ཡན་ལག་མེད་པའི་རྡོ་རྗེ་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས།
རྒྱ་གར་སྐད་དུ། བཛྲ་ཨཾ་ག་མཉྫུ་གྷོ་ཥ་སཱ་དྷ་ནཾ། བོད་སྐད་དུ། ཡན་ལག་མེད་པའི་རྡོ་རྗེ་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པ་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་སྟོང་པར་བསྒོམས་པའི་རྗེས་སུ་ཡི་གེ་ཧཾ་ལས་སྐྱེས་པའི་ཡི་གེ་ཧཾ་གི་ཆང་གཟུངས་ཀྱི་དབུས་སུ་མནན་པའི་མདའ་དང་ལྡན་པའི་གཞུ་བསྒོམས་ནས། དེ་ཡོངས་སུ་གྱུར་བ་ལས་ཡན་ལག་མེད་པའི་རྡོ་རྗེ་ཞེས་བྱ་བ་འཕགས་པ་འཇམ་དཔལ་མདོག་སེར་པོ་ཕྱག་དྲུག་པའོ། །རྩ་བའི་ཕྱག་གཉིས་ནི་རྣ་ལྟག་གི་བར་དུ་བཀང་བའི་ཨུཏྤ་ལ་དམར་པོའི་མདེའུ་ཅན་གྱི་མངའ་དང་ལྡན་པའི་མེ་ཏོག་གི་གཞུ་འཛིན་པའོ། །གཡས་པའི་ཕྱག་གཉིས་ན་རལ་གྲི་དང་མེ་ལོང་བསྣམས་པ། གཡོན་པ་གཉིས་ན་ཨུཏྤལ་ལ་སྔོན་པོ་དང་ཤིང་མྱ་ངན་མེད་པ་དམར་པོ་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པའོ། །མི་བསྐྱོད་པས་བྱིན་གྱིས་བརླབས་པའི་རལ་པའི་ཅོད་པན་ཅན་གཡོན་བརྐྱང་པའི་ཞབས་ཅན། ལོ་བཅུ་དྲུག་གི་རྣམ་པར་བྱེད་ཅིང་ཆེར་སྒེག་པའི་སྐུར་བལྟ་བར་བྱའོ། །ཡང་ན་ཕྱག་བཞི་པ་སྟེ་མེ་ལོང་དང༌། མྱ་ངན་མེད་པའི་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པའི་ཕྱག་གཉིས་དང་བྲལ་བ་བསྒོམ་པར་བྱའོ།། དེ་ནས་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ནས། ཨོཾ་མཉྫུ་གྷོ་ཥ་ཧྲཱིཿཛཿཞེས་བྱ་བའི་སྔགས་བཟླས་པ་བྱའོ། །འབུམ་ཕྲག་གཅིག་བཟླས་ལ་འཇིག་རྟེན་གསུམ་པོ་ཡང་ཅི་བགྱི་བར་བྱེད་པར་འགྱུར་རོ། །ཡང་ན་ཁ་ཅིག་དགུག་པར་འདོད་པས་གོང་དུ་གསུངས་པ་བཞིན་དུ་བསྒོམ་པར་བྱས་ནས། །དེ་ང་རྒྱལ་བརྟན་པོ་བྱས་པའི་ཡིད་ཀྱིས་རང་གི་སྙིང་གར་པདྨ་དམར་པོ་འདབ་མ་བཅུ་དྲུག་པ་མངོན་པར་འཕྱང་བའི་སྡོང་བུ་དང༌། རྩ་བ་དང་བཅས་པ་དམིགས་ནས་དེའི་སྡོང་བུའི་དབུས་སུ་ཡི་གེ་ཧཱུཾ་དམར་པོ་དགུ་བལྟའོ། །དེའི་འདབ་མ་ལ་གཡས་སྐོར་དུ་དབྱངས་ཡིག་དམར་པོ་བཅུ་དྲུག་བསྒོམ་
པར་བྱས་ནས། དེའི་ཟེའུ་འབྲུའི་སྟེང་དུ་ནུབ་མོ་དང་ཉིན་མོ་ཇི་ལྟར་སྲིད་པར་ཉི་མ་དང༌། ཟླ་བའི་དཀྱིལ་འཁོར་དམར་པོའོ། །དེའི་དབུས་ཡང་ཡི་གེ་ཧྲཱིཿདྨར་པོ་གཉིས་ཀྱི་བར་དུ་བཅུག་པའི་འོག་ནས་བཤད་པའི་རང་གི་སྔགས་བལྟ་བར་བྱའོ། །དེ་ནས་དབྱངས་ཡིག་དམར་པོ་དེ་རྣམས་སྦྲང་མ་དགའ་བ་རྒྱས་པར་རྣམ་པར་བསྒོམས་ནས། རང་གི་སྔགས་ཀྱི་འོད་ཟེར་གྱི་ཚོགས་ཀྱིས་ཕྱོགས་བཅུ་བཀང་སྟེ་ཇི་སྙེད་མངོན་པར་འདོད་པའི་བུད་མེད་ཀྱི་གནས་སུ་སོང་ནས་མེ་རླུང་གི་དཀྱིལ་འཁོར་སྟེང་དུ་སྟོབས་ཀྱིས་བཞག་ནས་འོད་ཟེར་གྱི་རང་བཞིན་ཉིད་ཀྱི་ཞགས་པས་ལེགས་པར་སྐེ་ནས་བཅིངས་ནས། ལྕགས་ཀྱུ་རྣོན་པོས་ཆོས་འབྱུང་ནས་ཕུག་སྟེ་མདུན་དུ་ཡང་དག་པར་བཀུག་ནས་ཐལ་མོ་སྦྱར་ཏེ། མགལ་མེ་འཁོར་བའི་འཁོར་ལོའི་ནང་དུ་བཅུག་ནས་ཡི་གེ་ཧཱུཾ་དམར་པོས་མིག་དང༌། སྙིང་ག་དང༌། ཡན་ལག་དང་ཉིང་ལག་ཐམས་ཅད་བཀང་བར་བསྒོམ་པར་བྱའོ། །དེ་ནས་དེའི་སྙིང་གར་དབྱངས་ཡིག་དམར་པོ་བཅུ་དྲུག་དང་ལྡན་པའི་སྡོང་བུའི་སྦུབས་ནས་ཡི་གེ་ཧཱུཾ་དང་བཅས་པའི་པདྨ་འདབ་མ་བཅུ་དྲུག་པ་དམིགས་པར་བྱ་སྟེ། འོན་ཀྱང་དྲི་མ་དང་བཅས་པའི་མདོག་ཅན་ནོ། །དེའི་དབུས་སུ་ཡི་གེ་ཧྲཱིཿདེའི་བར་དུ་བཅུག་པའི་མིང་གི་ཡི་གེ་བསམ་པར་བྱའོ། །དེ་ནས་རང་གི་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་རབ་ཏུ་དམར་ཞིང་ཕྲ་བའི་ལྕགས་ཀྱུ་རབ་ཏུ་རྣོན་པོ་དང༌། པདྨའི་སྡོང་བུ་ལ་གནས་པའི་ཡི་གེ་ཧཱུཾ་གི་འོད་ཀྱིས་སྟེང་དུ་འགྲོ་ཞིང་བསྐུལ་བས་སྦྲང་བུའི་ཚོགས་ཀྱི་རྗེས་སུ་འགྲོ་བཞིན་པས། རང་གི་སྣ་བུག་གཡས་ལས་གཞན་པའི་ཅིག་ཤོས་ཀྱི་སྒོར་བྱུང་སྟེ། བསྒྲུབ་བྱའི་སྣ་བུག་གཡས་པའི་སྒོ་ནས་དེའི་སྙིང་གར་ཞུགས་ཏེ། ལྕག་སྐྱུ་དེ་ཡིས་དེའི་མིང་གི་ཡི་གེ་འགུགས་པར་གནས་པར་བྱེད་ཅིང༌། སྦྲང་དེ་རྣམས་ཀྱིས་ཀྱང་དགའ་བས་པདྨ་དེ་ཕྱུང་ཞིང༌། རང་དགས་དུམ་བུར་བྱེད་ཅིང་དབྱངས་ཡིད་རྣམས་གཞིབ་བར་བྱའོ། །ཞེས་ཡུན་རིང་དུ་མི་གཡོ་བར་བལྟ་བར་བྱའོ། །དེ་ནས་དེ་ཁོ་ན་བཞིན་དབུགས་ཀྱིས་བསྐུལ་བའི་ལྕགས་ཀྱུས་དེའི་མིང་སྟོབས་ཀྱིས་བླངས་ཏེ། སྦྲང་བུ་དེ་རྣམས་ཀྱིས་ཀྱང༌། རང་གི་དབྱངས་ཡིག་བཀུག་སྟེ། དེའི་སྣ་བུག་གཡོན་པའི་ལམ་དུ་བྱུང་བར་བལྟ་བར་བྱའོ། །ཡང་དེ་བླངས་ནས་འཇུག་པའི་
རླུང་གིས་ལྕགས་ཀྱུ་དང༌། སྦྲང་བུ་རྣམས་བཀུག་སྟེ། རང་གི་སྣ་བུག་གཡས་པའི་སྒོ་ནས་འཇུག་སྟེ། དེའི་མིང་གི་ཡི་གེ་རང་གི་སྙིང་གའི་སྔགས་ལ་བཅུག་ནས། དེའི་མིང་གི་ཡི་གེ་རང་གི་སྙིང་གའི་སྔགས་ཀྱིས་དྲག་པོར་མནན་ནས། དབྱངས་ཡིག་དེ་རྣམས་འདབ་མ་སོ་སོ་ལ་སྦྲང་བུ་མཆོག་གིས་དབང་དུ་བྱས་པའི་རྣམ་པར་བསམ་པར་བྱའོ་ཞེས་བྱའོ། །རིམ་པ་འདིས་རང་གི་རྣམ་པར་ཤེས་པ་དང༌། དེའི་རྣམ་པར་ཤེས་པ་དེ་གཅིག་ཏུ་བྱས་པ་བལྟ་བར་བྱའོ། །དེ་ནས་དེའི་ནུ་མ་ལ་ཨུཏྤལ་ལ་དམར་པོའི་མདེའུ་རྣོན་པོ་དང་ལྡན་པའི་མདས་ཕུག་ནས་འདོད་ཆགས་ཆེན་པོས་བརྒྱལ་པར་གྱུར་བར་བལྟས་ནས་ལྕགས་སྒྲོག་ལྟ་བུའི་གཞུས་དེའི་རྐང་པ་གཉིས་དམ་པར་བཅིངས་ནས། རང་གིས་བསྣམས་པའི་ཨུཏྤ་ལའི་སྡོང་བུའི་རང་བཞིན་གྱི་ཞགས་པས་སྐེ་ནས་བཅིངས་ཏེ། ཡང་དག་པར་བཀུག་ནས་རྐང་པ་གཉིས་ཀྱི་དྲུང་དུ་ལྷུང་བར་བྱས་ནས། མྱ་ངན་མེད་པས་སྙིང་གར་བྲབས་པའོ། །མངོན་པའི་ང་རྒྱལ་མེད་པར་བྱས་ལ། རལ་གྲིས་འཇིགས་པར་བྱ་སྟེ། སྐྱབས་གཞན་མེད་པར་བྱས་ནས་ཡང་རང་ཉིད་ཇི་ལྟར་གནས་པས་སྐྲ་གྲོལ་བ་ཤིན་ཏུ་འདོད་ཆགས་ཀྱིས་མྱོས་པ་གཅེར་བུ་གོས་མེད་པ། མི་སྦྱོར་བས་འཇིགས་ཤིང་ཤིན་ཏུ་ཆགས་པར་གྱུར་པ་མེ་ལོང་ལ་བརྟན་པར་བྱས་ནས་རང་རིག་པས་རྗེས་སུ་ཆགས་པར་བྱའོ། །ཨོཾ་ཧྲཱིཿཨ་མུ་ཀིཾ་ཨཱ་ཀཪྵ་ཡ་མཉྫུ་ཥ་ཧྲཱིཿཛཿཞེས་བྱ་བའི་རང་གི་སྔགས་ཀྱི་མིང་དང་བཅས་པ་རྩེ་གཅིག་པའི་ཡིད་ཀྱིས་བཟླས་པར་བྱའོ། །དེ་ལྟར་གོང་དུ་གསུངས་པའི་རིམ་པས་དཀར་པོའི་ཕྱོགས་ཀྱི་ཆོས་གཅིག་ནས་བརྩམས་ཏེ། ཇི་སྲིད་ཚེས་བཅུ་བཞིའི་བར་དུ་ཁྲི་ཕྲག་གཅིག་ཙམ་བཟླས་པར་བྱའོ། །ཡང་བཅོ་ལྔ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མཚན་ཐོག་ཐག་བཟླས་པ་བྱའོ། །དེ་ནས་ཐོ་རངས་དེ་ངེས་པར་འོང་བར་འགྱུར་རོ། །འོངས་ནས་དེ་ལ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རང་གི་ལྷ་མཆོད་པའི་བསམ་པས་ཇི་ལྟར་བདེ་བར་ ལོངས་སྤྱོད་པར་བྱའོ། །ཡན་ལག་མེད་པའི་རྡོ་རྗེའི་འཇམ་པའི་དབྱངས་ཀྱི་སྒྲུབ་པའི་ཐབས་རྫོགས་སོ། །ཁམས་པ ་ལོ་ཙཱ་བ་བ་རི་དགེ་སློང་དྷརྨ་ཀཱིརྟིས་བསྒྱུར་བའོ།།