མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་ཆོ་ག་ནམ་མཁའ་དྲི་མེད་ཅེས་བྱ་བ།
འཇམ་དཔལ་བཤེས་གཉེན།
རྒྱ་གར་སྐད་དུ། ནཱ་མ་སངྒའི་ཏི་ཨཱ་ཀཱ་ཤ་བི་མ་ལ་ནཱ་མ། བོད་སྐད་དུ། མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་ཆོ་ག་ནམ་མཁའ་དྲི་མེད་ཅེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་ པ་ལ་ཕྱག་འཚལ་ལོ། །དུས་གསུམ ་བདེ་གཤེགས་ཤེས་རབ་ངོ་བོ་ཅན། །མ་རིག་མུན་ནང་སེམས་ཅན་ཉམ་ཐག་ལ། །ཡེ་ཤེས་ཉི་ཟེར་སྦྱིན་མཛད་ཐུགས་རྗེའི་བདག །འཇམ་དཔལ་དེ་ལ་བཏུད་དེ་ཕྱག་འཚལ་ནས། །སྒྱུ་འཕྲུལ་རྒྱ་ཆེན་ནམ་མཁའ་ལྟ་བུ་ནས། །དབུགས་དབྱུང་དྲུག་བསྡུས་ཟབ་པ་ཡང་དག་ནི། །དཀྱིལ་འཁོར་ཆོ་ག་དགེ་བ་འདི་ཕྱོགས་ཙམ། །བསྡུས་ལ་མོས་པའི་དོན་དུ་བཤད་པར་བྱ། །དེ་ལ་འདིར་རྡོ་རྗེ་སློབ་དཔོན་སྡོམ་པ་དང་ལྡན་ཞིང་དབང་ཐོབ་པ་གཞན་ལ་ཕན་པའི་བློ་ཅན་ཞིག་གིས། ཉོན་མོངས་པ་རགས་པའི་གང་ཟག་ལ་མ་སྨིན་པ་སྨིན་པར་བྱ་བའམ། སེམས་ཅན་ཐམས་ཅད་བདེ་བ་ལ་དགོད་པར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་མཉེས་པར་བྱ་སྟེ། གཟའ་དང་ཉི་མ་དང་སྐར་མ་བཟང་པོ་ལ། མཁོ་བའི་ཡོ་བྱད་ཅི་འབྱོར་པ་
བ་སོགས་ལ། ནགས་ཚལ་ལམ། རི་བོ་འམ། ཆུ་ཀླུང་ངམ། ཚང་ཚིང་ལ་སོགས་པ་ཉམས་དགའ་བའི་གནས་སུ་གནས་པར་བྱས་ལ་སྟན་བདེ་བ་ལ་འདུག་སྟེ། རང་གི་སྒོ་དག་པར་བྱས་ནས་མོས་པའི་སློབ་མ་མ་རུངས་པ་འདུལ་བའི་རྒྱལ་པོར་གནས་པར་བྱ་སྟེ། ཧཱུཾ་གི་མཚན་མ་ལས་བྱུང་བའི་ཁྲོ་བོ་གཤིན་རྗེ་གཤེད་དུ་སྐད་ཅིག་གིས་བདག་ཉིད་གྱུར་ཏེ། སྐུ་མདོག་མཐིང་ནག་ཧ་ལ་པ། ཞལ་བརྒྱ་ལྗགས་འདྲིལ་ཞིང་ཧ་ཧ་ཧི་ཧིའི་གད་རྒྱངས་ཕྱོགས་བཅུར་སྒྲོགས་པ། སྤྱན་མིག་དམར་པོ་རྡོ་རྗེའི་མིག་ཅན། ལག་པ་བརྒྱ་པོ་ཀུན་བསྐྱོད་མཚོན་ཆ་སྣ་ཚོགས་བསྣམས་པ། གོམ་པའི་སྟབས་ཀྱིས་གདུག་པ་མནན་པ། ཐོད་པ་དང་སྦྲུལ་དང་སྟག་ལྤགས་ཀྱིས་བརྒྱན་པ། ཞིང་ཆེན་དང་གླང་ཆེན་གྱི་ཀོ་རློན་གྱོན་པ། གཤིན་རྗེ་གཤེད་པོ་བགེགས་ཐམས་ཅད་ཀྱི་རྒྱལ་པོར་བསྐྱེད་ལ། མིག་ཏུ་མ་དང་ཀ་བཀོད་དེ། ཉི་མ་དང་ཟླ་བའི་དཀྱིལ་གྱི་རྡོ་རྗེ་སྔོན་པོ་མིག་འབྲས་སུ་བསམས་ལ། ཁྲོ་བོའི་སྡང་མིག་གཡོན་ནས་བསྐོར་བས་བགེགས་ཐམས་ཅད་སྐྲག་པར་བྱའོ། །གཡས་ནས་བསྐོར་བས་རྡོ་རྗེའི་ར་བའོ། །འོག་ཏུ་བལྟས་པས་རྡོ་རྗེའི་ས་གཞིའོ། །སྟེང་དུ་བལྟས་པས་རྡོ་རྗེའི་གུར་དུ་བྱའོ། །
དེའི་རྗེས་ལ་གནས་དེར་ཕྱག་དར་དང་སྐྱོང་ནུལ་བྱ་ཞིང༌། ཨ་ཀ་རུ་ན་ག་པོས་ཀྱང་ཕྱོགས་བཅུར་བདུགས་ལ་ས་གཞི་ཙནྡན་ལ་སོགས་པའི་དྲིས་བྱུགས་ཏེ། དེའི་དབུས་སུ་མཎྜལ་ཁྲུ་གང་ པ་གསུམ ་བྱ་སྟེ། ས་དེ་ལ་རིན་པོ་ཆེ་བདར་ཞིང་འཐས་པར་བྱས་ལ། རྡོ་རྒྱུས་ཀྱིས་དཀར་པོར་བྱ་ཞིང་འོ་མ་དང་ཙནྡན་དང་གུར་གུམ་ལ་སོགས་པ་སྲོག་ཆགས་ལ་གནོད་པ་མ་བྱས་པ་ལས་བྱུང་བའི་དྲིས་བྱུགས་ལ། ཡི་གེ་སྭཱ་ལས་བྱུང་བའི་རིན་པོ་ཆེ་བཀྲམ་པ་ནི། བླ་མའི་མཎྜལ་རི་རབ་གླིང་བཞིས་བརྒྱན་ པ་བཀོད་ལ། རང་ཉིད་དཀོན་མཆོག་གསུམ ་ལ་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་གི་ཚོམ་བུ་དགོད་པ་དང༌། ཡི་དམ་ལྷའི་མཎྜལ་གྱི་དཀྱིལ་འཁོར་ལྷ་གྲངས་དང་མཉམ་པའི་མེ་ཏོག་གི་ཚོམ་བུ་བཀོད་ལ། རང་ཉིད་ཡི་དམ་ལྷའི་ང་རྒྱལ་གྱི་སྙིང་ག་ནས་ས་བོན་གྱི་འོད་ཟེར་གྱིས་གཙུག་ཏོར་འཁོར་ལོས་སྒྱུར་བ་བཀུག་ལ་མཎྜལ་ལ་བཅུག་སྟེ། བཞུགས་པའི་རྟེན་དང༌། མཁོ་བའི་ཡོན་དུ་བྱིན་གྱིས་བརླབ་པོ། །དེའི་རྗེས་ལ་མཆོད་པ་ལྔ་དང༌། ཡན་ལག་གི་མཆོད་པ་གཡས་དང་གཡོན་དུ་བཀྲམ་ལ། གཙང་ཞིང་དག་པར་བཤམས་ཏེ། ཚུལ་བཞིན་དུ་བྱིན་གྱིས་བརླབས་ལ་གཞག་པར་བྱའོ། །དེ་ནས་ཚོགས་བསགས་པའི་ཡུལ་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་མངོན་པར་སྤྲུལ་ཏེ་མཎྜལ་ཕུལ་ལ་མཆོད་པར་བྱའོ། །འཇམ་དཔལ་རྡོ་རྗེ་ལ་སོགས་པ། །རྒྱལ་བ་སྲས་དང་བཅས་པ་ལ། །ལུས་དང་ངག་ཡིད་གུས་ལྡན་ནས། །ཀུན་ནས་བཏུད་དེ་ཕྱག་འཚལ་ལོ། །སངས་རྒྱས་ཞིང་དུ་གང་བསྔགས་དང༌། །འཇིག་རྟེན་དག་པ་མཆོག་གྱུར་པ། །རིན་ཆེན་མེ་ཏོག་བདུག་སྤོས་སོགས། །ཀུན་ནས་སྤྲུལ་ཏེ་མཆོད་པར་བགྱི། །བདག་གིས་སྔོན་ཆད་བྱས་པའི་སྡིག །ཀུན་ནས་བསགས་པར་གང་གྱུར་ལ། །རང་བཞིན་མེད་དང་ཡོད་ཚུལ་གྱིས། །རྒྱལ་བ་ཀུན་གྱི་སྤྱན་སྔར་བཤགས། །འགྲོ་བ་གང་གིས་བསོད་ནམས་གང༌། །དམན་པའི་དགེ་བ་ཐམས་ཅད་ལ། །དེ་བཞིན་མཐུན་པའི་ལྷག་སེམས་ཀྱིས། །དད་པས་རྗེས་སུ་ཡི་རང་ངོ༌། །བདེ་གཤེགས་བྱང་ཆུབ་མཆོག་བསྐྱེད་ནས། །འགྲོ་བ་ཐུགས་རྗེས་གདུལ་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ལ། །ཚངས་པ་བཞིན་དུ་གསོལ་བ་འདེབས། །ཡོངས་སུ་མྱ་ངན་འདའ་བཞེད་ལ། །འགྲོ་ཀུན་ཡུན་དུ་བདེ་བའི་ཕྱིར། །ཇི་སྲིད་འཚོ་བ་དེ་སྲིད་དུ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཇི་སྲིད་
འཁོར་བ་གནས་པར་དུ། །བདག་གི་དགེ་བ་དེ་བཞིན་དུ། །ཀུན་ནས་ཟད་པར་མ་གྱུར་པར། །སེམས་ཅན་ཡོངས་སུ་སྨིན་པར་ཤོག །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །ཇི་ལྟར་དུས་ གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང༌། །རྡོ་རྗེ་སློབ་དཔོན་དམ་པ་དག །ཡང་དག་ཉིད་དུ་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམས་ནི་རབ་ཏུ་སྦྱིན། །པདྨའི་རིགས་མཆོག་ཆེན་པོ་ལ། །སངས་རྒྱས་ཞལ་ནས་གསུངས་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་ཅི་ནུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །མཆོད་པའི་ལས་རྣམས་བྱ་བ་དང༌། །སྡོམ་པ་རྒྱ་མཚོ་མ་ལུས་པ། །ཤིན་ཏུ་དམ་པ་བདག་གིས་གཟུང༌། །དེ་ལྟར་སྡོམ་པ་མ་ལུས་པ། །དམ་པ་བདག་གིས་གཟུང་བགྱིས་ནས། །བྱང་ཆུབ་མཆོག་སེམས་བསྐྱེད་བགྱིས་ནས། །སེམས་ཅན་མ་རིག་ལྡོངས་པ་རྣམས། །བདག་གིས་ཡང་དག་དགེ་ལ་གཟུང༌། །སེམས་ཅན་ཉོན་མོངས་བཅིངས་པ་ཡི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །སྡུག་བསྔལ་ཆེན་པོའི་ནང་སེམས་ཅན། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང༌། །འཁོར་བ་དག་ན་གནས་པ་ཡི། །སེམས་ཅན་མྱ་ངན་འདས་ལ་དགོད། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །འཇམ་མགོན་འབངས་སུ་བདག་འབུལ་ལགས། །ཐུགས་རྗེས་ཡོངས་སུ་གཟུང་བར་མཛོད། །དུས་འདི་ནས་ནི་བཟུང་ནས་སུ། །བདེར་གཤེགས་ཁྱེད་ཀྱི་བཀའ་བཞིན་དུ། །སེམས་
ཅན་དོན་དུ་བསྒྲུབ་ལགས་ཀྱིས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་པས། །བྱམས་པ་ཆེན་པོ་དང༌། སྙིང་རྗེ་དང་དགའ་བ་དང༌། བཏང་སྙོམས་ཚད་མེད་པ་བཞི་རྗེས་སུ་དྲན་ནས། སེམས་བསྐྱེད་ཅིང་སྡོམ་པ་བཟུང་ནས། ད་ནི་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་དག་པའི་ཏིང་ངེ་འཛིན་བསྒོམ་པ་སྟོང་པ་ཉིད་ལ་བློ་གཏད་ལ། དེ་སྒྲུབ་པར་བྱེད་པའི་ཚིག་འདི་བརྗོད་དེ་སྒྲའི་དོན་ལ་མོས་པར་བྱའོ། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་ལ་ཡི་གེ་མེད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་གྱུར་ཏེ། ཡེ་ཤེས་ཀྱིས་སྦྱངས་ནས། ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་རང་གི་སེམས་ཀྱི་སྣང་བ་ཤར་བ་ལས་ཨཱ་ལི་དང༌། ཀཱ་ལིའི་ཕྲེང་བ་བསམས་ལ། ཨཱ་ལི་ལས་ནི་པདྨ་དཀར་པོའི་སྟེང༌། ཀཱ་ལི་ལས་ཆོས་ཀྱི་འབྱུང་གནས་ནམ་མཁའ་མཐའ་དང་མཉམ་པ། དེའི་ཐ་མ་འོད་ཟེར་གྱི་ཕྲེང་བ་ལྔས་བསྐོར་བའི་ནང་དུ་འོད་ཟེར་གྱི་ཕྲེང་བ་ལྔ་འཕྲོས་ཤིང་འདུས་པ་ལས། འོད་ལྗང་གུ་ལས་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ། འོད་དམར་པོ་ལས་མེའི་དཀྱིལ་འཁོར་པདྨ་དམར་པོ་ས་མཚན་པ། འོད་དཀར་པོ་ལས་ཆུའི་དཀྱིལ་འཁོར་རིན་པོ་ཆེས་མཚན་པ། འོད་སེར་པོ་ལས་གསེར་གྱི་ས་གཞི་འཁོར་ལོས་མཚན་པ། འོད་སྔོན་པོ་ལས་རི་རབ་རྡོ་རྗེས་མཚན་པ། དེ་ཡང་ཤར་ཤེལ། ལྷོ་བཻ་ཌཱུཪྻ། ནུབ་པདྨ་རཱ་ག །བྱང་གསེར་རྡོ་རྗེས་མཚན་པའོ། །དེའི་སྟེང་དུ་འོད་ཟེར་གྱི་ཕྲེང་བ་ལྔ་ཀ་རིལ་གྱིས་འདུས་པ་ལས། ལྷའི་གཞལ་ཡས་ཁང་གྲུ་བཞི་པ་ལ་སྒོ་བཞི་པ་སྒོ་ཁྱུད་རིན་པོ་ཆེའི་པ་ཏྲས་མཛེས་པར་བརྒྱན་པ། ཕྱི་རོལ་ན་མུ་ཏིག་གི་ཟ་ར་ཚགས་དང་དྲིལ་བུ་གཡེར་ཁ་གྲྭ་བཞི་ནས་འཕྱང་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ཆུན་འཕྱང་ཀྱང་རྟ་བབས་ཀྱི་ཀ་བ་ལ་འཕྱང་བ། རྟ་བབས་ཀྱང་ཏྭ་ར་ཎ་ལ་སོགས་པས་བརྒྱན་ཅིང༌། རི་དགས་དང་ཆོས་ཀྱི་འཁོར་ལོ་དང༌། འཕན་དང་རྒྱལ་མཚན་དང༌། གདུགས་དང་རིན་པོ་ཆེ་འོད་དུ་འབར་བའི་ཏོག་གིས་མཛེས་པར་བྱས་ཏེ། གཞལ་ཡས་ཁང་གི་ནང་དུ་སེང་གེ་དང་གླང་པོ་ཆེ་དང༌། རྟ་མཆོག་དང༌། རྨ་བྱ་དང༌། ནམ་མཁའ་ལྡིང་གི་སྟེང་དུ་པདྨ་དང་ཟླ་བ་དང༌། ཉི་མའི་གདན་མཛེས་པར་བཀྲམ་པ་
དང། འཁོར་རྣམས་ཀྱང་གོ་རིམས་སུ་པདྨ་དང༌། ཟླ་བའི་གདན་བཀྲམ་པར་བསམས་ལ། དཀྱིལ་འཁོར་གྱི་དབུས་ཀྱི་གདན་ཐོག་ཏུ་རང་གི་སེམས་ཀྱི་ཆོ་འཕྲུལ་ལས་ཨཱ་ལི་ཀཱ་ལིའི་ཕྲེང་བ་བྱུང་བ་ལས། དེའི་སྤྲོ་བསྡུའི་བྱིན་རླབས་ལས་ཟླ་བ་དང་ཉི་མ་ལ་དེ་དང་དེས་མཚན་པར་གྱུར། དེའི་ནང་དུ་ཨ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ཨས་མཚན་པར་གྱུར། དེ་རྣམས་སྤྲོ་ཞིང་བསྡུས་ནས་འོད་འབར་བ་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ཞལ་བཞི་པ་ཞལ་དང་པོ་ཤར་དུ་གཟིགས་པ། གཉིས་པ་ལྷོ། གསུམ་པ ་ནུབ། བཞི་པ་བྱང་ངོ༌། །ཕྱོགས་བཞི་ཀ་ན་ཕྱག་གཉིས་གཉིས་པ། བྱང་ཆུབ་མཆོག་གི་ཕྱག་རྒྱའི་སྟེང་ན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་སྐྱེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཡི་གེ་དྷཱིཿ་ལས། དང་པོའི་སངས་རྒྱས་ཞལ་ལྔ་པ། ཕྱག་བརྒྱད་པ། གཡས་བཞིན་ཤེས་རབ་ཀྱི་རལ་གྲི་།གཡོན་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་ཡོད་པ། ཞལ་བཞི་ཕྱོགས་དང་མཐུན་པ། དབུས་དམར་སེར་རོ། །དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་རྩིབས་དྲུག་པ་ལ། གསང་སྔགས་རྒྱལ་པོ་དྲུག་གིས་མཚན་པ། དེའི་དཀྱིལ་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞལ་དྲུག་ཕྱག་གཉིས་པ། གཡས་རལ་གྲི་གཡོན་པོ་ཏི་འཛིན་པ། དེའི་སྟེང་དུ་ཟླ་བ་དང༌། ཨ་བསྒོམ་པར་བྱའོ། །དེ་ལྟར་ན་དེ་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཏོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་དྲུག་བསྐྱེད་པར་འདོད་པས། དེ་བཞིན་གཤེགས་པ་ཐམས་ཅད་སྒྲུབ་པར་བྱེད་པའི་སྔགས་ཀྱི་ཕྲེང་བ་འདི་ཨ་ལས་སྤྲོ་བར་བྱའོ། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨོ་ཨཿ་སྠི་ཏོ་ཧྲཾ་དི་ཛཉཱ་ན་མཱུརྟི་ར་ཧཾ། བུདྡྷོ་བུདྡྷྰ་ནཱཾ། ཏྲྱ་དྷྭ་བརྟཱི་ནཱཾ། ཨོཾ་བཛྲ་ཏཱི་ཀཋྞ་ཡ་ཏེ་ན་མཿ་ཨོཾ་དུཿ་ཁཙྪེ་ད་ཡ་ཏེ་ན་མཿ་ཨོཾ་པྲྫྙཱ་ཛྙཱ་ན་རཱུརྟ་ཡེ་ཡ་ཏེ་ན་མཿ། ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ཏེ་ན་མཿ་ཨོམ་ཝཱ་གཱི་ཤྭ་རཱ་ཡ་ཏེ་ན་མཿ། ཨོཾ་ཨ་ར་པ་ཚ་ནཱ་ཡ་ཏེ་ན་མཿ། ཨོཾ་སརྦ་དྷ་རྨྨ་ཨ་བྷཱ་བ། སྭ་བྷཱ་ཝ་བི་ཤུདྡྷ། ཙཀྵུ་བཛྲ་ཨ་ཨཱ་ཨཾ་ཨཿ་པྲ་ཀྲྀ་གི །པ་རི་ཤུདྡྷ། སརྦ་དྷ་རྨྨཱ་ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏ། ཛྙཱ་ན་ཀཱ་ཡ། མཉྫུ་ཤྲཱི། པ་རི་ཤུདྡྷི་ཏཱ། མུ་པཱ་དཱ་ཡེ་ཏ། ཨོཾ་ཨ་ཨཱཿ། སརྦ་ཏ་ཐཱ་ག་ཏཱ་ཧྲྀད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿ་བྷ་ག་ཝཱན་ཛྙཱ་ན་མཱུ་རྟྟི། ཝཱ་གཱི་ཤྭ་ར། མ་ཧཱ་བཱ་ཙ། སརྦ་དྷ་རྨ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ། དྷ་རྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ་ཞེས་བརྗོད་པས་ཡི་གེའི་ཕྲེང་
བ་དེ་རྣམས་འོད་ཟེར་དང་བཅས་ནས་དཀྱིལ་འཁོར་གྱི་སྒོ་བཞི་ནས་ཕར་འཕྲོས་པས། རབ་ཏུ་དགའ་བ་ལ་སོགས་པའི་ཞིང་ཁམས་སུ་སངས་རྒྱས་མཆོད་ནས། སླར་འོད་ཟེར་དུ་འདུས་ཏེ་དཀྱིལ་འཁོར་གྱི་སྒོ་ནས་ཚུར་འདུས་པ་ལས། གདན་རྣམས་ཀྱིས་སེང་དུ་ཡི་གེ་ཨ་འབའ་ཞིག་ཏུ་གྱུར་པ་དེ་གནས་པ་ལས། དེ་རྣམས་ལས་བྱུང་བའི་སངས་རྒྱས་འདི་ལྟ་སྟེ། ཤར་ཕྱོགས་ཀྱི་གླིང་གི་ཉི་མ་ལས་སངས་རྒྱས་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ས་གནོན་གྱིས་རྡོ་རྗེ་རྩེ་ལྔ་པ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །མདུན་དུ་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་བསྟོད་པ། གཡོན་དྲིལ་བུ་དཀུ་ལ་གཏད་པའོ། །གཡས་ངོས་སུ་རྡོ་རྗེ་རྒྱལ་པོ་མདོག་སེར་པོ་ཐོ་བ་ཐོགས་པའོ། །རྒྱབ་ཏུ་རྡོ་རྗེ་ཆགས་པ་དམར་པོ་མདའ་འགེངས་པའོ། །གཡོན་དུ་རྡོ་རྗེ་ལེགས་པ་ལྗང་གུ་རྡོ་རྗེ་འཛིན་པ། སེ་གོལ་གྱིས་ལེགས་པ་སྟེར་བའོ། །ལྷོ་ཕྱོགས་ཀྱི་གླིང་གི་ཉི་མ་ལ། སངས་རྒྱས་རིན་ཆེན་འབྱུང་ལྡན་སེར་པོ་ཞལ་གཅིག་ཕྱག་གཉིས་པ། མཆོག་སྤྱིན་རིན་པོ་ཆེ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །མདུན་དུ་རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་རྡོ་རྗེ་དཔྲལ་བར་བསྟོད་པ་གཡོན་དྲིལ་བུ་དཀུར་བསྟེན་པའོ། །གཡས་སུ་རྡོ་རྗེ་ཉི་མ་སྔོན་པོ་ཉི་མ་འཛིན་པའོ། །རྒྱབ་ཏུ་རྡོ་རྗེ་དབང་པོ་དམར་པོ་རྒྱལ་མཚན་བསྣམས་པའོ། །གཡོན་དུ་རྡོ་རྗེ་བཞད་པ་དཀར་པོ་སོ་ཤིང་གི་ཕྲེང་བ་ཐོགས་པའོ། །ནུབ་ཕྱོགས་ཀྱི་གླིང་གི་ཉི་མ་ལ་སངས་རྒྱས་སྣང་བ་མཐའ་ཡས་དམར་པོ་ཞལ་གཅིག་ཕྱག་གཉིས་པ། མཉམ་གཞག་གི་ཐོག་ན་པདྨ་དམར་པོ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །མདུན་དུ་རྡོ་རྗེ་ཆོས་དམར་པོ་པདྨའི་སྡོང་བུ་སྙིང་གར་ཁ་བྱེ་བ་འཛིན་པའོ། །གཡས་སུ་རྡོ་རྗེ་རྣོན་པོ་སྔོན་པོ་རལ་གྲི་ཐོགས་པའོ། །རྒྱབ་ཏུ་རྡོ་རྗེ་རྒྱུ་སེར་པོ་འཁོར་ལོ་ཅན་ནོ། །གཡོན་དུ་རྡོ་རྗེ་སྨྲ་བ་སྔོན་པོ་ལྕེ་ཐོགས་པའོ། །བྱང་ཕྱོགས་ཀྱི་གླིང་གི་ནི་མ་ལ་སངས་རྒྱས་དོན་ཡོད་གྲུབ་པ་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ་སྐྱབས་སྦྱིན་མཛད་ཅིང་རྒྱ་གྲམ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །མདུན་དུ་རྡོ་རྗེ་ལས་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་ཐོགས་པའོ། །གཡས་སུ་རྡོ་རྗེ་སྲུང་བ་སེར་པོ་རྡོ་རྗེའི་ཁྲབ་ཐོགས་པའོ། །རྒྱབ་ཏུ་རྡོ་རྗེ་གནོད་སྦྱིན་ནག་པོ་མཆེ་བ་ཐོགས་པའོ། །གཡོན་དུ་རྡོ་རྗེ་ཁུ་ཚུལ་སེར་པོ་རྡོ་རྗེ་ཐོགས་
པའོ། །དེ་ནས་གཙོ་བོའི་དཀྱིལ་འཁོར་གྱི་མཚམས་བཞི་ནས་རྡོ་རྗེ་སེམས་དཔའ་དང༌། རིན་ཆེན་སེམས་དཔའ་དང༌། པདྨ་སེམས་དཔའ་དང༌། ལས་ཀྱི་སེམས་དཔའ་དང༌། རིགས་བཞིའི་སེམས་དཔའ་བསྒོམ་མོ། །དེའི་ཕྱི་རོལ་མཚམས་བཞིན་སྒེག་མོ་དཀར་མོ་རྡོ་རྗེ་ཉི་མ་འཛིན་པ་དང༌། ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ་དང༌། གླུ་མ་སྔོན་པོ་པི་བང་འཛིན་པ་དང༌། གར་མ་ལྗང་གུ་རྡོ་རྗེ་རྩེ་ གསུམ་འཛིན་པ ་དང༌། དེ་རྣམས་ཤར་ལྷོ་ནས་བརྩམས་ཏེ་བསྒོམ་མོ། །གྲུ་ཆད་བཞི་ལ་སྤོས་མེ་མ་དཀར་མོ་སྤོས་ཕོར་ཐོགས་པ་དང༌། མེ་ཏོག་མཐིང་ག་མེ་ཏོག་འཛིན་པ་དང༌། མར་མེ་མ་དམར་མོ་མར་མེ་ཐོགས་པ་དང༌། དྲི་ཆབ་མ་ལྗང་གུ་དྲིའི་ལྡེ་གུ་ཐོགས་པ་དང༌། དེ་རྣམས་ཀྱང་ཤར་ལྷོ་མཚམས་ནས་རིམ་བཞིན་ནོ། །དེའི་ཕྱི་རོལ་གྱི་ཁྱམས་རྣམས་སུ་བྱམས་པ་དང༌། མཐོང་བ་དོན་ཡོད་དང༌། ངན་སོང་ཀུན་འདྲེན་དང༌། མྱ་ངན་ཀུན་འཇོམས་རྣམས་མདོག་དཀར་པོ་རྡོ་རྗེ་ཐོགས་པ་རྣམས་ནི་ཤར་དུའོ། །སྤོས་ཀྱི་བློ་གྲོས་དང༌། དཔའ་བར་འགྲོ་བ་དང༌། ནམ་མཁའ་མཛོད་དང༌། ཡེ་ཤེས་ཏོག་དང༌། དེ་རྣམས་མདོག་སེར་པོ་རིན་པོ་ཆེའི་སྙེ་མ་ཐོགས་པ་རྣམས་ནི་ལྷོ་རུའོ། །འོད་དཔག་མེད་དང་ཟླ་བའི་འོད་དང༌། བཟང་སྐྱོང་དང༌། དྲ་བ་ཅན་གྱི་འོད་རྣམས་མདོག་དམར་པོ་པདྨའི་སྡོང་བུ་ཐོགས་པ་རྣམས་ནི་ནུབ་ཏུའོ། །རྡོ་རྗེ་སྙིང་པོ་དང་བློ་གྲོས་མི་ཟད་པ་དང༌། སྤོབས་པ་བརྩེགས་པ་དང༌། ཀུན་དུ་བཟང་པོ་རྣམས་མདོག་ལྗང་གུ་རྒྱ་གྲམ་ཐོགས་པ་རྣམས་ནི་བྱང་དུའོ། །བྱང་ཆུབ་སེམས་དཔའི་དེ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཤར་གྱི་སྒོར་ནི་རྡོ་རྗེ་ལྕགས་ཀྱུ་སྔོན་པོ་ལྕགས་ཀྱུ་ཐོགས་པའོ། །ལྷོའི་སྒོར་ནི་རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་ཐོགས་པའོ། །ནུབ་ཀྱི་སྒོར་ནི་རྡོ་རྗེ་ལྕགས་སྒྲོག་དམར་པོ་ལྕགས་སྒྲོག་ཐོགས་པའོ། །བྱང་གི་སྒོར་ནི་རྡོ་རྗེ་འབེབས་པ་ལྗང་ནག་དྲིལ་བུ་ཐོགས་པའོ། །སྒོ་བ་དེ་རྣམས་ཀྱང་ཅུང་ཟད་ཁྲོ་བ། ཞལ་མཆེ་བ་ལྷག་གེ་བརྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་ལྟར་དཀྱིལ་འཁོར་དྲུག་པ་ཀུན་དུ་བསྒོམས་པ་ལ་མཆོད་པའི་ལྷ་མོ་དང་བསྐལ་བཟང་ཆ་མཐུན་པའི་འཁོར་ལ་དབུས་ཀྱི་རྣམ་སྣང་ཆེན་པོའི་དཀྱིལ་འཁོར་ལ་རྣམ་སྣང་དང་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཞེས་པ་
གནས་པའི་ཚུལ་ལོ། །དེ་ལྟར་དཀྱིལ་འཁོར་བསྐྱེད་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་པར་སྣང་ལ་བསྡུས་པ་སྤྱན་དྲང་བར་བྱ་སྟེ། ཨོཾ་ཨ་ཨཱཿ་སརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿ་བྷ་ག་ཝཱ་ན་ཛྙ་ན་མཱུརྟྟི་བཱ་གཱི་ཤྭ་ར། མ་ཧཱ་པཱ་ཙ་སརྦ་དྷ་རྨྨ་ག་ག་ན་ཨ་མ་ལ་སུ་ པ་རི་ཤུདྡྷ། དྷ་རྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ་མཎྜ་ལ། བཛྲ་ས་མ་ཡ་ཛཿ། ཞེས་ལན་གསུམ ་བརྗོད་ཅིང༌། སྔགས་མཇུག་བཛྲ་དྲྀ་ཤྱ་ཞེས་བྱ་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལེགས་པར་བལྟ་བར་བྱའོ། །དེའི་རྗེས་ལ་ཕྱག་བཙལ་ཏེ། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་དེ། ཡིད་ཀྱིས་སྒོ་ཕྱེ་ལ་ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད་ཅིང་སྒོ་བཞི་ནས་ཚུར་སྤྱན་དྲངས་ལ་བགེགས་བསྐྲད་ཅིང་ཡིད་ཀྱིས་སྒོ་བཅད་ལ། རྡོ་རྗེའི་གོ་ཆས་བསྲུང་ལ་ལྷ་སོ་སོ་ལ་བསྟིམས་ཏེ་དབང་བསྐུར་བ་ཐོབ་པར་བྱ་བའི་ཕྱིར། །རིགས་ཀྱི་ཡུམ་བཞི་ནམ་མཁའ་ལ་བསྡུ་བར་བྱའོ། །ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་ཏེ་དབང་རྟགས་སྤྱི་བོར་མཚན་པ་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱས་བཞིས་རྒྱས་གདབ་པ་ནི་ཤར་དུ་བརྟན་པར་བསྒོམས་ལ་བདག་ཉིད་ལུས་གཉིས་ཀྱི་ཚུལ་དུ་བཟུང་སྟེ། ལྷ་སྣམ་ལ་གནས་ཏེ་རྫས་མཆོད་པ་ལྔ་ཕུལ་ལ་སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་དེ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླངས་པ། །རྡོ་རྗེ་ལས་ཀུན་མཛད་པའོ། །ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་གར་དང་གླུ་དང་བཅས་པས་དབུལ་ལོ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །མར་མེ་སྣག་བ་བྱུག་པ་དྲི། །བདེ་བར་གཤེགས་པ་རྣམས་ལ་དབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་དྷཱུ་པེ་དྷུ། ཨོཾ་བཛྲ་པུཥྤེ་པུ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿ་ཨོཾ་བཛྲ་གནྡྷེ་གན་ཞེས་པས་མཆོད་དོ། །གཞན་ཡང་གསང་བའི་ཡུམ་བཞིས་མཆོད་དེ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །སཏྭ་བཛྲ་ཧཱུཾ། རཏྣ་བཛྲ་ཧཱུཾ། ཤ་རྨྨ་བཛྲ་ཧཱུཾ། ཀརྨ་བཛྲ་ཧཱུཾ། ཞེས་མཆོད་
ལ་བསྟོད་དེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་བར་གྱིས་བསྟོད་པའི་རྒྱལ་པོ་དེས་བསྟོད་ལ། །ཤེས་རབ་ཀྱི་འཁོར་ལོ་ལ་སེམས་གཏད་པའི་ཡིད་ཀྱིས་གསང་སྔགས་རྒྱལ་པོ་འདི་དྲུག་བཟླས་པར་བྱའོ། ཨོཾ་བཛྲ་ཏཱི་ཀཥྞ་དུཿ་ཁཙྪེ་ད་པྲཛྙཱ་ཛཉཱ་ན་མཱུ་རྟྟ་ཡེ། ཛྙཱ་ན་ཀཱ་ཡ། ཝཱ་གཱི་ཤྭ་ར་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ་ཞེས་བཟླས་པར་བྱའོ། །དེ་ལྟར་ལྷ་བསྐྱེད་ཅིང་གསོལ་བ་བཏབ་ལ་གནས་པ་དེ་དཀྱིལ་འཁོར་རྒྱལ་བ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་ཡང་དག་པར་བརྗོད་པ་གདོན་པར་བྱ་སྟེ། དཀྱིལ་འཁོར་གྱི་ལྷ་ལ་བསྟོད་ལ་འགྲོ་བའི་དོན་དུ་ཕྲིན་ལས་ལ་སྦྱར་ཏེ། དཀྱིལ་འཁོར་ཆེན་པོ་དྲུག་འཇིག་རྟེན་དུ་སྤྲོ་སྟེ་ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་བསྐྱེད་ནས་ཉོན་མོངས་པ་དྲུག་སྦྱངས་འགྲོ་བ་དྲུག་དབུགས་ཕྱུང་དཀྱིལ་འཁོར་དྲུག་གིས་འགྲོ་བའི་དོན་མཛད་ནས་སླར་སྔ་མ་ཉིད་ལ་བསྡུ་ཞིང་སྤྲོས་ནས་འགྲོ་བའི་དོན་བྱའོ། །དེ་ཙམ་གྱིས་ནི་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལྟ་བུའི་ཆོ་ག་རྫོགས་ནས་མཆོད་ཅིང་བསྟོད་དེ་ལྷག་པ་དང་མ་ཚང་བ་བཤགས་ནས་དམ་ཚིག་གི་འཁོར་ལོ་བསྡུ་ཞིང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྒྱས་གདབ་ཅིང་བདེ་བའི་སྤྱོད་པ་བྱའོ། །དེ་ལྟ་བུའི་སྦྱོར་བས་མཚན་མ་བརྟན་པོ་བྱུང་བ་དེ་སྲིད་ཀྱི་བར་དུ་བྱ་སྟེ། དེ་ཡང་སེམས་རྩེ་གཅིག་ཏུ་བསྒོམ་ཞིང་ཟློས་ པ་དེ་ལ་ནི་དུས་གསུམ ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ་གཤེགས་ནས་ཆོས་ཀྱི་སྒོ་ཐམས་ཅད་སྟོན་པར་མཛད་དེ་སྐུ་ཡང་སྟོན་ཏོ་ཞེས་གསུངས་པས། ཞལ་མཐོང་བའམ་རྨི་ལམ་དུ་ལུང་བསྟན་པ་ལ་སོགས་པ་མ་བྱུང་གི་བར་དུ་བདེ་བར་གཤེགས་པ་རྣམས་བསྙེན་པ་ནི་ཆོ་གའོ། །དེ་ལྟར་བསྙེན་པའི་སྒོ་ནས་དཀྱིལ་འཁོར་གྱི་ལྷ་ལ་གནང་བ་ཐོབ་ནས་གཞན་གྱི་དོན་དུ་དཀྱིལ་འཁོར་ཆེན་པའི་ཆོ་ག་བྱེད་པར་འདོད་པས། རི་དང་ཆུ་ཀླུང་དང་ནགས་ཚལ་ལ་སོགས་པའི་གནས་སུ་སློབ་དཔོན་ལ་སློབ་མས་དཀྱིལ་འཁོར་འདྲི་བའི་དོན་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་བྱ་བའི་གོ་སྐབས་ཕྱེ་སྟེ། དང་པོ་སའི་ཆོ་གར་ཡང་དེ་བཞིན་དུ་མཉམ་པ་ཡིན་
ན་དབུས་མཐོ་བྱང་ཤར་གཞོལ་ཏེ་དམའ་བ། ས་གཞི་འཇམ་པ་ཉམས་དགའ་བའི་གནས་སུ་ངམ་གྲོག་དང་བྱ་སྐྱིབས་དང༌། བོང་བ་ལ་སོགས་པ་མེད་པ་འཇམ་ཞིང་ལྷུན་སྟུག་པ་དེར་དཀྱིལ་འཁོར་བརྩིག་པ་འམ་བྲི་བའི་དོན་དུ་སའི་བདག་པོ་ལ་གནང་བ་ཐོབ་པར་བྱས་ལ། སའི་ལྷ་མོ་ལ་གཏོར་མ་ཕུལ་ལ། དངོས་གྲུབ་རབ་འབྲིང་ཐོབ་པས་བརྐོས་ནས་ལྟས་བརྟགས་ལ་མི་ཤིས་པ་ཡིན་ན་བར་ཆད་བྱུང་བས་དོར་བར་བྱའོ། །ཤིས་པ་ཡིན་ན་དེའི་ཕྱོགས་ཐམས་ཅད་བྱི་དོར་བྱ་སྟེ་སྤོས་ཆུས་ཆག་ཆག་བཏབ་ལ་ཤིན་ཏུ་བ་ལང་གི་ལྕི་བས་བྱུགས་ལ་འཐས་པར་བཅགས་ཏེ་མཉམ་པར་མེ་ལོང་གི་ངོས་ལྟར་བྱས་ལ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་ས་ལ་གཏུགས་ཏེ། ཨོཾ་བཛྲ་མེ་དི་ནཱི་བཛྲཱི་བྷ་བ་མ་ཧཱ་བཛྲ་ཧཱུཾ། ཞེས་པས་རྡོ་རྗེའི་ས་གཞིར་བྱིན་གྱིས་བརླབ་པོ། །དེའི་ཕྱོགས་ཀུན་ཀྱང་ཨ་ག་རུ་ནག་པོ་གཏུལ་ཞིང་དུ་བས་བདུག་གོ །དེ་ལྟར་ན་ལྷག་པར་གནས་པའི་ཡན་ལག་སའི་ཆོ་ག་བསྟན་ཏོ། །དེ་ནས་དཀྱིལ་འཁོར་བརྩིགས་ལ། བསྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས་ཚོགས་བསགས་ལ། ཏིང་ངེ་འཛིན་གྱིས་རྣམ་པར་བསྒོམས་ཏེ། མཆོད་པ་རྒྱས་པར་ཕུལ་ནས་བཟླས་པ་བྱ་སྟེ། མཆོད་པའམ་བསྟོད་པའི་རྒྱལ་པོས་བསྟོད་ལ། དེ་ནས་མདུན་དུ་མཎྜལ་བྱ་སྟེ། མེ་ཏོག་བཀྲམ་ནས་སའི་ལྷ་མོ་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་བཤམས་ཏེ་གཏོར་མ་ཡང་བཤམས་དམ་ཚིག་གི་ཕྱག་རྒྱ་བསྟན་ཏེ། འདི་སྐད་བསྒོའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཇི་ལྟར་ཤཱཀྱ་སེང་གེ་ཡིས། །བདུད་ཀྱི་སྡེ་རྣམས་བཅོམ་པ་ལྟར། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་འདྲི། ཞེས་བརྗོད་དེ། མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང་གཏོར་མ་ཕུལ་ལ་ཡེ་ཤེས་པ་གཤེགས་སུ་གསོལ་ལོ། །དེ་ནས་སྒྲུབ་པའི་གྲོགས་པོས་བསྟོད་པའི་རྒྱལ་པོས་བསྟོད་ལ། སློབ་དཔོན་གྱིས་ཕུར་བུ་བཅུ་གཤིན་རྗེ་གཤེད་དུ་བསྐྱེད་ལ། དར་གྱི་ཅོད་པན་གྱིས་དབང་བསྐུར་ལ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཧཱུཾ་ཕཊ་ཅེས་གཟི་བརྗིད་བསྐྱེད་ལ་གཞག་གོ །དེའི་རྗེས་ལ་དཀྱིལ་འཁོར་གྱི་
ལྷ་རྣམས་རང་གི་སྙིང་གར་བཅུག་ལ་ལངས་ཏེ། རྡོ་རྗེ་གསོར་ཤིང་དྲིལ་བུ་དཀྲོལ་ལ་འདི་སྐད་ཅེས་བསྒོའོ། །ཧཱུཾ་ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་བྱད་ཟ་བྱེད་རྔམ་པའི་སྟབས། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བ་ཡིས། །ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ཧཱུཾ་བསྐལ་བའི་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །ཁྲོ་བོའི་རྒྱལ་པོ་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་ཀུན་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །ཧཱུཾ་རང་བཞིན་རྣམ་དག་དབྱིངས་ལས་ཐུགས་རྗེ་ཆེན་པོར་སྤྲུལ། །སྐྱེ་མེད་ངང་ལས་འཇིགས་བྱེད་ཆེན་པོའི་སྐུར་བསྟན་ཏེ། །གདུག་པ་འདུལ་ཕྱིར་ཐུགས་དམ་མི་འགྱུར་ཞིང༌། ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད། །ཧཱུཾ་དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །གནས་འདིར་བདེ་གཤེགས་དཀྱིལ་འཁོར་ཕོ་བྲང་བྲི། །བགེགས་ཀྱི་རིགས་ཚོགས་གང་ཡིན་བྱེར་བར་གྱིས། །གལ་ཏེ་ང་ཡིས་བསྒོ་བ་ལས་འདས་ནས། ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང༌། །རྣམ་པར་འཇིག་པར་འགྱུར་བར་གདོན་མི་ཟ། །ཧེ་ས་ཕྱོགས་བགེགས་གནས་ཆེ་གེ་མོ་འདི་རུ། །བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བས། སློབ་མ་ཆེ་གེ་མོ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དང༌། སེམས་ཅན་ཐམས་ཅད་བདེ་བ་ལ་དགོད་པར་བྱ་བའི་ཕྱིར་ནམ་མཁའ་དྲི་མ་མེད་པའི་དཀྱིལ་འཁོར་ཆེན་པོའི་རིགས་ཐམས་ཅད་བསྡུས་པ་ཞིག་བདག་གིས་བྲི་བས། དུས་དེ་རིང་བགེགས་ཀྱི་ཚོགས་སུ་གྱུར་པ་ལྷའི་གདོན་དང་ཀླུའི་གདོན་དང༌། ལྷ་མ་ཡིན་གྱི་གདོན་དང༌། གནོད་སྦྱིན་དང༌། ནམ་མཁའ་ལྡིང་རྒན་པོ་དང་རྒན་མོ་ལ་སོགས་པ་ཐམས་ཅད་དེངས་ཤིག །བྱེར་ཤིག་སོང་ཤིག །གང་མི་འགྲོ་བ་དེ་ནི་རྡོ་རྗེ་ཡེ་ཤེས་རབ་ཏུ་འབར་བ་འདིས། མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ། རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པ་དང༌། ཧྲཱིཿ་ཥྚྲཱིཿ་།བི་ཀྲྀ་ཏཱ་ན་ན་སརྦ་བི་གྷྣཱ་ཨུཙྪ་ཊཱ་ཡ་ཧཱུཾ་ཕཊ་ཅེས་བགེགས་བསྐྲད་དོ། །སྤྱན་མིག་བསྐལ་
པའི་མེ་ལྟར་འབར་བའི་འོད་ཟེར་གྱིས་ཀྱང་བསྲེག་པར་བྱའོ། །ཁྲོ་བོའི་སྟངས་སྟབས་གོམ་པའི་སྟབས་ཀྱིས་གར་བྱེད་པས་ཀྱང་བགེགས་བསྐྲད་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་འགྲོས་ཀྱིས་དཀྱིལ་འཁོར་གྱི་མཐའ་མ་ལན་གསུམ་བསྐོར་བར་བྱའོ། །དེ་ནས་རྡོ་རྗེའི་ས་གཞི་དང༌། ར་བ་དང་གུར་དང༌། དྲ་བ་རྣམས་བྱས་ལ་ཕུར་བུས་བཏབ་ལ་གཞག་གོ །དེ་ནས་ཙནྡན་དང་བའི་རྣམ་ལྔས་དཀྱིལ་འཁོར་བྱུགས་ལ། ལྷ་རྣམས་ཀྱི་རྟེན་དྲིའི་ཐིག་ལེ་དང༌། མེ་ཏོག་གི་ཆོམ་བུ་རྣམས་བཀོད་ལ། །རྣམ་སྣང་གི་ང་རྒྱལ་དང་ལྡན་པའི་སྙིང་གནས་དཀྱིལ་འཁོར་བཏོན་ལ་མདུན་དུ་དགོད་པར་བྱའོ། །དེ་རྣམས་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་པ་དང༌། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་མཆོད་ལ་གཞུག་པར་བྱའོ། །དེ་ནས་དབང་བསྐུར་བའི་ཕྱིར་ལྷ་མོ་བཞིས་བསྡུས་ལ་དབང་བསྐུར་ཏེ། རྒྱས་བཏབ་ལ་མཆོད་པ་བྱས་ཏེ། བསྒོམ་བཟླས་བརྩམ་མོ།། དེ་ལྟར་རྫོགས་པ་དང་མཆོད་པ་དང་བསྟོད་པ་རྒྱས་པར་བྱས་ལ། སྙན་གསན་དབབ་པ་ནི། རྣམ་པར་སྣང་མཛད་བཅོམ་ལྡན་འདས། རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་དག་འདི་ཞེས་པས། ནང་པར་དཀྱིལ་འཁོར་བཟང་པོའི་མཚན། །འདི་ཞེས་བྱ་བ་བྲི་ལགས་ན། །རྗེས་སུ་བརྩེ་བས་ཉེར་དགོངས་ནས། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །ལྷ་ལྷག་པར་གནས་པའོ། །དེ་ནས་བུམ་པ་བཟང་པོ་ནག་ནོག་མེད་པའི་ཚུལ་དང་མཐུན་པ་ལྷ་གྲངས་དང་མཉམ་པའམ། ཡང་ན་བུམ་པ་བདུན་གུ་གུལ་གྱིས་བདུག་ཅིང༌། བགེགས་བསྐྲད་ཅིང་བསངས་ཏེ། དྲིའི་ཐིག་ལེ་དང་མཚན་མ་བཀོད་ལ། །རིན་པོ་ཆེ་ལྔ་དང༌། སྨན་ལྔ་དང༌། འབྲུ་ལྔ་དང༌། སྙིང་པོ་ལྔ་དང༌། སྤོས་ལྔ་དང༌། བ་དམར་སེར་གྱི་འོ་མ་དང༌། སྲོག་ཆགས་མེད་པའི་ཆུས་བཀང་ལ། རས་ཁ་ཚར་མ་ཉམས་པས་མགུལ་བཅིངས་ཏེ། འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་ལ་བཞག་སྟེ། ནང་དུ་ལྷ་ཐམས་ཅད་བསྐྱེད་པ་དང༌། ལས་ཐམས་ཅད་པར་གཤིན་རྗེ་གཤེད་པོ་བསྐྱེད་ཅིང་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། མཆོད་
ཅིང་དབང་བསྐུར་ལ་ཕྲེང་སྔགས་དང༌། གསང་སྔགས་རྒྱལ་པོ་དྲུག་བཟླས་ལ་གཞག་གོ །བུམ་པ་ལྷག་པར་གནས་པའོ། །དེ་ནས་སྒྲུབ་པ་པོའི་གཡས་ངོས་སུ་གཞུང་དང་མཐུན་པའི་ཐབ་ཁུང་བྱས་ལ། ལས་དང་མཐུན་པའི་ཤིང་དང་རྫས་བསགས་ཏེ། མེ་ལྷ་སྔོན་དུ་མཆོད་ལ་དེའི་སྙིང་གར་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་མཆོད་རྫས་ཕུལ་ལ་ཐུན་མོང་དུ་མཆོད་ནས། དཀྱིལ་འཁོར་གྱི་ལྷ་རྣམས་སྔར་གྱི་གནས་སུ་གཤེགས་ཏེ། བརྟན་པར་བྱས་ལ། སྔར་མེ་ལྷ་ལ་རྫས་ལྷག་མས་མཆོད་ལ། འདོད་པའི་དོན་གསོལ་བ་བཏབ་ནས་མེ་ལྷ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཅི་འབྱོར་བའི་གཏོར་མས་ཆོས་སྐྱོང་རྣམས་ལ་ཚིམ་པར་བྱས་ལ། འདོད་པའི་དོན་ལ་ཕྲིན་ལས་བཅོལ་ལ་སླར་གནས་སུ་བཏང་ངོ༌། །གཏོར་མ་དང་སྦྱིན་སྲེག་ལྷག་པར་གནས་པའོ། །དེ་ནས་སྣོད་དུ་རུང་བའི་སློབ་མས་མཎྜལ་བྱས་ལ། མེ་ཏོག་བཀྲམ་ནས་མེ་ཏོག་གིས་སྙིམ་པ་བཀང་ནས། སློབ་དཔོན་ལ་གསོལ་བ་གདབ་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ནི་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་ གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་བརྗོད་དོ། །སློབ་དཔོན་གྱིས་དེ་ལ་འདི་སྐད་ཅེས་བསྒོ་སྟེ། འདས་པའི་སངས་རྒྱས་ཐམས་ཅད་དང༌། །དེ་བཞིན་གང་དུ་མ་བྱོན་དང༌། །ད་ལྟར་བཞུགས་པའི་བདེ་གཤེགས་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་ཉིད། །གསང་སྔགས་སྤྱོད་པ་བླ་མེད་དེ། །སྐྱོབ་པ་རྣམ་པར་སྣང་མཛད་ཀྱིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །
ཅེས་བརྗོད་དོ། །དེ་ནས་ཕྱག་འཚལ་བ་དང༌། སྡིག་པ་བཤགས་པ་ཀུན་བྱ་བ་དང༌། སེམས་བསྐྱེད་ཅིང་སྡོམ་པ་སྲུང་དུ་བཅུག་ལ། ཡི་དམ་གང་འདོད་ལྷར་བསྐྱེད་བྱིན་གྱིས་བརླབས་ཏེ་མཆོད་པ་ལྔས་མཆོད་ལ། །སོ་ཤིང་དོར་བ་དང༌། སྲུང་སྐུད་བཅིང་བ་དང༌། བྱམས་པའི་གོ་ཆ་བསྐོན་ལ། །དབུའི་གཙུག་ཏོར་བསྐྱེད་དེ། རྨི་ལམ་བརྟག་པའི་ཕྱིར་ཀུ་ཤ་བྱིན་ལ། །ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་ལ། །སློབ་དཔོན་གྱི་ལས་རྣམས་རྫོགས་པར་བྱའོ། །སློབ་མ་ལྷག་པར་གནས་པའོ། །དེ་ནས་དཀྱིལ་འཁོར་བསྡུས་ཏེ། །གོ་བསྐོན་ལ་བསྲུངས་ཏེ་ཅི་བདེར་གནས་པར་བྱའོ། །དེ་ནས་ནང་པར་ཉི་མ་འཆར་ཁར་རྡུལ་ཚོན་གྱི་དཀྱིལ་འཁོར་བྱེད་པར་འདོད་པས། བའི་རྣམ་ལྔས་དཀྱིལ་འཁོར་བྱུགས་ཏེ། ཙནྡན་གྱི་ལྡེ་གུ་དྲི་དང་ལྡན་པར་བྱས་ལ། །ཐིག་སྐུད་སར་པ་ཉིས་འགྱུར་ཚད་སྒོའི་ཉི་ཤུ་ཆ་ཁ་དོག་ལྔ་པ་རིན་པོ་ཆེའི་སྣོད་དུ་བཅུག་ལ། བྱིན་གྱིས་བརླབས་ལ་མཆོད་ལ། སྣ་སློབ་མའི་ལག་ཏུ་གཏད་ལ་བསྒྲིལ་ནས། འཇིག་རྟེན་ཁམས་འདི་མ་ལུས་པའི། །སངས་རྒྱས་ལ་སོགས་འགྲོ་མགོན་གྱི། །ཁྱེད་ཀྱི་དུས་ནི་འདི་ལགས་ཀྱིས། །བཅོམ་ལྡན་རྡོ་རྗེའི་ཐིག་གདབ་གསོལ། །ཞེས་བརྗོད་ལ། །བདག་དང་སློབ་མ་གཡས་ནས་བསྐོར་བས་ཐིག་གདབ་པར་བྱའོ། །ཚངས་ཐིག་དང་པོ་ཤར་ནས་ནུབ་ཏུ་གདབ་།གཉིས་པ་བྱང་ནས་ལྷོ་རུ་གདབ་།སློབ་དཔོན་མེ་ལྷར་གནས་སློབ་མ་དབང་ལྡན་དུ་གནས་ཏེ། ཤར་གྱི་ཐིག་དང་དེ་བཞིན་དུ་ལོག་གསུམ་དུ་གདབ། དེ་རྗེས་ཚང་ཐིག་དང་ཟུར་ཐིག་དང་ཐིག་ཆེན་དང༌། ཐིག་ཕྲན་གྱི་བྱེ་བྲག་མན་ངག་ཇི་ལྟ་བཞིན་དུ་དཀྱིལ་འཁོར་གྱི་གླིང་ངམ་ལྔར་ཐིག་གདམ་བོ། །དེ་ཡང་སྟེང་དུ་ཡེ་ཤེས་ཀྱི་ཐིག་དང༌། འོག་ཏུ་དམ་ཚིག་གི་ཐིག་སྟེ། ས་ཐིག་རླན་གྱིས་སྤངས་ལ་ཚུལ་ཇི་ལྟ་བ་བཞིན་དུ་མཁས་པས་དཔྱད་ལ་གདབ་པར་བྱའོ། །དེའི་རྗེས་ལ་གསེར་ལས་བྱས་པའི་རིན་པོ་ཆེ་ལྔའི་ཕྱེ་མ་ཇི་ལྟར་བྱིན་གྱིས་བརླབས་ལ། མཆོད་པ་ཕུལ་ལ་བསྟིམས་ཏེ། ཚོན་དགྱེ་བ་ནི་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། སྔོན་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཉིད། །སེར་པོ་སོ་སོར་རྟོག་པའི་ཡེ་ཤེས་ལ། །དམར་པོ་མཉམ་པ་
ཉིད་ཀྱི་ཡེ་ཤེས་ཉིད། །ལྗང་གུ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་འགྲུབ། །ཅེས་བརྗོད་ལ། །སྔོན་ལ་སློབ་དཔོན་གྱིས་བྱང་ཤར་མཚམས་ཀྱི་རྩིག་པ་བརྩིགས་ལ། ཕྱི་ནས་སློབ་མས་བསྐོར་ཕྱོགས་མ་ལོག་པའི་ཅི་བདེ་བར་ཚོན་དགྱེ་བར་བྱའོ། །དེ་ལ་དང་པོ་གཙོ་བོའི་གནས་རྣམས་ནི། །ཉི་མའི་འོད་ལ་ཟླ་བས་བརྒྱན་པའོ། །གཞན་དག་ནི་ཕྱོགས་ཀྱི་ཁ་དོག་གོ །འདོད་ཡོན་པདྨ་རཱ་གའི་ས་གཞི། རིན་ཆེན་ཕ་གུ་གསེར་ལས་བྱས་པ། རིན་པོ་ཆེའི་ཕྲེང་བ་སྐྱེ་བ་ལ། དྲ་བ་དྲ་ཕྱེད་ནམ་མཁའི་མདོག་ཅན་མུ་ཏིག་གི་ཧ་ར་འཕྱང་བ། དེའི་ཕྱི་རོལ་དུ་ནམ་མཁའི་མདོག་ལ་ཀ་བ་དང་རྟ་བབས་དང་རི་དགས་དང༌། ཆོས་ཀྱི་འཁོར་ལོ་དང༌། གདུགས་དང༌། རྒྱན་རྣམས་ཅི་མཛེས་པར་བྲི་བར་བྱའོ། །དེ་དག་གི་རྒྱབ་ཏུ་རྡོ་རྗེ་དང༌། མེ་འོད་ཀྱི་ཕྲེང་བ་བྲི་བར་བྱའོ། །དཀྱིལ་འཁོར་ལྔའི་བར་བར་ནི། །གསེར་གྱི་ས་གཞི་ལ་རིན་པོ་ཆེ་གཅལ་དུ་བཀྲམ་པར་བྱའོ། །དེའི་ཕྱི་རོལ་གྲུ་བཞིར་བྱས་ལ་གྲྭ་བཞི་ལ་དཔག་བསམ་གྱི་ཤིང་དང༌། བུམ་པ་བཟང་པོ་མཛེས་པ་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་ལེགས་པར་བྲིས་ཟིན་ནས། ལྷག་པར་དང་ཆད་པ་བསྐང་བའི་ཕྱིར་དྲིལ་བུ་དཀྲོལ་ཞིང་ཡི་གེ་བརྒྱ་ པ་བཟླས་ལ། ཐ་མ་ལན་གསུམ ་བསྐོར་བར་བྱའོ། །དེ་ནས་དཔལ་དང་འབྱོར་བ་ཕུན་སུམ་ཚོགས་པར་བྱས་ལ་མཆོད་པའི་བྱེ་བྲག་མེ་ཏོག་གི་སྣོད་དང༌། སྤོས་ཕོར་དང་དྲིའི་སྣོད་དང་མར་མེའི་ཕྲེང་བ་དང༌། ཞལ་ཟས་ཀྱི་སྣོད་སྟོང་ངམ་བརྒྱའམ་བཅུ་ལ་སོགས་པ་ཅི་འབྱོར་བར་དང༌། ན་བཟའ་དང༌། གདུགས་དང་རྒྱལ་མཚན་ལ་སོགས་པ་ཅི་འབྱོར་བ་བསགས་ནས། སློབ་དཔོན་དཀྱིལ་འཁོར་གྱི་ཤར་དུ་སྟན་བདེ་བ་ལ་གནས་ཏེ། ཅོད་པན་ལ་སོགས་པའི་རྒྱན་ཐམས་ཅད་བསགས་ཏེ། མཆོད་པ་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས་པའི་སྐུའི་ཕྲེང་བའི་སྔགས་ཀྱིས་ལྷག་པར་གནས་པའི་དཀྱིལ་འཁོར་སྙིང་གནས་སྤྲུལ་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་དང་བསྲེས་ནས་ཚོགས་པས་བསགས་པ་སྔོན་དུ་འགྲོ་བ་སྲུང་བའི་འཁོར་ལོའི་སྐབས་སུ་ཕུར་བ་དང༌། མདའ་དང་རལ་གྲི་ལ་སོགས་པའི་ར་བས་བསྐོར་ཏེ། སྔོན་དུ་གསུངས་པའི་ཚལ་དུ་རྒྱས་
པར་བསྒོམས་ནས་མཆོད་དེ། བུམ་པ་ཡང་བཀོད་ལ་དབང་བསྐུར་ཞིང་རྒྱས་བཏབ་ལ། རྫས་ཀྱི་མཆོད་པ་ལྔ་དང༌། ཕྱི་ནང་གི་མཆོད་པ་ལྔ་དང༌། གསང་བའི་ཡུམ་བཞིས་ཀྱང་ལེགས་པར་མཆོད་ལ། གཞན་ཡང་བསམ་གྱིས་མི་ཁྱབ་པའི་རོལ་མོའི་བྱེ་བྲག་ཐམས་ཅད་ཀྱང་དབུལ་བར་བྱ་སྟེ། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །མཆོག་ཏུ་དགའ་བ་གྲགས་པའི་དཔལ། །བདེ་བར་གཤེགས་པ་རྣམས་ལ་དབུལ། ཅི་བདེ་བར་ནི་བཞེས་སུ་གསོལ། །དེ་བཞིན་གཤེགས་པའི་སྐུའི་ཕྲེང་སྔགས་དང༌། ཨོཾ་དང་ཧཱུཾ་བཟླས་པའམ། ལྷ་རེ་རེ་ཞིང་རེ་རེ་དབུལ་བར་བྱའོ། །བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཤེས་རབ་ཆེན་པོའི་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒ་མཚོ་འདི། །བདེ་བར་གཤེགས་པ་རྣམས་ལ་དབུལ། །བདུག་པའི་སྣོད་དུ་མ་དང༌། མེ་ཏོག་གི་སྣོད་དུ་མ་དང༌། བྱུག་པའི་སྣོད་དུ་མ་དང༌། མར་མེའི་ཕྲེང་བ་བསམ་གྱིས་མི་ཁྱབ་པས་སོ་སོའི་སྔགས་དང༌། གར་དང་བཅས་པས་དབུལ་ལོ། །ཡིད་བཞིན་ནོར་བུ་ཆེན་པོ་དང༌། །ཁྱབ་བདག་རིན་ཆེན་ཀུན་གྱི་བདག །དཔག་བསམ་ཤིང་ཆེན་རྒྱས་པ་དང༌། བུམ་པ་བཟང་པོ་ཆེ་བའི་མཆོག །བདེ་བར་གཤེགས་པ་རྣམས་ལ་དབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་དང་ཧཱུཾ་བཟླས་ཏེ། སོ་སོའི་མིང་སྤེལ་ཏེ། ཨོཾ་རཏྣ་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པས་རིན་པོ་ཆེ་དང་ནོར་བུའི་བྱེ་བྲག་མང་པོ་དང༌། དཔག་བསམ་གྱི་ཤིང་ལ་སོགས་པ་མང་པོ་དང༌། བུམ་པ་བཟང་པོ་འབྲས་བུ་ཅན་གྱི་ཤིང་གིས་བརྒྱན་པ་ལ་སོགས་པ་རིན་པོ་ཆེའི་བྱེ་བྲག་ཐམས་ཅད་ཀྱང་ལྷ་རེ་རེ་ཞིང་དབུལ་ལོ། །སྨན་རྣམས་མ་ལུས་ལྗོན་པའི་ཤིང༌། །ནད་དོ་ཅོག་གི་དགྲ་ཆེ་བ། །འགྲོ་བའི་སྡུག་བསྔལ་གཟིགས་པ་ཡི།། ཟུག་རྔུ་འབྱིན་པ་བླ་ན་མེད། །བདེ་བར་གཤེགས་པ་རྣམས་ལ་དབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་ཧཱུཾ་ཞེས་ཟློས་ཤིང་འབྲས་བུ་ གསུམ་དང༌། ཙནྡན་དང༌། གུར་གུམ་དང༌། ག་པུར་དང༌། ཛཱ་ཏི་ལ་སོགས་པ ་སྲོག་ཆགས་ལས་མ་བྱུང་བའི་སྨན་ཇི་སྙེད་ཡོད་པ་དེ་
རྣམས་ལྷ་རེ་རེ་ཞིང་སོ་སོའི་མིང་དང་སྤེལ་ལ་དབུལ་བར་བྱའོ། །ཕྱོགས་བཅུ་ནམ་མཁའ་མཐར་ཐུག་པའི། །ཆོས་ཀྱི་རྒྱལ་མཚན་བཙུགས་པ་དང༌། །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་གཟི་བརྗིད་འདི། །བདེ་བར་གཤེགས་པ་རྣམས་ལ་དབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཞེས་བརྗོད་ཅིང༌། རྒྱལ་མཚན་དང་བ་དན་དང༌། འཕན་དང་གདུགས་ལ་སོགས་པ་རས་སམ་འཕན་གྱི་ལྔ་ལྡི་བསམ་གྱིས་མི་ཁྱབ་པ་ལྷ་རེ་རེ་ཞིང་དབུལ་ལོ། །ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང༌། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །བདེ་བར་གཤེགས་པ་རྣམས་ལ་དབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཞེས་བརྗོད་ཅིང་གར་གྱི་རྣམ་པ་གློག་ལྟར་བསྒྱུར་ཅིང་གཟུགས་བརྒྱ་སྟོང་དུ་མ་སྙེད་དུ་སྤྲུལ་ལ། །གར་བྱེད་ཅིང་དཀྱིལ་འཁོར་ལ་དབུལ་ལོ། །དེའི་རྗེས་ལ་སྦྱིན་སྲེག་གི་ཆོ་གས་མཆོད་ཅིང༌། མཆོད་པས་ཀྱང་ལྷ་ཚོགས་མཉེས་པར་བྱ་བར་གསུངས་སོ། །དེ་ནས་དཀྱིལ་འཁོར་ལ་གནང་བ་ཐོབ་པའི་སློབ་དཔོན་གྱིས་སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱ་སྟེ། སྔར་སྡོད་བླངས་པའི་སློབ་མ་དེས་སློབ་དཔོན་ལ་གསོལ་བ་བཏབ་ནས་དེ་ནས་སློབ་མ་དེ་ལ་བགེགས་བསྐྲད་ནས། ཨ་ག་རུ་ནག་པོས་བདུག་ལ། ཨོཾ་བཛྲ་རཀཥ་ཧཱུཾ། ཞེས་པའི་དོན་བཟླས་པའི་སྟོད་གཡོགས་དང༌། ཨོཾ་བཛྲ་ལ་ཀཥ་ཧཱུཾ་ཞེས་བཟླས་པས་གདོང་པ་བཀབ་ལ། སྒོ་བཞིའི་ཕྱོགས་ནས་རིགས་ལྔ་ལ་ཕྱག་འཚལ་དུ་གཞུག་གོ །དེའི་རྗེས་ལ་ལག་ན་མེ་ཏོག་ཐོགས་པའི་སློབ་མས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་རྒྱུན་བཤགས་བྱའོ། །དེ་ནས་སློབ་དཔོན་ལ་གསོལ་བ་འདི་སྐད་གདབ་པར་བྱའོ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་ཕྱག་འཚལ། །བདེ་བར་གཤེགས་པའི་གྲོང་ཁྱེར་མཆོག །འཇམ་དཔལ་དཀྱིལ་འཁོར་འདི་རུ་ནི། །སློབ་དཔོན་བདག་ནི་འཇུག་པར་འཚལ། །ཞེས་བརྗོད་པར་བྱའོ། །སློབ་དཔོན་གྱིས་འདི་སྐད་ཅེས་བྱའོ། །བདེ་བར་གཤེགས་པ་ཐམས་ཅད་ཀྱི། །གསང་བ་ཆེན་པོའི་རིགས་དག་པས། །གང་བ་ཡོངས་སུ་འཛིན་པ་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ལོ་ཞེས་བརྗོད་པར་བྱའོ། །དེ་ལ་སློབ་དཔོན་
གྱིས་རིགས་ལྔའི་སྡོམ་པ་རིའི་དབང་ལྔའི་རྟེན་དུ་རུང་བར་བྱ་བའི་ཕྱིར་ཕོག་ལ། །གཞན་ཡག་མི་དགེ་བ་བཅུ་དང༌། ཉེ་བའི་ལས་ཀྱང་སྤང་བའི་སྡོམ་པ་སྦྱིན་ནོ། །དེས་ཀྱང་སློབ་དཔོན་གྱིས་བསྡོམ་པ་གསུངས་པ་ལྟར། ཁོ་བོ་ཡང་བསྲུང་ཞིང་སྡོམ་པར་བགྱིད་དོ་ཞེས་ཁས་བླངས་ལ། དེ་དང་མཐུན་པར་སྔར་གསུངས་པ་ལྟར་ཁས་བླངས་བར་བྱའོ། །དེ་ནས་དབང་བསྐུར་བའི་གསོལ་བ་སློབ་མས་གདབ་པ་ནི། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་འདི་ཞེས་བྱ་བས་ནི། །སློབ་དཔོན་དཔང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་འཁོར་ལོ་སྦྱིན་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །དཀྱིལ་འཁོར་ཆེན་པོར་ཞུགས་ནས་ཀྱང༌། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཏེ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་གདབ་ཅིང༌། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །ཞེས་གསོལ་བ་གདབ་བོ། །སློབ་དཔོན་གྱིས་ཀྱང་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་པ་ནི། །ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང༌། །དམ་ཚིག་སྡོམ་དང་གསང་བ་ཡི། །དཀྱིལ་འཁོར་འདིར་ཡང་འཇུག་པར་འཚལ། །ཞེས་བརྗོད་དོ། །དེ་ནས་ལྷ་ལ་གནང་བ་ཐོབ་པ་དང༌། སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་སརྦ་ཡོ་ག་བོ་དྷི་ཅི་ཏྟ་ཨུཏྤཱ་ད་ཡཱ་མི། སུ་ར་ཏ་ས་མ་ཡ་སྟྭཱཾ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ་ཞེས་སྙིང་གར་ཟླ་བ་རྡོ་རྗེ་བསམས་ལ། ལག་པ་ནས་ཁྲིད་དེ། ཛཿ་ཧཱུཾ་བཾ་ཧོཿ་ཞེས་བྱ་བས་སྒོ་བཞི་ནས་གཟུག་གོ །དེ་ནས་ཤར་གྱི་སྒོར་ཕྱོགས་པར་བཞག་ལ། རྡོ་རྗེ་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། །ངས་ཁྱོད་ལ་ཡེ་ཤེས་གང་ཡི་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་ཡང་འགྲུབ་པ་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། །ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །དམ་ཚིག་ཉམས་པར་གྱུར་ཏེ་རེ་ཞེས་བརྗོད་དེ། དེ་ནས་སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། སྙིང་ལ་ཡང་དག་གཞུག་པར་མཛད། །
གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲོད་ཀ་ཋ་ཧཱུཾ། འདི་དེ་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་ཨ་མྲྀ་ཏ་ཧཱུཾ་བཛྲ་ཨ་གཏྟ་ཧྲི་ཐ་ཧཱུཾ། དེ་ནས་སློབ་དཔོན་གྱིས་དམ་ཚིག་བསྒྲགས་ཏེ། །དེང་ནས་བརྩམས་ཏེ་ཁྱོད་ཀྱི་རྡོ་རྗེ་སློབ་དཔོན་ང་ཡིན་གྱི། ངས་འདི་བྱོས་ཤིག་ཅེས་བསྒོ་བྱ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་གྱུར་ཏ་རེ། དེ་ནས་ཡེ་ཤེས་སེམས་དཔའ་དབབ་པར་བྱ་སྟེ། འདི་སྐད་བརྗོད་དུ་གཞུག་གོ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། འཇམ་དཔལ་ཡེ་ཤེས་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་པའོ། །རྡོ་རྗེ་དྲིས་བསྒོས་པ་སྙིང་གར་བཞག་ལ། །འདི་དེ་རྡོ་རྗེའི་དམ་ཚིག་སྟེ། འཇམ་དཔལ་རྡོ་རྗེ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེང་འདིར་ཁྱོད་ལ་འབབ་པར་ཤོག །ཨོཾ་མཉྫུ་ཤྲཱི་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨ་ཨ་ཞེས་ཉི་ཤུ་རྩ་གཅིག་བརྗོད་དོ། །རྡོ་རྗེ་དམར་པོ་མཚོན་གང་པ་ཆར་ལྟར་དུ་འབེབས་པར་བསམ་མོ། །གལ་ཏེ་འབབ་པར་མ་གྱུར་ན་སྡིག་པ་བྱང་བའི་ཆོ་གས་དབབ་པར་བྱའོ། །དེ་ནས་བབ་པ་དང་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་དོར་ཏེ། པྲ་ཏཱི་ཙྪ་བཛྲ་ཧོ་ཞེས་པས་དཀྱིལ་འཁོར་ལ་གཏོར་ལ་གང་དུ་བབས་པའི་ལྷ་དེ་ཡི་དམ་དུ་དབོག་གོ །ཨོཾ་པྲ་ཏི་གྲྀ་ཧྞ་ཏྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལེ་ཞེས་བྱ་བས་ཕྲེང་བ་དེ་མགོ་ལ་བཅིང་བར་བྱའོ། །དེ་ནས་གདོང་གཡོགས་བཀྲོལ་ཏེ་མིག་ལྕགས་ཀྱུའི་ཕྱག་རྒྱས་དབྱེ་ཞིང་སྔགས་འདི་བརྗོད་དོ། །ཨོཾ་འཇམ་དཔལ་རྡོ་རྗེ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །དེ་རིང་ཉིད་དུ་འབྱེད་པར་ཤོག །ཧེ་བཛྲ་པ་ཤྱ་ཧཱུཾ་ཞེས་བརྗོད་ལ། །མིག་གཡོགས་ཀྱང་དགྲོལ་ཏེ་འདི་སྐད་བརྗོད་དོ། །ལེགས་པར་ལྟོས་ཤིག་སེམས་དཔའ་ཆེ། །ཐར་པ་ཆེན་པོའི་དཀྱིལ་འཁོར་དུ། །མེ་ཏོག་གང་ལ་ཕོག་པ་ནི། །འདི་དེ་ཁྱོད་ཀྱི་རིགས་ཀྱི་ལྷ། །རང་གི་ལྷ་རུ་ཤེས་པར་གྱིས། །ཞེས་བརྗོད་ལ་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་བར་དུ་དཀྱིལ་འཁོར་དྲུག་བསྟན་པར་བྱའོ། །དེ་ནས་
དཀྱིལ་འཁོར་གྱི་ཤར་ངོས་སུ་མཎྜལ་ལ་པདྨ་འདབ་བརྒྱད་བྲིས་ལ། ཡི་དམ་ལྷའི་གཟུགས་སུ་བསམས་ལ་དབང་བསྐུར་བར་བྱ་སྟེ། དེ་ཡང་དང་པོར་རེ་ཞིག་ཆུའི་དབང་བསྐུར་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །དེ་བཞིན་བདག་གིས་ལྷ་ཡི་ཆུ། །དག་པ་ཡིས་ནི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙི་ཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རྣམ་ཤེས་ཕུང་པོ་རྣམ་དག་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །ཞེ་སྡང་ཆེན་པོ་མི་བསྐྱོད་པའི། །དཔལ་ལྡན་ཆུ་ཡིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་ཅོད་པན་གྱི་དབང་བསྐུར་ཏེ། །ཕལ་བའི་ས་ནི་གཞོམ་པ་དང༌། །ཡོན་ཏན་གཟི་བརྗིད་བསྐྱེད་པའི་ཕྱིར། །ང་རྒྱལ་རིན་ཆེན་འབྱུང་ལྡན་གྱི། །ཅོད་པན་གྱིས་ནི་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ པ་དང༌། དཔལ་ལྡན་རིན་ཆེན་ཅོད་པན་དབང༌། །རྡོ་རྗེ་མི་ཕྱེད་གསུམ ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་རིན་ཆེན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །ཚོར་བའི་ཕུང་པོ་རྣམ་དག་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །ང་རྒྱལ་རིན་ཆེན་འབྱུང་ལྡན་གྱི། །ཅོད་པན་གྱིས་ནི་དབང་བསྐུར་རོ། །དེ་ནས་རྡོ་རྗེའི་དབང་བསྐུར་ཏེ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་གྱིས་རབ་གྲུབ་ཕྱི། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥིཉྩཱ་མི་ཏི་ཥྛ་བཛྲ་ས་མ་ཡ་སྟཾ། །ཆོས་ཀྱི་གསུང་རབ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་དུ་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། འདུ་ཤེས་ཕུང་པོ་རྣམ་དག་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི། །འདོད་ཆགས་སྣང་བ་མཐའ་ཡས་ཀྱི། །རྡོ་རྗེ་ཡིས་ནི་དབང་བསྐུར་རོ། །དེ་ནས་དྲིལ་བུའི་དབང་བསྐུར་ཏེ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །རྒྱལ་བ་རྒྱ་མཚོའི་མཆོག་ཏུ་བཤད། །ཨོཾ་སརྦ་ཏ་
ཐཱ་ག་ཏ་ཨ་དྷི་བ་ཏི་སྟྭཾ་ཨ་བྷི་ཥི་ཉྩ་མི་ཏིཥྛ་ས་མ་ཡ་སྟྭཾ། དཔལ་ལྡན་རྡོ་རྗེ་དྲིལ་བུ་འཆང༌། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ལས་སུ་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། འདུ་བྱེད་ཕུང་པོ་རྣམ་དག་བའི། །བྱ་བ་ནན་ཏན་ཡེ་ཤེས་ཀྱི། །ཕྲག་དོག་དོན་ཡོད་གྲུབ་པ་ཡི། །དྲིལ་བུ་ཡིས་ནི་དབང་བསྐུར་རོ། །དེ་ནས་མིང་གི་དབང་བསྐུར་ཏེ། །སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་བསལ་བའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །རྣམ་པར་སྣང་མཛད་རྟག་ཏུ་བསྐྱེད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩཱ་མི་ཆེ་གེ་མོ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཧཱུཾ། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་ནི། །རྡོ་རྗེ་སྐུ་ནི་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། གཟུགས་ཀྱི་ཕུང་པོ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །གཏི་མུག་རྣམ་པར་སྣང་མཛད་ཀྱི། །དཔལ་ལྡན་མི་བསྐྱོད་དབང་བསྐུར་རོ། །དེ་དང་ལྡན་ན་དེ་ལྔ་ནི་རིག་པའི་དབང་ལྔ་སྟེ། ཕུང་པོ་ལྔ་དག་ནས་ཉོན་མོངས་པ་ལྔ་སྤངས་ནས། །ཡེ་ཤེས་ལྔ་དང་ལྡན་ཏེ། མ་རིག་པ་རིག་པས་ན་རིག་པའི་དབང་ལྔ་ཞེས་བྱའོ། །དེ་ནས་བརྟུལ་ཞུགས་ཀྱི་དབང་ཞེས་བྱ་བ་ནི། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །འཇམ་དབྱངས་རྡོ་རྗེའི་ལག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །འཇམ་དཔལ་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཉྫུ་ཤྲཱི་ཙིཏྟ་བཛྲ་ས་མ་ཡ་ཏི་ཥྛ་ཨ་བྷི་ཥེ་ཀ་ཏ་ཡ་མི་ཧཱུཾ་ཧ་ཧ་ཧ་ཧི་ཧི་ཧི། དེ་ནས་ཕྲེང་བ་སྦྱིན་ཏེ། སངས་རྒྱས་ཀུན་གྱི་མི་ཕྱེད་པའི། །གསང་སྔགས་བླ་ན་མེད་པ་ཡི། །སྙིང་པོ་ཡིད་བཞིན་ནོར་བུ་འདི། །སྐྱོབ་པ་སྔགས་ཀྱིས་དབང་བསྐུར་རོ། །དེ་ནས་ཕྱིར་མི་ལྡོག་པའི་དབང་བསྐུར་བར་བྱ་བའི་ཕྱིར། །ཡོན་བདག་གིས་ཡོན་གྱི་མཆོག་ཕུལ་ལ་གསོལ་བ་བཏབ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་སྩོལ་བགྱིས་པ་ལྟར། །བདག་ཀྱང་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །དེ་བཞིན་གཤེགས་པའི་དབང་བསྐུར་བ། །འགྲོ་བ་བསྐྱབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩོལ། །སློབ་དཔོན་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །
སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ལྟར་གསོལ་བ་བཏབ་རྗེས་ལ་སྡོམ་པ་སྦྱིན་ཏེ། །ཇི་བཞིན་དོན་ལྡན་དམ་ཚིག་ནི། །རྩ་བ་ཡན་ལག་བཅས་པ་ཀུན། །ཕས་ཕམ་པར་ནི་རབ་ཏུ་གྲགས། །སྤངས་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བར་ཤེས་པར་བྱ། །སྲོག་གཅོད་རྐུ་དང་འཕྲོག་པ་དང༌། །བརྫུན་དང་ཆང་ནི་ཅུང་ཟད་སྤང༌། །མི་དགེ་བ་ནི་བཅུ་པོ་དག །ཁྱོད་ཀྱིས་ནམ་ཡང་མ་སྤྱོད་ཅིག །ཐེག་པ་དམན་ལ་མོས་པ་དང༌། །སེམས་ཅན་འཁོར་བ་མི་སྤང་ཞིང༌། །མྱ་ངན་འདས་ལ་མ་ཆགས་ཤིང༌། །ལྷ་དང་ལྷ་མིན་བརྙས་མི་བྱ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་རྣམས། །འགོམ་པར་བྱ་བ་མ་ཡིན་ཏེ། །དམ་ཚིག་འདི་དག་ཉམས་པ་ན། །རྡོ་རྗེ་དམྱལ་བར་འཚེད་པར་འགྱུར། །དེ་བས་དམ་ཚིག་བསྲུང་བར་གྱིས། །དེས་ཀྱང་སློབ་དཔོན་གྱི་བཀའ་བཞིན་བགྱིད་པར་འཚལ་ལོ་ཞེས་ཁས་བླངས་སོ། །དེ་ནས་སློབ་མ་དམ་པ་དེའི་ལུས་ལ་ལྷ་བཀོད་ལ། རྣམ་རྒྱལ་བུམ་ པ་ཐོགས་ཏེ། ཁམས་གསུམ ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང༌། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་ཡ། །པ་ར་ཏི་ག་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་ནས་གསེར་ལ་སོགས་པ་ལས་བྱས་པའི་མིག་ཐུར་ཐོགས་ལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲི་ཞེས་ཉོན་མོངས་པ་སྤོང་བའི་དབང་ངོ༌། །དེ་ནས་མེ་ལོང་བསྟན་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །ངོ་བོ་མེད་ཅིང་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །ཡེ་ཤེས་ཀྱི་དབང་ངོ༌། །དེ་ནས་མདའ་གཞུ་བླངས་ལ་མིའི་དྲུང་དུ་འཕེན་བཅུག་ལ། །ཐབས་དང་ཤེས་རབ་གཉིས་མེད་དེ། །བསྐལ་པའི་ཆོ་འཕྲུལ་ཅིར་ཡང་སྟོན། །བདུད་གྱི་རིགས་རྣམས་ཕམ་བྱེད་པའི། །ཡེ་ཤེས་ཀྱི་ནི་མདའ་འཕོངས་ཤིག །ཧོ་ཞེས་མདའ་འཇིག་རྟེན་གྱི་ཁམས་དྲུག་ཏུ་འཕེན་དུ་གཞུག་གོ །སྐུའི་དབང་ངོ༌། །དེ་ནས་དྲིལ་བུ་བླངས་ལ་དཀྲོལ་ཏེ། ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་
མེད། །མཁའ་དང་མཉམ་པར་སྦྱོར་བ་ཡིས། །སྐུ་མཆོག་མཉམ་པ་ཉིད་དུ་གསལ། །ཨཱཿ་ཞེས་གསུང་གི་དབང་ངོ༌། །མེ་ལོང་བླངས་ལ། འཇམ་དབྱངས་རྡོ་རྗེ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་བཞིན་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །མཉྫུ་ཤྲཱི་ཙིཏྟ་ཨ། ཐུགས་ཀྱི་དབང་ངོ༌། །དེ་ནས་རྐང་པའི་བར་དུ་ཆོས་ཀྱི་འཁོར་ལོ་གཞག་ལག་པར་དུང་དང་ལྕེ་ལ་པོ་ཏི་གཏད། མགོ་ལ་གདུགས་གཏད་དེ། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པས། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང༌། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང། །ཀུན་ཏུ་ཁྱོད་ལ་སྲུང་བར་བྱེད། །ཅེས་བརྗོད་དོ། །ཡང༌། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་དོ། །དེ་ནས་ཐམས་ཅད་གཟེངས་བསྟོད་དེ། །ཀུན་བདག་སངས་རྒྱས་སྒོམ་པ་པོ། །རྡོ་རྗེའི་མིང་དབང་བསྐུར་བས་ཀྱང༌། །དེ་བཞིན་གཤེགས་པར་ལུང་བསྟན་ཉིད། །ཨོཾ་འདི་དེ་ངས་ཁྱོད་ལུང་བསྟན་ཡིན། །འཇམ་དཔལ་རྡོ་རྗེ་དེ་བཞིན་གཤེགས། །སྲིད་པ་ཀུན་དུ་བསྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དེ་བཞིན་གཤེགས་པ་ཆེ་གེ་མོ་ཞེས་བྱ་བ། །སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ་དེ་ནས་གནང་བ་སྦྱིན་པ། །ངོ་བོ་ཉིད་ཀྱིས་སེམས་ཅན་རྣམས། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་ཆགས་ལ་སོགས། །གཙང་མས་སེམས་ཅན་དོན་བྱའོ། །དེ་ནས་དབུགས་དབྱུང་བ། །གསང་བ་མཆོག་གི་དཀྱིལ་འཁོར་འདིར། །དེ་རིང་ཕན་ཆད་ཁྱེད་ཞུགས་ཀྱིས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །ཁྱེད་རྣམས་དེང་ནི་ལེགས་པར་གནས། །བདེ་ཆེན་ཐོབ་པ་འདི་ལས་ནི། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་སྨོད་པ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །
ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེ་ཉིད་ཐེ་ཚོམ་མེད་པར་འཐོབ། །དེ་ནས་བདག་ཉིད་ཐར་བསམས་ལ། །ཆོས་གོས་བཟུང་སྟེ། །ཨོཾ་འདི་ལྟར་ང་ཡིས་ལུང་བསྟན་པར། །མགྲིན་གཅིག་ཏུ་ནི་རྫོགས་པའི་ཕྱིར། །བྱང་ཆུབ་ཏུ་ནི་ལུང་བསྟན་མཛད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པས། །ཀུན་གྱིས་དེང་ཁྱོད་དབང་བསྐུར་བས། །ཁམས་ གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་བའི་བདག་པོ་སྟོན་པ ་ཡིན། །དེང་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེང་ཉིད་ཐེ་ཚོམ་མེད་པར་འཐོབ། །དེ་ལྟར་གཟེངས་བསྟོད་པ་དང༌། །དབུགས་དབྱུང་བ་དང༌། ལུང་བསྟན་པའོ། །དེ་ནས་སློབ་མ་དེ་ལ་མཆོད་པ་ལྔ་དང༌། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་དེ། །ཁྱེད་རྣམས་ཀྱིས་ཀྱང་དུས་ གསུམ་བདེ་བར་གཤེགས་པ ་རྣམས་ཡང་དག་པར་མཆོད་ཅིག་པར་བཀའ་བསྒོའོ། །དེ་ནས་དེ་རྣམས་ཀྱིས་ཡོ་བྱད་ཀྱིས་དཀྱིལ་འཁོར་གྱི་ལྷ་མཆོད་ལ། །ལྷག་མས་དེར་ཚོགས་ཚིམ་པར་བྱས་ལ་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་དེ། །སྒེག་མོ་ལ་སོགས་པས་མཆོད་ལ་བསྟོད་དེ། །དེ་ནས་སློབ་དཔོན་ལ་ཡོན་གྱིས་མཉེས་པར་བྱས་ལ། །འདོད་པའི་དོན་གསོལ་བ་གདབ་པོ། །དགེ་བའི་རྩ་བ་བསྔོ་སྟེ། །དཀྱིལ་འཁོར་ལ་བསྐོར་བ་བྱས་ལ་ལྷ་གཤེགས་སུ་གསོལ་ཏེ། །དམ་ཚིག་བསྡུས་ལ་ཅི་བདེ་བའི་སྤྱོད་ལམ་བྱའོ། །སློབ་མ་རྣམས་ཀྱི་དོན་གྱི་ཕྱིར། །དཀྱིལ་འཁོར་ཆོ་ག་བྱས་པ་ལ། །དགེ་བ་བསགས་པ་གང་གྱུར་བ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་ནམ་མཁའ་དྲི་མ་མེད་པ་ཞེས་བྱ་བ། འཇམ་དཔལ་བཤེས་གཉེན་གྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་བཛྲ་བ་དང༌། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བའོ།།