བ་ནི་ནོར་བུ་བསྲུང་བའི་ཕྱག་རྒྱ་ཉིད་ལས་མཐོ་བོང་གཉིས་བརྐྱང་ནས་ཁར་གཞག་པ་ནི་ནོར་བུ་མཆེ་བ་ཞེས་བྱ་བའི་གནོད་སྦྱིན་གྱི་དོན་འཕྲོག་པ་སྟེ། ནོར་བུའི་གནོད་སྦྱིན་ལ་སོགས་པ་དོན་ཐམས་ཅད་འགུགས་པའོ། །རྡོ་རྗེ་བསྡམས་པ་དམ་བྱས་ལ། །མཛུབ་བཀུག་མཐེ་བོ་གཉིས་ཀྱིས་ནི། །ཞེས་བྱ་བ་ནི་མཛུབ་མོ་གཉིས་དང་རང་གི་མཐེ་བོང་གཉིས་གདོང་སྦྱར་ནས་ལེགས་པར་མནན་ཏེ་བཙིར་བ་ནི་ནོར་བུའི་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱའོ། །དམ་ཚིག་རྣམས་ཀྱི་མཆོད་མཆོག་རྣམས། །ཞེས་བྱ་བ་ནི་སྒེག་མོ་ལ་སོགས་པའོ། །དེ་དག་གི་ཡང༌། རྡོ་རྗེ་དབྱིངས་ཀྱི་ཚུལ་དུ་ནི། །ཇི་བཞིན་ནོར་བུ་ལྡན་པ་ཡི། །འདིར་ནི་དམ་ཚིག་མཆོག་ཏུ་བརྟགས། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཇི་
ལྟ་བ་བཞིན་དུ། ནོར་བུའི་རིགས་ཀྱི་སྦྱོར་བ་ནི། །གུང་མོ་ནོར་བུའི་ཚུལ་བྱ་བར། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྒེག་མོ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་འདིར་དམ་ཚིག་གི་ཕྱག་རྒྱར་བརྟག་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། ནོར་བུའི་མཚན་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། མཐེ་བོང་བསྙམས་ལ་སྙིང་གར་གཞག །རབ་ཏུ་བརྐྱང་བས་ཕྲེང་བ་མའི། །ཐལ་མོ་སྦྱར་བ་ཁ་ནས་དབྱུང༌། །གར་ལ་ཐལ་སྦྱར་སྤྱི་བོར་གཞག །རྡོ་རྗེ་བཅིང་བ་ཐུར་དུ་བླུགས། །རང་གི་ཐལ་སྦྱར་གྱེན་དུ་གཏོར། །མཐེ་བོང་བསྙམས་ཏེ་རབ་ཏུ་བསྡམས། །རབ་ཏུ་བསྐྱང་ནས་བྱུག་པའོ། །ཞེས་བྱ་བ་ནི་ནོར་བུ་སྒེག་མོ་ལ་སོགས་པ་ནས། ནོར་བུའི་དྲི་ཆབ་མ་ལ་མཐར་ཐུག་པའི་བར་གྱི་དམ་ཚིག་གི་ཕྱག་རྒྱའོ། །འདིར་རང་གི་ཐལ་མི་ནི་ཐལ་མོ་སྦྱར་བ་རིན་པོ་ཆེའི་ཐལ་མོར་གཟུང་བར་བྱའོ་།ལྕགས་ཀྱུ་བཅིང་སོགས་ཚུལ་དུ་ནི། ལས་རྣམས་ཐམས་ཅད་རབ་གྲུབ་བྱེད། །ཅེས་བྱ་བ་ནི་ནོར་བུ་མཚན་མའི་ཕྱག་རྒྱ་དེ་ཉིད་བཅིངས་ནས། མཛུབ་མོ་གཅིག་ཏུ་བཀུག་པ་དང༌། །མཐེ་བོང་གཉིས་ན་མདུད་པ་དོར། །མཐེ་བོང་མཛུབ་མོ་གདུ་བུར་བཅིང༌། །རྡོ་རྗེ་བཅིང་བ་མཛུབ་མོར་བསྡམས། །ཞེས་བྱ་བ་ནི་སྒོ་སྲུང་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་ནོར་བུ་ཆེན་པོའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱ་ནི་འདི་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱར་ངེས་པ་སྟེ། ཡི་གེ་ཏྲ་ནི་རྡོ་རྗེ་སྙིང་པོ་དང༌། ནོར་བུའི་མཚན་མ་དང༌། རྡོ་རྗེ་ནོར་བུ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ།། གྲྭ་ནི་རིན་ཆེན་རྒྱལ་པོའིའོ། །ཏྲི་ནི་ནོར་བུ་ཆགས་པའིའོ། །ཧྲི་ནི་ནོར་བུ་ལེགས་པའིའོ། །ཡི་གེ་ཤྲི་ནི་རིན་ཆེན་ལྟ་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་ཕྲེང་བ་དང༌། རྡོ་རྗེ་རིན་པོ་ཆེ་མྱུ་གུ་མའི་ཕྱག་རྒྱའོ། །ཨི་ནི་རིན་ཆེན་གཟི་བརྗིད་ཀྱིའོ། །ར་ནི་ནོར་བུ་དཔལ་གྱིའོ། །ཧ་ནི་ནོར་བུ་བཞད་པའིའོ། །ཧྲི་ནི་རིན་ཆེན་པདྨ་དང༌། གཏོང་བ་ཏིང་ངེ་འཛིན་ཡེ་ཤེས་སྙིང་པོ་དང༌། རྡོ་རྗེ་རིན་ཆེན་པདྨ་རྣམས་ཀྱི་ཕྱག་རྒྱའོ། །དྷི་ནི་རིན་ཆེན་རྣོན་པོའིའོ། །ཀྲི་ནི་ནོར་བུའི་འཁོར་ལོའིའོ། །བཱ་ནི་ནོར་བུ་གསུང་བའིའོ། །རིན་ཆེན་ཆེན་ཆར་འབེབས་པ་དང་ནོར་བུའི་
མཆོད་པ་དང༌། རྡོ་རྗེ་རིན་ཆེན་ཆར་འབེབས་མའིའོ། །ཧ་ནི་ནོར་བུ་བསྲུང་བའིའོ། །ཡ་ནི་ནོར་བུ་གནོད་སྦྱིན་གྱིའོ། །ཨ་ནི་ནོར་བུ་ཁུ་ཚུར་གྱི་ཆོས་ཀྱི་ཕྱག་རྒྱའོ། །ཡི་གེ་ཧཱུཾ་རྣམ་པར་སྣང་མཛད་ཀྱིའོ། །རིན་ཆེན་སྒེག་མོ་ལ་སོགས་པ་རྣམས་ཀྱི་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་ཉིད་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །རིན་ཆེན་འབེབས་པའི་མཐར་ཐུག་པ་རྣམས་ལ་ཁྱད་པར་ནི་འདི་ཡིན་ཏེ། ཡི་གེ་ཏྲཾ་མཐར་སྦྱར་བའོ། །རིན་ཆེན་ཕྱག་རྒྱ་གཉིས་བྱས་ལས། །ལས་ཀྱི་ཕྱག་རྒྱ་བྲི་བར་བྱ། །ཞེས་བྱ་བ་ནི་ནོར་བུ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་དེ་འདིར་རིན་པོ་ཆེའི་ཁུ་ཚུར་གཉིས་སུ་བྱས་ནས། རྣམ་པར་སྣང་མཛད་ལ་སོགས་པ་ནས། རིན་ཆེན་འབེབས་པའི་མཐར་ཐུག་པའི་ལས་ཀྱི་ཕྱག་རྒྱར་འགྱུར་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་གྱིས་བྱས་ཏེ། དེའི་ཚུལ་ནི་འདི་ཡིན་ཏེ། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ། །སངས་རྒྱས་བྱང་ཆུབ་སྦྱིན་པའོ། །རྣམ་པར་སྣང་མཛད་ཀྱི་ལས་ཀྱི་ཕྱག་རྒྱའོ། །བསྒྱིངས་བཅས་གསོར་བ་གཉིས་ཀ་ཡི་ནི། ནོར་བུའི་མཚན་མ་དང་རྡོ་རྗེ་རིན་ཆེན་མ་རྣམས་ཀྱིའོ། །ལྕགས་ཀྱུ་འཛིན་ལྟར་གནས་པ་ནི། རྡོ་རྗེ་རྒྱལ་པོའིའོ། །མདའ་འཕང་བའི་ཚུལ་དུ་ནི། རིན་ཆེན་ཆགས་པའིའོ། །ལེགས་སོ་སྦྱིན་པ་སྙིང་གར་གཞག་པ་ནི། ནོར་བུ་ལེགས་པའིའོ། །དབང་བསྐུར་བ་ནི་ནོར་བུ་གཉིས་ནི་དོན་ཐམས་ཅད་གྲུབ་པ་དང་རིན་ཆེན་ལྟ་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་ཕྲེང་བ་དང༌། རྡོ་རྗེ་རིན་ཆེན་མྱུ་གུ་མའིའོ།། སྙིང་གར་ཉི་མ་བསྟན་པར་བྱ་བ་ནི། ནོར་བུ་ཉི་མའིའོ། །གཡོན་པ་ལ་ནི་གྲུ་མོ་གཟུགས་པ་ནི་རིན་ཆེན་དཔལ་གྱིའོ། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ་བ་ནི། རིན་ཆེན་བཞད་པའིའོ། །གཡས་པ་ཡིས་ནི་གཡོན་པ་དབྱེ་བ་ནི། རིན་ཆེན་པདྨ་དང༌། གཏོང་བ་ཏིང་ངེ་འཛིན་ཡེ་ཤེས་ཀྱི་སྙིང་པོ་དང༌། རྡོ་རྗེ་རིན་ཆེན་པདྨའིའོ། །སྙིང་གར་གཡོན་པ་རལ་གྲི་འདུད་ནི་རིན་ཆེན་རྣོན་པོའིའོ། །མགལ་མེའི་འཁོར་ལོ་བསྐོར་བ་ནི་ནོར་བུ་འཁོར་ལོ་བསྐོར་བའིའོ། །རིན་ཆེན་གཉིས་ཀ་ཁ་ནས་དབྱུང་བ་ནི། ནོར་བུ་བསྲུང་བའོ། །རིན་ཆེན་གར་བསྐོར་བཀྲོལ་བ་ཡིས། །ཐལ་མོ་འགྲམ་བ་སྤྱི་བོར་གཞག།
རིན་ཆེན་ཆར་འབེབས་དང༌། ནོར་བུའི་མཆོད་པ་དང༌། རྡོ་རྗེ་རིན་ཆེན་ཆར་འབེབས་མའིའོ། །གོ་ཆ་ནི་ནོར་བུ་བསྲུང་བའིའོ། །མཐེ་ཆུང་མཆེ་བ་ནི་ནོར་བུའི་གནོད་སྦྱིན་གྱིའོ། །ཁུ་ཚུར་གཉིས་ནི་མནན་པ་ནི། ནོར་བུ་ཁུ་ཚུར་གྱིའོ། །རིན་ཆེན་པོ་སྤྱིངས་པའི་ཚུལ་གྱིས་ནི། །བསམ་པ་གཡོས་པས་འདུད་པར་བྱ། །རིན་ཆེན་པོ་སྒེག་མོའིའོ། །ཕྲེང་བ་བཅིངས་དང་ནི་རིན་ཆེན་ཕྲེང་བ་མའིའོ། །ཁ་ནས་དབྱུང་ནི་རིན་ཆེན་གླུ་མའིའོ། །གར་ལ་ཐལ་སྦྱར་སྤྱི་བོར་གཞག་པ་ནི། རིན་ཆེན་གར་མའིའོ། །རིན་ཆེན་ཁུ་ཚུར་ཐུར་དུ་བླུགས་པ་ནི། རིན་ཆེན་བདུག་པ་མའིའོ། །ཐལ་མོ་སྦྱར་བ་གྱེན་དུ་གཏོར། །རིན་ཆེན་མེ་ཏོག་མའིའོ། །མཐེ་བོང་བསྙམས་ཏེ་རབ་ཏུ་བསྡམས་པ་ནི་རིན་ཆེན་མར་མེ་མའིའོ། །རབ་ཏུ་བརྐྱང་ནས་བྱུག་པ་ནི། རིན་ཆེན་པོ་དྲི་ཆབ་མའིའོ། །མཛུབ་མོ་ལྕག་སྐྱུ་བཅིང་བ་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །རིན་ཆེན་ལྕགས་ཀྱུའིའོ། །མཁྲིག་མ་མདུད་པ་ནི་རིན་ཆེན་ཞགས་པའིའོ། །མཛུབ་གཉིས་མདུད་པ་ནི་རིན་ཆེན་ལྕགས་སྒྲོག་གིའོ། །རྒྱབ་གཉིས་ཀྱང་ནི་མཉམ་སྟེ་མནན་ནི་རིན་ཆེན་འབེབས་པའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ནི་མཚན་ཉིད་ཅན་གྱི་ལས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་སོ། །དེའི་དམ་ཚིག་ནི་རྒྱུའོ། །ནོར་བུའི་རིགས་དེ་ཉིད་ཀྱི་རྟོགས་པ་ཆེན་པོ་ནི་རྟོག་པ་ལས་བྱུང་བའི་ཕྱིར། དེ་སྟོན་པར་བྱེད་པའི་ཚིག་གི་ཚོགས་ལ་ཡང་རྟོག་པ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ལས་ཀྱི་རྟོག་པ་ཐམས་ཅད་ཟིལ་གྱིས་མནན་ནས་མཛེས་ཤིང་འབར་བར་བྱེད་པས་ན། རྒྱལ་པོ་སྟེ་དེའི་ཕྱིར་རྟོག་པའི་རྒྱལ་པོའོ། །དེ་བས་ན་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་རྫོགས་སོ་ཞེས་བྱ་བ་ནི་རྩ་བའི་རྒྱུད་ཀྱི་དོན་མཐར་ཐུག་པའོ། །འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ། དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལས་དོན་ཐམས་ཅད་གྲུབ་པར་བྱེད་པའི་དཀྱིལ་འཁོར་ཆེན་པོའི་བཤད་པ་རྫོགས་སོ།། །།དེ་ལྟར་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པའི་ནོར་
བུའི་རིགས་ཆེན་པོས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་བསྟན་ནས། ད་ནི་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་བའི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་གྱིས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོར་སྦྱོར་བའི་རྗེས་ཐོགས་ལའོ། །འདིར་དང་པོར་སྦྱོར་བའི་ཏིང་ངེ་འཛིན་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ལས་བཤད་པའི་དང་པོར་སྦྱོར་བ་ཉིད་ཡིན་ནོ། །ཡང་གི་སྒྲ་ནི་ཟློས་པའི་དོན་ཏེ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལ་ལྟོས་པའོ། །བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་རྟོགས་པ་རྣམ་པར་སྣང་མཛད་ནས་རྡོ་རྗེ་རིན་ཆེན་ཆར་འབེབས་ཀྱི་མཐར་ཐུག་པའོ།། དེའི་གཟུངས་ནི་དེའི་རིགས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་རིན་ཆེན་ཆར་འབེབས་མའི་མཐར་ཐུག་པ་གཉིས་སུ་མེད་པའི་དྲན་པ་དང༌། ཤེས་རབ་ཡང་དག་པར་ལྡན་པའི་སེམས་སོ། །དེ་དག་གི་དམ་ཚིག་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ནོར་བུའི་རིགས་ཆེན་པོའི་གཟུངས་ཀྱི་དཀྱིལ་འཁོར་རོ། །དེ་ལས་བྱུང་བ་ནི་དོན་ཐམས་ཅད་གྲུབ་པའི་ཐུགས་ཀའི་རྡོ་རྗེ་རིན་པོ་ཆེ་གང་ལས་བྱུང་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེས་བྱིན་གྱིས་བརླབས་པ་ནི་བརྟན་པར་བྱས་པའོ། །གང་དང་གང་གིས་དོན་གྱི་རྗེས་སུ་སོང་བའི་ཏིང་ངེ་འཛིན་མིང་དེ་སྐད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ནས་རང་གི་ཕྱག་རྒྱ་འཆད་པར་འགྱུར་བ་འདི་དག་གིས་གསུངས་ཤིང་བཤད་པའོ། །ནོར་བུའི་རིགས་ཆེན་པོ་རང་གི་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་པའི་ཕྱིར་འཕགས་པ་ནམ་མཁའི་སྙིང་པོའི་ཐུགས་ཀའི་རྡོ་རྗེ་ནོར་བུའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རང་གི་རིག་པ་དམ་པ་འདི་གསུངས་སོ་ཞེས་བྱ་བའི་དོན་ཏོ། །རང་གི་རིགས་ལས་བྱུང་བ་ནི་དོན་ཐམས་ཅད་གྲུབ་པའི་གཟུངས་ཀྱི་དཀྱིལ་འཁོར་བསྐྱེད་པའི་རྒྱུ་རང་གི་རིགས་ཡང་དག་པར་བྱུང་བ་ནི་འདིར་ཕྱག་ན་རྡོ་རྗེའི་རིག་པ་ལགས་སོ། །དེ་བཞིན་དུ་རྡོ་རྗེ་སྙིང་པོ་དང༌། རྡོ་རྗེ་
སྤྱན་དང༌། རྡོ་རྗེ་སྣ་ཚོགས་རྣམས་ཀྱིས་རང་གི་ཕྱག་རྒྱ་གསུངས་པ་ཡིན་ཏེ། རིན་ཆེན་སྤྱན་དང༌། རིན་ཆེན་པདྨ་དང༌། རིན་ཆེན་ཆར་འབེབས་རྣམས་གཟུངས་ཀྱི་དཀྱིལ་འཁོར་བསྐྱེད་པའི་རྒྱུར་གྱུར་པའོ། །དེ་ནས་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའི་ཐུགས་ཀའི་རྡོ་རྗེ་རིན་པོ་ཆེ་ལས་རང་གི་གཟུངས་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྲུལ་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྔར་བགད་པའི་ཚུལ་གྱིས་དབུལ་བར་བྱའོ་ཞེས་ཤེས་པར་བྱའོ། །དེ་ལ་དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཨོཾ་སརྦྦ་ཨ་བྷི་ཥེཀ་པཱུ་ཛ་ས་མ་ཡ་ཧཱུཾ་ཞེས་བྱ་བ་ནི་མཐར་ཐུག་པའི་གཞུང་འདི་ཙམ་གྱིས་ནི་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབ་པ་ལ་སོགས་པའི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུངས་པ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དོན་ཐམས་ཅད་གྲུབ་པའི་གཟུགས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་རྣམས་ནི་དཀྱིལ་འཁོར་དེར་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་སྐབས་སུ་བབ་པ་སྟེ། རང་གི་རིགས་ནི་ནོར་བུ་རིན་པོ་ཆེའི་རིགས་སོ། །དམ་ཚིག་གི་ཕྱག་རྒྱ་ནི་གཟུངས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་པ་བཤད་པའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། སྔོན་དུ་བསྙེན་པའི་རྗེས་ཐོགས་ཉིད་ལའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་བཤད་པའི་སྙིང་པོའི་ཆོ་གས་ནོར་བུ་ཆེན་པོའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བ་བཞིན་དུ་སྤྲུལ་ནས་གཟུགས་ཐམས་ཅད་ལ་ཡང་རེ་རེ་ཞིང་
བཟླས་བརྗོད་ཁྲི་ཁྲི་བྱའོ། །ཕྱིས་ནོར་བུ་རིན་པོ་ཆེའི་གཟུགས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་ཏིང་ངེ་འཛིན་རྣམ་ པ་གསུམ ་བསྒོམ་པ་སྔོན་དུ་འགྲོ་བས་ནོར་བུ་ཆེན་པོའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ཞག་བདུན་བསྒོམས་ལ། དེའི་རྗེས་ལ་དཀྱིལ་འཁོར་འདི་བྲི་བར་བྱའོ། དེ་ནས་ནི་དེའི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་དུ་འཇུག་པ་མེད་ན། དེས་འདུལ་བའི་སེམས་ཅན་གྱི་ཁམས་ཀྱི་དོན་འགྲུབ་པར་མི་འགྱུར་བ་དེའི་ཕྱིར་རབ་ཏུ་བཤད་པར་བྱ་བ་སྟེ། ཕྱག་རྒྱའི་གཟུགས་ཀྱི་དཀྱིལ་འཁོར་དམ་པར་མཆོག་ཏུ་གྱུར་པའོ། །རྡོ་རྗེ་དབྱིངས་དང་འདྲ་བ་ལ། །ཞེས་བྱ་བ་ནི་སྤྲུལ་པའི་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལ་ནི་འདིར་རྡོ་རྗེ་དབྱིངས་དང་འདྲ་བ་ལ་ཞེས་བྱའོ། །རིན་ཆེན་གསང་བ་ཞེས་བཤད་དོ། །ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཏེ། རིན་པོ་ཆེའི་གསང་བ་ནི་འདིར་སེམས་ཀྱི་གསང་བ་སྟེ། འདི་ནི་གཟུངས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏེ་ཞེས་བཤད་པ་ནི་གྲགས་པའོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་བཞིན་དུ་དཀྱིལ་འཁོར་འདི་ཐམས་ཅད་སྲད་བུ་བྲེ་བར་བྱའོ། །དེ་ཡི་དབུས་སུ་ཚུལ་བཞིན་དུ། །སངས་རྒྱས་ཕྱག་རྒྱ་བྲི་བར་བྱ། །ཞེས་བྱ་བ་ནི་ཐིག་བཏབ་མ་ཐག་པའི་དཀྱིལ་འཁོར་དེའི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་ཨོཾ་ཏྲཾ་ཞེས་བྱ་བ་བརྗོད་ཅིང༌། ནམ་མཁའི་ཕྱོགས་ནས་ཕབ་སྟེ་གཞག་པར་བྱའོ་ཞེས་བྱ་བ་འདི་ནི་ཚུལ་བཞིན་དུ་ཞེས་བྱ་བའི་དོན་ཡིན་ནོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །ཕྱག་རྒྱ་ནི་སངས་རྒྱས་ཀྱི་ཕྱག་རྒྱ་སྟེ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་ཐ་ཚིག་གོ །ཁྲི་ལ་གནས་པའི་ནོར་བུའི་གཙོ། །རྡོ་རྗེ་དབྱིངས་ཀྱི་མདུན་དུ་བྲི། །ཞེས་བྱ་བ་ནི་བཤད་མ་ཐག་པ་འདི་ཉིད་ཀྱིས་སྐྱེས་པའི་གཟུགས་སུ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་ཕྱག་རྒྱ་ནི་འདིར་མཆོད་རྟེན་གྱི་གཟུགས་ཅན་མ་ཡིན་ནོ། །དེ་ལ་ཁྲི་ནི་རིག་པའི་གདན་ཡིན་ནོ། །དེ་ལ་གནས་པ་ནི་ཁྲི་ལ་བཞུགས་པ་སྟེ། མདུན་དྲང་པོར་བྱས་ནས་ཤར་ཕྱོགས་རྡོ་རྗེ་སེམས་མའི་གནས་སུ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་ལྷོར་རྡོ་རྗེ་རིན་ཆེན་མའི་གནས་སུ་ནོར་བུའི་ཕྲེང་བ། ནུབ་ཕྱོགས་རྡོ་རྗེ་ཆོས་མའི་གནས་
སུ་པདྨའི་སྟེང་དུ་ནོར་བུ། བྱང་ཕྱོགས་རྡོ་རྗེ་ལས་མའི་གནས་སུ་ནོར་བུས་ཡོངས་སུ་བསྐོར་བའོ། །རྡོ་རྗེ་རིན་ཆེན་དབུས་སུ་ནི། །རྡོ་རྗེ་ནོར་བུ་ཆེན་པོ་བྲི། །ཞེས་བྱ་བ་ལ་ནོར་བུ་དབྱིབས་རྩི་བས་བརྒྱད་པའི་དབུས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུ་བྲིའོ། ལྷག་མ་ནི་གོ་སླའོ། །འདི་སྐད་སྟོན་ པ་ཡིན་ཏེ། ཕྱག་རྒྱ་ཐམས་ཅད་ཀྱི་གནས་སུ་ཁ་ཁྱེར་གསུམ ་པའི་རིག་པའི་ཁྲི་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་གནས་སུ་ཨོཾ་མ་ཎི་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུ་མགོ་ཤར་དུ་བལྟས་པ་འབར་བ་དང་བཅས་པ་བྲི་བར་བྱའོ། །རྡོ་རྗེ་རིན་ཆེན་པོ་མའི་གནས་སུ་ནོར་བུ་རིན་པོ་ཆེའི་ཕྲེང་བ། ཨོཾ་མ་ཎི་རཏྣ་ཨ་བྷི་ཥེ་ཀ་མཱ་ལ་ཧཱུཾ་ཞེས་བྱ་བའི་སྙིང་པོ་འདིས་བྲི་བ་དང༌། ཆོས་ཀྱི་རྡོ་རྗེ་མའི་གནས་སུ་པདྨ་འདབ་མ་བཅུ་དྲུག་པའི་དབུས་སུ་ཡིད་བཞིན་གྱི་ནོར་བུ། ཨོཾ་མ་ཎི་རཏྣ་པདྨེ་ཧཱུཾ། ཞེས་བྱ་བས་བྲིའོ། །ལས་ཀྱི་རྡོ་རྗེ་མའི་གནས་སུ་ཡིད་བཞིན་གྱི་ནོར་བུ་དེ་ནོར་བུ་ཤིན་ཏུ་ཚང་ཕྲ་མོས་བསྐོར་བ། ཨོཾ་མ་ཎི་རཏྣ་པྲ་བེ་ཤ་ས་མ་ཡ་ཧཱུཾ་ཞེས་བྱ་བས་བྲིའོ། །དོན་ཐམས་ཅད་འགྲུབ་པའི་གནས་སུ་རྡོ་རྗེ་ནོར་བུ་རྩིབས་བརྒྱད་པའི་དབུས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུ། ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་ཏི་མ་ཧཱ་བཛྲ་རཏྣ་ས་མ་ཡ་མ་ཎི་སརྦྦ་ཨརྠ་ནེ་སཱ་དྷ་ཡ་དྷ་ར་ཎི་ཧཱུཾ། ནོར་བུ་མཚན་མའི་གནས་སུ་ནོར་བུས་མཚན་པའི་རྡོ་རྗེ་རྩེ་ལྔ་པ། ཨོཾ་མ་ཎི་རཏྣ་ཨཱ་ཀཪྵ་ཧཱུཾ། རིན་ཆེན་རྒྱལ་པོའི་གནས་སུ་ནོར་བུས་མཚན་པའི་ལྕགས་ཀྱུ། ཨོཾ་མ་ཎི་རཏྣ་ས་མ་ཡ་ཨཾ་ཀུ་ཤ་།ཨཱ་ཀཪྵ་ཡ་མ་ཎི་ཀུ་ལཾ་ཛ། ནོར་བུ་ཆགས་པའི་གནས་སུ་རིན་པོ་ཚེའི་མདའ་གཞུ། ཨོཾ་མ་ཎི་རཱ་ག་ས་མ་ཡ་ཧཱུཾ། ནོར་བུ་ལེགས་པའི་གནས་སུ་མཁྲིག་མའི་མཐར་ཐུག་པའི་ནོར་བུ་དང་བཅས་པའི་ཁུ་ཚུར་གཉིས་ཀྱིས་ལེགས་སོ་ཞེས་བྱེད་པ། ཨོཾ་མ་ཎི་སཱ་དྷུ་ཧཱུཾ། རིན་ཆེན་ལྟ་བའི་གནས་སུ་མིག་གཉིས་ཀྱི་དབུས་སུ་ཡིད་བཞིན་གྱི་ནོར་བུ་དང་ལྡན་པ། ཨོཾ་མ་ཎི་རཏྣ་ནེ་ཏྲ་ཨ་ན་ཡ་བ་ཤི་ཀུ་རུ་སརྦྦ་ཨརྠ་སཾ་བྷ་རཾ་ཤྲཱི་གྷྲཾ་དྲྀ་ཤྱ་ཨཾ་ཀུ་ཤ་ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་ཕྲེང་བའི་གནས་སུ་ཡིད་བཞིན་གྱི་ནོར་བུའི་ཕྲེང་བ། ཨོཾ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཧཱུཾ། ནོར་བུ་ཉི་མའི་གནས་སུ་
ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ནོར་བུས་མཚན་པའོ། །ཨོཾ་མ་ཎི་རཏྣ་སཱུ་ཪྻ་ཙལ་ཡ་སརྦྦ་མ་ཧཱ་ཏེ་ཛ་ནི་ཧཱུཾ། ནོར་བུ་དཔལ་གྱི་གནས་སུ་རིན་པོ་ཆེའི་ཡུ་བ་ཅན་གྱི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ཟླ་བ་ཕྱེད་པ་དང་བཅས་པ། ཨོཾ་མ་ཎི་ཙ་ར་དྷ་ཛ་ཨ་གྲེ་ཧཱུཾ། ནོར་བུ་བཞད་པའི་གནས་སུ་སོ་འཕྲེང་བ་གཉིས་ཀྱི་མཐའ་རུ་རྡོ་རྗེས་མཚན་པ། ཨོཾ་མ་ཎི་ཧཱ་སེ་ཧཱ་ས་ཧཱུཾ། ནོར་བུ་པདྨའི་གནས་སུ་པདྨ་འདབ་མ་བཅུ་དྲུག་པ་ཡིད་བཞིན་ནོར་བུ་ཅན། ཨོཾ་མ་ཎི་ས་ལ་དྷེ་པདྨ་ནི་ཧཱུཾ། གཏོང་བ་ཏིང་ངེ་འཛིན་ཡེ་ཤེས་སྙིང་པོའི་གནས་སུ་པདྨ་འདབ་མ་བཅུ་དྲུག་པ་ཡིད་བཞིན་གྱི་ནོར་བུ་ཅན། ཨོཾ་མ་ཎི་རཏྣ་ཏྱ་ག་ས་མ་ཡ་ཧཱུཾ། རིན་ཆེན་རྣོན་པོའི་གནས་སུ་ནོར་བུས་མཚན་པའི་རལ་གྲི། ཨོཾ་མ་ཎི་ས་མ་ཡ་ཀོཥ་ཧཱུཾ། ནོར་བུ་འཁོར་ལོའི་གནས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ནོར་བུ་དང་ལྡན་པ། ཨོཾ་མ་ཎི་ས་མ་ཡ་ཙཀྲི་ཧཱུཾ། ནོར་བུ་སྲུང་བའི་གནས་སུ་ནོར་བུས་མཚན་པའི་ལྕེ། ཨོཾ་མ་ཎི་བྷཱ་ཥ་ཨ་གྲེ་ཧཱུཾ། ནོར་བུ་རིན་ཆེན་ཆར་འབེབས་ཀྱི་གནས་སུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆར་འབེབས་པས་ནོར་བུ་ཤིན་ཏུ་ཕྲ་མོ་དེ་རྣམས་ཀྱིས་དེ་བསྐོར་བ། ཨོཾ་རཏྣ་བྲིཥྚ་སྭཱ་དྷ་ཡ་མ་ཧཱ་མ་ཎི་ཧཱུཾ། ནོར་བུ་མཆོད་པའི་གནས་སུ་ནོར་བུས་མཚན་པའི་སྣ་ཚོགས་རྡོ་རྗེ། ཨོཾ་པཱུ་ཛ་ས་མ་ཡེ་ནྲེཾ་ཏྱ་ཨ། ནོར་བུ་བསྲུང་བའི་གནས་སུ་ནོར་བུས་མཚན་པའི་གོ་ཆ། ཨོཾ་མ་ཎི་ས་མ་ཡ་རཀྵ་ཧཱུཾ། ནོར་བུ་གནོད་སྦྱིན་གྱི་གནས་སུ་ནོར་བུས་མཚན་པའི་མཆེ་བ་གཉིས། ཨོཾ་བཛྲ་མ་ཎི་རཏྣ་དཾཥྚ་ཀཱ་ར་ལེ་ཧཱ་ར་ཧཱ་ར་ཧཱུཾ། ནོར་བུ་ཁུ་ཆུར་གྱི་གནས་སུ་ནོར་བུས་མཚན་པའི་རྡོ་རྗེ་རྩེ་ལྔ་པ། དམ་ཚིག་གི་ཁུ་ཚུར་གྱིས་ནོར་བུ་ཡོངས་སུ་འཛིན་པ། ཨོཾ་མ་ཎི་ས་མ་ཡ་མུཥྚི་ཧཱུཾ། རིན་ཆེན་སྒེག་མོའི་གནས་སུ་ནོར་བུས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་གཉིས། རིན་ཆེན་ཕྲེང་བ་མའི་གནས་སུ་ནོར་བུའི་ཕྲེང་ནོར་བུ་གླུ་མའི་གནས་སུ་ནོར་བུའི་མཚན་མ་ཅན་གྱི་པི་ཝང༌། ནོར་བུ་གར་མའི་གནས་སུ་མཁྲིག་མའི་མཐར་ཐུག་པའི་ལག་པ་གཉིས་ནོར་བུས་མཚན་པའི་གར་བྱེད་པའོ། །རིན་ཆེན་བདུག་པ་མའི་གནས་སུ་ནོར་བུས་མཚན་པའི་སྤོས་ཁང་མ་བདུག་པའི་ཟ་མ་ཏོག་དབུལ་བར་བྱའོ། །རིན་ཆེན་མེ་ཏོག་མའི་གནས་སུ་རིན་པོ་ཆེའི་མེ་ཏོག་གིས་ཀུན་དུ་བཀང་བའི་ལོ་མའི་སྣོད། རིན་ཆེན་མར་མེའི་གནས་སུ་ནོར་བུས་མཚན་པའི་མར་མེའི་མཆོད་སྡོང༌། རིན་ཆེན་དྲི་ཆབ་མའི་གནས་སུ་ནོར་
བུས་མཚན་པའི་དྲིའི་དུང་ཆོས། །རིན་ཆེན་ལྕགས་ཀྱུའི་གནས་སུ་ནོར་བུས་མཚན་པའི་ལྕགས་ཀྱུ། རིན་ཆེན་ཞགས་པ་མའི་གནས་སུ་རིན་པོ་ཆེས་མཚན་པའི་ཞགས་པ། རིན་ཆེན་ལྕགས་སྒྲོག་གི་གནས་སུ་ནོར་བུས་མཚན་པའི་ལྕགས་སྒྲོག་རིན་ཆེན་འབེབས་པའི་གནས་སུ་ནོར་བུས་མཚན་པའི་དྲིལ་བུ། བྱམས་པ་ལ་སོགས་པ་རྣམས་ནི་ཇི་ལྟ་བའི་ཁྱམས་ཀྱི་གནས་རྣམས་སུ་སྔར་བཤད་པའི་མཚན་མ་བྲི་བར་བྱའོ། །དེ་ལ་རིན་ཆེན་སྒེག་མོ་ལ་སོགས་པ་ནས་རིན་པོ་ཆེ་འབེབས་པའི་མཐར་ཐུག་པ་རྣམས་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྙིང་པོ་བྲི་བར་བྱའོ། །བྱམས་པ་ལ་སོགས་པ་རྣམས་ཀྱང་སྔར་བཤད་པའི་རང་གི་རིག་པས་བྱའོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ཉིད་ལའོ། །འདིར་ནོར་བུ་གསང་བའི་དཀྱིལ་འཁོར་ནི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་རོ། །ལས་རྣམས་ཇི་ལྟ་བ་བཞིན་དུ་བྱས་ནས་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་སློབ་དཔོན་གྱིས་རང་གི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། གཟུངས་ཀྱི་དཀྱིལ་འཁོར་ཐམས་ཅད་ཇི་ལྟ་བ་བཞིན་དུ་བཀུག་ལ་བཅུག་སྟེ། བཅིངས་ལ་དབང་དུ་བྱས་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་ཆོ་ག་བཞིན་དུ་གཟུགས་ཐམས་ཅད་རབ་ཏུ་བསྒྲུབས་ནས། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་སྟེ། རྡོ་རྗེ་རིན་པོ་ཆེའི་མྱུ་གུས་དབང་བསྐུར་ལ། མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས། ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ནོར་བུའི་སློབ་མ་འཇུག་པའི་ཆོ་གས་བཅུག་ལ། འདི་སྐད་བསྒོ་བར་བྱ་བ་ལ་སོགས་པའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་ཆུའི་དབང་བསྐུར་བ་དང༌། ཕྱག་རྒྱ་དང༌། ཅོད་པན་གྱིས་དབང་བསྐུར་བས་བསྐུར་བ་དང༌། སོར་བཞི་པའི་ཚད་ཀྱི་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ནོར་བུ་དང༌། རིན་པོ་ཆེའི་དྲིལ་བུ་དང༌། མིང་གི་དབང་བསྐུར་བ་བྱིན་ལ། སྔར་བཤད་པའི་ཆོ་ག་ཐམས་ཅད་བྱས་ལ། དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང༌། སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་
དཔོན་གྱིས་དོན་ཐམས་ཅད་གྲུབ་པའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་ཀྱི་ཡེ་ཤེས་རྣམས་བསྟན་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར་རང་གི་ནོར་བུའི་དམ་ཚིག་གི་ཡེ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས་སོ། །ནོར་བུའི་དམ་ཚིག་གི་གཟུངས་ཀྱི་དཀྱིལ་འཁོར་གྱི་ནོར་བུའི་དམ་ཚིག་གི་ཡེ་ཤེས་སོ། །དེ་བསྐྱེད་པར་བྱ་བ་ནི་རྡོ་རྗེ་རིན་པོ་ཆེ་ལ་སོགས་པ་བསྒོམ་པར་ངེས་པའི་ཡེ་ཤེས་དང༌། ཐོས་པ་དང་བསམ་པའི་རང་བཞིན་ཅན་སློབ་མའི་རྒྱུད་ལ་བསྐྱེད་པའོ། །རྡོ་རྗེ་རིན་ཆེན་ཏིང་ངེ་འཛིན་གྱིས། །ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་གྱིས་སོ། །མཁའ་ལ་རང་བཞིན་བྲི་བར་བྱ། །ཞེས་བྱ་བ་ནི་སེམས་ཀྱིས་ཀུན་བརྟགས་པའོ། །ལྷག་མ་ནི་གོ་སླའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལ་བཤད་པའི་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་རམ། དེའི་རིགས་ཀྱི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་ཆེན་པོའམ། ནོར་བུ་མཚན་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། གཟུངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་པའི་སྙིང་པོ་འདིས་ནམ་མཁའི་ཕྱོགས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུ་ཆེན་པོར་བསྐྱེད་ལ། མིང་བརྗོད་ཅིང་ཉིན་རེ་བཞིན་དུ་ཐུན་བཞི་སྦྱོར་བས་བསྒོམས་པས་ནི་ཇི་སྲིད་རྒྱུན་མི་འཆད་པར་ཐུན་བཞི་མངོན་སུམ་ལྟ་བུར་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་ནས་རྡོ་རྗེ་རིན་ཆེན་དེ་མངོན་སུམ་དུ་གྱུར་པས་དེ་འགྲུབ་པར་འགྱུར་རོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཟུང་ནས་དཔྲལ་བར་བཞག་ན་རང་དབང་ཅན་གྱི་རྒྱལ་པོར་འགྱུར་རོ། །རྡོ་རྗེ་རིན་ཆེན་བཅིངས་ནས་ནི། །རྡོ་རྗེ་རིན་ཆེན་མཁའ་ལ་བྲི། །ཞེས་བྱ་བ་ནི། དམ་ཚིག་མཆོག་ནི་བཅིངས་པ་ལ། །ཞེས་བྱ་བ་སྔར་བཤད་པ་བཞིན་ནོ། །གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིན་ཆེན་ལྟ་བའམ། དེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེས་དེ་བཅིངས་ནས་དབང་བསྐུར་བའི་གནས་སུ་གཞག་གོ །ངེས་པར་རྒྱལ་པོ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་ལྟ་བ་དང༌།
དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་བར་རིན་ཆེན་བསྒོམས་ནས་ནི། །ཞེས་བྱ་བ་ལ་སོགས་པ་དོན་ཐམས་ཅད་ཀྱི་ཕྱག་རྒྱ་བཅིངས་ལ། ས་མ་ཡ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ཅིང༌། །རྡོ་རྗེ་དྲིལ་བུ་རིན་པོ་ཆེའི་དབང་བསྐུར་བ་བསམ་མོ།། དེ་ནས་སྔ་མ་བཞིན་དུ་བསྒྲུབ་པར་བྱས་ལ། དེས་དམ་ཚིག་གི་ཕྱག་རྒྱ་བཟུང་སྟེ། དཔྲལ་བའི་གནས་སུ་བཞག་ནས་ནི། །ངེས་པར་རྒྱལ་སྲིད་ཐོབ་པར་འགྱུར། །ཞེས་བྱའོ། །རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས། །རྡོ་རྗེ་རིན་ཆེན་མཁའ་ལ་བྲི། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཆོས་ཀྱི་རིན་ཆེན་གྱི་ཏིང་ངེ་འཛིན་བྱའོ། །རིན་ཆེན་པདྨའམ། དེའི་རིགས་གཏོང་བའི་ཏིང་ངེ་འཛིན་ཡེ་ཤེས་ཀྱི་སྙིང་པོ་ལ་སོགས་པའི་རྣལ་འབྱོར་ནི་ཆོས་ཀྱི་རིན་ཆེན་གྱི་ཏིང་ངེ་འཛིན་ཏེ། དེའི་ཏིང་ངེ་འཛིན་བསྐྱེད་ལ་ཡེ་ཤེས་རིན་པོ་ཆོས་དབང་བསྐུར་བའི་གནས་སུ་བཞག་ན་རང་དབང་ཅན་གྱི་རྒྱལ་པོར་རང་ཉིད་བྱས་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ནོར་བུ་པདྨའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དེའི་ཕྱག་རྒྱ་ཆེན་པོའམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དྷརྨྨ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ཅིང༌། ནམ་མཁའ་ལ་རྡོ་རྗེ་རིན་པོ་ཆེ་སྤྲུལ་ལ་སྔ་མ་བཞིན་དུ་བསྒྲུབ་པར་བྱས་ཏེ། རང་གིས་དབང་བསྐུར་བའི་གནས་སུ་བཞག་ན་རྒྱལ་པོར་འགྱུར་རོ། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ནི། །མཁའ་ལ་རྡོ་རྗེ་རིན་ཆེན་བྲི། །ཞེས་བྱ་བ་སྔ་མ་བཞིན་ནོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་ཆར་འབེབས་སམ། །དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའམ། དེའི་རིགས་ནོར་བུ་མཆོད་པ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། ཀརྨྨ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ཅིང་ནམ་མཁའ་ལ་རྡོ་རྗེ་རིན་ཆེན་སྤྲུལ་ལ་སྔ་མ་བཞིན་དུ་བསྒྲུབ་པར་བྱས་ཏེ། རང་གི་དབང་བསྐུར་བའི་གནས་སུ་དེ་བཞག་ན། རང་ཉིད་ཀྱིས་གྲུབ་པའི་རྒྱལ་པོར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་སྙིང་གར་ནི། །རྡོ་རྗེ་རིན་ཆེན་བསྒོམ་པར་བྱ། །ཞེས་བྱ་
བ་ལ་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུ་ཕྱག་རྒྱ་ཆེན་པོའི་རང་གི་སྙིང་གའི་ཟླ་བ་ལ་བསྒོམ་པར་བྱའོ། །དེ་ལྟར་རྡོ་རྗེ་རིན་ཆེན་རང་གི་སྙིང་གའི་ཟླ་བ་ལ་ཡིད་ཀྱིས་བྲིས་ནས་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །བསྒོམ་པས་ཅི་ཞིག་བྱེད་པར་འགྱུར་ཞེ་ན། །བསྒོམས་ན་མངོན་པར་དབང་བསྐུར་བ། །མཆོག་ཏུ་རྨད་དུ་བྱུང་བ་ཐོབ། །ཅེས་བྱ་བ་སྨོས་སོ། །འདི་སྐད་སྟོན་པ་ཡིན་ཏེ། དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པ་དང༌། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའམ། དེའི་རིགས་ཀྱི་ནོར་བུའི་མཚན་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་བཛྲ་རཏྣ་ཧྲྀ་ད་ཡ་ཨ་བྷི་ཥིཉྩ་ཧོ། ཞེས་བརྗོད་ཅིང་རང་གི་སྙིང་གའི་ཟླ་བར་རྡོ་རྗེ་རིན་པོ་ཆེ་སྤྲུལ་ལ་སྔ་མ་བཞིན་དུ་བསྒྲུབས་ན་དོན་ཐམས་ཅད་གྲུབ་པའི་དབང་བསྐུར་བ་ལ་སོགས་པ་ཐོབ་པར་འགྱུར་རོ། །རབ་མཉམ་གཞག་པས་རྡོ་རྗེ་ཡི། །དཔྲལ་བར་རིན་ཆེན་བསྒོམས་ནས་ནི། །ཞེས་བྱ་བ་ལ་སོགས་པ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྔ་མ་བཞིན་དུ་རིན་ཆེན་ལྟ་བའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའམ། དེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་རཏྣ་ཨ་བྷི་ཥེ་ཀ་ཏ་ཞེས་བྱ་བ་སྙིང་པོ་འདི་བརྗོད་ཅིང༌། དབང་བསྐུར་བའི་གནས་སུ་རྡོ་རྗེ་རིན་ཆེན་སྤྲུལ་ལ་སྔ་མ་བཞིན་དུ་བསྒྲུབ་ཏེ། ཇི་ལྟར་མངོན་པར་འདོད་པའི་རྒྱལ་སྲིད་ཐོབ་པར་འགྱུར་རོ། །རྡོ་རྗེ་རིན་ཆེན་ཏིང་ངེ་འཛིན་གྱིས། །ལྕེ་ལ་རྡོ་རྗེ་བསྒོམས་ནས་ནི། །ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་བཞིན་དུ་རིན་ཆེན་པདྨའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་རཏྣ་ཨུ་ཤ་ཨ་དྷི་ཏིཥྛ་མཱཾ་ཞེས་བྱ་བའི་སྙིང་པོ་འདིས་ལྕེ་ལ་རྡོ་རྗེ་རིན་པོ་ཆེ་སྦྲུལ་ལ། སྔ་མ་བཞིན་དུ་བསྒྲུབ་པ་བྱས་ན་ཆོས་ཀྱི་རྒྱལ་པོ་ཐོབ་པར་འགྱུར་རོ། །རབ་མཉམ་གཞག་པ་རྡོ་རྗེ་ཡི། །རྡོ་རྗེ་གཙུག་ཏོར་བསྒོམས་ན་ནི། །ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་
འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་ཆར་འབེབས་དང༌། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའམ་དེའི་རིགས་ནོར་བུའི་མཆོད་པ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཨོཾ་རཏྣ་ཨུཥྞཱི་ཥ་ཨ་བྷི་ཏིཥྛ་མཱཾ། ཞེས་བརྗོད་པས། སྤྱི་གཙུག་གི་གནས་སུ་རྡོ་རྗེ་རིན་པོ་ཆེ་སྤྲུལ་ལ་རྣམ་པར་བསྒོམས་ཏེ་སྔ་མ་བཞིན་དུ་བསྒྲུབས་ན་ལས་ལེགས་པར་བྱེད་པའི་རྒྱལ་པོར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་བདག་ཉིད་ཀྱིས། །བསྒོམས་ན་རྡོ་རྗེ་རིན་ཆེན་ལས། །རས་ལ་སོགས་པར་བྲིས་ནས་ནི། །ཞེས་བྱ་བ་ལ་སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའམ། ནོར་བུའི་མཚན་མ་ལ་སོགས་པ་དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རས་སམ་རྩིག་པ་ལ་སོགས་པ་ལ་རྡོ་རྗེ་རིན་ཆེན་བྲིས་ལ། ཨོཾ་བཛྲ་བིམྤ་ཡ་དྷི་ཤ་པ་པད་བིམྤ་ཞེས་བྱ་བའི་སྙིང་པོ་འདིས་རྡོ་རྗེ་རིན་ཆེན་དང་བདག་ཉིད་ཐ་མི་དད་པར་བསམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བསྒྲུབས་ན་རྒྱལ་པོར་སྒྲུབ་པ་པོ་དེ་འགྱུར་རོ། །རྡོ་རྗེ་རིན་ཆེན་བླ་ན་མེད། །རས་ལ་སོགས་པར་བྲིས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ནི་རས་སམ་རྩིག་པའམ་སྤང་ལེབ་ལ་རྡོ་རྗེ་རིན་ཆེན་བྲིས་ཏེ། སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་སྤྱན་དང༌། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱི་ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའམ། དེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། དེས་རས་སམ་རྩིག་པ་ལ་བྲིས་ལ་རྡོ་རྗེ་རིན་ཆེན་དང་བདག་ཉིད་ཐ་མི་དད་པར་བསམ་མོ། །དེ་ནས་ཡང་བཛྲ་རཏྣ་བིམྦ་པྲ་ཏིཥྛ། ཞེས་བྱ་བ་ལ་སོགས་པ་འདིས་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བྱས་ཏེ་བསྒྲུབས་ན་གཟུགས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་བདག་པོ་རྡོ་རྗེ་སྙིང་པོར་འགྱུར་རོ། རྡོ་རྗེ་རིན་ཆེན་བདག་ཉིད་ཀྱིས། །རས་ལ་སོགས་ལ་བྲིས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ནི་དེ་
བཞིན་དུ་རས་ལ་སོགས་པ་ལ་རྡོ་རྗེ་རིན་ཆེན་བྲིས་ལ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་བཅོམ་ལྡན་འདས་རིན་ཆེན་པདྨའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེ་རས་ལ་སོགས་པ་ལ་བྲིས་ནས། བཛྲ་རཏྣ་བིམྤ་ཨ་བྷིཥ། ཞེས་བྱ་བའི་སྙིང་པོ་འདིས་རྡོ་རྗེ་རིན་ཆེན་དང་བདག་ཉིད་ལྷན་ཅིག་ཐ་མི་དད་པར་བྱས་པས་དེའི་རིགས་ཀྱི་གཟུགས་སུ་བདག་ཉིད་གྲུབ་པར་འགྱུར་རོ། །དེ་ནས་སྔ་མ་བཞིན་དུ་ཐམས་ཅད་བྱས་ལ་བསྒྲུབ་པ་བྱས་ན་དེས་པར་ཆོས་ཀྱི་བདག་པོར་འགྱུར་རོ། །རས་ལ་སོགས་ལ་རྡོ་རྗེ་ཡིས། །རིན་ཆེན་བྲིས་ནས་ལྷ་རྣམས་ཀྱིས། །ཞེས་བྱ་བ་ལ་དེ་བཞིན་དུ་རས་ལ་སོགས་པ་ལ་རྡོ་རྗེ་རིན་ཆེན་བྲིས་ཏེ། སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་ཆར་འབེབས་སམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའམ། དེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། བཛྲ་རཏྣ་བིམྤ་ཀུ་རུ་ཞེས་ཟློས་ཤིང༌། དེས་རས་ལ་བྲིས་ནས་རྡོ་རྗེ་རིན་ཆེན་དང་ལྷན་ཅིག་བདག་ཉིད་ཐ་མི་དད་པས་རིན་ཆེན་ཆར་འབེབས་སམ། དེའི་རིགས་ནོར་བུའི་མཆོད་པའི་རང་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བསྒྲུབ་པ་བྱས་ན་རིན་ཆེན་ཆར་འབེབས་མ་དེའི་རིགས་ཀྱི་ངོ་བོའི་ལས་ཀྱི་བདག་པོར་འགྱུར་རོ། །གསེར་རམ་ཡང་ན་དངུལ་ཡང་རུང༌། །རྡོ་རྗེ་རིན་ཆེན་བཅང་གྱུར་ཏམ། །ཞེས་བྱ་བ་ལ་སོགས་པ་ནི་བཟོ་བོ་མཁས་པས་གསེར་ལ་སོགས་པ་ལས་བྱས་པའི་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བྱས་ཏེ། དེ་ནས་སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ་ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དོན་ཐམས་ཅད་གྲུབ་པ་དང༌། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་པ་དེ་དང༌། ཨོཾ་བཛྲ་རཏྣ་ཧྲྀ་ད་ཡ་མ་བྷཱ་ར་ཎི་ཧཱུཾ། ཞེས་བྱ་བའི་སྙིང་པོ་འདིས་རིན་པོ་ཆེ་དེ་བླང་བར་བྱའོ། །རང་གི་སྙིང་གའི་ཟླ་བ་ལ་རིན་པོ་ཆེ་དེ་དེ་བཞིན་དུ་བསམས་ནས་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བསྒྲུབ་པ་བྱས་ན་དོན་ཐམས་ཅད་གྲུབ་པ་ས་དབང་བསྐུར་བ་དང༌། དེའི་རིགས་ཀྱི་
དབང་བསྐུར་བས་བཅོམ་ལྡན་འདས་དབང་བསྐུར་བར་འགྱུར་རོ། །རྡོ་རྗེ་རིན་ཆེན་བླ་ན་མེད། །གསེར་རམ་རིན་ཆེན་གཞན་ལས་བྱ། །ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་གསེར་ལ་སོགས་པ་ལས་བྱས་པའི་རྡོ་རྗེ་རིན་པོ་ཆེ་བྱས་ལ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་ལྟ་བའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའམ། དེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། དེ་དང་ཨོཾ་བཛྲ་རཏྣ་ཨ་བྷི་ཥེ་ཀ་མ་ཧཱ་སརྦྦ་པྲ་དྷ་ཞེས་བྱ་བའི་སྙིང་པོ་འདིས་རིན་པོ་ཆེ་བླང་བར་བྱའོ། །དེ་ནས་ཕྱག་རྒྱ་དེ་ཉིད་དཔྲལ་བའི་བར་དུ་འཇོག་ཅིང་དབང་བསྐུར་བའི་གནས་སུ་ཟླ་བའི་དཀྱིལ་འཁོར་བསམས་ཏེ། བསྒོམས་ན་དེ་ནས་སྔ་མ་བཞིན་དུ་བསྒྲུབས་ན་ནོར་ཆེན་པོའི་རྒྱལ་པོར་འགྱུར་རོ། །གསེར་རམ་རིན་ཆེན་གཞན་དག་གིས། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་པདྨའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་དེའམ་དེའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཨོཾ་བཛྲ་རཏྣ་ཝ་ཙཱ་ཡ་སྟེ། ཞེས་བྱ་བས་ནི་རིན་པོ་ཆེ་བསྐྱེད་དེ། རང་གི་ཁར་བཅུག་ནས་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བསྒྲུབ་པ་བྱས་ཏེ་བསྒོམས་ན་ཚིག་ལ་དབང་བར་འགྱུར་རོ། །གསེར་རམ་རིན་ཆེན་གཞན་དག་གིས། །ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་བཟོ་བོ་མཁས་པས་རྡོ་རྗེ་རིན་པོ་ཆེ་བྱས་ལ། དེ་ནས་སྔ་མ་བཞིན་དུ་རིན་ཆེན་ཆར་འབེབས་སམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ཏེ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའམ། དེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཨོཾ་བཛྲ་རཏྣ་གརྦྷ་མ་ཧཱ་ཀརྨྨ་པ་ཏེ། ཞེས་བྱ་བའི་སྙིང་པོ་འདིས་ཕྱག་རྒྱ་དེ་བསྐྱེད་ལ་ལས་ཀྱི་ཕྱག་རྒྱས་གཟུགས་ཏེ། གཙུག་ཏོར་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསམས་ནས་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བསྒྲུབས་ན་ལས་རྣམས་ཀུན་གྱི་བདག་པོ་རིན་ཆེན་ཆར་འབེབས་ཀྱི་ཏིང་ངེ་འཛིན་ཐོབ་པའམ། དེའི་རིགས་ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པའི་དུས་ཕྱིས་སོ། །ནོར་བུའི་
རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱ་རྣམས་ནི་གཟུངས་ཀྱི་ཕྱག་རྒྱ་སྟེ། གསང་བའི་ཡེ་ཤེས་ལ་ཡང་དག་པར་བསྐོར་བའི་བསྒོམ་པར་ངེས་པ་དེ་བསླབ་ཅིང་བསྟན་པའོ། །ཕྱག་རྒྱ་ཆེན་པོ་བསྒོམས་ནས་ནི། །རྡོ་རྗེ་ནོར་བུ་ཆེ་བཅིངས་ལ། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སེམས་མ་རྡོ་རྗེ་མའི་གནས་ཀྱི་རྡོ་རྗེ་ནོར་བུ་ཆེན་མོའི་དམ་ཚིག་གི་ཕྱག་རྒྱ་དེ་འདིར་བཅིངས་ལ། དེས་ནོར་བུ་བུད་མེད་ཀྱི་བུ་གར་དེ་བཞིན་དུ་ཞུགས་ཏེ། རྡོ་རྗེ་ནོར་བུ་ཆེན་མོ་ཡིས། །ནོར་བུ་དེ་ནི་དེའི་ནོར་བུ་སྟེ། སྒྲུབ་པ་པོའི་མཚན་མའི་ནོར་བུ་དེའི་རིག་པའི་ལྷ་མོའི་མཚན་མར་ཡིད་ཀྱིས་གཞུག་ཅིང་ཕྱག་རྒྱ་ཆེན་པོ་བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་རམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའམ། དེའི་རིགས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེ་ནས་སྟན་གཅིག་ལ་རང་གི་གཟུགས་སྦྲུལ་ལ་བསྡུ་བ་སྔོན་དུ་འགྲོ་བ་དང༌། ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ། རྡོ་རྗེ་རིན་པོ་ཆེ་མྱུ་གུས་དབང་བསྐུར་བའི་རིན་པོ་ཆེ་སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་ཕྱག་བྱས་ཏེ། རྡོ་རྗེ་རིན་པོ་ཆེ་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། ཨོཾ་མ་ཧཱ་སིདྡྷཿ་ཞེས་བྱ་བ་ཟློས་ཤིང༌། དེ་ནས་ལྷན་ཅིག་ཏུ་མཉམ་པར་སྦྱོར་བ་བསྒོམས་ནས་ཇི་སྲིད་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་མངོན་སུམ་ལྟ་བུར་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམ་པ་ན་དེའི་རྗེས་ལ་དེ་འོངས་བ་དང་ལྷན་ཅིག་མཉམ་པར་སྦྱོར་བ་བྱས་ནས་དེའི་ལུས་ལ་ཞུགས་པར་བྱའོ། །ཡང་དེ་ནས་དོན་ཐམས་ཅད་གྲུབ་པ་དེ་དང་འདྲ་བར་འགྱུར་རོ། །དམ་ཚིག་མཆོག་ནི་རང་གི་ལྷའི་རྣལ་འབྱོར་རོ། །ནོར་བུ་ནི་རང་གི་མཚན་མའོ། །བཅུ་པ་ནི་བཞག་པའོ། །དེ་སྐད་དུ་ཡང༌། བཅུ་པས་བཞག་ལ་ཞེས་སུ་བརྗོད། །ཅེས་གསུངས་སོ། །གང་དུ་གཞག་ཅེ་ན། བུད་མེད་བུ་གར་ཞེས་བྱ་བ་སྨོས་ཏེ། རང་གི་རིག་པའི་ལྷ་མོའི་མཚན་མར་རོ། །དམ་ཚིག་མཆོག་ནི་རང་གི་དམ་ཚིག་ཕྱག་རྒྱའོ། །བཅིང་བ་ནི་ལྷན་ཅིག་ཏུ་གྱུར་པའོ། །དབང་བསྐུར་བའི་དངོས་གྲུབ་ཏུ་འགྱུར་བ་ནི་དབང་བསྐུར་
བའི་མཚན་མ་ཐོབ་པའོ། །ཐམས་ཅད་ནི་རིན་ཆེན་ལྟ་བའི་རིགས་ལ་སོགས་པ་ཐམས་ཅད་དོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་ལྟ་བའམ། དེའི་རིགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་ཕྲེང་བ་ལ་སོགས་པའི་རྣལ་འབྱོར་བྱས་ལ། དེ་ནས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་བཅོམ་ལྡན་འདས་རིན་ཆེན་སྤྱན་ནས་དེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ཕྱིས་སྟན་གཅིག་ལ་རང་གི་གཟུགས་སྤྲུལ་ལ་བསྡུ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཨོཾ་མ་ཧཱ་ས་མ་ཡ་ཨ་བྷི་ཥེ་ཀ་སིདྡྷིཿ་ཞེས་བྱ་བ་ཟློས་ཤིང༌། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། དེ་དང་ལྷན་ཅིག་ཏུ་མཉམ་པར་སྦྱོར་བས་དེ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བྱས་པ་དང༌། དེའི་རྗེས་ལ་དེ་འོངས་པ་དང༌། དེ་དང་ལྷན་ཅིག་མཉམ་པར་སྦྱོར་བ་བྱས་ཏེ། དེའི་ལུས་ལ་འཇུག་པར་བྱའོ། །དེ་ནས་རིན་ཆེན་སྤྱན་ལ་སོགས་པ་དང་འདྲ་བར་འགྱུར་རོ། །རྡོ་རྗེ་ནོར་བུ་ཆེ་བཅིངས་ལ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཆོས་ཀྱི་ཕྱག་རྒྱ་བསྒོམ་ཞེས་བྱ་བ་ནི་རིན་ཆེན་པདྨའམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམས་པའོ། །དེའི་ནོར་བུ་ཞེས་བྱ་བ་ནི་རང་གི་མཚན་མའོ། །དེ་ནི་བུད་མེད་བུ་གར་བཅུག །ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །བླ་ན་མེད་པའི་དངོས་གྲུབ་འགྱུར། །ཞེས་བྱ་བ་ནི་རིན་ཆེན་པདྨའམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་འགྲུབ་པ་སྟེ། བླ་ན་མེད་པའི་དངོས་གྲུབ་འགྱུར། །ཞེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་བཅོམ་ལྡན་འདས་རིན་ཆེན་པདྨའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པ་དེའམ། དེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། གདན་གཅིག་ལ་རང་གི་གཟུགས་སྦྲུལ་ནས་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། རྡོ་རྗེ་ནོར་བུ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་དྷརྨྨ་སིདྡྷིཿ་ཞེས་ཟློས་ཤིང༌། རང་གི་གཟུགས་དང་ལྷན་ཅིག་མཉམ་པར་སྦྱོར་བ་བསྒོམ་མོ། །
དེ་ནས་དེ་བཞིན་དུ་མཚན་ཐོག་ཐག་བསྒོམས་ལ། དེའི་རྗེས་ལ་དེ་འོངས་པ་དང༌། དེ་དང་ལྷན་ཅིག་ཏུ་མཉམ་པར་སྦྱོར་བ་བྱས་ནས་དེའི་ལུས་ལ་འཇུག་པར་བྱའོ། །དེ་ནས་དེ་རིན་པོ་ཆེ་པདྨ་ལ་སོགས་པ་དང་འདྲ་བར་འགྱུར་རོ། ལས་ཀྱི་ཕྱག་རྒྱའི་ནོར་བུ་ནི་ལས་ཀྱི་ཕྱག་རྒྱའི་ནོར་བུ་སྟེ། རིན་ཆེན་ཆར་འབེབས་དང༌། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོའོ། །ནོར་བུ་ནི་ཇི་སྐད་བཤད་པའི་ནོར་བུའི་མཚན་མ་དེ་བཅིངས་པའོ། །བུད་མེད་བུ་གར་རིན་ཆེན་ཆར་འབེབས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་པའམ། དེའི་རིགས་ཀྱི་ཕྱག་རྒྱ་བཅིངས་ན་དངོས་གྲུབ་ཏུ་འགྱུར་རོ། །ལས་ཀུན་ནི་རིན་ཆེན་ཆར་འབེབས་ལ་སོགས་པའི་ལས་ཐམས་ཅད་ཀྱི་མཚན་མ་བསྐྱེད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་ཆར་འབེབས་དང་དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་བའི་རིན་ཆེན་ཆར་འབེབས་དང༌། དེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་དང་མཉམ་པའི་ཟླ་བའི་དཀྱིལ་འཁོར་ལ་རང་གི་གཟུགས་སྦྲུལ་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཨོཾ་ཀརྨྨ་སིདྡྷིཿ་ཞེས་ཟློས་ཤིང་ལྷན་ཅིག་མཉམ་པར་སྦྱོར་བར་བསྒོམས་ལ། དེ་ནས་བསྒྲུབ་པ་བྱའོ། །དེའི་རྗེས་ལ་ལྷ་མོ་དེ་དང་མཉམ་པར་སྦྱོར་བ་བྱས་ནས་དེའི་ལུས་ལ་འཇུག་པར་བྱའོ། །དེ་ནས་སྒྲུབ་པ་པོ་དེ་རིན་ཆེན་ཆར་འབེབས་ལ་སོགས་བ་དང་འདྲ་བར་འགྱུར་རོ། །རིག་པའི་བུད་མེད་ཐམས་ཅད་ཀྱི་བདག་པོ་དང་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་ཏུ་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་ནོར་བུའི་ཡེ་ཤེས་བསྟན་ནས། ད་ནི་དོན་ཐམས་ཅད་གྲུབ་པའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། སྒྲུབ་པ་དང་དཀྱིལ་འཁོར་ལ་སོགས་པའི་གཟུངས་རྣམས་སྤྱན་དྲངས་ཏེ། ཕྱག་རྒྱ་བཞིས་རྒྱས་བཏབ་པོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བའི་སྒྲས་ནི་དེ་མ་ཐག་
པ་སྟེ་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པའི་རྗེས་ཐོགས་ལའོ། །དཀྱིལ་འཁོར་འདིར་ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་བཅིངས་པ་འབྱུང་སྟེ། སྐུ་སྟོན་པར་བྱེད་པའི་ཕྱག་རྒྱ་རྣམས་འཆིང་བའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རིན་ཆེན་རྡོ་རྗེ་མྱུ་གུ་བཅིང༌། །གུང་མོ་སྲིན་ལག་མཐེ་ཆུང་རྣམས། །སོར་མོ་བརྐྱང་བ་བྱས་ནས་ནི། །སྤྱི་བོར་བཞག་པ་གྲུབ་མཆོག་སྦྱིན། །ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་རིན་པོ་ཆེ་མྱུ་གུའི་གུང་མོ་དང༌། སྲིན་ལག་དང༌། མཐེའུ་ཆུང་རྣམས་སོ་སོར་བརྐྱང་སྟེ། སྤྱི་བོར་གཞག་པ་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོའོ། །རིག་པ་ནི་འདི་ཡིན་ཏེ། ཨོཾ་བཛྲ་རཏྣ་དྷཱུ་པེ་ཧཱུཾ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ལ་ཕྱིས་ཕྱག་རྒྱ་བཅིང་བ་དང་རིག་པ་འདིས་རྣམ་པར་སྣང་མཛད་རབ་ཏུ་བསྒྲུབས་ན་རྣམ་པར་སྣང་མཛད་དང་འདྲ་བར་འགྱུར་རོ། །རྡོ་རྗེ་བསྡམས་པ་བྱས་ནས་ཀྱང༌། །མཛུབ་མོ་གཉིས་མདུད་མཐེ་བ་གཉིས་དང༌། །སྲིན་ལག་རྡོ་རྗེ་བསྒྱུར་ནས་ནི། །མཛོད་སྦུར་བཞག་པ་དབང་བསྐུར་ཐོབ། །ཅེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་ཕན་ཚུན་ལྕགས་སྒྲོག་ཏུ་སྦྲེལ་ལ། མཐེ་བོ་དང་སྲིན་ལག་གཉིས་ལུ་གུ་རྒྱུད་ལྟར་བྱས་ནས་ཡོངས་སུ་བསྒྱུར་ཏེ་མཛོད་སྤུར་གཞག་པ་ནི་ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ། །རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་འདི་ཉིད་བཅིངས་ཏེ། ཨོཾ་ཨ་བྷི་ཥེ་ཀ་མ་ལེ་ཨ་བྷི་ཥིཉྩ་ས་མ་ཡ་ཧཱུཾ། ཞེས་ཟློས་ཤིང་རྡོ་རྗེ་སེམས་དཔའ་བདག་ཉིད་ཇི་ལྟ་བ་བཞིན་དུ་བསྒོམས་ནས་བསྒྲུབས་ན་དེ་ནས་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྲུབ་པར་འགྱུར་རོ། །རྡོ་རྗེ་རིན་ཆེན་ཚུལ་བྱས་ལ། །དེ་ཉིད་ཡོངས་སུ་བསྒྱུར་ནས་ནི། །མཛུབ་མོ་གཉིས་རྩེ་གདོང་སྦྲད་པ། །འདི་ནི་དབང་བསྐུར་ཐམས་ཅད་བྱེད།། ཅེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཉིད་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་བྱས་ཏེ། མཛོད་སྤུར་གཞག་པ་འདི་ནི་རྡོ་རྗེ་སྙིང་པོའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སྙིང་པོའི་རྣལ་
འབྱོར་བྱས་ལ་འདི་ཉིད་བཅིངས་ཏེ། ཨོཾ་བཛྲ་རཏྣ་ཨ་བྷིཥེ་ཀ་ཧཱུཾ་ཞེས་བརྗོད་ཅིང་སྔ་མ་བཞིན་དུ་རྡོ་རྗེ་སྙིང་པོར་བདག་ཉིད་བསྒོམས་ནས་བསྒྲུབ་པར་བྱའོ། །དེ་ནས་རྡོ་རྗེ་སྙིང་པོ་དང་འདྲ་བར་འགྱུར་རོ། །དེ་ཉིད་མཐེབ་གཉིས་མཛུབ་གཉིས་ནི། །ཆོས་ཀྱི་རྡོ་རྗེའི་ཚུལ་དུ་ཡང༌། །བཅིངས་ནས་དཔྲལ་བར་བཞག་ནས་ནི། །ཆོས་སྤྱན་གྱི་ནི་དབང་བསྐུར་སྦྱིན། །ཞེས་བྱ་བ་ལ་བཤད་མ་ཐག་པ་ཉིད་ཀྱི་རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ལས་མཐེ་བོ་དང་མཛུབ་མོ་གཉིས་པདྨར་བྱས་པ་དཔྲལ་བར་གཞག་པ་འདི་ནི་རྡོ་རྗེ་སྤྱན་གྱིའོ། །རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་སྤྱན་གྱི་རྣལ་འབྱོར་བྱས་ལ། འདི་ཉིད་བཅིངས་ཏེ། ཨོཾ་བཛྲ་དྷརྨ་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་ཅིང་བདག་ཉིད་རྡོ་རྗེ་སྤྱན་དུ་བསྒོམས་ནས་སྔ་མ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ནས་རྡོ་རྗེ་སྤྱན་དང་འདྲ་བར་འགྲུབ་པར་འགྱུར་རོ། །རིན་ཆེན་འབྱུང་བའི་ཕྱག་རྒྱ་ནི། །རྡོ་རྗེ་དབྱིངས་སྐྱེས་དམ་ཚིག་ཀྱང༌། །བསྒྱུར་བས་དཔྲལ་བ་ཉིད་དུ་ཡང། །བཞག་ན་དབང་ནི་བསྐུར་བར་འགྱུར། །ཞེས་བྱ་བ་ནི་སེམས་མ་རྡོ་རྗེ་མ་བསྟན་པར་བྱས་ཏེ། གུང་མོ་གཉིས་བསྒྲེང་བ་ནི་རྒྱབ་ཏུ་མཛུབ་མོ་གཉིས་བསྐུམ་ལ་རྡོ་རྗེའི་རྣམ་པ་ལྟར་གཞག་པ་འདི་ནི་ལས་ཀྱི་རྡོ་རྗེ་སྟེ་སྣ་ཚོགས་ཀྱིའོ། །རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་སྣ་ཚོགས་ཀྱི་རྣལ་འབྱོར་བྱས་ཏེ། འདི་ཉིད་བཅིངས་ལ། ཨོཾ་སརྦྦ་ཨ་བྷི་ཥེ་ཀ་པཱུ་ཛ་ས་མ་ཡེ་ཧཱུཾ། ཞེས་ཟློས་ཤིང་བདག་ཉིད་རྡོ་རྗེ་སྣ་ཚོགས་སུ་བསྒོམས་ལ་སྔ་མ་བཞིན་དུ་བསྒྲུབ་པོ། །དེ་ནས་རྡོ་རྗེ་སྣ་ཚོགས་དང་འདྲ་བར་འགྲུབ་པར་འགྱུར་རོ། །རིན་ཆེན་འབྱུང་བའི་ཕྱག་རྒྱ་ནི། །རྡོ་རྗེ་དབྱིངས་སྐྱེས་དམ་ཚིག་ཀྱང༌། །བཅིངས་ནས་རིན་ཆེན་གནས་དག་གི །དཔྲལ་བར་བཞག་ན་དབང་བསྐུར་འགྱུར། །ཞེས་བྱ་བ་ལ་རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་རིན་ཆེན་མ་བཅིངས་ཏེ། དཔྲལ་བའི་ཕྱོགས་སུ་གཞག་པ་འདི་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་གཉིས་བའོ། །འདིའི་རིག་པ་ནི་འདི་ཡིན་ཏེ། ཨོཾ་ཏྲཱཾ་ཞེས་བྱ་བ་འདིས་དཀྱིལ་འཁོར་དུ་བཅོམ་ལྡན་འདས་ལ་རྒྱས་གདབ་པར་བྱའོ། །མཐེབ་གཉིས་ཕན་ཚུན་བསྣོལ་ནས་ནི། །མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང༌། །ནོར་བུ་འདྲ་བར་དགུག་པ་ནི། །རྡོ་རྗེ་ནོར་བུ་ཆེན་པོ་ཐོབ། །ཅེས་བྱ་བ་ནི་ལག་པ་གཉིས་ཀྱི་མཐེ་བོང་
གཉིས་ཕན་ཚུན་བསྣོལ་ནས་མཛུབ་མོ་གཉིས་ནོར་བུར་བྱས་པ་ནི་སེམས་མ་རྡོ་རྗེ་མའི་གནས་ཀྱི་ནོར་བུར་བྱས་པའི་ཕྱག་རྒྱ་དང༌། དཔྲལ་བའི་གནས་སུ་བཞག་པ་འདི་ནི་རྡོ་རྗེ་རིན་ཆེན་མའི་གནས་ཀྱི་ནོར་བུ་ཕྲེང་བ་མའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་བ་བྱས་ནས་ནི། །གུང་མོ་ནོར་བུ་འདྲར་བྱས་ལ། །མཛུབ་མོ་སྲིན་ལག་གཉིས་པདྨོ། །ཁ་དབྱེ་འདྲ་བར་བྱས་པས་འགྲུབ། །ཅེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་ནོར་བུར་བྱས་ལ་མཛུབ་མོ་དང་སྲིན་ལག་གཉིས་སོ་སོར་པདྨ་ལྟར་བྱས་པ་ནི་ཆོས་ཀྱི་རྡོ་རྗེ་མའི་གནས་ཀྱི་ནོར་བུ་རིན་ཆེན་པདྨའིའོ། །གུང་མོ་གཉིས་ནི་ནོར་བུ་བཅིང༌། །སོར་མོ་ཐམས་ཅད་བསྒྲེང་བ་རྣམས། །ནོར་བུ་ཉིད་དུ་བསྒོམས་ན་ནི། །འཁོར་རྣམས་མཆོག་དང་ལྡན་པར་འགྱུར། །ཞེས་བྱ་བ་ནི་ལག་པ་གཉིས་གཅིག་ཏུ་སྦྱར་ཏེ། གུང་མོ་གཉིས་རིན་པོ་ཆེར་བྱས་ནས་སོར་མོ་ལྷག་མ་རྣམས་བརྐྱང་བའི་ཕྱག་རྒྱ་སྤྱི་བོར་བཞག་སྟེ། སོར་མོ་ཐམས་ཅད་ཀྱི་རྩེ་མོ་རིན་པོ་ཆེའི་གཟུགས་སུ་བསྒོམས་པ་འདི་ནི་རྡོ་རྗེ་ལས་མའི་གནས་ཀྱི་རྡོ་རྗེ་རིན་ཆེན་ཆར་འབེབས་མའིའོ། །རྡོ་རྗེ་རིན་ཆེན་ཚུལ་བཅིངས་ནས། །གུང་མོ་མཐེ་བོ་སྦྱར་བ་དང༌། །སྲིན་ལག་མཐེ་ཆུང་བ་སྙམ་པ་རྣམས། །ཁར་བཞག་ལྕེ་སྟེང་ནོར་རབ་སྟེར། །ཞེས་བྱ་བ་ནི་ལག་པ་གཉིས་བརྐྱང་ནས་གུང་མོ་གཉིས་དང་མཐེ་བོང་གཉིས་རིན་པོ་ཆེ་ལྟར་བྱས་ལ། །སྲིན་ལག་དང་མཐེའུ་ཆུང་གཉིས་བརྐྱང་སྟེ། ལྕེ་བཞིན་དུ་ཁར་གཞག་པ་འདི་ནི་དོན་ཐམས་ཅད་གྲུབ་པའི་གནས་ཀྱི་དོན་ཀུན་གྲུབ་པ་རབ་ཏུ་སྟེར་བ་མའིའོ། །དེ་ལས་མཛུབ་གཉིས་རྡོ་རྗེར་བྱ། །ཞེས་བྱ་བ་ནི་ཀུན་གྲུབ་པར་རབ་ཏུ་སྟེར་བའི་ཕྱག་རྒྱ་ཉིད་ལས་མཛུབ་མོ་གཉིས་མྱུ་གུ་ལྟར་བྱས་ནས་སྙིང་གར་གཞག་པ་ནི་ནོར་བུ་མཚན་མའི་གནས་ཀྱི་ནོར་བུ་རིན་ཆེན་འདྲེན་མའིའོ། །དེ་གཉིས་དེ་བཞིན་ལྕགས་ཀྱུར་བྱ། །ཞེས་བྱ་བ་ནི་ནོར་བུ་རིན་ཆེན་འདྲེན་པའི་ཕྱག་རྒྱ་ཉིད་ལས་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་པ་འདི་ནི་རིན་ཆེན་རྒྱལ་པོའི་གནས་ཀྱི་རིན་ཆེན་དམ་ཚིག་ལྕགས་ཀྱུ་མའིའོ། །མཛུབ་མོས་མཛུབ་མོ་དྲང་བར་བྱ། །ཞེས་བྱ་བ་ནི་དོན་ཀུན་གྲུབ་པ་སྟེར་བའི་ཕྱག་རྒྱ་ཉིད་ལས་གཡས་པས་གཡོན་པའི་མཛུབ་མོ་འདྲེན་པའི་ཕྱག་རྒྱ་ཉིད་
ལས་མཛུབ་མོ་གཉིས་ལྕགས་ཀྱུ་ལྟ་བུའི་ཚུལ་དུ་བྱེད་པ་འདི་ནི་ནོར་བུ་ཆགས་པའི་གནས་ཀྱི་ནོར་བུ་ཆགས་པའི་དམ་ཚིག་མའིའོ། །དེ་ཉི་མགོ་ལ་རབ་སྦྱིན་པའོ། །ཞེས་བྱ་བ་ནི་ནོར་བུ་ཆགས་པའི་དམ་ཚིག་གི་ཕྱག་རྒྱ་ཉིད་ཀྱིས་མཛུབ་མོ་དང་མཐེ་བོ་གཉིས་ལགས་སོ་སྦྱིན་པའི་ཚུལ་དུ་བྱེད་པ་འདི་ནི་ནོར་བུ་ལེགས་པའི་ངས་ཀྱི་ནོར་བུ་ལེགས་པ་མའིའོ། །གུང་མོ་གཉིས་ནི་ནོར་བུར་བཅིང༌། །མཛུབ་གཉིས་ངོས་ལ་བཀུག་པ་ཡི། །ཞེས་བྱ་བ་ནི་ལག་པ་གཉིས་བརྐྱང་ལ་གུང་མོ་གཉིས་ནོར་བུར་བྱས་ནས་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་ཏེ། མཐེ་བོང་གི་རྩེ་མོ་ལ་སྦྱར་ནས་བཞག་པ་འདི་ནི་རིན་ཆེན་ལྟ་བའི་གནས་སུ་རྡོ་རྗེ་ནོར་བུ་རིན་ཆེན་སྤྱན་མའིའོ། །སྲིན་ལག་ངོས་གཉིས་མདུད་པ་ལ། །མཐེ་བོང་གཉིས་ནི་བཀབ་པ་སྟེ། །ཞེས་བྱ་བ་ནི་རྡོ་རྗེ་ནོར་བུ་རིན་ཆེན་སྤྱན་གྱི་ཕྱག་རྒྱ་ཉིད་ལས་སྲིན་ལག་གཉིས་ནང་དུ་བཅུག་ནས་ཕན་ཚུན་མདུད་ལ་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་པ་མཐེ་བོ་གཉིས་ཀྱིས་བཀབ་སྟེ། དཔྲལ་བའི་གནས་སུ་འཇོག་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་ཕྲེང་བའི་གནས་སུ་རྡོ་རྗེ་རིན་ཆེན་ཕྲེང་བ་མའིའོ། །དེ་ཉིད་རྡོ་རྗེ་ཉི་མ་བསྐོར། །ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་ཕྲེང་བ་མའི་ཕྱག་རྒྱ་ཉིད་སྙིང་གར་ཉི་མའི་ཚུལ་གྱིས་བསྐོར་བ་འདི་ནི་ནོར་བུ་ཉི་མའི་གནས་ཀྱི་ནོར་བུ་རིན་ཆེན་ཉི་མའིའོ། །དཔུང་པ་སྤྱི་བོར་བརྐྱང་བར་བྱ། །ཞེས་བྱ་བ་ནི་རིན་ཆེན་ཕྲེང་བ་མའི་ཕྱག་རྒྱ་ཉིད་ལས་དཔུང་པ་བརྐྱང་ནས་སྤྱི་བོར་གཞག་པ་འདི་ནི་ནོར་བུ་དང་ལས་ཀྱི་གནས་སུ་ནོར་བུའི་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་ནོར་བུ་ཟླ་བའི་རྒྱལ་མཚན་མཆོག་མའིའོ། །བཞད་པའི་ཚུལ་དུ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་ཕྲེང་བ་མའི་ཕྱག་རྒྱ་ཉིད་ལས་བཞད་པའི་ཚུལ་དུ་ཡོངས་སུ་བསྐོར་བ་ནི་ནོར་བུ་རིན་ཆེན་བཞད་པའི་གནས་སུ་ནོར་བུ་རིན་ཆེན་བཞད་པ་མའིའོ། །རྡོ་རྗེ་བསྡམས་པ་བྱས་ནས་ཀྱང༌། །མཛུབ་མོ་སྲིན་ལག་གྱེན་དུ་བསྒྲེང༌། །དེ་དག་པདྨ་འདྲ་བར་བྱས། །གུང་མོ་གཉིས་ནི་ནོར་བུར་བྱས། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་དང་སྲིན་ལག་གཉིས་པདྨ་འདྲ་བར་བྱས་ལ་གུང་མོ་གཉིས་ནོར་བུར་བྱས་པ་འདི་ནི་རིན་ཆེན་པདྨའི་གནས་སུ་ནོར་བུ་ཏིང་ངེ་འཛིན་པདྨའིའོ། །དེ་ལས་ཐ་མ་
རབ་སྦྱིན་བྱ། །ཞེས་བྱ་བ་ནི་ནོར་བུའི་ཏིང་ངེ་འཛིན་པདྨའི་ཕྱག་རྒྱ་ཉིད་ལའང་ཐ་མ་སྦྱིན་པ་གཏོང་བའི་ཚུལ་དུ་བྱེད་པ་འདི་ནི་གཏོང་བ་ཏིང་ངེ་འཛིན་ཡེ་ཤེས་ཀྱི་སྙིང་པོའི་གནས་ཀྱི་ནོར་བུ་རིན་ཆེན་གཏོང་བའི་དམ་ཚིག་མའིའོ། །རྡོ་རྗེ་རལ་གྲི་སྦྱར་བ་དང༌། །ཞེས་བྱ་བ་ནི་ནོར་བུའི་ཏིང་ངེ་འཛིན་པདྨའི་ཕྱག་རྒྱ་ཉིད་ལས་རལ་གྲིས་གཅོད་པའི་ཚུལ་དུ་བྱེད་པ་འདི་ནི་རིན་ཆེན་རྣོན་པོའི་གནས་སུ་རིན་ཆེན་དམ་ཚིག་རལ་གྲི་མའིའོ། །རྡོ་རྗེ་འཁོར་ལོའི་ཚུལ་དུ་བྱ། །ཞེས་བྱ་བ་ནི་ནོར་བུ་ཏིང་ངེ་འཛིན་པདྨའི་ཕྱག་རྒྱ་ཉིད་ལས་མགལ་མེའི་འཁོར་ལོ་བཞིན་བསྐོར་བ་འདི་ནི་ནོར་བུ་འཁོར་ལོ་མའི་གནས་སུ་ནོར་བུ་དམ་ཚིག་གི་འཁོར་ལོ་མའིའོ། །དེ་ཉིད་ཁ་ནས་དབྱུང་བར་བྱ། །ཞེས་བྱ་བ་ནི་ནོར་བུ་ཏིང་ངེ་འཛིན་པདྨའི་ཕྱག་རྒྱ་ཉིད་ལས་ཚིག་འབྱིན་པའི་ཚུལ་གྱིས་ཁ་གྱེན་དུ་འདྲེན་པ་ནི་ནོར་བུ་གསུང་བའི་གནས་ཀྱི་ནོར་བུ་གསུང་མཆོག་མའིའོ། །རྡོ་རྗེ་རིན་ཆེན་མྱུ་གུར་བཅིང༌། །སོར་མོ་ཐམས་ཅད་བརྐྱང་བ་དང༌། །དེ་དག་སྤྱི་བོར་བཞག་པ་ནི། །རིན་ཆེན་ཆར་གྱི་ཆར་འབེབས་སོ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་མ་བཅིངས་ལ། རྡོ་རྗེ་རིན་ཆེན་གྱི་མཐེ་བོང་དང༌། མཛུབ་མོ་གཉིས་ཁ་སྦྱར་བ་འདི་ནི་རྡོ་རྗེ་རིན་པོ་ཆེའི་མྱུ་གུ་སྟེ། དེ་བཅིངས་པ་ལས་མཐེ་བོང་དང༌། གུང་མོ་དང༌། སྲིན་ལག་དང། མཐེའུ་ཆུང་རྣམས་བརྐྱང་བའི་ཕྱག་རྒྱ་སྤྱི་བོར་བཞག་ལ་སོར་མོའི་རྩེ་མོ་ནོར་བུའི་གཟུགས་སུ་བསྒོམས་ནས་རིན་པོ་ཆེའི་ཆར་འབེབས་པའི་ལྷ་མོ་བསམས་པ་འདི་ནི་རིན་ཆེན་ཆར་འབེབས་ཀྱི་གནས་སུ་རིན་ཆེན་ཆར་རྒྱུན་མའི་ཕྱག་རྒྱའོ། །དེ་ཉིད་འཁོར་ལོའི་ཚུལ་དུ་ནི། །ཞེས་བྱ་བ་ནི་རིན་ཆེན་ཆར་རྒྱུན་མའི་ཕྱག་རྒྱ་ཉིད་མགལ་མེའི་འཁོར་ལོ་བཞིན་དུ་གར་གྱི་ཚུལ་བསྟན་པ་འདི་ནི་ནོར་བུ་མཆོད་པའི་གནས་སུ་ནོར་བུ་མཆོད་པའི་དམ་ཚིག་མའིའོ། །སྙིང་གར་རིན་ཆེན་གཉིས་བྱས་པ། །ཞེས་བྱ་བ་ནི་རིན་ཆེན་ཆར་རྒྱུན་མའི་ཕྱག་རྒྱ་ཉིད་ཁ་གཉིས་སུ་བྱས་པ་འདི་ནི་ནོར་བུ་ཆོ་ག་མའི་གནས་སུ་ནོར་བུ་དམ་ཚིག་བསྲུང་བ་མའིའོ། །ནོར་བུ་འཛིན་རྩེ་མཆེ་བ་ཡིན། །ཞེས་བྱ་བ་འདི་ནི་རིན་ཆེན་ཆར་འབེབས་མའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བསྐུམ་ལ་མཆེ་བ་བཞིན་དུ་ཁར་འཇོག་པ་འདི་ནི་ནོར་བུ་གནོད་སྦྱིན་གྱི་གནས་སུ་ནོར་བུ་མཆེ་བ་གཙིགས་མའིའོ། །དབུས་སུ་མཉམ་པ་
ཁུ་ཚུར་རོ། །ཞེས་བྱ་བ་ནི་རིན་ཆེན་ཆར་རྒྱུན་མའི་ཕྱག་རྒྱའི་དབུས་སུ་མཛུབ་མོ་གཉིས་དང༌། རང་གི་མཐེ་བོ་གཉིས་ཁ་སྦྱར་བར་བྱས་པ་འདི་ནི་ནོར་བུའི་ཁུ་ཚུར་གྱི་གནས་སུ་ནོར་བུ་དམ་ཚིག་ཁུ་ཚུར་འཛིན་མའི་ཕྱག་རྒྱ་ཆེན་པོའོ། །རིན་ཆེན་སྒེག་མོ་ལ་སོགས་པ་ནས་རིན་ཆེན་འབེབས་པའི་མཐར་ཐུག་པ་རྣམས་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱ་ཉིད་འདིར་ཕྱག་རྒྱ་ཆེན་པོར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལས་བཤད་པའི་རྗེས་ཐོགས་ཉིད་ལ་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་ཏེ། དམ་ཚིག་གི་ཕྱག་རྒྱ་འཆིང་བའི་མཚན་ཉིད་ངེས་པར་བསླབ་ཅིང་བསྟན་པར་བྱའོ། །ཕྱག་རྒྱ་ཆེན་པོ་དེ་དག་ཉིད། །སྙིམ་སྦྱར་བྱས་ཏེ་བཅིངས་ནས་ནི། །ཞེས་བྱ་བ་ལ་ཐལ་མོ་སྦྱར་ལ་མཐེ་བོ་གཉིས་དང་གུང་མོ་གཉིས་བརྐྱང་མཛུབ་མོ་གཉིས་བཀུག་ནས་རིན་པོ་ཆེ་ལྟ་བུར་བྱས་པའི་ཕྱག་རྒྱ་དཔྲལ་བར་གཞག་པ་འདི་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱའོ། །ཐལ་མོ་སྦྱར་བ་མཐེ་བོ་གཉིས་བསྣོལ་ལ་མཛུབ་མོ་གཉིས་ནོར་བུར་བྱས་པ་འདི་ནི་རྡོ་རྗེ་ནོར་བུ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་ཡང་འདི་ཡིན་ནོ། །སྙིམ་པ་སྦྱར་ཏེ་མཛུབ་མོ་གཉིས་དང་མཐེ་བོ་གཉིས་ཀྱི་གདོང་སྦྱར་ནས་གུང་མོ་གཉིས་ནོར་བུ་འདྲ་བར་བྱས་པ་ཕྱག་རྒྱ་དཔྲལ་བར་གཞག་པ་འདི་ནི་རིན་ཆེན་ཕྲེང་བ་མའིའོ། །སྙིམ་པ་སྦྱར་ལ་གུང་མོ་ནོར་བུར་བྱས་ནས་མཛུབ་མོ་དང་སྲིན་ལག་བརྐྱང་སྟེ་པདྨ་འདྲ་བར་བྱས་པ་འདི་ནི་ནོར་བུའི་རིན་ཆེན་པདྨའིའོ། །སྙིམ་པ་སྦྱར་ལ་གུང་མོ་གཉིས་རིན་པོ་ཆེ་འདྲ་བར་བྱས་ནས་སོར་མོ་ལྷག་མ་བརྐྱང་བའི་ཕྱག་རྒྱ་སྤྱི་གཙུག་ཏུ་བཞག་ལ་སོར་མོ་ཐམས་ཅད་ཀྱི་རྩེ་མོ་ནོར་བུའི་གཟུགས་སུ་བསྒོམ་པ་འདི་ནི་རྡོ་རྗེ་རིན་ཆེན་ཆར་འབེབས་མའིའོ། །སྙིམ་པ་སྦྱར་ལ་གུང་མོ་གཉིས་དང་མཐེ་བོ་གཉིས་རིན་པོ་ཆེ་ལྟར་བྱས་ཏེ། སྲིན་ལག་གཉིས་དང་མཐེ་ཆུང་གཉིས་བརྐྱང་སྟེ། ལྕེ་བཞིན་དུ་ཁར་གཞག་པ་འདི་ནི་དོན་ཀུན་གྲུབ་པར་རབ་སྦྱིན་མའིའོ། །དོན་ཀུན་གྲུབ་པར་རབ་སྦྱིན་མའི་ཕྱག་རྒྱ་ཉིད་ལས་མཛུབ་མོ་གཉིས་མྱུ་གུ་ལྟར་བྱས་ཏེ། སྙིང་གར་གཞག་པ་འདི་ནི་ནོར་བུ་རིན་ཆེན་འགུགས་མའིའོ། །ནོར་བུ་རིན་ཆེན་འགུགས་པ་མའི་ཕྱག་རྒྱ་ཉིད་ལས་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་པ་འདི་ནི་རིན་ཆེན་དམ་ཚིག་ལྕགས་ཀྱུ་མའིའོ། །དོན་
ཀུན་གྲུབ་པར་རབ་ཏུ་སྟེར་མའི་ཕྱག་རྒྱ་ལས་གཡས་པའི་མཛུབ་མོས་གཡོན་པའི་མཛུབ་མོ་བཟུང་སྟེ་འཕེན་པའི་ཚུལ་དུ་བྱེད་པ་འདི་ནི་ནོར་བུ་ཆགས་པའི་དམ་ཚིག་མའིའོ། །ནོར་བུ་ཆགས་པའི་དམ་ཚིག་གི་ཕྱག་རྒྱ་ལས་མཛུབ་མོ་དང་མཐེ་བོ་ལེགས་སོ་སྦྱིན་པའི་ཚུལ་དུ་བྱེད་པ་འདི་ནི་ནོར་བུ་ལེགས་པ་མའིའོ། །སྙིམ་པ་སྦྱར་ལ་གུང་མོ་གཉིས་ནོར་བུར་བྱས་ནས་མཐེ་བོའི་ལོགས་སུ་བྱས་ནས་གཞག་པ་འདི་ནི་རྡོ་རྗེ་ནོར་བུ་རིན་ཆེན་ལྟ་བའིའོ། །རྡོ་རྗེ་ནོར་བུ་རིན་ཆེན་ལྟ་བའི་ཕྱག་རྒྱ་ཉིད་ལས་སྲིན་ལག་དང༌། མཐེའུ་ཆུང་གཉིས་ནང་དུ་བཅུག་ནས་ཕན་ཚུན་ནང་དུ་ཁ་སྦྱར་ཏེ་བཅིངས་ལ་མཛུབ་མོའི་ལྕགས་ཀྱུ་གཉིས་མཐེ་བོ་གཉིས་ཀྱིས་བཀན་ཏེ་དཔྲལ་བར་གཞག་པ་འདི་ནི་རྡོ་རྗེ་རིན་ཆེན་ཕྲེང་བ་མའིའོ། །རྡོ་རྗེ་རིན་ཆེན་ཕྲེང་བ་མའི་ཕྱག་རྒྱ་ཉིད་སྙིང་གར་ཉི་མའི་ཚུལ་གྱིས་བསྐོར་བ་ནི་ནོར་བུ་ཉི་མའིའོ། །རྡོ་རྗེ་ནོར་བུ་ཕྲེང་བ་མའི་ཕྱག་རྒྱ་ཉིད་ལས་དཔུང་པ་བརྐྱང་ནས་སྤྱི་བོར་གཞག་པ་འདི་ནི་ནོར་བུ་ཟླ་བ་རྒྱལ་མཚན་གྱི་རྩེ་མོའིའོ། །ནོར་བུ་རིན་ཆེན་ཕྲེང་བ་མའི་ཕྱག་རྒྱ་ཉིད་བཞད་པའི་ཚུལ་གྱིས་ཡོངས་སུ་བསྐོར་བ་འདི་ནི་ནོར་བུ་བཞད་པ་མའིའོ། །སྙིམ་པ་སྦྱར་ནས་མཛུབ་མོ་གཉིས་དང་སྲིན་ལག་གཉིས་པདྨར་བྱས་ལ་གུང་མོ་གཉིས་རིན་པོ་ཆེར་བྱེད་པ་འདི་ནི་ནོར་བུ་ཏིང་ངེ་འཛིན་པདྨའིའོ། །ནོར་བུ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཉིད་ལས་མཐེའུ་ཆུང་སྦྱིན་པ་གཏོང་བའི་ཚུལ་དུ་བྱེད་པ་འདི་ནི་གཏོང་བ་དམ་ཚིག་མའིའོ། །ནོར་བུ་ཏིང་ངེ་འཛིན་པདྨའི་ཕྱག་རྒྱ་ཉིད་ལས་རལ་གྲིས་གཅོད་པའི་ཚུལ་དུ་སྦྱོར་བ་འདི་ནི་ནོར་བུ་དམ་ཚིག་གི་རལ་གྲི་མའིའོ། །ནོར་བུ་ཏིང་ངེ་འཛིན་པདྨའི་ཕྱག་རྒྱ་ཉིད་མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་བ་འདི་ནི་ནོར་བུ་དམ་ཚིག་གི་འཁོར་ལོ་མའིའོ། །ནོར་བུའི་ཏིང་ངེ་འཛིན་པདྨའི་ཕྱག་རྒྱ་ཉིད་ཚིག་འབྱིན་པའི་ཚུལ་གྱིས་ཁ་ནས་འདྲེན་པར་བྱེད་པ། འདི་ནི་ནོར་བུ་གསུང་བ་མཆོག་མའིའོ། །སྙིམ་པ་སྦྱར་ལ་གུང་མོ་གཉིས་མྱུ་གུ་ལྟར་བརྟན་པར་བྱས་ལ་མཐེ་བོ་གཉིས་གཤིབས་ཏེ། མཛུབ་མོའི་རྩེ་མོ་དང་སྦྱར་ནས་རིན་པོ་ཆེར་བྱས་ལ་མཐེ་བོ་དང་གུང་མོ་དང༌། སྲིན་ལག་དང༌། མཐེའུ་ཆུང་གི་སོར་མོ་རྣམས་བརྐྱང་སྟེ་སོར་མོ་ཐམས་ཅད་ཀྱི་རྩེ་མོ་ནོར་བུའི་གཟུགས་སུ་བསམས་ཏེ། རིན་པོ་ཆེ་ཆར་འབེབས་མའི་ལྷ་མོ་བསྒོམ་པ་འདི་ནི་རིན་ཆེན་
ཆར་རྒྱུན་མའིའོ། །རིན་ཆེན་ཆར་རྒྱུན་མའི་ཕྱག་རྒྱ་ཉིད་མགལ་མེའི་འཁོར་ལོ་བཞིན་དུ་གར་གྱི་སྤྱོར་བས་སྟོན་པ་ནི་ནོར་བུ་མཆོད་པའི་དམ་ཚིག་མའིའོ། །རིན་ཆེན་ཆར་རྒྱུན་མའི་ཕྱག་རྒྱ་ཉིད་གཉིས་སུ་བྱས་ནས་སྙིང་གར་འཛིན་པ་ནི་ནོར་བུ་དམ་ཚིག་བསྲུང་བ་མའིའོ། །རིན་ཆེན་ཆར་རྒྱུན་མའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བསྐུམ་སྟེ་མཚེ་བ་བཞིན་དུ་ཁར་འཇོག་པ་འདི་ནི་ནོར་བུ་མཆེ་བ་གཙིགས་པ་མའིའོ། །རིན་ཆེན་ཆར་རྒྱུན་མའི་ཕྱག་རྒྱའི་དབུས་སུ་མཛུབ་མོ་གཉིས་དང་རང་གི་མཐེ་བོ་གཉིས་ཀྱི་རྩེ་མོར་སྦྱར་བར་བྱས་པ་འདི་ནི་ནོར་བུ་དམ་ཚིག་གི་ཁུ་ཚུར་གྱི་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །རིན་ཆེན་སྒེག་མོ་ལ་སོགས་པ་ནས་རིན་ཆེན་འདེབས་པའི་གཟུངས་ཀྱི་མཐར་ཐུག་པ་རྣམས་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱ་ཉིད་གཟུང་བར་བྱའོ། །མདོར་བསྡུས་གསང་བའི་གསང་བ་སྟེ། །དངོས་གྲུབ་བཞི་འགྱུར་སྦྱིན་པར་བྱ། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་གསང་བའི་དཀྱིལ་འཁོར་ནི་གསང་བ་སྟེ། དམ་ཚིག་གི་ཕྱག་རྒྱ་ནི་གསང་བའི་གསང་བའོ། །མདོར་བསྡུས་ནས་ཕྱི་རོལ་གྱི་བྱ་བ་ལ་མི་ལྟོས་པ་བསྒོམ་པ་གཙོ་བོར་གྱུར་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །སྒྲུབ་པ་པོ་མངོན་པར་འདོད་པའི་འབྲས་བུ་སྟེར་བས་ན་དངོས་གྲུབ་སྟེར་བའོ། །གལ་ཏེ་ཕྱག་རྒྱ་གཞན་ཟླ་བ་བཞིས་དངོས་གྲུབ་སྟེར་ན་འདི་ནི་ཟླ་བ་གཅིག་གིས་འགྱུར་རོ། །གཞན་ཞག་བཞིས་འགྲུབ་ན་འདི་ཞག་གཅིག་གིས་འགྲུབ་པ་ཅེས་བྱ་བ་དེའི་ཕྱིར་དངོས་གྲུབ་བཞི་འགྱུར་སྤྱིན་པར་བྱེད་དེ། གསང་བའི་གསང་པ་དམ་ཚིག་གི་ཕྱག་རྒྱས་སོ། །དེ་ལྟར་རྡོ་རྗེ་གསང་བ་བཞིན། །དུས་ཀུན་དུ་ནི་སྦྱོར་མི་བྱ། །ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་དུ་གསང་བའི་དམ་ཚིག་གི་ཕྱག་རྒྱ་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་དུས་ཀུན་དུ་བཅིང་བར་མི་བྱ་བ་དེ་བཞིན་དུ་འདིར་ཡང་གསང་བའི་གསང་བ་ཁུ་ཚུར་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་དུས་ཐམས་ཅད་དུ་བཅིང་བར་མི་བྱ་སྟེ། གསང་བའི་གསང་བ་དམ་ཚིག་གི་ཕྱག་རྒྱ་མི་བཅིང་ངོ༌། །དགག་པ་དེས་དམ་ཚིག་གི་ཕྱག་རྒྱ་མེད་ན་དམ་ཚིག་གི་ཕྱག་རྒྱ་དེས་ལྷ་བསྒྲུབ་པར་མི་བྱའོ་ཞེས་སྔར་བསྟན་ཟིན་ཏོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ལ་ཞེས་བྱ་བའི་དོན་ཏོ། །ཧཱུཾ་ནི་རྣམ་པར་སྣང་
མཛད་ཀྱི་ལྕགས་ཀྱུ་ལ་ཆོས་ཀྱི་ཕྱག་རྒྱར་བསམ་པར་བྱའོ། །ཏྲེ་ནི་དོན་ཀུན་གྲུབ་པ་སྦྱིན་པ་དང༌། ནོར་བུ་རིན་ཆེན་འགུགས་མ་དང༌། ནོར་བུ་དམ་ཚིག་གི་གཟུངས་ཀྱིའོ། །གྷེ་ནི་ནོར་བུའི་དམ་ཚིག་གི་རིན་ཆེན་ལྕགས་ཀྱུ་མའིའོ། །ཧྲེ་ནི་ནོར་བུ་ཆགས་པའི་དམ་ཚིག་མའིའོ། །སྭེ་ནི་ནོར་བུ་ལེགས་པ་མའིའོ། །ཀྱེ་ནི་རྡོ་རྗེ་ནོར་བུ་རིན་ཆེན་སྤྱན་དང༌། རྡོ་རྗེ་རིན་ཆེན་ཕྲེང་བ་མ་དང༌། ནོར་བུ་རིན་ཆེན་ཕྲེང་བའི་དབང་བསྐུར་བའི་གཟུངས་རྣམས་ཀྱིའོ། །ཁཾ་ནི་ནོར་བུ་རིན་ཆེན་ཉི་མའིའོ། །དྷྲེ་ནི་ནོར་བུ་ཟླ་བ་རྒྱལ་མཚན་གྱི་རྩེ་མོ་མའིའོ། །ཧྱེ་ནི་ནོར་བུ་བཞད་པ་མའིའོ། །དྲཻ་ནི་ནོར་བུ་རིན་ཆེན་པདྨ་མོ་དང༌། ནོར་བུ་རིན་ཆེན་གཏོང་བའི་དམ་ཚིག་མ་དང༌། ནོར་བུ་ཏིང་ངེ་འཛིན་པདྨ་རྣམས་ཀྱིའོ། །བྱཻ་ནི་ནོར་བུ་དམ་ཚིག་རལ་གྲི་མའིའོ། །ཀཻ་ནི་ནོར་བུ་དམ་ཚིག་འཁོར་ལོ་མའིའོ། །བཻ་ནི་ནོར་བུ་གསུང་བ་མཆོག་མའིའོ། །ཀྲུ་ནི་ནོར་བུ་རིན་ཆེན་ཆར་འབེབས་མ་དང༌། མཆོད་པ་ཆེན་མོའི་དམ་ཚིག་མ་དང༌། ནོར་བུ་རིན་ཆེན་ཆར་གྱི་རྒྱུན་མ་རྣམས་སོ། །རཻ་ནི་ནོར་བུ་དམ་ཚིག་བསྲུང་བའིའོ། །ཡྻ་ནི་ནོར་བུ་མཆེ་བ་གཙིགས་མའིའོ། །མཱི་ནི་ནོར་བུ་དམ་ཚིག་ཁུ་ཚུར་གྱི་གཟུངས་ཏེ། ལྕེ་རྣམས་ལ་བསམ་པར་བྱའོ། །རིན་ཆེན་སྒེག་མོ་ལ་སོགས་པ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་ཡིན་ནོ། །གསང་བ་གཟུངས་ཀྱི་དཀྱིལ་འཁོར་རོ། །མཆོག་ནི་དམ་པའོ། །གསང་བ་གསང་བའི་ཁུ་ཚུར་མའིའོ། །ནོར་བུའི་དམ་ཚིག་གི་གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་གི་ཕྱག་རྒྱ་དེ་རྣམས་ཁུ་ཚུར་གཉིས་སུ་བྱིན་ནས་ལས་ཀུན་བྱེད་པ་སྟེ་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། ནོར་བུའི་དམ་ཚིག་གི་ཁུ་ཚུར་གྱི་གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་གཉིས་སུ་བྱས་ནས་རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་ནས་རིན་ཆེན་འབེབས་པའི་གཟུངས་ཀྱི་མཐར་ཐུག་པ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །གཞན་ཡང་ནོར་བུའི་དམ་ཚིག་གི་ཁུ་ཚུར་གྱི་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ནས་རྣམ་པར་སྣང་མཛད་ལ་སོགས་པ་ནས་རིན་ཆེན་འབེབས་པའི་གཟུངས་ཀྱི་མཐར་ཐུག་པ་རྣམས་རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་འདིར་རྡོ་རྗེ་དབྱིངས་ཀྱི་སྦྱོར་བས། གཡོན་པའི་རྡོ་རྗེ་མཛུབ་མོ་
ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཆེ། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །བསྒྱིངས་བཅས་གསོར་བ་གཉིས་ཀ་ཡིས་ནི་ནོར་བུ་རིན་ཆེན་འདྲེན་པ་དང་ནོར་བུ་དམ་ཚིག་གི་གཟུངས་ཀྱི་ལས་ཀྱི་ཕྱག་རྒྱའོ། །ལྕགས་ཀྱུ་འཛིན་ལྟར་གནས་པ་ནི་ནོར་བུ་རིན་ཆེན་དམ་ཚིག་གི་ལྕགས་ཀྱུའོ། །མདའ་འཕང་བའི་ཚུལ་ནི་ནོར་བུ་ཆགས་པའི་དམ་ཚིག་མའིའོ། །ལེགས་སོ་སྦྱིན་པ་སྙིང་གར་གཞག་པ་ནི་ནོར་བུ་ལེགས་པ་མའིའོ། །དབང་བསྐུར་བའི་རིན་ཆེན་གཉིས་ནི་དོན་ཡོད་གྲུབ་པ་རབ་ཏུ་སྟེར་མ་དང༌། རྡོ་རྗེ་ནོར་བུ་རིན་པོ་ཆེའི་སྤྱན་མ་དང༌། རྡོ་རྗེ་རིན་ཆེན་ཕྲེང་བ་མ་དང༌། ནོར་བུ་རིན་ཆེན་ཕྲེང་བ་མ་རྣམས་ཀྱིའོ། །སྙིང་གར་ཉི་མ་བསྟན་པ་ནི་ནོར་བུ་རིན་ཆེན་ཉི་མའིའོ། །གཡོན་པ་ལ་ནི་གྲུ་མོ་གཟུགས་ནི་ནོར་བུ་ཟླ་བའི་རྒྱལ་མཚན་གྱི་རྩེ་མོ་མའིའོ། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ་བ་ནི་ནོར་བུ་བཞད་པ་མའིའོ། །གཡས་པའི་ནི་གཡོན་པ་དབྱེ་བ་ནི་ནོར་བུ་ཏིང་ངེ་འཛིན་པདྨ་དང༌། ནོར་བུ་རིན་ཆེན་གཏོང་བའི་དམ་ཚིག་མ་དང༌། ནོར་བུ་རིན་ཆེན་པདྨ་རྣམས་ཀྱིའོ། །སྙིང་གར་གཡོན་པ་རལ་གྲི་མདུད་ནི་ནོར་བུ་དམ་ཚིག་མའི་རལ་གྲི་མའིའོ། །མགལ་མེའི་འཁོར་ལོ་བསྐོར་བ་ནི་ནོར་བུ་དམ་ཚིག་གི་འཁོར་ལོ་མའིའོ། །ནོར་བུ་གཉིས་ཀ་ཁ་ནས་དབྱུང་བ་ནི་ནོར་བུ་གསུང་བའི་མཆོག་མའིའོ། །རྡོ་རྗེ་གར་བསྐོར་བཀྲོལ་བ་ཡིས། །ཐལ་མོ་འགྲམ་པ་སྤྱི་བོར་གཞག་པ་ནི་རིན་ཆེན་ཆར་འབེབས་མ་དང༌། མཆོད་པ་ཆེན་པོ་དམ་ཚིག་མ་དང༌། ནོར་བུ་རིན་ཆེན་ཆར་འབེབས་ཀྱི་དམ་ཚིག་མ་རྣམས་ཀྱིའོ། །གོ་ཆ་ནི་ནོར་བུ་དམ་ཚིག་བསྲུང་མའིའོ། །མཐེ་ཆུང་མཆེ་བ་ནི་རྡོ་རྗེ་ནོར་བུ་མཆེ་བ་གཙིགས་པ་མའིའོ་ཁུ་ཚུར་གཉིས་ནི་མནན་པའོ་ནི་ནོར་བུ་དམ་ཚིག་གི་ཁུ་ཚུར་གྱི་གཟུངས་ཀྱི་ལས་ཀྱི་ཕྱག་རྒྱའོ། །རིན་ཆེན་འགྱིང་བའི་ཚུལ་གྱིས་ནི། །བསམ་པ་གཡོན་པས་མདུད་པར་བྱ་བ་ནི་རིན་ཆེན་སྒེག་མོའི་གཟུངས་ཀྱིའོ། །ཕྲེང་བ་བཅིང་དང་ནི་རིན་ཆེན་ཕྲེང་བའི་གཟུངས་ཀྱིའོ། །ཁ་ནས་དབྱུང་བ་ནི་རིན་ཆེན་གླུ་མའི་གཟུངས་ཀྱིའོ། །རིན་ཆེན་གར་ནི་བསྐོར་བ་ཡིན་ནི་རིན་ཆེན་གར་མའི་གཟུངས་ཀྱིའོ། །རིན་ཆེན་ཁུ་ཚུར་ཚུལ་གྱིས་ནི། །བདུག་པ་ལ་སོགས་དེ་བཞིན་སྦྱིན། །སངས་རྒྱས་ཀུན་ལ་མཆོད་པ་ནི། །ཕྱག་རྒྱའི་མཆོད་པ་བྱེད་
པའོ། །མཛུབ་མོའི་ལྕགས་ཀྱུ་བཅིང་བ་ནི། །མཐེ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་ལ་མཛུབ་གཉིས་མདུད། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་མནན། །རིན་པོ་ཆེ་ནི་ནོར་བུའི་རིགས་སོ། །གསང་བའི་ཕྱག་རྒྱ་ནི་གཟུངས་ཀྱི་ཕྱག་རྒྱ་སྟེ། དེའི་དཀྱིལ་འཁོར་གྱི་ཆོ་གའི་བྱེ་བྲག་རྒྱས་པ་དེ་རྫོགས་པ་ནི་མཐར་ཐུག་པའོ། །ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པ་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་དེས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་བསྟན་ནས། ད་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱིས་འདུལ་བའི་སེམས་ཅན་གྱི་དོན་གྱི་ཕྱིར་དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལའོ། །འདིར་དང་བོར་སྦྱོར་བའི་ཏིང་ངེ་འཛིན་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དང་པོར་སྦྱོར་བ་ལྟ་བུ་ཉིད་ཡིན་ནོ། །ཡང་ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལ་ལྟོས་པས་ཡང་ཞེས་བྱ་བ་སྨོས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཞེས་བྱ་བ་ནི་ནོར་བུ་རིན་པོ་ཆེའི་རིགས་སོ། །དེའི་ཡེ་ཤེས་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས་རིན་ཆེན་འབེབས་པའི་མཐར་ཐུག་པ་སྟེ། རང་བཞིན་གྱིས་ནི་འོད་གསལ་བ། །གདོད་ནས་དག་པ་མཁའ་དང་མཚུངས། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་བྱ་བར་ངེས་པའོ། །དེའི་དམ་ཚིག་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ནོར་བུ་རིན་ཆེན་གྱི་ནང་དུ་གཏོགས་པའི་ཆོས་ཀྱི་དཀྱིལ་འཁོར་རོ། །དེ་ལས་བྱུང་བའི་འཕགས་པ་ནམ་མཁའི་སྙིང་པོའི་ཐུགས་ཀའི་རྡོ་རྗེ་ནོར་བུ་རིན་པོ་ཆེ་གང་ཡིན་པ་དེ་ལས་བྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །དེས་བྱིན་གྱིས་བརླབས་པ་ནི་དཀྱིལ་འཁོར་བསྐྱེད་པའི་ནུས་པ་དང་ལྡན་པའི་བྱ་བ་གང་གིས་དེ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་རང་གི་བདག་ཉིད་ཀྱི་རིགས་དམ་པ་འདི་ཞེས་བྱ་བ་བློ་ལ་གནས་པ་གསུངས་
ཤིང་བཤད་པའོ། །དེ་ནས་ཕྱག་ན་རྡོ་རྗེས་དོན་ཐམས་ཅད་གྲུབ་པའི་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་པའི་ཕྱིར་དང༌། རྡོ་རྗེ་སྙིང་པོས་རིན་ཆེན་ལྟ་བའི་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་པའི་ཕྱིར་དང༌། རྡོ་རྗེ་སྤྱན་གྱིས་རིན་ཆེན་པདྨའི་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་པའི་ཕྱིར་དང༌། རྡོ་རྗེ་སྣ་ཚོགས་ཀྱིས་རིན་ཆེན་ཆར་འབེབས་ཀྱི་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་པའི་ཕྱིར་རང་གི་རིག་པ་དམ་པ་འདི་རྣམས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པས་རང་གི་སྙིང་གའི་རྡོ་རྗེ་རིན་པོ་ཆེ་ལས་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྔ་མ་བཞིན་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ལ་དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ནས། ཨོཾ་སརྦྦ་ཨ་བྷི་ཥེ་ཀ་ཛྙཱ་ན་ཧཱུཾ་ཞེས་བྱ་བའི་བར་གྱི་གཞུང་འདི་ཙམ་གྱིས་ནི་ནོར་བུ་ཆེན་པོའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་སྔ་མ་བཞིན་དུ་བསྡུ་བ་དང་བྱིན་གྱིས་བརླབ་པ་ལ་སོགས་པ་ནི་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ གསུམ་པ ་ཡིན་པར་ཤེས་པར་བྱའོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དངོས་གྲུབ་རྣམས་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སློབ་དཔོན་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །འདི་ཞེས་བྱ་བ་ནི་བློ་ལ་གནས་པའོ། །རང་གི་རིགས་ནི་ནོར་བུ་ཆེན་པོའི་རིགས་སོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་ཆོས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་ཏེ་དེ་གསུངས་པའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའི་དོན་བརྗོད་པ་སྟེ། སྔོན་དུ་བསྙེན་པའི་རྗེས་ཐོགས་ལའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའི་རྡལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ་ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིངས་
ཏེ། །སྔ་མ་བཞིན་དུ་སྣའི་རྩེ་མོར་འཆད་བར་འགྱུར་བའི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་བཤད་པའི་ཆོ་གས་ཆོས་ཀྱི་འཁོར་ལོ་བསྒོམ་པར་བྱའོ། །དེ་ནས་ཆོས་ཀྱི་འཁོར་ལོ་ལས་བཤད་པའི་ཏིང་ངེ་འཛིན་རྣམ་ པ་གསུམ ་བསྒོམ་པའི་ཕྱིར་ཞེས་བྱ་བས་ཞག་བདུན་ཆོས་ཀྱི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་ལ་དཀྱིལ་འཁོར་འདི་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་གཏན་ཚིགས་སྟོན་པ་སྟེ། གང་གི་ཕྱིར་ཆོས་ཀྱི་དཀྱིལ་འཁོར་དུ་འཇུག་པ་མེད་ན་དེས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ཀྱི་མངོན་པར་འདོད་པའི་དངོས་གྲུབ་ཏུ་མི་འགྱུར་བ་དེ་ལྟ་བས་ན། དེ་ནས་རབ་ཏུ་བཤད་བྱ་བ། །ཡེ་ཤེས་དཀྱིལ་འཁོར་དམ་པ་སྟེ། །ཞེས་བྱའོ། །རྡོ་རྗེ་དབྱིངས་དང་འདྲ་བ་ལ། །ཞེས་བྱ་བ་ནི་སྤྲུལ་པའི་ཆོས་ཀྱི་དཀྱིལ་འཁོར་དང་འདྲ་བའོ། །རིན་ཆེན་ཡེ་ཤེས་ཞེས་བཤད་དོ། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །ཞེས་བྱ་བ་ལ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་དབྱིངས་སུའོ། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་ནི་དེའི་ཕྱི་རོལ་དང་ནང་བཞིན་དུ་འདིའི་ཡང་ཕྱི་རོལ་དང་ནང་གི་དཀྱིལ་འཁོར་བྱའོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་ཇི་ལྟར་རྣམ་པར་སྣང་མཛད་ལ་སོགས་པ་བྲིས་པ་དེ་བཞིན་དུ་འདིར་ཡང་བྲི་བར་བྱའོ་ཞེས་དེ་ལྟར་བསྟན་པའི་ཕྱིར། ཆོས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །སྙིང་གའི་མཚན་མ་བྲི་བར་བྱ། །ཞེས་བྱ་བའོ། །འདི་ལྟར་རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རྡོ་རྗེ་རྩེ་ལྔ་བ་དེའི་ལྟེ་བར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་ནས་བསྐལ་པ་བཟང་པོའི་མཐར་ཐུག་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་གི་མཚན་མ་ནས་འབྲས་ཙམ་གྱི་སྙིང་གའི་ཕྱི་རོལ་དུ་བསྣམས་ནས་རྡོ་རྗེ་བསྡམས་པ་བཀན་ཏེ། སྐྱིལ་མོ་ཀྲུང་གི་སྟེང་དུ་གཞག་པ་དེ་བཞིན་དུ་འདིར་ཡང་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་འདིའི་ཡེ་ཤེས་ཀྱི་སྙིང་པོ་ནི་འདི་རྣམས་སོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་ཀྱི་སྙིང་པོ་ནི་འདི་དག་ཡིན་ཏེ། ཡེ་ཤེས་ཀྱི་སྙིང་པོ་དེ་སྟོན་པར་བྱེད་པའི་སྒྲའི་གཟུགས་སུ་བཞུགས་པ་དེ་དག་བསྒྲུབས་པས་ལས་ཐམས་ཅད་སྒྲུབ་པར་བྱེད་པའི་སྔགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
འདི་སྐད་སྟོན་པ་ཡིན་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་གྷི་ཥེ་ཀ་ཛྙཱ་ན་ཨུ་ཏྟ་མ་ཧཱུཾ། ཞེས་བྱ་བའི་སྡུགས་འདིས་རྣམ་པར་སྣང་མཛད་ལ་སོགས་པ་ནམ་མཁའི་ཕྱོགས་ནས་ཕབ་སྟེ་གཟུགས་བརྙན་ལ་གཞུག་པའམ། ཡང་ན་འདིས་བཅོམ་ལྡན་འདས་བྲི་བར་བྱའོ། །ཨོཾ་བཛྲ་མ་ཎི་ཧཱུཾ། ཞེས་བྱ་བ་ནི་རྡོ་རྗེ་ནོར་བུ་ཆེན་མོའིའོ། །ཨོཾ་བཛྲ་རཏྣ་ཨཾ་ཀུ་ར་ཧཱུཾ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་མྱུ་གུ་མའིའོ། །ཨོཾ་བཛྲ་བཛྲ་རཏྣ་པདྨ་ཧཱུཾ། ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་པདྨའིའོ། །ཨོཾ་བཛྲ་རཏྣ་བཪྵ་ཧཱུཾ། ཞེས་བྱ་བ་ནི་རིན་ཆེན་ཆར་འབེབས་མའིའོ། །ཨོཾ་སརྦྦ་ཨརྠ་སིདྡྷི་ཛྙཱ་ན་ཧཱུཾ། ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའིའོ། །ཨོཾ་མ་ཎི་ཛྙཱ་ན་ཧཱུཾ། ཞེས་བྱ་བ་ནི་ནོར་བུའི་མཚན་མའིའོ། །ཨོཾ་མ་ཎི་ཙིནྟཱ་ཨཾ་ཀུ་ཤ་ཞེས་བྱ་བ་ནི་རིན་ཆེན་རྒྱལ་པོ་སྟེ། དེ་ནས་བརྩམས་ནས། ཨོཾ་མ་ཎི་ཛྙཱ་ན་མུ་ཥི་ཧཱུཾ། ཞེས་བྱ་བའི་བར་དུ་བྲིས་ལ་ནམ་མཁའི་ཕྱོགས་ནས་ཕབ་སྟེ་རང་གི་ཕྱོགས་སུ་གཞག་པར་བྱའོ། །དེ་ནས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་སྒེག་མོ་ལ་སོགས་པ་ནས་རིན་ཆེན་ཆར་འབེབས་མའི་བར་གྱི་སྔགས་ཀྱིས་གཞག་པར་བྱའོ། །དེའི་རྗེས་ལ་བསྐལ་པ་བཟང་པོ་རྣམས་ནི་རང་གི་རིག་པས་སོ། །དེ་ནས་དཀྱིལ་འཁོར་འདིར་ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་བྱས་ནས་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་ག་ཐམས་ཅད་དང༌། རང་གི་ཆོ་ག་རྗེས་སུ་སྤྱད་ལ། སློབ་དཔོན་གྱིས་རང་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱའོ། །དེ་ནས་རང་གི་མིང་ནས་བརྗོད་པར་བྱས་ལ། དཀྱིལ་འཁོར་ཐམས་ཅད་རྡོ་རྗེར་བསྒྲུབས་ཏེ། དེ་ནས་བསྡུ་བ་བྱས་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ་བསྒོ་ཞིང་ལས་བྱ་བ་དང༌། བགེགས་བསྐྲད་པ་ལ་སོགས་པ་དང༌། མཆོད་ཡོན་དང༌། ཞབས་བསིལ་དབུལ་བ་བྱས་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་བསྒྲུབས་ཏེ། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་དབང་བསྐུར་ཏེ། རྡོ་རྗེ་རིན་པོ་ཆེ་མྱུ་གུ་དོན་ཐམས་ཅད་གྲུབ་པ་ལ་སོགས་པ་ནོར་བུའི་རིགས་ཐམས་ཅད་གྲུབ་པའི་དབང་བསྐུར་བར་བྱའོ། །དེ་ནས་ཕྱག་བྱ་བ་དང༌། མཆོད་ཡོན་ཕུལ་ལ། མཆོད་པ་ཐམས་ཅད་ཀྱིས་དེ་བཞིན་
གཤེགས་པ་ལ་སོགས་པ་ཐམས་ཅད་ཡང་དག་པར་མཆོད་ལ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཆོ་ག་ཇི་ལྟ་བ་བཞིན་སློབ་མ་འཇུག་པར་བྱའོ་ཞེས་བྱ་བ་འདི་ནི་ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་དུ་བྱས་ནས་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །སློབ་མ་ལ་འདི་སྐད་བསྒོ་བར་བྱ་སྟེ་ཞེས་བྱ་བ་ནི་གོ་སླའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་ནས་འབྲས་ཙམ་གྱིས་རྡོ་རྗེ་ནོར་བུ་དང༌། རྡོ་རྗེ་ནོར་བུ་རིན་པོ་ཆེའི་དྲིལ་བུ་བྱིན་ནས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སློབ་མའི་ཆོ་ག་ཐམས་ཅད་བྱ་བ་ཡིན་ནོ། །སློབ་དཔོན་གྱི་ལས་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པའི་གཞུང་ཙམ་ཉིད་ཀྱིས་བཤད་པ་ཡིན་ནོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་དོན་ཐམས་ཅད་གྲུབ་པའི་ཆོ་གའི་དཀྱིལ་འཁོར་དུ་དམ་ཚིག་དབང་བསྐུར་བ་ཐོབ་པ་རྣམས་ལ་ཇི་ལྟར་མངོན་པར་འདོད་པའི་དེ་ལས་གསུངས་པའི་དངོས་གྲུབ་རྣམས་སློབ་དཔོན་གྱིས་བཤད་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར་ནོར་བུའི་རིགས་ཀྱི་ཆོས་ཀྱི་ཡེ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བ་གསུངས་སོ། །ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་ཡེ་ཤེས་ནི་ནོར་བུའི་ཆོས་ཀྱི་ཡེ་ཤེས་སོ། །ནོར་བུ་དོན་དུ་གཉེར་བ་ལ་སོགས་པའི་ངོ་བོ་དེ་བསྐྱེད་པར་བྱའོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པ་དང་དེའི་རིགས་ཀྱི་གཟུགས་སོ། །ཏིང་ངེ་འཛིན་གྱིས་རས་སམ། རྩིག་པའམ། སྤང་ལེབ་ལ་སོགས་པ་ལ་དེ་བྲིས་ནས་སོ། །རྩེ་གཅིག་པའི་སེམས་ཀྱིས་བསྒོམས་ནས་ཡང་དང་ཡང་མངོན་དུ་བྱེད་པའོ། །དོན་ནི་སླར་བྱས་ན་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའམ་འཇིག་རྟེན་པ་སྟེ། ཇི་ལྟར་མངོན་པར་འདོད་པའོ། །ཇི་ལྟར་བྱ་ཞེ་ན་བྱིན་ཅིག་བྱིན་ཅིག་ཅེས་བརྗོད་ཅེས་བྱ་བ་སྨོས་ཏེ་ཚིག་གིས་བརྗོད་ཅིང་ངོ༌། །འདི་སྐད་སྟོན་པ་ཡིན་ཏེ། རས་སམ་རྩིག་པའམ། སྤང་ལེབ་ལ་སོགས་པ་ཐམས་ཅད་ལ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་གཟུགས་དེའམ། ནོར་བུའི་མཚན་མ་ལ་སོགས་པ་དེའི་རིགས་ཀྱི་གཟུགས་བྲི་བར་བྱའོ། །དེ་ནས་དེའི་མདུན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་
གྲུབ་པའི་རྣལ་འབྱོར་དང༌། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ་ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའམ་དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྔགས་ཀྱིས་དེ་རས་ལ་སོགས་པ་ལ་བྲིས་ལ། རྡོ་རྗེ་སྙིང་པོ་སྤྲུལ་ཏེ་བསྡུ་བ་བྱས་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། རིན་ཆེན་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ཏེ། ཕྱག་རྒྱ་བཞིས་རྒྱས་བཏབ་ནས་དབང་བསྐུར་ཏེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བཞི་བྱས་ཏེ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པ་དེའམ་དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་མངོན་པར་འདོད་པའི་དོན་འགྲུབ་པའི་ཕྱིར། བྱིན་ཅིག་བྱིན་ཅིག་ཅེས་བྱ་བ་ལན་གསུམ་གསོལ་བ་གདབ་པར་བྱའོ། །དེ་ནས་ཨོཾ་དེ་ཧི་སརྦ་ཨརྠ་བྷ་ག་ཝཱན་བཛྲ་གརྦྷ་ཞེས་ཟློས་ཤིང༌། ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་པར་བྱའོ། །དེ་ནས་སྐྱོ་བར་གྱུར་ན། སྔ་མ་བཞིན་དུ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་དང༌། མཆོད་པ་དང༌། ཕྱག་བྱ་བ་དང༌། ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་བར་བའོ། །དེ་ལྟར་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བ་བྱས་པས་ཇི་སྲིད་དུ་མངོན་སུམ་ལྟ་བུར་གྱུར་པ་དེ་སྲིད་དུ་བསྒོམས་ན་ཉིན་རེ་བཞིན་དུ་ཐུན་བཞིར་བཅོམ་ལྡན་འདས་མཐོང་བར་འགྱུར་རོ། །ཟླ་བ་ཉ་ལ་མཚན་ཐོག་ཐག་བསྒོམས་ན་འདོད་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཏིང་ངེ་འཛིན་གྱིས་རས་སོགས་ལ། །རྡོ་རྗེ་སྙིང་པོ་བྲིས་ནས་ནི། །བསྒོམས་ནས་རིན་ཆེན་དོན་འབྱིན་ཞེས། །ཚིག་ཏུ་སྨྲ་ཞིང་གསོལ་བ་གདབ། །ཅེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིན་ཆེན་ལྟ་བའམ་དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་རས་ལ་སོགས་པ་ལ་བྲིས་ཏེ། དེའི་མདུན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་སྤྱན་ནམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིན་ཆེན་ལྟ་བའམ། དེའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིན་ཆེན་ལྟ་བའམ། དེའི་རིགས་ཀྱི་སྔགས་བརྗོད་ཅིང༌། ཇི་ལྟར་རས་ལ་བྲིས་པ་ལ་རིན་ཆེན་ལྟ་བའམ། དེའི་རིགས་སྤྲུལ་ནས་ལྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་དབང་བསྐུར་བའི་རིན་པོ་ཆེ་ལ་སོགས་པ་ཇི་ལྟར་འདོད་ པ་རྣམས་མངོན་པར་
འདོད་པའི་དོན་བྱིན་ཅིག་ཅེས་ལན་གསུམ ་གསོལ་བ་གདབ་པར་བྱའོ། །དེ་ནས་ཨོཾ་དེ་ཧི་སརྦྦ་རཏྣ་བྷ་ག་ཝཱན་བཛྲ་གརྦྷ། ཞེས་བྱ་བའི་སྙིང་པོ་འདི་ཟློས་ཤིང་སྔ་མ་བཞིན་དུ་བསྒྲུབས་ནས་དབང་བསྐུར་བ་ལ་སོགས་པའི་རིན་པོ་ཆེ་ཐམས་ཅད་ཐོབ་པར་འགྱུར་རོ། །རྡོ་རྗེ་སྙིང་པོ་རས་སོགས་ལ། །ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིན་ཆེན་པདྨའམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་རས་ལ་སོགས་པ་རྣམས་ལ་བྲི་བར་བྱའོ། །དེའི་སྤྱན་སྔར་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་བཅོམ་ལྡན་འདས་རིན་ཆེན་པདྨའམ་དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དེའམ་དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་བཅོམ་ལྡན་འདས་རིན་ཆེན་པདྨའམ། དེའི་རིགས་ཀྱི་རང་གི་སྔགས་ཟློས་ཤིང་སྤྲུལ་པ་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཡང་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་བཅོམ་ལྡན་འདས་རིན་ཆེན་པདྨའམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རིན་པོ་ཆེ་པདྨ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡེ་ཤེས་བྱིན་ཅིག་ཅེས་ལན་གསུམ་གསོལ་བ་གདབ་པར་བྱའོ། །དེ་ནས་ཨོཾ་དེ་ཧི་སརྦྦ་དྷརྨྨཱ་བྷ་ག་ཝཱན་བཛྲ་གརྦྷ་ཞེས་ཟློས་ཤིང༌། སྔ་མ་བཞིན་དུ་བསྒྲུབས་ན་རིན་ཆེན་པདྨ་ལ་སོགས་པའི་ཏིང་ངེ་འཛིན་ཐོབ་ཅིང་གྲུབ་པར་གྱུར་ནས་རིན་ཆེན་པདྨ་ལ་སོགས་པ་དང་འདྲ་བར་འགྱུར་རོ། །རྡོ་རྗེ་སྙིང་པོ་རས་སོགས་ལ། །མཉམ་པར་གཞག་པས་བྲིས་ནས་ཀྱང༌། །ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིན་ཆེན་ཆར་འབེབས་སམ་དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་རས་ལ་སོགས་པ་རྣམས་ལ་བྲི་བར་བྱའོ། །དེ་ནས་དེའི་སྤྱན་སྔར་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་ཆར་འབེབས་སམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིན་ཆེན་ཆར་འབེབས་དང་དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རང་གི་སྔགས་ཀྱིས་རིན་ཆེན་ཆར་འབེབས་དང་དེའི་རིགས་རྣམས་ཇི་ལྟར་རས་ལ་བྲིས་པ་ལ་སྤྲུལ་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། རིན་ཆེན་ཆར་
འབེབས་དང་དེའི་རིགས་རྣམས་ཡང་དང་ཡང་མངོན་དུ་བྱས་ཏེ། རྩེ་གཅིག་པའི་སྦྱོར་བས་སྙོམས་པར་ཞུགས་པར་རིན་ཆེན་ཆར་འབེབས་ལ་སོགས་པའི་དམ་པའི་ལས་བྱིན་ཅིག་བྱིན་ཅིག་ཅེས་བཅོམ་ལྡན་འདས་ལ་ལན་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་ཨོཾ་དེ་ཧི་ས་ད་ཀརྨ་བྷ་ག་ཝཱན་བཛྲ་གརྦྷ་ཞེས་ཟློས་ཤིང་སྔ་མ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ནས་རིན་ཆེན་ཆར་འབེབས་ལ་སོགས་པའི་ལས་དམ་པ་བྱེད་པ་འགྲུབ་པར་འགྱུར་རོ། །ནམ་མཁའི་ཕྱོགས་སམ་ཕྱོགས་གཞན་དུ། །ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ་སྦྱོར་བ་རྣམ་པ་བཞི་པོ་ཉེད་ཀྱིས་བྱའོ། །ཁྱད་པར་ནི་འདི་ཡོད་དེ་འདི་བྲི་བ་སྤངས་པའོ། །རྡོ་རྗེ་སྙིང་པོ་སྙིང་གར་བྲི། །ཞེས་བྱ་བ་ལ་སོགས་པ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དོན་ཐམས་ཅད་གྲུབ་པར་སྤྲུལ་པའམ་དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་ཧྲྀ་ད་ཡ་བྷ་ག་བ་ཏཱི་ཧྲི་ད་ནཱ་མ། ཞེས་བྱ་བའི་སྙིང་པོ་འདིས་རང་གི་སྙིང་གའི་ཟླ་བ་ལ་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའམ་དེའི་རིགས་ཀྱི་གཟུགས་སུ་སྤྲུལ་ལ་འདི་བརྗོད་ཅིང་ཉིན་རེ་བཞིན་དུ་ཐུན་བཞིའི་སྦྱོར་བས་ཇི་སྲིད་དུ་སྙིང་ག་འགུལ་བར་འགྱུར་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་དེའི་རང་གི་ཏིང་ངེ་འཛིན་ལ་སོགས་པའི་ནོར་བུའི་དངོས་གྲུབ་སྟེར་བར་འགྱུར་རོ། །རྡོ་རྗེ་སྙིང་པོ་དཔྲལ་བར་ནི། །བྲིས་ཏེ་རྣམ་པར་བསྒོམས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ལས་བཤད་པའི་བཅོམ་ལྡན་འདས་རིན་ཆེན་ལྟ་བ་དང༌། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དེའམ་མ་དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་དཔྲལ་བར་ཨོཾ་རཏྣ་ཨ་བྷི་ཥེ་ཀ་ཨ་བྷི་ཥྙྩི། ཞེས་བྱ་བས་བཅོམ་ལྡན་འདས་རིན་ཆེན་ལྟ་བ་དང༌། དེའི་རིགས་རྣམས་སྤྲུལ་ལ། དེ་ཉིད་ཀྱི་སྙིང་པོ་བརྗོད་ཅིང་སྔ་མ་བཞིན་དུ་ཇི་སྲིད་མགོ་བོ་འགུལ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་རིན་ཆེན་ལྟ་བ་ལ་སོགས་པའི་དབང་བསྐུར་བའི་རྣལ་འབྱོར་དེས་འགྲུབ་ཅིང་ཐོབ་པར་འགྱུར་རོ། །རྡོ་རྗེ་སྙིང་པོ་ཁར་བཅུག་ལ། །དེ་ཉིད་དུ་ནི་བསྒོམས་ནས་
ཀྱང། །ཞེས་བྱ་བ་ལ་སོགས་པའི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་པདྨའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པ་དེའམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་ལྕེ་ལ་རིན་ཆེན་པདྨ་དང༌། དེའི་རིགས་ཀྱི་སྙིང་པོ་འདི་བསམ་པར་བྱའོ། །ཨོཾ་བྷ་ག་རཏྣ་གརྦྷ་སིདྡྷཿ། དེ་ནས་སྙིང་པོ་འདི་བརྗོད་ཅིང༌། སྔར་བཤད་པའི་ཚུལ་གྱིས་ཇི་སྲིད་དུ། ཁ་རང་བྱེ་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །ཁ་རང་གི་ངང་གིས་བྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་རྣལ་འབྱོར་པ་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་འགྱུར་རོ། །དེ་ཉིད་ནི། གང་ཚེ་དེ་ཉིད་བྱེད་གྱུར་པ། །དེ་ཚེ་དེ་ནི་ངག་གྲུབ་བོ། །ཞེས་གསུངས་སོ། །རྡོ་རྗེ་སྙིང་པོ་བདག་སྤྱི་བོར། །རབ་ཏུ་བཞག་སྟེ་བསྒོམས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་ཆར་འབེབས་སམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའི་རིགས་ཀྱི་ཕྱར་རྒྱ་ཆེན་པོ་བཅིངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་བཅོམ་ལྡན་འདས་རིན་ཆེན་ཆར་འབེབས་སམ་དེའི་རིགས་ཀྱི་གཟུངས། ཨོཾ་རཏྣ་གརྦྷ་ཨུཥྞཱི་ཥ་ཨཱ་ཀཪྵཱ་གཙྪ་ཞེས་བྱ་བའི་སྙིང་པོ་འདི་རང་གི་སྤྱི་བོར་བསམ་པར་བྱའོ། །དེ་ནས་འདི་ཉིད་ཟློས་ཤིང་སྔར་བཤད་པའི་ཚུལ་གྱིས་ཇི་སྲིད་དུ་འབར་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྐད་ཅིག་མ་དེ་ཉིད་ལ་ནམ་མཁའི་སྙིང་པོར་འགྱུར་རོ། །དེ་ཉིད་ནི། གང་ཚེ་དེ་ཉིད་འབར་འགྱུར་པ། །དེ་ཚེ་འཕང་དུ་ལྡིང་བར་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་སྙིང་པོ་ཕྱག་རྒྱ་ཆེ། །མཉམ་པར་གཞག་པ་བསྒོམ་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེ་ཉིད་དམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་སྔགས་ཀྱི་མདུན་དུ་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའམ། དེའི་རིགས་སྤྲུལ་ལ་སྔ་མ་བཞིན་དུ་བསྡུ་བ་ལ་སོགས་པ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཨ་ལྀ་རཏྣ་ཞེས་
བརྗོད་ཅིང༌། བཅོམ་ལྡན་འདས་དངོས་གྲུབ་བདག་ལ་སྩོལ་ཅིག་ཅེས་ལན་གསུམ་གསོལ་བ་གདབ་པར་བྱའོ། །དེ་ནས་ཨོཾ་ཨི་ལྀ་ཞེས་བྱ་བའི་སྙིང་པོ་བརྗོད་ཅིང་སྔ་མ་བཞིན་དུ་གང་གི་ཚེ་བསྒོམས་པ་དེའི་ཚེ་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ནམ་མཁའི་སྙིང་པོའི་དམ་ཚིག་ནི། །མཉམ་པར་གཞག་པས་བཅིངས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ་རིན་ཆེན་ལྟ་བ་དང༌། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པ་དེའམ་དེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། དེ་ནས་བཅོམ་ལྡན་འདས་རིན་ཆེན་ལྟ་བ་དང༌། དེའི་རིགས་རྣམས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྔགས་ཀྱིས་མདུན་དུ་སྤྲུལ་ལ། སྔ་མ་བཞིན་དུ་བསྡུ་བ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ལ། ཡང་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་ པ་དེའམ་དེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། མི་ལྀ་རཏྣ་ཞེས་ལན་གསུམ ་བརྗོད་ཅིང༌། རིན་ཆེན་ལྟ་བ་ལ་སོགས་པས་དབང་བསྐུར་བར་གསོལ་བ་གདབ་པར་བྱའོ། །དེ་ནས་ཨོཾ་མི་ལྀ་ཞེས་སྙིང་པོ་བརྗོད་ཅིང༌། སྔ་མ་བཞིན་དུ་གང་གི་ཚེ་བསྒོམས་པ་དེའི་ཚེ་རིན་ཆེན་ལྟ་བ་ལ་སོགས་པའི་དབང་བསྐུར་བ་ཐོབ་པར་འགྱུར་རོ། །རྡོ་རྗེ་སྙིང་པོ་ཏིང་འཛིན་དང༌། །མཉམ་པར་གཞག་པར་བསྒོམས་ནས་ནི། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་རིན་ཆེན་པདྨ་དང༌། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའམ། དེའི་རིགས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཆོས་ཀྱི་དཀྱིལ་འཁོར་གྱི་སྔགས་ཀྱིས་བཅོམ་ལྡན་འདས་རིན་ཆེན་པདྨའམ། དེའི་རིགས་རྣམས་མདུན་དུ་སྤྲུལ་ལ། སྔ་མ་བཞིན་དུ་བསྡུ་བ་ལ་སོགས་པའི་ཆོ་ག་བྱས་ནས། ཙི་ལྀ་རཏྣ་ཞེས་ལན་གསུམ་བརྗོད་ཅིང༌། རིན་ཆེན་པདྨ་ལ་སོགས་པའི་ཆོས་ཀྱི་ཏིང་ངེ་འཛིན་གྱི་ཆོས་སྩོལ་ཅིག་ཅེས་བཅོམ་ལྡན་འདས་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་ཙི་ལ་ཞེས་བྱ་བའི་སྙིང་པོ་བརྗོད་ཅིང༌། སྔ་མ་བཞིན་གང་གི་ཚེ་བསྒོམས་པར་གྱུར་པ་དེའི་ཚེ། །རིན་ཆེན་པདྨ་ལ་སོགས་པའི་ཏིང་ངེ་འཛིན་གྱི་ཆོས་ཐོབ་པར་འགྱུར་རོ། །ནམ་མཁའི་སྙིང་པོ་ལས་ཀྱི་མཆོག །མཉམ་པར་གཞག་པ་བཅིངས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་རིན་ཆེན་ཆར་
འབེབས་དང༌། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པ་དེའམ། དེའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྔགས་ཀྱིས་རིན་ཆེན་ཆང་འབེབས་དང༌། རིགས་རྣམས་མདུན་དུ་སྤྲུལ་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། ཡང་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་བཅོམ་ལྡན་འདས་རིན་ཆེན་ཆར་འབེབས་སམ། དེའི་ཚིག་རྣམས་ཀྱི་ལས་ཕྱག་རྒྱ་བཅིངས་ལ། བཅོམ་ལྡན་འདས་རིན་ཆེན་ཆར་འབེབས་ལ་སོགས་ པ་ལ། ཀཱི་ལི་རཏྣ་ཞེས་ལན་གསུམ ་བརྗོད་ཅིང༌། རིན་པོ་ཆེ་ཐམས་ཅད་སློང་བའི་གསོལ་བ་གདབ་པར་བྱའོ། །དེ་ནས་ཀཱི་ལི་ཞེས་བྱ་བའི་སྙིང་པོ་བརྗོད་ཅིང༌། སྔ་མ་བཞིན་དུ་གང་གི་ཚེ་བསྒོམས་པར་གྱུར་པ་དེའི་ཚེ་རིན་ཆེན་ཆར་འབེབས་ལ་སོགས་པའི་རིན་པོ་ཆེ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། ནོར་བུའི་ཡེ་ཤེས་ནི་ནོར་བུ་ཆེན་པོའི་རིགས་ཀྱི་ཡེ་ཤེས་ཀྱི་ཆོས་ཀྱི་དཀྱིལ་འཁོར་རོ། །གསང་བའི་ཕྱག་རྒྱ་ནི་རྡོ་རྗེ་སྙིང་པོའི་མདུན་དུ་གནས་པ་དང་ལྷན་ཅིག་ཏུ་གྱུར་པར་ལྷག་པར་མོས་པའོ། །དེའི་ཡེ་ཤེས་ནི་ངེས་པ་སྟེ། དེ་བསླབ་པའོ། །དབང་པོ་གཉིས་ནི་མཉམ་སྤྲད་ནས། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་ལྟར་བྱས་ནས་རྡོ་རྗེ་སྙིང་པོ་དང་ནམ་མཁའི་སྙིང་པོ་བསྒོམས་ཏེ། ཡང་དང་ཡང་དུ་བྱའོ། །གང་དུ་ཞེ་ན། ནམ་མཁའི་ཕྱོགས་སམ་ཕྱོགས་གཞན་དུ། །ཞེས་བྱ་བ་སྨོས་སོ། །ཅི་ཞིག་ཐོབ་པར་འགྱུར་ཞེ་ན། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། མཆོག་ནམ་མཁའི་སྙིང་པོ་ཐོབ་པར་གྱུར་པའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའམ། ནོར་བུའི་མཚན་མ་ལ་སོགས་པ་དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ་ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྔགས་ཀྱིས་བཅོམ་ལྡན་འདས་མདུན་དུ་སྤྲུལ་ཏེ་བསྡུ་བ་ལ་སོགས་པའི་ཆོ་ག་སྔ་མ་བཞིན་དུ་རྗེས་སུ་སྤྱད་ལ། ཡང་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའམ་
དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏ། ཨཱ་ཀཱ་ཤ་གུ་ཧྱ་ཛྙཱ་ན་སཱ་དྷ་ཡ་ཧཱུཾ། ཞེས་བརྗོད་ཅིང༌། བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའམ་དེའི་རིགས་དང་ལྡན་ཅིག་ཏུ་དབང་པོ་གཉིས་མཉམ་པར་སྦྱོར་བ་རྒྱུན་མི་འཆད་པར་བསྒོམས་ནས་སྔར་བཤད་པའི་ཚུལ་གྱིས་ཇི་སྲིད་མངོན་སུམ་དུ་མངོན་པར་གྱུར་པ་དེ་སྲིད་དུ་བསྒོམས་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་ན་དེའི་རྗེས་ལ་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་མངོན་སུམ་དུ་བྱོན་ནས་སྒྲུབ་པ་པོའི་ལུས་ལ་ཞུགས་པར་གྱུར་པ་དང༌། དེ་ནས་སྒྲུབ་པ་པོའི་དེ་དང་འདྲ་བར་འགྱུར་རོ། །དབང་པོ་གཉིས་ནི་མཉམ་སྦྱར་ན། །ཞེས་བྱ་བ་ན་སྔ་མ་བཞིན་ནོ། །གཞི་ལ་རི་མོ་བྲིས་པ་བཞིན། །ཞེས་བྱ་བ་ནི་རས་སམ། རྩིག་པའམ། སྤང་ལེབ་ལ་བྲི་བའོ། །འདི་སྐད་སྟོན་པ་ཡིན་ཏེ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིན་ཆེན་ལྟ་བ་དང༌། དེའི་རིགས་ཀྱི་ལྷའི་གཟུགས་རྣམས་རས་ལ་སོགས་པ་ལ་བྲིས་ཏེ། མདུན་དུ་བཞག་ལ་སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་ལྟ་བའམ་དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པ་དེའམ་དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྔགས་ཀྱིས་རིན་ཆེན་ལྟ་བའམ་དེའི་རིགས་རིས་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་བྲིས་པའི་གཟུགས་ལ་སྤྲུལ་ཏེ། བསྡུ་བ་ལ་སོགས་པའི་ཆོག་ཐམས་ཅད་རྗེས་སུ་སྤྱད་དེ། ཙི་ཏྲ་གུ་ཧྱ་ཛྙཱ་ན་ཨ་བྷི་ཥྙྩི་ཧཱུཾ། ཞེས་བརྗོད་ཅིང་སྔ་མ་བཞིན་དུ་དེས་རས་ལ་སོགས་པ་དང་ལྷན་ཅིག་ཏུ་མཉམ་པར་སྦྱོར་བ་སྒོམས་ལ། སྔར་བཤད་པའི་ཚིགས་ཇི་སྲིད་མངོན་སུམ་ལྟ་བུར་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་བསྒྲུབས་ན་དེ་བཞིན་དུ་འགྲུབ་པར་འགྱུར་ན། དེའི་རྗེས་ལ་རིན་ཆེན་སྤྱན་ལ་སོགས་པའི་དབང་བསྐུར་བ་ཐོབ་པར་འགྱུར་རོ། །རྡོ་རྗེ་སྙིང་པོ་བསྒོམས་ནས་ནི། །དབང་པོ་གཉིས་ནི་མཉམ་སྦྱར་ལ། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སྡུག་པ་དེ་དག་གང་རྩེས་པ། །ཞེས་བྱ་བ་ནི་རིན་ཆེན་པདྨ་ལ་སོགས་པ་དང༌། རྡོ་རྗེས་སྙིང་པོས་གང་རྩེས་པའོ། །རིན་ཆེན་པདྨ་ལ་སོག་སྤ་ཉིད་ཀྱི་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་དང༌། རྡོ་རྗེ་སྙིང་པོ་གཉིས་རྩེ་ཞིང་སྒྲུབ་པར་བྱེད་པའོ། །དེ་སྐད་དུ་ཡང༌། རྩེ་
བ་བསྒྲུབ་པར་འདོད་པ་ཡིན། །ཞེས་གསུངས་སོ། །འཇིག་རྟེན་ཀུན་གྱིས་དེ་དགར་བྱེད། །ཅེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་རིན་ཆེན་པདྨ་ལ་སོགས་པ་བསྒྲུབ་ཅིང་རང་རིགས་པས་དེ་དགའ་བར་བྱེད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་པདྨ་དང༌། གཏོང་བ་ཏིང་ངེ་འཛིན་ཡེ་ཤེས་ཀྱི་སྙིང་པོ་ལ་སོགས་པ་དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིན་ཆེན་པདྨ་དང༌། དེའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེ་ནས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་རིགས་ཀྱི་བཅོམ་ལྡན་འདས་རིན་ཆེན་པདྨ་དང༌། དེའི་རིགས་རྣམས་སྤྲུལ་ལ་བསྡུ་བ་ལ་སོགས་པའི་ཆོ་ག་བྱས་ཏེ། བཅོམ་ལྡན་འདས་རིན་ཆེན་པདྨ་དང༌། དེའི་རིགས་རྣམས་དང་ལྷན་ཅིག་ཏུ་གྱུར་པར་བསྒོམས་ཤིང༌། པྲི་ཡཾ་ཨ་ནུ་སྨྲྀ་ཏེ་ཙྙཱ་ན་གུ་ཧྱ་སརྦྦ་ཀ་ལཾ་མ་ཎི་ར་ཡ་ཧཱུཾ་ཞེས་བྱ་བ་འདིས་བརྗོད་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་མཚན་ཐོག་ཐག་བསྒོམས་ནས་རིན་ཆེན་པདྨ་ལ་སོགས་པའི་འཇིག་རྟེན་ཀུན་གྱིས་དེ་དགའ་བར་བྱེད་པར་འགྱུར་རོ། །ནམ་མཁའ་ཀུན་གྱི་རྡུལ་དབྱིབས་ཀྱི། །ཞེས་བྱ་བ་ནི་ནམ་མཁའ་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་ཕྱོགས་བཅུའི་ནམ་མཁའ་ཀུན་གྱི་རྗེས་ཀྱི་དངོས་པོའི་རང་བཞིན་ནོ། །དེ་ལ་རྡུལ་ནི་རྣམ་མཁའ་ཀུན་གྱི་རྡུལ་གྱི་ཚོགས་ཏེ། དེའི་དབྱིབས་ཅན་ནི་ནམ་མཁའ་ཀུན་གྱི་རྡུལ་གྱི་དབྱིབས་དང་ལྷན་ཅིག་པའོ། །ནམ་མཁའ་ཐམས་ཅད་རྡུལ་ཕྱ་རབ་ཇི་སྙེད་པའི་ཚོགས་དེ་དང་དེ་ནི་ནམ་མཁའི་སྙིང་པོའི་གཟུགས་བརྙན་དུ་བསམས་ནས། དེ་ནས་དེ་དང་ལྷན་ཅིག་ཏུ་གྱུར་པར་བསྒོམ་པར་བྱའོ། །དེ་ལྟར་གྱུར་བས་ཅི་ཞིག་ཏུ་འགྱུར་ཞེ་ན། ནམ་མཁའི་རྡུལ་ཀུན་གྱི་རྡུལ་གྱི་དབྱིབས་ཀྱི་ཞེས་བྱ་བ་སྨོས་ཏེ། རིན་ཆེན་ཆར་འབེབས་ལ་སོགས་པ་ཐམས་ཅད་གྲུབ་པ་དེའི་སྒྲུབ་པ་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རིན་ཆེན་ཆར་འབེབས་དང༌། དེའི་རིགས་ནོར་བུའི་མཆོད་པ་ལ་སོགས་པ་དེ་ལས་བཤད་པའི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིན་ཆེན་ཆར་འབེབས་
སམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེ་ནས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་སྔགས་ཀྱིས་རིན་ཆེན་ཆར་འབེབས་སམ། དེའི་རིགས་མདུན་དུ་སྤྲུལ་ལ། སྔ་མ་བཞིན་དུ་བསྡུ་བ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིན་ཆེན་ཆར་འབེབས་སམ། དེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། སརྦྦ་གུ་ཧྱ་ཛྙཱ་ན་སརྦྦ་སིདྡྷི་མྨ་པྲ་ཡ་ཙྪ་ཧཱུཾ། ཞེས་བརྗོད་ཅིང༌། བཅོམ་ལྡན་འདས་རིན་ཆེན་ཆར་འབེབས་སམ། དེའི་རིགས་རྣམ་དང་ལྷན་ཅིག་ཏུ་གྱུར་པ་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་བསྒོམས་ལ་ཇི་སྲིད་དུ་ཉིན་རེ་ཞིང་ཐུན་བཞིར་མངོན་སུམ་དུ་མཐོང་བར་གྱུར་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་ཚོགས་དེའི་རང་བཞིན་དུ་རྣམ་པར་བསམས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་ཚོགས་དང་མཉམ་པའི་རིན་ཆེན་ཆར་འབེབས་ཀྱི་དབྱིངས་སམ། དེའི་རིགས་ཀྱི་དབྱིབས་སུ་ལྷན་ཅིག་མཉམ་པར་སྦྱོར་ཞིང༌། ཇི་སྲིད་བདག་ཉིད་དེའི་རང་བཞིན་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་རིན་ཆེན་ཆར་འབེབས་ལ་སོགས་པ་ཐམས་ཅད་གྲུབ་པར་འགྱུར་རོ། །དེ་ལྟར་དངོས་གྲུབ་ཀྱི་བྱེ་བྲག་རྣམ་པ་ཉི་ཤུ་བསྟན་ནས་ད་ནི་དོན་ཐམས་ཅད་གྲུབ་པའི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་རྣམས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ལ། ཆོས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་དཀྱིལ་འཁོར་དང་པོར་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པའི་རྗེས་ཐོགས་ལའོ། །ཕྱག་རྒྱ་ཆེན་པོ་འདི་ཇི་ལྟ་བ་བཞིན་བཅིང་བར་བྱའོ་ཞེས་བྱ་བ་ནི་བྲིས་པ་དང་རྗེས་སུ་མཐུན་པར་འགྱུར་རོ། །ཇི་ལྟར་བྲི་བའི་ཆོ་གར་ཕྱག་རྒྱ་ཆེན་པོའི་མཚན་ཉིད་བཤད་པ་དེ་བཞིན་དུ་འདིར་ཡང་རྣམ་པར་སྣང་མཛད་ནས་བརྩམས་ཏེ། བསྐལ་པ་བཟང་པོའི་བར་དུ་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཀྱང་
དེ་དང་འདྲའོ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ཅི་འདྲ་བའི་ཕྱག་རྒྱ་ཆེན་པོ་བཤད་པ་དེ་འདྲ་བ་འདིར་ཡང་ཡིན་ནོ། །དེ་ནས་རྡོ་རྗེ་ནོར་བུ་བཅིངས་ལ་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཚུལ་དུ་གཞག་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་ཀྱིས་རྒྱབ་བསྐུམས་ནས་མཐེ་བོ་གཉིས་རྡོ་རྗེར་བཅིངས་པ་འདི་ནི་རྡོ་རྗེ་ནོར་བུའི་ཕྱག་རྒྱའོ། །འདི་བཅིངས་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་ཇི་ལྟ་བ་བཞིན་གྱི་གནས་རྣམས་སུ་གཞག་པར་བྱའོ། །དེ་བཞིན་དུ་ནོར་བུའི་མཚན་མ་ལ་སོགས་པ་ནས་ནོར་བུའི་ཁུ་ཚུར་གྱི་མཐར་ཐུག་པའི་དམ་ཚིག་གི་ཕྱག་རྒྱར་ཡང་འགྱུར་རོ། །དེ་ལ་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཚུལ་དུ་ཞེས་བྱ་བ་འདི་ཡིན་ཏེ། སྐྱིལ་མོ་ཀྲུང་འདུག་གན་རྐྱལ་དུ། །གཡས་གཅུས་དེ་བཞིན་སླར་གཅུས་པ། །སྙིང་གར་གནས་པ་བཞི་པ་སྟེ། །ཞེས་བྱ་བ་ནི་ནོར་བུའི་མཚན་མ་ལ་སོགས་པའི་དཀྱིལ་འཁོར་རོ། །དཔྲལ་བར་གཞག་དང་ལྟག་པ་དང༌། །ཕྲག་པར་ཡང་ནི་དགོད་པར་བྱ། །ཁར་གཞག་སྙིང་གར་རལ་གྲི་དང༌། །སྙིང་གར་རྒྱས་དང་ཁ་ནས་དབྱུང༌། །སྤྱི་བོ་ཐོད་པ་ཁར་གཞག་པ། །མཛུབ་མོ་གཉིས་བཀུག་མདུན་དེ་བཞིན། །ཞེས་བྱ་བའོ། །ལྷག་མ་རྣམས་ནི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱ་ཉིད་ཡིན་པར་ཤེས་པར་བྱའོ། །ཧཱུཾ་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ས་ནི་རྡོ་རྗེ་ནོར་བུ་མ་དང༌། ནོར་བུའི་མཚན་མ་དང༌། དོན་ཐམས་ཅད་གྲུབ་པའི་གནས་རྣམས་ཀྱིའོ། །ར་ནི་རིན་ཆེན་རྒྱལ་པོའིའོ། །ཡི་གེ་ར་ནི་ཚེག་དྲག་སྤངས་པ་ནི་རིན་ཆེན་ཆགས་པའིའོ། །ས་ནི་རིན་ཆེན་ལེགས་པའིའོ། །ར་ནི་རིན་ཆེན་སྤྱན་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བའི་དབང་བསྐུར་བ་དང་རྡོ་རྗེ་རིན་ཆེན་མྱུ་གུ་མའིའོ། །ཏེ་ནི་ནོར་བུ་གཟི་བརྗིད་ཀྱིའོ། །ཀེ་ནི་ནོར་བུ་དཔལ་གྱིའོ། །ཧ་ནི་ནོར་བུ་བཞད་པའིའོ། །དཾ་ནི་ནོར་བུ་པདྨ་དང༌། གཏོང་བའི་ཏིང་ངེ་འཛིན་ཡེ་ཤེས་ཀྱི་སྙིང་པོ་དང༌། རྡོ་རྗེ་རིན་ཆེན་པདྨ་རྣམས་ཀྱིའོ། །ཏི་ནི་རིན་ཆེན་མགོན་པོའིའོ། །ཧི་ནི་ནོར་བུ་འཁོར་ལོའིའོ། །བྷ་ནི་ནོར་བུ་གསུང་བའིའོ། །ཀ་ནི་རིན་ཆེན་ཆར་འབེབས་དང༌། ནོར་བུའི་མཆོད་པ་དང༌། རིན་ཆེན་
རྒྱུན་མ་རྣམས་ཀྱིའོ། །ར་ནི་ནོར་བུ་བསྲུང་བའིའོ། །ཡ་ནི་ནོར་བུ་གནོད་སྦྱིན་གྱིའོ། །མ་ནི་ནོར་བུ་ཁུ་ཚུར་གྱི་ཆོས་ཀྱི་ཕྱག་རྒྱའོ། །ལྷག་མ་རྣམས་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་ཉིད་ཡིན་ནོ། །མདོར་ན་ལས་ཀྱི་ཕྱག་རྒྱ་ནི། །གནས་ཇི་བཞིན་པར་གཞག་པར་བྱའོ། །ནོར་བུ་ཆེན་པོའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ནོར་བུའི་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། གཉིས་སུ་བྱས་ནས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་གྱིས་རྣམ་པར་སྣང་མཛད་ནས་བརྩམས་ནས་རིན་ཆེན་ཆར་འབེབས་པའི་མཐར་ཐུག་པའི་ཕྱག་རྒྱ་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དོན་ཐམས་ཅད་གྲུབ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་བསྟན་ནས། ད་ནི་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་དེས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་ནོར་བུ་ཆེན་པོའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ནི། དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། །དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཞེས་བྱ་བའི་རྗེས་ཐོགས་ལའོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དང་པོ་སྦྱོར་བ་ཉིད་ཡིན་ནོ། །ཡང་ཞེས་བྱ་བ་ནི་ནོར་བུ་ཆེན་པོའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལ་ལྟོས་པས་ན་ཡང་ཞེས་བྱ་བ་སྨོས་སོ། །བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་ལས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ནོར་བུ་ཆེན་པོའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ཏེ། དེ་ཉིད་ཀྱི་དམ་ཚིག་དེ་ལས་བྱུང་བ་ནི་རྡོ་རྗེ་སྙིང་པོའི་ཐུགས་ཀའི་རྡོ་རྗེ་རིན་པོ་ཆེ་གང་ལས་བྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །དེས་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་འདི་བསྟན་པ་ནི་རང་རིག་པ་དམ་པ་འདི་གསུངས་ཤིང་བཤད་པའོ། །དོན་ཐམས་ཅད་གྲུབ་པའི་ལས་ཀྱི་དཀྱིལ་འཁོར་དེ་ལས་བྱུང་ཞིང་བསྐྱེད་པའི་ལས་ཀྱི་རྒྱུར་གསུངས་པའོ། །དེ་ལྟར་ཕྱག་ན་རྡོ་རྗེས་དོན་ཐམས་ཅད་གྲུབ་པའི་རིགས་བསྐྱེད་པའི་རྒྱུར་གྱུར་པ་རིག་པ་
དམ་པ་གསུངས་པ་དང༌། དེ་བཞིན་དུ་རྡོ་རྗེ་སྙིང་པོས་རིན་ཆེན་སྤྱན་གྱི་རིགས་བསྐྱེད་པའི་རྒྱུར་གྱུར་པའི་རིག་པ་དམ་པ་འདི་གསུངས་པ་དང༌། རྡོ་རྗེ་ལྟ་བས་རིན་ཆེན་པདྨའི་རིགས་བསྐྱེད་པའི་རྒྱུར་གྱུར་པའི་རིག་པ་དམ་པ་འདི་གསུངས་པ་དང༌། རྡོ་རྗེ་སྣ་ཚོགས་དང་རིན་ཆེན་ཆར་འབེབས་ཀྱི་རིགས་བསྐྱེད་པའི་རྒྱུར་གྱུར་པའི་རིག་པ་དམ་པ་འདི་གསུངས་སོ། །དེ་དག་འཕགས་པ་ནམ་མཁའི་སྙིང་པོས་རང་གི་ཐུགས་ཀ་ན་གནས་པའི་རྡོ་རྗེ་རིན་པོ་ཆེ་ལས་ལས་ཐམས་ཅད་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་སྤྲུལ་ནས་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕུལ་བ་ཡིན་པར་ཤེས་པར་བྱའོ། །དེ་ལ་དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཨོཾ་བི་ཤྭ་ཨ་བྷི་ཥེ་ཀ་ཞེས་བྱ་བའི་གཞུང་འདི་ཙམ་གྱིས་ནོར་བུ་ཆེན་པོའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་ཏོ། །དེ་ནས་སྔ་མ་བཞིན་དུ་བསྡུ་བ་དང་བྱིན་གྱིས་བརླབ་པ་ནི་ནོར་བུ་ཆེན་པོའི་རིགས་ཀྱི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ གསུམ་པ ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ནས་རབ་ཏུ་བཤད་བྱ་བ། །ཞེས་བྱ་བ་ནི་སྔོན་དུ་བསྙེན་པའི་རྗེས་ཐོགས་ལ་ལས་ཀྱི་དཀྱིལ་འཁོར་གྱིས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་ལས་ཀྱི་དཀྱིལ་འཁོར་དམ་པའོ། །ནོར་བུ་ཆེན་པོའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་དམ་པ་ནི་གཙོ་བོའོ། །རྡོ་རྗེ་དབྱིངས་ནི་འདིར་སྤྲུལ་པའི་ལས་ཀྱི་དཀྱིལ་འཁོར་དང་མཚུངས་པས་ན། རྡོ་རྗེ་དབྱིངས་དང་འདྲ་བའོ། །རིན་ཆེན་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས་རིན་ཆེན་འབེབས་བའི་མཐར་ཐུག་པ་ནི་རིན་པོ་ཆེའི་རིགས་སོ། །དགོས་པ་ནི་རིན་པོ་ཆེའི་དགོས་པའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པའི་ལས་ནི་སངས་རྒྱས་མཆོད་པའི་ལས་དང་དེ་བཤད་པའི་གྲགས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ་ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་འཆད་པར་འགྱུར་བའི་ཕྱག་རྒྱས་བཏབ་ལ་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་རིགས་ཀྱི་སྙིང་པོ་ལྔས་རང་གི་སྙིང་གར་སྤྲུལ་
ལ་འཆད་པར་འགྱུར་བའི་རིགས་པས་གོ་རིམས་བཞིན་དུ་གཞག་སྟེ། ལས་ཀྱི་དཀྱིལ་འཁོར་གྱི་ཇི་ལྟ་བའི་རིག་པ་རེ་རེ་ཞིང་ཡང་ཁྲི་བཟླས་པར་བྱའོ། །དེ་ལྟར་བྱས་ནས་ཕྱིས་ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཏིང་ངེ་འཛིན་གསུམ་ཞག་བདུན་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་འདི་བྲི་བར་བྱའོ། །ཇི་ལྟར་སྲད་བུ་བྲི་བར་བྱ་ཞེ་ན། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་སྨོས་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་དབྱིབས་ཀྱི་ཚུལ་གྱིས་འདིའི་ཕྱི་དང་ནང་གི་ཐིག་གདབ་པར་བྱའོ། །དེ་ཡི་དབུས་སུ་ཚུལ་བཞིན་དུ། །ཞེས་བྱ་བ་ནི་དེ་བྲིས་པའི་རྗེས་ཐོགས་ཉིད་ལ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ལས་བཤད་པ་བྲི་བའི་ཆོ་གས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བྲིས་ལ་གཞག་པར་བྱའོ། །སེམས་དཔའ་ཆེན་པོའི་ཚུལ་གྱིས་ནི། །རིན་ཆེན་མཆོད་པ་རྣམས་བྲིའོ། །ཞེས་བྱ་བ་ནི་ནོར་བུའི་མཚན་མ་ལ་སོགས་པ་ནས་ནོར་བུ་འབེབས་པ་ལ་མཐར་ཐུག་པའི་ནོར་བུའི་སེམས་དཔའ་རྣམས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་བཞིན་དུ་བྲི་བར་བྱའོ། །དེ་ལྟར་ནོར་བུའི་མཚན་མ་འཛིན་པ་ལ་སོགས་པ་ནས་ནོར་བུ་འབེབས་པའི་མཐར་ཐུག་པ་དེ་དག་རིག་པ་རྣམས་ཀྱིས་བྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། ཨོཾ་བཛྲ་རཏྣ་པཱུ་ཛ་ཨ་གྷྲ་ཞེས་བྱ་བའི་རིག་པ་འདིས་རྣམ་པར་སྣང་མཛད་རང་གི་གནས་སུ་གཞག་པར་བྱའོ། །ཨོཾ་མ་ཎི་ས་མ་ཡ་ཧཱུཾ། ཞེས་བྱ་བ་ནི་རྡོ་རྗེ་ནོར་བུ་ཆེན་མོའི་ཕྱག་རྒྱའོ། །ཨོཾ་མ་ཎི་རཏྣ་ཨ་བྷི་ཥེ་ཀ་མཱ་ལ་ཧཱུཾ། ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་མྱུ་གུ་མའིའོ། །ཨོཾ་མ་ཎི་རཏྣ་པདྨེ་ཧཱུཾ། ཞེས་བྱ་བ་ནི་ནོར་བུ་རིན་ཆེན་པདྨའིའོ། །ཨོཾ་མ་ཎི་པྲ་བེ་ཤ་ས་མ་ཡ་ཧཱུཾ། ཞེས་བྱ་བ་ནི་ནོར་བུ་རིན་ཆེན་ཆར་འབེབས་མའིའོ། །ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་ཀཱ་ར་ཨ་བྷི་ཥེ་ཀ་ཧཱུཾ། ཞེས་བྱ་བ་ནི་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའིའོ། །ཨོཾ་བཛྲ་མ་ཎི་དྷ་ར་ནི་ས་མ་ཡེ་ཧཱུཾ། ཞེས་བྱ་བ་ནི་ནོར་བུ་མཚན་མའི་རྡོ་རྗེ་ནོར་བུ་གཟུགས་ཀྱི་མཚན་མའི་རིག་པའོ། །ཨོཾ་མ་ཎི་རཏྣ་ཨཱ་ཀཪྵ་ས་མ་ཡ་ཧཱུཾ། ཞེས་བྱ་བ་ནི་རིན་ཆེན་རྒྱལ་པོའི་ནོར་བུའི་རིན་ཆེན་འགུགས་མའིའོ། །ཨོཾ་མ་ཎི་རཏྣ་རཱ་ག་ར་ཏི་ཀརྨ་པཱུ་ཛ་པྲ་མ་ཏ་ཡ་ཧཱུཾ། ཞེས་བྱ་བ་ནི་ནོར་བུ་ཆགས་པའི་ནོར་བུ་
རིན་ཆེན་ཆགས་ཤིང་དགའ་མའིའོ། །ཨོཾ་མ་ཎི་རཏྣ་སཱ་དྷུ་ཀ་ར་པཱུ་ཛ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་ནི་ནོར་བུ་ལེགས་པའི་ནོར་བུ་རིན་ཆེན་ལེགས་པར་བྱེད་མའིའོ། །ཨོཾ་མ་ཧཱ་མ་ཎི་རཏྣ་དྲྀཥྚ་ཨཱ་ཀ་ཪྵ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རིན་ཆེན་ལྟ་བ་མའིའོ། །ཨོཾ་མ་ཎི་རཏྣ་མཱ་ལ་པཱུ་ཛེ། ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྲེང་བའི་དབང་བསྐུར་བའི་ནོར་བུ་རིན་ཆེན་ཕྲེང་བ་མའིའོ། །ཨོཾ་མ་ཎི་རཏྣ་སཱུ་ཪྻ་ཨཱ་ལོ་ཀ་པཱུ་ཛ། ཞེས་བྱ་བ་ནི་ནོར་བུ་རིན་ཆེན་ཉི་མ་སྣང་བ་མའིའོ། །ཨོཾ་མ་ཎི་རཏྣ་དྷྭ་ཛ་པཱུ་ཛེ། ཞེས་བྱ་བ་ནི་ནོར་བུ་དཔལ་གྱི་ནོར་བུ་རིན་ཆེན་རྒྱལ་མཚན་དཔལ་གྱིའོ། །ཨོཾ་མ་ཎི་ཨ་ཏྱ་ཧཱ་སྱ་པཱུ་ཛེ། ཞེས་བྱ་བ་ནི་ནོར་བུ་རིན་ཆེན་བཞད་པ་མའིའོ། །ཨོཾ་པདྨ་མ་ཎི་ས་མ་དྷི་ས་མ་ཡེ་ཧཱུཾ། ཞེས་བྱ་བ་ནི་བཅོམ་ལྡན་འདས་རིན་ཆེན་པདྨའིའོ། །ཨོཾ་སརྦྦ་ཏེ་ཀ་ཨ་ནུ་སྨྲྀ་ཏེ་སཱ་མ་དྷི་ཀརྨ་གི་རི་ཧཱུཾ། ཞེས་བྱ་བ་ནི་གཏོང་བ་ཏིང་ངེ་འཛིན་ཡེ་ཤེས་ཀྱི་སྙིང་པོ་གཏོང་བ་ཐམས་ཅད་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་སྤྱོད་པའིའོ། །ཨོཾ་མ་ནི་རཏྣ་ཏཱིཀྵ་ཎ་ས་མ་ཡེ་ཙྪིནྡ་ཙྪིནྡ་ཧཱུཾ། ཞེས་བྱ་བ་ནི་རིན་ཆེན་རྣོན་པོའིའོ། །ཨོཾ་མ་ཎི་རཏྣ་ཙཀྲ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་ནི་ནོར་བུ་འཁོར་ལོའི་ནོར་བུ་རིན་ཆེན་འཁོར་ལོའི་དམ་ཚིག་གིའོ། །ཨོཾ་མ་ཎི་རཏྣ་བྷ་ཥ་བ་དྷ་བ་དྷ་ཧཱུཾ། ཞེས་བྱ་བ་ནི་ནོར་བུ་གསུང་བའི་ནོར་བུ་རིན་ཆེན་གསུང་བ་མའིའོ། །ཨོཾ་མ་ཎི་རཏྣ་ཝཪྵ་ནི་ཧཱུཾ། ཞེས་བྱ་བ་ནི་བཅོམ་ལྡན་འདས་རིན་ཆེན་ཆར་འབེབས་ཀྱིའོ། །ཨོཾ་མ་ཎི་རཏྣ་ཀརྨྨ་ནི་ཧཱུཾ། ཞེས་བྱ་བ་ནི་ནོར་བུ་མཆོད་པའི་ནོར་བུ་རིན་ཆེན་ལས་མའིའོ། །ཨོཾ་མ་ཎི་རཏྣ་ཀ་བ་ཙོ་རཀྵ་ཧཾ། ཞེས་བྱ་བ་ནི་ནོར་བུ་བསྲུང་བའི་ཆོ་ག་མའིའོ། །ཨོཾ་མ་ཎི་རཏྣ་དཾཥྚྲཱ་ཁ་ད་ཁ་ད་ཧཱུཾ། ཞེས་བྱ་བ་ནི་ནོར་བུ་གནོད་སྦྱིན་གྱི་ནོར་བུ་མཆེ་བའི་ལྷ་མོའིའོ། །ཨོཾ་མ་ཎི་རཏྣ་ཀརྨྨ་མུཥྚཱི་ཧཱུཾ། ཞེས་བྱ་བ་ནི་ནོར་བུ་ཁུ་ཚུར་གྱི་ནོར་བུ་རིན་ཆེན་ལས་ཀྱི་ཁུ་ཚུར་གྱི་ལྷ་མོ་སྟེ། རིག་པ་རྣམས་ཀྱིས་རང་རང་གི་གནས་སུ་བྲི་བར་བྱའོ། །དེ་བཞིན་དུ། ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཨ། ཞེས་བྱ་བའི་བར་དུ་ནོར་བུ་རིན་ཆེན་འབེབས་པ་མའི་ལྷ་མོ་རྣམས་ཀྱི་སྐུ་མདོག་དང༌། དབྱིབས་དང༌། ཕྱག་མཚན་རྣམས་རིག་པས་བྲི་བར་བྱའོ། །བྱམས་པ་ལ་སོགས་པའི་ལྷ་མོ་རྣམས་བྲི་བའི་རིག་པ་ནི་སྔར་བཤད་པའི་རང་གི་རིག་པ་ཉིད་ཡིན་ནོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་
འདིར། །ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ཏེ་ཇི་ལྟ་བ་བཞིན་དུ་རིན་པོ་ཆོས་མཚན་པའི་སྣ་ཚོགས་རྡོ་རྗེ་དང་དེའི་བརྟུལ་ཞུགས་བླངས་ལ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་ག་ཉིད་ཀྱིས་དཀྱིལ་འཁོར་དུ་སློབ་དཔོན་འཇུག་པར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རང་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། སརྦྦ་ཨརྠ་སིདྡྷི་རཏྣ་ཨ་ཧཾ། ཞེས་བྱ་བ་ལ་སོགས་པའི་མིང་གང་ཡང་རུང་བ་ནས་བརྗོད་ནས་དཀྱིལ་འཁོར་ཐམས་ཅད་སྔ་མ་བཞིན་རྡོ་རྗེས་བསྒྲུབས་ཏེ། དེ་ནས་བསྡུ་བ་ལ་སོགས་པ་བྱས་ལ་མཆོད་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་གྱི་ལྷ་ལ་ཡང་དག་པར་མཆོད་དེ། སློབ་མ་འཇུག་པའི་ཆོ་གས་གནང་བ་ནོད་པའི་རྗེས་ཐོགས་ཉིད་ལ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རིན་པོ་ཆེའི་སློབ་མ་འཇུག་པ་བཞིན་དུ་ལས་ཀྱི་དཀྱིལ་འཁོར་འདིར་ཡང་འཇུག་པར་བྱའོ། །འདིས་ནི་ལས་ཀྱི་དཀྱིལ་འཁོར་འདིར་ཆོ་ག་ཇི་ལྟ་བ་བཞིན་དུ་རྒྱས་པར་བྱས་ནས་ཞེས་བྱ་བའི་དོན་འདི་བསྟན་པ་ཡིན་ནོ། །བཅུག་སྟེ་འདི་སྐད་དུ་བསྒོ་བར་བྱའོ་ཞེས་བྱ་བ་ནི་གོ་སླའོ། །དེ་ནས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་ཆུ་དང༌། ཕྱག་རྒྱ་དང༌། ཅོད་པན་གྱི་དབང་བསྐུར་བ་བྱིན་ནས་ནོར་བུས་མཚན་པའི་སྣ་ཚོགས་རྡོ་རྗེ་དང༌། ནོར་བུས་མཚན་པའི་སྣ་ཚོགས་རྡོ་རྗེའི་དྲིལ་བུ་ཇི་ལྟ་བ་བཞིན་དུ་བྱས་ནས་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་སློབ་མ་ལ་སྦྱིན་པར་བྱའོ། །དེ་ལྟར་སློབ་དཔོན་གྱི་ལས་དང་སློབ་མ་འཇུག་པ་ཆོ་ག་རྒྱས་པར་བརྗོད་ནས། ད་ནི་ནོར་བུ་ཆེན་པོའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་ལ་སློབ་དཔོན་གྱིས་ནོར་བུའི་རིགས་ཀྱི་ལས་ཀྱི་ཡེ་ཤེས་བཤད་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། ལས་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་ཡེ་ཤེས་ནི། ནོར་བུའི་ལས་ཀྱི་ཡེ་ཤེས་ཏེ། ཐམས་ཅད་དབང་དུ་བྱེད་པ་
ལ་སོགས་པར་ངེས་པ་དེ་བསླབ་པའོ། །རྡོ་རྗེ་སྙིང་པོ་ཕྱག་རྒྱ་ཆེར། །བསྒོམས་ནས་ཀྱང་ནི་རབ་མཉམ་གཞག །མཆོད་པ་ཀུན་གྱིས་མཆོད་ནས་ནི། །སངས་རྒྱས་ཐམས་ཅད་དབང་དུ་འགྱུར། །ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པ་དེའམ། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། གཡེང་བ་མེད་པའི་སེམས་ཀྱིས་དེ་བསྒོམ་ཞིང༌། ཨོཾ་རཏྣ་པཱུ་ཛ་བ་ཤི་ཀུ་རུ་ཞེས་བརྗོད་པས་རང་གི་སྙིང་གར་རྡོ་རྗེ་རིན་པོ་ཆེ་ནོར་བུ་གཟུངས་ཀྱི་དམ་ཚིག་གི་ལྷ་མོའི་ཚོགས་སྤྲུལ་ལ། སྙིང་པོ་འདི་ཉིད་བརྗོད་ལ། ཇི་སྲིད་དུ་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྷ་མོའི་ཚོགས་ཀྱིས་མཆོད་པ་ཐམས་ཅད་ཀྱིས་མཆོད་པ་དེ་སྲིད་དུ། དོན་ཐམས་ཅད་གྲུབ་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དེའི་དབང་དུ་འགྱུར་རོ། །ཏིང་ངེ་འཛིན་གྱི་དམ་ཚིག་མཆོག །ཕྱག་རྒྱ་གང་ཡང་དམ་བཅིངས་ལ། །སངས་རྒྱས་ཐམས་ཅད་མཆོད་ན་ནི། །དབང་བསྐུར་དམ་པ་དེ་དག་ཐོབ། །ཅེས་བྱ་བ་ནི་སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་ལྟ་བ་དང༌། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིན་ཆེན་ལྟ་བ་དང༌། དེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རྣམ་པར་གཡེང་བ་མེད་པའི་སེམས་ཀྱིས་རིན་ཆེན་ལྟ་བ་དང༌། དེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིང་ཞིང༌། ཨོཾ་རཏྣ་པཱུ་ཛ་ས་མ་ཡ། ཨ་བྷི་ཥིཉྩ་ཞེས་བརྗོད་པས་ནོར་བུ་ཆེན་མོ་དང༌། རིན་ཆེན་ལྟ་བ་འདྲེན་པ་ལ་སོགས་པའི་ལྷ་མོའི་ཚོགས་རང་གི་དཔྲལ་བར་སྤྲུལ་ལ། རིན་ཆེན་ལྟ་བ་ལ་སོགས་པ་རྣམས་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཇི་སྲིད་དུ་མཆོད་པ་དེའི་ཚེ་རིན་ཆེན་ལྟ་བ་ལ་སོགས་པ་དེའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཐོབ་པར་འགྱུར་རོ། །རྡོ་རྗེ་སྙིང་པོའི་ཏིང་འཛིན་དུ། །མཉམ་པར་གཞག་པ་བསྒོམས་ནས་ནི། །སངས་རྒྱས་ཐམས་ཅད་རབ་མཆོད་ན། །འགྲོ་བའི་དམ་པ་འཇིག་པར་འགྱུར། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་རིན་
ཆེན་པདྨ་དང༌། དེའི་རིགས་ཀྱི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དེའི་རིགས་ཀྱི་ལས་ཀྱི་ཆོས་ཀྱི་ཕྱག་རྒྱ་བཅིངས་ནས། ཨོཾ་རཏྣ་པཱུ་ཛ་དྷརྨྨཱ་ན་ཤ་ཡཾ། ཞེས་བརྗོད་ཅིང་བདག་ཉིད་གཡེང་བ་མེད་པའི་ཡིད་ཀྱིས་རིན་ཆེན་པདྨའམ། དེའི་རིགས་བསྒོམས་ལ་རང་གི་སྙིང་གར་པདྨ་ནོར་བུའི་ཏིང་ངེ་འཛིན་གྱི་དམ་ཚིག་ལ་སོགས་པ་ལྷ་ཚོགས་སྤྲུལ་ཏེ། རིན་ཆེན་པདྨ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་ལ། དེ་ནས་ཕྱིས་ཇི་སྲིད་དུ་རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །འགྲོ་བ་དམ་པ་འཇིག་པར་འགྱུར་བ་ལ་དམིགས་པའི་ཏིང་ངེ་འཛིན་ཡང་ཐོབ་པར་འགྱུར་རོ། །རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །ལས་ཀྱི་ཕྱག་རྒྱ་བཅིངས་ནས་ནི། །སངས་རྒྱས་ཐམས་ཅད་མཆོད་གྱུར་ན། །སྐད་ཅིག་ཏུ་ནི་དོན་ཀུན་ཐོབ། །ཅེས་བྱ་བ་ནི་སྔ་མ་བཞིན་རིན་ཆེན་ཆར་འབེབས་དང༌། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དེའམ། དེའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཨོཾ་རཏྣ་པཱུ་ཛ་ཀརྨྨ་སརྦྦ་ཨརྠ་ན་མེ་དྷ་དེ། ཞེས་བརྗོད་ཅིང་འདིར་རིན་ཆེན་ཆར་འབེབས་ས་མ་དེའི་རིགས་སུ་བདག་ཉིད་ངེས་པར་བྱས་ཏེ། རང་གི་སྙིང་གར་ནོར་བུ་རིན་ཆེན་ཆར་འབེབས་ལ་སོགས་པ་ལྷ་མོའི་ཚོགས་སྤྲུལ་ལ་རིན་ཆེན་ཆར་འབེབས་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཇི་སྲིད་དུ་མཆོད་པ་དེའི་ཚེ་རིན་ཆེན་ཆར་འབེབས་ལ་སོགས་པས་སྐད་ཅིག་ཏུ་དོན་ཀུན་ཐོབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ཉིད་ལ་བརྗོད་པའོ། །རང་གི་ལྷའི་རྣལ་འབྱོར་གྱིས་དབང་པོ་གཉིས་སྙོམས་པར་འཇུག་པ་བསྒོམ་པའི་ཕྱག་རྒྱ་ནི། གསང་བའི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ལས་དེར་ངེས་པའི་ཡེ་ཤེས་སུ་འགྱུར་བའོ། །རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །དབང་པོ་གཉིས་ནི་མཉམ་སྦྱར་ནས། །སངས་རྒྱས་ཐམས་ཅད་མཆོད་ན་ནི། །འཇིག་རྟེན་ཐམས་ཅད་དེས་མ་གུར་འགྱུར། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་འདོད་པའི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་རིག་པ་བརྗོད་ཅིང་བདག་ཉིད་རང་
གི་ལྷའི་གཟུགས་སུ་བསྒོམས་ཏེ། རང་གི་རིག་པའི་ལྷ་མོ་མདུན་དུ་སྤྲུལ་ལ། བསྡུ་བ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་དེ། དེ་དང་ལྷན་ཅིག་པའི་སྦྱོར་བས་ཉིན་རེ་ཞིང་ཐུན་བཞིར་ཇི་སྲིད་མངོན་སུམ་ལྟ་བུར་མ་ཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཟླ་བ་གཅིག་བསྒོམས་ལ། མཐར་མཚན་ཐོག་ཐག་བསྒོམས་ན་འཇིག་རྟེན་པ་ཐམས་ཅད་རིན་པོ་ཆེའི་རིགས་ཐམས་ཅད་ཀྱི་རང་བཞིན་དུ་བསྒྲུབས་ནས་རྣལ་འབྱོར་པས་མགུ་བར་བྱས་ན་དབང་དུ་བྱེད་པར་འགྱུར་རོ། །དེ་ནས་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་ལྷ་མོའི་དེའི་སྐུ་དང་མཉམ་པར་སྦྱར་བར་བྱས་ལ་འཇུག་པར་བྱའོ། །དེའི་རྗེས་ལ་དེ་དོན་ཐམས་ཅད་གྲུབ་པ་དང་འདྲ་བར་འགྱུར་རོ། །དེ་ལྟ་བུའི་གསང་བའི་དམ་ཚིག་གི་ལས་ཀྱི་ཡེ་ཤེས་བསྟན་ནས། ད་ནི་ནོར་བུ་ཆེན་པོའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་རྣམས་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། དཀྱིལ་འཁོར་ལ་སོགས་པའི་ལྷ་རྣམས་སྤྱན་དྲངས་ནས། བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་དམ་པར་འགྱུར་རོ་ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་ལས་ཀྱི་དཀྱིལ་འཁོར་དུ་ཕྱག་མཚན་དང་བཅས་པའི་ལག་པ་གཉིས་ཀྱིས་སྙིང་ག་ལ་སོགས་པའམ། གཞན་དུ་ཕྱག་རྒྱ་ཆེན་པོར་བསྒོམས་པར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་སྩོལ་བ་དེ་བཞིན་དུ། འདིར་ཡང་ནོར་བུའི་མཚན་མ་ལ་སོགས་པ་སྟེར་བར་འགྱུར་རོ་ཞེས་བྱ་བ་དེའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་དེའི་དངོས་གྲུབ་དམ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི་འདི་ཡིན་ཏེ། རང་གི་མཚན་མ་དང་བཅས་པའི་ལག་པ་གཉིས་ཀྱིས། སྙིང་ག་རྩིབ་ལོགས་རྒྱབ་སྦྱར་བ། །དཔྲལ་བ་ལ་སོགས་དེ་བཞིན་དུ། །ཁ་དང་རྣ་བ་མགོ་ལྟག་པ། །སྤྱི་བོར་ཕྲག་པ་ཁ་རྐེད་གཞག །ཅེས་བྱ་བ་འདི་ནི་
ནོར་བུའི་གཟུགས་མའི་དམ་ཚིག་གི་ལྷ་མོ་ནས་བརྩམས་ཏེ། ནོར་བུ་ཁུ་ཚུར་གྱི་མཐར་ཐུག་པའི་ཕྱག་རྒྱ་ཆེན་པོར་འགྱུར་རོ། །ལྷག་མ་ནི་དོན་ཐམས་ཅད་གྲུབ་པའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་ཡིན་པར་ཤེས་པར་བྱའོ། །ད་ནི་དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་པའི་རྗེས་ཐོགས་ཉིད་ལ་དམ་ཚིག་གི་ཕྱག་རྒྱ་ཡེ་ཤེས་བཅིང་བ་བསླབ་ཅིང་བསྟན་པའོ། །རྡོ་རྗེ་རིན་ཆེན་བཅིངས་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལས་གསུངས་པའི་འཕགས་པ་ནམ་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཐམས་ཅད་ཀྱི་གནས་ཀུན་དུ་འདི་རྣམས་གཞག་པར་བྱའོ། །ཇི་ལྟར་གཞག་པར་བྱ་ཞེ་ན། རྡོ་རྗེ་དགེས་པའི་ཚུལ་དུ་ནི། །ལྟག་འོག་གོ་རིམས་ཇི་བཞིན་དུ། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཚུལ་གྱིས་རྡོ་རྗེ་དགེས་མཆོག་གི་སྦྱོར་བ་དེས། སྙིང་གའི་རྩིབ་ལོགས་རྒྱབ་སྦྱོར་བ། །དཔྲལ་བ་ལ་སོགས་དེ་བཞིན་དུ། །ཁ་དང་རྣ་བ་མགོ་ལྟག་པ། །སྤྱི་བོ་ཕྲག་པ་ཁ་རྐེད་གཞག །ཅེས་བྱ་བ་འདི་ནི། །ཅེས་བྱ་བ་འདི་ནི། །ལྟག་འོག་གོ་རིམས་ཇི་བཞིན་བྱ། །ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །ལྷག་མ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་དོན་ཐམས་ཅད་གྲུབ་པའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ནས་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་ནི་གོ་སླའོ། །ཏྭ་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པ་དང༌། ནོར་བུའི་མཚན་མ་དང༌། རྡོ་རྗེ་ནོར་བུ་མའི་གནས་ཀྱི་ལྷ་མོ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །ཛ་ཞེས་བྱ་བ་ནི་རིན་ཆེན་རྒྱལ་པོའི་ལྷ་མོའིའོ། དྷུ་ཞེས་བྱ་བ་ནི་རིན་ཆེན་ལེགས་པའི་ལྷ་མོའིའོ། །ཏྣ་ཞེས་བྱ་བ་ནི་རིན་ཆེན་ལྟ་བའམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྲེང་བའི་དབང་བསྐུར་དང༌། རིན་ཆེན་མྱུ་གུའི་གནས་རྣམས་ཀྱི་ལྷ་མོའིའོ། །ཛ་ཞེས་བྱ་བ་ནི་ནོར་བུ་ཉི་མའི་ལྷ་མོའིའོ། །ཏུ་ཞེས་བྱ་བ་ནི་རྣོར་བུ་དཔལ་གྱི་ལྷ་མོའིའོ། །ས་ཞེས་བྱ་བ་ནི་རིན་ཆེན་བཤད་པའི་ལྷ་མོའིའོ། །ཏྨ་ཞེས་བྱ་བ་ནི་རིན་ཆེན་པདྨ་གཏོང་བའི་ཏིང་ངེ་འཛིན་ཡེ་ཤེས་ཀྱི་སྙིང་པོ་དང༌། རིན་ཆེན་པདྨའི་གནས་རྣམས་ཀྱི་ལྷ་མོའིའོ། །ཀྵྞ་ཞེས་བྱ་བ་ནི་རིན་ཆེན་རྣོན་པོའི་ལྷ་མོའིའོ། །ཏུ་ཞེས་བྱ་བ་ནི་ནོར་བུའི་འཁོར་ལོའིའོ། །ཥ་ཞེས་བྱ་བ་ནི་རིན་ཆེན་གསུང་བའིའོ། །རྨ་ཞེས་བྱ་བ་ནི་རིན་ཆེན་ཆར་འབེབས་དང༌། ནོར་བུ་མཆོད་པ་
དང། རིན་ཆེན་ཆར་རྒྱུན་མའི་གནས་རྣམས་ཀྱི་ལྷ་མོའིའོ། །ཀྵ་ཞེས་བྱ་བ་ནི་ནོར་བུ་བསྲུང་བའི་ལྷ་མོའིའོ། །ཀྲི་ཞེས་བྱ་བ་ནི་ནོར་བུ་གནོད་སྦྱིན་གྱི་ལྷ་མོའིའོ། །དྷི་ཞེས་བྱ་བ་ནི་ནོར་བུ་ཁུ་ཚུར་གྱི་ལྷ་མོའིའོ། །ལྷག་མ་ནི་དོན་ཐམས་ཅད་གྲུབ་པའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པ་ཉིད་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་རིན་ཆེན་གཉིས་བྱས་ལ། །ལས་ཀྱི་ཕྱག་རྒྱ་དེ་བསྒྲུབ་པོ། །ཞེས་བྱ་བ་ནི་ནོར་བུ་ཁུ་ཚུར་གྱི་གནས་སུ་བཞད་པའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་གཉིས་སུ་བྱས་ན་རྣམ་པར་སྣང་མཛད་ལ་སོགས་པ་ནས་རིན་ཆེན་འབེབས་པའི་མཐར་ཐུག་པའི་ལས་ཀྱི་ཕྱག་རྒྱ་སྟེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་གྱིས་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དོན་ཐམས་ཅད་གྲུབ་པའི་ལས་ཀྱི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་ནོར་བུ་ཆེན་པོའི་རིགས་ཀྱིས་འདུལ་བའི་ཕྱག་རྒྱ་ཆེན་པོ་ལ་དགའ་བའི་སེམས་ཅན་གྱི་ཁམས་ལས་བརྩམས་ནས་ནི། ནོར་བུ་ཆེན་པོའི་རིགས་ཀྱི་དཀྱིལ་འཁོར་རྣམ་བཞིས་ཕྱག་རྒྱ་ཆེན་པོ་བསྟན་ནས། ད་ནི་རྒྱ་ཆེ་བས་སྐྲག་པ་བར་མ་ལ་དགའ་བའི་སེམས་ཅན་གྱི་ཁམས་ལ་བརྩམས་ནས་ནོར་བུ་ཆེན་པོའི་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་རང་གི་རིགས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་བསྡུ་བར་གྱུར་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོར་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཉིད་ཡིན་ནོ། །བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་དོ། །དོན་ཐམས་ཅད་གྲུབ་པའི་ཐུགས་ཀའི་ཟླ་བ་ལ་གནས་པའི་རྡོ་རྗེ་རིན་པོ་ཆེའི་རིན་ཆེན་ཕྱག་རྒྱ་དེ་ལ་དམིགས་པའོ། །ཏིང་ངེ་འཛིན་རིན་ཆེན་ཕྱག་རྒྱ་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་སོ། །འདི་ཞེས་བྱ་བ་ནི་བློ་ལ་གནས་པའོ། །རིག་པ་དམ་པ་འདི་གསུངས་པ་ནི་བཤད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནོར་བུ་ཆེན་པོའི་རིགས་ཀྱི་གཟུགས་ཅན་རང་གི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་སྦྲུལ་
པའི་ཕྱིར་དོན་ཐམས་ཅད་གྲུབ་པའི་ཐུགས་ཀུན་གནས་པའི་རྡོ་རྗེ་རིན་པོ་ཆེའི་རྣམ་པ་ཐུགས་རྩེ་གཅིག་ཏུ་མཛད་ནས་རིག་པ་དམ་པ་འདི་གསུངས་པས་འཕགས་པ་ནམ་མཁའི་སྙིང་པོ་ལ་བསྐུལ་བ་དང༌། དེ་ནས་འཕགས་པ་ནམ་མཁའི་སྙིང་པོས་རང་གི་ཐུགས་ག་ན་ཀ་ནས་པའི་རྡོ་རྗེ་རིན་པོ་ཆེ་ལས་དཀྱིལ་འཁོར་སྦྲུལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྔ་མ་བཞིན་དུ་ཕུལ་ལོ་ཞེས་བྱའོ། །དེ་ལྟར་རེ་ཞིག་རྣམ་པར་སྣང་མཛད་ཀྱི་ནོར་བུའི་གཟུགས་ཅན་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེས་རང་གི་ཕྱག་རྒྱ་འདི་གསུངས་པས་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་འགྱུར་རོ། །དེ་ནས་རྡོ་རྗེ་སྙིང་པོས་རང་གི་ཕྱག་རྒྱ་འདི་གསུངས་པས་རིན་ཆེན་ལྟ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་འགྱུར་རོ། །དེ་ནས་རྡོ་རྗེ་སྤྱན་གྱིས་རང་གི་ཕྱག་རྒྱ་འདི་གསུངས་པས་རིན་ཆེན་པདྨའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་འགྱུར་རོ།། རྡོ་རྗེ་སྣ་ཚོགས་ཀྱིས་རང་གི་ཕྱག་རྒྱ་འདི་གསུངས་པས་རང་གི་སྙིང་གར་གནས་པའི་རྡོ་རྗེ་རིན་པོ་ཆེ་ལས་རིན་ཆེན་ཆར་འབེབས་ཀྱི་ཕྱག་རྒྱ་བཞི་པ་སྤྲུལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་སྔ་མ་བཞིན་དུ་ཕུལ་བ་ཡིན་ནོ་ཞེས་བྱ་བའི་གཞུང་འདི་ཙམ་གྱིས་ནི་ནོར་བུ་ཆེན་པོའི་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལྔ་པོ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ལ་སོགས་པ་ནི་སྔ་མ་བཞིན་དུ་ལས་ཀྱི་ཕྱག་རྒྱ་ཆེན་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལྔ་པོ་གསུངས་པ་ཡིན་ནོ། །དོན་ཐམས་ཅད་གྲུབ་པའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་རྣམས་ནི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་རྣམས་ཀྱིས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའི་བརྗོད་པ་སྟེ། སྔོན་དུ་བསྙེན་པའི་རྗེས་ཐོགས་ལའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ཏེ། དེ་ནས་ཕྱག་རྒྱ་བཞི་པའི་
ཏིང་ངེ་འཛིན་རྣམ་ པ་གསུམ ་ནས་བརྩམས་ཏེ་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཟླ་བ་གཅིག་གམ་ཟླ་བ་དྲུག་གམ་ལོ་གཅིག་གི་བར་དུ་ཇི་སྲིད་མངོན་སུམ་ལྟ་བུར་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །རྗེས་སུ་གནང་བ་ཐོབ་ནས་རང་གི་དཀྱིལ་འཁོར་བྲིའོ་ཞེས་གསུངས་པས་ན་དེ་ནས་དེའི་རྗེས་ཐོགས་ལ་དཀྱིལ་འཁོར་འདི་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་གཏན་ཚིགས་སྟོན་པ་སྟེ། གང་གི་ཕྱིར་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་འཇུག་པ་མེད་ན་བར་མ་ལ་དགའ་བའི་སེམས་ཅན་གྱི་དོན་རྫོགས་པར་མི་འགྱུར་བ་དེའི་ཕྱིར་རབ་ཏུ་བཤད་པར་བྱའོ། །ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་རོ། །དམ་པ་ནི་གཙོ་བོར་གྱུར་པ་སྟེ། དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཏུ་གྱུར་པ་ན་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ལས་དམ་པར་གྱུར་པའི་ཕྱིར། ཕྱག་རྒྱ་བཞི་ཡི་ཚུལ་དུ་ན། །དཀྱིལ་འཁོར་ཡོངས་སུ་བརྟག་པར་བྱ། །ཞེས་བྱའོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་བཞིན་དུ་ཕྱི་དང་ནང་གི་དཀྱིལ་འཁོར་བྲིས་ནས། དཀྱིལ་འཁོར་གྱི་ལྟེ་བའི་དབུས་སུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་གདན་དང༌། སྐུ་མདོག་དང༌། དབྱིབས་ལ་སོགས་པ་དང་ལྡན་པའི་རྣམ་པར་སྣང་མཛད་བྲི་བར་བྱའོ། །ཨོཾ་བཛྲ་རཏྣ་ནེ་ཏྲེ་ཞེས་བྱ་བ་འདིའི་རིག་པ་འདིའམ། ཨོཾ་པུ་ཧེ་རཏྣ་ཧཱུཾ་ཞེས་བྱ་བའོ། །དོན་ཐམས་ཅད་གྲུབ་པའི་གནས་སུ་པདྨ་དང་ཟླ་བའི་སྟེང་དུ། ཨོཾ་བཛྲ་མ་ཎི་ཧཱུཾ་ཞེས་བྱ་བས་ནི་རྡོ་རྗེ་ནོར་བུའོ། །རིན་ཆེན་ལྟ་བའི་གནས་སུ། ཨོཾ་བཛྲ་རཏྣ་ཨཾ་ཀུ་ར་ཧཱུཾ། ཞེས་བྱ་བས་རྡོ་རྗེ་རིན་ཆེན་མྱུ་གུའོ། །རིན་ཆེན་པདྨའི་གནས་སུ། ཨོཾ་བཛྲ་རཏྣ་པདྨ་ཧཱུཾ། ཞེས་བྱ་བས་རིན་ཆེན་པདྨའོ། །རིན་ཆེན་ཆར་འབེབས་ཀྱི་གནས་སུ། ཨོཾ་རཏྣ་བཪྵ་ཧཱུཾ། ཞེས་བྱ་བས་རིན་ཆེན་ཆར་འབེབས་ཀྱིའོ། །ཟླ་བ་དང་པདྨའི་སྟེང་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་མཚན་ཉིད་ཅན་བྲིས་ལ། ཕྱག་རྒྱ་བཞི་པའི་ཚུལ་གྱིས་དཀྱིལ་འཁོར་བརྟག་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་བཅུག་སྟེ་བསླབ་པར་བྱའོ། །ཁྱོད་ཀྱིས་སུ་ལ་ཡང་མ་སྨྲ་ཅིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚོགས་སློབ་དཔོན་རང་ཉིད་འཇུག་པའི་ཆོ་ག་རྗེས་སུ་སྤྱད་ལ། བདག་ལ་
བྱིན་གྱིས་བརླབ་པ་ལ་སོགས་པ་དང༌། རང་གི་མིང་ནས་བརྗོད་ཅིང་དཀྱིལ་འཁོར་རྡོ་རྗེ་བསྒྲུབས་ལ། བསྡུ་བ་ལ་སོགས་པ་བྱས་ཏེ་མཆོད་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཆོད་ལ་ཕྱག་བྱས་ཏེ་ཞུགས་ནས་གནང་བ་ནོད་པར་བྱའོ། །དེ་ནས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རིན་པོ་ཆེའི་སློབ་མ་བཅུག་སྟེ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པ་ནི་གཞུང་འདིས་གསུངས་པ་ཡིན་ནོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང༌། སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་ནོར་བུ་ཆེན་པོའི་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ། དོན་ཐམས་ཅད་གྲུབ་པའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་རྣམས་སློབ་དཔོན་གྱིས་བཤད་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སློབ་མ་འཇུག་པའི་ཆོ་ག་བསྟན་པའི་རྗེས་ཐོགས་ལའོ། །ཡེ་ཤེས་བསྐྱེད་པར་བྱ་སྟེ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་སྒྲུབ་པའི་མན་ངག་ཡིན་པས་ཤེས་པར་བྱའོ། །རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྡོ་རྗེ་རིན་ཆེན་ཏེ། དེ་བསྒྲུབ་ཅིང་སྤྲུལ་པར་བྱེད་པའོ། །གང་གིས་ཤེ་ན། རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས་སོ། །རྡོ་རྗེ་རིན་པོ་ཆེའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའི་རྡོ་རྗེ་རིན་པོ་ཆེའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་རིན་པོ་ཆེའི་ཏིང་ངེ་འཛིན་གང་དུ་བྱ་ཞེ་ན། དཔྲལ་བར་རབ་ཏུ་བཞག་ན་ནི། །ཞེས་བྱ་བ་སྨོས་ཏེ། དཔྲལ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཏྲས་སྤྲུལ་ལ་གཞག་པར་བྱའོ། །དེ་ལྟར་གྱུར་པས་ཅི་ཞིག་བྱ་ཞེ་ན། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། དབང་བསྐུར་བའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དེ་འདོད་པའི་ལྷའི་རྣལ་འབྱོར་བྱས་ལ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་དེ་ལས་བཤད་པ་བཅིངས་ཏེ། རང་གི་དཔྲལ་བའི་གནས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་
ཡི་གེ་ཏྲ་ལས་རྡོ་རྗེ་རིན་པོ་ཆེ་ག་སེར་གྱི་མདོག་ཅན་སྤྲུལ་ལ། ཨོཾ་བཛྲ་རཏྣ་ཨ་བྷི་ཥེ་ཀ་སརྦྦ་སིདྡྷི་ཡོ་མེ་པྲ་ཡཙྪར་ལར་ལ་ཧཱུཾ་ཏྲ། ཞེས་བྱ་བའི་སྙིང་པོ་འདི་བརྗོད་ཅིང་ཉིན་རེ་བཞིན་དུ་ཐུན་བཞིའི་སྦྱོར་བས་ཇི་སྲིད་དུ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཐུན་བཞིའི་སྦྱོར་བས་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བསྒོམས་ན་འདོད་པའི་ལྷའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ནས་དེའི་རྗེས་ལ་མཉམ་པར་སྦྱོར་བ་གསང་བའི་བསྒོམ་པའི་ངོ་བོའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ། །ཁྱོའམ་ཡང་ན་སྡུག་པའམ། །བུད་མེད་དང་ནི་སྐྱེས་པའང་རུང། །དཔྲལ་བ་གཉིས་ནི་སྦྱར་བ་དང༌། །སྤྲད་པས་གཉིས་ཀ་འགྲུབ་པར་འགྱུར། །ཞེས་བྱ་བ་ལ། དེ་ལ་ཁྱོ་ནི་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་སྐྱེས་བུའོ། །སྡུག་པ་ནི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་གཟུངས་ཀྱི་ལྷ་མོ་སྟེ། རིག་པའི་ལྷ་མོ་རིན་ཆེན་ཕྲེང་བ་མ་ལ་སོགས་པ་དང༌། མཆོད་པའི་ལྷ་མོ་ཐམས་ཅད་དོ། །དེ་ལྟར་ཁྱོ་དེའི་གཟུགས་སམ། སྡུག་པའི་གཟུགས་སུ་ཇི་ལྟ་བར་བཤད་པ་དེ་གལ་ཏེ་འགའ་ཞིག་སྒྲུབ་པར་འདོད་ན་སྐྱེས་པའམ། བུད་མེད་དམ། ཁྱོའམ། སྡུག་པའི་དཔྲལ་བ་དང་རང་གི་དཔྲལ་བ་གཉིས་སྦྱར་ནས་དཔྲལ་བ་གཉིས་མི་ཕྱེད་པར་བྱའོ། །ཇི་ལྟར་ཞེ་ན། སྤྲད་པས་ཞེས་བྱ་བ་སྨོས་ཏེ། ཡང་དག་པར་སྦྱར་བ་ཞེས་བྱ་བའི་ཐ་ཚིག་གོ །ཅི་ཞིག་ཏུ་འགྱུར་ཞེ་ན། སྐྱེས་པ་དང་བུད་མེད་འགྲུབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། གལ་ཏེ་བུད་མེད་གང་ཞིག་བཅོམ་ལྡན་འདས་སམ་གཞན་གང་ཡང་རུང་བའི་འཕགས་པ་ནམ་མཁའི་སྙིང་པོ་ཁྱོ་སྒྲུབ་པར་འདོད་པ་དེའི་ཚེ། དེས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་ནོར་བུ་མ་ལ་སོགས་པ་རིག་པའི་ལྷ་མོའི་རྣལ་འབྱོར་བྱས་ཏེ། ཕྱིས་འཕགས་པ་ནམ་མཁའི་སྙིང་པོའམ་གཞན་གང་ཡང་རུང་བ་མདུན་དུ་སྤྲུལ་ལ། བསྡུ་བ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། དེ་ནས་གཞན་གང་ཡང་རུང་བའི་རིག་པའི་ལྷ་མོའི་ཕྱག་རྒྱ་ཡང་དག་པར་བཅིངས་ཏེ། དེས་བཅོམ་ལྡན་འདས་དང་ལྷན་ཅིག་མཉམ་པར་སྦྱར་བར་བསྒོམས་ལ། ཨོཾ་བཛྲ་རཏྣ་ས་
ཁྱི་བ་དྷི་དྷ་རཏྭཾ་པྲ་ཡཙྪ་ཤཱི་གྷྲཾ་ཨ་བྷི་ཥིཉྩ་ཧི་ཧ་ཧ་ཧ་ཏྲ་ཞེས་བྱ་བ་འདི་བརྗོད་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་མཚན་ཐོག་ཐག་བསྒོམས་ན་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་དང་དེས་ལྷན་ཅིག་མཉམ་པར་སྦྱར་བ་བྱས་ན་རང་གི་ཆུང་མ་དང་འདྲ་བར་འགྱུར་རོ། །སྐྱེས་པ་ཉིད་ཡིན་ན་སྦྱོར་བ་འདིས་འཕགས་པ་ནམ་མཁའི་སྙིང་པོའི་ལྷ་མོ་མདུན་དུ་གཞབ་ལ་བསྒྲུབ་པར་བྱའོ། །དེ་ལྟར་གསང་བའི་ཡེ་ཤེས་བསྐྱེད་པའི་ཕྱག་རྒྱ་བསྟན་ནས། ད་ནི་དོན་ཐམས་ཅད་གྲུབ་པའི་དུམ་བུ་ལས་བཤད་པའི་དངོས་གྲུབ་རྣམས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ནོར་བུ་ཆེན་པོའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། ཐམས་ཅད་ཀྱི་ཕྱག་རྒྱའི་དམ་ཚིག་དང༌། ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་དང༌། ཕྱག་རྒྱ་ཐམས་ཅད་ཀྱི་ཆོས་ཉིད་དང༌། ཕྱག་རྒྱ་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་སྒྲུབ་པར་བྱེད་ན་གསང་བའི་ཕྱག་རྒྱ་མཆོག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཐམས་ཅད་ཀྱི་ཕྱག་རྒྱའི་དམ་ཚིག་ནི་འདི་ཡིན་ཏེ། བདག་ཉིད་ཆེན་པོ་གང་གང་གི །ཕྱག་རྒྱ་གང་དང་གང་བཅིངས་པ། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་ནི་བདག་ཉིད་བསྒོམ་པར་བྱ། །ཞེས་བྱ་བ་དང༌། དེ་ལ་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་ནི་འདི་ཡིན་ཏེ། རང་གི་དབང་པོ་གཞིག་ནས་ནི། །རྡོ་རྗེ་བཅང་བས་བསྲུང་བར་བྱ། །དེ་ཡིས་ཕྱག་རྒྱ་གང་རེག་པ། །དེ་མ་ཐག་ཏུ་དེ་དབང་འགྱུར། །དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་ཆོས་ཉིད་ནི་འདི་ཡིན་ཏེ། རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཡེ་ཤེས་ཕྱག་རྒྱ་བཅིང་བར་བྱ། །ཆོ་ག་འདི་ཡི་ཚུལ་གྱིས་ནི། །ཡེ་ཤེས་ཕྱག་རྒྱ་དེ་དབང་འགྱུར། །དེ་ལ་ཕྱག་རྒྱ་ཀུན་གྱི་ལས་ནི་འདི་ཡིན་ཏེ། གླུ་དང་གར་དང་ཟས་དང་བློ། །སྤྱོད་པ་ལ་སོགས་བདེ་བ་རྣམས། །སངས་རྒྱས་རྣམས་ལ་ཕུལ་ན་ནི། །ལས་ཀྱི་ཕྱག་རྒྱ་དབང་དུ་འགྱུར། །དེ་ལ་ནོར་བུ་ཆེན་པོའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད་པ་ན་གསང་བའི་ཕྱག་རྒྱ་ནི་འདི་ཡིན་ཏེ། ཇི་ལྟར་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་
བཤད་པ་དེ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། དེ་ནས་སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་དང་མཉམ་པའི་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ནོར་བུའི་རྒྱུའི་ལས་ཀྱི་ཕྱག་རྒྱས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་སྤྲུལ་ལ། རྣམ་པར་སྣང་མཛད་དང༌། རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་སྙིང་པོ་དང༌། རྡོ་རྗེ་སྤྱན་དང༌། རྡོ་རྗེ་སྣ་ཚོགས་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་བཛྲ་རཏྣ་ཏྲཾ། ཨོཾ་བཛྲ་མཱ་ལེ་ཧཱུཾ། ཨོཾ་བཛྲ་མ་ཎི་རཏྣེ་ཧཱུཾ། ཨོཾ་བཛྲ་དྷརྨྨ་རཏྣེ་ཧཱུཾ། ཨོཾ་བི་ཤྭ་བིཥྚ་ཧཱུཾ། ཞེས་བྱ་བའི་རིག་པ་དེ་རྣམས་བརྗོད་པས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་སྤྲུལ་ལ། ཨོཾ་བུདྡྷ་རཏྣ་ཧཱུཾ། ཨོཾ་བཛྲ་མ་ཎི་རཏྣ་ཨོཾ་ཀུ་ར་ཧཱུཾ། ཨོཾ་བཛྲ་རཏྣ་པདྨ་ཧཱུཾ། ཨོཾ་བཛྲ་རཏྣ་པཱ་ཤ་ཧཱུཾ། ཨོཾ་སརྦྦ་ཨརྦྦ་སིདྡྷི་པྲ་དཱ་ཧཱུཾ། ཨོཾ་བཛྲ་རཏྣ་ཙིནྟཱ་ཨཱ་ཀཱ་ཤ་གརྦྷ་བྷ་ག་ཝཱན་སིདྡྷྱ་སིདྡྷྱ་ཧཱུཾ། ཨོཾ་རཏྣ་ཨོཾ་ཀུ་ཤ་ཡ་སརྦྦ་ཨརྠ་ཨ་ན་ཡེ་ཤཱི་གྷྲཾ་སརྦྦ་ཏ་ཐཱ་ག་ཏཱ་ས་ཏྱ་ཨ་ནུ་སྨཱ་ར་ཧཱུཾ། ཨོཾ་མ་ཎི་རཱ་ག་བ་ཤི་ཀུ་རུ་སརྦྦ་ཨརྠཱ་ན་ཡ་ཨཱ་ཀཱ་ཤ་གརྦྷ་ཧཱུཾ། ཨོཾ་བཛྲ་རཏྣ། ཨོཾ་མ་ཎི་རཏྣ་དུཥྚི་ཧཱུཾ། ཨོཾ་རཏྣ་དྲྀཥྚ་ཏྲཾ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་རཏྣ་མཱ་ལ་ཧཱུཾ། ཨོཾ་མ་ཎི་སཱུཪྻ་ཧཱུཾ། ཨོཾ་ཙིནྟཱ་མ་ཎི་དྷ་ཛ་སརྦྦ་ཨཱ་ཤཱ་པ་རི་པཱུ་ར་ཀ་ཨཱ་ཀཱ་ཤ་གརྦྷ་ཧཱུཾ། ཨོཾ་བཛྲ་རཏྣ་ཨཊྚ་ཧ་ས་ཧ་ས་ཧཱུཾ། ཨོཾ་རཏྣ་པདྨ་ཧཱུཾ། ཨོཾ་ཏྱ་ག་ས་མ་དྷི་ཛྙཱ་ན་གརྦྷ་ཧཱུཾ། ཨོཾ་རཏྣ་གྷོ་ཥཱ་གྱ་ཧཱུཾ། ཨོཾ་མ་ཎི་ཙཀྲ་པྲ་བརྟ་ཡ་ཧཱུཾ། ཨོཾ་རཏྣ་པཱ་ཤ་ཧཱུཾ། ཨོཾ་རཏྣ་དྲྀཥྚི་བཪྵ་ཡ་སརྦྦ་ཨརྠ་སཾ་བྷ་དེ་བྷ་ག་ཝཱན་མ་ཎི་ཧ་སྟ་ཧཱུཾ། ཨོཾ་མ་ཎི་པཱུ་ཛ་ས་མ་ཡ་ཧཱུཾ། ཨོཾ་མ་ཎི་བྷནྡྷ་ཀ་བ་ཙེ་ཧཱུཾ། ཨོཾ་དཾཥྚྲཱཾ་ཀ་རཱ་ལ་མ་ཧཱ་ཡ་ཡཀྵ། ཧ་ར་ཧ་ར་སརྦྦ་ཨརྠན་བི་ཥ་པ་ཧཱུཾ། ཨོཾ་མ་ཎི་རཏྣ་བིནྡྷ་ས་མ་ཡོ་ཧཱུཾ། ཨོཾ་རཏྣ་ར་ཏི་ཧཱུཾ། ཨོཾ་རཏྣ་མཱ་ལེ་ཧཱུཾ། ཨོཾ་རཏྣ་གཱི་ཏེ་ཧཱུཾ། ཨོཾ་རཏྣ་ནྲྀ་ཏེ་ཧཱུཾ། ཨོཾ་དྷཱུ་པ་རཏྣེ། ཨོཾ་པུཥྤ་མ་ཎི་ཧཱུཾ། ཨོཾ་རཏྣ་ཨཱ་ལོ་ཀི །ཨོཾ་མ་ཎི་གནྡྷི། ཨོཾ་སརྦྦ་རཏྣ་ཨཱ་ཀཱ་ཤ་།ཨཱཪྻ་ཨ་རུ་ན། མ་ཧཱ་སཏྭ་བྷ་ག་ཝཱནྟཾ་ཨཱ་ཀཱ་ཤ་གརྦྷ་ཙོ་ད་ཡ་ཤཱི་གྷྲཾ་ཧོ་ཛཿ། ཨོཾ་སརྦྦ་རཏྣ་པྲ་བེ་ཤ་ས་མ་ཡ་པྲ་བེ་ཤ་ས་མ་ཡཾ། མ་ཧཱ་མ་ཎི་རཱ་ཛ་ཀུ་ལཾ། རཏྣ་པཱ་ཤ་ཧཱུཾ། ཨོཾ་མ་ཎི་བནྡྷ་ཧཱུཾ། ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཨ། ཞེས་བྱ་བའི་སྙིང་པོ་འདི་རྣམས་ཀྱིས་རྣམ་པར་སྣང་
མཛད་ལ་སོགས་པ་ནས། ནོར་བུ་རིན་ཆེན་འབེབས་པའི་མཐར་ཐུག་པ་རང་རང་གི་གནས་རྣམས་སུ་གཞག་པར་བྱའོ། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་ལན་ གསུམ་བརྗོད་ཅིང་རྣམ་པར་སྣང་མཛད་ལ་སོགས་པ ་ནས་རིན་ཆེན་འབེབས་པའི་བར་གྱི་མཐར་ཐུག་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་བདག་ཡིན་ནོ་ཞེས་བསམ་པར་བྱ་བ་དང༌། དེ་ནས་སྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་ལན་ གསུམ་བརྗོད་ཅིང་རྣམ་པར་སྣང་མཛད་ལ་སོགས་པ ་ནས་ནོར་བུ་རིན་ཆེན་འབེབས་པའི་མཐར་ཐུག་པའི་ལྷ་རྣམས་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེ་གཟུགས་བརྙན་དང་མཚུངས་བར་བདག་ཉིད་བསམ་པར་བྱའོ། །དེ་ནས་ཨོཾ་སརྦྦ་ས་མོ྅ཧཾ་ཞེས་ལན་ གསུམ་བརྗོད་ཅིང་རྣམ་པར་སྣང་མཛད་ལ་སོགས་པ ་ནས་རིན་ཆེན་འབེབས་པའི་མཐར་ཐུག་པའི་ལྷ་ཐམས་ཅད་ཆོས་བདག་མེད་པར་བསམ་པའི་ཕྱིར། བདག་ཉིད་དང་ཡེ་ཤེས་གཅིག་ལས་བྱུང་བ་ནི་བདག་ཡིན་ནོ་ཞེས་བྱ་བ་བསམ་པར་བྱའོ། །སརྦྦ་ཨརྠ་སིདྡྷི་མ་ཧཱ་མཎྜ་སྭ་བྷཱ་ཝ་ཨ་ཧཾ་སྭ་ཡཾ། ཞེས་ང་རྒྱལ་བསྐྱེད་ལ། ཡང་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་དཱ་ཧཱུཾ་ཞེས་བརྗོད་ཅིང་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་རང་བཞིན་དུ་བདག་ཉིད་བསྒོམས་ཏེ། ལྷ་ཐམས་ཅད་ཀྱི་ཞལ་ནས། ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་དཱ་ཧཱུཾ་ཞེས་བརྗོད་ཅིང་ངེས་པར་བརྗོད་ན་དེ་ལྟར་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལྟར་ཉིན་རེ་ཞིང་ལན་ཅིག་རྣལ་འབྱོར་ཆེན་པོ་བྱས་ལ། ཐུན་བཞིའི་སྦྱོར་བས་ཇི་སྲིད་དུ་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཞག་བདུན་ཏིང་ངེ་འཛིན་རྣམ་ པ་གསུམ ་བསྒོམས་ལ། དཀྱིལ་འཁོར་བྲི་བར་བྱའོ། །དེ་ལྟར་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་རབ་ཏུ་བསྒྲུབས་ནས་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་སྒྲུབ་པ་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་སྔོན་དུ་འགྲོ་བས་རང་གི་སྙིང་གར་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་ལ། ཨོཾ་མ་ཎི་རཏྣ་ནེ་ཏྲཾ། ཞེས་བྱ་བ་ལ་སོགས་པ་རིག་པ་ལྔ་སྤྲུལ་ལ། ཕྱིས་ཨོཾ་ཏྲཾ་ཞེས་བྱ་བ་ནས། ཨོཾ་མ་ཎི་རཏྣ་ཨཱ་བེ་ཤ་ཨཿ་ཞེས་བྱ་བའི་བར་དུ་གཟུངས་ཀྱི་རིག་པ་
རྣམས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནས་བརྩམས་ནས། ནོར་བུ་རིན་ཆེན་འབེབས་པའི་བར་གྱི་གཟུངས་རྣམས་རང་རང་གི་གནས་རྣམས་སུ་བཞག་ལ་སྔ་མ་བཞིན་དུ་སྙིང་པོ་གསུམ་བརྗོད་ཅིང༌། བཛྲ་ཨཱཏྨ་ཀོ་ཞེས་བྱ་བ་ལ་སོགས་པའི་དོན་གསུམ་བསྒོམས་ནས་རིན་ཆེན་གསང་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་དེ། དེ་ཉིད་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་གཟུངས་ཀྱི་རིག་པ་ཐམས་ཅད་རེ་རེ་ཞིང་ཁྲི་ཁྲི་བཟླས་པར་བྱའོ། །ཕྱིས་ཞག་བདུན་གཟུངས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་གསུམ་བསྒོམས་ཏེ། དཀྱིལ་འཁོར་བྲིས་ན་དེ་ལྟར་གཟུངས་ཀྱི་དཀྱིལ་འཁོར་གྲུབ་པར་འགྱུར་རོ། །དེ་ནས་ཆོས་ཀྱི་དཀྱིལ་འཁོར་བསྒྲུབས་པས་སྔ་མ་བཞིན་དུ་རྣལ་འབྱོར་བྱས་ནས། དེ་བཞིན་དུ་རིག་པ་རྣམ་པ་ལྔས་རང་གི་སྙིང་གར་ནོར་བུ་རིན་པོ་ཆེའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་ལ། རང་གི་སྙིང་ག་ནས་སྣའི་ཁུང་བུ་ནས་དྲངས་ཏེ་སྣའི་རྩེ་མོར་བཀོད་ལ། ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྔགས་ཀྱིས་རྣམ་པར་སྣང་མཛད་ནས་བརྩམས་ནས། ནོར་བུ་འབེབས་པའི་མཐར་ཐུག་པའི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པ་རྣམས་ལ་བཀོད་ལ། བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ལ་སོགས་པའི་དོན་རྣམ་ པ་གསུམ ་སྔ་མ་བཞིན་དུ་བསྒོམས་ཏེ། རཏྣ་ཛྙཱ་ན་སྭ་བྷཱ་བ་ཨ་ཧོཾ་སྭོཾ་ཡོཾ་ཞེས་བྱ་བས་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་ང་རྒྱལ་བསྐྱེད་དེ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེའི་སྔགས་བརྗོད་ཅིང་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཟླ་བ་གཉིས་བསྒོམས་ཏེ། སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཟླ་བ་གཅིག་བསྒོམས་ལ། དེ་ནས་ཞག་བདུན་ཆོས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་རྣམ་ པ་གསུམ ་བསྒོམ་པར་བྱའོ། །དེ་ནས་བྲིས་པ་དེ་ལྟ་བུ་ཆོས་ཀྱི་དཀྱིལ་འཁོར་འགྲུབ་བར་འགྱུར་རོ། །ལྷག་མ་ནི་རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པ་བཞིན་དུ་འདིར་ཡང་བསྒྲུབ་པར་ཤེས་པར་བྱའོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་སྒྲུབ་པར་འདོད་པས་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། ནོར་བུས་མཚན་པའི་སྣ་ཚོགས་རྡོ་རྗེ་བཟུང་ནས། སངས་
རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང༌། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བྱ་བའི་སྙིང་པོ་འདི་དང༌། དེ་ནས་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ལ། །དེ་གཉིས་རྡོ་རྗེ་དམ་དུ་བྱ། །མཛུབ་མོས་མཐེ་ཆུང་བསྣོལ་བ་ནི། །རྡོ་རྗེ་དགོས་མཆོག་དཀྱིལ་འཁོར་རོ། །དེ་ནས་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་སྔ་མ་བཞིན་དུ་བཟུང་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་རྣམ་པ་ལྔ་བཅིངས་ཏེ། རིག་པ་རྣམ་པ་ལྔས་རང་གི་སྙིང་གར་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་དེ་བཞིན་དུ་སྤྲུལ་ལ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པ་རྣམས་ཀྱིས་རང་རང་གི་གནས་སུ་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལྷ་ཐམས་ཅད་གཞག་པར་བྱའོ། །ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་སརྦྦ་ས་མོ྅ཧཾ། ཞེས་བྱ་བའི་སྙིང་པོ་གསུམ་བརྗོད་ཅིང༌། དོན་གསུམ་རྣམ་པར་བསྒོམས་ནས། རཏྣ་ཀརྨྨ་མཎྜལ་སྭ་བྷཱ་བ་ཨ་ཧཾ། ཞེས་བྱ་བས་ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིག་པ་ཐམས་ཅད་སྔ་མ་བཞིན་དུ་རེ་རེ་ཞིང་ཁྲི་ཁྲི་བཟླས་པར་བྱའོ། །ཡང་ཞག་བདུན་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ནས་ལས་ཀྱི་དཀྱིལ་འཁོར་བྲི་བར་བྱ་སྟེ། དེ་ལྟར་ལས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར་རོ། །ནོར་བུ་ཆེན་པོའི་རིགས་སྒྲུབ་པར་བྱེད་པའི་གསང་བའི་ཕྱག་རྒྱ་ནི་འདི་ཡིན་ཏེ། མནའ་བསྒགས་ལ་ཕྱག་རྒྱ་བཞི་བཅིང་བའི་མཚན་ཉིད་རྣམ་པ་བཞི་བསླབ་ཅིང་བསྟན་པའོ། །ཕྱག་རྒྱ་བཞི་ཇི་ལྟ་བ་བཞིན་དུ་བཅིང་བ་དང༌། རྣམ་པ་གཞན་དེ་བཞིན་དུ་བསླབ་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་བཅིང་བ་རྣམ་པ་བཞི་ནི་རྡོ་རྗེ་ནོར་བུ་ཆེན་པོའི་ཕྱག་རྒྱ་དང༌། དེ་བཞིན་རྡོ་རྗེ་རིན་ཆེན་མྱུ་གུ་དང༌། རྡོ་རྗེ་རིན་ཆེན་པདྨ་དང༌། རྡོ་རྗེ་རིན་ཆེན་ཆར་འབེབས་ཀྱི་ཕྱག་རྒྱ་བསླབ་པར་བྱའོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་
ཆེན་པོ་བཅིང་བའི་མཚན་ཉིད་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་བཅིང་བའི་མཚན་ཉིད་བསླབ་པར་བྱའོ། །དངོས་གྲུབ་ཐམས་ཅད་འདི་བཞིན་ནོ། །ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་དང༌། གཟུངས་དང༌། ཆོས་དང༌། ལས་ཀྱི་དཀྱིལ་འཁོར་རྣམས་ཀྱི་དངོས་གྲུབ་བཤད་པ་དེ་བཞིན་དུ་འདིར་ཡང་འབྱུང་བ་ཡིན་ནོ་ཞེས་བསྟན་པར་བྱའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ནོར་བུ་ཆེན་པོའི་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་རྫོགས་སོ།། །།དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དེ་བཞིན་དུ་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པར་ཤེས་པར་བྱའོ། །སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་བཞིན་དུ་ཕྱི་དང་ནང་གི་དཀྱིལ་འཁོར་ཐམས་ཅད་བྲིས་ནས། དབུས་སུ་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ། ཨོཾ་བཛྲ་རཏྣ་མཱ་ལེ་ཧཱུཾ་ཞེས་བྱ་བའམ། ཡང་ཨོཾ་སརྦྦ་ཨརྠ་སིདྡྷི་པྲ་དཱ་ཧཱུཾ་ཞེས་བྱ་བའི་སྙིང་པོ་འདིས་བྲི་བར་བྱའོ། །དེ་ནས་དོན་ཐམས་ཅད་གྲུབ་པའི་གནས་སུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ནོར་བུ་མཚན་མའི་ཕྱག་རྒྱ། ཨོཾ་བཛྲ་མ་ཎི་ཙིནྟཱ་ཨཱ་ཀཱ་ཤ་གརྦྷ་བྷ་ག་ཝཱན་སིདྡྷྱ་སིདྡྷྱ་ཧཱུཾ་ཞེས་བྱ་བའི་སྙིང་པོ་འདིས་བྲི་བར་བྱའོ། །རིན་ཆེན་ལྟ་བའི་གནས་སུ་རིན་ཆེན་རྒྱལ་པོའི་མཚན་མའི་ཕྱག་རྒྱ། ཨོཾ་རཏྣ་ཨཾ་ཀུ་ཤ་ཡ་སརྦྦ་ཨརྠཱ་ནཱ་མ་ན་ཡ་ཤཱི་གྷྲཾ་སརྦྦ་ཏ་ཐཱ་ག་ཏྱ་སཏྱཾ་མ་ནུ་སྨ་ར་ཧཱུཾ། ཞེས་བྱ་བ་འདིས་བྲི་བར་བྱའོ། །རིན་ཆེན་ལྟ་བའི་གནས་སུ་ནོར་བུ་ཆགས་པའི་ཕྱག་རྒྱ་ནི། ཨོཾ་ཨ་ནུ་རཱ་ག་བ་ཤི་ཀུ་རུ་སརྦྦ་ཨརྦྦཱ་ནཱ་མ་ན་ཡ་ཨཱ་ཀཱ་ཤ་གརྦྷ་ཧཱུཾ་ཞེས་བྱ་བ་འདིས་བྲི་བར་བྱའོ། །ནོར་བུ་པདྨའི་གནས་སུ་ནོར་བུ་ལེགས་པའི་ཕྱག་རྒྱ་ནི། ཨོཾ་རཏྣ་ཧཱུཾ་ཤི་ཧཾ་ཞེས་བྱ་བའི་སྙིང་པོ་འདིས་བྲིའོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་རོ། །སྔ་མ་བཞིན་དུ་ཐམས་ཅད་བྱས་ནས་དབུས་སུ་བཅོམ་ལྡན་འདས་རིན་ཆེན་ལྟ་བ། ཨོཾ་རཏྣ་དྲྀ་ཤྱ་ཏྲཾ་ཞེས་བྱ་བའི་སྙིང་པོ་འདིའམ། ཕྱག་རྒྱ་བཞི་པའི་སྙིང་པོས་བྲི་བར་བྱའོ། །དོན་ཐམས་ཅད་གྲུབ་པའི་གནས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རིན་པོ་ཆེའི་ཕྲེང་བའི་ཕྱག་རྒྱ་ནི། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཱ་མཱ་ལ་ཧཱུཾ་ཞེས་བྱ་བ་འདིས་
བྲི་བར་བྱའོ། །རིན་ཆེན་བཞད་པའི་ཕྱག་རྒྱ་ནི། ཨོཾ་རཏྣ་ཨཊྚ་ཧ་ས་ཧ་ས་ཧཱུཾ་ཞེས་བྱ་བའི་སྙིང་པོ་འདིས་བྲིའོ། །རིན་ཆེན་ལྟ་བའི་དཀྱིལ་འཁོར་རོ། །སྔ་མ་བཞིན་དུ་དཀྱིལ་འཁོར་བྲིས་ལ། དབུས་སུ་བཅོམ་ལྡན་འདས་རིན་ཆེན་པདྨ། ཨོཾ་རཏྣ་པདྨ་ཧཱུཾ། ཞེས་བྱ་བའམ། ཕྱག་རྒྱ་བཞི་པའི་སྙིང་པོ་འདིས་བྲི་བར་བྱའོ། །དོན་ཐམས་ཅད་གྲུབ་པའི་གནས་སུ་གཏོང་བ་ཏིང་ངེ་འཛིན་ཡེ་ཤེས་ཀྱི་སྙིང་པོ་ནི། ཨོཾ་ཏྱ་ག་ས་མ་དྷི་ཛྙཱ་ན་གརྦྷ་ཧཱུཾ། ཞེས་བྱ་བ་འདིས་བྲི་བར་བྱའོ། །རིན་ཆེན་ལྟ་བའི་གནས་སུ་རིན་ཆེན་རྣོན་པོའི་ཕྱག་རྒྱ་ནི། ཨོཾ་རཏྣ་ཀོ་ཥ་ལཱ་ཡ་གྲ་ས་ཧཱུཾ་ཞེས་བྱ་བ་འདིས་བྲི་བར་བྱའོ། །རིན་ཆེན་ཆར་འབེབས་ཀྱི་གནས་སུ་ནོར་བུ་འཁོར་ལོའི་ཕྱག་རྒྱ་ནི། ཨོཾ་མ་ཎི་ཙཀྲ་པྲ་བརྟ་ཡ་ཧཱུཾ་ཞེས་བྱ་བ་འདིས་བྲི་བར་བྱའོ། །རིན་ཆེན་པདྨའི་གནས་སུ་གསུང་བའི་ཕྱག་རྒྱ་ནི། ཨོཾ་རཏྣ་བྷ་ཥ་ཧཱུཾ་ཞེས་བྱ་བ་འདིས་བྲི་བར་བྱའོ། །རིན་ཆེན་པདྨའི་དཀྱིལ་འཁོར་རོ། །སྔ་མ་བཞིན་དུ་དཀྱིལ་འཁོར་བྲིས་ལ། དབུས་སུ་བཅོམ་ལྡན་འདས་རིན་ཆེན་ཆར་འབེབས་ནི། ཨོཾ་རཏྣཱ་བེ་ཤ་བཪྵཱ་ཡ་སརྦྦ་ཨརྠ་སཾ་བ་དི་བྷ་ག་ཝཱན་མ་ཎི་ཧ་ཥ་ཧཱུཾ་ཞེས་བྱ་བའི་སྙིང་པོ་འདིས་བྲི་བར་བྱའོ། །དོན་ཐམས་ཅད་གྲུབ་པའི་གནས་སུ་ནོར་བུ་མཆོད་པའི་ཕྱག་རྒྱ་ནི། ཨོཾ་མ་ཎི་པཱུ་ཛ་ས་མ་ཡ་ཧཱུཾ་ཞེས་བྱ་བ་འདིས་བྲི་བར་བྱའོ། །རིན་ཆེན་ལྟ་བའི་གནས་སུ་ནོར་བུ་བསྲུང་བའི་ཕྱག་རྒྱ་ནི། ཨོཾ་མ་ཎི་བནྡྷ་ཀ་བ་ཙ་ཧཱུཾ་ཞེས་བྱ་བ་འདིས་བྲི་བར་བྱའོ། །རིན་ཆེན་ཆར་འབེབས་ཀྱི་གནས་སུ་ནོར་བུ་གནོད་སྦྱིན་གྱི་ཕྱག་རྒྱ་ནི། ཨོཾ་མ་ཎི་དཾཥྚ་ཀ་རཱ་ལ་མ་ཧཱ་ཡkཥ་ཧ་ར་ཧ་ར་སརྦྦ་ཨརྠཱན་བྷི་ཥཱ་ཡ་ཧཱུཾ། རིན་ཆེན་པདྨའི་གནས་སུ་ནོར་བུ་ཁུ་ཚུར་གྱི་ཕྱག་རྒྱ་ནི། ཨོཾ་མ་ཎི་རཏྣ་བནྡྷ་ས་མ་ཡ་ཧཱུཾ། ཞེས་བྱ་བའི་སྙིང་པོ་འདིའམ། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་བཤད་པས་བྲི་བར་བྱའོ། །ནོར་བུའི་རིགས་ཀྱི་སྙིང་པོ་འདིས་ཐམས་ཅད་བྲི་བར་བྱའོ། །རིན་ཆེན་ཆར་འབེབས་ཀྱི་དཀྱིལ་འཁོར་རོ། །ཆོག་ལྷག་མ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལས་བཤད་པ་བཞིན་དུ་ཐམས་ཅད་ཤེས་པར་བྱའོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་རང་གི་ཕྱག་རྒྱ་བཞི་འདིར་ལྷ་ཐམས་ཅད་ཀྱིས་གཟུང་བའོ། །ནོར་བུ་ཆེན་པོའི་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་
འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་བར་མ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་ནོར་བུ་ཆེན་པོའི་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བསྟན་ནས། ད་ནི་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་ནོར་བུའི་རིགས་ཐམས་ཅད་ཀྱི་དངོས་གྲུབ་བསྡུས་པར་གྱུར་པའི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོར་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །དེ་ལ་འཕགས་པ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་ལས་བཤད་པའི་ཆོ་གས་འཕགས་པ་ནམ་མཁའི་སྙིང་པོའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་འདིར་དང་པོ་སྦྱོར་བ་མཆོག་གི་ཏིང་ངེ་འཛིན་ཏོ། །ནམ་མཁའི་སྙིང་པོའི་སྦྱོར་བ་བཤད་ཟིན་ཏོ། །དེ་ཉིད་ཀྱི་སྙིང་པོ་བསྐྱེད་པའི་རྒྱུར་གྱུར་པ་འདི་ལ་མངའ་བས་ན། ནམ་མཁའི་སྙིང་པོ་རྡོ་རྗེ་འཆང༌། །ཞེས་བྱ་བའི་ངོ་བོ་ཡིན་པའི་ཕྱིར་བྱང་ཆུབ་པའི་རང་བཞིན་གྱིས་སེམས་དཔའ་ནི་བྱང་ཆུབ་སེམས་དཔའོ། །ཆེན་པོ་ནི་སེམས་ཅན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པས་ན་སེམས་དཔའ་ཆེན་པོའམ། ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོས་ཐམས་ཅད་དུ་སོང་བའི་ཕྱིར་སེམས་དཔའ་ཆེན་པོའོ། །འདི་ཞེས་བྱ་བ་ནི་བློ་ལ་གནས་པའོ། །འདི་གང་ཡིན་ཞེ་ན། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ་ཞེས་བྱ་བའི་དོན་ཐམས་ཅད་འདི་ལ་ཡོད་པ་སྒྲུབ་པས་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སྙིང་པོ་དོན་ཐམས་ཅད་གྲུབ་པའི་ཡེ་ཤེས་དེ་སྟོན་པའི་སྙིང་པོ་འདི་གསུངས་སོ་ཞེས་བཤད་དོ། །དེ་ལ་དེ་ནས་ཡེ་ཤེས་ཞེས་བྱ་བ་ནས་བརྩམས་ནས། བཛྲ་རཏྣ་ཧཱུཾ་ཞེས་བྱ་བའི་བར་དུ་སྟོན་པའི་གཞུང་འདི་ཙམ་གྱིས་ནི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་རྒྱལ་པོའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་སྔ་མ་བཞིན་དུ་བསྡུ་བ་ལ་སོགས་པའི་ལས་ཀྱི་རྒྱལ་པོའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ གསུམ་པ ་ཡིན་པར་ཤེས་པར་བྱའོ། །དོན་ཐམས་
ཅད་གྲུབ་པའི་དུམ་བུ་ལས་བཤད་པའི་དངོས་གྲུབ་རྣམས་ནི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་གཅིག་པའོ། །དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་ཏེ། དེ་ནས་ནོར་བུ་ཆེན་པོའི་རིགས་ཀྱི་དཀྱིལ་འཁོར་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གཅིག་པའི་དཀྱིལ་འཁོར་སྟོན་ཏོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། སྔ་མའི་རྗེས་ཐོགས་ལའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ གསུམ་བསྒོམ་པ ་ནས་བརྩམས་ཏེ། ཟླ་བ་གཅིག་གམ་ལོ་གཅིག་གི་བར་དུ་བཟླས་ནས་ཇི་སྲིད་དུ་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་འདི་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་རྒྱུ་དེའི་ཕྱིར་ཏེ། གང་གི་ཕྱིར་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་འཇུག་པ་མེད་ན་དེས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ཀྱིས་མངོན་པར་འདོད་པའི་དངོས་གྲུབ་ཏུ་མི་འགྱུར་བ་དེའི་ཕྱིར་རབ་ཏུ་བཤད་པར་བྱ་བ་སྟེ། དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ནི་དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། དངོས་གྲུབ་ཐམས་ཅད་བསྡུས་པར་གྱུར་པའི་ཕྱིར་གཙོ་བོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དངོས་གྲུབ་ཀུན་གྱི་དཀྱིལ་འཁོར་ནི། །ཅི་བཞིན་པར་ནི་བྲི་བར་བྱ། །ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་བཞིན་དུ་ཕྱི་དང་ནང་གི་དཀྱིལ་འཁོར་ཐམས་ཅད་བྲི་བར་བྱའོ། །དབུས་སུ་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་བཞུགས་སུ་གསོལ་བ་སྔ་མ་བཞིན་དུ་བྲི་བར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་བཞིན་
དུ་དེའི་ཕྱི་དང་ནང་ཐམས་ཅད་སྔ་མ་བཞིན་དུ་བྲིས་ལ། དཀྱིལ་འཁོར་གྱི་དབུས་སུ་པདྨ་དང་ཟླ་བའི་སྟེང་དུ། ཨོཾ་བཛྲ་མ་ཎི་དྷ་ར་སརྦྦ་ཨརྠ་སིདྡྷ་པྲ་ཡཙྪ་ཧོ་བྷ་ག་ཝཱན་བཛྲ་རཏྣ་ཧཱུཾ། ཞེས་བརྗོད་ཅིང་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་བྲི་བར་བྱའོ། །དེ་ནས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་ཆོ་གས་རྡོ་རྗེ་ནོར་བུ་ཆེན་པོ་བཅིངས་ཏེ། ཇི་ལྟ་བ་བཞིན་དུ་དབབ་པ་དང༌། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རིན་ཆེན་སློབ་མ་འཇུག་པ་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ཐུག་པ་དེ་དག་ནི་ཆོ་ག་ཐམས་ཅད་ཅེས་བསྟན་ཏོ། །དེ་ལྟར་སློབ་དཔོན་གྱི་ལས་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་ནམ་མཁའི་སྙིང་པོའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པར་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པར་བརྗོད་པའོ། །སློབ་མ་འཇུག་པའི་ཆོ་ག་རྒྱས་པའི་རྗེས་ཐོགས་ལའོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་རོ། །ཡེ་ཤེས་ནི་རང་གི་ལྷ་བསྒོམས་པ་ལས་བྱུང་བའི་རང་གི་ལྷར་ངེས་པའོ།། དེའི་གསང་བའི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་རང་གི་ལྷར་ངེས་པ་སེམས་ཅན་གྱི་ཁམས་ཀྱི་དེའི་རང་བཞིན་དུ་བྱེད་པར་མོས་པ་ལ་དེར་ངེས་པའི་ཡེ་ཤེས་དེ་བསླབ་པ་སྟེ་བསྟན་པར་བྱའོ། །གཟུགས་ནི་དོན་ཐམས་ཅད་གྲུབ་པའི་དུམ་བུ་ལས་བཤད་པའི་རྣམ་པར་སྣང་མཛད་ཀྱི་རིགས་སོ།། སོགས་པ་སྨོས་པ་ནི་དོན་ཐམས་ཅད་གྲུབ་པ་དང༌། རིན་ཆེན་ལྟ་བ་དང༌། རིན་ཆེན་པདྨ་དང༌། རིན་ཆེན་ཆར་འབེབས་ཀྱི་གཟུགས་རྣམས་གཟུང་བར་བྱ་བའོ། །གཟུགས་ལ་སོགས་པ་གང་དག་ཡིན་པ་དེ་ལ་གཟུགས་ལ་སོགས་པ་དེས་འདི་སྐད་དུ་བཤད་པའི་དོན་ཐམས་ཅད་གྲུབ་པ་ལ་སོགས་པའོ། །དེ་ཉིད་ཀྱི་འདོད་པ་རྣམས་ནི་འདྲིས་པར་བྱ་བ་མངོན་པར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། གཟུགས་ལ་སོགས་པ་ཁོ་ན་འདོད་པ་རྣམས་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གཟུགས་ལ་སོགས་པའི་འདོད་པ་དང༌། གོམས་པར་བྱས་པས་ན། བདེ་
བ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བཤད་མ་ཐག་པ་དེའི་ཆགས་པ་དང་བྲལ་བར་གྱུར་པའི་བདེ་བ་དབུལ་བའོ། །གང་ལ་ཞེ་ན་སངས་རྒྱས་ལའོ། །ཅི་ཞིག་ཐོབ་པར་འགྱུར་ཞེ་ན། ལས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། ནོར་བུ་ཆེན་པོའི་དངོས་གྲུབ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ །དི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། དེ་ལས་བཤད་པ་དང༌། གཟུངས་དང༌། ཆོས་དང༌། ལས་ཀྱི་དཀྱིལ་འཁོར་ལས་བཤད་པ་རང་གི་ལྷ་བསྒོམས་ལ་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་ཅན་གྱི་ཁམས་རང་གི་ལྷའི་རང་བཞིན་དུ་ངེས་པར་བྱས་པ་དེ་ལྟ་བུའི་བདེ་བ་དེ་སངས་རྒྱས་རྣམས་ལ་དེ་དབུལ་བར་བྱ་བ་ཡིན་ནོ། །དེ་ནས་དེ་ལྟར་བསྒོམས་པས་ནོར་བུ་ཆེན་པོའི་རིགས་ལས་བཤད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ནོར་བུ་ཆེན་པོའི་རིགས་སུ་གསུངས་པའི་དངོས་གྲུབ་རྣམས་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་བྱས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཆོ་ག་འདི་བསྟན་པའི་ཕྱིར། དེ་ནས་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་གསུངས་སོ། །དེ་ལ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའམ་གཞན་དག་གི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ལས་ཀྱི་ཕྱག་རྒྱ་རྣམས་སོ། །དེ་ལ་ཇི་ལྟར་བསྟན་པའི་རྣམ་པ་བཞིའི་ཡེ་ཤེས་བསླབ་པར་བྱ་བ་ནི་བསྟན་པའོ། །དེ་ལྟར་རས་ལ་སོགས་པ་ལ་ཡང་སེམས་དཔའ་ནི་རྡོ་རྗེ་སྙིང་པོའོ། །ཕྱག་རྒྱ་ནི་དེའི་མཚན་མའོ། །རས་ལ་སོགས་པ་ལ་དཀྱིལ་འཁོར་བྲིས་ཏེ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་འགྲེལ་པའོ། །དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་དབྱིངས་ཀྱི་དུམ་བུར་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཏེ། སེམས་ཅན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེའི་རིགས་རྟོག་པ་བསྐྱེད་པའོ། །དེའི་དམ་ཚིག་ནི་ནོར་བུ་ཆེན་པོའི་རིགས་བསྐྱེད་པའི་རྒྱུར་གྱུར་
པ་སྟེ། དེ་ཉིད་ཀྱི་རྟོག་པ་ནི་བརྟག་པ་ལས་བྱུང་བའི་ཕྱིར་རོ། །དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་ཡང་རྟོག་པ་ཆེན་པོ་ཞེས་བྱ་སྟེ། དེ་ཉིད་ཀྱི་རྟོག་པ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བར་གསོལ་བ་རྣམས་ཟིལ་གྱིས་མནན་ནས་མཛེས་ཤིང་འབར་བར་གྱུར་པས་ན་རྒྱལ་པོའོ། །རྫོགས་པའི་རྩ་བ་ནི་རྒྱུད་ཀྱི་མཐར་ཐུག་པའོ། །ནོར་བུ་ཆེན་པོའི་རིགས་འདི་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ལས་བྱེད་པ་དེའི་ཕྱིར་ལས་ཀྱི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་ཞེས་བརྗོད་དེ། དབང་བསྐུར་བ་ལ་སོགས་པའི་ལས་ཀྱིས་སེམས་ཅན་གྱི་ཁམས་ལ་རྒྱས་འདེབས་པར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འདིར། ཁམས་ གསུམ་པ ་ཡི་ཆོས་ཆེན་པོ། །དབང་བསྐུར་སྟེར་བའི་རྒྱལ་པོ་མཆོག །སེར་སྣའི་དྲི་མ་གཞིག་ཕྱིར་དང༌། །སེམས་ཅན་བསམ་པ་ཡོངས་རྫོགས་ཕྱིར། །དོན་ཀུན་གྲུབ་པའི་དཔའ་བོ་ནི། །ནམ་མཁའི་མཐར་ཐུག་གྲགས་པ་ཡི། །རྡོ་རྗེ་རིན་ཆེན་རིགས་བསྐྱེད་ཕྱིར། །རྟོག་པའི་རྒྱལ་པོ་འདི་གསུངས་སོ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །སེམས་ཅན་ཁམས་ནི་དཔག་མེད་པ། །རྨོངས་པ་རྣམ་པར་བཟློག་པའི་ཕྱིར། །སྣང་བྱེད་དགེ་བ་འདི་བཤད་ལས། །བདག་གིས་དགེ་བ་འདི་བསགས་པས། །དེ་ཡིས་འཇིག་རྟེན་མ་ལུས་པ། །ནོར་བུའི་རིགས་ཀྱི་ཀུན་དགའ་ཆེ། །སྙིང་པོ་བསམ་མི་ཁྱབ་ཆེན་གཙོ། །དོན་ཀུན་གྲུབ་པ་རྒྱལ་གྱུར་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ་ལས་ནོར་བུ་ཆེན་པོའི་རིགས་ཀྱི་འགྲེལ་པ་རྫོགས་སོ།། །།དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་གྱུར་པ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྩ་བའི་རྒྱུད་བསྟན་ནས། ད་ནི་འཇིག་རྟེན་ལས་འདས་པའི་མཆོག་གི་དངོས་གྲུབ་སྒྲུབ་པའི་གོང་མའི་ཡང་གོང་མའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། ཐོག་མ་དང་ཐ་མ་མེད་པའི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐོབ་པའི་རྒྱུར་གྱུར་པ་དེ་བཞིན་གཤེགས་པ་དང༌། དེའི་
རིགས་དང༌། རྡོ་རྗེ་དང༌། པདྨ་དང༌། ནོར་བུའི་རིགས་ཀྱི་རྒྱུད་ཕྱི་མ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྐད་དུ་བཤད་པ་འདི་ནི་རྩ་བའི་རྒྱུད་དོ། །འདི་ནི་རྒྱུད་ཕྱི་མའི་འོ་ཞེས་བྱ་བ་དེ་སྐད་དུ་ཡང༌། ཇི་ལྟར་ཤེས་པར་བྱ་ཞེ་ན། འདི་ནི་འཆད་པར་འགྱུར་བ་ཡིན་ཏེ། དེ་སྐད་དུ་རྒྱུད་ཕྱི་མ་བསྟན་པའི་རྗེས་ཐོགས་ལ། ལྟ་བ་ངན་ཞིང་ཆགས་བྲལ་ལ། །གསང་བ་འདི་ནི་མི་རིགས་ཏེ། །སེམས་ཅན་ཀུན་ལ་ཕན་དོན་དུ། །དེ་བཞིན་ཆོ་ག་བཤད་པར་བྱ། །ཞེས་ཕྱིས་འཆད་པར་འགྱུར་རོ། །གཞན་ཡང་གང་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་སྦྱོར་བའི་ཆོས་ཀྱི་དེ་ཁོ་ན་ཉིད་ལ་སོགས་པ་འང་སྟོན་པ་དེ་ནི་རྩ་བའི་རྒྱུད་དོ། །གང་འཇིག་རྟེན་ལས་འདས་པའི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་སྟོན་པ་དེ་ནི་རྒྱུད་ཕྱི་མའིའོ། །རྒྱུད་ཕྱི་མ་ནི། རྩ་བའི་རྒྱུད་རྣམས་ཐམས་ཅད་ལས། །བླ་མའི་བླ་མ་དོན་གཉེར་བའི། །སེམས་ཅན་བླ་མེད་སྒྲུབ་པ་རྣམས། །རྡོ་རྗེ་ཅན་རྣམས་བྱིན་རློབ་པའོ། །ཞེས་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་སྐབས་སུ་བབ་པ་སྟེ། དངོས་གྲུབ་དམ་པ་སྒྲུབ་པ་སྟོན་པའི་སྐབས་སུ་བབ་ཅེས་བྱ་བའི་དོན་ཏོ། །ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་བྱང་ཆུབ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་བྱང་ཆུབ་ཆེན་པོའོ། །དེ་ཡང་གང་གིས་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སོ། །དེ་ལ་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་པར་གྲུབ་པའི་རང་བཞིན་ནི་འདིར་དེ་བཞིན་གཤེགས་པ་ཐམས་ཅད་དོ། །རྡོ་རྗེ་སེམས་དཔའ་ནས་བརྩམས་ནས། རྡོ་རྗེ་འབེབས་པའི་མཐར་ཐུག་པ་རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལས་བཤད་ པ་ནི། དེ་བཞིན་གཤེགས་པའི་རིགས་སོ། །འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དུམ་བུ་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ནས་བརྩམས་ནས། ཁྲོ་བོ་རྡོ་རྗེ་འབེབས་པའི་མཐར་ཐུག་པ་ནི། རྡོ་རྗེའི་རིགས་སོ། །འགྲོ་བ་འདུལ་བའི་དུམ་བུ་ལས་བཤད་པའི་འགྲོ་བ་འདུལ་བ་ལ་སོགས་པ་ནས་པདྨ་འབེབས་པའི་
མཐར་ཐུག་པ་ནི་པདྨའི་རིགས་སོ། །ནོར་བུའི་དུམ་བུ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པ་ལ་སོགས་པ་ནས། རིན་ཆེན་འབེབས་པའི་མཐར་ཐུག་པའི་སྙིང་པོ་དང༌། ཕྱག་རྒྱ་དང་སྔགས་དང༌། རིག་པའི་ཆོ་ག་ཐམས་ཅད་ནི་རིན་པོ་ཆེའི་རིགས་སོ། །དེ་དག་ཆེན་པོ་དེ་ཡང་ཡིན་ལ་དེ་ཁོ་ན་ཉིད་ཀྱང་དེ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དེ་ཁོ་ན་ཉིད་ཆེན་པོ་སྟེ། དཀྱིལ་འཁོར་ཆེན་པོ་དང་གཟུངས་དང་ཆོས་དང༌། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཆེན་པོ་སྒྲུབ་པར་བྱེད་པ་དེ་དག་གི་ཆོ་ག་རྒྱས་པ་འདི་ནི་བྱ་བའོ། །འདི་ནི་མི་བྱ་བའོ་ཞེས་ངེས་པར་ནན་ཏན་དུ་བྱ་བའི་ཁྱད་པར་དེ་སྟོན་པའི་སྒྲའི་ཚོགས་ཀྱི་རྒྱུད་ལ་ཡང་དེ་སྐད་ཅེས་སྟོན་ཏོ། །རྒྱུད་ནི་རྒྱུད་པས་ནའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །གསུངས་སོ་ཞེས་བྱ་བ་ནི་དེ་བཀའ་སྩལ་ཅིང་བཤད་པའོ། །དེ་ལ་ཞེས་བྱ་བ་ནི་དམིགས་ཀྱིས་བཀར་བའོ། །རེ་ཞིག་ཅེས་བྱ་བ་ནི་རིམ་པ་ལ་ལྟོས་པའོ། །དང་པོ་ཞེས་བྱ་བ་ནི་ཐོག་མར་རོ། །ཕྱག་རྒྱ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་ཕྱག་རྒྱ་ཆེན་པོ་སྟེ། སྐུའི་གསང་བའི་ངོ་བོའོ། །དེའི་དམ་པའི་དངོས་གྲུབ་བམ་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་དམ་པའི་དངོས་གྲུབ་བོ། །དེ་སྟོན་པར་བྱེད་པའི་རྒྱུད་ལ་ཡང་དེ་སྐད་ཅེས་བྱ་བ་ཡིན་ནོ། །དང་པོར་རེ་ཞིག་དེ་བཞིན་གཤེགས་པ་རིགས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུད་འབྱུང་ལ། ཕྱིས་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་བའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡང་འབྱུང་བ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་དམ་པའི་དངོས་གྲུབ་ཀྱི་རྒྱུད་འདི་གང་ཡིན་ཞེ་ན། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་དང། དོན་ཡོད་གྲུབ་པའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་དེ་དག་གི་ཕྱག་རྒྱ་ཆེན་པོའོ། །བཅིངས་ནས་མཁའ་དབྱིངས་ཐམས་ཅད་དུ། །སངས་རྒྱས་སྐུ་གཟུགས་བྱིན་བརླབས་ལ། །ཞེས་བྱ་བ་ལ་མཁའི་ནི་ནམ་མཁའོ། །ནམ་མཁའི་དབྱིངས་ཐམས་ཅད་དུ་རྡུལ་ཕྲ་རབ་ཀྱི་ཚོགས་
ནི་དེ་རྣམས་སངས་རྒྱས་ཀྱི་སྐུ་གཟུགས་སུ་བྱིན་གྱིས་བརླབས་ཏེ་རྣམ་པར་བསམ་པའོ། །རང་གི་སྙིང་དུ་བཅུག་ན་ནི། །ཡིད་ཀྱིས་ལེགས་པའི་སྦྱོར་བ་ཡིས། །ཛཿ་ཧཱུཾ་བཾ་ཧོཿ་བཞི་བརྗོད་ཅིང༌། །ལུས་ལ་སངས་རྒྱས་ཀུན་གཞུག་གོ །ཞེས་གསུངས་སོ། །བསྒོམས་པའི་ལས་ཀྱི་འབྲས་བུ་འདི་གང་ཡིན་ཞེ་ན། ཅི་སྟེ་འདོད་ན་ཚེ་འདི་ལ། །ཞེས་བྱ་བ་སྨོས་ཏེ། སྒྲུབ་པ་པོ་གང་ཡང་རུང་བ་འགའ་ཞིག་ཚེ་འདི་ལ་ཞི་བ་དམ་པ་མཆོག་ཏུ་གྱུར་པ་གང་གི་ཚེ་འདོད་ན་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པའི་སངས་རྒྱས་ཉིད་ནི་དེའི་འབྲས་བུ་སྟེ། འདི་ནི་བསྒོམས་པའི་ལས་ཀྱི་འབྲས་བུའོ། །ཅི་སྟེ་མི་འདོད་གཞན་གྲུབ་བཞིན། །ཞེས་བྱ་བ་ནི་གལ་ཏེ་དེ་ལྟར་མི་བསྒོམ་ན་རྩ་བའི་རྒྱུད་ལས་གསུངས་པའི་སངས་རྒྱས་ཅིག་སྒོམ་པར་བྱེད་ན་དེའི་དངོས་གྲུབ་ཏུ་འགྱུར་རོ། །དེ་ལས་གཞན་དུར་ནམ་པར་སྣང་མཛད་ལྟ་བུ། ཡང་ན་དོན་ཡོད་གྲུབ་པའི་བར་ལྟ་བུ་གཞན་དག་གོ །གལ་ཏེ་མི་འདོད་པ་ནི་གཞན་རྣམ་པར་སྣང་མཛད་ནས་དོན་ཡོད་གྲུབ་པའི་བར་མི་འདོད་པའོ། །ཇི་སྐད་སྟོན་པ་ཡིན་ཏེ། བྱིན་གྱིས་བརླབས་པ་ལ་སོགས་པ་རྣམ་པར་སྣང་མཛད་དུ་བདག་ཉིད་དུ་བསྐྱེད་པ་ནས། དོན་ཡོད་གྲུབ་པའི་བར་དུ་བསྐྱེད་དེ། རྣལ་འབྱོར་ཆེན་པོ་དང་ལྔ་པས་དེའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཛྲ་དྷཱ་ཏུ་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱིའི་སྙིང་པོའམ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གེ་ཤྭ་ར་ཧཱུཾ། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཏྣ་ཧཱུཾ། ཨོཾ་བཛྲ་དྷརྨྨ་ཧཱུཾ། ཨོཾ་བཛྲ་ཀརྨྨ་ཧཱུཾ། ཞེས་བྱ་བ་རང་གི་སྔགས་དེ་དག་བརྗོད་ཅིང༌། རྣམ་པར་སྣང་མཛད་ལ་སོགས་པའི་བདག་ཉིད་དུ་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བ་བྱའོ། །ཇི་སྲིད་དུ་བདག་ཉིད་མངོན་སུམ་ལྟ་བུར་ཉིན་རེ་ཞིང་ཐུན་བཞིར་མཐོང་བར་གྱུར་པ་དེ་སྲིད་དུ་བྱའོ། །དེ་ནས་ནམ་མཁའི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་གཟུགས་བསམས་ལ་དེ་ནས་ཅི་ནུས་པས། སརྦྦ་བུདྡྷ་བྷི་བ་སྭ་བྷཱ་བ་ཨ་ཧཾ། ཞེས་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་ཇི་སྲིད་དུ་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམས་ལ་དེ་ནས་བསྒོམས་པ་ལས་ལྡང་བའི་དུས་སུ་ཛཿ་ཧཱུཾ་བཾ་ཧོཿ་བརྗོད་ཅིང༌། ཡིད་ཀྱིས་ལེགས་སོ་སྦྱོར་བས་དེ་རྣམས་རང་གི་ལུས་ལ་གཞུག་པར་བྱའོ། །ཡི་གེ་བརྒྱ་པས་ཀྱང་བརྟན་པར་བྱས་ཏེ་ལྡང་བར་བྱའོ། །དེ་ལྟར་ཉིན་རེ་ཞིང་སྔ་
མ་བཞིན་བསྒོམས་ནས་ཇི་སྲིད་དུ་སངས་རྒྱས་ཀྱི་གཟུགས་བརྙན་གྱིས་ནམ་མཁའི་ཁམས་ཐམས་ཅད་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་ན་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་རོ། །ཕྱག་རྒྱ་ཆེན་པོ་བཅིངས་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། སྒེག་མོ་ལ་སོགས་པ་དང༌། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་བཅུ་དྲུག་གིས་ཡང་དག་པར་མཆོད་ལ། དེ་ནས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནས་རྡོ་རྗེ་འབེབས་པའི་ཕྱག་རྒྱ་ཆེན་པོའི་བར་དུ་བཅིངས་ཏེ་བསྒོམ་པར་བྱའོ། །སྔ་མ་བཞིན་དུ་ཇི་སྲིད་དུ་རང་གི་སེམས་དཔའི་ཕྱག་རྒྱ་བདག་ཉིད་མངོན་སུམ་ལྟ་བུར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །ཕྱག་རྒྱ་ཆེན་པོ་བཅིངས་ནས་ཇི་ལྟར་སེམས་དཔའི་སྦྱོར་བ་བསྒོམ་པར་བྱ་ཞེ་ན། དེ་ཉིད་ཆེན་པོ་བརྗོད་བྱ་སྟེ། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་སེམས་དཔའ་ནས་རྡོ་རྗེ་འབེབས་པའི་བར་དུ་ཨོཾ་བཛྲ་ས་ཏྭ་ཧཱུཾ་ཞེས་བྱ་བ་ནས། ཨོཾ་བཛྲ་ཨཱ་བེ་ཤ་ཨཿ་ཞེས་བྱ་བའི་བར་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྔགས་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་རང་གི་ལུས་ལ་ལྷ་ཐམས་ཅད་ཀྱི་རང་བཞིན་བདག་ཡིན་ནོ་ཞེས་བསམ་པར་བྱའོ། །རང་གི་ལུས་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྣམ་པར་སྣང་མཛད་ནས་རྡོ་རྗེ་འབེབས་པའི་བར་དུ་སྤྲུལ་ལ། རིག་པའི་རྒྱལ་པོ་དང༌། ཁྲོ་བོའི་ཚོགས་དང༌། ཕོ་ཉ་དང༌། བྲན་དང༌། བཙུན་མོ་ལ་སོགས་པ་དང༌། སེམས་ཅན་དང༌། སྣོད་ཀྱི་འཇིག་རྟེན་ཐམས་ཅད་སྤྲུལ་ནས། རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ནི་བདག་ཡིན་ནོ་ཞེས་ཚིག་རེ་རེར་ཐམས་ཅད་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ནས་བསྒོམ་པར་བྱའོ། །བསྒོམས་པའི་ལས་ཀྱི་འབྲས་བུ་གང་ཡིན་ཞེ་ན། ཅི་སྟེ་འདོད་ན་བདག་ཉིད་དེས། །དེས་བྱ་གཟི་ཅན་དགེ་བ་ཡི། །གོ་འཕང་ཚེ་འདི་ཉིད་ལ་ཐོབ། །མི་འདོད་དངོས་གྲུབ་གོང་མ་བཞིན། །ཞེས་བྱ་བ་སྨོས་ཏེ། སྒྲུབ་པ་པོ་གང་ཡིན་པས་ཚེ་འདི་ཉིད་ལའོ། །གཟི་ཅན་ཞེས་བྱ་བ་ནི་འོད་
ཟེར་ཅན་ནོ། །བྱང་ཆུབ་པའི་རང་བཞིན་ཅན་གྱི་སེམས་དཔའ་ལ་སོགས་པའོ། །གོ་འཕང་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་བསྒོམ་པར་མི་འདོད་ན་གོང་དུ་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཉིད་འབའ་ཞིག་བསྒོམ་པ་དེའི་ཚེ། དེ་བསྒོམས་པས་འགྲུབ་པར་འགྱུར་ཏེ། རྫུ་འཕྲུལ་ཆེ་སྟོབས་གཟུགས་མཆོག་རྣམས། །རྡོ་རྗེ་སེམས་སོགས་འདྲ་བར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཉིད་དུ་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱ་བ་ནས། རྡོ་རྗེ་འབེབས་པའི་རྣལ་འབྱོར་བྱ་བའི་བར་ཇི་སྲིད་བདག་ཉིད་ཀྱིས་མངོན་སུམ་དུ་མཐོང་བར་གྱུར་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་རང་གི་ལུས་ལས་སྤྲུལ་ཏེ། དེའི་རང་བཞིན་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ནས་ཇི་སྲིད་དུ་བརྟན་པ་དང་གཡོ་བའི་དངོས་པོར་བདག་ཉིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་པར་བསྒོམས་ན་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ། །དེ་ལྟར་འགྱུར་བ་ཇི་ལྟར་ཤེས་ཤེ་ན། གཅིག་གི་ངོ་བོ་བརྟན་པར་བྱས་ཏེ། ཕྱི་ནས་ཚིག་རེར་ཐམས་ཅད་བདག་ཡིན་པར་ཞེས་བྱ་བ་སྨོས་ཏེ་བསྒོམས་པས་སོ། །བརྟན་པར་གྱུར་ནས་སྤྲོ་པར་བྱ། །བརྟན་པར་མ་གྱུར་དེ་མི་སྤྲོ། །ཞེས་གསུངས་སོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །དམ་ཚིག་འཛིན་པའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་སྟོན་པའོ། །དེའི་དམ་པའི་དངོས་གྲུབ་ནི་དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་བྱང་ཆུབ་སེམས་དཔའ་ཉིད་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྡོ་རྗེ་འཛིན་གྲུབ་པ་ནི་རྣམ་པར་སྣང་མཛད་ཆེན་པོ་དང༌། དེ་བཞིན་ཉིད་དང༌། རྡོ་རྗེ་འཆང་ཆེན་པོའི་རྡོ་རྗེ་འཛིན་ཆེན་པོའོ། །དངོས་གྲུབ་ནི་དེ་བཞིན་ཉིད་དུ་རོ་གཅིག་པར་གྱུར་པའོ། །དེ་ལྟར་བདག་ཅེས་བསྒོམས་ནས་ནི། །ཞེས་བྱ་བ་ནི་ཡང་དང་ཡང་མངོན་དུ་བྱས་པའོ། །སངས་རྒྱས་དང་ནི་གཟི་ཆེན་ཐོབ། །ཅེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པའོ། །མི་འདོད་དངོས་གྲུབ་གོང་མ་བཞིན། །ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །འདི་སྐད་
སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་རྣལ་འབྱོར་རམ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་རྣལ་འབྱོར་བྱས་ཏེ། གཟུགས་བརྙན་ལ་སོགས་པ་དང་མཚུངས་པར་བདག་ཉིད་བསྒོམ་པར་བྱའོ། །རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་པོ་དང་སྔགས་བརྗོད་ཅིང་སྔ་མ་བཞིན་དུ་དེ་བཞིན་གཤེགས་པའམ། རྡོ་རྗེ་སེམས་དཔའ་ལ་སོགས་པ་གཟུགས་བརྙན་དང་མཚུངས་པར་བདག་ཉིད་མངོན་སུམ་ལྟ་བུར་མཐོང་བ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཇི་སྲིད་ཐམས་ཅད་ཀྱི་རང་བཞིན་ནམ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་ནམ་མཁའ་ལ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་ནས་དེ་བཞིན་གཤེགས་པའམ། རྡོ་རྗེ་འཆང་བར་བདག་ཉིད་འགྱུར་རོ། །ཆོས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་ཐོབ་པའོ། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །དག་ཅེས་བརྗོད་ན་ངེས་པར་ཡང༌། །ཞེས་བྱ་བ་ནི་དོན་དམ་པར་ན་དངོས་པོ་མེད་པའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་བཛྲ་ཛྙཱ་ན་ནས་གརྦྷ་ཨ་ཨཿ་ཞེས་བྱ་བའི་བར་གྱི་ཆོས་ཀྱི་ཡི་གེའི་ངོ་བོ་བརྗོད་ཅིང་སྨྲས་པའོ། །ཅི་ཙམ་ཞིག་རང་བཞིན་གྱིས་དག་པར་འགྱུར་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་སྨོས་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དོ། །རང་བཞིན་གྱིས་དག་པ་ནི་སྟོང་པ་ཉིད་དོ། །ཆོས་ཀྱི་ཡི་གེའི་ངོ་བོ་བརྗོད་པ་ནི་སྨྲས་པའོ། །སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་ཐོབ་པར་འགྱུར་རོ། །སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་རམ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་ལྕེ་ལ་བཛྲ་ཛྙཱ་ན་ལ་སོགས་པ་ཆོས་ཀྱི་ཡི་གེ་རྣམ་པར་བསམ་པར་བྱའོ། །ཕྱིས་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་དེ་རྣམ་པར་བཀོད་ན། དེ་རྡོ་རྗེའི་ཚིག་གིས་བརྗོད་ཅིང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་བརྙན་སྣང་བ་ཙམ་གྱིས་རྣམ་པར་དག་པར་བདག་ཉིད་བསྒོམས་ཏེ། ཇི་སྲིད་དུ་དེའི་ངོ་བོར་བདག་ཉིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཇི་སྲིད་དུ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ནམ་མཁའི་ཁམས་ཐམས་ཅད་
དུ་དེ་བཞིན་གཤེགས་པའི་བདག་ཉིད་དམ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདག་ཉིད་དུ་མཐོང་བར་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་དུ་བསྒྲུབས་ན་དེ་བཞིན་གཤེགས་པའམ། ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་དམ་པའི་དངོས་གྲུབ་ནི་ལས་ཀྱི་ཕྱག་རྒྱ་ནི་དམ་པའི་དངོས་གྲུབ་བོ། །ཐམས་ཅད་ཀྱི་ནི་ཀུན་དག་པར། །ཞེས་བྱ་བ་ནི་སྦྱོར་བ་དང༌། ཡོངས་སུ་སྦྱོང་བ་དང༌། སོ་སོར་རྟོག་པ་དང༌། སྒྲུབ་པ་ལྷུར་ལེན་པའི་བརྩོན་འགྲུས་ཀྱི་མཚན་ཉིད་དང༌། སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་སྤྲུལ་པའི་མཛད་པའི་སྒེག་མོ་ལ་སོགས་པའི་ཆོད་པ་བརྒྱད་དང༌། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་བཅུ་དྲུག་གི་མཚན་ཉིད་དོ། །ལས་རྣམས་ཐམས་ཅད་སྦྱངས་ནས་ནི། །ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཐམས་ཅད་རྣམ་པར་སྦྱངས་པའོ། །དེའི་ཕྱིར་ཀུན་ནས་ཀུན་དུ་རྣམ་པར་དག་པའི་ཕྱིར་ལས་རྣམས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཡོངས་སུ་སྦྱོར་བའི་ལས་ཐམས་ཅད་རང་བཞིན་གྱིས་འོད་གསལ་པའི་སྒྱུ་མ་དང་མཚུངས་པར་བསྒོམས་པའོ། །བསྒོམས་པས་ཅིར་འགྱུར་ཞེ་ན། སངས་རྒྱས་གཟི་ཆེན་ཐོབ་ཅེས་བྱ་བ་སྨོས་ཏེ། འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རྣལ་འབྱོར་རམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། སྒེག་མོ་ལ་སོགས་པ་རྣམས་དང༌། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། དེའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་རྣམ་པར་བསམས་ནས། དེའི་སྟེང་དུ་སྙིང་པོའམ་སྔགས་རང་གི་ཡིད་ཀྱིས་བྲིས་ལ། དེའི་སྙིང་པོའམ་སྔགས་རྡོ་རྗེའི་ཚིག་གིས་བརྗོད་ཅིང༌། རང་བཞིན་གྱིས་འོད་གསལ་བའི་སྣང་བརྙན་ཙམ་དུ་དེ་བཞིན་གཤེགས་པའམ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་དུ་ཇི་སྲིད་བདག་ཉིད་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཐམས་ཅད་ཀུན་དུ་ཁྱབ་པར་རྣམ་པར་བསམས་ལ། སྔ་མ་བཞིན་དུ་ང་རྒྱལ་བསྐྱེད་དེ། ཇི་སྲིད་དུ་དེའི་གཟུགས་སུ་བདག་ཉིད་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་ན་དེ་དེ་བཞིན་གཤེགས་པའམ་རྡོ་རྗེ་འཆང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དམ་པའི་
དངོས་གྲུབ་རྣམས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་དམ་པའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དེ་བཞིན་གཤེགས་པ་དང༌། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་དམ་པའི་དངོས་གྲུབ་ནི་བཤད་མ་ཐག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །རང་གི་རིགས་ནི་རྡོ་རྗེའི་རིགས་སོ། །དམ་པའི་དངོས་གྲུབ་ནི་རང་གི་རིགས་ཀྱི་དམ་པའི་དངོས་གྲུབ་སྟེ་སྔ་མ་བཞིན། དངོས་གྲུབ་ཀུན་སྦྱོར་སངས་རྒྱས་ཀྱི། །ཞེས་བྱ་བ་ནི་ཁམས་ གསུམ་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་འཇིག་པའི་བསྐལ་པའི་མེ་ལ་སོགས་པ ་རྣམས་ཀྱིས་གནོད་པར་གྱུར་པའི་གདུལ་བྱའི་དབང་གིས་སངས་རྒྱས་རྣམས་ཀྱི་བཀས་ནི་སངས་རྒྱས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ལ་བཀའ་སྩལ་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་བཀའོ། །དེའི་ཕྱིར་སངས་རྒྱས་ཀྱིས་བཀའ་སྩལ་པའི་རྒྱུ་ཡིས་སོ། །སེམས་ཅན་ཀུན་གྱི་དོན་དུ་ཞེས་བྱ་བ་ནི་སེམས་ཅན་ཡང་ཡིན་ལ་ཀུན་ཡང་ཡིན་པས་ན་སེམས་ཅན་ཀུན་དོན་ནོ། །ལྷ་ཆེན་པོ་ལ་སོགས་པ་བཙན་ཐབས་ཀྱིས་སྒྲུབ་པ་དང༌། བཀུག་ནས་གཡུལ་བཤམས་པ་དང༌། རྩོད་པས་བསྒྲུབ་པ་སྟེ། དེ་དག་གི་དོན་ནི་སེམས་ཅན་ཀུན་གྱི་དོན་ཡིན་པ་དེའི་ཕྱིར་སེམས་ཅན་ཀུན་གྱི་དོན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསྐྱེད་པའི་དོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ །དངོས་གྲུབ་ཀུན་སྦྱོར་ཞེས་བྱ་བའི་དངོས་གྲུབ་ཀྱང་ཡིན་ལ་ཀུན་སྦྱོར་ཡང་དེ་ཡིན་པས་ན་དངོས་གྲུབ་ཀུན་སྦྱོར་ཏེ། རྡོ་རྗེ་ཧཱུཾ་མཛད་དང་ཁྲོ་བོ་རྡོ་རེ་སེམས་དཔའ་ནས་བརྩམས་ཏེ། རྡོ་རྗེའི་རིགས་ཐམས་ཅད་ཀྱི་དངོས་གྲུབ་པོ། །དེའི་ཀུན་དུ་སྦྱོར་བ་ནི་དངོས་གྲུབ་ཐམས་ཅད་ཀྱི་རབ་ཏུ་སྦྱོར་བའོ། །ཕྱག་རྒྱ་ཆེན་པོ་སོ་སོར་བཅིངས་ནས་སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྡོ་རྗེའི་རིགས་ཀྱི་གཟུགས་སུ་སྤྲུལ་ཅིང་བསྐྱེད་ནས་བདག་ཉིད་བྱ་བ་བྱས་སོ་ཞེས་ལྷག་པར་མོས་པ་དེས་བསྒྲུབས་ལ། རྡོ་རྗེ་ཧཱུཾ་མཛད་དང༌། དེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་བདག་ཉིད་བསྐྱེད་པའོ། །དེའི་རང་བཞིན་དུ་ཡང་དང་ཡང་དུ་མོས་པས། ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཅེས་བྱ་བ་ནི་ཚེ་འདི་ཉིད་ནི་མཐོང་བའི་ཆོས་ལ་གདོན་མི་ཟ་བ་
ཉིད་དུ་རྡོ་རྗེ་འཆང་ཆེན་པོ་ཐོབ་པོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །འདི་སྐད་སྟོན་ པ་ཡིན་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་རམ། ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་དེ་ཉིད་དང་དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་དང༌། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་བཅུ་དྲུག་གིས་བདག་ཉིད་ཡང་དག་པར་མཆོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཞི་བྱས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཕྱུང་ནས་ཕྱོགས་བཅུ་ཐམས་ཅད་དུ་རྡོ་རྗེ་ཧཱུཾ་མཛད་སྤྲུལ་པར་ལྟ་སྟེ། ཡན་ལག་ཐམས་ཅད་ལས་ཧཱུཾ་ཞེས་བྱ་བས་སངས་རྒྱས་ཧཱུཾ་མཛད་བསྐུལ་ཏེ། རང་གི་རྡོ་རེ་ལས་རང་གི་རྡོ་རྗེའི་རིགས་སྤྲུལ་ནས་བསྐལ་པའི་རླུང་གིས་བསྐྱོད་པའི་བསྐལ་པའི་མེ་ལྟ་བུ་རྡོ་རྗེ་འབར་བའི་ཀུན་ནས་འཁྲུག་པའི་འོད་ཟེར་གྱིས་གདུག་པ་ཐམས་ཅད་འདུལ་བ་དང༌། ཞི་བ་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་པའི་སེམས་ཅན་གདུག་པ་ཅན་ཐམས་ཅད་བ་ཏུལ་ནས། ཐམས་ཅད་དེ་བཞིན་གཤེགས་ པ་ལ་སོགས་པར་གྱུར་ནས། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་རང་བཞིན་དུ་རྣམ་པར་བསམས་ཏེ། སརྦྦ་བཛྲ་ཀུ་ལ་སྭ་བྷཱ་བ་ཨ་ཧཾ་ཞེས་ང་རྒྱལ་བསྐྱེད་ནས་བྱ་བ་བྱས་པ་ཉིད་ཀྱིས་རྡོ་རྗེ་ཧཱུཾ་མཛད་བདག་ཉིད་བསྒོམ་པར་བྱ་བའམ། ཡང་ན་ཁྲོ་བོ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོར་བཅིངས་ཏེ། སྒྲུབ་པ་པོ་དེ་ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདག་ཉིད་ཀྱིས། སརྦྦ་བཛྲ་ཀུ་ལ་སྭ་བྷཱ་བ་ཨ་ཧཾ་ཞེས་ང་རྒྱལ་བསྐྱེད་ཅིང་བསྒོམ་པར་བྱའོ། །དེ་ལྟར་ན་ཚེ་འདི་ཉིད་ལ་སངས་རྒྱས་སུ་འགྲུབ་པར་འགྱུར་རོ། །སྔ་མ་བཞིན་དུ་གང་ཡང་རུང་བའི་གཟུགས་ཤིག་བསྟན་པར་བྱས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྲས་བུར་གྱུར་པ་དེ་བཞིན་དུ་ཐམས་ཅད་དུ་ཡང་ཤེས་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་དམ་པའི་དངོས་གྲུབ་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་དངོས་གྲུབ་སྟེ། དེ་སྟོན་པར་བྱེད་པའི་རྒྱུད་ལ་དེ་སྐད་ཅེས་བྱའོ། །ཕྱག་རྒྱ་ཆེན་པོའི་ཚུལ་དུ་
ནི། །ཇི་ལྟར་རྡོ་རྗེ་འཛིན་གྲུབ་པ། །དེ་བཞིན་བདག་ཅེས་བསྒོམས་ནས་ནི། །ཞེས་བྱ་བ་ལ། ཇི་ལྟར་རྡོ་རྗེ་འཛིན་པ་ནི་ཐོག་མ་མེད་པའི་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣག་བཞིན་དངོས་གྲུབ་བསྒྲུབ་པ་དེ་ལྟ་བུ་ནི་བདག་ཡིན་ནོ་ཞེས་བསྒོམ་པར་བྱའོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། ཕྱག་རྒྱ་ཆེན་པོའི་ཚུལ་དུ་ནི། །ཞེས་བྱ་བ་སྨོས་ཏེ། ཕྱག་རྒྱ་ཆེན་པོ་རྣམས་ལ་རབ་ཏུ་སྦྱོར་བ་ནི་ཕྱག་རྒྱ་ཆེན་པོའི་ཚུལ་ཏེ་དེ་ཡང་སྔར་བཤད་ཟིན་ཏོ། །ཕྱག་རྒྱ་ཆེན་པོའི་ཚུལ་དུ་བསྒོམ་པ་དེས་ཅི་ཞིག་ཏུ་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཟི་ཅན་ཐོབ། །ཅེས་བྱ་བ་སྨོས་ཏེ། འདི་སྐད་དུ་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་གའི་ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པའི་དབུས་སུ་སྙིང་པོ་ཡིད་ཀྱིས་བྲིས་ཏེ། དེ་ཉིད་བརྗོད་ཅིང་གཟུགས་བརྙན་དང་མཚུངས་པར་སྔ་མ་བཞིན་དུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་དེ་ལྟར་ནམ་མཁའི་ཁམས་ཀྱི་ངོ་བོའི་རྡོ་རྗེའི་རིགས་ཀྱི་ངོ་བོ་ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་པ་གང་ཡིན་པ་དེ་མངོན་སུམ་དུ་མཐོང་བར་འགྱུར་ཏེ། དེས་སྐད་ཅིག་དེ་ཉིད་ལ་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཡི་གེ་མེད་པའི་ཆོས་རྣམས་ལ། །རབ་ཏུ་སྤྲོ་བ་ཡོད་མིན་ཏེ། །ཞེས་བྱ་བ་ནི་ཡི་གེ་ཨ་ལ་སོགས་པ་དེ་རྣམས་མིང་འདོགས་ན་ཡི་གེ་མེད་པའི་ཆོས་རྣམས་ལའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པ་དེའི་སེམས་དང་སེམས་ལས་བྱུང་བའོ། །ཅིའི་ཕྱིར་ཡི་གེ་མེད་པ་ཡིན་ཞེ་ན། བཤད་མ་ཐག་པའི་ཕྱིར་དེ་རྣམས་ཀྱི་རྣམ་པར་རྟོག་པའི་སྤྲོས་པ་ཡོང་པ་མ་ཡིན་པས་གཉིས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་མཆོག་འདི་ནི་བསྟན་བྱེད་ཅིང༌། །ཞེས་བྱ་བ་ནི་འདི་ཉིད་སྨྲས་པ་ཡིན་ཏེ། སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་ཆོས་ཀྱི་ཡི་གེ་ཧཱུཾ་བརྗོད་པའོ། །གང་གི་ཚེ་བརྗོད་ཅེ་ན། ཆོས་ཀྱི་མཆོག་བསྒོམས་ན་ཞེས་བྱ་བ་སྨོས་ཏེ། ཡི་གེ་ཧཱུཾ་ལ་སོགས་པའི་ཆོས་ཀྱི་ཕྱག་རྒྱ་མཆོག །ཡང་དང་ཡང་མངོན་དུ་བྱས་ན་གཟི་བརྗིད་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་འབྲས་བུ་གསུངས་
པའོ། །སྔ་མ་བཞིན་དུ་ཐམས་ཅད་བྱས་ལ། ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་ཡིད་ཀྱིས་བྲིས་ནས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ལྕེ་ལ་རྣམ་པར་བསམ་པར་བྱའོ། །རང་གི་སྙིང་གའི་རྡོ་རྗེ་ལ་ཡང་དེ་མངོན་པར་བྲིས་ལ་དེ་ཉིད་བརྗོད་ཅིང་གཟུགས་བརྙན་དང་མཚུངས་པའི་རྡོ་རྗེ་རིགས་ཀྱི་རང་བཞིན་བདག་ཉིད་ཀྱི་ཕྱག་རྒྱ་ཆེན་པོའི་སྦྱོར་བས་བསྒོམ་པར་བྱའོ། །སྔ་མ་བཞིན་དུ་མཚན་ཐོག་ཐག་བསྒོམས་ན་དེའི་རྗེས་ལ་རྡོ་རྗེ་འཆང་ཆེན་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དགེ་བའམ་ཡང་ན་མི་དགེ་བ། །གང་གིས་ལས་རྣམས་བྱས་པ་ནི། །ཞེས་བྱ་བ། སངས་རྒྱས་ལ་སོགས་པ་ལ་ཕུལ་བ་ལ་ཞི་བའི་ལས་ཀྱི་སྦྱོར་བ་འདི་ནི་དགེ་བའི་ལས་སོ། །རྣམ་པར་འཚེ་བ་ནི་མི་དགེ་བའི་ལས་སོ། །ཁྲོ་བ་ནི་མི་དགེ་བའི་ལས་ཉིད་དུ་གྲགས་པའི་ཕྱིར་འཇིག་རྟེན་ལས་གྲགས་པ་དེ་ལྟར་བརྗོད་པར་བྱའོ། །འདི་ལྟར་དགེ་བ་དན་མི་དགེ་བས་ཅུང་ཟད་བྱེད་པ་དེ་དག་ཐམས་ཅད་རྣལ་འབྱོར་པས་དེ་བཞིན་གཤེགས་པ་རྣམས་ལ་དབུལ་བར་བྱའོ། །ཕུལ་བས་ཅི་ཞིག་ཏུ་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཟི་ཅན་འགྱུར། །ཞེས་བྱ་བ་སྨོས་ཏེ། དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་གང་གི་ཁྲོ་བོའི་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་བྱས་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། རང་གི་ཁྲོ་བོའི་ལས་ཀྱི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིངས་ནས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་ལ་སྔགས་ཟློས་ཤིང་ཡིད་ཀྱིས་བཀོད་ལ། དེ་ཉིད་བརྗོད་ཅིང་ནམ་མཁའི་ཁམས་ཐམས་ཅད་དུ་སྔ་མ་བཞིན་དུ་རྡོ་རྗེའི་རིགས་ཀྱིས་བཀང་ནས་ལྷ་ཆེན་པོ་ལ་སོགས་པའི་གདུག་པ་ཐམས་ཅད་འདུལ་བ་དང༌། ཞི་བ་རྣམས་རྗེས་སུ་གཟུང་བ་ལ་སོགས་པ་དེ་རྣམ་པར་བསམས་ཏེ། དེ་རང་རང་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་བྱས་ནས། བདག་གིས་གདུག་པ་གདུལ་བ་ལ་སོགས་པའི་ལས་འདི་མཛོད་ཅིག་ཅེས་གསོལ་བ་བཏབ་ནས། དེ་ལྟར་དེ་རྣམས་ལ་དགེ་བ་དང་མི་དགེ་བའི་ལས་རྣམས་ཕུལ་བར་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་མཚན་ཐོག་ཐག་བསྒོམས་ལ་བསྒྲུབས་ན་ཇི་སྲིད་མངོན་སུམ་དུ་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམས་ན། དེ་སྐད་ཅིག་གིས་གཟི་བརྗིད་ཅན་དུ་འགྱུར་རོ།།
འདོད་ཆགས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ལ་བདག་མེད་མཁས་པ་ཡིས། །འདིར་གོམས་པ་འདི་ཆགས་པའོ། །ཞེས་བཤད་དོ། །དེ་དག་པ་ནི་དྲི་མ་ཐམས་ཅད་དང་བྲལ་བའོ། །འདི་ལྟར་འདི་དག་པ་ཡིན་ཞེ་ན། ངོ་བོ་ཉིད་ཀྱིས་ཞེས་བྱ་བ་སྨོས་ཏེ། ངོ་བོ་ཉིད་ནི་སྒྲོ་འདོགས་པ་མེད་པ་གཉུག་མའི་བདག་ཉིད་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལས་བྱུང་བ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་འདོད་ཆགས་ཏེ། དེ་ལྟར་གྱུར་པའི་འདོད་ཆགས་དེ་ལ་མུ་སྟེགས་ཅན་གྱིས་སྨད་པར་གྱུར་པའོ། །དེ་ལ་མྱ་ངན་ལས་འདས་པའི་རྒྱུད་ལ་འཇུག་པའི་ཐབས་ཀྱིས་ལས་དང་ལྡན་པ་དེ་ལ་སྤྱིར་མུ་སྟེགས་ཞེས་བརྗོད་དོ། །སངས་རྒྱས་པའི་ཐེག་པ་ཆེན་པོ་སྤོང་བའི་ལམ་གཞན་འདི་ནི་མུ་སྟེགས་ཏེ། དེ་གང་ལ་ཡོད་པ་དེ་ནི་མུ་སྟེགས་ཅན་ནོ། །དེ་ཡོད་པས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའོ། །འཇིག་རྟེན་པའི་ལམ་ལ་ཞུགས་པ་འདི་བདེན་སྙམ་དུ་རྨོངས་པའི་མུ་སྟེགས་ཅན་གྱིས་སྨོད་པའོ། །དེ་ལ་ཆགས་པའི་ཆོས་འདི་ནི། །ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པ་དེ་གཉི་གའི་བདག་ཉིད་དག་པའི་འདོད་ཆགས་དེ་ལ་ཤིན་ཏུ་ཆགས་པས་ཡང་དང་ཡང་མངོན་དུ་བྱས་པ་འདི་ནི་ཐེག་པ་ཆེན་པོ་སྟེ། རྡོ་རྗེ་ཐེག་པའི་རང་བཞིན་ནོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། འདི་ཁོ་ན་ཐེག་པ་ཆེན་པོའི་ཆོས་ཡིན་ནོ་ཞེས་རིམ་པ་བཞིན་དུ་སྦྱར་བར་བྱའོ། །གང་གི་ཕྱིར་ཆོས་འདི་རྣལ་འབྱོར་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་ཀྱི་དངོས་གྲུབ་འགྲུབ་པའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་འགྲོ་བ་འདུལ་བའི་རྣལ་འབྱོར་རམ། དེའི་རིགས་ཀྱི་རྣལ་འབྱོར་དེ་དང་དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། པདྨའི་སྒེག་མོ་ལ་སོགས་པ་དང༌། པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་བཅུ་དྲུག་གིས་བདག་ཉིད་ཡང་དག་པར་མཆོད་ལ། ཕྱག་བཞིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོའམ། སངས་རྒྱས་པདྨ་ལ་སོགས་པ་དེའི་
རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཆོས་བདག་ལ་ཆགས་པའི་རང་བཞིན་གྱི་སྣང་བརྙན་ཙམ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་བདག་ཉིད་བསམས་ཏེ། རང་གི་སྙིང་གའི་པདྨའི་རྡོ་རྗེ་ལ་སྔགས་བཟླས་ཤིང་བཀོད་དོ། །ནམ་མཁའ་ཐམས་ཅད་པདྨའི་རིགས་ཀྱིས་དགང་བར་བསམས་ལ་རང་གི་སྔས་བརྗོད་པར་བྱའོ། །འཇིག་རྟེན་དབང་ཕྱུག་ཏུ་བདག་ཉིད་བསྒོམས་ནས་ཇི་སྲིད་བདག་ཉིད་དེའི་གཟུགས་སུ་མངོན་སུམ་ལྟ་བུར་མཐོང་བར་གྱུར་པ་དེ་ཉིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་པདྨའི་རིགས་ཀྱི་ངོ་བོས་ཐམས་ཅད་དུ་ཁྱབ་པར་ཇི་སྲིད་བདག་ཉིད་ཀྱིས་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེའི་རྗེས་ལ་སྔ་མ་བཞིན་ཡང་དང་ཡང་དུ་བསྒྲུབས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་དུ་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཏིང་འཛིན་བརྟན་པའི་ཚུལ་གྱིས་ནི། །བྱམས་པ་ཆེན་པོ་བསྒོམས་ནས་ཀྱང། །ཞེས་བྱ་བ་ལ། བསྒོམས་པས་ནི་ཡང་དང་ཡང་མངོན་དུ་བྱས་པའོ། །ཅི་ཞིག་གོམས་པར་བྱེད་ཅེ་ན། ཅི་ལྟར་བྱ་ཞེ་ན། ཏིང་འཛིན་བརྟན་པའི་ཚུལ་གྱིས་ནི། །ཞེས་བྱ་བ་སྨོས་ཏེ། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །དེ་ཉིད་བརྟན་པའི་ཚུལ་གྱིས་ནི་མི་ཤིགས་བའི་སྦྱོར་བའོ། །ཏིང་ངེ་འཛིན་བརྟན་པར་གྱུར་ནས་སྤྲོ་བར་བྱའོ། །བྱམས་པ་ཆེན་པོ་དེ་ཕྱོགས་བཅུར་བཀང་བར་ཇི་ལྟར་བྱ་ཞེ་ན། ཆོ་ག་བཞིན་ལྡན་ཁྱབ་བྱས་ནས། །ཞེས་བྱ་བ་སྨོས་ཏེ། བྱམས་པ་བསྒོམ་པའི་མན་ངག་གིས་ཏེ། སྔར་བཤད་པའི་མན་ངག་གིས་སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྡན་ཞེས་བྱ་བ་ནི་ཏིང་ངེ་འཛིན་བཟང་པོ་དང་ལྡན་པའི་ཐ་ཚིག་གོ །བསྒོམས་པ་དེས་ཅིར་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཟི་ཅན་ཐོབ། །ཅེས་བྱ་བ་སྨོས་སོ། །འདི་སྐད་སྟོན་པ་ཡིན་།ཏེ། སྔ་མ་བཞིན་དུ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ཏེ། མཆོད་པ་དང་ཕྱག་བྱ་བ་རྗེས་སུ་སྤྱད་ལ། རང་གི་དམ་ཚིག་གི་ཕྱག་རྒྱས་བཅིངས་ཏེ། རང་གི་སྙིང་གའི་ཟླ་བ་ལ་གནས་པའི་རྡོ་རྗེ་པདྨ་ལ་སྙིང་པོ་བཀོད་པ་ཉིད་བརྗོད་ཅིང༌། སེམས་ཅན་གྱི་ཁམས་ཐམས་ཅད་ལ་བྱམས་པ་ཆེན་པོ་སྤྲོས་ཏེ། པདྨའི་རིགས་ཀྱི་གཟུགས་སུ་རྣམ་པར་བསམས་ལ། རང་
བཞིན་གྱིས་རྣམ་པར་དག་པའི་སྣང་བརྙན་ཙམ་དུ་བདག་ཉིད་སྔ་མ་བཞིན་དུ་བསམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་ལ་དེའི་རྗེས་ལ་ནམ་མཁའ་ཐམས་ཅད་པདྨའི་རིགས་ཀྱིས་ཡོངས་སུ་གང་བར་མཐོང་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ལ་སོགས་པ་བཞིན་ནོ། །འདོད་ཆགས་ངོ་བོ་ཉིད་ཀྱིས་དག །ཅེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་དག་པ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་ནས་ངོ་བོ་ཉིད་ཀྱིས་དག་པའོ། །ངོ་བོ་ཉིད་ཀྱིས་དག་པ་དེ་གང་ཡིན་ཞེ་ན། འདོད་ཆགས་ཞེས་བྱ་བ་སྨོས་ཏེ། འདོད་པ་གང་ཡིན་པ་དེ་ཆགས་པ་ཡང་ཡིན་པས་ན་དེ་འདོད་ཆགས་སོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བའི་མཐར་ཐུག་པའི་ཆགས་པ་ཆོས་བདག་མེད་པའི་ཆགས་པ་ཞེས་བྱ་བའི་དོན་ཏོ། །སྨྲ་བར་གྱུར་པ་ཞེས་བྱ་བ་ནི་ཇི་ལྟ་བའི་ཡི་གེ་ཧྲཱིཿ་ལ་སོགས་པ་པདྨའི་རིགས་ཀྱིས་ཆོས་ཀྱི་ཡི་གེ་བརྗོད་པའོ། །ཅི་ཞིག་སྨྲ་ཞེ་ན། ཚུལ་འདི་ནི་ཞེས་བྱ་བ་སྨོས་ཏེ། ཆོས་བདག་མེད་པ་ལ་ཤིན་ཏུ་ཆགས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་ཚུལ་ཡིན་ཏེ། སྨྲ་བར་གྱུར་པའི་ཚུལ་འདི་ཞེས་བྱ་བའོ། །དེ་ལྟར་འདི་སྨྲས་པས་ཅི་ཞིག་ཏུ་འགྱུར་ཞེ་ན། འདོད་ཆགས་ཕ་རོལ་ཕྱིན་རྙེད་དེ། །སྐད་ཅིག་གིས་ནི་གཟི་ཅན་ཐོབ། །ཅེས་བྱ་བ་སྨོས་ཏེ། འདོད་ཆགས་ཀྱི་ཕ་རོལ་ཏུ་སོན་པས་ན་འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་བདག་མེད་པ་མངོན་དུ་བྱ་བ་དེ་ཐོབ་པས་ན་འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྙེད་པར་གྱུར་པའོ། །སྐད་ཅིག་མ་དེ་ཉིད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་ཉིད་ཀྱིས་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ལྕེ་ལ་རྡོ་རྗེ་དཀར་པོ་རྣམ་པར་བསམས་ཏེ། ཡི་གེ་ཧི་ལ་སོགས་པའི་ཆོས་ཀྱི་ཡི་གེ་ལྕེའི་དབུས་སུ་དགོད་པར་བྱའོ། །ཡང་སྙིང་གའི་རྡོ་རྗེ་པདྨ་ཉི་མ་ཉིད་ལ་ཆོས་ཀྱི་ཡི་གེ་རྣམ་པར་བསམས་ལ། དེ་བརྗོད་ཅིང་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བས། རང་གི་ལྷའི་གཟུགས་སྣང་
བརྙན་ཙམ་དུ་བསམས་ལ། པདྨའི་རིགས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་གང་བར་སྔ་མ་བཞིན་དུ་བསྒོམས་ན་གདོན་མི་ཟ་བར་འཇིག་རྟེན་དབང་ཕྱུག་ཏུ་འགྱུར་རོ། །དེ་ནས་ལས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །བདག་གིས་བ་ལྷ་དང་རེག་པ་དང། །ཞེས་བྱ་བ་ནི་སེམས་ཅན་འགའ་ཞིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཇི་ལྟ་བ་བཞིན་དུ་མཐོང་བ་ཙམ་གྱིས་སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །འཕགས་པ་ནོར་བཟངས་བཞིན་དུ་འགའ་ཞིག་གིས་རེག་པ་ཙམ་གྱིས་སམ། འགའ་ཞིག་གེས་མཚན་ཉན་པ་ཙམ་གྱིས་སམ། དྲན་པ་ཙམ་གྱིས་ཀྱང་གསོད་པ་དང༌། འཆིང་བ་ལ་སོགས་པ་སྡུག་བསྔལ་དང་བྲལ་བར་འགྱུར་རོ། །དེ་ནས་བདག་ཉིད་སེམས་ཅན་ཐམས་ཅད་དུ་འགྱུར་བ་ཡིན་ནོ་ཞེས་བསྒོམ་པར་བྱའོ། །བསྒོམས་པས་ཅི་ཞིག་བྱེད་ཅེ་ན། །སྡུག་བསྔལ་ཀུན་གྱི་མཐར་བྱེད་འགྱུར། །ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་ཡང་ཡིན་ལ་ཀུན་ཡང་དེ་ཡིན་པས་ན་སྡུག་བསྔལ་ཀུན་ཏེ། སེམས་ཅན་རྣམས་ཀྱི་གདུང་བར་བྱེད་པའི་ངོ་བོ་དེ་དག་སེལ་བར་བྱེད་པ་དེའི་ཕྱིར་སྡུག་བསྔལ་ཀུན་གྱིས་མཐར་བྱེད་པ་བཞིན་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་སྐད་བཤད་པ་བཞིན་དུ་གནས་པར་འདོད་ན་བདག་དེ་ལྟ་བུར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རང་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་རྣལ་འབྱོར་གྱིས་ཐམས་ཅད་རྗེས་སུ་སྤྱད་པའི་ཕྱིར་རང་གི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། སྙིང་གའི་ཟླ་བ་ལ་ཧྲཱིཿ་ལས་སྣ་ཚོགས་པདྨ་རྒྱ་གྲམ་རྣམ་པར་བསམས་ལ་དེའི་སྟེང་དུ་བཟླས་པའི་སྙིང་པོ་བཀོད་དེ། ཟློས་ཤིང་ཕྱོགས་བཅུ་ར་འཇིག་རྟེན་དབང་པོའི་གཟུགས་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སྡུག་བསྔལ་བས་ལ་ནས་པདྨའི་རིགས་ཀྱི་ངོ་བོར་རྣམ་པར་བསམས་ཏེ། སརྦྦ་ཨི་བ་ཨ་ཧཾ་ཞེས་ང་རྒྱལ་བསྐྱེད་ནས་རང་བཞིན་གྱིས་འོད་གསལ་བའི་སྣང་བརྙན་ཙམ་དེའི་རང་བཞིན་བདག་ཡིན་ནོ་ཞེས་བསྒོ་པར་བྱས་ལ། སྔ་མ་བཞིན་དུ་བསྒྲུབས་ན་དེའི་རྗེས་ལ་སྐད་ཅིག་དེ་ཉིད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་འགྱུར་རོ། །ནོར་བུའི་རིགས་ཀྱི་དོན་ཐམས་ཅད་གྲུབ་པ་ལ་
སོགས་པ་ནས་རིན་ཆེན་འབེབས་པའི་མཐར་ཐུག་པའི་དམ་པའི་དངོས་གྲུབ་དེའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་འབྲས་བུ་འགྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ཞེས་བྱ་བ་ནི་དམིགས་ཀྱིས་དགར་བའོ། །ཕྱག་རྒྱ་ཆེན་པོའི་དམ་པའི་དངོས་གྲུབ་དེ་སྟོན་བར་བྱེད་པའི་སྒྲའི་ཚོགས་ལ་ཡང་རྒྱུད་ཅེས་བྱའོ། །སངས་རྒྱས་ཀུན་དབང་བདག་གྱུར་ཞེས་བྱ་བ་ནི་སངས་རྒྱས་ཀུན་གྱིས་དབང་བསྐུར་བའི་ནོར་བུའི་རིགས་སོ། །དེ་བདག་གོ་ཞེས་བྱ་བ་བསྒོམས་པ་ནི་བདག་འགྱུར་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བ་བཞིན་དུ་བྱ་ཞེ་ན། རྡོ་རྗེ་སྙིང་པོ་ཇི་བཞིན་དུ། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ནོར་བུའི་རིགས་ཀྱི་སྙིང་པོ་བསྒོམས་པ་དེ་བཞིན་དུ་བདག་ཉིད་ཀྱང་བྱའོ་ཞེས་བྱ་བ་ནི་ཇི་བཞིན་དུའོ། །བསྒོམ་པར་བྱ་བ་རྣམ་བསྒོམས་ན། །ཞེས་བྱ་བ་ནི་ནོར་བུའི་རིགས་དེ་ཡང་དང་ཡང་མངོན་དུ་བྱས་པའོ། །ན་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། ཡང་དང་ཡང་མངོན་དུ་བྱས་པའོ། །ཅི་ཞིག་ཏུ་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཟི་ཅན་ཐོབ། །ཅེས་བྱ་བ་སྨོས་སོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་འདོད་པའི་ལྷའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ་རིན་ཆེན་སྒེག་མོ་ལ་སོགས་པ་རྣམས་དང༌། ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་བཅུ་དྲུག་གིས་བདག་ཉིད་ཡང་དག་པར་མཆོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཞི་བྱས་ཏེ་ལངས་ལ་རང་གི་ལྟ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་པོ་བརྗོད་ཅིང་དེ་བཞིན་གཤེགས་པ་ལ་སོགས་པས་སེམས་ཅན་གྱི་ཁམས་ཐམས་ཅད་ནོར་བུའི་རིགས་ཀྱི་དབང་བསྐུར་བས་དབང་བསྐུར་ཏེ། ནོར་བུའི་རིགས་ཀྱི་རང་བཞིན་དུ་རྣམ་པར་བསམས་ཏེ། ལྷ་ཐམས་ཅད་ནམ་མཁའ་དང་མཚུངས་པའི་སྣང་བརྙན་ཙམ་ནི་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་དེ། ཇི་སྲིད་བདག་ཉིད་རང་གི་ལྷའི་རང་བཞིན་དུ་མངོན་སུམ་ལྟ་བུར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམས་ན་བདག་ཉིད་དེའི་རང་བཞིན་དུ་མཐོང་བར་འགྱུར་རོ། །དེ་ནས་ནོར་བུའི་རིགས་ཐམས་ཅད་དུ་སོང་བར་ཇི་སྲིད་དུ་མངོན་སུམ་ལྟ་བུར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་
ཐོག་ཐག་བསྒོམས་ན་དེའི་རྗེས་ལ་མངོན་སུམ་དུ་མཐོང་བར་གྱུར་པ་དང༌། དེ་ནས་སྐད་ཅིག་དེ་ཉིད་ལ་རྡོ་རྗེ་སྙིང་པོར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཡོངས་སུ་རྫོགས་པར་བྱེད་འགྱུར་ཞིང༌། །ཞེས་བྱ་བ་ནི་བདག་ཉིད་གྱུར་ཅིང་བསྒོམས་པའོ། །ཅི་ལྟར་འགྱུར་ཞིང་ཞེ་ན། སེམས་ཅན་ཀུན་གྱི་རེ་བ་ཀུན། །ཡོངས་སུ་རྫོགས་པར་བྱེད་པའོ། །ཞེས་བྱ་བ་སྨོས་སོ། །ཅི་འདྲ་བ་ཞིག་ཅེ་ན། ནམ་མཁའི་སྙིང་པོ་འདྲ་བ་ནི། །ཞེས་བྱ་བ་སྨོས་སོ། །དེ་བཞིན་དུ་འཕགས་པ་ནམ་མཁའི་སྙིང་པོས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་དུ་འདིར་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྒྲུབས་པས་ཅི་ཞིག་ཐོབ་པར་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཞི་ཅན་ཐོབ། །ཅེས་བྱ་བ་སྨོས་ཏེ། སྐད་ཅིག་མ་དེ་ཉིད་ལ་རྡོ་རྗེ་སྙིང་པོ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྔ་མ་བཞིན་དུ་ཐམས་ཅད་བྱས་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། རང་གི་སྙིང་གའི་རྡོ་རྗེ་རྒྱ་གྲམ་གྱི་དབུས་སུ་བཟླས་པའི་སྙིང་པོ་ཡིད་ཀྱིས་བྲིས་ཏེ། དེ་ཉིད་བརྗོད་ཅིང་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ལ་དབང་བསྐུར་ནས་ནོར་བུའི་རིགས་ཀྱི་རང་བཞིན་དུ་བསམས་ཏེ། ནམ་མཁའ་དང་མཚུངས་པའི་སོ་སོར་སྣང་བ་ནི་བདག་ཡིན་ནོ་ཞེས་ནོར་བུའི་རིགས་ཐམས་ཅད་ཀྱིས་ང་རྒྱལ་བསྐྱེད་པར་བྱའོ། །དེ་བཞིན་དུ་རྣམ་པར་བསྒོམས་ནས་དེ་ནས་ནམ་མཁའ་ཐམས་ཅད་ནོར་བུའི་རང་བཞིན་དུ་མཐོང་ན། དེ་ནས་སྐད་ཅིག་དེ་ཉིད་ལ་རྡོ་རྗེ་སྙིང་པོ་དང་འདྲ་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྔར་བཤད་ཟིན་ཏོ། །བདག་ཉིད་ཀྱང་ཞེས་བྱ་བ་ནི་ནོར་བུའི་རིགས་ཟློས་པ་ནི་ནོར་བུའི་རིགས་ཀྱི་བདག་ཉིད་ཀྱི་ནོར་སྦྱིན་ནོ། །ཀྱང་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། དེའི་བདག་ཁོ་ནའི་ནོར་སྤངས་ནས་སེམས་ཅན་རྣམས་ལ་གཏོང་བ་དེ་དག་དེ་དག་གི་རང་བཞིན་དུ་མོས་པ་དེའི་ཕྱིར། ནོར་སྦྱིན་དག་ཏུ་དགའ་བྱེད་ཅིང༌། །ཞེས་བྱ་བ་ལ་རབ་བཏུ་དག་བྱེད་ནི་ཤིན་ཏུ་དགའ་བར་བྱེད་པའི་རང་བཞིན་ནོ། །ཅི་ཞིག་བྱེད་ཅིང་ཞེ་ན། ཆོས་འབྱུང་བའི་ཆོས་ཀྱི་རང་བཞིན་གྱིས་ཆོས་ཀྱི་ཕྱག་རྒྱ་ནི་ཡི་གེ་ཏྲ་ལ་སོགས་པའི་རང་
བཞིན་བརྗོད་པའོ། །གཟི་ཅན་ཚེ་འདི་ཉིད་ལ་ཐོ་བ། །ཅེས་བྱ་བ་ནི་རྡོ་རྗེ་སྙིང་པོ་ཐོབ་པར་འགྱུར་བའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་བྱས་ཏེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། ཕྱག་བྱས་ཏེ་སྔ་མ་བཞིན་དུ་རང་གི་ལྕེ་ལ་ཆོས་ཀྱི་ཡི་གེ་རྣམ་པར་བསམས་ཏེ། དེ་ཉིད་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་རྣམ་པར་བསམས་ཏེ། དེ་ཉིད་བརྗོད་ཅིང་ནམ་མཁའ་དང་མཉམ་པའི་སྣང་བརྙན་ཙམ་ནི་བདག་ཡིན་ནོ་ཞེས་བསྒོམས་ནས་སངས་རྒྱས་ཐམས་ཅད་ལ་སོགས་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་རང་གི་རང་བཞིན་དུ་བྱས་ནས། །དེའི་རྗེས་ལ་ཐམས་ཅད་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་ཡི་གེ་ཏྲ་ལ་སོགས་པའི་རང་གི་ཆོས་ཀྱི་ཕྱག་རྒྱ་ཟློས་ཤིང་སྔ་མ་བཞིན་དུ་བསྒྲུབས་ནས་རྡོ་རྗེ་སྙིང་པོ་ཐོབ་པར་འགྱུར་རོ། །དེ་ནས་ལས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱད་ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ནོར་སྤངས་པ་ནི་དབུལ་པོའོ། །དེའི་དབུ་ལ་པོ་རྣམས་ལ་ཕན་པའི་ཕྱིར། ནོར་བུའི་རིགས་ཐོབ་པ་ནི་བསམ་པ་ཐམས་ཅད་རྫོགས་པའོ། །ནོར་ནི་ནོར་བུའི་རིགས་ཏེ། དེ་བསྒྲུབ་པ་ནི་དེ་མངོན་དུ་བྱེད་པའོ། །དེ་བསྒོམས་པས་དེ་ལ་གཞོན་ཞིང་དེ་ལ་ཕྱོགས་པའོ། །བརྩོན་པ་དང་ལྡན་པ་ནི་བསྒོམ་པའི་འབད་པ་དང་ལྡན་པ་སྟེ། འབད་པ་དང་ལྡན་པ་དེས་གཟི་བརྗིད་ཅན་དུ་གྱུར་པ་ཐོབ་ཅིང་འགྲོ་བའོ། །ཅི་སྟེ་ཡང༌། མི་འདོད་དངོས་གྲུབ་གོང་མ་བཞིན། །ཞེས་བྱ་བ་ནི་ཐམས་ཅད་དུ་སྦྱོར་བར་ཤེས་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་དང༌། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་རྣམ་པར་བསམས་ཏེ། རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་སྙིང་པོ་སྣ་ཚོགས་རྡོ་རྗེའི་དབུས་སུ་ཡིད་ཀྱིས་བྲིས་ལ། དེ་ཉིད་བརྗོད་ཅིང་རང་བཞིན་གྱིས་འོད་གསལ་བ་སྒྱུ་མ་དང་མཚུངས་པར་བདག་ཉིད་བསམས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་དང་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ནོར་བུའི་རིགས་ཀྱི་དབང་བསྐུར་བས་དབང་བསྐུར་ཏེ་ནོར་བུའི་རིགས་ཀྱི་ངོ་བོར་བསྒོམ་
བར་བྱའོ། །དེའི་རྗེས་ལ་ཐམས་ཅད་ནི་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ཅིང་བསྒོམས་ལ་དེ་ནས་སྔ་མ་བཞིན་དུ་བསྒྲུབས་ན་ནམ་མཁའི་སྙིང་པོར་འགྱུར་རོ། །རིགས་ཐམས་ཅད་ནི་ཇི་སྐད་དུ་བཤད་པའོ། །དེ་དག་གི་ཕྱག་རྒྱ་རྣམས་ནི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དངོས་གྲུབ་དམ་པ་ཐོབ་པ་ནི་རྙེད་པའོ། །དེའི་ཆོ་ག་རྒྱས་པ་ནི་ཇི་སྐད་དུ་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་བསྒྲུབ་པ་བྱེ་བྲག་ཏུ་རྒྱས་པ་དེ་སྟོན་པར་བྱེད་པའི་དམ་ཚིག་ནི་རྒྱུད་དོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང་ཆོས་དང༌། ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དངོས་གྲུབ་ཏུ་འགྱུར་བ་བསྟན་ནས། ད་ནི་དམ་ཚིག་གི་དངོས་གྲུབ་རྣམ་པར་གཞག་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པའི་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་བརྗོད་པ་སྟེ། ཡང་ཞེས་བྱ་བ་ནི་ཟློས་པའི་དོན་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒོམ་པ་ལ་ལྟོས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཇི་སྐད་དུ་བཤད་པའོ། །དེ་བཞིན་གཤེགས་པ་ནི་ལྔའོ། །དེ་བཞིན་གཤེགས་པའི་རིགས་དང༌། རྡོ་རྗེ་དང༌། པདྨ་དང་ནོར་བུའི་རིགས་རྣམས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ཡིན་ལ། རིགས་ཀྱང་དེ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སོ། །དེའི་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་སྟེ། གང་གིས་འདོད་པ་སྙོམས་ཞུགས་པ། །དེ་འདོད་པས་ནི་སྦྱོར་བར་བྱེད། ཅེས་བྱ་བ་ནི་མི་འདའ་བའི་དོན་གྱིས་དམ་ཚིག་སྟེ། དངོས་གྲུབ་དེས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྐྱེད་པའོ། །དེ་སྟོན་པར་བྱེད་པའི་རྒྱུད་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ཡ་ཞེས་བྱ་བ་ནི་དམིགས་ཀྱིས་དགར་བའོ། །རེ་ཞིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་སྟེ། འདི་ཞེས་བྱ་བ་ཕྱིས་འཆད་པར་འགྱུར་བ་བློ་ལ་གནས་པའོ། །གང་གིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རྣལ་
འབྱོར་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམ་པའི་འདོད་པ་ལ་སྙོམས་པར་འཇུག་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣམ་པར་རྩེ་གཅིག་པ་ནི། དེ་ལ་འདོད་པ་སྦྱོར་བར་བྱེད། །ཅེས་བྱའོ། །དེའི་རྣལ་འབྱོར་པས་འདོད་པ་ལ་སྙོམས་པར་འཇུག་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡིན་གྱི། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ཁྲོ་བོའི་ཡང་མ་ཡིན་ལ། དེ་བཞིན་གཤེགས་པའི་ཡང་མ་ཡིན་ཞིང་འགྲོ་བ་འདུལ་བ་ལ་སོགས་པ་མ་ཡིན་ནོ། །དེ་སྐད་དུ་ཇི་ལྟར་ཤེས་ཤེ་ན། འདོད་པའི་སྒྲས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བརྗོད་པ་ཡིན་ཏེ། ཆོས་ཀྱི་འདོད་པ་ཡིད་འོང་བ། །འདོད་ཆགས་དམ་ཚིག་ཅེས་སུ་བརྗོད། །ཅེས་འབྱུང་བའི་ཕྱིར། དེ་བཞིན་གཤེགས་པའི་རིགས་ནི་འདོད་ཆགས་ཀྱི་སྒྲས་བསྟན་ཏོ། །དེ་ལྟར་ན། སངས་རྒྱས་ཕྱག་རྒྱ་ཆེན་པོ་ནི། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་བཞིའོ། །ཡེ་ཤེས་ནི་དེར་ངེས་པའོ། །དེའི་དམ་ཚིག་ནི་བསྐྱེད་པའི་རྒྱུར་གྱུར་པ་ལས་མི་འདའ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བཤད་པ་ནི་བསྟན་པའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་སྔར་བཤད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་ཕྱག་རྒྱ་བཅིངས་ལ། རང་གི་སྙིང་བར་ཡིད་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ངེས་པར་བྱས་ལ། དེ་བསྒོམ་པ་ལ་དགའ་བའི་སེམས་ཅན་གྱི་ཁམས་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་རྣམ་པར་སྦྱངས་ནས་བྱ་བ་བྱས་པ་ནི་བདག་ཡིན་ནོ་ཞེས་བསམས་ནས། རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྐབས་སུ་བབ་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ནི་དེ་བཞིན་གཤེགས་པ་ལས་སྐྱེས་པའི་རིགས་ཏེ། འདི་རྡོ་རྗེ་སེམས་དཔའ་ནས་བརྩམས་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའོ། །དེའི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་བཤད་པ་ནི་སྟོན་པའོ། །འདོད་པ་རྣམས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པ་ལ་འདོད་པར་བྱ་བ་དེ་སྐད་བཤད་དོ། །འདོད་པ་ནི་བཅོམ་ལྡན་འདས་དེ་ཉིད་སེམས་དཔའ་སྟེ་ཞེས་འབྱུང་བས། དེ་དག་ལ་ཆགས་པ་དང་མ་བྲལ་བ་དང༌། མངོན་དུ་ཕྱོགས་པ་དང༌། ཤིན་ཏུ་སྲེད་པའོ། །རྣལ་འབྱོར་བས་དེ་དག་ལ་ཤིན་ཏུ་ཆགས་པ་བསྒོམ་པའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཤིན་ཏུ་ཚུལ་ཆེན་འདི། །ཞེས་བྱ་བ་ནི་ཐམས་ཅད་སོང་བས་ན་ཚུལ་ཆེན་ནོ། །གང་གི་རིགས་ལས་ཤེ་ན། དེ་བཞིན་གཤེགས་པའི་
རིགས་ཞེས་བྱ་བ་སྨོས་སོ། །ཅིར་འགྱུར་ཞེ་ན། དག་པ་ཞེས་བྱ་བ་སྨོས་ཏེ། ཆགས་པ་ལ་སོགས་སྤངས་པའོ། །དེ་ཉིད་ཀྱི་ཕྱིར་འདི་ལ། རྒྱལ་བས་ཀྱང་ནི་འདའ་མི་མཛད། །ཅེས་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་རང་བཞིན་དུ་གྱུར་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་སྒོམ་པ་དང་འདའ་བར་མི་མཛད་དོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་སྔར་བཤད་པའི་ཚུལ་གྱིས་རང་གི་ཕྱག་རྒྱ་བཅིངས་ཏེ། རང་གི་ལྷ་ལ་ཤིན་ཏུ་ཆགས་པའི་སྒོམ་པས་བསྒོམ་པར་བྱའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་ཧཱུཾ་མཛད་ནས་བརྩམས་ནས་ཁྲོ་བོ་རྡོ་རྗེ་འབེབས་པའི་མཐར་ཐུག་པ་ནི་འདིར་རྡོ་རྗེའི་རིགས་སོ། །དེའི་དམ་ཚིག་ནི་རང་གི་ལྷའི་དེའི་བདག་ཉིད་དུ་བསྒོམ་པར་མོས་པའི་རྣལ་འབྱོར་པ་དེས་དངོས་གྲུབ་ཀྱི་སྦྱོར་བ་དེ་ལ་མངོན་པར་དགའ་བས་རང་གི་ཁྲོ་བོའི་ཕྱག་རྒྱ་ཆེན་པོར་བསྐྱེད་ལ། དེ་སྟོན་པར་བྱེད་པའི་རྒྱུད་བཤད་པའོ། །སེམས་ཅན་དོན་དུ་ཁྲོ་མིན་ཡང༌། །ཞེས་བྱ་བ་ནི་འདི་ལ་ཁྲོ་བ་མི་མངའ་ཡང་ཁྲོ་བོའི་རྣལ་འབྱོར་པས་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་གནོད་པ་རྣམས་ལ་ཁྲོ་བ་ལྟ་བུར་གྱུར་པ་ཡིན་ཡང་དེ་ལ་ཉོན་མོངས་པ་མི་མངའོ་ཞེས་བྱ་བའི་དོན་ཏོ། །དེའི་ཁྲོ་བོ་མ་ཡིན་པ་ཡང་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་ཁྲོ་བོའི་རྣལ་འབྱོར་པའོ། །ཡང་གི་སྒྲ་ནི་ངེས་པར་གཟུང་བའོ། །ཞེ་སྡང་མི་མངའ་བ་ཡིན་ཡང་སེམས་ཅན་གདུག་ཅིང་མ་རུང་བ་རྣམས་གདུལ་བའི་ཕྱིར། རང་རང་གི་རྒྱུད་ལ་ཡོད་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འཇོམས་པའི་སེམས་ཅན་གྱི་དོན་དུའོ། །ཁྲོ་བོ་ཆེན་པོ་རབ་ཏུ་སྟོན། །ཞེས་བྱ་བ་ནི་ཆོས་བདག་མེད་པ་ལས་བྱུང་བས་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་གནོད་པ་རབ་ཏུ་སྟོན་པ་ནི་ཁྲོ་བོ་ཆེན་པོ་རབ་ཏུ་སྟོན་པ་སྟེ། རྡོ་རྗེའི་རིགས་ཀྱི་ནམ་མཁའ་ཁྱབ་པར་བསྒོམས་པ་ནི་ཆེན་པོ་ཞེས་བྱ་བའི་དོན་ཏོ། །འདི་གང་གི་རིགས་ལ་ངམ་ཚིག་ཡིན་ཞེ་ན། རྡོ་རྗེའི་རིགས་ནི་ཆེན་པོ་ཡིས། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ཆེན་པོ་དང༌། བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པ་འབར་
བའི་རྡོ་རྗེ་ཆེན་པོའི་རིགས་ནི་དེ་ལས་བྱུང་བ་སྟེ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་རྡོ་རྗེའི་རིགས་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་རིགས་ཏེ། འདིའི་སྒྲ་ནི་ངེས་པར་གཟུང་བའོ། །དམ་ཚིག་འདི་ནི་འདའ་བར་དཀའ། །ཞེས་བྱ་བའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའམ། དེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཆོས་བདག་མེད་པའི་རྣལ་འབྱོར་ཆེན་པོའི་རིགས་ལས་བྱུང་བའི་རྡོ་རྗེ་རིགས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་བཀང་ལ། སྒྱུ་མ་ལྟ་བུ་ཐམས་ཅད་དུ་ཁྱབ་པའི་རིགས་སུ་བདག་ཉིད་ཀྱིས་ཤིན་ཏུ་རྩེ་གཅིག་པར་བསྒོམ་པར་བྱའོ་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །འདི་ཞེས་བྱ་བ་ནི་པདྨའི་རིགས་ཐུགས་ལ་གནས་པ་གསུངས་སོ། །རང་བཞིན་དག་པར་ཤེས་ནས་ཀྱང༌། །ཞེས་བྱ་བ་ནི་དེ་བཞིན་ཉིད་དེ་རྣམ་པར་ཤེས་པའོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྣང་བརྙན་ཙམ་སྟེ། གདོད་མ་ནས་མ་སྐྱེས་པའི་ཕྱིར་རོ་ཞེས་ཐོས་པ་དང༌། བསམ་པའི་ཤེས་པ་དག་གིས་ངེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་དང་གང་འགྲོ་བ་འདུལ་བ་ནས་པདྨ་འབེབས་པའི་མཐར་ཐུག་པ་སྒོམ་པའི་མཚན་ཉིད་ཅན་དེ་དང་དེ་ནི་པདྨའི་རིགས་ཀྱི་དགོས་པ་བྱེད་པ་སྟེ། པདྨའི་རིགས་ཀྱི་རྣལ་འབྱོར་པ་དེས་འགྲོ་བ་འདུལ་བ་སྒོམ་པ་ལ་སོགས་པ་དེ་དང་དེའི་དགོས་པ་འདི་ནི་པདྨའི་རིགས་ཆེན་པོའི་དམ་ཚིག་འདའ་བར་དཀའ་བ་སྟེ། པདྨེའི་རིགས་ཆེན་པོ་སྟེ། བསྐྱེད་པའི་རྒྱུར་གྱུར་པ་ལས་འདའ་བར་དཀའ་བའོ། །ཡང་གི་སྒྲ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ལ་ལྟོས་ནས་བརྗོད་པ་ཡིན་ནོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་འགྲོ་བ་འདུལ་བ་ལ་སོགས་པ་པདྨའི་རིགས་ཀྱི་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་བྱས་ལ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ། ཕྱག་བྱས་ནས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། ཆོས་ཐམས་ཅད་བདག་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པདྨ་ལས་བྱུང་བ་ཐམས་ཅད་དུ་ཁྱབ་པའི་རིགས་ཀྱི་རང་བཞིན་སྣང་བརྙན་ཙམ་དུ་བདག་ཉིད་རྣམ་
པར་བསམས་ཏེ། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱང་རང་གི་རང་བཞིན་དུ་བྱས་ནས་བྱ་བ་བྱས་པ་ཡིན་ནོ་ཞེས་སེམས་རྩེ་གཅིག་པས་རང་གི་ལྷ་བསྒོམ་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །མང་ཡང་རུང་ཞེས་བྱ་བ་ནི་ཕྱི་རོལ་གྱི་རྗས་དང༌། བསྒོམས་པ་ལས་བྱུང་བའི་ནོར་བུའི་རིགས་ཀྱི་རང་བཞིན་དུ་རྫས་རྣམས་སོ། །མང་ཡང་རུང་བ་ཞེས་བྱ་བ་ནི་ཕྱི་རོལ་གྱི་རྫས་སམ་བསྒོམས་པ་ལས་བྱུང་བའི་ནོར་བུའི་རིགས་ཀྱི་རང་བཞིན་ཐམས་ཅད་དུ་སོང་བ་ནི། ཇི་ཙམ་ནུས་པ་ཉིད་དུ་ནི། །བྱིས་པས་ཉི་མ་མ་སྟོངས་པར། །བྱ་བ་འདི་ནི་དམ་ཚིག་ཡིན། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་རྣལ་འབྱོར་པའི་བྱ་བའོ། །སྦྱིན་པ་ནི་གང་གང་སྦྱིན་པས་ཉི་མ་མ་སྟོངས་པར་ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་ཅིའི་ཕྱིར་བྱེད་ཆེ་ན། གང་གི་ཕྱིར་ནོར་བུའི་རིགས་བསྐྱེད་པ་ནི་སྦྱིན་པའི་རིགས་བཞིན་ཡིན་པ་འདིའི་དམ་ཚིག་ཡིན་པས་རྒྱུ་དེའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པ་ལ་སོགས་པ་ནོར་བུའི་རིགས་ཀྱི་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་བྱས་ཏེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བཞི་བྱས་ཏེ། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ནོས་ནོར་བུའི་རིགས་ཀྱི་ལྷ་རྣམས་ཀྱི་གཟུགས་སུ་ཇི་ཙམ་པར་བསྒོམས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་དང༌། སེམས་ཅན་གྱི་ཁམས་ཕྱོགས་གཅིག་གམ་མཐའ་དག་ལ་དབང་སྒྱུར་པ་སྦྱིན་པས་རབ་ཏུ་མགུ་ཞིང་ཚིམ་ནས་ནོར་བུའི་རིགས་ཀྱི་གཟུགས་སུ་བསམ་པར་བྱའོ། །དེ་ནས་ཐམས་ཅད་ནི་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་དེ། ནམ་མཁའ་དང་མཚུངས་པའི་སྣང་བརྙན་ཙམ་དུ་བདག་ཉིད་དབྱེ་བ་མེད་པའི་སེམས་ཀྱིས་བསྒོམས་ཏེ། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཉུང་བའམ་ཆེས་ཉུང་བའམ། མང་བ་ལས་ཀྱང་ཆེས་མང་བའི་ཕྱི་རོལ་གྱི་དངོས་པོ་སྦྱིན་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དམ་ཚིག་ལ་རྗེས་སུ་གནས་པའི་དངོས་གྲུབ་བསྟན་ནས། ད་ནི་དེ་དག་ཉིད་དངོས་པོ་ལ་མངོན་པར་ཞེན་པ་སྤངས་ཏེ། གཟུགས་བརྙན་ཙམ་དུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་
ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྐབས་སུ་བབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་རྣམས་ཀྱི་ཆོས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཆོས་སོ། །ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་དེ་ཉིད་ཀྱི་ཕྱག་རྒྱས་དེ་བསྒོམ་པར་དགའ་བའི་སེམས་ཅན་གྱི་ཁམས་ལ་རྒྱས་འདེབས་པའོ། །དེའི་ཡེ་ཤེས་ཀྱིས་དེའི་དངོས་གྲུབ་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྐྱེད་པ་དེ་སྟོན་པར་བྱེད་པའི་རྒྱུད་གསུངས་པར་མཛད་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །སངས་རྒྱས་ཆོས་ཞེས་གྲགས་སོ་ཞེས། །བརྗོད་ན་ཆོས་ཉིད་ཡི་གེ་ནི། ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ནི་ཆོས་ཡིན་ནོ་ཞེས་བསྒྲགས་ཤིང་སྟོན་ཏོ། །དེ་སྐད་དུ་ཡང་རྒྱུད་འདི་ལས། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །ནམ་མཁའི་སྐྱེ་བ་མཚན་ལྡན་ཕྱིར། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །འདོད་པ་ཀུན་གྱི་འགྲོ་བའི་བདག །དེ་ཉིད་བཅོམ་ལྡན་སེམས་དཔའ་ཡི། །འདོད་པ་ཀུན་གྱི་དེ་བཞིན་གཤེགས། །ཞེས་འཆད་པར་འགྱུར་རོ། །འདི་ནི་ཐོག་མ་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་དོན་དམ་པར་སངས་རྒྱས་ཡིན་གྱི། གཟུགས་ཀྱི་སྐུའི་རང་བཞིན་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ཏེ། དོན་དམ་པར་གཟུགས་མེད་པའི་ཕྱིར་རོ། །བརྗོད་ན་ཆོས་ཉིད་ཡི་གེ་ནི། །ཞེས་བྱ་བ་ནི་དེ་བཞིན་དུ་ཐོས་པ་དང༌། བསམ་པའི་ཤེས་པ་དག་གིས་ངེས་པའོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། སངས་རྒྱས་ཆོས་ནི་ཕྱག་རྒྱ་ཆེར། །ཡེ་ཤེས་མཆོག་གི་ཚུལ་ཡིན་ནོ། །ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཀྱི་ཆོས་ནི་སངས་རྒྱས་ཀྱི་ཆོས་ཏེ་བཤད་མ་ཐག་པའོ། །ཕྱག་རྒྱ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་ན་ཕྱག་རྒྱ་ཆེན་པོ་སྟེ། དམ་ཚིག་དང༌། ཆོས་དང༌། ལས་དང་ཕྱག་རྒྱ་ཆེན་པོའོ། །དེའི་ཡེ་ཤེས་ནི་གཟུགས་བརྙན་དང་འདྲ་བར་ངེས་པའོ། །དེའི་མཆོག་ནི་དམ་པའོ། །ཚུལ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོས་པ་དང་བསམས་པའི་བདག་ཉིད་དོ། །འདི་སྐད་སྟོན་པ་ཡིན་ཏེ། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་སངས་རྒྱས་ཡིན་ནོ་ཞེས་
ངེས་པར་བསྐྱེད་ནས་གཟུགས་བརྙན་དང་འདྲ་བའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དེ་བཞིན་གཤེགས་པའི་ཕྱག་རྒྱ་རྣམ་པ་བཞི་རྫས་སུ་མངོན་པར་ཞེན་པ་མེད་པར་བསྒོམ་པའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཆོས་ཀྱི་དངོས་གྲུབ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་པོ། །འདོད་ཆགས་ཞེས་བྱ་བ་ནི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཅན་གྱི་བྱང་ཆུབ་སེམས་ཀྱི་རང་བཞིན་གྱི་ཆགས་པ་ལས་དངོས་སུ་དག་པའི་ཆོས་གཞན་མེད་པ་ཡིན་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཤིན་ཏུ་མེད་པའི་ཕྱིར་རོ། །འདི་ལས་ཅི་ཞིག་བྱེད་ཅེ་ན། བདེ་བ་ཐམས་ཅད་རབ་སྦྱིན་བྱེད། །ཅེས་བྱ་བ་སྨོས་ཏེ། བདེ་བ་ཡང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་དེ་ཐམས་ཅད་རབ་ཏུ་སྟེར་བས་ན་བདེ་བ་ཐམས་ཅད་རབ་སྦྱིན་བྱེད་དོ། །གང་གི་ཕྱིར་དེ་མངོན་དུ་བྱས་པས་འཇིག་རྟེན་པ་དང་རིག་པ་འཛིན་པའི་དངོས་གྲུབ་ལ་སོགས་པའི་བདེ་བ་ཐམས་ཅད་དང༌། འཇིག་རྟེན་ལས་འདས་པས་རབ་ཏུ་དགའ་བ་ལ་སོགས་པ་ཐོབ་བ་མངོན་དུ་བྱས་པ་ནི་བདེ་བ་ཐམས་ཅད་རབ་ཏུ་སྦྱིན་པའོ། །འདིར་རང་གི་རིགས་ཀྱི་ཆོས་ཡིན་ཞེ་ན། དེ་བཞིན་གཤེགས་པའི་རིགས་ཀྱི་ནི། །ཞེས་བྱ་བ་སྨོས་ཏེ། ནའི་སྒྲས་ནི་རིགས་གཞན་གྱི་རྣལ་འབྱོར་པ་རྣམས་ཀྱང་སྟོན་པར་འགྱུར་པ་ཡིན་ནོ། །དངོས་གྲུབ་བྱེད་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བྱེད་པའོ། །ཆོས་ཀྱི་དངོས་ནི་དམ་པའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པ་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་དེ་བཞིན་གཤེགས་པའི་རིགས་ཡིན་ནོ་ཞེས་ངེས་པ་བསྐྱེད་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་བསྒོམ་པའི་གཟུགས་བརྙན་དང་མཚུངས་པའོ། །དེ་ལ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཧཱུཾ་མཛད་ལ་སོགས་པའི་གཟུགས་ནི་སངས་རྒྱས་ཀྱི་བཀའ་འམ་སྦྱོར་བའི་དོན་ཏེ། འདི་ལྟར་ལྷ་ཆེན་པོ་ལ་སོགས་པ་རྣམ་པར་སྦྱོང་བའི་ཕྱིར་རོ། །དང་
ཞེས་བྱ་བ་ནི་བསྡུ་བའི་དོན་ཏེ། ཡོངས་སུ་སྦྱོང་བའི་ཕྱིར་རོ། །སེམས་ཅན་དྲང་བར་བྱ་བའི་ཕྱིར། །ཞེས་བྱ་བ་ནི་འདི་ལྟར་ཡོངས་སུ་སྦྱོང་བའི་དོན་གྱི་ཕྱིར་དང༌། དེ་བཞིན་དུ་སྲིན་པོ་ལ་སོགས་པ་རྣམས་ཀྱིས་སེམས་ཅན་ལ་རྣམ་པར་རྩེ་བར་བྱེད་པ་ལས་བསྐྱབ་པའི་ཕྱིར་རོ། །དེ་ལྟར་ཁྲོས་པར་མ་གྱུར་ཀྱང༌། །ཞེས་བྱ་བ་ནི་ཁྲོ་བ་མེད་པ་ཉིད་དང༌། ཕན་པའི་སེམས་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་རུངས་པ་རྣམས་ཇི་སྐད་བཤད་པས་ཐལ་བར་བྱེད་པས་བསྡུས་བྱས་པའོ། །དངོས་གྲུབ་ཐོབ་ཅེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཉིད་ཐོབ་པོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་རམ། ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་བྱས་ལ་སྔར་བཤད་པའི་ཆོག་ཐམས་ཅད་རྗེས་སུ་སྤྱད་ནས། རྡོ་རྗེའི་རིགས་ཐམས་ཅད་སྤྲུལ་ཏེ། དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་ནས་ཧཱུཾ་མཛད་ཀྱི་རྡོ་རྗེས་སེམས་ཅན་གྱི་ཁམས་ཐམས་ཅད་སྣང་བ་མེད་པར་བྱས་ནས་རྡོ་རྗེའི་རིགས་ཀྱི་གཟུགས་སུ་བསམས་ཏེ། གཟུགས་བརྙན་དང་མཚུངས་པར་བྱས་ཏེ། དེ་ནས་ཐམས་ཅད་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་དེ་བསྒོམ་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །པདྨོ་ཆུ་ཡིས་ཆགས་པ་ཞེས་བྱ་བ་ནི་མ་རེག་པའོ། །གང་གིས་མ་ཆགས་པ་ཞེ་ན། ཆུའི་ཉེས་པ་ངེས་སོ། །དེ་གང་ལ་མ་ཆགས་ཤེ་ན། པདྨོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་པདྨོ་དམར་པོ་ཆུ་ལས་སྐྱེས་ཀྱང་ཆུའི་ཉེས་པའི་སྐྱོན་གྱིས་གོས་པར་མི་འགྱུར་བའི་རང་བཞིན་ཡིན་པ་དེ་བཞིན་དུ་མི་དམིགས་པའི་ཐུགས་རྗེ་ཆེན་པོས་ཆགས་པས་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་སྐྱེས་ཀྱང་འཁོར་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་གོས་པར་མི་འགྱུར་བའི་ཕྱིར། འདོད་པས་མི་ཆགས་ཞེས་གསུངས་སོ། །སྨྲ་ཞིང་དགོས་མིན་བྱེད་ཀྱང་ནི་ཐོས་པ་དང་བསམ་པ་ཤེས་པར་ངེས་པར་གཟུང་བའོ། །དགོས་མིན་བྱེད་ཀྱང་ཞེས་བྱ་བ་ནི་བསྒོམ་པའི་ཤེས་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་གཟུགས་བརྙན་དང་མཚུངས་པའོ་ཞེས་ངེས་པར་བཟུང་ནས། མི་དམིགས་པའི་ཐུགས་རྗེ་
ཆེན་པོས་དེ་བཞིན་གཤེགས་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཆགས་པའི་པདྨ་ཆེན་པ་ལས་པདྨའི་རིགས་ཀྱི་གཟུགས་སུ་སྤྲུལ་ནས་བྱེད་པའོ། །ཅིའི་ཕྱིར་དགོས་མིན་བྱེད་ཅེ་ན། གང་གི་ཕྱིར་སྔར་བཤད་པ་གང་ཡིན་པ་དང༌། འགྲོ་བ་འདུལ་བ་ལ་སོགས་པའི་གཟུགས་ཀྱི་སྦྱོར་བས་འདིས་རང་དང་གཞན་གྱི་རྒྱུད་ལ་བྱེད་པར་འགྱུར་བ་དང༌། སྔར་ཅུང་ཟད་ཀྱང་མ་བྱས་པ་ཞིག་མཛད་པས་ན། དགོས་མིན་བྱེད་པ་ཞེས་བརྗོད་དོ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་བྱ་བ་ནི་དེ་ལྟར་པདྨའི་རང་བཞིན་རྣམ་པར་དག་པ་གཟུགས་བརྙན་དང་མཚུངས་པར་ངེས་པ་བཟུང་ནས་བསྒོམས་པས་ངེས་པའི་ཤེས་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པའི་དངོས་པོར་གཟུང་བའི་མངོན་པར་ཞེན་པས་གོས་པར་མི་འགྱུར་རོ། །སྔ་མ་བཞིན་དུ་པདྨའི་རིགས་ཀྱི་རྣལ་འབྱོར་བྱས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། གཟུགས་བརྙན་དང་མཚུངས་པའི་ཆོས་བདག་མེད་པའི་ཐུགས་རྗེ་ཆེན་པོའི་ཆགས་པས་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་ཅན་གྱི་ཁམས་ནམ་མཁའ་དང་མཚུངས་པ་བདག་ཉིད་ཀྱི་རང་བཞིན་དུ་བསམས་ནས་པདྨའི་རིགས་ཀྱི་ངོ་བོ་བསྒོམ་པར་བྱའོ། །དེ་ནས་ཐམས་ཅད་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ནས་བདག་ཡིན་ནོ་ཞེས་བསྒོམ་པར་བྱའོ། །སྦྱིན་པ་དང་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ནོར་བུའི་རིགས་ལས་བྱུང་བ་ནི་ནོར་བུའི་རིགས་ཀྱི་སྦྱིན་པ་ཡིན་པ་དེའི་ཕྱིར་དེ་ལས་གྱུར་པ་ནི། སྦྱིན་དང་མཉམ་པའི་ཆོས་མེད་དེ། །སྒྲུབ་པར་བྱེད་ཅེས་སྨྲ་བ་ནི། །ཞེས་བྱ་བ་ལ། ཕྱི་རོལ་དང་ནང་དུ་བཅས་པའི་དངོས་པོ་ཡོངས་སུ་གཏོང་བའི་སྒྲུབ་པར་བྱེད་པ་ནི་ཆེས་ཤིན་ཏུ་ཆུང་བ་དང་ཤིན་ཏུ་ཕྱིན་པའི་རིམ་གྱིས་དེ་ལ་ཕྱི་རོལ་གྱི་དངོས་པོ་ཡོངས་སུ་གཏོང་བའི་སྦྱིན་པའི་རང་བཞིན་དང༌། ནམ་མཁའ་དང་མཉམ་པའི་ཡེ་ཤེས་བསྒོམ་པའི་འདུས་བྱས་དང་འདུས་མ་བྱས་ཀྱི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བས་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་ཅན་གྱི་ཁམས་ཐམས་ཅད་ནོར་བུའི་རིགས་ཀྱི་གཟུགས་སུ་བསྐྱེད་དེ། བདག་ཉིད་ཐམས་ཅད་ཀྱང་གཟུགས་བརྙན་དང་མཚུངས་པའོ་ཞེས་བསྒོམ་པའི་
ཡེ་ཤེས་ཀྱིས་ངེས་པར་གཟུང་བ་ནི་ནང་གི་དངོས་པོ་ཡོངས་སུ་གཏོང་བ་ཞེས་བྱའོ། །དེ་ལྟར་སྒྲུབ་པར་བྱེད་ཅིང་ཅིའི་ཕྱིར་སྨྲ་ཞེ་ན། གང་གི་ཕྱིར། ནོར་བུའི་རིགས་ནི་ཆེན་པོའི་ཆོས། །ཞེས་བྱ་བ་སྨོས་ཏེ་ནོར་བུའི་རིགས་ཀྱིས་གྲུབ་པ་པོས་ཆོས་གཞན་གང་ཡིན་པ་འདི་ཡང་ནོར་བུའི་རིགས་ཀྱི་ཚུལ་འདིས་བསྐྱེད་པར་བྱའོ། །མི་འདོད་དངོས་གྲུབ་གོང་མ་བཞིན། །ཞེས་བྱ་བའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་ནོར་བུའི་རིགས་ཀྱི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཕྱི་རོལ་གྱི་དངོས་པོ་ཡོད་ན་ཅི་རིགས་པར་ཡོངས་སུ་གཏང་བར་བྱ་བ་དང༌། དེ་བཞིན་གཤེགས་པ་ལ་སོགས་པ་སེམས་ཅན་གྱི་ཁམས་ཐམས་ཅད་ནམ་མཁའ་དང་མཚུངས་པར་བསམས་ཏེ། ནམ་མཁའ་དང་མཉམ་པའི་ཡེ་ཤེས་ནོར་བུ་ཆེན་པོའི་རང་བཞིན་སྤྲུལ་ལ་ཐམས་ཅད་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་དེ། གཟུགས་བརྙན་དང་མཚུངས་པར་བསྒོམ་པར་བྱའོ། །དེ་ལྟར་དངོས་པོར་འཛིན་པའི་མངོན་པར་ཞེན་པ་སྤངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་རྒྱུད་བསྟན་ནས། ད་ནི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་མཆོད་པ་རྣམ་པ་བཅུ་དྲུག་བྱས་ལ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྒྲུབ་པ་པོས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་མཚན་ཉིད་དང༌། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་མཚན་ཉིད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་དུ་སྤྲོས་པའི་ལས་བསྒོམ་པར་བྱའོ་ཞེ་བྱ་བའི་ཆོ་ག་རབ་ཏུ་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བའི་སྒྲ་ནི་སྐབས་སུ་བབ་པའོ། །དེ་བཞིན་གཤེགས་པ་ནི་ཐམས་ཅད་ཀྱི་རིགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སོ། །དེ་དག་གི་ལས་ནི་མཆོད་པ་བཅུ་དྲུག་བསྒོམས་པས་སེམས་ཅན་གྱི་ཁམས་ཐམས་ཅད་ལས་སངས་རྒྱས་ཐམས་ཅད་སྟེར་བ་དེའི་དངོས་གྲུབ་བསྐྱེད་པ་སྟེ། དེ་སྟོན་པར་བྱེད་པའི་རྒྱུད་ད་གསུངས་ཤིང་བཤད་པའོ། །དེ་ལ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པའི་རྣལ་འབྱོར་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འདི་
རྣམས་སུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱའི་སྒྲུབ་པ་པོས་མཆོད་པ་རྣམ་པ་བཅུ་དྲུག་སྤྲུལ་ན། འགའ་ཞིག་སངས་རྒྱས་ལ་དབུལ་བ་དང༌། འགའ་ཞིག་སེམས་ཅན་རྣམས་དང༌། བྱང་ཆུབ་སེམས་དཔའ་ལ་ཡིད་ཀྱིས་དབུལ་བར་བྱའོ། །ཇི་བཞིན་པར་ནི་བཏུལ་ནས་ནི། །ལས་ཀྱི་ཕྱག་རྒྱ་མཆོག་སྒྲུབ་སྦྱིན། །ཞེས་བྱ་བ་ནི་སངས་རྒྱས་ཉིད་དང༌། བྱང་ཆུབ་སེམས་དཔའ་ཉིད་ཀྱི་དངོས་གྲུབ་མི་སྒོམ་པ་གང་ཡིན་པ་དེ་དག་འགའ་ཞིག་སངས་རྒྱས་སུ་འགྱུར་བ་དང༌། འགའ་ཞིག་ཉན་ཐོས་ཀྱི་ཐེག་པ་བསྒོམས་པས་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ཐེག་ པ་གསུམ ་མི་སྒོམ་པ་གང་ཡིན་པ་དེ་དག་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའི་འབྲས་བུ་འདི་ཇི་ལྟ་བ་བཞིན་དུ་ཐོབ་པར་འགྱུར་རོ། །ལས་ཀྱི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །མཆོག་ནི་ཆོས་ཀྱི་དབྱིངས་བསྒོམ་པ་རྣམས་ནི་མཆོག་གོ །གྲུབ་པ་ནི་བསྐྱེད་པ་ལ་སོགས་པ་དེའི་ཕྱིར། འདི་ལས་ཀྱི་ཕྱག་རྒྱ་མཆོག་སྒྲུབ་སྦྱིན་ཞེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་དེ་བཞིན་གཤེགས་པའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་ཀྱིས་བདག་ཉིད་ཡང་དག་པར་མཆོད་དེ། ཕྱག་བྱས་ནས། འོག་མིན་ནས་བབས་ཏེ། རྩེ་མོ་རྡོ་རྗེ་ནོར་བུ་ཆེན་པོ་ལས་བྱས་པའི་ཁང་བུ་བརྩེགས་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་གདན་ལ་ཞལ་ཀུན་དུ་བསྟན་ཏེ། བཞུགས་ནས་རྡོ་རྗེ་སེམས་དཔའ་སྤྲུལ་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་དྷཱ་ཏུ་ཨ་ནུཏྟ་ར་པཱུ་ཛ་སྥ་ར་ཎ་ཀརྨྨ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་འདིས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་རང་གི་མཆོད་པ་སྤྲུལ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་མཐའ་ཡས་པར་རབ་ཏུ་སྤྲུལ་ནས། ནམ་མཁའ་གང་བར་བསམ་པར་བྱའོ། །དེ་ནས་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་
བཛྲ་སཏྭ་ཨ་ནུཏྟཱ་ར་པཱུ་ཛ་སྥ་ར་ཎ་ཀརྨྨ་ས་མ་ཡེ་ཧཱུཾ་ཞེས་བྱ་བ་འདིས་རྡོ་རྗེ་སེམས་དཔའ་དང་བཅས་པའི་རང་གི་རིགས་ཀྱི་མཆོད་པ་སྤྲུལ་ནས། དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཏེ། ནམ་མཁའི་ཁམས་གང་བར་བསམ་པར་བྱའོ། །དེ་ནས་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་རཏྣ་ཨ་ནུཏྟཱ་ར་པཱུ་ཛ་སྥ་ར་ཎ་ཀརྨྨ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་འདིས་རྡོ་རྗེ་རིན་ཆེན་དང་བཅས་པས་རང་གི་མཆོད་པ་སྤྲུལ་ནས་སྔ་མ་བཞིན་དུ་ཐམས་ཅད་བསམ་པར་བྱའོ། །དེ་ནས་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་དྷརྨྨ་ཨ་ནུཏྟཱ་ར་པཱུ་ཛ་སྥ་ར་ཎ་ཀརྨྨ་ས་མ་ཡེ་ཧཱུཾ། ཞེས་བྱ་བ་འདིས་རྡོ་རྗེ་ཆོས་དང་བཅས་པའི་ལས་ཀྱི་མཆོད་པ་སྤྲུལ་ནས་སྔ་མ་བཞིན་དུ་ཐམས་ཅད་བསམ་པར་བྱའོ། །ཡང་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལས་བཤད་པའི་རང་གི་མཆོད་པ་སྤྲུལ་ནས་དེས་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་མཛད་ནས། ནམ་མཁའ་གང་བར་བསམ་པར་བྱའོ། །དེ་ལྟར་མཆོད་པ་སྤྲོ་བ་བྱས་ནས། རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། འདི་ལྟར་བསྒོམ་པར་བྱའོ། །བདག་ནི་མགོན་པོ་རྣམ་པར་སྣང་མཛད་དེ། བདག་གི་རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་རིན་ཆེན་དང༌། རྡོ་རྗེ་ཆོས་དང༌། རྡོ་རྗེ་ལས་རྣམས་ཀྱི་མཆོད་པའི་འཁོར་ལོས་སྒྱུར་བར་བདག་གིས་སྤྲུལ་པར་བྱའོ། །མཆོད་པ་ཐམས་ཅད་དང་བཅས་པ་ནི་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱས་ནས། རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་རང་གི་གནས་སུ་བཞག་སྟེ། བདག་ཉིད་རྡོ་རྗེ་སེམས་དཔའ་བསམས་ཏེ། མཆོད་པ་ཆེན་པོ་རྣམ་པ་བཞིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནས་བརྩམས་ནས། དོན་ཐམས་ཅད་གྲུབ་པའི་བར་དུ་མཆོད་པར་བྱའོ། །ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སརྦྦ་ཨཱཏྨ་ནི་ཪྻ་ན་པཱུ་ཛ་སྤ་ར་ཎ་ཀརྨྨཱ་བཛྲི་ཨ། ཞེས་བྱ་བའི་སྙིང་པོ་འདིས་རྡོ་རྗེ་སེམས་དཔའི་བདག་ཉིད་དུ་བསྒོམས་
ནས། རབ་ཏུ་དགའ་ཞིང་བདེ་བའི་སྦྱོར་བ་བྱའོ། །དེ་ནས་དེས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་མཆོད་པས་བཅོམ་ལྡན་འདས་ལ་མཆོད་པར་བསམ་པར་བྱའོ། །ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་རྒྱལ་པོའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། རྡོ་རྗེ་རྒྱལ་པོ་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ནས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སརྦྦ་ཨཱཏྨ་ནི་ཪྻ་ཏ་ན་ཨཱ་ཀཪྵ་ཎ་པཱུ་ཛ་སྤ་ར་ཎ་ཀརྨ་ཨ་གྲི་ཛཿ་ཞེས་བརྗོད་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་འགུགས་པ་ཐམས་ཅད་དུ་སོང་བས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པ་ཞེས་བྱ་བ་དེས་དེ་མཆོད་པར་བྱའོ། །ཡང་རྡོ་རྗེ་ཆགས་པའི་ཕྱག་རྒྱ་བཅིངས་ཏེ། དེའི་ང་རྒྱལ་མངོན་དུ་བྱས་ནས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སརྦྦ་ཨཱཏྨ་ནི་ཪྻ་ཏ་ན་ཨ་ནུ་རཱ་ག་ན་པཱུ་ཛ་སྥ་ར་ཎ་ཀརྨྨ་བ་ནི་ཧཱུཾ་ཧོ། ཞེས་བརྗོད་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པས་ཐམས་ཅད་དུ་སོང་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པ་ཡིན་ནོ། །རྡོ་རྗེ་ལེགས་པའི་ཕྱག་རྒྱ་བཅིངས་ཏེ། དེའི་ང་རྒྱལ་བསྐྱེད་ནས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སརྦྦ་ཨཱཏྨ་ནི་ཪྻ་ཏ་ན་སཱ་དྷཱུ་ཀཱ་ར་པཱུ་ཛ་སྥ་ར་ཎ་ཀརྨྨ་ཏུཥྚི་ཨ། ཞེས་བྱ་བས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པས་ཐམས་ཅད་དུ་ཁྱབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལེགས་པར་བྱེད་པ་མོས་པར་མཉེས་པར་བྱེད་པ་ཡིན་ནོ། །རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིངས་ཏེ། ཨོཾ་ན་མཿ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨབྷི་ཥེ་ཀ་རཏྣ་བྷྱོ་བཛྲ་ནི་ཨོཾ། ཞེས་བྱ་བས་དབང་མོ་ཆེན་མོའི་ཚུལ་གྱིས་ཐམས་ཅད་ཁྱབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བའི་མཆོད་པ་བྱེད་པ་ཡིན་ནོ། །རྡོ་རྗེ་ཉི་མའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་ན་མཿ་སརྦྦ་ཏ་ཐཱ་ག་ཏ་སཱུཪྻ་བྷྱོ་བཛྲ། ཏེ་ཛ་ཛ་ལ་ཧི་ཞེས་བྱ་བས་སྣང་བ་ཆེན་པོ་ཐམས་ཅད་དུ་ཁྱབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འོད་ཀྱི་སྣང་བ་བྱེད་པའོ། །རྡོ་རྗེ་དཔལ་གྱི་ཕྱག་རྒྱ་བཅིངས་ཏེ། ཨོཾ་ན་མཿ་སརྦྦ་ཏ་ཐཱ་ག་ཏ་ཨ་ཏ་པ་རི་པུ་ར་ནི་ཙིནྟ་མ་ཎི་དྷྭ་ཙྪ་གྲི་བྷྱོ་བཛྲ་དྷྭ་ཙི་གྲི་ཧཾ། ཞེས་བྱ་བ་རྡོ་རྗེ་རིན་པོ་ཆེའི་ཆར་གྱིས་ཐམས་ཅད་དུ་ཁྱབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཆོད་པ་བྱེད་པའོ། །རྡོ་རྗེ་བཞད་པའི་ཕྱག་རྒྱ་བཅིངས་ལ། ཨོཾ་ན་མཿ་སརྦྦ་
ཏ་ཐཱ་ག་ཏ་མ་ཧཱ་པྲ་ཏི་པྲ་མོ་དྷྱ་ཀ་རེ་བྷྱོ་བཛྲ་ཧ་ས་ཧ་ཞས་བྱ་བས་དགའ་ཞིང་མགུ་བ་ཆེན་པོ་ཐམས་ཅད་དུ་ཁྱབ་པས་དེ་བཞིན་གཤེགས་པ་འཛུམ་པ་རྨད་དུ་བྱུང་བ་ལས་འཇོག་པའོ། །རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་བཅིངས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་དྷརྨྨཱ་ས་མཱ་དྷི་བྷི་སྟུ་ནོ་ནི་མ་ཧཱ་དྷརྨྨཱ་ཨ་གྲི་ཧྲི་ཞེས་བྱ་བས་ཆོས་ཀྱི་ཡེ་ཤེས་ཆེན་པོའི་སྲུང་མ་ཐམས་ཅད་དུ་སོང་བས་དེ་བཞིན་གཤེགས་པ་ལ་སོགས་པས་སེམས་ཅན་གྱི་ཁམས་ཐམས་ཅད་རང་བཞིན་གྱིས་རྣམས་པར་དག་པའི་ཏིང་ངེ་འཛིན་ལས་འཇོག་པའོ། །རྡོ་རྗེ་རྣོན་པོའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པྲཛྙཱ་པཱ་ར་མི་ཏ་ན་ཧ་རེ་སྟུ་ནོ་མི་མ་ཧཱ་གྷོ་ཥ་ནུ་གྷེ་དྷཾ་ཞེས་བྱ་བས་དབྱངས་ཆེན་པོའི་རྗེས་སུ་འབྲང་བ་ཐམས་ཅད་དུ་སོང་བས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་གཅོད་པ་ཡིན་ནོ། །རྡོ་རྗེ་རྒྱུའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙཀྲ་ཨ་ཀཱ་པ་རི་པུ་ར་ཨ་ཧེ་སརྦྦ་སཱུ་ཏྲ་ན་ཏ་ཨ་སྟུ་ནོ་མི་སརྦྦ་མཎྜལེ་ཧཱུཾ། ཞེས་བྱ་བས་དཀྱིལ་འཁོར་ཐམས་ཅད་ལ་འཇུག་པ་ཐམས་ཅད་དུ་སོང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་འཇུག་པ་ཡིན་ནོ། །རྡོ་རྗེ་གསུངས་པའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སནྡྷ་བྷི་ཤ་བུདྡྷ་སཾ་གཱི་ཏི་བྷི་ར་གེ་ཡན་སྟུན་ནོ་མི་བཛྲ་བཱ་ཛེ་བཾ་ཞེས་བྱ་བས་རྗེས་སུ་བརྗོད་པ་ཐམས་ཅད་དུ་སོང་བས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྤྲོས་པ་མེད་པའི་ཆོས་བརྗོད་པ་ངེས་པར་སྦྱོར་བ་ཡིན་ནོ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་ང་རྒྱལ་བསྐྱེད་ནས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་དྷཱུ་པ་མེ་གྷ་སྥ་ར་ཎ་པཱུ་ཛ་ཀརྨྨཱ་ཀ་ར་ཀ་ར་ཞེས་བྱ་བས་སེམས་ཅན་ཆེན་མོ་ཐམས་ཅད་དུ་སོང་བས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བདུག་པ་མ་ལུས་ཤིང་ལུས་པ་མེད་པའི་མཆོད་པས་ཡང་དག་པར་མཆོད་པ་བྱེད་དོ། །རྡོ་རྗེ་བསྲུང་བའི་ཕྱག་རྒྱ་བཅིངས་ལ། དེའི་ང་རྒྱལ་བསྐྱེད་དེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛ་པྲཱ་ཀ་ར་ཀི་རི་ཀི་རི་ཞེས་བྱ་བས་བྱང་ཆུབ་ཀྱི་ཡན་ལག་ཐམས་ཅད་དུ་སོང་བས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མེ་ཏོག་ལ་སོགས་པ་གོ་ཆའི་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བཅིངས་ལ། དེའི་ང་རྒྱལ་བསྐྱེད་ནས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་ཛྭ་ལ་སྥ་ར་ཎ་པཱུ་ཛ་ཀརྨྨཱ་ཀ་ར་ཀ་ར་ཞེས་བྱ་བས་
མིག་ལྡན་མ་ཐམས་ཅད་དུ་སོང་བས་དེ་བཞིན་གཤེགས་པ་ཐམས་ཅད་བསྲུང་བ་ཡོངས་སུ་བསྐྱང་བའི་སོ་སོར་རྟོག་པའི་མར་མེ་ལ་སོགས་པའི་མཆོད་པས་མཆོད་པར་བྱའོ། །རྡོ་རྗེ་ཁུ་ཚུར་གྱི་ལས་ཀྱི་ཕྱག་རྒྱ་བཅིངས་ནས། དེའི་ང་རྒྱལ་གྱིས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་གནྡྷ་ས་མུ་དྲ་སྥ་ར་ཎ་ཀརྨྨཱ་ཀུ་རུ་ཀུ་རུ་ཞེས་བརྗོད་ཅིང༌། དྲི་ལྡན་མ་ཐམས་ཅད་དུ་སོང་བས་ནམ་མཁའི་ཁམས་ཐམས་ཅད་བཀང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྒྲུབ་པ་ནན་ཏན་དུ་བྱེད་པའི་བརྩོན་འགྲུས་ཀྱི་དྲིས་མཆོད་པར་བྱའོ། །ལས་ཀྱི་དཀྱིལ་འཁོར་ཐམས་ཅད་ལས་གསུངས་པའི་རང་བཞིན་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེ་ཉིད་ལས་སྐྱེས་པའི་ང་རྒྱལ་བསྐྱེད་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་མཆོད་པ་ཆེན་པོ་དང༌། དབང་བསྐུར་བ་དང༌། ཆོས་དང༌། ལས་ཀྱི་མཆོད་པ་རྣམས་ཀྱིས་སངས་རྒྱས་ཉིད་ལ་སོགས་པའི་མཆོད་པ་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་ལ་ཕྱིས་ཕྱག་བྱས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་བཅིངས་ཏེ་བསྒོམ་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དུས་བཞི་ཡི་ནི་ཚུལ་དག་ཏུ། །ཞེས་བྱ་བ་ལ། མཆོད་པ་ཆེན་པོ་དང༌། དབང་བསྐུར་བ་དང༌། ཆོས་དང༌། ལས་ཀྱི་མཆོད་པ་རྣམ་པ་བཞི་པོའི་མཆོད་པ་རྣམས་ཀྱིས་སོ། །རྣམ་པ་བཞི་པོའི་མཆོད་པ་དེ་རྣམས་ཀྱིས་ལས་རྣམས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། དུས་བཞི་ཡི་ནི་ཚུལ་དག་ཏུ། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་རིན་ཆེན་དང༌། རྡོ་རྗེ་ཆོས་དང༌། རྡོ་རྗེ་ལས་རྣམ་པ་བཞི་པོའི་ཚུལ་གྱིས་རྣམ་པ་བཞི་པོ་དེ་ལ་སྦྱོར་བ་རྒྱུ་དེའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་བཞི་བྱས་ནས་ཞེས་བྱ་བར་སྦྱར་རོ། །ཇི་སྐད་དུ་བཤད་པའི་མཆོད་པ་ཆེན་པོ་ལ་སོགས་པའི་མཆོད་པ་རྣམ་པ་བཞི་བྱས་ནས་ལས་རྣམས་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བྱས་ནས་ཤེ་ན། དུས་བཞི་ཡི་ནི་ཚུལ་དག་ཏུ། །ཞེས་བྱ་བ་སྨོས་ཏེ། ནངས་པར་གྱི་ཐུན་མཚམས་དང༌། ཉི་མ་ཕྱེད་དང༌། དགོངས་ཀ་དང༌། མཚན་ཕྱེད་ཀྱི་དུས་སུ་མཆོད་པ་བྱེད་པས་ན་དུས་
བཞིའི་ནི་ཚུལ་དག་གོ །དུས་བཞི་རུ་སྦོར་བ་རྣམ་པ་བཞིས་ལས་རྣམས་བྱས་ཏེ། ལས་ནི་མཆོད་པ་ཆེན་པོ་ལ་སོགས་པའོ། །བསྒྲུབ་པར་བྱ་བ་ནི་རྫོགས་པར་བྱ་བའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་ཆེན་པོ་བྱས་ཏེ། སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་ཡང་མངོན་དུ་བྱའོ། །རྡོ་རྗེ་སེམས་དཔའ་དང། རྡོ་རྗེ་རིན་ཆེན་དང༌། རྡོ་རྗེ་ཆོས་དང༌། རྡོ་རྗེ་ལས་ཀྱི་རང་བཞིན་འཁོར་ལོས་སྒྱུར་བ་རྣམ་པ་བཞི་དགའ་ཞིང་བདེ་མ་ལ་སོགས་པའི་རིག་པའི་ལྷ་མོར་བསྒྱུར་ཞིང་སྤྲུལ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་ལས་ཀྱི་ནམ་མཁའི་ཁམས་ཐམས་ཅད་གང་བར་གནས་པར་བསམ་པར་བྱའོ། །དེ་ནས་བཛྲ་སཏྭ་ཞེས་བརྗོད་ཅིང༌། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དགའ་ཞིང་བདེ་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་མ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པ་མོ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་མགུ་བར་བྱེད་པ་མོ་རྣམས་ཀྱི་རིག་པ་བརྗོད་པར་བྱ་སྟེ། དེ་ལྟ་བུས་འགྲུབ་པར་འགྱུར་རོ། །དེ་ནས་འདོད་པའི་ལྷའམ་དཀྱིལ་འཁོར་ཡང་རུང་སྟེ་དེའི་ཕྱག་རྒྱ་རྣམ་པ་བཞི་བཅིངས་ནས་སྔ་མ་བཞིན་དུ་མཆོད་པར་བྱའོ། །དེ་ལྟར་ན་འདི་ནི་མཆོད་པ་ཆེན་པོ་རྣམ་པ་བཞི་ཡིན་ནོ། །བཛྲ་རཏྣ་ཞེས་བརྗོད་ཅིང༌། རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དབང་མོ་ཆེན་མོ་དང༌། སྣང་བ་ཆེན་མོ་དང༌། རིན་ཆེན་ཆར་འབེབས་ཆེན་མོ་དང༌། དགའ་ཞིང་མགུ་བ་ཆེན་མོའི་རིག་པ་བརྗོད་པ་དེ་ལྟ་བུས་རྡོ་རྗེ་རིན་ཆེན་རྣལ་འབྱོར་པས་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་འདོད་པའི་ལྷའམ་དཀྱིལ་འཁོར་ཡང་རུང༌། དེའི་ཕྱག་རྒྱ་བཞི་བཅིངས་ཏེ། སྔ་མ་བཞིན་དུ་མཆོད་པ་བྱའོ། །རྣམ་པ་བཞི་པོ་འདི་ནི་དབང་བསྐུར་བའི་མཆོད་པ་ཡིན་ནོ། །དེ་བཞིན་དུ་བཛྲ་དྷརྨྨཱ་ཞེས་བརྗོད་ཅིང༌། རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ནས།
ཡེ་ཤེས་ཆེན་མོའི་གླུ་མ་དང༌། དབྱངས་ཆེན་མོའི་རྗེས་སུ་འབྲང་མ་དང༌། དཀྱིལ་འཁོར་ཐམས་ཅད་དུ་འཇུག་མ་དང༌། སྔགས་སྟོང་དུ་ཟློས་པ་རྣམས་ཀྱི་རིག་པ་བརྗོད་པ་དེ་ལྟ་བུས་འགྲུབ་པར་འགྱུར་རོ། །དེ་ནས་དེ་བཞིན་དུ་འདོད་པའི་ལྷའམ་དཀྱིལ་འཁོར་པ་ཡང་རུང༌། དེ་རྣམས་ཀྱིས་མཆོད་པ་བྱས་ཏེ། རྣམ་པ་འདི་བཞི་ནི་ཆོས་ཀྱི་མཚོན་པའོ། །དེ་ནས་བཛྲ་ཀརྨྨཱ་ཞེས་བརྗོད་ཅིང༌། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། སེམས་ཅན་ཆེན་མོ་དང༌། བྱང་ཆུབ་ཀྱི་ཡན་ལག་མ་དང༌། །མིག་ལྡན་མ་དང༌། དྲི་ལྡན་མ་རྣམས་ཀྱི་རིག་པ་བརྗོད་པར་བྱའོ། །རྡོ་རྗེ་ལས་ཀྱི་རྣལ་འབྱོར་དེ་ལྟ་བུས་འགྲུབ་པར་འགྱུར་རོ། །དེ་ནས་དེ་རྣམས་སྔ་མ་བཞིན་རང་འདོད་པའི་ལྷའམ། དཀྱིལ་འཁོར་ལ་མཆོད་པ་བྱའོ། །རྣམ་པ་བཞི་པོ་འདི་ནི་ལས་ཀྱི་མཆོད་པའོ། །དེ་ལྟར་མཆོད་པ་རྣམ་པ་བཞི་པོ་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བ་བཞིས་མཆོད་པ་ཆེན་པོ་ལ་སོགས་པ་རྣམ་པ་བཞི་རྫོགས་པ་ལས་བྱས་ནས་ཐུན་བཞིའི་སྦྱོར་བས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་ལས་བྱས་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པས་དེ་ལྟར་བདག་ཉིད་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཞི་བྱས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །མ་རུངས་སེམས་ཅན་ཞེས་བྱ་བ་ནི་སྡིག་པ་ཆེན་པོ་བྱེད་པའོ། །དེ་དག་ལ་གནོད་པར་བྱ་བའི་ཕྱིར། སྡུག་བསྔལ་བ་ལས་བཏོན་ནས་སྡིག་པ་ལས་བཟློག་པའོ། །དེའི་དོན་དུ་ཅུང་ཟད་ཅིག་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་རྡོ་རྗེའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྣམ་པ་བཞི་ལས་ཀྱི་མཚན་ཉིད་ཀྱི་དགོས་པའི་བྱ་བ་གང་བྱེད་པ་དེ་ཁྲོ་བོའི་རིགས་ཀྱི་རྣལ་འབྱོར་པས། ལས་ཀྱི་རིགས་ཀྱི་རྣམ་པ་བཞི་པོ་འདི་རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན་པར་བྱེད་པ་ཡིན་ནོ། །འདི་སྐད་སྟོན་ པ་ཡིན་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ཁྲོ་བོའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། དེ་ནས་རྡོ་རྗེ་ཁྲོ་བོའི་སྒེག་མོ་ལ་སོགས་པའི་མཆོད་པ་རྣམ་པ་བརྒྱད་ཀྱིས་བདག་ཉིད་ཡང་དག་པར་མཆོད་
ལ། འཇིག་རྟེན་ གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ ་རྣམས་དེ་ལས་བཤད་པའི་ཚོགས་སྤྲུལ་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ཆེན་པོ་བཅིངས་ཏེ། རང་གི་མཆོད་པ་རྣམ་པ་བཞིའི་རིག་ པ་བརྗོད་པར་བྱའོ། །དེ་ལྟར་རིན་ཆེན་ཧཱུཾ་མཛད་དང༌། ལས་ཀྱི་ཧཱུཾ་མཛད་རྣམས་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ལས་དང་པོ་པ་རྣམས་ཀྱིས་རིག་ པ་བརྗོད་ཅིང་བརྟན་པར་བྱས་ལ། ཕྱིས་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དེའི་ལས་ཀྱི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ། ལས་དང་པོ་པ་རྣམས་ཀྱིས་མ་རུངས་པའི་སེམས་ཅན་ལ་གནོད་པ་ལ་སོགས་པ་དེ་རྣམས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་བཀང་ནས་རང་གི་ལྷའམ། དཀྱིལ་འཁོར་པ་སྔ་མ་བཞིན་མཆོད་པར་བྱའོ། །དེ་ལྟར་འདིར་ཡང་མཆོད་པ་རྣམ་པ་བཞིས་ལས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་མཆོད་ལ་ཕྱག་བཞི་བྱས་ཏེ། རང་གི་ཁྲོ་བོའི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པར་བྱའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འཇིགས་པས་གཟིར་ལ་མི་འཇིགས་སྦྱིན། །ཞེས་བྱ་བ་ནི་འཆི་བ་ལ་སོགས་པའི་རིག་པའི་འཇིགས་པས་གཟིར་བ་རྣམས་འཆི་བ་ལ་སོགས་པ་བསལ་ཏེ། དབུགས་འབྱིན་པར་བྱེད་པའོ། །ཇི་བཞིན་པར་ནི་འདུལ་དེ་བཞིན། །ཞེས་བྱ་བ་ནི་འགྲོ་བ་འདུལ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱིས་གདུལ་བྱ་རྣམས་དེའི་ངོ་བོར་བསྐྱེད་པ་ཇི་བཞིན་པའི་འདུལ་བའོ། །འདི་ནི་པདྨོའི་རིགས་ཀྱི་ལས། །ཞེས་བྱ་བ་ནི་མི་འཇིགས་པ་སྦྱིན་པ་ལ་སོགས་པ་གང་ཡིན་པ་དེས་ཇི་ལྟ་བ་བཞིན་དུ་འདུལ་བར་བྱེད་པ་འདི་ནི་པདྨའི་རིགས་ཀྱི་རྣལ་འབྱོར་པའི་ལས་ཀྱི་བྱ་བ་ཡིན་ནོ། །འདིས་ལས་ཅི་ཞིག་བྱེད་ཅེ་ན། སངས་རྒྱས་དངོས་གྲུབ་རབ་སྦྱིན་བྱའོ། །ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་དབང་ཕྱུག་ཉིད་སྟེར་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་ཞེས་གསུངས་པས་སོ། །
དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་ཉིད་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། པདྨའི་སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་ཀྱིས་བདག་ཉིད་ཡང་དག་པར་མཆོད་དེ། །པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཆོ་གས་དཀྱིལ་འཁོར་གྱི་ལྷ་རྣམས་སྤྲུལ་ལ། འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་མཆོད་པ་རྣམ་པ་བཞིས་རིག་པ་བརྗོད་པར་བྱའོ། །དེ་བཞིན་དུ་གཙུག་ཕུད་སངས་རྒྱས་དང༌། ཏིང་ངེ་འཛིན་པདྨ་དང༌། པདྨ་དོན་ཡོད་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ལས་ཀྱི་ཕྱག་རྒྱ་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་རིགས་ཀྱི་ལྷ་མོ་རྣམ་པ་བཞིའི་རིག་པ་བརྗོད་ཅིང༌། དེ་ནས་དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་རང་གི་ལྷའམ། དཀྱིལ་འཁོར་ལ་མཆོད་པ་བྱས་ནས། མི་འཇིགས་པའི་སྦྱིན་པ་ལ་སོགས་པས་སེམས་ཅན་གྱི་ཁམས་ཚིམ་པར་བྱའོ། །དེ་ལྟར་མཆོད་པ་རྣམ་པ་བཅུ་དྲུག་གིས་ཡང་དག་པར་མཆོད་དེ། ཕྱག་བཞི་བྱས་ནས། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། སྔ་མ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་བཞིན་གཤེགས་པ་ལ་སོགས་པ་སེམས་ཅན་གྱི་ཁམས་ཐམས་ཅད་ནོར་བུའི་རིགས་ཀྱི་གཟུགས་སུ་བསྐྱེད་དེ་དབང་བསྐུར་ནས། དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་གྱི་ཁམས་ཐམས་ཅད་སྔ་མ་བཞིན་དུ་རིན་པོ་ཆེ་ལ་སོགས་པ་དང༌། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་པའི་ནོར་ནི་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་འདོད་པའི་དོན་ཐམས་ཅད་དང༌། རེ་བ་ཐམས་ཅད་རྫོགས་པར་བྱེད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་གྱི་ཁམས་རྣམས་ལ་དབང་བསྐུར་བ་ལ་སོགས་པ་འདི་དག་བསྟན་པ་ནི། སངས་རྒྱས་དབང་བསྐུར་དེ་བཞིན་དུ། ཞེས་བྱ་བ་སྨོས་ཏེ། འདི་ནི་ནོར་བུའི་རིགས་ཀྱི་ལས་ས། །དེས་ཅི་ཞིག་བྱེད་ཅེ་ན། ལས་ཀྱི་དོན་ཀུན་གྲུབ་བྱེད་པའོ། །ཞེས་བྱ་བ་སྨོས་ཏེ། དོན་ཡང་ཡིན་ལ་ཀུན་ཡང་ཡིན་པས་ན་དོན་ཀུན་ཏེ། ནོར་བུའི་
རིགས་ཀྱིའོ། །དེ་རྫོགས་ཤིང་གྲུབ་པར་བྱེད་པ་ནི་ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་ནོར་བུའི་རིགས་གྲུབ་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་རང་གི་ལྷའི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། རིན་ཆེན་སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་ཀྱིས་བདག་ཉིད་ཡང་དག་པར་ཇི་ལྟ་བ་བཞིན་དུ་མཆོད་ལ། ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོ་གས་ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་སྤྲུལ་བར་བྱའོ། །དེ་ནས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷ་མོ་བཞི་རིགས་རྣམ་པ་བཞི་བརྗོད་པར་བྱའོ། །དེ་ལྟར་རིན་ཆེན་ལྟ་བ་དང༌། རིན་ཆེན་པདྨ་དང༌། རིན་ཆེན་ཆར་འབེབས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལྷ་མོ་བཞིའི་རིག་པ་རྣམས་བརྗོད་ཅིང༌། དེ་རྣམས་ཀྱིས་དེ་བཞིན་དུ་དབང་བསྐུར་བ་བྱིན་པ་ལས་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་ལས་ནི་སངས་རྒྱས་བ་ལ་སོགས་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བསྒྲུབས་ནས་ལས་ཀྱི་ཕྱག་རྒྱ་དེ་རྣམས་ཀྱིས་སྔ་མ་བཞིན་དུ་རང་གི་ལྷའམ། དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པར་བྱའོ། །དེ་ལྟར་མཆོད་པ་རྣམ་པ་བཅུ་དྲུག་གིས་ཡང་དག་པར་མཆོད་དེ། ཕྱག་བཞི་བྱས་ནས། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། སྔ་མ་བཞིན་དུ་བསྒོམ་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་ཀྱི་ཚོགས་ཡོངས་སུ་རྫོགས་པར་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་རྣམས་ཐུན་མོང་དུ་བསྒྲུབ་པ་དང་དངོས་གྲུབ་ཀྱི་ཁྱད་པར་དུ་འགྱུར་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ལ་
སོགས་པ་ནི་གོ་སླའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཏེ། དེ་རྣམས་ཀྱི་ཆོས་ཉིད་བསྐྱེད་པའི་རྒྱུར་གྱུར་པ་ནྱ་གྲོ་དྷ་ལ་སོགས་པའི་ས་བོན་བཞིན་དུ་དེ་ཉིད་ཀྱི་ཕྱག་རྒྱའོ། །དེར་ངེས་པའི་ཡེ་ཤེས་དེའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྒྲུབ་པ་སྟོན་པར་བྱེད་པའི་རྒྱུད་དོ། །འདི་གསུངས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན། །ཞེས་བྱ་བ་ལ། རང་གི་སྙིང་གའི་སེམས་དཔའི་རྡོ་རྗེ་ལ་དམིགས་པའི་ཐུགས་རྩེ་གཅིག་པའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་དགོངས། །ཞེས་བྱ་བའོ། །རྣམ་པར་སྣང་མཛད་ལ་སོགས་པ་ནས་དོན་ཡོད་གྲུབ་པའི་མཐར་ཐུག་པ་ནི་དེ་བཞིན་གཤེགས་པ་བསྐྱེད་པའི་རྒྱུར་གྱུར་པར་བཤད་དོ། །ཅིའི་ཕྱིར་ཞེ་ན། འདི་ནི་སངས་རྒྱས་སངས་རྒྱས་ཉིད། །ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་འདི་ནི་སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ཉིད་ཀྱང་གང་ལས་ཤེ་ན། གཞན་ལས་སངས་རྒྱས་འགྱུར་བ་མེད། །ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་སངས་རྒྱས་སུ་འགྱུར་གྱི་གཞན་དུ་མི་འགྱུར་བ་དེའི་ཕྱིར། རྡོ་རྗེ་སེམས་དཔའི་ཏིང་འཛིན་ནི། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་དགོངས། །ཞེས་བྱའོ། །ཁ་ཅིག་ན་རེ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི། ཕྱག་རྒྱ་ཆེན་པོའི་རྣམ་པར་སེམས་རྩེ་གཅིག་པ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཉིད་དེ། སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་ནོ་ཞེའོ། །གཞན་དག་ནི་འདི་མ་ཡིན་ཏེ། གང་གི་ཕྱིར། བདག་ཉིད་ཆེན་པོ་གང་གང་གི །ཕྱག་རྒྱ་གང་དང་གང་བཅིངས་པའི། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་ནི་བདག་ཉིད་བསྒོམ་པར་བྱའོ། །ཞེས་བཅོམ་ལྡན་འདས་ཀྱིས་སྔར་གསུངས་པ་ཡིན་ནོ། །ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཕྱག་རྒྱའི་རྒྱུད་ལས། དེ་བཞིན་གཤེགས་པ་དྲན་བྱེད་ཅིང༌། །སངས་རྒྱས་ཕྱག་རྒྱ་བཅིངས་ནས་ནི། །སངས་རྒྱས་བྱང་ཆུབ་བསྟན་པ་ཡང༌། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར་རོ། །ཞེས་དེ་མ་ཐག་འཆང་བར་འགྱུར་རོ། །གཞན་ཡང་
ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་གི་ལྷའི་ཕྱག་རྒྱ་བཞིས་རང་གི་ལྷའི་ང་རྒྱལ་ཉིད་ཀྱིས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། ཕྱག་རྒྱ་ཐམས་ཅད་བཅིངས་ནས་ནི། །བདག་ཉིད་དེ་ཡི་མདུན་དུ་ཡང༌། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །དེ་ནས་དེ་མ་ཐག་ཏུ་འགྲུབ། །ཅེས་འཆད་པར་འགྱུར་བ་དེ་བས་ན་རང་གི་ལྷའི་ཕྱག་རྒྱ་བཅིངས་ཏེ། རང་གི་ལྷའི་གཟུགས་ཉིད་དུ་བསྒོམ་པར་བྱའོ། །དེས་པ་ཁོ་ནར་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་རྣམ་པར་སེམས་རྩེ་གཅིག་པར་མི་བྱའོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་བསྒོམ་པ་རྣམས་ཀྱིས་རང་གི་སྙིང་གའི་སེམས་དཔའི་རྡོ་རྗེ་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་སེམས་དཔའི་རྡོ་རྗེ་རྣམ་པ་ཁོ་ན་ཡིན་པར་ཐེ་ཚོམ་མི་བྱའོ། །འདི་སྐད་དུ་ཡང༌། དེ་ཉིད་བཅོམ་ལྡན་སེམས་དཔའ་ཆེ། །ཐམས་ཅད་སེམས་དེ་ཉིད་བདག་གོ །སྐུ་དང་གསུང་ཐུགས་རྡོ་རྗེ་ནི། །སེམས་དཔའ་བརྟན་པར་རང་བྱུང་གི །སེམས་དཔའ་ཀུན་གྱི་མཆོག་སེམས་དཔའ། །རྡོ་རྗེ་སྙིང་གར་རབ་བསྒོམས་ནས། །རྡོ་རྗེ་སེམས་དཔའ་ཞེས་གྲགས་ཏེ། །འདི་ལ་རྡོ་རྗེ་རབ་ཏུ་གནས། །ཞེས་གསུངས་སོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔར་བཤད་པའི་ཚུལ་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བཅིང་བའམ་དམ་ཚིག་གི་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ནས། རང་གི་སྙིང་གའི་ཟླ་བར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ཏེ། དེའི་དབུས་སུ་སྙིང་པོ་བཀོད་ལ། ཐུགས་ཀའི་སེམས་དཔའི་བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་བསྒོམ་པར་བྱའོ། །ཕྱག་རྒྱ་ཆེན་པོ་བསྒོམས་ནས་ནི། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་བཅིངས་ནས་དེ་བསྒྲུབ་པར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་གི་ལྷའི་སྐུའི་གསང་བ་བསྒོམས་ནས་ཡང་དང་ཡང་མངོན་དུ་བྱས་ཏེ། བཟླས་པ་དོན་དུ་གཉེར་བས་བསྒྲུབ་པར་བྱའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། འདིར་ནི་དེ་བཞིན་གཤེགས་རིགས་ཀྱི། །ཞེས་བྱ་
བ་སྨོས་ཏེ། ཇི་སྐད་དུ་བཤད་པ་དེ་དག་གིའོ། །ཆོས་ཉིད་དངོས་གྲུབ་དམ་པ་ཐོབ། །ཅེས་བྱ་བ་ལ་ཡང་ཞེས་བྱ་བའི་སྒྲ་ནི་དེ་བཞིན་གཤེགས་པ་རྣམས་དང༌། རིགས་ཐམས་ཅད་ཀྱང་གི་ཆོས་ཉིད་འདི་ཡིན་ནོ་ཞེས་བཤད་དོ། །ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་ནི། །དམ་ཚིག་མཆོག་ནི་བཅིངས་ནས་ཀྱང༌། །ལས་རྣམས་ཐམས་ཅད་བསྒྲུབས་ནས་ནི། །ཞེས་བྱ་བ་ལ། རྡོ་རྗེ་རིགས་སུ་བཤད་པའི་དམ་ཚིག་དང༌། ཆོས་དང༌། ལས་དང༌། ཕྱག་རྒྱ་ཆེན་པོ་ཐམས་ཅད་ནི་དམ་ཚིག་གི་ཕྱག་རྒྱའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །དེ་རྣམས་ནི་སངས་རྒྱས་རྣམས་ཀྱི་དམ་ཚིག་མཆོག་སྟེ། དམ་ཚིག་དང༌། ཆོས་དང༌། ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས། སངས་རྒྱས་ལ་སོགས་པའི་ལས་རྣམས་ཐམས་ཅད་བསྒྲུབ་ཅིང་རྫོགས་པར་བྱེད་པའོ། །ཇི་ལྟར་བསྒྲུབ་པ་ཡིན་ཞེ་ན། ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་ནི། །ཞེས་བྱ་བ་སྨོས་ཏེ། ཕྱག་རྒྱ་ཆེན་པོའི་སྦྱོར་བ་ནི་ཕྱག་རྒྱ་ཆེན་པོའི་ཚུལ་ལོ། །དངོས་གྲུབ་ཀུན་སྦྱོར་སངས་རྒྱས་ཀྱི། །བཀས་ནི་སེམས་ཅན་ཀུན་དོན་དུ། །ཕྱག་རྒྱ་ཆེན་པོ་བསྒྲུབས་ནས་ནི། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཅེས་སྔར་བསྟན་ཟིན་པའི་ཕྱག་རྒྱ་ཆེན་པོའི་རྒྱུར་གྱུར་པ་དེས། རྡོ་རྗེའི་དངོས་གྲུབ་དང༌། རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཆེན་པོའི་རིགས་ཀྱི་སྦྱོར་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་དངོས་གྲུབ་གང་དང་གང་བསྒྲུབ་པར་འདོད་པ་དེ་དང་དེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་བཅིངས་ཏེ། ཕྱག་རྒྱ་ཆེན་པོ་བསྒོམ་པའི་སྦྱོར་བ་ཉིད་ཀྱིས་བསྒོམ་ཞིང་བསྒྲུབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྟོན་པ་ནི། ཆོས་ཀྱི་ཕྱག་རྒྱའོ། །པདྨའི་རིགས་ཀྱི་ཕྱག་རྒྱ་རྣམ་པ་བཞིའི་ཕྱག་རྒྱར་སྦྱོར་བ་ནི། ཆོས་ཀྱི་ཕྱག་རྒྱའི་ཚུལ་ལོ། །སྔར་བཤད་པའི་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་བསྒོམ་པའི་ཚུལ་གྱིས་དེས་ཆོས་ཀྱི་ཕྱག་རྒྱ་རྗོད་པར་བྱེད་ཅིང་སྒོམ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །གང་གིས་འགྲུབ་པར་འགྱུར་ཞེ་ན། རྡོ་རྗེ་ཆོས་ཀྱི་ལས་རྣམས་ནི། །ཆོས་ཉིད་དུ་ནི་འདིས་གྲུབ་བོ། །ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་
ཕྱག་རྒྱ་བསྒོམ་པའི་སྦྱོར་བ་འདི་ཉིད་ཀྱིས་སོ། །གང་གི་ཚེ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཆོས་ཀྱི་ཕྱག་རྒྱ་དངོས་སུ་བརྗོད་པ་དེའི་ཚེ། ཅིའི་ཕྱིར་ཆོས་ཀྱི་ཕྱག་རྒྱ་བསྒོམ་པའི་སྦྱོར་བ་དེས་ཆོས་ཀྱི་ཕྱག་རྒྱ་ལ་འཇུག་པར་འགྱུར་ཞེ་ན། རྡོ་རྗེ་ཆོས་ཀྱི་ཆོས་རྣམས་ནི། །ཆོས་ཉིད་དུ་ནི་འདིས་འགྲུབ་བོ། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཆོས་འདི་བསྐྱེད་པའི་རྒྱུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ཆོས་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིན་པའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་པདྨའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྣམ་པ་བཞི་སྒྱུ་མ་ལྟ་བུར་རང་བཞིན་གྱིས་རྣམ་པར་དག་པར་བསྒོམ་པར་བྱ་བ་ཡིན་ནོ། །དབང་བསྐུར་བ་ལ་སོགས་པའི་ངོ་བོས་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་པའི་ལས་སྟོན་པའི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་སྟེ། ནོར་བུའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་དོ། །དེའི་སྦྱོར་བས་ནོར་བུའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པའི་རྒྱུད་སྟོན་པ་དེ་ནི་ལས་ཀྱི་ཕྱག་རྒྱའི་ཚུལ་གྱིས་ཏེ། རྡོ་རྗེ་ནོར་བུ་ཆེན་པོ་རྩེ་མོ་བཅུ་གཉིས་སྟོན་པའི་ལས་ནི། ལས་ཀྱི་རྡོ་རྗེ་སྙིང་གར་གཞག །ཆོས་ཉིད་འདི་དག་བསྒོམས་ནས་ནི། །ཞེས་བྱ་བ་ལ་དོན་ཐམས་ཅད་གྲུབ་པ་ལ་སོགས་པ་ཐོབ་པར་འགྱུར་རོ། །ཅི་འདྲ་བ་ཞིག་ཅེ་ན། ལས་རྣམས་ཀུན་ནི་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། ལས་ཐམས་ཅད་པ་ནི་ནོར་བུའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དངོས་གྲུབ་དེས་ནི་ལས་ཐམས་ཅད་ཐོབ་པར་འགྱུར་བའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔར་བཤད་པའི་ནོར་བུའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྦྱོར་བ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། ཡི་གེ་དབྱངས་ཡིག་ གསུམ་པ ་དང་ལྡན་པས་བཅོམ་ལྡན་འདས་ནོར་བུ་མཆོད་པ་དང་ཆོས་ཀྱི་ཡི་གེ་ལས་རྡོ་རྗེ་ནོར་བུ་མཚན་མའི་སྣ་ཚོགས་རྡོ་རྗེ་སྙིང་གར་སྤྲུལ་ལ། དེའི་སྟེང་དུ་བཟླས་པའི་ཡི་གེ་རྣམ་པར་བསམས་ནས་དེ་ཉིད་བརྗོད་ཅིང་ནོར་བུའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་སམ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་བསྒྲུབ་པའི་སྦྱོར་བ་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་
རྒྱ་ནི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ། །པདྨའི་རིགས་ཀྱི་ཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱའོ། །ནོར་བུའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱའོ་ཞེས་གྲགས་པ་ཉིད་ཡན་ལག་ཏུ་བྱ་བ་ཡིན་ནོ། །དེ་ཡན་ལག་ཏུ་བྱས་པར་གྱུར་པ་ན་ཕྱག་རྒྱ་ལྷག་མ་རྣམས་ནི་ཆོས་ཉིད་དུ་གྱུར་པས་དངོས་གྲུབ་ཏུ་འགྱུར་བ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཆོས་ཉིད་ཐམས་ཅད་བསྟན་ནས་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་སྒྲུབ་པ་ན། སྒྲུབ་པ་པོ་ལ་ངེས་པ་བསྐྱེད་ནས་འཇུག་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་རྣམས་ནི་ཡེ་ཤེས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཡེ་ཤེས་སོ། །དེ་སྒྲུབ་པའི་ཕྱིར་སྒོམ་པའི་ཕྱག་རྒྱ་དེས་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་དེ་སྟོན་པར་བྱེད་པ་ནི་རྒྱུད་དོ། །གསུངས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཤད་པའོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་བརྟེན་པའོ། །སྦྱོར་བ་གང་གིས་ཤེ་ན། ཟླ་བ་རྡོ་རྗེའི་ཚུལ་གྱིས་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟླ་བ་རྡོ་རྗེའི་ཚུལ་ནི་སེམས་དཔའ་རྡོ་རྗེའི་རྣམ་པར་བསྒོམ་པའོ། །ཟླ་བ་རྡོ་རྗེའི་ཚུལ་གྱིས་ནི། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་སོ། །ཇི་ལྟར་དེ་གཉིས་ཁ་དོག་ཤེས། །ཞེས་བྱ་བ་ནི་རྡོ་རྗེ་དང་ཟླ་བ་གཉིས་ཀྱིའོ། །དེ་ལྟར་འཇིག་རྟེན་དེས་ཞེས་བྱ་བ་ནི་རྣལ་འབྱོར་པས་སོ། །ཤེས་ཏེ་ཞེས་བྱ་བ་ནི་བསྒོམ་པའི་ཤེས་པས་སོ། །དེ་ཉིད་བཤད་པ་ནི། དག་ལ་དག་དང་ཞེས་བྱ་བ་ལ་སོགས་པའོ། །དག་པ་ནི་ཤེལ་དང་འདྲ་བ་དྲི་མ་མེད་པའོ། །ཤེལ་དང་འདྲ་བའི་ཟླ་བ་རྡོ་རྗེ་མཐོང་བ་ནི་དག་པ་སྟེ། རྣལ་འབྱོར་པའི་སེམས་ཀྱིས་ཤེས་བྱ་ཤེས་པའོ། །དཀར་པ་ནི་ཟླ་བ་རྡོ་རྗེ་ཁ་དོག་དཀར་པོ་མཐོང་བའོ། །འོད་གསལ་བ་ནི་ལས་ཀྱི་སྒྲིབ་པ་སྤངས་པ་དང༌། སྡིག་པའི་མན་པ་དང་བྲལ་བའི་སྣང་བ་དང་བཅས་
པའོ་ཞེས་བྱ་བའི་དོན་ཏོ། །དམར་པོ་ནི་ཆགས་པས་ཟིལ་གྱིས་མནན་པས་ཟླ་བ་རྡོ་རྗེ་དམར་པོ་མཐོང་བའོ། །རབ་དམར་ཁྲོ་ཞེས་བྱ་བ་ནི་ཤིན་ཏུ་དམར་བའོ། །ཤེས་ནས་ཁ་དོག་ཇི་བཞིན་པ། །དེ་ཡི་བདག་ཉིད་ཉིད་དུ་འགྱུར། །ཇི་སྐད་བཤད་པའི་ཁ་དོག་དེ་དག་གི་ནང་ནས་ཅི་འདྲ་བ་ཟླ་བ་རྡོ་རྗེའི་གཟུགས་སུ་མཐོང་བ་དེ་འདྲ་བ་ཉིད་འགྲོ་བའི་སེམས་སུ་ཤེས་པར་བྱ་བའོ། །རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པར་གང་གི་ཚེ་རང་དང་གཞན་དག་གི་དགོས་པ་ཤེས་པར་འདོད་པ་དེའི་ཚེ་ཇི་ལྟ་བ་བཞིན་དུ་བདག་དང་གནས་བསྲུང་བ་དང༌། སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣལ་འབྱོར་བྱས་ནས། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ། ཕྱག་བཞི་བྱས་ནས་ཕྱག་རྒྱ་ཆན་པོ་བཅིངས་ཏེ། རང་གི་སྙིང་གའི་ཟླ་བར་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ཏེ། ཆོས་ཐམས་ཅད་གཟུགས་བརྙན་དང་མཚུངས་པ་བདེན་པ་གང་ཡིན་པ་དང༌། སྒྲ་བརྙན་དང་མཚུངས་པ་བདེན་པ་གང་ཡིན་པ་དེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འབྲས་བུ་ནི་མཐོང་བ་དང་འདི་དག་གི་འབྲས་བུ་གྲུབ་པར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱིས་བརླབས་ནས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་ར་ཧཱུཾ་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་རང་རང་གི་སྔགས་སམ་སྤྱིའི་སྙིང་པོ་རྡོ་རྗེའི་ཚིག་གིས་བརྗོད་ཅིང༌། རང་གི་སྙིང་གར་ཟླ་བ་རྡོ་རྗེ་བསྒོམས་ན་དེས་པར་ཐམས་ཅད་ཀྱིས་མཐོང་ཞིང་ཐོས་པར་འགྱུར་རོ། །ཟླ་བའི་དཀྱིལ་འཁོར་འོད་བཅས་པ། །ཕྱག་རྒྱ་ཆེན་པོ་བཅིངས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་ནང་ནས་ཕྱག་རྒྱ་ཆེན་པོ་གང་ཡང་རུང་བ་བཅིངས་ཏེ། དེའི་རྣམ་པར་སེམས་རྩེ་གཅིག་ཏུ་བྱས་ནས་བསྒྲུབ་པར་བྱའོ། །ཟླ་བ་དཀྱིལ་འཁོར་དང་བཅས་པའི། །ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་དང་མཚུངས་པའི་འོད་གང་ལ་མངའ་བ་དེ་ནི་ཟླ་བའི་དཀྱིལ་འཁོར་གྱི་འོད་ཅན་ནོ། །རང་གི་ལུས་ལ་ཇི་ལྟར་ཤེས། །ཞེས་བྱ་བ་ནི་ཇི་ལྟར་ཤེས་པ་དེ་ལྟར་འགྲོ་བའི་ཡིད་ཤེས་པའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པས་གང་གི་ཚེ་རང་དང་གཞན་གྱི་
དགོས་པ་ཤེས་པར་འདོད་པ་དེའི་ཚེ་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རང་གི་སྙིང་གའི་ཟླ་བར་སྔ་མ་བཞིན་དུ་རྡོ་རྗེའི་རྣམ་པར་བསམས་ཏེ། རྡོ་རྗེའི་དབུས་སུ་སྙིང་པོ་བཀོད་ལ་དེ་ཉིད་བརྗོད་ཅིང་སྔ་མ་བཞིན་དུ་བདེན་བའི་བྱིན་རླབས་བྱས་ནས། རང་གི་ལྷའི་གཟུགས་སུ་བསྒོམས་ན་ངེས་པར་ཐམས་ཅད་ཀྱིས་མཐོང་ཞིང་ཐོས་པར་འགྱུར་རོ། །ཁྲོས་པར་གྱུར་ན་དཀྱིལ་འཁོར་ནི། །ཞེས་བྱ་བ་ནི་དེ་ལ་ནམ་མཁའ་ནི་རབ་ཏུ་གྲགས་པའོ། །རས་སམ་རྩིག་པའམ་ལུགས་སུ་བླུགས་པ་ལ་སོགས་པ་ཕྱོགས་གཞན་དག་ཏུའོ། །དེ་ལ་ཁྲོས་པར་དཀྱིལ་འཁོར་ནི། །ཞེས་བྱ་བ་ནི་ཁྲོ་བའི་ལྷའི་ཉམས་མངོན་དུ་བྱེད་པ་ནི་ཁྲོ་བོ་སྟེ། ཁྲོ་བོའི་རྣལ་འབྱོར་པས་དེས་ཁྲོ་བོ་དེ་བདག་ཉིད་དུ་གྱུར་པ་ནམ་མཁའ་ལ་སོགས་པ་ལ་དཀྱིལ་འཁོར་དཀར་པོ་ལ་སོགས་པར་མཐོང་བར་གྱུར་ཏེ། ཁྲོ་བོའི་ཏིང་ངེ་འཛིན་གྱི་མཐུས་དེ་ལྟ་བུས་ཡིད་ཀྱིས་ཤེས་ཤིང་རང་དང་གཞན་གྱི་ཡིད་ཤེས་པར་འགྱུར་རོ། །འདི་སྐད་སྟོན་ པ་ཡིན་ཏེ། སྔ་མ་བཞིན་དུ་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་བྱས་ལ། ཇི་ལྟ་བ་བཞིན་དུ་མཆོད་པ་དང་ཕྱག་བཞི་བྱས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ནས། རང་གི་སྙིང་གར་རྡོ་རྗེ་ལ་སྙིང་པོ་བཀོད་ཅིང་དེ་ཉིད་བརྗོད་པར་བྱའོ། །བདེན་པའི་བྱིན་གྱི་རླབས་ཀྱིས་སྔ་མ་བཞིན་དུ་རང་གི་ལྷའི་ངོ་བོ་ཇི་སྲིད་ནམ་མཁའ་ལ་སོགས་པར་མཚན་མ་སྟོན་པར་གྱུར་པའི་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་གཟུགས་སུ་མཐོང་བ་དང༌། སྒྲ་ཐོས་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །ནམ་མཁའི་ས་ཕྱོགས་ཕྲ་མོའམ། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའོ། །ཡི་གེ་ཕྲེང་བ་མཐོང་གྱུར་ན། །ཞེས་བྱ་བ་ནི་མངོན་པར་འདོད་པའི་དངོས་པོ་སྟོན་པར་བྱེད་པའི་ཡི་གེ་ཕྲེང་བ་བྲིས་པ་ནམ་མཁའ་ལ་སོགས་པར་བསྒོམ་པའི་ཤེས་པས་མཐོང་བར་གྱུར་པས་མདོར་ན་ཁ་དོག་ཅི་འདྲ་བར་ཤེས་པ་དེ་འདྲར་དེ་སེམས་ཤེས་ཞེས་བྱའོ། །འདི་སྐད་དུ་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་ཉིད་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་བྱས་ཏེ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་རང་གི་སྙིང་གར་རྡོ་རྗེ་པདྨ་དེའི་སྟེང་དུ་སྙིང་པོ་བཀོད་ལ། དེ་ཉིད་བརྗོད་ཅིང་བདེན་པའི་བྱིན་གྱིས་བརླབས་པར་བྱས་ནས་རང་ཉིད་འཇིག་རྟེན་དབང་ཕྱུག་ཏུ་བསྒོམ་པར་
བྱའོ། །དེ་ནས་རྡོ་རྗེ་ཕྲ་མོའམ་ཡི་གེ་ཕྲེང་བ་ཁ་དོག་ཅི་འདྲ་བར་མཐོང་བ་དེ་བཞིན་དུ་དེའི་འབྲས་བུ་ཤེས་པར་འགྱུར་རོ། །འཇིག་རྟེན་ཡང་ཡིན་ལ་ཀུན་ཀྱང་འདི་ཡིན་པས་ན་འཇིག་རྟེན་ཀུན་ཏེ། བཅོམ་ལྡན་འདས་ནམ་མཁའི་སྙིང་པོའོ། །བལྟས་ནས་ཀྱང་ནི་བསྒོམས་ནས་ཀྱང་ངོ༌། །ཅི་འདྲ་བ་ཞིག་ཅེ་ན། ཇི་ལྟ་བུར་ནི་སྣང་འགྱུར་ཞིང༌། །ཞེས་བྱ་བ་སྨོས་ཏེ། རང་གི་ལྷའི་སྐུ་མདོག་དང་དབྱིབས་ཅི་འདྲ་བ་དེ་འདྲ་ཉིད་དུ་དེ་བསྒོམ་པར་བྱའོ། །མཐོང་བར་འགྱུར་བ་དེ་འདྲ་བར། །འགྲོ་བའི་སེམས་ནི་ཤེས་པར་བྱ། །ཞེས་བྱ་བ་ནི་རྣལ་འབྱོར་པས་རང་གི་ལྷའི་གཟུགས་ཁ་དོག་དཀར་པོ་ལ་སོགས་པའི་རང་བཞིན་དུ་ཅི་འདྲ་བར་བསྒོམས་ནས། འགྲོ་བའི་སེམས་ཀྱང་དེ་དང་འདྲ་བ་ཉིད་དུ་བསྒོམས་པའི་སྟོབས་ཀྱིས་མཐོང་བར་འགྱུར་རོ། །དེ་བཞིན་དུ་མཐོང་བ་དེའི་འབྲས་བུ་ཤེས་པར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། ནོར་བུའི་རིགས་ཀྱི་རྣལ་འབྱོར་སྔ་མ་བཞིན་དུ་བྱས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། རང་གི་སྙིང་གར་རྡོ་རྗེ་ཆེན་པོའི་དབུས་སུ་བཟླས་པའི་སྙིང་པོ་ཡིད་ཀྱིས་བྲིས་ཏེ། ཆོས་ཐམས་ཅད་གཟུགས་བརྙན་དང་མཚུངས་པའི་བདེན་པ་གང་ཡིན་པ་དང་སྒྲ་བརྙན་དང་མཚུངས་པའི་བདེན་པ་གང་ཡིན་པ་དེས་འབྲས་བུ་འདི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་དང་འདྲ་བར་གྱུར་ཅིག་ཅེས་བྱ་བའི་བདེན་པའི་བྱིན་རླབས་བྱས་ནས། ཇི་ལྟར་བྲིས་པའི་བཟླས་པ་བརྗོད་ཅིང་རང་གི་ལྷ་བསྒོམ་པ་དེས་ཐམས་ཅད་ཀྱིས་མཐོང་བར་འགྱུར་རོ། །དེ་ཉིད་ནི་སྙོམས་ཞུགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས་ནོར་བུའི་རིགས་ཀྱི་མཐར་ཐུག་པའི་དངོས་གྲུབ་ཀྱི་ཡེ་ཤེས་བསྒོམས་པ་ལས་བྱུང་བའི་ལུས་ཀྱི་སོ་སོར་སྣང་བའི་གཟུགས་ཀྱིས་འགྲོ་བར་བྱེད་པས་འགྲོ་བར་སྟོན་པ་དང༌། འོང་བར་བྱེད་པས་འོང་བར་རབ་ཏུ་སྟོན་པའོ། །འཆགས་པ་ལའང་ཞེས་བྱ་བ་ནི་ཇི་ལྟར་མཐོང་བའི་རྣལ་འབྱོར་དེས་དེ་ལྟར་འབྲས་བུ་བརྟགས་པ་ནི་འབྲས་བུ་ཐོབ་པའོ། །སྙོམས་པར་ཞུགས་ཏེ་བསམས་ན་ནི། །ཞེས་བྱ་བ་ནི་རྣལ་འབྱོར་པས་ཇི་ལྟར་འདོད་པའི་དངོས་པོ་བསྒོམ་པའོ། །སེམས་ཅན་གང་དང་གང་ཡིན་པ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་མོས་པ་ནི་སེམས་ཅན་དེ་དང་དེ་ནི་རྣམ་པར་སྣང་མཛད་ལ་སོགས་
པའོ། །དེ་བཞིན་དུ་བཤད་མ་ཐག་པའི་སྙོམས་པར་འཇུག་པའི་རྣམ་པ་དེས་སེམས་ཅན་ཐམས་ཅད་ཀྱི་སེམས་རྣམས་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དཀར་པོ་ལ་སོགས་པའི་གཟུགས་འབའ་ཞིག་སྟོན་པ་ནི་མ་ཡིན་གྱི་ཇི་སྐད་བཤད་པའི་སྙོམས་པར་འཇུག་པ་སྔོན་དུ་བྱས་པས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ཐམས་ཅད་ཀྱང་ཤེས་པར་འགྱུར་རོ། །དེ་ལྟར་རང་དང་གཞན་དག་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབས་ནས་སྐལ་བ་དང་ལྡན་པ་དང༌། སྐལ་བ་དང་མི་ལྡན་པ་ཆོས་སུ་བརྟག་པའི་ཡེ་ཤེས་དང༌། དངོས་པོ་ཐམས་ཅད་ལ་ཐེ་ཚོམ་སེལ་བའི་ཡེ་ཤེས་མཁྱེན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་བསྟན་ནས། ད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམས་ནས་ཀྱང༌། གང་གི་ཚེ་མཚན་མ་ཐོབ་པར་གྱུར་པ་དེའི་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཏེ། ཇི་སྐད་དུ་བཤད་པའི་དངོས་གྲུབ་དེ་དག་སྟོན་པའི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་སོ། །དེའི་ཆོ་ག་རྒྱས་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ཐ་དད་པས་བྱེ་བྲག་རྒྱས་པའོ། །དེ་སྟོན་པར་བྱེད་པའི་རྒྱུད་དོ། །གསུངས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཤད་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སེམས་དཔའི་བྱིན་གྱིས་བརླབས་ཚུལ་གྱིས། །ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེ་རབ་ཏུ་སྣང་བའོ། །དེས་སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བས་སངས་རྒྱས་དངོས་གྲུབ་ཐོབ་པར་ཞེས་བྱ་བར་སྦྱར་རོ། །གང་ལས་སྐྱེ་བར་འགྱུར་ཞེ་ན། སངས་རྒྱས་གཟུགས་སུ་བདག་བསྒོམས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་སོ། །བདག་ཉིད་བསྒོམས་པའི་རྣམ་པར་སྣང་མཛད་གང་ཡིན་པ་དེ་བདག་ཡིན་ནོ་ཞེས་བྱ་བ་ནས། དོན་ཡོད་གྲུབ་པ་གང་ཡིན་པ་དེ་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱའོ། །སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བ་བསྒོམ་པ་གང་ཡིན་པ་དེ་བསྐྱེད་
པའོ། །ཡེ་ཤེས་ནི་ཚུལ་དེ་ཡིས་ཞེས་བྱ་བ་ནི་སེམས་དཔར་སྦྱོར་བའི་བྱིན་གྱིས་རློབ་པའི་སྦྱོར་བ་ཉིད། ཡེ་ཤེས་ཀྱི་ནི་ཚུལ་དེ་ཡིས། །ཞེས་བྱ་བ་སྨོས་ཏེ། ཚུལ་ནི་ཏིང་ངེ་འཛིན་གྱི་ཚུལ་ལོ་ཞེས་བསྟན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་བསྒོམ་པའི་རྣལ་འབྱོར་པས། བསྒོམ་པའི་བདག་ཉིད་ཀྱི་ཡ་ཤེས་ཀྱིས་གང་གི་ཚེ་སྙིང་གར་སེམས་དཔའི་རྡོ་རྗེ་ཉིན་རེ་བཞིན་ཐུན་བཞིའི་མཐོང་བར་གྱུར་བ་དེའི་ཚེ། མཚན་ཐོག་ཐག་དེ་བཞིན་གཤེགས་པའི་བདག་ཉིད་དུ་བསྒོམས་ནས་སངས་རྒྱས་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེའི་ཕྱིར། སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །ནམ་མཁའ་ནི་གྲགས་པར་ཟད་དོ། །ཕྱོགས་གཞན་དུ་བཤད་ཟིན་ཏོ། །སེར་སྐྱའི་འོད་ཀྱི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་སེར་སྐྱར་མཐོང་བ་ཡིན་ཏེ། འབའ་ཞིག་མཐོང་བ་ནི་མ་ཡིན། ནོ། །ཇི་ལྟ་བུ་ཞེ་ན། སེམས་དཔའ་ཉིད་ཀྱི་ཕྱག་རྒྱ་ཉིད། །མངོན་སུམ་ཉིད་དུ་མཐོང་གྱུར་ནའོ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་བཅིངས་ཏེ། རྣལ་འབྱོར་པ་བསྒོམ་པ་ལ་སོགས་པ་ན། སེམས་དཔའ་རང་ཉིད་ཀྱི་ཕྱག་རྒྱ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཇི་སྐད་དུ་བཤད་པའི་སེམས་དཔའ་དེ་ཉིད་ཀྱི་ཕྱག་རྒྱས་རྡོ་རྗེ་སེམས་དཔའ་ཉིད་ལ་སོགས་པའི་གཟུགས་སུ་རྣལ་འབྱོར་པ་བདག་ཉིད་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཇི་སྐད་དུ་བཤད་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམས་ནས་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ནམ་མཁའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་སེར་སྐྱའི་གཟུགས་སུ་ངོ་བོ་ཇི་སྲིད་བདག་ཉིད་མཐོང་བར་གྱུར་པ་དེའི་ཚེ། ཇི་ལྟ་བ་བཞིན་དུ་མཚན་ཐོག་ཐག་བཟླས་ཤིང་བསྒོམས་ན་འགྲུབ་པར་འགྱུར་རོ། །དེ་ལྟ་བུ་ཡི་དབྱིབས་གྱུར་པ། ཞེས་བྱ་བ་ནི་སེར་སྐྱའི་འོད་ཀྱིས་དཀྱིལ་འཁོར་དུ་སྣང་བ་གྲུབ་པས་ན་དབུས་སུ་སྔོ་བསངས་ནི་ཨུཏྤལ་སྔོན་པོ་ལྟ་བུའོ། །སྣང་བ་ནི་ཞེས་བྱ་བ་ནི་མངོན་པ་དང་མཐོང་བ་ཞེས་བྱ་བའི་
ཐ་ཚིག་གོ །རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པ་འདི་དངོས་གྲུབ་ཀྱི་ཡེ་ཤེས་སོ། །རྡོ་རྗེ་རིགས་ཀྱི་མཆོག་གི་དངོས་གྲུབ་ནི་དམ་ཚིག་གོ །ཅི་སྟེ་འདོད་ན་མྱུར་དུ་ཐོབ། །ཅེས་བྱ་བ་ནི་གལ་ཏེ་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པ་སྒྲུབ་པར་འདོད་ནས། དེ་སྲིད་པ་ནི་མཁའ་འདྲ་ཡི། །ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པ་བསྒོམས་པའི་སྟོབས་ཀྱིས་ནམ་མཁའ་དང་འདྲ་བའི་ཁ་དོག་སྔོན་པོའི་དཀྱིལ་འཁོར་མཐོང་བ་གང་ཡིན་པ་དེ་ལྟ་བུ་པདྨའི་རིགས་ཀྱི་རྣལ་འབྱོར་པས་གང་གི་ཚེ་ནམ་མཁའ་ལ་པདྨ་སྔོན་པོའི་ཁ་དོག་ཅན་གྱི་དཀྱིལ་འཁོར་བསྒོམས་པའི་སྟོབས་ཀྱིས་མཐོང་བ་དེའི་ཚེ། པདྨ་ཆེན་པོའི་རིགས་རིག་པའི། །དངོས་གྲུབ་ཏུ་ནི་ལེགས་པར་འགྱུར། །ཞེས་བྱ་བ་དེ་ཤེས་པར་བྱའོ། །ནམ་མཁའ་འམ་ནི་ཕྱོགས་གཞན་ན། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་རྣལ་འབྱོར་པའི་བསྒོམ་པའི་ཡེ་ཤེས་ཀྱིས་སེར་སྐྱའི་དཀྱིལ་འཁོར་དེ་ཉིད་སྟོན་ཀའི་ནམ་མཁའ་དྲི་མ་མེད་པ་ལས་འོད་ཟེར་གྱི་དཀྱིལ་འཁོར་འཕྲོ་ཞིང་གཡོ་བར་མཐོང་བ་ན། མཐོང་ན་མྱུར་དུ་དངོས་གྲུབ་ཐོབ། །ཅེས་བྱའོ། །ད་ནི་ཇི་སྐད་དུ་བཤད་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་དངོས་གྲུབ་ཀྱི་ཡེ་ཤེས་འདི་འབའ་ཞིག་མ་ཡིན་གྱི་གཞན་ཡང་ཡིན་ནོ་ཞེས་བསྟན་པར་བྱ་བའོ་ཞེས། རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་སེམས་དཔའ་དང་པོར་བྱ་བ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་རྒྱལ་པོ་ནས་བརྩམས་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་སེམས་དཔའོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། ཟླ་བའི་དཀྱིལ་འཁོར་འོད་བཅས་ཏེ། ཟླ་བའི་དཀྱིལ་འཁོར་དང་མཚུངས་པའི་འོད་ཀྱི་དཀྱིལ་འཁོར་རོ། །ཟླ་བའི་དཀྱིལ་འཁོར་དང་བཅས་པ་གང་ཡིན་པ་དེ་ནི་སྔར་བསྟན་ཟིན་ཏོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ་བདག་ཉིད་ཇི་ལྟ་བུ་ཞེ་ན། མི་བརྟན་པའི་གཟུགས་ཀྱི་སྣང་བ་ཙམ་གྲུབ་པའི་དུས་སུ་མདུན་དུ་མཐོང་བ་ཡིན་ལ། དངོས་གྲུབ་ཀྱི་དུས་སུ་ནི་དཀྱིལ་འཁོར་གྲགས་པའི་ཁ་དོག་དང་དབྱིབས་ཅན་གྱི་རང་བཞིན་གྱི་གཟུགས་བྱོན་ནས་སྒྲུབ་པ་པོ་ལ་བདག་ཉིད་སྟོན་པར་འགྱུར་རོ། །དེ་ནས་སྐད་ཅིག་མ་དེ་ཉིད་ལ་རྣལ་འབྱོར་པ་འདི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་རྒྱུད་བསྟན་ནས།
ད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་བསྒོམས་པ་ནས་མཚན་མ་ཐོབ་པར་གྱུར་པ་མངོན་པར་ཤེས་པ་ལྔ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་ན། དེའི་མངོན་པར་ཤེས་པའི་དངོས་གྲུབ་རྫོགས་པའོ། །དེའི་ཡེ་ཤེས་དེ་སྟོན་པའི་རྒྱུད་དོ། །གསུངས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཤད་པའོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་སྙིང་གའི་ཟླ་བའི་རྡོ་རྗེའི་རྣམ་པར་སེམས་རྩེ་གཅིག་པ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་ནས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའི་རྣལ་འབྱོར་པས་སྤྱི་གཙུག་ནས་བརྩམས་ཏེ། རྐང་མཐིལ་གྱི་བར་དུ་ལུས་ཐམས་ཅད་ལ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་གཟུགས་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བློས་བསྒོམས་ན་མཐོང་བ་ཡིན་ནོ། །དེ་བཞིན་ལུས་ལས་ཞེས་བྱ་བ་ནི་རང་གི་ལུས་ལ་བྱུང་བ་ཁོ་ནའོ། །འདི་སྐད་སྟོན་པ་ཡིན་ཏེ། མཚན་མ་ཐོབ་པའི་དེ་བཞིན་གཤེགས་པའི་རྣལ་འབྱོར་པས་སེམས་དཔའི་རྡོ་རྗེ་ཏིང་ངེ་འཛིན་མངོན་དུ་བྱས་ནས། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་མངོན་དུ་བྱས་ཏེ། དེའི་ཚེ་རང་གི་དེ་བཞིན་གཤེགས་པའི་སྐུ་ལ་དེ་བཞིན་གཤེགས་པའི་གཟུགས་བསྒོམས་ནས། ཡིད་ཀྱིས་ལེགས་པའི་སྦྱོར་བ་སྔ་མ་བཞིན་དུ་བཅུག་ལ་བ་སྤུའི་ཁུང་བུ་རེ་རེར་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པར་བསྒོམ་པར་བྱའོ། །དེ་ནས་བརྟན་པར་གྱུར་པ་དང་རང་གི་ལུས་ལས་སྐུ་རྣམས་ཕྱུང་ནས། ནམ་མཁའ་ལ་སོགས་པར་སྤྲོས་པ་དེ་ལྟ་བུས་དེ་བཞིན་གཤེགས་པའི་རྣལ་འབྱོར་པའི་མངོན་པར་ཤེས་པའི་དངོས་གྲུབ་ཏུ་འགྱུར་བ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེ། །ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་ནས་བརྩམས་ནས། རྡོ་རྗེ་འབེབས་པའི་མཐར་ཐུག་པ་དེ་དག་གི་ཕྱག་རྒྱ་རྣམ་པ་བཞིའི་ཕྱག་རྒྱ་དེ་ཉིད་ཇི་སྐད་བཤད་པའི་ཚུལ་གྱིས་བཅིང་བའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའོ། །རབ་མཉམ་
གཞག་པས་བཅིངས་ནས་ནི། །ཞེས་བྱ་བ་ལ། རབ་ཏུ་མཉམ་པར་གཞག་པ་ནི་མཚན་མ་ཐོབ་པས་སེམས་གཡེང་བ་མེད་པའོ། །མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་བྱ་བ་ནི་མངོན་པར་ཤེས་པ་རྣམས་ནི་མངོན་ཤེས་ཏེ། ལྷའི་མིག་ལ་སོགས་པའི་ངོ་བོར་ངེས་པའི་ཡེ་ཤེས་དེ་ཐོབ་པ་ནི་རྙེད་པའོ། །ཇི་ལྟར་ཐོབ་པར་འགྱུར་ཞེ་ན། སྒྲུབ་པའི་ཆོ་ག་འདི་ཡིས་ནི། །ཞེས་བྱ་བ་སྨོས་ཏེ། དེ་མ་ཐག་ཏུ་འཆད་པར་འགྱུར་བའི་རྣལ་འབྱོར་པ་སྒྲུབ་པ་པོའི་ཆོ་ག་འདིས་སོ། །དེ་ལ་འདི་ནི་འཕྲུལ་གྱི་སྤྱན་གྱི་ཡེ་ཤེས་བཤད་དོ་ཞེས་བྱ་བ་ནི་བློ་ལ་གནས་པས་ན་འདིའོ། །ཕྱག་རྒྱ་ཆེན་པོ་མཉམ་གཞག་སྟེ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་ཇི་སྐད་དུ་བཤད་པ་བཅིངས་ཏེ་བརྟན་པར་བྱས་བའོ། །མིག་གི་རྣམ་ཤེས་བསྐྱེད་ནས་ཀྱང༌། །ཞེས་བྱ་བ་ནི་སྒོམ་པ་པོས་སོ། །ཇི་ལྟར་ཞེ་ན། ཡི་གེ་ཨོཾ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྷའི་སྤྱན་བཀུག་ནས་རང་གི་མིག་ལ་བཞག་སྟེ། དེ་ནས་དེ་བཞིན་གཤེགས་པའི་ལྷའི་སྤྱན་རང་གི་མིག་དང་གཅིག་ཏུ་གྱུར་པར་བསམ་པར་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། གང་ཡང་རུང་བ་དེ་བསམས་ན། །ཞེས་བྱ་བ་སྨོས་ཏེ། གཟུགས་གང་ཅི་ཡང་རུང་བ་འཇིག་རྟེན་གྱི་ཁམས་གཞན་ན་གནས་པ་རྣམས་ཤིན་ཏུ་རིང་བ་དང༌། དེ་ལས་ཀྱང་ཆེས་ཤིན་ཏུ་རིང་བ་རྣམས་ཀྱང་སྣང་བ་དང་བཅས་པའི་མདུན་ཕྱོགས་ན་གནས་པ་བཞིན་དུ་མཐོང་བར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་མཉམ་གཞག་སྟེ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཡི་གེ་ཨས་དེ་བཞིན་གཤེགས་པ་ལ་སོགས་པའི་ལྷའི་སྙན་བཀུག་ནས་རང་གི་རྣ་བ་དང་ལྷན་ཅིག་ཏུ་གྱུར་པར་བསམ་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། དེས་ནི་དགོས་པ་གང་བསམས་པ། །ཤིན་ཏུ་རིང་ན་གནས་པའང་ཐོས། །ཞེས་བྱ་བ་སྨོས་ཏེ། དེས་འཇིག་རྟེན་གྱི་ཁམས་གཞན་ན་གནས་པའི་སྒྲའི་ངོ་བོ་ཅི་ཡང་རུང་བ་ཡང་རྣལ་འབྱོར་པ་ལ་དགོས་པས་ཐོས་པར་འདོད་ན་ཉེ་བའི་ཡུལ་ན་གནས་པ་བཞིན་དུ་བསམས་ན་དེས་ཐོས་པར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་མཉམ་གཞག་སྟེ། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཡིད་ཀྱི་རྣམ་ཤེས་བསྐྱེད་ནས་ཀྱང༌། །ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་
རྡོ་རྗེ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་སེམས་དཔའི་རྡོ་རྗེའི་གཟུགས་ཅན་གྱི་ཡིད་བཀུག་སྟེ། རང་གི་སྙིང་གར་གནས་པའི་སེམས་དཔའི་རྡོ་རྗེ་ལ་བཅུག་ནས་གཅིག་ཏུ་གྱུར་པར་བསམ་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། སེམས་ཅན་གང་ལ་དེས་བརྟགས་ན། །དེ་ཡི་སེམས་ནི་དེས་ཤེས་འགྱུར། །ཞེས་བྱ་བ་སྨོས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་དེ་སེམས་དཔའ་རྡོ་རྗེའི་གཟུགས་སུ་སེམས་ཅན་གང་གི་སེམས་ཤེས་པར་འདོད་པའི་སེམས་ཅན་དེ་ལ་བསམ་པར་བྱའོ། །དེ་ནས་སེམས་ཅན་དེའི་སེམས་རྣལ་འབྱོར་པས་ཤེས་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། ཡེ་ཤེས་ཀྱི་རྡོ་རྗེ་རང་གི་སྙིང་གར་རབ་ཏུ་བཞག་ལ་འདི་སྐད་བརྗོད་པར་བྱའོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་བདེན་པ་གང་ཡིན་པའི་བདེན་པ་དེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་མཚུངས་པར་སེམས་ཅན་དེའི་སེམས་ཀྱང་དེ་དང་འདྲ་བ་དེ་ལྟ་བུའི་རྣམ་པར་ཤེས་པ་བདག་ལ་སྐྱེ་བར་གྱུར་ཅིག་ཅེས་བྱའོ། །དེ་ནས་དེའི་སྙིང་གར་ཡེ་ཤེས་ཀྱི་རྡོ་རྗེ་ཉིད་རྣམ་པར་བསྒོམས་པ་དེས་གཞན་གྱི་སེམས་ཤེས་པ་རྣལ་འབྱོར་པ་ལ་སྐྱེ་བར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་མཉམ་གཞག་སྟེ། །ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །བདག་གམ་ཡང་ན་གཞན་ཡང་རུང༌། །ཞེས་བྱ་བ་ནི་གོ་སླའོ། །ཡིད་ཀྱིས་བལྟས་ནས་གར་སྐྱེས་པ། །ཞེས་བྱ་བ་ནི་སེམས་དཔྱད་ན་བདག་གང་ནས་འདིར་འོངས་པ་དང༌། སེམས་ཅན་གང་ནས་འདིར་འོངས་པ་དང༌། གཞན་གྱི་སྐྱེ་བ་ཤེས་པའོ། །དེས་ཅིར་འགྱུར་ཞེ་ན། གར་སྐྱེས་པའི་གཟུགས་ནི་དེའི་ཤེས་པར་འགྱུར། །ཞེས་བྱ་བ་སྨོས་སོ།། གང་ནས་ཤི་འཕོས་ནས་འདིར་སྐྱེས་པར་གྱུར་པ་དེ་རྣལ་འབྱོར་པས་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་བསྒྲུབས་པས་རང་དང་གཞན་གྱི་སྐྱེ་བའི་གནས་གང་ནས་འོངས་པ་ཤེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་དྲུག་གི་འཁོར་ལོའི་དཀྱིལ་འཁོར་སྙིང་གར་ཡིད་ཀྱིས་བྲིས་ལ་བཅོམ་ལྡན་འདས་ཆོས་ཐམས་ཅད་དང་རྨི་ལམ་མཚུངས་པའི་བདེན་པ་གང་ཡིན་པའི་བདེན་པ་དེས་སྐྱེ་བ་གང་ནས་བདག་གམ་གཞན་འདིར་སྐྱེས་པའི་སེམས་ཅན་སྣང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་རང་གི་ལྷ་བསྒོམས་ན་དེའི་རྗེས་ལ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་
སྐྱེ་བར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་བཅིངས་ནས་ཀྱང༌། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྫུ་འཕྲུལ་གང་དང་གང་འདོད་པ། །ཞེས་བྱ་བ་ནི་རྫུ་འཕྲུལ་ནི་རྣམ་པར་འཕྲུལ་ལོ། །སེམས་ཀྱི་རྫུ་འཕྲུལ་ནི་བདག་ཉིད་ཆེན་པོའི་མཐུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ལ་འགྲོ་བ་དང༌། མི་སྣང་བ་དང༌། གཟུགས་སུ་སྟོན་པ་དང༌། རིང་ནས་མྱུར་དུ་འོང་བ་ལ་སོགས་པ་དེ་ལྟ་བུ་རྣམས་ཀྱི་ནང་ནས་གང་ཡང་རུང་བའི་རྫུ་འཕྲུལ་ཞིག་མངོན་དུ་བྱས་ཏེ་སྟོན་པར་འདོད་པའམ། ཡུལ་གང་དང་གང་དུ་སྒྲིབ་པ་དང་བཅས་པ་དང་སྒྲིབ་པ་མེད་པའི་ནམ་མཁའ་ལ་སོགས་པ་དེ་དང་དེར་འགྲོ་བ་རྣལ་འབྱོར་པས་སྟོན་པར་འགྱུར་རོ། །གང་གིས་ཤེ་ན། སེམས་རྩེ་གཅིག་པའི་སྟོབས་ཀྱིས་སོ། །འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་རང་གི་ལྷའི་ཕྱག་རྒྱ་བཅིངས་ཏེ། རྣལ་འབྱོར་པས་མཚན་མ་ཐོབ་ནས་ནམ་མཁའི་ཕྱོགས་ཀྱི་གནས་སུ་ཡི་གེ་ལཾ་ལས་ཟད་པར་ས་བསྒོམས་ལ་འཆགས་པ་ལ་སོགས་པ་བསྟན་པར་བྱའོ། །ཡི་གེ་བཾ་ལས་རི་བོ་ལ་སོགས་པའི་ཕྱོགས་སུ་ཟད་པར་ཆུ་བསྒོམས་ལ་འོག་ཏུ་འཛུལ་བ་དང་གྱེན་དུ་འབྱུང་བར་བྱའོ། །རཾ་ལས་ཕྱོགས་བཅུར་ཟད་པར་མེ་བསྒོམས་ལ་འབར་བར་བྱའོ། །ཡི་གེ་ཡཾ་ལས་རླུང་གི་ཕུང་པོ་བསྒོམས་ཏེ་ནམ་མཁའ་ལ་ཁྱེར་བར་བྱའོ། །ཁཾ་ལས་ཟད་པར་ནམ་མཁའ་བསྒོམས་ལ་རྩིག་པ་ལས་ཀྱང་ཐལ། ར་བ་ལས་ཀྱང་ཐལ་ནས་འགྲོ་བ་དང་འོང་བ་ལུས་ཐོགས་པ་མེད་པས་མི་སྣང་བར་འགྱུར་རོ། །ཡི་གེ་ཧྲི་ལས་གཟུགས་ཐམས་ཅད་བསྟན་པར་བྱའོ། །དེ་ལ་དང་པོ་ལས་དང་རྗེས་སུ་མཐུན་པའི་ཡི་གེ་དང་བཟླས་པའི་སྔགས་དང་ལྷན་ཅིག་སྦྱང་བས་རྫུ་འཕྲུལ་མཐའ་དག་སྟོན་པར་འགྱུར་རོ། །ཁམས་གསུམ་རྣམ་རྒྱལ་མཆོག་ཏུ་ནི། །ཞེས་བྱ་བ་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་རྣམ་ པ་བཞི་ཡང་ཁམས་གསུམ ་རྣམ་པར་རྒྱལ་བའི་ཕྱག་རྒྱ་མཆོག་ཡིན་ཏེ། རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ཐམས་ཅད་ནི་ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བཤད་པས། མཉམ་པར་གཞག་པས་བཅིངས་ནས་ཀྱང༌། །ཞེས་བྱ་བ་ནི་མཚན་མ་ཐོབ་པ་གཡེང་བ་མེད་པའི་སེམས་སོ། །མངོན་པར་ཤེས་པ་ལྔ་ཐོབ་པོ། །ཞེས་བྱ་བ་ནི་ཇི་སྐད་བཤད་པ་ཉིད་དོ། །ཇི་ལྟར་བྱ་ཞེ་ན། ཆོ་ག་འདིས་ནི་སྒྲུབ་པ་པོ། །ཞེས་བྱ་བ་སྨོས་ཏེ། ཆོ་ག་
གང་གིས་ཤེ་ན། ཁྲོས་ནས་དགོས་པ་ཐམས་ཅད་ནི། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པའི་རིགས་སུ་བཤད་པའི་མངོན་པར་ཤེས་པ་ལྔ་བསྐྱེད་པར་བྱས་ནས་ཞེས་བྱ་བས་ལན་འདེབས་པ་ཡིན་ནོ། །ཇི་ལྟར་ཞེ་ན། ལྟག་འོག་གོ་རིམས་ཇི་བཞིན་བྱ། །ཞེས་བྱ་བ་སྨོས་ཏེ། འདི་ཉིད་རྣམ་པར་འགྲེལ་པ་ནི། །འཕྲུལ་གྱི་མིག་ལ་སོགས་ཚུལ་གྱིས། །ཞེས་བྱའོ། །དེར་ཅིར་འགྱུར་ཞེ་ན། མངོན་ཤེས་ཀུན་དུ་སྐད་ཅིག་འགྱུར། །ཞེས་བྱ་བ་སྨོས་སོ། །འགྲོ་བ་སེམས་ཅན་གྱི་ཁམས་སོ། །དེ་འདིས་འདུལ་བས་ན་འགྲོ་བ་འདུལ་བ་སྟེ་པདྨའི་རིགས་སོ། །དེའི་ཕྱག་རྒྱ་ནི་འགྲོ་བ་འདུལ་བ་ལ་སོགས་པ་ནས་པདྨ་འབེབས་པའི་མཐར་ཐུག་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་དོ། །དེའི་མཆོག་ནི་དམ་པར་གྱུར་པ་སྟེ། འགྲོ་བ་འདུལ་བའི་ཕྱག་རྒྱ་མཆོག་དེ་བཅིངས་ནས་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་བྱ་ཞེ་ན། རབ་མཉམ་བཞག་པས་ཞེས་བྱ་བ་སྨོས་ཏེ། དེ་བཅིངས་པས་ཅི་ཞིག་ཐོབ་ཅེ་ན། མངོན་པར་ཤེས་པ་ལྔ་ཐོབ་པོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་བཤད་པའི་མངོན་པར་ཤེས་པ་ལྔ་ཐོབ་པོ། །ཅི་ལྟར་ཐོབ་ཅེ་ན། ཆོ་ག་འདིས་ནི་སྒྲུབ་པ་པོ། །ཞེས་བྱ་བ་ནི་དེ་མ་ཐག་ཏུ་འཆད་པར་འགྱུར་བའི་དོན་གྱིས་སོ། །དེ་ཉིད་བསྟན་པ་ནི། ལྟག་འོག་གོ་རིམས་ཇི་བཞིན་དུ། །ཆོ་ག་བཞིན་དུ་འདོད་པས་ཆགས། །ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་ཆོས་རྟོག་པས་སྲེད་པའི་འདོད་པས་དེ་དང་དེ་ལ་ཆགས་ཤིང་ཤིན་ཏུ་ཆགས་པས་བསྒོམས་པ་དེའི་ཕྱིར་འདོད་པས་ཆགས་པ་སྟེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་འཇིག་རྟེན་དབང་ཕྱུག་གི་ཆགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོ་ག་བཞིན་དུ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །འདོད་པས་ཆགས་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྦྱོར་བ་དེས་སོ། །འཕྲུལ་གྱི་མིག་ནི་ཡེ་ཤེས་ལ་སོགས་པ་སྔར་བཤད་པའི་གོ་རིམས་གང་དང་གང་ཡིན་པ་དེའི་གོ་རིམས་བཞིན་དུའོ། །འདི་ཉིད་རྣམ་པར་འགྲེལ་བ་ནི། །འཕྲུལ་གྱི་མིག་ལ་སོགས་ཚུལ་གྱིས། །ཞེས་བྱ་བ་སྨོས་ཏེ། དེས་ཅིར་འགྱུར་ཞེ་ན། མངོན་ཤེས་ཐམས་ཅད་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་སོ། །དེའི་དོན་ཀུན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །གྲུབ་པ་ནི་རྫོགས་པའོ། །
འདི་ཡོད་པ་ལས་བྱུང་བ་ནི་དོན་ཐམས་ཅད་གྲུབ་པའི་ནོར་བུའི་རིགས་སོ། །དོན་ཐམས་ཅད་གྲུབ་པར་གྱུར་པས་མཛེས་པ་འདི་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་རབ་ཏུ་མཉམ་པར་བཞག་པས་བཅིངས་པ་ནི་མཚན་མ་ཐོབ་པའོ། །མངོན་པར་ཤེས་པ་ལྔ་ཐོབ་བོ། །ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །ཆོ་ག་འདི་ནི་སྒྲུབ་པའོ། །ཞེས་བྱ་བ་ནི་དེ་མ་ཐག་ཏུ་འཆང་བར་འགྱུར་བའོ། །ཆོ་ག་དེ་གང་ཡིན་ཞེ་ན། སངས་རྒྱས་རྣམས་ནི་མཆོད་བྱས་ནས། །ཞེས་བྱ་བ་སྨོས་ཏེ། སངས་རྒྱས་རྣམས་ལ་མཆོད་པ་ནི་སངས་རྒྱས་རྣམས་ལ་མཆོད་བ་སྟེ། ནམ་མཁའི་ཁམས་དང་མཉམ་པར་ནོར་བུའི་རིགས་གཟུགས་བརྙན་ཙམ་དུ་བསྒོམ་པ་འདི་ནི་སངས་རྒྱས་རྣམས་མཆོད་པའོ། །དེ་བྱེད་པ་ནི་ཤིན་ཏུ་མངོན་དུ་བྱེད་པའོ། །ནོར་བུའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གོ་རིམས་བཞིན་དུ་བསྒོམས་པའི་ཚུལ་གྱིས་སོ། །དེ་བཞིན་གཤེགས་པའི་རིགས་སུ་བཤད་པའི་ཚུལ་དེས་ལྷའི་མིག་གིས་ཡེ་ཤེས་ལ་སོགས་པའི་བསྐྱེད་པའི་ཚུལ་གྱིས་ལྷའི་མིག་ལ་སོགས་པ་མངོན་པར་ཤེས་པ་ལྔའི་རང་བཞིན་ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་མཐོང་ཞིང་ཐོས་པས་མངོན་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མཚན་མ་ཐོབ་བས་མངོན་པར་ཤེས་པ་བསྒྲུབ་པ་བསྟན་ནས། ད་ནི་མན་འདོར་བའི་བརྟུལ་ཞུགས་ལ་རྗེས་སུ་འཇུག་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བདེན་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངས་སོ། །མནའ་དོར་ནས་བདེན་པ་ཡོངས་སུ་སྐྱོང་ཞིང་བསྲུང་བ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་འགྲུབ་པའོ། །དེ་སྟོན་པར་བྱེད་པའི་རྒྱུད་དེ་ཕྱག་ན་རྡོ་རྗེས་གསུངས་པ་ཡིན་ནོ། །བདེན་པ་ནི་ཕྱིན་ཅི་མ་ལོག་པའོ། །རྗེས་སུ་བསྐོར་བའི་ངང་ཚུལ་གང་ལ་མངའ་བ་དེ་ནི་བདེན་པའི་རྗེས་སུ་འཇུག་པའོ། །དེས་བདེན་པའི་རྗེས་སུ་འཇུག་པ་དང༌། ཚིག་གིས་མནའ་ནི་འདོར་བྱེད་ཅིང༌། །ཞེས་བྱ་བའི་མནའ་དོར་བའོ། །བདེ་བ་ཆེན་པོ་བསྲུངས་ན་ནི། །ཞེས་བྱ་བ་ལ་སྒྲུབ་ཅིང་ནན་ཏན་དུ་བྱེད་པས་ན་བསྲུང་བའོ། །བདེན་པ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་ན་དེ་ནི་དེ་བཞིན་གཤེགས་པའི་
མཐུའོ། །དེས་ཅིར་འགྱུར་ཞེ་ན། མྱུར་དུ་སངས་རྒྱས་ཉིད་དང་དེ་བཞིན་གཤེགས་པ་ཉིད་ཐོབ་པོ་ཞེས་བྱ་བ་སྨོས་སོ། །འདི་སྐད་སྟོན་པ་ཡིན་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་ནང་ནས་གང་ཡང་རུང་བའི་ད་བཞིན་གཤེགས་པ་བསྒྲུབ་པར་འདོད་ན་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་པའི་ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲུབ་པ་ཡང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱས་ཀྱིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལམ་སྨྲ་ཤིག །དམ་ཚིག་ཉམས་པར་གྱུར་ཏ་རེ། །འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱིས། གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་ཨུ་ད་ཀ་ཋ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་པར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ། སློབ་དཔོན་ནམ་བཅོམ་ལྡན་འདས་ལས་ངེས་པར་མངོན་པར་འདོད་པའམ་དངོས་གྲུབ་བླངས་ལ། དེ་སྔ་མ་བཞིན་དུ་ནན་ཏན་བྱས་ན་དེ་ལྟ་བུས་དམ་ཚིག་གི་དཀྱིལ་འཁོར་དུ་བླངས་པ་དེ་སྔ་མ་བཞིན་ནན་ཏན་བྱས་ན་དེ་ལྟ་བུས་འགྲུབ་པར་འགྱུར་རོ། །དམ་ཚིག་གི་དཀྱིལ་འཁོར་དུ་འཇུག་པའི་མནའ་བསྒགས་པས་ཅི་ཞིག་བྱེད་ཅེ་ན། དེ་བཞིན་གཤེགས་པའི་རིགས་བྱུང་བ། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ནི་རྡོ་རྗེ་སེམས་དཔའ་ནས་བརྩམས་ནས། རྡོ་རྗེ་འབེབས་པའི་མཐར་ཐུག་པ་འབྱུང་ཞིང་བསྐྱེད་པའོ། །སྔ་མ་བཞིན་དུ་དཀྱིལ་འཁོར་དུ་ཞུགས་ཏེ། མངོན་པར་འདོད་པའི་དོན་གྱིས་དངོས་གྲུབ་བཅོམ་ལྡན་འདས་སམ། སློབ་དཔོན་གྱི་མདུན་དུ་མནའ་དོར་ལ་ཇི་ལྟ་བ་བཞིན་དུ་ནན་ཏན་དུ་བྱའོ། །རྡོ་རྗེ་འཛིན་གྱིས་མནའ་དོར་ཞིང༌། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པས་རྡོ་རྗེའི་རིགས་ལས་གསུངས་པའི་དངོས་གྲུབ་སྒྲུབ་པར་འདོད་པས་
སྔ་མ་བཞིན་དུ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེ་གཟུངས་ཀྱི་ཕྱག་རྒྱ་བཅིངས་ནས། མནའ་འདོར་ལ་སྔ་མ་བཞིན་དུ་མངོན་པར་འདོད་པའི་དངོས་གྲུབ་དེ་ལྟ་བུས་རྡོ་རྗེའི་རིགས་ལས་བཤད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དམ་པའི་ཆོས་ལ་མནའ་དོར་ཞིང༌། །ཞེས་བྱ་བ་ནི་དམ་པའི་ཆོས་ནི་པདྨའི་རིགས་ཏེ། དེའི་མནའ་དོར་བ་བསྲུང་བར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། པདྨའི་རིགས་ལས་བཤད་པའི་དངོས་གྲུབ་བསྒྲུབ་པར་འདོད་པས་པདྨ་རིགས་ཀྱི་དཀྱིལ་འཁོར་དུ་ཞུགས་ཏེ། མནའ་དོར་ནས་སྔ་མ་བཞིན་ནོ། །ནན་ཏན་དུ་བྱས་པ་དེ་ལྟ་བུས་པདྨའི་རིགས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །སངས་རྒྱས་མཆོད་ལ་མནའ་དོར་ཞིང༌། །ཞེས་བྱ་བ་ནི་སངས་རྒྱས་མཆོད་པ་ནི་ནོར་བུའི་རིགས་སོ། །དེའི་མནའ་ཤིན་ཏུ་དོར་བས་སངས་རྒྱས་ལ་མཆོད་པའི་མནའ་འགྱུར་བས་དེ་བསྲུང་བར་ཡང་བྱའོ། །ཡང་སྔ་མ་བཞིན་དུ་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་དུ་ཞུགས་ཏེ། དེ་ལས་བཤད་པའི་གཟུགས་བྱས་ནས། སྔ་མ་བཞིན་བསྒྲུབ་པར་བྱས་པ་དེ་ལྟ་བུས་ནོར་བུའི་རིགས་ལས་བཤད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་བས་ན། དབང་བསྐུར་བ་ནི་ཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་སངས་རྒྱས་མཆོད་པས་གསུངས་སོ། །སངས་རྒྱས་མཆོད་པ་ནི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའོ་ཞེས་བྱ་བའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་མནའི་དངོས་གྲུབ་ཀྱི་རྒྱུད་བསྟན་ནས། ད་ནི་ས་མ་ཡ་སྟྭཾ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་དེ་ཁོ་ན་ཉིད་བསྐུལ་བའི་སྙིང་པོ་ཟློས་ཤིང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱ་བའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཇི་སྐད་དུ་བཤད་པའོ། །རིགས་ནི་དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང་པདྨ་དང༌། ནོར་བུའི་རིགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་དེ་དག་གི་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྣམ་པ་བཞིའོ། །དེ་སྐད་དུ་ཡང༌། ཕྱག་རྒྱ་དམ་ཚིག་
ཅེས་སུ་གྲགས། །ཞེས་གསུངས་སོ། །དེ་ཁོ་ན་ཉིད་ནི་ཀུན་རྫོབ་ཀྱི་བདེན་པའི་ངོ་བོའམ་དེ་ཁོ་ན་ཉིད་དེ། དེ་སྟོན་པར་བྱེད་པའི་སྙིང་པོ་ལ་ཡང་དམ་ཚིག་གི་དེ་ཁོ་ན་ཉིད་ཅེས་བྱའོ། །དེའི་དངོས་གྲུབ་ཀྱི་ཕྱག་རྒྱ་བཅིངས་པ་གྲུབ་པའོ། །དེ་སྟོན་པར་བྱེད་པའི་རྒྱུད་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བསྟན་པའོ། །ས་མ་ཡ་སྟྭཾ་ཞེས་བྱ་བ་ནི་བརྗོད་པས་དེ་ཁོ་ན་ཉིད་བསྐུལ་བའི་སྙིང་པོ་གསུངས་བ་ཟློས་པའོ། །ཕྱག་རྒྱ་ཀུན་ནི་དམ་ཚིག་དང༌། ཆོས་དང་ལས་དང༌། ཕྱག་རྒྱ་ཆེན་པོ་རྣམས་སོ། །རིགས་རྣམས་ལའང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེ། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། པདྨ་དང༌། ནོར་བུའི་རིགས་ལ་ཡང་ངོ༌། །ཉིད་ཀྱིས་བཅིངས་ནས་བརྟན་པར་འགྱུར། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་བསྐུལ་བས་མཉེས་པར་གྱུར་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་རང་ཉིད་ཀྱིས་བཅིངས་པས་ན་དེ་ཁོ་ན་ཉིད་བསྐུལ་བའི་དུས་སུ་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་སྒྲུབ་པ་དབང་དུ་བྱེད་པར་འགྱུར་རོ། །དེ་ནས་ཕྱིས་བསྒྲུབ་པ་བྱའོ། །དེའི་རྗེས་ལ་དེ་ཁོ་ན་ཉིད་བསྐུལ་བའི་དུས་ཕྱིས་དེའི་འོག་ཏུ་མ་བསྒྲུབས་པར་ཡང་དེ་ཁོ་ན་ཉིད་བསྐུལ་བར་གྱུར་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། ས་མ་ཡ་སྟྭཾ་བརྗོད་ཅིང༌། ཐོག་མ་ཁོ་ན་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་བཅིངས་ལ་ཕྱིས་སྔགས་བཟླས་པར་བྱའོ། །དེ་སྐད་དུ་ཡང་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ཆེན་པོ་སྟོང་ཕྲག་བརྒྱ་པ་ལས་ས་མ་ཡ་སྟྭཾ་ཞེས་བརྗོད་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་བཅིང་པར་བྱའོ་ཞེས་གསུངས་སོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་བཅིངས་པའི་སྤྱིའི་སྙིང་པོ་བཤད་ནས། དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་རྣམས་ཀྱི་བྱེ་བྲག་གི་སྙིང་པོ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སུ་ར་ཏ་སྟྭཾ་ཞེས་བརྗོད་ན་ཞེས་བྱ་བ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པའི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ལས་བྱུང་བ་ཟག་པ་མེད་པའི་བདེ་བ་ཡང་ཡིད་བདེ་བའི་རང་བཞིན་རྒྱུན་མི་འཆད་པའི་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ནི་བདག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང༌། ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་
ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཅེས་གསུངས་སོ། །བརྗོད་ན་ཞེས་བྱ་བ་ནི་གོ་སླའོ། །ཕྱག་རྒྱ་ཀུན་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་རྣམས་སོ། །མ་བསྒྲུབས་པར་ཡང་ཞེས་བྱ་བ་ནི། སུ་ར་ཏ་སྟྭཾ་ཞེས་བྱ་བའི་སྙིང་པོས་མ་བསྒྲུབས་ན་ཡང་ཉིད་ཀྱིས་བཅིང་བས་བརྟན་པར་འགྱུར་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་ཉིད་བསྐུལ་བས་བདག་ཉིད་ཆེའི། །ཞེས་བྱ་བ་སྨོས་ཏེ། རྣམ་པར་སྣང་མཛད་ཆེན་པོའིའོ། །དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དམ་ཚིག་ཆེན་པོ་སྟེ། ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་འཆང་ཆེན་པོ་ནི་རྣམ་པར་སྣང་མཛད་ཆེན་པོ་སྟེ། དེ་ཁོ་ན་ཉིད་ནི་རབ་ཏུ་དགའ་བ་ཉིད་དང༌། ཀུན་ཏུ་བཟང་པོ་ཉིད་དོ། །དེ་སྐད་དུ་ཡང༌། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་སྨྲས་པ། རབ་དགའ་ཀུན་དུ་བཟང་པོའོ། །ཞེས་གསུངས་སོ། །ཧཱུཾ་ཞེས་བྱ་བ་གཅིག་ཙམ་གྱིས། །ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ཡི་གེ་ཧཱུཾ་བརྗོད་པས་སློབ་དཔོན་རང་ཉིད་ཀྱིས་བཅིངས་པའམ། སློབ་མ་ལ་གདམས་ངག་བྱིན་ནས་ཧཱུཾ་ཞེས་བརྗོད་ཅིང་ཕྱག་རྒྱ་འཆིང་དུ་གཞུག་པར་བྱའོ། །པདྨའི་རིགས་ལས་སརྦྦ་ཤུདྡྷ་ཞེས་བརྗོད་ཅིང༌། སློབ་དཔོན་བདག་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་བཅིངས་པའམ། སློབ་མ་ལ་གདམས་ངག་བྱིན་ནས་འཆིང་དུ་གཞུག་པར་བྱའོ། །དེ་ལྟར་བྱས་པས་ཅི་ཞིག་ཏུ་འགྱུར་ཞེ་ན། བུད་མེད་ཆགས་ལ་སོགས་ལྡན་ལ། །ཐམས་ཅད་དུ་ནི་གྲོལ་མི་འགྱུར། །ཞེས་བྱ་བ་སྨོས་ཏེ། ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་རྣམས་ནི་བུད་མེད་དོ། །དེ་རྣམས་དང་མཉམ་པར་སྦྱོར་ཞིང་རྣལ་འབྱོར་པས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ལ་ཕྱག་རྒྱ་བཅིངས་པ་ལྷག་པར་མོས་པའོ། །སོགས་པ་སྨོས་པས་ནི་སྟོང་པ་ཉིད་བཅུ་དྲུག་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་དྲུག་དང༌། བྱང་ཆུབ་སེམས་དཔའི་ས་བཅུ་དང༌། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་ཀྱི་སྐུའི་ངོ་བོ་གཟུང་བར་བྱའོ་ཞེས་བྱ་བའི་དོན་དུ་བུད་མེད་དང་པོར་བྱས་པ་གང་ཡིན་པ་འདི་ནི་བུད་མེད་ལ་ཆགས་པའོ། །
ལྡན་པ་ནི་ཤིན་ཏུ་རྣལ་འབྱོར་གྱི་རང་བཞིན་ཆོས་ཀྱི་སྐུའི་ཏིང་ངེ་འཛིན་ཏོ། །དེ་ནི་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་དང་ལྡན་པ་དང་བྲལ་བར་མི་འགྱུར་རོ། །དེ་ཉིད་ལ་སེམས་རྩེ་གཅིག་པ་དང་ལྡན་པའི་རྣལ་འབྱོར་པས་ཤིན་ཏུ་རྣལ་འབྱོར་གྱི་ངོ་བོ་ལ་ཉེ་བར་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ །ནོར་བུ་ཆེན་པོའི་རིགས་ཀྱི་རྣལ་འབྱོར་པས། ཨོཾ་ཞེས་བརྗོད་པས་ཕྱག་རྒྱ་ཐམས་ཅད་བཅིང་བ་འགྲུབ་པར་འགྱུར་ཏེ་མ་ལུས་ཤིང་ལུས་ པ་མེད་པའི་ཁམས་གསུམ ་པའི་འཇིག་རྟེན་ཐམས་ཅད་ཀྱི་མཆོད་པ་དང༌། དབང་བསྐུར་བ་ལ་སོགས་པའི་ངོ་བོ་གང་ཡིན་པ་དེ་མཆོག་ཏུ་གྱུར་པས་ན་དམ་པའོ། །རང་བྱུང་བ་ཉིད་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །མཆོད་པ་ཐམས་ཅད་གྲུབ་ཅིང་རྫོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རིགས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་དོ། །དམ་ཚིག་ནི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་སྟེ། དེ་ཉིད་ཀྱི་ཕྱག་རྒྱ་དེས་སེམས་ཅན་གྱི་ཁམས་ལ་རྒྱས་འདེབས་པ་དེའི་ཆོ་ག་རྒྱས་པའོ། །བཤད་མ་ཐག་པ་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་རྒྱུད་ཅེས་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་བཤད་ནས། ད་ནི་རང་གི་ལྷའི་རྣལ་འབྱོར་བྱས་ལ་རས་རིས་ལ་སོགས་པ་རྣམས་ལ་ཡང་རང་གི་ལྷ་སྤྱན་དྲངས་ཏེ། ཟུང་དུ་འཇུག་པའི་རྣལ་འབྱོར་སྒོམ་པར་བྱེད་ཅིང་རང་གི་ལྷ་རྗེས་སུ་དྲན་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས་ཅད་ཉིས་འགྱུར་གྱི་དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱ་བའི་ཆོ་ག་འདིས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱིས་དངོས་གྲུབ་ཀྱི་ཕྱག་རྒྱའི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས། དོན་ཡོད་པར་གྲུབ་པའི་མཐར་ཐུག་པ་ལྔའོ། །རིགས་ནི་དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། པདྨ་དང༌། ནོར་བུའི་རིགས་སོ། །དེ་དག་གི་དངོས་གྲུབ་ནི་རྫོགས་པ་སྟེ། དེའི་ཕྱག་རྒྱ་ནི་བསྒོམ་པ་ཡིད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཕྱག་རྒྱ་བཅིངས་ནས་ནི། །ཞེས་བྱ་བ་ལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་བཅིངས་པའོ། །དེ་བཞིན་གཤེགས་པ་
དྲན་བྱེད་ཅིང༌། །ཞེས་བྱ་བ་ནི་རང་གི་དེ་བཞིན་གཤེགས་པའི་མདུན་དུ་བདག་ཉིད་ཀྱིས་བསྒོམས་ན། རྣལ་འབྱོར་པ་འགྲུབ་པར་འགྱུར་རོ། །ཅི་ཞིག་བྱས་ན་འགྲུབ་པར་འགྱུར་ཞེ་ན། བསྒྲུབས་ནས་ཞེས་བྱ་བ་སྨོས་ཏེ། དེ་སྔར་བཤད་པའི་བསྒོམ་པའི་སྦྱོར་བས་མྱུར་དུ་འགྲུབ་པར་འགྱུར་བའོ། །ཅི་ཞིག་བསྒྲུབས་ནས་ཤེ་ན། སངས་རྒྱས་བྱང་ཆུབ་བརྟན་པ་ཡང༌། །ཞེས་བྱ་བ་སྨོས་ཏེ། མི་བརྟན་པའི་དངོས་པོ་ཙམ་གཅོད་པར་ཟད་ཀྱི། རིག་པ་འཛིན་པའི་དངོས་གྲུབ་ལ་སོགས་པ་བསྒྲུབས་ཀྱང་འགྲུབ་པར་འགྱུར་རོ། །མི་འགྱུར་བའི་དངོས་པོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་འགྲུབ་པར་འགྱུར་རོ། །དེའི་ཕྱིར་གདོན་མི་ཟ་བའི་ངོ་བོ་ཉིད་དུ་འགྲུབ་པར་འགྱུར་ཏེ། ངེས་པར་སྐྱེས་པའི་སྒྲུབ་པ་པོས་དངོས་གྲུབ་འགྲུབ་པར་འགྱུར་ཞེས་བསྟན་པ་ཡིན་ནོ་ཞེས་རྡོ་རྗེ་སེམས་དཔའ་ལ་མངའ་བའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དམ་ཚིག་དང༌། ཆོས་དང༌། ལས་དང༌། ཕྱག་རྒྱ་ཆེན་པོའི་ངོ་བོ་ཕྱག་རྒྱ་རྣམ་པ་བཞིའོ། །དེ་བཅིངས་པ་ནི་སྔར་བཤད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཡོངས་སུ་རྫོགས་པའོ། །ཡང་དང་ཡང་མངོན་དུ་བས་ནས་མདུན་དུ་རྡོ་རྗེ་སེམས་དཔའ་ཡོངས་སུ་བསྒོམས་པས་ཤིན་ཏུ་མྱུར་བར་དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱ་བ་ནི། རྣལ་འབྱོར་གཅིག་ལ་ལྟོས་ནས། ཟུང་འཇུག་གི་རྣལ་འབྱོར་གྱིས་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་བྱས་ཏེ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རས་ལ་སོགས་པ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་རྣམས་བསྒོམས་ཏེ། བསྡུ་བ་ལ་སོགས་པའི་ཆོ་གས་རབ་ཏུ་བཞག་སྟེ། མཆོད་པ་ཐམས་ཅད་ཀྱིས་ཆོ་ག་བཞིན་དུ་ཡང་དག་པར་མཆོད་ལ། ཕྱག་རྒྱ་བཞི་བྱས་ནས་བསྒོམས་ལ། དེས་རྣལ་འབྱོར་གཅིག་ལ་ལྟོས་ནས་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་ཐམས་ཅད་དུ་ཤེས་པར་བྱའོ། །རྡོ་རྗེའི་རིགས་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྔར་བཤད་པའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌།
ཆོས་དང༌། ལས་ཀྱི་ཕྱག་རྒྱ་རྣམས་བྲི་བར་བྱའོ། །གང་གི་ཏིང་ངེ་འཛིན་བྱས་ནས་ཤེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་སྨོས་ཏེ། རང་གི་ཁྲོ་བོ་བསྒོམས་པ་ནི། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དེས་རང་གི་ལྷའི་ཕྱག་རྒྱ་བཅིངས་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་སྔར་བཤད་པའི་ཆོགས་རང་གི་ཁྲོ་བོ་བསྡུ་བ་ལ་སོགས་པའི་ཆོགས་མདུན་དུ་རབ་ཏུ་བཞག་ལ་རང་གི་ལྷའི་རང་བཞིན་གྱིས་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ། །ཉིས་རིམ་དུ་ནི་དངོས་གྲུབ་ཐོབ། །ཅེས་བྱ་བ་ནི་གང་གི་ཚེ་བདག་ཉིད་ཀྱིས་རྣལ་འབྱོར་གཅིག་བསྒོམས་པ་ན་ལོ་གཅིག་གིས་འགྲུབ་པར་འགྱུར་བ་དེ་ཟུང་གི་རྣལ་འབྱོར་གྱིས་ཟླ་བ་དྲུག་གིས་འགྲུབ་པར་འགྱུར་རོ། །ཆོས་ཀྱི་ཕྱག་རྒྱ་བཅིངས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རང་ཉིད་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་བྱས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། སྔ་མ་བཞིན་དུ་བསྡུ་བ་ལ་སོགས་པའི་ཆོ་གས་འཇིག་རྟེན་དབང་ཕྱུག་མདུན་གྱི་རས་རིས་ལ་སོགས་པ་ལ་བཀོད་དེ། དེའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་བཅིངས་ཏེ། དེ་ཉིད་མདུན་དུ་བདག་གིས་བསྒོམས་ལ། དེ་མངོན་དུ་བྱས་ན་དངོས་གྲུབ་ཉིས་འགྱུར་དུ་འགྱུར་རོ། །ནོར་བུའི་རིགས་ཀྱི་ཕྱག་རྒྱ་རྣམ་པ་བཞི་ནི་ལས་ཀྱི་ཕྱག་རྒྱ་ཞེས་བྱའོ། །དེ་བཅིང་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་བཅིང་བར་བྱའོ། །རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་རང་གི་ལྷ་བསྒོམ་པ་དེ་ནི་རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་ཡིན་ཏེ། དངོས་གྲུབ་ཉིས་འགྱུར་དུ་འགྱུར་རོ། །ཇི་ལྟ་བ་ནི་ཞེ་ན། རྡོ་རྗེ་སྙིང་པོ་བསྒོམས་ནས་ནི། ཞེས་བྱ་བ་སྨོས་ཏེ། སྔ་མ་བཞིན་དུ་བསྡུ་བ་ལ་སོགས་པས་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོའི་མདུན་དུ་བཞག་ལ་བསྒོམ་པར་བྱའོ། །དེ་ལྟར་ཟུང་གི་རྣལ་འབྱོར་རྒྱས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། རང་གི་ལྷ་རྗེས་སུ་དྲན་པའི་བསྒྲུབ་པ་བཤད་ནས། ད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་གི་ལྷའི་ཕྱག་རྒྱ་རྣམ་པ་བཞི་པོ་ནི་རང་གི་ལྷའི་ང་རྒྱལ་གྱིས་སྙིང་པོ་བརྗོད་ཅིང་བསྒྲུབ་པར་བྱའོ་ཞེས་བྱ་བའི་ངེས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཐམས་
ཅད་ཀྱི་དངོས་གྲུབ་སྒྲུབ་པའི་རྒྱུད་གསུངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ནི་སྔ་མ་བཞིན་ནོ། །དེ་དག་ནི་དངོས་གྲུབ་ཐམས་ཅད་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་དངོས་གྲུབ་པོ། །དེ་བསྒྲུབ་པ་ནི་བསྐྱེད་པའོ། །བདག་ཉིད་དམ་ཚིག་མདུན་དུ་ཡང༌། །སངས་རྒྱས་རྗེས་སུ་དྲན་པར་བསྒོམ། །ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཇི་ལྟ་བ་བཞིན་དུ་བསྡུ་བ་ལ་སོགས་པ་མདུན་དུ་བཞག་ལ་རང་གི་དེ་བཞིན་གཤེགས་པ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེའི་སྔགས་བརྗོད་ཅིང༌། བདག་ཉིད་དམ་མདུན་དུ་བཞག་ན་དེ་བཞིན་གཤེགས་པ་བསྒོམ་པར་བྱའོ། །དེ་ནས་དེ་མ་ཐག་ཏུ་འགྲུབ། །ཅེས་བྱ་བ་ནི་གང་གི་ཚེ་དེ་ལྟར་བསྒོམས་ནས་མཚན་མ་ཐོབ་པར་གྱུར་པ་དེའི་ཚེ། སྔར་བཤད་པའི་ཆོ་གས་མངོན་པར་ཤེས་པ་ལྔར་འགྱུར་རོ། །དེ་ནས་མཚན་ཐོག་ཐག་བསྒོམས་ནས་དེའི་རྗེས་ལ་བདག་ཉིད་དམ་མདུན་དུ་དེ་བཞིན་གཤེགས་པ་མངོན་སུམ་ལྟ་བུར་མཐོང་བར་འགྱུར་རོ། །དེ་ནས་སྐད་ཅིག་དེ་ཉིད་ལ་དེ་བཞིན་གཤེགས་པར་འགྱུར་རོ། །འདོད་པས་བདག་ཅེས་བསྒོམས་ནས་ཀྱང༌། །། ཕྱག་རྒྱ་ཐམས་ཅད་བསྒྲུབས་ན་ནི། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་རྣམ་པ་བཞི་པོ་བསྒྲུབས་པས་ཀྱང་འདོད་པའི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཆེན་པོ་བདག་ཡིན་ནོ་ཞེས་རྣམ་པར་སྣང་མཛད་ཆེན་པོའི་ང་རྒྱལ་བསྐྱེད་པར་བྱའོ། །རྡོ་རྗེ་སེམས་དཔའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་བཟླས་པའི་ཚིག་གིས་བརྗོད་པའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། བཟླས་པའི་སྙིང་པོ་མེད་ན་ཕྱག་རྒྱའི་དངོས་གྲུབ་ཏུ་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དངོས་གྲུབ་ཀུན་གྱི་མཆོག་གྲུབ་བོ། །ཞེས་བྱ་བ་ནི་དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་ན་དངོས་གྲུབ་ཐམས་ཅད་དེ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོའི་དངོས་གྲུབ་ཐམས་ཅད་དོ། །དེ་འདི་རྣམས་ཀྱི་མཆོག་ཏུ་བསྒྲུབ་པས་ན་དམ་པའི་བསྒྲུབ་པའོ། །བདག་ཉིད་ཀྱིས་ནི་རྡོ་རྗེའི་དབྱིབས། །ཞེས་བྱ་བ་ནི་རྡོ་རྗེ་དག་གི་དབྱིབས་ནི་རྡོ་རྗེའི་དབྱིབས་ཏེ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་
པ་རྡོ་རྗེ་རིགས་ཀྱི་ངོ་བོའི་བདག་ཉིད་ཀྱིས་ཞེས་བྱ་བ་ནི་བདག་ཉིད་རྣམས་ཏེ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ངོ་བོ་བསྒོམས་པས་ཡང་ནས་ཡང་མངོན་དུ་བྱས་ནས། དེའི་ང་རྒྱལ་བསྐྱེད་དེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་བཅིངས་ཤེ་ན། མཉམ་པར་བཞག་པས་སོ། །དེའི་ཕྱིར། དེ་མ་ཐག་ཏུ་འགྲུབ་པར་འགྱུར། །ཞེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་དེའི་ང་རྒྱལ་གྱིས་བཅིངས་ཏེ། རང་གི་སྙིང་པོ་བརྗོད་ཅིང་ཉིན་རེ་བཞིན་ཐུན་བཞིའི་སྦྱོང་བས་ཇི་སྲིད་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་སུ་ཉིན་རེ་བཞིན་མངོན་སུམ་ལྟ་བུར་བདག་ཉིད་ཀྱིས་མངོན་སུམ་ལྟ་བུར་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་ནས་མངོན་སུམ་ལྟ་བུར་མཐོང་ནས་དེའི་རྗེས་ལ་སྐད་ཅིག་དེ་ཉིད་ལ་རྡོ་རྗེ་ཧཱུཾ་མཛད་དུ་འགྱུར་རོ། །པདྨའི་དབྱིབས་སུ་བསྒོམས་ནས་ནི། །ཞེས་བྱ་བ་པདྨའི་དབྱིབས་ནི་འགྲོ་བ་འདུལ་བ་ལ་སོགས་པ་ནས། པདྨ་འབེབས་པའི་མཐར་ཐུག་པ་པདྨའི་རིགས་ཀྱི་གཟུགས་སོ། །བདག་ཉིད་ཀྱིས་ནི་འགྲོ་བ་འདུལ་བ་ལ་སོགས་པའི་གཟུགས་སུ་བསྒོམས་པའོ། །གང་གིས་བསྒོམ་ཞེ་ན། བདག་ཉིད་ཀྱིས་ཞེས་བྱ་སྟེ། བདག་ཉིད་ལ་བདག་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །གང་བསྒོམ་པར་བྱ་ཞེ་ན། ཐམས་ཅད་ངེས་པའི་ངོ་བོའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དངོས་གྲུབ་བོ། །པདྨའི་རིགས་ཆེན་འགྲུབ་པར་བཤད། །ཅེས་བྱའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་འགྲོ་བ་འདུལ་བ་ལ་སོགས་པའི་པདྨའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ནས། རང་གི་སྔགས་བརྗོད་ཅིང་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་དུ་བདག་ཉིད་བསྒོམས་ན་འགྲུབ་པར་འགྱུར་རོ། །ནོར་བུ་ཆེན་པོ་འོད་ཟེར་འབར། །བདག་ཉིད་ཀྱིས་ནི་བསྒོམས་ན་ནི། །ཞེས་བྱ་བ་ལ་སོགས་པ་ནི་ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་སྔ་མ་བཞིན་དུ་ནོར་བུའི་རིགས་ལས་བཤད་པའི་ཆོ་གས་རང་གི་
ལྷའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དོན་ཐམས་ཅད་གྲུབ་པའི་སྔགས་བརྗོད་ཅིང་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་གཟུགས་ཉིད་ནོར་བུ་ཆེན་པོའི་འོད་ཟེར་འབར་བར་བདག་ཉིད་བསྒོམ་པར་བྱའོ། །ཅི་ཞིག་བསྒོམ་ཞིང་ཞེ་ན། ནོར་བུ་ཆེན་པོའི་རིགས་བཤད་པ། །མཆོད་པ་ཆེན་པོའི་རང་བཞིན་གྲུབ། །ཕྱག་རྒྱ་རྣམ་པ་བཞིའི་རང་བཞིན་གྱི་དངོས་གྲུབ་སྟེ་ནོར་བུ་ཆེན་པོའི་རིགས་བཤད་ཅིང་གྲགས་པ་ནི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱ་དང་སྔགས་ཟློས་ཤིང་རང་གི་ལྷ་བསྒོམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་རྒྱུད་བསྟན་ནས། ད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྒྲུབ་པ་པོས་དང་པོས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་བཟླས་པ་དང་བསྒོམ་པ་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་ཐོག་མར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བྱིན་གྱིས་བརླབ་པ་ལ་སོགས་པ་རྒྱུད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སོ། །དེ་དག་གིས་བྱིན་གྱིས་བརླབས་པ་ནི་སྙིང་ག་དང༌། མཛོད་སྤུ་དང༌། མགྲིན་པ་དང༌། སྤྱི་བོ་སྟེ་རང་གི་རིགས་ཀྱི་ཕྱག་རྒྱ་བསྐྱེད་ནས་སྒྲུབ་པ་པོ་རྒྱུད་ལ་སྟོན་པར་བྱེད་པའོ། །དེ་ལ་ཕྱག་རྒྱ་རྡོ་རྗེ་དབྱིངས་ཀྱི་དཔང་ཕྱུག་ལ་སོགས་པ་རྣམས་ཀྱིས་སོ། །བྱིན་གྱིས་བརླབས་པའི་དངོས་གྲུབ་ནི་བསྐྱེད་པའོ། །དེ་སྟོན་པར་བྱེད་པའི་རྒྱུད་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྒྲུབ་པ་པོའི་རྒྱུད་ལ་བྱིན་གྱིས་བརླབས་ནས། ཇི་སྐད་བཤད་པ་བསྟན་པར་བྱས་པ་དེའི་དངོས་གྲུབ་ནི་བསྐྱེད་པའོ། །རྡོ་རྗེ་དབྱིངས་དང་ཕྱག་རྒྱ་ནི་རྡོ་རྗེ་དབྱིངས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་དུ་བསྟན་པའོ། །མཉམ་པར་གཞག་པའི་སེམས་ཀྱིས་སྙིང་ག་དང༌། མཛོད་སྤུའི་ཕྱོགས་དང༌། ལྐོག་མ་དང༌། སྤྱི་བོའི་གནས་སུ་ཨོཾ་བཛྲ་དྷཱ་ཏྭི་ཤྭ་རི་ཧཱུཾ་བཛྲི་ནི་ཨ་དྷི་ཏིཥྛ་མཾ་ཞེས་བརྗོད་ཅིང་དྱ་ནི་གྱིས་བརླབ་
པར་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། སྔ་མ་བཞིན་དུ་སེམས་སོ་སོར་རྟོག་པ་ལས་བརྩམས་ཏེ། ཡ་ཐ་སརྦྦ་ཏ་སྟ་ཨ་ཧཾ་ཞེས་བྱ་བས་རང་གི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་དེ་བཞིན་གཤེགས་པའི་བདག་ཉིད་དུ་རྣམ་པར་བསྒོམས་ལ་དེ་ནས་ཡིད་ཀྱིས་ལེགས་སོའི་སྦྱོར་བས་ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད་ཅིང་ལུས་ལ་སངས་རྒྱས་ཀུན་གཞུག་གོ །དམ་ཚིག་གི་ཕྱག་རྒྱ་བསྒྲུབས་ལ། ཆོས་དང༌། ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་སྟེ། རང་གི་སྙིང་གར་སེམས་མ་རྡོ་རྗེ་མའི་རྡོ་རྗེ་བསྐྱེད་ལ་དཔྲལ་བར་རྡོ་རྗེ་རིན་ཆེན་མའི་རིན་པོ་ཆེ་དང༌། ལྐོག་མར་རྡོ་རྗེ་ཆོས་མའི་པདྨ་དང༌། སྤྱི་བོར་རྡོ་རྗེ་ལས་མའི་སྣ་ཚོགས་རྡོ་རྗེ་བསྐྱེད་པར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་སྙིང་ག་དང༌། མཛོད་སྤུ་དང༌། ལྐོག་མ་དང༌། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་བྱས་པས་ཅི་ཞིག་ཏུ་འགྱུར་ཞེ་ན། བཞག་ནས་སངས་རྒྱས་བྱིན་གྱིས་བརླབ་པའོ་ཞེས་བྱ་བས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །སེམས་མ་རྡོ་རྗེ་བརྟན་བྱས་ནས། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་བསྡམས་པ་ལས་གུང་མོ་མྱུ་གུ་ལྟར་བྱས་པའི་སེམས་མ་རྡོ་རྗེ་བརྟན་པར་བྱས་པ་བཅིངས་པའི་མཚན་ཉིད་དོ། །ཇི་ལྟར་བྱ་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་རང་གི་སྙིང་གར་ཟླ་བར་རྡོ་རྗེ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་སེམས་དཔའ་རྡོ་རྗེ་བཅིངས་ནས་སྙིང་ག་དང༌། མཛོད་སྤུ་དང༌། དེ་བཞིན་དུ་ལྐོག་མ་དང༌། སྤྱི་བོར་གཞག་སྟེ་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་བྱས་ལ་ཡེ་ཤེས་སེམས་དཔའ་བཅུག་ལ། ཡིད་ཀྱིས་ལེགས་སོ་ཞེས་སྦྱོར་བས། དེ་བཞིན་གཤེགས་པ་ལ་སོགས་པ་བཅུག་ལ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རབ་ཏུ་བསྒྲུབས་ཏེ། ཆོས་དང༌། ལས་དང༌། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་ཐམས་ཅད་རྒྱས་བཏབ་ལ་སཏྭ་བཛྲི་ནི་ཨ་དྷི་ཏིཥྛ་མི་ཞེས་བྱ་བ་དང༌། སྙིང་ག་དང༌། མཛོད་སྤུ་དང༌། ལྐོག་མ་དང༌། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་རྡོ་རྗེ་རིན་ཆེན་མས་
དཔྲལ་བ་དང༌། རྡོ་རྗེ་ཆོས་མས་ལྐོག་མ་དང༌། རྡོ་རྗེ་ལས་མས་སྤྱི་གཙུག་ཏུ་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཁམས་ གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ཏེ། སྙིང་ག་དང༌། མཛོད་སྤུ་དང། མགྲིན་པ ་དང༌། སྤྱི་བོར་རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་བྱས་པས་བྱིན་གྱིས་བརླབ་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་བྱས་ལ། ཡེ་ཤེས་སེམས་དཔའ་བཅུག་ནས། དེ་བཞིན་གཤེགས་པ་རྣམས་ལུས་ལ་བཅུག་ལ། དམ་ཚིག་གི་ཕྱག་རྒྱས་བསྒྲུབས་ཏེ། ཆོས་དང༌། ལས་དང༌། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ཏེ། ཧཱུཾ་བཞིས་སྙིང་ག་དང༌། མཛོད་སྤུ་དང༌། ལྐོག་མ་དང༌། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །ཡང་ན་རྡོ་རྗེ་སེམས་དཔའ་རྡོ་རྗེའི་ཕྱག་རྒྱས་སྙིང་ག་དང༌། རྡོ་རྗེ་རིན་ཆེན་མའི་ཕྱག་རྒྱས་དཔྲལ་བ་དང༌། རྡོ་རྗེ་ཆོས་མའི་ཕྱག་རྒྱས་ལྐོག་མ་དང༌། རྡོ་རྗེ་ལས་མའི་ཕྱག་རྒྱས་སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་པདྨོ་དམ་བྱས་ལ། །ཞེས་བྱ་བ་ནི། རྡོ་རྗེ་བསྡམས་པ་དམ་བྱས་ལ། །གུང་མོ་པདྨོ་རྡོ་རྗེར་སྦྱར། །རྡོ་རྗེ་པདྨ་ཞེས་གྲགས་ཏེ། །དངོས་གྲུབ་ཐམས་ཅད་སྟེར་བྱེད་པའོ། །དེ་བརྟན་པར་བྱས་ལ། འཇིག་རྟེན་དབང་ཕྱུག་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་གྱིས་སོ། །སྙིང་ག་མཛོད་སྤུ་མགྲིན་སྤྱི་བོ། །ཞེས་བྱའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་གྱིས་པདྨའི་རིགས་ཀྱི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཡེ་ཤེས་སེམས་དཔའ་བཅུག་ནས། དེ་བཞིན་གཤེགས་པའི་ཁམས་ལུས་ལ་བཅུག་སྟེ། དམ་ཚིག་གི་ཕྱག་རྒྱས་བསྒྲུབས་ནས། ཆོས་དང། ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་སྟེ། ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱིས་རྡོ་རྗེ་པདྨའི་ཕྱག་རྒྱ་སྙིང་ག་དང༌། མཛོད་སྤུ་དང༌། ལྐོག་མ་དང༌། སྤྱི་བོར་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་དྷརྨྨཱ་ས་མ་ཡེ་བཛྲ་པདྨེ་ནི་ཧཱུཾ། ཨོཾ་ཨ་དྷི་ཏིཥྛ་མཾ། རིན་ཆེན་རྡོ་རྗེ་མའི་གནས་
སུ་བཤད་པའི་དཔྲལ་བར་རིན་ཆེན་པདྨའི་ཕྱག་རྒྱ་ཧཱུཾ། ཨོཾ་བུདྡྷ་ཨ་བྷི་ཥེ་ཀ་ས་མ་ཡེ། ཨ་དྷི་ཏིཥྛ་སྭ་མཾ། རྡོ་རྗེ་ཆོས་མའི་གནས་སུ་བཤད་པའི་ལྐོག་མར་པདྨའི་པདྨ། ཨོཾ་ཏྲ་ར་ས་མ་ཡེ་ཧཱུཾ་དྷི་ཨ་དྷི་ཏིཥྛ་མཾ། ལས་ཀྱི་རྡོ་རྗེ་མའི་གནས་སུ་བཤད་པའི་སྤྱི་བོར་སྣ་ཚོགས་པདྨའི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བྷི་ཥ་མུ་ཁེ་ཀྲོ་དྷ་ཨ་དྷི་ཏིཥྛ་མཾ། རྡོ་རྗེ་ནོར་བུ་ཆེ་བཅིངས་ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དུ་སེམས་མའི་རྡོ་རྗེ་མའི་གནས་སུ་བཤད་པའི་རྡོ་རྗེ་ནོར་བུ་ཆེན་མོ་དེའི་དམ་ཚིག་གི་ཕྱག་རྒྱ་བཅིང་ངོ༌། །རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱི། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་ལྷའི་རྣལ་འབྱོར་བྱས་པའི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རིན་པོ་ཆེ་ཡོད་པ་ལ་དམིགས་པའི་སེམས་ནི་རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་ཏོ། །ལྷག་མ་ནི་གོ་སླའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ཏེ། ཡེ་ཤེས་སེམས་དཔའ་ལུས་ལ་བཅུག་ནས། ཡིད་ཀྱིས་ལེགས་སོའི་སྦྱོར་བས་དེ་བཞིན་གཤེགས་པ་རང་གི་ལུས་ལ་བཅུག་ནས། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་ཐམས་ཅད་བསྒྲུབས་ཏེ། དེ་ནས་ཆོས་དང༌། ལས་དང༌། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་གདབ་པར་བྱའོ། །ཨོཾ་བཛྲ་མ་ཎི་ས་མ་ཡེ་ཞེས་དེ་སྐད་དུ་བརྗོད་ཅིང་རྡོ་རྗེ་ནོར་བུ་ཆེན་མོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་སྙིང་གར་རྡོ་རྗེ་རིན་པོ་ཆེ་བསྒོམ་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་ཀྱི་རྒྱབ་བསྐུམས་ཏེ་རྡོ་རྗེ་མཐེ་བོ་གཉིས་དང་སྤྲད་པ་འདི་ནི་རྡོ་རྗེ་ནོར་བུ་ཆེན་མོའི་དམ་ཚིག་གི་ཕྱག་རྒྱ་སྟེ། འདི་དང་ཨོཾ་བཛྲ་མ་ཎི་ཧཱུཾ། ཨ་དྷི་ཏིཥྛ་མཾ་ཞེས་བྱ་བས་སྙིང་ག་དང༌། མཛོད་སྤུ་དང༌། ལྐོག་མ་དང༌། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་མཛོད་སྤུའི་ཕྱོགས་སུ་རྡོ་རྗེ་རིན་ཆེན་གྱི་མྱུ་གུ་སྙིང་གར་རྡོ་རྗེ་རིན་ཆེན། ལྐོག་མར་རྡོ་རྗེ་རིན་ཆེན་པདྨ། སྤྱི་བོར་རྡོ་རྗེ་རིན་ཆེན་ཆར་འབེབས་མས་བྱིན་གྱིས་བརླབ་པར་བྱའོ། །གང་གི་ཕྱིར་རིགས་ཀྱི་ཕྱག་རྒྱ་རྣམ་པ་བཞིས་རིགས་སུ་བྱིན་གྱིས་རློབ་པར་བཅོམ་ལྡན་འདས་ཀྱིས་བཤད་པ་དེ་བས་ན་ཐེ་ཚོམ་མི་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བྱིན་གྱིས་བརླབས་པའི་རྒྱུད་བཤད་ནས། ད་ནི་དབང་བསྐུར་བའི་རྒྱུད་ལས་ཞེས་བྱ་བ་གསུངས་
ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་རྣམས་ཀྱིས་དབང་བསྐུར་བ་ནི་རིན་པོ་ཆེའི་ཅོད་པན་ལ་སོགས་པ་བསྐྱེད་པ་ན་ཕྱག་རྒྱ་དེས་ཅོད་པན་བསྐྱེད་པའི་དངོས་གྲུབ་ཀྱི་རྒྱུད་དོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་འཕགས་པ་ནམ་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱའི་རིན་ཆེན་རྡོ་རྗེ་བཅིངས་པ་དཔྲལ་བའི་ཕྱོགས་སུ་བཞག་སྟེ་བསྒྲུབ་པར་བྱའོ། །དཔྲལ་བའི་སྟེང་དུ་རྡོ་རྗེ་རིན་པོ་ཆེ་རབ་ཏུ་གཞག་པར་བཤད་པས་ཅིར་འགྱུར་ཞེ་ན། རྒྱལ་བའི་རྡོ་རྗེ་རིན་ཆེན་གྱིས། །དབང་བསྐུར་བར་ནི་དེར་འགྱུར་རོ། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་དེ་བཞིན་གཤེགས་པ་ལྔའི་དབང་བསྐུར་བ་བསྟན་ནས། ད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་དབང་བསྐུར་བ་ནི། རྡོ་རྗེ་དབྱིངས་དབང་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྡོ་རྗེ་དབྱིངས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བཅིངས་ལ། ཨོཾ་བཛྲ་དྷཱ་ཏྭི་ཤྭ་རི་ཧཱུཾ། བཛྲ་ནི་ཨ་བྷི་ཥིཉྩཱ་མི་ཞེས་བྱ་བས་སྤྱི་གཙུག་ཏུ་བསམ་པར་བྱའོ། །རྡོ་རྗེ་ཐུགས་བཅིངས་ལ་བཛྲ་བཛྲི་ནི་ཧཱུཾ། ཞེས་བྱ་བས་དཔྲལ་བའི་སྟེང་དུ་མི་བསྐྱོད་པ་བྱའོ། །དབང་བསྐུར་བ་བཅིངས་ལ། ཨོཾ་རཏྣ་བཛྲི་ནི་ཧཱུཾ། ཞེས་བྱ་བས་རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་ལྡན་བསམ་པར་བྱའོ། །རྡོ་རྗེ་མཚོན་ཆ་བཅིངས་ལ། ཨོཾ་དྷརྨྨ་བཛྲི་ནི་ཧཱུཾ། ཞེས་བྱ་བས་སྤྱི་བོའི་རྒྱབ་ཏུ་འོད་དཔག་ཏུ་མེད་པའོ། །རྡོ་རྗེ་ཀུན་མ་བཅིངས་ལ། རྣ་བ་གཡོན་པའི་སྟེང་དུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ། ཨོཾ་ཀརྨྨཱ་བཛྲི་ནི་ཧཱུཾ། ཞེས་བྱ་བ་འདིས་བསམ་པར་བྱའོ། །དེ་ལྟར་རྡོ་རྗེ་དབྱིངས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སྤྱི་གཙུག་ནས་བརྩམས་ཏེ། ཕྱོགས་བཞིར་སངས་རྒྱས་ཀྱི་ཕྲེང་བའི་དབང་བསྐུར་བར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་དབང་བསྐུར་བཤད་ནས། ད་ནི་རྡོ་རྗེ་རིགས་ཀྱི་དབང་བསྐུར་བ་ནི། རྡོ་རྗེ་དབང་གི་ཕྲེང་བ་ནི། ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་རྡོ་རྗེ་རྩེ་ལྔ་པ་འབར་བ་ནི་ཕྲེང་བས་མཚན་པའི་ཅོད་པན་བསྐྱེད་པའི་ཕྱག་རྒྱས་རྡོ་རྗེའི་དབང་གི་ཕྲེང་བ་ནི་སྔར་བཤད་
པའི་རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་རྒྱས་བྱའོ། །དེ་སྐད་དུ་ཡང༌། ཨོཾ་བཛྲ་ཛྭ་ཨ་ན་ལཱརྐ་ཧཱུཾ་ཞེས་བྱ་བ་འདི་དང༌། རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་རྒྱས་བདག་ཉིད་དབང་བསྐུར་བར་བྱའོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །རྡོ་རྗེ་རིགས་ཀྱི་དབང་བསྐུར་བའི་དབང་དུ་བྱས་ནས་རྡོ་རྗེ་དབང་གི་ཕྲེང་བ་དེ་བྱའོ།། ནི་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། དེ་ནི་ཞེས་བྱ་བ་ནི་ཕྱག་རྒྱ་བཅིང་བའོ། །དཔྲལ་བར་བཞག་ན་ཡང་ཞེས་བྱ་བ་ནི་དཔྲལ་བར་བཅིང་བའོ། །བཅིངས་ནས་དཔྲལ་བར་བཞག་པས་ཅི་ཞིག་ཏུ་འགྱུར་ཞེ་ན། ཕྲེང་བའི་དབང་བསྐུར་དེ་ཡིས་ནི། །རྡོ་རྗེ་རྣམས་ཀྱིས་དེ་དབང་བསྐུར། །ཞེས་བྱ་བ་སྨོས་ཏེ། དེས་སྔགས་པའི་དཔྲལ་བའི་སྟེང་དུ་བཅིངས་ཏེ་བཞག་ན། རྡོ་རྗེ་ཕྲེང་བའི་ཅོད་པན་གྱིས་དབང་བསྐུར་བ་ནི་རྡོ་རྗེ་འཛིན་མས་རྡོ་རྗེ་ཧཱུཾ་མཛད་ཀྱིས་སྒྲུབ་པ་པོ་ལ་དབང་བསྐུར་བར་བྱའོ། །སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་བ་ཡང་བྱས་ན། རྡོ་རྗེའི་རིགས་ཐམས་ཅད་ལ་རྡོ་རྗེ་ཕྲེང་བའི་དབང་བསྐུར་བར་བྱའོ་ཞེས་བཤད་པའི་རྒྱུད་ལས་བསྟན་པ་ཡིན་ནོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་དབང་བསྐུར་བ་བསྟན་ནས། ད་ནི་པདྨའི་རིགས་ཀྱི་དབང་བསྐུར་བ་ནི། ཆོས་ཀྱི་རྡོ་རྗེ་བཅིངས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཆོས་ཀྱི་རྡོ་རྗེ་ནི་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་མྱུ་གུ་ལྟར་བྱས་པའི་མཚན་ཉིད་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོར་བསྟན་པའི་ཆོས་ཀྱི་རྡོ་རྗེ་མ་བཅིངས་ནས་ཀྱང༌། མགོ་བོར་བཞག་སྟེ་དབང་བསྒུར་ཞེས་བྱ་བ་ནི། དེ་ལ་དཔྲལ་བའི་སྟེང་དུ་དེ་རབ་ཏུ་བཞག་ནས་ཅོད་པན་གྱི་དབུས་སུ་གཙོ་བོ་སངས་རྒྱས་འོད་དཔག་ཏུ་མེད་པ་ཨོཾ་གྱིས་བསྐྱེད་པར་བྱའོ། །ཨོཾ་དྷརྨྨ་ས་མ་ཡེ་བཛྲ་པདྨ་ནི་ཧཱུཾ། ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་པར་བྱའོ། །དེ་ལྟར་ཅིར་འགྱུར་ཞེ་ན། སངས་རྒྱས་ཀྱིས་ནི་འཇིག་རྟེན་གྱི་དབང་ཕྱུག་དེ་ནི་དབང་བསྐུར་རོ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་དབང་ཕྱུག་ནི་སྤྱན་རས་གཟིགས་དབང་ཕྱུག་གིས་དབང་བསྐུར་བའོ། །ད་ནི་ནོར་བུའི་རིགས་ཀྱི་དབང་བསྐུར་བ་ནི། རྡོ་རྗེ་རིན་ཆེན་མྱུ་གུར་བཅིངས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་རིན་ཆེན་མའི་གནས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ནི་རྡོ་རྗེ་རིན་ཆེན་མྱུ་གུའོ། །དེའི་མཚན་
ཉིད་ནི་འདི་ཡིན་ཏེ། རྡོ་རྗེ་རིན་ཆེན་བཅིངས་ལ་གུང་མོ་གཉིས་མྱུ་གུ་ལྟར་བྱས་པ་ནི་རྡོ་རྗེ་རིན་ཆེན་མྱུ་གུའོ། །དེ་བཅིངས་ནས་དཔྲལ་བར་བཞག་སྟེ་ཞེས་བྱ་བ་ནི་དཔྲལ་བའི་སྟེང་དུ། ཨོཾ་བཛྲ་རཏྣ་ཨ་གུ་རུ་ཧཱུཾ། ཨ་བྷི་ཥིཉྩ་མི་ཞེས་བརྗོད་ཅིང་གཞན་པ་ནི་རྣལ་འབྱོར་པས་རབ་ཏུ་གཞག་པའོ། །དེ་དཔྲལ་བར་རབ་ཏུ་བཞག་པས་ཅི་ཞིག་ཏུ་འགྱུར་ཞེ་ན། དཔྲལ་བར་བཞག་སྟེ་དབང་བསྐུར་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་རིན་པོ་ཆེའི་གཟུགས་ཀྱིས་སངས་རྒྱས་ཀྱི་དབང་བསྐུར་བའོ། །ཁྱད་པར་ཅི་ལྟ་བུ་ཞིག་ཅེ་ན། མཆོད་པ་ཡིས་ཞེས་བྱ་བ་སྨོས་ཏེ། ནོར་བུའི་རིགས་ཀྱི་བདག་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་རྒྱུད་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་དེ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཏེ། དེ་དག་གི་ཏིང་ངེ་འཛིན་ནི་རང་གི་ལྷའི་དངོས་གྲུབ་སྒྲུབ་པའི་རྣམ་པར་སེམས་རྩེ་གཅིག་པའོ། །དེའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པའོ། །དེ་སྟོན་པར་བྱེད་པའི་རྒྱུད་དེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པའོ། །རྒྱལ་བ་ཀུན་གྱི་རྣམ་པ་ནི། །ཞེས་བྱ་བ་ལ་སོགས་པའམ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་རྣམ་པ་སྟེ། རྣམ་པ་དེ་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་པར་གྲུབ་པ་རྣམས་ནི་རྒྱལ་བ་ཀུན་ནོ། །ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱའོ། །མཉམ་པར་བཞག་པས་བཅིངས་ཞེས་བྱ་བ་ནི་སེམས་ཡིད་རྩེ་གཅིག་པས་སོ། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་པའོ། །ཅི་ཞིག་བྱས་ཤེ་ན། སྔགས་ཀྱི་རིག་པ་བཟླས་ནས་ནི། །ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་ཆེན་པོ་ལས་བཤད་པ་དང༌། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པ་དང༌། གཟུངས་དང་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྔགས་ཀྱི་ནང་ནས་འདིར་དེ་བཞིན་གཤེགས་པའི་དབང་དུ་བྱས་པའི་རིག་པ་བརྗོད་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རང་གི་དེ་བཞིན་གཤེགས་པའི་རྣལ་
འབྱོར་བྱས་ལ། ཇི་ལྟ་བ་བཞིན་དུ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། ཕྱག་རྒྱ་བཞི་བྱས་ནས་རང་གི་དེ་བཞིན་གཤེགས་པའི་ཕྱག་རྒྱ་བཅིངས་ལ། དེའི་ངོ་བོར་བདག་ཉིད་རྣམ་པར་བསམས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྙིང་པོ་པོའམ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དེ་བཞིན་གཤེགས་པའི་སྔགས་བཟླ་པར་བྱའོ། །གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པའམ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་དེ་བཞིན་གཤེགས་པའི་རིག་པ་ཡང་བཟླ་བར་བྱའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རང་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། དུམ་བུ་ཐམས་ཅད་ལས་བཤད་པའི་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པ་རྣམས་ཟློས་པས་དེ་བཞིན་གཤེགས་པ་རྣམས་སྤྲུལ་པར་བྱེད་པ་ནི་བྱིན་གྱིས་བརླབ་པ་ལ་སོགས་པ་དེ་དག་སོ་སོར་མི་བྱའོ། །ཏིང་ངེ་འཛིན་གྱི་རྡོ་རྗེ་ཆོས་ཀྱིས་ཀྱང༌། །ཞེས་བྱ་བ་ནི་རྡོ་རྗེ་ཡང་ཡིན་ལ་ཆོས་ཀྱང་དེ་ཡིན་པས་རྡོ་རྗེ་ཆོས་ཏེ། རྡོ་རྗེ་རྩེ་ལྔ་པའི་ཏིང་ངེ་འཛིན་དེས་དེ་ལ་དམིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་དཔར་བྱིན་རླབས་ཚུལ་གྱིས་ནི། །ཞེས་བྱ་བ་ནི་སེམས་དཔའ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པའི་སྙིང་གའི་ཟླ་བ་དེ་ལ་བྱིན་གྱིས་བརླབས་པ་པ་ནི་དངོས་པོར་འཛིན་པ་ཉེ་བར་སྤངས་པ་མཚོན་པ་རྡོ་རྗེ་རྩེ་ལྔ་པ་སྟེ། སྟོང་པ་ཉིད་ཀྱི་རྡོ་རྗེ་ཡོངས་སུ་གཟུང་ངོ༌། །དེ་བསྒོམ་པའི་ཚུལ་ནི་དེ་བསྒོམ་པའི་སྦྱོར་བ་དང་ལྡན་པའོ། །སེམས་དཔར་བྱིན་གྱིས་བརླབས་པའི་ཚུལ་གྱིས་ཏིང་ངེ་འཛིན་དེ་ལྟར་གྱུར་པས་དེས་ཅིར་འགྱུར་ཞེ་ན། སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། །ཞེས་བྱ་བ་སྨོས་ཏེ། དེ་ལ་སྙིང་པོ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྙིང་པོའོ། །ཕྱག་རྒྱ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པ་རྣམས་སོ། །སྔགས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའོ། །རིག་པ་ནི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པའོ། །འདིས་མྱུར་དུ་འགྲུབ་པར་འགྱུར་ཏེ། ཏིང་ངེ་འཛིན་དང་དེ་བཞིན་གཤེགས་པའི་རིག་སྔགས་པ་ཟླས་པར་བྱའོ། །སངས་རྒྱས་ཀྱི་ཏིང་
ངེ་འཛིན་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་ཀྱིས་གསུངས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རང་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་འགྲེང་བ་བསམས་ལ། ལྟེ་བའི་དབུས་སུ་གཟུགས་བརྙན་གྱི་སྦྱོར་བ་བྱས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་སྙིང་པོའམ། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་རིག་པའམ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྔགས་སམ། ཡང་ན་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་རིག་པའི་ཡི་གེའི་ཕྲེང་བ་མགོ་གྱེན་དུ་བསྟན་པ་བྲི་བར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་གི་ཕྱག་རྒྱ་བཅིངས་ལ། སེམས་དཔའ་རྡོ་རྗེ་མངོན་སུམ་ལྟ་བུར་བསྒོམས་ནས་བཟླས་པ་བྱའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལས་བཤད་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །ད་ནི་རྡོ་རྗེ་རིགས་ཀྱི་ཏིང་འཛིན་ནི། །འདོད་ཆགས་ལས་ནི་ཁྱོད་བྱུང་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཀྱི་ཐུགས་རྗེ་ཆེན་པོ་ནི་འདོད་ཆགས་སོ། །དེའི་ཕྱིར་དེ་ལྟར་གྱུར་པའི་མི་དམིགས་པ་ལ་ཐུགས་རྗེ་ཆེན་པོའི་འདོད་ཆགས་ལས་ཡང་དག་པར་བྱུང་བའི་ཁྲོ་བོ་སྟེ། འདོད་ཆགས་ལས་བྱུང་བའི་ཁྲོ་བོ་གང་ཡིན་པ་དེ་བདག་ཡིན་ཏེ། ཁྱེད་གང་ཡིན་པ་དེ་བདག་ཡིན་ནོ་ཞེས་དེ་ལྟར་ཆུ་དང་འོ་མ་བཞིན་གཅིག་ཏུ་གྱུར་ཕར་མོས་པར་བྱའོ། །དེ་ལྟར་བསྒོམས་པར་གྱུར་པ་དེས་ཅི་ཞིག་ཏུ་འགྱུར་ཞེ་ན། སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེའི་རིགས་ལས་བཤད་པ་རྣམས་སོ། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །དེ་བསྒྲུབས་ན་ཞེས་བྱ་བ་ཚིག་ལྷག་མའོ། །དེ་ལྟར་རྡོ་རྗེ་རིགས་ཀྱི་ཏིང་ངེ་འཛིན་བསྟན་ནས། ད་ནི་པདྨའི་རིགས་ཀྱི་ཏིང་ངེ་འཛིན་ནི། བྱམས་པ་འགེངས་པའི་ཚུལ་གྱིས་ནི། །ཞེས་བྱ་བ་སྨོས་
ཏེ། དེ་ལ་ཕྱོགས་བཅུའི་སེམས་ཅན་གྱི་ཁམས་ཐམས་ཅད་པདྨའི་རིགས་ཀྱི་ངོ་བོས་ཕན་པ་དང༌། བདེ་བ་བསྡུས་པའི་ཕན་པའི་རིགས་ཀྱི་ངོ་བོར་བསྒྲུབས་ནས་བསྒོམ་པར་བྱའོ། །བྱམས་པས་འགེངས་པའི་ཚུལ་ཅན་ཏེ། པདྨའི་རིགས་ཀྱི་ཏིང་ངེ་འཛིན་ཏོ། །དེ་ལྟར་བྱས་པས་འགྱུར་ཞེ་ན། སྙིང་པོ་ལ་སོགས་བསྒྲུབས་ན་ཡང༌། །ཞེས་བྱ་བ་སྨོས་ཏེ། པདྨའི་རིགས་ལས་བཤད་པའི་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པ་རྣམས་སོ། །བསྒྲུབ་པ་ནི་ནན་ཏན་བྱེད་པ་སྟེ། སྒྲུབ་པ་པོ་ཡི་ཏིང་ངེ་འཛིན་འདི་ཡིས། །ཞེས་བྱ་བའི་ཐ་ཚིག་གོ །དེ་ཅིའི་ཕྱིར་འཇིག་རྟེན་དབང་ཕྱུག་གི་རིགས་ནི་པདྨའི་རིགས་ཏེ། སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་པ་ཟློས་པའོ། །ཇི་ལྟར་མངོན་པར་འདོད་པའི་སྒྲུབ་པ་པོ་ལ་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ། །ད་ནི་ནོར་བུའི་རིགས་ཀྱི་ཏིང་ངེ་འཛིན་ལ་ནམ་མཁའ་ཀུན་གྱི་ཏིང་ངེ་འཛིན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའ་ཡང་དེ་ཡིན་ལ་ཀུན་ཀྱང་དེ་ཡིན་པས་ན་ནམ་མཁའ་ཀུན་ཏེ། ནོར་བུའི་རིགས་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ནམ་མཁའ་ཀུན་གྱི་ཏིང་ངེ་འཛིན་ཏེ། ཡང་དང་ཡང་མངོན་དུ་བྱས་ནས་བསྒོམས་ན་ཡང་ངོ༌། །ཇི་ལྟར་ཞེ་ན། རབ་མཉམ་གཞག་ཅེས་བྱ་བ་སྨོས་ཏེ། གཡེང་བ་མེད་པའི་སེམས་ཀྱིས་ཡིད་གཞན་དུ་མ་གྱུར་པའོ། །ནོར་བུ་ཆེན་པོའི་རིགས་ཀྱི་རྣལ་འབྱོར་པས་དེ་ལྟར་བསྒོམས་ན། སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས་བསྒྲུབ་པར་བྱའོ། །བསྒྲུབས་ནས་ཅིར་འགྱུར་ཞེ་ན། ཀུན་འགྲོ་བར་འགྱུར་ཞེས་བྱ་བ་སྨོས་ཏེ། འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་ནོར་བུའི་རིགས་ཀྱི་ལྷའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། རང་གི་སྙིང་གའི་ཟླ་བར་རྡོ་རྗེ་རིན་ཆེན་ཏྲཾ་ལས་བསྐྱེད་ནས། དེ་ལ་བཟླས་པའི་ཡི་གེ་རྣམ་པར་བཀོད་དེ། ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ཉིད་བརྗོད་ཅིང་དེ་བཞིན་གཤེགས་པ་ལ་སོགས་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ནོར་བུའི་རིགས་ཀྱི་དབང་བསྐུར་བས་དབང་བསྐུར་ལ། ནོར་བུའི་རིགས་ཀྱི་རང་བཞིན་དུ་བསྒྲུབས་ཏེ་བསྒོམ་པར་བྱའོ། །དེ་ལྟར་རང་གི་རིགས་ཀྱི་མཚན་མ་
རྣམས་ཀྱི་རིག་པའི་ཡི་གེ་བསྒོམ་པ་ནི་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །དེ་ལྟར་རིགས་ཐམས་ཅད་ཀྱི་ཏིང་ངེ་འཛིན་བསྒྲུབ་པ་བསྟན་ནས། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་མཆོད་པའི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཏེ། ཇི་སྐད་བཤད་པ་བཞིན་ནོ། །དེ་དག་མཆོད་པའི་རྣལ་འབྱོར་གྱི་ཕྱག་རྒྱར་འགྱུར་བ་གང་ཡིན་པ་དེ་ནི་མཆོད་པའི་ཕྱག་རྒྱ་སྟེ། དེ་རྣམས་གྲུབ་པ་ནི་མཆོད་པའི་ཕྱག་རྒྱའི་དངོས་གྲུབ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་སྒྲུབ་པོ། །མཉམ་པར་གཞག་པ་དང་པོར་ནི། །བདུག་པ་ལ་སོགས་མཆོད་བྱས་ལ། །ཞེས་བྱ་བ་ལ་སོགས་པ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རྣལ་འབྱོར་པ་དཔའ་བོ་གཅིག་པུར་བདག་ཉིད་བྱས་ནས་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད་ཅིང༌། ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་རང་གི་ལུས་ལ་བཅུག་པ་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་བྱིན་གྱིས་བརླབ་པ་དང་དབང་བསྐུར་ལ། དེ་ནས་དེ་དག་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ནས། གར་ལས་བྱུང་བ་འདུག་པ་ལ་སོགས་པའི་ཕྱག་རྒྱ་རྣམ་པ་བཞིས་བདག་ལ་མཆོད་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བདུག་པ་ལ་སོགས་པའི་མཆོད་པ་དང་ཕྱག་བཞི་བྱའོ། །དེ་ནས་ཡི་གེ་ཨ་ལས་རྒྱལ་བ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིངས་ཏེ་མཉམ་པར་བཞག་པས་བསྒོམ་མོ། །བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་སློབ་མའི་དབང་དུ་བྱས་ནས་མཆོད་པའི་ཆོ་ག་ཤེས་པར་བྱ་བ་དང༌། བདག་ཉིད་ཀྱི་རྣལ་འབྱོར་ཙམ་དང༌། མདུན་གྱི་རྣལ་འབྱོར་གྱི་དབང་དུ་བྱས་ནས་ཀྱང་མཆོད་པའི་ཆོ་ག་ཐམས་ཅད་ཤེས་པར་བྱའོ། །སློབ་དཔོན་རྣལ་འབྱོར་ཆེན་པོ་དང་ལྡན་པ་རྣམས་རང་གི་ལྷའི་རྣལ་འབྱོར་ལས་བཤད་པའི་མཆོད་པ་ཐམས་ཅད་རིགས་ཐམས་ཅད་ལ་ཡང་ཤེས་པར་བྱ་བ་ཡིན་ནོ། །གསང་བའི་མཆོད་པ་རྣམ་བཞི་ཡིས། །ཞེས་བྱ་བ་ལ་སོགས་པའི་མཆོད་པ་རྣམ་པ་བཞི་ནི་སྒེག་མོ་ལ་སོགས་པའི་མཆོད་པ་རྣམ་པ་བཞི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསང་བའི་མཆོད་པ་རྣམ་པ་བཞི་པོ་འདི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་གསང་བ་སྟེ་དེ་བརྗོད་པའོ། །ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པས་ན། །རྡོ་རྗེ་
རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་རྣམས་བྱེད་པར་འགྱུར། །ཞེས་བརྗོད་ཅིང༌། རྡོ་རྗེ་སྒེག་མོ་ལ་སོགས་པས་གར་བྱེད་ཅིང་སྒེག་མོ་ལ་སོགས་པའི་སྙིང་པོ་འདི་ཡང་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་རྣམ་པ་བཞིས་བདག་ཉིད་ཡང་དག་པར་མཆོད་ནས་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་མཆོད་པ་རྣམ་པ་བཅུ་དྲུག་གིས་བདག་ཉིད་མཆོད་པར་བྱས་ནས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། བདག་དབུལ་བའི་ཞེས་བྱ་བ་སྨོས་ཏེ། འམ་ཞེས་བྱ་བའི་སྒྲ་ནི་བསྡུ་བའོ། །བདག་དབུལ་བ་ལ་སོགས་པ་ཡང༌། །ཞེས་བྱ་བའོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་མཆོད་པ་བསྟན་ནས། ད་ནི་རྡོ་རྗེའི་རིགས་ཀྱི་མཆོད་པ་ནི། །ཁྲོ་བོ་རྡོ་རྗེ་མཆོད་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྲོ་བོ་རྡོ་རྗེ་ནི་རྡོ་རྗེའི་རིགས་སོ། །དེའི་མཆོད་པ་ཆེན་པོ་ནི་སྒེག་མོ་ལ་སོགས་པའི་གསང་བའི་གསང་བ་རྣམ་པ་བཞིའོ། །ཁྲོ་བོའི་གསང་བ་རྗོད་བྱེད་ཅིང༌། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེའི་གླུ་བརྗོད་ཅིང་རྡོ་རྗེའི་ཁུ་ཚུར་གཉིས་སུ་བྱས་ནས་ཡང་དང་ཡང་དུ་གར་བྱས་ཏེ། ཁྲོ་བོའི་རྡོ་རྗེ་ཁུ་ཚུར་གཉིས་སུ་བྱས་པ་ལས་རྡོ་རྗེ་སྒེག་མོ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམ་པ་བཞི་བཅིངས་ནས། ཨོཾ་བཛྲ་ལཱ་སྱ་རཱ་ག་ཡ་ཧཱུཾ་ཕཊ་ཅེས་བྱ་བ་ལ་སོགས་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་རྣམ་པ་བཞིའི་སྙིང་པོ་བརྗོད་ཅིང་ཁྲོ་བོའི་གསང་བ་ཡང་བརྗོད་ནས། ཁྲོ་བོའི་ཁུ་ཚུར་གྱིས་གར་བྱེད་ཅིང་བརྗོད་པས་སོ། །ཅིར་འགྱུར་ཞེ་ན། རྡོ་རྗེ་ཁུ་ཚུར་རབ་བྱས་ནས། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་སྡིགས་མཛུབ་ཏུ་བྱས་ཏེ། བསྐྱེད་པ་ནི་ཁྲོ་བོའི་ཁུ་ཚུར་རོ། །དེ་བྱས་ནས་མཆོད་པའི་དངོས་གྲུབ་མྱུར་དུ་རྣལ་འབྱོར་པས་འགྲུབ་པར་འགྱུར་རོ། །དེ་བས་ན། མྱུར་དུ་བདག་གི་རིགས་སྒྲུབ་པོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི་པདྨའི་རིགས་ཀྱི་མཆོད་པའི་དངོས་གྲུབ་ནི། མདོ་སྡེ་ཟབ་མོ་རྒྱ་ཆེ་བའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཟབ་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བསྟན་པའི་ཕྱིར་རོ། །རྒྱ་ཆེ་བ་ནི་ནམ་མཁའི་ཁམས་ཁྱབ་པའི་གཟུགས་དུ་མ་སྟོན་པའི་ཕྱིར་རོ། །མདོར་བསྟན་པས་ན་མདོ་སྡེ་སྟེ། དེའི་དོན་མདོར་བསྟན་པ་བརྗོད་པའི་སྟོབས་ཀྱིས་སེམས་ལ་ངེས་པ་བསྐྱེད་
པའོ། །པདྨའི་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་རྣམ་པ་བཞིས་མདོར་བསྡུས་པ་སྟོན་པའི་མདོ་སྡེ་བརྗོད་པ་དང༌། པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་རྣམ་པ་བཅུ་དྲུག་གིས་ཀྱང་མདོར་བསྡུས་པ་བརྗོད་པའོ། །ཟབ་པ་ཡང་ཡིན་ལ་རྒྱ་ཆེ་བ་ཡང་དེ་ཡིན་པས་ན་མདོ་སྡེ་སྟེ། མདོ་སྡེ་ཟབ་ཅིང་རྒྱ་ཆེ་བའོ། །དེ་དག་གི་རྒྱུད་འབུམ་པ་ལ་སོགས་པ་རྒྱ་ཆེར་བསྟན་པ་དེ་ལས་མདོར་བསྡུས་ནས་བརྗོད་ཅིང༌། རབ་ཏུ་སྟོན་པའི་མཆོད་པ་དེ་དེ་བཞིན་གཤེགས་པ་ལ་སོགས་པ་པདྨའི་རིགས་ཐམས་ཅད་ལ་དབུལ་ཞིང་རབ་ཏུ་མཆོད་པའོ། །དབུལ་བ་དེ་གང་ཡིན་ཞེ་ན། ཡིད་དང་ངག་གིས་ཕུལ་ནས་ནི། །ཞེས་བྱ་བ་སྨོས་ཏེ། ཡིད་ཀྱི་ཐབས་དང་ཤེས་རབ་ཀྱི་གཟུགས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་མཐའ་ཡས་པ་བཀང་བའི་གླུ་དང༌། སྒེག་མོ་ལ་སོགས་པའི་སྙིང་པོ་ཕུལ་བས། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྦྱོར་བས་རང་གི་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་བྱས་ལ། ཡེ་ཤེས་སེམས་དཔའ་དང་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་ལ་བཅུག་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། པདྨའི་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་གར་ལས་བྱུང་བ་རྣམས་ཀྱིས་བདག་ཉིད་མཆོད་ལ། པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་བཅུ་དྲུག་གིས་ལས་ཀྱི་ཕྱག་རྒྱ་དེ་རྣམ་དང༌། ཐམས་ཅད་ཤེས་རབ་ཀྱི་རང་བཞིན་གྱིས་ཐམས་ཅད་དུ་ཁྱབ་པར་བསམ་པར་བྱའོ། །དེ་ལྟར་པདྨའི་རིགས་ཀྱི་མཆོད་པ་བསྟན་ནས། ད་ནི་ནོར་བུའི་རིགས་ཀྱི་མཆོད་པ་ནི། །གདུགས་དང་རྒྱལ་མཚན་འཕན་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གདུགས་དང༌། རྒྱལ་མཚན་དང༌། འཕན་རྣམས་ནི་གདུགས་དང༌། རྒྱལ་མཚན་དང༌། འཕན་དེ་རྣམས་ཀྱིས་མཆོད་ན་འགྲུབ་པར་འགྱུར་རོ། །གདུགས་ལ་སོགས་པ་ནི་ཉེ་བར་མཚོན་པ་སྟེ། གདུ་བུ་དང༌། རྣ་ཆ་དང༌། དཔུང་རྒྱན་དང༌། རིན་པོ་ཆེ་སྣ་བདུན་ལ་སོགས་པའི་གཟུགས་དེ་རྣམས་ཀྱིས་མཆོད་ན་རྣལ་འབྱོར་པས་འགྲུབ་པར་འགྱུར་རོ། །མཆོད་པ་གང་ཡིན་ཞེ་ན། སྦྱིན་པ་ཐམས་ཅད་སྦྱིན་ན་ནི། །ནོར་བུའི་རིགས་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། སངས་རྒྱས་རྣམས་
ཀྱིས་སྦྱིན་པ་མ་ལུས་པ་སྦྱིན་ན་འགྲུབ་པར་འགྱུར་བའོ། །འདི་སྐད་སྟོན་པ་ཡིན་ཏེ། ནོར་བུའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ངོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་རིན་ཆེན་སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བཞི་དང༌། ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་རྣམ་པ་བཅུ་དྲུག་དང༌། ནོར་བུའི་རིགས་ཀྱི་མཆོད་པ་ཐམས་ཅད་ཀྱིས་བདག་ཉིད་མཆོད་ལ། གདུགས་དང༌། རྒྱལ་མཚན་དང༌། བ་དང་རྣམས་ཀྱིས་མཆོད་པ་རེ་རེ་ཞིང་ཡང་ཕྱག་རྒྱ་བཅིངས་ལ། རྒྱལ་བའི་མཆོད་པ་རྣམས་སྦྲུལ་ལ་དེ་བཞིན་གཤེགས་པ་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་ཁམས་ཐམས་ཅད་ལ་ནོར་བུའི་རིགས་སུ་བསྐྱེད་ལ། དབང་བསྐུར་བ་ལ་སོགས་པ་སྦྱིན་པས་མཆོད་པར་བྱའོ། །ད་ནི་རང་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་ཕན་ཡོན་ནི། རང་ལ་བྱིན་གྱིས་བརླབ་སོགས་ལྡན། །རྡོ་རྗེ་སེམས་དཔར་མཉམ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རང་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་གྲུབ་པར་མ་གྱུར་ཀྱང་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ནས། རིན་ཆེན་འབེབས་པའི་མཐར་ཐུག་པའི་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་དད་འདྲ་བར་རིགས་ངེས་པར་གནས་པར་གྱུར་ནས། རྣལ་འབྱོར་པ་མངོན་པར་བྱང་ཆུབ་པའི་མཐར་ཐུག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོ་འཕྲུལ་རྣམ་པ་བཞི་ཡིས་ནི། །རྡོ་རྗེ་སྣ་ཚོགས་འགྲུབ་བྱེད་ཅིང༌། །ཞེས་བྱ་བ་ནི་ཆོ་འཕྲུལ་གྱི་ཕན་ཡོན་བསྟན་པས་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་འཕྲུལ་རྣམ་པ་བཞིས་བཤད་པས་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱའི་རང་བཞིན་གྱི་ལྷའི་གཟུགས་ཀྱི་རྣལ་འབྱོར་པར་བདག་ཉིད་བྱིན་གྱིས་བརླབ་པ་ལ་སོགས་པས་སྣ་ཚོགས་རྡོ་རྗེར་བསྒྲུབས་ན་འགྲུབ་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དང༌། ཏིང་ངེ་འཛིན་དང་མཆོད་པ་བསྟན་ནས། ད་ནི་སྔར་བཤད་པའི་ཚུམ་གྱིས་མངོན་པར་ཤེས་པ་སྒྲུབ་པར་བྱེད་པའི་དཀྱིལ་འཁོར་ལ་སོགས་པར་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པས།
མཚན་ཐོག་ཐག་ཡང་བཟླས་ཤིང་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ནི་སྔ་མ་བཞིན་ནོ། །དེ་དག་གི་མངོན་པར་ཤེས་པ་ནི་ལྔའོ། །དེའི་ཡེ་ཤེས་ནི་ཁོང་དུ་ཆུད་པའོ། །དེའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་པའོ། །དེ་སྟོན་པར་བྱེད་པའི་རྒྱུད་དེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པའོ། །ལུས་ལ་སངས་རྒྱས་ཏིང་འཛིན་ནི། །སངས་རྒྱས་ཀྱི་རྣམ་པར་སེམས་རྩེ་གཅིག་པའོ། །ན་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའོ། །སངས་རྒྱས་ཀྱི་རྣམ་པ་ཁོ་ནར་སེམས་རྩེ་གཅིག་པའོ། །མཛེས་པར་གཤེགས་པའི་མངོན་པར་ཤེས་པ་ནི་བདེ་གཤེགས་ཉིད་མངོན་པར་ཤེས་ཏེ། མཛེས་པར་གཤེགས་པ་འདི་ནི་བདེ་བར་གཤེགས་པའོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་སེམས་རྩེ་གཅིག་པའོ། །དེས་དེ་ཅིར་འགྱུར་ཞེ་ན། འདི་ལ་རབ་ཏུ་རྟོགས་ན་ནི། །སངས་རྒྱས་པ་ཡི་དངོས་གྲུབ་ཐོབ། །ཅེས་བྱ་བ་སྨོས་ཏེ། དེའི་སངས་རྒྱས་ནི་མངོན་པར་ཤེས་པའོ། །རབ་ཏུ་རྟོགས་པར་གྱུར་པ་དེ་ནི་རབ་ཏུ་རྟོགས་པར་གྱུར་པ་ཉིད་དེ། དེའི་ཕྱིར་རབ་ཏུ་རྟོགས་པ་ཉིད་ཀྱིས་དེ་རྣམས་ཀྱི་དེ་ཁོ་ན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ། སངས་རྒྱས་གཟུགས་བརྙན་རྟོགས་པ་ནི། །མངོན་སུམ་ལྟ་བུར་མཐོང་བར་འགྱུར། །བདག་ཉིད་ཀྱང་ནི་མི་ཤེས་ཤིང༌། །དེ་འདྲའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་གསུངས་སོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔར་བཤད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་རྣལ་འབྱོར་བསྒོམས་ལ། གང་གི་ཚེ་མཚན་མ་ཐོབ་པར་གྱུར་པ་དེའི་ཚེ་མངོན་པར་ཤེས་པ་བསྒྲུབ་པར་བྱའོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ལུས་ཀུན་དེ་བཞིན་གཤེགས་རྣམས་དང༌། །བྱང་ཆུབ་སེམས་དཔའ་རྣམས་བསྒོམས་ལ། །དེ་བཞིན་ལུས་ལ་བྱུང་མཐོང་ན། །ཞེས་བྱ་བ་ཇི་སྲིད་དུ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་མངོན་སུམ་ལྟ་བུར་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ལྟ་བུས་མངོན་པར་ཤེས་པ་འགྲུབ་པར་འགྱུར་རོ། །དེ་ནས་སྔ་མ་བཞིན་དུ་མཚན་ཐོག་ཐག་དེ་བཞིན་གཤེགས་པའི་བདག་
ཉིད་དུ་བསྒོམས་ན་འགྲུབ་པར་འགྱུར་ན་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་དེ་བཞིན་འགྲུབ་པའི་དེ་བཞིན་གཤེགས་པའི་མངོན་པར་ཤེས་པ་ཐོབ་པའི་སྒྲུབ་པ་བསྟན་ནས། ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པས་སྔར་བཤད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་རིགས་ཀྱི་མངོན་པར་ཤེས་པ་བསྐྱེད་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕྲུལ་གྱི་མིག་སོགས་མངོན་ཤེས་ནི། །ཞེས་བྱ་བ་ལ་སོགས་པ་ལ་ལྷའི་མིག་དང༌། ལྷའི་རྣ་བ་དང༌། གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང་རྫུ་འཕྲུལ་གྱི་ཡུལ་མངོན་པར་ཤེས་པ་ལྔའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པས་སྔར་བཤད་པའི་ཚུལ་གྱིས་ཇི་སྲིད་དུ་གྲུབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཕྱིས་དཀྱིལ་འཁོར་བྲིས་ལ་མཚན་ཐོག་ཐག་བསྒོམས་ན་རྡོ་རྗེ་འཆད་ཆེན་ཕོར་འགྱུར་རོ། །དེ་བས་ན། མངོན་ཤེས་ལྡར་ནི་བདག་གྱུར་ནས། །རྡོ་རྗེ་སེམས་དཔའ་ཉིད་ཐོབ་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པས་སྔར་བཤད་པའི་ཚུལ་གྱིས་ཁྲོ་བོའི་མངོན་པར་ཤེས་པ་བསྐྱེད་པར་བྱའོ། །དེ་ནས་མངོན་པར་ཤེས་པ་ལྔ་ཐོབ་པའི་དཀྱིལ་འཁོར་བྲིས་ཏེ། མཚན་ཐོག་ཐག་རང་གི་ལྷའི་ཁྲོ་བོ་བསྒོམ་པར་བྱའོ། །དེའི་རྗེས་ལ་རྡོ་རྗེ་རིགས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་བས་ན། མངོན་ཤེས་ལྡར་ནི་བདག་གྱུར་ནས། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས་སོ། །འདོད་ཆགས་མངོན་ཤེས་བསྐྱེད་ནས་ཀྱང༌། །ཞེས་བྱ་བ་ནི་འདོད་ཆགས་ནི་པདྨའི་རིགས་ཏེ། དེའི་མངོན་པར་ཤེས་པ་ལྔ་ནི་སྔ་མ་བཞིན་ནོ།། དེ་བསྐྱེད་པ་ནི་མཚན་ཐོག་ཐག་སྔར་བཤད་པའི་ཚུལ་གྱིས་བསྒོམ་པར་བྱའོ། །དེ་ནས། དག་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་རང་བཞིན་གྱིས་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་མངོན་སུམ་དུ་བྱེད་པའི་མཚན་ཉིད་དངོས་གྲུབ་ཐོབ་པར་འགྱུར་ཏེ། འཇིག་རྟེན་
དཔའ་ཕྱུག་ཉིད་དུ་འགྱུར། །ཞེས་བྱ་བའི་དོན་ཏོ། །མཆོད་པ་ནི་ནོར་བུའི་རིགས་སོ། །དེའི་མངོན་ཤེས་ནི་སྔ་མ་བཞིན་ནོ། །དེ་བསྐྱེད་པ་ནི་སྔར་བཤད་པ་ཉིད་ཀྱི་ཆོ་གས་མངོན་སུམ་དུ་བྱས་པའོ། །མཉམ་པར་བཞག་པས་བསྒོམས་ན་ནི། །ཞེས་བྱ་བ་ལ་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་བྲིས་ལ། རང་གི་ལྷའི་མཚན་ཐོག་ཐག་བསྒོམ་མོ། །མངོན་ཤེས་ལྔར་ཡང་བདག་གྱུར་ནས། །ཞེས་བྱ་བ་ནི་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཀུན་གྱི་མཆོག་ཏུ་འགྱུར། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་རང་བཞིན་གྱི་དོན་ཐམས་ཅད་གྲུབ་པའི་དངོས་གྲུབ་ཐམས་ཅད་ཀྱི་དམ་པ་ཉིད་དུ་དེ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མངོན་པར་ཤེས་པ་ལྔ་བསྐྱེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་བསྟན་ནས། ད་ནི་སྔོན་དུ་བསྙེན་པ་ལ་སོགས་པའི་དུས་སུ་ཡང་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་རྣལ་འབྱོར་པས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་ཏེ། ཇི་སྐད་དུ་བཤད་པའི་རང་གི་ལྷའི་རྗེས་སུ་དྲན་པས་རྡོ་རྗེ་ལ་སོགས་པའི་ངེས་པའི་བྱང་ཆུབ་ཀྱི་ཡེ་ཤེས་སོ། །དེའི་དངོས་གྲུབ་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པའོ། །དེ་སྟོན་པར་བྱེད་པ་ནི་རྒྱུད་དེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པའོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་ཟླ་བ་རྡོ་རྗེའི་རྣམ་པར་རྩེ་གཅིག་པས་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་པ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པའོ། །སྦྱོར་བ་གང་གིས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་ཤེ་ན། བདག་གིས་སངས་རྒྱས་དྲན་བྱེད་ཅིང༌། །ཞེས་བྱ་བ་སྨོས་ཏེ། བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་སྒོམ་པ་པོས་སངས་རྒྱས་རྗེས་སུ་དྲན་པར་བྱེད་ཅིང་
དོ། །སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ནི་སྙིང་གའི་ཟླ་བའི་རྡོ་རྗེས་དེ་བཞིན་གཤེགས་པ་དྲན་པ་དང་བཅས་པ་གང་ཡིན་པ་འདི་ནི་སངས་རྒྱས་བྱང་ཆུབ་བོ། །དེ་ཉིད་ཀྱི་ཡེ་ཤེས་ནི་དོན་ངེས་པ་སྟེ། གང་གིས་དོན་ཤེས་པ་འདིས་ཅིར་འགྱུར་ཞེ་ན། ཡེ་ཤེས་འདི་བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བ་སྨོས་སོ། །དེའི་ཕྱིར་སྔར་བསྙེན་པ་ལ་སོགས་པའི་དུས་སུ་དེ་བཞིན་གཤེགས་པའི་སྒྲུབ་པ་པོས་རྒྱུད་ཕྱི་མ་ལ་སོགས་པའི་དངོས་གྲུབ་སྒྲུབ་པར་འདོད་ན། རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ཏེ། རྡོ་རྗེའི་དབུས་སུ་རིག་པའི་ཡི་གེ་བཀོད་ལ། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒོམ་ཞིང་བཟླས་པ་བརྗོད་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱི་འབྲས་བུ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཏིང་འཛིན་གནས། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང༌། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་མཐར་ཐུག་པ་དེའི་སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་པ་རྣམས་དང༌། ཕྱག་རྒྱ་བཞི་པོ་རྣམས་དང༌། དེའི་ཕྱག་རྒྱ་ཆེན་བོ་ཡང་དང་ཡང་མངོན་དུ་བྱེད་ཅིང་བསྒོམ་པའོ། །བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི། །ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེ་འདི་དང་བཅས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམ་པ་གང་ཡིན་པ་འདི་ནི་བྱང་ཆུབ་ཆེན་པོ་འདིའོ། །དེ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པས་ཀྱང་རྒྱུད་ཕྱི་མ་ལས་བཤད་པའི་དངོས་གྲུབ་སྒྲུབ་པར་འདོད་ན་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང་ལས་རྣམས་ཇི་ལྟ་བ་བཞིན་དུ་བཅིངས་ལ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསྐྱེད་དེ། རྡོ་རྗེའི་ལྟེ་བའི་དབུས་སུ་བཟླས་པའི་ཡི་གེ་རྣམ་པར་བསམས་ལ། དེ་ཉིད་བརྗོད་ཅིང་སེམས་དཔའི་རྡོ་རྗེའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །ཁྲོ་བོའི་རྒྱལ་པོ་ཏིང་འཛིན་
གནས། །ཞེས་བྱ་བ་ནི། འདོད་ཆགས་ལས་ནི་ཁྱོད་བྱུང་སྟེ། །བདག་ནི་ཁྲོ་བོའི་ཡིད་བསྒོམས་ན། །ཞེས་བྱ་བ་ནི་ཁྲོ་བོའི་ཏིང་ངེ་འཛིན་ཏེ། སྙིང་གར་ཟླ་བ་ལ་རྡོ་རྗེ་འབར་བ་བསྒོམ་ཞེས་བྱ་བའི་དོན་ཏོ། །ལག་བས་དམ་ཚིག་མཆོག་བཅིངས་ལ། །ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱལ་དམ་ཚིག་མཆོག་ཅེས་བཤད་དོ། །རེ་ཞིག་ལག་པས་བཅིངས་པ་གང་ཡིན་པ་འདི་ནི་སྒྲུབ་པ་པོའི་ལག་པས་དམ་ཚིག་མཆོག་བཅིངས་པའོ། །བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འདི་སྐད་སྟོན་ པ་ཡིན་ཏེ། སྔ་མ་བཞིན་དུ་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རང་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་གའི་ཟླ་བར་ཧཱུཾ་ལས་རྡོ་རྗེ་འབར་བ་བསམ་པར་བྱའོ། །དེའི་དབུས་སུ་བཟླས་པའི་སྙིང་པོ་བཀོད་དེ། དེ་ཉིད་བརྗོད་ཅིང་སེམས་དཔའི་ང་རྒྱལ་བསྐྱེད་ལ་མངོན་དུ་བྱས་ཏེ། དེ་ལ་དམིགས་ཏེ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱའོ། །འཇིག་རྟེན་དབང་ཕྱུག་ཏིང་འཛིན་གནས་ནི་འཇིག་རྟེན་དབང་ཕྱུག་གི་སྙིང་གའི་ཟླ་བར་རྡོ་རྗེ་པདྨའི་རྣམ་པར་སེམས་རྩེ་གཅིག་པར་བྱའོ། །དེ་བཞིན་ཆོས་ཀྱི་ཕྱག་རྒྱར་བཟླས། །ཞེས་བྱ་བ་ནི་པདྨའི་རིགས་ཀྱི་ཕྱག་རྒྱ་ཐམས་ཅད་ལ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ནས། རང་གི་ལྷའི་སྙིང་གར་ཟླ་བ་ལ་ཡི་གེ་ཧྲི་ལས་རྡོ་རེ་པདྨ། དེའི་དབུས་སུ་སྙིང་པོ་བཀོད་དེ། དེ་ཉིད་བརྗོད་ཅིང་པདྨ་ལ་དམིགས་པའི་ཏིང་ངེ་འཛིན་གྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པར་བྱའོ། །རྡོ་རྗེ་སྙིང་པོའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོའི་སྙིང་གར་ཟླ་བའི་ནོར་བུ་དེའི་རྣམ་པར་སེམས་རྩེ་གཅིག་པའོ་ཞེས་བྱ་བའི་ཐ་ཚིག་གོ །ལས་ཀྱི་ཕྱག་རྒྱ་ལས་ལེགས་
བྱེད། །ཅེས་བྱ་བ་ནི་ནོར་བུའི་རིགས་ཀྱི་ཕྱག་རྒྱ་ཐམས་ཅད་ནི་ལས་ཀྱི་ཕྱག་རྒྱ་ཞེས་བཤད་དེ་སྔ་མ་བཞིན་ནོ། །དེའི་ལེགས་པ་ནི་དབང་བསྐུར་བ་ལ་སོགས་པ་ནོར་བུ་ཆེན་པོའི་རིགས་ཀྱི་གཟུགས་ཀྱི་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་ཁམས་ཐམས་ཅད་བསྐྱེད་པའི་མཚན་ཉིད་ཅན་གྱི་ལས་བྱེད་པ་ནི། ལས་ཀྱི་ཕྱག་རྒྱ་ལས་ལེགས་བྱེད། །ཅེས་བྱའོ། །བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི། །ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་ནོར་བུའི་རིགས་ཀྱི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཏྲཾ་ལས་ནོར་བུ་ཆེན་པོ་རྣམ་པར་བསམས་ཏེ། དེའི་དབུས་སུ་བཟླས་པའི་ཡི་གེ་རྣམ་པར་བཀོད་ནས། དེ་ཉིད་བརྗོད་ཅིང་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རྡོ་རྗེ་ནོར་བུའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །རང་གི་ལྷའི་རྣལ་འབྱོར་བྱས་ལ་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་དང༌། རིན་ཆེན་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེ་དེ་རྣམས་ལ། དེ་རྣམས་ཀྱི་རིག་པའི་ཡི་གེ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་འདི་བཤད་པའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་བཤད་པ་ཡིན་ནོ། །ཁ་ཅིག་ནི་དེ་ལྟར་གྱུར་ན་ནོར་བུའི་རིགས་ཀྱི་ཆོས་ཉིད་ཀྱི་རྒྱུད་ལས་ཀྱང་འགལ་བར་འགྱུར་ཏེ། གང་གི་ཕྱིར་ཐམས་ཅད་ཀྱི་རྡོ་རྗེའི་བདག་ཉིད་ཀྱི་རྡོ་རྗེ་སྙིང་གར་བསྒོམ་པར་བྱའོ་ཞེས་བྱ་བ་དེས་ནི་འདིར་ནི་ནོར་བུ་ཆེན་པོར་བསྒོམས་ནས་རྡོ་རྗེ་ནོར་བུའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱ་བ་དང་འགལ་བར་འགྱུར་རོ་ཞེས་ཟེར་རོ། །གཞན་ནི་འགལ་བ་མེད་དེ། ཅིའི་ཕྱིར་ཞེ་ན། སྨྲས་པ། འདི་ནི་རིགས་པའི་ཁྱད་པར་གཞན་སྒྲུབ་པའི་ངོ་བོ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཁས་མི་ལེན་ན་རྩ་བའི་རྒྱུད་དང་ཆོས་ཉིད་ལ་སོགས་པའི་རྒྱུད་དང་འགལ་བར་འགྱུར་ཏེ། དེ་ལ་དམ་ཚིག་གི་ཕྱག་རྒྱ་དང༌། ཆོས་དང་ལས་དང༌། ཕྱག་རྒྱ་ཆེན་པོ་རྣམས་སོ་སོར་སྒྲུབ་པར་བཤད་པས། ལས་ལེགས་བྱེད་པའི་རྡོ་རྗེ་ནི་རྡོ་རྗེ་སྣ་ཚོགས་པ་བསྒོམ་པའི་མཚན་ཉིད་མ་ཡིན་པས་འདིར་ཆོས་ཉིད་
ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི་སྙིང་གར་ཟླ་བ་རྡོ་རྗེ་བསྒོམ་པའི་མཚན་ཉིད་ཅན་དུ་འདི་འདོད་པ་ཡིན་ནོ། །གང་གི་ཕྱིར་སྒྲུབ་པ་བྱེད་པའི་ཁྱད་པར་བསྟན་པའི་ཕྱིར། རྒྱུད་ཕྱི་མ་ལ་སྒྲུབ་པ་རྣམ་པ་དུ་མ་གསུངས་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་བྱང་ཆུབ་ཆེན་པོ་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་བསྟན་ནས། ད་ནི་མཚན་མ་ཐོབ་པ་རྣམས་ཀྱིས་སྔར་བཤད་པའི་ཚུལ་གྱིས་མངོན་པར་ཤེས་པ་སྐྱེས་པར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་ཆ་ལུགས་ཀྱིས་དེའི་བརྟུལ་ཞུགས་སྤྱོད་པས་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་དང༌། དབང་དུ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་རྗེས་སུ་མཉེས་པ་དང༌། དབང་དུ་བྱེད་པའི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ནི་སྔར་བཤད་ཟིན་ཏོ། །ཇི་སྐད་བཤད་པ་དེ་དག་གི་སྔོན་དུ་བསྙེན་པས་མངོན་བར་ཤེས་པར་བསྐྱེད་པ་ལ་ཆགས་པ་མེད་བ་དེ་ལ་རྗེས་སུ་ཆགས་པ་ནི་བརྟུལ་ཞུགས་སོ། །དེའི་དངོས་གྲུབ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྐྱེད་པའོ། །དེ་སྟོན་པར་བྱེད་པའི་རྒྱུད་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པའོ། །ཉིད་ཀྱི་སངས་རྒྱས་བྱང་ཆུབ་ཕྱིར། །སེམས་ཅན་དོན་རྣམས་རབ་བྱེད་ཅིང༌། །ཞེས་བྱ་བ་ནི་མངོན་པར་ཤེས་པ་ལྔ་ཐོབ་ནས་རྫུ་འཕྲུལ་གྱི་སྟོབས་ཀྱིས་སེམས་ཅན་གྱི་དོན་ཅི་ནུས་པ་བྱེད་པའམ། རང་བཞིན་གྱི་ནུས་པས་སྟོབས་སྟོན་པར་བྱེད་པ་ལ་སོགས་པ་བྱེད་ཅིང༌། སེམས་ཅན་གྱི་དོན་ནི་ཕན་པ་དང་བདེ་བ་དམ་པ་འགྲུབ་པའི་ཕྱིར། སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་བྱ་བ་མངོན་བུ་བྱས་ལ་ཐུན་བཞིའི་དེ་བཞིན་གཤེགས་པ་བསྒོམ་པ་ཇི་སྐད་བཤད་པ་བཞིན་དུ་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲུབ་པ་པོས་སངས་རྒྱས་ཐམས་ཅད་རྗེས་སུ་མཉེས་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རྣལ་
འབྱོར་པས་སྔར་བཤད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་མངོན་པར་ཤེས་པ་བསྐྱེད་ལ། ཟླ་བ་གཅིག་རབ་ཏུ་བྱུང་ནས་བསླབ་པ་ཐམས་ཅད་ཀྱི་སྡོམ་པ་ཡང་དག་པར་བསྲུངས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་ཆ་ལུགས་འཛིན་པས་ཏིང་ངེ་འཛིན་རྣམ་ གསུམ་བསྒོམ་པ ་བརྩམ་པར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གྱི་སྒྲུབ་པ་པོས་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཕྱི་དང་ནང་གི་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་སངས་རྒྱས་དང༌། །ཀུན་གྱི་གཟི་བརྗིད་ཅན་ཉིད་དོ། །ཇི་བཞིན་པ་ནི་འདུལ་བ་ཉིད། །ལས་ཀྱི་སེམས་དཔའི་དངོས་གྲུབ་བྱེད། །ཅེས་བཤད་པ་གང་ཡིན་པ་དེ་རྗེས་སུ་སྤྱད་པར་བྱའོ། །ཇི་སྐད་དུ་བཤད་པའི་བསམས་པས་དེ་བཞིན་གཤེགས་པ་ཐམས་ཅད་བསམ་པར་བྱའོ། །དེ་ལྟ་བུ་ཟླ་བ་གཅིག་གི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པའི་དངོས་གྲུབ་ཏུ་འགྱུར་རོ། །ཇི་ལྟར་ཡུལ་དང་ལྡན་གྱུར་ནས། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་རྣམས་ལ་སངས་རྒྱས་ཀྱི་པདྨ་ལ་སོགས་པ་ཐམས་ཅད་ཀྱིས་བརྒྱན་པའི་ཡུལ་དེས་ཡུལ་དང་ལྡན་པར་བྱས་པའོ། །ཇི་ལྟ་བུའི་ཡུལ་དང་ལྡན་པར་འགྱུར་བའི་རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཏེ། རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་བདག་ཉིད་བསྒོམ་ཞིང་བསྒྲུབ་པར་བྱ་སྟེ་བཛྲ་སཏྭ་སུ་ར་ཏ་སྟྭཾ་ཞེས་བྱ་བ་ནས། བཛྲ་ཨཱ་བེ་ཤ་སུ་ར་ཏ་སྟྭཾ་ཞེས་བྱ་བའི་བར་དུ་ཟློས་ཤིང༌། དེ་ཁོ་ན་ཉིད་བསྐུལ་བ་ཉིད་འདིས་མྱུར་དུ་མཉེས་པར་གྱུར་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྔར་བཤད་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་མངོན་པར་ཤེས་པ་ལྔ་བསྐྱེད་དེ། དེ་བཞིན་གཤེགས་པ་ལྔའི་ཅོད་པན་དང༌། ལག་གདུབ་དང༌། རྣ་ཆ་དང༌། དཔུང་རྒྱན་ལ་སོགས་པའི་རྡོ་རྗེ་སེམས་དཔའི་རྒྱན་གྱིས་བདག་ཉིད་བརྒྱན་པར་བྱས་ལ་རྡོ་རྗེ་སེམས་དཔའི་ཆ་ལུགས་སུ་བདག་ཉིད་བསྐྱེད་ལ། མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ལ། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཟླ་བ་ཕྱེད་དུ་བསྒོམ་པར་བྱའོ། །ཕྱིས་གནང་བ་མནོས་ལ་ཇི་
སྐད་བཤད་པའི་དེ་ཁོ་ན་ཉིད་ཀྱིས་བསྐུལ་བར་བྱ་སྟེ། དེ་ལྟར་ན་ཟླ་བ་ཕྱེད་ཀྱི་སྦྱོར་བས་དེ་བཞིན་གཤེགས་པའི་རིགས་མཉེས་པར་འགྱུར་རོ། །སངས་རྒྱས་བཀའ་ནི་བསྲུང་བ་དང༌། །ཞེས་བྱ་བ་ནི་ཇི་སྐད་བཤད་པའི་གནང་བ་དེ་ལྟར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །མ་རུངས་པ་རྣམས་ལ་མངོན་སྤྱོད་བྱས་ཤིང་བསད་པས་དགེ་བ་བཅུ་ལ་སོགས་པའི་ལས་ཀྱི་ལམ་འཇུག་པའོ། །གང་གིས་གསོད་པར་བྱེད་ཅེ་ན། ཁྲོས་པ་ཡི་ནི་ཞེས་བྱ་བ་སྨོས་ཏེ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་བྱེད་པ་པོར་འགྱུར་བའི་ཁྲོ་བོས་མ་རུངས་པའི་སེམས་ཅན་རྣམས་སྦྱོང་ཞིང་བསད་པར་བྱས་པར་གྱུར་པས་རྡོ་རྗེའི་རིགས་སུ་མཉེས་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྔར་བཤད་པའི་ཚུལ་གྱིས་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པས་མངོན་པར་ཤེས་པ་བསྐྱེད་དེ། ཁྲོས་པར་གྱུར་པའི་རྣལ་འབྱོར་ཆེན་པོ་དང་ལྡན་པས་དེ་བཞིན་གཤེགས་པ་ཐམས་ཅད་དང༌། རྡོ་རྗེའི་རིགས་རྣམས་ཀྱིས་ནམ་མཁའི་ཁམས་ཀུན་དུ་བཀང་ལ་དེ་ནས་དེ་རྣམས་ཕྱག་བྱ་སྟེ། ཕྱག་ན་རྡོ་རྗེ་མཆོད་ནས་མགོ་བསྒྱུར་བ་དང༌། མགོ་གསིག་པ་དང༌། གོས་མེད་པའམ་གོས་དང་བཅས་པས་འཇིག་རྟེན་པ་ཐམས་ཅད་ལ་ཁྲོས་ཏེ་ཁྲོ་བོའི་ཚིག་བརྗོད་ཅིང༌། སྒེག་མོ་ལ་སོགས་པའི་ཕྱག་རྒྱས་གར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ཀྱིས་བྲིས་ཏེ། མཚམས་བཅིང་བ་ལ་སོགས་པ་བྱས་ནས། སྲོད་ཀྱི་དུས་སུ་ཁྲུས་བྱས་ཏེ། དཔལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཆ་ལུགས་ཀྱིས་གདུ་བུ་དང༌། རྣ་ཆ་དང༌། ཅོད་པན་དང༌། སངས་རྒྱས་ཀྱི་ཕྲེང་བས་བདག་ཉིད་བརྒྱན་པར་བྱས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་དཀྱིལ་འཁོར་གྱི་ཁང་པར་ཏིང་ངེ་འཛིན་རྣམ་ པ་གསུམ ་བསྒོམ་པ་ནས་བརྩམས་ཏེ། བསྒྲུབས་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ། དཀྱིལ་འཁོར་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། གདུག་པའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་བཀའ་ཡིས་རྣམ་པར་སྦྱངས་ཏེ། ཐུགས་རྗེ་ཆེན་པོའི་ཁྲོ་བོས་བསད་པ་དེ་ལྟ་བུ་ཟླ་བ་ཕྱེད་ཙམ་གྱི་སྦྱོར་བས་རྡོ་རྗེའི་རིགས་མཉེས་པར་བྱེད་དོ། །ཆགས་པའང་ཀུན་དུ་བལྟས་པ་དང༌། །ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བདག་མེད་པའི་མཚན་ཉིད་ཅན་གྱི་པདྨའི་རིགས་ཀྱི་ལྟ་བས་སོ་སོར་བལྟ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་དང་པདྨའི་རིགས་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལ་སོགས་པ་དང༌། སེམས་
ཅན་གྱི་ཁམས་རྣམས་པདྨའི་རིགས་སུ་བྱེད་པ་འདི་ནི་འདིར་བྱས་པའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བས་སྡུད་པའི་མཚན་ཉིད་ཅན་འདི་བསྒོམ་པའོ། །སྙིང་རྗེས་ཞེས་བྱ་བ་ནི་སྙིང་བརྩེ་བ་ཉིད་ཀྱིས་ནི་སྙིང་རྗེ་སྟེ། པདྨའི་རིགས་དེ་ཉིད་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་པདྨའི་རིགས་ཀྱི་རང་བཞིན་དུ་བསྐྱེད་ཅིང་བསྒོམས་ཏེ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་རྫུ་འཕྲུལ་གྱི་སྟོབས་ཀྱིས་བསལ་ནས། བཅིང་བ་ལ་སོགས་པ་དང་བྲལ་བར་བྱ། །ཞེས་བྱ་བའི་དོན་ཏོ། །ཆོས་སྨྲ་ངད་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བརྗོད་པའི་ངང་ཚུལ་གྱིས་ཆོས་སྨྲའོ། །མི་འཇིགས་ཀུན་ལ་སྦྱིན་བྱེད་རྣམས། །ཞེས་བྱ་བ་ནི་འཇིགས་པའི་སེམས་ཅན་ཀུན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་བསྟན་པས་དམྱལ་བ་ལ་སོགས་པའི་འཇིགས་བསེལ་བ་འདི་ནི་མི་འཇིགས་པའི་སྦྱིན་པའོ། །སྔགས་ཀྱི་དངོས་གྲུབ་ཀྱི་སྟོབས་ཀྱིས་གསོད་པ་དང་འཆིང་བ་ལ་སོགས་པའི་འཇིགས་པ་སེལ་བ་འདི་ནི་པདྨའི་རིགས་ཀྱི་རྣལ་འབྱོར་པས་སངས་རྒྱས་མཉེས་པར་བྱེད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་སྔ་མ་བཞིན་དུ་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ་མངོན་པར་ཤེས་པ་ལྔ་བསྐྱེད་ནས། རང་གི་ལྷའི་རྣལ་འབྱོར་པའམ། པདྨའི་རིགས་ཀྱི་རྣལ་འབྱོར་པས་རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཧྲི་དང༌། དེའི་སྟེང་དུ་ཧཱུཾ་བཀོད་ལ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེ་ནས་རང་གི་སྔགས་བརྗོད་ཅིང༌། བྱང་ཆུབ་སེམས་ཀྱི་ཡི་གེ་ཧཱུཾ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡི་གེ་ཧྲི་རྣམ་པར་བསམས་ཏེ། བྱང་ཆུབ་ཀྱི་སེམས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་རང་གི་ལྷའི་གཟུགས་སམ། རིགས་ཀྱི་རང་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་དགོངས་ཀའི་དུས་ནས་བརྩམས་ཏེ། སྟོང་རྩ་བརྒྱད་བཟླས་པར་བྱའོ། །པདྨའི་རིགས་དང་རྗེས་སུ་མཐུན་པའི་ཅོད་པན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བདག་ཉིད་བརྒྱན་པར་བྱས་ལ། ཆགས་པ་ཀུན་དུ་ལྟ་བ་དང༌། བྱམས་པ་དང་སྙིང་རྗེ་ཆོས་སྨྲ་བ་དང༌། སེམས་
ཅན་ཀུན་ལ་མི་འཇིགས་པ་སྦྱིན་པར་བྱེད་པ་རྣམས་རྗེས་སུ་སྤྱད་ལ་བཟླས་པ་བྱའོ། །དེ་ལྟ་བུའི་སྦྱོར་བ་འདིས་ཞག་བདུན་ནི་པདྨའི་རིགས་རྗེས་སུ་མཉེས་པར་འགྱུར་རོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས། །དེ་བཞིན་གཤེགས་པ་ཐམས་ཅད་ལ་དབང་བསྐུར་བ་རབ་ཏུ་སྦྱིན་པ་དང༌། ནམ་མཁའ་ཐམས་ཅད་མཉམ་པའི་ཏིང་ངེ་འཛིན་གྱི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་ཏེ། ཕུལ་དུ་བྱུང་བའི་སྦྱིན་པ་ནི་རབ་ཏུ་སྦྱིན་པའོ། །ནོར་བུའི་རིགས་ཀྱི་རང་བཞིན་གྱི་བདག་ཉིད་དུ་བསྒོམས་ལ། ནོར་བུའི་རིགས་ཀྱི་ངོ་བོའི་ནོར་བུ་བསྡུས་པས་སྦྱིན་པ་བསགས་པའོ། །ཐམས་ཅད་ལ་དབང་བསྐུར་བ་ལ་སོགས་པ་བྱིན་པས་སངས་རྒྱས་ཉིད་ཐོབ་པའི་རྒྱུ་མཚན་རྗེས་སུ་སྒྲུབ་པ་ཡིན་པ་དེའི་ཕྱིར། དེ་ཡང་སངས་རྒྱས་དོན་དུ་སྦྱོར། །ཞེས་གསུངས་སོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་ནོར་བུའི་རིགས་ཀྱི་མངོན་པར་ཤེས་པ་བསྐྱེད་དེ། ནོར་བུའི་རིགས་ཀྱི་རྣལ་འབྱོར་བྱས་ལ་དེ་བཞིན་གཤེགས་པ་དང་ནོར་བུའི་རིགས་ཀྱིས་ནམ་མཁའི་ཁམས་གང་བར་བསམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང༌། ནོར་བུའི་རིགས་ཀྱི་རྡོ་རྗེའི་ནོར་བུའི་ཕྱག་རྒྱས་དབང་བསྐུར་བ་ཐམས་ཅད་གཟུགས་བརྙན་ཙམ་དུ་ངེས་པར་བསྒོམ་སྟེ། ཕྱི་རོལ་གྱི་མཆོད་པའམ་ཡིད་ཀྱིས་མཆོད་ལ། བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་མདུན་དུ་བཞག་ལ། བརྒྱ་རྩ་བརྒྱད་བཟླས་ཤིང་བཅོམ་ལྡན་འདས་ཐམས་ཅད་ཀྱི་རྒྱལ་པོའི་བདག་པོ་ནམ་མཁའི་སྙིང་པོ་ནི་བདག་ཡིན་ནོ་ཞེས་རྒྱལ་པོར་བསྒོམ་པར་བྱའོ། །རིམ་པ་འདི་ཉིད་ཀྱིས་ཞག་བརྒྱད་བཟླས་པ་དེ་ལྟ་བུས་ནོར་བུའི་རིགས་རྗེས་སུ་མཉེས་པར་འགྱུར་རོ། །ནོར་བུའི་རིགས་དང་མཐུན་པའི་རྒྱན་ཐམས་ཅད་ཀྱིས་བདག་ཉིད་བརྒྱན་པར་བྱས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྦྱང་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པ་བཤད་ནས། ད་ནི་དེ་དག་དབང་དུ་བྱེད་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ལ་དབང་དུ་བྱེད་པ་ནི་རང་ཉིད་དང༌། ནོར་དང་བཅས་པ་དབང་དུ་བྱེད་པ་སྟེ། རྗེས་སུ་
ཆགས་པས་མངོན་པར་བྱེད་པ་དང༌། དགའ་བ་སྐྱེད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ལ་ནི་བརྙས་མི་བྱ། །ཞེས་བྱ་བ་ནི་དེ་ལ་འདོད་ཆགས་ནི་ཆོས་བདག་མེད་པའི་ཆགས་པའོ། །སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་པའི་ཆགས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་དེ། དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་དེ་ལ་བརྙས་པར་མི་བྱ་སྟེ། སངས་རྒྱས་བྱང་ཆུབ་དོན་དུ་གཉེར་བས་བསྒོམ་པར་བྱ་ཞིང་རྒྱུན་མི་འཆད་པར་མངོན་དུ་བྱའོ། །ཅིའི་ཕྱིར་བརྙས་པར་མི་བྱ་ཞེ་ན། གང་གི་ཕྱིར་ཆོས་བདག་མེད་པའི་ཆགས་པ་གཟུང་བ་དང་འཛིན་པའི་དྲི་མ་དང་བྲལ་བས་སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་པའི་ཆགས་པས་མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་སློང་བར་བྱེད་པ་དེ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རྣམ་པར་དག་པ་དེ་སྦྱིན་པའོ། །འདི་ལྟར་རྣམ་པར་དག་པའི་སྦྱོར་བ་དང་ལྡན་པ་ལ་སྨད་པར་མི་བྱ་བ་དེ་བཞིན་དུ་བདེ་བ་སྦྱིན་པ་ལ་ཡང་ཡིན་ནོ། །གང་གི་ཕྱིར་ཡོན་ཏན་དེ་དང་ལྡན་པས་མངོན་དུ་བྱེད་པའི་རྣལ་འབྱོར་པ་འདི་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་སྐྱེད་པར་བྱེད་པས་ན་འདི་བདེ་བ་སྦྱིན་པའོ། །སེམས་ཅན་ཀུན་གྱི་དོན་དུ་སྦྱོང༌། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ལ་སོགས་པའི་བསྒོམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཏོ། །རྒྱུའི་སྦྱོར་བ་དེས། འདི་ནི་སངས་རྒྱས་དབང་དུ་བྱེད། །ཅེས་བྱ་བ་ནི་འདིར་འདོད་ཆགས་ཀྱི་བདག་ཉིད་བསྒོམས་པའི་བསོད་ནམས་དང་ཡེ་ཤེས་དག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒོམ་པ་གང་ཡིན་པ་དེ་ནི་སངས་རྒྱས་དབང་དུ་བྱེད་པ་སྟེ། སྦྱོར་བ་དེས་སངས་རྒྱས་རང་དབང་དུ་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། རྗེས་སུ་ཆགས་པའི་ཏིང་ངེ་འཛིན་ལ་གནས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གཟུགས་བརྙན་ཙམ་གྱི་སྦྱོར་བས་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་སངས་རྒྱས་ལ་སོགས་པའི་གཟུགས་ཀྱི་བདག་ཉིད་དུ་བསྐྱེད་པར་བྱའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་དེས་དབང་དུ་བྱེད་
པར་འགྱུར་རོ། །འདོད་བསྟན་བདེ་བའི་བདག་ཉིད་ཀྱིས། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་འདོད་པ་སྟེ། བཅོམ་ལྡན་འདས་འདོད་པ་སེམས་དཔའ་ནི་ཞེས་གསུངས་པའི་ཕྱིར་དེ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྟན་པ་ནི་བསྒོམས་པའོ། །བདེ་བའི་བདག་ཉིད་ནི་སེམས་བདེ་བའོ། །སུ་ར་ཏ་སྟྭཾ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་བསྐུལ་བའི་སྙིང་པོ་ཟློས་ཤིང་བསྒྲུབས་ནས་སོ། །ཇི་ལྟར་སྒྲུབ་ཅེ་ན། དེ་ཉིད་བསྐུལ་ན་དབང་བསྐུར་འགྱུར། །ཞེས་བྱ་བ་སྨོས་ཏེ། སུ་ར་ཏ་སྟྭཾ་ཞེས་བྱ་བའི་དེ་ཁོ་ན་ཉིད་བརྗོད་པས་རྡོ་རྗེ་སེམས་དཔའ་དབང་དུ་བྱེད་ཅེས་བྱ་བའི་དོན་ཏོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། སྔར་བཤད་པའི་རྗེས་སུ་ཆགས་པའི་སྦྱོར་བས་རྗེས་སུ་ཆགས་པར་བྱེད་པ་ཉིད་བསྒོམ་ཞིང་སེམས་ཀྱིས་མངོན་དུ་བྱེད་པ་ལ། སུ་ར་ཏ་སྟྭཾ་ཞེས་བྱ་བས་ཇི་སྲིད་བཅོམ་ལྡན་འདས་མངོན་སུམ་ལྟ་བུར་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྐུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་ལ་སོགས་པ་རྣམས་ལ་མཚན་ཐོག་ཐག་བསྒོམས་ན་ངེས་པར་འགྲུབ་པར་འགྱུར་རོ། །སངས་རྒྱས་བཀའ་ནི་ཐོབ་པར་འགྱུར། །སངས་རྒྱས་བཀའ་ཡིས་སེམས་ཅན་རྣམས། །དག་བྱ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ལུས་ཅན་སྐྱབས་སྦྱིན་དང་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་སེམས་ཅན་ཆོས་དང་མི་ལྡན་པ་རྣམས་དང༌། ལྷ་མ་ཡིན་ལ་སོགས་པ་གདུག་ཅིང་མ་རུངས་པའི་སེམས་ཅན་རྣམས་གསོད་པ་ནི་སྐྱབས་སྦྱིན་པའི་དོན་ཏོ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་བསྟན་པའི་བཀའ་དེ་སེམས་ཅན་གང་གིས་ཁྱད་དུ་གསོད་པར་བྱེད་ཅིང་བསླབ་པར་མི་བྱའོ་ཞེས་འགོག་པར་བྱེད་ཅིང༌། འཇིག་རྟེན་རྒྱང་ཕན་ལ་སོགས་པའི་བསྟན་བཅོས་ལ་རབ་ཏུ་འཇོག་པར་བྱེད་པ་དང༌། གཙུག་ལག་ཁང་དང་དགེ་སློང་དང་དགེ་སློང་མ་དང༌། དམ་པའི་ཆོས་ལ་སོགས་པ་འཇིག་པར་བྱེད་པ་དེ་ལྟ་བུ་ལ་སོགས་པ་གདུག་ཅིང་མ་རུངས་པ་རྣམས་བསད་པ་ནི་སངས་རྒྱས་ཀྱི་བསྟན་པ་བསྲུང་བའོ། །བསད་ན་ཡང་ནི་དབང་དུ་འགྱུར། །ཞེས་བྱ་བ་ནི་དེ་ལྟར་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པས་ཞེ་སྡང་མེད་པ་དང་ཕན་
པའི་དོན་དུ་བསད་ན་རྡོ་རྗེའི་རིགས་དབང་དུ་བྱེད་ཅིང་རང་དབང་དུ་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་བཤད་པའི་ཚུལ་གྱིས་རྡོ་རྗེའི་རིགས་ཀྱི་རྗེས་སུ་ཆགས་པའི་ཏིང་ངེ་འཛིན་བསྒོམས་ནས་ཕྱག་རྒྱ་དང་སྔགས་ཀྱིས་གདུག་པ་བསད་ན་རང་གི་རྡོ་རྗེའི་རིགས་དབང་དུ་བྱེད་པར་འགྱུར་རོ། །པདྨའི་རིགས་ནི་རང་བཞིན་གྱིས་རྣམ་པར་དག་པ་སྟེ། འདོད་ཆགས་དག་པ་ཀུན་རྟོག་ལ། །ཞེས་བྱ་བ་ནི་བསྒོམ་པའོ། །ཇི་ལྟར་ཞེ་ན། པདྨའི་འདབ་མ་ཁ་འབྱེད་ཅིང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལག་པ་གཡོན་པ་སྙེམས་པས་པདྨ་བླངས་ལ་ལག་པ་གཡོན་པའི་མཛུབ་མོ་དང༌། མཐེ་བོ་དག་གིས་སྙིང་གར་པདྨའི་འདབ་མ་ཁ་འབྱེད་ཅིང་བསྒོམས་ནའོ། །ཇི་ལྟར་པདྨ་དམར་པོ་ཡང༌། །ཚོན་གྱི་ཉེས་པས་མི་གོས་བཞིན། །ཐམས་ཅད་དག་པར་བསྒོམས་ན་ནི། །སྡིག་པའི་ཉེས་པས་གོས་མི་འགྱུར། །ཞེས་བྱའོ། །དེ་ལྟར་འདོད་ཆགས་རྣམ་པར་དག་པ་པདྨའི་འདབ་མ་ཁ་འབྱེད་ཅིང་བསྒོམས་པས་ཅི་ཞིག་བྱེད་ཅེ་ན། རྣལ་འབྱོར་པ་རང་ཉིད་པདྨའི་རིགས་ཀྱི་ཆགས་པ་བསྒོམས་ན་སངས་རྒྱས་ལ་སོགས་པ་སེམས་ཅན་གྱི་ཁམས་ལ་ཆགས་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གདུལ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། པདྨའི་རིགས་ཀྱི་ཏིང་ངེ་འཛིན་གྲུབ་པས་རང་དང་གཞན་དག་དེས་འདུལ་བར་བྱེད་དོ། །འདོད་ན་དབང་དུ་བྱེད་པར་འགྱུར། །ཞེས་བྱ་བ་ནི་རང་ངམ་གཞན་འདི་རྣམ་པར་དག་པའི་བསྒོམ་པའི་ཆགས་པ་གང་ཡིན་པ་འདི་ནི་པདྨའི་རིགས་དབང་དུ་བྱེད་པ་ཡིན་ནོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔར་བཤད་པའི་ཆོ་གས་པདྨའི་རིགས་ལ་རྗེས་སུ་ཆགས་པའི་ཏིང་ངེ་འཛིན་བསྒོམ་ཞིང༌། པདྨའི་འདབ་མ་ཁ་འབྱེད་པའི་སྦྱོར་བས་དེ་བཞིན་གཤེགས་པ་ལ་སོགས་པས་སེམས་ཅན་གྱི་ཁམས་འཇིག་རྟེན་དབང་ཕྱུག་ཏུ་བསྐྱེད་ནས་ཇི་སྲིད་དུ་དེའི་རྣམ་པར་སྣང་བ་ཐོབ་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་བྱའོ། །དེ་ནས་བསྒྲུབ་པའི་ཆོ་གས་མཚན་ཐོག་ཐག་བསྒོམས་ན་འགྲུབ་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་དབང་བསྐུར་ཕྱིར། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་ནོར་བུའི་རིགས་ལ་རྗེས་སུ་ཆགས་པའི་ཏིང་ངེ་འཛིན་རྣམ་པར་བསྒོམས་པས་ཉིན་རེ་ཞིང་རྡོ་རྗེ་
རིན་ཆེན་གྱི་ཕྱག་རྒྱས་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་ཅན་གྱི་ཁམས་ལ་རིན་པོ་ཆེ་མྱུ་གུའི་དབང་བསྐུར་བ་བྱིན་ན་དེ་ནས་ནོར་བུའི་རིགས་སུ་ཡོངས་སུ་བསམ་པར་བྱའོ། །དེ་ལྟར་ན་ནོར་བུའི་རིགས་རྣམས་དབང་དུ་གྱུར་པ་དང༌། དེ་ནས་སྔ་མ་བཞིན་དུ་མཚན་ཐོག་ཐག་བསྒོམས་ན་ནོར་བུའི་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་རྗེས་སུ་ཆགས་པ་དང༌། དབང་དུ་བྱེད་པའི་དངོས་གྲུབ་ཀྱི་རྒྱུད་བཤད་ནས། ད་ནི་གང་གི་ཚེ་འདི་སྐད་དུ་བཤད་པའི་ཆོ་གས་ལན་བདུན་བསྒྲུབས་ན་ཡང་དངོས་གྲུབ་དམ་པ་ཐོབ་པར་མ་གྱུར་ན། དེའི་ཚེ་རྣལ་འབྱོར་པས་མངོན་སྤྱོད་བྱ་བའི་རིགས་པའི་ཆོ་གས་རང་གི་ལྷ་ལ་མངོན་སྤྱོད་བྱས་ན་དེས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་གསལ་བའི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་པ་རྣམས་གསོད་པ་ནི་མངོན་སྤྱོད་ཀྱི་ཚོགས་བསད་པའོ། །དེའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་པའོ། །དེ་སྟོན་པར་བྱེད་པའི་རྒྱུད་ནི་ཕྱག་ན་རྡོ་རྗེས་གསུངས་པའོ། །སེམས་ཅན་ཀུན་དོན་མ་མཐོང་ཞིང༌། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རྣལ་འབྱོར་པས་སྒྲུབ་པ་ལ་འཇུག་པ་ནི་ལན་བདུན་གྱི་བར་དུ་བསྒྲུབས་ན་ཡང་དེ་བཞིན་གཤེགས་པ་ལ་སོགས་པའི་དངོས་གྲུབ་ཐོབ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་གང་གི་ཚེ་མི་གུས་པ་དེའི་ཚེ། སེམས་ཅན་ཀུན་དོན་མ་མཐོང་བའོ། །སངས་རྒྱས་རྣམས་ཀྱིས་དེ་ཉིད་དེ་སྐད་དུ་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་དབང་དུ་བྱེད་པའི་མཐར་ཐུག་པའི་དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་རྒྱུ་དང་འབྲས་བུའི་ངོ་བོ་དེ་མ་སྦྱངས་པ་ནི་དམིགས་པ་ལྟ་བར་གསལ་བའོ། །ཡིད་ལ་སེམས་གོམས་པའོ། །ལུས་ནི་ཕྱག་རྒྱ་སྤོང་བ་ལ་སོགས་པ་ལ་ཕྱག་རྒྱ་འབེབས་པ་ལ་སོགས་པའི་སྦྱོར་བའོ། །དག་ནི་བརྗོད་པའི་སྦྱོར་བས་སྔགས་བརྗོད་པའོ། །བསད་པ་ནི་སངས་རྒྱས་བཅོམ་ལྡན་འདས་བསད་པའོ། །ཅིར་འགྱུར་ཞེ་ན། དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བ་སྨོས་ཏེ། དེ་ལྟར་མངོན་སྤྱོད་བྱ་བའི་རིགས་པའི་ཆོ་གས་དེ་བཞིན་གཤེགས་པ་གསད་
ལ། ཕྱིས་སྔོན་དུ་བསྙེན་པ་བྱས་ནས་བསྒྲུབ་པ་བྱས་ན་ངེས་པར་འགྲུབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རས་རིས་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་གསད་པར་བྱ་བ་ལ་བསྡུ་བ་ལ་སོགས་པའི་ཆོ་གས་མདུན་དུ་གཞག་པ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྦྱོར་བ་བྱས་ནས་ཡིད་ཀྱིས་གསད་པར་བྱའོ། །སྦྱོར་བ་ནི་འདི་ཡིན་ཏེ། རྡོ་རྗེ་ཕྲ་མོ་བརྟན་བྱས་ལ། །རྡོ་རྗེ་ཧཱུཾ་མཛད་སྦྱོར་བ་ཡིས། །ཧཱུཾ་ཞེས་བྱ་བ་གང་ལ་བཟླས། །དེ་ཡི་སྲོག་ནི་འཇིག་པར་འགྱུར། །ཞེས་བྱ་བའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྣའི་རྩེ་མོར་ཡི་གེ་ཧཱུཾ་ལས་རྡོ་རྗེ་འབར་བ་དེའི་དབུས་སུ་དེ་བཞིན་གཤེགས་པ་བསྒོམས་ཏེ། ཇི་སྲིད་ཐལ་བ་ལྟ་བུར་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམས་ནས་མངོན་སྤྱོད་ཀྱི་སྦྱིན་སྲེག་གིས་བསྒྲུབས་ཏེ་གསད་པར་བྱའོ། །དེ་ལྟར་ན་རྒྱུད་དེ་དང་དེ་རྣམས་ལ་བསད་པའི་ཆོ་ག་གཞན་ལ་ཡང་ཤེས་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་བསད་པའི་དངོས་གྲུབ་ཀྱི་རྒྱུད་བཤད་ནས་ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་གསུངས་པ་ནི། དངོས་གྲུབ་ཐམས་ཅད་ཐོབ་པ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྣམས་ལན་བདུན་བསྒྲུབས་ཀྱང་མངོན་སུམ་དུ་མཐོང་བར་མ་གྱུར་ནའོ། །རིགས་རྣམས་ཀྱང་ནི་མི་བརྩོན་ཞིང༌། །ཞེས་བྱ་བ་ནི་འདིར་སྦྱོར་བའི་བརྩོན་འགྲུས་སོ། །མི་བརྩོན་པ་ནི་མི་འབད་པ་སྟེ། བསྒོམ་པའི་སྦྱོར་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་དང་འབྲེལ་བའི་བསྒོམ་པ་མེད་པ་ཡིན་ཞེ་ན། རིགས་རྣམས་དང་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པའི་རིགས་དང་འབྲེལ་པའི་བསྒོམས་པ་རྣལ་འབྱོར་པ་ལ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། ཡོ་ཛིར་ཡོ་ག་ཞེས་བྱ་བ་ཁམས་སོ། །བརྩོན་པ་ནི་འབད་པ་ཞེས་བྱ་བའི་དོན་ཏོ། །གང་ལ་བརྩོན་ཞེ་ན། གང་གི་ལྷ་རྗེས་སུ་དྲན་པ་བརྩོན་པ་ཞེས་བྱའོ། །རྡོ་རྗེ་ཀུན་དུ་བརྡེག་ན་ནི། །ཞེས་བྱ་བ་ནི་རྡོ་རྗེ་དང་འབྲེལ་པའི་བརྡེག་པ་ནི་བསྣུན་པ་སྟེ། རྡོ་རྗེ་དེས་བསྒྲུབ་པར་བྱ་བ་ལ་བསྣུན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་དེ་
བཞིན་གཤེགས་པ་ཐམས་ཅད་འདུས་པའི་ནང་དུ་གནས་ཏེ། བསྒྲུབ་པར་བྱ་བའི་ལྷ་མདུན་དུ་ཇི་སྐད་བཤད་པའི་ཆོ་གས་སྤྱན་དྲངས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། ཁྲོ་བོའི་གནས་པས་བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང་བསྒྲུབ་པར་བྱ་བའི་སྟེང་དུ་ཡིད་ཀྱིས་འཕངས་པས་བསྐལ་པའི་མེ་དང་མཚུངས་པའི་རྡོ་རྗེ་ལྷུང་བས་བསྒྲུབ་པར་བྱ་བ་ལ་བསྣུན་པར་བསམ་པར་བྱའོ། །ཨོཾ་བཛྲ་སཏྭ་ཧཱུཾ། ཨ་མུ་ཀཾ་ག་ཏ་ཡ་ཧཱུཾ། དེ་ནས་བསྒྲུབ་པར་བྱ་བ་དེ་ཕྱི་རོལ་གྱི་ཐོག་གིས་བརྒྱབ་པའི་རི་བོ་བཞིན་དུ་བརྡེག་བར་བསྣུན་ཞིང་གསོད་པར་འགྱུར་རོ། །བསད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་དེ་ལྟ་བུའི་སྦྱོར་བ་འདིས་བསྒྲུབ་པར་བྱ་བའི་ལྷ་སྣང་བ་མེད་པར་བྱས་ཤིང་དངོས་པོར་འཛིན་པ་མེད་པར་བྱས་པའོ། །སྒྲུབ་པོས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཐོབ་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་བསྟན་ནས། ད་ནི་རྡོ་རྗེའི་རིགས་གསུངས་པ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་རུང་མི་འདུལ་ཁྲོ་མེད་ཅིང༌། །ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ལྷ་ཆེན་པོ་ལ་སོགས་པ་འདུལ་བར་བྱེད་པ་སྟེ། ཆོས་དང་ལྡན་པའི་སེམས་ཅན་ཅུང་ཟད་ཅིག་ཀྱང་གནོད་པ་མི་བྱེད་པས་མི་འདུལ་ཁྲོ་མེད་པའོ། །དེའི་ཕྱིར་དེ་ལྟར་གྱུར་པའི་ཁྲོ་བ་མེད་པའི་ཁྲོ་བོ་མངོན་དུ་བྱེད་པས་ཉོན་མོངས་པ་ལ་ཁྲོ་བ་མངོན་དུ་བྱས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་སེམས་ཅན་མི་འདུལ་ལ། །ཞེས་བྱ་བ་ནི་སེམས་ཅན་ནི་གྲགས་པར་ཟད་དོ། །དེ་དག་འདུལ་བའི་ཁྲོ་བས་བསྒྲག་པར་བྱས་ནས་སྡིག་པ་དང་བྲལ་ཏེ། ལུང་དང་རྟོགས་པའི་བདག་ཉིད་ལ་སྦྱོར་བའོ། །སེམས་ཅན་མི་འདུལ་བ་ནི་གདུལ་བྱ་མ་ཡིན་པའི་སེམས་ཅན་གདུལ་བར་མི་ནུས་པའོ། །བདག་ཉིད་འདུལ་ལ་ཐོབ་བྱེད་ན། །ཞེས་བྱ་བ་ནི་ནད་ལ་སོགས་པའི་སྡུག་བསྔལ་སྒྲུབ་པ་པོ་ལ་སྐྱེས་པ་ནི་དེ་དག་དངོས་གྲུབ་མི་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་བསྒྲུབ་པར་བྱ་བའི་ལྷའི་སྟེང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་འབར་བ་ལྷུང་བས་དེས་བསད་པར་གྱུར་པར་བསམ་པར་བྱའོ། །ད་ནི་པདྨའི་རིགས་ཀྱི་དངོས་གྲུབ་ཀྱི་བསད་པ་ནི། དེ་ལ་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་རྗེ་མེད་ཅིང་སྙིང་རྗེ་མི་སྲིད་པའོ། །སྙིང་རྗེ་མི་འདོགས་པ་སྟེ། སེམས་ཅན་རྣམས་བསྒྲལ་བར་མི་འདོད་པའོ། །མཛའ་བོ་ཡོད་པ་དེ་བས་ན་བྱམས་པ་སྟེ་སེམས་ཅན་ལ་ཕན་པ་དང་བདེ་བ་བསྡུས་པའོ། །བྱམས་པ་མེད་པ་ནི་བྱམས་པ་མི་འདོགས་པ་སྟེ། དེ་བས་ན་སེམས་ཅན་ངན་པ་དམིགས་པ་ལ་སྤྱོད་པ་དང༌། འཇིག་རྟེན་རྒྱང་ཕན་པ་དང༌། མ་སྦྱངས་པ་དེ་དག་གི་རྗེས་སུ་འཛིན་པ་མ་བསལ་བས་ཡང་དག་པའི་ལྟ་བ་ལ་ངེས་པར་མི་སྦྱོར་བའོ། །བདག་ཉིད་ལ་ནི་བསླུས་ནས་ནི།། ཞེས་བྱ་བ་ལ། ལོག་པར་ལྟ་བ་བསྐྱེད་པས་ན་སྔགས་དང༌། ལྷ་རྣམས་དང་སྔགས་ཀྱི་དངོས་གྲུབ་རྣམས་དོན་མེད་པས་འཇིག་རྟེན་པ་ལ་གནོད་པར་བྱེད་པའོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་དངོས་གྲུབ་མི་ཐོབ་པའི་རྒྱུར་ཤེས་ནས་སྔ་མ་བཞིན་དུ་བསྒྲུབ་པར་བྱ་བའི་ལྷ་སྤྱན་དྲངས་ཏེ། མངོན་སྤྱོད་ཀྱི་སྦྱོར་བས་གསད་པར་བྱའོ། །ད་ནི་ནོར་བུའི་རིགས་ཀྱི་གསད་པའི་དངོས་གྲུབ་ནི། དེ་ལ་འདི་ནི་ཞེས་བྱ་བ་སྨོས་ཏེ། མི་གཏོང་བདག་ལ་ནོར་མེད་ཅིང༌། །ཞེས་བྱ་བ་ནི་གཏོང་བ་ནི་ཕྱི་རོལ་གྱི་རྒྱལ་སྲིད་ལ་སོགས་པ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྤངས་པ་ནི་བཏང་བའོ། །མི་གཏོང་བ་ནི་གཏོང་བ་མེད་པ་སྟེ། །དེའི་ཕྱིར་ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་ནོར་བུའི་རིགས་ཀྱི་ཏིང་ངེ་འཛིན་ཐོབ་པ་བདག་ཉིད་ཀྱིས་མི་གཏོང་ངོ་ཞེས་བྱ་བའི་དོན་ཏོ། །བདག་ལ་ནོར་མི་བདོག་པས་ན་བདག་ལ་ནོར་མེད་ཅིང་ངོ༌། །ནོར་བུའི་རིགས་ཀྱི་ཏིང་ངེ་འཛིན་ཐོབ་པའི་ནོར་འདི་བདག་ལ་མེད་པའོ། །ནོར་སྟེར་བ་ནི་ནོར་བུའི་རིགས་ཀྱི་ཏིང་ངེ་འཛིན་ཐོབ་པ་དེ་ལས་ཉམས་པའོ། །ཅིའི་ཕྱིར་ཞེ་ན། གནོད་བྱེད་ལ་ཞེས་བྱ་བ་སྨོས་ཏེ། དམ་ཚིག་ཉམས་པས་གནོད་པ་དེའི་ཕྱིར་ན་ནོར་མེད་པས་གནོད་པའོ། །སེམས་ཅན་རྣམས་ནི་དབུལ་གྱུར་ན། །ཞེས་བྱ་བ་ནི་སེམས་ཅན་རྣམས་ནོར་ལ་སོགས་པ་དང༌། འབྱོར་པས་དབུལ་བ་བསལ་བར་མི་ནུས་པའི་དབུལ་པོ་དེ་དག་དངོས་གྲུབ་མི་ཐོབ་པའི་རྒྱུ་ཉིད་དུ་ཤེས་ནས་ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་བསྒྲུབ་པར་བྱ་བའི་ལྷ་སྤྱན་དྲངས་ཏེ།
མངོན་སྤྱོད་ཀྱི་སྦྱོར་བས་འདི་གསད་པར་བྱའོ། །དེ་ཅིའི་ཕྱིར་དེ་ལྟར་བཅོམ་ལྡན་འདས་ཀྱིས་གསད་པའི་ལས་གསུངས་ཞེས་ཕྱོགས་སྔ་མ་སེམས་པས་ཁ་ཅིག་ནི་སངས་རྒྱས་ཀྱི་ཞེས་བྱ་བ་སྨོས་ཏེ། ཁ་ཅིག་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་འདོད་པ་རྣམས་རྣལ་འབྱོར་པས་མ་ཐོབ་ན་ཇི་སྐད་གསུངས་པའི་སངས་རྒྱས་དང༌། དེ་བཞིན་གཤེགས་པ་རྣམས་དང༌། རིགས་ཐམས་ཅད་དངོས་སུ་གསོད་པ་ནི་བདག་ཏུ་འཛིན་པའི་སེམས་ཅན་དེ་ལ་གནོད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །གསོད་པའི་སེམས་དེ་དག་དང་བྲལ་བར་བྱ་བའི་ཕྱིར་གསོད་པའི་སེམས་ཀྱིས་བསད་ནས་ཐབས་ཀྱིས་དྲང་བར་བྱ་བའི་ཕྱིར་རོ། །ཁོ་བོ་ཅག་གིས་བསྟན་པའི་བསད་པའི་དངོས་གྲུབ་ཀྱི་སྦྱོར་བ་འདིས་མྱུར་དུ་འདི་དངོས་གྲུབ་སྦྱིན་པར་བྱའོ་ཞེས་བཅོམ་ལྡན་འདས་འཕགས་པ་ཀུན་དུ་བཟང་པོས་གསུངས་སོ། །དེ་ལྟར་བསད་པའི་དངོས་གྲུབ་ཀྱི་རྒྱུད་བསྟན་ནས། ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་སྔོན་དུ་བསྙེན་པ་ལ་སོགས་པའི་དུས་སུ་རང་དང་གཞན་དག་བསྲུང་བར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱུའི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་རིགས་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་དག་བསྲུང་བའི་ཕྱག་རྒྱ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དང༌། རྣལ་འབྱོར་པའི་སེམས་བྲལ་བ་དང༌། རྒྱུད་གཞན་ལ་གནོད་པ་སེལ་བའི་ཕྱག་རྒྱ་གང་དང་གང་བྱེད་པ་དེ་དང་དེ་ལ་དེ་སྐད་ཅེས་བྱའོ། །དངོས་གྲུབ་དེས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་པ་དེ་སྟོན་པའི་རྒྱུད་དེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །སེམས་ཅན་ཐམས་ཅད་མི་གཏོང་ཞིང༌། །ཞེས་བྱ་བ་ནི་སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་སེམས་ཅན་ཐམས་ཅད་དེ། མ་ལུས་ཤིང་ལུས་པ་མེད་པའི་ཁམས་ གསུམ་པ ་ན་སྤྱོད་པའི་ལྷ་ལ་སོགས་པའི་སེམས་ཅན་དེ་དག་ཡོངས་སུ་མི་གཏོང་ཞིང༌། བདག་གིས་འདི་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ལ་གཞག་པར་བྱའོ་ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་དག་སངས་རྒྱས་སུ་བསྒོམས་པས་སངས་རྒྱས་ཉིད་འཐོབ་པར་འགྱུར་རོ། །རྟག་ཏུ་སངས་རྒྱས་མཆོད་བདག་ཉིད། །ཅེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་མཆོད་པ་ནི་སངས་རྒྱས་ཀྱི་མཆོད་པ་སྟེ། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་མཆོད་པ་བཅུ་དྲུག་དང༌། སྒེག་མོ་ལ་སོགས་པའི་མཆོད་པ་དེའི་བདག་ཉིད་ནི་དེའི་རང་བཞིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་བདག་ཉིད་དུ་རྟག་ཏུ་ལྷག་པར་མོས་པར་བསམ་པར་བྱའོ། །རྟག་པར་སངས་རྒྱས་ཡིད་ལ་བྱེད། ཅེས་བྱ་བ་ནི་སྤྱོད་ལམ་རྣམ་པ་བཞི་ལས་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པས་བསྲུང་བའི་དངོས་གྲུབ་བསྟན་ནས། ད་ནི་དེ་བཞིན་གཤེགས་པའི་རིགས་བསྲུང་བ་ནི། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་མཚན་ཙམ་ཞིག །ལན་ཅིག་ཙམ་ཡང་བརྗོད་གྱུར་ན། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་སེམས་དཔའི་ཞེས་བྱ་བ་དྲུག་པ་དང་བདུན་པ་ལ་ཁྱད་པར་མེད་དོ། །མིང་ཙམ་བརྗོད་པར་གྱུར་པ་ནི་གྲགས་པར་ཟད་དོ། །བྱང་ཆུབ་ཀྱི་མཐར་ཐུག་པ་ནས་རྟག་པ་ཡིན་ལ། མཆོག་ཏུ་གྱུར་པས་ན་ཆེན་པོ་སྟེ། བདག་ཉིད་བསྲུང་བར་གྱུར་པའོ། །སྐད་ཅིག་གིས་ནི་དངོས་གྲུབ་ཐོབ། །ཅེས་བྱ་བ་ནི་གང་དང་གང་གིས་དངོས་གྲུབ་སྒྲུབ་པར་འདོད་པའི་རྣལ་འབྱོར་པ་དེ་དང༌། དེ་ལ་སྐད་ཅིག་གིས་དངོས་གྲུབ་སྟེར་བར་འགྱུར་རོ། །ད་ནི་རྡོ་རྗེའི་རིགས་ཀྱི་བསྲུང་བ་ནི། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་དང་རྒྱུད་ཀྱིས་ཆོག་མི་ཤེས། །ཞེས་བྱ་བ་ལ། དེ་ལ་རིག་པའི་སྒྲས་སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་པ་རྣམས་གཟུང་ངོ༌། །དེ་དག་གི་རྒྱུད་ནི་སྟོང་ཕྲག་བརྒྱ་པ་ལ་སོགས་པ་རྒྱས་པར་བསྟན་པའོ། །དེ་རྣམས་ཆོག་མི་ཤེས་པ་ནི་རྟག་ཏུ་ཐོས་པ་དང༌། བསམས་ པ་དང༌། བསྒོམས་པའོ། །འཇིག་རྟེན་གསུམ ་རྒྱལ་བདག་ཉིད་ཀྱིས། །ཞེས་བྱ་བ་ནི་རང་གི་ཁྲོ་བོའི་རྣལ་འབྱོར་བསྒོམ་པ་ཉིད་དོ། །རྡོ་རྗེ་ཧཱུཾ་ལ་མོས་བྱེད་པ། །
ཞེས་བྱ་བ་ནི་ཤེས་པར་ཟད་དོ། །ད་ནི་པདྨའི་རིགས་ཀྱི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད་ནི། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་དག་ཅིང་བྱམས་པ་ཆེ། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཐམས་ཅད་ལ་ནི་མི་འཇིགས་སྦྱིན། །ཞེས་བྱ་བ་ནི་སེམས་ཅན་རྣམས་ལའོ། །པདྨའི་རིགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་དང༌། ཕྱི་རོལ་གྱི་ཉེ་བར་འཚེ་བ་ཞི་བ་དང༌། སྲོག་གཅོད་པ་ལ་སོགས་སྤོང་པ་ནི་མི་འཇིགས་པ་སྦྱིན་པའོ། །བདག་ཉིད་འཇིགས་ཤིང་སྐྲག་པ་ལས་ཅི་ནུས་ཀྱིས་བསྲུང་བའོ། །འཇིག་རྟེན་དབང་ཕྱུག་གི་མཚན་ཟློས་པའོ། །མཚན་བརྒྱ་རྩ་བརྒྱད་ཟློས་པའོ། །དེ་ནི་ནོར་བུའི་རིགས་ཀྱི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད་ནི། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉི་མ་སྟོང་པར་མི་བྱ་ལ། །ཞེས་བྱ་བ་ལ། སྟོང་པ་ནི་འབྲས་བུ་མེད་པ་ཡིན་ལ། མ་སྟོང་པ་ནི་སྟོང་པ་མེད་པས་འབྲས་བུ་དང་བཅས་པའོ། །ཅི་ནུས་པར་མི་ནུས་ཚད་ལས་མི་འདའོ། །སྦྱོར་བྱེད་ཅིང་རབ་ཏུ་སྦྱོར་བས་སོ། །གང་གིས་སྦྱོར་བར་བྱེད་ཅིང་ཞེ་ན། གཏོང་བྱེད་པར་ཞེས་བྱ་བ་སྨོས་ཏེ། སྦྱིན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །གང་གི་སྦྱོར་སྦྱིན་པར་བྱེད་པ་ཡིན་ཞེ་ན། སངས་རྒྱས་སེམས་ཅན་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པའི་དབང་བསྐུར་བ་ཐོག་མར་བྱས་ནས། སེམས་ཅན་རྣམས་ལ་སྟེར་བར་བྱེད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། ཉིན་རེ་ཞིང་དུས་དྲུག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དང༌། སེམས་ཅན་ཐམས་ཅད་ལ་ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་ཟང་ཟིང་དང༌། མི་འཇིགས་པ་དང༌། ཆོས་དང་བྱམས་པའི་སྦྱིན་པར་སྦྱིན་པར་བྱེད་པའོ། །རྡོ་རྗེ་བསྲུང་བར་ཞེས་བྱ་བ་ནི་བསྲུང་བ་བསྟན་པའི་དབང་དུ་བྱས་ནས་རྡོ་རྗེ་འཆང་བ་ཉིད་ཀྱིས་བསྲུང་བ་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད་ཀྱི་འགྲེལ་པའོ། །དེ་ལྟར་རིགས་རྣམ་པ་བཞིའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པ་པོའི་བསྲུང་བའི་དངོས་གྲུབ་ཀྱི་མཐར་ཐུག་པའི་རྒྱུད་ཕྱི་མ་བསྟན་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱིས་གསུངས་པ་ཤེས་པར་བྱ་བ་མི་སྤང་བའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། འདི་བཞེས་པར་གསོལ་ཞེས་བྱ་བས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་དབུལ་བ་ཡིན་ནོ། །བཅོས་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སངས་རྒྱས་ཀྱི་བཀའ་ཉིད་དུ་བསྒྲུབ་པའི་ཕྱིར། ལེགས་སོ་ཞེས་བྱ་བ་ཡིན་ནོ། །རྒྱུ་དེའི་ཕྱིར་ཇི་སྐད་དུ་བཤད་པའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་དེ་དག་ཐམས་ཅད་ངེད་ཀྱིས་བླངས་པ་ཡིན་ནོ་ཞེས་བྱ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པའི་ཕྱིར། གདུལ་བྱ་རྣམས་ལ་ཁྱེད་ཀྱིས་རྒྱུད་ཕྱི་མའི་ཆོ་ག་འདི་ཇི་ལྟར་གསུངས་པ་དེ་བཞིན་དུ་ཁོ་བོ་ཅག་གི་གཞུང་དང་རྟོགས་པའི་བདག་ཉིད་བློ་ལ་བཞག་ནས་ཕྱི་མའི་མཐར་ཐུག་གི་བར་དུ་རྒྱུན་མི་འཆད་པར་གནས་པར་བྱ་བའི་ཕྱིར་བྱིན་གྱིས་བརླབས་སོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ནས་བརྩམས་ནས། རིན་ཆེན་འབེབས་པ་ལ་མཐར་ཐུག་པའི་བར་དུ་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་ཀྱི་རྟོགས་པ་དེ་དག་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་དེ་ཁོ་ན་ཉིད་ཀྱི་ཐམས་ཅད་ཀྱིས་ཇི་སྐད་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐོབ་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཆོ་ག་རྒྱས་པ་ནི་རྣམ་པ་སྣ་ཚོགས་པའི་ཇི་སྐད་དུ་བཤད་པའོ། །རྫོགས་པ་ནི་རྒྱུད་ཕྱི་མའི་ངོ་བོ་མཐར་ཐུག་པའོ། །འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་བ་དེ་ཁོ་ན་ཉིད་སྣང་བར་བྱེད་ པ་ཞེས་བྱ་བ་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང༌། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བ་དང༌། འགྲོ་བ་འདུལ་བ་དང༌། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་རྒྱུད་ཕྱི་མའི་བཤད་ པ་རྫོགས་སོ།། །།དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་དང༌། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་དང༌། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྟོག་པ་ཐམས་ཅད་ཀྱི་ཐབས་ཀྱི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་གཟུངས་ཀྱི་ཕྱག་རྒྱ་རྣམ་པ་བཞི་སྒོམ་པ་ནི་རང་གི་རིགས་ཀྱི་
དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་བཞི་ཇི་ལྟ་བ་བཞིན་དུ་རང་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། རྒྱུད་ཕྱི་མའི་ཆོ་ག་ཡང་བྱའོ་ཞེས་བྱ་བའི་ཆོ་ག་འདིས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གསང་བ་དམ་པ་དངོས་གྲུབ་ཀྱི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཏེ། ཅི་སྐད་དུ་བཤད་པའོ། །དེ་དག་གི་དངོས་གྲུབ་དམ་པའི་གསང་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བོ། །དེ་སྟོན་པར་བྱེད་པའི་རྒྱུད་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་དམིགས་ཀྱིས་དགར་བའོ། །དང་པོ་ཉིད་ནི་ཐམས་ཅད་ཀྱི་ཐོག་མ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་གྲུབ་པ་རྣམས་ཀྱི་རང་བཞིན་ནོ། །དངོས་གྲུབ་དམ་པའི་གསང་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་མ་བྱས་པ་དེ་ཉིད་ཀྱིས་སྐྱེ་བོ་ཐམས་ཅད་ཀྱི་ལྐོག་ཏུ་གྱུར་པས་ན་གསང་བའི་སྟེ། དེ་སྟོན་པར་བྱེད་པ་ནི་རྒྱུད་དོ། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་སངས་རྒྱས་བྱང་ཆུབ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་ངོ་བོའི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེ་ལ་སེམས་རྩེ་གཅིག་ཏུ་དམིགས་པས་ན་སངས་རྒྱས་བྱང་ཆུབ་ཏིང་ངེ་འཛིན་ཏོ། །དེའི་སངས་རྒྱས་དང༌། བྱང་ཆུབ་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི་ཡང་དང་ཡང་མངོན་དུ་བྱས་ཤིང་བསྒོམས་པའོ། །རབ་མཉམ་གཞག་ནི་ཤིན་ཏུ་མཉམ་པར་གཞག་པ་སྟེ། སེམས་གཡེང་བ་མེད་པའོ། །བྱང་ཆུབ་བདེ་བ་ཐོབ་པར་འགྱུར། །ཞེ་ན། བསམ་གཏན་ཀྱང་ནི་རྟོགས་པར་བྱ། །ཞེས་བྱ་བ་ནི་དཀའ་ཐུབ་པ་དང༌། དཀའ་བར་སྤྱོད་པ་མི་དགོས་པས་སངས་རྒྱས་ཀྱི་བྱང་ཆུབ་བདེ་བའི་ཏིང་ངེ་འཛིན་གྱིས་ཐོབ་པར་
འགྱུར་རོ་ཞེས་རྣམ་པར་བསམས་ནས། བསམ་གཏན་དང་རྗེས་སུ་མཐུན་པའི་བཟའ་བ་དང་བཏུང་བ་ལ་སོགས་པ་བསྟན་ནས། བསྒོམ་པར་བྱས་ན་སངས་རྒྱས་ཀྱི་བྱང་ཆུབ་ཁོང་དུ་ཆུད་པར་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། དཀའ་ཐུག་དཀའ་སྤྱད་མི་བཟད་པས། །ལུས་སྐམས་འགྱུར་ཞིང་སྡུག་བསྔལ་ལ། །སྡུག་བསྔལ་གྱིས་ནི་སེམས་གཡེངས་པས། །དེ་ནི་རྒྱུན་ཆད་འགྱུར་པ་ཡིན། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའམ། དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཕྱག་རྒྱ་བཞི་བྱས་ཏེ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྣམ་པར་བསམས་པ་སྟེ། དེའི་དབུས་སུ་ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ་བཛྲི་ནི་ཞེས་བྱ་བ་ལ་སོགས་པས་རང་གི་རིག་པ་རྣམ་པར་བསམས་ཏེ། དེ་ཉིད་བརྗོད་ཅིང་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་བདག་ཉིད་དུ་བསྒོམས་པས་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་ཀྱི་སྐབས་མེད་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བཤད་ནས། ད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་རིགས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དམ་པའི་དངོས་གྲུབ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །དེ་ཉིད་ཀྱི་གསང་བ་དེ་སྟོན་པར་བྱེད་པའི་རྒྱུད་དོ། །སྙིང་གར་བཅིང་ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ཏེ། ང་ཡི་ཆུང་མ་ཁྱོད་སྡུག་པ། །ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་བསྡུས་པར་གྱུར་པ་ཉིད་ཀྱིས་འགེངས་པས་ན་ཆུང་མ་སྟེ། བདག་ཉིད་སྐྱེད་པར་བྱེད་པས་ན་ངའི་ཆུང་མ་དེ་བོད་པའོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། གང་
གིས་བྱང་ཆུབ་སེམས་སྡུད་པར་བྱེད་པ་རྒྱུད་དེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྒྲུབ་པ་པོ་ལ་སྡུག་པའོ། །བརྟན་པར་གྱུར་ཅིག་ཅེས་སྨྲས་ནས་ཞེས་བྱ་བ་ནི་རང་གི་ཡན་ལག་ཐམས་ཅད་ཀྱིས་འཁྱུད་ནས་ཆུ་དང་འོ་མ་བཞིན་དུ་བདག་ཉིད་ཀྱི་ལུས་དང༌། ངག་དང༌། ཡིད་ཀྱིས་ལྷན་ཅིག་ཏུ་གྱུར་པ་ན་སྒྲུབ་པ་པོས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་དེ་བཞིན་གཤེགས་པའི་རིགས་ཀྱིས་བཤད་ཟིན་པའི་ལྷ་རྣམས་ལ་དྷྲེ་སྟི་བྷ་ཞེས་དེ་སྐད་དུ་བརྗོད་པར་བྱའོ། །ཕྱག་རྒྱ་ཐམས་ཅད་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་རྣམས་སོ་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ཐམས་ཅད་བསྒོམ་པར་བྱ་བ་ཁོ་ནའོ་ཞེས་ཤེས་པར་བྱའོ། །ཆོ་ག་འདི་ཡི་ཚུལ་གྱིས་ནི། །ཞེས་བྱ་བ་ནི། བཤད་མ་ཐག་པའི་ཚུལ་གྱིས་སོ། །རང་གི་ལས་རྣམས་མ་གྲུབ་ཀྱང༌། །ཞེས་བྱ་བ་ནི། བཛྲ་ཧཱུཾ་བྷནྡྷ་ས་མ་ཡ་སྟྭཾ་ཞེས་བྱ་བ་འདིས་དངོས་གྲུབ་མ་གྲུབ་ནའོ། །ཀྱང་གི་སྒྲས་ནི་ཡིན་ཡང་ཞེས་བཤད་པས་སོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པ་དང༌། ཡང་དག་པར་མཉེས་པ་ལ་སོགས་པ་རང་གི་ལས་རྣམས་ཀྱང་དངོས་གྲུབ་མ་གྲུབ་ཀྱང་བསྒྲུབ་པར་བྱའོ། །གང་གི་ཕྱིར་དེ་ལྟ་བུའི་ཆོ་ག་འདིའི་ཚུལ་གྱིས་གསང་བའི་ཆུང་མ་ཞེས་སྒྲུབ་པ་པོ་སྨྲ་ཞིང་ངོ༌། །ཤིན་ཏུ་ནི་མྱུར་བའི་དོན་ཏེ། དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ་ཕྱག་བཞི་བྱས་ནས་རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་སེམས་དཔའི་རྡོ་རྗེ་རྣམ་པར་བསམས་ཏེ། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་བཛྲེ་བཛྲེ་ཎི་ཧཱུཾ་ཞེས་བརྗོད་ཅིང་བཅོམ་ལྡན་འདས་སེམས་མ་རྡོ་རྗེ་སེམས་དཔའ་རྡོ་རྗེ་དང་འདྲ་བ་མདུན་དུ་རྣམ་པར་
བསམས་ཏེ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ང་ཡི་ཆུང་མ་ཁྱོད་སྡུག་པས། །བརྟན་པར་གྱུར་ཅིག་ཅེས་སྨྲས་ལ། །དེ་ནས་སྒྲུབ་པ་པོ་དང་འཁྱུད་པར་བྱའོ། །དེའི་ཡན་ལག་ཐམས་ཅད་ཆུ་དང་འོ་མ་བཞིན་དུ་ཁྱབ་པ་གཅིག་ཏུ་གྱུར་པར་གནས་ཏེ། དེའི་རྗེས་ལ་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ནས། རང་གི་སྙིང་གའི་རྡོ་རྗེའི་དབུས་སུ་བཟླས་པའི་ཡི་གེ་རྣམ་པར་བསམས་ལ། དེ་ཉིད་བརྗོད་དེ། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་དམ་པ་གསང་བའི་རྒྱུད་ནི། དེ་ལྟ་དེ་ལྟར་ཁྲོས་པ་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཐུགས་རྗེ་ཐབས་ཀྱིས་ཁྲོ་བོ་ཁྲོས་པ་ཡིན་གྱི། ཉོན་མོངས་པའི་ཁྲོ་བས་དེ་བཞིན་དུ་ཁྲོ་བ་ནི་མ་ཡིན་ནོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱར་གྱུར་པའི་རྡོ་རྗེ་ཧཱུཾ་མཛད་ཀྱིས་གསོད་པར་མཛད་པས་ནའོ། །དེ་བཞིན་གཤེགས་པ་ཐམས་ཅད་སྐྲག་སྟེ་དངོས་གྲུབ་སྦྱིན་པར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་གསོད་པས་འཇིགས་ཤིང་སྐྲག་ནས་དེ་བཞིན་གཤེགས་པས་དངོས་གྲུབ་སྩོལ་པར་འགྱུར་རོ། །འདི་སྐད་སྟོན་ པ་ཡིན་ཏེ་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་བྱས་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ནས། རང་གི་སྙིང་གའི་ཟླ་བ་ལ་ཧཱུཾ་ལས་འབར་བའི་རྡོ་རྗེ་རྣམ་པར་བསམས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མཐུན་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་ལྷ་མོས་ནམ་མཁའི་ཁམས་བཀང་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་དེ་རྣམས་རྡོ་རྗེ་ཧཱུཾ་མཛད་ནས། རྡོ་རྗེ་འབེབས་པའི་བར་གྱི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ངོ་བོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། སྙིང་གའི་རྡོ་རྗེ་ལ་རིག་པའི་ཡི་གེ་རྣམ་པར་བསམས་ལ། དེ་ཉིད་
བརྗོད་ཅིང་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །པདྨའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་འགྲོ་བ་འདུལ་བ་ལ་སོགས་པ་ནས། པདྨ་འབེབས་པའི་མཐར་ཐུག་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། སྒྲུབ་པ་ནི་ཤིན་ཏུ་མཉམ་པར་གཞག་པའི་རྣལ་འབྱོར་པས་རྡོ་རྗེ་ལྟ་བས་བལྟ་བར་བྱའོ། །གང་ཞེ་ན། བདག་གི་ཆུང་མའམ་གཞན་ཆུང་མ། །ཞེས་བྱ་བ་ནི་རང་གི་གཟུགས་སམ་རིགས་ཀྱི་ལྷ་ལ་སོགས་པའི་ལྷ་མོ་སྡུག་པས་ནི་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱག་བཞི་བྱས་ནས། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་གཟུངས་ཀྱི་རིགས་པ་བརྗོད་ཅིང༌། རང་གི་གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་གའི་པདྨ་ལ་རིག་པ་བཀོད་ལ། དེ་ཉིད་བརྗོད་ཅིང་པདྨའི་རིགས་ཀྱི་གཟུངས་ཀྱི་ལྷ་མོ་རྣམས་ཀྱིས་ནམ་མཁའི་ཁམས་གང་བར་བྱས་ནས། ཕྱིས་རང་གི་གཟུངས་ལ་ལྟ་བས་བལྟ་ཞིང་བསྒོམས་ན་དེ་ལྟ་བུས་འགྲུབ་པར་འགྱུར་རོ། །བསྒྲུབ་པར་བྱ་བའི་གཟུངས་ཀྱི་ལྷ་མོའི་ལུས་དང་སྒྲུབ་པ་པོའི་ལུས་ཀྱི་དབང་པོ་གཉིས་མཉམ་པར་སྦྱོར་བ་དེས་སྙོམས་པར་འཇུག་ཅིང་འདྲེས་པས་གཅིག་ཏུ་གྱུར་པར་བསྒོམས་པའི་བདག་ཉིད་དེ་ལས་བྱུང་བ་ལ། བདེ་བ་མཆོག་དམ་པ་ནམ་མཁའ་དང་མཉམ་པའི་ཡེ་ཤེས་བསྐྱེད་པའི་རྒྱུ་ནི་དེ་ཡིན་པའི་ཕྱིར་རོ། །བདེ་མཆོག་ཅེས་སྨྲ་བར་བྱེད་ཅིང་ཡིད་ཀྱིས་བསམ་མོ། །ཉིད་ཀྱི་དབང་པོ་ནི་རང་གི་ལུས་ཐམས་ཅད་ཕུལ་ནས་འགྲུབ་པར་འགྱུར་རོ། །འདིའི་དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱག་བཞི་བྱས་ནས། ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་གའི་ཟླ་བ་ལ་
རྡོ་རྗེ་རིན་པོ་ཆེའི་དབུས་སུ་རིག་པའི་ཡི་གེ་རྣམ་པར་བསམས་ཏེ། དེ་ཉིད་ཟློས་ཤིང༌། མདུན་དུ་གཟུངས་ཀྱི་ཕྱག་རྒྱའི་ལྷ་མོའི་གཟུགས་སུ་སྣང་བར་བསམས་ཏེ། དེ་དང་ལྷན་ཅིག་ཏུ་མཉམ་པར་སྦྱོར་བས་བསམ་མོ། །དེ་དང་མཉམ་པར་སྦྱོར་བའི་རྗེས་ལ་སེམས་ཚིམ་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་གཟུངས་ཀྱི་ལྷ་མོ་རང་གི་སྙིང་ག་ན་གནས་པའི་རྡོ་རྗེ་རིན་པོ་ཆེ་ལས་སྤྲུལ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་དང་མཉམ་པར་སྦྱོར་བས་ཚིམ་པས་རང་གི་ངོ་བོར་བསྒོམ་པར་བྱའོ། །དེ་ལྟ་བུའི་དབང་པོ་གཉིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་དབུལ་བར་བྱའོ། །འཁྲིག་པ་སྤངས་པའི་ཕྱིར་བསླབ་པ་ཡོངས་སུ་གཟུང་བ་རྣམས་དོན་དམ་པར་ན་ཆོས་ཐམས་ཅད་གཟུགས་བརྙན་དང་མཚུངས་སོ་ཞེས་ལྷག་པར་མི་མོས་ཤིང༌། དམིགས་པ་ལ་ཀུན་དུ་སྤྱོད་པ་ལ་ཐམས་ཅད་མཉམ་པར་སྦྱོར་བའི་སྒོམ་པ་དེ་སྦྱིན་པར་བྱའོ། །དེ་སྐད་དུ་ཡང་གསང་བ་སྲ་ཞིང་མཐོ་བའི་འཁྲིག་པ་སྤོང་བའི་བསླབ་པ་ཡོངས་སུ་གཟུང་བའི་མདོར་བསྟན་པ་ལས། བུད་མེད་ཐམས་ཅད་བཀུག་ནས་སུ། །འཁྲིག་པའི་མདུན་ནི་སྤང་བར་བྱ། །ཞེས་གསུངས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་གསང་བའི་དངོས་གྲུབ་དམ་པའི་རྒྱུད་བསྟན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རིགས་ཐམས་ཅད་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་བོ། །དེ་ཉིད་ཀྱི་གསང་བ་དེ་སྟོན་པར་བྱེད་པའི་རྒྱུད་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པའོ། །ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང༌། །བུད་མེད་ཀུན་ལ་ཆགས་སྤྱད་ལ། །ཞེས་བྱ་བ་ནི་རིགས་བཞིའི་གསུང་གི་དཀྱིལ་འཁོར་ལས་བཤད་པའི་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱ་དེ་བཞིན་གཤེགས་པ་རྣམས་ལ་ཆགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་དོན་གྱིས་སྐྱོབ་
མཛད་ཅེས་བརྗོད་ལ་ཕྱིས་དེ་བཞིན་གཤེགས་པ་དང༌། རང་གི་རིགས་པ་ལ་ཆགས་པར་བྱའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས། རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཤེས་པའི་རྣལ་འབྱོར་པས་སེམས་སོ་སོར་རྟོགས་པའི་རིམ་པ་ནས་བརྩམས་ཏེ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བའི་བར་དང་རང་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་ཕྱག་བཞི་བྱས་ཏེ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི། ཨོཾ་བཛྲ་དྷཱ་ཏྭི་ཤྭ་རི་ཧཱུཾ་བཛྲི་ཎི་ཞེས་བྱ་བ་ལ་སོགས་པའི་རང་གི་རིག་པ་བརྗོད་ནས། ཇི་ལྟ་བ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་གའི་རྡོ་རྗེ་ལ་རིག་པའི་ཡི་གེ་རྣམ་པར་བཀོད་དེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་རིག་པའི་ལྷ་མོ་དེ་རྣམས་མདུན་དུ་རྣམ་པར་བསམས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་བསྒོམ་ཞིང་འདི་སྐད་བརྗོད་པར་བྱའོ། །ས་མ་ཡ་སྟྭཾ་མ་བི་རཱ་ག་སཏྭ་ཨརྠཾ། དེའི་རྗེས་ལ་དེ་དང་བདག་ཉིད་འཁྱུད་ནས་དབང་པོ་གཉིས་མཉམ་པར་སྦྱོར་བས་མི་བྱེད་པར་རྣམ་པར་བསམས་ཏེ། དེའི་རིག་པ་ཇི་ལྟ་བ་བཞིན་དུ་བཀོད་ལ། བཟླས་པ་དང་བསྒོམ་པར་བྱའོ། །འདོད་ཆགས་ལ་ནི་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་དེ་བཞིན་གཤེགས་པའི་རིགས་དེ་བརྙས་པར་མི་བྱ་སྟེ། འདི་ཁྱད་དུ་གསད་པར་མི་བྱའོ། །འདི་བྱས་ན་ཅིར་འགྱུར། ཅིའི་ཕྱིར་སྨད་པར་མི་བྱ་ཞེ་ན། གང་གི་ཕྱིར། བུད་མེད་ཀུན་དང་རྩེ་བྱེད་པ། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ལྷ་ལ་ཆགས་ཤིང་རང་གིས་རིག་པར་བྱའོ། །རྡོ་རྗེ་རྣམས་ཀྱི་གསང་དམ་ཚིག །ཅེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་གསང་བའི་དམ་ཚིག་འདི་སེམས་ཤིང་བསྒྲུབ་པའི་ཕྱིར་རོ། །སྐྱེ་བ་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་གསང་བའི་དམ་ཚིག་གི་ངོ་བོའི་དངོས་པོ་
སྲུང་ཤིང་བསྒོམས་ན་རྣལ་འབྱོར་པས་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་འགྲུབ་པའོ། །དེའི་དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་རང་འབྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། ད་ནས་ཕྱག་བཞི་བྱས་ཏེ། དེའི་རྗེས་ལ་སྙིང་གར་རྡོ་རྗེ་སེམས་དཔའི་རྡོ་རྗེ་རྣམ་པར་བསམས་ནས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ཕྱག་རྒྱ་བཅིངས་ཏེ། རྡོ་རྗེ་དབུས་སུ་རང་གི་རིག་པ་བསམས་ལ། དེ་ཉིད་བརྗོད་ཅིང་རང་གི་གཟུགས་ཀྱི་དམ་ཚིག་གིས་ཕྱག་རྒྱའི་རང་གི་རིག་པའི་ལྷ་མོ་མདུན་དུ་བསམས་ཏེ། དེ་ནས་ད་དང་ལྷན་ཅིག་དུ་མཉམ་པར་སྦྱོར་བར་བསྒོམ་པར་བྱའོ། །གསོད་པས་འཇིག་རྟེན་བསད་བྱས་ནས། །ཞེས་བྱ་བ་ནི་བདག་ཉིད་དམ་འཁོར་བའི་དངོས་པོར་སྣང་བ་མེད་པ་བྱས་ནས། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རྡོ་རྗེ་རིགས་ཀྱི་རང་བཞིན་དུ་བསྐྱེད་པར་བྱའོ། །དེ་ལྟར་བདག་ཉིད་བསད་ནས་འཇིག་རྟེན་གསད་པར་བྱ་བའི་ཕྱིར་ད་བཞིན་གཤེགས་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་རིགས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །བསད་པར་བྱས་པས་ཅི་ཞིག་ཏུ་འགྱུར་ཞེ་ན། ལུས་ངག་ལས་བཟང་འགྱེད་པ་དང༌། །ཞེས་བྱ་བ་སྨོས་ཏེ། ལུས་དང་ངག་གི་ལས་ནི་ལུས་ངག་གི་ལས་ཏེ། ལུས་དང་ངག་དང་ཡིད་རྣམས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཐུགས་རྗེ་ཆེན་པོ་ལས་བྱུང་བའི་ཕྱིར་ལས་བཟང་པོའོ། །དེ་དག་གི་དོན་ལ་དགྱེས་པ་ནི་ལུས་དང་ངག་གི་ལས་དགེ་བ་སྟེ། ཧཱུཾ་མཛད་རྣམ་པ་བཞིའོ། །མ་ཆགས་པ་དང་མ་སྡང་བ་དང་མ་རྨོངས་པའི་ཐུགས་རྗེ་ཆེན་པོ་ལས་བྱུང་བའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྡོ་རྗེའི་རིགས་ཀྱི་ལུས་དང༌། ངག་དང་ཡིད་དང༌། རྗེས་སུ་མཐུན་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གྱུར་པའི་ཧཱུཾ་མཛད་དེས་གསོད་པར་བྱེད་པའི་དོན་ཅི་ཡིན་ཞེ་ན། རྣམ་དག་ཕྱིར་ཞེས་བྱ་བ་སྨོས་ཏེ། རང་དང་གཞན་གྱི་རྒྱུད་རྣམ་པར་སྦྱོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་དོན་ནི་གྲུབ་སྦྱིན་པའོ། །ཞེས་བྱ་བ་ནི་དེ་ལྟར་གྱུར་པའི་གསོད་པའི་མཚན་ཉིད་འདི་དམ་
ཚིག་སྟེ་མི་འདའ་བའི་དོན་ཏོ། །དོན་གྱི་གྲུབ་པ་སྦྱིན་པ་ནི་རྡོ་རྗེ་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་རབ་ཏུ་སྟེར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ པ་ཡིན་ཏེ་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་སྔོན་དུ་འགྲོ་བས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཕྱག་བཞི་བྱས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་བཅིངས་ཏེ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་བྱ་བ་བརྗོད་ཅིང༌། རྡོ་རྗེ་ཧཱུཾ་མཛད་ཀྱི་བདག་ཉིད་དུ་བསྒོམ་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་རྡོ་རྗེ་ཧཱུཾ་མཛད་ཀྱིས་ལྷ་མོའི་གཟུགས་སུ་སྤྲུལ་ནས། དེ་བཞིན་གཤེགས་པ་ལ་སོགས་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ཁྲོ་བོ་འབེབས་པས་ཕབ་སྟེ། འཁྱུད་ཅིང་རྡོ་རྗེའི་རིགས་ཀྱི་རང་བཞིན་དུ་བསམ་པར་བྱའོ། །དེ་ནས་རང་གི་སྙིང་གར་འབར་བའི་རྡོ་རྗེ་ལ་རང་གི་གཟུངས་ཀྱི་རིག་པའི་ཡི་གེ་བཀོད་ལ་དེ་ཉིད་བརྗོད་ཅིང་རང་གི་གཟུངས་ཀྱི་ཕྱག་རྒྱ་བཅིངས་ཏེ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེའི་རང་བཞིན་དུ་བདག་ཉིད་བསྒོམ་པར་བྱའོ། །དེ་ལྟར་གཟུངས་ཀྱི་ལྷ་མོ་དང་མཉམ་པར་སྦྱོར་བ་བསྒོམས་པས་ཆགས་པའི་མཚན་ཉིད་བསྟན་ནས། ད་ནི་པདྨ་རིགས་ཀྱི་རྣལ་འབྱོར་པའི་ཆགས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྒྱུ་མ་ལྟ་བུ་དང༌། མཉམ་པར་སྦྱོར་བའི་བསྒོམ་པ་ལ་འཇུག་པའོ། །དག་པའི་བདག་ཉིད་ནི་དེ་དག་པའི་བདག་ཉིད་དེ། ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་རྫོགས་པའི་ཕྱིར་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་སྤང་པའི་ཕྱིར། དག་པ་ཞེས་བྱ་བའི་དོན་ཏོ། །མུ་སྟེགས་རྣལ་འབྱོར་ཅན་མ་དག །ཅེས་བྱ་བ་དངོས་པོར་འཛིན་པས་མངོན་པར་ཞེན་པའི་མུ་སྟེགས་ཅན་རྣམས་དང༌། ཉན་ཐོས་དང༌། རང་རྒྱལ་བའི་རྣལ་འབྱོར་པ་རྣམས་ནི་མ་དག་པ་སྟེ། དངོས་པོར་འཛིན་པའི་མངོན་པར་ཞེན་པ་ལས་འདོད་ཆགས་ལ་སོགས་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ། །དག་པའི་བདག་
ཉིད་དམ་ཚིག་ནི། །བསྲུངས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་དེ་ལྟར་གྱུར་པའི་འདོད་ཆགས་ཀྱི་དམ་ཚིག་དེ་ནི་སྒྱུ་མ་ལྟ་བུའི་མཉམ་པར་སྦྱོར་བའི་བསྒོམ་པ་དང་ལྡན་པ་དེ་རྣམས་སྒྱུ་མ་དང་མཚུངས་པ་མཉམ་པར་སྦྱོར་བའི་མཚན་ཉིད་ཀྱི་དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ་པར་གྱུར་པ་ནི་པདྨའི་རིགས་ཀྱི་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་ཐོབ་པའོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་འགྲོ་བ་འདུལ་བ་ལ་སོགས་པ་པདྨའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱག་བཞི་བྱས་ནས་ཕྱིས་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་གའི་རྡོ་རྗེ་པདྨའི་སྟེང་དུ་རང་གི་གཟུངས་ཀྱི་རིག་པའི་ཡི་གེ་རྣམ་པར་བཀོད་ལ་དེ་ཉིད་བརྗོད་ཅིང་རང་གི་གཟུངས་ཀྱི་ལྷ་མོ་མདུན་དུ་བསམ་པར་བྱའོ། །དེ་ནས་དེ་དང་ལྷན་ཅིག་ཏུ་མཉམ་པར་སྦྱོར་བ་བསྒོམས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྒྱུ་མ་དང་མཚུངས་སོ་ཞེས་ངེས་པར་བྱའོ། །རྡོ་རྗེ་ནོར་བུ་སྔར་བཅིངས་ལ། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་ནོར་བུ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ནོར་བུ་སྔར་བཅིང་བར་བྱའོ། །རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལུས་འཕགས་པ་ནམ་མཁའི་སྙིང་པོའི་ང་རྒྱལ་བྱའོ། །མང་མཚུངས་ཀྱི་ནོར་འཕྲོགས་ན། །ཞེས་བྱ་བ་ནི་གདུག་པ་ཅན་གྱི་རྒྱལ་པོ་ལ་སོགས་པ་གང་ཡིན་པ་རྣམས་རྩར་འདུག་ནས་དཀོན་མཆོག་ གསུམ་ལ་གནོད་པ ་བྱེད་ཅིང་དེ་རྣམས་ཀྱི་འབྱོར་པ་དང་ནོར་ཡོད་པ་གང་ཡིན་པ་མི་སྟེར་བ་དང༌། ནམ་མཁའ་དང་མཉམ་པའི་ཆོས་གང་ཡིན་པ་ལ་མི་འཇུག་པའི་རྒྱལ་པོ་ལ་སོགས་པ་མ་རུངས་པ་དེ་དག་ལས་བདག་པོ་འཕྲོགས་ནས། སེར་སྣས་ནོར་རྫས་ཀྱི་རྫས་སུ་འཛིན་པའི་མངོན་པར་ཞེན་པ་རྣམས་ནམ་མཁའ་དང་
མཉམ་པའི་ཡེ་ཤེས་བསྐྱེད་པས་རྫས་སུ་འཛིན་པའི་མངོན་པར་ཞན་པའི་མཚན་ཉིད་ཀྱི་ནོར་བུ་ཕྲོགས་པའོ། །དམ་ཚིག་དངོས་གྲུབ་སྦྱིན་པར་བྱེད། །ཅེས་བྱ་བ་ནི་དེ་ལྟར་གྱུར་པའི་རྣལ་འབྱོར་པ་དེས་ནོར་འཕྲོག་པར་བྱེད་པའི་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་ཀྱི་དམ་ཚིག་དེ་ལས་མི་འདའ་བའི་དོན་ཏེ། དངོས་གྲུབ་སྦྱིན་པ་ནི་དངོས་གྲུབ་རབ་ཏུ་སྟེར་བར་འགྱུར་བའོ། །དེའི་དོན་ནི་འདི་སྟང་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་རྣལ་འབྱོར་བྱས་ནས། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཕྱག་བཞི་བྱས་ཏེ། རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རིན་པོ་ཆེ་བསམས་ནས། རྡོ་རྗེ་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། བཅོམ་ལྡན་འདས་མ་རྡོ་རྗེ་ནོར་བུ་ཆེན་པོའི་བཙུན་མོ་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་གཟུངས་འཛིན་པར་བདག་ཉིད་བསམས་ནས་རང་གི་སྙིང་ག་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་དང་མཉམ་པ་བསྐྱེད་ལ། མགུ་བར་བྱས་ནས། དེ་ནས་དེས་རྒྱལ་པོ་ལ་སོགས་པ་མ་རུངས་པ་ཐམས་ཅད་ཀྱི་ལོངས་སྤྱོད་དང་བྲལ་བར་བྱའོ། །ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱིས་ནོར་བུའི་རིགས་ཀྱི་རང་བཞིན་དུ་བསྐྱེད་ལ། ཡང་དེས་དེ་དང་འཁྱུད་ཅིང༌། དེ་ཡང་སྒྱུ་མ་དང་མཚུངས་པས་ལྷན་ཅིག་ཏུ་མཉམ་པར་སྦྱོར་པས་བར་བསྒོམ་པར་བྱའོ། །དེ་ནས་དེ་དང་གཅིག་ཏུ་གྱུར་བ་འཕགས་པ་ནམ་མཁའི་སྙིང་པོའི་བདག་ཉིད་དུ་བསམས་ཏེ། ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་རང་གི་སྙིང་གའི་རྡོ་རྗེ་རིན་པོ་ཆེ་ལ་རང་གི་གཟུངས་ཀྱི་རིགས་པའི་ཡི་གེ་བཀོད་དེ། དེ་ཉིད་ཟློས་ཤིང་འཕགས་པ་ནམ་མཁའི་སྙིང་པོ་རང་གི་དམ་ཚིག་གི་ཕྱག་རྒྱའི་ལྷ་མོ་དང་མཉམ་པར་སྦྱོར་བས་བསྒོམ་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གི་
དངོས་གྲུབ་ཀྱི་གསང་བའི་རྒྱུད་བསྟན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ནི་སྔ་མ་བཞིན་ནོ། །དེ་དག་གི་ཆོས་ཀྱི་དངོས་གྲུབ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོས་ཀྱི་ཕྱག་རྒྱའི་དངོས་གྲུབ་བོ། །དེ་ཉིད་ཀྱི་གསང་བ་སྟོན་པ་ནི་རྒྱུད་དེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པའོ། །ཆོས་རྣམས་རང་བཞིན་དག་པར་ནི། །ཞེས་བྱ་བ་ལ་སོགས་པ་རྣམས་བཤད་ཟིན་ཏོ། །དགོས་པ་ཐམས་ཅད་བྱས་ནས་ནི། །སངས་རྒྱས་པ་ཡི་དངོས་གྲུབ་ཐོབ། །ཅེས་བྱ་བ་ནི་ཕྱག་འཚལ་བ་ལ་སོགས་པའི་དགོས་པ་ཐམས་ཅད་བྱས་པའོ། །སངས་རྒྱས་ཀྱི་དངོས་གྲུབ་ནི་སངས་རྒྱས་རྣམས་ཀྱིས་བྱས་པའོ། །དེའི་དངོས་གྲུབ་ཐོབ་པ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཅེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། ཆོས་ཐམས་ཅད་སྒྱུ་མ་དང་མཚུངས་པ་ཡིན་ནོ་ཞེས་བསྒོམས་ནས་ཕྱག་བཞི་བྱ་བའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་རྣམ་པར་བཀོད་དེ། རང་གི་སྙིང་གའི་ཟླ་བ་ལ་གནས་པའི་རྡོ་རྗེ་ལ་ཆོས་ཀྱི་ཕྱག་རྒྱའང་དེ་ཉིད་དུ་བཀོད་ལ། དེ་ཉིད་བརྗོད་ལ་རང་གི་གཟུངས་ཀྱི་ལྷ་མོའི་གཟུགས་སུ་སྤྲུལ་ནས་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་དང་མཉམ་པའི་སེམས་ཅན་གྱི་ཁམས་དང་ཡང་དག་པར་སྦྱོར་བའི་བསྒོམས་པ་སྔོན་དུ་འགྲོ་བས་སངས་རྒྱས་ཉིད་ལ་རབ་ཏུ་འཇོག་པ་བསམ་པར་བྱའོ། །དེའི་རྗེས་ལ་རང་ཉིད་དང་མཉམ་པར་སྦྱོར་བ་བསྒོམ་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བསྒོམས་ན་བྱ་བ་བྱས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་རིགས་ཀྱིས་ནི་སེམས་ཅན་དེ་དག་དང་ཀུན་ལ་ཆགས་པ་བསྒོམས་པས་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་གྱིས་གཟུངས་ཀྱི་ཡུལ་དེ་རྣམས་ལ་སྐྱོ་བར་མ་
གྱུར་ཅིང༌། མངོན་པར་དགའ་བའི་མཉམ་པར་སྦྱོར་བ་ལ་ཆགས་པ་དང་མ་བྲལ་བར་བསྒོམ་པའོ། །བུད་མེད་ནི་གཟུངས་ཀྱི་ལྷ་མོ་རྣམས་སོ། །དེ་དག་ལ་དགའ་བའི་དག་པ་ནི་གཟུགས་བརྙན་དང་མཚུངས་པའི་རྣལ་འབྱོར་བསྒོམས་པས་སོ། །གསང་ཆོས་དངོས་གྲུབ་མཆོག་སྦྱིན་ནོ། །ཞེས་བྱ་བ་ནི་གཟུགས་བརྙན་དང་མཚུངས་པའི་རྣལ་འབྱོར་བསྒོམས་པས་ཉིད་ཀྱི་གསང་བའི་ཆོས་ལ་སེམས་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་གྱུར་པའི་གསང་བའི་ཆོས་དམ་པའི་དངོས་གྲུབ་དམ་པ་བཟང་པོ་ཡིན་པའི་ཕྱིར། རྡོ་རྗེ་འཛིན་པ་ཆེན་པོ་ཉིད་ཀྱིས་མཆོག་གི་དངོས་གྲུབ་འདི་གསུངས་སོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དག །དེའི་རིགས་ཀྱི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་རྒྱ་བཞི་བྱ་བའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཕྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྔོན་དུ་འགྲོ་བས། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་སྤྲུལ་ལ་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་རྣམ་པར་བསམས་ཏེ། ཡང་སྙིང་གའི་རྡོ་རྗེ་ལ་དེ་ཉིད་རྣམ་པར་བཀོད་ནས། དེ་ཉིད་བརྗོད་ཅིང་རང་གི་སྙིང་ག་ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་མཐར་ཐུག་པའི་གཟུངས་ཀྱི་ལྷ་མོའི་ཚོགས་ཕྱུང་ལ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་ནས་བརྩམས་ནས། རྡོ་རྗེ་འབེབས་པའི་མཐར་ཐུག་པའི་དེ་བཞིན་གཤེགས་པའི་རིགས་རྣམས་དང༌། རང་གི་གཟུངས་ཀྱི་ལྷ་མོ་དང་མཉམ་པར་སྦྱོར་བ་བསམས་ཏེ། རང་གི་གཟུངས་ཀྱི་ལྷ་མོ་དང་གཅིག་ཏུ་སྒྱུ་མ་ལྟ་བུར་མཉམ་པར་སྦྱོར་བར་བསྒོམ་པར་བྱའོ། །སྣ་ཡི་ཧཱུཾ་གི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྣལ་འབྱོར་པས་ཧཱུཾ་ཞེས་བརྗོད་པས་སྣའི་ཧཱུཾ་གི་སྦྱོར་བ་དེ་ཉིད་ནི་སྣའི་ཧཱུཾ་གི་སྦྱོར་བའོ། །གདུག་པ་ཐམས་ཅད་བསད་ན་ནི། །ཞེས་བྱ་བ་ནི་མི་དགེ་བ་ལ་འཇུག་པ་ཐམས་ཅད་
ནི་གདུག་པ་ཐམས་ཅད་དེ། སྣའི་ཧཱུཾ་གི་སྦྱོར་བ་འདིས་རྣམ་པར་སྦྱངས་པ་ནི་བསད་པའོ། །འཁོར་བའི་བདག་ཉིད་ཀྱི་དངོས་པོ་དེ་དག་བསད་ནས་དེས་རྡོ་རྗེ་རིགས་ཀྱི་རང་བཞིན་དུ་བྱས་པའོ། །ཇི་ལྟར་ཡིན་ཞེ་ན། ཕྲ་མོ་རྡོ་རྗེ་ལ་གནས་ནས། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་ཁྲོ་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་དེ་ལྟར་སྣའི་ཧཱུཾ་གི་སྦྱོར་བས་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་ལ་གནས་ཏེ། གདུག་པ་ཐམས་ཅད་བསད་ནས། རྡོ་རྗེ་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་ པ་ཡིན་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། དངོས་གྲུབ་ཀྱི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། སྣའི་རྩེ་མོ་ཧཱུཾ་ལས་རྡོ་རྗེ་ཕྲ་མོ་བསྒོམས་ཏེ། ཐུན་པ་བཞིའི་སྦྱོར་བ་བྱའོ། །དེ་ལ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཀྱང་ཟླ་བ་གཅིག་བྱའོ། །དེའི་རྗེས་ལ་ཡང་མཚན་ཐོག་ཐག་བསྒོམས་ན་དེ་ནས་སེམས་བརྟན་པར་འགྱུར་རོ། །དེ་ནས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་བསྒྲུབ་པར་འདོད་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། སྣའི་ཧཱུཾ་གི་སྦྱོར་བས་རྡོ་རྗེ་ཕྲ་མོ་སྦྲུལ་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་ཡིད་ཀྱིས་ཐལ་བར་བྱས་ཏེ། རྡོ་རྗེ་རིགས་ཀྱི་ངོ་བོར་བསྐྱེད་ལ། ཕྱིས་རྡོ་རྗེ་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་གཟུངས་ཀྱི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་རྣམ་པར་བསམས་ཏེ་ཡང་སྙིང་གའི་རྡོ་རྗེ་དེ་ལ་ཡང་རྣམ་པར་བསམས་ཏེ་དེ་ཉིད་ཟློས་ཤིང་རང་གི་ཁྲོ་བོའི་གཟུགས་ཀྱི་རང་བཞིན་རྣམ་པར་དག་པ་གཟུངས་བརྙན་དང་མཚུངས་པར་བྱའོ། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །རྡོ་རྗེ་ཆོས་ཀྱི་ཏིང་ངེ་འཛིན་གྱིས། །བུད་མེད་ཀུན་དང་རྩེ་བྱེད་ན། །ཞེས་བྱ་བ་ནི་རྣལ་འབྱོར་གཅིག་བརྟན་
བར་བྱས་ནས། ཕྱིས་ཐམས་ཅད་དུ་ཁྱབ་པའི་སྦྱོར་བ་བསྒོམས་པ་ནི་རྡོ་རྗེ་ཕྲ་མོའི་ཚུལ་གྱིས་སོ། །རྡོ་རྗེ་ཕྲ་མོའི་ཚུལ་དེས་ཆོས་ཀྱི་ཕྱག་རྒྱའི་ལྷའི་བུད་མེད་ཀུན། །བདག་ཉིད་ཀྱིས་རྩེ་བར་བྱེད་པས་ཐམས་ཅད་དུ་སྤྲོས་པའི་མཉམ་པར་སྦྱོར་བར་བྱའོ། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་པདྨའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོས་ཀྱི་ཕྱག་རྒྱའི་དངོས་གྲུབ་ནི་ཆོས་ཀྱི་དངོས་གྲུབ་སྟེ་དེ་ཐོབ་པའོ། །ཏིང་ངེ་འཛིན་གང་གིས་ཤེ་ན། རྡོ་རྗེ་ཆོས་ཀྱི་ཏིང་འཛིན་གྱིས། །ཞེས་བྱ་བ་སྨོས་ཏེ། འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་བྱས་ནས་ཞེས་བྱ་བའི་དོན་ཏོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་རྣལ་འབྱོར་བྱས་ནས་ཕྱག་བཞི་བྱས་པའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་རྣམ་པར་བསམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ཟླ་བ་ལ་གནས་པའི་རྡོ་རྗེ་པདྨ་ཉིད་ཀྱང་བསམ་པར་བྱའོ། །དེ་ཉིད་ཟློས་ཤིང་མདུན་དུ་རང་གི་ཆོས་ཀྱི་ཕྱག་རྒྱའི་གཟུངས་ཀྱི་ལྷ་མོ་བསམས་ནས་དེ་ནས་དེ་དང་ལྷན་ཅིག་ཏུ་མཉམ་པར་སྦྱོར་བས་བསྒོམས་ལ་ཇི་སྲིད་སྣང་བ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཇི་སྲིད་དུ་ནམ་མཁའི་ཁམས་ཡོངས་སུ་གང་བར་མཐོང་བ་དེ་སྲིད་ཀྱི་བར་དུའང་བསྒོམ་པར་བྱས་ནས། དེའི་རྗེས་ལ་མཚན་ཐོག་ཐག་བསྒོམས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་འགྱུར་རོ། །དབང་པོ་གཉིས་ནི་སྒྲུབ་པ་པོའི་དབང་པོའི་དབང་པོ་དང༌། བསྒྲུབ་པར་བྱ་བའི་ལྷའི་ལུས་ཀྱི་དབང་པོ་དེ་གཉིས་གཅིག་ཏུ་གྱུར་པ་ནི། དབང་པོ་གཉིས་ནི་མཉམ་སྦྱོར་བའོ། །དབང་པོ་དེ་གཉིས་ཀྱི་མཉམ་པར་སྦྱོར་བས་ནི་རེ་བ་ཐམས་ཅད་དེ། བདག་ཉིད་ཀྱིས་ནོར་བུའི་རིགས་ཐོབ་པར་འདོད་པ་དེ་ཡོངས་སུ་བསྐངས་པའོ། །གཞན་ནོར་བུའི་རིགས་དང་མཉམ་པར་སྦྱོར་བ་བསྒོམ་པ་སྟེ། དེ་དག་ཀྱང་དེ་ལྟར་ཐམས་ཅད་དུ་སོང་བས་ན་བྱ་བ་ཡིན་ནོ། །གང་བསྒོམས་
པས་ཤེ་ན། བུད་མེད་དམ་ནི་སྡུག་པ་ཡིས། །དངོས་གྲུབ་བླ་མེད་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོས་ཀྱི་ཕྱག་རྒྱའི་གཟུངས་ཀྱི་ལྷ་མོ་ནི་བུད་མེད་དོ། །སྡུག་པ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་སེམས་དཔའ་ཆེན་པོ་རྣམས་སོ། །དེ་དག་དང་འབྲེལ་པའི་དངོས་གྲུབ་ཐོབ་པར་གྱུར་པའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ་ཕྱག་བཞི་བྱ་བའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། ཕྱིས་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་རྣམ་པར་བསམས་ཏེ། ཡང་རང་གི་སྙིང་གར་ཏྲཱཾ་ལས་རྡོ་རྗེ་རིན་པོ་ཆེ་བསྐྱེད་ལ། དབུས་སུ་རང་གི་གཟུངས་ཀྱི་ཆོས་ཀྱི་ཕྱག་རྒྱ་རྣམ་པར་བསམས་ཏེ། དེ་ཉིད་བརྗོད་ཅིང་རིན་པོ་ཆེའི་གཟུངས་ཀྱི་ལྷ་ཐམས་ཅད་རང་གི་སྙིང་གའི་རྡོ་རྗེ་རིན་པོ་ཆེ་ལས་ཕྱུང་ལ། དེ་ཐམས་ཅད་དུ་སོང་བ་དང་མཉམ་པར་སྦྱོར་བ་བསྒོམ་པར་བྱའོ། །དེ་ལྟར་རིགས་ཐམས་ཅད་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ཕྱག་རྒྱའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་གསང་བའི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ནི་བཤད་ཟིན་ཏོ། །དེ་དག་གི་ལས་ཀྱི་དངོས་གྲུབ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་རྣམས་སོ། །དེ་ཉིད་ཀྱི་གསང་བ་དེ་སྟོན་པར་བྱེད་པའི་རྒྱུད་ནི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་གསང་བ་གསུངས་སོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་རང་གི་སྙིང་གའི་རྡོ་རྗེ་སེམས་དཔའ་དེ་ལ་དམིགས་པའི་སེམས་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ། །སངས་རྒྱས་རྗེས་སུ་དྲན་བསྒོམས་ལ། །ཞེས་བྱ་བ་ནི་སྒྲུབ་པ་པོ་རང་ཉིད་ཀྱི་ལུས་དེར་གནས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་གཟུངས་སུ་བྱའོ། །བུད་མེད་ལུས་ཀྱི་བུ་གར་ཞུགས། །
ཞེས་བྱ་བ་ནི་བུད་མེད་ཀྱི་བྷ་གའི་ལམ་ནས་ཞུགས་པས་བུད་མེད་རྣམས་དབང་དུ་བྱེད་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། ཕྱག་བཞི་ལ་མཐར་ཐུག་པའི་རང་གི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། ཕྱིས་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་གའི་ཟླ་བའི་རྡོ་རྗེ་རྩེ་ལྔ་པ་ལ་གཟུངས་ཀྱི་རིག་པའི་ཡི་གེ་བསམ་པར་བྱས་ནས། དེ་ཉིད་བརྗོད་ཅིང་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་བདག་ཉིད་ངེས་པར་ཕྱུང་ལ། མདུན་དུ་རང་གི་གཟུངས་ཀྱི་ལྷ་མོ་བསམ་པར་བྱའོ། །དེ་ནས་དེ་ནི་ལུས་ཀྱི་བུ་གར་ཇི་སྐད་བཤད་པ་བཞིན་དུ་ཡིད་ཀྱིས་ཞུགས་ནས། དེའི་རྗེས་ལ་དེའི་སྙིང་གར་གནས་ཏེ། དེའི་ལུས་ཐམས་ཅད་ལ་ཁྱབ་པར་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་བྱ་བ་སྔ་མ་བཞིན་ནོ། །བུ་གནས་ནི་དེ་བཞིན་ཞུགས། །ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེའི་དོན་ནི་འདི་སྐད་བསྟན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་བྱས་ལ་ཕྱག་བཞི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་གའི་རྡོ་རྗེ་སེམས་དཔའ་ལ་རང་གི་གཟུངས་ཀྱི་རིག་པ་རྣམ་པར་བསམས་ཏེ། དེ་ཉིད་ཟློས་ཤིང་སེམས་དཔའ་ཆེན་པོ་ནི་བདག་རང་ཡིན་ནོ་ཞེས་རྣམ་པར་བསམས་ལ། མདུན་དུ་གཟུངས་ཀྱི་ལྷ་མོ་རྣམ་པར་བསམས་ནས། ཇི་སྐད་དུ་བཤད་པའི་ལམ་ནས་ཡིད་ཀྱིས་ཞུགས་ཏེ། དེ་དང་དེའི་སྙིང་གར་གནས་ནས་ཡན་ལག་ཐམས་ཅད་ལ་ཁྱབ་པར་བསྒོམ་པར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དེ་བཅིངས་པའོ། །རྣམ་པར་གཡེང་བ་སྤངས་པའི་སེམས་ཀྱིས་ཇི་སྐད་དུ་བཤད་པའི་བུ་གནས་ཁྲོ་བ་དང་བཅས་པས་ཞུགས་ནས་རང་གི་གཟུངས་ཀྱི་ལྷ་མོའི་ལུས་དང་སེམས་བརྒྱལ་ཞིང་དབང་དུ་བྱེད་པར་འགྱུར་རོ། །དེ་ནི་འདི་སྐད་སྟོན་ པ་ཡིན་ཏེ། འཇིག་རྟེན་
གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ཁྲོ་བོའི་རྣལ་འབྱོར་བྱས་ལ། ཕྱག་བཞི་ལ་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། རང་གི་སྙིང་གའི་རྡོ་རྗེ་འབར་བའི་དབུས་སུ་ཡི་གེ་ཧཱུཾ་རྣམ་པར་བསམས་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་ཕྱག་རྒྱ་རྣམ་བར་བཅིངས་ཏེ། ཧཱུཾ་དེ་ཉིད་བརྗོད་ཅིང་མདུན་དུ་ལྷ་མོའི་ལུས་ཀྱི་ཇི་སྐད་བཤད་པའི་བུ་གནས་ཁྲོ་བ་དང་བཅས་པའི་ཡིད་ཀྱིས་ཞུགས་ཏེ། དེ་ནས་དེའི་སྙིང་གར་གནས་ནས་ཡན་ལག་ཐམས་ཅད་ཁྱབ་པར་བྱས་ནས། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། རང་གི་གཟུངས་ཀྱི་རིག་པ་ཟློས་ཤིང་བསྒོམ་པར་བྱའོ། །དེ་ལྟར་ན་དེའི་གཟུངས་སུ་གྱུར་པ་ཡིན་ནོ། །པདྨའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་གཟུངས་ཀྱི་ལས་ཀྱི་ཕྱག་རྒྱ་ནི་ཆོས་ཀྱི་ལས་ཀྱི་ཕྱག་རྒྱ་དེ་བཅིངས་ནས། པདྨའི་རིགས་ཀྱི་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་རང་གི་སྙིང་གའི་རྡོ་རྗེ་པདྨ་ལ་དམིགས་པའི་སེམས་ནི་པདྨ་ལ་དམིགས་པའི་ཏིང་ངེ་འཛིན་ཏོ། །པདྨའི་ཏིང་ངེ་འཛིན་དེས་ཇི་སྐད་བཤད་པའི་གཟུངས་ཀྱི་ལུས་ཀྱི་བུ་གནས་ཡིད་ཀྱིས་ཞུགས་པའི་རྣལ་འབྱོར་པས་བུད་མེད་རྣམས། ཐམས་ཅད་ཀྱང་ནི་བསྲུང་བར་འགྱུར། །ཞེས་བྱ་བ་ནི་གཟུངས་ཀྱི་ལྷ་མོ་ཐམས་ཅད་བསྲུངས་པས་རང་གི་བཀས་དབང་དུ་བྱེད་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་འགྲོ་བ་འདུལ་བའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། རང་གི་སྙིང་གའི་ཟླ་བའི་རྡོ་རྗེ་པདྨའི་སྟེང་དུ་རང་གི་གཟུངས་ཀྱི་རིག་པའི་ཡི་གེ་རྣམ་པར་བཀོད་ལ། རང་གི་གཟུངས་ཀྱི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། འཇིག་རྟེན་དབང་ཕྱུག་ཏུ་བདག་ཉིད་རྣམ་པར་བསམས་ནས། མདུན་དུ་གཟུངས་ཀྱི་ལྷ་མོ་གཅིག་གམ་པདྨའི་རིགས་ཀྱི་གཟུངས་ཀྱི་ལྷ་མོ་ཐམས་ཅད་རང་གི་གཟུངས་ཀྱི་རིག་པ་ཟློས་ཤིང་སྤྲུལ་ལ། རང་གི་གཟུངས་དེའི་ཇི་སྐད་བཤད་པའི་ལུས་ཀྱི་ཐུ་གནས་ཡིད་ཀྱིས་ཞུགས་ལ་ལུས་ཐམས་ཅད་ཁྱབ་པར་བྱས་ནས། དེ་ནས་དེའི་སྙིང་གའམ་ཐམས་ཅད་ཀྱི་སྙིང་གར་བཞག་སྟེ་ཡན་ལག་ཐམས་ཅད་བཀང་ནས་བསྒོམ་ཞིང་བཟླས་པའོ། །
དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ནོར་བུ་མཆོད་པའི་དམ་ཚིག་གི་ཕྱག་རྒྱའི་ལས་ཀྱི་རྡོ་རྗེ་ནོར་བུ་དེ་བཅིངས་ཏེ། ནོར་བུ་མཆོད་པའི་སྔགས་བརྗོད་པར་བྱའོ། །རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་རང་གི་སྙིང་གའི་རྡོ་རྗེ་རིན་པོ་ཆེ་ལ་དམིགས་པའི་སེམས་ནི་རྡོ་རྗེ་རིན་པོ་ཆེའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་དེས་ཇི་སྐད་བཤད་པའི་ལུས་ཀྱི་བུ་གནས་ཡིད་ཀྱིས་ཞུགས་པའོ། །བུད་མེད་རྣམས་ནི་གཟུངས་རྣམས་སོ། །སྐད་ཅིག་གིས་ཕབ་གར་བྱེད་འགྱུར། །ཞེས་བྱ་བ་ནི་ལྷ་མོ་དེ་དག་གི་ལུས་ཀྱི་རྣལ་འབྱོར་པས་རང་གི་དབང་དུ་བྱས་ནས། དེ་ཉིད་ལ་གནས་ནས་གར་བྱེད་པར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། རང་གི་སྙིང་གའི་རྡོ་རྗེ་རིན་པོ་ཆེ་རྣམ་པར་བསམས་ཏེ། རང་གི་གཟུངས་ཀྱི་རིག་པའི་ཡི་གེ་དེའི་དབུས་སུ་རྣམ་པར་བསམས་ནས་དེ་ཉིད་ཟློས་ཤིང་རང་གི་གཟུངས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དོན་ཐམས་ཅད་གྲུབ་པ་ལ་སོགས་པ་སེམས་དཔའ་ཆེན་པོ་བདག་ཉིད་རང་ཡིན་ནོ་ཞེས་བསམ་པར་བྱའོ། །རང་གི་སྙིང་གར་གནས་པའི་རྡོ་རྗེ་རིན་པོ་ཆེ་ལས་རང་གི་གཟུངས་ཀྱི་ལྷ་མོ་སྤྲུལ་པ་མདུན་དུ་བཞག་སྟེ། དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ནོར་བུའི་མཆོད་པའི་ལས་ཀྱི་རྡོ་རྗེ་ནོར་བུ་མ་བཅིངས་ཏེ། དེའི་སྔགས་བརྗོད་ཅིང་ཇི་སྐད་དུ་བཤད་པའི་ལུས་དེའི་ལམ་ལས་འཇུག་པར་བྱའོ། །དེ་ནས་དེའི་སྙིང་གར་འདུག་ནས་ཡན་ལག་ཐམས་ཅད་ལ་ཁྱབ་པར་བྱས་ནས་བདག་ཉིད་ཀྱིས་ནོར་བུ་མཆོད་པའི་གར་བྱའོ། །གཟུངས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། རང་གི་གཟུངས་ཀྱི་རིག་པ་ཟློས་ཤིང་བསྒོམ་པར་བྱའོ། །དེ་ལྟར་རིགས་ཐམས་ཅད་ཀྱི་ལས་ཀྱི་ཆོ་ག་རྒྱས་པའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་བཤད་ནས། ད་ནི་དཀྱིལ་འཁོར་ཆེན་པོའི་དབང་དུ་བྱས་ནས་གསུངས་པའི་རྒྱུད་ཕྱི་མ་ལས་བཤད་པའི་ཆོ་གས་མཚན་མ་ཐོབ་པ་དང༌། མངོན་པར་ཤེས་པ་སྐྱེས་པའི་སྒྲུབ་པ་པོས་དཀྱིལ་འཁོར་བྲིས་ནས་གཟུངས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་
པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་དག་པའི་དངོས་གྲུབ་ཀྱི་གསང་བའི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ནི་ཇི་སྐད་དུ་བཤད་པའོ། །དེ་དག་གི་དཀྱིལ་འཁོར་ནི་གཟུངས་ཀྱི་སྒྲུབ་པ་པོས། དེ་ཉིད་ཀྱི་འཁོར་ལོ་ནི་སྒྲུབ་པའི་དཀྱིལ་འཁོར་རོ། །དེ་སྐད་དུ་ཡང༌། འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་སྟེ། །དེ་ཉིད་དམ་ཚིག་ཅེས་སུ་བསྒྲགས། །ཞེས་བྱ་བ་ནི་ལྷ་རྣམས་ཐམས་ཅད་འདུས་པའི་ཕྱིར་སྐྱེའོ། །དམ་པ་ཀུན་འདུས་པའོ་ཞེས་སོ། །དེའི་དངོས་གྲུབ་ནི་གཟུངས་བསླབ་པར་བྱའོ། །དེ་ཉིད་ཀྱི་དོན་གསང་བ་དེ་སྟོན་པར་བྱེད་པ་ནི་རྒྱུད་དེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །ཆོས་ཀྱི་འཁོར་ལོ་འདྲ་བར་ནི། །ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་ཟླུམ་པོ་བྱ་བའམ། རྡོ་རྗེ་དབྱིངས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལྟར་བྲི་བར་བྱའོ། །ཡང་ཞེས་བྱ་བའི་སྒྲས་ནི་ཕྱོགས་གཞན་སྟོན་པའོ། །ཡང་ན་གྲུ་བཞིར་བྲི་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་བུད་མེད་རྣམས་ཀྱིས་བསྐོར། །དེར་ནི་སངས་རྒྱས་གཞག་པར་བྱ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་གཟུངས་ཀྱི་རིག་པ་བརྗོད་ཅིང་གཞག་པར་བྱའོ། །ལྷག་མ་ནི་གཟུངས་ཀྱི་ཕྱག་རྒྱའི་གཟུགས་ཉིད་ཡིན་ནོ། །དེ་ནས་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་འཇུག་པའི་ཆོ་གས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་འཇུག་པར་བྱའོ། །གསང་བ་དེར་ནི་ཞུགས་ནས་ཀྱང༌། །ཞེས་བྱ་བ་ནི་གཟུངས་ཀྱི་སྒྲུབ་པ་པོ་དཀྱིལ་འཁོར་དེར་རོ། །སངས་རྒྱས་ལ་ནི་ཉིད་དུ་སྨྲ། །ཞེས་བྱ་བ་འདིས་གཞན་རབ་ཏུ་བཀག་པ་ཡིན་ནོ། །ཅི་ཞིག་སྨྲ་ཞེ་ན། ཁྱབ་པའི་བཙུན་མོ་སྟེ། ཀུན་གཏོང་བ་ནི་བདག་སྩོལ་ཅིག །ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ནས་བརྩམས་ནས་རྡོ་རྗེ་འབེབས་པ་ལ་མཐར་ཐུག་པའི་གཟུངས་འདི་ནི་བཅོམ་ལྡན་འདས་ཐབས་སུ་སོང་བའི་ཁྱོད་ཀྱི་བཙུན་མོ་ལགས་ཏེ། སྲིང་མོ་འདི་བདག་ལ་སྩོལ་ཅིག །བདག་ལ་ཁྱོད་ཀྱི་བཙུན་
མོ་འདིར་རབ་ཏུ་སྩོལ་ཅིག །ཅིའི་ཕྱིར་བདག་ལ་སྩོལ་ཞེས་སྨྲ་ཞེ་ན། གང་ཕྱིར་ཁྱོད་ནི་ཀུན་གཏོང་བ། །ཞེས་བྱ་བ་སྨོས་ཏེ། དེ་སྐད་དུ་སྨོས་པས་ཅིར་འགྱུར་ཞེ་ན། ཞེས་ནི་རིགས་ཀུན་ཕྱག་རྒྱ་ཡི། །ཚུལ་ལ་ཡང་ནི་དེ་སྐད་བརྗོད། །ཅེས་བྱ་བ་སྨོས་ཏེ། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་བྲིས་ཏེ། རྡོ་རྗེ་དབྱིངས་གཟུངས་ཀྱི་རྣལ་འབྱོར་པས་སངས་རྒྱས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེའི་རིགས་དང༌། པདྨ་དང༌། ནོར་བུའི་རིགས་དང་འབྲེལ་བའི་དེ་བཞིན་གཤེགས་པའི་རིགས་ཀྱི་གཟུངས་དང༌། པདྨ་དང༌། ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་གཟུངས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་སྣང་མཛད་བྲིས་ནས་ཇི་ལྟ་བ་བཞིན་དུ་གསང་བའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གསང་པའི་གཟུངས་རྣམས་ཀྱི་དངོས་གྲུབ་ནི་གསང་བའི་དངོས་གྲུབ་ཀྱི་ཕྱག་རྒྱ་ཆེན་པོའི་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་མཉམ་མེད་འོད་མངའ་བ། །ཞེས་བྱ་བ་ནི་མཉམ་པ་མེ་དཔ་ཉིད་ཐོབ་ཅེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རྣལ་འབྱོར་པས་གཟུངས་བསྒོམ་པའི་མཚན་མ་ཐོབ་ནས་དེས་མངོན་པར་ཤེས་པ་ཐོབ་པས་དེའི་རྗེས་ལ་སྒྲུབ་པ་ནི་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། ཇི་ལྟ་བ་བཞིན་དུ་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཏིང་ངེ་འཛིན་རྣམ་ པ་གསུམ ་བསྒོམས་ལ། དེ་ནས་ཇི་སྲིད་དུ་རྡོ་རྗེ་སེམས་དཔའི་བདག་ཉིད་དུ་རྣམ་པར་བསྒོམས་ཏེ། གསང་བའི་རྡོ་རྗེ་བླངས་ཏེ། གཟུངས་ཀྱི་དཀྱིལ་འཁོར་བྲིས་ལ། དབུས་སུ་རྣམ་པར་སྣང་མཛད་བྲིས་ལ། རྡོ་རྗེ་དབྱིངས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཚན་མའི་ཕྱག་རྒྱ་དང༌། བསྐལ་པ་བཟང་པོའི་མཚན་མའི་ཕྱག་རྒྱའི་མཐར་ཐུག་པའི་རྩ་བའི་རྒྱུད་དང༌། རྒྱུད་ཕྱི་མ་ལས་བཤད་པའི་ཚུལ་གྱིས་བྲི་བར་བྱའོ། །གང་གི་ཚེ་མི་བསྐྱོད་པ་དབུས་སུ་བྲི་བ་དེའི་ཚེ་རྡོ་རྗེ་དབྱིངས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ཉིད་བྱ་བ་དང༌། གང་གི་ཚེ་རིན་ཆེན་འབྱུང་ལྡན་བྲི་བ་དེའི་ཚེ་རྡོ་རྗེ་དབྱིངས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་དུ། དེ་ཉིད་ལ་མི་བསྐྱོད་པའི་གནས་སུ་དབང་བསྐུར་བ་མ་ཞེས་བྱ་བ་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ། རིན་ཆེན་འབྱུང་ལྡན་གྱི་གནས་སུ་
ཐུགས་རྡོ་རྗེ་མ་མི་བསྐྱོད་པའི་ཕྱག་རྒྱ། གང་གི་ཚེ་འོད་དཔག་ཏུ་མེད་པ་དབུས་སུ་བྲི་བ་དེའི་ཚེ། མི་བསྐྱོད་པའི་གནས་སུ་མཚོན་ཆ་མ་ཞེས་བྱ་བ་འོད་དཔག་ཏུ་མེད་པའི་ཕྱག་རྒྱ། འོད་དཔག་ཏུ་མེད་པའི་གནས་སུ་ཐུགས་རྡོ་རྗེ་མ་ཞེས་བྱ་བ་མི་བསྐྱོད་པའི་ཕྱག་རྒྱ། གང་གི་ཚེ་དོན་ཡོད་པར་གྲུབ་པ་དཀྱིལ་འཁོར་གྱི་དབུས་སུ་འདྲི་བ་དེའི་ཚེ། མི་བསྐྱོད་པའི་གནས་སུ་རྡོ་རྗེ་ཀུན་མ་ཞེས་བྱ་བ་དོན་ཡོད་གྲུབ་པའི་ཕྱག་རྒྱ། དོན་ཡོད་གྲུབ་པའི་གནས་སུ་ཐུགས་རྡོ་རྗེ་མ་མི་བསྐྱོད་པའི་ཕྲག་རྒྱ་བྲི་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་རྡོ་རྗེ་དབྱིངས་ཀྱི་གཟུངས་སྒྲུབ་པའི་དཀྱིལ་འཁོར་ནི་ལྔར་འགྱུར་རོ། །ཡང་རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་དང༌། པདྨ་དང༌། རིན་པོ་ཆེའི་རིགས་ཐ་དད་པས་གཞན་དཀྱིལ་འཁོར་རྣམ་ པ་གསུམ ་དུ་འགྱུར་ཏེ། དེ་ལྟར་དཀྱིལ་འཁོར་བྲིས་ལ་ཇི་ལྟ་བ་བཞིན་དུ་ཞུགས་ཏེ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ཐུག་པ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །དེ་ནས་སྒྲུབ་པའི་གནང་བ་མནོས་ལ་ཇི་ལྟ་བ་བཞིན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དེ་བཞིན་བྱས་ལ། རང་གི་མིང་ནས་བརྗོད་ཅིང་རྡོ་རྗེ་སྒྲུབ་པ་ལ་སོགས་པ་ཆོ་ག་རྣམས་ཀྱིས་རྗེས་སུ་སྤྱད་ལ། གཟུང་སྐྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང་ཆོས་དང་ལས་ཡི་ཕྱག་རྒྱ་རྣམས་བསྒྲུབ་པར་བྱའོ། །རྡོ་རྗེའི་རིགས་དང༌། པདྨ་ལ། ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གཞན་རྣམས་ཀྱང་འཁོར་ལས་སྒྱུར་བའི་རྣལ་འབྱོར་གྱིས། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་དེས་བྲི་བར་བྱའོ། །དེ་བཞིན་གཤེགས་པའི་གཟུངས་ཀྱི་སྒྲུབ་པ་པོས་ཀྱང་དེ་བཞིན་དུ་བྱའོ། །རྡོ་རྗེ་དབྱིངས་དང་འདྲ་བར་ནི། །ཞེས་བྱ་བ་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་འདྲ་བའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་གཟུངས་གྲུབ་པ་པོས་རྡོ་རྗེ་དབྱིངས་ཀྱི་གཟུགས་ཀྱི་དཀྱིལ་འཁོར་དང་འདྲ་བའི་སྒྲུབ་པའི་དཀྱིལ་འཁོར་བྲི་བར་བྱའོ། །རྡོ་རྗེ་སེམས་དཔའ་དང༌། །རྡོ་རྗེ་རྒྱལ་པོ་དང༌། རྡོ་རྗེ་ཆགས་པ་དང༌། རྡོ་རྗེ་ལེགས་པ་དང༌།
རྡོ་རྗེ་རིན་ཆེན་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་དེ་བཞིན་གཤེགས་པའི་རིགས་དེ་དག་ཐམས་ཅད་ཀྱི་གཟུངས་ཀྱི་དངོས་གྲུབ་སྒྲུབ་པ་པོས་དེ་དག་ཐམས་ཅད་ནི་མཆོག་གི་ཚུལ་གྱིས་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་བྲིས་ཏེ། དཀྱིལ་འཁོར་དུ་གཞུག་པའི་ཆོ་གས་ཞུགས་ལ། དེའི་རྗེས་ལ་ཞུགས་ལ། དངོས་གྲུབ་འདོད་པ་དོན་དུ་གཉེར་བས་མྱུར་དུ་བརྗོད་དོ། །དབབ་པ་ལ་སོགས་པ་མ་བྱས་པར་འདི་སྐད་བརྗོད་པར་བྱ་སྟེ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་བཛྲ་སཏྭ་ཨཱ་དྱ་སིདྡྷི་མཾ་ཞེས་བྱ་བ་སྨོས་ཏེ། ཤན་ཏུ་དགའ་བས་ན་སུ་ར་ཏའོ། །ཐོག་མ་དང་ཐ་མ་མེད་པའི་ཆོས་ཉིད་དང་སེམས་ཅན་གྱི་དོན་ལ་ཕྱི་མའི་མཐར་ཐུག་གི་བར་དུ་དགའ་བའོ། །དམ་ཚིག་ནི་ཀུན་རྫོབ་བོ། །ཆོས་ཀྱི་དབྱིངས་ལས་བྱུང་བས་ན་ནམ་མཁའི་ཁམས་ཐམས་ཅད་དུ་སྐུ་དང་གསུང་དང༌། ཐུགས་རྡོ་རྗེས་བཞུགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་དང་བོར་བྱས་པ་ནི། བཛྲ་སཏྭ་ཨཱ་དྱ་སྟེ་ཐོག་མར་སྐྱེ་བས་ན་དང་པོའོ་ཞེས་བརྗོད་སྙིང་པོ་འདི་བཟླས་ཏེ། བསྒྲུབས་ན་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་གཟུངས་ཀྱི་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ཉིད་བསྐུལ་བའི་ཚུལ་གྱིས་ནི། །མགུ་ནས་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་ཅིའི་ཕྱིར་འདི་ཟློས་ཤིང༌། གཟུངས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱ་སྙམ་ན། གང་གི་ཕྱིར་དེ་ཁོ་ན་ཉིད་བསྐུལ་བས་མགུ་ནས་རྡོ་རྗེ་འཆང་དུ་འགྲུབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། རང་གི་གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མངོན་པར་ཤེས་པ་ལྔ་བསྐྱེད་དེ། དེའི་རྗེས་ལ་རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ་སྔ་མ་བཞིན་དུ་གཟུངས་ཀྱི་དཀྱིལ་འཁོར་ལས་སྦྲུལ་ལ། གཟུངས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ གསུམ་བསྒོམ་པ ་ལས་སོ། །དེའི་རྗེས་སུ་ལ་གསུངས་
ཀྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ཏེ། དཀྱིལ་འཁོར་གྱི་ལྟེ་བར་རྣམ་པར་སྣང་མཛད་ཀྱི་གནས་སུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་གཟུགས་བྲིས་ལ་གཟུངས་ཀྱི་རྡོ་རྗེ་སེམས་དཔའི་རིག་པ་ཟློས་ཤིང༌། བསྐལ་པ་བཟང་པོ་ལ་མཐར་ཐུག་པའི་མཚན་མ་རྣམས་རྡོ་རྗེ་དབྱིངས་ཀྱི་གཟུངས་ཀྱི་ཚུལ་གྱི་ཆོ་གས་ཐམས་ཅད་མཚན་མའི་ཕྱག་རྒྱའི་ཚོགས་སུ་བྲི་བར་བྱའོ། །རྡོ་རྗེ་སེམས་དཔའི་གཟུངས་སྒྲུབ་པའི་དཀྱིལ་འཁོར། བཅོམ་ལྡན་འདས་རྡོ་རྗེ་རྒྱལ་པོའི་གཟུངས་ཀྱི་རིག་པས་དབུས་སུ་བྲི་བར་བྱའོ།། རྡོ་རྗེ་སེམས་དཔའི་གནས་སུ་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ། རྡོ་རྗེ་རྒྱལ་པོའི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་རྒྱལ་པོའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་ཆགས་པ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་རྡོ་རྗེ་ཆགས་པའི་ཕྱག་རྒྱ། རྡོ་རྗེ་ཆགས་པའི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ།། རྡོ་རྗེ་ཆགས་པའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་ལེགས་པ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་རྡོ་རྗེ་ལེགས་པའི་ཕྱག་རྒྱ། རྡོ་རྗེ་ལེགས་པའི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་ལེགས་པའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་རྡོ་རྗེ་སྙིང་པོའི་ཕྱག་རྒྱ། རྡོ་རྗེ་སྙིང་པོའི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་སྙིང་པོའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་ཉི་མ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་རྡོ་རྗེ་ཉི་མའི་ཕྱག་རྒྱ། རྡོ་རྗེ་ཉི་མའི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །འདི་ནི་རྡོ་རྗེ་ཉི་མའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་དཔལ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་དེའི་ཕྱག་རྒྱ། །རྡོ་རྗེ་དཔལ་གྱི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་དཔལ་གྱི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་བཞད་པ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་བཞད་པའི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་བཞད་པའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་ཆོས་དབུས་སུ་བྲིས་ལ། རྡོ་རྗེ་
སེམས་དཔའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་ཆོས་ཀྱི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་ཆོས་ཀྱི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་རྣོན་པོ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་རྣོན་པོའི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་རྣོན་པོའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་དེའི་ཕྱག་རྒྱ་རྡོ་རྗེ་འཁོར་ལོའི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་གསུང་བ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་གསུང་བའི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་གསུང་བའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་ལས་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་ལས་ཀྱི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་བསྲུང་བ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་བསྲུང་བའི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་བསྲུང་བའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་གནོད་སྦྱིན་གྱི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་རོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དེ་ཉིད་ཀྱི་དབུས་སུ། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་རང་གི་གཟུངས་ཀྱི་རིགས་པས་བྲི་བར་བྱའོ། །རྡོ་རྗེ་སེམས་དཔའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་ཁུ་ཚུར་གྱི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གཟུངས་འཛིན་པའི་རྡོ་རྗེ་སེམས་མ་དབུས་སུ་བྲིས་ལ། འདི་ནི་རྡོ་རྗེ་སེམས་མའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་མ་རྡོ་རྗེ་སྙིང་པོའི་གཟུངས་འཛིན་པ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་རིན་ཆེན་མའི་གནས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་རིན་ཆེན་མའི་དཀྱིལ་འཁོར་རོ། །བཅོམ་
ལྡན་འདས་རྡོ་རྗེ་ཆོས་ཀྱི་གཟུངས་འཛིན་པའི་ཆོས་མ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་མའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་ཆོས་མའི་གནས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་ཆོས་མའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་མ་རྡོ་རྗེ་ལས་ཀྱི་གཟུངས་འཛིན་བའི་རྡོ་རྗེ་ལས་མ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་མའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་ལས་མའི་གནས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་ལས་མའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་མ་རྡོ་རྗེ་སྒེག་མོ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་མའི་གནས་སུ་དེའི་ཕྱག་རྒྱ། སྒེག་མོའི་གནས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་སྒེག་མོའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་མ་རྡོ་རྗེ་ཕྲེང་བ་མ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་མའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་ཕྲེང་བ་མའི་གནས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་ཕྲེང་བ་མའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་མ་རྡོ་རྗེ་གླུ་མ་དབུས་སུ་བྲིས་ལ། རྡོ་རྗེ་འབེབས་མའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་གླུ་མའི་གནས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་གླུ་མའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་གར་མ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་མའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་གར་མའི་གནས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་གར་མའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་མ་རྡོ་རྗེ་བདུག་པ་མ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་མའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་བདུག་པ་མའི་གནས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བྲི་བར་བྱའོ།། རྡོ་རྗེ་བདུག་པ་མའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་མ་རྡོ་རྗེ་མེ་ཏོག་མ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་མའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་མེ་ཏོག་མའི་གནས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་མེ་ཏོག་མའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་མ་རྡོ་རྗེ་མར་མེ་མ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་མའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་མར་མེ་མའི་གནས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་མར་མེ་མའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་མ་རྡོ་རྗེ་དྲི་ཆབ་མ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་མའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་དྲི་ཆབ་
མའི་གནས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་དྲི་ཆབ་མའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་ལྕགས་ཀྱུ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་མའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་ལྕགས་ཀྱུའི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་ལྕགས་ཀྱུའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་ཞགས་པ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་ཞགས་པའི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་ཞགས་པའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་ལྕགས་སྒྲོག་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་ལྕགས་སྒྲོག་གི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་ལྕགས་སྒྲོག་གི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་འབེབས་པ་དབུས་སུ་བྲིས་ལ། རྡོ་རྗེ་སེམས་དཔའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་འབེབས་པའི་གནས་སུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་འབེབས་པའི་དཀྱིལ་འཁོར་རོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་སྒྲུབ་པ་པོས་དཀྱིལ་འཁོར་བྲིས་ལ། རྩ་བའི་རྒྱུད་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་འཇུག་པ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ལ། གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་རྣམས་བཅིངས་ཏེ། གཟུངས་ཀྱི་དཀྱིལ་འཁོར་གྱི་རིག་ པ་ཟློས་ཤིང་བསྒྲུབ་པར་བྱའོ། །ཁམས་གསུམ ་རྣམ་རྒྱལ་འདྲ་བ་ནི། །ཞེས་བྱ་བ་ལ་སོགས་ པ་ནི་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་དང་འདྲ་བའོ། །རྡོ་རྗེ་ཀུན་གྱི་རིགས་རྣམས་ནི། །ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེའི་རིགས་དང༌། ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་སོ། །དཀྱིལ་འཁོར་ཐམས་ཅད་ཚུལ་དུ་ཡང༌། །ཞེས་བྱ་བ་ནི་རྩ་བའི་རྒྱུད་ལས་བཤད་པ་ཉིད་ཀྱི་ཚུལ་གྱིས་འཁོར་ལོ་ལྔ་དང་ལྡན་པས་སོ། །མཁས་པས་རབ་ཏུ་བྲི་བར་བྱ། །ཞེས་བྱ་བ་ནི་མཁས་པས་ཡང་དག་པར་ཕྱིན་ཅི་མ་ལོག་པར་བྲི་བར་བྱའོ། །དེར་ཞུགས་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་སྐད་སྟོན་ པ་ཡིན་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་
བའི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་བྱས་ཏེ། བསྒོམས་ནས་རང་གི་གཟུངས་ཀྱི་ཚུལ་གྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཇི་སྲིད་མཚན་མ་ཐོབ་པར་གྱུར་པའི་བར་དུ་བསྒོམ་པར་བྱའོ། །དེ་ནས་མངོན་པར་ཤེས་ པ་ལྔ་བསྐྱེད་ལ། དེའི་རྗེས་ལ་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་གྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང༌། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། རྡོ་རྗེ་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཏིང་ངེ་འཛིན་རྣམ་ པ་གསུམ ་ཇི་ལྟ་བ་བཞིན་དུ་བསྒོམས་ཏེ། རྩ་བའི་རྒྱུད་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་ཇི་ལྟ་བ་བཞིན་དུ་བཤད་པའི་ཚུལ་གྱིས་བྲིས་ལ། དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་ཆེན་པོའི་གཟུངས་ཀྱིས་འཇིག་རྟེན་ གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་རིག་པ ་བྲི་བར་བྱའོ། །ལྷག་མ་ནི་འཇིག་རྟེན་ གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོ་གས་བསྐལ་པ ་བཟང་པོའི་མཚན་མའི་ཕྱག་རྒྱའི་ཚོགས་ཀྱི་མཐར་ཐུག་པའི་ཕྱག་རྒྱའི་ཚོགས་ཐམས་ཅད་ཇི་ལྟ་བའི་གནས་རྣམས་སུ་བྲི་བར་བྱའོ། །འདི་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ཧཱུཾ་མཛད་འདི་ཉིད་དཀྱིལ་འཁོར་གྱི་དབུས་སུ་རང་གི་གཟུངས་ཀྱི་རིགས་པས་བྲི་བར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་གནས་སུ་དེའི་ཕྱག་རྒྱ་རིན་ཆེན་ཧཱུཾ་མཛད་ཀྱི་གནས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྲི་བར་བྱའོ། །རིན་ཆེན་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་ཆོས་ཀྱི་ཧཱུཾ་མཛད་དབུས་སུ་བྲིས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་གནས་སུ་དེའི་ཕྱག་རྒྱ། ཆོས་ཀྱི་ཧཱུཾ་མཛད་ཀྱི་གནས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྲིའོ། །ཆོས་ཀྱི་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་ལས་ཀྱི་ཧཱུཾ་མཛད་དབུས་སུ་བྲིས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་གནས་སུ་དེའི་ཕྱག་རྒྱ། ལས་ཀྱི་ཧཱུཾ་མཛད་ཀྱི་གནས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྲི་བར་བྱའོ། །ལས་ཀྱི་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་ཁྲོ་བོ་རྡོ་རྗེ་སེམས་དཔའ་
དབུས་སུ་བྲི་བར་བྱའོ། །ཁྲོ་བོ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རོ། །བཅོམ་ལྡན་འདས་ཁྲོ་བོ་རྡོ་རྗེ་རྒྱལ་པོ་དབུས་སུ་བྲིས་ལ། ཁྲོ་བོ་རྡོ་རྗེ་རྒྱལ་པོའི་གནས་སུ་ཁྲོ་བོ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱའོ། །ཁྲོ་བོ་རྡོ་རྗེ་རྒྱལ་པོའི་གཟུངས་སྒྲུབ་པའི་དཀྱིལ་འཁོར་རོ། །ཁྲོ་བོ་རྡོ་རྗེ་ཆགས་པ་ལ་སོགས་པ་ལྷག་མ་རྣམས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་ཆགས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་རྗེས་སུ་འབྲང་བར་ཤེས་པར་བྱའོ། །ཕྱིའི་རྡོ་རྗེ་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་རྣམས་ལ་ཡང་རྡོ་རྗེ་རིག་པ་མཆོག་ཆུང་མ་དང་བཅས་པ་དབུས་སུ་བྲི་བར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་གཞན་ཐམས་ཅད་ཀྱང་ཤེས་པར་བྱའོ། །དཀྱིལ་འཁོར་དེ་ཉིད་ཀྱི་དབུས་སུ་སྒྱུ་མ་རྡོ་རྗེ་བྲིས་པ་ནི་སྒྱུ་མ་རྡོ་རྗེའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་དེ་ཉིད་ཀྱི་དབུས་སུ་རྡོ་རྗེ་དྲིལ་བུ་བྲིས་ལ། སྒྱུ་མ་རྡོ་རྗེའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་དྲིལ་བུའི་གནས་སུ་སྒྱུ་མ་རྡོ་རྗེའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་དྲིལ་བུའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་དེ་ཉིད་ཀྱི་དབུས་སུ་ཐུབ་པ་རྡོ་རྗེ་བྲིས་ལ། སྒྱུ་མ་རྡོ་རྗེའི་གནས་སུ་དེའི་ཕྱག་རྒྱ། ཐུབ་པ་རྡོ་རྗེའི་གནས་སུ་སྒྱུ་མ་རྡོ་རྗེའི་ཕྱག་རྒྱ་བྲི་བར་བྱའོ། །ཐུབ་པ་རྡོ་རྗེའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་དེ་ཉིད་ཀྱི་དབུས་སུ་རྡོ་རྗེ་མཚོན་ཆ་བྲིས་ལ་སྒྱུ་མ་རྡོ་རྗེའི་གནས་སུ་དེའི་ཕྱག་རྒྱ། རྡོ་རྗེ་མཚོན་ཆའི་གནས་སུ་སྒྱུ་མ་རྡོ་རྗེའི་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་མཚོན་ཆའི་དཀྱིལ་འཁོར་དེ་ཉིད་བཞིན་དུ་གཞན་ཡང་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྒྲུབ་པའི་དཀྱིལ་འཁོར་བྲིས་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གས་ཞུགས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །འདོད་ཆགས་ལས་ནི་ཁྱོད་བྱུང་ཞེས་བྱ་བ་དང༌། དེ་ནས་དེའི་རྗེས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་བསྒྲུབས་ཏེ། གནང་བ་མནོས་ནས་གཟུངས་ཀྱི་རིག་པ་ཇི་ལྟ་བ་བཞིན་དུ་ཟློས་ཤིང༌། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ་བསྒོམས་ལ་རང་གི་གཟུངས་བསྒྲུབ་པར་བྱའོ། །འགྲོ་བ་འདུལ་བའི་ཚུལ་དུ་ནི། །ཞེས་བྱ་བ་ལ་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་རྣམ་པས་སོ། །པདྨོའི་རིགས་ནི་ཐམས་ཅད་ཀྱི།།
ཞེས་བྱ་བ་ནི་འགྲོ་བ་འདུལ་བ་ནས་བརྩམས་ནས་པདྨ་འབེབས་པའི་མཐར་ཐུག་པའི་བར་དུ་པདྨའི་རིགས་རྣམས་ཀྱི་མཆན་མ་ཐོབ་པས་སྒྲུབ་པའི་དཀྱིལ་འཁོར་བྲི་བར་བྱའོ། །དེར་ཞུགས་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེའི་ནི་འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་དང༌། ཕྱག་རྒྱ་རྣམས་བཅིངས་ཏེ་ཇི་སྲིད་དུ་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མངོན་པར་ཤེས་པ་ལྔ་བསྐྱེད་དེ། འགྲོ་བ་འདུལ་བའི་རྣལ་འབྱོར་པས་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཏིང་ངེ་འཛིན་རྣམ་ པ་གསུམ ་བསྒོམས་ཏེ། དེ་ནས་རྩ་བའི་རྒྱུད་ལས་བཤད་པའི་ཆོ་ག་ཇི་ལྟ་བས་འགྲོ་བ་འདུལ་པའི་གཟུངས་ཀྱི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་བཅོམ་ལྡན་འདས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་ཆེན་པོའི་གཟུངས་ཀྱི་ཚུལ་གྱིས་གཟུངས་ཀྱི་རིག་པ་བརྗོད་ཅིང་བྲི་བར་བྱའོ། །བསྐལ་པ་བཟང་པོའི་མཚན་མའི་ཕྱག་རྒྱའི་ཚོགས་ཀྱི་མཐར་ཐུག་པའི་ཕྱག་རྒྱའི་ཚོགས་ལྷག་མ་ཐམས་ཅད་ནི་རྩ་བའི་རྒྱུད་ལས་བཤད་པ་ཉིད་ཀྱི་ཕྱོགས་བྲི་བར་བྱའོ། །འདི་ནི་འགྲོ་བ་འདུལ་བའི་གཟུངས་བསྒྲུབས་པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་དེ་ཉིད་ཀྱི་དབུས་སུ་བཅོམ་ལྡན་འདས་སངས་རྒྱས་པདྨ་རང་གི་གཟུངས་ཀྱི་ཕྱག་རྒྱ་བརྗོད་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ཏེ། སངས་རྒྱས་པདྨའི་དཀྱིལ་འཁོར་རོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་རྗེས་སུ་འབྲངས་ནས་པདྨ་འབེབས་པའི་མཐར་ཐུག་པའི་པདྨའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཡང་ཤེས་པར་བྱ་བ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས། འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོ་གས་ཞུགས་ནས་འདི་སྐད་བརྗོད་པར་བྱའོ། །འདོད་ཆགས་ཆོས་དེ་པདྨོ་ཆེ། །ཁྱབ་པས་བདག་ཉིད་དངོས་གྲུབ་ཐོབ། །
ཅེས་བྱ་བ་ནི་དེ་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ་བསྒྲུབ་པའི་གནང་བ་ནོས་ཏེ། རང་གི་ལྷའི་གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། གཟུངས་ཀྱི་རིག་པ་ཟློས་ཤིང་བསྒྲུབ་པར་བྱའོ། །དོན་ཀུན་གྲུབ་པའི་ཚུལ་དུ་ཡང༌། །ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་གཟུངས་ཀྱི་དཀྱིལ་འཁོར་གྱི་གནས་རྣམས་སུའོ། །དཀྱིལ་འཁོར་ལེགས་པར་བྲིས་ནས་ནི། །ཞེས་བྱ་བ་ལ། དོན་ཐམས་ཅད་གྲུབ་པ་ལ་སོགས་པ་ནས་ནོར་བུ་འབེབས་པའི་སྒྲུབ་པའི་དཀྱིལ་འཁོར་བྲི་བར་བྱའོ། །འདོད་ཆགས་ནི་ནོར་བུའི་རིགས་སོ། །དེ་ལ་བསམས་པའི་དངོས་གྲུབ་ནི་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དངོས་གྲུབ་པོ། །དངོས་གྲུབ་མཆོག་ཅེས་བྱ་བ་ནི། གཟུངས་ཀྱི་དངོས་གྲུབ་སྒྲུབ་པའོ། །དེ་ཉིད་ཀྱི་གསང་བའི་མཆོད་པ་བླ་ན་མེད་པ་ནི་མཆོག་སྟེ། ནོར་བུའི་རིགས་ཀྱི་གཟུངས་ཀྱི་ངོ་བོར་གྲུབ་པའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ཏེ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་རྣམས་བཅིངས་ཏེ། རང་གི་གཟུངས་ཀྱི་རིག་པ་བཟླས་ཤིང་སྔ་མ་བཞིན་དུ་མཚན་མ་ཐོབ་པས་མངོན་པར་ཤེས་པ་ལྟ་ཇི་ལྟ་བ་བཞིན་དུ་བསྐྱེད་དེ། དོན་ཐམས་ཅད་གྲུབ་པའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོ་གས་དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་པས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཏིང་ངེ་འཛིན་གསུམ་བསྒོམས་ཏེ། གཟུངས་ཀྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་བྲིས་པ། བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་ཆེན་པོའི་གཟུངས་ཀྱི་ཚུལ་གྱིས་དཀྱིལ་འཁོར་གྱི་དབུས་སུ་རང་གི་གཟུངས་ཀྱི་རིག་པ་བརྗོད་ཅིང་བྲི་བར་བྱའོ། །ལྷག་མ་ཐམས་ཅད་བྲི་བའི་ཆོ་ག་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཉིད་གཟུང་བར་བྱའོ། །འདི་ནི་དོན་ཐམས་ཅད་གྲུབ་པའི་གཟུངས་སྒྲུབ་པའི་དཀྱིལ་འཁོར་དེ་ཉིད་ཀྱི་དབུས་སུ་བཅོམ་ལྡན་འདས་རིན་ཆེན་ལྟ་བ་རང་གི་གཟུངས་ཀྱི་རིག་པས་བྲིས་ལ། དོན་ཐམས་
ཅད་གྲུབ་པའི་གནས་སུ་དེའི་ཕྱག་རྒྱ། རིན་ཆེན་ལྟ་བའི་གནས་སུ་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་བྲི་བར་བྱའོ། །རིན་ཆེན་ལྟ་བའི་དཀྱིལ་འཁོར་དུ་སྔ་མའི་རྗེས་སུ་འབྲངས་ནས་རིན་ཆེན་འབེབས་པའི་མཐར་ཐུག་པའི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་རྣམས་ཤེས་པར་བྱའོ།། དེ་ལྟར་དཀྱིལ་འཁོར་བྲིས་ནས་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་འཇུག་པའི་ཆོ་གས་ཞུགས་ལ་འདི་སྐད་ཅེས་སྨྲ་བར་བྱ་སྟེ། བསམ་པ་ཀུན་གྱི་དངོས་གྲུབ་པ། །འདོད་ཆགས་བསམ་པ་དངོས་གྲུབ་མཆོག །བཀྲ་ཤིས་གྲུབ་ཅིག་སེམས་དཔའ་ཆེ། །བཅོམ་ལྡན་ཐམས་ཅད་གྲུབ་པ་པོ། །དེ་ནས་སྔ་མ་བཞིན་དུ་རང་གི་ཆོ་གས་ཐམས་ཅད་རྗེས་སུ་སྤྱད་ལ། གཟུངས་སྒྲུབ་པའི་གནང་བ་ནོད་པར་བྱའོ། །རང་གི་གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། གཟུངས་ཀྱི་རིག་པ་ཟློས་ཤིང༌། དེ་ནས་ཐམས་ཅད་དུ་ནི་ཞུགས་གྱུར་ན། །ཞེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་གསུངས་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་བསྐུལ་བའི་དུས་སུ་གནང་བ་ནོས་བའི་དངོས་གྲུབ་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་པས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཡང་དང་ཡང་དུ་བསྒོམ་ཞིང༌། ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྟག་ཏུ་རྣལ་འབྱོར་པ་བདག་ཉིད་ཀྱིས་འགྲུབ་པར་འགྱུར་རོ། །དུས་ནམ་གྱི་ཚེ་བསྐུལ་བར་བྱ་ཞེ་ན། གང་ཚེ་མྱུར་དུ་མི་འགྲུབ་ན་གང་གི་ཚེ་རྣལ་འབྱོར་པ་མཚན་མ་ཐོབ་པའམ། མངོན་པར་ཤེས་པས་མཚན་ཐོག་ཐག་བསྒོམས་པ་ཙམ་གྱིས་མྱུར་དུ་དངོས་གྲུབ་ཐོབ་པར་མ་གྱུར་པ་དེའི་ཚེ་བསྒྲུབ་པའི་དཀྱིལ་འཁོར་བྲིས་ལ། ཇི་སྐད་བཤད་པའི་དེ་ཁོ་ན་ཉིད་བསྐུལ་བའི་ཚུལ་གྱིས་ཡང་དག་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་སྦྱངས་པའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་བསྟན་ནས། ད་ནི་སྒྲུབ་པ་དང་པོས་མ་གྲུབ་ན་སྒྲུབ་པ་གཉིས་པ་ལ་ཡང་དེ་ཁོ་ན་ཉིད་བསྐུལ་བས་ཡང་དག་པར་བསྐུལ་ལ། གཟུངས་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་
བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱ་ཐམས་ཅད་གསང་བའི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱ་ཐམས་ཅད་ནི་གཟུངས་ཀྱི་ཕྱག་རྒྱ་ཐམས་ཅད་དོ། །དེའི་གསང་བ་ནི། དེ་ཡི་གསང་བའི་ལྷ་མོ་ཆེ། །ཞེས་བྱ་བ་ལ་སོགས་པ་སྦ་བར་བྱ་བའི་དོན་ཏོ། །དེའི་དངོས་གྲུབ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐོབ་པའོ། །དེ་སྟོན་པར་བྱེད་པའི་རྒྱུད་དེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །དེ་བཞིན་གཤེགས་པའི་ལྷ་མོ་ཆེ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་ལྷ་མོ་ཆེན་མོ་སྟེ། རྡོ་རྗེ་སེམས་མ་དང༌། རྡོ་རྗེ་རིན་ཆེན་མ་དང༌། རྡོ་རྗེ་ཆོས་མ་དང༌། ལས་ཀྱི་རྡོ་རྗེ་མ་རྣམས་སོ། །དེའི་ཁྱད་པར་ཅི་ལྟ་བུ་ཞིག་ཅེ་ན། སྡུག་ཅིང་ཞེས་བྱ་བ་སྨོས་ཏེ། ཟག་པ་མེད་པའི་བདེ་བ་དང༌། ཡིད་བདེ་བའི་ངོ་བོ་རྒྱུན་མི་འཆད་པར་བདེ་བ་སྟེར་བའོ། །འདི་ཉིད་བཤད་བ། བདེ་བ་ཀུན་སྦྱིན་པ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་སྟེ། ཡིད་བདེ་བ་རབ་ཏུ་སྟེར་བའོ། །བདེ་བ་ལས་བྱུང་བའི་ཚོགས་བདེན་པས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ལྷ་མོ་གང་ཡིན་པ་འདི། སྡུག་ཅིང་བདེ་བ་ཀུན་སྦྱིན་པ། །ཞེས་བྱ་བ་བཤད་མ་ཐག་པའི་བདེན་པ་ལས་བྱུང་བའི་ཚིག་གིས་རྗེས་སུ་འཇུག་པའི་དབྱིངས་སོ། །བདེན་པ་ནི་ཕྱིན་ཅི་མ་ལོག་པ་དང༌། མི་བརྫུན་པས་ན་དེ་ལས་བྱུང་བ་ནི་དེའི་རྗེས་སུ་འཇུག་པ་སྟེ། བདེན་པའི་ཚིག་ཉིད་ཅེས་བྱ་བའི་ཐ་ཚིག་གོ །བདེན་པས་ནི་མི་མངའ་བའོ། །དེ་བཞིན་གཤེགས་པའི་ལྷ་མོ་ཆེན་མོ་སྡུག་ཅིང་བདེ་བ་ཐམས་ཅད་སྦྱིན་པ་ཞེས་བྱ་བ་རྣམ་ པ་གསུམ ་གྱི་བདེན་བ་དང༌། གཟུངས་ཀྱི་ལྷ་མོ་ཐམས་ཅད་བསྒྲུབ་པའོ། །ཅིའི་ཕྱིར་བསྐུལ་ཞེ་ན། བསྒྲུབས་ཀྱང་དེས་ནི་མ་གྲུབ་ནའོ། །ཞེས་བྱ་བ་སྨོས་ཏེ། སྒྲུབ་པ་པོ་གང་གིས་དེ་ཁོ་ན་ཉིད་བསྐུལ་བ་མེད་ན་འགྲུབ་པར་མི་འགྱུར་བ་དེས་ན་ཇི་སྐད་དུ་བཤད་པའི་རྣམ་ པ་གསུམ ་གྱི་བདེན་པས་བསྐུལ་ཞིང་བསྒྲུབ་
པར་བྱ་སྟེ། ཇི་སྐད་བཤད་པའི་གཟུངས་དེ་རྣམས་བསྒྲུབ་པར་བྱའོ་ཞེས་ཤེས་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་གཟུངས་ཀྱི་སྒྲུབ་པ་པོའི་རྣལ་འབྱོར་པས་སྒྲུབ་པའི་དཀྱིལ་འཁོར་བྲིས་ལ། གང་གི་ཚེ་གཟུངས་བསྒྲུབ་པར་འདོད་པ་ན་གྲུབ་པར་མ་གྱུར་པ་དེའི་ཚེ། དེ་ཁོ་ན་ཉིད་བསྐུལ་བས་ཡང་དག་པར་བསྐུལ་ཏེ་ངེས་བསྒྲུབ་པར་བྱའོ། །ཕྱག་རྒྱ་ཆེན་པོ་བཅིངས་ནས་ནི། །ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་སེམས་དཔའི་དེ་བཞིན་གཤེགས་པའི་རིགས་ཀྱི་གཟུངས་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་བཅིངས་པའོ། །ལྟག་འོག་གོ་རིམས་ཇི་བཞིན་དུ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། སྔོན་དུ་བསྙེན་པ་བྱས་ཏེ། སྔ་མ་བཞིན་དུ་མངོན་པར་ཤེས་པ་བསྐྱེད་ལ། ཡང་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ནས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ཏེ། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཏིང་ངེ་འཛིན་རྣམ་ པ་གསུམ ་ཇི་ལྟ་པ་བཞིན་དུ་བསྒོམས་ལ། སྒྲུབ་པའི་དཀྱིལ་འཁོར་བྲིས་ཏེ། སྔར་བཤད་པའི་སྒྲུབ་པའི་ཆོ་གས་ཐམས་ཅད་བྱས་ནས་གང་གི་ཚེ་འགྲུབ་པར་མ་གྱུར་པ་དེའི་ཚེ་སླར་ལ་གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་རྣམས་བཅིང་བར་བྱ་བ་འདི་ནི། ལྟག་འོག་གོ་རིམས་ཇི་བཞིན་དུ། །ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །ཕྱག་རྒྱ་ཆེན་པོ་བཅིངས་ནས་ཅི་བྱེད་ཅེ་ན། འདི་ནི་དེ་ཉིད་གསང་བ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཞེས་བྱ་བ་ནི་བློ་ལ་གནས་པའི་རྡོ་རྗེ་སེམས་དཔའ་ནི་བདག་རང་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ནི་ཕྱིན་ཅི་མ་ལོག་པའི་རབ་ཏུ་དགའ་བ་ཉིད་དང༌། ཀུན་དུ་བཟང་པོ་ཉིད་དོ། །གསང་བའི་ཞེས་བྱ་བ་ནི་གསང་བར་གྱུར་པས་ན་གསང་བ་སྟེ། རང་གི་ལྷ་དང་ལྷན་ཅིག་ཏུ་མཉམ་པར་སྦྱོར་བ་གང་ཡིན་པ་དེས། བདག་ནི་རྡོ་རྗེ་སེམས་དཔའ་ཉིད། །ཅེས་བྱ་བ་ཐབས་དང་ཤེས་རབ་ཀྱི་
རང་བཞིན་གྱི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །དེ་བདག་རང་ཡིན་པ་ནི་རྣལ་འབྱོར་པས་ང་རྒྱལ་བསྐྱེད་པར་བྱའོ། །ཁྱོད་ཀྱི་ཆུང་མ་སྙིང་ལ་གནས། །ཞེས་བྱ་བ་ནི་ཐ་མི་དད་པའི་སེམས་དེས་བདག་ཉིད་ཀྱི་བློ་ལ་གནས་པའི་རྡོ་རྗེ་སྙིང་པོའི་གཟུགས་སོ། །ལུས་ཀུན་ལས་ནི་འཁྱུད་ནས་ཀྱང༌། །ཞེས་བྱ་བ་ནི་ཀྱེའི་རྡོ་རྗེ་འགྱིང་བ་ལས་འཁྱུད་པས། བསྒྱིངས་པ་དང་བཅས་ནམ་མཁའ་ལ་ཞུགས་ཤིག་པའོ། །རྡོ་རྗེ་འགྱིང་བ་ལྷ་མོ་ཆེ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལུས་ཀུན་ལ་ནི་བརྟེན་གྱུར་ན། །ཞེས་བྱ་བ་ནི་སྒྲུབ་པ་པོའི་ལུས་དང་ཆུ་དང་འོ་མ་བཞིན་དུ་གཅིག་ཏུ་འདྲེས་པར་གྱུར་པས་ཅི་ཞིག་མྱུར་དུ་འགྲུབ་པར་འགྱུར་ཞེས་བྱའོ། །དེ་ཉིད་བསྐུལ་བ་ནི་ཡང་དག་པར་བསྐུལ་བའོ། །ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱ་རྣམས་བཅིངས་ནས་ཕྱག་རྒྱའི་རིག་པ་ཟློས་ཤིང་བསྒོམས་པ་འདི་ནི་ཇི་བཞིན་ཞེས་བྱ་བའི་སྒྲ་ནི་དོན་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་བྱས་ལ་ཕྱག་བཞི་བྱས་ཏེ། གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། ཇི་སྲིད་དུ་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་པར་བྱའོ། །དེ་ནས་མངོན་པར་ཤེས་པ་བསྐྱེད་ནས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཆེན་པོ་བྱས་ནས་བསྒྲུབ་པའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ཏེ། འཇུག་པའི་ཆོ་ག་རྗེས་སུ་སྤྱད་ལ། སྔ་མ་བཞིན་དུ་བསྒོམ་པར་བྱའོ། །གལ་ཏེ་མ་གྲུབ་པར་ཤེས་ན་གཟུངས་ཀྱི་ལྷ་མོ་མདུན་དུ་རྣམ་པར་བསམས་ལ་དེའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། བདག་ནི་རྡོ་རྗེ་སེམས་དཔའ་ཉིད། །ཁྱོད་ངའི་ཆུང་མ་སྙིང་ལ་གནས། །ལུས་ཀུན་ལ་ནི་འཁྱུད་པ་དང༌། །རྡོ་རྗེ་འགྱིངས་པས་འགྱིངས་པར་བརྗོད། །ཅེས་བརྗོད་ལ། དེ་ནས་དེའི་རིག་པ་ཟློས་ཤིང་དེ་དང་བདག་ཉིད་འཁྱུད་པས་བུད་མེད་ཀྱི་ལོངས་སྤྱོད་དང་ལྡན་པར་བསམས་ཏེ་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་ལ་མངོན་སུམ་དུ་འོངས་ནས་སྒྲུབ་པ་པོ་དང༌། ལྷན་ཅིག་ཏུ་མཉམ་པར་སྦྱོར་བ་བྱས་ཏེ། སྒྲུབ་པ་པོའི་ལུས་ལ་འཇུག་པར་བྱའོ། །དེ་ནས་འདི་
རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དུ་འགྱུར་རོ། །སིདྡྷྱ་སིདྡྷྱ་ས་མ་ཡེ་ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ཐམས་ཅད་དོ། །དམ་ཚིག་དེ་འཆིང་བའི་དང་པོར། སིདྡྷྱ་སིདྡྷྱ་ས་མ་ཡེ་ས་མ་ཡོ྅ཧཾ། ཏྲཾ་པྲཾ་ཡ་མཾ་ཞེས་བརྗོད་ཅིང༌། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རྡོ་རྗེའི་རིགས་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེ་དམ་ཚིག་གིས་གསུངས་སོ། །དེའི་རང་བཞིན་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ལ། ཁྱོད་སྡུག་བདག་གི་ཆུང་མའོ། །ཞེས་བརྗོད་པར་བྱའོ། །དེ་ལྟར་གཟུངས་ཀྱི་རྣལ་འབྱོར་བ་དེ་ཁོ་ན་ཉིད་བརྗོད་ཅིང༌། བསྐུལ་བར་གྱུར་པས་མྱུར་དུ་རྗེས་སུ་ཆགས་པས་འགྲུབ་པར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་ པ་ཡིན་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་བྱས་ལ། ཕྱག་བཞི་བྱས་པའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ལ། རང་གི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མངོན་པར་ཤེས་པ་ལྔ་བསྐྱེད་དེ། སྔ་མ་བཞིན་དུ་གཟུངས་སྒྲུབ་པའི་དཀྱིལ་འཁོར་བྲིས་ཏེ། འཇུག་པ་ལ་སོགས་པ་ཆོ་ག་རྗེས་སུ་སྤྱད་དེ་བསྒྲུབ་པར་བྱའོ། །གང་གི་ཚེ་བསྒྲུབས་ཀྱང་དངོས་གྲུབ་ཀྱི་མཚན་མ་མཐོང་བདེའི་ཚེ་མདུན་དུ་རང་གི་གཟུངས་ཀྱི་ལྷ་མོ་རྣམ་པར་བསམས་ཏེ། དེ་ཁོ་ན་ཉིད་བསྐུལ་བས་བསྐུལ་བར་བྱའོ། །ཞེས་སིདྡྷྱ་སིདྡྷྱ་ས་མ་ཡོ྅ཧཾ་ཏྲཾ་པྲཾ་ཡ་མཾ། དེའི་རྗེས་ལ་དེས་རྗེས་སུ་ཆགས་པའི་སྒྲུབ་པ་པོས་ལྷན་ཅིག་མཉམ་པར་སྤྱོར་བར་བྱའོ། །དེས་བུད་མེད་ལ་ལོངས་སྤྱོད་པ་བཞིན་དུ་ཡན་ལག་ཐམས་ཅད་ཀྱིས་འཁྱུད་པའི་བདེ་བ་བསྒོམ་པར་བྱའོ། །དེ་ནས་མངོན་སུམ་དུ་འོངས་ནས་སྒྲུབ་པ་པོ་དང་ལྷན་ཅིག་མཉམ་པར་སྤྱོར་པར་བྱས་པས་སྒྲུབ་པ་པོའི་ལུས་ལ་ཞུགས་པར་འགྱུར་རོ། །དེ་ནས་འདི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རྡོ་རྗེ་རིགས་ཀྱི་རང་བཞིན་དུ་འགྱུར་རོ། །བུདྡྷ་བུདྡྷ་མ་ཧཱ་ས་ཏི་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ཁོང་དུ་ཆུད་ནས། ང་ཡི་ཆུང་མ་ཁྱོད་སྡུག་པ། །ཞེས་བྱ་བ་ལ་
སོགས་པ་ནི་བཤད་ཟིན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ཏེ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ལ། རང་གི་གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མངོན་པར་ཤེས་པ་ལྔ་བསྐྱེད་དེ། སྔར་བཤད་པའི་ཚུལ་གྱིས་གཟུངས་སྒྲུབ་པའི་དཀྱིལ་འཁོར་བྲིས་ལ། འཇུག་པ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ལ་བསྒོམ་པར་བྱའོ། །གང་གི་ཚེ་དངོས་གྲུབ་ཀྱི་མཚན་མ་ཐོབ་པར་མ་གྱུར་པ་དེའི་ཚེ་མདུན་དུ་རང་ལྷ་མོ་བུད་མེད་ཀྱི་རྣམ་པར་བསམ་པར་བྱའོ། །བུདྡྷ་བུདྡྷ་མ་ཧཱ་སད་ཏི་བྷ་ཪྻ་ཏྭ་མེ་ཨ་ཏི་པྲི་ཡ། དེ་ནས་སྒྲུབ་པ་པོ་དང་ལྷན་ཅིག་ཏུ་མཉམ་པར་སྦྱོར་བར་བསྒོམ་པར་བྱའོ། །དེའི་རྗེས་ལ་དེ་འོངས་ནས་སྒྲུབ་པ་པོའི་ལུས་ལ་ཞུགས་པར་གྱུར་ཏེ། དེ་ནས་སྐད་ཅིག་དེ་ཉིད་ལ་སྒྲུབ་པ་པོ་འཇིག་རྟེན་དབང་ཕྱུག་ཏུ་འགྱུར་རོ། །སརྦྦ་ཀརྨྨཱ་ནི་ནོར་བུའི་རིགས་ཀྱི་གཟུངས་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ལས་དེ་རྣམས་སྒྲུབ་པར་བྱེད་པའོ། །ཀ་རི་ནི་ལས་བྱེད་པའི་གཟུངས་ཀྱི་རིག་པའི་ལྷ་མོའི་གཟུགས་ཅན་ནི་བྷཪྻའོ། །རྟག་ཏུ་སྐྱེ་བའམ་དེ་བཞིན་གཤེགས་པ་རྣམས་སྐྱེ་བ་མེད་པར་ཞུགས་པས་ན་ཨ་དྷེ་བཛྲ་ནི་བཅད་དུ་མེད་ཅིང་དབྱེར་མེད་པའི་ཕྱིར་རོ། །དེ་ལྟ་བུའི་དེ་ཁོ་ན་ཉིད་བསྐུལ་བས་རྗེས་སུ་ཆགས་པས་འགྲུབ་པར་འགྱུར་ཞེས་བྱའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ཏེ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། རང་གི་གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མངོན་པར་ཤེས་པ་ལྔ་བསྐྱེད་དེ། སྔར་བཤད་པའི་ཚུལ་གྱིས་རང་གི་གཟུངས་ཀྱི་སྒྲུབ་པའི་དཀྱིལ་འཁོར་བྲིས་ཏེ། ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ། །ངེས་གལ་ཏེ་དངོས་གྲུབ་ཀྱི་མཚན་མ་ཐོབ་པར་མ་གྱུར་ན། མདུན་དུ་རང་གི་གཟུངས་བུད་མེད་ཀྱི་རྣམ་པར་བསམས་ལ་སརྦྦ་
ཀརྨྨཱ་ཀ་རི་བྷཪྻ་ཏྲཾ་མེ་སིདྡྷྱཪྻ་བཛྲི་ནི་ཞེས་བྱ་བས་བསྐུལ་བར་བྱའོ། །དེ་ནས་དེ་དང་ལྷན་ཅིག་ཏུ་མཉམ་པར་སྦྱོར་བར་བསྒོམ་པར་བྱའོ། །དེའི་རྗེས་ལ་དེ་འོངས་ནས་སྒྲུབ་པ་པོ་དང་ལྷན་ཅིག་མཉམ་པར་སྦྱོར་བ་བྱས་ཏེ། སྒྲུབ་པའི་ལུས་ལ་ཞུགས་པར་འགྱུར་ཏེ། དེ་ནས་སྒྲུབ་བ་པོ་ནམ་མཁའི་སྙིང་པོར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བའི་དངོས་གྲུབ་ཀྱི་རྒྱུད་བསྟན་ནས། ད་ནི་སྔོན་དུ་བསྙེན་པ་ལ་སོགས་པའི་དུས་སུ་ཡང༌། མུ་སྟེགས་རྣམས་ལ་ཕན་བཏགས་ཕྱིར། །རི་མོའི་ཕྱག་རྒྱའི་ཚུལ་དུ་ནི། །སངས་རྒྱས་བཙུན་མོ་རབ་སྦས་པར། །ཞེས་བྱ་བ་ལ་སོགས་པར་གསང་བའི་ཡེ་ཤེས་ཀྱི་གཟུངས་ཀྱི་ཕྱག་རྒྱ་བསྐྱེད་དེ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་རྣམས་ཀྱི་དམ་ཚིག་གི་གཟུངས་ཀྱི་ཕྱག་རྒྱའོ། །དེའི་གསང་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་ལྷའི་གཟུངས་དང༌། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རང་བཞིན་མཆོད་རྟེན་གྱི་ནང་དུ་ཆུད་པའོ། །དེའི་དངོས་གྲུབ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་མངོན་སུམ་དུ་བྱེད་པའོ། །དེ་སྟོན་པར་བྱེད་པའི་རྒྱུད་དེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །མུ་སྟེགས་ཅན་ནི་ཉན་ཐོས་དང༌། རང་རྒྱལ་བ་དང༌། སངས་རྒྱས་ཀྱི་ཐེག་པ་ལ་མོས་པ་མདོ་སྡེ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཙམ་ལ་ཞུགས་པ་ནི་གཞན་མུ་སྟེགས་ཅན་ཏེ། རྡོ་རྗེ་ཐེག་པའི་མུ་ལ་མི་བསྟེན་པའི་ཕྱིར་རོ། །དེ་དག་ལ་ཕན་འདོགས་པའི་ཕྱིར་ནི་དམ་པའི་ཆོས་སྤངས་པས་དམྱལ་བར་ལྟུང་བར་མ་གྱུར་ཅིག་སྙམ་དུ་སེམས་པའོ། །གལ་ཏེ་དེ་བཞིན་གཤེགས་པ་ལ་བཙུན་མོ་མངའ་བ་དེ་ལྟ་ན་ནི་དེ་བཞིན་གཤེགས་པ་ལ་འདོད་ཆགས་མངའ་བར་གྱུར་པས་སོ། །དེས་ན་འདི་ནི་བདུད་ཀྱིས་གསུངས་པ་ཡིན་ནོ་ཞེས་པས་རབ་ཏུ་སྤངས་ན་དམྱལ་བར་ལྟུང་བར་འགྱུར་བས། དེ་ལྟའི་ཉེས་པར་མ་གྱུར་ཅིག་སྙམ་པས། དེ་བཞིན་
གཤེགས་པའི་རིག་བའི་ལྷ་མོས་འདུལ་བའི་སེམས་ཅན་གྱི་ཁམས་འདུལ་བར་བྱེད་པ་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་ལྷ་མོའི་གཟུངས་རྣམས་སྦས་ཏེ། མཆོད་རྟེན་ལ་སོགས་པའི་གཟུགས་ཀྱིས་བཞུགས་པའོ། །དེའི་ཕྱིར་རི་མོའི་ཕྱག་རྒྱའི་ཚུལ་དུ་ནི་མཆོད་རྟེན་ལ་སོགས་པའི་གཟུགས་ཀྱི་དཀྱིལ་འཁོར་རམ། རས་སམ། རྩིག་པ་ལ་སོགས་པ་ལ་བྲི་བའམ། སྐལ་བ་དང་ལྡན་པ་ལ་རིག་པའི་ལྷ་མོའི་གཟུངས་སུ་བྱའོ། །དེ་ལྟར་ཤེས་པ་ནི་ངེས་པ་བསྐྱེད་པའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་དེ་བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར་གྱི་གཞན་དུ་མ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པའམ་གཟུངས་ཀྱི་སྒྲུབ་པ་པོས་ཕྱག་རྒྱ་རིག་པའི་ལྷ་མོས་ངེས་པར་བྱས་ནས། ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་གཟུངས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ཕྱག་རྒྱ་རྣམས་རིག་པའི་ལྷ་མོར་ངེས་པར་བསྐྱེད་ནས། དོན་འདི་བསྒོམ་པར་བྱ་བ་ནི། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འཁོར་བའི་སེམས་ནི་སེམས་ཅན་ཀུན་གྱི་ཡིད་ཅེས་བརྗོད་པ་དེ་དེས་ཁྱབ་པའི་དང་ཚུལ་མངའ་བ་འདི་ནི་སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ་པ་སྟེ། རྡོ་རྗེ་འཛིན་པ་ཆེན་པོ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཇི་ལྟར་སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ་པ་ཡིན་ཞེ་ན། གང་གི་ཕྱིར་དེ་དག་སེམས་ཅན་ཀུན་གྱི་སེམས་དང་ཡིད་ལ་སོགས་པ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་སོ། །སེམས་ཅན་ཀུན་ལ་བདེ་སྦྱིན་པ། །ཞེས་བྱ་བ་ནི་དེས་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཐོས་བ་དང༌། བསམ་པ་དང༌། བསྒོམ་པའི་ཤེས་པ་གོམས་པའི་ཡིད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་སེམས་ཅན་ཐམས་ཅད་ལ་ཉེ་བར་བསྐྱེད་པ་དེ་ནི་འདིར། སེམས་ཅན་ཀུན་ལ་བདེ་སྦྱིན་ཞིང༌། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་སམ། དེ་བཞིན་གཤེགས་པའི་སེམས་རྣམས་བསྐྱེད་པ་དེའི་ཕྱིར། སེམས་ཅན་ཀུན་གྱི་ཡབ་ཉིད་དོ། །དམ་ཚིག་མཆོག་གི་འདོད་པ་མཆོག །ཅེས་བྱ་བ་ནི་འདོད་པར་བྱ་བ་ཡིན་པས་ན་འདོད་པ་སྟེ། སྨོན་པ་དང་འཇུག་པའི་བྱང་
ཆུབ་སེམས་ཀྱི་མཚན་ཉིད་ངོ༌། །དེ་ཉིད་ཀྱི་མཆོག་ཡིན་པ་དེའི་ཕྱིར་བར་ཆད་མེད་པའི་ལམ་གྱི་ངོ་བོས་ཆགས་པ་དང་བཅས་པའི་ཉོན་མོངས་པ་སྤངས་པ་ནི་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་གང་ཡིན་པ་དེ་ནི་མཆོག་ཏུ་གྱུར་པས་ན་དམ་པའོ། །དེ་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ལས་གཞན་མ་ཡིན་པས་ན་དམ་ཚིག་མཆོག་གོ །འདི་སྟོན་པ་ཡིན་ཏེ། རྡོ་རྗེ་ལ་སོགས་པའི་མཚན་མའི་ཕྱག་རྒྱའི་གཟུགས་གང་ཡིན་པ་དེ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་རིག་པའི་ལྷ་མོའི་གཟུགས་གང་ཡིན་པ་དང༌། གཞན་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་གང་ཡིན་པ་དེ་དག་རང་བཞིན་གྱིས་གདོད་མ་ནས་མ་སྐྱེས་པས། སྒྱུ་མ་ལྟ་བུར་ཤེས་ནས་མཉམ་པར་སྦྱོར་བ་ལ་སོགས་པ་སྒོམ་པར་བྱེད་པ་དེ་ལྟ་བུས་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་བྱང་ཆུབ་སེམས་དཔའི་ལམ་ལ་བཞོན་པར་བསྒོམ་པར་བྱའི། གཞན་དུ་ནི་མ་ཡིན་ནོ། །འདོད་ཆགས་ནི་སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་པའི་མཚན་ཉིད་དོ། །དེའི་དག་པ་ནི་གཟུང་བ་དང་འཛིན་པའི་ངོ་བོས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའོ། །དེ་དག་པ་ནི་དག་པའི་དོན་ཏེ། མི་དམིགས་པའི་ཐུགས་རྗེ་ཆེན་པོ་མངོན་སུམ་དུ་བྱས་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་དང༌། རང་རྒྱལ་བ་ཆགས་པ་དང་བྲལ་བ་དེ་དག་ཅིའི་ཕྱིར་གཞན་ཞིག་ཏུ་འགྱུར་ཞེ་ན། མུ་སྟེགས་ལྟ་བར་བྱས་བདག་ལ། །ཞེས་བྱ་བ་སྨོས་ཏེ། བདག་དང༌། བདག་གི་དང༌། རྟག་པ་དང༌། ཆད་པ་ལ་སོགས་པ་དས་མུ་སྟེགས་ཅན་གྱི་ལྟ་བ་དེས་བྱས་ཏེ། མངོན་པར་འདུས་བྱས་པའོ། །བདག་ལ་ནི་མུ་སྟེགས་ཅན་གྱི་ལྟ་བ་ཅན་གྱིས་བྱས་པའི་བདག་ཉིད་ཁོ་ན་བདེན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་ངེས་པར་སེམས་པ་ནི། རྨོངས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་གྱུར་པ་དེ་རྣམས་སྦྱངས་ནས་མི་དམིགས་པའི་ཐུགས་རྗེ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇོག་པ་ནི་གསོད་པའི་དམ་ཚིག་མཆོག་ཡིན་ནོ། །དེ་ལྟར་གྱུར་པ་དེ་སྒྲུབ་པ་པོས་ཤེས་པས་ཅི་ཞིག་ཏུ་འགྱུར་ཞེ་ན། དེ་ལྟར་ཤེས་ནས་
འགྲུབ་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། ཐུགས་རྗེ་ཆེན་པོས་གཞན་གྱི་དབང་གིས་དེ་ལྟར་ངེས་པ་བསྐྱེད་ནས་ཞེ་སྡང་མེད་པའི་ཁྲོ་བོས་སེམས་ཅན་གྱི་ཁམས་ཐམས་ཅད་ཐལ་བར་བྱས་ཏེ། རྡོ་རྗེ་རིགས་ཀྱི་རང་བཞིན་དུ་བསྐྱེད་ནས་གང་གི་ཚེ་གཟུངས་ཀྱི་ཕྱག་རྒྱས་བསྒྲུབ་པ་དེའི་ཚེ་འགྲུབ་པར་འགྱུར་རོ། །འབྱུང་བ་ཡང་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་ན་འབྱུང་བ་ཆེན་པོ་སྟེ། ཁམས་ གསུམ་པའི་རྣམ་པར་དག་པ ་གང་ཡིན་པའི་ཀུན་དུ་རྟོག་ པ་དེ་ལས་བྱུང་བ་ནི་འབྱུང་བ་ཆེན་པོ་ལས་བྱུང་བའོ། །ཐམས་ཅད་ནི་ཁམས་གསུམ ་པའོ། །མི་གཙང་ཞེས་ནི་ཅིའི་ཕྱིར་བརྗོད། །ཅེས་བྱ་བ་ནི། ཅིའི་ཕྱིར་ཞེས་བྱ་བ་ནི་སྤོང་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། ཁམས་ གསུམ་པའི་རྣམ་པ ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ནི་དོན་དམ་པར་ན་མ་སྐྱེས་པ་སྟེ། དེ་ལས་བྱུང་བས་ན་ཁམས་ གསུམ་པའོ། །གདོན་མི་ཟ་བར་མ་སྐྱེས་པ ་དེའི་ཕྱིར་ཆོས་ཅན་མེད་པས་ཆོས་མི་གཙང་བའི་མཚན་ཉིད་དང༌། གཙང་བའི་དངོས་པོ་ཡང་མེད་པ་དེའི་ཕྱིར་ཆོས་ཅན་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ངེས་པ་བསྐྱེད་ནས། མཉམ་པར་སྦྱོར་བ་ལ་སོགས་པའི་བསྒོམ་པ་ནི་གཟུགས་བརྙན་དང་མཚུངས་པར་བྱའོ། །དངོས་པོ་མངོན་པར་ཞེན་པ་མེད་པས་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མུ་སྟེགས་ཅན་རྣམས་གཞོམ་པའི་ཕྱིར། །ཞེས་བྱ་བ་ནི་མུ་སྟེགས་ཅན་དངོས་པོར་འཛིན་པའི་མངོན་པར་ཞེན་པའོ། །རང་དང་གཞན་གྱི་རྒྱུད་དུ་རྟོགས་པའི་སེམས་དང་སེམས་ལས་བྱུང་བ་དེ་དག་གཞོམ་པ་ནི་དངོས་པོར་འཛིན་པ་འདི་སྤངས་པའོ། །དེའི་དོན་བརྗོད་པ་ནི་བཤད་མ་ཐག་པའི་དོན་བརྗོད་པས་ངེས་པར་དངོས་གྲུབ་ཐོབ་པར་འགྱུར་བའོ། །བུད་མེད་ནི་ནོར་བུ་ཆེན་པོའི་རིགས་དེའི་གཟུངས་རྣམས་སོ། །ཆགས་ང་ནི་ཕུལ་དུ་བྱུང་བའི་ཆགས་པའོ། །རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། སེམས་ཅན་གྱི་རྣལ་འབྱོར་བསྒོམ་པ་དེ་རྣམས་སོ། །བུད་མེད་ལ་ཆགས་པ་དེའི་ཕྱིར་ལྷན་ཅིག་ཏུ་གྱུར་པའི་རྒྱུས་སོ། །རིན་ཆེན་རྣམས་ནི་ནོར་བུ་ཆེན་པོའི་རིགས་ཀྱི་རང་བཞིན་རྣམས་སོ། །རྟག་ཏུ་ལེགས་
པར་བསགས་པར་བྱ། །ཞེས་བྱ་བ་ནི་ནོར་བུ་ཆེན་པོའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རིན་པོ་ཆེ་རྣམས་བསགས་པ་ནི་རྟོགས་པའོ། །བྱམས་པ་ནི་བསྐྱེད་པའོ། །གང་གི་ཕྱིར། བུད་མེད་བླ་མེད་རིན་ཆེན་རྣམས། །ཞེས་བྱ་བ་ཡིན་པ་དེའི་ཕྱིར་བསམ་པ་ནི་ངེས་པ་བསྐྱེད་པའོ། །ནོར་བུ་ཆེན་པོའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་རྣལ་འབྱོར་བསྒོམས་ན་འགྲུབ་པར་འགྱུར་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་འགྲུབ་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་རིགས་ཀྱི་གསང་བའི་དངོས་གྲུབ་ཀྱི་རྒྱུད་བསྟན་ནས། ད་ནི་གཟུངས་ཀྱི་མཉམ་པར་སྦྱོར་བའི་བསྒོམས་པ་ལས་བྱུང་བའི་བདེ་བ་ཕུལ་བའི་ཡང་དག་པར་སྦྱོར་བ་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་མཆོད་པའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ནི་ལྷ་མོ་དང་མཉམ་པར་སྤྱོར་བ་བསྒོམས་པ་ལས་བྱུང་བའི་བདེ་བས་མཆོད་པར་བྱ་སྟེ། དེ་ཉིད་ནི་གསང་བའོ། །དེའི་དངོས་གྲུབ་ནི་དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་རྣམས་དང༌། ཕྱག་རྒྱ་ཐམས་ཅད་རྫོགས་ཤིང་མངོན་སུམ་དུ་བྱེད་པའོ། །བུད་མེད་རྣམས་ཀྱིས་ཡོངས་བསྐོར་ལ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུངས་ཀྱི་བུད་མེད་དེ་རྣམས་ཀྱིས་ཡོངས་སུ་བསྐོར་བར་གྱུར་པའོ། །ཀུན་ནས་བརྩེ་བའི་བདེ་བ་ཡིས། །ཞེས་བྱ་བ་ནི་གཟུངས་ཀྱི་ལྷ་མོ་དང་མཉམ་པར་སྦྱོར་བའི་བསྒོམས་པ་ལས་བྱུང་བའི་བདེ་བ་ནི་ཀུན་ནས་བརྩེ་བའི་བདེ་བའོ། །སངས་རྒྱས་མཆོད་ཕྱིར་ཕུལ་ན་ཡང༌། །ཞེས་བྱ་བ་ནི་གཟུངས་ཀྱི་ལྷ་མོ་དང་མཉམ་པར་སྦྱོར་བའི་བསྒོམས་པ་ལས་བྱུང་བའི་བདེ་བ་དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་ནི་སངས་རྒྱས་ལ་ཕུལ་བའི་རྒྱུས་སངས་རྒྱས་ཉིད་ཐོབ་པོ། །རྒྱུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞིག་ཏུ་འགྱུར་ཞེ་ན། མཆོད་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་
བྱ་བ་སྨོས་ཏེ། མཆོད་པར་གྱུར་པ་ནི་མཆོད་པའི་དངོས་གྲུབ་སྟེ། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་རྣམས་རྟོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རྣལ་འབྱོར་བ་གཟུངས་ཀྱི་སྒྲུབ་པ་པོས་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། གཟུངས་ཀྱི་སྙིང་བོ་བརྗོད་ཅིང་རིག་པའི་ལྷ་མོའི་གཟུགས་ཀྱིས་བདག་ཉིད་ཡོངས་སུ་བསྐོར་ཞིང་བཞག་ལ། མཉམ་པར་སྦྱོར་བ་བསྒོམ་པས་ལོངས་སྤྱད་ལ་དེ་ནས་དེ་བསྒོམས་ཏེ། དེ་དང་དེ་བསྒོམས་པ་ལས་སྐྱེས་པའི་བདེ་བ་གང་ཡིན་ལ་དེས་སེམས་ཅན་གྱི་ཁམས་ཐམས་ཅད་བདག་ཉིད་དང་མཚུངས་པར་བསྒོམས་ལ་དེ་ལྟ་བུའི་བདེ་བ་དེ་སངས་རྒྱས་ལ་མཆོད་པའི་ཕྱིར་དབུལ་བར་བྱའོ། །རབ་དགའ་གང་དེ་སྐྱེས་པ་ན། །རབ་དགའ་ལས་བྱུང་བདེ་བ་དེ། །ཕྱག་བཞི་པོས་ནི་མཆོད་པའི་ཕྱིར། །ཕུལ་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་པས་རང་གི་གཟུངས་དང༌། མཉམ་པར་སྦྱོར་བར་བསྒོམས་པ་ལས་བྱུང་བའི་དགའ་བས་ངལ་ཞིང་སྐྱོ་ན་དེའི་བདེ་བ་དེ་ས་ངལ་ཞིང་སྐྱོ་བའོ། །དེ་བསྒོམས་པ་ལས་བྱུང་བའི་བདེ་བ་ནི་རབ་ཏུ་དགའ་བའི་བདེ་བ་ཉིད་དེ། ཕྱག་བཞི་པོ་ཡིས་མཆོད་པའི་ཕྱིར་ངེས་པར་ཕུལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་དེ། རང་གི་གཟུངས་ཀྱི་ཕྱག་རྒྱ་བཅིངས་ནས་རང་གི་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་པ་ཐམས་ཅད་དང་ལྷན་ཅིག་མཉམ་པར་སྦྱོར་བར་བསྒོམས་ལ། ཇི་སྲིད་དུ་སྐྱོ་ཞིང་ངལ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བྱའོ། །སྐྱོ་བར་གྱུར་ན་ཕྱག་བཞི་བྱས་ལ་དེ་ནས་ངལ་བསོ་བར་བྱའོ། །དེ་ལྟར་ཡང་དང་ཡང་དུ་བསྒོམས་ནས་ཡང་དང་ཡང་དུ་བསྒོམ་ཞིང་ཕྱག་བྱ་སྟེ་བསྙེན་པ་སྔོན་དུ་འགྲོ་བས་བསྒྲུབ་པར་བྱའོ། །རྡོ་རྗེ་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་
ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ནི་ཧཱུཾ་གི་དམ་ཚིག་གོ །དེ་བཅིངས་ནས། སྐྱེ་བོ་བུད་མེད་འཁྱུད་ནས་ཀྱང༌། །ཞེས་བྱ་བ་ནི་རང་གི་གཟུངས་ཀྱི་ལྷ་མོ་དང་མཉམ་པར་སྦྱོར་བར་བསྒོམས་ལ། དེ་དང་འཁྱུད་པར་གྱུར་བའི་བདེ་བ་དེ། ཕུལ་ནས་དེ་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཁམས་ཐམས་ཅད་རང་གི་རང་བཞིན་དུ་བྱས་ལ། དེ་ལྟ་བུའི་བདེ་བ་དེ་ཕུལ་ན་དེ་འགྲུབ་པར་འགྱུར་རོ། །འཇིག་རྟེན་དབང་པོར་བདག་བསྒོམས་ལ། །ཞེས་བྱ་བ་ལ་སོགས་པ་ནི་འགྲོ་བ་འདུལ་བ་ལ་སོགས་པ་རྣལ་འབྱོར་སྔ་མ་བཞིན་དུ་བྱས་ལ། །ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས། འཇིག་རྟེན་དབང་ཕྱུག་བདག་ཡིན་ནོ་ཞེས་བྱ་བའི་ང་རྒྱལ་བསྐྱེད་བར་བྱའོ། །པདྨའི་རིགས་ཀྱི་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རང་གི་གཟུངས་ཀྱི་ལྷ་ལ་སྔ་མ་བཞིན་དུ་རྡོ་རྗེ་ལྟ་བས་བལྟས་པ་དེ་བསྒོམས་པ་ལས་བྱུང་བའི་བདེ་བས་ཚིམ་པ་དེས་སེམས་ཅན་གྱི་ཁམས་ཐམས་ཅད་ཡིད་ཀྱིས་འཇིག་རྟེན་དབང་ཕྱུག་ཏུ་བྱས་ཏེ། སྡུག་པའི་གདོང་དུ་བལྟས་ཤིང་ངེས་པར་བསམས་ལ། ཕྱིས་ལྷན་ཅིག་ཏུ་མཉམ་པར་སྦྱོར་བར་བསྒོམ་པར་བྱའོ། །ནོར་བུའི་རིགས་ཆེན་པོའི་ཕྱག་རྒྱ་ཐམས་ཅད་ཀྱང་གཟུངས་ཀྱི་ཕྱག་རྒྱ་ཐམས་ཅད་ནི་ལས་ཀྱི་ཕྱག་རྒྱའོ། །དེའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གཟུངས་ཀྱི་ཕྱག་རྒྱ་བཅིངས་པ་ནི་ལས་ཀྱི་ཕྱག་རྒྱ་འཛིན་པར་གྱུར་པའོ། །རྒྱན་རྣམས་ཀུན་གྱིས་ནི་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་རྒྱན་གང་ཡིན་པ་དེ་རྣམས་ཀྱིས་བདག་ཉིད་ལ་ཡིད་ལས་བྱུང་བའོ། །ཡོད་ན་ཕྱི་རོལ་གྱི་རྒྱན་ཀུན་གྱིས་རྣམ་པར་བརྒྱན་པའོ། །བུད་མེད་འཁྱུད་པའི་ལོངས་སྤྱོད་ནི། །ཞེས་བྱ་བ་ལ། རང་གི་གཟུངས་ཀྱི་ལྷ་མོ་དང་མཉམ་པར་སྦྱོར་བས་འཁྱུད་པར་བསྒོམ་པར་བྱའོ། །མཆོད་པའི་ཕྱིར་ནི་མཆོད་པའི་རྒྱུ་མཚན་ནོ། །དེ་བཞིན་གཤེགས་པ་ལ་སོགས་པ་སེམས་ཅན་གྱི་ཁམས་རྣམས་རང་གི་ངོ་བོར་བསྐྱེད་ལ། དེ་ཉིད་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་ཅན་གྱི་ཁམས་ལ་ཕུལ་ན་ནོར་བུ་ཆེན་པོའི་རིགས་ཀྱི་གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་
བསྒྲུབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་ནོར་བུ་ཆེན་པོའི་རིགས་ཀྱི་རྣལ་འབྱོར་བྱས་ནས། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཕྱིས་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་བའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ལ། རང་གི་གཟུངས་ཀྱི་ལྷ་མོ་མདུན་དུ་བསམས་ཏེ། ཇི་ལྟ་བ་བཞིན་དུ་འཁྱུད་པས་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་ཅན་གྱི་ཁམས་ཐམས་ཅད་རང་གི་རང་བཞིན་དུ་བྱའོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་མཆོད་པའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་བཤད་ནས། ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གསང་བའི་མཆོད་པ་ནི་སྒེག་མོ་ལ་སོགས་པའི་མཆོད་པའོ། །དེ་རྣམས་ཀྱི་དངོས་གྲུབ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐོབ་པའོ། །ཅི་ནས་སུས་ཀྱང་མི་ཚོར་བར། །གཞན་གྱི་བུད་མེད་རྩེ་བྱེད་ན། །ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་བུད་མེད་ནི། གཞན་མཆོག་ཏུ་གྱུར་པའི་བུ་མོ་ནི་གཞན་གྱི་བུད་མེད་དེ། གཟུངས་ཀྱི་ལྷ་མོ་དེ་དེ་དང་རྩེ་བར་བྱེད་པ་ནི་མཉམ་པར་སྦྱོར་བ་སྒོམ་པའི་སྦྱོར་བས་དེ་བསྟེན་པའོ། །ཅི་ནས་སུས་ཀྱང་མི་ཚོར་བ་ནི་རང་གི་རྒྱུད་དང་རྗེས་སུ་མཐུན་པའི་ཡུལ་ནི་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་མ་ཡིན་པའོ། །འདི་སྐད་སྟོན་པ་ཡིན་ཏེ། གཟུངས་ཀྱི་སྒྲུབ་པ་པོ་སློབ་དཔོན་འབའ་ཞིག་གམ། ཡིད་ཆེས་པ་དང་བྱ་བ་ཡིན་གྱིས། གཞན་དང་ནི་མ་ཡིན་ནོ། །སངས་རྒྱས་སུ་ནི་བདག་བསྒོམས་ལ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པར་བདག་ཉིད་བསྒོམ་བར་བྱའོ། །མཆོད་པའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ནི་མཆོད་པའི་དངོས་གྲུབ་དེ་ཐོབ་བར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་
བདུག་པ་མ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བཞི་བྱའོ། །ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། གཟུངས་ཐམས་ཅད་སྦྲུལ་ལ། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྒེག་མོ་ལ་སོགས་པའི་མཆོད་པ་རྣམ་པ་བཞིས་བདག་ཉིད་ཡང་དག་པར་མཆོད་ལ། གཟུངས་ཀྱི་ལྷ་མོ་ཐམས་ཅད་དང་མཉམ་པར་སྦྱོར་བར་བསྒོམ་པར་བྱའོ། །རྡོ་རྗེ་འཇོམས་བྱས་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་གའི་རྗེས་སུ་སྤྱད་ནས། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་གཟུངས་ཀྱི་ཕྱག་རྒྱ་ཆེན་པོའམ། དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་བཅིངས་ཏེ། །རང་གི་སྙིང་པོས་རང་གི་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་ལ། གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་བཞི་ལས་ཀྱི་ཕྱག་རྒྱའི་གར་ལས་བྱུང་བའི་བདག་ཉིད་ཡང་དག་པར་མཆོད་པར་བྱའོ། །དེ་ནས་འདོད་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་ལ་ཆགས་པའོ། །དགའ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཐབས་དང་ཤེས་རབ་བསྒོམས་བ་ལས་བྱུང་བ་མགུ་བའོ། །འདི་ཉིད་བསྒོམ་པའི་རྣལ་འབྱོར་པས་ནམ་མཁའ་དང་མཉམ་པའི་དེ་བཞིན་གཤེགས་པའི་རིགས་རྟོགས་པས་དབང་བསྐུར་བའོ། །དེ་ཉིད་བསྒོམ་པའི་རྣལ་འབྱོར་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྒྲ་བརྙན་དང་མཚུངས་པའི་སྒྲ་ལ་བཟོད་པ་གང་ཡིན་པ་འདི་ནི་གླུ་མའོ། །དེ་ཉིད་བསྒོམས་པས་རང་བཞིན་གྱིས་འོད་གསལ་བའི་ཆོས་གདོད་མ་ནས་དག་པ་ནི་ནམ་མཁའ་དང་མཚུངས་པ་ཡིན་ནོ་སྙམ་པའི་བརྩོན་འགྲུས་ནི་གར་མའོ། །དེ་རྣམས་གོམས་པའི་སྟོབས་ལས་བྱུང་བའི་བདེ་བ་ནི་འདོད་པ་དགའ་བས་དབང་བསྐུར་བ་མཆོག་གླུའི་གར་གྱིས་བདེ་བའོ། །དེ་ལས་ནི་དེ་ལྟར་གྱུར་པ་དེ་ལས་སོ། །
བདེ་བ་གཞན་ནི་ཡོད་མིན་ཏེ། །ཞེས་བྱ་བ་ནི་གསང་བའི་མཆོད་པ་བཞིར་བརྗོད་པ་དེ་ལས་སོ། །དེ་ལྟར་བདག་ཉིད་ཡང་དག་པར་མཆོད་ལ། གཟུངས་ཀྱི་ལྷ་མོ་ཐམས་ཅད་དང་མཉམ་པར་སྦྱོར་བར་བསྒོམ་པར་བྱའོ། །ཆོ་ག་ཇི་བཞིན་ཚུལ་དུ་ཡང༌། །ཞེས་བྱ་བ་ལ་སོགས་ པ་སྔ་མ་བཞིན་དུ་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རང་གི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་པོས་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་ནས། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་བཞིས་བདག་ཉིད་ཡང་དག་པར་མཆོད་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། འཁྱུད་པས་གཟུངས་ཀྱི་སྐྱེ་བོ་སྡུག་པ་ཐམས་ཅད་དང་མཉམ་པར་སྦྱོར་བ་བསྒོམ་པར་བྱའོ། །གསང་བའི་ཚུལ་ནི་ཇི་བཞིན་པར། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞི་བྱ་བའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་འགྲོ་བ་འདུལ་བ་ལ་སོགས་པའི་ཕྱག་རྒྱ་བཅིངས་ཏེ། རང་གི་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་ལ། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་རྣམ་པ་བཞིས་བདག་ཉིད་ཡང་དག་པར་མཆོད་ལ། གཟུངས་ཐམས་ཅད་དང་མཉམ་པར་སྦྱོར་བར་བསྒོམ་པར་བྱའོ། །གསང་བའི་ཚུལ་ནི་ཇི་བཞིན་པར། །ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ནོར་བུའི་རིགས་ཀྱི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་རང་གི་གཟུངས་ཀྱི་ཕྱག་རྒྱ་བཅིངས་ལ་རང་གི་གཟུངས་ཀྱི་དཀྱིལ་འཁོར་ལ་རང་གི་སྙིང་གའི་རིན་པོ་ཆེ་ལས་སྤྲུལ་ནས་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིན་ཆེན་སྒེག་མོ་
ལ་སོགས་པའི་ཕྱག་རྒྱ་རྣམ་པ་བཞིས་བདག་ཉིད་ཡང་དག་པར་མཆོད་པར་བྱའོ། །དེ་ལྟར་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་རབ་ཏུ་མཆོད་ལ། དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་དང༌། ནམ་མཁའི་སྙིང་པོའི་རྣལ་འབྱོར་པས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱས་ནས། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །སྔར་བཤད་པའི་ཚུལ་གྱིས་གཟུངས་ཐམས་ཅད་དང་མཉམ་པར་སྦྱོར་བར་བསྒོམས་ཏེ། ཡང་ན་རང་གི་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་ལ་རང་གི་གཟུངས་རེ་རེ་ཞིང་མདུན་དུ་བཞག་ལ། བསྡུ་བ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་དེ། ཕྱག་རྒྱ་བཞིས་རྒྱས་བཏབ་ལ། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ལ། གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྒེག་མོ་ལ་སོགས་པ་རྣམས་བརྒྱད་ཀྱི་ཕྱག་རྒྱ་དང་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་བཅུ་དྲུག་གིས་ཡང་དག་པར་མཆོད་ལ་ཕྱག་བཞི་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱ་བསྒོམ་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་བསྟན་ནས། ད་ནི་སེམས་ཡོངས་སུ་སྦྱོང་བའི་ལས་ཀྱི་ཡེ་ཤེས་དང༌། གཟུངས་ཀྱི་ཡེ་ཤེས་ཉིད་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་རྣལ་འབྱོར་པས་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ལྷ་བསྐྱེད་པའི་རྒྱུར་གྱུར་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དེ་ཁོ་ན་ཉིད་བརྗོད་པའི་རྒྱུ་ནི། དེ་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དང༌། རིགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ། །དེ་དག་བརྗོད་པ་ནི་གསལ་བར་བྱེད་པའོ། །དེ་ཉིད་ནི་གསང་བ་སྟེ། དེའི་དངོས་གྲུབ་ནི་དཀྱིལ་འཁོར་ཆེན་པོར་བཤད་པའི་ལུས་ཀྱི་ཕྱག་རྒྱ་ཐམས་ཅད་བསྐྱེད་པའོ། །དེ་སྟོན་པར་བྱེད་པ་ནི་རྒྱུད་དེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །མདོར་ན་ཏིང་
འཛིན་ཡེ་ཤེས་གནས། །ཞེས་བྱ་བ་ནི་ཏིང་ངེ་འཛིན་ཡེ་ཤེས་སུ་གྱུར་པ་ནི་སངས་རྒྱས་སོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །དེ་ལྟར་གྱུར་པའི་ཏིང་ངེ་འཛིན་ངེས་པ་ནི་ཡེ་ཤེས་དེ་ལས་བྱུང་ཞིང་བསྐྱེད་པའོ། །དེ་གང་ཞེ་ན། སངས་རྒྱས་ཉིད་དོ། །སངས་རྒྱས་ཉིད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའོ། །ཏིང་ངེ་འཛིན་གྱི་ཡེ་ཤེས་ལས་བྱུང་བ་ཁོ་ན་སངས་རྒྱས་ཉིད་དོ། །མདོར་ན་ནི་མདོར་བསྡུས་པའོ། །མདོར་ན་ཏིང་ངེ་འཛིན་ཡེ་ཤེས་ཀྱི་གནས་དེ་གང་ཡིན་ཞེ་ན། འོན་ཀྱང་སེམས་ཅན་རྣམས་ལ་ཆགས་ཚུལ་གྱིས། །ཞེས་བྱ་བ་སྨོས་ཏེ། སངས་རྒྱས་རྣམས་ཀྱིས་སེམས་ཅན་ཀུན། །ཐམས་ཅད་གཟི་ཅན་ཉིད་དུ་ནི། །ཇི་ལྟ་བ་བཞིན་འདུལ་བ་ཡིས། །ལས་རྣམས་ཐམས་ཅད་གྲུབ་པར་བྱེད། །ཅེས་བྱ་བ་བསྒོམས་པ་འདི་ནི་སེམས་ཅན་ལ་ཆགས་པའི་རྣལ་འབྱོར་རོ། །སེམས་ཅན་ལ་ཆགས་པའི་སྦྱོར་བ་དེས་མྱུར་ཞིང་མགྱོགས་པར་བླ་ན་མེད་པ་ཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་སོ། །འདི་སྐད་སྟོན་པ་ཡིན་ཏེ། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀཱ་རོ་མི་ཞེས་བརྗོད་ཅིང༌། ཆོས་ཐམས་ཅད་བདག་མེད་པར་བསྒོམས་པས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་ཏེ། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དེར་འགྱུར་རོ། །དེའི་རྗེས་ལ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྐྱེད་ནས་བརྩམས་ཏེ། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡ་མི། ཨོཾ་ཏིཥྛ་བཛྲ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་ཡ་ཐ་སརྦྦ་ཏ་ཐཱ་ག་ཏ་ཏིཥྛ་ཧཾ། ཞེས་བྱ་བའི་སྙིང་པོ་བཞི་བརྗོད་ཅིང༌། དེའི་དོན་བཞི་ལ་ངེས་པའི་ཡེ་ཤེས་དེ་ལྟ་བུར་གྱུར་པའི་ཏིང་ངེ་འཛིན་གྱི་ཡེ་ཤེས་དག་ལས་བྱུང་བའི་སངས་རྒྱས་སུ་ངེས་པར་བྱས་ཏེ། ཕྱག་བཞི་པའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་དེ་བཞིན་གཤེགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཉིད་ལ་སོགས་པ་སྟེར་བར་རྣམ་པར་བསམས་ལ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམས་པ་དེ་ལྟ་བུས་དེ་བཞིན་གཤེགས་པ་ཉིད་ཐོབ་པར་འགྱུར་རོ། །སེམས་ཅན་ཐོག་
མ་ཐ་མ་མེད། །ཅེས་བྱ་བ་ལ། ཐོག་མ་ནི་དང་པོ་སྐྱེ་བ་སྟེ། ཐ་མ་ནི་ཉིང་མཚམས་སྦྱོར་བ་དང་འཇོག་པའོ། །དེ་མེད་པས་ཐོག་མ་དང་ཐ་མ་མེད་པ་གང་ཡིན་པ་འདི་ནི་ཐོག་མ་དང་ཐ་མ་མེད་པའོ། །དེ་གང་ཡིན་ཞེ་ན། སེམས་ཅན་ནོ་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །གང་ལ་ཐོག་མ་ཐ་མ་འདི་མེད་ན། ཇི་ལྟར་དེ་ནི་སྐྱེ་བ་རྣམ་པར་འཇོག་པར་བྱེད་ཅེ་ན། ནམ་མཁའ་ལས་བྱུང་མཚན་ཉིད་དེ། །ཞེས་བྱ་བ་སྨོས་ཏེ། དཔེར་ན་རྩིག་པ་འགའ་ཞིག་པས་ནམ་མཁའ་བྱའོ་ཞེས་བྱ་བ་བཞིན་དུ་རྩིག་པ་བཤིག་པར་བཤད་པ་ནི། རྩིག་པ་བསལ་བས་ནམ་མཁའ་བྱ། །ཞེས་བྱ་བ་བཤད་དོ། །དེ་ལྟར་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ནི་རྩིག་པའི་དབྱིབས་དང་མཚུངས་པ་བཤིག་ནས། ཆོས་བདག་མེད་པའི་ཡེ་ཤེས་ཀྱིས་སྐྱེས་བུའི་དབྱིབས་ཀྱི་ཚུལ་དུ་སྐྱེས་པས་ན་སེམས་ཅན་ནི་རྡོ་རྗེ་སེམས་དཔའོ་ཞེས་ཤས་པར་བྱའོ། །ཀུན་དུ་བཟང་པོ་ནི་བྱང་ཆུབ་ཀྱི་སེམས་ཅན་ནམ་མཁའི་ཁམས་ཐམས་ཅད་དུ་རྟག་ཏུ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེ་དང་མཚུངས་པར་གྱུར་པ་ནི་ཀུན་དུ་བཟང་པོའོ། །དེ་སྐད་དུ་ཡང༌། ཐོག་མ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཞེས་བཤད་དོ། །ཀུན་བདག་ཉིད་ཅེས་བྱ་བ་ནི་ཁམས་གསུམ་པོ་ཐམས་ཅད་ན་ཀུན་དུ་སྤྱོད་པའི་སེམས་ཅན་གྱི་རང་བཞིན་གྱི་བདག་ཉིད་ནི། ཀུན་བདག་ཉིད་དེ་ཁམས་ གསུམ་པ ་རྡོ་རྗེ་སེམས་དཔའི་གཟུགས་དང་ཆོས་ཉིད་ཀྱིས་སོ། །འདོད་པ་ནི་འདོད་པར་བྱ་བས་ན་འདོད་པ་སྟེ། བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་རྡོ་རྗེ་སེམས་དཔའོ། །བྱང་ཆུབ་མངོན་དུ་གཉེར་བའི་རྣལ་འབྱོར་པ་རྣམས་ཀྱིས་ཐོས་པ་དང༌། བསམ་པ་དང༌། བསྒོམ་པའི་ཤེས་པ་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྲོ་བ་ཀུན་བདག་པོ་ཞེས་བྱ་བ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་རིགས་བརྒྱའི་དབྱེ་བས་ཕྱེ་བའོ། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དེ་ཡང་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་དེ་དང་དེར་སྐྱེས་པའོ།།
དེ་ལྟར་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་བཤད་ན། ད་ནི་དེ་ཐོབ་པར་བྱེད་པའི་ཐབས་ཀྱི་སེམས་ཡོངས་སུ་སྦྱོང་བའི་ལས་ཀྱི་ཡེ་ཤེས་གསུངས་པ་ནི། སེམས་ཅན་ཀུན་གྱི་སེམས་གང་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་པའོ། །ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་དེ་ལྟ་བུའི་རང་བཞིན་དེ་གང་ཡིན་ཞེ་ན། སེམས་ཅན་ཀུན་གྱི་སེམས་གང་ཡིན། །ཞེས་བྱ་བ་སྨོས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པའི་རང་བཞིན་སེམས་ཅན་ཀུན་གྱི་སེམས་གང་ཡིན་པ་དེ་ཉིད་ནི་བསྟན་པའི་ཕྱིར་ནི་སེམས་དཔའ་ཞེས་བརྗོད་དོ། །ཆོས་བདག་མེད་པ་བསྒོམས་པས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་པ་ནི་སྲོག་ཆགས་དང་སྲོག་ཆགས་མ་ཡིན་པ་དང༌། གཟུང་བ་དང༌། འཛིན་པའི་རྣམ་པར་རྟོག་པ་རྣམས་ཀྱིས་མི་གཡོ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མཉམ་པར་མཉམ་བཞག་ནས། །ཞེས་བྱ་བ་ནི་མཉམ་པར་གཞག་པའི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཏོ། །དེའི་རྩེ་གཅིག་པའི་རྣལ་འབྱོར་གྱིས་རྡོ་རྗེ་དང་མཉམ་པར་སྦྱོར་བ་ནི་དེ་བཞིན་ཉིད་དེ། དེ་བཞིན་ཉིད་དང་རྣམ་པར་མཚུངས་པའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། སེམས་ཅན་གྱི་རང་བཞིན་ཀུན་རྫོབ་ཏུ་བསྟན་པར་གྱུར་པ་གང་ཡིན་པ་དེ་ཉིད་དེ་བཞིན་ཉིད་དང༌། རོ་གཅིག་པར་སེམས་རྩེ་གཅིག་པའི་ངོ་བོ་ཉིད་ཡིན་པས་ན་རྡོ་རྗེ་དང་མཉམ་པ་ནི་དེ་བཞིན་ཉིད་དང་མཚུངས་པའོ། །འདི་ལྟར་དེ་བཞིན་ཉིད་ནི་དོན་གྱི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། མ་སྐྱེས་ཤིང་མི་སྐྱེ་བར་ཡང་མི་འགྱུར་རོ། །ཆོས་གང་ཡང་སྐྱེ་བ་མེད་པ་དེ་ལ་རེས་འགའ་ཞིག་ཀྱང་འགག་པར་མི་འགྱུར་བ་དེའི་ཕྱིར་རྡོ་རྗེའོ། །དེ་བཞིན་ཉིད་དང་རོ་གཅིག་པའི་ཡེ་ཤེས་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མི་བསྐྱོད་པ་དེ་བས་ན་རྡོ་རྗེ་དང་མཚུངས་པས་ན་རྡོ་རྗེ་ཞེས་བྱ་སྟེ། དེ་བས་ན་རྡོ་རྗེ་དང་མཉམ་པའོ། །ངེས་པར་རྡོ་རྗེ་ཉིད་འགྱུར་ཏེ། །ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ངེས་པ་དེའི་སྟེང་དུ་ཟླ་བ་གཉིས་པ་དང་བཅས་པའི་རང་གི་ལྷའི་སྙིང་པོ་ལས་རྡོ་རྗེ་རྩེ་ལྔ་པར་ངེས་པར་བྱའོ། །དེ་ནས་རྡོ་རྗེའི་ང་རྒྱལ་བསྒོམས་ནས།
ཨོཾ་བཛྲ་ཨ་ཧཾ་ཞེས་བྱ་བ་ལན་གསུམ་ངེས་པར་བྱའོ། །དེ་ལྟར་ལན་ གསུམ་ངེས་པ ་ལས་རྡོ་རྗེ་བསྒོམས་པས་ནི་རྡོ་རྗེ་ཉིད་དུ་འགྱུར། རྡོ་རྗེ་རྩེ་ལྔ་པའི་གཟུགས་བརྙན་ཉིད་ཀྱིས་བཤད་མ་ཐག་པ་གང་ཡིན་པ་ནི་རྡོ་རྗེ་དང་མཚུངས་པའི་སེམས་ཀྱི་ཁྱད་པར་ཐོབ་པར་འགྱུར་རོ། །སེམས་དཔའི་བྱིན་རླབས་ཚུལ་གྱིས་ནི། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །དེས་བྱིན་གྱིས་བརླབས་པ་ནི་བསྐྱེད་པའོ། །སེམས་དཔའ་བྱིན་གྱིས་བརླབས་པའི་སྦྱོར་བ་དེ་དག་ནི་ཚུལ་ལོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། བཤད་མ་ཐག་པའི་དེ་ཉིད་ཀྱིས་རྡོ་རྗེར་གྱུར་པའི་སེམས་ཀྱི་ཁྱད་པར་གྱིས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྐྱེད་ལ། བཛྲ་སཏྭ་ཨ་ཧཾ་ཞེས་ཡིད་ཀྱིས་བརྗོད་ཅིང༌། རྣལ་འབྱོར་པས་རྡོ་རྗེ་སེམས་དཔར་མོས་པ་གང་ཡིན་པ་དེ་ནི། སེམས་དཔར་བྱིན་བརླབས་ཚུལ་གྱིས་ནི། །ཞེས་བྱའོ། །སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བ་དེས་རྡོ་རྗེར་གྱུར་པའི་རྣལ་འབྱོར་པས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་རྡོ་རྗེ་སེམས་དཔའ་ཉིད་དུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་གི་སྒྲ་ནི་རྡོ་རྗེའི་བདག་ཉིད་ཀྱི་གཟུགས་ལ་ལྟོས་པའོ། །དེ་ལྟར་ན་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་གཟུགས་ཡོངས་སུ་བརྟག་ཅིང༌། སངས་རྒྱས་སུ་བྱས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ། །དེ་ལྟར་རྣལ་འབྱོར་པས་རིགས་ཐམས་ཅད་ཀྱི་ལྷའི་སྐུའི་གསང་བ་བསྐྱེད་པའི་རྒྱུར་གྱུར་པ་སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བ་བཤད་ནས། ད་ནི་དེ་བཞིན་གཤེགས་པ་བསྒོམས་པས་ཀྱང་དེ་བཞིན་གཤེགས་པའི་གཟུགས་སུ་ཡོངས་སུ་བརྟགས་ཤིང་བསྒྲུབས་པས་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་སེམས་དཔའ་དེ་ཉིད་ནི། །ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་སེམས་དཔའོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ། །འདི་ལྟར་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་
མཚན་ཉིད་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཐམས་ཅད་དུས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དུ་ཉོན་མོངས་བ་དང་ལྷའི་བུ་དང༌། ཕུང་བོ་དང༌། འཆི་བདག་གི་བདུད་ཐམས་ཅད་འཇོམས་པས་ཐོག་མ་དང་ཐ་མ་མེད་བའི་གཟུགས་ཉིད་ཀྱིས་དེ་དང་དེ་དག་གི་སྐབས་མི་དབྱེ་བའི་ཕྱིར་རོ།། སེམས་དཔའ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཉིད་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་འདོད་པ་ཞེས་བྱ་བ་ནི་རྡོ་རྗེ་ཡང་ཡིན་ལ་འདོད་པ་ཡང་དེ་ཡིན་པས་ན་རྡོ་རྗེ་འདོད་པ་སྟེ། བྱང་ཆུབ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །འདོད་པ་དེ་དག་གང་ཡིན་ཞེ་ན། དེ་བཞིན་གཤེགས་ཞེས་བྱ་བ་སྨོས་ཏེ། དོན་ཅི་ལྟ་བ་བཞིན་དུ་རྣམ་པར་གནས་པའི་དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པའི་སངས་རྒྱས་ནི་དེ་བཞིན་གཤེགས་པའོ། །གཤེགས་པའི་དོན་ནི་མཁྱེན་པའི་དོན་ཏོ། །དེ་ཇི་ལྟར་དེ་བཞིན་གཤེགས་པ་ཡིན་ཞེ་ན། རང་སེམས་སོ་སོར་རྟོགས་ལ་སོགས།། སངས་རྒྱས་བྱང་ཆུབ་ཆོ་ག་བཞིན། །ཞེས་བྱ་བ་ནི་རང་གི་སེམས་ཀྱི་བདག་ཉིད་ནི་རང་གི་སེམས་ཏེ། རང་གི་རྣམ་པར་ཤེས་པ་དེ་སོ་སོར་རྟོགས་པས་སྒྱུ་མ་ལྟ་བུ་ཉིད་དུ་མངོན་སུམ་དུ་མཛད་པའོ། །དེ་ཉིད་དང་པོར་བྱས་པ་གང་ཡིན་པ་དེ་ནི་སངས་རྒྱས་བྱང་ཆུབ་སྟེ། རང་སེམས་སོ་སོར་རྟོགས་པའི་བྱང་ཆུབ་བོ། །རང་གི་སོ་སོར་རྟོགས་པ་ལ་སོགས་པའི་བྱང་ཆུབ་དེ་ཇི་ལྟ་བ་ཡིན་ཞེ་ན། སངས་རྒྱས་བྱང་ཆུབ་ཆོ་ག་བཞིན། །ཞེས་བྱ་བ་སྨོས་ཏེ། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀཱ་རོ་མི། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡ་མི། ཨོཾ་ཏིཥྛ་བཛྲ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་ཡ་ཐ་སརྦྦ་ཏ་ཐཱ་ག་ཏ་ཏ་སྠ་ཨ་ཧཾ། ཞེས་བྱ་བའི་སྙིང་པོ་ལྔ་བརྗོད་ཅིང༌། དོན་རྣམ་པ་ལྔ་བསྒོམས་པས་སངས་རྒྱས་ཀྱི་རྣམ་པར་རྟོག་པ་ནི་ཆོ་ག་ཇི་བཞིན་ཞེས་བྱ་བ་ནི་སྒྲའི་དོན་བརྗོད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་སངས་རྒྱས་ཀྱིས་རྣམ་པ་ལྔ་བསྒོམས་པའི་འབྲས་བུའི་ངོ་བོ་ནི་དེ་ཉིད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ཡིན་ནོ། །མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་འདི་ཉིད་ཀྱིས་རྡོ་རྗེ་ཆེན་པོ་སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བས། རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་དུ་སྤྱོད་པར་མི་བྱའོ་ཞེས་བཤད་པར་བྱའོ། །དེ་ཉིད་བཅོམ་ལྡན་དེ་བཞིན་གཤེགས། །ཐམས་
ཅད་ཀྱི་ནི་རིགས་སུ་འགྱུར། །ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་བསྒོམས་པའི་འབྲས་བུའི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །བཤད་པ་ཐག་པ་དེ་དག་དང་འབྲེལ་པའི་དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། པདྨ་དང༌། ནོར་བུའི་རིགས་ཀྱི་ངོ་བོར་བསྐྱེད་པའི་ཕྱིར་རིགས་སུ་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སོ་ཞེས་ཤེས་པར་བྱའོ། །གང་གི་ཕྱིར་དེ་ལྟར་རིགས་ཐམས་ཅད་ཀྱི་གཟུགས་སུ་བསྐྱེད་པ་འདི་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་པ་དེའི་ཕྱིར། དེ་བཞིན་གཤེགས་པའི་རིགས་དེ་ཉིད་རྒྱུད་གཞན་ཡིན་ནོ། །དེ་ལྟར་རྡོ་རྗེ་དང༌། པདྨ་དང༌། ནོར་བུའི་རིགས་དེ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །དེ་ལྟར་གང་གིས་གསུངས་ཤེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་འཁོར་ལོས་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྟེ། རྡོ་རྗེ་འཆང་ཆེན་པོའི་འཁོར་ལོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་རོ། །རྡོ་རྗེ་འཆང་ཆེན་པོ་དེའི་ངོ་བོ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཞེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་རྒྱུ་དང་འབྲས་བུའི་དོན་དམ་པའི་དེ་ཁོ་ན་ཉིད་ཇི་སྐད་གསུངས་པ་དེ་དག་རབ་ཏུ་གསལ་བར་བཤད་དོ། །དེ་ཉིད་ནི་གསང་བ་སྟེ། དེའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་པོ། །དེའི་ཆོ་ག་རྒྱས་བ་ནི་བསྒོམ་པའི་བྱེ་བྲག་སྣ་ཚོགས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཐལ་མོ་དང༌། རྡོ་རྗེ་བསྡམས་པ་ལ་སོགས་པ་ཉིད་ཇི་ལྟ་བ་བཞིན་དུ་བཅིངས་ཏེ། རྡོ་རྗེ་བསྡམས་པ་དྲལ་ལ། དེ་ནས་རྡོ་རྗེ་འབེབས་པ་བསྐྱེད་ལ། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིང་བར་བྱའོ། །དེའི་རྗེས་ལ་སྡིག་པ་ཐམས་ཅད་དྲལ་ཞིང་དེ་ནས་དེ་བཞིན་གཤེགས་པ་དང༌། རྡོ་རྗེའི་རིགས་དག་ནི་རྣལ་འབྱོར་པས་རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་བསམ་པར་བྱའོ། །པདྨའི་རིགས་ཀྱི་རྣལ་འབྱོར་པས་པདྨ་དང་ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་རྡོ་རྗེ་རིན་པོ་ཆེ་བསམ་པར་བྱའོ། །རང་གི་
མཚན་མ་དེ་རྣམས་ཀྱི་དབུས་སུ་རང་གི་བཟླས་པའི་ཡི་གེ་དེ་རྣམས་བཀོད་ལ་བརྗོད་ཅིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨཾ་ཨཿ་ཞེས་བྱ་བས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་ཁུ་ཚུར་གྱི་མཐར་ཐུག་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་དབྱངས་ཡིག་བཅུ་དྲུག་གི་ས་བོན་གྱི་ཡི་གེ་རྣམས་བཟླས་པའི་ཡི་གེ་དང་བཅས་པ་ལས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསམ་པར་བྱའོ། །དེའི་སྟེང་དུ་ཡང་བཟླས་པའི་ཡི་གེ་དང༌། ཡི་གེ་ཀ་ལ་སོགས་པ་སྐར་མའི་རྣམ་པ་ལྟ་བུ་གཅིག་ཏུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་གང་བ་གཉིས་པ་རྣམ་པར་སྣང་མཛད་ལ་སོགས་པོའི་དགེ་བའི་ཆོས་རྣམ་པར་སྣང་མཛད་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་མཐར་ཐུག་པའི་དགེ་བའི་སྨན་འཕེལ་བར་བྱེད་པ་དེ་དག་སྒྲུབ་པའི་རྒྱུར་གྱུར་པར་བསམ་པར་བྱའོ། །ཡང་ན་ཡི་གེ་མ་ནི་རྣམ་པར་སྣང་མཛད་བསྐྱེད་པའི་རྒྱུར་གྱུར་པའི་ས་བོན་ནོ། །ང་ཉ་ཎ་ན་ནི་མི་བསྐྱོད་པ་ལ་སོགས་པའོ། །ཡར་ལ་ཝ་ནི་རྡོ་རྗེ་སེམས་ལ་མ་སོགས་པ་རྣམས་ཀྱིའོ། །ཤ་ཥ་ས་ཧ་ནི་སྒེག་མོ་ལ་སོགས་པ་རྣམས་ཀྱིའོ། །ཡང་ཡར་ལ་ཝ་ནི་བདུག་པ་མ་ལ་སོགས་པ་རྣམས་ཀྱིའོ། །ཙ་ཚ་ཛ་ཛྷ་ནི་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་རྣམས་ཀྱིའོ། །ཀ་ཁ་ག་གྷ་ནི་སྒྱུ་མ་རྡོ་རྗེ་ལ་སོགས་པ་ནས་དབང་པོའི་མཐར་ཐུག་པ་རྣམས་ཀྱིའོ། །ཌ་ཋ་ཌ་ཌྷ་ནི་ཁྲོ་བོ་རྣམས་ཀྱིའོ། །ཏ་ཐ་ད་དྷ་ནི་ཚོགས་ཀྱི་བདག་པོ་རྣམས་ཀྱིའོ། །པ་ཕ་བ་བྷ་ནི་ཕོ་ཉ་རྣམས་ཀྱིའོ།། ལ་མ་ཀྵ་ཨ་རྣམས་ནི་བྲན་རྣམས་ཀྱི་སྟེ། ཀླུ་མཐར་ཐུག་པའི་བསྐྱེད་པའི་རྒྱུར་གྱུར་པའི་ས་བོན་ནོ། །དེ་ཉིད་ཀྱི་ཕྱིར་ཟླ་བའི་དཀྱིལ་འཁོར་གཉིས་པ་འདི་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་བསྐྱེད་པའི་རྒྱུར་གྱུར་བའི་ཕྱིར་དགེ་བའི་ཆོས་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཡང་ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་ཉིད་བཟླས་པའི་ཡི་གེ་དང་བཅས་པ་ལས་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱའོ། །རྡོ་རྗེ་དེ་ཉིད་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་མཚན་མའི་གཟུགས་སུ་གྱུར་པར་བྱའོ། །
རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་རྡོ་རྗེ་ཉིད་ཇི་ལྟར་བསམ་ཞིང་བསྒོམས་པ་དེ་བཞིན་དུ་ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་རྡོ་རྗེ་ཉིད་བསྒོམ་པར་བྱའོ། །དེ་ནས་རང་གི་མཚན་མ་དེའི་དབུས་སུ་བཟླས་པའི་ཡི་གེ་རྣམས་པར་བཀོད་པ་འདི་ཉིད་བརྗོད་ཅིང༌། རང་གི་མཚན་མའི་ཕྱག་རྒྱ་བསྒོམ་པར་བྱའོ། །རང་གི་མཚན་མ་ལས་བྱུང་བའི་རང་གི་རིགས་སྤྲུལ་ལ། ཕྱོགས་བཅུའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དེའི་རང་བཞིན་དུ་བསྐྱེད་ལ། དེ་ནས་དེ་རང་གི་མཚན་མ་ལ་གཞུག་པར་བྱའོ། །རང་གི་མཚན་མ་དེ་ལ་རང་གི་རིགས་ཀྱི་ལྷའི་རྡུལ་ཕྲ་རབ་བསགས་པ་ལས་བདག་ཉིད་བསྐྱེད་དེ། སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བས། བཛྲ་སཏྭ་ཨ་ཧཾ་ཞེས་བརྗོད་ཅིང༌། རང་གི་མཚན་མ་རྡོ་རྗེ་སེམས་དཔར་བདག་ཉིད་བསྐྱེད་ལ་བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང་ཡང་འདི་སྐད་ཅེས་བརྗོད་པར་བྱའོ། །བཛྲ་སཏྭ་ཨ་ཧཾ། དེ་བཞིན་བཛྲ་རཱ་ཛ་ཨ་ཧཾ་ཞེས་བྱ་བ་ལ་སོགས་པ་རང་གི་སྙིང་པོ་བརྗོད་ཅིང༌། རྡོ་རྗེ་སེམས་དཔའ་འམ། རྡོ་རྗེ་རྒྱལ་པོ་ལ་སོགས་པའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་རྡོ་རྗེ་གསོར་བ་ལ་མཐར་ཐུག་པ་ཉིད་ཀྱི་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་བདག་ཉིད་བསྒོམ་པར་བྱའོ། །དེ་ལྟར་བདག་ཉིད་ང་རྒྱལ་བསྐྱེད་དེ། མ་ཧཱ་ས་མ་ཡ་སཏྭ་ཨ་ཧཾ་ཞེས་བྱ་བ་སྤྱིའི་སྙིང་པོ་བརྗོད་ཅིང༌། རིགས་ཐམས་ཅད་ཀྱི་རྣལ་འབྱོར་པས་དམ་ཚིག་ཆེན་པོའི་སེམས་དཔའི་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་ས་མ་ཡོ྅ཧཾ་ཞེས་བརྗོད་ཅིང༌། དམ་ཚིག་གི་སེམས་དཔའི་ང་རྒྱལ་བསྐྱེད་ལ། དེ་ཉིད་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱས་སྙིང་ག་དང༌། མཛོད་སྦུ་དང༌། ལྐོག་མ་དང༌། སྤྱི་བོར་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བརྗོད་ཅིང་བྱིན་གྱིས་བརླབ་པར་བྱའོ། །རང་གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱས་སྙིང་ག་དང༌། མཛོད་སྦུ་དང༌། ལྐོག་མ་དང༌། སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་མཚན་མ་བཞི་བསྐྱེད་པས་བསམ་པར་བྱའོ། །དེ་ནས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་
བཅིང་བར་བྱའོ། །དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་པའི་རྣལ་འབྱོར་རྣམས་ཀྱ་རང་གི་སེམས་ཡོངས་སུ་སྦྱོང་བའི་ཡེ་ཤེས་ནི་འདི་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པས་ཐེ་ཚོམ་མི་བྱའོ། །དེ་བཞིན་གཤེགས་པའི་རྣལ་འབྱོར་པས་སྔ་མ་བཞིན་དུ་སྡིག་པ་དྲལ་ཞིང་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ལ། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ། ལག་པ་གཉིས་རྡོ་རྗེ་བསྡམས་པ་བཅིངས་ལ་པང་བར་བཀན་ཏེ། རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། རྡོ་རྗེ་དབུས་སུ། ཨོཾ་ཙིཏྟ་པྲ་ཏི་བེ་དྟཾ་ཀཱ་རོ་མི་ཞེས་བྱ་བ་ཡིད་ཀྱིས་བྲིས་ཏེ། མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་རང་གི་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ས་མ་ཡ་ཧཾ་ཞེས་བྱ་བས་དམ་ཚིག་གི་སེམས་དཔའི་ང་རྒྱལ་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱ་ཉིད་སྙིང་ག་དང་མཛོད་སྦུ་དང༌། ལྐོག་མ་དང༌། སྤྱི་བོར་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བརྗོད་ཅིང་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་རང་གི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཕྱིར་དང་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱི་རྣལ་འབྱོར་པ་ལ་བསྒོམ་པའི་གདམས་ངག་སྦྱིན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་བཤད་ནས། ད་ནི་རྣལ་འབྱོར་པའི་རང་གི་སེམས་ཡོངས་སུ་སྦྱང་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་མངོན་པར་བརྗོད་པའི་དངོས་གྲུབ་ཀྱི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ནི་ཇི་སྐད་དུ་བཤད་པ་དེ་དག་གོ །མཚན་མ་ནི་རྡོ་རྗེ་ལ་སོགས་པའི་གཟུགས་སོ། །དེ་མངོན་པར་འདོད་པ་ནི་དོན་དེའི་མིང་མངོན་པར་བརྗོད་པས་ན་མངོན་པར་བརྗོད་པ་ཞེས་བྱ་བའི་དོན་ཏོ། །དེའི་དངོས་གྲུབ་ནི་བསྐྱེད་པའོ། །མཚན་མ་ནི་ཕྱག་རྒྱའི་མིང་གི་དོན་གྱི་ངེས་པ་ནི་རྡོ་རྗེ་
དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་གཟུངས་རྣམས་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་སེམས་དཔའ་དེ་ཉིད་ནི། །ཞེས་བྱ་བ་ནི་རིགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྐྱེད་པ་གསང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་ཉིད་དུ་བཤད་ཟིན་པ་གང་ཡིན་པའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་ནི་དེ་བཞིན་གཤེགས་པའི་མཚན་མ་མངོན་པར་བརྗོད་པའི་གསང་བའི་དངོས་གྲུབ་བོ། །ཇི་ལྟར་གྱུར་པ་ཡིན་ཞེ་ན། རྡོ་རྗེ་སེམས་དཔ་སྟེ་ཟླ་བ་ཞེས་བྱ་བའི་དོན་ཏོ། །གང་དུ་གནས་པ་ཡིན་ཞེ་ན། ཐུགས་ལ་གནས་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་ཐུགས་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་གཟུགས་ཀྱིས་གནས་པ་ནི་ཐུགས་ལ་གནས་པའོ། །མཉམ་པར་གཞག་པས་ཏིང་འཛིན་ཏེ། །ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཏིང་ངེ་འཛིན་རྩེ་གཅིག་པ་ཡིན་པ་དེའི་ཕྱིར་ཏིང་ངེ་འཛིན་དེའི་རྒྱུ་ནི་མཉམ་པར་གཞག་པར་བྱའོ། །འདི་ལས་ཅི་ཞིག་བྱེད་ཅེ་ན། སངས་རྒྱས་བྱང་ཆུབ་རབ་སྒྲུབ་བྱེད། །ཅེས་བྱ་བ་སྨོས་ཏེ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་སངས་རྒྱས་ཀྱི་བྱང་ཆུབ་སྟེ། དེ་རབ་ཏུ་སྒྲུབ་ཅིང་སྐྱེད་པར་བྱེད་དོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པའི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་ཟླ་བ་རྡོ་རྗེའི་རང་བཞིན་དུ་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱིས་སྐྱེད་པར་བྱེད་པ་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་མའི་སྒྲའི་དོན་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པའི་སྒྲའི་མཚན་མའི་མངོན་པར་བརྗོད་པ་བསྟན་ནས། དེ་བཞིན་གཤེགས་པའི་རིགས་ཀྱི་རབ་ཏུ་རྟོགས་ཕྱིར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་རྡོ་རྗེ་སེམས་དཔའི་མཚན་མ་ཡིན་ཞེ་ན། རབ་ཏུ་རྟོགས་ཕྱིར་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་རབ་ཏུ་རྟོགས་པས་ན་རབ་ཏུ་རྟོགས་པ་སྟེ། བྱང་ཆུབ་པའི་མཚན་ཉིད་ཅན་གྱི་སེམས་ཁོང་དུ་ཆུད་པས་ན་རབ་ཏུ་རྟོགས་པའོ། །དེའི་ངོ་བོ་ཉིད་རབ་ཏུ་
རྟོགས་པ་ཉིད་ཡིན་པ་དེ་བས་ན་རབ་ཏུ་རྟོགས་ཕྱིར་རོ། །ལྕགས་ཀྱུ་ཡིན་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་པོའི་མཚན་མའོ། །ཅིའི་ཕྱིར་ལྕགས་ཀྱུར་བརྗོད་ཅེ་ན། གཟུང་བའི་ཚུལ་གྱིས་ཞེས་བྱ་བ་སྨོས་ཏེ། གཟུང་བའི་ཚུལ་གྱིས་བསྡུ་བའི་དངོས་པོས་སེམས་ཅན་རྣམས་བསྡུ་བའི་དངོས་པོར་སྦྱར་བ་དང༌། དེ་བཞིན་གཤེགས་པ་རྣམས་སྤྱན་འདྲེན་པའི་ཚུལ་གྱིས་སོ། །མདའ་ཡིན་ལ་ཞེས་བྱ་བ་ནི་རྡོ་རྗེ་ཆགས་པའི་མཚན་མའོ། །རྒྱུད་གང་ཡིན་ཞེ་ན། ཕྲ་མོ་རྟོགས་ཕྱིར་ཞེས་བྱ་བ་སྨོས་ཏེ། ཕྲ་བ་ནི་ཆོས་ཀྱི་དབྱིངས་དེ་རྟོགས་པའི་ཕྱིར་ཕྲ་མོ་རྟོགས་པའོ། །དེའི་དངོས་པོ་ཕྲ་མོ་རྟོགས་པ་དེའི་རྒྱུད་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ལེགས་ཞེས་བྱ་བ་ནི་རྡོ་རྗེ་ལེགས་པའི་མཚན་མའོ། །ཅིའི་ཕྱིར་ཞེན་མགུ་བར་གྱུར་ཕྱིར་ཞེས་བྱ་བ་སྨོས་ཏེ། ཡོངས་སུ་མགུ་བ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་པའི་རབ་ཏུ་དགའ་བ་གང་ཡིན་པ་དེ་ནི་ཡོངས་སུ་མགུ་པས་ན་ལེགས་པར་བྱེད་པ་ཞེས་བྱའོ། །རིན་ཆེན་གསུངས་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་མཚན་མའོ། །ཅིའི་ཕྱིར་ཞེ་ན། སྤྲས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་དེ་ཡོངས་སུ་རྫོགས་པའོ། །དེ་སྐད་དུ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བས་རིགས་རྣམས་སྤྲོས་པ་བསྐྱེད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཉི་མ་སྟེ་ཞེས་བྱ་བ་ནི་རྡོ་རྗེ་གཟི་བརྗིད་ཀྱི་མཚན་མའོ། །ཅིའི་ཕྱིར་ཞེ་ན། གཟི་བརྗིད་ཚུལ་གྱིས་ཞེས་བྱ་བ་སྨོས་ཏེ། གཟི་བརྗིད་ནི་གཟི་བརྗིད་ཀྱི་ཚུལ་གྱིས་སོ། །གཟི་བརྗིད་ཀྱི་ཚུལ་གྱིས་གཟི་བརྗིད་རབ་ཏུ་རྟོགས་པ་དེ་དང་དེ་ནི་གཟི་བརྗིད་ཀྱི་ཚུལ་ཅན་ནོ། །འདི་སྐད་སྟོང་པ་ཡིན་ཏེ། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱིས་མུན་པ་ཐམས་ཅད་འོད་ཟེར་གྱི་སྣང་བས་ཟིལ་གྱིས་གནོན་པར་བྱེད་པ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཉི་མས་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་ནས་ཕྱི་དང་ནང་གི་མུན་པ་ཟིལ་གྱིས་མནན་ཏེ། མི་འཇིགས་པ་སྦྱིན་པའི་འོད་ཟེར་གྱིས་རང་དང་གཞན་གྱི་མུན་པ་སེལ་བར་བྱེད་པའོ། །རྒྱལ་
མཚན་ཞེས་བྱ་བས་ཅི་ཞིག་སྟོན་པར་འགྱུར་ཞེ་ན། རྒྱལ་མཚན་ལེགས་པར་གསུངས་ཞེས་བྱ་བ་སྨོས་ཏེ། ཉེས་པའི་དྲི་མ་ཐམས་ཅད་སྤངས་པ་ཉིད་དང༌། དམིགས་པ་མེད་པའི་བྱམས་པའི་སྦྱིན་པས་ཁམས་ གསུམ་པོ་མ་ལུས་པ ་ཟིལ་གྱིས་གནོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །འཛུམ་པ་ཞེས་བརྗོད་པས་ཅི་ཞིག་བརྗོད་པ་ཡིན་ཞེ་ན། འཛུམ་པ་བཞད་པར་གྲགས་པ་ཡིན། །ཞེས་བྱ་བ་སྨོས་ཏེ། བཞད་པ་རྣམས་ནི་བཞད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། མི་དམིགས་པའི་བྱམས་པའི་ཆོས་སྦྱིན་པའི་མཐུས་དེ་བཞིན་གཤེགས་པའི་སྟོབས་དང། མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་སྦྱིན་པས་སེམས་ཅན་གྱི་ཁམས་རྣམས་ཚིམ་པར་བྱེད་པའི་མགུ་བ་ཐོབ་པ་ནི་འཛུམ་པ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་པདྨོ་ཡིན་ཞེས་བྱ་བར་བརྗོད་ཅེ་ན། འདོད་ཆགས་དག་ཕྱིར་ཞེས་བྱ་བ་སྨོས་ཏེ། ཐུགས་རྗེ་ཆེན་པོས་དེའི་འདོད་ཆགས་དག་པས་ན་འདོད་ཆགས་དག་པའོ། །འདོད་ཆགས་དག་པའི་དངོས་པོ་ནི་འདོད་ཆགས་དག་པའི་ཕྱིར་རོ། །འདོད་ཆགས་དག་པའི་པདྨོ་ཡིས། །ཞེས་བྱ་བ་དེས་དྲི་མ་མེད་པར་ཆོས་མཐུན་པའོ། །རལ་གྲི་ཞེས་བརྗོད་པ་ནི་རྡོ་རྗེ་རྣོན་པོའི་མཚན་མའོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་དགྲ་གཅོད་ཕྱིར་ཞེས་བྱ་བ་སྨོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རལ་གྲིས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བསྒོམས་པའི་སྟོབས་ཀྱིས་རྟོགས་པས་ཉོན་མོངས་པ་ཉིད་ཀྱི་དགྲ་དེ་དག་གཅོད་པས་ན་དེ་དག་དགྲ་གཅོད་ཕྱིར་རོ། །འཁོར་ལོ་སྟེ་ཞེས་བྱ་བ་ནི་རྡོ་རྗེ་རྒྱུའི་མཚན་མའོ།། ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་གྱི་ཚུལ་གྱིས་ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་གྱི་ཚུལ་ནི་དཀྱིལ་འཁོར་གྱི་སྦྱོར་བ་ཡིན་པ་དེའི་ཕྱིར་དཀྱིལ་འཁོར་གྱི་སྦྱོར་བའི་རྒྱུ་ནི་འཁོར་ལོའི་མཚན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་འབྲེལ་པ་དེའི་ཚེ་དེ་དང་དེ་ལ་བརྟེན་པའི་འཁོར་ལོའི་ཚུལ་ནི་འཁོར་ལོའོ། །སྨྲ་ཞེས་བྱ་བ་ནི་རྡོ་རྗེ་གསུངས་པའི་མཚན་མའི་ཕྱག་རྒྱའོ། །ཅིའི་ཕྱིར་ཞེ་ན། ཚིག་གི་བརྗོད་པས་ཞེས་བྱ་བ་སྨོས་ཏེ། སྒྲ་འདོན་ཅིང་འག་གི་ལམ་དེ་ལས་ཆོས་བརྗོད་པ་དག་གི་ཆོས་བརྗོད་པའི་ཐ་ཚིག་གོ །ཀུན་རྡོ་རྗེ་ནི་རྩེ་
མོ་བཅུ་གཉིས་པའི་རྡོ་རྗེ་སྟེ། རྡོ་རྗེ་ལས་ཀྱི་མཚན་མའོ། །ཅིའི་ཕྱིར་རྡོ་རྗེ་ཀུན་ཞེས་བརྗོད་ཅེ་ན། སྣ་ཚོགས་ཕྱིར་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཀྱི་སྦྲུལ་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ཐམས་ཅད་དུ་སོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གོ་ཆ་ཞེས་བྱ་བ་ནི་རྡོ་རྗེ་གོ་ཆ་མའི་མཚན་མ་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། མི་ཚུགས་ཚུལ་གྱིས་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་གྱིས་དུབ་པར་མི་ནུས་པས་ན་མི་ཚུགས་པའོ། །དེའི་སྦྱོར་བ་ནི་མི་ཚུགས་པའི་སྦྱིན་པ་སྟེ། དེའི་ཕྱིར་མི་ཚུགས་པའི་ཚུལ་ནི་ཡོངས་སུ་སྦྱོང་བའི་བརྩོན་འགྲུས་ཀྱི་ངོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་དོན་ཏོ། །མཆེ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་མཚན་མ་སྟེ། ཅིའི་ཕྱིར་ཞེ་ན། འཇིགས་བྱེད་ཚུལ་གྱིས་ཞེས་བྱ་བ་སྨོས་ཏེ། འཇིགས་པར་བྱེད་པ་འཇིགས་པ་བསྐྱེད་པའི་ཚུལ་ནི་སོ་སོར་རྟོག་པའི་བརྩོན་འགྲུས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཡོངས་སུ་ཤེས་པས་སྣང་བ་མེད་པར་དམིགས་པ་ནི་འཇིགས་པའོ། །དེ་ལས་སྐྱེས་པའི་ཁྲོ་བོ་ཐམས་ཅད་ཀྱི་ངོ་བོ་བདུད་ལ་སོགས་པ་གདུག་པ་རྣམས་ལ་འཇིགས་པ་བསྐྱེད་པའོ། །བསྡམས་པ་ནི་རྡོ་རྗེ་ཁུ་ཚུར་གྱི་མཚན་མའོ། །ཅིའི་ཕྱིར་ཞེ་ན། ཕྱག་རྒྱའི་ཚུལ་གྱིས་ཞེས་བྱ་བ་སྨོས་ཏེ། ཕྱག་རྒྱ་རྣམས་འདྲེན་པའི་ཕྱག་རྒྱ་སྦྱོར་ཚུལ་ལོ། །དེ་བཞིན་གཤེགས་པ་ལ་སོགས་པ་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་སྒྲུབ་པ་ནན་ཏན་དུ་བྱེད་པའི་བརྩོན་འགྲུས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་བྱེད་པའི་ཕྱག་རྒྱའི་སྦྱོར་བ་དེས་འཆིང་བ་བརྗོད་པ་ནི་དེའི་མཚན་མའོ། །དེ་ལྟར་མཚན་མའི་ཕྱག་རྒྱའི་སྒྲས་མངོན་པར་བརྗོད་པའི་དོན་ངེས་པར་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་འགྲུབ་པར་འགྱུར་རོ། །ཇི་ལྟར་བཅོམ་ལྡན་འདས་རྟག་པ། །ཞེས་བྱ་བ་ནི་མི་འགྱུར་བའོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་ཀུན་འགྲོ་བ། །ཞེས་བྱ་བ་ནི་སྨོས་ཏེ། རྡོ་རྗེ་རྒྱལ་པོ་ལ་སོགས་པའི་གདུལ་བྱ་རྣམས་ལ་སྔ་མའི་བསྒོམ་པའི་ཚུལ་གྱིས་ཐམས་ཅད་དུ་འགྲོ་བས་ན་ཀུན་འགྲོ་བའོ། །ཇི་ལྟར་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་རྒྱུས་འདི་ཐམས་ཅད་དུ་འགྲོ་བ་དེ་བཞིན་དུ། རྡོ་རྗེ་མཚན་མ་ལ་སོགས་ཞེས་བྱའོ། །ལྕགས་ཀྱུ་ལ་སོགས་པའི་མཚན་མ་ལས་དང་པོར་བྱས་པའི་མཚན་མ་ལ་
སོགས་པའོ། །དེའི་བསྒོམ་པ་ནི་བདག་གི་རྣལ་འབྱོར་གྱི་དུས་སུ་དེ་ལྟར་ངེས་པ་བསྐྱེད་པས་རྣལ་འབྱོར་པ་འགྲུབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྔར་བཤད་པའི་ཚུལ་གྱིས་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་སྙིང་པོ་བརྗོད་ཅིང་ཆོས་ཐམས་ཅད་བདག་མེད་པར་བསྒོམས་ཏེ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྙིང་པོ་དེ་ཉིད་ཀྱིས་རྡོ་རྗེ་རྩེ་ལྔ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་བསམས་ཏེ། དེ་ཉིད་ལས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་གཟུགས་སུ་རྣམ་པར་བསྒོམ་པའོ། །དེ་ལྟར་ན་རྡོ་རྗེ་དང་པོར་བྱས་པའི་མཚན་མ་ཐམས་ཅད་ནི་ཀུན་དུ་འགྲོ་བ་ཞེས་བྱ་བ་ཡིན་ནོ། །སེམས་དཔའ་བྱིན་གྱིས་བརླབས་པའི་སྦྱོར་བ་དེས་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམས་ལ་རྡོ་རྗེ་སེམས་དཔའི་གཟུགས་དེ་ལས་རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྒོམ་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་མཚན་མ་མངོན་པར་བརྗོད་པའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་བསྟན་ནས། ད་ནི་རང་གི་སེམས་ཡོངས་སུ་སྦྱོང་བའི་དོན་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱ་བསྐྱེད་པའི་གསང་བའི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཏེ། དེ་དག་གི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས་ཅད་བཅིང་བའོ། །དེ་སྐྱེ་བ་ནི་གཟུགས་བརྙན་གྱི་སྦྱོར་བ་ལ་སོགས་པས་སྒྲུབ་པ་པོའི་རྒྱུད་ལ་དེ་བཞིན་གཤེགས་པ་ལ་སོགས་པའི་རྣམ་པར་བསྐྱེད་པའོ། །དེའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྫོགས་པའོ། །དེ་ཉིད་ཀྱི་གསང་བ་དེ་སྟོན་པར་བྱེད་པའི་རྒྱུད་དེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ལ། །ཞེས་བྱ་བ་ནི་བཅས་པ་ནི་བཅིངས་པའོ། །ལག་གཉིས་རྡོ་རྗེ་བསྡམས་པ་ལས། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་པང་བར་དེ་གཞག་པའི་རྣམ་པ་དེ་ལྟ་བུས་རྡོ་རྗེ་བསྡམས་པ་དང༌། རྡོ་རྗེ་སྐྱིལ་མོ་ཀྲུང་བཅིངས་པ་དང་བཅས་པའོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་རང་གི་སྙིང་གར་སེམས་དཔའི་
རྡོ་རྗེར་བསྒོམས་པ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ། །དེ་ལ་རབ་ཏུ་གནས་པ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པའོ། །མྱུར་དུ་སངས་རྒྱས་ཉིད་དུ་འགྲུབ། །ཅེས་བྱ་བ་ནི་སེམས་དཔའི་ཏིང་ངེ་འཛིན་དེས་ཕྱག་རྒྱ་ཐམས་ཅད་བཅིངས་ཤིང་བསྐྱེད་བས་མྱུར་ཞིང་རིངས་པར་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ནོ། སྔ་མ་བཞིན་དུ་སྡིག་པ་དྲལ་བའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དེ་བཞིན་གཤེགས་པའི་རྣལ་འབྱོར་པ་རྡོ་རྗེ་སྐྱིལ་ཀྲུང་བཅས་ཏེ། དེའི་སྟེང་དུ་རྡོ་རྗེ་བསྡམས་པ་བཀན་ཏེ་བཞག་ལ་རང་གི་སྙིང་གར་སེམས་དཔའི་རྡོ་རྗེ་ཇི་ལྟ་བ་བཞིན་དུ་རྣམ་པར་བསམས་ཏེ། རྡོ་རྗེའི་དབུས་སུ། ཨོཾ་ཙིཏྟ་པྲ་ཏེ་བེ་དྷཾ་ཀཱ་རོ་མི་ཞེས་བྱ་བ་མངོན་པར་བརྗོད་ཅིང༌། མངོན་པར་བྱང་ཆུབ་ལྔ་ཇི་ལྟ་བ་བཞིན་བསྒོམ་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པའི་ཕྱག་རྒྱ་བཅིངས་པ་བསྐྱེད་པ་བསྟན་ནས། ད་ནི་དེ་བཞིན་གཤེགས་པའི་རིགས་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གསེར་གྱི་བྱང་བུ་ལ་སོགས་པ་ལ་བྲིས་པའི་རང་གི་ཕྱག་རྒྱའི་ཁྲིམས་ལ་དེ་དག་གིས་རྒྱས་འདེབས་པ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་ལོས་སྒྱུར་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གཟུངས་ཀྱི་སྒྲུབ་པ་པོའི་སྐྱེ་བོ་ལ་རྒྱས་འདེབས་པར་བྱེད་པའོ། །ཇི་ལྟར་རྒྱས་འདེབས་པར་བྱེད་ཅེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །གཟུགས་བརྙན་གྱི་ནི་ཚུལ་དུ་ཡང༌། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་གཟུགས་བརྙན་གྱི་རྣམ་པར་བསྒོམ་པའི་སྦྱོར་བ་དེས་གཟུགས་བརྙན་གྱི་རྣམ་པར་ཚུལ་དུ་བྱེད་པའོ། །ཇི་ལྟར་ལུས་དང་ངག་དང་ཡིད་རྡོ་རྗེའི་གཟུགས་བརྙན་གྱི་ཚུལ་དུ་བྱེད་ཅེ་ན། བདག་ཉིད་ཆེ་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པར། ཕྱག་རྒྱ་ཆེར་ཞེས་བྱ་བ་དེ་ལྟ་བུའི་དོན་ནི་ཆེན་པོ་ཡང་ཡིན་ལ་ཕྱག་རྒྱ་ཆེར་རོ། །ཐོག་མ་དང་ཐ་མ་མེད་པ་ཀུན་དུ་འགྲོ་བའི་ཆོས་ཀྱི་དབྱིངས་སུ་གྱུར་པ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ནི་ཐམས་ཅད་
དུ་སོང་བའོ། །དེ་ལྟར་ན། རྣམ་པར་རིག་ཅིང་བསྐྱེད་པས་ན། །གང་ཤེས་ནས་དངོས་གྲུབ་ཐོབ་པར་འགྱུར་ཞེས་བྱ་བའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེ་ལྷག་པར་མོས་པས་རྣལ་འབྱོར་པས་གཞན་གང་ཡང་རུང་བའི་ལུས་དང༌། ངག་དང༌། ཡིད་ལ་རྡོ་རྗེའི་ཕྱག་རྒྱ་བཅིངས་ཏེ། ངེས་པ་བསྐྱེད་ནས་གང་གི་ཚེ་ཕྱག་རྒྱ་བཅིང་བར་བྱེད་པ་རང་ངམ་གཞན་ལ་རྒྱས་བཏབ་པར་འགྱུར་རོ། །ཇི་ལྟར་དམ་ཚིག་དམ་པ་ཡི། །ཞེས་བྱ་བ་ལ་སོགས་པ་ལ་སྐྱེས་བུ་གང་ཞིག་ལ། དམ་ཚིག་ནི་མནའི་དངོས་གྲུབ་འདི་ལས་ཁྱེད་འདའ་བར་མ་བྱེད་ཅིག །འདས་ན་མྱུར་དུ་འཆི་བའི་དུས་བྱེད་པར་འགྱུར་རོ་ཞེས་བྱ་བས་བཅིང་བར་བྱའོ། །ཇི་ལྟར་མནའི་རྗེས་སུ་འབྲང་བར་བྱས་པ་ལས་འདས་པའི་འཇིག་རྟེན་པ་དེས་དེ་རང་རྒྱུན་དུ་སྤྱད་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་ཀུན་གྱི། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པའི་མཆོག་བཅིངས་པ་ལས་མནའི་བར་དུ་སྒྲུབ་པ་པོས་འདའ་བར་མི་བྱའོ། །སྒྲུབ་པ་པོས་ཕྱག་རྒྱ་བཅིང་བ་ལས་ངེས་པ་བསྐྱེད་ནས་རང་དང་གཞན་གྱི་རྒྱུད་ལ་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གདོན་མི་ཟ་བར་རྒྱས་གདབ་པར་བྱའོ། །འདའ་བར་བྱ་བ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། རྒྱས་པ་ལ་ནི་ཨོཾ་པུཥྚི་ཀུ་རུ་ཧཱུཾ། བདེ་བ་དང་ཡིད་དགའ་བ་ལ་ནི་ཧྲིཿ་གཟུགས་སྣ་ཚོགས་སྟོན་པ་ལ་ནི་ཧོ། །དབང་དུ་བྱེད་པ་ལ་སོགས་པ་རྡོ་རྗེའི་བཀའ་ལས་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་འདའ་བར་མི་བྱའོ། །ཅིའི་ཕྱིར་འདའ་བར་མི་བྱ་བ་ཞེ་ན། མདོར་ན་རྒྱལ་བས་རྡོ་རྗེ་གསང༌། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པའིའོ། །འདི་ནི་བཅིངས་པར་ཤེས་ནས་ཀྱང༌། །དེས་ནི་ཆོས་ཀྱི་དངོས་གྲུབ་འགྱུར། །ཞེས་བྱ་བ་ནི་རྒྱལ་བ་ཐམས་ཅད་ཀྱི་རྡོ་རྗེ་བཀའ་གང་ཡིན་པ་འདི་ལས་མི་འདའ་བར་བྱའོ་ཞེས་དོན་ངེས་པར་བྱས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་བཅིངས་པ་ལས་འགལ་བར་མི་བྱའོ། །པདྨའི་རིགས་ཀྱི་རྣལ་འབྱོར་པས་དེ་བཞིན་གཤེགས་པ་དང་འབྲེལ་པའི་སྔགས་ཀྱི་ཡི་གེས་དོན་གྱི་དངོས་གྲུབ་
ཏུ་སྟེར་བ་ཡིན་ནོ་ཞེས་པ་བསྐྱེད་ནས། གང་གི་ཚེ་པདྨའི་རིགས་ཀྱི་རྣལ་འབྱོར་པས་ཕྱག་རྒྱ་འཆིང་བར་བྱེད་པ་དེའི་ཚེ་པདྨའི་རིགས་ཀྱི་ལྷ་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གཟུགས་བརྙན་དུ་བསྐྱེད་པ་དང༌། དེས་པདྨའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཆོས་ཀྱི་དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱའོ། །འདི་ལས་འདའ་བར་དཀའ་བས་ན་རྡོ་རྗེའི་བཀའ་སྟེ། འཕགས་པ་ནམ་མཁའི་སྙིང་པོས་ཁྱེད་རྣམས་ལ་དབང་བསྐུར་བའི་རིགས་ཀྱི་རང་བཞིན་དུ་བྱའོ་ཞེས་བཀའ་སྩལ་པ་ལས་སོ། །འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ལས་དེ་ཉིད་ནི་ལས་མང་རྣམས་སོ། །ནམ་མཁའ་ཐམས་ཅད་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ལས་ནི་མང་པོ་སྟེ། རབ་ཏུ་རྒྱས་པའོ། །དེ་སུའི་ལས་སུ་འགྱུར་ཞེ་ན། བཀའ་དང་ལྡན་པའི་ཞེས་བྱ་བ་སྨོས་ཏེ། བཀའ་དང་ལྡན་པའི་བཀའ་ལ་གནས་པའམ། ནོར་བུ་ཆེན་པོའི་རིགས་ཀྱི་རྣལ་འབྱོར་བསྒོམ་པ་ཞེས་བྱ་བའི་དོན་ཏོ། །དེའི་བཀའ་དང་ལྡན་པའི་སྒྲུབ་པ་པོས་ནམ་མཁའ་ཐམས་ཅད་ཁྱབ་པའི་ནོར་བུའི་རིགས་ཀྱི་ལས་དེ་བྱེད་པར་ངེས་པ་བསྐྱེད་པའོ། །དེ་ནས་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་ཕྱག་རྒྱ་བཅིངས་པས་དངོས་གྲུབ་བསྐྱེད་པའོ། །འདི་ཡང་བདག་གིས་ཡོངས་སུ་གཟུང་ཞིང་བྱིན་གྱིས་བརླབས་སོ་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོས་བྱིན་གྱི་རླབས་ཀྱིས་དབང་དུ་བྱས་ནས་བཤད་པ་འབའ་ཞིག་ཏུ་མ་ཟད་ཀྱི་རྒྱུད་ཕྱི་མ་ལས་བདག་གིས་ཡོངས་སུ་གཟུང་ཞིང་སློབ་དཔོན་བརྒྱུད་པས་གཏད་པའི་ཡུན་རིང་དུ་གནས་པ་ནི་བྱིན་གྱིས་བརླབས་པས་བདག་གིས་ཡོངས་སུ་བཟུང་ཞིང་བྱིན་གྱིས་བརླབས་སོ་ཞེས་བྱའོ། །ཡང་ཞེས་བྱ་བ་ནི་གསུངས་པ་སྡུད་པའོ། །སེམས་ཀྱི་གསང་བ་གཙོ་བོར་གྱུར་པ་གཟུངས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་པས་རྡོ་རྗེ་འཆང་བས་གསོལ་བ་མ་བཏབ་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རང་ཉིད་ཀྱིས་ཡོངས་སུ་བཟུང་ཞིང་བྱིན་གྱིས་བརླབས་པས། སངས་རྒྱས་ཀྱི་བཀའ་རབ་ཏུ་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལས་གཟུངས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་པའི་བཤད་པ་རྫོགས་སོ།། །།
དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་གཟུངས་ཀྱི་རྟོག་པ་གསང་བའི་ཆོ་ག་རྒྱས་པའི་དངོས་གྲུབ་ཀྱི་ཆོ་གའི་རྒྱུད་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་བཞི་བསྒོམས་ན་རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞི་མཐར་ཐུག་པ་ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱད་ནས་ཕྱིས་རང་གི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང་བ་ནི་རྒྱུད་ཕྱི་མ་ཡང་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་ཆོས། །དམ་པའི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཏེ། དེ་དག་དང་འབྲེལ་བའི་ཆོས་ཀྱི་དཀྱིལ་འཁོར་ལ་རག་ལས་བ་སྟེ། དམ་པའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །དེ་སྟོན་པར་བྱེད་པ་ནི་རྒྱུད་དེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །སངས་རྒྱས་རྣམས་ནི་ཆོས་ཀྱི་སངས་རྒྱས་སོ། །ཆོས་ནི་ཆོས་ཀྱི་དཀྱིལ་འཁོར་རོ། །དེའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའོ། །དེ་བསྒོམས་པ་ནི་ཡང་དང་ཡང་མངོན་དུ་བྱས་པའོ། །ཇི་ལྟར་བྱད་ཅེ་ན། མཉམ་པར་བཞག་པས་ཞེས་བྱ་བ་སྟེ། སེམས་རྣམ་པར་གཡེང་བ་མེད་པའོ། །ཚུལ་གང་གིས་ཤེ་ན། སངས་རྒྱས་རྗེས་དྲན་ཚུལ་གྱིས་ཞེས་བྱ་བ་སྨོས་ཏེ། རང་གི་དེ་བཞིན་གཤེགས་པ་བསྒོམས་པའི་སངས་རྒྱས་རྗེས་སུ་དྲན་པའི་ཚུལ་དེས་དངོས་གྲུབ་དམ་པ་ཐོབ་པར་འགྱུར་པ་དེས་སངས་རྒྱས་ཐོབ་ཅེས་བྱ་བའི་དོན་ཏོ། །རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། ཕྱག་བཞི་བྱ་བའི་ཆོ་ག་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་དེ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་གའི་རྡོ་རྗེ་
ལ་རང་གི་སྔགས་བཀོད་ནས། དེ་བཟླས་ཤིང་རང་གི་དེ་བཞིན་གཤེགས་པའི་བདག་ཉིད་བསྒོམ་པར་བྱའོ། །སེམས་དཔའ་ཡང་ཡིན་ལ་ཀུན་ཡང་དེ་ཡིན་པས་ན་སེམས་དཔའ་ཀུན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་ཁུ་ཚུར་གྱི་མཐར་ཐུག་པའི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སེམས་དཔའ་བཅུ་དྲུག་གོ །དེའི་ཏིང་ངེ་འཛིན་ནི་དེ་དག་གི་ཕྱག་རྒྱ་ཆེན་པོའོ། །དེ་རྣམས་ལ་གནས་པ་ནི་སེམས་ཅན་ཀུན་གྱི་ཏིང་ངེ་འཛིན་ལ་གནས་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་དམིགས་པ་ནི་གནས་པ་ཞེས་བྱ་བའི་དོན་ཡིན་ནོ། །བསྒོམས་པས་ནི་གོམས་པའོ། །ཇི་ལྟར་བྱ་ཞེ་ན། མཉམ་པར་གཞག་པ་ཞེས་བྱ་བ་སྨོས་པ་ནི་གོ་སླའོ། །གང་གི་ཚུལ་གྱིས་ཤེ་ན། ཆགས་པ་རྗེས་སུ་དྲན་ཚུལ་གྱིས། །ཞེས་བྱ་བ་སྨོས་ཏེ། དེ་ལ་ཆགས་པ་ནི་མི་དམིགས་པའི་ཐུགས་རྗེ་ཆེན་པོའི་ངོ་བོ་རྡོ་རེ་སེམས་དཔའ་ལ་སོགས་པ་རྗེས་སུ་དྲན་པའོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་གཟུགས་བརྙན་དང་མཚུངས་པའི་ཕྱིར་རོ་ཞེས་བསྒོམས་པ་དེ་ཉིད་ཀྱི་སྦྱོར་བ་དེ་ནི་ཆགས་པ་རྗེས་སུ་དྲན་པའི་ཚུལ་གྱིས་སོ། །དེས་ཅིར་འགྱུར་ཞེ་ན། དངོས་གྲུབ་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་གའི་ཟླ་བ་ལ་གནས་པའི་རྡོ་རྗེ་ལ་རང་གི་སྔགས་རྣམ་པར་བསམས་ཏེ། རང་གི་སྔགས་ལན་གསུམ་བརྗོད་ཅིང་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་གཟུགས་བརྙན་དང་མཚུངས་པའི་ཕྱིར་རོ་ཞེས་རྣམ་པར་བསྒོམས་ནས་ཕྱིས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །འཇིག་རྟེན་གསུམ་རྒྱལ་ཆ་ལུགས་སུ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྡོ་རྗེའི་རིགས་ཀྱི་ལྷའི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །དེ་
བསྒོམ་ པ་ནི་ཁམས་གསུམ ་རྣམ་པར་རྒྱལ་བའི་བསྒོམ་པའོ། །ཅི་བདག་ཉིད་ནས། །གཞན་དང་ལྷན་ཅིག་ཏུ་བསྒོམ་ཞེ་ན། འོན་ཀྱང་དྲན་བྱེད་མདུན་དུ་འང་དེ་བཞིན་ཏེ། ཞེས་བྱ་བ་སྨོས་ཏེ། ཇི་ལྟར་བདག་ཉིད་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་འཇིག་རྟེན་ གསུམ་ལས་རྣམ་པར་རྒྱལ་བའི་ཆ་ལུགས་སུ་བསྒོམ་པ ་དེ་བཞིན་དུ་མདུན་དུ་ཡང་བསྒོམ་པ་དེ་ཉིད་བསྒོམ་པར་བྱའོ། །ཕྱག་ན་རྡོ་རྗེའི་མཐུར་གྱུར་ནས། །ཐམས་ཅད་རྣམ་པར་རྒྱལ་བར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྡོ་རྗེ་རིགས་ཀྱི་རང་བཞིན་དུའོ། །དེའི་དོན་ནི་འདི་སྐད་སྟོན་ པ་ཡིན་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ཁྲོ་བོའི་ལྷའི་རྣལ་འབྱོར་བྱས་ལ། སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་བཞིས་བདག་ཉིད་ཡང་དག་པར་མཆོད་ལ་སྔ་མ་བཞིན་དུ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །དེ་ནས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རས་ལ་སོགས་པ་ལ་རང་གི་ཁྲོ་བོ་སྤྲུལ་ལ་བསྡུས་པ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ནས། ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རང་གི་ཕྱག་རྒྱ་བཞི་པོ་རྣམས་ཀྱིས་རྒྱས་བཏབ་སྟེ། དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ལ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྒེག་མོ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་རྣམ་པ་བརྒྱད་དང༌། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ལས་ཀྱི་ཕྱག་རྒྱ་བཅུ་དྲུག་གིས་ཡང་དག་པར་མཆོད་ལ་ཕྱག་བཞི་བྱས་ཏེ། སྔ་མ་བཞིན་དུ་རང་གི་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་སྔ་མ་བཞིན་དུ་རང་གི་སྔགས་རྡོ་རྗེའི་དབུས་སུ་བསམས་ལ། དེ་ཉིད་ཟློས་པ་འདི་ནི་རྣལ་འབྱོར་ཉིས་ལྡབ་ཏུ་འགྱུར་རོ། །འགྲོ་བ་འདུལ་བའི་ཆོས་སུ་ནི། །ཞེས་བྱ་བ་ནི་པདྨ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་འགྲོ་བ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་འགྲོ་བ་འདུལ་བའི་ཆོས་དེ་བསྒོམ་པ་ནི་བདག་ཉིད་དམ་མདུན་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་པདྨའི་རིགས་ཀྱི་གདུལ་བྱ་རྣམས་ཀྱིས་མངོན་
སུམ་དུ་བྱེད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་པདྨའི་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་རྣམ་བཞིས་བདག་ཉིད་ཡང་དག་པར་མཆོད་ལ། དེ་ཁོ་ན་ཉིད་དང༌། ཆོས་དང༌། དམ་ཚིག་གི་རྡོ་རྗེ་པདྨ་དང༌། དྲིལ་བུ་ཕྱག་རྒྱ་ཆེན་པོས་བླངས་ཏེ། ཕྱིས་པདྨའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྔགས་བརྗོད་ཅིང་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷ་སྤྲུལ་ལ། བསྡུ་བ་ལ་སོགས་བའི་ཆོ་ག་རྗེས་སུ་སྤྱད་ནས། ཕྱག་བཞི་བྱས་ནས། རང་གི་ཕྱག་རྒྱ་ཆེན་པོ་ཡང་བཅིངས་ལ་དེའི་སྔགས་བརྗོད་ཅིང་ཟུང་གི་རྣལ་འབྱོར་བསྒོམ་པར་བྱའོ། །དེ་ལྟར། །རྣམ་པ་ཀུན་གྱི་མཆོག་ལྡན་པར། །གདུལ་བྱ་དེ་ནི་རབ་བྱེད་དོ། །ཞེས་བྱའོ། །དོན་ཀུན་གྲུབ་པའི་སྐུར་ཡང་ནི། །ཞེས་བྱ་བ་ནི་ནོར་བུ་ཆེན་པོའི་རིགས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བྱའོ། །བསྒོམས་ནས་མདུན་དུའང་དེ་བཞིན་ཏེ། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཕུན་སུམ་ཆོགས་དོན་དེ་ཐོབ་བོ། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་ཆེན་པོ་བྱས་ཏེ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། །དེའི་སྔགས་བརྗོད་ཅིང༌། དེའི་མདུན་དུ་སྤྲུལ་ལ། བསྡུ་བ་ལ་སོགས་པའི་ཆོ་ག་བྱས་ནས། ཕྱག་བཞི་བྱས་ཏེ། ཡང་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ཉིད་ཀྱི་སྔགས་བརྗོད་ཅིང་ཟུང་གི་རྣལ་འབྱོར་བསྒོམ་པར་བྱའོ། །ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་
འཁོར་ལས་བཤད་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་ནི་དམ་ཚིག་གི་ཕྱག་རྒྱའོ། །དེའི་དངོས་གྲུབ་ནི་བསྐྱེད་པའོ། །དེའི་རྒྱུད་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །སངས་རྒྱས་རྗེས་སུ་འགྱུར་ལ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་ལས་བཤད་པའི་ཆོ་གས་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས། དེའི་རྗེས་ལ་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། སྙིང་གའི་རྡོ་རྗེ་ལ་རང་གི་སྔགས་རྣམ་པར་བསམས་ལ་དེ་ཉིད་བརྗོད་ཅིང་དེ་བཞིན་གཤེགས་པའི་བདག་ཉིད་དུ་བསྒོམས་ཏེ། བཛྲ་བཛྲ་ཞེས་བརྗོད་པར་བྱའོ། །དེ་ལྟར། སངས་རྒྱས་རྗེས་སུ་དྲན་པའི་ཕྱིར། །བཛྲ་བཛྲ་ཞེས་བརྗོད་ན། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །སྦྱོར་བ་གང་གིས་ཤེ་ན། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ཕྲ་མོ་བསྒོམས་པ་དེས་སངས་རྒྱས་ཀྱི་དངོས་གྲུབ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་ཐོབ་ཅིང་རྙེད་པར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། དེ་བཞིན་གཤེགས་པའི་བདག་ཉིད་དུ་རྣམ་པར་བསྒོམས་ནས། བཛྲ་བཛྲ་ཞེས་བྱ་བའི་སྔགས་ཀྱི་ཡི་གེ་མདུན་དུ་རྣམ་པར་བསམས་ལ། རང་གི་ལུས་ཀྱི་ནང་དུ་ཞུགས་པས་ལུས་དང་ངག་དང་ཡིད་རྣམས་ཆུ་དང་འོ་མ་བཞིན་གཅིག་ཏུ་ངེས་པར་བྱས་ལ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་དེ་བཞིན་གཤེགས་པའི་སྔགས་བརྗོད་ཅིང་ཇི་སྲིད་དུ་དེ་ཞིན་གཤེགས་པ་དན། བདག་ཉིད་གཅིག་ཏུ་གྱུར་པ་དེ་སྲིད་ཀྱི་བར་དུ་ཟླ་བ་གཉིས་བསྒོམས་ལ། དེ་ནས་གཞན་ཡང་ཟླ་བ་གཅིག་སྤྲོ་བ་དང་བསྡུ་བ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་དེ་བཞིན་གཤེགས་པ་པ་ནམ་མཁའི་ཁམས་གང་བར་བསྒོམས་ན་དེ་བཞིན་གཤེགས་པར་འགྱུར་རོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་དུ། །རྡོ་རྗེ་ཕྲ་མོ་སྒོམ་བྱེད་ཅིང༌། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་
བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་མཐར་ཐུག་པ་ནི་རྡོ་རྗེ་སེམས་དཔའིའོ། །དེ་དག་གི་ཏིང་འཛིན་ནི་དམ་ཚིག་གི་ཕྱག་རྒྱའོ། །ཇི་ལྟར་དེ་བསྒོམ་ཞེ་ན། རྡོ་རྗེ་ཕྲ་མོ་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་ཉིད་འགྲུབ་བོ། །ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་བརྗོད་ཅིང་ཞེ་ན། བཛྲ་ཏྭ་ཞེས་བརྗོད་ན། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིང་སྟེ། རང་གི་སྙིང་གའི་རྡོ་རྗེ་ལ་རང་གི་སྔགས་རྣམ་པར་བསམས་ཏེ། དེ་ཉིད་བརྗོད་ཅིང་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ཏེ། །བཛྲ་སཏྭ་ཞེས་བྱ་བའི་ཡི་གེ་མདུན་དུ་བསམས་ལ། དེ་ཉིད་བརྗོད་ཅིང་རང་གི་ལུས་ལ་དེ་བཅུག་སྟེ། སྔ་མ་བཞིན་དུ་རང་གི་ལུས་དང་ངག་དང༌། སེམས་བྱིན་གྱིས་བརླབས་ལ། རྩ་བའི་རྒྱུད་ལས་བཤད་པའི་ཆོ་གས་རྡོ་རྗེ་ཕྲ་མོ་ཟླ་བ་གསུམ་བསྒོམ་པར་བྱའོ། །དེ་ནས་མཐར་མཚན་ཐོག་ཐག་བྱའོ། །དེ་ལྟར་ན་ཡན་ཉིན་རེ་ཞིང་རང་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྔགས་ཟློས་ཤིང༌། །རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། རང་གི་ལྷའི་གཟུགས་སུ་བསམ་པར་བྱའོ། །བཛྲ་སཏྭ་ཞེས་བྱ་བས་སྔ་མ་བཞིན་དུ་བྱིན་གྱིས་བརླབས་ཏེ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྔགས་བཟླས་ལ། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། བསྒྲུབ་པར་བྱའོ། །འཇིག་རྟེན་གསུམ་རྒྱལ་ཆ་ལུགས་སུ། །དྲན་བྱེད་མདུན་དུ་དེ་བཞིན་དུ། །ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ཁྲོ་བོའི་ལྷའི་གཟུགས་ཅན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆ་ལུགས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆ་ལུགས་སུ་བྱས་ནས། ཡང་དག་པར་དྲན་ཞིང་བསྒོམ་
པར་བྱའོ། །མདུན་དུ་ནི་རང་གི་རྒྱུད་དུ་གཏོགས་པ་ཇི་ལྟ་བ་དེ་བཞིན་དུ་མདུན་དུ་ཡང་བསྒོམ་པར་བྱའོ། །ཅི་ཞིག་ཟློས་ཤིང་ཞེ་ན། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་ཡི་གེ་ཧཱུཾ་བཞི་ཟློས་ཤིང༌། རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱ་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་ པ་ཡིན་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ཁྲོ་བོའི་ལྷའི་རལ་འབྱོར་བྱས་ཏེ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། དེ་ཁོ་ན་ཉིད་དང༌། དམ་ཚིག་དང༌། ཆོས་དང༌། བདག་ཉིད་དུ་བསྐྱེད་དེ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། དེའི་སྔགས་སྙིང་གར་བསམས་ཏེ། དེ་ཉིད་བརྗོད་ཅིང་མདུན་དུ་རང་གི་ལྷ་སྤྲུལ་ལ། བསྡུ་བ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ནས། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལས་ཀྱི་ཕྱག་རྒྱ་རྣམ་པ་བརྒྱད་དང་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་བཅུ་དྲུག་གིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ལ། ཕྱག་བཞི་བྱས་ཏེ། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཧཱུཾ་བཞི་མདུན་དུ་སྤྲུལ་ལ། དེ་ཉིད་བརྗོད་ཅིང་དེས་རང་གི་ལུས་དང༌། ངག་དང༌། ཡིད་རྣམས་བྱིན་གྱིས་བརླབས་ནས་རང་གིས་སྔགས་བརྗོད་ནས་རྣལ་འབྱོར་ཉིས་ལྡབ་ཏུ་འགྱུར་བ་ཡིན་ནོ། །འགྲོ་བ་འདུལ་བའི་གཟུངས་ཀྱིས་ནི། །ཞེས་བྱ་བ་ལ་པདྨའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷ་དེའི་གཟུགས་སུ་བསྒོམ་པར་བྱའོ། །ཇི་ལྟར་བྱ་ཞེ་ན། རྡོ་རྗེ་ཕྲ་མོས་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ཕྲ་མོ་བསྒོམ་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་བརྗོད་ཅིང་ཞེ་ན། ཤུདྡྷ་ཤུདྡྷ་ཞེས་བརྗོད་ན། །ཞེས་བྱ་བ་སྨོས་སོ། །ཅིར་འགྱུར་ཞེ་ན། དངོས་གྲུབ་དམ་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། པདྨའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་
ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས། དེ་ཁོ་ན་ཉིད་དང༌། ཆོས་དང༌། དམ་ཚིག་གི་བདག་ཉིད་དུ་བསྐྱེད་དེ། དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། སྙིང་གའི་རྡོ་རྗེ་པདྨ་ལ་སྔགས་རྣམ་པར་བསམས་ཏེ། དེ་ཉིད་ཟློས་ཤིང་རང་གི་ལྷའི་ང་རྒྱལ་བསྐྱེད་དེ། བུདྡྷ་བུདྡྷ་ཞེས་བརྗོད་པས་སྔ་མ་བཞིན་དུ་རང་གི་ལུས་དང༌། ངག་དང༌། ཡིད་རྣམས་བྱིན་གྱིས་བརླབས་ཏེ། རང་གི་སྔགས་བརྗོད་པར་བྱའོ། །སྔར་བཤད་པའི་ཆོ་གས་རྡོ་རྗེ་ཕྲ་མོ་ཟླ་བ་གསུམ་བསྒོམས་ལ། དེ་ནས་མཚན་ཐོག་ཐག་བསྒོམས་པར་བྱའོ། །དེའི་རྗེས་ལ་ཡང་དེ་བཞིན་དུ་རང་གི་ལུས་དང༌། ངག་དང༌། ཡིད་བྱིན་གྱིས་བརླབས་ཏེ། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། སྔགས་བརྗོད་ཅིང་བསྒོམ་པར་བྱའོ། །དོན་ཀུན་གྲུབ་པའི་གཟུངས་ཀྱིས་ནི། །རྡོ་རྗེ་ཕྲ་མོ་བསྒོམས་ནས་ཀྱང༌། །ཞེས་བྱ་བ་ནི་ནོར་བུ་ཆེན་པོའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དོན་ཐམས་ཅད་གྲུབ་པ་ལ་སོགས་པ་ནས། རིན་ཆེན་འབེབས་པའི་མཐར་ཐུག་པའི་གཟུགས་ནི་དོན་ཐམས་ཅད་གྲུབ་པའི་གཟུགས་སོ། །དེ་བསྒོམ་པ་ནི་ཕྲ་མོའི་རྡོ་རྗེ་སྒོམ་པར་བྱེད་པའོ། །ཅི་ཞིག་བརྗོད་ཅིང་ཞེ་ན། སིདྡྷྱ་སིདྡྷྱ་ཞེས་བརྗོད་ན། ཞེས་བྱ་བ་སྨོས་སོ། །ཅི་ཞིག་ཏུ་འགྱུར་ཞེ་ན། དོན་གྱི་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་བྱ་བ་སྨོས་ཏེ། ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་ནི་དོན་གྱི་དངོས་གྲུབ་སྟེ། དེ་ནི་མཆོག་དམ་པར་གྱུར་པའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། སིདྡྷྱ་སིདྡྷྱ་ཞེས་བརྗོད་ཅིང་རང་གི་ལུས་དང༌། ངག་དང༌། ཡིད་རྣམས་བྱིན་གྱིས་བརླབས་ལ། སྔར་བཤད་པའི་ཆོགས་ཟླ་བ་གསུམ་རྡོ་རྗེ་བསྒོམས་ནས། མཐར་མཚན་ཐོག་ཐག་བསྒོམ་པར་བྱའོ། །དེ་ལྟར་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས། ལུས་དང༌། ངག་
དང༌། ཡིད་རྣམས་བྱིན་གྱིས་བརླབས་ཏེ། རང་གི་སྔགས་སྙིང་གའི་རྡོ་རྗེ་རིན་པོ་ཆེའི་དབུས་སུ་རྣམ་པར་བསམས་ལ། དེ་ཉིད་བཟླས་ཤིང་བསྒོམ་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་བསྟན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་རྣམས་སོ། །དམ་པའི་ཆོས་ནི་དམ་པའི་ཆོས་ཏེ། ཆོས་ཀྱི་དཀྱིལ་འཁོར་གྱི་ཆོས་ཀྱི་ཕྱག་རྒྱའོ། །དེའི་ཡེ་ཤེས་ནི་ངེས་པའོ། །དེའི་དངོས་གྲུབ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐོབ་པའོ། །དེ་སྟོན་པར་བྱེད་པ་ནི་རྒྱུད་དོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །ཨ་ལ་སོགས་པ་ཡི་གེ་དེ་མེད་པའོ། །དམ་པའི་ཆོས་ནི་བདག་མེད་པའི་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པའོ། །དེ་སྟོན་པར་བྱེད་པ་ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ཡང་ཡི་གེ་མེད་པའོ། །ཡི་གེ་མེད་པར་སྟོན་པ་ཉིད་ཡིན་ནོ། །ཏིང་འཛིན་ཡེ་ཤེས་འབྱུང་བ་སྟེ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡེ་ཤེས་ནི་ཏིང་ངེ་འཛིན་གྱི་ཡེ་ཤེས་ལས་བྱུང་བ་གང་ཡིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །ཨ་ཞེས་པ་དེས་ཆོས་རྣམས་ཀྱི། །སྐྱེ་བ་མེད་པར་བཤད་པ་ཡིན། །ཞེས་བྱ་བ་ནི་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཱ་ཎཱཾ་ཨཱདྱ་ནུཏྤ་ནྣ་ཏྭཱཏ་ཅེས་བྱ་བས་གཏན་ཚིགས་སྟོན་པའི་རྒྱུ་དེས་ཡི་གེ་ཨ་ཉིད་ཀྱིས་སྐྱེ་བ་མེད་པར་བཤད་པ་ཡིན་ནོ་ཞེས་སྒའི་དོན་ཡིན་ནོ། །དེ་ལྟར་བཤད་པ་ནི་བསྟན་པའོ། །ཕྱག་རྒྱ་འདི་ཡིས་ཚུལ་གྱིས་ནི། །ཤེས་རབ་ཀྱིས་བསྒོམས་དེ་ནི་གང༌། །ཞེས་བྱ་བ་ལ་སོགས་པ་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བྱ་བ་དེས་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དེའི་ཚུལ་བསྒོམས་པ་ནི། ཕྱག་རྒྱ་འདིའི་ཚུལ་གྱིས་བསྒོམས་པས་དེས་ཡང་དང་ཡང་མངོན་དུ་བྱས་པ་ནི་བསྒོམས་པའོ། །ཤེས་རབ་ཀྱིས་ནི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པར་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ལྷག་
པར་མོས་པའི་ཤེས་རབ་འདིས་བསྒོམས་པའོ། །ཡི་གེ་ཀུན་གྱི་ཡེ་ཤེས་དངོས། །བདེ་གཤེགས་སྐད་ཀྱིས་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་མི་ཟད་པས་ན་ཡི་གེའོ། །དེ་བཞིན་གཤེགས་པ་ཐམས་ཅད་རྟག་ཏུ་མི་འཇིགས་པས་ན་ཐམས་ཅད་མི་ཟད་པའོ། །རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཀྱི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ལྔའོ། །དེའི་དངོས་པོ་ནི་དེའི་རང་བཞིན་གྱིས་ཡེ་ཤེས་སུ་འགྲུབ་པ་སྟེ་དེ་ཉིད་བསྟན་པའོ། །བདེ་བར་གཤེགས་པ་བྱ་ཞེས་བྱ་བ་ནི་མཛེས་པར་གཤེགས་པ་སྟེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་པའི་ཕྱིར། བདེ་བར་གཤེགས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་དག་ནི་འདིར་མཛེས་པར་གཤེགས་པའོ། །དེས་དུས་ཅི་ཞིག་གིས་འགྲུབ་ཅེ་ན། སྐད་ཅིག་གིས་ཞེས་བྱ་བ་སྨོས་ཏེ། མཚན་མ་ཐོབ་པར་གྱུར་པ་གང་ཞིག་གིས་མངོན་པར་ཤེས་པ་ལྔ་བསྐྱེད་དེ། དཀྱིལ་འཁོར་བྲིས་ལ་ཆོ་གས་ཐམས་ཅད་རྗེས་སུ་སྤྱད་དེ། བསྒོམས་ན་སྐད་ཅིག་མ་དེ་ཉིད་ལ་འགྲུབ་པར་འགྱུར་རོ། །ལུས་གཞན་ལ་མི་ལྟོས་པའི་ཕྱིར་རོ། །དེ་ལྟར་གང་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་འཇམ་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ནི། རྡོ་རྗེ་འཆང་ཆེན་པོ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་འཇམ་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ། །དེ་སྐད་དུ་ཡང༌། དེ་བཞིན་གཤེགས་པ་ཐམས་ཅད་ནི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཅེས་གསུངས་སོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་གའོ། །དེ་ཁོ་ན་ཉིད་དང༌། ཆོས་དང༌། དམ་ཚིག་ཀྱང་བླངས་ལ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་རྣམ་པར་བསམས་ཏེ། སྙིང་གར་རྡོ་རྗེ་ལ་ཆོས་ཀྱི་ཡི་གེ་ཡང་བསམ་པར་བྱའོ། །ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཱ་ཎཱཾ་ཨཱ་དྱ་ནུཏྤ་ནྣ་ཏྭཱ་ཏ་ཅེས་བྱ་བ་སྒྱུ་མ་ལྟ་བུར་ངེས་པར་བྱས་ནས། དེ་བཞིན་གཤེགས་པའི་བདག་ཉིད་ཆོས་ཀྱི་ཡི་གེ་ཟློས་ཤིང་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་འདི་ཐམས་ཅད་དོ། །འདི་གང་ཡིན་ཞེ་ན། དེ་ཉིད་ཀྱིས་
ཞེས་བྱ་བ་སྨོས་ཏེ། དོན་དམ་པར་རྒྱུ་དང་འབྲས་བུའི་དེ་ཁོ་ན་ཉིད་སྟོན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་མདོ་སྡེ་འདི་འདོད་པས་སོ། །དད་པས་གཞུང་གི་དོན་བཅིངས་པ་ནི་ཁོང་དུ་ཆུད་པའོ། །ཀླགས་པ་ནི་དད་པས་གླེགས་བམ་འདོན་པའོ། །དེ་བཞིན་གཤེགས་པའི་ཡོན་ཏན་ལ་དད་པས་ལྷག་པར་མོས་པ་དང་ལྡན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། དེ་བཞིན་གཤེགས་པའི་ཡོན་ཏན་ལ་དད་པས་ལྷག་པར་མོས་པའི་ཕྱིར་རོ་ཞེས་གསུངས་སོ། །དངོས་གྲུབ་བླ་མེད་ཐོབ་པར་འགྱུར། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་དེ་བཞིན་གཤེགས་པ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པར་འདོད་པས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་མདོ་སྡེ་འདི་ལ་དད་པར་བྱའོ། །དེའི་གཞུང་གི་དོན་བཅང་བར་བྱའོ། །དོན་དྲན་ཞིང་གླེགས་བམ་བཀླག་པར་ཡང་བྱའོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱའོ། །ཐོས་པ་དང་བསམ་པ་དག་གིས་ངེས་པ་བསྐྱེད་ནས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་དཀར་པོ་བསམས་ལ་བསྒོམ་པར་བྱའོ། །དེ་ནས་སྙིང་གའི་རྡོ་རྗེ་ལ་རང་གི་ལྷའི་ཆོས་ཀྱི་ཡི་གེ་རྣམ་པར་བསམས་ཏེ། དེ་ཉིད་བརྗོད་ཅིང་གཟུངས་བརྙན་དང་མཚུངས་པའི་རང་བཞིན་གྱིས་རྣམ་པར་དག་པའི་རང་གི་ལྷའི་གཟུངས་སུ་བསྒོམ་པར་བྱའོ། །སྡིག་པའི་སེམས་ཅན་ཕན་གདགས་ཕྱིར། །སངས་རྒྱས་ཡེ་ཤེས་བྱེད་འདོད་པས། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེའི་དོན་ནི་འདི་སྐད་སྟོན་ པ་ཡིན་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ཁྲོ་བོའི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་
ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས། དེ་ཁོ་ན་ཉིད་དང༌། ཆོས་དང༌། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བདག་ཉིད་བྱིན་གྱིས་བརླབས་ཏེ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་རྣམ་པར་བསམས་ཏེ། ཡང་ཐུགས་ཀ་ལ་རང་གི་ལྷའི་ཆོས་ཀྱི་ཡི་གེ་བཀོད་ལ། དེ་ཉིད་བརྗོད་ཅིང་སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེའི་རིགས་ཀྱི་རང་བཞིན་དུ་བྱས་ཏེ། གཟུགས་བརྙན་དང་མཚུངས་པའི་རང་བཞིན་གྱིས་རྣམ་པར་དག་པ་བསྒོམ་པར་བྱའོ། །རང་བཞིན་དག་པར་ཤེས་ནས་ནི། །ཞེས་བྱ་བ་ནི་རྟོགས་པ་ཉིད་དོ། །ཇི་ལྟར་ཤེས་ཤེ་ན། དམ་པའི་ཆོས་ནི་ཡིན་པར་བཤད། །ཅེས་བྱ་བ་སྨོས་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་མཚན་ཉིད་ཀྱི་དོན་གང་ཡིན་པ་འདི་ནི་དོན་དམ་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཤེས་ནས་འདི་བསྒོམས་པ་ནི་རང་བཞིན་གྱིས་རྣམ་པར་དག་པའི་མཚན་ཉིད་ཀྱི་དངོས་པོ་ཐོག་མ་དང་ཐ་མ་མེད་པར་རྣམ་པར་དག་པའི་མཚན་ཉིད་ཀྱིས་དངོས་པོ་འདི་གོམས་པར་བྱས་པའོ། །ཐོག་མ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། རང་བཞིན་གྱིས་གནས་པའི་ཕྱིར་རོ། །རང་བཞིན་གྱིས་རྣམ་པར་དག་པའི་མཚན་ཉིད་ཀྱི། ཆོས་དེ་ལྟ་བུར་གྱུར་པ་གདུལ་བྱ་རྣམས་ལ། དངོས་གྲུབ་མྱུར་ཞིང་རིང་བར་ཐོབ་ཅིང་རྣལ་འབྱོར་པས་ཆོས་ཀྱི་ཕྱག་རྒྱ་འགྲུབ་བོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་བྱས་ཏེ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རང་གི་ལྕེ་ལ་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱ་རྣམ་པར་བསམས་ཏེ། དེ་ཉིད་ཟློས་ཤིང་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ངེས་པ་བསྐྱེད་ནས། གཟུངས་བརྙན་དང་མཚུངས་པའི་ལྷའི་ངོ་བོ་བདག་ཉིད་དུ་བསྒོམ་པར་བྱའོ། །སེམས་ཅན་ཡང་ཡིན་ལ་ཀུན་ཡང་ཡིན་པས་ན་སེམས་ཅན་ཀུན་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་དེ་དག་ཐམས་ཅད་ཀྱི་དོན་སྦྱིན་པར་བྱེད་པ་ན་རིན་པོ་ཆེའི་རིགས་ཀྱི་རྟོག་པ་བསྐྱེད་པ་དང༌། རིན་པོ་ཆེའི་
རིགས་ཀྱི་གཟུགས་སུ་བསྐྱེད་པའོ། །ཅིའི་ཕྱིར་ཞེ་ན། བསམ་པ་ཐམས་ཅད་རྫོགས་བྱེད་ཅིང༌། །ཞེས་བྱ་བ་སྨོས་ཏེ། ནོར་བུ་ཆེན་པོའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོས་ཀྱི་ཕྱག་རྒྱའི་དངོས་གྲུབ་ནི་རང་དང་གཞན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །དེའི་དོན་ནི་སེམས་ཅན་ཀུན་གྱི་དོན་ཏེ། དེ་ནི་སེམས་ཅན་ཀུན་གྱི་དོན་སྦྱིན་བྱེད་དོ། །ཆོས་གོམས་འདི་ནི་ནོར་བུ་ཡི། །ཞེས་བྱ་བ་ནི་སེམས་ཅན་ཀུན་ལ་དོན་སྦྱིན་པའི་ནོར་བུའི་རིགས་ཀྱི་ཆོས་ཀྱི་ཚུལ་ལོ། །ཇི་ལྟར་འདིའི་ཆོས་ཡིན་ཡང་རྣལ་འབྱོར་པ་ལ་འདི་ཅི་ཞིག་ཏུ་འགྱུར་ཞེ་ན། རིགས་ཀྱི་ཡང་ནི་དངོས་གྲུབ་འགྱུར། །ཞེས་བྱ་བ་སྨོས་ཏེ། ཆོས་འདི་བསྒོམས་པས་ཆོས་ཀྱི་ཕྱག་རྒྱའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཆོས་ཐམས་ཅད་རྗེས་སུ་སྤྱད་དེ། དེ་ཕྱིས་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་ཇི་ལྟ་བ་བཞིན་དུ་བསམས་ཏེ། དེ་ཉིད་སྙིང་གའི་དབུས་སུ་མིང་བཀོད་ལ། དེ་ཉིད་བརྗོད་ཅིང་དེ་བཞིན་གཤེགས་པ་ལ་སོགས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ནོར་བུ་ཆེན་པོའི་རིགས་ཀྱི་ལྷའི་དབང་བསྐུར་ཏེ། ནོར་བུའི་རིགས་ཀྱི་རང་བཞིན་དུ་བསམས་ལ་སྦྲུལ་པ་དང་མཚུངས་པའི་རང་བཞིན་གྱིས་རྣམ་པར་དག་པའི་རང་གི་ལྷའི་ངོ་བོ་བདག་ཉིད་བསྒོམ་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཡེ་ཤེས་དངོས་གྲུབ་ཀྱི་ཆོ་ག་ཐམས་ཅད་རྒྱས་པའི་རྒྱུད་བསྟན་ནས། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རིགས་སོ། །ཏིང་ངེ་འཛིན་གྱི་ལས་ནི་བསྒོམ་པའོ། །དེའི་དངོས་གྲུབ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལས་ཀྱི་ཕྱག་རྒྱ་རྣམས་བསྐྱེད་པའོ། །དེ་སྟོན་པར་བྱེད་པ་ནི་རྒྱུད་དེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་
པའོ། །ཏིང་ངེ་འཛིན་གྱི་ལས་ནི་ཏིང་ངེ་འཛིན་གྱི་ལས་ཏེ། ཏིང་ངེ་འཛིན་བསྒོམ་པའོ། །གང་དང་སྦྱར་ཞེ་ན། སངས་རྒྱས་ཞེས་བྱ་བ་སྨོས་ཏེ། ཅིར་འགྱུར་ཞེ་ན། སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། །ཞེས་བྱ་བ་སྨོས་ཏེ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་སངས་རྒྱས་བྱང་ཆུབ་སྟེ། དེ་རབ་ཏུ་སྒྲུབ་པར་བྱེད་པའོ། །གང་གིས་ཤེ་ན། འདི་ནི་བསྒོམ་པར་བྱ་ན་ཡང༌། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཏིང་ངེ་འཛིན་གྱི་ལས་འདི་རྣལ་འབྱོར་པས་བསྒོམས་ནས་དངོས་གྲུབ་ཀྱི་མཆོག་དམ་པ་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། དེའི་དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དེ་བཞིན་གཤེགས་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་ལ་སྔགས་རྣམ་པར་བཀོད་ནས། དེ་ཟློས་ཤིང་དེ་བཞིན་གཤེགས་པའི་བདག་ཉིད་དུ་བསམ་པར་བྱའོ། །སེམས་ཅན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་བཞག་ནས་རང་བཞིན་གྱིས་འོད་གསལ་བར་སྤྲུལ་བ་དང་མཚུངས་པའི་དེ་བཞིན་གཤེགས་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་མཐར་ཐུག་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་རང་བཞིན་ནོ། །དེ་དག་གི་ཏིང་ངེ་འཛིན་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལས་བསྒོམ་པའོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དེ་དག་གི་བླ་ན་མེད་པའི་ལས་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །མང་པོ་ནི་ནམ་མཁའ་ཁྱབ་པའོ། །སེམས་དཔའ་ཀུན་འགྱུར་ཐམས་ཅད་ཀྱང༌། །ཞེས་བྱ་བ་ལ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་མཐུར་ཐུག་པ་དེ་དག་བསྐྱེད་པ་ནི། སེམས་དཔའ་ཀུན་གྱི་རྣམ་པར་བརྟན་པ་དང་གཡོ་བ་སྣ་ཚོགས་པ་ཐམས་ཅད་ཀྱི་དངོས་པོའི་རང་གི་ངོ་བོ་ཐམས་ཅད་དུ་སོང་བས་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྐྱེད་པའོ། །དེ་ལྟར་སྐྱེ་བ་དང་འཇིག་པ་ཤེས་པ་ཕུན་སུམ་ཚོགས་པ་འགྲུབ་པར་
འགྱུར་རོ། །ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཏུ་འགྱུར་རོ། །དེའི་དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་གའི་རྡོ་རྗེ་ལ་རང་གི་ལྷའི་སྔགས་རྣམ་པར་བསམས་ནས། དེ་ཉིད་བརྗོད་ཅིང་དངོས་པོ་ཐམས་ཅད་བདག་ཡིན་ནོ་ཞེས་བསྒོམས་ནས། བརྟན་པ་དང་གཡོ་བའི་དངོས་པོའི་བདག་ཉིད་ཐམས་ཅད་རང་ཡིན་ནོ་ཞེས་ངེས་པར་བྱས་ནས་སྤྲུལ་པ་དང་མཚུངས་པའི་རང་བཞིན་གྱིས་འོད་གསལ་བའི་ལྷའི་ངོ་བོ་ནི་བདག་ཡིན་ནོ་ཞེས་བསྒོམ་པར་བྱའོ། །སྡིག་པ་དག་པའི་རྒྱུ་ཡི་ཕྱིར། །ཞེས་བྱ་བ་ནི་ཇི་ལྟར་ངན་སོང་ གསུམ་གྱི་སྡིག་པ ་དག་པའི་རྒྱུའི་ཕྱིར་རོ། །སྡིག་ཀུན་རབ་ཏུ་འདུལ་བྱེད་པ་ནི་བསད་པས་འདུལ་བར་བཅོམ་ལྡན་འདས་ཀྱིས་གསུངས་པས་ན། དེ་བཞིན་དུ་མཚམས་མེད་པ་ལ་སོགས་པ་ལ་འཇུག་པའི་སེམས་ཅན་ཐམས་ཅད་སྡིག་པ་དག་པའི་རྒྱུ་མཚན་གྱིས་བསད་པའོ། །དད་པར་གྱུར་ན་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་དང་པར་གྱུར་བས་སོ། །འདི་སྐད་སྟོན་ པ་ཡིན་ཏེ། སྔ་མ་བཞིན་དུ་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ནས། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། སྙིང་གའི་རྡོ་རྗེ་ལ་སྔགས་ཀྱི་ཡི་གེ་རྣམ་པར་བཀོད་ནས། དེ་བརྗོད་ཅིང་ཡིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཁམས་ཐམས་ཅད་རྣམ་པར་སྦྱངས་ཏེ། ཐུགས་རྗེ་ཆེན་པོ་ཐབས་ཀྱི་ཁྲོ་བོས་བཅོམ་ནས་རྡོ་རྗེའི་རིགས་ཀྱི་རང་བཞིན་དུ་བསྐྱེད་པར་བྱའོ། །སྡིག་ཀུན་རྣམ་པར་དག་པའི་བདག །ཅེས་བྱ་བ་ནི་ལས་དང་ཉོན་མོངས་པ་ལ་སྡིག་པ་ཀུན་ཞེས་བྱ་བའི་སྒྲ་ནི་བརྗོད་པ་ཡིན་ནོ། །སྡིག་པ་ཐམས་ཅད་རྣམ་པར་དག་པའི་བདག་ཉིད་དུ་བསམས་པ་གང་ཡིན་པ་དེ་ནི་སྡིག་པ་ཀུན་རྣམ་པར་དག་པའི་བདག་ཉིད་དེ། ལས་དང་ཉོན་མོངས་པ་སྤངས་པའོ། །ལས་ཀུན་
དག་པས་དགོས་པ་ཀུན། །ཞེས་བྱ་བ་ནི་སྐྱེས་བུ་གང་ཞིག་སྡིག་པ་ཐམས་ཅད་སྤངས་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ངེས་པ་བསྐྱེད་པའོ། །དགོས་པ་ཀུན་དོན་ཐམས་ཅད་གྲུབ་པར་མཛད་པ་ལ་སོགས་པ་གཟུགས་དུ་མར་མཛད་པའོ། །རྣལ་འབྱོར་པ་དེའི་ལས་ནི་འདི་ཡིན་ནོ་ཞེས་ལས་འདི་ཉིད་རང་བཞིན་གྱིས་རྣམ་པར་དག་པར་ལྷག་པར་མོས་པ་བྱེད་པ་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ་ཞེས་དེ་ལྟར་ངེས་པ་བསྐྱེད་པའི་བསམ་པས་བསྒོམས་ན་འགྲུབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་པདྨའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིང་སྟེ། སྙིང་གའི་རྡོ་རྗེ་པདྨ་ལ་རང་གི་སྔགས་རྣམ་པར་བསམས་ཏེ། དེ་ཉིད་བརྗོད་ཅིང་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་དེས་པ་བསྐྱེད་པས། དེ་བཞིན་གཤེགས་པ་ལ་སོགས་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་པདྨའི་རིགས་ཀྱི་ངོ་བོར་ཡིད་ཀྱིས་སྤྲུལ་ཏ་རང་བཞིན་གྱིས་རྣམ་པར་དག་ཅིང་གཟུགས་བརྙན་དང་མཚུངས་པའི་རང་གི་ལྷའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །ནོར་བུ་ཆེན་པོའི་རིགས་ཀྱི་རིགས་དེ་ལ་སྲིད་པ་ནི་དེ་ཐོབ་པར་འདོད་པའོ། །དེ་གང་ལ་ཡོང་པ་དེ་དག་ཐམས་ཅད་ནི་སྲེད་ལྡན་ནོ། །དེ་དག་ཐམས་ཅད་ལ་སྲེད་པས་ཅི་ཞིག་ཏུ་འགྱུར་ཞེ་ན། དབུལ་བ་ཞེས་བྱ་བ་སྨོས་ཏེ། ནོར་བུའི་རིགས་ཀྱི་དབུལ་བའི་སྡུག་བསྔལ་དེ་དག་བསལ་ནས་ནོར་བུའི་རིགས་ལ་མངོན་པར་དད་པས་དེ་བསྒོམ་པ་དང་རབ་ཏུ་ལྡན་པར་དེ་རྟོགས་པས་སྤངས་པ་ཡིན་ནོ། །བསམ་པ་ཀུན་བསྐང་བ་ནི་ནོར་བུའི་རིགས་ཀྱི་འདོད་པ་གྲུབ་པའོ། །རྟག་ཏུ་ནི་དུས་ཐམས་ཅད་དུའོ། །དོན་ཀུན་གྲུབ་པས་ཀུན་བདག་ནི་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བསྒོམ་པ་དང་རབ་ཏུ་ལྡན་པས་ན་དོན་ཀུན་གྲུབ་ཅིང་ཀུན་གྱི་བདག་ཉིད་དོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ།
ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། སྙིང་གའི་རྡོ་རྗེ་རིན་པོ་ཆེ་ལས་སྔགས་རྣམ་པར་བསམས་ནས་དེ་ཉིད་ཟློས་ཤིང༌། ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལྷའི་ངོ་བོར་བདག་ཉིད་ངེས་པ་བསྐྱེད་ནས། དེ་བཞིན་གཤེགས་པ་ལ་སོགས་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ནོར་བུའི་རིགས་ཀྱིས་དབང་བསྐུར་ནས། ནོར་བུའི་རིགས་ཀྱི་ངོ་བོ་བསྐྱེད་དེ། དེའི་རྗེས་ལ་རང་བཞིན་གྱིས་འོད་གསལ་བ་སྤྲུལ་བ་དང་མཚུངས་པར་བདག་ཉིད་རྣམ་པར་བསམ་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པ་ནོར་བུའི་རིགས་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ལས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་བསྟན་ནས། ད་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམས་པས་གང་གི་ཚེ་མཚན་མ་ཐོབ་པར་གྱུར་པ་དེའི་ཚེ་རྡོ་རྗེ་ཕྲ་མོ་བསྒོམས་པས་མངོན་པར་ཤེས་པ་ལྔ་བསྐྱེད་པར་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཕྲ་མོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རིགས་སོ། །ཕྲ་མོའི་ཡེ་ཤེས་ནི་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ཏེ། མངོན་པར་ཤེས་པ་ལྔ་བསྐྱེད་པའོ། །དེའི་དངོས་གྲུབ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་མངོན་སུམ་དུ་བྱེད་པའོ། །དེ་སྟོན་པར་བྱེད་པའི་རྒྱུད་གསུངས་པ་ནི། བཅོམ་ལྡན་འདས་ཕྱག་ན་རྒྱག་ན་རྡོ་རྗེས་བཤད་པའོ། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། རྡོ་རྗེ་ཕྲ་མོ་བསྒོམ་པའོ། །རྟག་ཏུ་ནི་གཏན་དུའོ། །སྦྱོར་བ་ནི་བསྒོམ་པའོ། །འབད་པ་ཀུན་གྱིས་ནི་བྱ་བ་ཐམས་ཅད་སྤངས་ཏེ། དེ་ལ་གཞོལ་བའི་སེམས་ཀྱིས་ཀུན་དུ་བསྒོམ་པའོ། །རྣམ་པའི་མཆོག་ནི་ཀུན་ལྡན་པ། །ཞེས་ཇི་ལྟར་བཤད་པའི་མངོན་ཤེས་ལྔ་ནི་ཐོབ་པར་འགྱུར་ཞས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཆོས་ཀྱི་དཀྱིལ་འཁོར་གྱི་རྣལ་འབྱོར་པས་མཚན་མ་ཐོབ་པར་གྱུར་པ་དེའི་ཚེ་མངོན་པར་ཤེས་པ་བསྐྱེད་པའི་ཕྱིར། རྡོ་རྗེ་
ཕྲ་མོ་བསྒོམ་པ་བྱས་ན་སྔ་མ་བཞིན་དུ་མངོན་པར་ཤེས་པ་ལྔར་འགྱུར་རོ། །སློབ་དཔོན་མ་ཡིན་གཞན་དང་ནི། །ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་དང༌། རྡོ་རྗེའི་རིགས་ལ་སོགས་པ་རྣམས་ཀྱི་དམ་ཚིག་ལ་སྤྱོད་པས་ན་སློབ་དཔོན་ནོ། །དེ་ཉིད་དམ་གཞན་པའི་ལུགས་རྣམས་ལ་སློབ་པས་ན་སློབ་དཔོན་ནོ། །དེའི་སློབ་དཔོན་མ་ཡིན་པ་ནི། སློབ་དཔོན་མ་ཡིན་གཞན་དང་ནི། །ཞེས་བྱ་སྟེ། མདོ་སྡེ་པ་དང༌། མུ་སྟེགས་ཅན་རྣལ་འབྱོར་གྱི་རྒྱུད་ཀྱི་སློབ་དཔོན་དུ་མི་འགྱུར་བ་གང་ཡིན་པ་དེ་ནི་གཞན་ཡིན་ནོ། །གཞན་གྱི་མདུན་དུ་ཕྱག་རྒྱ་མི་བརྗོད་དེ། རྣལ་འབྱོར་གྱི་རྒྱུད་འདིར་དབང་བསྐུར་བའམ། སློབ་དཔོན་གྱི་མདུན་དུ་བསྟན་པར་བྱའོ། །སློབ་མིན་ལ་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་ལ་སོགས་པ་དང་འབྲེལ་བའི་སློབ་མ་དེ་ལ་བསྟན་པར་བྱ་བ་ཐོབ་པར་འགྱུར་རོ་སྙམ་ནས་བུ་མིན་པ་ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་གྱི་རྒྱུད་ཀྱི་ཆོ་གས་འདིར་བཅུག་པའི་བུའོ། །བུ་མ་ཡིན་པ་ནི་དེའི་བུ་མ་ཡིན་པའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་རྣལ་འབྱོར་པས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་སྒྲུབ་པར་འདོད་པས་རྣལ་འབྱོར་གྱི་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པའི་སློབ་མ་རྣམས་དང༌། རྣལ་འབྱོར་གྱི་རྒྱུད་དུ་དབང་བསྐུར་བ་ཐོབ་བའི་སློབ་དཔོན་རྣམས་ལ་ཕྱག་རྒྱ་དང་སྔགས་བསྟན་པར་བྱའོ། །དེ་ལས་གཞན་པ་རྣམས་ལས་ནི་མ་ཡིན་ནོ། །དེ་ལྟར་གདམས་ངག་ཐོབ་པས་ཆོས་ཀྱི་དཀྱིལ་འཁོར་གྱི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པར་བྱེད་པ་ནི་ཇི་སྲིད་དུ་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་ཕྲ་མོ་བསྒོམས་པས་མངོན་པར་ཤེས་པ་ལྔ་བསྐྱེད་ལ། ཕྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་རྣམས་མཚན་ཐོག་ཐག་བསྒོམས་ན་འགྲུབ་པར་འགྱུར་རོ། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །རྡོ་རྗེ་ཕྲ་མོ་བསྒོམས་པའོ། །རྡོ་རྗེ་ཕྲ་མོའི་སྦྱོར་བ་དེས། །སྣ་ནས་ཧཱུཾ་བྱུང་ལྡན་གྱུར་ན། །ཞེས་བྱ་བ་ནི་སྣ་རྩེ་ལས་འབྱུང་བ་ནི་ཧཱུཾ་ནི་སྣ་ནས་ཧཱུཾ་བྱུང་ངོ༌། །སྣ་ལས་བྱུང་བའི་ཧཱུཾ་གང་ཡིན་པ་དེ་ནི་ལྡན་གྱུར་པའོ། །དེའི་རྗེས་
ལ་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རྡོ་རྗེ་ཁྲོ་བོ་དེ་དག་གི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་པ་ནི་ཕྱག་རྒྱ་ཆེན་པོ་དང༌། ཆོས་དང་ལས་དད་དམ་ཚིག་གི་ཕྱག་རྒྱ་ལ་གནས་པའི་རང་གི་ཁྲོ་བོའི་ཏིང་ངེ་འཛིན་ལ་གནས་ནས་ལས་ཐམས་ཅད་བསྒྲུབས་ལ། རྡོ་རྗེ་རིགས་ཀྱི་མངོན་པར་ཤེས་པ་ལྔ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རང་གི་ལྷའི་སྒྲུབ་པ་པོས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བསྒོམས་ཏེ། ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྣའི་རྩེ་མོར་སྣ་ནས་བྱུང་བའི་ཧཱུཾ་ལས་ཕྲ་མོའི་རྡོ་རྗེ་རྣམ་པར་བསམས་ཏེ། ཧཱུཾ་ཟློས་ཤིང་ཇི་སྲིད་དུ་མངོན་པར་ཤེས་པ་ལྔ་བསྐྱེད་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེའི་རྗེས་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབས་པས་མཚན་ཐོག་ཐག་བསྒོམ་པར་བྱའོ། །རྡོ་རྗེ་ལྟ་བས་བལྟས་ན་ནི། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེའི་ཏིང་ངེ་འཛིན་ནི་རྡོ་རྗེ་ལྟ་བའི་སྙིང་པོས་བསྐྱེད་པའོ། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །རྡོ་རྗེ་ཕྲ་མོ་བསྒོམས་པའོ། །དེ་བས་ན་དེ་ནི་པདྨ་ཆེན་པོའི་ཏིང་ངེ་འཛིན་གནས་ཞེས་བྱའོ། །པདྨའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་འགྲོ་བ་འདུལ་བ་ལ་སོགས་པ་དེ་དག་ནི་པདྨ་ཆེན་པོ་སྟེ། དེ་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ནི་པདྨའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་པ་ནི་པདྨ་ཆེན་པོའི་ཏིང་ངེ་འཛིན་ལ་གནས་པའོ། །འདོད་ཆགས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་འདོད་ཆགས་ནི་པདྨའི་རིགས་སོ། །དེའི་དངོས་གྲུབ་ནི་པདྨའི་རིགས་ཀྱི་མངོན་པར་ཤེས་པ་ལྔ་བསྐྱེད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། པདྨའི་རིགས་སུ་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། གང་གི་ཚེ་མཚན་མ་ཐོབ་པར་གྱུར་པ་དེའི་ཚེ་ཕྲ་མོའི་རྡོ་རྗེ་བསྒོམས་ལ་ཇི་སྲིད་པདྨའི་རིགས་ཀྱི་མངོན་པར་ཤེས་པ་ལྔ་བསྐྱེད་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་མཚན་ཐོག་ཐག་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམས་ཏེ། ཇི་སྲིད་དུ་པདྨའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་
བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དངོས་གྲུབ་འགྲུབ་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་བྱའོ། །ཤིན་ཏུ་ཕྲ་བའི་འབར་ལྟ་བས། །ཞེས་བྱའོ། །འབར་བའི་ལྟ་བ་གང་ལ་ཡོད་པ་ནི་འབར་བའི་ལྟ་བའི་རྣམ་པའོ། །དེས་དོན་ཐམས་ཅད་འདྲེན་པར་འགྱུར་རོ། །འབར་བའི་ལྟ་བ་དང་ལྡན་པ་གང་ཡིན་པ་དེས་དོན་ཐམས་ཅད་འདྲེན་པའི་ཁྱད་པར་ཇི་ལྟ་བ་ཞིག་བསྒོམ་པར་བྱ་ཞེ་ན། ཤིན་ཏུ་ཕྲ་བའི་འབར་བའི་ལྟ་བས་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་ཕྲ་བ་ནི་རབ་ཏུ་ཕྲ་བའོ། །ཏིང་ངེ་འཛིན་གང་གིས་འགྲུབ་པར་འགྱུར་ཞེ་ན། རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས། །ཞེས་བྱ་བ་སྨོས་ཏེ། ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དོན་ཐམས་ཅད་གྲུབ་པ་ལ་སོགས་པ་དེ་དག་ནི་རྡོ་རྗེ་རིན་ཆེན་ནོ། །དེའི་ཏིང་ངེ་འཛིན་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྡོ་རྗེ་རིན་པོ་ཆེའི་ཏིང་ངེ་འཛིན་དེ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྣལ་འབྱོར་གྱིས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཞེས་བཤད་ཟིན་ཏོ། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །དོན་ནི་ཐམས་ཅད་འདྲེན་པར་འགྱུར། །ཞེས་བྱ་བ་སྟེ། དོན་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་ན་དོན་ཐམས་ཅད་དེ། ནོར་བུའི་རིགས་ཀྱི་མངོན་པར་ཤེས་པ་ལྔའོ། །དེའི་འདྲེན་པ་ནི་རྟོགས་པའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམས་ནས་གང་གི་ཚེ་མཚན་མ་ཐོབ་པར་གྱུར་པ་དེའི་ཚེ། རྡོ་རྗེ་ཕྲ་མོ་བསྒོམས་ལ་ཇི་སྲིད་མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པས་རིགས་ཐམས་ཅད་ཀྱི་ཕྲ་མོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་བསྟན་ནས། ད་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པན་མཚན་མ་འདི་དག་བྱུང་བར་གྱུར་ན་མངོན་པར་ཤེས་པ་ལྔ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ཡིན་ནོ། །
དེ་བཞིན་གཤེགས་པ་ཐམས་ཅད་ནི་རིགས་སོ། །སྤྱན་གྱི་ཡེ་ཤེས་ནི་སྐར་མའི་རྣམ་པ་ལ་སོགས་པ་མཐོང་བའོ། །དེའི་དངོས་གྲུབ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྐྱེད་པའོ། །རྒྱུད་ནས་སྟོན་པས་ན་རྒྱུད་དེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །གང་གི་ཚེ་ཕྱག་རྒྱ་འམ་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གང་གི་ཚེ་ནི། དུས་གང་ཞིག་གི་ཚེ་ནའོ། །ཕྱག་རྒྱ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །ཏིང་ངེ་འཛིན་ནི་རྡོ་རྗེ་ཕྲ་མོའི་དབྱེ་བ་རྣམ་པ་ཉི་ཤུའོ། །སྒྲུབ་པའི་རྩོལ་བར་གྱུར་པ་དེ། །ཞེས་བྱ་བ་ནི་བསྒྲུབ་པའི་དོན་མངོན་སུམ་དུ་བྱེད་པའི་དོན་ཏོ། །རྩོལ་བར་གྱུར་པ་ནི་ཉེ་བར་མཁོ་བའོ། །གང་གི་ཚེ་ན་དུས་དེའི་ཚེའོ། །མཁའ་ནི་ནམ་མཁའོ། །མཁའ་ནི་རྡུལ་ཕྲ་རབ་བོ། །དཀར་པོར་གྱུར་པ་དེ་མཐོང་བ་ནི་འོད་ཟེར་དཀར་པོའོ། །རྣམ་པ་ཅི་འདྲ་བ་ཞིག་ཅེ་ན། སྐར་མ་དང་འདྲ་ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་པ་དེས་མཐོང་བའོ། །དེའི་ཚེ་ནི་དུས་དེ་ནའོ། །བློ་ལྡན་ནི་ཤེས་པ་དང་ལྡན་པའམ། ཤེས་ཤིང་བློ་གྲོས་དང་ལྡན་པའོ། །ཅི་ཞིག་ཤེས་ཤེ་ན་སངས་རྒྱས་ཀྱི། སྤྱན་ནི་བདག་གིས་ཐོབ་པར་ཤེས། །ཞེས་བྱ་བ་སྨོས་ཏེ། སངས་རྒྱས་རྣམས་ཀྱི་སྤྱན་ནི་སངས་རྒྱས་ཀྱི་སྤྱན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ཐོབ་པར་བྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་འདི་ལས་ཀྱང་སངས་རྒྱས་ཀྱི་སྤྱན་ཞེས་བཤད་དོ། །དེ་ཕྱིན་ཆད་ནི་སངས་རྒྱས་ཀྱི། རྟོག་པ་ཀུན་ལས་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་མངོན་པར་ཤེས་པ་ལ་སོགས་པ་བསྐྱེད་པའོ། །ཇི་སྙེད་དངོས་པོ་ཡོད་གྱུར་པ། །ཞེས་བྱ་བ་ལ་སོགས་པ་ལ། ཇི་སྙེད་པ་ནི་བརྟན་པ་དང་གཡོ་བའི་དངོས་པོའོ། །ཡོད་པ་ནི་བདག་པོ་སྟེ། ཁམས་ གསུམ་པ ་དེ་སྙེད་པ་ཐམས་ཅད་དེ་བཞིན་གཤེགས་པའི་གཟུགས་བརྙན་གྱི་རྣམ་པ་རྣལ་འབྱོར་པས་མཁའ་ལ་རྒྱུག་པ་མཐོང་བར་འགྱུར་རོ། །ཇི་ལྟར་རྒྱུག་ཅེ་ན། འགྲོ་བ་དང་ནི་འོང་བ་འང་རུང༌། །ཞེས་བྱ་བ་སྨོས་ཏེ། གཟུགས་བརྙན་དེ་དང་དེ་དག་མཐོང་ཞིང་ཤེས་པའོ། །རྡོ་རྗེ་སྤྱན་ནི་རྣམ་པར་དག །ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་ཀྱི་
སེམས་ལ་སོགས་པའི་ངོ་བོར་བསྐྱེད་པ་ནི་རྡོ་རྗེའི་སྤྱན་རྣམ་པར་དག་པའོ། །དེ་དང་ལྡན་པ་ནི་རྡོ་རྗེའི་སྤྱན་རྣམ་པར་དག་པ་དང་ལྡན་པ་སྟེ། དེའི་རྡོ་རྗེ་སྤྱན་རྣམ་པར་དག་པའོ། །རྡོ་རྗེ་སྤྱན་རྣམ་པར་དག་པ་སྟེ། ཐོབ་པའི་རྒྱུར་གྱུར་པ་ཤེས་པའི་རྣལ་འབྱོར་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཆོད་པ་སོ་སོར་སྣང་བ་ཐོབ་པར་གྱུར་པ་དེས། མཆོད་པའི་དངོས་གྲུབ་ཐོབ་པར་གྱུར། །ཞེས་བྱའོ། །གཡས་པའམ་ནི་གཡོན་ཕྱོགས་ཀྱི། །ཞེས་བྱ་བ་ནི་གཡས་ཕྱོགས་དང་གཡས་ཕྱོགས་མ་ཡིན་པ་ཐམས་ཅད་དེ། ལ་ལར་ནི་གཡས་པ་ནི་གཡས་ཡིན་ལ་གཡས་པ་མ་ཡིན་པ་རྣམས་གཡོན་ཞེས་བརྗོད་དོ། །གཡས་ཕྱོགས་དང་གཡས་ཕྱོགས་མ་ཡིན་པའི་ལོགས་སུ་གནས་པའི་ངང་ཚུལ་གང་ལ་ཡོད་པ་ནི་གཡས་དང་གཡོན་གྱི་ཕྱོགས་ཀྱི་ནམ་མཁའ་ལ་དེ་མིག་གིས་མཐོང་བར་འགྱུར་རོ། །ནམ་མཁའ་དབྱིངས་ཉིད་ནི་རྡུལ་ཕྲ་རབ་ཀྱི་ཆ་ཤས་སོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། སྤྲིན་འདྲ་མྱུར་དུ་འཁོར་བ་ནི། །ཞེས་བྱ་བ་ཡིན་ཏེ། །སྤྲིན་སྔོན་པོ་དང་མཚུངས་པར་དེ་མཐོང་ཡང་རྣལ་འབྱོར་པས་འཇིགས་པར་མི་འགྱུར་བས་ན་འཇིགས་པར་མི་འགྱུར་བའོ། །རྒྱུ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་ལས་བྱུང་ཕྱག་རྒྱ་དེ། །ཞེས་བྱ་བ་སྨོས་ཏེ། ཕྱག་ན་དེ་ཡང་བཟུང་ན་ནི། །ཕྱག་རྒྱའི་མིག་ནི་འགྲུབ་པར་འགྱུར། །ཞེས་བྱ་སྟེ། མིག་གི་རྣམ་པར་ཤེས་པ་དེས་ཡོངས་སུ་དཔྱད་པས་ན་བཟུང་བའོ། །ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དེ་བཟུང་ན་ཕྱག་རྒྱ་འགྲུབ་པར་འགྱུར་རོ། །གང་འགྲུབ་པར་འགྱུར་ཞེ་ན། མིག་གི་ཕྱག་རྒྱ་ཞེས་བྱ་བ་སྨོས་ཏེ། ནམ་མཁའི་སྤྲིན་སྔོན་པོ་དང་མཚུངས་པ་ནི་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱའོ། །དེར་སྣང་བའི་མིག་ནི་མིག་གི་རྣམ་པར་ཤེས་པ་སྟེ། མིག་གི་ཕྱག་རྒྱ་དེ་གང་ལ་ཡོད་པའི་རྣལ་འབྱོར་པ་དེ་ནི་མིག་གི་ཕྱག་རྒྱ་ཅན་ནོ། །དེ་ལྟར་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་རྣལ་འབྱོར་པའི་མིག་གི་ཤེས་པ་བསྟན་ནས། ད་ནི་པདྨའི་རིགས་ཀྱི་རྣལ་འབྱོར་བསྟན་པ་ནི། གང་ཚེ་སྐྱ་དམར་དཀར་བ་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ། པདྨའི་རིགས་
ཀྱི་རྣལ་འབྱོར་བས་གང་གི་ཚེ་སྐྱེ་བ་ནི་ཁ་དོག་དཀར་པའོ། །དམར་བ་ནི་ཁ་དོག་དམར་བའོ། །དཀར་བ་ནི་དྲི་མ་མེད་པའོ། །སྣ་ཚོགས་ནི་ཁ་དོག་ལྔ་པ་སྟེ། དཀྱིལ་འཁོར་ནི་ཆོས་ཀྱི་དཀྱིལ་འཁོར་རོ། །མཐོ་བ་ནི་མཁའ་ལའོ། །དེའི་ཚེ་ནི་དུས་དེར་རོ། །དགོས་པ་ཉིད་འགྱུར་ཞིང་ནི་པདྨའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་གཟུགས་ཀྱིས་སོ། །འགྲུབ་པར་འགྱུར་པ་ནི་རྣལ་འབྱོར་པས་སོ། །མངོན་པར་ཤེས་པ་ལྔ་བསྐྱེད་ཅིང་བསྒྲུབ་པས་ཅིར་འགྱུར་ཞེ་ན། འཁོར་ལོའི་སྤྱན་ནི་ཞེས་བྱ་བ་སྨོས་ཏེ། འཁོར་ལོ་ནི་དཀྱིལ་འཁོར་རོ། །སྤྱན་ནི་དེའི་རྣམ་པ་ཅན་གྱི་མིག་གི་རྣམ་པར་ཤེས་པ་སྟེ། འཁོར་ལོའི་སྤྱན་རྣལ་འབྱོར་པ་གང་ལ་ཡོད་པ་འདི་ནི་སྤྱན་ནོ། །འགྲུབ་པ་ནི་དེའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་མཐོང་བའོ། །དེ་ལྟར་པདྨའི་རིགས་ཀྱི་སྤྱན་གྱི་ཡེ་ཤེས་ཀྱི་དངོས་གྲུབ་བསྟན་ནས། ད་ནི་ནོར་བུའི་རིགས་ཀྱི། མཁའ་ལ་རིན་ཆེན་འདྲ་བ་དང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའ་ནི་གྲགས་པར་ཟད་དོ། །ནམ་མཁའ་དེ་ལ་པདྨ་རཱ་ག་ལ་སོགས་པ་ནོར་བུ་དང་འདྲ་བ་དང༌། དབྱིག་ལ་སོགས་དང་འདྲ་བར་ནི། །ཞེས་བྱ་བ་ནི་དབྱིག་ནི་དོང་ཚེ་ལ་སོགས་པའི་ཟོང་སྟེ་དེ་དང་འདྲ་བའོ། །གང་གི་ཚེ་ནི་དུས་གང་གི་ཚེའོ། །ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་ནམ་མཁའ་ལ་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་མཐོང་བར་འགྱུར་རོ། །དེའི་ཚེ་མཁའ་མིག་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ནི་རྣམ་པར་དག་པའོ། །མིག་ནི་མིག་གི་རྣམ་པར་ཤེས་པ་སྟེ། རྣལ་འབྱོར་པ་གང་ལ་ནམ་མཁའི་མིག་ཡོད་པ་དེས་འགྲུབ་པར་འགྱུར་ཏེ། ནོར་བུའི་རིགས་ཀྱི་དངོས་གྲུབ་ཏུ་འགྱུར་ཞིང་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ཐུན་མཚམས་ཐམས་ཅད་ཀྱི་ཚེ་ལན་ཅིག་མ་ཡིན་པར་མཐོང་བར་འགྱུར་རོ། །འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་རྒྱུད་ཕྱི་མའི་བཤད་པ་རྫོགས་སོ།། །།དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་
པའི་རིགས་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་རྒྱུད་ཕྱི་མ་བཤད་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ནི་རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་གསུངས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་རང་གི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང་བ་ནི་རྒྱུད་ཕྱི་མ་བསྒྲུབ་པའི་ཚེ་ཡང་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སོ། །དེ་དག་གི་ལས་ནི་ལས་ཀྱི་དཀྱིལ་འཁོར་རོ། །དམ་པའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །དེ་སྟོན་པར་བྱེད་པ་ནི་རྒྱུད་དེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི། །འདོད་ཆགས་བདེ་བ་རྣམ་སྨིན་ཕྱིར། །གཙོ་བོ་ཐམས་ཅད་མཆོད་བྱས་ནས། །ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་ལ་སྦྲུལ་ལ། ལས་ཀྱི་དཀྱིལ་འཁོར་གྱི་རྣལ་འབྱོར་པས་དེས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ན། སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱའོ། །དོན་གང་གི་ཕྱིར་ཞེ་ན། འདོད་ཆགས་བདེ་བ་རྣམ་སྨིན་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཆོས་བདག་མེད་པའི་ཆགས་པས་འདོད་ཆགས་བདེ་བའོ། །དེའི་རྣམ་པར་སྨིན་པ་ནི་རང་གི་རིགས་འབྱུང་བའོ། །དེའི་ཕྱིར་ནི་རྣལ་འབྱོར་པས་གཙོ་བོ་ཐམས་ཅད་མཆོད་པའི་ཕྱིར། སངས་རྒྱས་དངོས་གྲུབ་ནི་དེ་བཞིན་གཤེགས་པ་ལྔའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐོབ་པའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། ཕྱིས་ལས་ཀྱི་དཀྱིལ་འཁོར་
ལས་བཤད་པའི་རང་གི་ལྷའི་སྙིང་པོ་བརྗོད་ཅིང་སྤྲོས་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་ཅན་གྱི་ཁམས་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། སྔར་བཤད་པའི་ཚུལ་གྱིས་བདག་ཉིད་ཡོངས་སུ་བསྐོར་ནས་ཡིད་ཀྱིས་གཞག་པར་བྱའོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་རྣམ་པ་བཅུ་དྲུག་གིས་བདག་ཉིད་ཡང་དག་པར་མཆོད་ལ། དེའི་རྗེས་ལ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེ་བཞིན་གཤེགས་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྒེག་མོ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་བཞིས་གསང་བའི་མཆོད་པ་རབ་ཏུ་མཆོད་པར་བྱ་སྟེ། འདོད་ཆགས་བདག་ཅེས་སྒོམ་བྱེད་ཅིང༌། །ཆོས་བདག་མེད་པའི་ཆགས་པའི་རང་བཞིན་དུ་གཟུགས་བརྙན་དང་མཚུངས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཡིན་ནོ་ཞེས་བསྒོམ་པར་བྱའོ། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་པོ། །ཅི་ཞིག་ཏུ་འགྱུར་ཞེ་ན། རྡོ་རྗེ་འདོད་པས་གཟི་ཅན་འགྱུར། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་འདོད་པ་ནི་ཆོས་བདག་མེད་པའི་འདོད་ཆགས་སོ། །གཟི་ཅན་མཉམ་ཞེས་བྱ་བ་ནི་འོད་ཅན་དེ་དང་མཉམ་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་ག་ལས་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་བཞི་སྤྲུལ་ལ་བདག་ཉིད་མཆོད་དེ། ཡང་དེའི་རྗེས་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །གསང་བའི་མཆོད་པ་རབ་བྱས་ན། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཁྲོ་བོ་བདག་ཅེས་སྒོམ་བྱེད་ཅིང༌། །ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་
ཧཱུཾ་མཛད་ནས་ཁྲོ་བོ་རྡོ་རྗེ་འབེབས་པའི་བར་གྱི་ཁྲོ་བོ་ནི་བདག་ཡིན་ནོ་ཞེས་ཡང་དང་ཡང་དུ་མངོན་དུ་བྱེད་པའོ། །འདི་སྐད་སྟོན་ པ་ཡིན་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱད་ནས། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་ག་ནས་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་བཞི་སྤྲུལ་ལ། བདག་ཉིད་མཆོད་པར་བྱས་ནས་དེའི་རྗེས་ལ་བསྒོམ་པར་བྱའོ། །ནང་དུ་སོང་བའི་ཡིད་ཀྱིས་ནི། །འདོད་པ་དག་པར་སྒོམ་བྱེད་ཅིང༌། །ཞེས་བྱ་བ་ནི་ཤིན་ཏུ་མཉམ་པར་གཞག་པའི་སེམས་ཀྱིས་རང་གི་ལྷའི་རྣལ་འབྱོར་རང་བཞིན་གྱིས་དག་པའི་གཟུགས་བརྙན་དང་མཚུངས་པར་བསྒོམ་པར་བྱའོ། །དབྱངས་ལྡན་ཐིག་ལེ་སངས་རྒྱས་རྣམས། །མཆོད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་དེའི་འདོད་པ་རྣམ་པར་དག་པ་ནི་རང་གི་ལྷ་དང་མཉམ་པར་སྦྱོར་བས་རང་བཞིན་གྱིས་རྣམ་པར་དག་པ་སེམས་ཀྱིས་བསྒོམ་མོ། །དེ་དང་མཉམ་པར་སྦྱོར་བའི་རྩའི་ཐིག་ལེ་བྱུང་ནས་ནམ་མཁའི་ཁམས་བཀང་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་འཇིག་རྟེན་དབང་ཕྱུག་གི་རང་བཞིན་གྱི་ཕྱག་རྒྱ་ཆེན་པོ་རྫས་ཀྱི་ཐིག་ལེའི་ནང་དུ་ཚུད་པར་བྱས་ལ། ཐིག་ལེ་དེས་རེག་པར་གྱུར་པ་དེའི་ཚེ་འཇིག་རྟེན་དབང་ཕྱུག་ཏུ་གྱུར་པར་བསམ་པར་བྱའོ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་དུ་སངས་རྒྱས་ཐམས་ཅད་ལ་མཆོད་པས། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་འཇིག་རྟེན་ གསུམ་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་པ ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་ཆེན་པོ་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་གའི་པདྨའི་སྒེག་མོ་ལ་སོགས་པའི་ལྷ་མོ་བཞི་སྤྲུལ་ལ། བདག་ཉིད་མཆོད་ནས་རང་གི་ལྷ་དང་མཉམ་པར་སྦྱོར་ཞིང་རང་བཞིན་གྱིས་རྣམ་པར་དག་པའི་གཟུགས་བརྙན་དང་མཚུངས་པར་
བསྒོམས་ན་རྫས་ཀྱི་ཐིག་ལེ་ཕྱུང་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་རེག་པས་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བསྐྱེད་ནས། རང་གི་ལྷ་མོ་དང་མཉམ་པར་སྦྱོར་བའི་འཇིག་རྟེན་དབང་ཕྱུག་གི་བདག་ཉིད་དུ་བསྒོམ་པར་བྱའོ། །བསམ་པ་གཡོས་པས་འདུད་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་རྣལ་འབྱོར་བྱས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ནོར་བུའི་རིགས་ཀྱི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་ག་ལས་རིན་ཆེན་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་རྣམ་པ་བཞི་སྤྲུལ་ལ་བདག་ཉིད་ཡང་དག་པར་མཆོད་པར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་དད་པ་ཁྱད་པར་ཕུལ་དུ་བྱུང་བས་ཕྱག་བྱའོ། །དེ་ལྟར་རྡོ་རྗེ་སྙིང་པོར་མཉམ་བཞག་ལ། བསམ་པ་གཡོས་པས་འདུད་པར་བྱས་ལ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། མཆོག་ཏུ་ཕྱག་འཚལ་བར་བསྒོམ་པར་བྱའོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། དབང་བསྐུར་བ་ནི་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་བཤད་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གི་གསང་བའི་རྒྱུད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རིགས་རྣམས་སོ། །ལས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་གི་རྒྱུད་ནི་དམ་ཚིག་གི་ཕྱག་རྒྱའོ། །དེའི་གསང་བ་ནི། འདོད་ལ་སོགས་པའི་བདེ་བ་ཀུན། །རྟག་ཏུ་བདག་ནི་སྙིང་ལ་གནས། །ཞེས་བྱ་བ་ལ་སོགས་པའི་བསྒོམས་པ་དེས་འགྲུབ་པའོ། །ལས་
ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱ་མངོན་སུམ་དུ་བྱེད་པ་ནི། དེའི་སྟོན་པར་བྱེད་པའི་རྒྱུད་དེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པའོ། །འདོད་ལ་སོགས་པ་ཞེས་བྱ་བ་ནི་དེ་ལ་འདོད་པ་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་རྡོ་རྗེ་སེམས་དཔའོ། །དེ་ཉིད་དང་པོར་བྱས་པའི་འདོད་པ་ལ་སོགས་པ་གང་ཡིན་པ་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའོ། །དེ་སྐད་དུ་ཡང༌། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་འདོད་པ་ཡིན་ཞེས་བྱ་བ་གསུངས་སོ། །དེ་ཉིད་བདེ་བ་ཀུན་ཏེ། རྟག་ཏུ་བདག་གི་སྙིང་ལ་གནས། །ཞེས་བྱ་བ་ནི་ནམ་མཁའི་དབྱིངས་ཐམས་ཅད་སྐུ་དང༌། གསུང་དང་ཐུགས་རྡོ་རྗེས་རྟག་ཏུ་བཞུགས་པའི་རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་འཁོར་བ་ཇི་སྲིད་ཀྱི་བར་དུ་བཞུགས་པ་ནི་དེ་ཉིད་ཀྱི་སྙིང་ལ་གནས་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །སེམས་ཅན་གྱི་དོན་གྱི་སྙིང་པོ་ནི་སེམས་ཅན་གྱི་དོན་ཏེ། ཉན་ཐོས་དང་རང་རྒྱལ་བའི་ཐེག་པར་མོས་པའི་སེམས་ཅན་རྣམས་གདུལ་བའི་ཕྱིར་ཉན་ཐོས་དང༌། རང་རྒྱལ་བའི་ཐེག་པ་སྟོན་པ་དང༌། སེམས་ཅན་གྱི་དོན་བྱེད་པ་ཞེས་གང་ཡིན་པའོ། །དེ་ལ་འདིར་དོ་མཚར་བ་ཅི་ཞིག་ཡོད་ཅེ་ན། སྐྱོ་བར་གྱུར་པས་གང་འདོད་སྨད། །ཅེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་སོགས་པ་མངར་ཟིན་ཡང་སྦས་ནས་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་སོགས་པ་ཆགས་པ་དང་བྲལ་བ་མི་མངའ་བའི་ངོ་བོ་ལ་ཡོངས་སུ་བརྟགས་ནས། ཉན་ཐོས་དང་རང་རྒྱལ་གྱི་རིགས་ཅན་ནི་སེམས་ཅན་གྱི་ཁམས་ལ་ཉན་ཐོས་དང༌། རང་རྒྱལ་བའི་ལམ་གྱི་རང་བཞིན་ཆགས་པ་དང་བྲལ་བར་སྟོན་པ་དེ་ནི་ངོ་མཚར་གང་ཡིན་འདི་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་ལ་རྟོག་པ་སྟོན་པའོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏེ་ལས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་ནི་ལས་ཀྱི་དམ་ཚིག་སྟེ། མི་མངའ་བ་ཞེས་བྱ་བའི་དོན་ཏོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་ལ་སོགས་པའི་རང་གི་རང་བཞིན་འདི་ནི་ལས་ཀྱི་དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པར་བྱེད་པ་ལས་མི་འདའ་བ་ཡིན་པ་དེའི་ཕྱིར་འདིའི་ངོ་
བོ་བསྒོམ་པར་བྱའོ། །བསྒོམ་པར་བྱ་བའི་ཏིང་ངེ་འཛིན་དེ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དུ་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རྣལ་འབྱོར་ནི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཏེ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དེ་འདིར་བསྒོམས་པའོ། །བསྒོམས་ནས་སངས་རྒྱས་མཆོད་པ་ནི། །ཞེས་བྱ་བ་ནི་ལས་ཀྱི་དམ་ཚིག་དེ་བསྒོམ་པའི་རྣལ་འབྱོར་པས་མཆོད་པ་ནི་རྟོགས་པའི་སངས་རྒྱས་ལ་མཆོད་པའོ། །དངོས་གྲུབ་དམ་ཚིག་ཐོབ་པར་འགྱུར། །ཞེས་བྱ་བ་ནི་མཆོད་པ་འདིས་སངས་རྒྱས་ལ་མཆོད་ན་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་ཐམས་ཅད་ཀྱིས་སྔ་མ་བཞིན་དུ་བདག་ཉིད་ཡང་དག་པར་མཆོད་ལ། ཡང་དེ་ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་གའི་རྡོ་རྗེ་ལ་རང་གི་རིག་པའི་ཡི་གེ་རྣམ་པར་བཀོད་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་གྱི་རྡོ་རྗེ་སྙིང་གར་རྣམ་པར་བསམས་ཏེ་བསྒོམ་པར་བྱའོ། །ཀུན་དུ་བཟང་པོ་བདག་ཡིན་ཏེ། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་ཉིད་འདོད་པ་ནི་མངོན་པར་འདོད་པའོ། །སེམས་ཅན་ཀུན་ལ་བདེ་སྦྱིན་པ། །ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཀུན་དུ་བཟང་པོ་འདོད་པའི་སྐལ་བ་དང་ལྡན་པའི་རྣལ་འབྱོར་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་དེ་བསྐྱེད་པའི་ཕྱིར། སེམས་ཅན་ཀུན་ལ་བདེ་སྦྱིན་བའོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པ་དེ་དག་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱ་བསྒོམས་པ་དེ་ལ་རབ་ཏུ་གནས་
པ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གནས་སོ། །མཆོད་ན་དངོས་གྲུབ་ཐོབ་འགྱུར་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི། ཀུན་དུ་བཟང་པོ་འདོད་པའི་བདག །སེམས་ཅན་ཀུན་ལ་བདེ་བ་སོགས། །ཞེས་བྱ་བ་བསྒོམ་པའི་མཚན་ཉིད་ཅན་གྱི་རྟོགས་པའི་མཆོད་པས་མཆོད་ན། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། །ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཇི་ལྟ་བ་བཞིན་དུ་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། ཀུན་དུ་བཟང་པོའི་མཆོད་པའི་བདག །སེམས་ཅན་ཀུན་ལ་བདེ་སྩོལ་བ། །ཞེས་བསྒོམས་ན་སེམས་ཅན་གྱི་ཁམས་ལ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་བསྐྱེད་ཅིང་བསྒྲུབས་ཏེ། རང་གི་སྙིང་གའི་རྡོ་རྗེ་ལ་རིག་པའི་ཡི་གེ་རྣམ་པར་བཀོད་ལ་དེ་ཉིད་བརྗོད་ཅིང་བསྒོམ་པར་བྱའོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཀུན་དུ་བཟང་པོ་དེ་ཉིད་ཁྲོ་བོའོ།། ཅིའི་ཕྱིར་ཀུན་དུ་བཟང་པོའི་རང་བཞིན་ཁྲོ་བོ་ཡིན་ཞེ་ན། གང་གི་ཕྱིར། སེམས་ཅན་ཀུན་ལ་ཕན་བྱེད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་དང་རྣམ་པར་སྨིན་པ་བདེ་བ་བསྐྱེད་པ་ནི་སེམས་ཅན་ཀུན་ལ་བདེ་བས་ཕན་པའོ། །ཕན་པ་ནི་སེམས་ཅན་ཀུན་ལ་ཕན་འདོགས་པར་བྱེད་པའོ། །རྡོ་རྗེ་ཧཱུཾ་མཛད་རྣལ་འབྱོར་གྱིས། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བསྒོམ་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱི་རྣལ་འབྱོར་དེས་མཆོད་ཅིང༌། སེམས་ཅན་ཀུན་ལ་ཕན་བྱེད་པ། །ཀུན་བཟང་ཁྲོ་བོ་བདག་ཡིན་ཏེ། །ཞེས་བསྒོམས་པས་དངོས་གྲུབ་ཐོབ་པར་འགྱུར་རོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་ཐོབ་པར་
འགྱུར་རོ། །འདི་སྐད་སྟོན་ པ་ནི། སྔ་མ་བཞིན་དུ་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ཁྲོ་བོའི་རྣལ་འབྱོར་བྱས་ལ། སྔར་བཤད་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། ཕྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། སྙིང་གའི་རྡོ་རྗེ་ལ་རང་གི་རིག་པའི་ཡི་གེ་རྣམ་པར་བསམས་ལ། སེམས་ཅན་གྱི་ཁམས་ཐམས་ཅད་ཁྲོ་བོས་བཅོམ་ནས་རྡོ་རྗེ་རིགས་ཀྱི་རང་བཞིན་དུ་རྣམ་པར་བསམས་ཏེ། སེམས་ཅན་ཀུན་ལ་ཕན་བྱེད་པའི། །ཀུན་བཟང་ཁྲོ་བོ་བདག་ཡིན་ཏེ། །ཞེས་ང་རྒྱལ་བསྐྱེད་དེ་བསྒོམ་པར་བྱའོ། །ཀུན་བཟང་འདོད་པ་བདག་ཡིན་ཏེ། །ཞེས་བྱ་བ་ནི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ནི་འདོད་པའོ། །འགྲོ་བ་འདུལ་བ་ལ་སོགས་པ་ནས་པདྨ་འབེབས་པའི་མཐར་ཐུག་པའི་བདེ་བ་གང་ཡིན་པ་དེ་ནི་བདེ་བ་ཐམས་ཅད་དོ། །དེ་སྟེར་བར་བྱེད་པས་ན་བདེ་བ་ཐམས་ཅད་རབ་སྦྱིན་པའོ། །རྣལ་འབྱོར་པས་བདག་ཉིད་འགྲོ་བ་འདུལ་བའི་སྐུར་གནས་པས་འགྲོ་བ་འདུལ་བའི་སྐུར་གནས་པའོ། །པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་གི་ཏིང་ངེ་འཛིན་ལ་གནས་པའོ། །མཆོད་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའི་ཏིང་ངེ་འཛིན་འདིས། བདེ་བ་ཐིམ་ནས་རབ་སྦྱིན་པའི། །ཀུན་བཟང་འདོད་པ་བདག་ཡིན་ཏེ། །ཞེས་བྱ་བ་བསྒོམ་པའི་མཆོད་པས་མཆོད་ནས་པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་བྱས་ཏེ། ཆོ་ག་ཐམས་ཅད་རྗེས་སུ་སྦྱང་ལ་ཕྱིས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། སྙིང་གའི་རྡོ་རྗེ་པདྨ་ལ་བཟླས་པའི་ཡི་གེ་རྣམ་པར་བཀོད་ནས། དེ་ཉིད་བརྗོད་ཅིང༌། ཐམས་ཅད་དུ་པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་སྤྲོས་པས་སེམས་
ཅན་གྱི་ཁམས་ཐམས་ཅད་པདྨའི་རིགས་ཀྱི་རང་བཞིན་དུ་བསྐྱེད་དེ། བདེ་བ་ཐམས་ཅད་རབ་སྦྱིན་པའི། །ཀུན་བཟང་འདོད་པ་བདག་ཡིན་ཏེ། །ཞེས་ང་རྒྱལ་བསྐྱེད་དེ་བསྒོམ་པར་བྱའོ། །ཀུན་བཟང་རྒྱལ་པོ་བདག་ཡིན་ཏེ། །ཞེས་བྱ་བ་ནི་ནོར་བུ་ཆེན་པོའི་རིགས་ཀྱི་གཟུགས་ཀྱི་ཁམས་ གསུམ་པ ་ཐམས་ཅད་ཀྱི་ཆོས་ཀྱི་རྒྱལ་སྲིད་ཐོབ་པས་ན་རྒྱལ་པོའོ། །སེམས་ཅན་ཀུན་ལ་དོན་ཆེན་སྦྱིན། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་དང༌། སེམས་ཅན་ཐམས་ཅད་ནོར་བུའི་རིགས་ཀྱིས་དབང་བསྐུར་བ་དང༌། ནོར་བུ་ཆེན་པོའི་རིགས་ཀྱི་གཟུགས་སུ་ཏིང་ངེ་འཛིན་གྱིས་བསྐྱེད་པ་ནི། །དོན་ཀུན་གྲུབ་པའི་གཟུགས་ཀྱིས་ནི། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལྷ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བསྒོམ་པ་ནི་དོན་ཐམས་ཅད་གྲུབ་པའི་གཟུགས་ཀྱིས་སོ། །མཆོད་པ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་སེམས་ཅན་ཀུན་ལ་དོན་ཆེན་སྦྱིན་། །ཀུན་བཟང་རྒྱལ་པོ་བདག་ཡིན་ཏེ། །ཞེས་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་གཟུགས་སུ་དེ་བསྒོམས་ཏེ། མཆོད་པས་མཆོད་ན་ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། སྙིང་གའི་རྡོ་རྗེ་རིན་པོ་ཆེ་ལ་རིག་པའི་ཡི་གེ་རྣམ་པར་བསམས་ནས། དེ་ཉིད་ཟློས་ཤིང་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་སྤྲོས་པས་དེ་བཞིན་གཤེགས་པ་ལ་སོགས་པ་དང༌། སེམས་ཅན་གྱི་ཁམས་དབང་བསྐུར་བས་ནོར་བུའི་རིགས་ཀྱི་རང་བཞིན་དུ་བསྐྱེད་པར་བསྒོམ་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གི་གསང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་བཤད་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཐམས་
ཅད་ཀྱི་ལས་ཀྱི་ཆོས་ཀྱི་དམ་པའི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལས་ནི་ལས་ཀྱི་དཀྱིལ་འཁོར་རོ། །དེ་ལ་ཆོས་ནི་བསྲུང་བ་ལ་སོགས་པ་བསྐྱེད་པའོ། །དེའི་དམ་པའི་དངོས་གྲུབ་ནི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོས་ཀྱི་ཕྱག་རྒྱ་རྣམས་མངོན་སུམ་དུ་བྱེད་པའོ། །དེ་སྟོན་པར་བྱེད་པ་ན་རྒྱུད་དེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པའོ། གཡས་པའི་མཛུབ་མོ་མདུད་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། རང་གི་ལྷའི་ལྗགས་ལ་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོས་ཀྱི་ཕྱག་རྒྱ་རྣམ་པར་བསམས་ཏེ། གཡས་པའི་ཁྲོ་བོའི་ཁུ་ཚུར་གྱི་རྩེ་མོས་སྙིང་ག་དང༌། མགྲིན་པ་དང༌། རྒྱབ་དང༌། ཡང་སྙིང་ག་དང༌། ནུ་མ་གཉིས་དང༌། ཡང་སྙིང་ག་དང༌། མགྲིན་པ་དང༌། རྒྱབ་དང༌། དབང་བསྐུར་བའི་གནས་སུ་གོ་ཆ་བཅིངས་པའི་ཚུལ་གྱིས་སྤྱི་གཙུག་ཏུ་བཀོད་ལ། རང་གི་དེ་བཞིན་གཤེགས་པའི་ཆོས་ཀྱི་ཡི་གེ་བསྐྱེད་ལ། དེ་ནས་རང་གི་སྙིང་གའི་རྡོ་རྗེ་ལ་ཆོས་ཀྱི་ཡི་གེ་རྣམ་པར་བསམས་ནས། དེ་ཉིད་བརྗོད་ཅིང་བསྒོམ་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པའི་ལས་ཀྱི་ཆོས་བསྟན་ནས། དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་གསུངས་པ་ནི། རྩིག་པ་ལ་ནི་ལྡན་འདྲ་བ། །ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་བསྒྲུབ་བྱའི་རིག་པའི་ལྷ་མོ་གཅེར་བུའི་གཟུགས་ཀྱིས་ས་ལ་བྲི་བར་བྱའོ། །རི་མོ་བྲིས་ནས་མཚན་བསྒྲེང་སྟེ། ཞེས་བྱ་བ་ནི་བདག་ཉིད་ཀྱི་མཚན་མས་བུད་མེད་བསམས་པ་གང་ཡིན་པ་ལ་མཚན་མ་བསྒྲེངས་ཏེ་གཞུག་པར་བྱའོ། །ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པའི་ལྷ་མོ་གང་ཡིན་བ་ཆུང་མའི་གཟུགས་སུ་བསམ་ཞིང་བསྒོམས་ན་རང་གི་མཆན་མ་བསྒྲང་སྟེ། བུད་མེད་གཅེར་བུ་གཟུགས་བརྙན་རྩིག་
པ་ལ་བྲིས་ལ་དེའི་བྷ་གར་ཞུགས་པར་བསྒོམས་ལ། སེན་མོ་བཙུགས་ན་སྒྲུབ་པ་པོ་དེའི་འདི་ཆུང་མར་འགྱུར་རོ། །དེ་བས་ན་དེ་འདིར་དབང་དུ་བྱེད་པར་འགྱུར་རོ་ཞེས་གསུངས་སོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་རྣམ་པར་བཀོད་དེ། རང་གི་རིག་པ་དང་ལྷ་མོའི་ཆོས་ཀྱི་ཕྱག་རྒྱས་རྩིག་པ་ལ་གཟུགས་བརྙན་བྲིས་ཏེ་སྦྲུལ་པ་བསྡུ་བ་ལ་སོགས་པ་བྱས་ཏེ། དེ་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ། ཕྱག་བཞི་བྱས་ཏེ། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཆོས་ཀྱི་ཕྱག་རྒྱར་བརྗོད་ཅིང༌། དེ་དང་ལྷན་ཅིག་ཏུ་མཉམ་པར་སྦྱོར་བས་ཇི་སྲིད་མངོན་སུམ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་དང་ལྷན་ཅིག་ཏུ་མཚན་མ་བསྒྲེང་བར་བྱས་ནས། མཉམ་པར་སྦྱོར་བ་བྱས་ལ་ཆོས་ཀྱི་ཕྱག་རྒྱའི་ཡི་གེ་ཧོ་བཟླ་པར་བྱའོ། །དེ་ནས་མངོན་སུམ་དུ་སོང་ནས་སྒྲུབ་པ་པོ་དང་ལྷན་ཅིག་མཉམ་པར་སྦྱོར་ཞིང་སྒྲུབ་པ་པོའི་ཆུང་མར་འགྱུར་རོ། །སྦྱོར་བ་འདིས་གནོད་སྦྱིན་མོ་ལ་སོགས་པ་སྒྲུབ་པ་དེ་དོན་དུ་གཉེར་བར་བྱེད་པ་ནས་ལ་གནོད་སྦྱིན་གྱི་གདོང་བྲིས་ལ་ཞེས་བྱ་བ་སྨོས་ཏེ། རས་སམ་སྦང་ལེབ་བམ་རྩིག་པ་ལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ནས་ཁྲོ་བོ་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་རྣལ་འབྱོར་བྱས་ལ། གནོད་སྦྱིན་གྱི་གདོང་གི་ཚད་ཙམ་དུ་བྲི་བར་བྱའོ། །མཛུབ་མོའི་སེན་མོས་བཙུགས་ན་ཡང༌། །ཞེས་བྱ་བ་ནི་གནོད་སྦྱིན་གྱི་གདོང་དེ་ལ་གཡོན་པའི་སྡིགས་མཛུབ་བམ་གཡས་པའི་སྡིགས་མཛུབ་ཀྱི་སེན་མོ་བཙུགས་ནས་བསྒྲུབ་པར་བྱའོ། །གནས་གང་དུ་ཞེ་ན། མིག་གི་ཕྱོགས་སུའོ། །ཅི་ཞིག་ཏུ་འགྱུར་ཞེ་ན། བུད་མེད་མཆོག་ནི་འདྲེན་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པའི་ལྷ་མོ་རྣམས་འདྲེན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ནི་འདི་སྐད་སྟོན་ པ་ཡིན་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་
བཤད་པའི་རང་གི་ཁྲོ་བོའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་རྣམ་པར་བསམས་ནས། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ང་རྒྱལ་བསྐྱེད་དེ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རང་གི་ལྷ་མོའི་གཟུགས་ཇི་ལྟ་བ་བཞིན་དུ་བྲིས་ཏེ། སྦྲུལ་པ་བསྡུ་བ་ལ་སོགས་པ་སྔོན་དུ་འགྲོ་བ་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། མཆོད་པ་ཐམས་ཅད་ཀྱིས་རང་གི་ཁྲོ་བོ་ལ་ཡང་དག་པར་མཆོད་དེ། ཕྱག་བཞི་བྱས་ནས། ཇི་སྲིད་དུ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ཁྲོ་བོའི་ལས་ཀྱི་རྣལ་འབྱོར་བྱས་ལ་ཕྱག་རྒྱ་བཅིངས་ཏེ། ཡང་བྱིན་གྱིས་བརླབས་པ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། བསྡུ་བ་ལ་སོགས་པ་སྔ་མ་བཞིན་དུ་བྱས་ལ། གནོད་སྦྱིན་གྱི་གདོང་དེའི་མིག་གི་ཕྱོགས་སུ་མཛུབ་མོའི་སེན་མོ་བཙུགས་ཏེ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ཁྲོ་བོའི་ཡི་གེ་ཛཿ་དང༌། ཆོས་ཀྱི་ཕྱག་རྒྱ་བརྗོད་ཅིང་ཇི་སྲིད་དུ་རྡོ་རྗེའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷ་དགུག་པ་དང༌། གནོད་སྦྱིན་མོ་འགུགས་པ་དེ་སྲིད་ཀྱི་བར་དུ་བྱའོ། །དེ་ནས་སྒྲུབ་པ་པོའི་ཆུང་མར་འགྱུར་རོ། །ཆོས་ཀྱི་ཕྱག་རྒྱ་བརྗོད་ཅིང་ཆེ་གེ་མོ། ཨཱ་ཀཪྵ་ཛཿ་ཞེས་བྱ་བས་གནོད་སྦྱིན་གྱི་གདོང་ལ་རབ་ཏུ་སྦྱར་ལ། གནོད་སྦྱིན་མོ་འགུགས་པར་འགྱུར་རོ། །ལག་པ་གཉིས་སུ་པདྨོ་བླངས། །ཞེས་བྱ་བ་ལ་སོགས་པ་ལ། ཇི་སྐད་དུ་བཤད་པའི་རྡོ་རྗེ་པདྨ་གཡོན་བསྙེམས་པས་བླངས་ལ། ལག་པ་གཡས་པ་སྙིང་གར་དེའི་པདྨ་ཁ་འབྱེད་པར་བྱེད་པའོ། །ཇི་ལྟར་པདྨ་དམར་བ་ཡང༌། །ཚོན་གྱི་ཉེས་པས་མི་གོས་བཞིན། །ཐམས་ཅད་རྣམ་དག་བསྒོམས་པས་ན། །དེ་བཞིན་སྡིག་པས་གོས་མི་འགྱུར། །ཞེས་བྱ་བ་ལ་བལྟས་ནས་ཀྱང་ནི་འདོད་ཆགས་དགག་པར་འགྱུར་རོ། །ལྟ་བ་གང་ཡིན་ཞེ་ན། རྡོ་རྗེ་ལྟ་བས་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ལྟ་བའི་མཚན་ཉིད་ནི་བཤད་
ཟིན་ཏོ། །དེས་བུད་མེད་རྣམས་དང་སྦྱོར་ཞིང་ཆགས་པར་བྱེད་ན་དེ་བཞིན་དུ་འགྱུར་རོ། །པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་རྣལ་འབྱོར་པས་པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་རིག་པའི་ལྷ་མོའི་བུད་མེད་ལ་བལྟས་ན་འདོད་ཆགས་རྣམ་པར་དག་པར་འགྱུར་རོ། །པདྨའི་རིག་པའི་ལྷ་མོའི་བུད་མེད་ཀྱི་གཟུགས་ལ་ཆགས་ཤིང་མངོན་པར་དགའ་བས་དེ་ལ་མངོན་དུ་ཕྱོགས་པ་ཉིད་ནི་དེ་བཞིན་གཤེགས་པའི་བསྒྲུབ་པའི་བྱེ་བྲག་གོ །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་སྔ་མ་བཞིན་དུ་བྱས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་པདྨའི་རིགས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་རྣམ་པར་བསམས་ལ། རང་གི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལྷ་མོའི་རིག་པའི་དེ་ཉིད་བརྗོད་ཅིང་སྦྲུལ་ལ། བསྡུ་བ་ལ་སོགས་པ་བྱས་ནས་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། ཕྱག་བཞི་བྱས་ནས། ཕྱག་ན་གནས་པའི་གསང་བའི་པདྨ་ལ་བལྟས་ན་འདོད་ཆགས་རྣམ་པར་དག་པར་འགྱུར་རོ། །རྡོ་རྗེ་ལྟ་བུས་བུད་མེད་ལ། །བལྟས་ན་ཡང་ནི་དགའ་བར་འགྱུར། །ཞེས་བྱ་བས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱ་ཡི་གེ་ཧོ་བཟླས་པ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་རིན་ཆེན་ཏིང་འཛིན་གནས། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་རང་གི་ལྷའི་ཏིང་ངེ་འཛིན་ལ་གནས་པའོ། །ལག་པ་གཉིས་ཀྱིས་ནོར་བུ་བཟུང༌། །ཞེས་བྱ་བ་ནི་མིག་གཉིས་ཀྱི་ལྟ་བ་དང་ལྡན་པས་ཡིད་བཞིན་གྱི་ནོར་བུ་རྡོ་རྗེ་རྩེ་ལྔ་པས་མཚན་ པ་བཟུང་ལ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རིན་ཆེན་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་བུད་མེད་ཀུན་ལ་འདུད་བྱེད་དོ་ཞེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པ་ལ་སོགས་པ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ནོར་བུའི་རིགས་ཀྱི་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་བསམས་ཏེ། དེ་ཉིད་བརྗོད་ཅིང་དོན་ཐམས་ཅད་གྲུབ་པ་ལ་སོགས་པ་རང་གི་སེམས་དཔའ་ཆེན་པོ་ཉིད་དུ་ངེས་པར་བྱས་ནས་ལས་ཀྱི་དཀྱིལ་འཁོར་ལས་
བཤད་པའི་རང་གི་རིག་པའི་ལྷ་མོ་མདུན་དུ་སྤྲུལ་ལ། བསྡུ་བ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། ཕྱག་བཞི་བྱས་ནས། ཡང་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱའི་སྙིང་གའི་རྡོ་རྗེ་རིན་པོ་ཆེ་ལ་རྣམ་པར་བཀོད་དེ། དེ་ཉིད་བརྗོད་ཅིང་ཇི་སྲིད་དུ་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་ན་འགྲུབ་པར་འགྱུར་རོ། །ལན་གཅིག་ལན་གཉིས་ལན་གསུམ་མམ། ལན་བཞིའམ། ལན་ལྔའམ། ལན་དྲུག་གམ། ལན་བདུན་གྱི་བར་དུ་བསྒྲུབས་ཀྱང་མ་གྲུབ་ན་རིན་ཆེན་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་འཇིག་རྟེན་ གསུམ་གྱི་འཁོར་ལོར་བཤད་པའི་ཡི་གེ་ཧཱུཾ་གི་སྔགས་དེས་དེ་ལ་འདུད་བྱས་ན་དེ་ལྟར་འཇིགས་པ ་དང་བཅས་པའི་དངོས་གྲུབ་སྩོལ་བར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་དཀྱིལ་འཁོར་ལས་བཤད་པའི་རིགས་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱའི་དངོས་གྲུབ་བསྟན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལས་ཀྱི་དངོས་པོའི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སོ། །དེའི་ལས་ནི་ལས་ཀྱི་དཀྱིལ་འཁོར་རོ། །དེའི་དགོས་པ་ནི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་ཀྱི་རྒྱུད་དེ་གྲུབ་པའོ། །དེ་སྟོན་པར་བྱེད་པ་ནི་རྒྱུད་དེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཤིང་བཤད་པའོ། །མཆོད་པའི་ལས་ཀྱི་ཆོ་ག་སྦྱར། །ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལས་ཀྱི་མཆོད་པའི་ཕྱག་རྒྱ་རྣམ་པ་བཅུ་དྲུག་བྱེད་པའོ། །གང་དང་གང་གིས་དགོས་བསམས་པ། །ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་གང་ཡིན་པ་དེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དང་དེ་ནི་གསོལ་བཏབ་སྟེ། །མཁས་བས་ཕྱག་རྒྱ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་དེ་དང་དེའི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་མཚན་ཉིད་ཀྱི་དགོས་པའོ། །ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་སྤྲུལ་པ་
དང་མཚུངས་པ་གང་ཡིན་པའི་བདེན་པ་དེ་དང༌། བདེན་པ་དེས་དགོས་པ་འདི་དག་གྲུབ་པར་གྱུར་ཅི་གཅེས་གསོལ་བ་བཏབ་ནས། ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ལྷའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། སྙིང་གའི་རྡོ་རྗེ་ལ་རིག་པའི་ཡི་གེ་རྣམ་པར་བསམས་ནས། དེ་ཉིད་བརྗོད་ཅིང་དེ་བཞིན་གཤེགས་པའི་བདག་ཉིད་དུ་རྣམ་པར་བསམས་ཏེ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལྷ་མོ་བཅུ་དྲུག་སྦྲུལ་ལ། ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། ཕྱག་བཞི་བྱས་ནས། སྔ་མ་བཞིན་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་ལས་ཀྱི་ཕྱག་རྒྱ་བཅིངས་ལ། རང་གི་རིག་པ་བཟླས་ཤིང་བསྒོམ་པར་བྱའོ། །གསང་བའི་མཆོད་པ་ཆོ་ག་སྦྱར། །ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྒེག་མོ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་རྣམ་པ་བཞིས་མཆོད་པར་བྱའོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་གྱི་ལས་ཀྱི་ཕྱག་རྒྱ་བསྒོམ་པ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་གྱི་དགོས་པ་གང་ཡིན་སྨྲས་པ་དེ། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་ཀྱི་དགོས་པ་རྣམ་པ་དེ་ལྟ་བུ་ཆེ་གེ་མོའི་ལས་ཀྱི་ཕྱག་རྒྱའི་དགོས་པ་གྲུབ་པར་གྱུར་ཅིག་ཅེས་རྣལ་འབྱོར་པས་བརྗོད་པ་གང་ཡིན་པ་དེ་ཉིད་དགོས་པའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྒེག་མོ་ལ་སོགས་པའི་མཆོད་པ་བཞིས་རང་གི་སྙིང་གའི་སེམས་དཔའི་རྡོ་རྗེ་ལས་སྦྲུལ་ལ། དེའི་ལས་ཀྱི་ཕྱག་རྒྱ་རྣམ་པ་བཞིས་བདག་ཉིད་ཡང་དག་པར་
མཆོད་ལ་ཕྱག་བཞི་བྱས་ཏེ། མངོན་པར་འདོད་པའི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་དོན་དུ་གཉེར་བ་ཉིད་ཀྱིས་སླར་ཡང་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་བཅིངས་ཏེ། རང་གི་རིག་ པ་ཟློས་ཤིང་བསྒོམ་པར་བྱའོ། །རིགས་ཀྱི་གསང་བའི་མཆོད་ཆེན་བྱས། །ཞེས་བྱ་བ་ནི་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ལས་བཤད་པའི་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་ཆེན་ཏེ་ཞེས་བྱས་པའོ། །ཏིང་ངེ་འཛིན་གང་གིས་བྱེད་ཅེ་ན། ཁྲོ་བོའི་ཏིང་ངེ་འཛིན་ཞེས་བྱ་བ་སྨོས་ཏེ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ནི་ཁྲོ་བོའི་ཏིང་ངེ་འཛིན་ཏོ། །མཁས་པས་ཅུང་ཟད་གང་བསམས་པ། །ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་མཚན་ཉིད་དགོས་པ་ཅུང་ཟད་བསམས་པ་སྟེ། ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་ པ་ཡིན་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། ཕྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་ག་ལས་སྒེག་མོ་ལ་སོགས་པའི་ལྷ་མོ་བཞི་སྤྲུལ་ལ། དེའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལས་ཀྱི་ཕྱག་རྒྱ་རྣམ་པ་བཞིས་བདག་ཉིད་ཡང་དག་པར་མཆོད་ནས། ཕྱག་བཞི་བྱས་ཏེ། ཡང་སྙིང་གའི་རྡོ་རྗེ་འབར་བའི་དབུས་སུ་རིག་པའི་ཡི་གེ་རྣམ་པར་བསམས་ཏེ། དངོས་གྲུབ་དོན་དུ་གཉེར་བས་དེ་ཉིད་ཟློས་ཤིང་བསྒོམ་པར་བྱའོ། །འགྲོ་བ་འདུལ་བ་ལ་སོགས་པའི་རྣལ་འབྱོར་པས་སེམས་ཅན་ཐམས་ཅད་ཀྱི་དོན་དང་སངས་རྒྱས་མཆོད་པའི་ཡིད་ཀྱིས་མཆོད་པ་མ་ལུས་པར་བྱས་ལ། འཇིག་རྟེན་དབང་པོའི་ཏིང་འཛིན་གྱིས། །ཞེས་བྱ་བ་ལ། པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་པས་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་དེས་བྱའོ། །
ཡིད་ཀྱིས་མཆོད་པ་བྱས་ནས་ཀྱང༌། །མཁས་པས་དགོས་པ་གང་བསམས་པ། །དེ་ཡིས་དངོས་གྲུབ་ཐམས་ཅད་འཐོབ། །ཅེས་བྱ་བ་ནི་པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་དངོས་གྲུབ་དགོས་པ་གང་བསམས་པ་དེས། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གིས་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་བྱས་ལ་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལྷ་མོ་རྣམས་རང་གི་སྙིང་གའི་པདྨ་ལ་སྤྲུལ་ལ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ལ་མཆོད་པ་བྱས་ནས། ཕྱིས་སྒེག་མོ་ལ་སོགས་པ་རྣམ་པ་བཞིས་མཆོད་ལ། ཕྱག་བཞི་བྱས་ཏེ། ཡང་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། སྙིང་གའི་རྡོ་རྗེ་པདྨ་ལ་རང་གི་རིག་པའི་ཡི་གེ་རྣམ་པར་བཀོད་ནས། དེ་ཉིད་བརྗོད་ཅིང་བསྒོམ་པར་བྱའོ། །བདུག་པ་ལ་སོགས་མཆོད་བྱས་ན། ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ལས་བཤད་པའི་བདུག་པ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཞས་བདག་ཉིད་མཆོད་པར་བྱའོ། །རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་ནི་རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་དེས། །ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་ཀྱི་མཚན་ཉིད་བསམ་ཞིང༌། མངོན་པར་འདོད་པའི་དངོས་གྲུབ་གང་ཡིན་པ་དེ་ཐམས་ཅད་འགྲུབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་ལས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྡོ་རྗེས་སུ་སྤྱད་དེ། ཕྱིས་ནོར་བུའི་རིགས་ཀྱི་རང་གི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་
བཅིངས་ཏེ། རིན་ཆེན་བདུག་པ་མ་ལ་སོགས་པའི་རྣམ་པ་བཞི་སྙིང་གའི་རྡོ་རྗེ་རིན་པོ་ཆེ་ལས་རྣམ་པར་སྤྲུལ་ལ། བདག་ཉིད་ཡང་དག་པར་མཆོད་དེ། ཕྱག་བཞི་བྱས་ནས། ཡང་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། སྙིང་གའི་རྡོ་རྗེ་རིན་པོ་ཆེ་ལ་རང་གི་རིག་པའི་ཡི་གེ་རྣམ་པར་བཀོད་དེ། དེ་ཉིད་ཟློས་ཤིང་བསྒོམ་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ལས་ཀྱི་ཕྱག་རྒྱ་བསྒྲུབ་པ་བཤད་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཡང་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱིས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱ་བསྒོམ་པའི་དངོས་གྲུབ་ཀྱི་རྒྱུད་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་རིགས་རྣམས་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ། །དེ་བསྒོམ་པ་ནི་ཡང་དང་ཡང་མངོན་དུ་བྱེད་པའོ། །དེའི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་འགྲུབ་པའོ། །དེ་སྟོན་པར་བྱེད་པའི་རྒྱུད་དེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཤད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ནི་བརྟན་པར་བྱའོ། །རྣལ་འབྱོར་ནི་བསྒོམ་པར་བྱས་པའོ། །དེའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པའོ། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །རྡོ་རྗེ་ཕྲ་མོ་བསྒོམས་པའོ། །དེ་སྔར་བཤད་པའི་ཚུལ་གྱིས་ཟླ་བ་ གསུམ་བསྒོམས་ལ། ཕྱིས་སེམས་སོ་སོར་རྟོག་པ ་ལ་སོགས་པའི་རིགས་ཀྱིས་ཡ་ཐ་སརྦ་ཏ་ཐཱ་ག་ཏ་ཏ་སྠ་ཨ་ཧཾ། ཞེས་བྱ་བའི་ང་རྒྱལ་བསྒོམ་པར་བྱའོ། །སངས་རྒྱས་རྣལ་འབྱོར་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་སེམས་རྣམ་པར་གཡེང་བ་མེད་པའོ། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་སངས་རྒྱས་ཉིད་ཀྱིའོ། །གང་གིས་ཤེ་ན། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་སྟེ། རྣལ་འབྱོར་པས། སངས་རྒྱས་ཕྱག་རྒྱ་རབ་བསྒྲུབ་པའོ། །སེམས་དཔའ་
ཞེས་གྲགས་ཀུན་བདག་ཉིད། །ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །ཞེས་ཀྱི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཡིན་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་རྗེས་སུ་སོང་བ་ཡིན་པ་དེའི་ཕྱིར་རོ། །གྲགས་པའི་སྒྲ་ནི་ལྐོག་ཏུ་མ་གྱུར་པའོ། །ཀུན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་སེམས་ལས་བྱུང་བའི་རང་བཞིན་ནི། །བདག་གི་ལུས་ལ་གནས་པ་སྟེ། །ཞེས་བྱ་བ་ནི་བདག་ཉིད་ཀྱང་བདག་ཉིད་ཀྱིས་དེའི་བདག་ཉིད་དུ་རབ་ཏུ་ཞུགས་པའི་སྦྱོར་བས་ཡང་དག་པར་གནས་པའོ། །དེ་ལྟར། སེམས་དཔའ་བདག་ཅེས་བྱིན་བརླབས་པས། །ཞེས་བྱ་བ་ནི་མངོན་དུ་བྱས་པའོ། །རྡོ་རྗེ་སེམས་དཔའ་བདག་ཡིན་ནོ། །ཞེས་ང་རྒྱལ་བསྐྱེད་ནས། རྡོ་རྗེ་སེམས་དཔའི་བདག་ཉིད་དུ་བསྒོམས་ན་འགྲུབ་པར་འགྱུར་ཞེས་བྱ་བ་ནི་རྣལ་འབྱོར་པས་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་མཉམ་པའི་ཐལ་མོ་དང༌། རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་བཅིངས་པ་དང༌། རྡོ་རྗེ་བསྡམས་པ་དྲལ་བ་དང༌། དེ་ནས་དབབ་པ་བསྐྱེད་པ་དང༌། རྡོ་རྗེ་ཁུ་ཚུར་གྱིས་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་དང་སྡིག་པ་དྲལ་བའི་ཕྱག་རྒྱ་བཅིངས་པ་དང༌། རང་གི་སྙིང་གའི་རྡོ་རྗེ་ལ་རང་གི་ལྷའི་སྙིང་པོ་ཡིད་ཀྱིས་བྲིས་ལ། དེ་ཉིད་བརྗོད་ཅིང་ཆོས་བདག་མེད་པར་བསྒོམས་ཏེ། དེ་ནས་རང་གི་ལྷའི་སྙིང་པོ་དེ་ཉིད་དང་དབྱངས་ཀྱི་ཡི་གེ་བཅུ་དྲུག་ལས་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསམ་པར་བྱ་སྟེ། དེ་ནས་དེའི་སྟེང་དུ་སྙིང་པོ་དེ་ཉིད་དང༌། ཡི་གེ་ཀ་ལ་སོགས་པ་དང་བཅས་པ་ལ་སྔ་མ་བཞིན་དུ་ཟླ་བའི་དཀྱིལ་འཁོར་གཉིས་པ་བསམ་མོ། །ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་ཉིད་རང་གི་ལྷའི་སྙིང་པོ་དང་བཅས་པ་ལ་རྡོ་རྗེ་རྩེ་ལྔ་པ་ཉིད་རང་གི་ལྷའི་མཚན་མའི་གཟུགས་སུ་བསྒོམ་པར་བྱའོ། །དེ་ནས་རང་གི་ལྷའི་མཚན་མའི་དབུས་སུ་རང་གི་ལྷའི་སྙིང་པོ་རྣམ་པར་བསམས་ཏེ། རང་གི་ལྷའི་ཕྱག་རྒྱའི་ང་རྒྱལ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ཉིད་བཛྲ་སཏྭ་ཨ་ཧཾ་ཞེས་བརྗོད་པས་རྡོ་རེ་སེམས་དཔའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་
བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང༌། ཡང་བཛྲ་སཏྭ་ཨ་ཧཾ་ཞེས་བསྒོམས་ལ། དེ་ནས་དེ་ཉིད་རྡོ་རྗེ་སེམས་དཔའི་ལྷའི་ངོ་བོར་བདག་ཉིད་སྔ་མ་བཞིན་དུ་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའི་རྣལ་འབྱོར་པའི་བསྒོམས་པ་ནི་སྔར་དེ་ཁོ་ན་ཉིད་སྟོན་པའི་རྒྱུད་དུ་བཤད་ཟིན་ཏོ། །སེམས་དཔའ་ཇི་བཞིན་རྒྱ་དེ་བཞིན། །ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ནས་རྡོ་རྗེ་སེམས་དཔར་གྱུར་པ་དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་མཚན་མའི་ཕྱག་རྒྱ་ཡང་བྱའོ། །ཇི་ལྟར་ཕྱག་རྒྱ་དེ་བཞིན་བདག །ཅེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་དང་རྡོ་རྗེ་འབར་བ་ལ་སོགས་པའི་ཕྱག་རྒྱ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རང་བཞིན་དུ་བདག་ཡིན་ཞེས་གཟུགས་དང་ཐ་མི་དད་པར་ང་རྒྱལ་བསྐྱེད་ཅིང་བསྒོམ་པར་བྱའོ། །བསྒོམ་པ་འདི་ཡི་ཚུལ་གྱིས་ནི། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེའི་ཆོ་ག་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་སྡིག་པ་དྲལ་བའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ལ། སྙིང་གའི་རྡོ་རྗེ་འབར་བ་ལ་རང་གི་ཁྲོ་བོའི་ལྷའི་སྙིང་པོ་རྣམ་པར་བསམས་ཏེ། དེ་ཉིད་བརྗོད་ཅིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །སྔ་མ་བཞིན་དུ་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རིམ་པས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ལྷའི་མཚན་མ་བསྐྱོད་ལ། དེའི་དབུས་སུས་ཉིང་པོ་བཀོད་ནས། སེམས་དཔའ་ཇི་བཞིན་རྒྱ་དེ་བཞིན། །ཕྱག་རྒྱ་ཇི་བཞིན་དེ་བཞིན་བདག །ཅེས་བྱ་བས་ཕྱག་རྒྱ་དང་ལྷན་ཅིག་ཏུ་ཐ་མི་དད་པའི་བདག་ཉིད་དུ་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་བསྒོམས་ཏེ། དེའི་རིགས་ཐམས་ཅད་ཕྱག་རྒྱ་དེ་ལས་སྤྲུལ་ལ། གདུག་པ་ཐམས་ཅད་བཏུལ་ནས་དེ་ཐམས་ཅད་ཀྱི་ཕྱག་རྒྱའི་གཟུགས་དེ་ལས་བསམ་པར་བྱའོ། །ཆོས་ཀྱི་ཕྱག་རྒྱ་ནི་པདྨའི་རིགས་ཀྱི་ཕྱག་རྒྱ་ཆེན་པོའོ། །དེའི་ཚུལ་ནི་རང་གི་ལྷའི་མཚན་མའི་ང་རྒྱལ་བསྒོམ་པར་བྱའོ། །ཇི་ལྟར་བྱ་ཞེ་ན། རྡོ་རྗེ་ཕྲ་མོ་བསྒོམ་བྱས་ལ། ཞེས་བྱ་བ་སྨོས་ཏེ། སྔར་བཤད་པའི་ཚུལ་གྱིས་རྡོ་རྗེ་ཕྲ་མོ་ཟླ་བ་ གསུམ་བསྒོམས་ལ། ཕྱིས་ཆོས་ཀྱི་ཕྱག་རྒྱའི་སྤྱོར་པ ་བསྒོམ་པར་བྱའོ། །གང་གི་ཕྱག་རྒྱ་དེ་དག་ཀུན། །སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན། །ཞེས་བྱ་བ་ནི་སྙིང་པོའི་ཕྱག་རྒྱའི་སྔགས་ཀྱི་རིག་པ་
ཐམས་ཅད་ཀྱིས་རང་གི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ལྷའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་གཟུགས་སུ་བདག་ཉིད་བསྒོམས་ལ་སྙིང་གའི་ཕྱག་རྒྱ་ལ་སྔགས་ཀྱི་རིག་པ་བཟླ་བར་བྱའོ། །སངས་རྒྱས་ཀུན་ལ་དབང་བསྐུར་དང༌། །ཞེས་བྱ་བ་ནི། རིན་པོ་ཆེའི་ཅོད་པན་གྱིས། །སངས་རྒྱས་ཀུན་ལ་དབང་བསྐུར་རོ། །མཆོད་པའི་གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། རིན་པོ་ཆེ་སྣ་བདུན་པོ་དེ་དག་ཉིད་ཀྱིས་སངས་རྒྱས་ཐམས་ཅད་ལ་མཆོད་པའོ། །དམ་ཚིག་གི་དངོས་གྲུབ་རྣམས་ནི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་དངོས་གྲུབ་བོ། །རྡོ་རེ་ལས་རྣམས་འགྲུབ་པར་བྱེད། །ཅེས་བྱ་བ་ནི་སངས་རྒྱས་ཀུན་ལ་དབང་བསྐུར་བ་དང༌། མཆོད་པའི་དམ་ཚིག་གི་ལས་རྣམས་ཐ་མི་དད་པར་བསྒྲུབས་པས། བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོའི་བདག་ཡིན་ནོ་ཞེས་ངེས་པར་བསྒོམ་པར་བྱའོ། །དེ་ནས་ནོར་བུའི་རིགས་ཀྱི་ལྷ་མོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལྷའི་ཕྱག་རྒྱའི་མཚན་མ་རྣམ་པར་བསམས་ལ། ཕྱག་རྒྱའི་དབུས་སུ་བཟླས་པའི་ཡི་གེ་བཀོད་ནས་སྙིང་པོ་བརྗོད་ཅིང༌། བདག་གི་མཚན་མའི་ཕྱག་རྒྱའི་གཟུགས་སུ་བསྒོམས་ལ། མཚན་མའི་ཕྱག་རྒྱ་དེ་ལས་ནོར་བུའི་རིགས་ཐམས་ཅད་སྤྲུལ་ཏེ། དེས་དེ་བཞིན་གཤེགས་པ་ལ་སོགས་པ་སེམས་ཅན་གྱི་ཁམས་ཐམས་ཅད་དབང་བསྐུར་བས་དབང་བསྐུར་ཏེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དང༌། ནོར་བུ་ཆེན་པོའི་རིགས་ཀྱི་རང་བཞིན་དུ་བྱས་ནས། ཕྱག་རྒྱ་དེ་ལ་གཞུག་པར་བྱའོ། །དེ་ནས་ཕྱག་རྒྱའི་གཟུགས་དེ་སེམས་དཔར་བྱིན་གྱིས་བརླབས་བའི་སྦྱོར་བས་རྡོ་རྗེ་སེམས་དཔར་བསྒོམས་ལ། གང་གི་ལྷའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་ཡང་བསྒོམ་པར་བྱའོ་ཞེས་བྱ་བ་འདི་ནི་དེ་ཁོ་ན་ཉིད་མ་ཡིན་པ་ལ་མོས་པའི་རྣལ་འབྱོར་པའི་རིམ་པ་ཡིན་ནོ། །གང་ཞིག་ཤིན་ཏུ་དེ་ཁོ་ན་ཉིད་ལ་མོས་པའི་རྣལ་འབྱོར་པ་ནི། དེའི་ཕྱག་རྒྱ་
བཅིངས་ལ། སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་ཙམ་སྔོན་དུ་བྱས་ལ། རང་གི་ལྷའི་ང་རྒྱལ་བསྐྱེད་ཅིང་བསྒོམ་པར་བྱའོ། །དེ་ལ་དེ་ཁོ་ན་ཉིད་ལ་མོས་པའི་རྣལ་འབྱོར་པའི་མཚན་ཉིད་ཡིན་ཏེ། གང་གི་ཚེ་ལས་དང་པོ་པའི་རྣལ་འབྱོར་བས་རང་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་རྒྱས་པ་ནས་བརྩམ་པར་བྱ་བའི་ཚོགས་ཐམས་ཅད་ཐུན་བཞིའི་སྦྱོར་བས་ཉིན་རེ་ཞིང་མཚན་མ་ཐོབ་པར་འགྱུར་བའམ། སྐྱེ་བ་གཞན་ལས་གོམས་པའི་མཐུས་སྐྱེས་བུའམ་འགའ་ཞིག་དགེ་བའི་བཤེས་གཉེན་ལས་ཐོབ་པའི་རྣལ་འབྱོར་པ་གདམས་ངག་བསྒོམས་ནས། ཐོག་མ་བརྩམས་པ་ནས་བཟུང་ནས་རྒྱུན་མི་འཆད་པ་ཉིད་དུ་མཚན་མ་ཉེ་བར་སྐྱེ་བར་འགྱུར་རོ། །དེ་དག་གི་སྟོབས་ཀྱིས་ཕྱག་རྒྱ་བཅིངས་པ་ལ་སོགས་པ་རྣམས་ལ་མངོན་པར་ཞེན་པ་མེད་པར་བསྒོམས་པས་འགྱུར་བ་འདི་ནི་དེ་ཁོ་ན་ཉིད་ལ་གོམས་པའི་རྣལ་འབྱོར་པ་ཡིན་ཏེ། དང་པོར་ལྷག་པར་མོས་པ་ཙམ་གྱིས་ནི་མ་ཡིན་ནོ། །དེ་སྐད་དུ་ཡང༌། དེ་ཉིད་དམན་པའི་རྣལ་འབྱོར་པས། །ལྷ་ལ་དམིགས་པར་འགྱུར་བས་ན། །ལུགས་མ་ལ་སོགས་དག་པ་ལ། །གཟུགས་བརྙན་རྣལ་འབྱོར་ཉེ་བར་བསྐྱེད། །སྐུའམ་རས་རིས་མཆོད་རྟེན་རྣམས། །ཤིན་ཏུ་མཉམ་གཞག་རྣལ་འབྱོར་པས། །མངོན་སུམ་དུ་ནི་མཐོང་བ་ན། །དེ་ནི་རྫོགས་པ་ཡིན་པར་བཤད། །དཀར་དང་སེར་པོའི་དཀྱིལ་འཁོར་ནི། །འོད་ཟེར་ཕྲེང་བ་འཁྲིགས་པ་ཡི། །ངོ་མཚར་བར་ནི་འགྱུར་བ་དེ། །བློ་ལྡན་གྱིས་ནི་མཁའ་ལ་མཐོང༌། །བློ་ལྡན་ཁ་དོག་སྣ་ཚོགས་དེས། །གང་གིས་ཡིད་ནི་མཚོན་པར་བྱ།། དཀར་པོ་དགེ་བར་ཤེས་པར་བྱ། །མི་ཤེས་པ་ལ་ནག་པོར་སྣང༌། །ཆགས་ཅན་ཤིན་ཏུ་དམན་པར་བཤད། །ཤིན་ཏུ་དགའ་ལ་དེ་བཞིན་སེར། །སྤྲིན་གྱིས་ནོན་པ་ལྟ་བུ་ནི། །མཁས་པས་རྨོངས་པར་ཤེས་པར་བྱ། །བདག་ཉིད་ཡོངས་སུ་ངག་པའི་ཆོ་གའོ། །མཚན་མ་འབྱུང་བར་འགྱུར་བ་ན། །སེམས་ནི་བརྟན་པར་ཤེས་པར་བྱ། །དེ་ལྟར་མཚན་མ་ཉིད་རྣམས་ནི། །སངས་རྒྱས་རྒྱལ་བའི་བདེ་མཆོག་གི །རྡོ་རྗེ་རིན་ཆེན་ཆུ་སྐྱེས་དང༌། །སྣ་ཚོགས་ལྕགས་ཀྱུ་ཉི་མ་དང༌། །རལ་གྲི་གོ་ཆ་མདའ་གཞུ་དང༌། །རིན་ཆེན་རྒྱལ་མཚན་རྣམས་ཀྱིས་བརྒྱན། །འཁོར་ལོ་མཆེ་བ་དེ་བཞིན་མགུ། །
བཞད་པས་གསུངས་པ་ཁུ་ཚུར་བཅངས། །སྒེག་མོ་དེ་བཞིན་ཕྲེང་བ་མོ། །གླུ་མ་དང་ནི་གར་མ་བདག །མེ་ཏོག་བདུག་པ་མར་མེ་དང༌། །དེ་བཞིན་དྲི་ཆབ་ལ་སོགས་ཚོགས། །མེ་ཏོག་ཀུན་དགའ་དྲི་གཙང་ཁང༌། །དགེ་སློང་དེ་བཞིན་དགེ་སློང་མ། །དངོས་གྲུབ་དྲང་སྲོང་གཉེན་རྣམས་དང༌། །རྒྱལ་རིགས་སྐྱེ་བོས་བསྔགས་པ་དང༌། །བུ་མོ་གཞོན་ནུས་བརྒྱན་པ་དང༌། །ཆུ་བོ་རྒྱ་མཚོ་ནེའུ་སིང་དང༌། །གདུགས་དང་རྒྱལ་མཚན་བ་དན་དང༌། །རོལ་མོ་སྣ་ཚོགས་བརྡུང་བ་དང༌། །ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཤེས་པའི་སྒྲ་ནི་དྲི་མ་མེད། །ཉི་ཟླའི་དབྱིབས་དང་འདྲ་བ་ནི། །པདྨ་ས་གཞི་འོད་དང་བཅས། །ནམ་མཁའི་གློག་ནི་སྣ་ཚོགས་མཚུངས། །རྣལ་འབྱོར་པ་ལ་རྟག་ཏུ་སྐྱེ། །དེ་དག་ཐམས་ཅད་རྣམ་སྤངས་པས། །མཚན་མ་མེད་ཅིང་འགྲིབ་པ་མེད། །རྟོག་པ་ཐམས་ཅད་རྣམ་སྤངས་ནས། །རྣལ་འབྱོར་རྟོག་པ་མེད་ལ་གནས། །དེ་ནས་རྣལ་འབྱོར་པ་དེ་ལ། །དགའ་བ་རྣམ་པ་ལྔ་བསྐྱེད་དེ། །སྐད་ཅིག་ཐང་ཅིག་རྒྱུན་དག་ལ། །དེ་བཞིན་མཐར་ཐུག་འགྱུར་བ་དང༌། །ཆོས་རྣམས་ཐམས་ཅད་ངེས་པས་ནི། །སངས་རྒྱས་ཀུན་ཞེས་རབ་ཏུ་གྲགས། །དེ་ལ་སྐད་ཅིག་མའི་དགའ་བ་ནི། །གང་ཚེ་སྐད་ཅིག་རེ་རེ་སེམས། །དམིགས་པ་ལ་ནི་གནས་པ་ན། །གཡེང་བ་འགོག་བ་མེད་པས་ན། །དེ་ཕྱིར་སྐད་ཅིག་ཅེས་གྲགས་སོ། །དེ་ལ་ཐང་ཅིག་ཅེས་བྱ་བའི་བར་དུ་དགའ་བ་ནི། །གང་ཚེ་སྦྲང་མའི་ཁ་དག་ནས། །སྦྲང་རྩི་འབྱུང་བ་མྱངས་པ་ཡིས། །རྐང་པ་སྤྱི་བོའི་མཐར་ཐུག་པའི། །ལུས་ལ་ཁྱབ་པར་མཉམ་གཞག་པར། །བཀྲེས་དང་ནང་འབྱུང་བསལ་ནས་ནི། །དེ་བཞིན་ལུས་ནི་ལས་རུང་དང༌། །སེམས་ནི་དམིགས་པ་ལ་ཆགས་ནས། །རྟག་ཏུ་བརྟན་པར་གནས་པར་འགྱུར། །དེ་ལ་རྒྱུན་དུ་དགའ་བ་ནི། །དགའ་བས་མཆི་མ་འབྱུང་བ་དག །མ་བསམས་ལུས་ལ་འབྱུང་བར་འགྱུར། །མགུ་བ་ཡི་ནི་ཏིང་ངེ་འཛིན། །དེ་ནི་རྒྱུན་ཞེས་བྱ་བར་བཤད། །དེ་ནས་མཐར་ཐུག་པའི་དགའ་བ་ནི། གང་ཚེ་དམིགས་པ་ལ་ཆགས་པའི། །རྣལ་འབྱོར་པ་ལ་སེམས་འབྱུང་བ། །དེ་ཚེ་དགའ་བའི་ཁྱད་པར་ནི། །དོན་གཞན་ཉེ་བར་སྐྱེ་བར་འགྱུར། །གང་ཚེ་ལུས་ལ་སྐྱེས་པའི་རླུང༌། །ལྷག་པར་རབ་ཏུ་ཞུགས་གྱུར་ན། །སེམས་ནི་རྣམ་པར་འཁྲུལ་
བ་དང༌། །གཡེང་བ་སྐྱེ་བར་མི་འགྱུར་བ། །དེ་ཚེ་རྣལ་འབྱོར་སེམས་རིག་པས། །སྲང་མདའི་ཚུལ་དུ་སྦྱང་བར་བྱ། །དགེ་བ་སྲུང་བའི་ཚུལ་དུ་ནི། །ཇི་ལྟ་བ་བཞིན་ངེས་པར་སྦྱར། །དེ་ལ་ཆོས་ཐམས་ཅད་དུ་ངེས་པའི་དགའ་བ་ནི། སོས་ཀའི་ཚ་བས་གདུངས་པ་ཡི། །ཇི་ལྟར་ལམ་དུ་འཇུག་པའི་མི། །གངས་ཀྱི་ཆུ་ནི་ལེན་པའི་ཚེ། །ཚ་བའི་དུས་ཀྱིས་སྡུག་བསྔལ་ཏེ། །གང་ཞིག་འགོག་པར་བྱེད་པ་ནི། །ཐམས་ཅད་རྣམ་པར་འཇིགས་པར་འགྱུར། །དགའ་ཞིང་བདེ་བའི་ཁྱད་པར་ནི། །ཡང་དང་ཡང་དུ་འཕེལ་བར་གཞག །རྣམ་པ་ཐམས་ཅད་དེས་པ་ན། །ཆོས་རྣམས་བླ་ན་མེད་པ་འཐོབ། །ལུས་ནི་ཤིན་ཏུ་སྤངས་ པ་དང༌། །ཉོན་མོངས་གསུམ ་ནི་རྣམ་དག་པས། །སམ་གཏན་དགའ་བའི་ཏིང་ངེ་འཛིན། །གཟུགས་རྣམས་ཀྱང་ནི་བསགས་པ་དང༌། །ས་དང་ཕ་རོལ་ཕྱིན་པ་དང༌། །མངོན་ཤེས་རྣམས་ནི་འབྱུང་བ་དང༌། །འདོད་ཆགས་ལ་སོགས་ཉེས་པ་ཆེ། །ཞིག་འགྱུར་དེ་ཚེ་རྣལ་འབྱོར་པས། །དང་པོའི་སྤྱོད་པ་ལ་ཞུགས་པས། །འགྲུབ་འགྱུར་འདི་ནི་ཐེ་ཆོ་མ་མེད་།ཉོན་མོངས་དགྲ་རྣམས་ཞི་ཕྱིར་དང༌། །ཏིང་འཛིན་འཕེལ་བར་བྱ་བའི་ཕྱིར། །རང་ལྷའི་རྣལ་འབྱོར་ལ་གནས་ནས། །དེ་ནས་སྦྱིན་སྲེག་བརྩམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བདག་ཉིད་རྟག་ཏུ་བསམ་པར་བྱ། །དེ་ཡི་ལུས་ཀྱི་སྙིང་ག་ལས། །འོད་ཟེར་འབར་བའི་ཚོགས་གསལ་བའི། །འོད་ཀྱི་དཀྱིལ་འཁོར་ཕྲེང་བ་ཡིས། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་དང༌། །སྟོང་ གསུམ་རྡུལ་དང་མཚུངས་པ ་ཡི། །ཁ་དོག་དཀར་པོ་ལ་སོགས་པ། །བསྡུས་ནས་ལུས་ལ་གཞུག་པར་བྱ། །ཞི་བའི་སྦྱིན་སྲེག་ཅེས་སུ་བཤད། །རྒྱས་པའི་ཆོ་ག་སེམས་ཅན་རྣམས། །མགུ་བའི་གཟུགས་སུ་བསམ་པར་བྱ། །ཤིན་ཏུ་ཉོན་མོངས་ཞི་བའི་ཕྱིར། །ཁྲོ་བོའི་གཟུགས་ཀྱི་ཁྱད་པར་བྱ། །རྗེས་སུ་ཆགས་པ་བུད་མེད་ནི། །སྣ་ཚོགས་གཟུགས་ཅན་བསམ་པར་བྱ། །ལས་དང་པོ་པའི་སྦྱིན་སྲེག་འདི། །གཙོ་བོས་སྔར་ནི་བསྟན་པ་ཡིན། །དེ་ལྟར་བརྟན་པར་བྱས་ནས་ནི། །ཏིང་འཛིན་ཉམས་པར་མི་འགྱུར་རོ། །གཞན་ཡང་བཤད་པ། དེ་ཉིད་བསམས་པའི་རྣལ་འབྱོར་པས། །ལྷ་ལ་དམིགས་པར་
འགྱུར་བ་ན། །རྣལ་འབྱོར་རང་གི་དམ་ཚིག་བདག །དམ་པའི་ཡི་གེ་འགྲུབ་པར་འགྱུར། །ལུགས་མ་ལ་སོགས་གཟུགས་བརྙན་ལ། །རྣལ་འབྱོར་སྐྱེ་བར་མི་འགྱུར་གྱི། །བྱང་ཆུབ་སེམས་ལ་རབ་བརྩོན་པས། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་འདི། །སངས་རྒྱས་ཀུན་གྱི་བདག་ཉིད་དེ། །དེ་ཕྱིར་རྣལ་འབྱོར་ཀུན་བདག་གིས། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། །བདག་ཉིད་སངས་རྒྱས་ཀུན་དང་ནི། །གཟི་ཅན་ཀུན་དུ་ངེས་འགྱུར་བས། །རང་གི་ལྷ་ཡི་སྦྱོར་བ་ཡིས། །དེ་ཕྱིར་བདག་ཉིད་བསྒྲུབ་པར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་དང༌། །གཟི་ཅན་ཐམས་ཅད་ཉིད་དང་ནི། །རྡོ་རྗེ་འཛིན་པ་ཐམས་ཅད་དུ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བའི་རྒྱུད་ཕྱི་མའི་བཤད་པའོ། །དེ་ལྟར་མཆོག་ཏུ་གྱུར་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་རྒྱུད་ཕྱི་མ་བཤད་ནས། །ད་ནི་བསྒོམས་པས་འཇིགས་ཤིང་སྐྲག་པའི་བྱ་བ་ལ་མངོན་པར་ཞེན་པའི་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར། རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་ཕྱི་མ་གསུངས་པ་ཡིན་ནོ། །འདིར་ཡང་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཀྱི་མའི་ཕྱི་མར་ནི་རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་མཐོང་བ་ཙམ་གྱིས་རང་གི་རིགས་ལས་མཐོང་བའི་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་སྔགས་བསྒྲུབ་པ་ནི་ཕྱག་རྒྱ་ཆེན་པོས་འཇིགས་ཤིང་སྐྲག་པ་བསོད་ནམས་ཆུང་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བར་མཛད་པ་ཡིན་ནོ། །རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་བསྒྲུབ་པར་བྱ་བའི་དངོས་པོ་ཐམས་ཅད་ཀྱི་སྒྲ་ནི་སྙིང་པོ་ཞེས་བྱ་བའོ། །རང་གི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ཐམས་ཅད་ཀྱི་སྒྲ་ནི་ཕྱག་རྒྱའོ། །རང་གི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་བསྒྲུབ་པར་བྱ་བའི་དངོས་
གྲུབ་ཐམས་ཅད་ཀྱི་སྒྲ་ནི་སྔགས་སོ། །རང་གི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་བསྒྲུབ་པར་བྱ་བའི་དངོས་གྲུབ་ཐམས་ཅད་ཀྱི་སྒྲ་ནི་རིགས་པ་ཡིན་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དེ་ལ་དཀྱིལ་འཁོར་ཆེན་པོ་མཐོང་བའི་དུས་ངེས་པ་དང༌། བཟླས་པའི་གྲངས་དང༌། རས་རིས་དང༌། ཕྱིའི་མཆོད་པ་རྣམ་པ་ལྔ་ལ་སོགས་པའི་མཆོད་པ་དང༌། ཕྱག་རྒྱའི་མཆོད་པ་དང༌། སྐྱིལ་མོ་ཀྲུང་ལ་སོགས་པའི་ངེས་པ་ནི་ཡོ་བྱད་དེ། དེ་ལ་མངོན་པར་ཞེན་པ་རྣམས་ཀྱི་དོན་བསྟན་པའི་ཕྱིར། དེ་ནས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྐབས་སུ་བབ་པ་སྟེ། ལྟ་བ་ངན་པ་ལ་སོགས་པའི་སེམས་ཅན་རྗེས་སུ་གཟུང་བའི་སྐབས་སུ་བབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ལྟ་བ་ངན་པ་ནི་བྱ་བ་ཙམ་གྱིས་ཀུན་ལ་སྨད་པ་ཟབ་མོའི་ཆོས་ལ་མི་མོས་པའོ། །ཆགས་བྲལ་ནི་གསང་བ་བསྒོམ་པ་རབ་ཏུ་སྤོང་བར་བྱེད་པ་དེ་ལྟ་བུར་གྱུར་པ་དེ་དག་རྒྱུད་ཕྱི་མ་ལས་བཤད་པའི་གསང་བ་འདི་ནི་མི་རིགས་ཏེ། ལྷག་པར་མོས་པའི་དོན་མི་འགྲུབ་པའི་ཕྱིར་རོ། །དེ་དག་སེམས་ཅན་ཀུན་ལ་ཕན་དོན་དུ་ནི་དེ་བཞིན་དུ་བདེ་བའི་འབྲས་བུ་ཐོབ་པའི་ཕྱིར་རོ། །དེ་བཞིན་ཆོ་ག་བཤད་པར་བྱའོ་ཞེས་བྱ་བ་ནི། ཇི་ལྟར་མཆོག་ཏུ་གྱུར་པའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། མཆོག་ཏུ་གྱུར་པའི་སེམས་ཅན་དང་མཐུན་པའི་ཆོ་ག་བྱ་བ་བསྟན་ནས། དེ་ནས་ཡོངས་སུ་མ་སྨིན་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ལས་དང་པོ་པའི་སེམས་ཅན་དང་རྗེས་སུ་མཐུན་པའི་ཆོ་ག་བཤད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནས་ཡང་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའོ། །ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །ཡང་གི་སྒྲ་ནི་རྒྱུད་ཕྱི་མ་ལ་ལྟོས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་ནི་བཤད་ཟིན་ཏོ། །རིགས་ནི་ཇི་སྐད་དུ་བཤད་པའི་རིགས་རྣམས་སོ། །ཡོ་བྱད་ནི་དཀྱིལ་འཁོར་ཆེན་པོར་བསྟན་པའི་མཆོད་པ་ལ་སོགས་པ་དེ་དག་སྒྲུབ་པར་བྱེད་པའོ། །དེའི་ཆོ་ག་རྒྱས་པ་ནི་རྣམ་པ་སྣ་ཚོགས་པ་སྟེ། འདི་གསུངས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཤད་པའོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་ངག་ཉེ་བར་དགོད་པའོ། །འདི་
ཞེས་བྱ་བ་ནི་འཆད་པར་འགྱུར་བའི་བློ་ལ་གནས་པ་སྟེ། དཀྱིལ་འཁོར་ཆེན་པོར་བཤད་པའི་མཆོད་པ་ལ་སོགས་པའི་ཡོ་བྱད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཏེ། དེ་དག་གི་ཡོ་བྱད་དང༌། ཆོ་ག་ཐམས་ཅད་རྒྱས་པར་གྱུར་བ་ནི་བསྟན་པའོ། །དེ་ནས་ཞེས་བྱ་བ་ནི་དམིགས་ཀྱིས་དགར་བའོ། །དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཀྱི་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིགས་རྣམས་ཀྱི་ནང་ནས་རེ་ཞིག་དེ་བཞིན་གཤེགས་པ་རྣམས་དེའི་རིགས་ཀྱི་སྙིང་པོའི་ཡོ་བྱད་འབྱུང་བ་ཡིན་ནོ། །དཀྱིལ་འཁོར་ཆེན་པོ་མཐོང་ནས་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྔར་བཤད་པའི་ཆོ་ག་མཐོང་ནས་བདུག་པ་དན་མེ་ཏོག་དང༌། མར་མེ་དང༌། དྲིའི་ཕྱག་རྒྱ་རྣམས་ཀྱིས་མཆོད་པར་བྱ་སྟེ་ཞེས་བྱ་བ་ནི་རྡོ་རྗེ་བདུག་པ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམ་པ་བཞི་གང་ལས་བྱུང་བས་བདག་ཉིད་ཡང་དག་པར་མཆོད་ལ། རྡོ་རྗེ་བཟླས་པས་བརྩམ་པར་བྱའོ་ཞེས་ཤེས་པར་བྱའོ། །ཇི་ལྟར་འདུག་སྟེ་ཞས་བྱ་བ་ནི་དེ་བཞིན་གཤེགས་པའི་ཟློས་པ་པོས་བྱང་ཆུབ་ཀྱི་སྙིང་པོ་ལ་སོགས་པར་འདུག་པ་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་ཀུན་དགའ་རབ་ལ་སོགས་པ་སྟེ། དེ་སྐད་དུ་ཡང༌། དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་ཞེས་བྱ་བ་ལ་སོགས་པ་རྒྱུད་ལས་བཤད་པས་སོ། །དེ་ལ་ཇི་སྐད་བསྟན་པའི་གནས་སུ་གནས་པ་ནི་ཇི་ལྟ་བ་བཞིན་དུ་གནས་པའོ། །དུས་ཇི་ཙམ་ཞིག་ཏུ་གནས་ཤེ་ན། ཟླ་བ་བཞིར་ཞེས་བྱ་བ་སྨོས་ཏེ། ཟླ་བ་བཞིར་གནས་ཇི་ལྟ་བ་བཞིན་དུ་འདུག་ཅིང༌། དེ་ཟློས་ཤིང་གནས་ཏེ། དུས་བཞིར་བདུག་པ་ལ་སོགས་པས་མཆོད་པ་བྱའོ་ཞེས་བྱ་བ་ནི་སྔ་དྲོ་དང༌། ཉི་མ་ཕྱེད་དང༌། དགོངས་ཀ་དང༌། མཚན་ཕྱེད་ཀྱི་དུས་སུ་བདུག་པ་ལ་སོགས་པའི་ཕྱག་རྒྱ་བཞིས་བདག་ཉིད་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་དག་པར་མཆོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་མཚན་བརྒྱ་རྩ་བརྒྱད་པ་ཕྱིས་འཆད་པར་འགྱུར་བའི་དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པས་དེ་བཞིན་གཤེགས་པའི་རྣལ་འབྱོར་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པར་བྱའོ།།
རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཟློས་པ་པོས་ནི་སྔར་བཤད་པའི། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་སེམས་དཔའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པར་བྱའོ། །ཕྱག་བཞིས་ཕྱག་བྱ་བའི་ཚུལ་གྱིས་ཕྱག་བྱས་ལ་ལུས་འབུལ་བའི་མཆོད་པ་ཡང་བྱའོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ཕྱག་རྣམ་པ་བཞི་བྱས་ནས། བཟླས་པའི་ཕྲེང་བ་བླངས་ཏེ་འདོད་པའི་ཡོན་ཏན་ཐམས་ཅད་ལ་ཆགས་པ་དང་བྲལ་བས་ཇི་ལྟ་བ་བཞིན་དུ་བཟླས་ན་མྱུར་དུ་དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ནས་སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་དང༌། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་རྣམ་པ་བཅུ་དྲུག་ནི་འདོད་པའི་ཡོན་ཏན་ཐམས་ཅད་དོ། །ཁ་ཟས་ཀུན་དང་ཞེས་བྱ་བ་ནི་ཉ་ཤ་དང༌། ཤ་དང༌། སྒོག་པ་དང༌། བཙོང་དང༌། ལྷག་མ་དང༌། ལོག་སྲིད་ཀྱི་ལྷ་བཤོས་དང༌། དཀོན་མཆོག་ གསུམ་གྱི་བཤོས་གཙང་སྤངས་པ ་དང༌། ཁ་ན་མ་ཐོ་བ་མེད་པ་ནི་བཟའ་བ་ཐམས་ཅད་དོ། །དེ་བཞིན་དུ་འདོད་པ་ཀུན་ལ་ཉེ་བར་སྦྱོང་ཀྱང་གང་ལ་ཡོང་ཁ་ན་མ་ཐོ་བའི་ཉེས་པར་མི་འགྱུར་རོ། །རང་གི་ལྷ་ནས་བརྩམས་ནས་སྒེག་མོ་ལ་སོགས་པ་བརྒྱད་དང༌། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་བཅུ་དྲུག་གིས་མཆོད་ལ་བསྒོམ་པ་ནི། ཀུན་ལ་ཉེ་བར་ལོངས་སྤྱོད་ཅིང་ངོ༌། །སྙིང་པོའི་དོན་དུ་ཞེས་བྱ་བ་ནི། བཛྲ་དྷཱ་ཏུ་ཞེས་བྱ་བ་དེ་བཞིན་གཤེགས་པ་ལྔའི་སྙིང་པོའི་དོན་འདི་ལ་ལྷག་པར་མོས་པའོ། །བདག་ཉིད་དང་སངས་རྒྱས་ཀྱི་མདུན་དུ་ཚིག་ཙམ་གྱིས་ཀྱང་བསྒོམས་ལ་ཞེས་བྱ་བ་ནི་བདག་ཉིད་དམ་རང་གི་དེ་བཞིན་གཤེགས་པ་དེ་མདུན་དུ་བསྒོམས་པའམ། རང་ཉིད་དེ་བཞིན་གཤེགས་པར་བསྒོམས་ནས་བཟླས་ན་མྱུར་བར་དངོས་གྲུབ་ཏུ་འགྱུར་རོ། །གང་ཞིག་དེ་བཞིན་གཤེགས་པ་རྣམ་པར་སེམས་རྩེ་གཅིག་པར་མི་ནུས་པ་དེ་ནི་ཚིག་ཙམ་གྱིས་ཀྱང་བདག་ཉིད་དེ་བཞིན་གཤེགས་པར་བསྒོམས་པའམ་མདུན་དུ་བྱས་ལ། ཅི་དགར་བྱེད་ཅིང་ཞེས་བྱ་བ་ནི་སྟན་མི་འདྲ་བ་དང༌། བཀྲེས་པ་མེད་པ་དང༌། སྐོམ་པ་མེད་པ་དང༌། སྐྱིགས་བུ་དང༌། སྒྲེགས་པ་ལ་སོགས་པ་དང༌། ཉེས་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །རྡོ་རྗེའི་ཚིག་གིས་ལེན་
བརྒྱ་རྩ་བརྒྱད་བཟླས་ནས། མྱུར་དུ་དངོས་གྲུབ་ཏུ་འགྱུར་ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་ནི་བརྒྱ་ལས་བརྒྱད་ལྷག་པའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དེ་བཞིན་གཤེགས་པའི་རྣལ་འབྱོར་པས་རང་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། དེ་བཞིན་དུ་བདུག་པ་ལ་སོགས་པའི་ཕྱག་རྒྱ་རྣམ་པ་བཞིས་བདག་ཉིད་ཡང་དག་པར་མཆོད་ལ། གཞལ་ཡས་ཁང་དང་གདན་ཇི་ལྟ་བ་བཞིན་དུ་སྤྲུལ་ལ། རང་གི་གདན་ལ་སྔ་མ་བཞིན་དུ་ཕྱག་རྒྱ་ཆེན་པོས་འདུག་སྟེ། རང་གི་དེ་བཞིན་གཤེགས་པའི་མདུན་དུ་ཡོངས་སུ་བརྟགས་ནས་རྣལ་འབྱོར་གྱི་གནས་ལ་བཛྲ་དྷཱ་ཏུ་ཞེས་བརྗོད་ཅིང་སྤྲུལ་ལ། བསྡུ་བ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་ཕྱིའི་མཆོད་པ་རྣམ་པ་ལྔ་དང༌། སྒེག་མོ་ལ་སོགས་པའི་རྣམ་པ་བརྒྱད་དང༌། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དག་ཅིང་བདེ་བ་མ་ལ་སོགས་པ་མཆོད་པ་རྣམ་པ་བཅུ་དྲུག་གིས་ཡང་དག་པར་མཆོད་ལ་ཕྱག་བཞི་བྱས་ཏེ། གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་འཛིན་པའི་ཚུལ་ཅན་གྱིས་དེ་བཞིན་གཤེགས་པའི་རྡོ་རྗེ་བླངས་ལ། ལག་པ་གཡས་པས་བགྲང་ཕྲེང་སྙིང་གར་བཟུང་ནས་བཟླས་པའི་དོན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་བསྒོམས་ནས་བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་ཟློས་ཤིང་དེ་བཞིན་གཤེགས་པ་མདུན་དུ་བསྒོམ་པར་བྱའོ། །ཆོ་ག་འདི་ནི་དེའི་གཟུགས་བརྙན་ལ་གུས་པས་གསོལ་བ་འདེབས་པར་འཇུག་པའམ། ལྟ་བའམ་ཐུན་བཞི་རུ་བཟླས་ན་རིང་པོ་མི་ཐོགས་ཞེས་བྱའོ། །ལྷག་མ་ནི་ཕྱིས་འཆད་པར་འགྱུར་བས་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའམ། དེ་བཞིན་གཤེགས་པའི་རིགས་རྣམས་ནི་རང་ཉིད་ཀྱི་གཡོན་པའི་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་བླངས་ལ། ལག་པ་གཡས་པས་བགྲང་ཕྲེང་བགྲང་ཞིང་བཟླས་པར་བྱའོ། །ཁྱད་པར་འདི་ཡིན་ཏེ། འདི་ལྟར་དེའི་རྣལ་འབྱོར་པས་སྒེག་མོ་ལ་སོགས་པའི་མཆོད་པ་རྣམ་པ་བཞིས་བདག་ཉིད་མཆོད་པར་བྱའོ། །དེ་ལྟར་ཟླ་བ་བཞི་བསྙེན་པ་བྱས་ནས། མཚན་ཐོག་ཐག་བསྒྲུབས་ན་དེའི་རྗེས་ལ་ལས་ཀྱི་དངོས་གྲུབ་འགྲུབ་བར་
འགྱུར་རོ། །དེ་ལ་དེའི་ལས་ནི་འདི་ཡིན་ཏེ། །སངས་རྒྱས་རྗེས་སུ་དྲན་འགྲུབ་ན། །སངས་རྒྱས་ཉིད་དུ་མྱུར་དུ་འགྱུར། །སེམས་དཔའི་རྡོ་རྗེ་མ་གྲུབ་ན། །ཕྱག་རྒྱ་ཀུན་གྱི་བདག་པོར་འགྱུར། །རྡོ་རྗེ་རིན་ཆེན་མའི་ཕྱག་རྒྱས། །དེའི་ནི་རྡོ་རྗེ་ཀུན་དབང་འགྱུར། །ཆོས་ཀྱི་རྡོ་རྗེ་མ་གྲུབ་ན། །སངས་རྒྱས་ཆོས་ནི་འཛིན་པར་འགྱུར། །ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །སེམས་དཔའི་ཕྱག་རྒྱ་བཅིངས་པ་ཡིས། །རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར། །རྡོ་རྗེ་འདྲེན་པའི་ཆོ་ག་ཡིས། །རྡོ་རྗེ་འཛིན་པ་སྤྱན་འདྲེན་འགྱུར། །རྡོ་རྗེ་འདོད་པའི་ཕྱག་རྒྱ་ཡིས། །སངས་རྒྱས་ཐམས་ཅད་རྗེས་མཉེས་བྱེད། །རྡོ་རྗེ་ལེགས་པའི་ཆོ་ག་ཡིས། །སངས་རྒྱས་ཐམས་ཅད་དགྱེས་པར་བྱེད། །རིན་ཆེན་ཕྱག་རྒྱའི་ཆོ་ག་ཡིས། །སངས་རྒྱས་དབང་བསྐུར་སྦྱིན་པར་བྱེད། །རྡོ་རྗེ་གཟི་བརྗིད་ཆོ་ག་ཡིས། །རྡོ་རྗེ་གཟི་བརྗིད་མྱུར་དུ་འགྲུབ། །རྡོ་རྗེ་དཔལ་འཛིན་བསྟེན་པས་ན། །རེ་བ་རྣམས་ནི་ཡོངས་སུ་སྐོང༌། །རྡོ་རྗེ་བཞད་པའི་ཆོ་ག་ཡིས། །སངས་རྒྱས་ཀུན་དང་མཉམ་པར་བཞད། །རྡོ་རྗེ་ཆོས་ཀྱི་ཆོ་ག་ཡིས། །རྡོ་རྗེ་ཆོས་ནི་འཛིན་པར་འགྱུར། །རྡོ་རྗེ་རྣོན་པོའི་ཆོ་ག་ཡིས། །སངས་རྒྱས་ཀུན་གྱི་ཤེས་རབ་མཆོག །རྡོ་རྗེ་འཁོར་ལོ་འཛིན་བསྟེན་ནས། །ཆོས་ཀྱི་ཁོར་ལོ་བསྐོར་བར་འགྱུར། །རྡོ་རྗེ་གསུངས་པའི་ཆོ་ག་ཡིས། །སངས་རྒྱས་གསུང་གི་དངོས་གྲུབ་ཐོབ། །རྡོ་རྗེ་ལས་མཆོག་བསྒྲུབས་པས་ན། །རྡོ་རྗེའི་ལས་སུ་མྱུར་དུ་འགྲུབ། །རྡོ་རྗེ་གོ་ཆ་བསྐོན་པས་ན། །རྡོ་རྗེ་སྐུ་ནི་ཐོབ་པར་འགྱུར། །རྡོ་རྗེ་གནོད་སྦྱིན་བསྒྲུབས་པས་ན། །རྡོ་རྗེ་གནོད་སྦྱིན་མཉམ་པར་འགྱུར། །རྡོ་རྗེ་ཁུ་ཚུར་བཅིངས་པས་ན། །ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་འཛིན་མ་བསྒྲུབས་པས་ན།། རྡོ་རྗེ་ཆེན་མོའི་དགའ་བ་ཐོབ། །རྡོ་རྗེ་ཕྲེང་བ་བཅིངས་པས་ན། །སངས་རྒྱས་ཀུན་གྱིས་དབང་བསྐུར་འགྱུར། །རྡོ་རྗེ་གླུ་ཡི་ཆོ་ག་ཡིས། །རྡོ་རྗེ་གླུ་ནི་ལེན་པར་འགྱུར། །རྡོ་རྗེ་གར་ནི་སྤྱར་བ་ཡིས། །སངས་རྒྱས་ཀུན་གྱིས་དེ་མཆོད་དོ། །རྡོ་རྗེ་བདུག་པའི་ཆོ་ག་ཡིས། །འགྲོ་བ་ཐམས་ཅད་
ཚིམ་པར་བྱེད། །རྡོ་རྗེ་མེ་ཏོག་སྦྱོར་བྱེད་པས། །དེས་ནི་འགྲོ་བ་དབང་དུ་བྱེད། །རྡོ་རྗེ་སྣང་བ་ཕྱག་རྒྱ་ཆེས། །རབ་མཆོག་མིག་ནི་སྦྱིན་པར་བྱེད། །རྡོ་རྗེ་དྲི་ཡི་ཆོ་ག་ཡིས། །སྡུག་བསྔལ་ཐམས་ཅད་སེལ་བར་བྱེད། །རྡོ་རྗེ་ལྕགས་ཀྱུས་དྲངས་པས་ན། །འདྲེན་པ་ཀུན་གྱི་མཆོག་ཏུ་འགྱུར།། རྡོ་རྗེ་ཞགས་པའི་ཆོ་ག་ཡིས། །ཐམས་ཅད་རབ་ཏུ་འཇུག་པར་འགྱུར། །རྡོ་རྗེ་ལྕགས་སྒྲོག་སྦྱོར་བ་ཡིས། །ཐམས་ཅད་འཆིང་བར་ནུས་པར་འགྱུར། །རྡོ་རྗེ་འབེབས་པའི་ཆོ་ག་ཡིས། །ཐམས་ཅད་འབབ་པར་རབ་ཏུ་འགྱུར། །སླར་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་ཁྱད་པར་དུ་འགྱུར་བ་ནི། ལན་ཅིག་བཟླས་ན་བདག་ཉིད་བསྲུང་བར་འགྱུར། །ལན་གཉིས་བཟླས་པས་གཞན་བསྲུང་བར་འགྱུར་རོ། །ལན་གསུམ་བཟླས་པས་འགྲོ་བ་ཐམས་ཅད་བསྲུང་བར་འགྱུར་རོ། །ལན་བཞི་བཟླས་པས་གྲོང་ཁྱེར་བསྲུང་བར་འགྱུར་རོ། །ལན་ལྔ་བཟླས་པས་རྒྱལ་སྲིད་བསྲུང་བར་འགྱུར་རོ། །ལན་དྲུག་བཟླས་པས་གླིང་བཞིར་བསྲུང་བར་འགྱུར་རོ། །ལན་བདུན་བཟླས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་མཐར་ཐུག་པའི་སེམས་ཅན་སྲུང་བར་བྱེད་དོ། །ཐོག་མར་བརྗོད་པའི་བསྲུང་བའི་རིག་པ་ནི། །གྲོ་ག་ལ་རིག་པའི་ཡི་གེ་བྲིས་ནས། བཛྲ་སཏྭ་ཕཊ་ཅེས་ལན་གཉིས་བརྗོད་པས་རིག་པ་གཅད་པར་བྱ་སྟེ། ཀུ་ཤའམ། སྲུང་སྐུད་བླངས་ལ་རིག་པས་བསྲུང་བར་བྱའོ། །ཨོཾ་བཛྲ་སཏྭ་ཞེས་ལན་གསུམ་བརྗོད་པའི་རིག་པས་རྒྱལ་བར་འགྱུར་རོ། །ལན་བཞི་བརྗོད་པས་ག་ཕུར་དང༌། ཙནྡན་དང༌། ཨ་ཀ་རུ་རྣམས་ཀྱི་བདུག་པ་ཕུལ་ནས། མགོ་ལ་མེ་ཏོག་གི་ཕྲེང་བ་བཏགས་ཏེ། དཔྲལ་བར་ཙནྡན་གྱིས་ཐིག་ལེ་བྱས་ཏེ། ཆོས་ཐམས་ཅད་རྨི་ལམ་དང་མཚུངས་པའི་བདེན་པ་འདིས་རྡོ་རྗེ་སེམས་དཔའ་བདག་ལ་རྨི་ལམ་སྟོན་ཅིག་ཅེས་བྱས་ན། དགེ་བ་དང༌། མི་དགེ་བའི་རྨི་ལམ་ཐམས་ཅད་སྟོན་པར་འགྱུར་རོ། །མངོན་པར་འདོད་པའི་དངོས་པོ་ཤེས་པར་འདོད་ན། བཅོམ་ལྡན་
འདས་ཐང་ཅིག་བསྒོམས་ལ་སྙིང་པོ་ལན་ལྔ་བཟླས་ན་མཚན་མ་དགོས་པ་སྟོན་པར་འགྱུར་རོ། །སྟོང་ཕྲག་བརྒྱ་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཡར་ངོའི་ཚེས་བརྒྱད་ལ་དཀྱིལ་འཁོར་བྲིས་ཏེ། ཞག་གསུམ་སྨྱུང་བ་བྱས་བའམ། འོ་མ་དང་བུ་རམ་ཟོས་ནས་དེར་ཞུགས་ཏེ། སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དེ་ནས་བསམ་གཏན་དེ་ཐེ་ཚོམ་མེད་པར་འགྱུར་རོ། །ནད་པའི་སྟེང་དུ་ཡི་གེ་བ་ལས་ཟླ་བའི་དཀྱིལ་འཁོར་དཀར་པོ་རྣམ་པར་བསམས་ན་དུག་ཞི་བར་འགྱུར་རོ། །ལྟེ་བའི་སྟེང་དུ་ཡི་གེ་ཛ་ལས་རིན་པོ་ཆེའི་དཀྱིལ་འཁོར་སེར་པོ་བསམས་བས་དུག་རེངས་པར་འགྱུར་རོ། །རིན་པོ་ཆེའི་རྒྱ་གྲམ་གྱི་སྟེང་དུ་རིན་པོ་ཆེ་དམར་སེར་གྱི་དཀྱིལ་འཁོར་དང་ཡི་གེ་ཛ་སེར་པོ་བསམས་པས་གཞན་གྱི་དུག་ཐེ་ཚོམ་མེད་པར་རེངས་པར་འགྱུར་རོ། །ཐོག་ཟློག་པར་བྱེད་དོ། །ཆར་གཅོད་པར་བྱེད་དོ། །ཡི་གེ་བ་ལས་ཟླ་བའི་དཀྱིལ་འཁོར་དཀར་པོ་བསམས་ན་མཁྲིས་པའི་རིམས་སེལ་བར་བྱེད་དོ། །ཚ་བའི་རིམས་སེལ་བར་བྱེད་དོ། །ཁར་བསྒོམས་ན་མངག་གཞུག་བྱེད་དོ། །རིན་པོ་ཆེ་ཐམས་ཅད་ཀྱི་སྟེང་དུ་བསྒོམས་ན་མངག་གཞུག་བྱེད་དོ། །ཡན་ལག་ཉམས་པ་ལ་བསྒོམས་ན་ཡོངས་སུ་རྫོགས་པར་འགྱུར་རོ། །མེའི་སྟེང་དུ་བསྒོམས་ན་མེའི་ཚ་བ་ཞི་བར་འགྱུར་རོ། །ཞི་བའི་ལས་ཐམས་ཅད་སྒྲུབ་པར་བྱེད་དོ། །ཡི་གེ་ཛས་རྒྱས་པའི་ལས་ཐམས་ཅད་སྐྱེད་པར་བྱེད་དོ། །དབང་བསྐུར་བའི་ཏིང་ངེ་འཛིན་གྱིས་དབྲལ་བའི་ཕྱོགས་སུ་བསམས་ན་དོན་ཆེན་པོ་བྱ་བར་བྱེད་པའོ། །མེ་ལྷའི་སྟེང་དུ་བསྒོམས་ན་ནོར་བུའི་ཕུང་པོ་སྐྱེད་པར་བྱེད་དོ། །བདག་གི་ལུས་ལ་བསྒོམས་ན་རྒྱས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཡི་གེ་ལས་ཉི་མའི་དཀྱིལ་འཁོར་དམར་པོ་བསམས་ན་འབེབས་པར་བྱེད་དོ། །སྣ་ཚོགས་རྡོ་རྗེ་བསམས་ན་སྡུད་པར་བྱེད་དོ། །སྐྱེས་པ་དང་བུད་མེད་ཀྱི་སྙིང་གར་པདྨ་དམར་པོའི་སྟེང་དུ་པདྨ་བསྒོམས་ན་དབང་དུ་བྱེད་དོ། །ལྷའི་སྙིང་པོ་གང་དང་གང་བསམས་པ་དེ་དབང་དུ་བྱེད་པར་འགྱུར་རོ། །གདོང་ལ་བསམས་ན་ཆགས་ཤིང་སྐལ་བ་དང་ལྡན་པར་འགྱུར་རོ། །ལས་ཐམས་ཅད་བྱེད་
བས་ཡི་གེ་ས་ལས་དཀྱིལ་འཁོར་ལས་ཐམས་ཅད་དང་རྗེས་སུ་མཐུན་པར་བསྒོམ་པར་བྱའོ། །ནད་པའི་སྙིང་གར་བསམས་ན་སྲུང་བར་བྱེད་པར་འགྱུར་རོ། །བསམས་པ་ཤེས་པའི་ཆོ་གས་བསྒྲུབ་པར་བྱ་བའི་ཡིད་ཀྱི་ལས་ཐམས་ཅད་སྒྲུབ་པར་བྱེད་དོ། །ཡི་གེ་ཏས་མཉེས་པར་བྱེད་དོ། །རྡོ་རྗེ་དཀྱིལ་འཁོར་ཐམས་ཅད་བསྒྲུབས་ན་སྲུང་བར་བྱེད་དོ། །དབྱིག་པར་བྱས་ནས་བསྒོམས་ན་སྣུན་པར་བྱེད་དོ། །རྡོ་རྗེའི་དཀྱིལ་འཁོར་ལྗང་གུར་བསྒོམས་ན་སྲུང་བར་བྱེད་དོ། །ཐལ་མོའི་སྒྲས་དུག་གིས་བརྒྱལ་བ་ལས་སད་པར་བྱེད་དོ། །ཡི་གེ་ཏ་ཁ་དོག་ལྔ་པ་རྟག་ཏུ་བསྒོམས་ན་ལས་ཐམས་ཅད་བྱེད་དོ། །ཡི་གེ་བས་འཆིང་བར་བྱེད་དོ། །ཡི་གེ་ཛས་འགུགས་པར་བྱེད་དོ། །ཡི་གེ་མས་འབེབས་པར་བྱེད་དོ། །ཡི་གེ་ཏས་སྣུན་པར་བྱེད་དོ། །དེ་ཐམས་ཅད་ཚར་གཅོད་པར་བྱེད་དོ། །གདུག་པ་ཐམས་ཅད་ཡི་གེ་ཨའི་ལྕགས་ཀྱུས་འགུགས་པར་བྱེད་དོ། །རྡོ་རྗེ་བསྒོམས་ན་གསལ་བར་བྱེད་དོ། །ཟླ་བའི་དཀྱིལ་འཁོར་གྱིས་ནི་མགུ་བར་བྱེད་དོ། །ལས་ཀྱི་དཀྱིལ་འཁོར་གྱིས་ནི་སྡུད་པར་བྱེད་དོ། །ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ན་དུག་ཞི་བར་བྱེད་དོ། །བཛྲ་སཏྭ་ཨཿ་ཞེས་བྱ་བས་རྟོག་པ་ཐམས་ཅད་ཀྱི་བྱེ་བྲག་ལས་སྦྱོར་བ་དང་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དེ་ལྟར་བཟླས་བའི་ཆ་གས་བསྒྲུབ་པ་བཤད་ནས། ད་ནི་རས་རིས་བསྒྲུབ་པའི་བླ་ན་མེད་པའི་དངོས་གྲུབ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། ཟླ་བ་བཞིའི་བར་དུ་སྔར་བཤད་པ་བཞིན་དུ་བསྙེན་པ་བྱས་པའི་རྗེས་ཐོགས་ཉིད་ལའོ། །དེའི་ཕྱག་རྒྱ་བཞི་པའི་བླ་ན་མེད་པའི་དངོས་གྲུབ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དེ་འདོད་པ་ནི་གལ་ཏེ་རྣལ་འབྱོར་པ་འདོད་ན་ཇི་སྐད་བཤད་བའི་རས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་ནས་དོན་ཡོད་པར་གྲུབ་པའི་བར་བྲི་བར་བྱ་སྟེ། དེའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་ཚུལ་དུ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་གྱི་དབྱིབས་དང་ཇི་ལྟར་འདོད་པའི་ཁ་དོག་དང་རྒྱན་དང་རྡོ་རྗེ་སེམས་དཔའ་ལ་
སོགས་པའི་སེམས་དཔའ་ཆེན་པོ་རྣམས་དང༌། རྡོ་རྗེ་སྒེག་མོ་ལ་སོགས་པའི་ལྷ་མོ་རྣམ་པ་བརྒྱད་བྲི་བར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔར་བཤད་པའི་ཚུལ་གྱིས་སྔོན་དུ་བསྙེན་པ་ཟླ་བ་བཞི་བྱས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རྣལ་འབྱོར་བའམ། དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང༌། རྡོ་རྗེ་འབེབས་པའི་མཐར་ཐུག་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པས་རང་གི་ལྷར་བསྒོམས་ལ། དེའི་རྗེས་ལ་རས་མ་ཉམས་པ་ལ། དེ་བཞིན་གཤགས་པ་ཟློས་ཤིང་སྲོག་ཆགས་ཀྱི་ཡན་ལག་རྣམས་བསལ་ནས། རྡོ་རྗེའི་ཐིག་ཟླུམ་པོར་བཏབ་པའི་དབུས་ཀྱི་ཟུར་བཞིའི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དཀར་པོ་ཟངས་མ་ག་བུར་དང་བསྲེས་ལ་བསྙེན་གནས་དང་ལྡན་པ་དམ་ཚིག་ཤེས་པའི་རི་མོ་མཁན་གྱིས་བཛྲ་དྷཱ་ཏུ་ཞེས་བྱ་བའི་སྙིང་པོ་འདི་བྲི་བར་བྱའོ། །དེའི་འོག་གི་ཆ་ལ་མི་བསྐྱོད་པའི་གནས་སུ་རྡོ་རྗེ་སེམས་དཔའ། གཡས་ལོགས་སུ་རིན་ཆེན་འབྱུང་ལྡན་གྱི་གནས་སུ་རྡོ་རྗེ་རིན་ཆེན། སྟེང་དུ་འོད་དཔག་ཏུ་མེད་པའི་གནས་སུ་རྡོ་རྗེ་ཆོས། གཡས་ཕྱོགས་སུ་དོན་ཡོད་གྲུབ་པའི་གནས་སུ་རྡོ་རྗེ་ལས། མཚམས་ཀྱི་ཆ་རྣམས་སུ་སྒེག་མོ་ལ་སོགས་པའི་ལྷ་མོ་བརྒྱད་རང་གི་སྙིང་པོ་བྲི་བར་བྱའོ། །རྣམ་པར་སྣང་མཛད་ཀྱི་རས་རིས་ཀྱི་ཆོ་གའོ། །རས་དེ་ཉིད་ཀྱི་དབུས་སུ་བཅོམ་ལྡན་འདས་མི་བསྐྱོད་པ་བྲིས་བའི་ཚེ་མི་བསྐྱོད་པའི་གནས་སུ་རྡོ་རྗེ་སེམས་དཔའ། །རིན་ཆེན་འབྱུང་ལྡན་གྱི་གནས་སུ་རྡོ་རྗེ་རྒྱལ་པོ། དོ་ཉོད་གྲུབ་པའི་གནས་སུ་རྡོ་རྗེ་ཆགས་པ། འོད་དཔག་ཏུ་མེད་པའི་གནས་སུ་རྡོ་རྗེ་ལེགས་པ། མཆོད་པའི་ལྷ་མོ་རྣམས་ཀྱང་སྔ་མ་བཞིན་དུ་བྱ་བ་ནི་མི་བསྐྱོད་པའི་རིགས་ཀྱི་ཆོ་གའོ། །དབུས་སུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་འདྲི་བའི་ཚེ་མི་བསྐྱོད་པའི་གནས་སུ་རྡོ་རྗེ་རིན་ཆེན། རིན་ཆེན་འབྱུང་ལྡན་གྱི་གནས་གཟི་བརྗིད། དོན་ཡོད་གྲུབ་པའི་གནས་སུ་དཔལ། འོད་དཔག་ཏུ་མེད་པའི་གནས་སུ་རྡོ་རྗེ་བཞད་པ་བྲིས་ལ། ལྷག་མ་ནི་སྔ་མ་བཞིན་ཏེ། རིན་ཆེན་འབྱུང་ལྡན་གྱི་རས་རིས་ཀྱི་ཆོ་གའོ། །བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་དབུས་སུ་བྲི་བ་དེའི་ཚེ་མི་བསྐྱོད་པའི་གནས་སུ་རྡོ་རྗེ་ཆོས།
རིན་ཆེན་འབྱུང་ལྡན་གྱི་གནས་སུ་རྡོ་རྗེ་རྣོན་པོ། །དོན་ཡོད་པར་གྲུབ་པའི་གནས་སུ་རྡོ་རྗེ་རྒྱུ། འོད་དཔག་ཏུ་མེད་པའི་གནས་སུ་རྡོ་རྗེ་གསུང་བ་བྲིས་ལ། ལྷག་མ་ནི་སྔ་མ་བཞིན་ཏེ། འོད་དཔག་ཏུ་མེད་པའི་རས་རིས་ཀྱི་ཆོ་གའོ། །དབུས་སུ་བཅོམ་ལྔ་འདས་དོན་ཡོད་གྲུབ་པ་འབྲི་བ་དེའི་ཚེ་མི་བསྐྱོད་པའི་གནས་སུ་རྡོ་རྗེ་ལས། རིན་ཆེན་འབྱུང་ལྡན་གྱི་གནས་སུ་རྡོ་རྗེ་བསྲུང་བ། དོན་ཡོད་གྲུབ་པའི་གནས་སུ་རྡོ་རྗེ་གནོད་སྦྱིན། འོད་དཔག་ཏུ་མེད་པའི་གནས་སུ་རྡོ་རྗེ་ཁུ་ཚུར་རང་གི་སྙིང་པོས་བྲིས་ལ། ལྷག་མ་ནི་སྔ་མ་བཞིན་ཏེ། དོན་ཡོད་པར་གྲུབ་པའི་རས་རིས་ཀྱི་ཆོ་གའོ། །རས་གང་ལ་རི་མོ་འདྲི་བ་དེའི་ཚེ་འབྲུ་དང༌། རིན་པོ་ཆེ་དང༌། སྨན་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་བུམ་པ་གཅིག་དང༌། ཟུར་བཞིར་བུམ་པ་བཞི་གཞག་པར་བྱའོ། །དེའི་སྟེང་དུ་བླ་རེ་བྲེས་པ་དང༌། དེའི་འོག་ཏུ་གདུགས་དཀར་པོ་ལ་གཙུག་ཏོར་དཀར་མོ་བཟླས་པ་དང༌། དེ་ནས་རྩི་མར་གྱི་མར་སེར་དང༌། སྤོས་ཀྱི་སྣོད་རྣམ་པ་བཞི་བཞག་ནས་རྒྱུན་མི་འཆད་པར་དབུལ་བར་བྱའོ། །དེ་ནས་ཙནྡན་དཀར་པོའི་ཆུ་ཡིས་མཆོད་ཡོན་ཕུལ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་བརྙན་གྱི་སྦྱོར་བ་བྱས་པའི་རས་རིས་དེ་ལ་བཞུགས་སུ་གསོལ་བར་བྱའོ། །ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་སྙིང་པོ་དང༌། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྙིང་པོས་དེ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །རྡོ་རྗེ་དབྱིངས་ཀྱི་ཁང་བུ་བརྩེགས་པ་དེའི་སྟེང་དུ་གདུགས་དཀར་པོ་བྲི་བར་བྱའོ། །དེ་ལྟར་རས་ལ་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་བྲིས་ནས། དེ་ནས་རི་མོའི་སྐུ་གཟུགས་ལ་མཆོད་པ་རྒྱ་ཆེར་བྱས་ལ། འཛབ་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་ཟླ་བ་བཞིའི་བར་དུ་བཟླས་པར་བྱའོ། །སྔ་མ་བཞིན་དུ་རང་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། ཁང་བུ་བརྩེགས་པའི་གནས་དེ་རྫོགས་པ་དང༌། རས་ལ་དེ་བཞིན་གཤེགས་པའི་སྙིང་པོ་སྤྲུལ་ལ། བསྡུ་བ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ནས། ཕྱིའི་མཆོད་པ་རྣམ་པ་ལྔ་ལ་སོགས་པའི་མཆོད་པ་རྒྱ་ཆེ་བའི་ཁྱད་པར་རྣམས་ཀྱིས་ཡང་དག་པར་མཆོད་ལ། སྒེག་མོ་
ལ་སོགས་པ་མཆོད་པ་བརྒྱད་ཀྱི་ཕྱག་རྒྱ་དང༌། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་རྣམ་པ་བཅུ་དྲུག་གིས་ཡང་དག་པར་མཆོད་དེ། ཕྱག་བཞི་བྱས་ནས། སྔར་བཤད་པའི་བཟླས་བ་བཞིར་ཐུན་བཞིའི་སྦྱོར་བས་བཟླས་ཏེ། མཚན་ཐོག་ཐག་བཟླས་པར་བྱའོ། །དེ་ནས་ནམ་ལངས་པ་དང་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པའམ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་རྣམས་ཇི་ལྟར་བྲི་བ་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དངོས་གྲུབ་རྣམས་བཤད་ནས། ད་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ནི་དེ་ནས་ཕྱག་རྒྱ་བསྒྲུབ་པར་འདོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཕྱག་རྒྱ་ནི་གཟུངས་ཀྱི་དཀྱིལ་འཁོར་གྱི་རིག་པ་བརྗོད་པ་རྣམས་སོ། །དེ་ལ་བསྒྲུབ་པར་འདོད་པ་ནི་ཐོག་མར་སྔ་མ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་གཟུངས་ཟློས་ཤིང་སྔ་མ་བཞིན་དུ་ཟླ་བ་བཞི་བསྙེན་པ་བྱས་ལ། རས་ལ་དེ་བཞིན་དུ་བྲི་བར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རྡོ་རྗེ་སེམས་དཔའ་བཅིངས་ཏེ། ཐུན་བཞིའི་སྦྱོར་བས་སྟོང་ཕྲག་བརྒྱ་བཟླ་བར་བྱའོ། །དེ་ནས་མཚན་ཐོག་ཐག་རྡོ་རྗེ་སེམས་དཔའ་བཅིངས་ཤིང་བཟླས་ལ། སྐྱོན་ཕྱག་རྒྱ་བར་བར་དུ་དགྲོལ་བར་བྱའོ། །དེ་ནས་ཕྱག་རྒྱ་བཅིངས་ན་འབར་བ་ལ་སོགས་པའི་དངོས་གྲུབ་ཀྱི་རྟགས་འབྱུང་བ་དང༌། དེ་ནས་ཕྱག་རྒྱ་བཅིངས་བཞིན་དུ། །ཞེས་བྱ་བ་འབྲས་བུ་གསུངས་སོ། །དེ་ལྟར་གཟུངས་ཀྱི་དངོས་གྲུབ་བཤད་ནས། ཆོས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་ནི། དེ་ནས་ཏིང་ངེ་འཛིན་བསྒྲུབ་པར་འདོད་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་བྱ་བའི་སྒྲ་ནི་སྐབས་སུ་བབས་པ་སྟེ། ཆོས་ཀྱི་དཀྱིལ་འཁོར་ལ་དངོས་གྲུབ་ཀྱི་གནས་སྐབས་སོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་སྣང་མཛད་ལ་སོགས་
པའི་རྣམ་པར་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་དེ་ཡང་རྣམ་པ་སུམ་ཅུ་རྩ་བདུན་ནོ། །དེའི་ཕྱིར་ཏིང་ངེ་འཛིན་གང་ལ་དགའ་བ་ཞེས་གསུངས་སོ། །གལ་ཏེ་དགའ་ཞིག་དེ་བསྒྲུབ་པར་འདོད་ན་རྡོ་རྗེ་ཕྲ་མོ་ནས་བརྩམས་ཏེ། རྡོ་རྗེ་ཕྲ་མོ་བསྒོམ་པར་བྱ་བའི་ཏིང་ངེ་འཛིན་གང་ལ་དགའ་བ་དེ་ལའོ། །རྣམ་པར་སྣང་མཛད་ལ་སོགས་པ་གང་བསྒོམ་པར་འདོད་པས་སྙིང་པོ་རྣལ་འབྱོར་གོམས་པར་བྱའོ། །སྔ་མ་བཞིན་དུ་བཟླས་པའི་སྦྱོར་བས་ཉིན་རེ་ཞིང་ཐུན་བཞིའི་རང་གི་སྙིང་པོ་བརྗོད་ཅིང་རབ་ཏུ་སྦྱོར་བ་བྱས་ལ། བདག་ཉིད་དམ་མདུན་དུ་རང་གི་ལྷའི་གཟུགས་སུ་བསྒོམ་པར་བྱའོ། །ཟླ་བ་བཞིར་བསྙེན་པ་བྱས་ལ། དེ་ནས་སྔ་མ་བཞིན་དུ་རས་ལ་བྲིས་ཏེ། ཆོ་ག་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྗེས་སུ་སྤྱད་ལ། རས་རིས་ཀྱི་མདུན་དུ་ཟླ་བ་བཞིར་རང་གི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དེ་ནས་མཐར་མཚན་ཐོག་ཐག་བསྒོམས་ན། ཐོ་རངས་བཀའ་དམ་ཚིག་གི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་ལྟར་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་བསྟན་ནས། ད་ནི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའོ། དེ་ནས་ལས་བསྒྲུབ་པར་འདོད་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པ་རྣམས་བསྒྲུབ་པ་ནི་ལས་བསྒྲུབ་པར་འདོད་པའོ། །དེ་བཞིན་དུ་བཟླས་ཤིང་ཟླ་བ་གཅིག་གི་བར་དུ་བསྒྲུབས་ན་ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་གྱི་རིག་པ་རྣམས་ཀྱི་ཕྱིར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རང་གི་ལྷའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཐུན་བཞིའི་སྦྱོར་བས་ཟླ་བ་བཞིར་སྔ་མ་བཞིན་དུ་བཟླས་པ་བྱས་ནས་བྲི་བར་བྱའོ། །དེ་ནས་སྔ་མ་བཞིན་དུ་རས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རས་རིས་ཀྱི་རང་གི་རིག་པའི་མདུན་དུ་སྟོང་ཕྲག་བརྒྱ་བཟླས་པར་བྱའོ། །ཟླ་བའི་མཐར་མཚན་ཐོག་ཐག་བཟླས་པ་བྱས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ལན་ཅིག་བརྗོད་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པས་ནི་རང་གི་རིག་པ་ཇི་ལྟ་བ་བཞིན་དུ་བསྒྲུབས་ལ། ལན་ཅིག་བཟླས་པ་བྱས་ནས་བདག་ཉིད་ལ་སོགས་པས་བསྲུང་བར་འགྱུར་རོ། །ཇི་ལྟར་འགྱུར་ཞེ་ན། གྲོང་དང༌།
གྲོང་ཁྱེར་རྣམས་གོ་ཆ་བཅིངས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་ཆ་བཅིངས་པའི་ཚུལ་གྱིས་རང་ངམ་གཞན་བསྲུང་བར་བྱའོ། །མཚམས་དང༌། ཕྱོགས་དང༌། དཀྱིལ་འཁོར་དང༌། ནམ་མཁའ་དང༌། ཕུར་བུ་དང༌། ར་བ་དང༌། དྲ་བ་རྣམས་ནི་སོགས་པ་བྱུགས་ཤིང་དབབ་པར་བྱའོ། །ཁྱད་པར་ཇི་ལྟ་བུ་དབབ་པར་བྱ་སྟེ། ཙནྡན་དྲི་ཞིམ་པས་ཞེས་བྱ་བས་ཙནྡན་ནི་དཀར་པོའམ་ཤྲི་ཁཎྜ་ནི་ཙནྡན་དྲི་ཞིམ་པའོ། །དེས་བྱུགས་ནས་རང་གི་རིག་པ་མངོན་པར་བཟླས་ལ། རིག་པའི་ལྷའི་གཟུགས་སུ་བརྟགས་ལ། རྡོ་རྗེ་ལ་སོགས་པ་བྱུགས་ཤིང་དབབ་པར་བྱའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། གཟུང་དུ་ཡོད་པ་དང་གཟུང་དུ་མེད་པའི་རྡོ་རྗེ་དང་ལྕགས་ཀྱུ་ལ་སོགས་པ་ཞེས་བྱ་བ་ལ། གཟུང་དུ་ཡོད་པ་ནི་ལག་པས་གཟུང་དུ་ཡོད་པའོ། །གཟུང་དུ་མེད་པ་ནི་ཡིད་ཀྱིས་དམིགས་པའོ། །ལན་ཅིག་བརྗོད་པས་ཞེས་བྱ་བ་ནི་རང་གི་རིག་པ་ཇི་ལྟ་བ་བཞིན་དུ་བསྒྲུབས་པའོ། །སྒྱུ་མའི་ལས་ཀྱང་བྱེད་དེ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་རིག་པ་བཟླས་ན། རྨ་བྱའི་མཇུག་སྒྲོའི་ནང་དུ་རྡོ་རྗེ་རྩེ་ལྔ་པ་བཅུག་སྟེ་བཅིངས་ནས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའི་ཕྱག་རྒྱས་མནན་ལ། རས་རིས་ཀྱི་མདུན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་ཐམས་ཅད་བྱས་ནས། ཇི་ལྟ་བ་བཞིན་དུ་བསྒྲུབས་ལ་རིག་པ་བཟླས་ཏེ། ཇི་སྲིད་དུ་དེ་བཞིན་གཤེགས་པའི་ཕྱག་རྒྱ་འབེབས་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་བྱའོ། དེ་ནས་མཇུག་སྒྲོ་འགྲུབ་པར་འགྱུར་རོ། །དེ་ནས་རྨ་བྱའི་མཇུག་མ་བསྒྲུབ་པ་དང༌། གཟུགས་སྣ་ཚོགས་ལ་སྣང་བར་འགྱུར་ཏེ་ཞེས་བྱའོ། །ལྷག་མ་ནི་གོ་སླའོ། །དེ་ནས་དབང་དུ་བྱེད་པར་འདོད་ན་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་རང་གི་རིག་པ་བསྒྲུབས་ན། དེ་བཞིན་གཤེགས་པ་ལ་སོགས་པའི་རང་གི་རིག་པའི་ཐམས་ཅད་དབང་དུ་བྱེད་པར་འདོད་ན། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་མ་བཅིངས་ཏེ། ཇི་ལྟ་བ་བཞིན་དུ་རིག་པ་ཟློས་ཤིང་བསྒྲུབས་ན་ཇི་སྲིད་དུ་སེམས་དཔའ་རྡོ་རྗེ་འབར་བར་འགྱུར་བ་དེ་སྲིད་ཀྱི་བར་དུའོ། །དེ་ནས་དེ་བཞིན་གཤེགས་པ་ལ་སོགས་པ་ལ་དབང་དུ་བྱེད་པར་འགྱུར་རོ། །ཅི་སྟེ་འཇིག་རྟེན་དང་
འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པར་འདོད་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་རིག་པ་ཟློས་ཤིང་བསྒྲུབས་ན་ཕྱིས་རང་གི་རིག་པའི་རས་རིས་ཀྱི་མདུན་དུ་ཐུན་བཞིར་ཟླ་བ་གཅིག་སྟོང་རྩ་བརྒྱད་བཟླས་པ་བྱས་ནས། དེ་ནས་མཐར་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ཏེ། མཐར་མཚན་ཐོག་ཐག་བཟླས་པ་བྱས་པས་རྡོ་རྗེ་འབབ་པར་འགྱུར་རོ། །དེ་ཕྱིན་ཆང་ཅེས་བྱ་བ་ནི་དེ་བརྩོན་ན་ཕྱག་རྒྱ་འཆིང་བའི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བསྒྲུབས་ཏེ། རིག་པ་བརྗོད་ན་འཇིག་རྟེན་གྱི་དངོས་གྲུབ་ཀྱི་རིག་པ་འཛིན་པའི་དངོས་གྲུབ་གང་ཡང་རུང་བ་ཅིག་འགྲུབ་པར་འགྱུར་རོ། །དེ་ལ་འཇིག་རྟེན་གྱི་དངོས་གྲུབ་ནི་རྐང་མགྱོགས་ཏེ། མི་སྣང་བ་དང་ནམ་མཁའ་ལ་འགྲོ་བ་དང༌། རོ་ལངས་བསླང་བ་དང༌། ས་འོག་ཏུ་འགྲོ་བ་དང༌། གཏེར་ཆེན་པོ་འདོན་པ་དང༌། ཆར་འབེབས་པ་དང༌། སའི་དབང་ཕྱུག་ཉིད་ལ་སོགས་པའི་གཟུགས་སོ། །རིག་པ་འཛིན་པའི་དངོས་གྲུབ་ནི་རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་འཛིན་པ་དང་ཐ་དད་པ་དེ་ལྟ་བུར་གྱུར་པའི་དངོས་གྲུབ་ནི་དེའི་ནང་ནས། ཇི་ལྟར་མངོན་པར་འདོད་པ་གང་ཡང་རུང་བ་ཅིག་འགྲུབ་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་ཡོ་བྱད་ཀྱི་ཆོ་ག་རྒྱས་པ་བསྟན་ནས། ད་ནི་རྡོ་རྗེ་རིགས་ཀྱི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་ལ་ཞེས་བྱ་བ་ནི་ངག་ཉེ་བར་དགོད་པའོ། །དང་པོ་ནི་ཐོག་མ་ཉིད་དུའོ། །བསྙེན་པ་བྱ་བ་ནི་ཇི་ལྟར་ཞེ་ན། དེ་ལྟར་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དུམ་བུའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་བཟླས་པའི་ཆོ་ག་མཐོང་བ་དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །ཇི་ལྟར་འདོད་པ་བཞིན་དུ་ཞེས་བྱ་བ་ནི་ལངས་པའམ་འདུག་པའི་ཡི་གེ་འབུམ་བཟླས་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིངས་པ་དེ་མེད་ཀྱང་མཚན་ཐོག་ཐག་བཟླས་ནས་དེ་ཕྱིན་ཆད་སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་དང་ཆད་པས་བཅད་ནུས་པར་འགྱུར་རོ། །འདི་སྐད་སྟོན་ པ་ཡིན་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་
ཅད་རྗེས་སུ་སྤྱད་དེ། བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་མདུན་དུ་བཞུགས་སུ་གསོལ་ལ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བཞི་བྱའོ། །གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་ཁྲོ་བོའི་རྡོ་རྗེ་བླངས་ལ། ལག་པ་གཡས་པས་བཟླས་པའི་ཕྲེང་བ་རང་ཉིད་ཀྱི་སྙིང་གར་བཟུང་ནས། བཟླས་པའི་དོན་གྱི་བདག་ཉིད་དམ་མདུན་དུ་བཅོམ་ལྡན་འདས་བསྒོམས་ཏེ་ཁྲི་བཟླས་པར་བྱའོ། །ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བ་ཡི་གེ་འབུམ་གྱི་བཟླས་པ་རྫོགས་ཀྱི་བར་དུ་བྱའོ། །དེ་ནས་མཚན་ཐོག་ཐག་བཟླས་ཏེ། དེ་ཕྱིན་ཆད་ཧཱུཾ་ཞེས་བྱ་བས་རི་བོ་ཡང་འགེགས་པར་བྱེད་དོ། །ཆུ་བོ་ཡང་སྐེམས་པར་བྱེད་དོ། །བརྡེག་ཅིང་འབར་བར་བྱེད་པ་དང༌། བྱ་རྣམས་ཀྱང་ལྷུང་བར་བྱེད་དོ། །བསྡམས་པས་གསོད་པར་བྱེད་དོ། །སོར་མོས་སྤྲིན་རྣམས་འཇིག་པར་བྱེད་དོ། །འབྲུ་རྣམས་འདོན་པར་བྱེད་དོ། །ཀླུ་རྣམས་རེངས་པར་བྱེད་དོ། །སྐྱེས་པ་དང་བུད་མེད་རྣམས་རེངས་པར་བྱེད་དོ། །བྱིས་པ་རྣམས་རེངས་པར་བྱེད་དོ། །ཐོག་འཕེན་པ་ཟློག་པར་བྱེད་དོ། །ཐོག་འབེབས་པར་བྱེད་དོ། །སྡིགས་མཛུབ་ཙམ་གྱིས་འགྲོ་བ་རེངས་པ་དང་གླང་པོ་ཆེ་གསོད་པར་བྱེད་དོ། །དུག་གིས་བརྒྱལ་བ་ལས་སློང་བར་བྱེད་དོ། །དེ་ལྟ་བུ་ལ་སོགས་པས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ པ་དང༌། ཚར་གཅོད་པར་བྱེད་དོ། །འོན་ཏེ་བསྒྲུབ་པར་འདོད་ན་ཡང་ཞེས་བྱ་བ་ལ། འཇིག་རྟེན་གསུམ ་གྱི་དངོས་གྲུབ་གལ་ཏེ་བསྒྲུབ་པར་འདོད་ན་སྔར་བཤད་པའི་ཆོ་གས་ཡི་གེ་འབྲུ་འབུམ་རྣལ་འབྱོར་པས་བཟླས་ལ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རང་གི་ཁྲོ་བོའི་སྔགས་ཇི་ལྟ་བ་བཞིན་དུ་བྱས་ནས་རས་ལ་རི་མོ་བྲི་བར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། སྤུ་དང་སྲོག་ཆགས་ཀྱི་ཡན་ལག་རྣམས་རས་བལ་ལ་རྣམ་པར་བསལ་ཏེ། རས་ལ་རྡོ་རྗེ་རི་མོ་གྲུ་བཞིར་བྲིས་ནས་བསྙེན་གནས་དང་ལྡན་པའི་རི་མོ་མཁན་གྱིས་དཀྱིལ་འཁོར་དུ་ཞུགས་པས། ཚོན་གཞན་དང་མ་འདྲེས་པར་སྣོད་རངས་པར་བཞག་ལ་ཡི་གེ་འབུམ་བཟླས་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་རས་ཀྱི་དབུས་སུ་བྲི་བར་བྱའོ། །མི་བསྐྱོད་པའི་གནས་སུ་ཁྲོ་བོ་རྡོ་རྗེ་སེམས་དཔའ། རིན་ཆེན་འབྱུང་ལྡན་གྱི་གནས་སུ་ཁྲོ་བོ་རྒྱལ་པོ། དོན་ཡོད་པར་གྲུབ་པའི་གནས་སུ་ཁྲོ་བོ་རྡོ་རྗེ་ལེགས། འོད་དཔག་ཏུ་མེད་པའི་གནས་
སུ་ཁྲོ་བོ་རྡོ་རྗེ་ཆགས་པ། མཚམས་རྣམས་སུ་སྒེག་མོ་ལ་སོགས་པ་མཆོད་པའི་ལྷ་མོ་བརྒྱད་བྲི་བར་བྱའོ། །དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་རས་ཀྱི་ཆོ་གའོ། །རས་ཀྱི་དབུས་སུ་རིན་ཆེན་ཧཱུཾ་མཛད་བྲི་བ་དེའི་ཚེ་མི་བསྐྱོད་པའི་གནས་སུ་ཁྲོ་བོ་རྡོ་རྗེ། ཁྲོ་གཉེར་རིན་ཆེན་འབྱུང་ལྡན་གྱི་གནས་སུ་ཁྲོ་བོ་རྡོ་རྗེ་ཉི་མ། དོན་ཡོད་གྲུབ་པའི་གནས་སུ་ཁྲོ་བོ་རྡོ་རྗེ་དཔལ། འོད་དཔག་ཏུ་མེད་པའི་གནས་སུ་ཁྲོ་བོ་རྡོ་རྗེ་བཞད་པ་བྲིས་ལ། ལྷག་མ་ནི་སྔ་མ་བཞིན་ཏེ། རིན་ཆེན་ཧཱུཾ་མཛད་ཀྱི་རས་ཀྱི་ཆོ་གའོ། །དབུས་སུ་ཆོས་ཀྱི་ཧཱུཾ་མཛད་འདྲི་བའི་ཚེ་མི་བསྐྱོད་པའི་གནས་སུ་ཁྲོ་བོ་རྡོ་རྗེ་ཆོས། རིན་ཆེན་འབྱུང་ལྡན་གྱི་གནས་སུ་ཁྲོ་བོ་རྡོ་རྗེ་རྣོན་པོ། དོན་ཡོད་གྲུབ་པའི་གནས་སུ་ཁྲོ་བོ་རྡོ་རྗེ་རྒྱུ། འོད་དཔག་ཏུ་མེད་པའི་གནས་སུ་ཁྲོ་བོ་རྡོ་རྗེ་གསུངས་ལ། ལྷག་མ་ནི་སྔ་མ་བཞིན་ཏེ། ཆོས་ཀྱི་ཧཱུཾ་མཛད་ཀྱི་རས་ཀྱི་ཆོ་གའོ། །ལས་ཀྱི་ཧཱུཾ་མཛད་ཀྱི་དབུས་སུ་ཆོས་ཀྱི་ཧཱུཾ་མཛད་འདྲི་བ་དེའི་ཚེ་མཆོད་པའི་མཐར་ཐུག་པའི་ཆོ་གས་མི་བསྐྱོད་པའི་གནས་སུ་ཁྲོ་བོ་རྡོ་རྗེ་ལས། རིན་ཆེན་འབྱུང་ལྡན་གྱི་གནས་སུ་ཁྲོ་བོ་རྡོ་རྗེ་བསྲུང་བ། དོན་ཡོད་གྲུབ་པའི་གནས་སུ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན། འོད་དཔག་ཏུ་མེད་པའི་གནས་སུ་ཁྲོ་བོ་རྡོ་རྗེ་ཁུ་ཚུར། ལྷག་མ་ནི་སྔ་མ་བཞིན་ནོ། །ལས་ཀྱི་ཧཱུཾ་མཛད་ཀྱི་རས་ཀྱི་ཆོ་གའོ། །དེ་ལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རྣམ་ པ་བཞིའི་དཀྱིལ་འཁོར་ལས་བཤད་པའི་རིགས་པས་སམ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྔགས་ཀྱིས་རས་ལ་བྲིས་ལ་ལས་རྣམས་ཀྱི་ཆོ་ག་ལྷག་མ་ཡང་གཟུང་བར་བྱའོ། །དེ་བཞིན་གཤེགས་པའི་རས་ལ་བྲིས་པའི་ཆོ་ག་ལྟར་ནི་མ་སྨོས་སུ་ཟིན་ཡང་སྔ་མ་བཞིན་དུ་གཟུང་བར་བྱའོ། །དེ་ལྟར་མཆོད་པ་བྱས་ནས་ཞེས་བྱ་བ་ནི་དེ་བཞིན་དུ་རས་ལ་བྲིས་ལ་རང་བྱིན་གྱིས་བརླབས་པ་ལ་སོགས་པའི་ཆོག་བྱས་ལ། སྔ་མ་བཞིན་དུ་ཁང་བུ་བརྩེགས་པ་གདན་དང་བཅས་པ་སྤྲུལ་ལ། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་བཤད་པའི་རིག་པ་རྣམས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་ པ་བསྐྱེད་ལ། དེ་ནས་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྙིང་པོས་ཧཱུཾ་གིས་རྡོ་རྗེ་སེམས་དཔའ་ལ་སོགས་
པ་རང་གི་གནས་སུ་བཞུགས་སུ་གསོལ་བ་ལ་བསྡུ་བ་ལ་སོགས་པ་བྱས་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ནས། སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་དང༌། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པའི་ཕྱག་རྒྱ་རྣམ་པ་བཅུ་དྲུག་གིས་མཆོད་པར་བྱའོ། །དེ་བཞིན་དུ་མཆོད་པ་བྱས་ནས་ཞེས་བྱ་བའི་དོན་འདི་ཡིན་པར་ཤེས་པར་བྱ་སྟེ། ཟླ་བ་གཅིག་འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། སྒེག་མོ་ལ་སོགས་པས་མཆོད་པ་རྣམ་པ་བརྒྱད་དང༌། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་རྣམ་པ་བཅུ་དྲུག་བསྒོམ་པ་ནི་འདོད་པ་ཀུན་ལ་ལོངས་སྤྱོད་པའོ། །ཅི་དགའ་བ་བཞིན་དུ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །བརྒྱ་སྟོང་དུ་མ་བཟླས་པ་ཞེས་བྱ་བ་སྟོང་རྩ་བརྒྱད་བཟླས་པ་སྟེ། སྟོང་རྩ་བརྒྱད་པ་དེ་ནི་བརྒྱ་སྟོང་དུ་བཟླས་སོ། །དུས་བཞིར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། མཆོད་པའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཕྱག་བཞི་བྱས་ནས། ཉིན་རེ་ཞིང་ཐུན་བཞི་རུ་སྟོང་བཟླས་ཤིང་ཟླ་བ་གཅིག་གི་མཐར་ཐུག་ པ་དེ་སྲིད་ཀྱི་བར་དུ་བྱའོ། །དེ་མཐར་ཟླ་བ་ཉ་ལ་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བས་བཅིངས་ཏེ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། ཇི་སྲིད་དུ་རང་གི་ཁྲོ་བོའི་སྔགས་ཟློས་ཤིང་ཕྱག་རྒྱ་བཅིངས་པ་དེ་ལ་ཧཱུཾ་ཞེས་བྱ་བའི་སྒྲ་བྱུང་གི་བར་དུ་བཟླས་པར་བྱའོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དངོས་གྲུབ་བསྒྲུབ་ པ་ཡོ་བྱད་ཀྱི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་ག་དངོས་གྲུབ་པའི་ཡོ་བྱད་ཀྱི་ཆོ་ག་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྐབས་སུ་བབ་ པ་སྟེ། ཕྱག་རྒྱ་ནི་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་གཟུངས་རྣམས་སོ། །དེ་བསྒྲུབ་པ་ནི་ཕྱག་རྒྱ་བསྒྲུབ་པའོ། །དེ་ལ་གལ་ཏེ་འགའ་ཞིག་བཟླས་པའི་ཕྱག་རྒྱ་རྣམས་བསྒྲུབ་པར་འདོད་ན་ཡང་དེ་ནས་དེས་ཇི་ལྟ་བ་བཞིན་དུ་བཟླས་པ་བྱས་ལ་ཞེས་བྱ་བ་ནི་དེ་བཟླས་པའི་ཆོ་གས། རང་གི་གཟུངས་ཀྱི་རིག་པའི་ཡི་གེ་འབུམ་བཟླས་པར་བྱའོ། །
དེ་ནས་རྡོ་རྗེ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བཤད་པས་གཟུངས་ཀྱི་རིག་པའི་རས་ཀྱི་མདུན་དུ་སྔ་མ་བཞིན་དུ་སྟོང་རྩ་བརྒྱད་བཟླས་ལ་ཐུན་བཞིའི་སྦྱོར་བ་བྱས་ཏེ། ཇི་སྲིད་དུ་ཟླ་བ་གཅིག་གི་མཐར་ཐུག་པའི་བར་དུ་བྱས་ལ་མཐར་ཟླ་བ་ཉ་ལ། འཇིག་རྟེན་ གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ཏེ། གཟུངས་ཀྱི་རིག་པ ་མཚན་ཐོག་ཐག་བཟླས་ན་དེ་ལྟ་བུ་དེས་ཕྱག་རྒྱ་བྱས་པ་འགྲུབ་པར་འགྱུར་རོ། །དེ་ནས་གཟུངས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལྟར་རྡོ་རྗེ་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་བསྒྲུབ་པ་བསྟན་ནས། ད་ནི་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་བསྒྲུབ་པའི་ཡོ་བྱད་ཀྱི་ཆོ་ག་རྒྱས་པར་བཤད་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ལ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། སྔོན་དུ་བསྙེན་པ་ཉིད་ཀྱི་རྗེས་ཐོགས་ལའོ། །རྡོ་རྗེ་ཧཱུཾ་ཞེས་བྱ་བའི་ཏིང་ངེ་འཛིན་ནས་བརྩམས་ཏེ། བསྒོམ་ཞིང་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ནས་བརྩམས་ནས་ཇི་སྲིད་དུ་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཁྲོ་བོ་རྣམས་ཀྱི་ནང་ནས། ཁྲོ་བོ་གང་ཡང་རུང་བ་མངོན་པར་འདོད་པ་དེ་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། དེ་བཞིན་དུ་བཟླས་པའི་ཚུལ་གྱིས་ཞེས་བྱ་བ་སྨོས་ཏེ། སྔ་མ་བཞིན་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་རྗེས་ལ་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་རྡོ་རྗེ་བླངས་ཏེ། ལག་པ་གཡས་པས་བཟླས་པའི་ཕྲེང་བ་བཟུང་ནས་སྔ་མ་བཞིན་དུ་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་རིག་པའི་ཡི་གེ་འབུམ་བཟླས་པར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་རས་ལ་བྲིས་ཏེ། ཟླ་བ་གཅིག་ཐུན་བཞིའི་སྦྱོར་བས་རང་གི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དེ་ནས་ཟླ་བ་ཉ་ལ་ཏིང་ངེ་འཛིན་ཉིད་ཀྱིས་མཚན་ཐོག་ཐག་བཟླས་པ་བྱས་ན་མངོན་པར་ཤེས་པ་ལྔ་སྐྱེ་བར་འགྱུར་རོ། །དེ་ལྟར་ཆོས་ཀྱི་དཀྱིལ་འཁོར་གྱི་ཡོ་བྱད་ཀྱི་ཆོ་ག་བསྟན་ནས། ད་ནི་རྡོ་རྗེ་
རིགས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་བསྒྲུབ་པའི་ཡོ་བྱད་ཀྱི་ཆོ་ག་ནི། དེ་ནས་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། སྔ་མ་བཞིན་དུ་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་བསྡུ་བ་ལ་སོགས་པ་ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་ཁྲོ་བོའི་རྡོ་རྗེ་བླངས་ཏེ། ལག་པ་གཡས་པས་སྔ་མ་བཞིན་དུ་བཟླས་པའི་ཕྲེང་བ་བཟུང་ལ་སྔར་བཤད་པའི་ཆོ་ག་ལས་བཤད་པའི་ཡི་གེ་འབུམ་བཟླ་བར་བྱའོ། །དེ་ནས་སྔར་བཤད་པའི་རས་རིས་ཀྱི་མདུན་དུ་རྡོ་རྗེའི་ཚིག་གིས་རང་གི་རིག་པ་སྟོང་རྩ་བརྒྱད་བཟླ་བར་བྱའོ། །ཉིན་རེ་བཞིན་དུ་ཐུན་བཞི་སྦྱོར་བ་བྱས་ལ། དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་པ་བྱས་ནས་ལས་ཐམས་ཅད་ལ་རིག་པའི་ཡི་གེ་ལན་ཅིག་བརྗོད་པས་འགྲུབ་པར་འགྱུར་རོ། །དེ་ལྟར་རྡོ་རྗེ་རིགས་ཀྱི་ཡོ་བྱད་ཀྱི་རྒྱུད་བསྟན་ནས། ད་ནི་པདྨའི་རིགས་ཀྱི་ཡོ་བྱད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་དང་པོ་འབུམ་བཟླས་པ་བྱས་ནས་ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། བསྡུ་བ་ལ་སོགས་པའི་ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས། གཡོན་པའི་པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བླངས་ཏེ། ལག་པ་གཡས་པས་བཟླས་པའི་ཕྲེང་པ་བཟུང་ནས། འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་པདྨའི་དཀྱིལ་འཁོར་ཟུར་བཞི་པའི་ཐིག་བཏབ་ལ། རས་ཀྱི་དབུས་སུ་བཅོམ་ལྡན་འདས་འགྲོ་བ་འདུལ་བ། མི་བསྐྱོད་པའི་གནས་སུ་སངས་རྒྱས་པདྨ། རིན་ཆེན་འབྱུང་ལྡན་གྱི་གནས་སུ་པདྨའི་རྒྱལ་པོ། དོན་ཡོད་པར་གྲུབ་པའི་གནས་སུ་པདྨའི་ཆགས་པ། འོད་དཔག་ཏུ་མེད་པའི་གནས་སུ་པདྨའི་ལེགས་པ། མཚམས་ཀྱི་ཆར་པདྨའི་སྒེག་མོ་ལ་སོགས་པ་མཆོད་པའི་ལྷ་མོ་རྣམ་པ་བརྒྱད་སྔར་བཤད་པའི་ཆོ་གས་བྲི་བར་བྱའོ། །འགྲོ་བ་འདུལ་བའི་རས་ཀྱི་ཆོ་གའོ། །རས་ཀྱི་དབུས་སུ་ཐུར་ཚུགས་སངས་རྒྱས་བྲི་བ་དེ་ཉིད་ཀྱི་ཚེ་མི་བསྐྱོད་པའི་
གནས་སུ་པདྨའི་ཁྲོ་གཉེར། རིན་ཆེན་འབྱུང་ལྡན་གྱི་གནས་སུ་པདྨའི་ཉི་མ། དོན་ཡོད་པར་གྲུབ་པའི་གནས་སུ་པདྨའི་དཔལ། འོད་དཔག་ཏུ་མེད་པའི་གནས་སུ་པདྨའི་བཞད་པ། ལྷག་མ་ནི་སྔ་མ་བཞིན་ཏེ། ཏིང་ངེ་འཛིན་གཙུག་ཕུད་སངས་རྒྱས་ཀྱི་རས་ཀྱི་ཆོ་གའོ། །ཏིང་ངེ་འཛིན་པདྨའི་དབུས་སུ་འདྲི་བའི་ཚེ་མི་བསྐྱོད་པའི་གནས་སུ་པདྨ་སྒྲོལ་མ། རིན་ཆེན་འབྱུང་ལྡན་གྱི་གནས་སུ་པདྨ་རྣོན་པོ། དོན་ཡོད་པར་གྲུབ་པའི་གནས་སུ་པདྨ་རྒྱུ། འོད་དཔག་ཏུ་མེད་པའི་གནས་སུ་པདྨའི་གཟུངས་བྲིས་ལ། ལྷག་མ་ནི་སྔ་མ་བཞིན་དུ་བྱས་ཏེ། ཏིང་ངེ་འཛིན་པདྨའི་རས་ཀྱི་ཆོ་གའོ། །དབུས་སུ་བཅོམ་ལྡན་འདས་པདྨ་ངེས་པའི་དབང་ཕྱུག་འདྲི་བའི་ཚེ་མི་བསྐྱོད་པའི་གནས་སུ་པདྨ་གར་གྱི་དབང་ཕྱུག་རིན་ཆེན་འབྱུང་ལྡན་གྱི་གནས་སུ་པདྨ་བསྲུང་བ། དོན་ཡོད་པར་གྲུབ་པའི་གནས་སུ་པདྨ་གནོད་སྦྱིན། འོད་དཔག་ཏུ་མེད་པའི་གནས་སུ་པདྨའི་ཁུ་ཚུར་བྲིས་ལ་ལྷག་མ་ནི་སྔ་མ་བཞིན་ཏེ། པདྨ་ངེས་པའི་དབང་ཕྱུག་གི་རས་ཀྱི་ཆོ་གའོ། །དེ་ལྟར་རས་ལ་བྲིས་ནས་སྔ་མ་བཞིན་དུ་རང་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། བསྡུ་བ་ལ་སོགས་པ་ཆོ་ག་རྗེས་སུ་སྤྱད་ནས། མཆོད་པ་རྣམ་པ་ལྔ་དང༌། སྒེག་མོ་ལ་སོགས་པའི་མཆོད་པ་རྣམ་པ་བརྒྱད་དང༌། པདྨའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་རྣམ་པ་བཅུ་དྲུག་གིས་རས་རིས་ཀྱི་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཡང་དག་པར་མཆོད་ལ་ཕྱག་བཞི་བྱས་ཏེ། ཟླ་བ་གཅིག་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་སྟོང་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་ཏུ་བཟླས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་འགྲོ་བ་ཐམས་ཅད་འདུལ་བ་བྱོན་ནས་ཅི་འདོད་པའི་མཆོག་གི་སྐབས་འབྱེད་པར་འགྱུར་རོ། །དེ་ལྟར་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དངོས་གྲུབ་བསྒྲུབ་པའི་ཡོ་བྱད་ཀྱི་ཆོ་ག་བསྟན་ནས། ད་ནི་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་བསྒྲུབ་པའི་ཡོ་བྱད་ཀྱི་ཆོ་ག་ནི། ཅི་སྟེ་ཕྱག་རྒྱ་བསྒྲུབ་པར་འདོད་ན་ཡང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྔ་མ་བཞིན་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ།
ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས། གཡོན་པའི་པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བླངས་ཏེ། གཡས་པས་བགྲང་ཕྲེང་སྙིང་གར་བཟུང་ནས། གཟུངས་ཀྱི་དཀྱིལ་འཁོར་གྱི་རིག་པ་འབུམ་བཟླས་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་རས་རིས་ལ་ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། རྡོ་རྗེ་ཆོས་མ་བཅིངས་ཏེ་རིག་པ་སྟོང་རྩ་བརྒྱད་དུ་བརྗོད་ཅིང་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཟླ་བ་གཅིག་སྔ་མ་བཞིན་དུ་བཟླས་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་མཐར་མཚན་ཐོག་ཐག་ཆོས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ཏེ། བཟླས་པ་བྱས་ལ་ནམ་ལངས་པ་ན་ཕྱག་རྒྱའི་དངོས་གྲུབ་ཏུ་འགྱུར་རོ། །དེ་ནས་ཕྱག་རྒྱ་བཅིངས་ལ་ཇི་ལྟ་བ་བཞིན་དུ་འགྲོ་བ་འདུལ་བར་བྱེད་དོ། །དེ་ལྟར་འགྲོ་བ་འདུལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་བསྒྲུབ་པའི་ཡོ་བྱད་ཀྱི་ཆོ་ག་བསྟན་ནས། ད་ནི་འགྲོ་བ་འདུལ་བའི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་བསྒྲུབ་པར་འདོད་ན་ཡང་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་བཞི་པའི་རང་གི་ལྷའི་ཆོ་ག་རྗེས་སུ་སྤྱད་ནས། གཡོན་པའི་པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བླངས་ཏེ། ལག་པ་གཡས་པས་བགྲང་ཕྲེང་བཟུང་ནས། སྔ་མ་བཞིན་དུ་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་སྔགས་འབུམ་བཟླས་པར་བྱའོ། །དེ་ནས་ཇི་སྐད་བཤད་པའི་རས་རིས་ཀྱི་མདུན་དུ་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཕྱག་རྒྱ་བཅིངས་ཏེ། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་སྔགས་ཟླ་བ་གཅིག་བཟླས་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་པ་བྱ་སྟེ། ནམ་ལངས་པ་དང་ཏིང་ངེ་འཛིན་ཐམས་ཅད་མངོན་དུ་བྱེད་པར་འགྱུར་རོ་ཞེས་རྡོ་རྗེ་ཆོས་ཀྱིས་གསུངས་སོ། །དེ་ལྟར་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་སྔགས་དངོས་གྲུབ་བསྒྲུབ་པའི་ཡོ་བྱད་ཀྱི་ཆོ་ག་བསྟན་ནས། ད་ནི་འགྲོ་བ་འདུལ་བའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་སྒྲུབ་པའི་ཡོ་བྱད་ཀྱི་ཆོ་ག་རྒྱས་པ་ནི། ཅི་སྟེ་ལས་བསྒྲུབ་པར་འདོད་ན་ཡང་ཞེས་བྱ་བ་གསུངས་སོ།།
དེ་བཞིན་དུ་བཟླས་པ་ཞེས་བྱ་བ་ལ་སོགས་པ། སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས་འགྲོ་བ་འདུལ་བའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་རིག་པ་སྔར་བཤད་པའི་ཆོ་ག་སྟོང་རྩ་བརྒྱད་བཟླས་པ་བྱས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་རས་རིས་ཀྱི་མདུན་དུ་ཆོས་ཀྱི་རྡོ་རྗེ་མ་བཅིངས་ཏེ། ཐུན་བཞིའི་སྦྱོར་བས་སྦྱོར་བས་སྟོང་རྩ་བརྒྱད་བཟླས་ལ་ཟླ་བ་གཅིག་ཏུ་བཟླས་པར་བྱའོ། །མཐར་མཚན་ཐོག་ཐག་བཟླས་ལ་དེའི་རྗེས་ལ་ནམ་ལངས་པ་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལྟར་པདྨའི་རིགས་ཀྱི་ཡོ་བྱད་ཀྱི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་ནོར་བུའི་རིགས་ཀྱི་ཡོ་བྱད་དང་ཆོ་ག་རྒྱས་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་གསུངས་སོ། །དེ་ལ་དང་པོ་ཁོ་ནར་ཞེས་བྱ་བ་ནི་སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ་ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་བསྡུ་བ་ལ་སོགས་པའི་རྗེས་སུ་སྤྱད་ནས། གཡོན་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་རྡོ་རྗེ་རིན་པོ་ཆེ་བླངས་ལ། ལག་པ་གཡས་པས་བཟླས་པའི་བགྲང་ཕྲེང་སྙིང་གར་བཟུང་སྟེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་སྔགས་སྔ་མ་བཞིན་དུ་འབུ་མ་བཟླས་པར་བྱའོ། །དེ་ནས་རིན་པོ་ཆེ་ཟུར་བཞི་པའི་ཐིག་བཏབ་ལ། རས་རིས་ཀྱི་དབུས་སུ་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ། མི་བསྐྱོད་པའི་གནས་སུ་ནོར་བུའི་མཚན་མ། རིན་ཆེན་འབྱུང་ལྡན་གྱི་གནས་སུ་རིན་ཆེན་རྒྱལ་པོ། དོན་ཡོད་གྲུབ་པའི་གནས་སུ་རིན་ཆེན་ཆགས་པ། འོད་དཔག་ཏུ་མེད་པའི་གནས་སུ་རིན་ཆེན་ལེགས་པ། མཚམས་ཀྱི་ཆ་རྣམས་སུ་སྒེག་མོ་ལ་སོགས་པའི་མཆོད་པའི་ལྷ་མོ་བརྒྱད་སྔར་བཤད་པའི་ཆོ་གས་བྲི་བར་བྱའོ། །དོན་ཐམས་ཅད་གྲུབ་པའི་རས་ཀྱི་ཆོ་གའོ། །རས་ཀྱི་དབུས་སུ་བཅོམ་ལྡན་འདས་རིན་ཆེན་ལྟ་བ་བྲི་བ་དེའི་ཚེ་མི་བསྐྱོད་པའི་གནས་སུ་རིན་ཆེན་ཕྲེང་བ། རིན་ཆེན་འབྱུང་ལྡན་གྱི་གནས་སུ་རིན་ཆེན་ཉི་མ། དོན་ཡོད་གྲུབ་པའི་གནས་སུ་རིན་ཆེན་དཔལ། འོད་དཔག་ཏུ་
མེད་པའི་གནས་སུ་རིན་ཆེན་བཞད་པ་བྲིས་ལ་ལྷག་མ་ནི་སྔ་མ་བཞིན་ནོ། །རིན་ཆེན་ལྟ་བའི་རས་ཀྱི་ཆོ་གའོ། །བཅོམ་ལྡན་འདས་རིན་ཆེན་པདྨ་དབུས་སུ་འདྲི་བ་དེའི་ཚེ། མི་བསྐྱོད་པའི་གནས་སུ་གཏོང་བའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་སྙིང་པོ། རིན་ཆེན་འབྱུང་ལྡན་གྱི་གནས་སུ་རིན་ཆེན་རྣོན་པོའོ། །དོན་ཡོད་གྲུབ་པའི་གནས་སུ་རིན་ཆེན་འཁོར་ལོ། འོད་དཔག་ཏུ་མེད་པའི་གནས་སུ་ནོར་བུ་གསུང་པ་བྲིས་ལ། ལྷག་མ་ནི་སྔ་མ་བཞིན་ཏེ་རིན་ཆེན་པདྨའི་རས་ཀྱི་ཆོ་གའོ། །དབུས་སུ་བཅོམ་ལྡན་འདས་རིན་ཆེན་ཆར་འབེབས་འདྲི་བའི་ཚེ་མི་བསྐྱོད་པའི་གནས་སུ་ནོར་བུ་མཆོད་པ། རིན་ཆེན་འབྱུང་ལྡན་གྱི་གནས་སུ་ནོར་བུ་བསྲུང་བ། དོན་ཡོད་གྲུབ་པའི་གནས་སུ་ནོར་བུ་གནོད་སྦྱིན། འོད་དཔག་ཏུ་མེད་པའི་གནས་སུ་ནོར་བུ་ཁུ་ཚུར་བྲིས་ལ་ལྷག་མ་ནི་སྔ་མ་བཞིན་ཏེ། རིན་ཆེན་ཆར་འབེབས་ཀྱི་རས་ཀྱི་ཆོ་གའོ། །དེ་ལྟར་རས་རིས་བྲིས་ནས་དེ་ནས་བསྡུ་བ་ལ་སོགས་པའི་ཆོ་ག་བྱས་ལ། རས་རིས་བཅོམ་ལྡན་འདས་ལ་མཆོད་པ་རྣམ་པ་ལྔ་དང༌། རིན་ཆེན་སྒེག་མོ་ལ་སོགས་པ་མཆོད་པ་རྣམ་པ་བརྒྱད་དང༌། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་མ་བཅུ་དྲུག་གིས་ཡང་དག་པར་མཆོད་ལ་ཕྱག་བཞི་བྱས་ནས། ཉིན་རེ་ཞིང་ཐུན་བཞིའི་རྣལ་འབྱོར་གྱིས་སྟོང་རྩ་བརྒྱད་ཟླ་བ་གཅིག་བཟླས་པར་བྱའོ། །དེ་ནས་བཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་ལ། ནམ་ལངས་པ་དང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་རིན་པོ་ཆེའི་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་བྱོན་ནས་དབང་བསྐུར་བ་བྱིན་པར་མཛད་དོ། །དབང་བསྐུར་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་རིག་འཛིན་གྱི་འཁོར་ལོས་སྒྱུར་བར་འགྱུར་རོ། །དེ་ལྟར་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དངོས་གྲུབ་ཀྱི་ཡོ་བྱད་ཀྱི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཡོ་བྱད་ཀྱི་ཆོ་ག་རྒྱས་པ་ནི། ཅི་སྟེ་ཕྱག་རྒྱ་བསྒྲུབ་པར་འདོད་ན་ཡང༌། །ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་
ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས་གཡོན་པའི་ཁུ་ཚུར་གྱིས་རྡོ་རྗེ་རིན་པོ་ཆེ་བླངས་ལ། ལག་པ་གཡས་པས་བཟླས་པའི་ཕྲེང་བ་སྙིང་གར་བཟུང་སྟེ། ནོར་བུའི་རིགས་སུ་བཤད་པའི་གཟུངས་ཀྱི་རིག་པ་སྔ་མ་བཞིན་དུ་འབུམ་བཟླས་པར་བྱའོ། །དེ་ནས་བཤད་མ་ཐག་པའི་རས་ལ་བསྡུ་བ་ལ་སོགས་པའི་ཆོ་ག་བྱས་ལ་མཆོད་པ་རྣམ་པ་ལྔ་དང༌། རིན་ཆེན་སྒེག་མོ་ལ་སོགས་པ་རྣམས་དང༌། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་རྣམ་པ་བཅུ་དྲུག་གི་ཕྱག་རྒྱ་རྣམས་ཀྱིས་མཆོད་ལ་ཕྱག་བཞི་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རང་གི་གཟུངས་ཀྱི་རིག་པ་སྟོང་རྩ་བརྒྱད་བཟླས་ཤིང༌། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཟླ་བ་གཅིག་གི་བར་དུ་བཟླས་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་པས་དེའི་རྗེས་ལ་གང་བསམ་པ་ཐམས་ཅད་ཀྱི་ལས་བྱེད་པར་འགྱུར་རོ། །དེ་ལྟར་ནོར་བུའི་རིགས་ཀྱི་གཟུངས་བསྒྲུབ་པའི་ཡོ་བྱད་ཀྱི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་བསྒྲུབ་པའི་ཡོ་བྱད་ཀྱི་ཆོ་ག་རྒྱས་པ་ནི། ཅི་སྟེ་ནོར་བུའི་ཡེ་ཤེས་བསྒྲུབ་པར་འདོད་ན་ཡང༌། །ཞེས་གསུངས་པ་ཡིན་ནོ། །ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྔགས་ཀྱི་དངོས་གྲུབ་ནི་ནོར་བུ་ཡེ་ཤེས་སོ། །གལ་ཏེ་བསྒྲུབ་པར་འདོད་ན་ཡང་སྒྲུབ་པ་པོ་དེས་དེ་བཞིན་དུ་རྡོ་རྗེ་རིན་པོ་ཆེ་ལས་བྱུང་བའི་ཏིང་ངེ་འཛིན་ཇི་ལྟ་བར་རིམ་བཞིན་དུ་བསྒོམ་པར་བྱ་སྟེ། པདྨའི་རིགས་ཀྱི་ཏིང་ངེ་འཛིན་སྒྲུབ་པ་པོ་རྣལ་འབྱོར་པས་སྔ་མ་བཞིན་དུ་འཕགས་པ་ནམ་མཁའི་སྙིང་པོའི་ཐུགས་ཀའི་རྡོ་རྗེ་རིན་པོ་ཆེ་ལས་འབྱུང་བའོ། །ཏིང་ངེ་འཛིན་ནི་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་ནོར་བུ་རིན་ཆེན་འབེབས་པའི་མཐར་ཐུག་པའི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་གོ་རིམས་ཇི་ལྟ་བ་བཞིན་དུ་པ་ནི་ཡང་ནས་ཡང་དུ་མངོན་དུ་བྱེད་པའོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། དངོས་པོ་མེད་པའི་ནམ་མཁའ་ལས། །
ཞེས་བྱ་བ་སྨོས་ཏེ། ཇི་ལྟར་རིན་པོ་ཆེ་འབྱུང་ཞེ་ན། ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་སོ། །ནམ་མཁའ་དེ་ཡང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་དངོས་པོ་མེད་པའོ། །དེ་བས་ན་དངོས་པོ་མེད་པའི་ནམ་མཁའ་རྟོག་པ་ཐམས་ཅད་སྤངས་པ་ལས་རིན་པོ་ཆེ་ཇི་ལྟར་འབྱུང་བར་འགྱུར། ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པ་ལས་འབྱུང་བ་མེད་པར་འདོད་པའི་ཕྱིར་རོ། །ནམ་མཁའ་དང་མཉམ་པའི་ཡེ་ཤེས་དེ་ཡང་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་ཤིང༌། ཤིན་ཏུ་རྣམ་པར་རྟོག་པ་མེད་པ་དེའི་ཕྱིར། རྡོ་རྗེ་རིན་པོ་ཆེ་དེ་ལས་སྐྱེས་པ་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །རིན་པོ་ཆེ་ལས་བྱང་ཆུབ་སེམས་དཔའི་སྐུ་ཇི་ལྟར་འབྱུང་ཞེས་བྱ་བ་ནི། གདོད་མ་ནས་མ་སྐྱེས་པའི་ཕྱིར་ན་རིན་པོ་ཆེའི་རྒྱུ་ལས་བྱུང་བའི་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྐུ་ཇི་ལྟར་འབྱུང་ཞིང་སྐྱེ་བ་ཡིན་ཞེས་བྱ་བའི་དོན་ཏོ། །མཚན་ཐོག་ཐག་བཟླས་པར་བྱའོ། །རྡོ་རྗེ་རིན་པོ་ཆེ་ནི་དོན་དམ་པར་མ་སྐྱེས་ཤིང་དེ་ཡང་མེད་པའི་ཕྱིར་དེའི་རིགས་ཀྱང་དོན་དམ་པར་མ་སྐྱེས་པ་དེའི་ཕྱིར་ནོར་བུའི་རིགས་རྣམས་སྒྱུ་མ་དང་མཚུངས་པར་བསྒོམ་ཞིང་བཟླས་པར་བྱའོ། །ཇི་ལྟ་བའི་རིམ་པ་བཞིན་དུ་ཞེས་བྱ་བའི་དོན་བཤད་པ་ནི་འདི་ཉིད་ཀྱིས་སྟོན་པ་ཡིན་ཏེ། ཏིང་ངེ་འཛིན་འདིའི་དུས་བཞིར་བསྒོམས་ལ། ཇི་ལྟར་གོང་དུ་སྨོས་པ་བཞིན་དུ་ཞེས་བྱ་བ་ནི་ཕྱག་བཞི་བྱས་ལ་སྟོང་ཕྲག་བརྒྱ་བཟླས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གོང་དུ་སྨོས་པ་བཞིན་དུ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཞེས་བྱ་བའི་དོན་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། སྟོང་ཕྲག་བརྒྱ་བཟླས་པ་བྱས་པའི་རྗེས་ཐོགས་ཉིད་ལའོ། །མདུན་གྱི་རས་རིས་ལ་སྔ་མ་བཞིན་དུ་ཟླ་བ་གཅིག་ཙམ་བཟླས་པ་བྱས་ལ། དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་ནས་ནམ་ལངས་པ་དང་བཅོམ་ལྡན་འདས་རྣམས་ཀྱིས་དབང་བསྐུར་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ནས། ཕྱག་བཞིའི་མཐར་ཐུག་པའི་
ཆོ་ག་རྗེས་སུ་སྤྱད་དེ། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ནས། དེའི་སྔགས་བརྗོད་ཅིང་འདི་ལྟར་བསྒོམ་པར་བྱ་སྟེ། དངོས་པོ་མེད་པའི་ནམ་མཁའ་ལས་རིན་པོ་ཆེ་ཇི་ལྟར་འབྱུང་བར་འགྱུར། རིན་པོ་ཆེ་ལས་བྱང་ཆུབ་སེམས་དཔའི་སྐུ་ཇི་ལྟར་འབྱུང་ཞེས་དེ་ལྟར་བསྒོམས་ནས། སྔར་བཤད་པའི་ཚུལ་གྱིས་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་སྔགས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དེ་ནས་རས་རིས་ཀྱི་མདུན་དུ་སྔར་བཤད་པའི་ཚུལ་གྱིས་རང་གི་ལྷའི་ཏིང་ངེ་འཛིན་བསྒོམས་ཏེ། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཟླ་བ་གཅིག་བཟླས་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་མཐར་མཚན་ཐོག་ཐག་བཟླས་ན་ནམ་ལངས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ནས། ཅི་དགའ་བ་བཞིན་དུ་དབང་བསྐུར་བར་བྱའོ་ཞེས་དེ་བཞིན་གཤེགས་པ་ནམ་མཁའི་སྙིང་པོས་གསུངས་སོ། །དེ་ལྟར་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་བསྒྲུབ་པའི་ཡོ་བྱད་ཀྱི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པ་ནི་དེ་ནས་ལས་ཀྱི་བསྒྲུབ་པ་བཤད་དེ་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་བཟླས་ལ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ནོར་བུའི་རིགས་སུ་བཤད་པའི་ཕྱག་བཞིའི་མཐར་ཐུག་པ་ཁོ་ན་རྗེས་སུ་སྤྱད་ལ། གཡོན་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་རྡོ་རྗེ་རིན་པོ་ཆེ་བླངས་ལ། ལག་པ་གཡས་པས་བཟླས་པའི་ཕྲེང་བ་སྙིང་གར་བཟུང་ལ། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་དུ་བཤད་པའི་རིག་པ་འབུམ་བཟླས་པར་བྱའོ། །དེ་ནས་རས་རིས་ཀྱི་མདུན་དུ་ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ལ། ཐུན་བཞིའི་སྦྱོར་བས་ཉིན་རེ་ཞིང་སྟོང་རྩ་བརྒྱད་ཟླ་བ་གཅིག་བཟླས་པར་བྱའོ། །དེ་བཞིན་དུ་བཟླས་ལ། ཟླ་བ་ཉ་ལ་མཐར་མཚན་ཐོག་ཐག་བཟླས་པར་བྱའོ། །དེ་ནས་ནམ་ལངས་པ་དང་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་དོན་ཐམས་ཅད་འགྲུབ་པར་འགྱུར་ཏེ། དེའི་རྗེས་ལ་རིག་པ་རྣམས་ལན་ཅིག་བརྗོད་པས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །དེ་ལྟར་དེ་བཞིན་
གཤེགས་པ་ལ་སོགས་པ་རིགས་ཐམས་ཅད་ཀྱི་ཡོ་བྱད་ཀྱི་ཆོ་ག་རྒྱས་པའི་རྒྱུད་བསྟན་ནས། ད་ནི་སྙིང་པོ་ཐམས་ཅད་བསྒྲུབ་པར་འདོད་ན་ཡང་ཞེས་བྱ་བ་ལ་སོགས་པ། རིགས་ཐམས་ཅད་ཀྱི་ཟློས་པ་པོས་ཞེས་པའི་སྒྲ་བརྗོད་ལ། རང་གི་སྙིང་པོ་དང། ཕྱག་རྒྱ་དང༌། སྔགས་དང༌། རིག་པ་བཟླས་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་རིགས་ཐམས་ཅད་ཀྱི་ཐུན་མོང་དུ་འགྱུར་བའི་ཡོ་བྱད་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་རྣམས་ཀྱི་ཐུན་མོང་ནི་སྤྱིར་རོ། །ཡོ་བྱད་ཀྱི་ཆོ་ག་རྒྱས་པ་ནི་ཤིས་པའི་སྒྲ་ལ་སོགས་པའི་མཚན་ཉིད་དོ། །གྲུབ་པར་གྱུར་ཅིག་ཅེས་བརྗོད་ལ། སྙིང་པོ་ཅི་དགར་ཟློས་ཤིང་ཞེས་བྱ་བ་ནི་སྙིང་པོ་ནི་སེམས་སོ། །དེ་ཅི་དགའ་བ་ནི་མངོན་པར་འདོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་ཡང་སྙིང་པོ་བསྒྲུབ་པར་འདོད་ན་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པར་འགྱུར་ཅིག་ཅེས་བརྗོད་ལ། སྙིང་པོ་ཅི་དགར་ཟློས་ཤིང་བསྒྲུབ་པའི་ཆོ་ག་བྱའོ། །འདི་སྐད་དུ་སྟོན་པ་ཡིན་ཏེ། རིགས་སུ་ཡང་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དངོས་གྲུབ་བསྒྲུབ་པར་འདོད་ན། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། སེམས་ཅན་ཐམས་ཅད་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཉིད་དུ་གྱུར་ནས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ལས་ཀྱི་ཚིམ་ཞིང་སྙིང་པོ་འདོད་པས་ད་བཞིན་གཤེགས་པ་ཐམས་ཅད་འགྲུབ་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྔགས་བཟླ་བར་བྱའོ། །དེ་ལྟར་སྤྱིའི་སྙིང་པོའི་ཡོ་བྱད་བཤད་ནས། རིགས་ཐམས་ཅད་ཀྱི་ཐུན་མོང་བ་ཉིད་ཀྱི་ཕྱག་རྒྱའི་ཡོ་བྱད་གསུངས་པ་ནི། དེ་ལ་འདི་ནི་ཕྱག་རྒྱའི་ཡོ་བྱད་ཆོ་ག་སྟེ་ཞེས་བྱ་བའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་གྱི་ཆོ་ག་དང༌། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ལ། རང་གི་རིགས་ཀྱི་
གཟུངས་ཀྱི་ཕྱག་རྒྱ་བཅིང་སྟེ་འདི་སྐད་བརྗོད་པར་བྱའོ། །ཕྱག་རྒྱ་ཐམས་ཅད་བདག་ལ་དགའ་བར་གྱུར་ཅིག་ཅེས་སྨྲས་ལ། དེ་ནས་རང་གི་རིགས་ཀྱི་གཟུངས་ཀྱི་རིག་པ་བཟླ་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཡོ་བྱད་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཡོ་བྱད་གསུངས་པ་ནི། སྤྲོས་པ་མེད་པའི་ཚིག་གྲུབ་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའོ། །རང་གི་རིགས་ཀྱི་དེ་ལ་སྤྲོས་པ་ནི་རྣམ་པར་རྟོག་པ་ལས་བྱུང་བས་ན་སྤྲོས་པ་སྟེ། ངག་གི་རྣམ་པར་རྟོག་པའི་སྤྲོས་པ་མེད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་རྟོག་པར་སེམས་རྩེ་གཅིག་པའོ། །འདི་སྐད་སྟོན་པ་ཡིན་ཏེ། རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། སྔ་མ་བཞིན་དུ་ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ལ། རང་གི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལ་བཤད་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། སྤྲོས་པ་མེད་པའི་ཚིག་འགྲུབ་པར་གྱུར་ཅིག་ཅེས་བརྗོད་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་བདག་ལ་བསྐྱེད་པར་གྱུར་ཅིག་ཅེས་སྨྲས་ལ། དེ་ནས་ཆོས་ཀྱི་དཀྱིལ་འཁོར་ལས་སྨྲས་པའི་རང་གི་ལྷའི་སྔགས་སྔར་བཤད་པའི་ཚུལ་གྱིས་བཟླས་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྔགས་ཀྱི་སྤྱིའི་ཡོ་བྱད་ཀྱི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ལ་རིགས་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིགས་གསུངས་པ་ནི། དེ་ལ་འདི་ནི་རིག་པའི་ཡོ་བྱད་ཀྱི་ཆོ་ག་སྟེ་ཞེས་བྱའོ། །དེ་ལ་མ་རིག་པའི་ཆོས་ཀྱི་མཚན་ཉིད་ནི་མངོན་པར་ཞེན་པ་དེས་མདོངས་པར་འགྱུར་བའོ། །ཀྱེ་མ་ཞེས་བྱ་བ་ནི་སྙིང་བརྩེ་བའོ། །ཁམས་ གསུམ་པ ་ནི་གནས་པའི་སེམས་ཅན་དེ་དག་བློ་ལ་བཞག་ནས། ཀྱེ་མ་སེམས་ཅན་འདི་དག་ཅེས་བྱ་བ་སྨོས་སོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི་རང་བཞིན་གྱིས་
འོད་གསལ་བའི་སེམས་དང་སེམས་ལས་བྱུང་བའོ། །དེ་ནི་རིགས་པ་ཐུགས་སུ་ཆུད་ཅིང་སྡོམ་པར་གྱུར་ཏོ་ཞེས་བྱ་བ་ནི། དེ་ལ་རིག་པ་ནི་རྣམ་པར་ཐར་པའི་སྒོ་སུམ་ཅུ་རྩ་བདུན་གྱི་རིགས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་བཞིན་གྱིས་འོད་གསལ་བ་རྣམ་པར་ཐར་པའི་སྒོའི་རང་བཞིན་དེ་ལས་འབྱུང་བའི་རིག་པས་དཀྱིལ་འཁོར་ཡང་དག་པར་ཐུགས་སུ་ཆུད་ཅིང་མངོན་སུམ་དུ་མཛད་པའོ། །དེ་སྔོ་པར་གྱུར་པ་ནི་མངོན་སུམ་དུ་བྱེད་པའི་རྒྱུར་གྱུར་པའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཐུགས་རྗེ་ཆེན་པོ་དང་བྱམས་པའི་སྤྱད་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་ལ་གཟིགས་ནས། སེམས་ཅན་མགོན་མེད་ པ་འདི་དག་ཐམས་ཅད་མ་རིག་པས་མདོངས་པར་གྱུར་པའི་ཁམས་གསུམ ་ཟོ་ཆུན་གྱི་རྒྱུན་མ་ལྟ་བུར་འཁོར་བ་དེས་ཇི་ལྟ་བ་བཞིན་གྱི་འོད་གསལ་བ་དེ་བཞིན་དུ་རང་བཞིན་གྱིས་འོད་གསལ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་ལམ་གྱི་རིག་པ་ཁོང་དུ་ཆུད་ཅིང་སྡོམ་པར་འགྱུར་བ་མ་མཐོང་བ་རྣམས་ལ་བདག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པ་ཁོང་དུ་ཆུད་ཅིང་སྡོམ་པར་གྱུར་པར་བྱའོ་ཞེས་བསམས་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །སེམས་ཅན་འདི་དག་ཐམས་ཅད་མ་རིག་པས་མདོངས་པར་འགྱུར་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པ་ཐུགས་སུ་ཆུད་ཅིང་སྡོམ་པར་འགྱུར་བ་ལ་བྱའོ་ཞེས་སྨྲས་ལ། དེ་ནས་རང་གི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་སྙིང་པོས་ལྷ་མོའི་ཚོགས་རྣམས་སྤྲུལ་ལ། སེམས་ཅན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཀྱི་རང་བཞིན་དུ་བསྐྱེད་ལ། སྔར་བཤད་པའི་ཚུལ་གྱིས་རིག་པ་བཟླ་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པ་ཐམས་ཅད་ཀྱི་སྤྱིའི་ཡོ་བྱད་ཀྱི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྒྲ་བརྗོད་ཅིང༌།
དེའི་དོན་གྱིས་བདག་ཉིད་རང་གི་ལྷའི་སྐུར་བསྒོམ་པའམ་མདུན་དུ་བསྒོམས་ལ་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པ་བཟླས་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བས་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་སྙིང་པོ་དང༌། ཕྱག་རྒྱ་དང། སྔགས་དང༌། རིག་པ་རྣམས་ཀྱི་ཐུན་མོང་དུ་རྡོ་རྗེ་བཟླས་པའོ། །རྒྱས་པར་གསུངས་པ་ནི་ཅི་དགའ་བ་ཉིད་དུ་ཞེས་བྱ་བ་ལ་སོགས་པའོ། །སྦྲིད་པ་དང་སྐྱིགས་བུ་དང་སྒྲེགས་པ་དང༌། སྐྱིལ་ཀྲུང་ཐ་དད་ཅི་དགའ་བ་ཉིད་དུ་བྱའོ། །སེམས་དཔའ་གང་གི་སྙིང་པོ་དང༌། ཞེས་བྱ་བ་ལ་སོགས་པ་གོ་སླའོ། །བཟླས་པའི་དོན་དུ་བསྒྲུབ་པར་བྱ་བ་དེ་ནི་བདག་གམ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས་རིན་ཆེན་འབེབས་པའི་མཐར་ཐུག་པ་དེ་ཟློས་ཤིང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པ་རྣམས་རང་ཉིད་ཟློས་ཤིང༌། རྣམ་པར་སྣང་མཛད་ལ་སོགས་པ་ལ། བཛྲ་དྷཱ་ཏུ་ཞེས་བྱ་བའི་དོན་ལ་སོགས་པས་བཟླས་པའི་དོན་ཤས་ནས་བསྒྲུབས་ལ་མངོན་པར་བྱ་བ་འམ། མདུན་དུ་བསྒོམ་པར་བྱ་བའི་དོན་ཏོ། །དེ་ལྟར་བྱས་ན་ཅིར་འགྱུར་ཞེ་ན། བསྒྲུབ་པར་བྱ་བ་འགྲུབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་རྣམས་ཀྱིས་བསྒྲུབ་པའི་བྱ་བ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཐུན་མོང་གི་བཟླས་པའི་ཆོ་ག་རྒྱས་བར་བསྟན་ནས། དེ་ནི་ཟློས་པ་པོ་རྣམས་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་བཟླས་བརྗོད་ཀྱི་འབྲས་བུ་བརྗོད་པར་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཐུན་མོང་གི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པར་གསུངས་སོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གང་ན་གཏེར་ཡོད་པའི་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས། རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་ཕྱི་མ་ལས་བཤད་པའི་ཚུལ་གྱིས་ཟླ་བ་བཞིར་སྔོན་དུ་བསྙེན་པ་བྱས་ལ། མཐར་མཚན་ཐོག་
ཐག་བཟླས་པ་བྱས་ནས་རྡོ་རྗེ་གཏེར་ལ་སོགས་པའི་སྦྱོར་བས་བསྒྲུབ་པར་བྱའོ། །ཤིང་སྐྱེས་དེ་ལྟ་བུར་མཐོང་ན་དེ་ན་གཏེར་ཡོད་པར་ཤེས་པར་བྱའོ། །གཏེར་དང་གཏེར་གྱི་ལྷ་དང་ཞིང་སྐྱོད་དང་ཕྱོགས་སྐྱོང་རྣམས་བཅིངས་ལ་གནས་དེར་སོང་སྟེ། བདག་ཉིད་གནས་དེར་བཅས་པ་བསྲུང་བར་བྱས་ནས། ཇི་ལྟ་བ་བཞིན་དུ་རང་གི་ལྷ་དེ་ལ་ཕྱིའི་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། ཕྱག་བཞི་བྱས་ནས་རྡོ་རྗེ་ལྕགས་སྒྲོག་གི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །རྡོ་རྗེ་གཏེར་ཡོད་པས་ཞེས་བྱ་བ་ལ་སོགས་པ་ནི་བསྒྲུབ་པའི་སྙིང་པོ་བརྗོད་ཅིང་གཏེར་གྱི་གནས་དེར་རྡོ་རྗེ་ལྟ་བས་བལྟས་ལ། རྡོ་རྗེ་འབར་བ་ལྟ་བུ་མཐོང་ན་དེ་ན་གཏེར་ཡོད་པར་ཤེས་པར་བྱའོ། །དེ་ནས་ལངས་ལ་བླང་བར་བྱ་བའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི། རྫུ་འཕྲུལ་གྱི་དངོས་གྲུབ་གསུངས་པ་ཡིན་ཏེ། ཡང་རྡོ་རྗེ་དབྱིངས་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས། རྫུ་འཕྲུལ་གྱི་དངོས་གྲུབ་བསྒྲུབ་པར་འདོད་ན་ཆུའི་སྟེང་ནས་ཕར་འགྲོ་བ་ལ་སོགས་པ་ཡིད་ཀྱིས་བྱས་པས། དེ་ལྟར་ན་རྡོ་རྗེ་དངོས་གྲུབ་ཏུ་འགྱུར་རོ། །དེ་ལ་རྡོ་རྗེ་ཆུ་ཞེས་བྱ་བ་ལ་སོགས་པ་ནི་ཐུན་བཞིའི་སྦྱོར་བས་ཟླ་བ་བཞིར་དེ་བཞིན་གཤེགས་པའི་རིགས་ཀྱི་ཡོ་བྱད་ཆོ་ག་བཞིན་དུ་བཟླས་ལ། དེ་ནས་དེ་བཞིན་གཤེགས་པའི་རས་རིས་ཀྱི་མདུན་དུ་ཡང་ཟླ་བ་བཞི་སྔ་མ་བཞིན་དུ་བྱའོ། དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བསྒོམས་ནས་དེའི་རྗེས་ལ་འགྲུབ་པར་འགྱུར་རོ། །བཛྲ་སིདྡྷི་ཞེས་ལན་ གསུམ་བརྗོད་ཅིང༌། བཛྲ་ཛྭ་ལ་ཞེས་ཀྱང་བརྗོད་ལ་ཆུའི་སྟེང་དུ་འཆགས་པ ་ལ་སོགས་པའི་རྫུ་འཕྲུལ་བྱས་ལ། ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ། །ལྷག་མ་ནི་གོ་སླའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་རིག་པ་འཛིན་པའི་དངོས་གྲུབ་གསུངས་པ་ཡིན་ནོ། །ཕྱག་རྒྱ་བསྒྲུབས་ན་ཞེས་བྱ་བ་སྔ་མ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ་ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས། རྡོ་རྗེ་འཛིན་པ་ལ་སོགས་པའི་རྡོ་རྗེ་རིག་པ་འཛིན་པའི་གཟུགས་སུ་བདག་ཉིད་བསམས་ལ། བཛྲ་བི་དྷ་ར་ཞེས་དེ་སྐད་དུ་
ལན་ གསུམ་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་པ ་ལ་སོགས་པའི་རིག་པ་འཛིན་པའི་དངོས་གྲུབ་ཀྱི་སྙིང་པོ་འདི་དེ་བཞིན་གཤེགས་པའི་རིགས་ཀྱི་ཡོ་བྱད་ཀྱི་ཆོ་གས་ཟླ་བ་བཞིར་བཟླས་པ་བྱས་ལ་དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་རས་རིས་ཀྱི་མདུན་དུ་སླར་ཡང་ཟླ་བ་བཞིར་སྔ་མ་བཞིན་དུ་བཟླས་པ་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་ན་དེའི་རྗེས་ལ་རྡོ་རྗེ་རིག་འཛིན་གྱི་འཁོར་ལོས་སྒྱུར་བའི་དངོས་གྲུབ་ཏུ་འགྱུར་རོ། །ལྷག་མ་ནི་གོ་སླའོ། །དེ་ནི་དངོས་གྲུབ་ཆེན་པོ་བསྒྲུབ་པ་ནི། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔ་མ་བཞིན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས། བཛྲ་སཏྭ་ཞེས་བྱ་བ་ལ་སོགས་ པ་རང་གི་ལྷའི་ཕྱག་རྒྱའི་སྙིང་པོ་ལན་གསུམ ་བརྗོད་ཅིང༌། བཛྲ་བཛྲ་ཞེས་ཀྱང་བརྗོད་ལ་ཐམས་ཅད་རྡོ་རྗེ་ལ་སོགས་པའི་གཟུགས་སུ་ཏིང་ངེ་འཛིན་གྱི་བདག་ཉིད་རྣམ་པར་བསམས་ལ། བཛྲ་བཛྲ་ཞེས་བརྗོད་ཅིང་དངོས་གྲུབ་སྒྲུབ་པའི་སྙིང་པོ་དང༌། དེ་བཞིན་གཤེགས་པའི་རིགས་ཀྱི་ཡོ་བྱད་ཀྱི་ཆོ་གས་ཟླ་བ་བཞིར་བཟླས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་རས་རིས་ཀྱི་མདུན་དུ་ཡང་ཟླ་བ་བཞིར་ཟློས་ཤིང༌། དེའི་རྗེས་ལ་ཟླ་བ་ཉལ་མཚན་ཐོག་ཐག་བཟླས་ན་ནམ་ལངས་པ་དང་སེམས་ཅན་ཕྱག་རྒྱའི་གཟུགས་སུ་འགྱུར་རོ། །ལྷག་མ་ནི་གོ་སླའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་རྡོ་རྗེ་རིགས་ཀྱི་གསུངས་ པ་ནི། དེ་ལ་འདི་ནི་རྡོ་རྗེ་རིགས་ཀྱི་དངོས་གྲུབ་སྟེ་ཞེས་བྱ་བའོ། །འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་ པ་ནི་སྔ་མ་བཞིན་དུ་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་སྔགས་ཀྱི་ཡི་གེ་འབུམ་བཟླས་ལ། དེ་ནས་དབང་ཕྱུག་ཆེན་པོའི་གཟུགས་བརྙན་བཟོ་བོ་མཁས་པས་བྱེད་དུ་བཅུག་ལ། དེའི་ལྟོ་བར་སྔགས་དེ་བཅུག་སྟེ། སྔ་མ་བཞིན་དུ་
འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་འདོད་པའི་རྒྱལ་བོས་ལྷ་ཆེན་ཇི་ལྟ་བ་བཞིན་དུ་བཀུག་སྟེ། ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་ཀྱང་གཟུགས་བརྙན་ལ་ཇི་ལྟ་བ་བཞིན་དུ་དགུག་པ་དང༌། གཞུག་ པ་དང། བཅིང་བ་དང༌། དབང་དུ་བྱས་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། རས་རིས་ཀྱི་མདུན་དུ་ཐུན་བཞིའི་སྦྱོར་བས་ཟླ་བ་གཅིག་ཙམ་གྱི་བར་དུ་སྟོང་རྩ་བརྒྱད་ཟློས་ཤིང༌། རྐང་པ་གཡོན་པས་མནན་པར་བྱའོ། །དེ་ནས་ཇི་སྲིད་དུ་ཟླ་བ་ཉ་ལ་གཟུགས་བརྙན་དེ་སྐད་འབྱིན་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་བཟླ་བར་བྱའོ། །ལྷག་མ་ནི་གོ་སླའོ། །ཕྱག་རྒྱ་བསྒྲུབ་པ་ན་ཞེས་བྱ་བ་ལ་སོགས་ པ་ལ། སྔ་མ་བཞིན་དུ་འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྤྱོད་དེ། རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་བདག་ཉིད་དབང་བསྐུར་ལ། སྔ་མ་བཞིན་དུ་ཡི་གེ་འབྲུ་འབུམ་བཟླས་པར་བྱའོ། །དེ་ནས་རས་རིས་ཀྱི་མདུན་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས། སྟོང་རྩ་བརྒྱད་ཟློས་ཤིང་ཟླ་བ་གཅིག་གི་བར་དུ་བྱའོ། །དེའི་རྗེས་ལ་ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་ན་འགྲུབ་པར་འགྱུར་ཏེ། །དེ་ནས་གྲུབ་པ་དང་དབང་བཞིར་གྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཡི་གེ་འབྲུ་འབུམ་བཟླས་པར་བྱའོ། །དེ་ནས་རས་རིས་ཀྱི་མདུན་དུ་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་བཞིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཐུན་བཞིའི་སྦྱོར་བས། ཇི་སྲིད་དུ་རྟག་ཏུ་མཆོད་ པ་ཟླ་བ་གཅིག་གམ་གསུམ ་གྱི་བར་དུ་བྱས་ལ། དེ་ནས་མཚན་ཐོག་ཐག་མཆོད་ན་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལ། འདི་ནི་དངོས་གྲུབ་དམ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་རང་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། ཡིག་འབྲུ་
འབུམ་བཟླས་པར་བྱའོ། །དེ་ནས་རས་རིས་ཀྱི་མདུན་དུ་སྟོང་རྩ་བརྒྱད་ཟློས་ཤིང༌། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཐུན་བཞིའི་སྦྱོར་བས་སྔ་མ་བཞིན་དུ་ཟླ་བ་གཅིག་བཟླས་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བྱས་ན། ནམ་ལངས་པ་དང༌། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་དང་འདྲ་བར་འགྱུར་རོ། །དེ་ལྟར་རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་པདྨའི་རིགས་ཀྱི་དེ་ལ་འདི་དག་ནི་པདྨའི་དངོས་གྲུབ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔ་མ་བཞིན་དུ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞི་པའི་མཐར་ཐུག་པའི་རྗེས་སུ་སྤྱད་ནས་ནང་གི་སྔགས་སྔ་མ་བཞིན་དུ་སྟོང་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་རས་རིས་ཀྱི་མདུན་དུ་རང་གི་ལྷའི་ཏིང་ངེ་འཛིན་གྱིས་གཡོན་པའི་བསྙེམས་པ་དང་བཅས་པས་པདྨ་བླངས་ལ་ལག་པ་གཡས་པས་པདྨ་བཟུང་ལ། པདྨ་འབྱེད་ཅིང་པདྨ་རབ་ཏུ་དམར་བ་བསྒོམས་ནས་ཉིན་རེ་བཞིན་ཐུན་བཞིའི་སྦྱོར་བས་ཟླ་བ་གཅིག་ཙམ་གྱི་བར་དུ་སྟོང་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་ན་དེ་བཞིན་གཤེགས་པ་ལ་སོགས་པ་དང༌། སེམས་ཅན་མཉེས་པར་བྱེད་ནུས་པར་འགྱུར་རོ། །སྔ་མ་བཞིན་དུ་དབང་བྱེད་པས་པདྨ་འདོད་པ་བསྒོམས་ཤིང་ཟླ་བ་ཉ་ལ་མཚན་ཐོག་ཐག་བསྒོམས་ན། ནམ་ལངས་པ་དང༌། དེ་བཞིན་གཤེགས་པ་ལ་སོགས་པ་སེམས་ཅན་གྱི་ཁམས་ཐམས་ཅད་བདག་ཉིད་ཀྱིས་ནོར་དང་བཅས་པ་དབང་དུ་བྱེད་པར་འགྱུར་རོ། །བྱམས་པས་བསྒོམས་པའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི། སྔོན་དུ་བསྙེན་པ་ལ་སོགས་པ་དང་བསྒྲུབ་པའི་ཆོ་ག་རྗེས་སུ་སྤྱད་ལ། དེ་ནས་མཚན་ཐོག་ཐག་བཟླས་ནས། ནམ་ལངས་པ་དང༌། ཐམས་ཅད་བསྲུང་བ་ནུས་པར་འགྱུར་རོ། །སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། པདྨའི་འདབ་མ་འབྱེད་པའི་ཚུལ་གྱིས་བདག་ཉིད་འཇིག་རྟེན་དབང་ཕྱུག་ཏུ་བསྒོམས་ལ། རས་རིས་ཀྱི་མདུན་དུ་མཚན་ཐོག་ཐག་བཟླས་ན་འཇིག་རྟེན་དབང་ཕྱུག་གི་གཟུགས་དང་ལྡན་པར་འགྱུར་རོ། །དེ་ལྟར་པདྨའི་རིགས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་ནོར་བུའི་
རིགས་ཀྱི་རྣལ་འབྱོར་དེ་ལ་འདི་དག་ནི་ནོར་བུའི་རིགས་ཀྱི་དངོས་གྲུབ་རྣམས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཞེས་བྱ་བ་ལ། སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བས་དབང་བསྐུར་བ་སྟེ། རང་རང་གིས་བསྒོམ་པར་བྱའོ། །དེ་ནས་ཐུན་བཞིའི་སྦྱོར་བས་བཟླས་པ་འབུམ་བྱས་ལ། རས་རིས་ཀྱི་མདུན་དུ་ཡང་ཟླ་བ་གཅིག་བཟླས་པ་བྱའོ། །ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་ན་དབང་བསྐུར་བ་ཐམས་ཅད་ཐོབ་པར་འགྱུར་རོ། །སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་སྤྱད་ནས་ཐུན་བཞིའི་སྦྱོར་བས་མར་མེའི་སྣང་བ་དེ་བཞིན་གཤེགས་པ་ལ་ཕུལ་ནས་བཟླས་པ་འབུམ་བྱའོ། །དེ་ནས་རས་རིས་ཀྱི་མདུན་དུ་སྔ་མ་བཞིན་དུ་ཐུན་བཞིའི་སྦྱོར་བས་སྟོང་རྩ་བརྒྱད་བཟླས་ཏེ། ཇི་སྲིད་དུ་ཟླ་བ་གཅིག་བརྩམ་པ་དེ་སྲིད་ཀྱི་བར་དུ་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་པས་ནམ་ལངས་པ་དང་རིན་ཆེན་ཉི་མ་དང་གཟི་བརྗིད་མཉམ་པར་འགྱུར་རོ། །སྔ་མ་བཞིན་དུ་ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ལ། ཐུན་བཞིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱི་རོལ་གྱི་མཆོད་པ་དང༌། ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་མཆོད་པ་བཅུ་དྲུག་གིས་ནམ་མཁའི་ཁམས་བཀང་ལ། དེ་བཞིན་གཤེགས་པ་ལ་སོགས་པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ལ་དེ་རྣམས་ཀྱི་ནོར་བུའི་རིགས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཚིམ་པར་བྱའོ། །ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཇི་སྲིད་འབུམ་ཡོངས་སུ་རྫོགས་པ་དེ་སྲིད་ཀྱི་བར་དུ་བཟླས་པར་བྱའོ། །དེ་ནས་རས་རིས་ཀྱི་མདུན་དུ་སྔ་མ་བཞིན་དུ་ཟླ་བ་གཅིག་བཟླས་ལ། མཐར་མཚན་ཐོག་ཐག་བཟླས་ན་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་དངོས་གྲུབ་ཏུ་འགྱུར་རོ། །སྔ་མ་བཞིན་དུ་ཕྱག་བཞི་བྱ་བའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ནས། རྡོ་རྗེ་རིན་པོ་ཆེ་བླངས་ཏེ། རང་གི་ལྷའི་སྦྱོར་བས་འབུམ་བཟླས་པར་བྱའོ། །དེ་ནས་རས་རིས་ཀྱི་མདུན་དུ་སྔ་མ་བཞིན་ཟླ་བ་གཅིག་ཙམ་བྱས་ལ། མཐར་
མཚན་ཐོག་ཐག་བཟླས་ན་ཐོ་རངས་ཁ་རྡོ་རྗེ་སྙིང་པོ་དང་འདྲ་བར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་བསྟན་ནས། ད་ནི་ཐབས་མེད་པར་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པ་རྣམས་བསྒྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་རྟོག་པ་ཐམས་ཅད་ཀྱི་དངོས་གྲུབ་ཐབས་ཀྱི་རྒྱུད་གསུངས་པ་ཡིན་ནོ། །རྟོག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྟོག་པ་ཐམས་ཅད་ཅེས་རྣམ་པར་སྣང་མཛད་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་མཐར་ཐུག་པའི་ཕྱག་རྒྱ་ཐམས་ཅད་ནི་དེ་དག་གི་ཐབས་ཏེ། མངོན་སུམ་དུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་མངོན་སུམ་དུ་བྱེད་པའོ། །དེ་སྟོན་པར་བྱེད་པའི་རྒྱུད་དེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བཤད་པའོ། །འཇིག་རྟེན་འདུལ་བ་ཇི་ལྟ་བ། །ཞེས་བྱ་བ་ནི་རྣམ་པ་གང་དང་གང་གིས་འདུལ་བར་འགྱུར་བའི་སེམས་ཅན་གྱི་ཁམས་ཀྱི་འཇིག་རྟེན་གྱི་ཁམས་དེ་དང་དེ་འདྲ་བའི་དོན་གྲུབ་པ་ལ་སོགས་པའི་དངོས་གྲུབ་འདོད་པའོ། །གང་དུ་ཞེ་ན། རྒྱུད་འདིར་ཏེ། དེའི་དངོས་གྲུབ་ཐོབ་པའི་ཐབས་སོ། །གང་ཞེ་ན། དེ་ཡི་ཐབས་ནི་ཕྱག་རྒྱ་སྟེ། །ཞེས་བྱ་བ་སྨོས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱའོ། །དེའི་དངོས་གྲུབ་ཆེན་པོ་ཀུན་གྱི་རྒྱུར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དངོས་གྲུབ་ཀྱི་ཐབས་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་ཀྱི་ཐབས་ནི། འཇིག་རྟེན་ཆགས་དང་བྲལ་བས་འདུལ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་གཟུངས་ཀྱི་དཀྱིལ་འཁོར་ལ་ཆགས་པ་དང་བྲལ་བ་ནི་སེམས་ཕྱིར་ཕྱོགས་པ་སྟེ། ཉན་ཐོས་དང༌། རང་སངས་རྒྱས་ལ་མོས་པ་དང༌། ཐེག་པ་ཆེན་པོ་ལ་མོས་པ་མདོ་སྡེ་སྤྱོད་པ་ལ་སོགས་པ་འཇིག་རྟེན་ནོ། །དེ་ལྟར་གྱུར་བའི་འཇིག་རྟེན་ཆགས་པ་དང་བྲལ་བ་དེ་ནི་འདུལ་
བའོ། །ཉན་ཐོས་དང་རང་རྒྱལ་བའི་ལམ་བསྒོམ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམས་ཀྱང་དེའི་མངོན་པར་འདོད་པའི་དོན་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཟུངས་ཀྱིས་འདུལ་བའི་འཇིག་རྟེན་རྣམས་གཟུངས་རྣམས་ལ་ཆགས་ཤིང་འདོད་པ་དེ་ལས་སྐྱེས་པའི་ཕྱག་རྒྱའི་དངོས་གྲུབ་ནི་ཆགས་པ་ལས་སྐྱེས་པའོ། །ཆགས་པ་ལས་སྐྱེས་པའི་དངོས་གྲུབ་དེའི་ཐབས་གང་ཡིན་ཞེ་ན། དེ་ཡི་ཐབས་ནི་བསྒོམ་པ་དེ། །ཞེས་བྱ་བ་སྨོས་སོ། །གཟུངས་ཀྱི་དངོས་གྲུབ་ཐོབ་པ་ནི་གཟུངས་སྒོམ་པ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཟུངས་ཀྱི་དངོས་གྲུབ་ཀྱི་ཐབས་བསྟན་ནས། ད་ནི་རིགས་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་ཀྱི་ཐབས་གསུངས་པ་ནི། བདེན་པས་འཇིག་རྟེན་འདི་ཉམས་པས། །ཞེས་བྱ་བ་ལ་སོགས་པའོ། །འཇིག་རྟེན་ གསུམ་ན་སྤྱོད་པའི་སེམས་ཅན་གྱི་ཁམས་འདི་དག་བདེན་པ ་ལས་ཉམས་པའོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་དོན་དམ་པའི་བདེན་པ་དེ་ལྟ་བུར་གྱུར་པ་ལས་དངོས་པོར་འཛིན་པའི་མངོན་པར་ཞེན་པའི་འཇིག་རྟེན་སྔགས་ཀྱི་དངོས་གྲུབ་ཀྱི་མི་འདོད་དོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བའི་བདེན་པས་བསྒོམ་པ་ནི་རིག་པས་འདོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན། །སྤྲོས་པ་མེད་པའི་ཐབས་ཀྱིས་ནི། །དངོས་གྲུབ་ཀུན་གྱི་མཆོག་ཏུ་འགྱུར། །ཞེས་གསུངས་སོ། །ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིགས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཐབས་ནི་གཉིས་སུ་མེད་པ་བསྒོམ་པས་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རིགས་ཐམས་ཅད་ཀྱི་སྔགས་ཀྱི་དངོས་གྲུབ་ཀྱི་ཐབས་བཤད་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་ཀྱི་ཐབས་ནི། མ་རིག་མངོན་ཆགས་འདི་ལ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ནི་མ་རིག་པའོ། །དེ་ལ་མངོན་པར་ཞེན་པ་ནི་འཇིག་རྟེན་པའོ། །རིག་པའི་དངོས་གྲུབ་ཡོད་མིན་ཏེ། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་མངོན་པར་ཞེ་པ་ནི་འཇིག་རྟེན་པ་དེ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་སོ། །གསང་བའི་ཞེས་བྱ་བ་རྟོག་པ་མ་སྐྱེས་པའི་ཕྱིར་
ཞེས་བྱ་བའི་ཐ་ཚིག་གོ །དེ་ཡི་ཐབས་ནི་རྒྱ་ཆེ་ལས། །དངོས་གྲུབ་ཀྱི་ནི་མཆོག་ཐོབ་བོ། །ཞེས་བྱ་བ་ནི་དེ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཁོང་དུ་ཆུད་པར་འགྱུར་བས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་བསྒོམ་པའི་ཐབས་ནི་རྒྱ་ཆེ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་རྟོག་པ་ཐམས་ཅད་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་བཤད་ནས། ད་ནི་སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་པ་རྣམས་ཀྱི་བསོད་ནམས་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྟོག་པ་ཐམས་ཅད་ཀྱི་རྒྱུད་གསུངས་པ་ཡིན་ནོ། །རྟོག་པ་ཐམས་ཅད་ནི་ཇི་སྐད་བཤད་པའོ། །བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པ་རྣམས་མངོན་དུ་བྱེད་ཅེས་བྱ་བའི་དོན་ཏོ། །མཆོད་པ་རྣམ་བཞི་བྱས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་རྣལ་འབྱོར་པས་རང་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་མཆོད་པ་ཆེན་པོ་དང༌། དབང་བསྐུར་བ་དང༌། ཆོས་དང༌། ལས་ཀྱི་མཚན་ཉིད་ནི། མཆོད་པ་རྣམ་པ་བཞི་སྟེ་རང་གི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་བཅུ་དྲུག་གིས་མཆོད་པ་བྱས་ན་བསོད་ནམས་ཆེན་པོ་ཐོབ་པར་འགྱུར་རོ། །ལུས་དང༌། ངག་དང༌། སེམས་རྣམ་པར་དག་པ་ཐོབ་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །དེ་བས་ན། བསོད་ནམས་མེད་ཀྱང་སངས་རྒྱས་མཆོད། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བ་སྨོས་སོ། །སངས་རྒྱས་རྣམས་ཀྱི་མཆོད་པ་ནི་སངས་རྒྱས་མཆོད་པའོ། །ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་བཅུ་དྲུག་གི་ཕྱག་རྒྱས་མཆོད་ན་སྐྱེ་བ་གཞན་དུ་བསོད་ནམས་བསགས་པ་མེད་ཀྱང༌། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། བདག་ནི་བསོད་ནམས་མེད་པའོ། །ཞེས་བདག་ཉིད་ལ་བརྙས་ཤིང་སྨད་པར་མི་བྱའོ། །ཕྱག་རྒྱ་བཅུ་དྲུག་པོ་རྣམས་ཀྱིས་བསོད་ནམས་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་
ལྟར་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐོབ་པའི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་བཤད་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་བའི་དངོས་གྲུབ་ཐོབ་པའི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ནི། དེ་ལ་འདིའི་ཕྱག་རྒྱའི་བསོད་ནམས་ཀྱི་རྒྱུད་དེ་ཞེས་བྱ་བའོ། །གསང་བ་བསྲུངས་ནས་ཞེས་བྱ་བ་ནི་ཡོངས་སུ་བསྐྱེད་པའོ། །ཅི་ཞིག་བསྲུངས་ཤེ་ན། དམ་ཚིག་ཅེས་བྱ་བ་ནི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེ་གཟུངས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་རྣམས་སོ། །དེ་ཉིད་འཆད་པ་ནི་གསང་བ་ཞེས་བྱ་བ་བྲིས་པའི་ཕྱག་རྒྱའི་གཟུགས་ཅན་མཆོད་པར་འོས་པའི་རིག་པའི་ལྷ་མོའི་གཟུངས་འདི་དག་ནི་གསང་བའོ། །བསོད་ནམས་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་གཟུངས་ཀྱི་དངོས་གྲུབ་བསྒྲུབ་པ་ན་སྐུ་དང། གསུང་དང༌། ཐུགས་རྣམ་པར་དག་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས། བསོད་ནམས་མེད་ཀྱང་མྱུར་བར་ནི། །དམ་ཚིག་བསྲུངས་ན་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེས་ལུས་དང༌། ངག་དང༌། ཡིད་རྣམ་པར་དག་པའི་བསོད་ནམས་སྐྱེ་བ་གཞན་དུ་བསགས་པ་མེད་ཀྱང་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་རྣམས་མྱུར་དུ་འགྲུབ་པར་འགྱུར་བས་བསྟན་པར་མི་བྱའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། གཟུངས་ཀྱི་སྒྲུབ་པ་པོས་སློབ་དཔོན་གྱིས་བཤད་པ་གཞན་ལ་བསྟན་པར་མི་བྱ་ཞིང་བདག་གཟུངས་བསྒྲུབས་པ་ཡིན་ནོ་ཞེས་ཀྱང་སྨྲ་བར་མི་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་གཟུངས་ཀྱི་དངོས་གྲུབ་ཀྱི་བསོད་ནམས་ཀྱི་རྒྱུད་བཤད་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་བསྒྲུབ་པ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་སྔགས་ཀྱི་དངོས་གྲུབ་ཀྱི་བསོད་ནམས་ཀྱི་རྒྱུད་གསུངས་པ་ཡིན་ནོ། །སངས་རྒྱས་མཚན་ལ་སོགས་བརྗོད་ན། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་ལས་བཤད་པའི། བསོད་ནམས་ཆེན་པོ་ཐོབ་པར་འགྱུར། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འདི་
གང་གིས་ཤེ་ན། ཆོས་སྦྱིན་པས་ན་དངོས་གྲུབ་ཐོབ། །ཅེས་བྱ་བ་སྨོས་ཏེ། སེམས་ཅན་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྟོན་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་སྔགས་ཀྱི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་བཤད་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པ་རྣམས་ཀྱི་བསོད་ནམས་ཀྱི་དངོས་གྲུབ་ནི་དེ་ལ་འདི་ནི་རིག་པའི་བསོད་ནམས་ཀྱི་རྒྱུད་གསུངས་པ་ཡིན་ནོ། །བསོད་ནམས་ང་ནི་སྦྱིན་པའི་མཆོག །ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་རིག་པས་སྒྲུབ་པ་པོས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་བསྒོམས་པས་ཆོས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་ཡོངས་སུ་སྤང་བར་བྱའོ། །དེ་སྐད་དུ་ཡང༌། ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་སྤང་བར་བྱའོ་ཞེས་གསུངས་སོ། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ན། །ཞེས་བྱ་བ་གསུངས་པ་འདི་ནི་ཕྱིའི་དངོས་པོ་མེ་ཏོག་དང་བདུག་པ་ལ་སོགས་པ་ཅི་འབྱོར་བས་དེ་བཞིན་གཤེགས་པ་རྣམས་དང་སེམས་ཅན་རྣམས་ལ་སྦྱིན་པར་བྱའོ། །དེ་སྐད་དུ་ཡང༌། སངས་རྒྱས་སེམས་ཅན་རྣམས་ལ་སྦྱིན། ཉིན་ཞག་དོན་མེད་མི་བྱའོ། །ཞེས་གསུངས་སོ། །དེའི་ནང་ན་སྦྱིན་པ་མཆོག་ཡིན་ནོ། །གང་གིས་ཤེ་ན། བསོད་ནམས་ཀྱི་ནང་ནའོ། །ཅི་ཞིག་འགྱུར་ཞེ་ན། བྱིན་ན་བསོད་ནམས་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཅིར་འགྱུར་ཞེ་ན། སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ན། །མྱུར་དུ་སངས་རྒྱས་ཉིད་དུ་འགྱུར། །ཞེས་བྱ་བ་སྨོས་སོ། །དེ་ལྟར་དེ་བཞིན་ཤེས་ས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་གསུངས་ནས། ད་ནི་གདུལ་བྱ་དེ་རྣམས་དེ་ཉིད་ལ་ཤེས་རབ་མེད་ན་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པར་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་རྟོག་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ཡིན་ནོ། །རྟོག་པ་ཐམས་ཅད་ཀྱི་ལས་ཀྱི་དངོས་གྲུབ་
བསྒྲུབ་པ་སྟེ། སྔགས་ཀྱི་ཡི་གེ་རྣམས་སྐྱེ་བ་མེད་པར་ཞུགས་པས་ན་ཡི་གེ་ཨ་ལས་རབ་ཏུ་འཇུག་པ་ཡིན་ནོ། །དེས་ན་ཡི་གེ་ཐམས་ཅད་རྣམ་པར་བསྒོམས་ལ། སྔགས་ཀྱི་ཡི་གེ་རྣམས་གཅིག་ཏུ་འགྱུར་བ་ཞེས་བྱ་བ་རྣམ་པར་ཐར་པའི་སྒོ། རང་གི་ཁ་ནས་གཞན་ཞལ་དུ། །ཞེས་བྱ་བ་ནི་རང་གི་ཁ་ནས་གཞན་གྱི་ཞལ་དུ་འཇུག་བར་བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱའོ། །དེ་ལྟར་རང་གི་ཁ་ནས་གཞན་གྱི་ཞལ་དུ་བསྒོམས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྙིང་པོ་ཟློས་ཤིང༌། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའོ་ཞེས་པ་བསྒོམས་ཏེ། བདག་ཉིད་ལྷའི་སྐུ་གཟུགས་བརྙན་དང་མཚུངས་པ་དང༌། མདུན་དུ་ཡང་ལྷའི་གཟུགས་བཞག་ལ། དེ་ཡང་གཟུགས་བརྙན་དང་མཚུངས་པར་བསམས་ཏེ། དངོས་པོ་ལ་མ་ཞེན་པར་འགྲུབ་པར་འགྱུར་རོ། །ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་གཟུངས་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ནི་ཤེས་རབ་དེས་འབིགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ངེས་པར་འབིགས་པ་ནི་ངེས་འབིགས་སོ། །ཆོས་ཐམས་ཅད་བདག་མེད་པའི་ཡེ་ཤེས་ཀྱི་ལམ་གྱི་ཡི་གེ་ཨ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་དོན་ཏོ། །ངེས་པར་འབིགས་པས་ན་ངེས་འབིགས་ཏེ་ཤེས་རབ་བོ། །འཇིག་རྟེན་ གསུམ་ན་སྤྱོད་པའི་བག་ཆགས་དང་བཅས་བའི་ཉོན་མོངས་པ ་སྤངས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་གྱི་དེ་བཞིན་གཤེགས་པའི་ཡེ་ཤེས་སོ་ཞེས་བྱ་བ་ནི་བཤད་པ་ཡིན་ནོ་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའོ། །ཏིང་ངེ་འཛིན་ཞེས་གྲགས་པ་སྟེ། །ཞེས་བྱ་བ་ནི་ངེས་པར་འབིགས་པའི་ཤེས་རབ་ལ་ཏིང་ངེ་འཛིན་ཞེས་བཤད་དེ། དེ་བཞིན་གཤེགས་པ་དེ་ལ་རྣམ་པར་གཡེང་བ་མི་མངའ་བའི་ཕྱིར་རོ། །དེ་ནས་ཕྱག་རྒྱ་མྱུར་འགྲུབ་པར། །ཞེས་བྱ་བ་ནི་དེས་དེ་ལྟ་བུའི་ངོ་བོ་ལ་ངེས་པར་འབིགས་པའི་ཤེས་རབ་ཀྱི་སྐལ་བ་དང་ལྡན་པ་ལ་ཕྱག་རྒྱའི་གཟུངས་ཐམས་ཅད་འགྲུབ་པར་འགྱུར་ཏེ། སྒྲུབ་པ་པོའི་རྒྱུད་ལ་མངོན་
སུམ་དུ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར་རྣལ་འབྱོར་པ་དེས་དེ་ལྟར་བསྒོམས་ན་འགྲུབ་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་ཐམས་ཅད་ཀྱི་གཟུངས་ཀྱི་ཤེས་རབ་ཀྱི་དངོས་གྲུབ་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྔགས་ཀྱི་ཤེས་རབ་ཀྱི་དངོས་གྲུབ་གསུངས་པ་ནི། དེ་ལ་འདི་ནི་སྔགས་ཀྱི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ་ཞེས་བྱའོ། །ཤེས་རབ་སྒྲ་ཡི་རྗེས་འབྲངས་ལ། །ཞེས་བྱ་བ་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམ་པར་ཤེས་པར་བྱའོ། །དེ་ཉིད་ཀྱི་ངོ་བོ་ཉིད་ནི་ཏིང་ངེ་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚིག་ནི་རབ་ཏུ་སྤྲོས་པས་ན། །ཞེས་བྱ་བ་སྨོས་ཏེ། ངག་གི་རྣམ་པར་རྟོག་པའི་སྤྲོས་པ་སྟེ། རྣམ་པར་རྟོག་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་བའོ་ཞེས་བྱ་བའི་དོན་ཏོ། །དེས་ན་དངོས་པོའི་ཁྱད་པར་དེ་ལྟ་བུ་དང༌། ངག་གི་རྣམ་པར་རྟོག་པ་ལ་དངོས་པོར་མངོན་པར་ཞེན་པ་མེད་པས། ཤེས་རབ་སྒྲ་ཡི་རྗེས་འབྲངས་ལ། །ཏིང་ངེ་འཛིན་ཞེས་རབ་ཏུ་གྲགས། །དེ་བསྒོམ་པར་ནི་མྱུར་བར་ཡང༌། །སྔགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བའོ། །དེ་ནས་ཤེས་རབ་སྒྲའི་རྗེས་སུ་འབྲང་བ་བསྒོམས་པ་དེས་དེ་ལྟར་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིགས་རྣམས་ཀྱི་ཤེས་རབ་ཀྱི་དངོས་གྲུབ་གསུངས་པ་ནི། དེ་ལ་འདི་ནི་རིག་པའི་ཤེས་རབ་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ་ཞེས་བྱའོ། །རིག་པ་ནི་རིགས་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པའི་ལྷའི་གཟུགས་སོ། །སྔགས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པ་དང་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པའི་སྔགས་དེ་རིག་པ་དང་སྔགས་དེ་གཉིས་ལ་ཁྱད་པར་དུ་མ་དེ་དག་ལ་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བས་ཐམས་ཅད་རོ་གཅིག་པའི་ཕྱིར་རོ། །ཤེས་རབ་བསྒོམས་ན་མྱུར་བར་ནི། །ངེས་པར་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ལ།
དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ་ཞེས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་དུ་ཤེས་རབ་ཀྱིས་རྣམ་པར་དཔྱད་ནས། ཡང་ནས་ཡང་དུ་མངོན་དུ་བྱས་ནས་རྣལ་འབྱོར་པ་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་རིག་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་རྟོག་པ་ཐམས་ཅད་ཀྱི་ཤེས་རབ་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་རྟོག་པ་ཐམས་ཅད་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པ་རྣམས་ཀྱི་ཚོགས་ཀྱི་དངོས་གྲུབ་ཏུ་འགྱུར་བ་ནི། ཚོགས་མེད་པར་མ་ཡིན་ནོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། རྟོག་པ་ཐམས་ཅད་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་བསྟན་ཞིང་མངོན་སུམ་དུ་བྱེད་དོ་ཞེས་བྱ་བའི་དོན་ཏེ། མཆོད་པ་ཐམས་ཅད་རབ་བྱས་ན། །ཞེས་བྱ་བ་ནི་ཕྱི་རོལ་གྱི་མཆོད་པ་ལྔ་ལ་སོགས་པ་དང༌། སྒེག་མོ་ལ་སོགས་པ་བརྒྱད་དང༌། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་བཅུ་དྲུག་ལ་སོགས་པའི་མཆོད་པ་ཐམས་ཅད་ཀྱིས་རབ་ཏུ་སེམས་རྩེ་གཅིག་པས་བྱས་ན་བཟླས་པ་དང་བཅས་པས་ཚོགས་རྣམས་འཕེལ་བར་འགྱུར་རོ། །གང་དག་ཅེ་ན། དག་པ་ནི་ཆོས་རྣམས་ཀྱི་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་ནས་རིན་ཆེན་འབེབས་པའི་མཐར་ཐུག་པའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དངོས་གྲུབ་རྣམས་ཐབས་དང༌། ཤེས་རབ་ཡོངས་སུ་རྫོགས་པའི་རྣལ་འབྱོར་པས་བསྒྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་དོ། །དེ་བས་ན་རྣལ་འབྱོར་པས་ཚོགས་ནི་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དངོས་གྲུབ་བསྒྲུབ་པའི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་བཤད་ནས། ད་ནི་དེ་
བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་གཟུངས་ཀྱི་དངོས་གྲུབ་བསྒྲུབ་པའི་ཚོགས་གསུངས་པ་ནི། དེ་ལ་འདི་ནི་ཕྱག་རྒྱའི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་དེ་ཞེས་བྱའོ། །དཀྱིལ་འཁོར་མང་པོ་ཞུགས་པ་དང༌། །ཞེས་བྱ་བ་ནི་མང་བོ་དེ་རྣམས་སུ་ཞུགས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་མང་པོར་བཞུགས་པའོ། །དེ་སྐད་དུ་ཡང༌། འཁོར་ལོ་དཀྱིལ་འཁོར་ཞེས་བཤད་དེ། །དེ་ཉིད་དམ་ཚིག་ཅེས་གྲགས་པའོ། །ཞེས་བྱ་བ་གསུངས་སོ། །དཀྱིལ་འཁོར་མང་པོ་བྲིས་པའི་ཕྱིར། །ཞེས་བྱ་བ་ནི་དཀྱིལ་འཁོར་ཡང་ཡིན་ལ་མང་བོ་ཡང་ཡིན་པས་ན་དཀྱིལ་འཁོར་མང་པོ་སྟེ། དེ་དག་བརྟགས་ཤིང་བྲིས་པའི་ཕྱིར་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱའོ། །དེ་ལྟར་གྱུར་བས་ན་ཅིར་འགྱུར་ཞེ་ན། ཚོགས་ནི་རྫོགས་པར་བྱ་བ་གསུངས་ཏེ། ཚོགས་ཐམས་ཅད་རྫོགས་པས་ན་ཕྱག་རྒྱ་རྣམས་ཀྱི་དངོས་གྲུབ་ཆེན་པོ་སངས་རྒྱས་ཉིད་དང༌། བྱང་ཆུབ་སེམས་དཔའ་ཉིད་ཐོབ་པའི་རྒྱུ་རབ་ཏུ་འཕེལ་བར་འགྱུར་རོ། །ད་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིགས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བ་ལ་སོགས་པའི་ཚུལ་དུ་ཞེས་བྱ་བ་གསུངས་པ་ནི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། རང་སངས་རྒྱས་དང༌། འཕགས་པ་ཉན་ཐོས་ཡང་དག་པར་སོང་བ་དང༌། ཡང་དག་པར་ཞུགས་ པ་དང༌། སེམས་ཅན་ཐམས་ཅད་ཀྱི་དུས་གསུམ ་དུ་ལུས་དང་ངག་དང༌། ཡིད་ལས་བྱུང་བའི་བསོད་ནམས་གང་ཅི་ཡང་རུང་བ་དེ་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བགྱིད་དོ་ཞེས་ངག་ཏུ་བརྗོད་ཅིང་རྗེས་སུ་ཡི་རང་བ་དེ་དང་པོར་བྱས་པའི་ལྷག་མ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་ཡིན་པས་རྗེས་སུ་ཡི་རང་བ་ལ་སོགས་པའི་སྒྲ་བརྗོད་དོ། །དེའི་ཚུལ་ནི་དེ་བཞིན་དུ་བརྗོད་དོ། །དེ་བཞིན་དུ་དམ་པའི་ཆོས་བཀླག་པ་དང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཟབ་མོའི་མདོ་སྡེ་འདོན་པའོ། །ད་ནི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ལ་རིག་པའི་ཚོགས་ཀྱི་དངོས་གྲུབ་གསུངས་པ་ནི། མ་རིག་རབ་ཏུ་སྤངས་པ་དང༌། །ཞེས་བྱ་བ་ལ་
སོགས་པ་ལ། དངོས་པོར་འཛིན་པའི་མངོན་པར་ཞེན་པ་ནི་མ་རིག་པའོ། །ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་དེ་བསྒོམས་པས་ཤིན་ཏུ་ཕུལ་དུ་བྱུང་བས་ངེས་པར་གསལ་བ་ནི་རབ་ཏུ་སྤངས་པའོ། །དེའི་དངོས་པོ་ནི་དེ་ཁོ་ན་ཉིད་དེ། དེ་གང་ལས་ཡན་ཞེ་ན། སྦྱིན་པའི་ཕ་རོལ་ཕྱིན་ཚུལ་ལས། །ཞེས་བྱ་བ་སྨོས་ཏེ། ཤེས་རབ་ཀྱི་སྟོབས་ཀྱིས་ལེན་པ་པོ་དང་གཏོང་བ་པོ་དང༌། གཏང་བར་བྱ་བ་མི་དམིགས་པ་དང༌། མངོན་སུམ་དུ་བྱེད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་སྤངས་པས་དེ་ཉིད་ཀྱི་ཚུལ་ནི་ཐོབ་པའི་ཐབས་སོ། །དེའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས། ཚོགས་ནི་ཡོངས་སུ་རྫོགས་ནས་ཀྱང༌། །ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པ་རྣམས་བཟླས་པས་དངོས་གྲུབ་ཐོབ་པོ་ཞེས་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་རྟོག་པ་ཐམས་ཅད་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་བཤད་ནས། ད་ནི་དེ་རྣམས་ཀྱི་མཚན་མ་འབྱུང་བ་མེད་ན། ཡེ་ཤེས་ཀྱི་དངོས་གྲུབ་ཏུ་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། །དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་མཚན་མ་འབྱུང་བ་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་གསུངས་པ་ནི། དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་རྣམས་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེ་ལ་སོགས་པ་དེ་དག་ཡེ་ཤེས་གང་ལས་འབྱུང་བ་དེ་ནི་རིགས་ཐམས་ཅད་ཀྱི་མཚན་མ་འབྱུང་བའི་ཡེ་ཤེས་སོ། །དེའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་མངོན་སུམ་དུ་བྱེད་པའོ། །དེ་ཇི་ལྟར་རྡོ་རྗེ་འབྱུང་ཞེ་ན་ཞེས་བྱ་བ་ནི་ཡེ་ཤེས་གང་གིས་རྡོ་རྗེ་ལ་སོགས་པ་བསྐྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བཅོམ་ལྡན་སེམས་དཔའ་སྟེ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཆེན་པོ་སྟེ། བཅོམ་ལྡན་འདས་ཀུན་དུ་བཟང་པོའི་བྱང་ཆུབ་ཆེན་པོའི་སེམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་བཞུགས་སོ་ཞེས་བྱ་བ་གང་ཡིན་པ་སྔར་བཤད་པའོ། །དེ་ཉིད་རྡོ་རྗེ་ལས་སྐྱེས་པས་ན་རྒྱུ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འགྱུར་
བ་གང་ཡིན་ཞེ་ན། ཐམས་ཅད་སེམས་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་ནས། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་གང་ཡིན་ཞེ་ན། ཉིད་བདག་ཅེས་བྱ་བ་སྨོས་ཏེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཞན་གྱི་དབང་མེད་པའི་ཕྱིར་རོ། །ཅིའི་ཕྱིར་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཞན་གྱི་དབང་མེད་པ་ཡིན་ཞེ་ན་གང་གི་ཕྱིར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྐུ་དང་གསུང་དང༌། ཐུགས་རྡོ་རྗེ་ནི་བཤད་ཟིན་ཏོ། །དེའི་རང་བཞིན་གྱི་སེམས་བརྟན་པ་ནི་རྡོ་རྗེ་སེམས་དཔའ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་དེ་གང་ཡིན་ཞེ་ན། རང་བྱུང་གི་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིའོ། །སེམས་དཔའ་ཀུན་གྱི་མཆོག་སེམས་དཔའ། །ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་པ་གཞན་དག་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་ལས་བྱུང་བ་དེའི་ཕྱིར་དེ་དག་གི་མཆོག་གོ །རྡོ་རྗེ་སྙིང་གར་རབ་བསྒོམས་ན། །རྡོ་རྗེ་སེམས་དཔའ་ཞེས་གྲགས་ཏེ། །ཞེས་བྱ་བ་ནི་གང་གི་ཚེ་དེ་བཞིན་གཤེགས་པ་ལ་སོགས་པའི་རྣལ་འབྱོར་པས་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པའི་རྣམ་པར་སྒོམ་པར་བྱེད་པ་དེའི་ཚེ། རྡོ་རྗེ་སེམས་དཔའ་ཞེས་གྲགས་སོ། །རྣལ་འབྱོར་གྱི་རྒྱུད་དུ་གྲགས་པ་ལ་ཕྱི་རོལ་དུ་ནི་སྐྱེས་བུའི་གཟུགས་སུ་ཡིན་ནོ་ཞེས་སེམས་ནི་འདི་ལ་རྡོ་རྗེ་རབ་ཏུ་གནས་ཞེས་བྱ་བ་སྟེ། སྙིང་གའི་སེམས་དཔའ་རྡོ་རྗེ་དེ་ལ་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ཀུན་རྫོབ་ཀྱི་གཟུགས་ཀྱིས་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་དངོས་པོ་ཐམས་ཅད་གཟུགས་བརྙན་ཙམ་དུ་རབ་ཏུ་གནས་པ་སྟོན་པར་བྱེད་པ་ཡིན་ནོ། །གཞུང་འདི་ཙམ་གྱིས་ནི་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའི་རྡོ་རྗེ་རྩེ་ལྔ་པའི་རྣམ་པར་བསྐྱེད་པ་བསྟན་ཏེ། དེ་ཉིད་སངས་རྒྱས་རྣམས་ཀྱི་ནི། །ཡེ་ཤེས་ཚུལ་དེ་མཉམ་མེད་དོ། །ཞེས་བྱ་བ་ནི་སེམས་དཔའ་རྡོ་རྗེར་གྱུར་པའི་རྡོ་རྗེ་སེམས་དཔའ་ཟླ་བའི་དཀྱིལ་འཁོར་དུ་བསྒོམ་པའི་ཡེ་ཤེས་ཀྱི་ཚུལ་ལོ། །ཡེ་ཤེས་ཀྱི་ཚུལ་དེ་གང་གི་ཡིན་ཞེ་ན། སངས་
རྒྱས་རྣམས་ཀྱི་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཉམ་པ་མེད་པའི་འོད་ཅན་སེམས་དཔའི་རྡོ་རྗེར་ངེས་པར་འབྱུང་བ་བསྟན་པ་དང༌། གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའ་སྣ་ཚོགས་པའི་གཟུགས་སུ་འགྱུར་པའོ། །ཁམས་གསུམ་ཀུན་གྱི་རྡུལ་སྙེད་དུ། །དེ་ཉིད་ཀྱི་ནི་རྒྱལ་བ་ཡིན། །ཞེས་བྱ་བ་ནི་སེམས་དཔའ་འབྱུང་བའི་དུས་སུ་བཛྲ་སཏྭ་ཞེས་བྱ་བ་ལ་སོགས་པའི་སྒྲས་བསྐུལ་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་ཏིང་ངེ་འཛིན་ལས་འབྱུང་བའོ། །དེ་དག་ཉིད་ཀྱི་རྒྱལ་བའི་རྡོ་རྗེའི་སྐུ་ནི་དེ་རྣམས་ལས། རྡོ་རྗེ་སེམས་དཔའ་ཡང་དག་འགྱུར། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་བརྙན་གཅིག་ཏུ་འགྱུར་བ་དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་ངོ་བོ་བསྐྱེད་པ་ཡིན་པ་དེའི་ཕྱིར། དེ་རྣམས་ལས་རྡོ་རྗེ་སེམས་དཔའ་ཡང་དག་པར་འགྱུར་རོ། །སེམས་དཔའ་དང་པོ་དེ་ཉིད་ལས། །མཚན་མ་ཐམས་ཅད་ཡང་དག་འབྱུང༌། །ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེར་འགྱུར་བ་ལས་རྡོ་རྗེ་སེམས་དཔའི་ངོ་བོ་དང༌། རྡོ་རྗེ་ལྕགས་ཀྱུ་ལ་སོགས་བའི་ཕྱག་རྒྱ་ལས་རྡོ་རྗེ་རྒྱལ་པོ་ལ་སོགས་པ་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང། ཇི་ལྟར་བཅོམ་ལྡན་རྟག་པ་ལས། །རྡོ་རྗེ་སེམས་དཔའ་ཀུན་འབྱུང་ལྟར། །རྡོ་རྗེའི་མཚན་མ་ལ་སོགས་ལས། །འབྱུང་བར་འགྱུར་པ་འགྲུབ་པ་ཡིན། །ཞེས་གསུངས་སོ། །མཚན་མ་ལས་ནི་སེམས་དཔའ་ཆེ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ནས་དྲིལ་བུའི་མཐར་ཐུག་པའི་རང་གི་མཚན་མ་རྣམས་ཀྱིས་དཀྱིལ་འཁོར་རྡོ་རྗེར་བསྒྲུབས་ནས་ཡེ་ཤེས་སེམས་དཔའ་འཇུག་པའི་དུས་སམ། འོག་མིན་དུ་མངོན་པར་བྱང་ཆུབ་པ་མངོན་སུམ་དུ་བྱེད་པའི་དུས་སུ་རྡོ་རྗེ་སེམས་དཔའི་སྐུ་བསྐྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གང་ལས་ཤེས་ཤེ་ན། །རང་གི་སེམས་
ཡོངས་སུ་སྦྱོང་བའི་དུས་སུ་སེམས་དཔའ་བྱིན་གྱིས་བརླབས་པའི་སྦྱོར་བས་རྡོ་རྗེ་སེམས་དཔའ་བསྐྱེད་ལ། རྡོ་རྗེ་སེམས་དཔའ་ལས་བྱུང་བ་ནི། རྡོ་རྗེ་རྒྱལ་པོ་ལ་སོགས་བ་བྱའོ་ཞེས་གསུངས་སོ། །དེའི་ཕྱིར་བདག་ཉིད་ཀྱི་རྣལ་འབྱོར་གྱི་དུས་སུ་རྡོ་རྗེ་རྒྱལ་པོ་ལ་སོགས་པ་རྣམས་རང་གི་མཚན་ལས་བསྐྱེད་པ་མ་ཡིན་ལ། སེམས་དཔའ་བསྐྱེད་པའི་དུས་སུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་ལས་འབྱུང་བ་ཡིན་པར་ཐེ་ཚོམ་མི་བྱའོ། །དེ་ལས་ཚུལ་འདི་ཐམས་ཅད་འབྱུང༌། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་ཐུགས་ཀའི་མཚན་མ་ལས་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་མདོ་འདི་གསུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཕན་ཡོན་གསུངས་པ་ནི། །གང་ཞིག་གིས་ནི་ཐོས་འགྱུར་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོས་འགྱུར་ཞེས་བྱ་བ་ནི་ཐོས་པ་བསྟན་ཏོ། །དད་ཅིང་ཞེས་བྱ་བ་ནི་དད་པ་སྐྱེས་པས་ལྷག་པར་སེམས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འཛིན་བྱེད་ཅེས་བྱ་བ་ནི། ཇི་ལྟར་ཐོས་པའི་མདོ་མ་བརྗོད་པར་སེམས་ལ་བཞག་ནས་དེ་སྟོན་པའོ། །སྙིང་གར་ཡང༌། རྟག་ཏུ་དགའ་བ་བསྒོམས་ནས་ནི། །ཞེས་བྱ་བ་ནི་ཇི་ལྟར་ཐོས་པ་དང༌། བསམ་པ་དང༌། ཤེས་པས་ངེས་པར་བྱས་ནས། ཡང་དང་ཡང་མངོན་དུ་བྱེད་ཅིང༌། རྟག་ཏུ་དགའ་བ་དང་ཡིད་མགུ་བར་སྦྱོར་བས་ན། དེ་ནི་མྱུར་དུ་གྲུབ་པ་ཐོབ། །ཅེས་བྱ་བ་ནི་སྒྲུབ་པ་པོས་མདོ་ཇི་ལྟར་ཐོས་པ་བསམ་པའི་ཤེས་པས་ངེས་པར་བྱས་ནས། ཡང་དང་ཡང་མངོན་དུ་བྱས་པ་ཉིད་ཀྱིས་སངས་རྒྱས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འབྱུང་བའི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་རྒྱུད་བསྟན་ནས། ད་ནི་སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང་རིག་སྔགས་རྣམས་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་མེད་ན་དངོས་གྲུབ་ཏུ་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་རྟོག་པ་ཐམས་ཅད་འབྱུང་བའི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་རྒྱུད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་རྟོག་པ་ཐམས་ཅད་ནི་ཇི་
སྐད་དུ་བཤད་པའོ། །དེ་དག་འབྱུང་བ་ནི་ཤེས་སྐྱེས་པ་སྟེ། གང་འབྱུང་བའི་ཡེ་ཤེས་དེ་ནི་རྟོག་པ་ཐམས་ཅད་འབྱུང་བའི་ཆོ་ག་ཡེ་ཤེས་སོ། །དེའི་ཆོ་ག་རྒྱས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་བྱེ་བྲག་རྣམ་པ་སྣ་ཚོགས་པའོ། །སངས་རྒྱས་རྣམས་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་པས་གཉིས་སུ་མེད་པའི་ཡེ་ཤེས་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ཡོད་པར་འགྱུར་བས་ན་རྟག་ཅིང་ཐེར་ཟུག་པའོ། །མི་རྟོག་པ་ནི་རྣམ་པར་རྟོག་པ་སྤངས་པའོ། །ཡེ་ཤེས་དེ་ལས་ཕྱག་རྒྱ་ཆེན་པོ་རྣམ་པར་རྟོག་པའི་གཟུགས་སུ་རྟོགས་པས་ན་རྟོག་པ་ཞེས་བརྗོད་དོ། །རྟོག་པ་མེད་པའི་ཡེ་ཤེས་ལས་ཕྱག་རྒྱ་ཆེན་པོ་ལ་སོགས་པར་རྟོགས་པ་གདུལ་བྱའི་དབང་གིས་སྐྱེ་བ་དེ་ལ་དེ་ལྟར་དེ་བཞིན་གཤེགས་པས་གསུངས་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་རྟོག་པ་འབྱུང་བའི་ཡེ་ཤེས་བཤད་ནས། ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱིས། མི་རྟོག་གང་ལ་རྟོག་བདག་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་གང་གི་ཚེ་རྣམ་པར་རྟོག་པའི་རྟོག་པ་མེད་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་ལ། རྟོག་པའི་བདག་ཉིད་ནི་དཀྱིལ་འཁོར་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ནོ། །དཀྱིལ་འཁོར་ལ་སོགས་པའི་ངོ་བོ་གདུལ་བྱའི་དབང་གིས་བརྟགས་པ་ལས་འབྱུང་བ་ཞེས་བྱ་སྟེ། དཀྱིལ་འཁོར་ལ་སོགས་པ་རྟོག་པ་ལས་བྱུང་བ་ནི་སྐྱེས་པའོ། །དཀྱིལ་འཁོར་ལ་སོགས་པའི་ངོ་བོ་དེ་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བ་སྨོས་ཏེ། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཕྱིར་རྟོགས་པ་ཞེས་བརྗོད་དོ། །ཞེས་བྱ་བ་ནི་གང་གི་ངོ་བོས་བརྟགས་པའི་རང་བཞིན་གྱི་རྟོག་པ་ནི་དེ་བཞིན་གཤེགས་པའི་རྟོག་པས་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་རིགས་ཀྱི་རྟོག་པའི་ངོ་བོའི་རང་བཞིན་དེ་ཉིད་ཀྱིས་གདུལ་བྱ་རྣམས་རྣམ་པར་རྟོག་པ་བརྟགས་བ་ཞེས་བརྗོད་དོ། །ད་ནི་རྡོ་རྗེ་རིགས་ཀྱི་ཆོ་ག་བཞིན་དུ་རི་མོ་བྲིས་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། འཇིག་རྟེན་གསུམ ་ལས་རྣམ་པར་རྒྱལ་བའི་རྟོག་པ་རྡོ་རྗེ་རིགས་ཀྱི་རང་བཞིན་གང་ཞིག་སེམས་ཀྱིས་བྲིས་ནས་པདྨའི་རིགས་སྤྲུལ་བའི་སེམས་བསྐྱེད་པའོ། །པདྨ་ལ་གནས་ཏེ་གཟུང་པའོ། །རི་མོ་བྲིས་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གཟུགས་སུ་རྣམ་པར་རྟོག་པས་བརྟགས་པའོ། །ངོ་བོ་ནི་གང་ཞིག་ཅི་ཞིག་སྟེར་བར་བྱེད་ཅེ་ན། རྟོག་པ་གྲུབ་བཞིན་ཞེས་རྟོག་པ། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ལ་སོགས་པའི་དངོས་གྲུབ་སྟེར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་རྟོག་པ་ཞེས་གསུངས་སོ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་རྣམ་པར་འདུལ་པའི་རྟོག་པའི་མཚན་ཉིད་ཡིན་པ་དེའི་ཕྱིར། དེ་བཞིན་གཤེགས་པ་རྟོག་པ་དང་བྲལ་བའི་བདག་ཉིད་བཅོམ་ལྡན་འདས་ཀྱིས་རྟོག་པ་ཞེས་བསྟན་ཏོ། །དེ་ལྟར་རྡོ་རྗེ་རིགས་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་བསྟན་ནས། ད་ནི་པདྨའི་རིགས་ཀྱི་ནི། རྟོག་པ་ལས་ནི་འདོད་ཆགས་འབྱུང༌། །ཞེས་བྱ་བ་ལ་སོགས་ཏེ། སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་པའི་འདོད་ཆགས་ནི་པདྨའི་རིགས་ཀྱི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་ཆགས་པའོ། །རྟོག་པ་དང་བཅས་པ་ལས་འབྱུང་བའི་པདྨའི་རིགས་སྤྲུལ་བའི་སེམས་བསྐྱེད་པའོ། །པདྨ་ལ་གནས་ཏེ་ཞེས་བྱ་བ་ནི་པདྨའི་རིགས་ཀྱི་རང་བཞིན་གྱི་ཆགས་པ་དེ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཀྱི་ཡེ་ཤེས་ཀྱི་ངོ་བོས་པདྨའི་བསྐྱེད་པའི་ཚུལ་ཉིད་ཀྱིས་རྟག་ཏུ་གནས་པ་སྟེ། དེ་སྐད་ཅིག་རེ་རེ་ཞིང་པདྨའི་རིགས་བསྐྱེད་པའི་རྒྱུར་གྱུར་པར་གནས་པའི་ཕྱིར་རོ། །དེའི་ཕྱིར་རྟོག་པ་གནས་པ་ནི་གྲུབ་པ་ཉིད་དེ་འགྱུར་རོ་ཞེས་བྱ་བ་ལ། དེའི་ཕྱིར་རང་བཞིན་གྱིས་དག་པའི་ཆོས་ཉིད་ཀྱི་ངོ་བོའི་ཡེ་ཤེས་ནི་པདྨའི་གདུལ་བྱའི་རྣམ་པར་རྟོག་པ་ལ་བརྟེན་ནས། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་འབྱུང་ཞིང་སྐྱེ་བར་འགྱུར་རོ། །འདི་ལས་ཀྱང་པདྨའི་རིགས་ཀྱི་རྟོག་པ་འབྱུང་བའི་རྟོག་པ་གསུངས་ཤིང་བཤད་པ་ཡིན་ནོ། །ད་ནི་ནོར་བུའི་རིགས་ནི་དེ་ལ་འདི་ནི་ནོར་བུའི་རིགས་ཀྱི་རྟོག་པ་འབྱུང་བའི་རྒྱུད་ཅེས་བྱ་བ་གསུངས་ཏེ། ནོར་བུ་ནི་ཡིད་བཞིན་གྱི་ནོར་བུ་སྟེ། དེ་ལ་སེམས་མེད་པས་ན་རྟོག་པ་མེད་པའོ། །མཐུ་ཡིས་ཤིན་ཏུ་མཆོག་གྱུར་པ། །ཞེས་བྱ་བ་ནི་སེམས་ཅན་གང་དང་གང་གིས་ཡིད་བཞིན་གྱི་ནོར་
བུ་ལག་ཏུ་འཐོབ་པར་འགྱུར་བ་དེ་དང་དེ་དག་གི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། བསམ་པ་ཙམ་ཁོ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །དེ་དང་དེ་དག་གི་རྣམ་པར་རྟོག་པ་མེད་ཀྱང་ཡིད་ལ་བསམ་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ལས་ཀྱི་མཚན་ཉིད་མཐུ་ཤིན་ཏུ་མཆོག་ཏུ་གྱུར་པས་མངོན་པར་འཐོབ་པའོ། །དེ་ལྟར་རྣམ་པར་མི་རྟོག་པ་ལས། ལྷ་རྫས་དངོས་གྲུབ་འབྱུང་བར་འགྱུར། །ཞེས་བྱ་བ་ནི་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་ནི་རྣམ་པར་མི་རྟོག་པ་ལས་བསམས་པ་ཙམ་གྱིས་སེམས་ཅན་རྣམས་ལ་འཇིག་རྟེན་པའི་དངོས་གྲུབ་འབྱུང་བར་འགྱུར་རོ། །རྟོག་པ་མེད་པ་རྣམ་པར་རྟོག་པར་འགྱུར་བ་ཡིན་ན་མ་ཞེ་ན་མ་ཡིན་ཏེ། རྟོག་པ་གཏན་མེད་པའི་ཕྱིར་རོ། །དེ་ལྟར་མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་རྟོག་པ་ནི་ནོར་བུ་དང་མཚུངས་པས་ན་རྣམ་པར་མི་རྟོག་པ་ལས་ནོར་བུའི་རིགས་ཀྱི་དངོས་གྲུབ་ཐམས་ཅད་འབྱུང་བ་ཡིན་ནོ། །རྣམ་པར་རྟོག་པ་ལས་འདུལ་བ་གང་ཡིན་པ་དེ་ལ་རིན་པོ་ཆེའི་རིགས་བསྐྱེད་པའི་རྒྱུར་འགྱུར་བ་ནི་རྣམ་པར་མི་རྟོག་པ་ལ་རྟོག་པ་ཞེས་བརྗོད་དོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་པ་ཐམས་ཅད་ཀྱི་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་མེད་ན་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་འབྱུང་བའི་ཡེ་ཤེས་ཀྱི་དངོས་གྲུབ་ཏུ་མི་འགྱུར་རོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་རྟོག་པ་ཐམས་ཅད་ཀྱི་སྙིང་པོ་ལ་སོགས་པས་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་སོགས་པའི་རྟོག་པ་ཐམས་ཅད་ཀྱི་རིགས་རྣམ་པ་བཞིའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྣམ་པར་སྣང་མཛད་ལ་སོགས་པ་ནས་རིན་ཆེན་འབེབས་པའི་མཐར་ཐུག་པའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་ཀྱིས་སྟོན་པར་བྱེད་པའི་སྒྲ་ལ་སྙིང་པོ་ཞེས་བྱའོ། །དེ་འབྱུང་བའི་ཡེ་ཤེས་ལ་དེ་སྐད་ཅེས་བྱའོ། །ཡིད་ལ་འདོད་པའི་ཆོ་ག་ཡིས། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བསྒྲུབ་
པའི་སྒྲུབ་པ་པོས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོ་ག་གང་ཡིན་པ་དེ་ནི་ཡིད་ལ་འདོད་པའི་ཆོ་གའོ། །དེ་ལ་ཆོ་ག་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་དང༌། བཟླས་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེས་འགྲུབ་པར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ནོ། །ཏིང་འཛིན་བསྒྲུབ་པའི་སྙིང་ལ་གནས། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གཟུགས་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །དེ་སྒྲུབ་པ་པོས་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱེད་པའོ། །དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། སྙིང་ལ་གནས་པ་ནི་བློ་ལ་གནས་པ་སྟེ། རྟོགས་པར་བྱ་བའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སྙིང་པོ་ཞེས་བརྗོད་དོ་ཞེས་བྱ་བ་ནི་རྟོགས་པར་བྱ་བའི་ངོ་བོ་ཡིན་པ་དེས་ན་སེམས་དཔའ་ནི་སྙིང་པོ་སྟེ། གཟུང་བར་བྱ་བའི་ཆོ་གའི་ངོ་བོ་གནས་པའི་ཕྱིར་རོ། །རྟོགས་པར་བྱ་བ་དོན་དུ་གཉེར་བ་ཐ་མི་དད་པར་ཉེ་བར་བརྟགས་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ངོ་བོ་དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་སྙིང་པོ་ཞེས་བརྗོད་དོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྙིང་པོ་འབྱུང་བའི་ཡེ་ཤེས་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་འབྱུང་བའི་ཡེ་ཤེས་ནི་དེ་ནས་རྟོག་པ་ཐམས་ཅད་ཀྱི་ཕྱག་རྒྱ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་གསུངས་ཏེ། དེ་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཕྱག་རྒྱ་མཆོག་ཏུ་བསྟན་པ་ནི་འདའ་བར་དཀའ་ཞིང་མི་ཕྱེད་པས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཕྱག་རྒྱ་མཆོག་གི་ཡོངས་སུ་གཟུང་བའི་ཁྲིམས་ཏེ། ཚིག་གིས་བཅས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དེའི་ཁྲིམས་ལ་གནས་པ་རྣམས་ཀྱིས་འདའ་བར་དཀའ་ཞིང་མི་ཕྱེད་པ་བཞིན་དུ་བདག་ཉིད་ཆེན་པོའི་གཟུགས་བརྙན་ནི་དེ་བཞིན་གཤེགས་པ་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདག་ཉིད་ཆེན་པོ་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་འདའ་བར་དཀའ་ཞིང་མི་ཕྱེད་པས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་རྒྱས་བཏབ་པས། ཕྱག་རྒྱ་ཞེས་བྱ་བས་གྲགས་པར་དེ་བཞིན་གཤེགས་པས་བསྟན་པའོ། །དེ་ལྟར་ཕྱག་རྒྱ་འབྱུང་བའི་ཡེ་ཤེས་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་
པའི་སྔགས་འབྱུང་བའི་ཡེ་ཤེས་ནི། དེ་ནས་རྟོག་པ་ཐམས་ཅད་ཀྱི་སྔགས་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་དེ་ཞེས་བྱ་བ་གསུངས་ཏེ། འདའ་བར་བྱ་བ་མ་ཡིན་ཞིང༌། །ཞེས་བྱ་བ་ལ་སོགས་པ་ལ། འདའ་བར་བྱ་བ་མ་ཡིན་པ་ནི་ཁྱད་དུ་མི་གསོད་པའོ། །དབྱེ་བར་དཀའ་བ་ནི་བསྟན་པར་བྱ་བ་མ་ཡིན་ནོ། །གསང་བ་ཉིད་ཅེས་བྱ་བ་ནི་མི་བསྟན་པའོ། །གསང་བ་འགྲུབ་ཕྱིར་བརྗོད་པས་ན། །ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བཟླས་པ་སོ་སོར་རང་རིག་པའི་དོན་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་རྣམ་པར་སྣང་མཛད་ལ་སོགས་པ་ལ་གཟུགས་བརྙན་དང་མཚུངས་པ་མངོན་པར་འདུ་མི་བྱེད་པ་ནི་གསང་བའི་དངོས་གྲུབ་སྟེ། དེའི་དོན་བརྗོད་པ་ལ་སྔགས་ཞེས་གསུངས་པ་ཡིན་ནོ། །དེ་ཡི་ཕྱིར་ན་སྔགས་ཞེས་བརྗོད།། ཅེས་བྱ་བ་ནི་གསང་བ་ལ་སོགས་པ་སྔགས་ཀྱི་ཚུལ་མ་ཡིན་པ་དེ་ན་སྔགས་ཕྱི་མ་རྣམས་ལ་ཡང་ཆོས་མཐུན་པས་སྔགས་ཞེས་བརྗོད་དེ། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་རིག་པ་འབྱུང་བའི་ཡེ་ཤེས་གསུངས་པ་ཡིན་ནོ། །མ་རིག་པ་ནི་གྲགས་པར་ཟད་པའོ། །དེ་རབ་ཏུ་གཞག་ཅིང་འཇིགས་པས་ན་གཞག་པའོ། །ངག་གི་རིག་པ་མཆོག་གྲུབ་ཅིང༌། །ཞེས་བྱ་བ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་ན་གང་གི་རིག་པ་མཆོག་གྲུབ་པའོ། །རྟོགས་ཤིང་རིག་པའི་དངོས་གྲུབ་སྟེ། །དེ་ཕྱིར་རིག་པ་ཞེས་བརྗོད་དོ། །ཞེས་བྱ་བ་ནི་སོ་སོ་ཡང་དག་པར་རིག་པ་བཞིའི་ཡེ་ཤེས་ཐོབ་པའི་དངོས་གྲུབ་སྟེ། སོ་སོ་ཡང་དག་པར་རིག་པ་རྟོགས་པ་ཐོབ་ཅིང་རྙེད་པ་ནི་རིག་པའི་དངོས་གྲུབ་བམ། རིག་པའི་ཐབས་ཞེས་བྱ་བ་ཁམས་ཀྱི་དོན་ཐ་དད་པས་དངོས་གྲུབ་ཐོབ་པ་ནི་གྲུབ་པའོ། །གང་གིས་དེ་ལྟར་མ་རིག་བཅོམ། །རང་གི་རིག་པ་མཆོག་གྲུབ་སྟེ། །སོ་སོ་ཡང་དག་པར་རིག་པ་བཞི་རྟོགས་ཤིང་ཁོང་དུ་ཆུད་པའི་རང་བཞིན་གྱི་དངོས་གྲུབ་ཀྱི་ངོ་བོ་ཡིན་པ་དེའི་ཕྱིར། རིག་པ་ཞེས་དེ་བཞིན་གཤེགས་པས་
གསུངས་སོ། །གང་གི་ཚེ་ཡེ་ཤེས་འདི་སྒྲུབ་པ་པོའི་རྒྱུད་ལ་བསྐྱེད་པའི་རྒྱུར་གྱུར་པ་ནི་རིགས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་བསྟན་ནས། ད་ནི་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པ་ཟློས་པ་པོ་རང་དང་གཞན་གྱི་སྐལ་པ་དང་ལྡན་པ་དང༌། སྐལ་པ་དང་མི་ལྡན་པ་བརྟག་པར་བྱས་ནས་འཇུག་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་རྟོག་པ་ཐམས་ཅད་ཀྱི་ཡེ་ཤེས་འབྱུང་བའི་རྒྱུད་གསུངས་པ་ཡིན་ནོ། །རྟོག་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས་རིན་ཆེན་འབེབས་པའི་མཐར་ཐུག་པའི་ཡེ་ཤེས་འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བའི་དངོས་པོ་ཚིག་དེ་ལ་ངེས་པ་ཡིན་ནོ་ཞེས་གསུངས་སོ། །རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོར་བཤད་པའི་སྔགས་ཀྱི་སྙིང་པོ་དེ་བཟླ་བར་བྱའོ། །གང་གི་ཡིན་པར་རིག་པར་བྱ་ཞེ་ན། བདག་གམ་གཞན་ཡང་རུང་བའོ། །གང་ལ་རིག་པར་བྱ་ཞེ་ན། །འདས་པ་དང་བྱུང་བ་དང་འབྱུང་བར་འགྱུར་བའོ། །གང་གིས་མཐོང་བ་ནི་མིག་གི་རྣམ་པར་ཤེས་པའོ། །ཐོས་པ་ནི་རྣ་བའི་རྣམ་པར་ཤེས་པའོ། །ཐམས་ཅད་དེ་བཞིན་དུ་དེ་ཤེས་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་དང་གནས་བསྲུང་བ་ཇི་ལྟ་བ་བཞིན་དུ་བྱས་ན། རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་ལྷའི་རྣལ་འབྱོར་ཕྱག་བཞིའི་མཐར་ཐུག་པ་རྗེས་སུ་སྤྱད་ལ། རང་གི་སྙིང་གའི་ཟླ་བ་ལ་རང་གི་ཕྱག་རྒྱའང་དེའི་དབུས་སུ་བཟླས་པའི་ཡི་གེ་རྣམ་པར་བསམས་ཏེ། དེ་ཉིད་བརྗོད་པར་བྱའོ། །ཆོས་ཐམས་ཅད་གཟུགས་བརྙན་དང་མཚུངས་པའི་བདེན་པ་གང་ཡིན་པ་དེའི་བདེན་པས་དེ་འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བའི་སེམས་ཀྱི་བདག་ཉིད་ཇི་ལྟ་བ་དེས་ཐམས་ཅད་བདག་ལ་སོ་སོར་སྣང་བར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱི་རླབས་བྱས་ལ། ཇི་སྲིད་ཐམས་ཅད་དུ་མཐོང་བ་དང་ཐོས་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་གནས་པར་བྱའོ། །ད་ནི་
ཕྱག་རྒྱའི་ཡེ་ཤེས་འབྱུང་བ་ནི། །གང་ཡང་རུང་བའི་ཕྱག་རྒྱ་བཅིངས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་གཟུངས་ཀྱི་ཕྱག་རྒྱ་དེ་ལས་གང་ཡང་རུང་བའི་ཕྱག་རྒྱ་གཅིག་བཅིང་བའོ། །བདག་གིས་ཆོ་ག་ཇི་བཞིན་དུ། །ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ལ་སྙིང་གར་རང་གི་རིགས་ཀྱི་མཚན་མ་ལ་གཟུངས་ཀྱི་རིག་པ་རྣམ་པར་བཀོད་དེ། དེ་ཉིད་བརྗོད་ཅིང༌། རང་གི་གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ནས། སྔ་མ་བཞིན་དུ་བྱུང་ཟིན་པ་དང༌། འབྱུང་བ་དང༌། འབྱུང་བར་འགྱུར་བའི་སྐྱེ་བོ་ཐམས་ཅད་ཡོངས་སུ་བརྟག་པར་བྱའོ། །དེ་བས་ན། འཇིག་རྟེན་པ་ལ་བལྟས་ན་ནི། །གོང་མ་བཞིན་དུ་ཀུན་དུ་འབྱུང༌། །ཞེས་བྱ་བ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དངོས་པོ་སོ་སོར་བརྟགས་ནས་འཇིག་རྟེན་པ་ཐམས་ཅད་བརྟག་པར་བྱའོ། །ད་ནི་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྔགས་ཀྱི་ཡེ་ཤེས་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལན་ཅིག་ཙམ་ཡང་སྔགས་བརྗོད་ན། །ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་སྔགས་བརྗོད་པའོ། །རང་གི་ལྕེ་ལ་སྨྲར་གྱུར་པ། །ཞེས་བྱ་བ་ནི་དེ་བཟླས་པས་རང་གི་ལྕེ་ལ་གང་ཡང་རུང་བ་སྨྲ་བར་འགྱུར་རོ། །དེ་གང་ཡིན་ཞེ་ན། འདས་དང་བྱུང་དང་འབྱུང་གང་ཡིན། །ཞེས་བྱ་བ་ནི་གོ་སླའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་ལ། རང་གི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་ལྷའི་ཆོས་ཀྱི་ཕྱག་རྒྱ་བཅིངས་ཏེ། ལྕེ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམས་ནས། རང་གི་ལྷའི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྔགས་ཀྱི་ཡི་གེ་རྣམ་པར་བཀོད་ལ། དེ་ཉིད་བརྗོད་ཅིང་བདེན་པའི་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་ཇི་སྲིད་དུ་རང་རང་གི་ལྷའི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྔགས་ཀྱི་ཡི་གེ་རྣམ་པར་
བཀོད་པ་དེ་ཉིད་བརྗོད་ཅིང༌། བདེན་པའི་བྱིན་གྱིས་བརླབས་པ་དང་བཅས་པས་རང་ཉིད་སྔགས་ལན་ཅིག་བརྗོད་ན་ཐམས་ཅད་སྨྲ་བར་འགྱུར་རོ། །ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པ་རྣམས་ནི། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་རིག་པའི་ཡེ་ཤེས་སྐྱེ་བ་ཡིན་ནོ། །རིག་པ་ལན་ཅིག་བརྗོད་ན་ནི། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་རང་གི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རང་གི་རིགས་པའི་ལས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བདེན་པའི་བྱིན་གྱིས་བརླབས་བདར་ནས། །རང་གི་སྙིང་གའི་རྡོ་རྗེ་ལ་རིག་པའི་ཡི་གེ་རྣམས་བཀོད་ནས། ལན་ཅིག་བརྗོད་ནས་ཇི་སྲིད་དུ་རང་གི་ལྷའི་གཟུགས་ཀྱིས་བདག་ཉིད་དུ་གྱུར་བ་དེ་སྲིད་དུ་བསྒོམས་ན་མངོན་པར་འདོད་པའི་དངོས་པོ་ཡོངས་སུ་ཤེས་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་རྟོག་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའི་རྒྱུད་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱིས་ཟློས་པ་པོས་ཐུན་མོང་དང༌། ཁྱད་པར་གྱི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེའི་ཕྱག་རྒྱའི་སྒྲུབ་པ་ཉམས་སུ་བླང་བར་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་པ་ལ་སོགས་པ་རིགས་ཐམས་ཅད་ཀྱི་ཐུན་མོང་བ་ནི་སྤྱིའོ། །དེ་གང་ཞེ་ན། གསང་བའི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རྡོ་རྗེ་ཕྱག་རྒྱའོ། །དེ་བསྒྲུབ་པ་ནི་དེ་རྫོགས་པའི་རྒྱུར་གྱུར་པའོ། །ཇི་ལྟར་དེ་ལྟར་འདུག་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་ཟློས་པ་པོ་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ཟློས་པ་པོས་སྔོན་དུ་བསྙེན་པའི་དུས་སམ། བསྒྲུབ་པའི་དུས་སུ་སྐྱིལ་མོ་ཀྲུང་གང་རུང་བ་དེས་འདུག་ལ་བསྒྲུབ་པ་དང་བཟླས་པ་བྱའོ། །ཇི་ལྟར་བྲིས་པའི་རྗེས་འབྲངས་ནས། །བདག་ཉིད་ལྷའི་གཟུགས་སམ་མདུན་དུ་བསྒོམ་པར་བྱ་བ་ཡིན་ནོ། །ཇི་ལྟར་རི་མོའི་ཚུལ་དུ་ནི། །བརྐྱང་བསྐུམ་ལ་སོགས་རབ་གནས་པ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རིགས་ཀྱི་ཟློས་པ་པོས་དེ་ལས་བཤད་པའི་དཀྱིལ་འཁོར་ཆེན་པོ་དང༌། གཟུངས་དང༌། ལས་ཀྱི་དཀྱིལ་
འཁོར་གྱི་སྒྲུབ་པོས་བསྒྲུབ་པའི་ཚེ། ཇི་ལྟར་བྲིས་པ་དང་རྗེས་སུ་མཐུན་པར་བརྐྱང་བསྐུམ་གྱི་ཚུལ་དུ་གནས་པས་གནས་པར་བྱའོ། །རང་གི་ལྷའི་གཟུགས་སུ་བདག་ཉིད་མདུན་དུ་བསྒོམས་ལ། ཤིན་ཏུ་ཁྲོས་པས་མཚན་ཐོག་ཐག་བཟླས་ཤིང་བསྒྲུབ་པར་བྱའོ། །ཆོས་ཀྱི་དཀྱིལ་འཁོར་གྱི་རྣལ་འབྱོར་པས་ཀྱང་སྐྱིལ་མོ་ཀྲུང་གིས་འདུག་སྟེ། དེ་ལས་བཤད་པའི་ཆོས་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱའོ། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ལ། །ཞེས་བྱ་བ་ལ། པདྨའི་རིགས་ཀྱི་སྒྲུབ་པ་པོས་བསྒྲུབ་པའི་ཚེ་རང་གི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཇི་ལྟར་བྲིས་པ་དང་རྗེས་སུ་མཐུན་པར་རང་གི་ལྷའི་གཟུགས་ཀྱི་བདག་ཉིད་དམ། མདུན་དུ་མཚན་ཐོག་ཐག་ཟློས་ཤིང་བསྒོམ་པར་བྱའོ། །ཇི་ལྟར་འདུག་གམ་ཉལ་བའམ། །ཞེས་བྱ་བ་ལ་སོགས་པ་ལ། ནོར་བུའི་རིགས་ཀྱི་ཟློས་པ་པོས་སྔོན་དུ་བསྙེན་པའི་དུས་སམ། བསྒྲུབ་པའི་དུས་སུ་ལྡང་བ་དང༌། འདུག་པ་དང༌། འཆགས་ཀྱང་རུང་སྟེ། བསྒྲུབ་པའམ་བཟླས་པ་བྱའོ། །རྡོ་རྗེ་རིན་ཆེན་དབང་བསྒྱུར་ན། །ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཟློས་པའམ། བསྒོམ་པ་ལ་རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་སྐུའི་གསང་བའི་ཕྱག་རྒྱའི་སྒྲུབ་པ་བཤད་ནས། ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བའི་ཕྱག་རྒྱ་བསྒྲུབ་པ་གསུངས་པ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལྕེ་རྩེ་ཤིན་ཏུ་མི་བསྒུལ་ཞིང༌། །ཞེས་བྱ་བ་ནི་ལྕེའི་རྩེ་མོ་ནི་མི་བསྐྱོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཤིན་ཏུ་མི་བསྐྱོད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །སོ་དང་མཆུ་ག་ཉིས་སྦྱར་ནས་ནི། །ཞེས་བྱ་བ་ནི་ཤིན་ཏུ་སོ་དང་མཆུ་སྦྱར་བ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་སྒྲ་དང་བྲལ་བའི་རྡོ་རྗེའི་ཚིག་ནི་སྒྲ་སྤངས་པའོ། །རྟོག་པ་ཐམས་ཅད་བསྒྲུབ་བྱ་ཞིང༌། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ནས། རིན་པོ་ཆེའི་རིགས་ཀྱི་མཐར་ཐུག་པའི་རྟོག་པ་ཐམས་ཅད་བསྒྲུབ་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཐུན་མོང་གི་ཕྱག་རྒྱ་བསྒྲུབ་པའི་རྒྱུད་
བསྟན་ནས། ད་ནི་རྡོ་རྗེ་རིགས་ཀྱི་ཁྱད་པར་བསྒྲུབ་པ་ནི། །ཧཱུཾ་ཞེས་བྱ་བའི་འཐུག་སྒྲ་སྒྲོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒྲགས་པ་གཞན་དུ་ཧཱུཾ་ཞེས་བྱ་བ་གང་ཡིན་པ་ཁྲོ་བོ་གང་གིས་ཡི་གེ་འབྲུག་སྒྲ་ལྟར་སྒྲོགས་པའོ། །ཧཱུཾ་ཞེས་བྱ་བ་འབྲུག་སྒྲ་ལྟར་ས་འོག་གི་མཐར་ཐུག་པར་ཐོས་པས་ན་ཟབ་པའོ། །བརྟན་པ་ནི་དུས་ཡུན་རིང་དུ་གནས་པའོ། །རྡོ་རྗེ་ཆེན་པོ་ཁྲོ་བོས་གསལ། །རྡོ་རྗེ་ཁྲོ་བོའི་གསུང་འགྲུབ་པོ། །ཞེས་བྱ་བ་ནི་རྡོ་རྗེ་ཆེན་པོ་ཡང་ཡིན་ལ་ཁྲོ་བོ་ཡང་ཡིན་པས་རྡོ་རྗེ་ཆེན་པོའི་ཁྲོ་བོ་སྟེ། དམིགས་པའི་ཐུགས་རྗེ་ཆེན་པོ་ལས་འབྱུང་བའི་རྡོ་རྗེ་ཆེན་པོའི་རིགས་ཀྱི་རང་བཞིན་གྱི་ཁྲོ་བོ་དེའི་གསུང་གི་དེ་ཡིན་ནོ་ཞེས་ངེས་པ་བསྐྱེད་ནས། བཟླས་པ་བྱས་པ་འདིས་རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་རྡོ་རྗེ་རིགས་ཀྱི་ཁྱད་པར་གྱི་བསྒྲུབ་པ་བརྗོད་ནས། ད་ནི་པདྨའི་རིགས་ནི། དབུགས་མི་འབྱིན་ལྟར་དབུགས་འབྱིན་ཅིང༌། །ཞེས་བྱ་བ་སྨོས་ཏེ། དབུགས་མི་འབྱིན་པའི་དོན་ནི་ཅུང་ཟད་ཅིག་དབུགས་མི་འབྱིན་པ་ལྟར་དབུགས་ཕྱུང་ནས། ཕྲ་བའི་ཚིག་ཤིན་ཏུ་གསལ་ཞིང་ཐོས་པར་འགྱུར་བ་དེ་ལྟ་བུར་དེས་པདྨའི་རིགས་ཀྱི་སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་རྣམས་བསྒྲུབ་པ་ནས། །སྒྲུབ་པ་པོ་རྣམས་བསྒྲུབ་པར་འགྱུར། །ཞེས་བྱའོ། །ཁྱད་པར་ཅི་ལྟ་བུ་ཞེ་ན། ཏིང་འཛིན་ཡེ་ཤེས་སྙིང་པོ་ཡིས། །ཞེས་བྱ་བ་སྨོས་ཏེ། ཏིང་ངེ་འཛིན་ཡེ་ཤེས་རྣམས་ནི་ཏིང་ངེ་འཛིན་ཡེ་ཤེས་སོ། །དེའི་སྙིང་པོ་ནི་དེའི་བསྐྱེད་པའི་གནས་སུ་འགྱུར་བ་གང་ཡིན་པ་དེ་ལ་ཏིང་ངེ་འཛིན་ཡེ་ཤེས་སྙིང་པོ་ཞེས་བྱའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། མཉམ་པར་བཞག་པའི་སེམས་ཀྱིས་བཟླས་པར་བྱས་པ་ཡིན་ནོ། །ད་ནི་ནོར་བུའི་རིགས་ནི། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་ཡོངས་སུ་གསལ་ཚིག་གིས། །ཞེས་བྱ་བ་ལ། ཤིན་ཏུ་ཡོངས་སུ་གསལ་བ་ནི་ཤིན་ཏུ་ཡོངས་སུ་གསལ་ཞིང་འདོན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རྟག་ཏུ་འདུད་ལ་བརྩོན་བྱེད་ཅིང༌། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་དམིགས་ཤིང་ཕྱག་བཙལ་བས་གོམས་པས་ཕུལ་དུ་ཕྱུང་བ་ཉིད་དོ། །ཚུལ་འདི་བཟླས་
པར་གྱུར་ན་ནི། །ཞེས་བྱ་བ་ལ་ནོར་བུའི་རིགས་ཀྱི་ཟློས་པ་པོས་ངག་གི་བཟླས་པ་དེ་ལྟ་བུ་བྱས་པར་འགྱུར་བ་དེ་སེར་སྣ་ཡོངས་སུ་སྤངས་པའི་ཚུལ་གྱིས་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པའི་དངོས་གྲུབ་ཀྱི་མཚན་ཉིད་མྱུར་དུ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་གསང་བའི་ངག་གི་ཕྱག་རྒྱ་བསྒྲུབ་པ་བསྟན་ནས། ད་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་སེམས་ཀྱི་གསང་བའི་ཕྱག་རྒྱ་བསྒྲུབ་པ་གསུངས་བ་ཡིན་ནོ། །གང་གིས་ཤེན། རྟག་ཏུ་འདོད་པ་བཅོམ་ལྡན་འདས། །ཞེས་བྱ་བ་སྨོས་ཏེ། ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་བདེ་སྦྱིན་པ། །ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ལ་དམིགས་པའི་རྣལ་འབྱོར་འདིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་བསྐྱེད་པས་ན་བདེ་བ་སྦྱིན་ནོ། །རྡོ་རྗེ་སེམས་དཔའ་བདག་ཉིད་དུ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་རིགས་ཀྱི་ཟློས་པ་པོ་རྣམས་ཀྱིས་བདག་ཉིད་གཟུགས་བརྙན་དང་མཚུངས་པ་དང༌། རང་གི་ལྷའི་གཟུགས་གདོད་མ་ནས་མ་སྐྱེས་པ་ཡིན་ནོ་ཞེས་བསྒོམ་ཞིང་བཟླས་པ་བྱའོ། །ད་ནི་རྡོ་རྗེའི་རིགས་ཀྱི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཀུན་ལ་ཕན་པ་དང༌། ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕན་པ་དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེའི་རིགས་ཀྱི་ཟློས་པ་པོས་མ་རུངས་པ་ཐམས་ཅད་ཁྲོ་བོས་འདུལ་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་རྡོ་རྗེའི་རིགས་ཀྱི་རང་བཞིན་དུ་བསམས་ལ། རང་གི་ལྷའི་ང་རྒྱལ་དུ་བསྐྱེད་ནས་བཟླས་པར་བྱའོ། །ད་ནི་པདྨའི་རིགས་ཀྱི་དེ་ལ་འདི་ནི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་པདྨ་རབ་ཆགས་པ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྲིད་པའི་ཆགས་པས་དེ་འགྲུབ་འགྱུར། །ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སེམས་ཅན་གྱི་སྲིད་པ་སྨིན་ཞིང་གྲོལ་བར་ནུས་པའོ། །འདི་སྐད་སྟོན་པ་ཡིན་
ཏེ། པདྨའི་རིགས་ཀྱི་ཟློས་པ་པོས་སེམས་ཅན་གྱི་ཁམས་མ་ལུས་པའི་པདྨའི་རིགས་ཀྱི་རང་བཞིན་དུ་བསྐྱེད་ནས། ཐམས་ཅད་བདག་ཡིན་ནོ་ཞེས་ནུས་པ་བསྐྱེད་ལ་བཟླས་པ་བྱའོ། །ནོར་བུའི་རིགས་ཀྱི་དེ་ལ། འདི་ནི་ནོར་བུའི་རིགས་ཀྱི་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནམ་ཞིག་སེམས་ཅན་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། ནོར་བུའི་རིགས་ཀྱི་ཟློས་པ་པོས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བྱམས་པ་དང༌། སྙིང་རྗེའི་ཚུལ་དུ་བལྟས་ལ་རིན་པོ་ཆེའི་རིགས་ཀྱིས་དབང་བསྐུར་བས་དབང་བསྐུར་ལ། བསམ་པ་ཡོངས་སུ་རྫོགས་པའི་རིན་པོ་ཆེའི་རིགས་སུ་བསྐྱེད་ནས། །རང་གི་ལྷའི་ང་རྒྱལ་བསྐྱེད་པར་བྱའོ། །ཇི་ལྟར་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་གསང་བའི་ཕྱག་རྒྱའི་སེམས་ཅན་གྱི་བསྒྲུབ་པ་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིག་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཕྱག་རྒྱ་བསྒྲུབ་པ་ནི། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ལངས་པའམ་འདུག་པའམ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་རྣལ་འབྱོར་རམ་དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་ཉིན་རེ་ཞིང་ལན་ཅིག་བྱ་བའམ། དེ་བཞིན་གཤེགས་པའི་རྣལ་འབྱོར་གྱིས་ལག་པ་གཡོན་པ་ཆོས་གོས་འཛིན་པའི་ཁུ་ཚུར་གྱིས་གཡོགས་ཏེ། སྤྱོད་ལམ་རྣམ་པ་བཞིར་རང་གི་ལྷའི་སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པ་གང་ཡང་རུང་བ་དེ་ཟློས་ཤིང༌། རྟག་ཏུ་རང་གི་ལྷའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་རྣལ་འབྱོར་པས་ཀྱང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བྱའོ། །ད་ནི་རྡོ་རྗེའི་རིགས་གསུངས་པ་ནི། དེ་ལྟ་དེ་ལྟར་གནས་ནས་ཀྱང༌། །ཇི་ལྟ་ཇི་ལྟར་བྱེད་ཀྱང་རུང༌། །ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་བྱ་སླ། ཕྱག་བཞིའི་མཐར་ཐུགས་པའི་ཆོ་ག་རྗེས་སུ་སྤྱད་ནས། གཡོན་པའི་ཁྲོ་བོ་ཁུ་ཚུར་གྱི་མཛུབ་མོ་ཆོས་གོས་ཀྱི་གཡོགས་ལ། །སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པ་རྣམས་ལས་གང་ཡང་རུང་བའི་ཟློས་པ་བྱེད་ཅིང་རྟག་ཏུ་རྣལ་འབྱོར་པས་བསྒོམ་པར་བྱའོ། །པདྨའི་རིགས་ཀྱི་དེ་ལ་འདི་ནི་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ལག་པ་གཡོན་པས་པདྨའི་ཁུ་ཚུར་བཅིངས་ཏེ། སྦས་ནས་ནི་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་བཞིན་དུ་པདྨའི་རིགས་ཀྱི་རྣལ་འབྱོར་བྱས་ནས། ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། གཡོན་པའི་པདྨ་ཁུ་ཚུར་གོས་ཀྱིས་གཡོགས་ཏེ། སྔ་མ་བཞིན་དུ་རྣལ་འབྱོར་བྱའོ། །ནོར་བུའི་རིགས་ཀྱི་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་པའི་རིན་ཆེན་ཁུ་ཚུར་ནི། །ཞེས་བྱ་བ་ལ་སོགས་པ་ལ་སྔ་མ་བཞིན་དུ་ཉིན་རེ་ཞིང་ལན་ཅིག་ནོར་བུའི་རིགས་ཀྱི་རྣལ་འབྱོར་བྱས་ལ་ཕྱག་བཞིའི་མཐར་ཐུག་པའི་ཆོ་ག་རྗེས་སུ་སྤྱད་དེ། རྫོགས་པར་གྱུར་བ་དང༌། གཡོན་པའི་རིན་པོ་ཆེའི་ཁུ་ཚུར་གོས་ཀྱིས་གཡོགས་ཏེ། སྙིང་པོ་དང༌། ཕྱག་རྒྱ་དང༌། སྔགས་དང༌། རིག་པ་རྣམས་ལས་གང་ཡང་རུང་བ་ཟློས་ཤིང་རང་གི་ལྷའི་གཟུགས་སུ་རྟག་ཏུ་བསྒོམ་པར་བྱའོ། །ད་ནི་རིགས་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱའི་ཐུན་མོང་དུ་བསྒྲུབ་པའི་ཆོ་ག་ནི་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོའི་ཚུལ་དུ་ནི། །ཞེས་བྱ་བ་ལས་ལྷའི་ཁྱད་པར་གང་གིས་སྐུའི་གསང་བ་གང་ཡིན་པ་འདི་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་དང་དེའི་ངོ་བོར་བདག་ཉིད་བསྒོམ་པའི་སྦྱོར་བ་བྱའོ། །དེ་ཉིད་ཀྱི་དོན་ནི། རང་གི་སེམས་དཔའི་ཏིང་ངེ་འཛིན། །ཞེས་བྱ་བ་སྨོས་ཏེ། ལྷག་མ་ནི་གོ་སླའོ། །དཔལ་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལས། རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་ཕྱི་མ་བཤད་པ་རྫོགས་སོ།། །།དེ་ལྟར་རྩ་བའི་རྒྱུད་དང༌། ཕྱི་མ་དང༌། རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་ཕྱི་མ་བཤད་ནས། ད་ནི་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་རྣམས་སུ་སློབ་མ་བཅུག་ལ། དབང་བསྐུར་བ་ཐམས་ཅད་ཀྱིས་དབང་བསྐུར་ནས། སྔ་མ་བཞིན་དུ་ལྷ་ཐམས་ཅད་གཤེགས་སུ་གསོལ་བ་སྤྲུལ་པ་རྣམས་རང་གི་ལུས་ལ་གཞུག་པར་བྱས་ནས། མིའི་འཇིག་རྟེན་དུ་མངོན་པར་བྱང་ཆུབ་པའི་ཕྱིར། རང་གི་སྙིང་གའི་སེམས་དཔའི་རྡོ་རྗེ་ལ་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ནས། སློབ་དཔོན་ཅི་བདེ་བར་གནས་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དབང་བསྐུར་བའི་རྗེས་ཐོགས་ཉིད་ལ། རྗེས་སུ་གནང་བའི་དབང་བསྐུར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །མཚན་བརྒྱ་རྩ་བརྒྱད་པ་འདིས་གསོལ་བ་གདབ་བོ་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་གཉེར་བའོ། །བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་དབྱིངས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རྡོ་རྗེ་དབྱིངས་ཉིད་ནི་རྒྱུད་ཡིན་པའི་ཕྱིར་རྡོ་རྗེ་དབྱིངས་སོ། །སེམས་དཔའ་ཆེ་ཞེས་བྱ་བ་ནི་སེམས་དཔའ་ཆེན་པོ་འདི་ལ་མངའ་ཕས་ན་སེམས་དཔའ་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་བདག་མེད་པའི་ཡེ་ཤེས་ནི་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་དོན་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་འདི་ལ་མངའ་བས་ན་སེམས་ཅན་གྱི་དོན་ཏེ། རིན་པོ་ཆེའི་རིགས་ཀྱི་ངོ་བོས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །མཆོག་བདག་ཉིད་ཅེས་བྱ་བ་ལ། མཆོག་ནི་ཆོས་ཀྱི་དབྱིངས་སོ། །དེ་ཉིད་ཀྱི་བདག་ཏུ་གྱུར་པ་འདི་ལ་མངའ་བས་ན་མཆོག་བདག་ཉིད་དོ། །ཤཱཀྱའི་རྒྱལ་པོ་ཞེས་བྱ་བ་ནི་ཤཱཀྱ་རྣམས་ཀྱི་རྒྱལ་པོར་འགྱུར་བས་ན་ཤཱཀྱ།འི་རྒྱལ་པོའོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་ཡེ་ཤེས་ཆེན་པོ་འདི་ལ་མངའ་བས་ན་ཡེ་ཤེས་ཆེའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དོན་ཐམས་ཅད་ཁོང་དུ་ཆུད་པའི་ངོ་བོ་ནི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་བདག་ཉིད་ཅེས་བྱ་བ་ནི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་གང་ཡིན་པ་དེ་ནི་རྡོ་རྗེ་བདག་ཉིད་དེ་མཚན་བདུན་ཡིན་ནོ། །སེམས་དཔའ་འབྱུང་བ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་ལས་སྐྱེ་བའོ། །དེའི་དོན་ཞེས་བྱ་བ་ནི་ཀུན་རྫོབ་དང། དོན་དམ་པའི་དེ་ཁོ་ན་ཉིད་ཀྱི་ཡིན་ནོ། །སེམས་ཅན་རྒྱུ་ཞེས་བྱ་བ་ནི། ཁམས་ གསུམ་པ ་ནི་སྐྱོད་པའི་སེམས་ཅན་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཚུལ་ཆེན་པོ་ཞེས་བྱ་བ་ནི་ཚུལ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཚུལ་ཆེན་པོ་སྟེ། ཐར་པ་ཐམས་ཅད་
ཐོབ་པའི་ལམ་ཡིན་པས་སོ། །སེམས་ཅན་དོན་ཆེན་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་རང་བཞིན་གྱི་སེམས་ཅན་གྱི་དོན་འདི་ལ་མངའ་བས་ན་དོན་ཆེན་ནོ། །དགོས་པའི་དོན་འདི་ལས་ཀྱི་དཀྱིལ་འཁོར་གྱི་མཆོད་པའི་ངོ་བོའི་དགོས་པ་ལས་བྱ་བ་ཞེས་བྱ་བ་སྟེ། དེ་ཉིད་ཀྱི་དོན་འདི་ལ་མངའ་བས་ན་དགོས་པའོ། །སེམས་དཔའ་སེམས་དཔའ་ཞེས་བྱ་བ་ནི་སེམས་དཔའ་ནི་ཟླ་བའི་དཀྱིལ་འཁོར་ཡིན་ལ། དེའི་སྟེང་གི་ཟླ་བའི་དཀྱིལ་འཁོར་གཉིས་པ་ལ་སེམས་དཔའ་སེམས་དཔའ་ཞེས་བརྗོད་དེ་མཚན་བདུན་ཡིན་ནོ། །སངས་རྒྱས་ཆོས་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཆོས་ནི་སངས་རྒྱས་ཆོས་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་ཏོ། །ཆོས་ཆེན་པོ་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་ངོ་བོས་ཐམས་ཅད་དུ་སོང་བས་ན་ཆོས་ཆེན་པོའོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཆོས་ཀྱི་འཁོར་ལོའོ། །རབ་བསྐོར་བ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ཕྱོགས་བཅུ་རབ་ཏུ་བསྐོར་བས་ན་རབ་བསྐོར་བའོ། །སྨྲ་བ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་གསུང་བའི་ངོ་བོས་ཐམས་ཅད་སོང་བས་ན་སྨྲ་བ་ཆེའོ། རང་རིག་མཆོག་ཅེས་བྱ་བ་ནི་རྡོ་རྗེ་གསུང་བའི་ངོ་བོས་དེ་བཞིན་གཤེགས་པ་ཐམས་ཅད་སྤྲོས་པ་མེད་པའི་ཆོས་ལ་ངེས་པར་སྦྱོར་ཞིང་མཆོག་ཡིན་པའི་ཕྱིར་རང་རིག་མཆོག་གོ །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་ངག་གི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱིས་ཐམས་ཅད་སོང་བའི་ཕྱིར་རྡོ་རྗེ་གསུངས་བའི་ངོ་བོ་ཉིད་ནི་སེམས་དཔའ་ཆེན་པོའོ། །མཚན་བདུན་ཡིན་ནོ། །ལས་ཆེན་ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་ངོ་བོས་སངས་རྒྱས་ཀྱི་སྤྲུལ་པའི་ལས་དང༌། སེམས་ཅན་གྱི་དོན་གྱི་ལས་ཀྱིས་ཐམས་ཅད་དུ་སོང་བས་ན་ལས་ཆེན་པོའོ། །བསྲུང་བ་ཆེ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་ངོ་བོའི་རྡོ་རྗེ་བསྲུང་བས་ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱི་ངོ་བོ་རྡོ་རྗེ་བསྲུང་བ་ཡིན་པས་ན་བསྲུང་བ་ཆེའོ། །ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི་སོ་སོར་རྟོག་པའི་བརྩོན་འགྲུས་ཀྱི་ངོ་བོ་ཐམས་ཅད་བསྲུང་ཞིང་སྐྱོང་བར་བྱེད་པ་ནི་རྡོ་རྗེ་གནོད་སྦྱིན་ནོ། །ལས་རྣམས་ཐམས་ཅད་རབ་སྒྲུབ་བྱེད། །ཅེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཀྱིས་སེམས་ཅན་
གདུག་པ་ཅན་ཐམས་འདུ་ལ་བར་བྱེད་པས་ན་རབ་བསྒྲུབ་པའོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་འཁོར་གསུམ་རྣམ་པར་དག་པའི་མཚན་ཉིད་ཅན་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་རང་བཞིན་འདི་ལ་མངའ་བས་ན་བདག་ཉིད་ཆེན་པོའོ། །འགྲོ་བ་སྤོད་མཆོག་ཅེས་བྱ་བ་ནི་འགྲོ་བ་རྣམས་ཀྱི་སྤྱོད་པ་ནི་སེམས་དཔའི་སྤྱོད་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སྤྱོད་པ་དེ་རྣམས་ལས་མཆོག་ཏུ་གྱུར་པས་འགྲོ་བ་སྤྱོད་མཆོག་སྟེ། སེམས་དཔའི་ཕྱག་རྒྱ་བཅིང་བའི་བརྩོན་འགྲུས་ཀྱི་སྤྱོད་པ་དེ་རྣམས་ལས་མཆོག་ཏུ་གྱུར་པས་ནི་རྡོ་རྗེ་ཁུ་ཚུར་རོ། །སེམས་དཔའི་རྒྱུ་ཁྱོད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་དེ་དག་གི་རྒྱུ་ནི་རྡོ་རྗེ་ཁུ་ཚུར་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་འཆིང་བའི་དངོས་གྲུབ་བསྐྱེད་པའི་ཕྱིར་རོ། །ཕ་རོལ་ཕྱིན་པ་ཀུན་བརྙེས་པ། །ཞེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་ཀུན་ནི་བཅུ་དྲུག་གོ །ཐོབ་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའོ། །ཐམས་ཅད་མཁྱེན་ པ་ཀུན་མཁྱེན་ཏོ། །དུས་གསུམ ་གྱི་དོན་ཐམས་ཅད་ཡོངས་སུ་མཁྱེན་པའི་ཕྱིར་རོ། །སེམས་སོ་སོར་རྟོག་པ་ལས་རྟོག་པའི་ཕྱིར་ན་ཡེ་ཤེས་སོ། །མཁྱེན་པ་ནི་དོན་ཐམས་ཅད་ཡང་དག་པར་མཁྱེན་པས་ན་ཀུན་མཁྱེན་པའོ། །སེམས་དཔའ་ཀུན་ཞེས་བྱ་བ་ནི་ཁམས་ གསུམ་པ ་ན་སྤྱོད་པའི་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ནོ། །ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ལུགས་སུ་སྤྲུལ་པ་མཛད་པའི་ཕྱིར་ནི་སེམས་ཅན་ཀུན་ནོ། །ཐབས་ཆེན་པོ་འདི་ལ་མངའ་བས་ན་ཐབས་ཆེན་པོའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོས་ཐ་དད་དུ་སོང་བའི་ཕྱིར་རོ། །ཤེས་རབ་ཆེན་པོ་ཁྱོད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཆེན་པོ་འདི་ལ་མངའ་བས་ན་ཤེས་རབ་ཆེན་པོ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ཆོས་མངོན་སུམ་དུ་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོས་ཐ་དད་དུ་སོང་བའི་ཕྱིར་ཐུགས་རྗེ་ཆེན་པོ་ཞེས་བྱ་བ་ནི་ཆེན་པོ་ཡང་ཡིན་ལ་ཐུགས་རྗེ་ཡང་ཡིན་པས་ན་ཐུགས་རྗེ་ཆེན་པོ་སྟེ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །མཆོག་གི་མཆོག་ཅེས་བྱ་བ་ནི་མཆོག་རྣམས་ཀྱི་མཆོག་གོ །ཐུགས་རྗེ་དང་
ལྡན་པ་རྣམས་ཀྱི་ནང་ན་ཐུགས་རྗེ་ཆེན་པོ་མཆོག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐུགས་རྗེས་ཞེས་བྱ་བ་ནི་སྙིང་རྗེའི་ཡོན་ཏན་གྱི་རང་བཞིན་ཡིན་པའི་ཕྱིར་ཐུགས་རྗེའོ། །ཐུགས་རྗེའི་རང་བཞིན་བདག་ཉིད་འདི་ལ་མངའ་བས་ན་ཐུགས་རྗེའི་བདག་ཉིད་ཅན་ཡིན་ནོ། །ཐམས་ཅད་གཏོང་བ་ཞེས་བྱ་བ་ནི། ཕྱི་དང་ནང་གི་དངོས་པོ་ཡོངས་སུ་གཏོང་བས་ན་ཐམས་ཅད་གཏོང་བའོ། །བྱམས་པ་ཆེན་ཞེས་བྱ་བ་ནི། དམིགས་པ་མེད་པའི་བྱམས་པ་ཆེན་པོ་འདི་ལ་མངའ་བས་ན་བྱམས་པ་ཆེན་པོའོ། །ཀུན་མཛད་ཅེས་བྱ་བ་ནི་སེམས་ཅན་གྱི་དོན་ཀུན་མཛད་པས་ན་ཀུན་མཛད་དོ། །ཤཱཀྱ་སེང་གེ་ཞེས་བྱ་བ་ནི་མི་འཇིགས་པ་བཞི་དང་ལྡན་པས་ན་སེང་གེས་འཇིགས་པ་ལྟ་བུ་མི་མངའ་བས་ན་སེང་གེའོ། །ཤཱཀྱ་ཆེ་ཞེས་བྱ་བ་ནི་ཤཱཀྱའི་རིགས་ཀྱི་སྐྱེ་བ་ཡོངས་སུ་བཟུང་བས་ན་ཤཱཀྱའོ། །ཤཱཀྱ་ཐུབ་པ་ཞེས་བྱ་བ་ནི་ཤཱཀྱ་རྣམས་ཐུབ་པས་ན་ཤཱཀྱ་ཐུབ་པ་སྟེ། ལུས་དང་ངག་དང་ཡིད་ཐུབ་པ་དང་ལྡན་པས་ན་ཐུབ་པ་ཆེའོ། །འདུལ་ཆེན་པོ་ཞེས་བྱ་བ་ནི་འདིས་སེམས་ཅན་འདུལ་བྱེད་པས་ན་འདུལ་བ་སྟེ། འདུལ་བ་ཡང་ཡིན་ལ་ཆེན་པོ་ཡིན་པས་ན་འདུལ་བ་ཆེའོ། །སེམས་ཅན་འདུལ་བར་བྱེད་པས་ན་ཐམ་ཅད་དུ་ཁྱབ་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །ཁྱབ་པ་པོ་ཞེས་བྱ་བ་ནི་བརྟན་པ་དང་གཡོ་བའི་དངོས་པོ་བདག་ཉིད་དུ་འགྱུར་བའི་ཕྱིར་ཁྱབ་བདག་གོ །འགྲོ་དོན་ཞེས་བྱ་བ་ནི་དྲང་བའི་དོན་དུ་གསུངས་པས་ན་འགྲོ་དོན་ནོ། །འདུལ་བྱེད་དུ་ངེས་པ་དེ་རྣམས་ལ་མཆོག་ཏུ་གྱུར་པས་ན་འདུལ་མཆོག་གོ །བརྒྱད་ཆོས་དབྱིངས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་སྤངས་པའི་སེམས་ནི་ཆོས་ཀྱི་དབྱིངས་སོ། །མཉམ་བརྙེས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་དང་མཉམ་པ་སྟེ། དེ་བཞིན་གཤེགས་པ་མངོན་སུམ་སྟེ། བྱེད་པ་ནི་མཉམ་པར་བརྙེས་པའོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རང་བཞིན་ཉིད་ཆོས་ཀྱི་དབྱིངས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པ་ནི་དེ་བཞིན་གཤེགས་པའོ། །རྡོ་རྗེ་མགོན་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་དག་གི་བདག་གི་བདེ་བ་ཆེན་པོའོ། །ཆེན་པོ་ཡང་ཡིན་ལ་མགོན་པོ་ཡང་
ཡིན་པས་ན་མགོན་པོ་ཆེན་པོ་སྟེ། རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་ཆོས་ཀྱི་དབྱིངས་སོ། །སེམས་ཅན་ཚོགས་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་ཅན་གྱི་གཟུགས་སུ་བཟུང་ནས་བཞུགས་པའི་ཕྱིར་རོ། །འོད་ཆེན་པོ་འདི་ལ་མངའ་བས་ན་འོད་ཆེན་ཏེ། ནམ་མཁའ་ཐམས་ཅད་འོད་ཀྱིས་ཁྱབ་པའི་ཕྱིར་རོ། །སྣང་བ་ཆེ་ཞེས་བྱ་བ་ནི་སྣང་བ་ཆེན་པོ་འདི་ལ་མངའ་བས་ན་སྣང་བ་ཆེ་སྟེ། རྡོ་རྗེ་ཉི་མ་ཡེ་ཤེས་ཀྱི་ཉི་མའི་སྣང་བས་ཕྱི་ནང་གི་མུན་པ་དང་བཅས་པ་གསལ་བར་བྱེད་པའི་ཕྱིར་རོ། །བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་ནི་བརྩོན་འགྲུས་ཆེན་པོ་འདི་ལ་མངའ་བས་ན་བརྩོན་འགྲུས་ཆེན་པོ་སྟེ། བྱང་ཆུབ་ཆེན་པོ་ཡོངས་སུ་སྦྱོང་བའི་བརྩོན་འགྲུས་དེ་ཐམས་ཅད་དུ་ཁྱབ་པའི་ཕྱིར་རོ། །སྟོབས་ཆེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའི་ཆེན་པོ་འདི་ལ་མངའ་བས་ན་སྟོབས་ཆེན་པོའོ། །དཔའ་ཆེན་པོ་ནི་ཡིན་པས་ན་དཔའ་ཆེན་པོ་སྟེ། སོ་སོར་རྟོག་པའི་བརྩོན་འགྲུས་ཀྱི་རང་བཞིན་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་བདུད་བཞི་ལས་རྒྱལ་བའི་ཕྱིར་རོ། །རབ་དཔའ་མཆོག་ཅེས་བྱ་བ་ནི་ཤིན་ཏུ་དཔའ་བས་ན་རབ་ཏུ་དཔའ་བ་སྟེ། དེ་དག་གི་རབ་དགའ་མཆོག་གོ །རང་བཞིན་གྱིས་འོད་གསལ་བའི་སྐུ་ནན་ཏན་དུ་བྱེད་པའི་བརྩོན་འགྲུས་ཀྱི་རང་བཞིན་རྡོ་རྗེ་ཁུ་ཚུར་གཟུགས་ཀྱི་ཁམས་ན་སྤྱོད་པའི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྩད་ནས་འདོན་པའི་ཕྱིར་བདེ་སྤྱོད་ཅེས་བྱ་བ་ལ། བདེ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་བདེ་ཆེན་པོའོ། །དེའི་བདག་ཉིད་དུ་མྱོང་ཞིང་སྤྱོད་པས་ན་བདེ་སྤྱོད་དེ། །དཔའ་བ་ཁྱེད་ཅེས་བྱ་བ་ནི་དཔའ་བ་གཟི་བརྗིད་ཅན་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཉི་མ་རྒྱལ་པོས་ཐམས་ཅད་ཟིལ་གྱིས་གནོན་པའོ། །ཚངས་པ་ཞེས་བྱ་བ་ནི་ཚངས་པས་འདུལ་བ་རྣམས་ལ་དེའི་གཟུགས་སྟོན་པའི་ཕྱིར་རོ། །རང་བྱུང་ཞེས་བྱ་བ་ནི་སློབ་དཔོན་མེད་པར་ཐམས་ཅད་མཁྱེན་པས་མཁྱེན་ཞིང་རྟོགས་པའི་ཕྱིར་བསོད་ནམས་ཡེ་ཤེས་ཀྱི་ཚོགས་དང་ལྡན་པས་བཅོམ་ལྡན་འདས་ཞེས་བརྗོད་ལ། དེ་འདི་ལ་མངའ་བས་ན་བཅོམ་ལྡན་འདས་སོ། །ཤཱཀྱའི་དཔའ་བོ་ཐུབ་ཆེན་པོ། །ཞེས་བྱ་བ་ནི་ཤཱཀྱ་རྣམས་ལ་དཔའ་བས་ན་ཤཱཀྱའི་དཔའ་བོ་སྟེ། ཕྱིར་མི་ལྡོག་པའི་བརྩོན་འགྲུས་ཀྱི་ཆོས་སོ། །
དེ་ཉིད་ཉན་ཐོས་དང༌། རང་རྒྱལ་བ་དང༌། བྱང་ཆུབ་སེམས་དཔའ་རྣམས་ལས་ཁྱད་པར་དུ་གྱུར་པས་ན་ཐུབ་པ་ཆེའོ། །ཀུན་བདག་ཆེ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱི་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཀུན་བདག་གོ །ཐུབ་པ་ཞེས་བྱ་བ་ནི་གདུལ་བྱ་རྣམས་ལ་ཐུབ་པའི་གཟུགས་བསྟན་པས་ཐུབ་པའོ། །དག་པ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་སྒྲིབ་ པ་སྤངས་པས་དག་པའོ། །ཆོས་རྒྱལ་ཁྱོད་ལ་ཞེས་བྱ་བ་ནི་འཇིག་རྟེན་གསུམ ་གྱི་ཆོས་ཀྱི་རྒྱལ་སྲིད་ཐོབ་པའི་ཕྱིར་ན། ཆོས་རྒྱལ་ལོ། །མཚན་བརྒྱད་ཡིན་ནོ། །ནམ་མཁའ་སྐུ་སྟེ་ཞེས་བྱ་བ་ནི་དོན་དམ་པར་གཟུགས་ཀྱི་སྐུ་མེད་པས་ན་དེ་དེ་བཞིན་ཉིད་ཀྱིས་གཟུགས་དང་སེམས་ཅན་མེད་པའི་སྐུ་ལ་ནམ་མཁའི་སྐུ་ཞེས་བྱ་སྟེ་སྐུ་མེད་པའོ། །སྐུའི་མཆོག་ཅེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ངོ་བོའི་སྐུ་ལ་མཆོག་ཏུ་གྱུར་པས་ན་སྐུ་ གསུམ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པ ་དང། སྤྲུལ་ པ་དང༌། ཆོས་ཀྱི་སྐུ་དང་ལྡན་པའི་ཕྱིར་སྐུ་གསུམ ་མོ། །སྐུ་མིན་བསྒོམ་པའི་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་སྐུ་གསུམ་ཆོས་བདག་མེད་པའི་ལམ་གྱིས་བསྒོམས་པས་སྣང་བ་མེད་པའི་ཕྱིར་ན་སྐུ་མིན་བསྒོམས་པའོ། །ཀུན་གྱི་སྐུ་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་རྣམ་པར་སྨིན་པ་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུའི་གཟུགས་ཀྱི་སྐུ་ཡིན་པའི་ཕྱིར་ཀུན་གྱི་སྐུའོ། །སྐུ་ཆེ་བ་ཞེས་བྱ་བ་ནི་སྐུས་ནམ་མཁའ་ཁྱབ་པས་ན་སྐུ་ཆེའོ། །རྡོ་རྗེ་སྐུ་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པ་ལ་སོགས་པ་གཟུགས་སུ་གནས་པའི་ཕྱིར་རྡོ་རྗེ་སྐུའོ། །མཚན་བདུན་ཡིན་ནོ། །གསུང་མིན་གསུང་སྟེ་ཞེས་བྱ་བ་ནི་སྒྲ་བརྙན་དང་མཚུངས་པར་གསུང་པར་མཛད་པས་ན་གསུང་མིན་གསུང་ངོ༌། །གསུང་གི་མཆོག་ཅེས་བྱ་བ་ནི་ངག་གི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ནི་གསུང་གི་མཆོག་གོ །གསུང་ གསུམ་གསུང་མིན་སྟོན་པ ་པོ། །ཞེས་བྱ་བ་ནི་སྐུ་དང༌། གསུང་དང༌། ཐུགས་ཀྱི་གསང་བ་རྣམ་ པ་གསུམ ་སྒྲ་བརྙན་དང་མཚུངས་པའི་གསུང་སྟོན་པའོ། །སྒྲ་ཡིས་ གསུམ་གསུང་མེད་པར་སྟོན་པ ་པོ་ནི་འཆད་པའོ། །ཀུན་གསུང་ཞེས་བྱ་བ་ནི་ཇི་ལྟར་སྨོས་པའི་སེམས་ཅན་གྱི་ཁམས་ལ་སྐད་སྣ་ཚོགས་པས་སྐད་
རེ་རེས་ཆོས་སྟོན་པ་ནི་ཀུན་གསུང་པའོ། །ཤིན་ཏུ་གསུང་བ་ཆེ་བ་ཞེས་བྱ་བ་ནི་གསུང་གིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་ཕྱིར་ན་ཤིན་ཏུ་གསུང་ཆེའོ། །རྡོ་རྗེ་གསུང་ཞེས་བྱ་བ་ནི་ཨོཾ་དང་སྭཱ་ཧཱ་གསུང་ལས་མ་འདས་པའི་ཕྱིར་དང༌། ལྷ་དང་བཅས་པའི་འཇིག་རྟེན་ལ་དེ་གསུངས་པའི་ཕྱིར་རྡོ་རྗེ་གསུང་སྟེ། མཚན་དྲུག་ཡིན་ནོ། །སེམས་མིན་སེམས་ཞེས་བྱ་བ་སེམས་མིན་ཆོས་ཀྱི་དབྱིངས་ཏེ། དེ་ཉིད་ཀྱི་སེམས་འདི་ལ་མངའ་བས་སེམས་ཅན་སེམས་སོ། །སེམས་ཅན་གྱི་མཆོག་ཅེས་བྱ་བ་ནི་སེམས་དེ་ཉིད་སེམས་ཀྱི་ངོ་བོས་སེམས་ཐམས་ཅད་ལས་ཕུལ་དུ་བྱུང་བས་ན་སེམས་ཀྱི་མཆོག་གོ །སེམས་ གསུམ་སེམས་མིན་སྟོན་པ ་པོ། །ཞེས་བྱ་བ་ལ། སེམས་རྩེ་གཅིག་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང༌། གཉིས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང༌། སེམས་ གསུམ་པ ་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་དག་བདག་མེད་ པ་བསྟན་པའི་ཕྱིར། སེམས་གསུམ ་སེམས་མིན་སྟོན་པའོ། །ཐམས་ཅད་སེམས་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་སེམས་ཅན་ཐམས་ཅད་དེ། བདག་ཉིད་ཀྱི་རང་བཞིན་དུག་སལ་བས་ན་ཐམས་ཅད་དེ། སེམས་སོ། །སེམས་དཔའ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་གཟུགས་སུ་ཡོངས་སུ་བརྟགས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཁྱབ་པས་ན་སེམས་ཆེའོ། །རྡོ་རྗེ་སེམས་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པར་ཡོངས་སུ་བརྟགས་པའི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེ་སེམས་སོ། །དེ་སྐད་དུ་ཡང༌། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །མཚན་དྲུག་ཡིན་ནོ་ཞེས་གསུངས་སོ། །རྡོར་མིན་རྡོར་ཞེས་བྱ་བ་ནི་རྡོ་རྗེ་རྩི་ལྔ་པའི་རྡོ་རྗེ་མེད་པས་ན་རྡོ་རྗེ་ཡིན་ཏེ། སྟོང་པ་ཉིད་ཀྱི་རྡོ་རྗེ་འདི་ལ་མངའ་བས་ན་དགོས་མིན་རྡོ་རྗེ་རྡོ་རྗེ་མཆོག །ཅེས་བྱ་བ་ལ། རྡོ་རྗེ་མཆོག་ཅེས་བྱ་བ་ནི་རྡོ་རྗེ་ཡིན་པའི་རྡོ་རྗེ་ངོ་བོ་ཉིད་ནི་རྡོ་རྗེའི་གཟུགས་ཐམས་ཅད་ལ་ཁྱད་པར་དུ་གྱུར་པའི་ཕྱིར་རྡོ་རྗེ་མཆོག་གོ །རྡོ་རྗེ་གསུམ་ཞེས་བྱ་བ་ནི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རྡོ་རྗེ་ལ་ནི་སྦྱོར་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་རྣལ་འབྱོར་པའི་ལུས་དང༌། ངག་དང༌། ཡིད་རྡོ་རྗེ་མ་ཡིན་པ་དེ་དག་རྡོ་རྗེ་འཛིན་པས་ན་རྡོར་མིན་
སྦྱོར་རོ། །རྡོ་རྗེ་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེའི་སྒོ་ཐམས་ཅད་དུ་བལྟས་པའི་ཕྱིར་རྡོ་རྗེ་མཆོད་དོ། །རྡོ་རྗེ་ཆེ་ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེས་ནམ་མཁའ་ཁྱབ་པས་ན་རྡོ་རྗེ་ནམ་མཁའ་ཆེའོ། །རྡོ་རྗེ་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་ན་གནས་པའི་རྡོ་རྗེ་ནི་རྡོ་རྗེ་སྟེ། མཚན་བདུན་ཡིན་ནོ། །ཀུན་ཁྱབ་ཅེས་བྱ་བ་ནི། ཆོས་བདག་མེད་པའི་ངོ་བོས་ཆོས་ཐམས་ཅད་དུ་སོང་བའི་ཕྱིར་ཀུན་དུ་ཁྱབ་པའོ། །སྲིད་པའི་རྩེ་མོ་མཆོག་ཅེས་བྱ་བ་ནི། འདོད་པ་དང་གཟུགས་དང༌། གཟུགས་མེད་པ་རྣམས་ལས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་སྲིད་པའི་ངོ་བོ་ནི་རྩེ་མོ་ཡིན་པའི་ཕྱིར་སྲིད་པའི་རྩེ་མོ་མཆོག་གོ །བདེ་བར་གཤེགས་པའི་བདག་པོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཆེན་པོ་གཟུགས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་པོ་མཛད་པས་ན་བདེ་གཤེགས་བདག་པོའོ། །རྒྱལ་བ་ཞེས་བྱ་བ་ནི་ཉོན་མོངས་པ་ལས་རྒྱལ་བར་མཛད་པས་ན་རྒྱལ་བའོ། །ཁམས་ གསུམ་ཞེས་བྱ་བ་ནི་འདོད་པ ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་སྤྲུལ་པས་སྤྲུལ་ པ་ན་ཁམས་གསུམ ་མོ། །རྒྱལ་པོ་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞིའི་གཟུགས་སུ་སྟོན་པས་རྒྱལ་པོ་ཆེའོ། །སྣང་མཛད་ཁྱོད་ཅེས་བྱ་བ་ནི་ཕྱོགས་བཅུར་གཟུགས་ཁམས་ཀྱི་སྣང་བ་སྟོན་པས་ན་རྣམ་པར་སྣང་མཛད་དོ། །དེ་ལྟར་ན་མཚན་བདུན་ཡིན་ནོ། །ཀུན་གྱིས་སངས་རྒྱས་ཐོབ་པར་བྱེད། །ཅེས་བྱའོ། །ཕྱིར་མི་ལྡོག་པའི་ས་བོན་བསགས་པས་སངས་རྒྱས་ཉིད་དུ་ངེས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་འགྱུར་རོ་ཞེས་བྱ་བ་བསྟན་པ་ཡིན་པར་རྟོགས་པར་བྱའོ། །མགོན་པོ་ཁྱོད་ལ་གསོལ་བ་ནི་གོ་སླའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་ནི་གསང་སྔགས་ཀྱི་ཐེག་པ་གསུངས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །དེ་ནས་འདི་གསུངས་མ་ཐག་ཅེས་བྱ་བ་ནི་གོ་སླའོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བཞུགས་པའི་སངས་རྒྱས་ཐམས་ཅད་དང༌།
འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་དང་བཅས་པའི་སངས་རྒྱས་ཀྱི་ཞིང་ཁམས་རྣམས། དེ་རྣམས་ཉིད་ནི་ས་བླ་ས་སྟེངས་ནི་མཐོ་རིས་ཀྱི་མཚན་ཉིད་ཅན་རྣམས་ནའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་མདུན་དུ་རྡུལ་ཕྲ་རབ་ཐམས་ཅད་ཉིད་ཇི་སྙེད་པའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིས་ཤཱཀྱ་ཐུབ་པ་ལས་ཆོས་ཀྱི་འཁོར་ལོ་འཇུག་པ་ནི་སྔགས་ཀྱི་ཐེག་པ་སེམས་ཅན་རྣམས་ལ་སྟོན་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་དུ་འཇུག་པའི་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་རྣམ་པ་སྣ་ཚོགས་པའོ། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་ཕྱོགས་བཅུར་སྤྲུལ་ནས་འཇུག་པ་སྔོན་དུ་འགྲོ་བས་སེམས་ཅན་རྣམས་ལ་སྟོན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ད་ནི་འདི་གསུངས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ལ་སོགས་པ ་ཐམས་ཅད་གོ་སླའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་བྲིས་ལ། སློབ་མ་བཅུག་ནས། དབང་བསྐུར་བ་ཐམས་ཅད་ཀྱིས་དབང་བསྐུར་ཏེ། དེ་བཞིན་གཤེགས་པའི་དབང་བསྐུར་བར་འོས་པ་ལ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོས་བཞག་སྟེ། བདག་ཉིད་རྡོ་རྗེ་སེམས་དཔའི་ང་རྒྱལ་བསྐྱེད་ནས། རྡོ་རྗེ་དབྱིངས་ཀྱི་སེམས་དཔའ་ཆེ། །ཞེས་བྱ་བ་ལ་སོགས་པ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས། མགོན་མོ་ཁྱོད་ལ་གསོལ་བ་ནི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྙིང་རྗེ་ཆེན་པོ་བསྐྱེད་ནས་ཀྱང༌། །ཆོས་ཀྱི་འཁོར་ལོ་སྐོར་བར་མཛད། །ཅེས་སྔགས་ཀྱི་ཐེག་པ་འཆད་པའི་དེ་རྣམས་ལ་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ནས་
དེས་རྗེས་སུ་གནང་བ་ཐོབ་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ཏེ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་བྱོན་པར་མཛད་དུ་གསོལ་ཞེས་བྱའོ། །ད་ནི་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ང་རྒྱལ་མངོན་དུ་བྱས་ནས། འཇིག་རྟེན་ཀུན་ལས་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་གང་གནང་བ་ནོད་པར་བྱའོ། །ཡང་སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ཏེ། དཀྱིལ་འཁོར་བྲི་བའི་གནང་བ་སྦྱིན་པར་བྱའོ། །འཇིག་རྟེན་ཀུན་ལས་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་བརྗོད་པར་བྱའོ། །གང་ཞིག་རྡོ་རྗེ་སེམས་དཔའ་དབང་བསྐུར་བར་འོས་ལ། རྡོ་རྗེ་སེམས་དཔའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། དཀྱིལ་འཁོར་བྲི་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར། བཤད་མ་ཐག་པའི་ཚིགས་སུ་བཤད་པ་གཉིས་ཀྱིས་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་བྲིས་ལ། སློབ་མ་དབང་བསྐུར་བ་ཐམས་ཅད་ཀྱིས་དབང་བསྐུར་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོས་བཞག་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། དེའི་ང་རྒྱལ་བསྐྱེད་དེ། སྔར་བཤད་པའི་ཚིགས་སུ་བཅད་པའི་སྔར་བཤད་པའི་རྗེས་སུ་གནང་བ་བྱིན་ལ། འཇིག་རྟེན་ཀུན་ལས་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཁྲོ་བོའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བས་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་བྲི་བའི་རྗེས་སུ་གནང་བ་སྦྱིན་པར་བྱའོ། །པདྨའི་རིགས་ཀྱི་དཀྱིལ་འཁོར་བྲིས་ལ། འགྲོ་བ་འདུལ་བའི་ང་རྒྱལ་གྱིས་འདུག་སྟེ། སློབ་མ་དབང་བསྐུར་བ་ཐམས་ཅད་ཀྱིས་དབང་བསྐུར་ནས། འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོས་བཞག་ལ། འགྲོ་བ་འདུལ་བའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། དེ་ཉིད་
ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། འཇིག་རྟེན་ཀུན་ལས་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བས་པདྨའི་རིགས་ཀྱི་དཀྱིལ་འཁོར་བྲི་བའི་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ལྟར་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་བྲིས་ལ། སྔ་མ་བཞིན་དུ་དབང་བསྐུར་བ་ཐམས་ཅད་ཀྱིས་སློབ་མ་དབང་བསྐུར་ནས། དོན་ཐམས་ཅད་གྲུབ་པའི་རྣལ་འབྱོར་མངོན་དུ་བྱས་ལ། དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོས་སློབ་མ་བཞག་སྟེ། དེ་ཉིད་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས། དེ་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་གནང་བ་སྦྱིན་པར་བྱའོ། །འཇིག་རྟེན་ཀུན་ལས་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བས་ནོར་བུའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་བྲི་བའི་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དེ་ལྟར་སློབ་མ་ལ་བཤད་མ་ཐག་པའི་རྗེས་སུ་གནང་བས་དབང་བསྐུར་ནས་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་བའི་རྗེས་ཐོགས་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཉེ་བར་བསྡུ་བའི་ཚིགས་སུ་བཅད་པ་རྣམ་པ་འདི་བརྗོད་པར་བྱའོ། །མི་ཡི་ནང་ནས་བབས་ནས་ཀྱང༌། །ཞེས་བྱ་བ་ནི་མི་ལ་སོགས་པའི་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དགོས་པ་བསྒྲུབ་པའི་དོན་དུའོ། །མགོན་པོས་རབ་ཏུ་བསྒྲུབ་པར་མཛོད། །ཅེས་བྱ་བ་ནི་དཀྱིལ་འཁོར་སྤྲུལ་ཞིང་ང་རྒྱལ་བསྐྱེད་པ་ནས་བརྩམས་ནས། རྣམ་པར་འཕྲུལ་བ་ཆེན་པོའི་རབ་ཏུ་བསྟན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ ། མི་རྣམས་ཀྱི་ནང་དུ་བབས་ནས་ཞེས་བྱ་བ་ནི་མི་རྣམས་ཀྱི་དོན་མཛད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཁོར་ལོ་མཆོག་བསྐོར་ཞིང༌། །ཞེས་བྱ་བ་ལ། མཆོག་ནི་དམ་པ་སྟེ། ཐེག་ པ་གསུམ ་གྱིས་འདུལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་
སེམས་དཔས་གསོལ་བ་བཏབ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དཀྱིལ་འཁོར་བསྡུ་བ་མཛད་པའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྐུལ་བས་འདུས་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྤྲོ་བ་དང་བསྡུ་བ་མཛད་ནས། གཅིག་ཏུ་འདུས་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་དེ་བཞིན་གཤེགས་པ་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་དུ་ཆུ་དང་འོ་མ་བཞིན་དུ་བསྒོམས་པའི་སྟོབས་ཀྱིས་གཅིག་ཏུ་གྱུར་པར་མཁྱེན་ནས་སོ། །ཇི་ལྟར་རྟོག་པ་ཡིན་ཞེ་ན། ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ་ཞེས་བྱ་བ་སྨོས་ཏེ། ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །ཅི་ཞིག་གསུངས་ཤེ་ན། རིགས་ཀྱི་བུ་ཁྱོད་ཀྱང་ཞེས་བྱ་བ་སྨོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ནོ། །རྡོ་རྗེ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་རྡོ་རྗེའོ། །དེ་སྐད་དུ་ཡང༌། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཞེས་གསུངས་སོ། །རིགས་ནི་རྡོ་རྗེ་དང༌། པདྨ་དང༌། ནོར་བུའི་རིགས་རྣམས་སོ། །རྡོ་རྗེ་ཆེན་པོའི་རིགས་ནི་རྡོ་རྗེ་སེམས་དཔའི་རིགས་སོ།། དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེའི་དབྱིངས་ལ་སོགས་པའི་ཁང་བུ་བརྩེགས་པའི་རང་བཞིན་ནོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེའི་རིགས་ཐམས་ཅད་དང༌། རྡོ་རྗེའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དེ་དག་ངའི་ཐུགས་སུ་ཞུགས་ཤིག་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་སུ་ཞུགས་པར་མཁྱེན་ནས་ནན་ཏན་དུ་བྱས་པའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་གསོལ་བ་བཏབ་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཆད་པར་འགྱུར་བའི་དེ་བཞིན་གཤེགས་པའི་རྗེས་སུ་གནང་བ་ནན་ཏན་དུ་
བྱས་པའི་ཚིགས་སུ་བཅད་པ་གསུངས་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་ནས། འདུལ་བ་མཛད་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་དེ་བཞིན་གཤེགས་པ་རྣམས་བཞུགས་པའི་རྗེས་ཐོགས་ཉིད་ལས་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་དང༌། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཐམས་ཅད་དང་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྐུ་རྣམས་སོ། །གསུང་ཐམས་ཅད་ལ་འཇུག་པའི་གནས་དང་ཞེས་བྱ་བ་ནི་ཡི་གེའི་གནས་རྣམ་པ་བརྒྱད་དེ། སྙིང་ག་མགྲིན་པ་མགོ་བོ་དང༌། དེ་བཞིན་ལྕེ་ཡི་རྩ་བ་དང༌། །སོ་དང་སྣ་ཡི་རྗེས་དང་ནི། །མཆུ་དང་རྐན་དང་བཅས་པའོ། །ཞེས་བྱ་བ་འདི་དག་ནི་སྔགས་ཐམས་ཅད་འཇུག་པའི་གནས་བསྟན་ཏེ། འདི་རྣམས་ནི་གསུང་ཐམས་ཅད་འཇུག་པའི་གནས་སུ་འགྱུར་རོ། །སེམས་ཀྱི་རྒྱུད་འབྱུང་བ་ཐམས་ཅད་དང་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པའོ། །དེ་དག་རྒྱུ་དང་འབྲས་བུར་གྱུར་ པ་དུས་གསུམ ་པའི་སངས་རྒྱས་རྣམས་འབྱུང་བའོ། །རྒྱུད་ནི་རྒྱུན་མ་ཆད་པར་རྒྱུན་ཆགས་པའོ། །དེ་རྣམས་ཀྱི་སེམས་ཀྱི་རྒྱུན་ཆགས་པ་ཡིན་ནོ། །རྡོ་རྗེའི་ཚུལ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །ཚུལ་ནི་ཐོས་པ་དང་བསམ་པ་དང༌། བསྒོམ་པའི་ཤེས་རབ་ཀྱིས་སློབ་པའི་ངང་ཚུལ་ལོ། །ཡན་ལག་དང༌། ཉིད་ལག་ཐམས་ཅད་ཅེས་བྱ་བ་ནི་ལག་པ་དང་རྐང་པ་ལ་སོགས་པའོ། །གནས་ཐམས་ཅད་ཅེས་བྱ་བ་ནི་ཚོགས་ཀྱི་གནས་རྣམས་སོ། །མཚན་ཐམས་ཅད་ཅེས་བྱ་བ་ནི། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ། །དཔེ་བྱད་བཟང་པོ་ཐམས་ཅད་ཅེས་བྱ་བ་ནི་དཔེ་བྱད་བཟང་པོ་བརྒྱད་བཅུའོ། །བ་སྤུའི་བུ་ག་ཐམས་ཅད་དང༌། རྡུལ་ཕྲ་མོ་སྙེད་ཀྱི་དཀྱིལ་འཁོར་ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མངའ་བའི་
ཐུགས་ཀར་དེ་རྣམས་བཞུགས་སོ་ཞེས་བྱ་བ་ཡིན་ནོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་གཤེགས་སུ་གསོལ་བའི་རྗེས་ཐོགས་ཉིད་ལ་རྡོ་རྗེ་སེམས་དཔའི་ང་རྒྱལ་མངོན་དུ་བྱས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྤྲུལ་པའི་སྐུས་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་དུ་ན། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པ་ལ། མི་ཡི་ནང་དུ་བབས་ནས་ཀྱང༌། །དགོས་ཕྱིར་སེམས་ཅན་ཀུན་གྱི་དོན། །རྡོ་རྗེ་འཁོར་ལོ་མཆོག་བསྐོར་ཞིང༌། །མགོན་པོ་རབ་ཏུ་བསྒྲུབ་པར་མཛོད།། ཅེས་བྱ་བ་ལ་སོགས་པ་གསོལ་བ་གདབ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་བསྐྱེད་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུ་བར་མཛད་དུ་གསོལ་ཞེས་བརྗོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་བསྐྱེད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེའི་བདག་ཉིད་དུ་གྱུར་པར་ལྷག་པར་མོས་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་དང༌། རྡོ་རྗེའི་རིགས་ཐམས་ཅད་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་དའི་ཐུགས་སུ་ཞུགས་ཤིག་ཅེས་བྱའོ། །མདུན་ན་གནས་པའི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་ང་རྒྱལ་བསྐྱེད་ནས། མདོར་ན་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ། །བཞུགས་ནས་སེམས་ཅན་ཐམས་ཅད་ལ། །ཕན་པའི་དོན་ནི་བསྒྲུབ་པར་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་བརྗོད་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པའི་གཟུགས་རྣམས་བདག་ཉིད་ཀྱིས་བསམ་མོ། །དེ་བཞིན་གཤེགས་པའི་གཟུགས་དེ་རྣམས་ཀྱང་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་སོ། །དེ་ནས་རྡོ་རྗེ་སེམས་དཔའི་ང་རྒྱལ་བསྐྱེད་ལ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་གནས་ནས་དེ་བཞིན་གཤེགས་པ་ཐམས་
ཅད་རྣམ་པར་སྣང་མཛད་ཀྱི་སྐུ་ཐམས་ཅད་དང༌། གསུང་ཐམས་ཅད་འཇུག་པའི་གནས་དང༌། སེམས་ཀྱི་རྒྱུད་འབྱུང་བ་ཐམས་ཅད་དང༌། ཡན་ལག་དང་ཉིད་ལག་ཐམས་ཅད་དང༌། མཚན་མ་ཐམས་ཅད་དང༌། དཔེ་བྱད་བཟང་པོ་ཐམས་ཅད་དང༌། བ་སྤུའི་ཁུང་བུ་ཐམས་ཅད་དང༌། རྡུལ་ཤིན་ཏུ་ཕྲ་མོ་སྙེད་ཀྱི་སྐུ་དང༌། གསུང་དང༌། ཐུགས་ལ་ཞུགས་ནས་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བསམ་པར་བྱའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པའོ། །སངས་རྒྱས་ནས་རིང་པོ་མ་ལོན་པ་ཞིག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཐམས་ཅད་བཅུག་པའི་རྗེས་ཐོགས་ཉིད་ལ་དེ་ལྟར་རྣམ་པར་སྣང་མཛད་ཀྱི་བདག་ཉིད་དུ་རྟོག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ལ་སོགས་པ། །ཞེས་བྱ་བ་ནི་གོ་སླའོ། །དེ་ནས་རི་རབ་རིའི་རྩེ་མོ་ནས་སྙིང་པོ་བྱང་ཆུབ་གང་ན་པར་གཤེགས་ནས་ཞེས་བྱ་བ་ནི་མི་རྣམས་ཀྱི་འཇིག་རྟེན་དེས་རི་རབ་ཀྱི་སྟེང་གི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་མི་ནུས་པས་ནའོ། །དེའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཞེས་བྱ་བ་ནི་སྤྲུལ་པའི་སྐུས་ཤཱཀྱའི་རིགས་སུ་སྐྱེ་བ་བཞེས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པའོ། །རང་ཉིད་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པ་དང་མཐུན་པར་བྱ་བའི་ཕྱིར། །ཞེས་བྱ་བ་ནི་དོན་དམ་པར་འོག་མིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། འཇིག་རྟེན་པ་དང་མཐུན་པའི་ཕྱིར། རྩྭ་འཚོང་བཀྲ་ཤིས་ལ་ཞེས་པ་ལ་སོགས་པ་ལ་རྩྭ་གདན་གྱི་ཕྱིར་བླངས་ནས་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དོན་མཆོག་ཅེས་བྱ་བ་ནི་དམ་པ་ཕུལ་དུ་བྱུང་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། སེམས་ཅན་དོན་ཞེས་བྱ་བ་སྨོས་ཏེ། དེ་གང་ཞིག་ཡིན་ཞེ་ན། སེམས་ཅན་ཀུན་བསྟན་པ་ཞེས་བྱ་བ་སྨོས་ཏེ། ཀུན་ལ་དེ་བསྟན་པས་ན་ཀུན་བསྟན་པ་སྟེ། དེ་བཞིན་དུ་རྟོགས་པར་བྱའོ། །དེ་དག་ཀུན་ལ་བསྟན་པས་ངོ་མཚར་བ་ཅི་ཞིག་ཡོད་ཅེ་ན། གང་ཕྱིར་འདུལ་དབང་བརྟན་པ་རྣམས། །
ཞེས་བྱ་བ་སྨོས་ཏེ། སེམས་ཅན་འདུལ་བའི་དབང་གིས་སོ། །བརྟན་པ་རྣམས་ཞེས་བྱ་བ་ནི་དམིགས་པ་ཐམས་ཅད་ཀྱིས་མི་གཡོ་བའི་ཕྱིར་དེ་བཞིན་གཤེགས་པའོ། །མུ་སྟེགས་ལྟ་ལ་གནས་པར་མཛད། །ཅེས་བྱ་བ་ནི་མུ་སྟེགས་ཀྱི་སྤྱོད་པ་ངན་པ་ལ་མོས་པ་དང༌། དཀའ་ཐུབ་ལ་མོས་པའི་མི་ལ་སོགས་པའོ། །དེ་དག་གི་ལྟ་བ་ནི་དཀའ་བ་སྤྱོད་པ་དང༌། མི་ཞིམ་པའི་ཟས་ལ་མོས་པར་འགྱུར་བའི་ཤེས་པ་གང་ཡིན་པ་དེ་ལ་གནས་པར་མཛད་དོ། །དེ་དག་འདུལ་བའི་ཕྱིར་དེའི་ངོ་བོ་སྤྱོད་པར་རབ་ཏུ་བསྟན་ནས། སྤྲོ་བ་མཛད་པ་ནི་ངོ་མཚར་བའོ། །མདོར་ན་མི་འདུལ་འཇིག་རྟེན་པ། །ཞེས་བྱ་བ་ནི་ཆོས་བདག་མེད་པའི་ཕན་ཡོན་རབ་ཏུ་བསྟན་པའོ། །ལྟ་བ་ངན་པས་ལྡོངས་པ་རྣམས། །ཞེས་བྱ་བ་ནི་ཆད་པར་ལྟ་བས་ཇི་སྐད་དུ་བཤད་པའི་ཡེ་ཤེས་ལ་དེ་ལྡོངས་པས་ན་ལྟ་བ་ངན་པ་རྣམས་ལ་ཐམས་ཅད་ནས་ལྡོངས་པའོ། །དེ་ནི་འདི་སྐད་སྟོན་བ་ཡིན་ཏེ། ལྟ་བ་ངན་པ་ཅན་གྱི་འཇིག་རྟེན་མི་འདུལ་བ་རྣམས་ཐབས་སྣ་ཚོགས་པའི་སྒོ་ནས་འདུལ་བར་མི་ནུས་པ་ལ་རབ་ཏུ་བཞག་ནས་དཀའ་བ་སྤྱོད་པ་དང༌། སྤྱོད་པ་ངན་པ་ལ་གནས་པར་བྱ་སྟེ། དེའི་རྗེས་ལ་དཀའ་བ་སྤྱོད་པ་དང༌། ལྟ་བ་ངན་པ་ལ་སྤྱོད་པ་མི་འདུལ་བའི་འཇིག་རྟེན་རྣམས་ཆོས་བདག་མེད་པའི་ཡེ་ཤེས་ཀྱི་སྣང་བས་རྣམ་པར་དག་པར་བྱ་བའི་ཕྱིར་དང༌། ས་དང་པོ་ལ་སོགས་པ་རྟོགས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐོབ་པར་འགྱུར་བའི་ཕྱིར། མངོན་པར་རྫོགས་པར་སངས་རྒྱས་ནས། མངོན་པར་བྱང་ཆུབ་པ་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནས་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་དེ་ཁོ་ན་ཉིད་མི་ཤེས་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་འོག་མིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཡང་འཇིག་རྟེན་པ་དང་རྗེས་སུ་མཐུན་པའི་ཕྱིར་སྤྲུལ་པའི་སྐུས་མངོན་པར་རྫོགས་པར་སངས་རྒྱས་པ་སྟོན་པར་བྱེད་པ་དེ་ཁོ་ན་ཉིད་མི་ཤེས་པ་བརྗོད་ཅིང་སྨྲ་བ་ཡིན་ནོ། །ཅེ་ཞིག་སྨྲ་ཞེ་ན། ཇི་སྐད་དུ། ཀྱེ་དགེ་སྦྱོང་ཅི་བྱང་ཆུབ་ཀྱི་ཕྱིར་འདི་ལྟ་བུའི་སྡུག་བསྔལ་བ། མི་བཟད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀའ་བ་ལས་བྱུང་
བས་ན་དྲག་པོའོ། །མི་མཐུན་པར་གྱུར་པས་ན་མི་བཟད་པའོ། །གྲོགས་པོ་རྣམས་ཁོ་བོ་ལ་བྱང་ཆུབ་ཐོབ་པར་སྒྲུབས་ཤིག་ཅེས་བྱ་བ་ནི་བསྒྲུབ་པ་དོན་དུ་གཉེར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དེ་སྐད་དུ་གསུངས་ཤེ་ན། མཆོག་སྦྱིན་པའི་མངོན་པར་ཞེན་པ་སྤངས་པའི་ཕྱིར་རོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཞེས་པ་ནས་བརྩམས་ཏེ། དེའི་གཏམ་རྒྱུད་བྱས་པ་ལ་ཐུབ་པའི་གཞུང་གིས་ལྷ་རྣམས་ཀྱང་བྱང་ཆུབ་པ་ཡོངས་སུ་ཤེས་པ་མེད་པ་དང༌། མཆོག་སྦྱིན་པར་མི་ནུས་པར་བསྟན་པ་ཡིན་ནོ། །ད་ནི་འདི་སྐད་སྟོན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་སྒྲའི་དོན་ཡང་ལྷ་རྣམས་ཀྱིས་མི་ཤེས་ན། ཅིའི་ཕྱིར་བྱང་ཆུབ་སྟེར་བར་ནུས། ཞེས་བྱའོ། །དེ་ནས་འཇིག་རྟེན་ གསུམ་པོ་མཐའ་དག་གི་བདག་པོ་དབང་ཕྱུག་ཆེན་པོ་ཞེས་བྱ་བ་ལ་སོགས་པ ་ནི་གོ་སླའོ། །གྲོགས་པོ་རྣམས་ཁོ་བོ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྨིན་པར་སྒྲུབས་ཤིག་ཅེས་བྱ་བ་ལ་སོགས་པ་ནི་ལྷའི་བདག་པོ་རྣམས་ཀྱིས་ཀྱང་མཆོག་སྟེར་པར་མི་ནུས་པར་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སྩོལ་བར་མི་ནུས་སོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་དོན་ཡོངས་སུ་མི་ཤེས་སོ་ཞེས་བྱ་བའི་དོན་ཏོ། །གང་ཐོས་པ་དང་བསམ་པའི་ཤེས་པ་གང་གིས་བྱང་ཆུབ་ཤེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །བདག་ཅག་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནི་ལྷ་རྣམས་ཀྱང་མངོན་པར་འདོད་པའོ། །དེ་ལྟར་ལྷ་རྣམས་ལ་བརྟག་པར་མཛད་ནས། བཅོམ་ལྡན་འདས་ཀྱིས་བདེན་པར་གསུངས་པ་ནི། དེ་ནི་གཟུགས་མིན་གཟུགས་ལ་མིན། །ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ནི་གཟུགས་ཀྱི་ཕུང་པོའི་རང་བཞིན་མ་ཡིན་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་གཟུགས་མེད་པ་ནི་བྱང་ཆུབ་མ་ཡིན་ནོ། །བདེན་མིན་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞིའི་རང་བཞིན་ཡང་མ་ཡིན་ནོ། །བརྫུན་མིན་ཞེས་བྱ་བ་ནི་མགལ་མེའི་འཁོར་ལོ་ལ་སོགས་པའི་བརྫུན་པའི་རང་བཞིན་
མ་ཡིན་ནོ། །གལ་ཏེ་དེ་ལྟར་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་རང་བཞིན་བྱང་ཆུབ་མ་ཡིན་ན། དེ་ལྟར་འོན་ཏེ་ཅི་འདྲ་བ་ཞིག་ཡིན་ཞེ་ན། གཙང་མ་ཞེས་བྱ་བ་སྨོས་ཏེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་པ་གཉིས་སུ་མེད་པའི་སེམས་དང༌། སེམས་ལས་བྱུང་བའི་རང་བཞིན་ནི་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ནི་སངས་རྒྱས་ཀྱི་བྱང་ཆུབ་ནི་སངས་རྒྱས་ཀྱི་བྱང་ཆུབ་སྟེ། དག་པའི་ངོ་བོ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཡིན་ནོ་ཞེས་གསུངས་སོ། །ཡེ་ཤེས་འདི་རྟོགས་ན་རྒྱལ་བ་ཉིད་དུ་གྱུར་ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་ངེས་པའི་ཕྱིར་དེ་ཉིད་ནི་ཡེ་ཤེས་ཏེ་ཡེ་ཤེས་འདི་ཞེས་བྱའོ། །མངོན་སུམ་དུ་བྱས་ནས་རྟོགས་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་རྣལ་འབྱོར་པ་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ནས་ལྷའི་དབང་པོ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་བྱང་ཆུབ་ཀྱི་དོན་བསྟན་པས་ལྷའི་བདག་པོ་བྱང་ཆུབ་ཀྱི་དོན་ནི་སེམས་དངོས་པོ་མེད་པར་ཤེས་པ་མངོན་པར་རྫོགས་པར་བྱང་ཆུབ་པ་མངོན་སུམ་དུ་བྱེད་པར་འདོད་པས་ཡང་དང་ཡང་མངོན་སུམ་དུ་བྱས་ནས་ཅང་མི་སྨྲ་བར་གནས་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་བྱང་ཆུབ་ཀྱི་དོན་མངོན་སུམ་དུ་བྱས་ཤིང་གནས་པའི་ལྷའི་བདག་པོ་རྣམས་ལ། བྱང་ཆུབ་ཀྱི་དོན་ཤེས་པ་མེད་ན། བྱང་ཆུབ་སྙིང་པོ་རྩྭའི་གདན་ལ་འདུག་ནས་བྱང་ཆུབ་པར་མི་འགྱུར་རོ་ཞེས་རྣམ་པར་རྟོག་པ་བསྐྱེད་པའི་ཕྱིར་རྩྭའི་གདན་དེ་ལས་བཞེངས་ཏེ། དེ་དག་གི་མངོན་པའི་ང་རྒྱལ་གཞོམ་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་རྣམས་སངས་རྒྱས་ཀྱི་ཡེ་ཤེས་འདི་ལྟ་བུ་སྒྲུབ་པར་གྱིས་ཤིག །དེ་དག་གིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སྟེར་བར་རྔོ་མི་ཐོགས་ལགས་སོ། །གལ་ཏེ་ཁོ་བོ་ཅག་གིས་བྱང་ཆུབ་ཀྱི་དོན་ཤེས་ན་གདན་བ་ཏིང་བ་ལ་དེ་བཞིན་དུ་འདུག་ནས། རིམ་པ་བཞིན་དུ་ཁོང་དུ་ཆུད་ཅིང་ཡོངས་སུ་ཤེས་པར་གྱུར་ནས་ཁོ་བོས་མི་ནུས་ཞེས་བྱ་བར་བསམ་མོ། །
གོ་རིམས་བཞིན་དུ་རྟོགས་ཤིང་ཡོངས་སུ་ཤེས་པར་ཁོང་དུ་ཆུད་པར་འགྱུར་བ་ཡིན་ནོ་སྙམ་པའི་མངོན་པའི་ང་རྒྱལ་སྤང་བའི་ཕྱིར། བཅོམ་ལྡན་འདས་ཀྱི་ཡིད་ཀྱིས་རབ་ཏུ་རྟོགས་པས་ན་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་བརྗོད་ཅིང༌། སེམས་སོ་སོར་རྟོག་པ་བསྒོམ་པའི་ཕྱིར། བྱང་ཆུབ་སེམས་ཞེས་བྱ་བ་ནི། ཨོཾ་བོདྷི་ཙིཏྟ་ཨུཏྤཱ་ད་ཡ་མི་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །བརྟན་པར་བྱ་ཞེས་བྱ་བ་ནི། ཨོཾ་ཏིཥྛ་བཛྲ་ཞེས་བྱ་བ་དེ་ཁོ་ན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའོ། །སེམས་དཔའི་རྡོ་རྗེ་བརྟན་བྱས་ནས། །ཞེས་བྱ་བ་ནི། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེའི་བདག་ཉིད་བརྟན་པར་བྱའོ། །སངས་རྒྱས་སུ་ནི་བདག་སྒོམས་ཤིག །ཅེས་བྱ་བ་ནི་རྡོ་རྗེར་འགྱུར་བའི་རང་བཞིན་གྱི་སེམས་ཏེ། ཨོཾ་ཡ་ཐ་སརྦྦ་ཏ་ཐཱ་ག་ཏ་སྟ་ཐ་ཨ་ཧཾ་ཞེས་བརྗོད་ཅིང༌། སངས་རྒྱས་ཀྱི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །དེ་དག་གིས་དེ་ལྟ་བུ་ལགས་ཞེས་སྨྲས་ནས་དང་ངོ༌། །དེ་ལྟར་བྱས་པ་ཉིད་ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བྱེད་པར་ཁྱེད་ཀྱིས་ནུས་པར་འགྱུར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒོམ་པ་ཁོ་ནས་མངོན་པར་བྱང་ཆུབ་པར་འགྱུར་རོ། །ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ནི་སྐབས་སུ་བབས་པའོ། །དེ་ལྟར་ལྷའི་བདག་པོ་རྣམས་ལ། སངས་རྒྱས་པའི་གདམས་ངག་བསྟན་ནས། འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་རང་གི་བསྒོམ་པའི་མཐུས་བདུད་ཕམ་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟར་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རང་གི་སྙིང་གར་ཟླ་བ་རྡོ་རྗེའི་གཟུགས་ལ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བ་ལ་སོགས་པས་བསྟོད་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྙིང་པོའི་རང་
བཞིན་ཁྱོད་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །སེམས་དཔའ་ཆེ་ཞེས་བྱ་བ་ནི་སྤྲོ་བ་དང་བསྡུ་བའི་སྒོ་ནས་སོ། །ཐེག་པ་ཆེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རང་བཞིན་ལམ་འབྲས་བུ་དང་བཅས་པ་ཡིན་ནོ། །བདག་ཉིད་ཆེ་ཞེས་བྱ་བ་ནི་བདག་ཉིད་ཆེན་པོ་འདི་ལ་མངའ་བས་ན་བདག་ཉིད་ཆེའོ། །སྣང་བ་ཆེ་ཞེས་བྱ་བ་ནི་སྤྲོ་བ་དང་བསྡུ་བའི་སྒོ་ནས་སོ། །མགོན་པོ་ཆེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཆེན་པོའི་ངོ་བོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མགོན་པོས་མཛད་པས་ན་མགོན་པོ་ཆེའོ། །མཚན་བདུན་ཡིན་ནོ། །རྡོ་རྗེ་རྒྱལ་པོ་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་པོ་སྙིང་པོའི་སྒོ་ནས་སོ། །རྡོ་རྗེ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྤྲོ་བ་དང་བསྡུ་བའི་སྒོ་ནས་སོ། །རྡོ་རྗེ་ཞེས་བྱ་བ་ནི་ཐུགས་ཀའི་སེམས་དཔའི་རྡོ་རྗེའི་སྒོ་ནས་སོ། །དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་སྒོ་ནས་སོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་འདྲེན་པའི་ལས་ཀྱིས་ཐམས་ཅད་དུ་ཁྱབ་པའི་ཕྱིར་རོ། །བརྩོན་འགྲུས་ཆེ་ཞེས་བྱ་བ་ནི་བསྡུ་པའི་དངོས་པོ་བཞི་དང་བཅས་པའི་ལས་ཐམས་ཅད་ཁྱབ་པའི་ཕྱིར་བརྩོན་འགྲུས་ཆེའོ། །ཐབས་ཆེན་པོ་ཞེས་བྱ་བ་ནི་གཞལ་དུ་མེད་པ་འགུགས་པའི་རང་བཞིན་ཡིན་པའི་ཕྱིར་ཐབས་ཆེན་པོ་སྟེ་མཚན་བདུན་ནོ། །རྡོ་རྗེ་འདོད་པ་འདོད་པ་ཞེས་བྱ་བ་ནི་རྡོ་རྗེ་ཆགས་པའི་སྙིང་པོའི་སྒོ་ནས་སོ། །དག་པ་ཆེ་ཞེས་བྱ་བ་ནི་ཆོས་བདག་མེད་པའི་ཆགས་པའི་ངོ་བོས་བག་ཆགས་དང་བཅས་པ་ཉོན་མོངས་པ་སྤངས་པའི་ཕྱིར་དག་པ་ཆེའོ། །ཀུན་གྱི་བདེ་པ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རང་བཞིན་ཡིན་པའི་ཕྱིར་ཀུན་གྱི་བདེ་བའོ། །བདེ་བ་ཆེ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པའི་དཔྱད་པ་དང་བྲལ་བས་བདེ་པ་ཆེན་པོའི་རྣམ་པར་ཐར་པའོ། །བདེ་མཆོག་ཅེས་བྱ་བ་ནི་བདེ་པ་ཆེན་པོའི་ངོ་བོས་ཐམས་ཅད་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཐོག་མ་དང་ཐ་མ་མེད་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །བཞད་ཆེན་ཞེས་བྱ་བ་ནི་
བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ་ཞེས་གསུངས་པས་ན་མཚན་བདུན་ནོ། །རྡོ་རྗེ་ལེགས་པ་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །དགྱེས་པ་ཆེ་ཞེས་བྱ་བ་ནི་སྤྲོ་པ་དང་བསྡུ་པའི་སྒོ་ནས་སོ། །ལེགས་ཞེས་བྱ་བ་ནི་ལེགས་པར་བྱེད་པའི་རང་བཞིན་ནོ། །རབ་དགྱེས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་དང༌། སེམས་ཅན་རྣམས་ཡིད་བདེ་པ་བསྐྱེད་པར་མཛད་པའི་ཕྱིར་རབ་དགྱེས་པའོ། །མཉེས་པ་ཆེ་ཞེས་བྱ་བ་ནི་ཡིད་བདེ་བའི་རང་བཞིན་གྱིས་ཐམས་ཅད་དུ་ཁྱབ་པའི་ཕྱིར་མཉེས་པ་ཆེའོ། །དགྱེས་པ་ཆེ་ཞེས་བྱ་བ་ནི་ཡིད་བདེ་བའི་རང་བཞིན་གྱིས་ཐམས་ཅད་དུ་ཁྱབ་པའི་ཕྱིར་མཉེས་པ་ཆེའོ། །དགྱེས་པ་ཆེ་ཞེས་བྱ་བ་ནི་ཡིད་བདེ་བ་བསྐྱེད་པས་ཐམས་ཅད་ཁྱབ་པའི་ཕྱིར་དགྱེས་པ་ཆེའོ། །རབ་དགྱེས་ཁྱོད་ཅེས་བྱ་བ་ནི་སེམས་ཅན་རྣམས་ལ་རབ་ཏུ་དགྱེས་པ་ཤིན་ཏུ་བསྐྱེད་པའི་ཕྱིར་ན་རབ་དགྱེས་ཁྱོད་དེ་མཚན་བདུན་ཡིན་ནོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །རྒྱལ་པོ་ཆེ་ཞེས་བྱ་བ་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཐོབ་པས་ན་རྒྱལ་པོ་ཆེའོ། །དབང་བསྐུར་བཟང་པོ་ཞེས་བྱ་བ་ནི་དབང་བསྐུར་བ་བཟང་པོ་འདི་ལ་མངའ་བས་ན་དབང་བསྐུར་བཟང་པོའོ། །ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་ཁམས་ གསུམ་པ ་ན་སྤྱོད་པའི་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་འཁྲུང་པར་བྱེད་ངོ་ཞེས་བྱ་བའི་དོན་ཏོ། །བདག་པོ་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་རང་བཞིན་གྱིས་སྦྱིན་པའི་བདག་པོ་ནི་སྦྱིན་བདག་ཆེན་པོ་སྟེ། འཁོར་ལོས་སྒྱུར་པ་ཆེན་པོ་ཡིན་པའི་ཕྱིར་རོ། །རིན་ཆེན་ཐམས་ཅད་ཅེས་བྱ་བ་ནི་ནོར་བུའི་རིགས་ཐམས་ཅད་ཀྱི་རིན་པོ་ཆེའི་རང་བཞིན་ཡིན་པའི་ཕྱིར་རིན་ཆེན་ཐམས་ཅད་དོ། །མཛེས་པ་ཆེ་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་རང་བཞིན་གྱིས་སེམས་ཅན་ཐམས་ཅད་ལ་མཛེས་པ་ཆེན་པོར་བྱེད་པས་ན་མཛེས་པ་ཆེའོ། །རྣམ་རྒྱན་ཁྱོད་ཅེས་བྱ་བ་ནི་རིན་པོ་ཆེའི་ཅོད་པན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་རྣམ་པར་བརྒྱན་པར་བྱེད་པའི་ཕྱིར་ན་རྣམ་བརྒྱན་དེ་མཚན་བདུན་
ཡིན་ནོ། །རྡོ་རྗེ་གཟི་བརྗིད་ཆེ་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །གཟི་བརྗིད་ཆེ་ཞེས་བྱ་བ་ནི་སྤྲོ་པ་དང་བསྡུ་པའི་སྒོ་ནས་སོ། །འོད་ཆེ་ཞེས་བྱ་བ་ནི་འོད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པས་ན་འོད་ཆེའོ། །ལྷམ་མེ་ཆེན་པོ་སྟེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་གསལ་བ་འདི་ལ་མངའ་བས་ན་ལྷམ་མེ་ཆེན་པོའོ། །རྒྱལ་པོའི་འོད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་འོད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །འབར་པ་ཆེན་པོ་འདི་ལ་མངའ་པས་ན་འབར་པ་ཆེའོ། །སངས་རྒྱས་འོད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སངས་རྒྱས་དེ་དག་གི་འོད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཏེ་མཚན་བདུན་ཡིན་ནོ། །རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །རྡོ་རྗེ་དཔལ་ཞེས་བྱ་བ་ནི་སྤྲོ་པ་དང་བསྡུ་པའི་སྒོ་ནས་སོ། །རྒྱལ་མཚན་ཆེ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་རྒྱལ་མཚན་ཆེན་པོ་ཡིན་པའི་ཕྱིར་རྒྱལ་མཚན་ཆེའོ། །ནོར་རབ་གཏོང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བཙུགས་ནས་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་ནོར་སྟེར་པས་ན་ནོར་རབ་གཏོང་ངོ༌། །ནམ་མཁའི་རྒྱལ་མཚན་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་བས་ན་ནམ་མཁའ་རྒྱལ་མཚན་ནོ། །ཡུ་བ་ཆེ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཆོད་སྡོང་ཆེན་པོ་ནི་ཡུ་བ་ཆེ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་དཔལ་གྱི་སྐུའོ།། གཏོང་བའི་རྒྱལ་མཚན་ཞེས་བྱ་བ་ནི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱིས་དོན་ཐམས་ཅད་གཏོང་བས་ན་གཏོང་བའི་རྒྱལ་མཚན་ཏེ་མཚན་བདུན་ནོ། །རྡོ་རྗེ་བཞད་པ་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །བཞད་པ་ཆེ་ཞེས་བྱ་བ་ནི་སྤྲོ་པ་དང་བསྡུ་པའི་སྒོ་ནས་སོ། །དགྱེས་པ་ཆེ་ཞེས་བྱ་བ་ནི་ཡིད་བདེ་བ་དཔག་ཏུ་མེད་པའི་རྒྱུར་གྱུར་པས་ན་དགྱེས་པ་ཆེའོ། །རབ་དགྱེས་ཆེ་ཞེས་བྱ་བ་ནི་ཡིད་བདེ་བ་སྐྱེད་པར་བྱེད་པས་རབ་དགྱེས་མའོ། །དགྱེས་པའི་ཤུགས་ཞེས་བྱ་བ་ནི་རྟོག་པ་མེད་པ་དགའ་བའི་རྒྱུན་
འབྱུང་བ་ཡིན་པའི་ཕྱིར་དགྱེས་པའི་ཤུགས་སོ། །རོལ་ཞིང་དགྱེས་ཞེས་བྱ་བ་ནི་བྱང་ཆུབ་སེམས་ལ་དགའ་ཞིང་མགུ་བས་ན་རོལ་ཞིང་དགྱེས་སོ། །ཆོས་དགྱེས་ཁྱོད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་སྟོབས་དང༌། མི་འཇིགས་པའི་ཡུལ་ལ་ཆོས་ཀྱིས་མགུ་བས་ན་ཆོས་ཀྱིས་དགྱེས་པ་སྟེ་མཚན་བདུན་ཡིན་ནོ། །རྡོ་རྗེ་ཆོས་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །ཆོས་ཆེ་བ་ཞེས་བྱ་བ་ནི་སྤྲོ་པ་དང་བསྡུ་པའི་སྒོ་ནས་སོ། །ཐམས་ཅད་ཆོས་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་པའི་ཕྱིར་ཐམས་ཅད་ཆོས་སོ། །རབ་སྦྱོར་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་དེ་ཉིད་ཀྱིས་སེམས་ཅན་གྱི་ཁམས་ཤིན་ཏུ་སྦྱོང་པས་ན་སྤྱོང་བའོ། །སངས་རྒྱས་ཆོས་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཆོས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་ངོ་བོས་སོ། །ཆོས་རབ་མཆོག་ཅེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ལས་ཕུལ་དུ་བྱུང་པ་ཡིན་པས་ན་ཆོས་རབ་མཆོག་གོ ། འདོད་ཆོས་ཞེས་བྱ་བ་ནི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་འདོད་པ་དེའི་ཆོས་ནི་པདྨའི་རིགས་ཏེ་མཚན་བདུན་ནོ། །རྡོ་རྗེ་རྣོན་པོ་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །རལ་གྲི་ཞེས་བྱ་བ་ནི་སྤྲོ་པ་དང་བསྡུ་པའི་སྒོ་ནས་སོ། །ཤེས་རབ་ཡེ་ཤེས་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདག་མེད་པར་ངེས་པའི་ངོ་བོ་ཡིན་པའི་ཕྱིར་ན་ཤེས་རབ་ཡེ་ཤེས་སོ། །བློ་གྲོས་ཆེ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཡེ་ཤེས་ཆེན་པོས་ཐམས་ཅད་དུ་སོང་པའི་ཕྱིར་བློ་གྲོས་ཆེའོ། །སྡིག་གཅོད་ཅེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་འཆིང་བ་གཅོད་པར་མཛད་པས་ན་སྡིག་གཅོད་དོ། །རལ་གྲི་ཆེན་པོ་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་རལ་གྲིས་ཐམས་ཅད་དུ་སོང་པའི་ཕྱིར་རལ་གྲི་ཆེའོ། །སངས་རྒྱས་མཚོན་ཁྱོད་ཅེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་རལ་གྲི་ཆེན་པོའི་ངོ་བོ་དེ་ཡང་
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚོན་ཆ་ཡིན་པས་ན་སངས་རྒྱས་མཚོན་ཆ་སྟེ་མཚན་བདུན་ཡིན་ནོ། །རྡོ་རྗེ་རྒྱུ་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །འཁོར་ལོ་ཆེ་ཞེས་བྱ་བ་ནི་འཁོར་ལོའི་ཕྱག་རྒྱས་སྤྲོ་པ་དང་བསྡུ་པའི་སྒོ་ནས་སོ། །སངས་རྒྱས་འཁོར་ལོ་ཞེས་བྱ་བ་ནི་འཁོར་ལོའི་ཕྱག་རྒྱའི་ངོ་བོ་དེ་སངས་རྒྱས་རྣམས་ཀྱི་ཡིན་པས་ན་སངས་རྒྱས་འཁོར་ལོའོ། །གཏེར་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གྱི་ངོ་བོས་ཟད་མི་ཤེས་པའི་ཕྱིར་ན་གཏེར་ཆེན་པོའོ། །དཀྱིལ་འཁོར་ཀུན་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་ཡིན་པས་ན་དཀྱིལ་འཁོར་ཀུན་ནོ། །ཆོས་ཀྱི་མཆོག་ཅེས་བྱ་བ་ནི་མདོ་སྡེ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ལས་དཀྱིལ་འཁོར་གྱི་ངོ་བོས་མཆོག་ཏུ་གྱུར་པའི་ཕྱིར་ཆོས་ཀྱི་མཆོག་གོ ། ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གྱི་གཟུངས་ཀྱི་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་འཕོ་བར་བྱེད་པས་ན་ཆོས་ཀྱི་འཁོར་ལོ་སྟེ་མཚན་བདུན་ཡིན་ནོ། །རྡོ་རྗེ་གསུངས་པ་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །གསུང་བ་ཆེ་ཞེས་བྱ་བ་ནི་སྤྲོ་བ་དང་བསྡུ་བའི་སྒོ་ནས་སོ། །སྤྲོས་མེད་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དག་གི་རྣམ་པར་རྟོག་པ་དང་བྲལ་བའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་ན་སྤྲོས་པ་མེད་དོ། །ཡི་གེ་ཆེན་པོ་ཞེས་བྱ་བ་ནི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་གསུངས་པའི་ཕྱིར་ན་ཡེ་ཤེས་ཆེན་པོའོ། །ཡི་གེ་མེད་ཅེས་བྱ་བ་ནི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོས་ཨ་ལ་སོགས་པའི་ཡེ་ཤེས་རྣམས་སྤངས་པའི་ཕྱིར་ཡི་གེ་མེད་པའོ། །བཟླས་པ་ཆེ་ཞེས་བྱ་བ་ནི་ལྕེའི་ཕྱག་རྒྱས་ནམ་མཁའ་ཐམས་ཅད་ཁྱབ་པའི་ཕྱིར་བཟླས་པ་ཆེའོ། །སངས་རྒྱས་གསུང་ཞེས་བྱ་བ་ནི་ལྕེའི་ཕྱག་རྒྱ་དེ་ཡང་སངས་རྒྱས་རྣམས་ཀྱིས་གསུངས་པ་ཡིན་པས་ན་སངས་རྒྱས་གསུང་སྟེ། མཚན་བདུན་ཡིན་ནོ། །རྡོ་རྗེ་ལས་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །ལས་རབ་མཆོག་ཅེས་བྱ་བ་ནི་དགེ་བ་རྣམས་ཀྱི་ལས་ཡིན་
པས་ན་རབ་སྟེ། སངས་རྒྱས་ཀྱི་སྤྲུལ་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་མཚན་ཉིད་དེ་ནི་མཆོག་ཡིན་པས་ན་ལས་མཆོག་གོ །ལས་ཆེན་ཞེས་བྱ་བ་ནི་སྤྲོ་པ་དང་བསྡུ་པའི་སྒོ་ནས་སོ། །ལས་རབ་བྱེད་པ་སྟེ་ཞེས་བྱ་བ་ནི་མ་ལུས་ཤིང་ལུས་པ་མེད་པའི་སངས་རྒྱས་མཆོད་པའི་མཚན་ཉིད་ཀྱི་དགེ་པའི་ལས་བྱེད་པས་ན་ལས་རབ་བྱེད་དོ། །གསང་པའི་མཆོད་པ་ཞེས་བྱ་བ་ནི་རྩོམ་པའི་བརྩོན་འགྲུས་ཀྱིས་བསྒྲུབ་པའི་རང་གི་མཆོད་པ་ཡིན་པའི་ཕྱིར་གསང་པའི་མཆོད་པའོ། །མཆོད་པ་ཆེ་ཞེས་བྱ་བ་ནི། རྩོམ་པའི་བརྩོན་འགྲུས་ཀྱི་ལས་ཐམས་ཅད་དུ་ཁྱབ་པའི་ཕྱིར་ན་མཆོད་པ་ཆེའོ། །སངས་རྒྱས་མཆོད་པ་ཞེས་བྱ་བ་ནི་རྩོམ་པའི་བརྩོན་འགྲུས་ཀྱི་མཆོད་པའི་ལས་ཀྱི་ངོ་བོ་དེ་ཡངས་སངས་རྒྱས་རྣམས་ཀྱི་ཡིན་པ་དེ་བས་སངས་རྒྱས་མཆོད་ཁྱོད་ཅེས་བྱ་བ་སྟེ་མཚན་བདུན་ཡིན་ནོ། །རྡོ་རྗེ་སྲུང་བ་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །གོ་ཆ་ཆེ་ཞེས་བྱ་བ་ནི་གོ་ཆའི་ཕྱག་རྒྱས་སྤྲོ་པ་དང་བསྡུ་པའི་སྒོ་ནས་སོ། །གོ་ཆ་མཆོག་ཅེས་བྱ་བ་ནི་དབྱེ་བ་མི་ཕྱེད་པའི་གོ་ཆའི་ངོ་བོ་ནི་གོ་ཆའི་ཕྱག་རྒྱ་རྣམས་ལས་མཆོག་ཏུ་གྱུར་པས་ན་གོ་ཆ་མཆོག་ཅེས་བྱའོ། །བརྟན་པ་ཆེ་ཞེས་བྱ་བ་ནི་བརྟན་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཡོངས་སུ་སྦྱོང་བའི་བརྩོན་འགྲུས་ཀྱི་ངོ་བོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཕྱིར་ན་བརྟན་པ་ཆེའོ། །སྲུང་བ་ཆེ་ཞེས་བྱ་བ་ནི་ཡོངས་སུ་སྦྱོང་པའི་བརྩོན་འགྲུས་ཀྱི་ངོ་བོས་ཐམས་ཅད་དུ་ཁྱབ་པའི་ཕྱིར་ན་བསྲུང་བ་ཆེའོ། །བདུད་ཆེན་པོ་ཞེས་བྱ་བ་ནི་ཡོངས་སུ་སྦྱོང་པའི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཕྱིར་ཕྱོགས་པས་བསད་བས་ན་བདུད་ཆེན་པོའོ། །སངས་རྒྱས་བརྩོན་འགྲུས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པ་དེའི་ཡང་བདུད་ཆེན་པོའི་ངོ་བོར་གྱུར་པས་ན་སངས་རྒྱས་བརྩོན་འགྲུས་ཏེ། མཚན་བདུན་ཡིན་ནོ། །རྡོ་རྗེ་
གནོད་སྦྱིན་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །ཁྲོ་བོ་ཆེ་ཞེས་བྱ་བ་ནི་སྤྲོ་བ་དང༌། བསྡུ་པའི་སྒོ་ནས་སོ། །མ་རུངས་པའི་བདུད་སྐྲག་པར་བྱེད་པའི་ཕྱིར་དང༌། མ་རུངས་པ་ཐམས་ཅད་ཅེས་བྱ་བ་ནི། སྟོན་པའི་ཕྱིར་ན་མ་རུངས་པ་ཐམས་ཅད་དོ། །སྐྲག་བྱེད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རྡོ་རྗེ་གནོད་སྦྱིན་གྱི་འཇིགས་པ་ཆེན་པོའི་གཟུགས་ཟློག་པར་བྱེད་པའི་ཕྱིར་སྐྲག་བྱེད་པའོ། །སངས་རྒྱས་ཀུན་ཞེས་བྱ་བ་ནི་སངས་རྒྱས་བདག་ཉིད་ཡིན་པའི་ཕྱིར་ན་སངས་རྒྱས་ཀུན་ནོ། །ཐབས་ཆེན་པོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་པ་ཡིན་ནོ་ཞེས་སོ་སོར་རྟོག་པའི་བརྩོན་འགྲུས་ཀྱིས་བདུད་བཞི་འཇོམས་པར་བྱེད་པས་ན་ཐབས་ཆེན་པོའོ། །མཆོག་ཅེས་བྱ་བ་ནི་བཤད་མ་ཐག་པའི་སོ་སོར་རྟོག་པའི་བརྩོན་འགྲུས་ནི་གཞན་ལ་མཆོག་ཏུ་གྱུར་པའི་ཕྱིར་ན་མཆོག་གོ །གནོད་སྦྱིན་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་པའི་སོ་སོར་རྟོག་པའི་བརྩོན་འགྲུས་ཀྱིས་བདུད་བཞི་ཟ་བས་གནོད་སྦྱིན་ཏེ་མཚན་བདུན་ནོ། །རྡོ་རྗེ་མཚམས་སྦྱོར་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །ཕྱག་རྒྱ་ཞེས་བྱ་བ་ནི་འདོ་གསལ་བསྒྲུབས་པའི་བརྩོན་འགྲུས་ཀྱིས་མངོན་སུམ་དུ་བྱས་པའི་ངོ་བོས་སེམས་ཅན་རྣམས་ལ་རྒྱས་འདེབས་པས་ན་ཕྱག་རྒྱ་ཆེའོ། །དམ་ཚིག་ཆེན་པོ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱ་ཆེན་པོའི་གཟུགས་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་པའི་ཕྱིར་དམ་ཚིག་ཆེའོ། །བཅིང་བ་ཆེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱ་རྣམས་དམ་ཚིག་ཆེན་པོའི་ངོ་བོ་གཅིག་ཏུ་བྱེད་པས་ན་འཆིང་བ་ཆེའོ། །ཁུ་ཚུར་ཆེན་པོ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ངོ་བོས་ཐམས་ཅད་དུ་ཁྱབ་པའི་ཕྱིར་ཁུ་ཚུར་ཆེན་པོའོ། །ཕྱག་རྒྱ་མཆོག་ཅེས་བྱ་བ་ནི་དགེ་པའི་ཕྱག་རྒྱ་ནི་བཟང་པོའི་ཕྱག་རྒྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌།
ཐུགས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གྱི་ངོ་བོས་དེ་རྣམས་ལ་ཁྱད་པར་དུ་གྱུར་པས་ན་མཆོག་གོ །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་མིང་གི་དབང་བསྐུར་པའི་སྒོ་ནས་ཏེ་མཚན་བདུན་ཡིན་ནོ། །དེ་བཞིན་གཤེགས་པས་ཕྱག་བྱ་ཞིང༌། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བརྗོད་དེ་མཆོད་དེ་བསྟི་སྟང་བྱ། །ཞེས་བྱ་བ་ནི་བསྟི་སྟང་དུ་བྱ་བ་བཟང་པོ་འདི་ལ་མངའ་བས་ན་བསྟི་སྟང་བྱ་བའོ། །འདིར་བསྟི་སྟང་དུ་བྱ་བ་ནི་ཤིན་ཏུ་གུས་ཤིང་བསྟི་སྟང་བྱས་བ་དེ་དག་ཕུལ་དུ་བྱུང་བར་གནས་པའི་ཕྱིར་མཆོད་དེ་བསྟི་སྟང་དུ་བྱའོ། །ལྷག་མ་ནི་གོ་སླའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་ལྟར་དཀྱིལ་འཁོར་གྱི་ལྷའི་སྤྲུལ་པ་ཐམས་ཅད་བསྡུ་པ་མཛད་ནས་རི་རབ་ཀྱི་རྩེ་མོ་ཡོངས་སུ་བཏང་ནས། འོག་མིན་གྱི་གནས་སུ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་གྱུར་པར་བདག་ཉིད་བསམ་པར་བྱའོ། །སློབ་དཔོན་གྱིས་དེ་ནས་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོ་སྤྲུལ་ནས་ཆོས་སྟོན་པར་མཛད་པ་ཡིན་ནོ། །དེ་ནས་ཤཱཀྱའི་རིགས་སུ་དགའ་ལྡན་ན་སྤྱོད་པའི་ལྷའི་བུ་ཤི་འཕོས་ནས་ཤཱཀྱའི་རིགས་སུ་སྐྱེས་པར་མཛད་ནས། །དཀའ་པ་སྤྱོད་པའི་མཐར་ཐུག་པ་དང༌། དོན་ཐམས་ཅད་གྲུབ་པའི་སྤྱོད་པ་བཏང་ནས་བྱང་ཆུབ་ཆེན་པོའི་དྲུང་དུ་གཤེགས་པ་ཡིན་ནོ། །ཤིས་པ་ལ་སོགས་པའི་རྩྭའི་གདན་བླངས་ནས། ཨེ་མའོ་སེམས་ཅན་བསྟན་པ་ཡི། །སེམས་ཅན་དོན་ནི་བདག་དོན་མཆོག ། གང་ཕྱིར་འདུལ་དབང་བསྟན་པ་རྣམས། །མུ་སྟེགས་ལྟ་ལ་གནས་པར་མཛད། །མདོར་ན་མི་འདུལ་འཇིག་རྟེན་པ། །ལྟ་པ་ངན་པས་ལྡོངས་པ་རྣམས། །ཡེ་ཤེས་སྣང་བས་དག་བྱའི་ཕྱིར། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །དེ་ནས་འདོད་པའི་ལྷ་རྣམས་ལ། །འདི་སྐད་དུ། ཀྱེ་དགེ་སྦྱོང་གི་བྱང་ཆུབ་ཀྱི་ཕྱིར་འདི་ལྟ་བུའི་སྡུག་བསྔལ་དྲག་ཅིང་མི་བཟད་པའི་སྡུག་བསྔལ་རྣམས་ཀྱིས་དགའ་བ་སྐྱེད་པར་མཛད་དམ་ཞེས་གསོལ་ནས་བདག་ཉིད་ལ་བསྐུལ་བར་བསམ་པར་བྱའོ། །དེ་ནས་
རྩྭའི་གདན་བཏིང་སྟེ། སྟེང་དུ་བཞུགས་ནས་ལྷ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་རྣམས་ཁོ་བོས་བྱང་ཆུབ་ཐོབ་པར་སྒྲུབས་ཤིག་ཡང་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་ཀྱིས་སྙིང་པོ་བྱང་ཆུབ་ག་ན་བ་དེར་སོང་ནས། ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བར་དགོངས་ཏེ། རང་གི་གདན་འདི་ལས་བཞེངས་ལ་ལྷ་རྫས་ཀྱི་གདན་ལ་བཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མཛད་དུ་གསོལ་ཞེས་སྨྲ་བར་བསམ་པར་བྱའོ། །དེ་ནས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་རྣམས་ཁོ་བོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྨིན་པར་སྒྲུབས་ཤིག། དེ་ནས་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སྩོལ་བར་མི་ནུས་སོ། །ཅི་སྟེ་བདག་ཅག་གིས་ནུས་པར་མི་འགྱུར་ན། ད་ལྟ་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་སྨྲ་བར་བསམ་པར་བྱའོ། །དེ་ནས་དེ་དག་གི་དོན་དེ་ཉིད་གསལ་བར་མཛད་པ་ནི། དེ་ནི་གཟུགས་མིན་གཟུགས་མེད་མིན། །བདེན་མིན་བརྫུན་མིན་གཙང་བ་ཡིས། །སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། །རྟོགས་ན་རྒྱལ་བ་ཉིད་དུ་འགྱུར། །དེ་ནས་ལྷའི་བདག་པོ་རྣམས་ཀྱིས་བྱང་ཆུབ་པའི་དོན་མངོན་སུ་དུ་བྱས་པར་བསམ་པར་བྱའོ། །རྩྭའི་གདན་དེ་ལས་བཞེངས་ཏེ་གྲོགས་པོ་རྣམས་སངས་རྒྱས་ཀྱི་ཡེ་ཤེས་འདི་ལྟ་བུ་རྟོགས་པར་བྱ་བའི་ཕྱིར་སྒྲུབས་ཤིག །དེ་དག་གི་གསོལ་པ། བཅོམ་ལྡན་འདས་དེ་སྐད་ཅེས་བཀའ་སྩལ་པ་དེ་བསམ་པར་རྔོ་མི་ཐོགས་ལགས་སོ། །དེ་ཡང་གདན་དེ་ཉིད་ལས་བཞུགས་པ་བཞིན་དུ་ཚིགས་སུ་བཅད་པས་མངོན་པར་བྱང་ཆུབ་པ་ལྔ་བསྒོམས་པའི་གདམས་ངག་དེ་དག་རབ་ཏུ་བསྟན་ཏེ། ཡིད་ཀྱིས་རབ་ཏུ་བརྟགས་པས་ན། །བྱང་ཆུབ་སེམས་
ནི་བརྟན་པར་བྱས། །སེམས་དཔའ་རྡོ་རྗེ་བརྟན་བྱས་ལ། །སངས་རྒྱས་སུ་ནི་བདག་བསྒོམས་ཤིང༌། །དེ་ནས་དེ་དག་གིས་དེ་ལྟ་བུ་ལེགས་སོ་ཞེས་ཁས་བླངས་ནས་དོང་བར་བསམ་མོ། །མཚན་མོ་དེ་ཉིད་ཀྱི་ཐོ་རངས་བདུད་ཕམ་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པར་བསམ་པར་བྱའོ། །སྙིང་ག་ན་གནས་པའི་རྡོ་རྗེ་སེམས་དཔའ་ལ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་བྱ་བ་ལ་སོགས་པའི་མཚན་བརྒྱ་རྩ་བརྒྱད་བ་འདིས་བསྟོད་པར་བསམ་པར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ན་གནས་པའི་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་སྟེ་ཞེས་བྱ་བ་ནི། འོག་མིན་གྱི་གནས་ན་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པའི་དེ་བཞིན་གཤེགས་པ་གང་ཡིན་པ་དེ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་གསུང་གཅིག་ཏུ་ལེགས་སོ་ཞེས་བྱ་བ་རབ་ཏུ་བྱིན་ནོ། །ལག་གཉིས་ལེགས་པར་བྱེད་པའི་ཕྱག་རྒྱ་བཅིངས་ཏེ། རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །ཞེས་བྱ་བ་ལ་སོགས་པས་ལེགས་སོ་ཞེས་གསུངས་སོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། དེ་ལ་མི་རྣམས་ཀྱིས་མངོན་པར་བྱང་ཆུབ་པ་ནི་འདི་ལྟར་རྣམ་པར་བསམས་ཏེ། རྣལ་འབྱོར་པ་སྤྲུལ་པའི་སྐུས་མི་རྣམས་ཀྱི་ཤཱཀྱ་ཐུབ་པའི་ཤུགས་ཀྱིས་རབ་ཏུ་ཞུགས་པ་ཡིན་ལ། འོག་མིན་དུ་རྣམ་པར་སྣང་མཛད་དང་བདག་ཉིད་ལྷན་ཅིག་ཐ་མི་དད་པར་བསམས་ནས་སྙིང་ག་ག་གནས་པའི་རྡོ་རྗེ་སེམས་དཔའ་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས། ཡང་ལེགས་སོ་ཞེས་བྱ་བའི་ཕྱག་རྒྱ་བཅིངས་ནས། རྡོ་རྗེ་ཐེག་པ་བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང༌། །ཐེག་པ་ཆེན་པོ་མངོན་འདུལ་བའི། །མདོ་སྡེ་ལེགས་པར་བཤད་པས་ན། །རྡོ་རྗེ་སེམས་དཔའ་ཁྱོད་ལེགས་སོ། །རྡོ་རྗེ་རིན་
ཆེན་ཁྱོད་ལེགས་སོ། །རྡོ་རྗེ་ཆོས་ནི་ཁྱོད་ལེགས་སོ། །རྡོ་རྗེ་ལས་ནི་ཁྱོད་ལེགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པ་དགྱེས་པར་འགྱུར་རོ། །དེ་ནས། རྡོ་རྗེ་སེམས་དཔའི་གཙུག་ཏོར་དང༌། །རྡོ་རྗེ་བསྲུང་བ་དང༌། རྡོ་རྗེ་གནོད་སྤྱིན་དང༌། རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་རྣམས་ཀྱིས་བདག་ཉིད་ཡང་དག་པར་བསྲུངས་ལ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་ཡང་དང་ཡང་དུ་བརྗོད་ཅིང་ཇི་ལྟར་མངོན་པར་འདོད་པའི་དགེ་བའི་ཕྱོགས་བྱེད་ཅིང་གནས་པར་བྱེད་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་རྡོ་རྗེ་སེམས་དཔའ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་འདི་དག་ཐམས་ཅད་དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་ཡོངས་སུ་གང་བར་གྱུར་ཏོ་ཞེས་བྱ་བ་ནས་བརྩམས་ནས། རྡོ་རྗེ་ཐེག་པ་བླ་ན་མེད། །དེ་བཞིན་གཤེགས་པ་ཀུན་གྱི་གསང༌། །ཐེག་པ་ཆེན་པོ་མངོན་བསྡུས་པ། །མདོ་འདི་ལེགས་པར་བཤད་པའོ། །ཞེས་བྱ་བའི་བར་དུའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་གང་ཡིན་པ་དེ་སྡུད་པ་པོ་བདག་གིས་འོག་མིན་ལྷའི་རྒྱལ་པོའི་གནས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་ཏེ་བཀའ་སྩལ་ཞིང༌། གསུངས་པ་དེ་ལས་མངོན་སུམ་དུ། །འདི་སྐད་བདག་གིས་ཐོས་པ་དེ་ནི་འདི་ཡིན་ནོ་ཞེས་བདག་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་སོགས་པ་རྣམས་ཀྱིས་སྡུད་པ་པོ་ཡོངས་སུ་རྫོགས་པའི་དུས་སུ་ལྕང་ལོ་ཅན་གྱི་ཕོ་བྲང་ན་གནས་པའི་སྡུད་པར་བྱེད་པ་ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་ས་གསུངས་པ་མཐར་རྗེས་སུ་ཡི་རང་ཞིང་མངོན་པར་བསྟོད་དོ། །དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། དེ་བཞིན་གཤེགས་པ་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོའི་མདོ་གསུངས་པ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་
དཔའ་དང་བཅས་པ་རྣམས་རྗེས་སུ་ཡི་རང་ཞིང་མངོན་པར་བསྟོད་དོ། །གང་ན་གནས་ཤེ་ན། རང་གི་ཐུགས་ཀ་ན་ཞེས་བྱ་བ་སྨོས་ཏེ། རང་གི་ཐུགས་ལ་ཞུགས་པས་ན་རང་གི་ཐུགས་ཀ་ན་གནས་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ན་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་དང་བཅས་པ་བཞུགས་པ་གང་ཡིན་པ་དེ་ནི། འོག་མིན་གྱི་གནས་ན། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པར་བཞུགས་པ་གང་ཡིན་པ་དེ་དག་ཐམས་ཅད་དགྱེས་ཤིང་མཉེས་ནས་གསུངས་པ་ལ་མངོན་པར་དགྱེས་པར་གྱུར་ཏོ་ཞེས་བྱ་བར་སྦྱར་རོ། །གང་གིས་གསུངས་པ་ཡིན་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི། འཁོར་ལོས་སྒྱུར་བ་བཞིའི་རང་བཞིན་དུ་སྟོན་པ་གང་ཡིན་པ་དང༌། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འོག་མིན་གྱི་གནས་སུ་མངོན་པར་བྱང་ཆུབ་པ་མངོན་སུམ་དུ་མཛད་པའི་རྗེས་ཐོགས་ཉིད་ལ་གསུངས་པ་འདི་དང༌། རྡོ་རྗེ་སེམས་དཔའ་རི་རབ་ཀྱི་རྩེ་མོ་ན་བཞུགས་ནས་འདི་རྒྱ་ཆེ་བར་གསུངས་པ་ཡིན་ནོ། །དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། འདི་ལྟར་རི་རབ་ཀྱི་སྟེང་དུ་འཁོར་ལོས་སྒྱུར་བ་བཞིའི་རང་བཞིན་གྱིས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད་བསྡུས་པ་གསུངས་པ་དང༌། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འོག་མིན་གྱི་གནས་སུ་མངོན་པར་བྱང་ཆུབ་པ་མངོན་སུམ་དུ་རྗེས་ཐོགས་ཉིད་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་སོགས་པ་ཐོག་མར་གསུངས་པ་ཡིན་ནོ། །མངོན་པར་དགྱེས་ཞེས་བྱ་བ་ནི། མངོན་པར་དགའ་བའི་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པའོ། །དེ་སྐད་དུ་ཡང༌། ཆོས་བདག་མེད་པའི་ཆགས་པ་ཡིས། །སྐྱེ་དགུ་ཆགས་པས་བསྒོས་པ་ཡིས།།
དེ་བཞིན་གཤེགས་རིགས་སྣ་ཚོགས་པའི། །ཕྱོགས་རྣམས་ཀུན་དུ་ཡང་དག་བཞུགས། །ཐུགས་རྗེ་ཆེན་པོ་ལས་བྱུང་བའི། །གདུག་ཅིང་མ་རུངས་འདུལ་མཛད་པ། །རྡོ་རྗེ་རིགས་ཆེན་སྣ་ཚོགས་པའི། །ཞེ་སྡང་མཚན་མ་རབ་ཞི་ཞིང༌། །མེད་པའི་ལྟ་བ་ཆེས་རྨོངས་པའི། །ཁམས་ གསུམ་འདམ་གྱི་ཉེས་པ ་ལས། །པདྨ་ཆེན་པོའི་རིགས་དག་པ། །ཀུན་དུ་དགའ་བས་རྣམ་པར་བཞུགས། །སེར་སྣའི་དྲི་མ་འཇིག་བྱེད་ཅིང༌། །སེམས་ཅན་བསམ་པ་ཡོངས་རྫོགས་བྱེད། །ནོར་བུ་ཆེན་པོའི་རིགས་ཀྱི་ལྷ། །ནམ་མཁའ་བཞིན་དུ་ཡང་དག་བཞུགས། །ཐམས་ཅད་གཟུགས་བརྙན་དང་མཚུངས་པ། །སྐྱེ་བ་མེད་ཅིང་གནས་མེད་པས། །སྒྱུ་མ་སོགས་བཞིན་རྣམ་རིག་པའི། །བྱང་ཆུབ་སྙིང་པོ་རབ་བསྒྲུབ་ཕྱིར། །སྙིང་རྗེས་ཁྱབ་པའི་སེམས་ཀྱིས་ནི། །བློ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ནམ་མཁའི་མཐར་ཐུག་གྲགས་པ་ཡིས། །དེ་ཉིད་བསྡུས་རྒྱུད་འདི་གསུངས་སོ། །ཞེས་གསུངས་ པ་ཡིན་ནོ། །ཨོཾ་ཛ་ཡ་ན་གཙུག་ནོར་བུ། འཇིག་རྟེན་གསུམ ་པོ་དགའ་བྱེད་པའི། །བྱང་ཆུབ་སེམས་དཔའི་ཚོགས་གནས་བ། །དཔལ་ལྡན་གཙུག་ལག་ཁང་ཆེན་དུ། །རྒྱུད་ཀྱི་འགྲེལ་པ་དེ་ཉིད་ནི། སྣང་བྱེད་དགེ་བ་འདི་བཤད་པས། །བདག་གིས་བསོད་ནམས་གང་བསགས་པ། །བྱང་ཆུབ་སེམས་ཀྱི་འབྲས་བསྐྱེད་ནས། །དེ་ཡིས་འཇིག་རྟེན་མ་ལུས་པའི། །རྡོ་རྗེ་འཛིན་པ་ཀུན་དགའ་ཆེ། །སྙིང་པོ་བསམ་གྱིས་མི་ཁྱབ་གཙོ། །རྡོ་རྗེ་འཛིན་ཆེན་རྒྱལ་གྱུར་ཅིག །འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་ཐེག་པ་ཆེན་པོའི་མདོའི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ་རྫོགས་སོ།། །།གྲངས་ལ་རྨོངས་པ་གཞིག་པའི་ཕྱིར། །གཞུང་འདིའི་གྲངས་ཀྱི་ཚད་དག་ནི། །སྟོང་ཕྲག་དག་ནི་བཅོ་བརྒྱད་དུ། །འགྲོ་ལ་ཕན་པ་བསྐྱེད་ཕྱིར་བྱས། །སློབ་དཔོན་ཀུན་དགའ་སྙིང་པོའི་ཞལ་སྔ་ནས་ཀྱིས་མཛད་པའོ། །རྒྱ་གར་གྱི་མཁས་པ་པཎྜི་ཏ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།