དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
ཞི་བ་འཚོ།
རྒྱ་གར་སྐད་དུ། ཏཏྟཱ་སིདྡྷི་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདེ་ཆེན་བདེ་བ་འབྱུང་བའི་གནས། །རྡོ་རྗེ་ཐེག་ལ་ཕྱག་འཚལ་ཏེ། །ཀུན་དུ་རྨོངས་ལས་བཟློག་པའི་ཕྱིར། །དེ་ཉིད་གྲུབ་པ་བཤད་པར་བྱ། །འདི་ན་གང་ལ་ལ་རྡོ་རྗེའི་ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བའི་བག་ཆགས་ཀྱི་རྒྱུད་མ་བསྩགས་པ། དངོས་པོར་སྒྲོ་བཏགས་པ་ལ་གོམས་པ། རང་གི་རྣམ་པར་རྟོག་པའི་རླུང་གིས་བློ་ཕྲོགས་པ། །རྩོད་པའི་དུས་ཀྱི་རྙོག་པའི་འདམ་གྱི་ཚོགས་མ་ལུས་པའི་དྲི་མས་ཡིད་དྲི་མ་ཅན་དུ་གྱུར་པ། འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་ཐབས་ཡང་དག་པར་མི་ཤེས་པ། རང་བཟོའི་རྣམ་པར་རྟོག་པ་མང་པོས་བློ་གྲོས་བསླད་པ། ཉམ་ང་བའི་མདུད་པའི་གནས་ཀྱི་རི་སུལ་དུ་ལྷུང་བ། རྟོགས་པར་དཀའ་བའི་གདོན་གྱིས་ཟིན་པའི་དབང་གིས་སེམས་དཀྲུགས་པ། སློབ་དཔོན་རྣམས་ཉེ་བར་མ་བརྟེན་པ། དོན་དམ་པ་བསྒོམ་པའི་མན་ངག་དང་བྲལ་བ་རྣམས་ནི་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ལམ་གཞན་དག་གིས་བསྐལ་པ་དུ་མ་གྲངས་མེད་པས་རྟོགས་པར་བྱ་བ། རྡོ་རྗེ་ཐེག་པའི་ཐབས་དང་ལྡན་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་དཀའ་བ་མེད་པར་བསྒྲུབ་པར་བྱ་བ། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཐོག་མ་དང་ཐ་མ་མེད་པ། གནས་མེད་པ་སེམས་ཅན་མ་ལུས་པའི་རྒྱུད་ལ་རང་རིག་པའི་ངོ་བོ་ཉིད་བསོད་ནམས་ཆེན་པོའི་རྒྱུ་མངོན་པར་རྟོགས་པའི་མཚན་ཉིད་ཅན་དེའི་ཐབས་སུ་གྱུར་པ། རྡོ་རྗེ་ཐེག་པ་ཆེན་པོ་མ་ལུས་པའི་དམ་པའི་དམ་པར་གྱུར་པའི་ལུང་གི་མཚན་ཉིད་ཅན་རྟོགས་པར་མི་འགྱུར་བ་དེ་རྣམས་ཀྱི་མི་ཤེས་པའི་རབ་རིབ་ཀྱི་ལིང་ཏོག་རྣམ་པར་བསལ་བར་བྱ་བའི་ཕྱིར་ལུང་དང་རིགས་པ་དག་གིས་ཅུང་ཟད་བརྗོད་པར་བྱའོ། །དེ་ལ་གཟུགས་ལ་སྩོགས་པ་ཡུལ་རྣམས་ནི་ཐབས་དང་ཤེས་རབ་ཀྱིས་རྣམ་པར་ཟིན་པར་ཡོངས་སུ་ལོངས་སྤྱོད་པའི་ངོ་བོར་གྱུར་པ་ནི་འབྲས་བུ་ཁྱད་བར་ཅན་ཐོབ་བར་འགྱུར་བ་ཡིན་ནོ་ཞེས་རྟོག་པ་དང་ལྡན་པ་རྣམས་ཀྱིས་
ངེས་པ་ཁོ་ནར་ཁས་བླང་བར་བྱ་སྟེ། གང་གིས་ན་ཁྱད་པར་ཅན་གྱི་ཚོགས་པ་རྣམས་ནི་ཁྱད་པར་གྱི་འབྲས་བུ་ཉིད་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་སྨྲ་བ་པོ་ཐམས་ཅད་ལ་གྲགས་པ་ཡིན་ནོ། །དེ་ཡང་དཔེར་ན་ས་ལ་སྩོགས་པ་ལས་སྐྱེས་པའི་སྐྱུ་རུ་རའི་འབྲས་བུའི་རོ་བསྐ་བར་སྣང་ལ། ཡང་འོ་མར་སྤངས་པ་ལ་སྩོགས་པའི་ལྷག་མའི་རྒྱུ་རྣམས་དང་ཕྲད་བ་ན་དེ་ཉིད་མངར་བ་ཉིད་དུ་ཤེས་པར་འགྱུར་རོ། །དེ་བས་ན་ཇི་ལྟར་རྒྱུའི་རྣམ་པ་གཞན་གྱིས་མངོན་པར་འདུས་བྱས་པའི་འབྲས་བུ་ནི་འབྲས་བུ་ཁྱད་པར་ཅན་འབྱུང་བར་བྱེད་པ་ཉིད་དུ་མངོན་སུམ་ཉིད་ན་སྣང་བ་ཡིན་ནོ། །དེ་བཞིན་དུ་གཟུགས་ལ་སྩོགས་པའི་ཡུལ་རྣམས་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོར་བསྐྱེད་ལ། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་ལ་ནི་ཤིན་ཏུ་ཁྱད་པར་ཅན་གྱི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་དམ་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱའོ། །དེ་ཡང་གང་གི་ཕྱིར་ཚོགས་པ་ལས་བྱུང་བ་ཡིན་གྱི་ཚིག་རྐྱང་པ་ལས་བྱུང་བ་ནི་འགའ་ཡང་མེད་དེ། དེ་བས་ན་ཁྱད་པར་ཅན་གྱི་རྒྱུ་གཞན་དག་ལས་འབྲས་བུ་ཁྱད་པར་ཅན་ཉིད་འབྱུང་བར་འགྱུར་ཏེ། ཐམས་ཅད་མཁྱེན་པའི་རྒྱུ་དང་རྐྱེན་གྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་རོ། །དེ་ལ་འདིར་སྦྱོར་བ་ནི་གང་ཁྱད་པར་ཅན་གྱི་རྒྱུས་མངོན་པར་བསྒྲུབས་པ་དེ་ནི་འབྲས་བུ་ཁྱད་པར་ཅན་ཉིད་འབྱིན་པར་བྱེད་དེ། དཔེར་ན་འོ་མར་སྤངས་པའི་སྐྱུ་རུ་ར་ལ་སྩོགས་པ་ནི་འབྲས་བུ་མངར་བར་འགྱུར་ཏེ། གཟུགས་ལ་སྩོགས་པ་ཡང་རྒྱུ་ཁྱད་པར་ཅན་གྱིས་མངོན་པར་བསྒྲུབས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། དེ་ལ་འདིར་ཁྱད་པར་ཅན་གྱི་རྒྱུ་གཞན་གྱིས་མངོན་པར་བསྒྲུབས་པ་ཙམ་དང༌། རྗེས་སུ་འབྲེལ་པའི་རང་བཞིན་གྱིས་འབྲས་བུར་མངོན་པར་འདོད་པའི་དངོས་པོ་ཁྱབ་པར་བྱེད་པའི་རང་བཞིན་མངོན་པར་འདུས་བྱས་པ་ནི་ཁྱབ་པར་བྱ་བ་ཡིན་ནོ། །དེ་ལྟ་བས་ན་གང་དང་གང་ཁྱད་པར་ཅན་གྱི་རྒྱུ་གཞན་གྱིས་མངོན་པར་འདུས་བྱས་པའི་རང་བཞིན་ཡིན་པ་དེ་དང་དེ་ནི་རྒྱུ་མ་ཚང་བ་མེད་པ་དང༌། གེགས་བྱེད་པ་མེད་པ་ཡིན་ན། ཁྱད་པར་ཅན་གྱི་རྒྱུ་གཞན་གྱིས་མངོན་པར་འདུས་བྱས་པ་ལས་ཁྱད་པར་ཅན་གྱི་འབྲས་བུ་འབྱུང་སྟེ།
དེ་ཙམ་དང་རྗེས་སུ་འབྲེལ་བ་ཡིན་པའི་ཕྱིར་རོ། །དེ་བས་ན་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་གྲུབ་ན་ཁྱབ་པར་བྱེད་པ་བསྒྲུབ་པར་བྱ་བ་ལ་ཁྱབ་པར་བྱ་བ་ནི་གཏན་ཚིགས་ཡིན་ནོ། །དཔེར་ན་ཁྱབ་བར་བྱེད་པ་ཤིང་ལ་སྩོགས་པ་བསྒྲུབ་བར་བྱ་བ་ལ་ཁྱབ་པར་བྱ་བ་ཤིང་ལ་སྩོགས་པ་ནི་གཏན་ཚིགས་ཡིན་ཏེ། ཁྱབ་པར་བྱེད་པ་ཁྱབ་པར་བྱ་བའི་དངོས་པོ་ཡིན་པའི་ཕྱིར་རོ། །འདིར་ཡང་ཁྱབ་པར་བྱ་བ་དང༌། ཁྱབ་པར་བྱེད་པའི་དངོས་པོ་ལས་རྒྱུ་གཞན་ནི་མེད་དེ། དེ་ལྟ་བུར་འདིར་ཡང་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར། ཟླ་གསང་ཐིག་ལེ་ལ་སོགས་པ། །རྣལ་འབྱོར་རྒྱུད་ནི་མ་ལུས་ལས། །ཤེས་རབ་ཐབས་ལྡན་སེམས་ཀྱིས་ནི། །མི་བྱ་བ་ནི་ཅི་ཡང་མེད། །རྟག་ཏུ་ དོགས་པ ་མེད་གྱུར་པས། །འདོད་པ་ལྔ་ནི་སྤྱད་པར་བྱ། །ཞེས་བྱ་བ་དང༌། སྨན་གྱི་ཕྱེ་མའི་སྦྱོར་བ་ཡིས། །སྦྲུལ་ཉིད་འཆིང་བར་འགྱུར་བ་བཞིན། །འདོད་ལྡན་རྟག་ཏུ་ཆགས་བྱེད་ལ། །གླུ་དང་རོལ་མོ་ལ་དགའ་ཞིང༌། །འདོད་པའི་བདེ་བས་ངོམས་མེད་པ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །གང་ཞིག་བྱང་ཆུབ་སེམས་བརྟན་ཞིང༌། །བློ་གྲོས་ཆགས་པ་མེད་གྱུར་པས། །ཐེ་ཚོམ་དག་ནི་མི་བྱ་སྟེ། །དེ་ཡིས་འདིར་ངེས་འགྲུབ་པར་འགྱུར། །ཞེས་བྱ་བ་དང༌། ལེགས་བརྟགས་ཤིན་ཏུ་དཔྱད་ནས་ནི། །མཁས་པ་རྣམས་ནི་འཇུག་བྱ་ཡི། །གཞན་དུ་མེར་ནི་འཇུག་པ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །དེ་ཉིད་དེ་བཞིན་གྱིས་ཤེས་ན། །གང་ཞིག་ལྷ་མོ་ལ་བརྟན་པ། །དེ་འགྲུབ་འགྱུར་གྱི་གཞན་དུ་ནི།། དམྱལ་བ་ཆེན་པོར་ལྟུང་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་གཟུགས་ལ་སྩོགས་པའི་ཡུལ་རྣམས་ཉོན་མོངས་པ་བསྐྱེད་པའི་རྒྱུར་གྱུར་པ་ཉིད་ཀྱིས་ན་ངན་འགྲོའི་རྒྱུ་ཡིན་ནོ་ཞེས་བརྗོད་པར་ནུས་པ་ཡང་མ་ཡིན་ཏེ། ཉོན་མོངས་པ་རྣམས་ནི་བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་རྒྱུ་མ་ཡིན་ཏ། གང་གིས་ན། བདག་ཡོད་ལ་ནི་གཞན་དུ་འདུ་ཤེས་ཤིང༌། །བདག་གཞན་ཆ་ལས་ཡོངས་སུ་འཛིན་དང་སྡང༌། །འདི་གཉིས་དང་ནི་ཀུན་དུ་འབྲེལ་པ་ལས། །ཉེས་པ་ཐམས་ཅད་འབྱུང་བར་
འགྱུར་བ་ཡིན། །དེ་བས་ན་གང་ལ་བདག་ཏུ་ལྟ་བ་ཡོད་པ་དེ་ལ་ཉོན་མོངས་པ་འདི་དག་འབྱུང་བར་འགྱུར་རོ། །གང་ཡང་བདག་མེད་པ་ལ་ཤིན་ཏུ་གོམས་པར་བྱས་པས་བདག་མེད་པའི་རོ་ཡང་དག་པར་སྒྲུབ་པ་དེ་ལ་ནི་འདི་དག་དེ་ལྟར་མི་འགྱུར་རོ། །ཡང་གལ་ཏེ་ཡུལ་རྣམས་རྣམ་པ་ཐམས་ཅད་དུ་འདོད་ཆགས་ཀྱི་རྒྱུ་ཉིད་ཡིན་ན་དེའི་ཚེ་མི་གཙང་བ་ལ་སྩོགས་པའི་རྣམ་པ་ཕྱིན་ཅི་ལོག་ཡིན་ན་ཡང་གོམས་པའི་སྟོབས་ཀྱིས་ཤེས་པ་སྐྱེད་པ་ཇི་ལྟར་བྱེད། དེས་ན་ཇི་ལྟར་སྒྲོ་བཏགས་པ་ཉིད་ལས་རྣམ་པར་ཤེས་པ་འདི་དག་ངེས་པར་བསྐྱེད་པར་འགྱུར་བ་ཡིན་ནོ། །དེ་ལྟར་ན་ཁྱད་པར་ཅན་གྱི་སྒྲོ་བཏགས་པ་དང༌། ཁྱད་པར་ཅན་གྱི་ཡོངས་སུ་གྱུར་པ་ལས་ཁྱད་པར་ཅན་གྱི་འབྲས་བུ་སྐྱེད་པར་བྱེད་པའི་རྒྱུའི་ངོ་བོ་ཉིད་ཡིན་པར་འགྱུར་བར་ཅིའི་ཕྱིར་མི་འདོད། ཇི་ལྟར། བུད་མེད་གཅིག་གི་ལུས་ལ་ནི། །རབ་ཏུ་བྱུང་དང་འདོད་ལྡན་ཁྱི། །རོ་དང་འདོད་ལྡན་བཟའ་བ་སྟེ། །དེ་ལྟར་རྣམ་པ་གསུམ་དུ་རྟོག །འདི་དག་ཀྱང་ཁྱད་པར་གྱི་སྒྲོ་བཏགས་པ་དང༌། དེ་བཞིན་དུ་ཡོངས་སུ་གྱུར་པ་ལས་འཁོར་བར་འཆིང་བའི་རྒྱུར་གྱུར་པ་ནི་མ་ཡིན་ཏེ། སྦྱིན་བར་བྱ་བ་དང༌། སྦྱིན་པ་པོ་དང༌། ལེན་པ་པོ་མི་དམིགས་པ་ཉིད་ཀྱིས་འཁོར་གསུམ་ཡོངས་སུ་དག་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འཁོར་གསུམ་ཡོངས་སུ་དག་པས་སྔགས་དང་ཕྱག་རྒྱའི་རྣམ་པར་འགྱུར་ཏེ། དེ་ལྟ་བས་ན་སྔགས་ལ་སྩོགས་པས་མངོན་པར་སྦྱངས་པའི་ཁྱད་པར་གྱིས་གཟུགས་ལ་སྩོགས་པའི་ཡུལ་རྣམས་བླ་ན་མེད་པའི་འབྲས་བུ་ཉིད་སྐྱེད་པར་བྱེད་དོ། །ཇི་ལྟར་དུག་ལ་སོགས་པ་སྔགས་ལ་སྩོགས་པས་མངོན་པར་སྦྱང་བ་ལ་ཉེ་བར་སྦྱར་བ་ན་བཅུད་ཀྱིས་ལེན་པ་ལ་སྩོགས་པའི་འབྲས་བུ་གཞན་དག་འབྱིན་པར་བྱེད་ལ། དེ་བྱིས་པ་གཞན་རྣམས་ལ་ནི་ངེས་པར་འཆི་བ་ཉིད་དུ་བྱེད་དོ། །དེ་བཞིན་དུ་ཡུལ་རྣམས་ཀྱང་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་ནི་ཤིན་ཏུ་ཁྱད་པར་ཅན་གྱི་འབྲས་བུ་ཉིད་མངོན་དུ་བྱེད་པ་ཡིན་ནོ་ཞེས་ངེས་པར་ཁོང་དུ་ཆུད་པར་བྱའོ། །དེ་ཡང་དཔལ་མཆོག་དང་པོ་ལས། །འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །གསུམ་པོ་འདི་ཉིད་དུག་ཉིད་འགྱུར། །མི་མཉམ་པ་ཡིས་བསྟེན་ན་ནི། །འདི་དག་དུག་ནི་ཉིད་དུ་འགྱུར། །བདུད་རྩི་ཉིད་ཕྱིར་
བསྟེན་ན་ནི། །བདུད་རྩི་ཉིད་དུ་འགྱུར་བ་ཡིན། །ཞེས་གསུངས་པ་དང༌། དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང༌། འོད་སྲུངས་འདི་ལྟ་སྟེ་དཔེར་ན། གྲོང་ཁྱེར་ཆེན་པོའི་ལུད་གང་ཡིན་པ་དེ་ནི་བུ་རམ་ཤིང་གི་ཞིང་དག་དང༌། རྒུན་འབྲུམ་གྱི་ཞིང་དག་ལ་ཕན་པར་འགྱུར་བ་ཡིན་ནོ་ཞེས་གསུངས་པ་དང༌། འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལུད་གང་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་གྱུར་པ་ཡིན་ནོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན། སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་འཆི་བར་བྱེད་མི་ནུས་སོ། །འོད་སྲུངས་དེ་བཞིན་དུ་ཤེས་རབ་དང་ཐབས་མཁས་པས་ཡོངས་སུ་ཟིན་བའི་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་དུག་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ་ཞེས་གསུངས་པ་དང༌། ཡང་སློབ་དཔོན་ནཱ་གཱ་རྫུ་ནའི་ཞལ་སྔ་ནས་ཀྱིས་ཀྱང༌། མགོན་པོ་ཁྱོད་ཀྱི་ཉོན་མོངས་པ། །བག་ཆགས་རྩ་བའི་མཐར་ཐུག་སྤངས། །ཉོན་མོངས་རང་བཞིན་ཉིད་ལས་ནི། །ཁྱོད་ཀྱིས་བདུད་རྩི་ཉེ་བར་བསྒྲུབས། །ཞེས་བཤད་པ་དང༌། ཡང་ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས་ཀྱང༌། འདོད་ཆགས་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ཆེན་པོ་ཉིད་ཀྱིས་འཇུག་སྟེ། སེམས་ཅན་ལ་རྗེས་སུ་ཆགས་པར་བྱེད་པའི་ཕྱིར་རོ་ཞེས་གསུངས་པས། ཚོགས་པའི་དབྱེ་བ་ལས་འབྲས་བུའི་དབྱེ་བར་སྣང་བ་དང༌། ཆོས་བདག་མེད་པར་རྟོགས་པས་དེ་ལ་མངོན་པར་ཞེན་པ་ཅི་ནས་ཀྱང་འབྱུང་བར་མི་འགྱུར་གྱི། བླ་ན་མེད་པའི་བདེ་བ་ཆེན་པོའི་འབྲས་བུ་ཐོབ་པར་བྱ་བ་ལ་བསྒྲུབ་པ་གཞན་མེད་པས། དེའི་ཕྱིར་ཟས་དང་སྤྱོད་ལམ་ལ་སྩོགས་པའི་བདེ་བ་ཉིད་ཀྱི་འབྲས་བུ་དེ་མངོན་སུམ་དུ་བྱ་སྟེ། གང་གི་ཕྱིར་འབྱོར་པ་དེ་ཅི་འདྲ་བ་ལས་དེ་འདྲ་བར་འགྱུར་གྱི། །གཞན་ལས་འབྱུང་བ་ལས་དེ་ལྟ་བུར་ཇི་ལྟར་འགྱུར། །དེ་ཉིད་ཀྱི་ཕྱིར་མཉམ་སྦྱོར་ལས། །བདག་ཉིད་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་ཐམས་ཅད་ཉིད་ཡིན་ནོ། །དེ་བས་བདག་གིས་ལྷར་སྦྱོར་བས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །གཟུགས་བརྙན་ལུགས་མ་ལ་སྩོགས་ལ། །རྣལ་འབྱོར་འབྱུང་བར་མི་འགྱུར་གྱིས། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་
རྣལ་འབྱོར་ལྷར་འགྱུར་རོ། །བདག་ཉིད་ཡོངས་སུ་སྤངས་ནས་ནི། །དཀའ་ཐུབ་ཀྱིས་ཀྱང་མ་གདུངས་ཤིག །ཅི་བདེ་བར་ནི་བདེ་བར་བཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །འདི་ལ་ཁྲུས་དང་སྡོམ་མི་དགོས། །དཀའ་ཐུབ་དཀའ་བར་སྤྱོད་མི་དགོས། །དཀའ་ཐུབ་སྡོམ་པ་མེད་པ་དང༌། །བདེ་བ་དང་ནི་དགའ་བས་འགྲུབ། །ཅེས་གསུངས་པ་དང༌། ཅི་ལྟར་བཅོམ་ལྡན་འདས་ཀྱིས་གཟུགས་ལ་སྩོགས་པ་དང༌། དེ་ལས་བྱུང་བའི་བདེ་བ་ཡོངས་སུ་གྱུར་པ་ནི། འབྲས་བུ་བླ་ན་མེད་པའི་རྒྱུ་ཡིན་པར་གསུངས་པ་དེ་ལྟར་རེག་པ་ལས་བྱུང་བའི་བདེ་བ་ཡོངས་སུ་གྱུར་པ་འདི་ཡང་དེ་དང་འདྲའོ། །འོན་ཏེ་ལུང་དང་འགལ་བའི་ཕྱིར་མི་འགྱུར་རོ་ཞེ་ན། ལུང་གི་རེག་པའི་ཁྱད་པར་ཡང་དག་པར་བསྟེན་པ་ལས་འབྲས་བུ་དེ་ཐོབ་པར་འགྱུར་བ་ཡིན་པའི་ཕྱིར་རོ། །དེ་ཅིར་ཡང་འགལ་བ་ཅི་ཞིག་ཡོད། །དེ་ལས་བཀག་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། དགག་པའི་ཡུལ་ནི་ངེས་པ་ཅན་ཡིན་པའི་ཕྱིར་ཏེ། གང་ཞིག་འདི་ཐབས་དང་ཤེས་རབ་དང་བྲལ་ཞིང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པས་ཡོངས་སུ་གྱུར་པ་མི་ཤེས་པར་རེག་པའི་ཁྱད་པར་ཀུན་དུ་བསྟེན་པ་མི་རིག་པས་ཡོངས་སུ་གཟུང་བའི་རང་བཞིན་ཅན་དེ་རྣམས་ཀྱི་ཡུལ་བསྟེན་པ་དེ་ནི་ངན་འགྲོའི་རྒྱུར་འགྱུར་རོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། །གང་ཞིག་དགེ་སློང་དངོས་གནས་དང༌། །མི་གང་རྟོག་ལ་དགའ་བ་དང༌། །གང་ཡང་རྒན་པོའི་དངོས་གནས་པ། །དེ་ལ་དེ་ཉིད་མི་བསྟེན་ཏོ། །ཞེས་གསུངས་པས། བཅོམ་ལྡན་འདས་ཀྱིས་དེ་དག་ལས་དགོངས་ནས་དགག་པ་གསུངས་པ་ཡིན་ནོ། །དཔལ་གསང་བ་འདུས་པ་ལས་ཀྱང༌། །དགེ་བ་བཅུ་ཡི་ལས་ཀྱི་ལམ། །ཡེ་ཤེས་སྤངས་པ་རྣམས་འདོད་དོ། །ཞེས་གསུངས་པ་དང༌། དེ་བཞིན་དུ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་ཀྱང༌། ཐབས་དང་མི་ལྡན་ཡེ་ཤེས་དང༌། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོས་ཉན་ཐོས་རྣམས། །དེ་ལ་གཟུང་བའི་ཕྱིར་བཤད་དོ། །ཞེས་གསུངས་པས། །ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་རང་བཞིན་ཁྱད་པར་ཅན་གྱི་འབྲས་
བུ་ཡོངས་སུ་ཚོལ་བ་རྣམས་ཀྱི་ཡོངས་སུ་གྱུར་པའི་འབྲས་བུ་ནི་ཁྱད་པར་ཉམས་སུ་མྱོང་བ་ཡིན་པས་དོན་དམ་པའི་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་དེ་རྣམས་ཀྱིས་ཉེས་པ་ཆུང་དུའི་ཡང་སྐལ་བ་ཅན་དུ་འགྱུར་བ་མ་ཡིན་ནོ། །འོན་ཀྱང་བསམ་པའི་ཁྱད་པར་དང་ལྡན་པ་དེ་ལས་བླ་ན་མེད་པའི་འབྲས་བུ་འཐོབ་པར་འགྱུར་ཏེ། སེམས་རྙོག་པ་མེད་པའི་ཕྱིར་རོ། །དེ་བས་ན་བསམ་པའི་ཁྱད་པར་གྱིས་བྱ་བ་ལས་བསོད་ནམས་དང་བསོད་ནམས་མ་ཡིན་པ་འདི་ཉིད་དབྱེ་བ་ངེས་པར་བྱས་པ་ཡིན་གྱི་དངོས་པོ་ཇི་ལྟ་བ་བཞིན་གནས་པའི་ཚུལ་གྱིས་ནི་མ་ཡིན་ཏེ། འཕགས་པའི་ལྷས་ཀྱང༌། བྱང་ཆུབ་སེམས་དཔའ་ཀུན་རྟོག་ལས། །དགེ་བའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་དེ་ཡི་དབང་གྱུར་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་ཀུན་དུ་རྟོག་པས་བྱས་པའི་བསོད་ནམས་དང་བསོད་ནམས་མ་ཡིན་པ་རྣམས་ལ་ཁྱད་པར་དུ་བྱས་པའི་ཀུན་དུ་རྟོག་པའི་ཁྱད་པར་ལས་དེ་གཟུགས་ལ་སོགས་པ་རྣམས་ལ་བསམ་པའི་ཁྱད་པར་དེ་ལས་འབྲས་བུ་ཁྱད་པར་ཅན་ཉིད་ངེས་པར་འཐོབ་པར་འགྱུར་བས་གཞན་དག་མི་འདོད་དུ་ཟིན་ཀྱང་ཁས་བླང་བར་བྱའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་སྒྱུ་མ་དང་འདྲ་བ་ལ་སོགས་པར་མོས་པ་དང་ལྡན་པས་ལོངས་སྤྱོད་ཐམས་ཅད་ནི་རུང་བ་ཡིན་ནོ་ཞེས་གསུངས་པ་དང༌། ཡང་དགེ་སློང་དད་པ་མེད་པ་ནི་དད་པས་བྱིན་པ་ཡོངས་སུ་ལོངས་སྤྱོད་པའི་འོས་མ་ཡིན་ནོ་ཞེས་གསུངས་པ་དང༌། ཡང་མཉམ་སྦྱོར་གྱི་རྒྱུད་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཁམས་གསུམ་དག་ནི་མ་ལུས་པ། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །ཇི་ལྟར་སྒྱུ་མ་ཐམས་ཅད་དུ། །མཐོང་བ་དང་ནི་རེག་པར་འགྱུར། །དམིགས་སུ་ཡོད་པ་མ་ཡིན་ཏེ། །དེ་བཞིན་འགྲོ་བ་ཀུན་གྱི་ཚུལ། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པས། །ས་གསུམ་པོ་ནི་སྦྱང་བར་བྱ། །ཞེས་གསུངས་པ་དང༌། །ལྷ་ཐམས་ཅད་འདུས་པའི་རྒྱུད་ལས་ཀྱང༌། །ཐམས་ཅད་རྫོགས་པའི་སྦྱོར་བ་ཡིས། །གང་གིས་བླུན་པོ་འཆིང་འགྱུར་བ། །དེ་ཡིས་འདི་ན་མཁས་པ་ཆེ། །སེམས་ནི་རྫོགས་པའི་རྣལ་འབྱོར་པ། །གཞན་དུ་
མར་མེ་ལྟར་འགྲུབ་པོ། །ཞེས་གསུངས་པ་དང༌། །ཡང༌། འཇིག་རྟེན་འདས་སྤྱོད་གསང་བ་ནི། །རྣམ་པར་མི་རྟོག་ཉིད་དུ་སྤྱད། །གཞན་དུ་བག་མེད་པར་གྱུར་ན། །དེར་ནི་རྣམ་རྟོག་འཕྲོ་བར་འགྱུར། །རྣམ་ པ་ཀུན་གྱིས་ཐམས་ཅད་དུ། །རྣམ་པར་མི་རྟོག་ངོ་བོར་ནི། །སེམས་གཞག་ན་ནི་དོགས ་མེད་པ། །དེ་ཚེ་འགྲུབ་པར་ཐེ་ཚོམ་མེད། །གནས་སྐབས་ཀུན་དུ་ཐམས་ཅད་དུ། །དོགས་པ་མེད་པའི་སེམས་ཀྱིས་ནི། །སྤྱོད་པ་ཀུན་ལ་འཇུག་ན་ཡང༌། །འཆིང་བ་ཉིད་དུ་མི་འགྱུར་རོ། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །སྤྱོད་པ་མ་ལུས་ཀུན་སྤྱད་ཅིང༌། །དབང་པོ་ཀུན་ལ་ལོངས་སྤྱོད་པས། །སེམས་དཔར་གནས་ན་འཆིང་མི་འགྱུར། །ཞེས་གསུངས་པ་དང༌། ཡང༌། གཟུགས་འདི་ཐམས་ཅད་སྟོང་པ་སྟེ། །མིག་ཀྱང་སྟོང་པའི་རྣམ་པ་ཡིས། །མཐོང་བཞིན་རྣམ་པར་མི་རྟོག་པའི། །དམ་པ་ དོགས་པ ་མེད་པར་འགྱུར། །ཡང་དེ་ཉིད་ལས། ཐམས་ཅད་ནམ་མཁའི་རང་བཞིན་ཏེ། །སེམས་ཀྱང་ནམ་མཁའི་རང་བཞིན་དུ། །བརྟེན་ན་རྣམ་རྟོག་མེད་ཉིད་དང༌། །དོགས་པ་མེད་པ་ཉིད་རབ་སྐྱེ། །ཞེས་གསུངས་པ་དང༌། ཡང་རྣལ་འབྱོར་པ་རྣམས་ཀྱི་བརྟུལ་ཞུགས་ཇི་ལྟ་བུ་ཡིན་ཞེ་ན། དོགས་པ ་མེད་པའི་སེམས་ཀྱིས་ནི། །ལས་རྣམས་ཀུན་ལ་ཐབས་བཅས་པར། །གང་ཚེ་ཐེ་ཚོམ་མེད་སྤྱོད་པ། །བརྟུལ་ཞུགས་རྣམས་གྱི་མཆོག་གི་མཆོག །དཀའ་ཐུབ་ཅི་ཞིག་ཡིན་ཞེ་ན། །ལས་རྣམས་ཐམས་ཅད་རྣམ་ཀུན་དུ། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །དོགས་པ་མེད་པར་ཀུན་སྤྱོད་པ། །དཀའ་ཐུབ་ཀུན་གྱི་མཆོག་གི་མཆོག །རྣམ་རྟོག་མེད་པའི་སེམས་ཀྱིས་ནི། །ཡུལ་རྣམས་བསྟེན་པར་གྱུར་པ་ན། །སྨོད་པར་གྱུར་པས་མི་གནོད་པ། །དཀའ་ཐུབ་དེ་ནི་འདའ་བར་དཀའ། །གང་ཞིག་ལས་རྣམས་ཐམས་ཅད་ནི། །ཤེས་རབ་ཀྱིས་ནི་ངེས་སྦྱོར་ཞིང༌། །དེ་ཡང་སྟོང་པའི་གནས་སུ་སྦྱར། །བདག་ཉིད་ཆེན་པོའི་དཀའ་ཐུབ་འདི།། ཤེས་རབ་འཕོ་བའི་ངོ་བོས་ནི། །རྣམ་པར་རྟོག་པ་མེད་སེམས་ཀྱིས། །དོགས་པ་མེད་པར་ཀུན་སྤྱད་སྤྱོད། །བདག་ཉིད་ཚེ་དེའི་དཀའ་ཐུབ་ཡིན། །གལ་ཏེ་ཐབས་དང་ཤེས་རབ་ལས། །སེམས་ནི་གཞན་དུ་མི་འཇུག་པ། །ངེས་པར་དེ་ནི་བྱང་ཆུབ་ཆེ། །རབ་ཏུ་སྦྱིན་བྱེད་ཡིན་པར་བསྟེན། །རྣལ་
འབྱོར་བ་ནི་མངོན་བརྩོན་པས། །རྣམ་པར་མི་རྟོག་རྗེས་འགྲོ་བ། །དེ་ཡི་འབྱོར་པ་ཐམས་ཅད་ནི། །ལོངས་སྤྱོད་དོན་དུ་སྤྲུལ་པ་ཡིན། །ཤེས་རབ་མེ་ལོང་ལས་འཕྲོ་ན། །འདུ་བྱེད་དེ་ཡི་རྣམ་པ་ཡིན། །དེའི་དྲན་ཤེས་རབ་ཀྱིས་བསྐྱེད་པ། །རྣམ་རྟོག་མེད་པའི་བདག་ཉིད་སེམས། །མེ་ལོང་གི་ནི་གཟུགས་བརྙན་དང༌། །རྨི་ལམ་སྒྱུ་མ་ཆུ་བུར་དང༌། །མིག་འཕྲུལ་དང་ནི་འདྲ་བ་རུ། །གང་གིས་མཐོང་སྟེ་གཙོ་བོར་བཤད། །འདུས་བྱས་རྣམས་ཀྱི་འགྱུར་བ་ནི། །གློག་དང་དྲི་ཟའི་གྲོང་ཁྱེར་གྱི། །རྣམ་པ་ཅི་འདྲར་མཐོང་གྱུར་པ། །སྐྱེ་དགུ་དེ་ཡི་དབང་གྱུར་བཤད། །ཅེས་གསུངས་པ་ཡིན་ནོ། །དེས་ན་གང་དུ་མངོན་པར་ཞེན་པར་འགྱུར་བའི་གནས་ནི་གང་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཚེ་དེ་ལྟ་བུའི་སྒྱུ་མ་ལྟ་བུའི་དངོས་པོ་ཁྱད་པར་ཅན་གྱི་ལོངས་སྤྱོད་ལས་ཡང་དག་པར་བྱུང་བའི་བདེ་བ་ཡོངས་སུ་གྱུར་པ་ལས་འབྲས་བུ་ཁྱད་པར་ཅན་ཅུང་ཞིག་ཙམ་ཐོབ་པ་དེའི་ཚེ་ཅིའི་ཕྱིར་མི་འདོད། །འདི་དག་ནི་ངོ་བོ་ཉིད་ཀྱིས་བརྟེན་པ་མ་ཡིན་གྱི་འོན་ཀྱང་སྣང་བ་ཙམ་གྱི་མཚན་ཉིད་ཡིན་ནོ། །གལ་ཏེ་འདི་དག་ཁྱད་པར་ཅན་གྱི་སྒོམ་པ་གོམས་པའི་སྟོབས་ཀྱིས་བདེ་བ་དང༌། ཡིད་བདེ་བ་ལ་སོགས་པའི་ཁྱད་པར་ཅན་གྱི་འབྲས་བུ་བསྐྱེད་པ་ན་བླ་ན་མེད་པ་ཐོབ་པའི་རྒྱུའི་ངོ་བོར་དེའི་ཚེ་འགྱུར་བ་ལ་འགལ་བ་ཡང་མེད་དོ། །དེ་ཡང་དཔལ་མཆོག་དང་པོ་ལས། །བདག་ཉིད་སངས་རྒྱས་ཐམས་ཅད་དེ། །དཔའ་བོ་ཐམས་ཅད་ཉིད་ཀྱང་ཡིན། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདེ་བས་བདག་ཉིད་བསྒྲུབ་པར་བྱ། །དཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་ཅན་ལུས་ནི་སྐམས་འགྱུར་ལ། །སྡུག་བསྔལ་གྱིས་ནི་སེམས་གཡེངས་ཤིང༌། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །བདེ་བ་ཐམས་ཅད་བརྟན་པར་འགྱུར། །སྡུག་བསྔལ་གྱིས་ནི་གཡོ་འགྱུར་བའམ། །འགོག་པ་ཐོབ་པར་འགྱུར་བ་ཡིན། །ཞེས་གསུངས་པ་དང༌། ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེའི་རྒྱུད་ལས། བདེ་བས་དངོས་གྲུབ་ཐོབ་འགྱུར་གྱི། །ལུས་ཀྱི་གདུང་བས་འགྲུབ་མི་འགྱུར། །གང་ཕྱིར་ཏིང་འཛིན་ལས་བྱུང་བའི། །བདེ་བ་ཀུན་ལ་འཚང་རྒྱ་ཉིད། །ཟས་གཅོད་
ལ་སོགས་དྲག་པོ་དང༌། །དེ་བཞིན་དཀའ་ཐུབ་གཞན་སོགས་ཀྱིས། །ལུས་གདུངས་པ་ཡིས་རྣམ་པར་གཡེང༌། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །སེམས་ཅན་དམན་པས་མི་འགྲུབ་སྟེ། །དེ་བས་དཀའ་སྤྱད་མིན་པར་བཤད། །ཅེས་གསུངས་པ་དང༌། ཡང༌། དཔལ་གསང་བ་འདུས་པ་ལས། དཀའ་ཐུབ་སྡོམ་པ་མི་བཟད་པ། །བརྟེན་ཀྱང་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །སློང་མོ་ཟ་ཞིང་མི་བཟླ་སྟེ། །སློང་ལ་དགའ་བར་མི་བྱའོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང༌། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ལུས་དང་ངག་དང་སེམས་རྣམས་ནི། །བདེ་བར་གནས་ན་བྱང་ཆུབ་ཐོབ། །གཞན་དུ་དུས་མིན་འཆི་བ་དང༌། །དམྱལ་བར་ངེས་པར་སྲེག་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་གང་ནོར་བུ་ཆེན་པོ་ཤེལ་དང་འདྲ་བར་རང་བཞིན་གྱིས་འོད་གསལ་བ་ཡིན་ལ། གཟུགས་ལ་སོགས་པས་མངོན་པར་འདུས་བྱས་པའི་ཁྱད་པར་ལས་བདེ་བ་དང༌། ཡིད་བདེ་བའི་མཚན་ཉིད་ཅན་གང་ཡིན་པ་དེ་དེར་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་གོམས་པའི་ཁྱད་པར་གྱི་སྟོབས་ཀྱིས་རབ་ཀྱི་མཐར་ཐུག་པའི་ངོ་བོ་ཉིད་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ཡང་འདི་ལྟར་ཤེས་རབ་དང་བཟོ་དང་སྒྱུ་རྩལ་ལ་སོགས་པ་དང་འདྲ་བར་གཟུགས་ལ་སོགས་པའི་ཡུལ་ཉམས་སུ་མྱོང་བ་ལས་ཡང་དག་པར་བྱུང་བའི་འདུས་བྱས་པའི་ཁྱད་པར་ལས་རྣལ་འབྱོར་པའི་ཤེས་པས་རྒྱུན་དུ་བསྒོམ་པ་གོམས་པའི་སྟོབས་ཀྱིས་མཆོག་ཏུ་རྟག་པའི་ངོ་བོ་ཉིད་འཐོབ་པར་འགྱུར་བ་ཡིན་ཏེ། བསྒོམ་པའི་རབ་ཀྱི་མཐར་ཐུག་པར་སོན་པ་ཡིན་པའི་ཕྱིར་རང་གི་གྲུབ་པའི་མཐའ་ལས་བདེ་བར་གཤེགས་པ་ལ་སོགས་པ་འདྲ་ལ། འཇིག་རྟེན་ན་ཡང་འདོད་པ་དང༌། མྱ་ངན་དང༌། འཇིགས་པ་དང༌། སྨྱོས་པ་ལ་སོགས་པ་དང༌། འདྲ་བར་རེག་པ་ལས་བྱུང་བའི་བདེ་བ་དང༌། ཡིད་བདེ་བ་ལ་སོགས་པ་ཡང་གོམས་པས་ཡིན་ནོ། །དེ་བས་ན་དེ་རྣམས་ཀྱང་མཆོག་ཏུ་ཁྱད་པར་དུ་གྱུར་པ་དང་ལྡན་པ་ཡིན་པས་རང་བཞིན་འགལ་བའི་དམིགས་པ་ཡིན་ཏེ། འདིར་ཡང་སྡུག་བསྔལ་ལ་སོགས་པ་དང་མི་མཐུན་པ་དང་བདེ་བ་དང་ཡིད་
བདེ་བ་ལ་སོགས་པའི་མཚན་ཉིད་ཅན་ནི་འབྲས་བུ་ཡིན་ལ། དེ་ཡང་གང་གི་ཚེ་གོམས་པའི་སྟོབས་མངོན་སུམ་དུ་གྱུར་པ་ཐོབ་པ་དམིགས་པར་གྱུར་པ་དེའི་ཚེ་དེ་དང་མི་མཐུན་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་ལ་སོགས་པ་ལྡོག་པར་འགྱུར་ཞིང༌། རང་གི་ཡོན་ཏན་གྱི་ཚོགས་རྣམས་ཀྱང་སྡུད་པར་འགྱུར་རོ། །དེ་བས་ན་དེར་གོམས་པར་གྱུར་པས་གནས་པ་དང༌། དེ་དང་མི་མཐུན་པའི་སྡུག་བསྔལ་ལ་སོགས་པའི་གོ་སྐབས་དབྱེ་བ་འགོག་པར་བྱེད་དོ། །འདི་ལྟ་སྟེ་དཔེར་ན། གྲང་བ་ལ་སོགས་པ་དང་མི་མཐུན་པ་དྲོ་བ་ལ་སོགས་པ་དང་ཕྲད་པར་གྱུར་པ་ན་གྲང་བ་ལ་སོགས་པ་མེད་པ་སྐྱེད་པར་བྱེད་དོ། །གང་གིས་གཞི་གཅིག་ལ་ཕན་ཚུན་མི་མཐུན་པ་གཉིས་ཡོད་པར་དམིགས་པར་མི་འགྱུར་རོ། །དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་འདི་གཉིས་ཀྱང་རྒྱུད་གཅིག་གི་བདག་ཉིད་དུ་ཇི་ལྟར་ཡང་འབྱུང་མི་སྲིད་དེ། དེ་ནི་དེ་དང་མི་མཐུན་པ་ཡིན་པའི་ཕྱིར་རོ། །དེ་བས་ན་བདེ་བ་དང་ཡིད་བདེ་བ་ལ་སོགས་པ་གོམས་པར་བྱེད་པ་ཉིད་ནི་སྡུག་བསྔལ་ལ་སོགས་པ་ཇི་ལྟར་ཡང་འབྱུང་བར་འགྱུར་བའི་གནས་རྙེད་པར་མི་འགྱུར་རོ་ཞེས་བྱ་བ་ནི་རིགས་པར་སྨྲས་པ་ཡིན་ནོ། །རང་བཞིན་འགལ་བ་དམིགས་པ་དེའི་ངོ་བོ་ཡང་མེད་པ་གོ་བར་བྱེད་པ་ཡིན་པས་རབ་ཀྱི་མཐར་ཐུག་པར་འགྲོ་བའི་ཡང་རྒྱུ་ནི་གོམས་པར་བྱེད་པའི་ཁྱད་པར་ཡིན་ཏེ། ཤེས་རབ་དང་བཟོ་དང༌། སྒྱུ་རྩལ་ལ་སོགས་པ་དང་འདྲ་ལ། དེའི་ཁྱད་པར་ལས་འགལ་བ་དམིགས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །འདི་ལྟར་ཡང་བསྒོམ་བཞིན་པ་ལས་གལ་ཏེ་ཁྱད་པར་ཐོབ་པར་གྱུར་པ་ན་ཡང་སླར་ལྡོག་པར་འདོད་ན། དེའི་ཚེ་ཟད་པར་ས་ལ་སོགས་པར་ཡང་བསྒོམ་པའི་རབ་ཀྱི་མཐར་ཐུག་པ་ལ་འཇུག་པ་རྣམས་དེ་བཞིན་དུ་ལྡོག་པར་འགྱུར་བ་ཞིག་ན་དེ་ལྟར་མི་འདོད་དེ། གང་གི་ཕྱིར་གང་ཞིག་རབ་ཀྱི་མཐར་ཕྱིན་པ་ལ་འཇུག་པས་རང་གི་བདག་ཉིད་ཀྱི་ངོ་བོ་ཉིད་ཐོབ་པར་གྱུར་པ་རྣམས་ནི་དེ་དག་ལྡོག་པར་མི་འགྱུར་ཏེ། དཔེར་ན་ཟད་པར་ས་ལ་སོགས་པ་དང་འདྲའོ། །བདག་ཉིད་ཀྱི་ངོ་བོ་ཉིད་ཐོབ་པར་གྱུར་པ་ནི་ཁྱད་པར་གྱི་བདེ་བ་དང་ཡིད་བདེ་བ་ལ་སོགས་པ་བརྟེན་པ་དེ་ལས་དེ་ཡང་ལྡོག་པར་མི་འགྱུར་ཏེ། ལྡོག་པའི་རྒྱུ་མེད་པའི་ཕྱིར་ཏེ། གང་ཡང་ཉེས་པ་
ལས་ལྡོག་པའི་སྐལ་བ་ཅན་ཡིན་པ་དེ་ལ་དེ་ལྟར་འདི་ཡོད་པ་མ་ཡིན་ནོ། །དེའི་རྗེས་ཐོགས་ལ་སྡུག་བསྔལ་འབྱུང་བར་འགྱུར་པ་ཡང་མ་ཡིན་ཏེ། རབ་ཀྱི་མཐར་ཐུག་པར་ཕྱིན་པར་གྱུར་པ་ལ་དེ་མི་སྲིད་དོ། །གཞན་དུ་ན་ཐར་པའི་རྗེས་ལ་ཡང་འཁོར་བར་འགྱུར་རོ་ཞེས་བྱ་བར་ནི་འདོད་པའམ་རིགས་པ་མ་ཡིན་ཏེ། གང་གིས་ན་ཐར་པ་ཐོབ་པ་རྣམས་འཁོར་བར་སྐྱེ་བར་འགྱུར་བ་ནི་མི་འདོད་པ་ཁོ་ན་ཡིན་ནོ། །དེ་ཡང་དེའི་ཚེ་མ་རིག་པའི་བག་ཆགས་ལས་རྣམ་པར་ལྡོག་པའི་ཕྱིར་དང་རྒྱུ་མེད་པའི་ཕྱིར་རོ། །གང་གཞན་གྱི་དོན་དུ་ཡང་དག་པར་སྐྱེ་བ་ནི་འཁོར་བ་བ་མ་ཡིན་ཏེ། སྔོན་གྱི་སྨོན་ལམ་ལ་སོགས་པའི་ཤུགས་ཀྱི་སྟོབས་ཉིད་ཀྱིས་དེར་འཇུག་པ་ཡིན་པའི་ཕྱིར་རོ། །བག་ཆགས་ཀྱི་སྟོབས་ཀྱིས་ནི་མ་ཡིན་ནོ། །དེ་བས་ན་ཇི་ལྟར་ཐར་པའི་རྗེས་ཐོགས་ལ་འཁོར་བར་འགྱུར་བ་མ་ཡིན་པ་དེ་བཞིན་དུ་བདེ་བ་རབ་ཀྱི་མཐར་ཐུག་པའི་རྗེས་ཐོགས་ལ་སྡུག་བསྔལ་གྱི་སེམས་ཀྱང་སྐྱེ་བར་མི་འགྱུར་ཏེ། དེ་ནི་ནོར་བུ་ཚོན་ཤེལ་དང་འདྲ་བར་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་པའི་ཕྱིར་རོ། །གང་དང་གང་ལ་བརྟེན་པ་དེ་དང་དེར་གོམས་པའི་སྟོབས་ཀྱིས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ངོ་བོ་ཉིད་གསལ་བར་བྱེད་དེ། སླར་ཡང་མི་ལྡོག་པའི་ཆོས་ཀྱི་མཚན་ཉིད་ཡིན་ནོ། །དེ་བས་ན། །དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་དགའ་འགྱུར་བ། །དེ་དང་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་བཤད་པ་ཡིན་ནོ། །དེས་ན་འདི་དག་ཐམས་ཅད་ནི་ཁྱད་པར་ཅན་ཡོངས་སུ་གྱུར་པའི་ཕྱིར་ཡོངས་སུ་འགྱུར་བཞིན་པ་ལས་ཁྱད་པར་ཅན་གྱི་འབྲས་བུ་ཐོབ་པར་བྱེད་པ་ཡིན་ནོ། །དེ་བས་ན་ཡོངས་སུ་གྱུར་པ་ན་ལོག་པ་སྐྱེད་པར་མི་འགྱུར་ཞིང༌། སྔོན་གྱི་ལས་ཀྱི་འཕེན་པའི་ཤུགས་ལས་དེ་ལྟར་མི་འགྱུར་བ་ནི་ཅི་ཡང་མེད་དེ། གཞན་དུ་ཁྱད་པར་ཅན་གྱི་ཡོངས་སུ་གྱུར་པ་དོན་མེད་པར་འགྱུར་ཞིང་ཐམས་ཅད་དུ་ཡིད་བརྟན་དུ་མི་རུང་བར་འགྱུར་རོ། །དེ་ཡང་རྒྱལ་བའི་ཡུམ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ལྷའི་དྲི་འབུལ་ཞིང་དེ་འདི་སྙམ་དུ་བདག་
གི་དགེ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་ཐམས་ཅད་ལྷའི་རེག་པའི་ཁྱད་པར་མངོན་དུ་གྱུར་ཅིག་ཅེས་བསྔོ་ལ། གཞན་ཡང་རབ་འབྱོར་འདོད་པ་ཙམ་གྱིས་འདོད་པའི་ཡོན་ཏན་ལྔ་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང༌། སེམས་ཅན་ཐམས་ཅད་ལ་སྟོབས་ཤིང༌། དེ་ལྟར་ཡང་དག་པར་ཤེས་པས་འདི་ལྟར་བདག་གི་དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང༌། སེམས་ཅན་ཐམས་ཅད་ཀྱང་འདོད་པ་ཙམ་གྱིས་ཡིད་བཞིན་དུ་འདོད་པའི་ཡོན་ཏན་ལྔ་འབྱུང་བར་གྱུར་ཅིག་ཅེས་བསྔོ་ལ། གཞན་ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཉན་ཐོས་ཀྱི་དགེ་འདུན་དང་སེམས་ཅན་ཐམས་ཅད་དང་བཅས་པ་ལ་འདོད་པའི་ཡོན་ཏན་ལྔ་སྟོབས་པར་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་བག་ཆགས་ཀྱི་སྟོབས་ལས་འགྱུར་ཏེ། དེ་ལྟར་མཐོང་བའི་འབྲས་བུ་ལ་ཡང་ཇི་ལྟར་འཇིག་རྟེན་ན་མ་དུ་ལུང་ག་ལ་སོགས་པའི་འབྲས་བུ་རྒྱ་སྐྱེགས་ལ་སོགས་པས་བསྒོས་ན་དེ་དང་འདྲ་བར་སྣང་ངོ༌། །དེ་བས་ན་སེམས་ཀྱང་ཕྱིའི་རེག་པ་ལ་སོགས་པ་ལ་བརྟེན་པ་ན་བདེ་བ་ལ་སོགས་པ་སྦྱང་བའི་ཁྱད་པར་སོ་སོར་རྟོགས་པ་བསྐྱེད་པའི་གྱིས་ཡང་དེ་ཉིད་མངོན་དུ་ཕྱོགས་པར་འགྱུར་ཏེ། སེམས་དེ་ལ་རྗེས་སུ་ཆགས་པའི་ཕྱིར་རོ། །དེར་ཞེན་པ་ནི་དེ་ཉིད་ལ་བརྟན་པར་འགྱུར་རོ། །དེ་ཡང་ཇི་ལྟར་ད་དུ་ར་དང༌། རས་བལ་གྱི་ས་བོན་དང༌། སེའུ་འབྲས་ལ་སོགས་པ་རྒྱུ་གཞན་གྱིས་བསྒོས་པའི་ཁྱད་པར་ལས་དེར་བསྒོས་པའི་དབང་གིས་དེ་དང་འདྲ་བའི་འབྲས་བུ་འབྱུང་ངོ༌། །དེ་བཞིན་དུ་སེམས་ཀྱང་རེག་པ་ལ་སོགས་པ་ལས་ངེས་པར་འབྱུང་བའི་བདེ་བ་དང༌། ཡིད་བདེ་བ་ལ་སོགས་པའི་ཁྱད་པར་དེ་ལས་འབྲས་བུ་གོང་ནས་གོང་མར་གྱུར་པའི་ཁྱད་པར་ཅན་འཐོབ་པར་འགྱུར་ཏེ། དེའི་མི་མཐུན་པའི་ཕྱོགས་ལ་མངོན་པར་མ་ཞེན་པའི་ཕྱིར་མི་མཐུན་པའི་ཕྱོགས་འབྱུང་བར་མི་
འགྱུར་ཏེ་དེ་དང་འགལ་བའི་ཕྱིར་དང༌། བདེ་བ་ཡིན་པའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་དཔལ་མཆོག་དང་པོ་ལ་སྩོགས་པ་ལས་སྡུག་བསྔལ་དང༌། ཡིད་མི་བདེ་བ་ལ་སྩོགས་པ་ཐམས་ཅད་ཀྱི་གོ་སྐབས་དབྱེ་བར་མི་བྱའོ་ཞེས་གསུངས་པ་དང༌། ཡང་ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས། ལྷ་དང་ལྷ་མིན་འབྱུང་པོ་རྣམས། །སོ་སོར་རྟོག་པ་ཡོད་མིན་གྱི། །དེ་ཡི་ཡན་ལག་བསྟན་པ་ཡིས། །དགའ་བ་ཉེ་བར་སྤྱོད་བར་འགྱུར། །མར་མེ་འདྲ་བར་མྱ་ངན་འདས། །དེ་ནི་ཤིན་ཏུ་འགྲོ་བ་ཡིན། །མྱ་ངན་འདས་མེ་མི་བཟད་པས། །ཐལ་བའང་ལུས་པ་མེད་པར་འགྱུར། །དེ་ལ་ལུས་ནི་ཡོད་མིན་ཞིང༌། །དབང་དོན་མ་ཡིན་ཁམས་རྣམས་མིན། །སེམས་མེད་སེམས་ལས་བྱུང་བའང་མེད། །ང་རྒྱལ་བློ་ནི་ཡོད་མིན་ཞིང༌། །སེམས་ཅན་མེད་ཅིང་ཤེས་རབ་མེད། །སེམས་ནི་ཅི་ཡང་ཡོད་མ་ཡིན། །གཉིད་སྟུག་ལོག་གནས་ལྟ་བུར་ནི། །རྣམ་རྟོག་མེད་ཅིང་བདག་མེད་པ། །འདུ་ཤེས་མེད་ཅིང་སྤྱོད་པ་མེད། །གཟུགས་མེད་ཡོན་ཏན་གང་ཡང་མེད། །དེ་ནི་མྱ་ངན་འདས་པར་བསྟན། །ཐར་འདོད་ཆ་དང་བྲལ་བ་ཡིན། །འཁོར་བ་ཡིན་ནི་ངོ་བོ་ཉིད། །རང་བཞིན་དངོས་མེད་ཤེས་བྱས་ལ། །གལ་ཏེ་མྱ་ངན་འདས་མི་འདོད། །དེ་ཚེ་སད་པར་ཤེས་པར་བྱ། །རང་བཞིན་མེད་པའི་ངོ་བོ་ཉིད། །ཡང་དག་ངོ་བོའི་རང་བཞིན་ཤེས། །མྱ་ངན་འདས་ལ་གང་བསྒྲུབ་པ། །བརྩོན་འགྲུས་མི་ལྡན་དངོས་གྲུབ་མེད། །དམན་པའི་སེམས་སུ་གྱུར་པ་ལས། །བྱས་པ་ཆུད་རབ་གསོན་གཞན་མེད། །གང་དག་བྱང་ཆུབ་མཆོག་བསྒྲུབ་པས། །མ་གྲུབ་པར་ནི་ཞུམ་འགྱུར་བ། །བདག་ཉིད་འཕྲོག་པའི་རྐུན་པོ་ནི། །དེ་ཡིས་སྡུག་པ་ཅི་མ་བྱས། །སངས་རྒྱས་བདག་ཉིད་ཅན་གྱི་ལུས། །བདེ་བས་གྲུབ་པ་རྒྱས་མི་བྱེད། །དེ་ལ་བརྩོན་པ་ཡོད་མིན་ཞིང༌། །སྙིང་སྟོབས་ལ་ཡང་གནས་པ་མིན། །བྱང་ཆུབ་མཆོག་ནི་རབ་བསྒྲུབས་པ། །མི་འགྲུབ་མྱ་ངན་འདས་པར་འགྲོ། །རབ་དམན་དེ་ལས་གཞན་མེད་དེ། །སྐྱེ་བོ་ངན་པའང་གཞན་ཡོད་མིན། །གང་ཞིག་བྱང་ཆུབ་མཆོག་ཐོབ་ནས། །རང་གི་ལུས་ནི་སྤོང་བྱེད་པ། །བརྩོན་པ་དེ་ནི་བརྩོན་འགྲུས་ཀྱི། །རབ་ཏུ་སད་པར་གནས་པ་ཡིན། །དེ་བས་དབང་པོ་ཐམས་
ཅད་ལ། །ཉེ་ལོངས་སྤྱོད་པས་འཆིང་མ་ཡིན། །ཞེས་གསུངས་པ་དང༌། ཡང་ཡིད་གཉིས་ཡང་དག་པར་འཇོམས་པ་ཞེས་བྱ་བའི་རྒྱུད་ལས། སྐྱེས་བུ་དེ་ཉིད་བརྟུལ་ཞུགས་མེད། །དེ་ལས་འབྲས་བུ་ཆེར་ལྡན་པ། །འགའ་ལ་སེམས་ནི་མོས་གྱུར་ཀྱང༌། །བག་ཆགས་ཇི་ལྟར་འདོར་བར་འགྱུར། །རྣལ་འབྱོར་རྒྱུད་ཀྱི་བརྟུལ་ཞུགས་ལ། །གནས་པའི་སེམས་ནི་མ་སྦྱངས་པ། །ལྟ་བ་ཐ་དད་ཡིན་པའི་ཕྱིར། །རབ་ཏུ་སད་ཀྱང་བརླག་པར་འགྱུར། །གང་ཞིག་རབ་ཏུ་སད་གྱུར་མི། །མར་མེ་ལྟ་བུར་མྱ་ངན་འདའ། །ཤིན་ཏུ་བྱས་ཆུད་གསོན་གཞན་མེད། །དངོས་གྲུབ་ལ་ནི་དེར་མི་སྤྱོད། །རང་གི་ལུས་ལས་བྱུང་བ་ཡི། །མངོན་སུམ་འདོད་པ་དང་བྲལ་ཞིང༌། །མྱ་ངན་འདས་པ་ལ་ཞུགས་པ། །སྙིང་སྟོབས་ཞན་པ་གཞན་ཡོད་མིན། །འདི་ན་རབ་ཏུ་སད་རྒྱུ་ལས། །མི་གང་མྱ་ངན་འདས་འགྲོ་བ། །བདེ་བ་མཐའ་ཡས་རབ་སྤངས་ནས། །དེ་ཚེ་འབྲས་བུ་ཅི་ཞིག་འགྲུབ། །ཅེས་གསུངས་པ་དང༌། དངུལ་ཆུ་མེ་དང་ཕྲད་པ་ལས། དངོས་པོ་ཅི་འདྲར་སོང་གྱུར་དང༌། །ཚིག་པར་མངོན་པའང་མེད་གྱུར་ཅིང༌། །དུ་བར་སོང་བའང་ཡོད་མ་ཡིན། །ལྕི་བའི་གཞོམ་པའི་སྦྱོར་བ་ཡིས། །གང་ཚེ་སླར་ཡང་སྡུད་པ་ལྟར། །དེ་བཞིན་ཡེ་ཤེས་ཕྱག་རྒྱ་ཆེ། །འདྲ་བ་རུ་ནི་ཤེས་པར་བྱ། །ཞེས་བཤད་པ་ཡིན་ནོ། །སྦྱོར་བ་ཡང་རབ་ཀྱི་མཐར་ཐུག་པ་གང་དང་གང་ཐོབ་པ་དེ་ལས་ལྡོག་པར་མི་འགྱུར་ཏེ། དཔེར་ན་ཐར་པ་ལ་སྩོགས་པ་དང་འདྲའོ། །རབ་ཀྱི་མཐར་ཐུག་པའི་རྒྱུའི་ངོ་བོ་ནི་བདེ་བ་དང༌། ཡིད་བདེ་བ་ལ་སྩོགས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཞན་ཡང་གང་ཞིག་བསྒོམས་པར་གྱུར་པའི་བསྒོམས་པ་དེ་གོམས་པའི་སྟོབས་ཀྱིས་རབ་ཀྱི་མཐར་ཐུག་པ་ལ་གནས་པ་འཐོབ་པར་འགྱུར་བ་ཡིན་ཏེ། དཔེར་ན་ཤེས་རབ་དང༌། བཟོ་དང༌། སྒྱུ་རྩལ་ལ་སོགས་པ་དང་འདྲའོ། །བསྒོམ་པར་བྱ་བ་ཡང་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པའི་རེག་པའི་ཁྱད་པར་ལས་བྱུང་བའི་བདེ་བ་དང་ཡིད་བདེ་བ་ཡིན་ནོ། །དེ་བས་ན་དེ་དག་ཀྱང་རབ་ཀྱི་མཐར་ཐུག་པར་འགྲོ་བར་འགྱུར་བ་ཡིན་པ་ནི་རང་བཞིན་གྱི་གཏན་ཚིགས་ཉིད་ཡིན་ནོ། །དེ་ལ་འདིར་ཡང་རབ་ཀྱི་མཐར་ཐུག་པ་ཙམ་དང་རྗེས་སུ་འབྲེལ་
པ་གོམས་པར་བྱས་པ་ལས་གོམས་པའི་ཁྱད་པར་དེའི་སྟོབས་ཀྱིས་སླར་མི་ལྡོག་པའི་ཆོས་ཉིད་ཁོ་ན་ཐོབ་པར་འགྱུར་བ་ཡིན་ཏེ། དེ་གཞན་གང་གིས་ཀྱང་ལྡོག་པར་མི་འགྱུར་བ་ནི་རང་བཞིན་ཉིད་ཐོབ་པར་ཡིན་ནོ། །དཔེར་ན་ཤིང་ལ་སོགས་པ་ལ་མེས་བསྲེགས་པའི་ཁྱད་པར་དེ་ལས་ལྡོག་པར་མི་འགྱུར་ཏེ། བསྲེགས་པ་ལ་སྩོགས་པའི་མཚན་ཉིད་དེ་སླར་མི་འབྱུང་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དཔེར་ན་ཤིང་དང་གསེར་ལྟ་བུར། །བསྲེགས་པས་སླར་ཡང་མི་འགྱུར་ཞིང༌། །འགྱུར་བ་གང་ཡང་མི་བྱེད་ལ། །ཁ་ཅིག་ལྡོག་པ་དག་ཀྱང་ཡོད། །ཅེས་བཤད་པ་ཡིན་ཏེ། གསེར་ལ་སྩོགས་པ་ལ་མེས་བྱས་པའི་ཁྱད་པར་དེའི་རྒྱུན་ལས་ལྡོག་ཅིང་དེ་དང་མི་མཐུན་པའི་རྒྱུ་དེའི་རང་བཞིན་གྱི་དངོས་པོར་སྐྱེད་པར་བྱེད་དེ། མེ་དང་ཆུ་ལ་སྩོགས་པ་དང་འདྲའོ། །གསེར་འདི་ཡང་སྲ་བ་ལ་སྩོགས་པའི་རང་བཞིན་གཞིའི་ཁྱད་པར་དུ་འབྱུང་སྟེ། རང་བཞིན་གྱིས་བསྒོམས་པས་ཁྱད་པར་གཞན་སྐྱེ་བར་འགྱུར་རོ། །དེ་ལ་འདིར་སེམས་ཡུལ་ལ་སྤྱོད་པ་ལས་བྱུང་བའི་བདག་ཉིད་ཀྱི་ཁྱད་པར་དེ་གོང་ནས་གོང་དུ་འགྲོ་བའི་རྒྱུ་ལ་བརྟེན་པས་རབ་ཀྱི་མཐའ་ཐོབ་པར་གྱུར་པ་ལས་ལྡོག་པར་མི་འགྱུར་ཏེ། བློ་དེའི་ཕྱོགས་སུ་ལྷུང་བའི་ཕྱིར་རོ། །བློ་གང་གིས་དེ་ཞེན་པར་གྱུར་པའི་ཡོན་ཏན་དེ་ཐོབ་པ་ན་རྒྱུ་དེ་ཉིད་ཉེ་བར་བླངས་པས་དེ་དང་མི་མཐུན་པའི་སྒོར་ནམ་ཡང་ལྡོག་པར་མི་འགྱུར་རོ། །དེ་ལ་གང་དང་གང་གིས་རབ་ཀྱི་མཐར་ཐུག་པར་བྱིན་པ་དེ་དང་དེའི་བདག་ཉིད་དུ་འགྱུར་བ་ཡིན་ཏེ། དཔེར་ན་བྲམ་ཟེ་ཡང་གོམས་པའི་དབང་གིས་གཙང་སྦྲ་ལ་སྩོགས་པ་མེད་པར་འགྱུར་ཏེ། འདི་ལྟར་བྲམ་ཟེ་བརྟུལ་ཞུགས་ཆེན་པོ་འཛིན་པ་འགའ་ཞིག་བརྩེ་བ་མེད་པའི་བསམ་པ་ལ་གོམས་པར་བྱས་ན་དེའི་རང་བཞིན་དུ་འགྱུར་རོ། །གང་ཡང་རང་རིག་པའི་བདེ་བ་དང་ཡིད་བདེ་བ་ལ་སྩོགས་པ་ཐམས་ཅད་ཀྱི་རྒྱུད་ལ་གནས་པ་རང་རིག་པའི་མངོན་སུམ་དུ་གྲུབ་པ་དེ་ཡང་དེ་ཉིད་བསྒོམ་པ་གོམས་པའི་སྟོབས་ཀྱིས་རྒྱུན་མི་འཆད་པར་འཇུག་པས་གནས་ཏེ། རྒྱུན་འཆད་པའི་རྒྱུན་མེད་པའི་ཕྱིར་སྡུག་བསྔལ་ལ་སྩོགས་པའི་རྒྱུན་འཆད་པར་བྱེད་པའི་རྒྱུ་ཡོད་པ་མ་
ཡིན་ནོ། །རྟོག་པ་དང་ལྡན་པ་ཁ་ཅིག་ནི་སྡུག་བསྔལ་ལ་སྩོགས་པ་ལ་མི་ཕན་པའི་རང་བཞིན་ཅན་དུ་ཤེས་ནས་འདོར་བར་འགྱུར་བ་ཡིན་ལ། ཡང་དེ་སྐྱེད་པའི་རྒྱུ་ཚོལ་བར་མི་བྱེད་དེ། གཞན་དུ་ན་དེ་རྟོག་པ་དང་ལྡན་པ་མ་ཡིན་ཏེ། དེ་ལས་གཞན་པ་ནི་སྨྱོན་པ་དང་འདྲའོ། །དེ་ནས་རེ་ཞིག་མཐར་ཐུག་པར་ཕྱིན་པ་ལྟ་ཞོག་གི །འོན་ཀྱང་ཅུང་ཟད་ཙམ་བསྟེན་པ་ཡང་བློས་དེ་ལ་ཕན་པ་དང་རྗེས་སུ་འབྲེལ་པ་ཉིད་ཀྱིས་དེ་དང་མི་མཐུན་པའི་རྒྱུའི་འདོད་པ་ནི་ཅི་ནས་ཀྱང་སྐྱེད་པར་མི་བྱེད་དེ། སུ་ཡང་ཤེས་བཞིན་དུ་སྤྲུལ་དང་ཚེར་མ་ལ་སྩོགས་པ་ལེན་པར་མི་བྱེད་དོ། །དེས་ན་དེའི་འབྲས་བུ་ཐོབ་པ་ཉིད་དངོས་པོ་ལ་བསླབས་པའི་ཁྱད་པར་གྱི་སྟོབས་ཀྱིས་གོམས་པར་འགྱུར་བ་ཐོབ་པ་ན་དེ་ཉིད་ལ་བློས་སྤང་བར་བྱ་བའི་ཚུལ་དུ་ཐོག་མ་ཁོ་ནར་ཟློག་པར་བྱེད་དེ། དེས་ནི་དེའི་རྒྱུན་གཅོད་པ་དེ་ནི་དེ་ཡིན་པས་རང་བཞིན་གྱི་གཏན་ཚིགས་ཀྱིས་དེའི་རང་བཞིན་སྒྲུབ་པར་བྱེད་པ་ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། བསྒོམ་པའི་ཁྱད་པར་གྱིས་ཁྱད་པར་ཐོབ་པའི་ཕྱིར་དང༌། དེས་ཤེས་རབ་ལ་སྩོགས་པ་གོམས་པའི་ཕྱིར། གཏན་ཚིགས་མ་གྲུབ་པ་ཡོད་པ་མ་ཡིན་ནོ། །མ་ངེས་པའང་མ་ཡིན་ཏེ། གང་གིས་བདེ་བ་དང་ཡིད་བདེ་བ་ལ་སོགས་པ་ལ་གོམས་པར་བྱེད་པ་ན་མི་མཐུན་པའི་སྡུག་བསྔལ་ལ་སོགས་པ་ལ་འཇུག་པ་མ་ཡིན་ནོ། །འགལ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་བསྒྲུབ་པར་བྱ་བ་དང་མི་མཐུན་པའི་སྡུག་བསྔལ་འགྲུབ་པ་མ་ཡིན་ནོ། །དཔེའི་ཆོས་ཀྱང་སྨྲ་བ་པོ་ཐམས་ཅད་ལ་གྲགས་པ་ཡིན་ཏེ། གང་འདི་ཤེས་རབ་ལ་སྩོགས་པ་སྐྱེས་བུ་སོ་སོ་ལ་བསླབས་པའི་དབྱེ་བས་ཁྱད་པར་ཐ་དད་པ་བསྒྲུབ་པར་གྱུར་པ་སྣང་བ་ཡིན་ནོ། །གང་ཡང་འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་དང༌། ཞེ་སྡང་གི་གཉེན་པོར་བྱམས་པ་དང༌། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ་ཞེས་གསུངས་པས་དེ་ལ་ཆགས་པ་ནི་ཆགས་པ་དང་བྲལ་བས་རྣམ་པར་ལྡོག་སྟེ། དེ་དང་མི་མཐུན་པར་གྱུར་པ་ཡིན་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟར་ཆགས་པ་ལ་གོམས་པར་བྱས་པས་ཀྱང་ཆགས་པ་དང་བྲལ་བར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་རྩ་བའི་རྒྱུད་ལས། འདོད་ཆགས་སངས་རྒྱས་ཐམས་ཅད་ཀྱི། །ཆགས་
པའི་ཡེ་ཤེས་རྙོག་མེད་ཡིན། །འདོད་ཆགས་དང་ནི་ཆགས་བྲལ་བཅོམ། །དེ་ནི་བདེ་བ་ཐམས་ཅད་བསྐྱེད། །ཅེས་གསུངས་པ་ཡིན་ནོ། །འདོད་ཆགས་ལ་སྩོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ནི་མ་ཡིན་ཏེ། གཞན་དུ་ན་རྒྱུན་དུ་ཞུགས་པའི་ལམ་ཐོབ་པར་མི་འགྱུར་ཏེ། དེ་ནི་འདོད་ཆགས་ལ་སྩོགས་པ་མ་སྤངས་པས་འཇུག་པ་ཡིན་པའི་ཕྱིར་རོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཀྱི་ལེའུ་ལས། བྱང་ཆུབ་སེམས་དཔའ་དགེ་བ་བཅུ་ལས་ཀྱང་ཉམས་པར་བྱ་སྟེ། ཇི་ལྟར་འདོད་པ་དོན་དུ་གཉེར་བའི་བུད་མེད་ལ་བྱང་ཆུབ་སེམས་དཔའི་ཕྱིར། སྲོག་འདོར་བར་བྱེད་ན་དེ་ལ་འདོད་པ་བསྟེན་པ་ལ་སྩོགས་པས་སྲོག་གཟུང་བར་བྱའོ། །དེ་བཞིན་དུ་སྡིག་པ་ཆེན་པོ་བྱེད་པ་མཐོང་ན་སྲོག་དང་བྲལ་བར་བྱེད་པ་ཡང་དེ་ངན་འགྲོར་འགྲོ་བར་མི་བྱེད་ཀྱི་བསོད་ནམས་མང་པོ་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་འདོད་ཆགས་ལ་སྩོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ན་དེའི་ཆེ་ངན་འགྲོའི་རྒྱུར་ཇི་ལྟར་མི་འགྱུར། བསོད་ནམས་ཤིན་ཏུ་མང་པོ་སྐྱེ་བར་ཡང་ཇི་ལྟར་གསུངས། དེ་ནས་དེ་རྣམས་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ནི་མ་ཡིན་མོད་ཀྱི་འོན་ཀྱང་གང་ཟག་གི་རྒྱུད་ཀྱི་ཁྱད་པར་ལས་ཡོན་ཏན་གྱི་ཁྱད་པར་སྐྱེད་པར་བྱེད་པར་འགྱུར་ཏེ། དཔེར་ན་ཀེ་ཏ་ཀའི་མེ་ཏོག་སྤོས་ཀྱི་གླང་པོ་ཆེས་ཟོས་ན་ཞུ་བ་ན་གླ་རྩི་ལྟ་བུ་ཉིད་དུ་འགྱུར་ལ། གླང་པོ་ཆེ་གཞན་གྱིས་ཟོས་ན་ཞུ་བ་ན་མི་གཙང་བའི་རང་བཞིན་དུ་འགྱུར་རོ། །དེས་ན་དེ་མེ་ཏོག་ཀེ་ཏ་ཀའི་ཉེས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་འདོད་ཆགས་ལ་སྩོགས་པ་ཡང་བསམ་པའི་ཁྱད་པར་གྱི་དབང་གིས་རྒྱུད་རྣམ་པར་དག་པ་ལ་གནས་པ་རྣམས་ལ་ནི་ཁྱད་པར་ཅན་གྱི་འབྲས་བུ་ཉིད་སྐྱེད་པར་བྱེད་དོ། །དཔེར་ན་འོ་མ་སྤྲུལ་ལ་སྩོགས་པས་འཐུངས་ན་ཞུ་བའི་ཚེ་དུག་ལ་སྩོགས་པའི་རང་བཞིན་དུ་འགྱུར་ལ། སྐྱེས་བུ་གཞན་གྱིས་འཐུངས་ན་ནི་བདུད་རྩིའི་རང་བཞིན་དུ་འགྱུར་རོ། །དེ་བཞིན་དུ་འདོད་ཆགས་ལ་སྩོགས་པ་ཡང་བསམ་པའི་ཁྱད་པར་ལ་བརྟེན་པས་ཁྱད་པར་ཅན་གྱི་འབྲས་བུ་ཉིད་སྐྱེས་པར་བྱེད་དེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ཉིད་མ་ཡིན་བའི་ཕྱིར་རོ། །
གཏན་ཚིགས་ཀྱི་སྦྱོར་བ་ནི་ཁྱད་པར་ཅན་རྒྱུད་གང་དང་གང་ལ་བརྟེན་པ་དེ་དང་དེ་ནི་ཁྱད་པར་ཅན་གྱི་འབྲས་བུ་ཉིད་སྐྱེད་དེ་དཔེར་ན་ཀེ་ཏ་ཀ་ལ་སོགས་པ་བཞིན་ནོ། །ཁྱད་པར་འཕགས་པའི་རྒྱུད་ལ་གནས་པའི་འདོད་ཆགས་ལ་སྩོགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །འདིར་ཡང་ཁྱད་པར་ཅན་གྱི་རྒྱུད་ཀྱི་ཉེ་བར་ལོངས་སྤྱོད་པ་ཡོངས་སུ་གྱུར་པ་ཙམ་དང་རྗེས་སུ་འབྲེལ་པ་ནི་ཁྱད་པར་ཅན་གྱི་འབྲས་བུ་ཐོབ་པ་ཙམ་ཉིད་སྐྱེད་པར་བྱེད་པ་ཡིན་ཏེ། རྒྱུའི་ཚོགས་པ་ཐ་མ་བཞིན་ནོ། །གང་ཞིག་གང་གི་རང་བཞིན་པ་དེ་ཙམ་ལ་རྗེས་སུ་འབྲེལ་པ་ནི་དེས་དེ་བྱེད་པ་ཡིན་ཏེ། གེགས་པ་བྱེད་པ་མེད་པའི་ཕྱིར་རོ། །གེགས་བྱེད་པ་ཡོད་ན་ནི་ཡིད་བརྟན་དུ་མི་རུང་ངོ༌། །དེ་ལ་འདིར་ཁྱད་པར་ཅན་གྱི་ཡོངས་སུ་གྱུར་པ་ནི་གཞན་ལ་ལྟོས་པ་ཡོད་པ་མ་ཡིན་པས་དེ་ཙམ་དུ་རྗེས་སུ་འབྲེལ་བ་ཡོད་པ་ཡིན་ལ། དེ་ཡང་སྡོད་པ་མེད་པ་གེགས་ཡོད་པ་མ་ཡིན་ཏེ། སྡོད་པ་མེད་པའི་ཐ་མ་ནི། །སྡོད་པ་མེད་པ་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་དེ་ཙམ་དང་རྗེས་སུ་འབྲེལ་པའི་ངེས་པས་རང་བཞིན་གྱི་གཏན་ཚིགས་སུ་བཤད་པ་ཡིན་ནོ། །ཇི་ལྟར་བཅུད་ཀྱིས་ལེན་པར་བྱེད་པ་ཡང་བཅུད་ཀྱིས་ལེན་གྱི་སྨན་པ་བཅུད་ཀྱི་མཐུ་གོམས་པར་གྱུར་པ་ན་ཁྱད་པར་དུ་འཕགས་པ་ཉིད་ཀྱི་གཟུགས་གཞན་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ཟངས་མ་ལ་སྩོགས་པ་དངུལ་ཆུ་ལ་སྩོགས་པའི་བཅུད་ཀྱི་ཤུགས་བརྟན་པར་བྱས་པའི་མཐུས་དོན་གྱི་རྣམ་པ་གཞན་སྐྱེད་པར་བྱེད་པ་ནི་ཉེས་པ་མེད་ཅིང་སླར་མི་ལྡོག་པའི་ཆོས་ཅན་ཡིན་ཏེ། དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །གཞན་དུ་ན་ཟངས་མ་ལ་སྩོགས་པ་དངུལ་ཆུ་ལ་སྩོགས་པས་བསྒྱུར་བ་ཉིད་དུ་མི་འགྱུར་རོ། །དེ་ལྟར་ནུས་པ་དེ་མཐོང་བས་ཡོད་པ་ཉིད་དུ་གསལ་བ་ཁོ་ནར་རྟོགས་ཏེ། གཞན་དུ་ན་གང་དུ་ཡང་ནུས་པ་ཡོད་པར་མི་འགྱུར་རོ། །དེ་ཡང། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང༌།། བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་
དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཇི་ལྟར་སྐྱོ། །ཞེས་བཤད་པ་ཡིན་ནོ། །གཞན་ཡང་ཇི་ལྟར་བཅུད་ཀྱིས་ལེན་གྲུབ་པའི་སྐྱེས་བུ་ལ་ལ་ཞིག་སྨན་ཁྱད་པར་ཅན་གྱི་སྦྱོར་བས་དེའི་ཡོན་ཏན་གྱི་ཆེ་བའི་བདག་ཉིད་ཐོབ་ཅིང༌། དེ་ལ་མངོན་པར་ཤེས་བ་ལྔ་ཡང་འབྱུང་བར་འགྱུར་ཞིང༌། འདི་ལྟར་འཁོར་བ་ཇི་སྲིད་པར་གནས་པའི་ཡོན་ཏན་དག་ཀྱང་བྱེད་དོ། །དེ་བཞིན་དུ་ཁྱད་པར་ཅན་གྱི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པ་ལས་ཡང་དག་པར་བྱུང་བའི་བཅུད་ཀྱིས་ལེན་ནི་འཁོར་བ་ཇི་སྲིད་པར་སྨོན་ལམ་གྱི་བྱ་བ་བྱས་ཤིང་གཞན་གྱི་དོན་ལ་བརྩོན་པའི་ཡོན་ཏན་གྱི་ཚོགས་ཡང་དག་པར་བསྒྲུབས་པ་བྱང་ཆུབ་སེམས་ཀྱི་བཅུད་ཀྱིས་ལེན་གྱིས་བསྒྱུར་བ་ཡོད་པར་ཅིའི་ཕྱིར་མི་འདོད། གཞན་ཡང༌། འགྲོ་བ་དྲུག་དང་ཉོན་མོངས་བསལ་བས་བྱང་ཆུབ་མཆོག་ཐོབ་མ་མཆིས་ལ། །ཉོན་མོངས་འཕྱོས་པས་རང་ལ་སྨན་པར་བགྱིད་པའང་འཐོབ་པར་འགྱུར་མ་ལགས། །དེ་སླད་ཁྱོད་ཀྱིས་བྱང་ཆུབ་བརྙེས་སླད་བརྩོན་འགྲུས་བརྟན་པ་མཛད་པ་ལ། །ཉོན་མོངས་ངེས་པར་མ་བསྲེགས་རན་གྱི་དུམ་བུ་བཞིན་དུ་སྤང་བར་མཛད། །ཁྱེད་ཀྱི་ཉོན་མོངས་དྲན་དང་མཁྱེན་པས་གཟུང་བས་ཡོན་ཏན་སྣ་ཚོགས་འགྲུབ། །ཉོན་མོངས་པ་དག་སྤང་བར་གྱུར་པ་བྱང་ཆུབ་རྒྱུར་ཡང་ཉེ་བར་འགྱུར་ལགས་ཏེ། །འདི་ལྟར་དེ་ཡིས་ཁྱོད་བློ་ཤུལ་གོལ་ཡུལ་ཅན་དུ་ཡང་མ་བགྱིས་ལ། །འགྲོ་བ་རྣམས་སུ་སྐྱེ་བ་བརྒྱུད་པའང་ཡོན་ཏན་རྣམས་ཀྱི་ཞིང་དུ་མཛད། །གཞན་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒོམ་པ་རབ་ཀྱི་མཐར་ཐུག་པར་གནས་པ་དེ་ཇི་ལྟར་རྣམ་པར་རྟོག་པ་དང་བཅས་པ་ཉིད་ལས་ཡིན་ནམ་འོན་ཏེ་རྣམ་པར་མི་རྟོག་པ་ཉིད་ལས་ཡིན། དེ་ལས་གལ་ཏེ་རེ་ཞིག་རྣམ་པར་མི་རྟོག་པ་ཉིད་ལས་ཡིན་པར་འདོད་ན་དེའི་ཚེ་བསྒོམ་པའི་རྣམ་པར་རྟོག་པའི་ནུས་པ་ལས་ངེས་པར་སྐྱེས་པ་ཅི་ལྟར་ན་རྣམ་པར་མི་རྟོག་པ་ཉིད་ཡིན། རྣམ་པར་རྟོག་པ་དང་བཅས་པ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བ་ཇི་ལྟར་ཡང་སྲིད་པ་མ་ཡིན་ནོ། །འོན་ཏེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་བག་ཆགས་རྣམས་ལྡོག་པ་ལས་རྣམ་པར་མི་རྟོག་པ་ཉིད་ཡིན་ན་དེ་ནི་མི་རིགས་ཏེ། གང་གི་ཕྱིར་ཉོན་མོངས་པ་དང་
ཉེ་བའི་ཉོན་མོངས་པའི་བག་ཆགས་ལྡོག་པ་ན་གང་ཞིག་རྣམ་པར་མི་རྟོག་པར་གྱུར་པ་གཞན་ཅི་ཞིག་ཡོད་དེ། དེ་ལས་ལོག་པའི་གཞན་ལ་ཚད་མ་མེད་པའི་ཕྱིར་རོ། །དེ་ལ་ཡང་ཚད་མས་གྲུབ་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ཡོད་པར་མངོན་སུམ་ཡང་ཡོད་པ་མ་ཡིན་ཏེ། དེ་ནི་དབང་པོ་དང༌། སྣང་པ་དང༌། ཡིད་ལ་བྱེད་པ་དང༌། ཡུལ་གྱི་ནུས་པ་ལས་ངེས་པར་སྐྱེས་པ་ཡིན་པའི་ཕྱིར་རོ། །གཟུང་བ་དང༌། འཛིན་པ་དང༌། འཛིན་པའི་རྣམ་པ་དང་བྲལ་བའི་ཤེས་པ་སྟོན་པར་བྱེད་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། དེ་ནི་དེ་ལས་གོ་བཟློག་པ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པས་ཀྱང་མ་ཡིན་ཏེ། དེ་ཡང་རྟགས་དང་རྟགས་ཅན་གྱི་འབྲེལ་པ་འཛིན་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །གཟུང་བ་དང་འཛིན་པ་གཉི་ག་ལས་གྲོལ་བའི་རྣམ་པར་ཤེས་པ་དེ་མེད་ན་མི་འབྱུང་བ་འབྲས་བུ་ཞེས་བྱ་བའམ། རང་བཞིན་ཞེས་བྱ་བའི་རྟགས་ནི་ཉེ་བར་དམིགས་པར་མི་འགྱུར་རོ། །མི་དམིགས་པའི་གཏན་ཚིགས་ཀྱང་དེ་རྟོགས་པར་བྱེད་པར་གྱུར་པ་མ་ཡིན་ཏེ། དེ་དགག་པ་ཡུལ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་རེ་ཞིག་འབྲས་བུའི་གཏན་ཚིགས་གྲུབ་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་མི་འཐད་པའི་ཕྱིར་ཏེ། གང་གི་ཕྱིར་རྒྱུ་ཉམས་པ་ལས་འབྲས་བུ་སྐྱེས་པ་ཡང་མ་ཡིན་ཏེ། དེ་ནི་མེད་པ་ཉིད་ཀྱིས་ན་སྐྱེད་པ་པོ་མ་ཡིན་པའི་ཕྱིར་རོ། །མ་ཉམས་པ་ལས་ཀྱང་མ་ཡིན་ཏེ། སྐྱེ་བའི་བྱ་བ་ལ་མངོན་དུ་ཕྱོགས་པའི་དུས་ལ་སྡོད་པ་ན་སྐད་ཅིག་མས་འཇིགས་པ་མེད་པར་ཐལ་བར་འགྱུར་རོ། །བྱ་བ་མེད་ན་ནི་ནམ་མཁའི་མེ་ཏོག་དང་འདྲ་བར་སྐྱེད་པར་བྱེད་པ་ག་ལ་ཡིན། དེ་ཉིད་ཀྱི་ཕྱིར། ས་བོན་ཉམས་པར་གྱུར་པ་ལས། །མྱུ་གུ་འབྱུང་བར་འགྱུར་མ་ཡིན། །སྐྱེ་བ་སྒྱུ་མ་སྐྱེ་འདྲ་བར། །འདི་དག་ཐམས་ཅད་ཁྱེད་ཀྱིས་གསུངས། །སྐྱེ་དང་འབྱུང་དང་འཇིག་ཚོགས་དང༌། །སེམས་ཅན་སྲོག་སྩོགས་སྟོན་མཛད་པ། །མགོན་པོ་ཁྱོད་ཀྱིས་དེ་དྲང་དོན། །གསུངས་པ་དེ་ནི་ཀུན་རྫོབ་ཡིན། །ཞེས་བཤད་པ་ཡིན་ནོ། །དེས་ན་དོན་གྱིས་བསྐྱེད་པར་བྱ་བ་དང༌། སྐྱེད་པ་པོ་མི་འཐད་པས་འདིས་ན་རྒྱུ་དང་འབྲས་བུར་ཡོད་པ་མ་ཡིན་ནོ། །རང་བཞིན་གྱི་གཏན་ཚིགས་ཀྱང་རང་བཞིན་གྱིས་ལྐོག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་ཅི་ལྟར་ཡང་
ཡོད་པ་མ་ཡིན་ཞིང་དེ་ཙམ་གྱི་རྗེས་སུ་འབྲེལ་པར་མ་གྲུབ་པ་ཡིན་པའི་ཕྱིར་རོ། །མི་དམིགས་པ་ཡང་དག་པར་བསྒྲུབ་པ་ཉིད་ཡིན་པའི་ཕྱིར་འདིར་སྐབས་མ་ཡིན་ནོ། །གཏན་ཚིགས་སམ་ཚད་མ་གཞན་དག་ཀྱང་འདོད་པ་ཡིན་ན་ཡེ་ཤེས་རྣམ་པར་མི་རྟོག་པ་ཡིན་པར་ངེས་སོ་ཞེས་བརྗོད་པ་ག་ལ་ཡོད། དེ་ཡང༌། དངོས་རྣམས་རང་ལས་མི་སྐྱེ་ཞིང༌། །གཞན་དང་གཉིས་ཀ་ལས་ཀྱང་མིན། །ཡོད་མིན་མེད་མིན་ཡོང་མེད་མིན། །གང་ཞིག་གང་ལས་དེ་ལྟར་འབྱུང༌། །ཞེས་བཤད་པ་ཡིན་ནོ། །དེས་ན་དོན་དམ་པར་རྣམ་པར་ཤེས་པ་དེ་མི་འཐད་པ་ཡིན་ན་རྣམ་པར་མི་རྟོག་པ་ཅན་དུ་ཇི་ལྟར་འགྱུར། ནམ་མཁའི་པདྨ་ལ་སོགས་པ་ནི་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་རྟོག་པ་མེད་པ་ཉིད་དུ་འདོད་པ་མ་ཡིན་ཞིང༌། དེ་ལ་ཡང་དཔྱོད་པ་འདི་འཇུག་པ་མ་ཡིན་ཏེ། སྐྱེས་བུའི་དོན་ལ་དགོས་པ་མེད་པ་ཉིད་ཡིན་པས། ནམ་མཁའི་པདྨ་དང་འདྲ་ལ་དེ་ཁས་བླངས་ན་ཡང་དགོས་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །དེ་ངོ་བོ་ཉིད་མེད་པས་དེ་ནི་ཅི་ཡང་བསྒྲུབ་པར་རིགས་པ་མ་ཡིན་ལ། བསྒྲུབ་པར་བྱ་བ་མི་བྱེད་པ་ཡང་དེར་བསྒྲུབ་པ་ཡིན་པར་མ་བཤད་དོ། །དེ་བས་ན་ཡེ་ཤེས་འདི་དག་ཐམས་ཅད་ནི་རྟེན་ཅིང་འབྲེལ་པ་ལས་བྱུང་བ། གཟུང་བ་དང་འཛིན་པའི་རྣམ་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བས་འཇུག་པ་ན། རྣམ་པར་རྟོག་པ་དང་བཅས་པ་ཡིན་པར་ཤེས་སོ། །གང་གིས་ན་ཁམས་གསུམ་པ་རྣམས་ནི་གཟུང་བ་དང་འཛིན་པའི་རྣམ་པར་ཤེས་པའི་རྐྱེན་གྱིས་བརྟགས་པའོ་ཞེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ལང་ཀར་གཤེགས་པའི་མདོ་ལས། འཕགས་པས་འཁྲུལ་པ་མི་གཟིགས་ཏེ། །ཡང་དག་པ་ཡང་སྐབས་དེར་མིན། །འཁྲུལ་པ་ཉིད་འགྱུར་ཡང་དག་པར། །གང་ཕྱིར་སྐབས་དེར་ཡང་དག་ན། །ནོར་པ་ཡང་དག་ཉིད་དུ་འགྱུར། །ནོར་པ་ཐམས་ཅད་སྤངས་ནས་ཀྱང༌། །གལ་ཏེ་མཚན་མ་སྐྱེར་ཟིན་ན། །དེ་ཉིད་དེ་ཡི་ནོར་པ་སྟེ། །རབ་རིབ་ཡོངས་སུ་མ་དག་བཞིན། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ཕྱིན་ཅི་ལོག་ཏུ་དངོས་པོར་སྒྲོ་བཏགས་པ་འབའ་ཞིག་ལྡོག་པ་ན་ཁྱད་པར་ཅན་གྱི་དངོས་པོའི་དོན་བསྒོམ་པའི་རབ་ཀྱི་མཐར་ཐུག་པར་འགྲོ་བས་འབྲས་བུ་ཁྱད་
པར་ཅན་ཉིད་འབྱུང་བར་འགྱུར་བ་ཡིན་ཏེ། བར་དང་བཅས་པ་དང་བར་གྱི་ངོ་བོ་མེད་པར་རང་བཞིན་གཅིག་པ་བདེ་བ་ལ་སོགས་པ་བསྒོམ་པ་ལ་གོམས་པའི་ཁྱད་པར་ཉིད་བརྟེན་པ་ཡིན་པའི་ཕྱིར་དེའི་རྣམ་པ་ཡང་དག་པར་རིག་པ་དང་འདྲ་ལ། དེ་དང་རིགས་མཐུན་པའི་རྒྱུན་དུ་འཇུག་པ་གཟུང་བ་དང་འཛིན་པའི་རྣམ་པ་ཡང་དག་པར་རིག་པའི་དབྱེ་བ་དང་ལྡན་པ་རང་གི་ངོ་བོ་རྒྱུན་མི་འཆད་པའི་ཆོས་ཅན་རང་གི་སེམས་ལ་དབང་ཐོབ་པ་ནི་རྣམ་པར་རྟོག་པ་དང་བཅས་པ་ཡིན་ན་ཡང་ཇི་ལྟར་གནས་པའི་དངོས་པོའི་དོན་མ་ལུས་པ་ཡོངས་སུ་གཅོད་པའི་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡང་ལང་ཀར་གཤེགས་པའི་མདོ་ལས། ཐེག་ཆེན་པ་ཡི་ཐེག་པ་ངའི། །ཡི་གེ་མེད་ཅིང་སྒྲ་ཡང་མེད། །བསམ་གཏན་མ་ཡིན་རྣམ་ཐར་མིན། །སྣང་མེད་སྤྱོད་ཡུལ་མ་ཡིན་ནོ། །འོན་ཀྱང་ཐེག་ཆེན་ཐེག་པ་སྟེ། །ཏིང་ངེ་འཛིན་ལ་དབང་བྱེད་པ། །ཡིད་ཀྱི་ལུས་ཀྱི་བདག་ཉིད་མཆོག །དབང་གི་མེ་ཏོག་རྣམས་ཀྱིས་བརྒྱན། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་རྟོགས་པར་བཤད་དོ། །འོན་ཀྱང་མིང་དང་རིགས་ལ་སོགས་པས་བརྟགས་པའི་དོན་གྱིས་རྗེས་སུ་འགྲོ་བ་དང་ལྡོག་པ་དང་མཐུན་པའི་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་མི་གསལ་བ་དང་མངོན་པར་ལྡན་པ་ཡིན་ཏེ། སློབ་དཔོན་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་ཀྱིས་ཀྱང་འཇིག་རྟེན་པའི་ཚད་མ་བརྟག་པར་གང་དེ་གཟུང་བ་དང་འཛིན་པའི་དབྱེ་བས་ཀུན་དུ་བསྐྱེད་པ་གསལ་བར་སྣང་སྟེ། འདི་ལྟར་མིང་དང་རིགས་ལ་སོགས་པར་བརྟགས་པ་དང་བྲལ་བ་ཉིད་ཀྱི་ཤེས་པ་ནི་གསལ་བར་སྣང་བར་གྱུར་པ་ཡིན་ནོ། །གཟུང་བ་དང་འཛིན་པའི་རྟོག་པའི་དབྱེ་བས་ཕྱེ་བ་ཡིན་ལ། དེ་བས་ན་མིང་དང་རིགས་ལ་སོགས་པར་བརྟགས་པ་ལ་བརྟེན་ཏེ། སློབ་དཔོན་གྱིས་མི་གསལ་བ་ཉིད་དུ་བསྟན་ཏེ། གཟུང་བ་དང་འཛིན་པ་ཡང་དག་པར་རིག་པའི་དབྱེ་བ་ལ་བརྟེན་པ་ནི་མ་ཡིན་ནོ། །དེ་བས་ན་ཡུལ་གྱི་རྣམ་པ་ཉམས་སུ་མྱོང་བ་ལས་བྱུང་བའི་ཁྱད་པར་ནི་དེ་དག་རིགས་མཐུན་པ་ལ་མངོན་པར་ཞེན་པ་མེད་དེ། དེ་གོམས་པར་གྱུར་པ་གསལ་བར་སྣང་བ་ཉིད་ལ་གནོད་པར་
བྱེད་པ་མེད་ཅིང༌། སྒྲུབ་པར་བྱེད་པ་ནི་ཡང་ཡོད་དེ་གོམས་པར་གྱུར་པ་སྙོམས་པར་འཇུག་པའི་མཚན་ཉིད་ཡིན་ཏེ། འདོད་པ་དང༌། མྱ་ངན་དང༌། འཇིགས་པ་དང༌། སྨྱོ་བ་ལ་སོགས་པ་བཞིན་ནོ་ཞེས་སྔར་བཤད་པ་ཡིན་ནོ། །འོན་ཏེ་གཟུང་བ་དང་འཛིན་པ་ཡང་དག་པར་རིག་པའི་རྣམ་པ་ཉིད་དུ་སྣང་བཞིན་པའི་ཡེ་ཤེས་མཐར་ཐུག་པར་གྱུར་པ་ན་ཐམས་ཅད་ཐུགས་སུ་ཆུད་པ་ཉིད་དུ་འདོད་ན། དེ་ལྟར་ནི་མ་ཡིན་ཏེ་རྟོག་པའི་དྲ་བས་བསྒྲུབས་པ་ཡིན་པའི་ཕྱིར་རོ། །འོ་ན་རྣམ་པ་མ་ལུས་པས་སྟོང་པ་ཡང་དག་པར་རིག་པ་ཙམ་སྟེ། ཇི་ལྟར་ན་ཤེས་བྱ་མ་ལུས་པ་ཡོངས་སུ་གཅོད་པ་ཉིད་ཡིན། སྣང་བ་མེད་པའི་ཡེ་ཤེས་ལ་ཇི་ལྟར་ཡོངས་སུ་གཅོད་པ་ཉིད་ཡོད། འདི་ནི་རིགས་པ་དང་འགལ་བ་ཡིན་ཏེ། ཆ་ཤས་མེད་པའི་རང་བཞིན་གཅིག་ལ་རྟོགས་པར་བྱ་བ་དང༌། རྟོགས་པ་པོ་དང༌། རྟོགས་པའི་དབྱེ་བས་ངོ་བོ་ཉིད་གསུམ་དུ་མི་འཐད་པའི་ཕྱིར་རོ། །འོན་ཏེ་རབ་ཀྱི་མཐར་ཐུག་པར་བྱིན་པ་ན་དེའི་རང་བཞིན་ནི་འདི་ཉིད་ཡིན་པས་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་ན་རང་བཞིན་དེ་ནི་བདག་ཅག་གི་ཕྱོགས་དང་འདྲ་སྟེ། དེ་ལྟར་གཟུང་བ་དང༌། འཛིན་པའི་རྣམ་པ་ཡང་དག་པར་རྟོགས་པའི་དབྱེ་བ་ཡོད་པས་ཡང་རབ་ཀྱི་མཐར་ཐུག་པར་འགྲོ་བ་ན་དེ་འདི་ལྟར་ཁྱད་པར་གྱི་ངོ་བོ་ཉིད་དུ་སྐྱེལ། གང་དངོས་པོའི་རིགས་མ་ལུས་པ་ཇི་ལྟར་གནས་པ་ཉིད་དུ་ཐུགས་སུ་ཆུད་པ་ཡིན་ན། དེའི་ནུས་མཐུ་འདི་བྱ་རོག་རྣམས་ཀྱིས་ཟོས་པ་ནི་མ་ཡིན་ནོ། །གཞན་ཡང་རྟོག་པའི་ཚོགས་མ་ལུས་པས་སྟོང་པ་དེ་ཡོད་དོ་ཞེས་གནས་གདབ་པར་གྱིས་ཤིག །རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་སེམས་ཅན་ཐམས་ཅད་ཀྱི་མཐར་རྒྱུད་ལ་ཡོད་པ་མངོན་སུམ་ལ་སོགས་པའི་ཚད་མས་རབ་ཏུ་གྲུབ་པ་བསྒོམ་པའི་སྟོབས་གོམས་པ་ཡང་དག་པར་ཐོབ་པ་ན་ཐམས་ཅད་རྟོགས་པར་འགྱུར་བ་ཉིད་ཡིན་ནོ། །དེ་ཡང་འདི་ལྟར་གང་དང་གང་བསྒོམས་པ་དེ་དང་དེ་ཉིད་བསྒོམ་པའི་རབ་ཀྱི་མཐར་ཐུག་པར་གྱུར་པ་ན་དེ་གོམས་པ་ཀློང་དུ་གྱུར་པ་ཡིན་ཏེ། འདི་ལྟར་གཙང་སྤྲ་ཅན་དག་བརྟུལ་ཞུགས་ཆེན་པོ་ལ་སོགས་བ་གཙང་སྨེ་མེད་པར་འགྱུར་བ་བཞིན་དུ་བསྒོམ་བཞིན་པ་ན་ཁམས་གསུམ་དེའི་ལོངས་སྤྱོད་དུ་འགྱུར་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །འདི་ཉིད་ཀྱིས་ན་མཉམ་
སྦྱོར་གྱི་རྒྱུད་ལས། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་དེ་བཞིན་གཤེགས། །དེ་ཡི་ཉེ་བར་ལོངས་སྤྱོད་གང༌། །ཁམས་གསུམ་པ་ནི་ཐམས་ཅད་དོ། །ཞེས་གསུངས་པ་དང༌། ཡང་ལྷ་ཐམས་ཅད་འདུས་པའི་རྒྱུད་ལས། འབྱུང་བ་བཞི་གང་ཡིན་པ་དང༌། །འགྲོ་བར་གཏོགས་པ་གང་ཡང་རུང༌། །རྣལ་འབྱོར་པ་ནི་སེམས་དག་པའི། །ཐམས་ཅད་ལོངས་སྤྱོད་ཡིན་པར་བཤད། །ཕྱག་རྒྱ་ཆེན་པོར་མཉམ་བཞག་ལ། །དེ་ཉིད་ཆེན་པོ་ཟློས་བྱེད་ཅིང༌། །ཚིག་རེར་ཐམས་ཅད་བདག་ཡིན་པར། །དེ་ཉིད་སྦྱོར་བས་བསྒོམ་པར་བྱ། །ཞེས་གསུངས་ཏེ། དེ་ལྟར་དེ་དག་ལ་སོགས་པ་བསྒོམ་པའི་རབ་ཀྱི་མཐར་ཐུག་པར་འགྲོ་བ་ཙམ་དང༌། འབྲེལ་པ་གོམས་པར་གྱུར་པའི་རང་བཞིན་དེ་གང་དང་གང་དུ་འབྱུང་བ་དེ་དང་དེར་གོམས་པར་གྱུར་པ་ཐོབ་པ་ནི་རྣམ་པ་ཐམས་ཅད་བསྒོམས་པ་ན་དེར་ཁམས་གསུམ་པའི་ཁོངས་སུ་གཏོགས་པའི་དངོས་པོ་རྣམས་བདེ་བ་དང་ཡིད་བདེ་བ་ལ་སོགས་པ་བསྒྲུབ་པ་ཉིད་དུ་གནས་སོ། །དེ་ཉིད་ཀྱི་ཕྱིར་མཉམ་སྦྱོར་གྱི་རྒྱུད་ལས། དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་བྱ། །མཉམ་པར་མ་བཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་མཉམ་སྦྱོར་ཞིང༌། །ཞེས་གསུངས་པ་དང༌། ཡང་རྟོག་པ་ཐམས་ཅད་བསྡུས་པའི་རྒྱུད་ལས། སངས་རྒྱས་ཐམས་ཅད་མདོར་བསྡུ་ན། །འདོད་པའི་ཡོན་ཏན་ལྔ་རུ་བཤད། །ཅེས་གསུངས་པ་དང༌། ཡང་དཔལ་གསང་བ་འདུས་པའི་རྒྱུད་ལས། གཟུགས་སྒྲ་ལ་སོགས་དངོས་པོ་རྣམས། །ལྷ་ཉིད་དུ་ནི་རབ་ཏུ་བརྟག །ཅེས་གསུངས་པ་ཡིན་ནོ། །དེ་བས་ན་དེ་རྣམས་ཀྱང་དེར་བསྒོམ་པ་རབ་ཀྱི་མཐར་ཐུག་པས་དེ་གོམས་པར་འགྱུར་གྱི་དེ་རྣམས་སྤྱོད་ཡུལ་མ་ཡིན་པར་འགྱུར་བ་ནི་མ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་ཀྱང་བསྒོམ་པའི་སྟོབས་ལས་ངེས་པར་སྐྱེས་པ། ཁྱད་པར་གྱི་རང་བཞིན་ལ་བརྟེན་པ། ཡོན་ཏན་མ་ལུས་པ་ཡི་གནས། །དངོས་གྲུབ་འབྲས་བུ་ཐམས་ཅད་སྩོལ། །དེ་ཡང་སྣ་ཚོགས་ཐམས་ཅད་བྱེད། །འཁོར་བ་ཇི་སྲིད་བཞུགས་པའི་རྒྱུ། །སེམས་ཅན་ཀུན་གྱི་དོན་མཛད་ཡིན། །འབད་པས་ང་རྒྱལ་སྤངས་ནས་ནི། །དེ་ནི་འབད་དེ་ཤེས་པར་བྱ། །འདི་ཤེས་གྱུར་ན་ཤེས་བྱ་
ཡི། །དེ་ཉིད་ཐམས་ཅད་རྟོགས་པར་འགྱུར། །དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཞི་བ་འཚོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སླད་ཀྱི་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤ་དང༌། འབྲོ་དགེ་སློང་ཤཱཀྱ་འོད་ཀྱིས་ཚད་མའི་སྐབས་བཅོས་ཤིང་གཏན་ལ་ཕབ་པ།།