དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ་བདེ་བར་གཤེགས་པའི་བཀའ་མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ།
ཡེ་ཤེས་གྲགས་པ།
རྒྱ་གར་སྐད་དུ། ཏཏྟྭ་ཨ་བ་ཏ་རཱ་ཁྱ་ས་ཀ་ལ་སུ་ག་ཏ་བཱ་ཙ་སཾ་ཀྵིཔྟ་བྱཱ་ཁྱ་པྲ་ཀ་ར་ཎ། བོད་སྐད་དུ། དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ་བདེ་བར་གཤེགས་པའི་བཀའ་མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ། རྣམ་རྟོག་དྲ་བ་དང་བྲལ་མཁའ་ལྟར་རང་བཞིན་རོ་གཅིག་ཅིང༌། །འགྲོ་བ་ཀུན་ལ་ཕན་མཛད་མ་ལུས་དྲི་མེད་སྐུར་ལྡན་པ། །ཉིད་གཞན་དོན་རྣམས་ཡོངས་དག་རྒྱ་ཆེ་མི་གཡོའི་བདེ་བའི་གཏེར། །རྒྱལ་བ་མཆོག་ལ་བཏུད་དེ་རྒྱལ་བ་གྲུབ་པའི་ཆོ་ག་བཤད། །ཕན་ལ་མཁས་པ་རྣམས་ཀྱིས་ངེས་པར་བཤད་པའི་སྒྲུབ་པའི་ཐབས། །འབད་དེ་བྱས་པ་ཆེན་པོ་གལ་ཏེ་ཡོད་མོད་ཀྱི། །འོན་ཀྱང་དེ་ཉིད་འཇུག་པའི་ཆོ་གས་ཀྱང་ནི་འདི་ཉིད་ནི། །མཁས་པ་རྣམས་ཀྱི་དེ་ཉིད་རྟོགས་པར་བྱ་ཕྱིར་ཕན་པར་བྱས། །ལུང་ཆེན་པོ་དང་ཐེག་ཆེན་དང༌། །དབུ་མ་ལས་ཀྱང་བདག་གིས་ནི། །ཇི་བཞིན་ལུང་དང་མན་ངག་བཞིན། །སྒོམ་པ་བཏུས་ཏེ་བཤད་པ་ཡིན། །འདི་ན་འགྲོ་བ་མ་ལུས་པ་བདག་ཉིད་ཀྱི་སྒྲིབ་པ་རྣམ་པ་གཉིས་སྤངས་པའི་སྐལ་བ་ཅན་དུ་བྱ་བ་ལ་མངོན་པར་འདུ་བྱེད་པ་ལ་འཇུག་པས་ནི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར་རྟོག་པ་སྔོན་དུ་གཏོང་བ་ལ་འབད་པར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །དེ་སྐད་དུ། ས་སྟེངས་སྐལ་མེད་ཡོད་མིན་པས། །ཐམས་ཅད་སངས་རྒྱས་འགྱུར་བ་ཡིན། །དེ་བས་རྫོགས་པའི་བྱང་ཆུབ་ནི། །སྒྲུབ་ལ་སྒྱིད་བྱ་མི་བྱའོ། །ཞེས་གསུངས་པ་ཡིན་ནོ།། དེ་ལ། གསང་སྔགས་ཕ་རོལ་ཕྱིན་བདེན་པའི། །དེ་ཉིད་རྣལ་འབྱོར་མངོན་བརྩོན་རྣམས། །རང་གི་མོས་པའི་ཁྱད་པར་གྱིས། །དེ་ཉིད་རྣལ་འབྱོར་རྣམ་གསུམ་མིན། །དེ་ལྟར་སྐལ་བ་དང་ལྡན་
པའི་གདུལ་བྱའི་སྐྱེ་བོ་རྣམས་ནི་མདོར་བསྡུས་ནས། རང་གི་ལམ་ལ་ཇི་ལྟ་བ་བཞིན་དུ་ལྷག་པར་མོས་པའི་དབྱེ་བས་བྱེ་བྲག་རྣམ་པ་གསུམ་དུ་འགྱུར་ཏེ། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་དང༌། ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམས་དང༌། འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བའི་ལམ་ལ་ལྷག་པར་མོས་པའོ། །དེ་ལ་དང་པོ་ནི་བསྒོམ་པའི་སྟོབས་རྫོགས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་ཉིད་ཀྱིས་བསྒོམ་པ་ལ་གཅིག་ཏུ་གཞོལ་བའི་ཕྱིར་དུས་ངེས་པ་མེད་པར་ཀུན་དུ་བཟང་པོ་ཉིད་རྫོགས་པར་བྱེད་པ་ཡིན་ནོ། །གཉིས་པ་ནི་སྤྲོས་པ་མེད་པར་སྦྱིན་པ་ལ་སོགས་པའི་བྱ་བ་མངོན་པར་རྫོགས་པས་ཕ་རོལ་ཏུ་ཕྱིན་པ་མ་ལུས་པའི་ཚོགས་ཉིད་ཀྱིས་བྱ་བའི་རང་བཞིན་གྱི་ཐབས་ལ་བསླབ་པའི་མཐར་ཐུག་པའི་ཕྱིར་བསྐལ་བ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་ཉིད་རྫོགས་པར་བྱེད་པ་ཡིན་ནོ། །དེ་ལས་གཞན་པ་ནི་ངོ་བོ་ཉིད་མེད་པའི་རང་བཞིན་བསྒོམ་པ་དང་བྲལ་བས་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་རྣམས་ཀྱི་གཉེན་པོ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་བསྒོམ་པས་འདོད་ཆགས་དང་བྲལ་བ་མངོན་དུ་བྱས་ནས་དུས་ཕྱིས་ཞིག་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ནས་བསྐལ་པ་གྲངས་མེད་པ་བཞིས་སངས་རྒྱས་ཉིད་རྫོགས་པར་བྱེད་པ་ཡིན་ནོ། །གསུམ་པ་དེ་རྣམས་ཀྱང་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་ཉིད་ཀྱིས་སོ་སོ་ཞིང་རྣམ་པ་གསུམ་གསུམ་དུ་འགྱུར་ཏེ། གསང་སྔགས་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། བདེན་པའི་རྣལ་འབྱོར་པ་རྣམས་དགུར་ཡང་འགྱུར་བ་ཡིན་ནོ། །དེ་རྣམས་ཀྱང་རེ་རེ་ཞིང་དབང་པོ་རབ་དང༌། འབྲིང་དང༌། ཐ་མ་ཉིད་ཀྱིས་གསུམ་གསུམ་དུ་འགྱུར་རོ།། དེ་ལ་དབང་པོ་རབ་ནི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི། དབང་པོ་རབ་ནི་སྙིང་རྗེ་ཆེན་པོ་དང་ལྡན་ཞིང༌། ཉོན་མོངས་པ་ཆུང་བ་ཉིད་དང༌། ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པར་སྦྱོར་བ་སྒོམ་པ་ལ་གཅིག་ཏུ་མོས་པ་ཡིན་པའི་ཕྱིར་རོ། །དབང་པོ་འབྲིང་ནི་དངོས་པོ་མེད་པར་ལྷག་པར་མོས་སུ་ཟིན་ཀྱང་ཉོན་མོངས་པའི་དབང་དུ་གྱུར་པས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་དང་གཉིས་སུ་མེད་པའི་སྦྱོར་བ་
སྒོམ་པ་ལ་གཅིག་ཏུ་མོས་པ་ཡིན་ནོ། །དབང་པོ་ཐ་མ་ཡང་སྟོང་པ་ཉིད་ལ་མོས་སུ་ཟིན་ཀྱང་སེམས་ཀྱི་རྒྱུད་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དྲག་པོའི་དབང་དུ་གྱུར་པས་ཅི་རིགས་པའི་དམ་ཚིག་དང་ལས་ཀྱི་ཕྱག་རྒྱའི་སྙོམས་པར་འཇུག་པའི་རྣལ་འབྱོར་དང་ལྡན་པར་ཐམས་ཅད་སྒོམ་པ་ཡིན་ཏེ། ཡེ་ཤེས་དང༌། དམ་ཚིག་དང༌། ལས་ཀྱི་ཕྱག་རྒྱ་དང་གཉིས་སུ་མེད་པར་སྒོམ་པ་འདི་དག་ཀྱང་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པའི་སྦྱོར་བ་ལ་འཇུག་པའི་ཕྱིར་ཡིན་ནོ་ཞེས་ཁོ་བོ་སྨྲ་སྟེ། འདི་དག་ཐམས་ཅད་ཀྱང་སོ་སོའི་སྐྱེ་བོ་ཉིད་ཀྱི་གནས་སྐབས་ན་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་བྱ་བ་ནི་མན་ངག་གོ །ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པའི་དབང་པོ་རབ་ནི་ཞིག་གནས་དང་ལྷག་མཐོང་སྒོམ་པས་སོ་སོའི་སྐྱེ་བོའི་གནས་སྐབས་ཉིད་ན་ཕྱག་རྒྱ་ཆེན་པོ་ལས་བྱུང་བ་དང་ལྡན་པ་ཡང་དག་པར་རྟོགས་པས་ཕྱིར་མི་ལྡོག་པའི་རྟགས་ཉིད་དང༌། སྙིང་རྗེ་ཆེན་པོ་དང་ལྡན་པས་ཚོགས་གཉིས་རྫོགས་པའི་ཕྱིར་ཤིན་ཏུ་མངོན་པར་བརྩོན་པར་འདོད་པ་མ་ཡིན་ནོ། །དབང་པོ་ཐ་མ་ཡང་ཕྱག་རྒྱ་ཆེན་པོ་དང་ངེས་པར་ལྡན་པ་མ་ཡིན་པས་ཇི་སྲིད་དུ་རིང་སུ་སོང་བའི་ས་མ་ཐོབ་པ་དེས་ན་འདི་ནི་དེའི་རྒྱུ་སྙིང་རྗེ་ཆེན་པོ་མེད་པས་རང་གི་ལམ་ལ་ཤིན་ཏུ་དམན་པའི་བརྩོན་པ་འདོད་པ་ཡིན་ནོ། །འདི་རྣམས་ཀྱང་དང་པོ་ཞི་གནས་དང་ལྷག་མཐོང་སྒོམ་པ་ནི་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་སྦྱོར་བ་སྒོམ་པ་ལ་འཇུག་པའི་ཕྱིར་ཡིན་ནོ་ཞེས་བཤད་དོ། །འདོད་ཆགས་དང་བྲལ་བ་ལ་ལྷག་པར་མོས་པའི་དབང་པོ་རབ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་སྒོམ་པ་ལ་མངོན་པར་བརྩོན་དུ་ཟིན་ཀྱང་གཞན་གྱི་དོན་ལ་གཅིག་ཏུ་སྲེད་པ་ཡིན་ནོ། །དབང་པོ་བར་མ་ཡང་བདེན་པ་སྒོམ་པ་ལ་བརྩོན་པ་ཉིད་ཀྱིས་ཅུང་ཟད་གཞན་གྱི་དོན་ལ་སྲེད་པ་ཡིན་ནོ། །དེ་བས་ན་འདི་གཉིས་ནི་རང་སངས་རྒྱས་སུ་འགྱུར་རོ། །དབང་པོ་ཐ་མ་ནི་བདེན་པ་སྒོམ་པ་ལ་མངོན་པར་བརྩོན་པ་ཉིད་ཀྱིས་བདག་ཉིད་དུལ་བ་དང༌། ཞི་བ་ལ་སོགས་པར་གཅིག་ཏུ་འདོད་པས་ཉན་ཐོས་སུ་འགྱུར་པ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་ལམ་མངོན་པར་བརྩོན་པ་རྣམས་ཀྱང་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པར་སངས་རྒྱས་སུ་འགྱུར་པ་མ་ཡིན་ནོ་ཞེས་བཤད་དོ།།
དེ་ལྟར་དབྱེ་བ་དགུ་པོ་རྣམ་པར་ངེས་པ་ནི། །སྐྱོབ་པས་གདུལ་བྱའི་འགྲོ་བའི་བསམ་ལས་ཕྱེ། །དེ་བས་དབུ་མའི་རྗེས་སུ་འབྲངས་ནས་ནི། །མན་དག་སྟོན་བྱེད་སྤྱོད་བཤད་པ་ཡིན། །སློབ་དཔོན་ཡེ་ཤེས་གྲགས་པ་རྣམ་པར་སྦྱར་བ་དེ་ཁོ་ན་ཉིད་ལ་འཇུག་པ་ལས་དབྱེ་བའི་རྣམ་པར་ངེས་པ་སྟ་ལེའུ་དང་པོའོ།། །།སློབ་མ་བརྟག་དང་སྤྱོད་པ་ལས། །འབད་དེ་ཤེས་པར་བྱས་ནས་ནི། །ཅི་རིགས་པར་ནི་ངེས་སྦྱོར་བ། །སློབ་དཔོན་ཡིན་པར་ཐུབ་པས་གསུངས། །གདུལ་བྱ་དེ་རྣམས་ཀྱང་རྟགས་དང༌། ཀུན་དུ་སྤྱོད་པ་འགའ་ཞིག་གིས་ཇི་སྐད་དུ་བཤད་པའི་ཁྱད་པར་ངེས་པར་ཤེས་པར་བྱས་ལ། སློབ་དཔོན་གྱིས་ཇི་ལྟར་འོག་ནས་བཤད་པའི་རང་གི་བསྒོམ་པའི་རིམ་པ་ལ་ངེས་པར་སྦྱར་བར་བྱ་སྟེ། ཇི་སྐད་དུ། བླ་མས་སློབ་མའི་བསམ་ཤེས་ན། །རྗེས་སུ་བསྟན་པ་ནུས་པ་གང༌། །དེ་ཡིས་སློབ་མ་བསྡུ་བྱ་ཡིས། །རྨོངས་པ་སློབ་མ་བསྡུ་འོས་མིན། །ཞེས་བཤད་པ་དང༌། དེ་བཞིན་དུ། གང་དང་གང་ལ་དང་པོར་ཕན། །དེ་དང་དེ་ཡི་ཀུན་སྤྱོད་ཀྱིས། །སྣོད་ཉམས་གྱུར་ལ་ནམ་ཡང་ནི། །དམ་ཆོས་བསྟན་བར་མི་བྱའོ། །ཞེས་བྱ་བ་དང༌། གཞན་ཡང༌། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ནས། །དེ་ཡི་འོག་ཏུ་དབེན་པའོ། །ཞེས་བཤད་བས་ཐོག་མ་ཁོ་ནར་ཐམས་ཅད་སྟོང་པ་ལ་ངེས་པར་སྦྱོར་བར་མི་བྱ་སྟེ། ཤེས་རབ་ཉམ་ཆུང་བ་ཉིད་ཀྱིས་དེ་སྤོང་བའི་རྒྱུས་དམྱལ་བ་ལ་སོགས་པར་ཡང་འགྲོ་བར་འགྱུར་བས་དེ་ལྟར་མི་འགྱུར་བའི་ཕྱིར་རོ། །དེ་ཡང༌། སྟོང་ཉིད་བསོད་ནམས་འདོད་པ་ཡིས། །ཐམས་ཅད་དུ་ནི་བརྗོད་མི་བྱ། །གནས་མིན་པར་ནི་སྦྱར་བ་ཡིས། །བདུད་རྩི་དུག་ནི་ཉིད་དུ་འགྱུར། །གཞན་ཡང༌། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་འགྱུར། །ཇི་ལྟར་སྤྲུལ་ལ་གཟུང་ཉེས་དང༌། །རིག་སྔགས་ཉེས་པར་བསྒྲུབས་པ་བཞིན། །གཞན་ཡང་འདི་དག་མ་ཤེས་པར། །བླུན་པོ་མཁས་པར་རློམ་བྱེད་པ།། སྤོང་བྱེད་བདག་ལ་ཞེན་པས་ན། །མནར་མེད་ཐུར་དུ་ཁ་བལྟའོ། །དེ་ལྟ་བས་ན་སློབ་དཔོན་གྱིས་དང་པོར་ཡུམ་སྙིང་རྗེ་ཆེན་པོ་བསྐྱེད་ལ། སེམས་ཅན་ཐམས་ཅད་ཀྱི་སློབ་མར་ཁས་
བླང་སྟེ། ཁེངས་པ་གདུལ་དཀའ་བ་ཡང་གདུལ་བར་བྱའོ། །དེ་སྐད་དུ། འགའ་ཡི་སློབ་མར་བྱ་བ་དང༌། །འགའ་ཡི་སློབ་དཔོན་བྱ་བ་ཡིས། །མཁས་པས་སེམས་ཅན་འདུལ་བྱེད་པ། །སྣ་ཚོགས་ཐབས་ཀྱིས་ཐབས་མཁས་ཡིན། །བསྒྲུབ་པར་དཀའ་བ་རྣམས་ལ་འབད་པ་ཁོ་ནས་རྗེས་སུ་བརྩེ་བར་བྱ་སྟེ། ཇི་སྐད་དུ། ན་བའི་བུ་ལ་ཁྱད་པར་དུ། །མ་ནི་གདུང་བ་སྐྱེ་བ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། །དམ་པ་མིན་ལ་ཁྱད་པར་བརྩེ། །ཞེས་བཤད་པ་ཡིན་ནོ། །སློབ་མ་རྣམས་རང་དགར་དེ་ཁོ་ན་ཉིད་ལ་འཇུག་པ་ནི་ནམ་ཡང་འདོད་པ་མ་ཡིན་ཏེ། འདིར་བཤད་པ། རྫོགས་སངས་ཀུན་གྱིས་རྟག་པར་ནི། །སློབ་མ་རང་བཟོ་བཞེད་མིན་ཏེ། །ལོང་བ་རང་དགར་རི་བོ་ལ། །འཛེག་པ་བདེ་བར་འགྱུར་མ་ཡིན། །ལུང་ནི་ཡོངས་སུ་བརྟགས་པ་ལ། །རང་དགའ་དགག་པ་མ་ཡིན་ཏེ། །ཡོངས་བརྟགས་ཉིད་ཀྱིས་ཐམས་ཅད་དུ། །གང་ཕྱིར་མཁས་པ་རབ་ཏུ་འཇུག །རབ་ཏུ་འཇུག་པས་དེ་ཉིད་ནི། །བླ་མར་རྣམ་པར་ཤེས་འགྱུར་ཞིང༌། །བསྒོམ་ལ་ངེས་པར་སྦྱོར་འགྱུར་ཞེས། །དེ་ལྟར་རྒྱལ་བས་གསུངས་པ་ཡིན། །དེ་ལ་རེ་ཞིག་ཕྱིའི་རྟགས་ཀྱི་སྐལ་བ་དང་ལྡན་པར་གཟུང་བར་བྱ་སྟེ། ཇི་སྐད་དུ། སོ་སོའི་སྐྱེ་བོར་གྱུར་ཀྱང་སྟོང་ཉིད་ལ། །སྐད་ཅིག་སྐད་ཅིག་ནང་དུ་དགའ་བ་ཐོབ། །རབ་དང་ལས་བྱུང་མི་གཡོ་མཆི་མ་བྱུང༌། །ལུས་ཀྱི་བ་སྤུ་ལྡང་བའང་འབྱུང་བར་འགྱུར། །གང་ཡིན་དེ་ལ་བྱང་ཆུབ་ས་བོན་ཡོད། །དེ་ཉིད་བསྟན་པའི་སྣོད་དུ་གྱུར་པ་དེ། །དེ་ལ་དོན་དམ་བདེན་པ་བསྟན་པར་བྱ། །དེ་ཡི་རིགས་ཀྱིས་དེ་ལ་ཡོན་ཏན་འབྱུང༌། །སྟོང་པ་ཉིད་ཀྱི་ས་བོན་གྱི་མཚན་མ་དེའི་ཡོན་ཏན་ཡང་དེ་ཉིད་དུ་བཤད་དེ། གང་སྟོང་པ་ཉིད་ལ་མངོན་པར་བརྩོན་པ་ནི་སྟོང་པ་ཉིད་ལ་མངོན་པར་བརྩོན་པར་ཤེས་པར་བྱ་ཞིང༌། གང་དེ་ལ་མངོན་པར་བརྩོན་པའི་དོན་ཉམས་སུ་བླང་བར་བྱ་སྟེ། འདི་ལྟ་སྟེ་ཚུལ་ཁྲིམས་ཡང་དག་པར་བླངས་པ་ལ་རྟག་ཏུ་འཇུག་པ་དང༌། སྦྱིན་པ་གཏོང་ཞིང་སྙིང་རྗེ་བསྟན་པ་དང༌། བཟོད་པར་བྱེད་ཅིང་དགེ་བའི་རྩ་བ་དེ་ཡང་བྱང་ཆུབ་ཀྱི་ཕྱིར་སྨོན་པར་བྱེད་ལ། དེ་ལ་ཡང་འགྲོ་བ་རྣམས་དགྲོལ་བར་བྱ་བའི་བསྔོ་བ་དང༌། བྱང་ཆུབ་
སེམས་དཔའ་རྣམས་ལ་གུས་པ་དང༌། ཟབ་ཅིང་རྒྱ་ཆེ་བའི་ཚུལ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་བླ་མའི་ལམ་ལ་ལེགས་པར་གནས། །འགྲོ་བ་ཀུན་ལ་ཕན་བསམས་ཡང་དག་བསྐྱེད། །དེ་ནི་འགྲོ་བ་ཀུན་གྱི་སྟོན་འགྱུར་ཞིང༌། །སྲིད་གསུམ་བླ་མ་གཅིག་བུ་ལྟ་བུར་གྲགས། །སློབ་དཔོན་ཡེ་ཤེས་གྲགས་པས་རྣམ་པར་སྦྱར་བ་དེ་ཁོ་ན་ཉིད་ལ་འཇུག་པ་ལས་སློབ་དཔོན་གྱི་ཚུལ་ཞེས་བྱ་བའི་རྣམ་པར་ངེས་པ་སྟེ་ལེའུ་གཉིས་པའོ།། །།ད་ནི་སྒོམ་པ་བསྟན་པར་བྱ་སྟེ། དེ་ཡང༌། རང་གི་ཚིག་དང་ཚད་མ་དང༌། །ལུང་དང་གང་ཞིག་མི་འགལ་བ། །དེ་དོན་བསྒོམ་པ་ལ་སྤྱོད་པའི། །བླ་མས་བསྟེན་པ་བསྒོམ་པ་ཡིན། །བསྒོམ་པ་ཞེས་བྱ་བ་ནི་རང་གི་ཚིག་དང་ཚད་མ་དང་མི་འགལ་བ། གསུང་རབ་དང་རབ་ཏུ་འབྲེལ་བ། བླ་མ་རྣམས་ཀྱིས་རབ་ཏུ་བསྟན་པའི་དངོས་པོ་ཉམས་སུ་བླང་བ་ཡིན་ནོ། །དེ་ཡང་ཐུན་མོང་དེ་ལས་ཅིག་ཤོས་སོ། །དེ་ལ་ཕྱག་རྒྱ་ཆེན་པོའི་མཉམ་པར་སྦྱོར་བ་བསྒོམ་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ཐུན་མོང་སྟེ། གང་གི་ཕྱིར་དེ་ལས་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་ཡིན་ནོ། །བསྒོམ་པ་ཞེས་བྱ་བ་ནི་འབྲས་བུ་མངོན་པར་རྫོགས་པའི་ཕྱིར་ཡིན་ལ། འབྲས་བུ་ཡང་གཞན་གྱི་དོན་བྱེད་པའི་མཚན་ཉིད་དུ་བསྒོམ་པ་དགུ་ཆར་ལ་འཇུག་པའི་སྤྱི་ཡིན་ལ། དེ་ཡང་སེམས་ཅན་གྱི་ཚོགས་མ་ལུས་པའི་སྒྲིབ་བ་གཉིས་སྤངས་ནས་ཀུན་དུ་བཟང་པོ་ཉིད་རྫོགས་པར་བྱའོ། །དེ་ཡང་གདུལ་བྱའི་སྐྱེ་བོའི་བསམ་པའི་ཁྱད་པར་གྱིས་རྣལ་འབྱོར་དང༌། སྤྱོད་པ་དང༌། བྱེ་བྲག་ལས་ཕྱག་རྒྱ་དང༌། དཀྱིལ་འཁོར་དང་སྔགས་ལ་སོགས་པའི་སྤྲོས་པ་རབ་ཏུ་བསྟན་པར་ནུས་ཤིང༌། སངས་རྒྱས་ཉིད་དང་མཚན་གཞན་ཡང་ཀུན་དུ་བཟང་པོ་ཉིད་ཅེས་བྱ་བ་མེད་པར་ལེགས་པར་རྫོགས་པར་མི་འགྱུར་རོ། །དེ་ཡང་དོན་གྱི་འབྲས་བུ་སྟེ། དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསྡུ་བ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱི་གནས་སྐབས་མེད་པར་ནི་མ་ཡིན་ནོ། །དེ་ཡང་ངེས་པར་འབྱེད་བའི་ཆའི་མཚན་ཉིད་ཅན་སྦྱོར་བའི་གནས་སྐབས་ཀྱི་མཚན་ཉིད་ཀྱིས་སོ། །དེ་ནི་འདི་ལྟར་མདོར་བསྡུ་ན་འབྲས་བུ་རྣམ་པ་གཉིས་ཏེ། གཙོ་བོ་ནི་གཞན་གྱི་དོན་བྱེད་པའི་མཚན་ཉིད་ཅན་ནོ། །དེ་ལས་གཞན་པ་
ཐམས་ཅད་ནི་དེའི་དོན་དུ་བྱ་བ་སྟེ་ཐ་མལ་པའོ། །འདིར་བཤད་པ། སངས་རྒྱས་གཞན་དོན་ཕུན་ཚོགས་པའི། །འབྲས་བུ་གཙོ་བོ་ཡིན་པར་འདོད། །སངས་རྒྱས་ལ་སོགས་དེ་ལས་གཞན། དེ་ཡི་དོན་གྱི་འབྲས་བུར་བཤད། །ཅེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་འབྲས་བུ་འདི་དག་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་བསྒོམ་པ་དེ་ཉིད་ཀྱིས་རྫོགས་པར་འགྱུར་ཏེ། ཇི་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཉན་ཐོས་ཀྱིས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱའོ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་དང༌། དེ་བཞིན་དུ་རང་སངས་རྒྱས་ཀྱི་ས་ལ་ཡང་ཞེས་བྱ་བ་ནས། སངས་རྒྱས་ཀྱིས་ཡང་ཞེས་བྱ་བ་ལ་སོགས་པའི་བར་དུ་རྒྱ་ཆེར་གསུངས་པ་ཡིན་ལ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་མཚན་གཞན་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱང་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱང་དེ་ཉིད་དོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ནི་གཉིས་སུ་མེད་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བསྒྲུབ་པར་བྱ་བའོ། །ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་སྦྱོར་བ་ཡང་དེ་ཉིད་དེ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་བསོད་ནམས་ཐམས་ཅད་ཀྱི་རང་བཞིན་གྱི་རྣལ་འབྱོར་རོ། །དེ་ནས་དེ་ལ་གོམས་པ་ཉིད་འབྲས་བུ་མ་ལུས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། དེ་ལྟར་ན་འདི་ནི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་བསྒོམ་པ་ཉིད་འབྲས་བུ་མ་ལུས་པ་ཐོབ་པར་བྱེད་པ་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཐེག་པ་གཅིག་སྟོན་པར་མཛད་པར་ཡང་སངས་རྒྱས་བགྲོ་བའི་མདོ་ལས་དེས་པར་སྟོན་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ལས་མ་གཏོགས་པར་ཐེག་པ་གཞན་འདི་ན་ཡོད་པ་མ་ཡིན་ནོ། །དེ་ཡང༌། ཆོས་དབྱིངས་དབྱེ་བ་
མ་མཆིས་པས། །གཙོ་བོ་ཐེག་དབྱེ་ཡོད་མིན་གྱི། །ཁྱེད་ཀྱིས་ཐེག་པ་གསུམ་གསུངས་པ། །སེམས་ཅན་རྣམས་ནི་འཇུག་ཕྱིར་རོ། །ཞེས་འབྱུང་བ་ཡིན་ནོ། །དེ་ལྟར་ཅིའི་ཕྱིར་གསང་སྔགས་དང༌། ཕ་རོལ་ཏུ་ཕྱིན་པ་དང་བདེན་པ་ལ་སོགས་པའི་དབྱེ་བས། བཅོམ་ལྡན་འདས་བསྒོམ་པ་སྟོན་པར་མཛད་ཅེ་ན། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་མོས་པའི་ཁྱད་པར་གྱིས་འདི་དག་མིང་ཙམ་གྱི་ཁྱད་པར་དུ་ཕྱེ་བ་ནི་དེ་དག་འཇུག་པའི་ཕྱིར་ཡིན་ནོ་ཞེས་བཤད་དེ། དེས་མིང་དེ་ཐོས་པ་ཉིད་ཀྱིས་དེ་རྣམས་དེ་ཁོ་ན་ཉིད་ཀྱི་རྗེས་སུ་འབྲང་བར་འགྱུར་ཏེ། དེས་ན་མིང་དེ་དང་དེས་མདོ་སྡེ། བསྟན་བཅོས་ལ་སོགས་པ་དེ་དང་དེར་སེམས་ཅན་དེ་དང་དེའི་སེམས་ཀྱི་འཇུག་པའི་རྗེས་སུ་འཇུག་པར་མཛད་པས། དེ་ཁོ་ན་ཉིད་དུ་དེ་ཉིད་ཁྱད་པར་མེད་ཀྱང་ཁྱད་པར་ཡོད་པ་ལྟ་བུར་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་སྟོན་པར་མཛད་པ་ཡིན་ནོ། །ཁྱད་པར་དུ་ཕྱེ་བའི་མིང་དུ་བསྟན་ན་ཇི་ལྟར་ཁྱད་པར་མེད་པར་ཤེས་པར་བྱ་ཞེ་ན། སྒྲ་རྣམས་ཀྱི་མིང་དུ་བརྗོད་པ་ལ་ནི་དངོས་པོ་ཡོད་པ་མ་ཡིན་ཏེ། སྒྲོ་བཏགས་པ་ལས་བཟློག་པར་བྱ་བ་ཁོ་ན་ཙམ་ཉིད་དེ་རྣམས་ཀྱི་བྱ་བ་ཡིན་ནོ། །དེ་ལ་དབང་པོ་རྟུལ་པོ་རྣམས་ལ་ནི་དེ་ཁོ་ན་ཉིད་དེ་ཉིད་ལ་སྒྲོ་བཏགས་པ་ཅུང་ཟད་ལས་བཟློག་པའི་ཕྱིར་མི་རྟག་པ་ལ་སོགས་པའི་སྒྲས་བཤད་པ་ཡིན་ནོ། །དབང་པོ་བར་མ་རྣམས་ལ་ཡང་གཟུགས་ལ་སོགས་པའི་སྒྲོ་བཏགས་བ་མ་ལུས་པ་ལས་བཟློག་པའི་ཕྱིར་རམ། དངོས་པོ་ཐམས་ཅད་དུ་སྒྲོ་བཏགས་པ་བཟློག་པར་བྱ་བའི་ཕྱིར་རིག་པ་ཙམ་མམ། མིག་ཡོར་ཙམ་ཞེས་བསྟན་པ་ཡིན་ནོ། །དབང་པོ་མཆོག་རྣམས་ལ་ནི་སྒྲོ་བཏགས་པ་མ་ལུས་པ་ལས་བཟློག་པའི་ཕྱིར་སྟོང་པ་ཉིད་དང་སྤྲོས་པ་མེད་པ་ལ་སོགས་པའི་སྒྲས་བསྟན་པ་མ་ཡིན་ནོ། །དེ་ཡང་ཇི་སྐད་དུ། རྨོངས་པ་རྣམས་ལ་སྔོན་པོ་སོགས། །ངེས་པར་ཡོད་ཅེས་གསུངས་པ་ནི།། དངོས་པོར་འཛིན་ལ་ཞེན་པ་ཡིས། །ཟབ་མོའི་ཚུལ་གྱིས་འཇིགས་པ་ལའོ། །འདི་དག་རྣམ་པར་རིག་ཙམ་དུ། །འགྲོ་བ་སྣ་ཚོགས་ཡད་དག་བཤད། །གཟུང་དང་འཛིན་པའི་སྦྱོར་བ་དང༌། །བྲལ་བ་དབུ་མའི་བློ་ཅན་ལའོ། །དྲི་ཟའི་གྲོང་ཁྱེར་ལྟ་བུར་ནི། །བདེན་པ་གཉིས་ཀྱིས་
རྣམ་པར་མཚན། །རྟོག་པའི་ཆུ་བོ་ཚད་མེད་སྣང༌། །བསྒོམ་པས་དག་པའི་བློ་ཅན་ལ། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་ལས་དང་པོ་པ་རྣམས་དང་པོར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་བསྒོམ་པ་དང༌། སྡུག་བསྔལ་ལ་སོགས་པའི་བདེན་པ་བསྒོམ་པ་དང༌། མིང་གཞན་ཡང་ཕྱག་རྒྱ་ཆེན་པོར་ཡོངས་སུ་གྱུར་པ་རྣམས་ནི་སྟོང་པ་ཉིད་ལ་འཇུག་པའི་ཕྱིར་ཡིན་ནོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་གཟུང་བར་བྱའོ། །དེ་སྐད་དུ། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་བཤད་དོ། །གསུང་རབ་རྣམས་ལ་སྟོང་པ་ཉིད་བསྒོམ་པ་ཉིད་ནི་ངེས་པའི་དོན་ཡིན་ལ། དེ་ལས་གཞན་པ་རྣམས་ནི་སྟོང་པ་ཉིད་ལ་འཇུག་པའི་དོན་ཡིན་པའི་ཕྱིར་དྲངས་བའི་དོན་ཡིན་ཏེ། དེ་བས་ན་ངེས་པར་བྱ་དགོས་སོ། །དེའི་ཕྱིར་བཅོམ་ལྡན་འདས་སྤྲོས་པ་མེད་པའི་བསྒོམ་པ་སྟོན་པར་མཛད་པ་ནི། སྤྲོས་པ་མེད་པ་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་བསྒོམ་པ་ལ་འཇུག་པར་བྱ་བའི་དོན་ཡིན་ནོ། །དྲོད་དུ་གཏོགས་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་དེ་ལ་རག་ལུས་པ་རྣམས་ནི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་སྒོམ་པ་དེ་ཉིད་ལ་གཉིས་ཏེ། འདི་དག་ནི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་དེ་ཉིད་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པ་ཐམས་ཅད་ཀྱི་མཚན་ཉིད་ཅན་གྱི་འབྲས་བུ་མ་ལུས་པ་མངོན་པར་རྫོགས་པ་ཡིན་ནོ། །དེ་ལྟར་གཉིས་པོ་རྒྱལ་སྲས་སྲས་ཀུན་གྱི། །སྙིང་རྗེ་གཉིས་མེད་རག་ལུས་ཁྱད་པར་རྒྱུ། །དེ་ནས་གཞན་ཡང་རབ་ཕྱེ་ཡང་དག་བཤད། །དེ་ལ་ཇི་བཞིན་འཇུག་པ་ཡིན་པར་བཤད། །སློབ་དཔོན་ཡེ་ཤེས་གྲགས་པས་རྣམ་པར་སྦྱར་བའི་དེ་ཁོ་ན་ཉིད་ལ་འཇུག་པ་ལས་ཐུན་མོང་བསྟན་པ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ།། །།དེ་ལ་རེ་ཞིག་ལེའུ་དང་པོར་དབང་པོ་རབ་ཀྱི་དབང་དུ་བྱས་པའི་རྒྱས་པར་བཤད་པ་ལ་དབང་པོ་རབ་ཀྱི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པར་སྦྱོར་བའི་སྒོམ་པ་ལ་གཅིག་ཏུ་མོས་པ་བསྟན་ན་དེ་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་སྦྱོར་བ་གང་ཡིན་ཞེ་ན། དེ་བཤད་པར་བྱ་སྟེ། ཐབས་དང་ཤེས་རབ་མཉམ་སྦྱོར་བའི། །བསྒོམ་ཉིད་
རྣལ་འབྱོར་མཆོག་གི་ནི། །ཕྱག་རྒྱ་ཆེན་པོའི་མཉམ་སྦྱོར་བ། །བསྒོམ་པར་རྒྱལ་བ་རྣམས་ཀྱིས་གསུངས། །ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་བསྒོམ་པ་ཉིད་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་བསྒོམ་པ་ཡིན་ནོ། །དེ་ལྟར་ན་ཤེས་རབ་ནི་གང་ཐབས་ནི་གང་ཞིག་ཡིན། དེ་དག་ལྷན་ཅིག་གམ་ཐ་དད་པར་ཇི་ལྟར་བསྒོམ་པར་བྱ་ཞེ་ན། འདིར་བཤད་པར་བྱ་སྟེ། གང་ཞིག་སྤྲོས་པ་ཐམས་ཅད་ཀྱི། །གནས་དང་ཚིག་ཏུ་མ་གྱུར་པའི། །འཇུག་དེ་ཐུགས་ཀྱི་རྡོ་རྗེ་ཡིས། །ཤེས་རབ་ཅེས་ནི་ཡོངས་སུ་གྲགས། །དེས་ན་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་དུ་རྟོགས་པ་ནི་ཤེས་རབ་བོ། །སྤྲོས་པ་མེད་པ་ཞེས་བྱ་བ་འདི་གང་ཞིག་ཡིན་ཞེ་ན། སྟོང་པ་ཉིད་དོ། །དེ་ལྟ་ན་ནི་སྟོང་པ་ཉིད་ཅེས་བྱ་བ་སྤྲོས་པ་ཡིན་ན་ཇི་ལྟར་སྤྲོས་པ་མེད་པ་ཉིད་ཡིན་ནམ་མ་ཡིན་ཏེ། སྟོང་པ་ཉིད་ཀྱིས་སྒྲ་ནི་ཅུང་ཟད་ཀྱང་མི་སྟོན་ཏོ། །དེ་ཡང་གང་གི་ཕྱིར་ནམ་ཡང་ཅི་ཡང་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་བྱ་བའི་སྒྲས་ནི་དངོས་པོ་ཅུང་ཟད་ཀྱང་མི་སྟོན་ཏེ། སྒྲ་རྣམས་ཀུན་གྱིས་བྱ་བ་ནི། །སྒྲོ་བཏགས་པ་ནི་བཟློག་པ་ཡིན། །སྒྲ་ཡི་དོན་ནི་མ་ཡིན་གྱི། །གཞན་དུ་ན་སྒྲོ་བཏགས་པ་ལས་བཟློག་པ་ཙམ་ཡིན་པར་གཞན་དག་ལས་སྟོན་ཏོ། །དེ་བས་ན་སྟོང་པ་ཉིད་ཀྱི་ཚིག་སྨྲས་པ་སྒྲོ་བཏགས་པ་མ་ལུས་པ་བཟློག་པ་བསྟན་པས་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་མངོན་པར་གསལ་བར་བྱེད་པ་ཡིན་གྱི་སྒྲའི་དོན་ནི་བྱ་བའི་དོན་མ་ཡིན་གྱི། གང་གིས་དེ་ཉིད་སྤྲོས་པར་འགྱུར་བའི་སྟོང་པ་ཉིད་ཁོ་ནར་འཇོག་པ་མ་ཡིན་ནོ། །དེ་ཉིད་ཀྱིས་ན་གང་སྟོང་པ་ཉིད་ཀྱི་དོན་མི་ཤེས་པ་ལ་དེ་ཁོ་ན་ཉིད་ཀྱི་དོན་སྟོང་པ་ཉིད་དུ་སྤྲོས་པར་བྱེད་པ་ནི་དེ་རྣམས་སྤྲོས་པ་མེད་པར་ཚིག་གིས་གསལ་བར་བྱེད་པ་དེ་ཁོ་ན་ཉིད་སྟོན་པ་ཡིན་ནོ། །སྟོང་པ་ཉིད་སྤྲོས་པ་ཡིན་དུ་ཟིན་ཀྱང་སྤྲོས་པ་མེད་པར་འགྱུར་ཞེས་ཤེས་པར་བྱས་ནས་གསལ་བར་རྟོགས་པར་ཇི་ལྟར་འགྱུར། སྤྲོས་པ་མེད་པ་ཉིད་སྤྲོས་པ་ཡིན་ནོ་ཞེས་བརྗོད་པར་མི་བྱ་སྟེ། གང་གི་སྤྲོས་པ་མེད་པ་ཞེས་བྱ་བའི་སྤྲོས་པ་ཡོད་པ་མ་ཡིན་ན་དེ་ཇི་ལྟར་སྤྲོས་པ་ཡིན། དེ་དངོས་པོ་མེད་པ་ཉིད་ཀྱང་དེ་ཁོ་ན་ཉིད་དུ་རིགས་པ་མ་ཡིན་ནོ། །དེ་ལྟར་ན་སྒྲོ་བཏགས་པ་མ་ལུས་པ་ལས་བཟློག་པ་ནི་དེ་ཁོ་ན་ཉིད་ཡིན་ནོ་ཞེ་ན་དེ་མ་ཡིན། །གང་གི་
ཕྱིར་བཟློག་པ་ནི་དངོས་པོ་མེད་པ་ཡིན་ན་དངོས་པོ་མེད་པ་དེ་ཁོ་ན་ཉིད་ཇི་ལྟར་ཡོད་དེ། འགལ་བའི་མཐའ་ཅན་ཡིན་པའི་ཕྱིར་རོ། །དེ་ཡང༌། དངོས་མེད་མྱ་ངན་འདས་མིན་ན། །དེ་ཡི་དངོས་པོ་ག་ལ་ཞིག །དངོས་དང་དངོས་མེད་ཡོངས་རྟོགས་པ། །ཟད་པས་མྱ་ངན་འདས་བར་བཤད། །ཅེས་བྱ་བ་དང༌། དེ་བཞིན་དུ། རང་གི་དངོས་དང་གཞན་དངོས་དང༌། །དངོས་དང་དངོས་མེད་ཉིད་དག་ནི། །དེ་དག་སངས་རྒྱས་བསྟན་པ་ལ། །གང་ཞིག་མཐོང་དང་མི་མཐོང་དེ། །སངས་རྒྱས་བསྟན་ལ་དེ་ཉིད་མིན། །ཡང་དག་མཐོང་བ་མ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་མཐའ་གཉིས་བསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ནི་དངོས་པོ་མེད་པའི་ཚུལ་དུ་ཡང་རིགས་པ་མ་ཡིན་ནོ། །དྲིས་པ་ཉེས་པ་འདི་ནི་ཁྱེད་ཉིད་ཀྱི་ཡིན་ཏེ། གང་གི་ཕྱིར་སྟོང་པ་ཉིད་ལ་སོགས་པའི་སྒྲས་བསྟན་པ་ནི་དེ་ཁོ་ན་ཉིད་ཡིན་པར་ཁྱེད་ཉིད་ཀྱིས་བཤད་ལ། སྟོང་པ་ཉིད་ལ་སོགས་པའི་སྒྲས་ཀྱང་སྒྲོ་བཏགས་པ་མ་ལུས་པ་བཟློག་པ་ཡིན་ནོ་ཞེ་ན། སྟོང་པ་ཉིད་ལ་སོགས་པའི་སྒྲས་དེ་ཁོ་ན་ཉིད་བསྟན་དུ་བྲིན་ཀྱང་གཙོ་བོ་ཉིད་མ་ཡིན་ཏེ། གང་གི་ཕྱིར། སྒྲོ་བཏགས་ཀུན་ནི་རྣམ་སྤངས་པ། །རང་ཉིད་དེ་ཉིད་སྟོན་པ་ན། །སྟོང་པ་ཉིད་སོགས་མིང་གིས་ནི། །དེར་ནི་སྒྲོ་བཏགས་བཟློག་པ་ཡིན། །སྒྲོ་བཏགས་པ་མ་ལུས་པ་བཟློག་པས་རང་ཉིད་དེ་ཁོ་ན་ཉིད་དུ་སྟོན་པས་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་མ་ཡིན་པ་མཐོང་བ་ལ་མངོན་པར་ཞེན་པར་མི་འགྱུར་རོ། །དེས་ན་སྟོང་པ་ཉིད་ལ་སོགས་པའི་སྒྲས་དེ་ལ་མངོན་པར་ཞེན་པ་བསལ་བ་བྱས་ནས་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་མངོན་པར་སྟོན་ཏེ། དེ་བས་ན་ཉེ་བར་གདགས་བས་དེའི་མིང་དུ་བརྗོད་དོ། །སྟོང་པ་ཉིད་ལ་སོགས་པའི་སྒྲ་ལས་སྒྲོ་བཏགས་པ་མ་ལུས་པ་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ངོ་བོའི་མཐར་ཐུག་པ་ཡིན་ནོ། །དེ་ལ་འདི་རྣམ་པར་དཔྱད་པར་བྱ་སྟེ། སྟོང་པ་ཉིད་དུ་སྨྲ་བ་རྣམས་ཀྱིས་ཁྱད་པར་བྱ་བ་འདི་གང་ཞིག་ཡིན། གང་གི་ཕྱིར་ཕྱི་རོལ་པ་དང་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་རྣམས་ཀྱི་ཡང་དེའི་ངོ་བོར་སྟོན་པ་ཡིན་ཏེ། ཐ་སྙད་དུ་འདོགས་པའི་སྐྱེ་བོའི་ངེས་པས་དེའི་མིག་ཉིད་ཀྱིས་ཉེ་བར་འཇོག་པ་མ་ཡིན་ནམ་ཞེ་ན། འདིར་
བརྗོད་པར་བྱ་སྟེ། ཁྱད་པར་དུ་བྱ་བ་ནི་འདི་ཡིན་ཏེ། གང་དེ་རྣམས་ཕྱི་དང་རྣམ་པར་ཤེས་པའི་ངོ་བོར་རང་གི་ངོ་བོ་མེད་བཞིན་དུ་ཡོད་པར་རྟོགས་པ་ཡིན་ལ། སྟོང་པ་ཉིད་དུ་སྨྲ་བ་རྣམས་ཀྱི་ནི་སྟོང་པ་ཉིད་ལ་སོགས་པའི་ཚུལ་ཡང་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ། །དེ་བས་ན་དེ་རྣམས་ཀྱི་ནི་རང་གི་ངོ་བོ་ཉིད་ཡོད་པར་སྨྲ་བ་ཉིད་ཡིན་ལ། སྟོང་པ་ཉིད་དུ་སྨྲ་བ་རྣམས་ཀྱི་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པ་ཡིན་པས་ཤིན་ཏུ་ཁྱད་པར་ཆེ་བ་ཡིན་ནོ། །དྲིས་པ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ཡང་དངོས་པོ་མེད་པར་སྨྲ་བ་ཉིད་ཡིན་ཏེ། དེ་ཡང༌། འདི་དག་རྣམ་པར་རིག་ཙམ་ཞེས། །དེ་སྙམ་དུ་ནི་དམིགས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ནི་ཙམ་ལ་མི་གནས་སོ། །ནམ་ཞིག་ཤེས་པས་དམིགས་པ་རྣམས། །མི་དམིགས་དེ་ཡི་ཚེ་ན་ནི། །རྣམ་པར་རིག་བ་ཙམ་ལ་གནས། །གཟུང་བ་མེད་པས་དེ་འཛིན་མེད། །ཅེས་བཤད་པ་ཡིན་ནོ་ཞེ་ན། བདེན་མོད་ཀྱི་འདི་ནི་བརྟགས་པ་བཀག་པ་ཡིན་གྱི་དེ་རྣམས་ཡོངས་སུ་གྲུབ་པ་ནི་རྣམ་པར་ཤེས་པ་ལ་སོགས་པའི་སྤྲོས་པ་དང་བྲལ་བའི་རང་གི་ངོ་བོར་ཡང་ཡོད་དོ་ཞེས་ཁས་འཆེ་བ་ཡིན་ནོ། །ཅི་དེ་ལྟ་བུའི་རྣམ་པ་ཡང་མེད་དམ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ནོ། །དྲིས་པ། དེ་ཡང་མེད་པར་བཀག་ན་ནི་མྱ་ངན་ལས་འདས་པ་མེད་པར་བཀག་པར་འགྱུར་བས་ཤིན་ཏུ་ཆད་པར་སྨྲ་བ་ཅན་ཉིད་དུ་འགྱུར་རོ། །དེ་ཡང༌། བསམ་དུ་མེད་ཅིང་དམིགས་མེད་འདི། །དེ་ནི་འཇིག་རྟེན་འདས་ཡེ་ཤེས། །གནས་ངན་ལེན་གཉིས་སྔགས་པ་ལས། །གནས་ནི་ཡོངས་སུ་གྱུར་པ་ཡིན། །དེ་ཉིད་ཟག་པ་མེད་པའི་དབྱིངས། །བསམ་མི་ཁྱབ་དགེ་མི་ཟད་པ། །བདེ་བ་རྣམ་པར་རོལ་སྐུ་འདི། །ཐུབ་ཆེན་ཆོས་སུ་བཤད་པ་ཡིན། །ཁོ་བོ་ཅག་མྱ་ངན་ལས་འདས་པའི་ངོ་བོ་ཉིད་མེད་དོ་ཞེས་ནི་སྨྲ་བ་མི་བྱེད་ཀྱི་གཞན་དུ་ན་དེ་ཡོད་མོད་ཀྱི། མེད་དོ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པར་སྒྲོ་འདོགས་པར་བྱེད་པ་འགེགས་པ་ཡིན་ནོ། །དེ་ཡང་བསྟན་བཅོས་ལས། བློ་ཆུང་གང་ཞིག་ཡོད་བ་དང༌། །མེད་པ་ཉིད་དུ་མཐོང་གྱུར་པ། །དེས་ནི་སྤྲོས་པ་ཉེར་བཞི་བའི། །བསྒོམ་པ་མཐོང་བར་མི་འགྱུར་རོ། །ཞེས་བཤད་པ་དང༌། དེ་བཞིན་དུ། གལ་ཏེ་མྱ་ངན་འདས་དངོས་ཡིན། །
མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་གང་དང་གང་ན་ཡང༌། །འདུས་མ་བྱས་པ་ཡོད་མ་ཡིན། །དྲིས་པ། ཡོད་པ་དང་མེད་པ་ཉིད་བཀག་པས་དོན་གྱི་དབང་གིས་མེད་པ་ཉིད་དུ་བསྟན་པར་འགྱུར་ཏེ། གཉི་ག་བཀག་པས་གཞན་དག་ཡོད་པ་མ་ཡིན་ནོ། །ཅི་གཉིས་པོ་བཀག་པས་གཉིས་སུ་མེད་པའི་རང་བཞིན་ཅན་གྱི་དེ་ཁོ་ན་ཉིད་ཀྱང་མེད་དམ། དེ་ཁོ་ན་ཉིད་གཉིས་སུ་མེད་པའི་ངོ་བོར་ག་ལ་ཡོད་དེ་མེད་དོ། །དེ་ལྟར་ན་ནི་མེད་པ་དེ་ཡང་མེད་དོ། །དྲིས་པ། ཡོད་པ་བཀག་ན་མེད་པ་ཅིའི་ཕྱིར་མེད། དེ་ཁོ་ན་ཉིད་ནི་འགེགས་པ་མ་ཡིན་ནོ། །དེ་ལྟ་ན་ནི་དགག་པ་མེད་པས་ཡོད་པར་གྲུབ་པོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ནོ། །དྲིས་པ། འདི་ནི་ཕན་ཚུན་འགལ་བ་ཡིན་ན་དེ་ཁོ་ན་ཉིད་ཇི་ལྟར་མ་བཀག །དེ་ཡང་འདིར་སྨྲས་པ། གལ་ཏེ་དེ་ཉིད་ལས་མི་ལྡོག །འཇུག་པ་ཡོད་པ་འདོད་དམ་ཅི། །དེ་ཡང་འགེགས་པར་མི་བྱེད་ན། །ལྡོག་པ་ཅི་ཕྱིར་འགེགས་པར་བྱེད། །འོན་ཏེ་དེ་ཁོ་ན་ཉིད་ནི་བརྗོད་དུ་མེད་པའི་རང་བཞིན་ཅན་ཡིན་ནོ་ཞེ་ན། དེས་ན་འདི་ཐལ་ཆེས་པར་འགྱུར་རོ། །དེ་ནི་མ་ཡིན་ཏེ། ཡོད་བཞིན་དུ་ལས་ཇི་ལྟར་ཡང༌། །བརྗོད་མེད་ཡོད་པ་མ་ཡིན་ནོ། །དེས་ན་ནུས་པ་དང་བྲལ་ཏེ། །དེ་ཕྱིར་དངོས་པོ་མེད་པའང་ཡིན། །གཞན་ཡང༌། གང་དུ་བཀག་པ་ཉིད་མེད་པ། །དེ་ཉིད་དགག་པ་མེད་པར་འཆད། །དེ་བས་མེད་པར་དེ་བརྗོད་ཀྱིས། །ངོ་མཚར་རུང་བའི་ལྟ་འདི་སྤངས། །དེ་བས་ན་གཅིག་ཏུ་བཀག་པས་ངེས་པར་མཐའ་དག་གཞན་དག་ཀྱང་བཀག་པ་ཡིན་ནོ། །ཅི་སྒྲོ་བཏགས་པ་ལས་ལྡོག་བཙམ་ཉིད་དེ་དེ་ཁོ་ན་ཉིད་ཡིན་པར་ཐལ་བར་མི་འགྱུར་རམ་འདིར་བརྗོད་པར་བྱ་སྟེ། ཁྱེད་ནི་ཕྱིར་རྒོལ་བ་ཙམ་ཤེས་ཀྱི་ཡུལ་ཡང་དག་པར་ཤེས་པ་ནི་མ་ཡིན་ཏེ། དེ་ཡང་གང་གི་ཕྱིར། འདི་ནི་མཐའ་གཉིས་ཡོད་པར་སྨྲ་བ་ལ། །ཡོད་པ་ཐམས་ཅད་ངེས་པར་འཇིག་འགྱུར་གྱི། །མཐའ་གཉིས་སྨྲ་བཟློག་པར་བྱེད་པ་ལ། །དེ་ལ་བརྟེན་པ་མ་ལུས་ཟད་པར་འགྱུར། །མཐའ་གཉིས་སུ་སྨྲ་བ་ཁས་ལེན་པ་རྣམས་ཀྱིས་ནི་དེ་ལས་མཐའ་གཅིག་བཀག་ན་ངེས་པར་མཐའ་གཉིས་པར་ལྟུང་བར་ཐལ་བར་འགྱུར་གྱི། མཐའ་གཉིས་སུ་སྨྲ་བ་སེལ་བ་རྣམས་ནི། སྒྲོ་བཏགས་པ་མ་ལུས་པ་དང་བྲལ་བ་ཉིད་དུ་ཁས་བླངས་པ་
ལ་ཉེས་པ་གང་ཡང་རུང་བ་འདི་དག་ག་ལ་ཡོད། དེ་ཡང༌། བྱང་ཆུབ་ལ་གནས་དམ་བཅས་དང༌། །སྤྱོད་དང་སེམས་ནི་ཡོད་མིན་ཏེ། །དོན་གྱིས་གང་ཞིག་མེད་གྱུར་པ། །དེ་ལ་མེད་ཅེས་ཇི་སྐད་བཤད། །ཡོད་པ་སུན་འབྱིན་གྱུར་འདི་ལ། །དོན་གྱིས་མེད་པར་གྲངས་གྱུར་ན། །མེད་ཉིད་སུན་འབྱིན་པ་ཉིད་ཀྱིས། །ཡོད་པ་ཉིད་དུ་ཅིས་མི་འདྲེན། །ཞེས་བྱ་བ་དང༌། དེ་བཞིན་དུ། ཡོད་དང་མེད་དང་ཡོད་མེད་མིན། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཀླན་ཀ་རིང་པོས་ཀྱང༌། །སྨྲ་བར་ནུས་པ་མ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཁོ་ན་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་ཡིན་གྱི་སྟོང་པ་ཉིད་སྤྲོས་པ་མ་ཡིན་ལ། སྤྲོས་པ་མེད་པ་ཁོང་དུ་ཆུད་པ་ནི་ཤེས་རབ་ཡིན་ནོ་ཞེས་བྱ་བར་གནས་སོ། །ཐབས་གང་ཞིག་ཡིན་ཞེས་བྱ་བ་འདིར་བརྗོད་པར་བྱ་སྟེ། ཐབས་ནི་བྱང་ཆུབ་སེམས་དཔའ་ཡི། །འགྲོ་ལ་སྙིང་རྗེ་ཆེན་པོ་སྟེ། །དེ་ཡང་དམིགས་པའི་དབྱེ་བ་ཡིས། །རྣམ་པ་གསུམ་དུ་འགྱུར་བ་ཡིན། །ཞེས་བྱ་བའོ། །དེ་ལ་ཐབས་ནི་བཅོམ་ལྡན་འདས་ཡུམ་སྙིང་རྗེ་ཆེན་པོ་ཡིན་ལ། དམིགས་པའི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་ཏེ། དེ་ལ་སེམས་ཅན་ལ་དམིགས་པ་ནི་གང་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དང༌། འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་ཉིན་རེ་ཞིང་ཡོངས་སུ་གདུངས་པའི་སེམས་ཅན་ལ་དམིགས་ཏེ་སྐྱེ་བའོ། །ཆོས་ལ་དམིགས་པ་ནི་གང་སྐད་ཅིག་མ་རེ་རེ་ཞིང་མི་རྟག་པའི་ཕོངས་པ་ཉིད་དུ་ཀུན་དུ་ལྟུང་བའི་ཆོས་ཐམས་ཅད་ལ་དམིགས་ནས་སྐྱེ་བའོ། །དམིགས་པ་མེད་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པ་དམིགས་པ་མེད་པར་བསྒོམ་པ་ལས་བྱུང་བའོ། །ཇི་ལྟར་ན་དེ་དག་བསྒོམ་པ་དང་ལྷན་ཅིག་གམ་ཐ་དད་ཅེ་ན། དེ་བརྗོད་པར་བྱ་སྟེ། ཤེས་རབ་ཐབས་བདག་ཅན་དེ་ཉིད། །དབྱེར་མེད་བཞིན་དུ་གཅིག་ཉིད་དེ། །དེ་བཞིན་དེ་ཡི་བསྒོམ་པ་ནི། །གོམས་པ་ཐ་དད་གྱུར་པ་ཡིན། །དམིགས་པ་མེད་པའི་སྙིང་རྗེ་བསྒོམ་པའི་གནས་སྐབས་སུ་ནི་ཐབས་དང་ཤེས་རབ་དེའི་བདག་ཉིད་ཡིན་གྱི་སྙིང་རྗེ་ཅིག་ཤོས་བསྒོམ་པའི་གནས་སུ་མ་ཡིན་ཏེ། དེ་དངོས་པོའི་ངོ་བོ་ཉིད་ལ་དམིགས་པ་ཉིད་ཀྱིས་སྤྲོས་པ་མེད་པས་ཤེས་རབ་ཀྱི་རང་བཞིན་དང་གཅིག་པ་ཡིན་པར་མི་འཐད་དོ། །དེ་བས་ན་བདག་ཉིད་
དུ་བསྒོམས་པས་ལྷན་ཅིག་བསྒོམས་པ་ཉིང་ཐབས་དང་ཤེས་རབ་ཀྱི་ཐ་སྙད་ཀྱིས་དབྱེ་བར་ཡང་རྣམ་པར་གཞག་པར་བྱས་པ་དེ་ལྟར་སྔར་བསྟན་པ་དང་ཕྱིས་སྟོན་པར་འགྱུར་རོ། །ཡང་དམིགས་པ་མེད་པའི་སྙིང་རྗེ་སྒོམ་པའི་གནས་སྐབས་སུ་ཐ་བས་དང་ཤེས་རབ་དེའི་བདག་ཉིད་ཅན་དུ་བསྒོམ་པར་ཇི་ལྟར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། དངོས་ཀུན་རང་བཞིན་བདག་ཉིད་དུ། །རྣལ་འབྱོར་སྙིང་རྗེ་ཅན་གྱུར་པ། །བསྒོམ་པའི་རིམ་པ་ཕྱི་ནས་ནི། །ཕྱག་རྒྱ་ཆེ་བདག་ཉིད་ཅན་འགྱུར། །རྣལ་འབྱོར་པ་བསྒོམ་པའི་རིམ་པ་ཉིད་ལས་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་དུ་གྱུར་ནས་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་དུ་འགྱུར་རོ། །དེའི་འོག་ཏུ་ནི་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན་དུ་འགྱུར་རོ་ཞེས་བྱ་བའི་མདོར་བསྡུས་པ་ཡིན་ནོ། །དེ་ལ་ཐབས་དང་ཤེས་རབ་དེའི་བདག་ཉིད་དུ་བསྒོམ་པའི་མན་ངག་ནི་འདི་ཡིན་ཏེ། དང་པོར་རེ་ཞིག་རྣལ་འབྱོར་པས་རང་གི་ལྷག་པའི་ལྷའི་རྣལ་འབྱོར་དུ་སྐད་ཅིག་མ་ཉིད་ཀྱིས་བསྐྱེད་ལ་རིམ་པ་འདིས་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བདག་ཉིད་བསྒོམ་པར་བྱའོ། །དེ་ལ་བདག་ཉིད་གཏི་མུག་གི་ངོ་བོ་ཉིད་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཡིན་པས་ན་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་གཟུགས་ཀྱི་ཕུང་པོའི་རང་བཞིན་ཅན་ནོ། །བདག་ནི་ང་རྒྱལ་དང༌། འདོད་ཆགས་དང༌། ཕྲག་དོག་དང༌། ཞེ་སྡང་གི་ངོ་བོ་ཉིད་རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་དང༌། དོན་ཡོད་པར་གྲུབ་པ་དང༌། མི་བསྐྱོད་པའི་བདག་ཉིད་ཅན་ཡིན་པས་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོའི་བདག་ཉིད་ཅན་ནོ། །དེ་ལྟར་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་ནས་སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་མངོན་སུམ་དུ་བྱས་ལ། དངོས་པོ་དང་དངོས་བོ་མེད་པ་དང་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་ལ་སོགས་པའི་ཡིད་ལ་བྱེད་པ་སྤངས་ཏེ་ཐམས་ཅད་ལས་སེམས་ཡང་དག་པར་བསྡུས་ལ་ཅུང་ཟད་ཀྱང་མི་བསམ་པར་བྱའོ། །དེ་ལྟར་ན་ཅི་ལ་ཡང་མི་སེམས་པའི་རྣལ་འབྱོར་པ་སྔོན་ཆད་ཡུན་རིང་དུ་བླ་མ་སྟེན་པར་བྱེད་པ་ལས་གང་བླ་མའི་དྲིན་གྱིས། བཅོམ་ལྡན་འདས་ཡུམ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བར་འགྱུར་ཏེ། ཚད་མས་གཞལ་བ་དང༌། གཞལ་བར་བྱ་བའི་འབྲས་བུའི་རྣམ་པར་དབྱེ་བ་ལས་ཡང་དག་པར་ལྡོག་བས་རང་སྣང་བའི་ངོ་བོ་ཉིད་དང༌། སྤྲོས་པ་མེད་པ་ཉིད་ཀྱིས་སྤྲོས་པའི་བདག་ཉིད་ཅན་གྱི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཅན་དང་བྲལ་བས་མཆོག་ཏུ་དགའ་བའི་བདག་ཉིད་ཅན་མེ་ལོང་ལྟ་བུའི་སྦྱོར་བས་ཡང་དག་པར་རྟོགས་ལ། དེའི་མཐུས་ཀྱེ་མའོ་གཏི་མུག་གི་མཐུ་གང་གིས་སེམས་ཅན་འདི་རྣམས་མྱ་ངན་ལས་འདས་པའི་བདག་ཉིད་ཅན་ཡིན་དུ་ཟིན་ཀྱང་བདག་ཉིད་ཀྱིས་མི་ཤེས་ན། ཇི་ལྟར་ན་འདི་བདག་གིས་ཁོང་དུ་ཆུད་པར་བྱ་ཞས་རྣམ་པར་བསམས་ནས་དེའི་བདག་ཉིད་ཅན་དུ་སེམས་ཅན་ཐམས་ཅད་བསམས་ན་དམིགས་སུ་མེད་པའི་སྙིང་རྗེ་གང་ཡིན་པ་དེས་སྐྱེ་བར་འགྱུར་ལ། དེའི་བདག་ཉིད་ཅན་གྱི་རང་ཉིད་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བསམ་པར་བྱའོ། །དེ་ནས་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་བསྒོམ་པ་སྟོབས་སུ་གྱུར་ནས་དེའི་འོག་ཏུ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་དུ་རང་ཉིད་བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་མིང་གཞན་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དེའི་བདག་ཉིད་ཀྱི་ཐ་མི་དད་པའི་ངོ་བོ་ཉིད་དུ་ཆུ་དང་འོ་མ་ལྟར་གཅིག་ཏུ་འདྲེས་པར་གྱུར་པ་བལྟ་བར་བྱའོ། །གང་གི་ཚེ། དེ་ལྟར་གྱུར་བ་དེ་ཡི་ཚེ། །དེ་ཡི་བདག་ཉིད་ཅན་བསྒོམ་པ། །དེ་ཉིད་ཡོངས་སུ་གསལ་བར་འགྱུར། །དེས་ན་རྣལ་འབྱོར་འདི་རྒྱས་པས། །བསོད་ནམས་ཀུན་གྱི་རང་བཞིན་གསུངས། །ཞེས་པ་སྟེ། རྣལ་འབྱོར་འདི་གནས་སྐབས་དེར་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་གཉིས་སུ་མེད་པའི་རང་བཞིན་ཅན་ཡིན་པས་ན་བསོད་ནམས་ཐམས་ཅད་ཀྱི་རང་བཞིན་ཅན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་རྡོ་རྗེའི་བདག་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངོ་བོ་ཉིད་ཡིན་ལ། དེ་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །གོང་མ་དེ་དག་ནི་སྒྲོ་བཏགས་པའི་ངོ་བོ་ཉིད་ཙམ་དུ་ཟད་པས་ན་དེ་ཁོ་ན་ཉིད་ནི་མ་ཡིན་ནོ་ཞེས་རྟོག་ན། དེ་ནི་མ་ཡིན་ཏེ། གད་གི་ཕྱིར་སྒྲོ་བཏགས་པ་འདི་ནི་ཕྱི་རོལ་ཏེ། རང་གི་ངོ་བོ་
ཉིད་མཚན་ཉིད། །དེ་བས་རྣལ་འབྱོར་ཤེས་དེའི་བདག །རང་ཉིད་ཀུན་གྱི་རང་བཞིན་གཙོ། །ཞེས་པ་སྟེ། ཕྱི་རོལ་གྱི་ཤེས་པ་སྒྲོ་བཏགས་པ་ཡིན་གྱི་རང་གི་ངོ་བོ་ཉིད་མ་ཡིན་ནོ། །ཡང་ཅི་སྐད་དུ། སྒྲ་དོན་འཛིན་བྱེད་གང་གང་དུ། །ཤེས་དེ་དེར་ནི་བཏགས་པ་ཡིན། །རང་གི་ངོ་བོ་སྒྲ་དོན་མིན། །དེར་ནི་མ་ལུས་མངོན་སུམ་ཡིན། །དེ་བས་ན་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་གཉིས་སུ་མེད་པའི་རྣལ་འབྱོར་པ་ནི་རང་རིག་པའི་མངོན་སུམ་གྱི་ཚད་མ་ཡིན་པར་གྲགས་པས་སྒྲོ་བཏགས་པ་ཙམ་མ་ཡིན་ནོ། །གཞན་ཡང༌། སྤྲོས་པ་མེད་ཅིང་སྣང་བ་མེད། །ཐབས་ཤེས་གཉིས་མེད་བདག་ཅན་གཙོ། །རྣལ་འབྱོར་པ་དེ་སྤྲོས་བདག་གམ། །སྒྲོ་བཏགས་པ་ནི་ཇི་ལྟར་འགྱུར། །གལ་ཏེ་གནས་སྐབས་དེ་གནས་ཡོངས་སུ་གྱུར་པའི་རྣལ་འབྱོར་པ། སྤྲོས་པ་མེད་པའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་རང་རིག་པར་གྲགས་པར་གྱུར་པ་དེ་ལ་སྤྲོས་པའི་རང་བཞིན་གྱི་སྒྲོ་བཏགས་པ་གང་ཅི་ཡང་རུང་བ་དེ་དག་ཅི་ལྟར་ཡོད་དེ། དེ་ཡང༌། ཤེས་རབ་ཐབས་དངོས་ཞི་བ་འདི། །དེ་ཉིད་མཆོག་ཏུ་བཤད་པ་སྟེ། །འདི་ཉིད་གཉིས་མེད་ཡེ་ཤེས་ཏེ། །བྱང་ཆུབ་སེམས་མཆོག་འདི་ཡིན་ནོ། །ཀུན་རྟོག་ཐམས་ཅད་རྣམ་སྤངས་པས། །གནས་ནི་ཡོངས་སུ་གྱུར་པ་ཡིན། །འདི་ནི་འཇིག་རྟེན་འདས་ཡེ་ཤེས། །ཐུབ་པ་ཆེན་པོའི་ཆོས་སྐུ་ཡིན། །རྡོ་རྗེ་རྡོ་རྗེ་སེམས་དཔའ་འདི། །སངས་རྒྱས་བྱང་ཆུབ་བླ་མེད་ཡིན། །རྣལ་འབྱོར་ཀུན་དང་ལྷག་རྣལ་འབྱོར། །རྣལ་འབྱོར་འདི་ནི་བླ་ན་མེད། །ཤིན་ཏུ་གཙོ་འགྱུར་རྣལ་འབྱོར་འདི། །དེ་ཉིད་བསྡུས་པར་ངེས་མཛད་ལ། །དམ་ཚིག་ཆེན་པོའི་རྒྱུད་དང་ནི། །དཔལ་ལྡན་རྡོ་རྗེ་རྩེ་མོ་དང༌། །ཐེག་ཆེན་མངོན་པར་རྟོགས་པ་དང༌། །དཔལ་ལྡན་རྫོགས་སངས་འདུས་མཛད་དང༌། །དཔལ་མཆོག་དང་པོའི་རྒྱུད་དད་ནི། །དཔལ་ལྡན་རྡོ་རྗེ་བདེ་ཆེན་དང༌། །དཔལ་ལྡན་འདུས་པའི་རྒྱུད་དུ་ནི། །རྣལ་འབྱོར་འདི་ནི་བླ་མེད་པར། །དངོས་གྲུབ་ཐམས་ཅད་སྒྲུབ་མཛད་པའི། །ཐུགས་ཀྱི་རྡོ་རྗེར་གསུངས་པ་ཡིན། །གང་འདིར་རྒྱལ་བའི་སྲས་པོ་རྣམས། །ཕྱིན་ཅི་ལོག་ལས་འདས་གྱུར་པ། །དེ་ནི་རིང་པོ་མི་ཐོགས་པར། །འཇིག་རྟེན་གསུམ་ལས་སངས་རྒྱས་འགྱུར། །ཅེས་གསུངས་པ་
དང། རྣལ་འབྱོར་པ་ནི་སྒྲོ་བཏགས་དང༌། །སྐུར་མཐའ་གང་དང་གང་དག་གི །དབྱེ་བ་དེ་དང་དེར་བརྟེན་པ། །དེ་ཉིད་ཚུལ་དུ་ལྡོག་པ་ཡིན། །དེ་དང་དེ་ཚུལ་ལ་གནས་པ། །ཀུན་མཁྱེན་ཡེ་ཤེས་དངོས་རང་ཉིད། །རྫོགས་པའི་བྱང་ཆུབ་སེམས་དཔའི་བདག །ཕ་རོལ་ཕྱིན་ཀུན་རང་བཞིན་ཅན། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་དེ་སྒྲོ་བཏགས་པ་མ་ལུས་པ་ལས་ལྡོག་པས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རང་བཞིན་ཅན་གྱི་དཀྱིལ་འཁོར་བའི་ལྷ་རྣམས་ཀྱི་བདག་ཉིད་ཅན་དང༌། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རང་བཞིན་དུ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་འདོད་ཆགས་ལ་སོགས་པའི་དྲི་མ་མ་ལུས་པ་དང་བྲལ་བ་ཉིད་དེ་ཉིད་དེ་ལས་གཞན་པའི་ཁྱད་པར་ཅན་གྱི་རྒྱུར་གྱུར་པ་ཉིད་ཀྱིས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང༌། དབྱེ་བ་མ་ལུས་པ་དང་བྲལ་བའི་རང་བཞིན་ཉིད་ཀྱིས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང༌། ཕྱིན་ཅི་ལོག་མ་ལུས་པ་དང་བྲལ་བའི་རང་བཞིན་ཉིད་ཀྱིས་ན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང༌། འགྲོ་བ་མ་ལུས་པའི་ཕྲན་པ་བསྐྱེད་པའི་རྒྱུར་གྱུར་བས་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང༌། གཟུང་བ་དང༌། འཛིན་པ་རྣམ་པ་གཉིས་དང་བྲལ་བས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་ནོ། །དེ་བས་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་ཅན་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཡང་དེ་ཉིད་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ། །དེ་ཉིད་ནི་ཉེ་བར་དམིགས་པ་རྣམས་ལས་ལྡོག་པས་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རྡོ་རྗེ་སེམས་མའོ། །མཚན་མ་མ་ལུས་པ་ལས་ལྡོག་ཅིང་མཚན་མ་མེད་པའི་བདག་ཉིད་ཅན་ཡིན་པས་རིན་ཆེན་སེམས་མའོ། །ལོག་པའི་སྨོན་ལམ་ལས་ལོག་ཅིང་སྨོན་པ་མེད་པའི་བདག་ཉིད་ཅན་ཡིན་པས་ན་ཆོས་ཀྱི་སེམས་མའོ། །ཕྱིན་ཅི་ལོག་གི་མངོན་པར་འདུ་བྱེད་པ་ལས་ལྡོག་ཅིང་མངོན་པར་འདུས་མ་བྱས་པའི་བདག་ཉིད་ཅན་ཡིན་པས་ན་ལས་ཀྱི་སེམས་མ་སྟེ། རྡོ་རྗེ་སེམས་མ་ལ་སོགས་པ་རིགས་ཀྱི་ཡུམ་བཞི་ནི་གོ་རིམས་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བཞིའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དེ་
ཉིད་ནི་སྣོད་ཀྱི་འཇིག་རྟེན་གྱི་མཐར་རྟོག་པ་ལས་ལོག་ཅིང་ཆེན་པོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་གྱུར་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྒྱུར་གྱུར་པས་རྡོ་རྗེ་སེམས་དཔའོ། །མིག་ལ་སོགས་པ་ལ་ཉེ་བར་དམིགས་པ་ལས་ལྡོག་ཅིང་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་གྱུར་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱི་འགུགས་པའི་རྒྱུར་གྱུར་པས་རྡོ་རྗེ་རྒྱལ་པོའོ། །གཟུགས་ལ་སོགས་པ་ཉེ་བར་དམིགས་པ་ལས་ལྡོག་པས་ཕྱི་སྟོང་པའི་བདག་ཉིད་ཅན་དུ་གྱུར་པ་དང༌། བཀུག་པ་རྣམས་ཀྱི་རྗེས་སུ་ཆགས་པའི་རྒྱུར་གྱུར་པས་རྡོ་རྗེ་ཆགས་པའོ། །ཕྱི་དང་ནང་གི་སྐྱེ་མཆེད་དང་ལུས་དང་གནས་སུ་ཉེ་བར་དམིགས་པ་ལས་ལྡོག་པས་ཕྱི་དང་ནང་གི་སྟོང་པའི་བདག་ཉིད་དུ་གྱུར་པ་དང༌། ཆགས་པ་མེད་པའི་སེམས་ཅན་རྣམས་ཀྱི་ཡིད་བདེ་བ་སྐྱེད་པའི་རྒྱུར་གྱུར་པས་རྡོ་རྗེ་ལེགས་པའོ། །མིང་དང་གཟུགས་ལ་སོགས་པའི་བག་ཆགས་ཀྱི་གནས་ཡོངས་སུ་གྱུར་པ་ཉིད་ཀྱིས་མེ་ལོང་ལྟ་བུའི་ཡེ་ཤེས་དེའི་རྐྱེན་དུ་གྱུར་པ་ཆེན་པོ་སྟོང་པ་ཉིད་ལ་སོགས་པ་བཞི་པོའི་ངོ་བོ་ཉིད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡིན་ནོ། །སྟོང་པ་ཉིད་དུ་ཉེ་བར་དམིགས་པ་ལས་ལྡོག་པས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། བྱང་ཆུབ་ཀྱི་སེམས་མངོན་པར་འཕེལ་བ་རྣམས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བའི་རྒྱུར་གྱུར་པས་ན་རྡོ་རྗེ་རིན་ཆེན་ནོ། །དོན་དམ་པར་ཉེ་བར་དམིགས་པ་ལས་ལྡོག་ཅིང༌། དོན་དམ་པ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། དབང་བསྐུར་བ་རྙེད་པ་རྣམས་ལ་མི་འཇིགས་པ་རབ་ཏུ་སྦྱིན་པའི་མཚན་ཉིད་ཅན་གྱི་གཟི་བརྗིད་ཀྱི་རྒྱུར་གྱུར་པས་ན་རྡོ་རྗེ་གཟི་བརྗིད་དོ། །འདུས་བྱས་པའི་བསོད་ནམས་ཀྱི་ཚོགས་སུ་ཉེ་བར་དམིགས་པ་ལས་ལྡོག་པས་འདུས་བྱས་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། གཟི་བྱིན་ཐོབ་པ་རྣམས་ལ་བྱམས་པའི་མཚན་ཉིད་ཅན་གྱི་མཚན་མའི་རྒྱུར་གྱུར་པས་ན་རྡོ་རྗེ་དབལ་ལོ། །འདུས་མ་བྱས་པའི་བྱང་ཆུབ་ཀྱི་ཚོགས་ཀྱི་ཉེ་བར་དམིགས་པ་ལས་ལྡོག་པས་འདུས་མ་བྱས་པའི་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། བྱམས་པའི་རྒྱལ་མཚན་བསྒྲེང་བའི་མཚན་མ་ཅན་རྣམས་ལ་ཆོས་ཀྱི་སྦྱིན་པ་བླ་ན་
མེད་པའི་རྒྱུར་གྱུར་པས་ན་རྡོ་རྗེ་བཞད་པའོ། །ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་བའི་ངོ་བོ་ཉིད་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། ཇི་སྐད་དུ་བཤད་པའི་དེའི་ཕྱིན་ཅི་ལོག་སྤོང་བའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྐྱེན་དུ་གྱུར་པ་སྟོང་པ་ཉིད་ལ་སོགས་པ་བཞིའི་ངོ་བོ་ཉིད་ནི་རྡོ་རྗེ་རིན་པོ་ཆེ་ལ་སོགས་པ་ཡིན་ནོ། །སྒྲོ་བཏགས་པ་དང་སྐུར་པ་བཏབ་པའི་མཐར་ཉེ་བར་དམིགས་པ་ལས་ལྡོག་པས་ཤིན་ཏུ་སྟོང་པ་ཉིད་དུ་གྱུར་པ་དང༌། ཆོས་ཀྱི་སྦྱིན་པའི་ཡིད་བདེ་བ་དེ་ལ་ཞུགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱུར་གྱུར་པས་ན་རྡོ་རྗེ་ཆོས་སོ། །འཁོར་བར་ཉེ་བར་དམིགས་པ་ལས་ལྡོག་པས་ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། ཏིང་ངེ་འཛིན་རྫོགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཡེ་ཤེས་སྐྱེད་པའི་རྒྱུར་གྱུར་པས་རྡོ་རྗེ་རྣོན་པོའོ། །དགེ་བའི་ཕྱོགས་ཡོངས་སུ་མི་གཏོང་བའི་ཉེ་བར་དམིགས་པ་ལས་ལྡོག་པས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། ཡེ་ཤེས་ཐོབ་པ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྒྱུར་གྱུར་པས་ན་རྡོ་རྗེ་རྒྱུའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ལ་ཉེ་བར་དམིགས་པ་ལས་ལྡོག་པས་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་དུ་གྱུར་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུགས་པ་རྣམས་ཀྱི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ངོ་བོར་ཆོས་སྟོན་པར་རབ་ཏུ་འཇུག་པའི་རྒྱུར་གྱུར་པས་ནི་རྡོ་རྗེ་སྨྲ་བའོ། །རྣམ་པར་རྟོག་པ་གནས་གྱུར་པའི་ངོ་བོ་ཉིད་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཇི་སྐད་དུ་བཤད་པའི་ཕྱིན་ཅི་ལོག་ལས་རྣམ་པར་དབེན་པའི་ངོ་བོ་ཉིད་ཀྱིས་དེའི་འཁོར་དུ་གྱུར་པ་ཤིན་ཏུ་སྟོང་པ་ཉིད་ལ་སོགས་པ་བཞིའི་ངོ་བོ་ཉིད་དུ་གྱུར་པ་ཉིད་ནི་རྡོ་རྗེ་ཆོས་ལ་སོགས་པའི་ངོ་བོ་ཉིད་དོ། །སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཚུལ་གྱིས་ཆོས་ཀྱིས་ཀུ་ཉེ་བར་དམིགས་པ་ལ་སོགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། དོན་དམ་པའི་སྐལ་བ་ཅན་རྣམས་ཀྱི་སྤྲུལ་པའི་མཆོད་པའི་ལས་ཀྱི་རྒྱུར་གྱུར་པས་ན་རྡོ་རྗེ་ལས་སོ། །རང་དང་སྤྱིའི་མཚན་ཉིད་དུ་ཉེ་བར་དམིགས་པའི་མཚན་ཉིད་ལས་ལྡོག་པས་ན་མཚན་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། ལས་ལ་རབ་ཏུ་ཞུགས་པ་རྣམས་ཀྱི་སྤྲུལ་པའི་རྒྱུར་གྱུར་པས་ན་རྡོ་རྗེ་སྲུང་བའོ། །ཉེ་བར་མི་དམིགས་པ་དང༌། ཉེ་བར་དམིགས་པ་
ལས་ལྡོག་པས་ན་མི་དམིགས་པ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། སྲུང་བ་ལ་ཞུགས་པ་རྣམས་ཀྱི་བགེགས་ཉེ་བར་ཞི་བའི་རྒྱུར་གྱུར་པས་ན་རྡོ་རྗེ་གནོད་སྦྱིན་ནོ། །དངོས་པོ་མེད་པ་དང༌། དངོས་པོ་མི་དམིགས་པ་ལས་ལྡོག་པས་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་དུ་གྱུར་པ་དང༌། དེ་ལྟར་བྱ་བ་བྱས་པ་སྒྲུབ་པ་ལ་འཇུག་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བྱེད་པས་དངོས་གྲུབ་ཐམས་ཅད་རྫོགས་པའི་རྒྱུར་གྱུར་པས་ན་རྡོ་རྗེ་ཁུ་ཚུར་རོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་གནས་གྱུར་པའི་ངོ་བོ་ཉིད་ཀྱིས་བྱ་བ་སྒྲུབ་པའི་ཡེ་ཤེས་ཇི་སྐད་བཤད་པའི་ཕྱིན་ཅི་ལོག་རྣམས་ལས་དབེན་པའི་ངོ་བོ་ཉིད་ཀྱི་དེའི་འཁོར་དུ་གྱུར་པས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སོགས་པའི་ངོ་བོ་ཉིད་ནི་རྡོ་རྗེ་ལས་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་སེར་སྣ་དང༌། ཚུལ་ཁྲིམས་འཆལ་བ་དང༌། ཁྲོ་བ་དང་ལེ་ལོ་ལ་སོགས་པ་ཉེ་བར་དམིགས་པ་ལས་ལྡོག་ཅིང་དེའི་གཉེན་པོ་ཉིད་ཀྱིས་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་དུ་གྱུར་པས་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་དེ་ནི་གསང་བའི་མཆོད་པའི་ངོ་བོ་ཉིད་རྡོ་རྗེ་སྒེག་མོ་དང༌། ཕྲེང་བ་མ་དང༌། གླུ་མ་དང༌། གར་མའི་བདག་ཉིད་ཅན་ཏེ། རྡོ་རྗེ་སྒེག་མོ་ལ་སོགས་པ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་འཆལ་པ་དང༌། རྣམ་པར་གཡེང་བ་དང་ལོག་པའི་སྨོན་ལམ་དང༌། ཐབས་མེད་པ་ལས་ལྡོག་པས་ཤེས་རབ་དང༌། བསམ་གཏན་དང༌། སྨོན་ལམ་དང༌། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་དུ་གྱུར་པའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་ནི་ཕྱིའི་མཆོད་པའི་རང་བཞིན་རྡོ་རྗེ་བདུག་པ་དང༌། མེ་ཏོག་དང༌། མར་མེ་དང༌། དྲིའི་ངོ་བོ་ཉིད་ཡིན་ཏེ། རྡོ་རྗེ་བདུག་པ་ལ་སོགས་པ་ནི་རིམ་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཞིའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་ཐེག་པ་ཆེན་པོ་ལ་མངོན་པར་ཡིད་ཆེས་པ་མེད་པ་ལས་ལྡོག་པས་དད་པའི་བདག་ཉིད་ཅན་ཏེ། ཐབས་
ཆེན་པོའི་ངོ་བོ་ཉིད་ཡིན་པས་ན་རྡོ་རྗེ་ལྕགས་ཀྱུའོ། །ཐེག་པ་ཆེན་པོ་ལ་མི་འཇུག་པ་ལས་ལྡོག་ཅིང་བརྩོན་འགྲུས་ཀྱི་བདག་ཉིད་ཅན་གྱི་སྤྱོད་པའི་ངོ་བོ་ཉིད་དུ་གྱུར་པས་ན་རྡོ་རྗེ་ཞགས་པའོ། བརྗེད་ངས་པ་ལ་ཞུགས་པ་ལས་ལྡོག་ཅིང་དྲན་པའི་བདག་ཉིད་ཅན་བར་དུ་གཅོད་པའི་དགོས་པ་ལས་ལྡོག་པའི་བདག་ཉིད་ཅན་ཡིན་པས་ན་རྡོ་རྗེ་ལྕགས་སྒྲོག་གོ །ཆོས་མི་ཤེས་པ་ལས་ལྡོག་པའི་ཏིང་ངེ་འཛིན་གྱི་བདག་ཉིད་ཅན་ཡིན་ཞིང་ཆོས་ཐམས་ཅད་མ་སྐྱེས་པར་སྟོན་པ་ཉིད་དུ་གྱུར་པས་ན་རྡོ་རྗེ་འབེབས་པའོ། །དེས་ན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་ཆེན་པོ་དེ་ཉིད་ནི་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དུ་གྱུར་པས། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྒོ་སྲུང་བཞིའི་ངོ་བོ་ཉིད་ཡིན་ནོ། །གང་ཕྱིར་ཤེས་རབ་ཐབས་བདག་ཅན། །དང་པོའི་སྤྱོར་བའི་རང་བཞིན་འདི། །དེ་ཕྱིར་བྱང་ཆུབ་སེམས་ཀུན་བདག །དཀྱིལ་འཁོར་གྱི་ནི་བདག་པོ་ཡིན། །རྣལ་འབྱོར་པའི་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་པོའི་སྦྱོར་པའི་རང་བཞིན་ཏེ། བྱང་ཆུབ་པའི་བདག་ཉིད་ཅན་གྱི་སེམས་དཔའ་མ་ལུས་པའི་བདག་ཉིད་ཅན་མ་ཡིན་པས་ན་དཀྱིལ་འཁོར་གྱི་རྒྱལ་པོའི་མཆོག་གི་རང་བཞིན་ཅན་ཡིན་ནོ། །དེ་བསྒོམ་པ་ཉིད་ནི་ཏིང་ངེ་འཛིན་གཉིས་བསྒོམ་པ་ཡོངས་སུ་རྫོགས་པ་ཡིན་པར་བལྟ་བར་བྱའོ། །གང་ཕྱིར་ཇི་སྐད་བཤད་སྟོང་པ། །རྣམ་པ་བཅུ་དྲུག་བདག་ཉིད་འདི། །དེས་ནི་བྱམས་སོགས་ཏིང་འཛིན་བདག །བྱང་ཆུབ་སེམས་དཔའི་བདག་ཅན་ཡིན། །འདི་ནི་སྟོང་པ་བཅུ་དྲུག་གི་བདག་ཉིད་ཅན་ཡིན་པའི་ཕྱིར་སྟོང་པ་བཅུ་དྲུག་གི་རང་བཞིན་ཅན་གྱི་ཏིང་ངེ་འཛིན་གྱི་བདག་ཉིད་ཅན་གྱི་བྱང་ཆུབ་སེམས་དཔའ་བཅུ་དྲུག་ཀྱང་ཡིན་ནོ། །དེ་དག་ཀྱང་བྱམས་པ་དང༌། མཐོང་བ་དོན་ཡོད་དང༌། ངན་སོང་ཐམས་ཅད་སྤོང་བ་དང༌། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང༌། སྤོས་ཀྱི་གླང་པོ་དང༌། དཔའ་པར་འགྲོ་བ་དང༌། ནམ་མཁའི་མཛོད་དང༌། ཡེ་ཤེས་ཏོག་དང༌། འོད་དཔག་མེད་དང༌། ཟླ་འོད་དང༌། བཟང་སྐྱོང་དང༌། དྲ་བ་ཅན་
གྱི་འོད་དང༌། རྡོ་རྗེ་སྙིང་པོ་དང༌། བློ་གྲོས་མི་ཟད་པ་དང༌། སྤོབས་པ་བརྩེགས་པ་དང༌། ཀུན་དུ་བཟང་པོའོ། །གང་ཕྱིར་ཐབས་ཆེན་བདག་ཉིད་པས། །འདི་ནི་ཐབས་ཀུན་རང་བཞིན་ཡིན། །དེའི་ཕྱིར་འཇིག་རྟེན་པའི་ཡེ་ཤེས། །ཏིང་འཛིན་ཀུན་བདག་ཉིད་ཅན་ཡིན།། ཚང་ས་པ་ལ་སོགས་པ་ནས་བ་ལང་རྫིའི་བར་དུ་སེམས་ཅན་གང་ཅི་ཡང་རུང་བ་ལ་ཡོད་པའི་ཤེས་པ་འམ། མཉམ་པར་གཞག་པ་གཞན་གྱི་དགོས་པའི་ཐབས་སུ་གྱུར་པ་དེ་ཐམས་ཅད་དེ་ཉིད་དུ་དེའི་ཡིན་ཏེ། ཐབས་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །གང་ཚེ་ཡད་དག་བཤད་པའི་རིམ་པ་ཡིས། །རྣལ་འབྱོར་པ་ནི་མཉམ་པར་གཞག་གྱུར་པ། །དེ་ཚེ་དེ་ནི་མགོན་རྟོག་མི་མངའ་ཡང༌། །ཇི་སྲིད་ཇི་སྐད་བཤད་པ་ཉིད་དུ་བཞེད། །དེ་ལྟར་ན་རེ་ཞིག་རྣལ་འབྱོར་པ་གང་གི་ཚེ་རྣལ་འབྱོར་པ་སྤྲོས་པ་མེད་པའི་ཤེས་རབ་དང༌། ཐབས་ཀྱི་རྣལ་འབྱོར་གྱི་བདག་ཉིད་ཅན་ཡིན་པ་དེའི་ཚེ་ཐམས་ཅད་མཁྱེན་པའི་རང་བཞིན་ཅན་ཏེ། དཀྱིལ་འཁོར་པའི་ལྷ་མ་ལུས་པའི་བདག་ཉིད་ཅན་དང༌། ཕ་རོལ་ཏུ་ཕྱིན་པ་མ་ལུས་པའི་རང་བཞིན་དུ་མགོན་པོས་ཡང་དག་པར་འཇོག་པར་མཛད་དོ། །གང་ཚེ་དེ་ནི་རྣལ་འབྱོར་དེ་ལས་ལངས་གྱུར་ཀྱང༌། །དེ་ཚེའང་དེ་ཉིད་དུ་ན་དེ་བཞིན་ཉིད་བདག་ཅན། །སྤྱོད་ལམ་མ་ལུས་པར་རྟོགས་པ་ཡི་ལངས་པ་དག །བདག་ཉིད་ལུས་ནི་ཀུན་ནས་རྣམ་པར་བསྒོམ་པར་བྱ། །དེ་ཚེའང་ཀུན་ལ་ཀུན་དུ་རྣམ་པར་གནས། །ཇི་སྐད་བཤད་པའི་དེ་ཉིད་བདག་ཉིད་ཅན་དུ་འདོད། །དེ་བས་གནས་སྐབས་གཉིས་དང་ཡང་དག་ལྡན་བདག་ཉིད། །རྒྱལ་བ་མགོན་པོ་ཅི་འདྲ་དེ་ལྟ་ཉིད་དུ་འདོད། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་མངོན་སུམ་དུ་བྱེད་པའི་གནས་སྐབས་དང༌། ལྷག་པར་མོས་པའི་གནས་སྐབས་ཏེ། མིང་གཞན་དུ་ན་མཉམ་པར་མ་བཞག་པའི་སྦྱོར་བ་ཞེས་བྱ་བ་དང་ལྡན་པའི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པའི་རྡོ་རྗེ་སློབ་དཔོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངོ་བོ་ཉིད་དུ་བསྟན་ཏོ། །དེ་ཡང་འཕགས་པ་གསང་བ་འདུས་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བ་འདུས་པར་མངོན་པར་
རྟོགས་པའི་སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བགྱི། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་སུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་ནི་བྱང་ཆུབ་ཀྱི་སེམས་དང་མཉམ་ཞིང་རྣམ་པ་གཉིས་སུ་དབྱེར་མེད་དོ། །རིགས་ཀྱི་བུ་མདོར་བསྟན་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་འཁོད་ཅིང་འཚོ་ལ་སྐྱོང་བ་དེ་དག་ཐམས་ཅད་དུས་གསུམ་དུ་ལྷགས་ནས། སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པས་ཡང་དག་པར་མཆོད་ནས། སངས་རྒྱས་ཀྱི་ཞིང་དེར་ཡང་འགྲོ་ཞིང་དེ་དག་རྡོ་རྗེའི་ཡི་གེ་ཡང་འདི་སྐད་དུ་འབྱིན་ཏོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མའོ་ཞེས་བྱ་བ་ནས། བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའོ་ཞེས་བྱ་བའི་བར་དུའོ། །འདི་ལྟ་སྟེ་དཔེར་ན། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུན་ཇི་སྙེད་བཞུགས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པའོ། །སྐྱེ་བའི་གནས་སུ་གྱུར་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་བར་དུའོ་ཞེས་ཇི་སྐད་གསུངས་པ་ཡིན་ནོ། །དེ་ཉིད་ཀྱིས་ན་སྦྱོར་དེ་ལས། །ཤེས་རབ་ཐབས་ཀྱི་རང་བཞིན་གཙོ། །དངོས་གྲུབ་ཐམས་ཅད་ཀུན་འབྱུང་བར། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསུངས། །དེ་ཉིད་ལས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་གང་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ། སྐུ་གསུམ་གྱི་གསང་བ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་སློབ་དཔོན་གྱི་སྐུ་དང་གསུད་དང་ཐུགས་རྡོ་རྗེ་ལ་གནས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་གང་དུ་གནས་
གང་ན་ཡང་མ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཡང་ཤེས་རབ་དང་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་འདི་ཉིད་ནི་དོན་དམ་པ་ཅན་གྱི་གསང་སྔགས་ཀྱི་སྤྱོད་པ་སྟེ། དེ་ཡང་གང་གི་ཕྱིར། ཡེ་ཤེས་དོན་གྱི་ཡིད་ཀྱི་གཟུགས། །སྔགས་ནི་ཡེ་ཤེས་ཡིན་པར་བཤད། །གཉིས་མེད་ཡིད་ནི་སྐྱོབ་པས་ན། །གལ་ཏེ་དེ་ལྟ་ན་ཡང་སྔགས། །སྐད་ཀྱི་དབྱིངས་ལས་མཱ་ན་ཛྙཱ་ནི་ཞེས་པ་དང༌། མཱ་ན་ཨ་བ་བོ་དྷ་ནེ་ཞེས་བྱ་བ་ཡིད་ནི་ཤེས་པ་ལ་བྱ་བའམ། ཡིད་ནི་ཁོང་དུ་ཆུད་པ་ལ་བྱ་བའི་ཕྱིར་དང་གཙོ་བོའི་དོན་དུ་ངེས་པས་ཇི་སྐད་དུ་བཤད་པའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་རང་བཞིན་ཅན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཉིད་ལ་སྔགས་ཞེས་བྱ་བའམ། ཡང་ན་དེ་ལྟ་བུའི་ཡེ་ཤེས་བསྒོམ་པས་སྒྲིབ་པ་རྣམ་པ་གཉིས་སྤངས་ནས་ཀུན་དུ་བཟང་པོ་ཉིད་ཐོབ་པ་ནི་ཡིད་སྐྱོབ་པའི་དོན་གྱིས་དེ་ཉིད་ནི་སྔགས་ཉིད་དེ། དེ་ཉིད་བསྡུས་པའི་རྒྱུད་དུ་ཡང༌། །སེམས་ནི་སོ་སོར་རྟོགས་པ་ཡི། །ཕྱག་རྒྱ་ཆེ་དང་མཉམ་སྤྱོར་བའི། །བསྒོམ་པ་ཉིད་ལ་བྱ་བར་བཤད། །དེ་ཉིད་ཀྱིས་ན་དཔལ་དེ་ཁོ་ན་བསྡུས་པའི་རྒྱུད་ལས་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དབང་དུ་མཛད་ནས་གསུངས་པ་ནི། །རིགས་ཀྱི་བུ་རང་གི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་ཞོག་ལ་རང་བཞིན་གྱིས་གྲུབ་པའི་སྔགས་འདི་ཅི་དགར་ཟློས་ཤིང་བསྒྲུབ་པར་གྱིས་ཤིག་ཅེས་བྱ་བ་ཡིན་ཏེ། འདི་ཡང་ཨོཾ་ལ་སོགས་པ་ཀུན་རྫོབ་ཀྱི་སྔགས་ཡིན་ལ་དེ་བསྒྲུབས་པ་ལས་སེམས་སོ་སོར་རྟོགས་པར་བྱེད་པ་ནི་དོན་དམ་པའི་སྔགས་ཉམས་སུ་ལེན་པ་ཡིན་ལ། སེམས་སོ་སོར་རྟོགས་པ་ཡང་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པ་ཡིན་ནོ། །དེ་བས་ན་གཞོན་ནུ་དོན་ཐམས་ཅད་གྲུབ་པས་ཀྱང་སྔགས་ཉམས་སུ་ལེན་པ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བསྟན་པ་ལས་བསྒྲུབས་ཏེ་སྨྲས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་མཐོང་ལགས་སོ་ཞེས་བྱ་བ་སྟེ། ཡེ་ཤེས་དེ་ཉིད་འདོད་ཆགས་པའི་དྲི་མ་མ་ལུས་
པ་དང་བྲལ་བ་ཉིད་ཀྱིས་འོད་གསལ་བའི་རང་བཞིན་ཅན་ཡིན་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱི་བདག་ཉིད་ཅན་ཉིད་ཀྱིས་འགྲོ་བ་མ་ལུས་པ། ཀུན་དུ་ཚིམ་པར་བྱེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་དང༌། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྤྲུལ་པའི་འོད་ཟེར་རྣམས་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དགོས་པའི་དོན་བྱེད་པར་ནུས་པའི་ཕྱིར་དང༌། ནམ་མཁའི་ཁམས་ཀྱི་མཐར་ཐུག་པའི་ཕྱོགས་ཀྱི་ཚོགས་ཐམས་ཅད་ཁྱབ་པ་ཉིད་ཀྱིས་ན། ཟླ་བའི་དཀྱིལ་འཁོར་དང་འདྲ་བ་ཉིད་ཡིན་པའི་ཕྱིར་དང༌། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་རྒྱ་ཆེ་བ་དང་ལྡན་པས། ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་ལྟ་བུའོ། །རྣམ་སྣང་མངོན་པར་བྱང་ཆུབ་པའི། །རྒྱུད་རྒྱལ་ལས་ནི་རབ་གསལ་བར། །གཉིས་མེད་ཡེ་ཤེས་འདི་ཉིད་ནི། །ཐུབ་པས་བསྔགས་ཞེས་བྱ་བར་གསུངས། །དེ་ཡང༌། གཞན་ཡང་གསང་བའི་བདག་པོས་སྔགས་ཀྱི་མཚན་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་མཛད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མ་བྱས། བྱེད་དུ་མ་བཅུག །རྗེས་སུ་ཡི་རང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་རུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་སྟེ། དེ་ཡང་འདི་ལྟར་གསང་སྔགས་རྣམས་ཀྱི་གསང་སྔགས་ཀྱི་ཆོས་ཉིད་དོ་ཞེས་བྱ་བ་ནས། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་བ་དེའི་ཚེ་ཆོས་ཉིད་དེ་ཚུལ་སྣ་ཚོགས་དང༌། དགོངས་པ་སྣ་ཚོགས་ཀྱི་སེམས་ཅན་བསམ་བ་སྣ་ཚོགས་པ་རྣམས་ལ་ཚིག་སྣ་ཚོགས་དང༌། ཡིག་འབྲུ་སྣ་ཚོགས་དང༌། ཡུལ་ངེས་པའི་ཚིག་ཏུ་བརྗོད་པ་སྣ་ཚོགས་དང༌། དབྱངས་སྣ་ཚོགས་སུ་གོ་བ་རྣམས་སུ་བྱིན་གྱིས་བརླབས་ཏེ་གསང་སྔགས་ཀྱི་ཚུལ་འཆད་དོ་ཞེས་ཇི་སྐད་གསུངས་པའོ། །དཔལ་ལྡན་འདུས་སོགས་ཚིག་ལས་ཀྱང༌། །བཙུན་མོ་ཤེས་རབ་ཉིད་དུ་བཤད། །བྷ་ག་དེ་ཡི་སྙིང་པོ་ཡིན། །བཞུགས་པ་དེ་ཡི་ངོ་བོ་ཉིད། །དེར་ཡང་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྙིང་རྗེ་ཆེན་པོ་ནི་རང་བཞིན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་ཡིན་ནོ། །དེའི་བཙུན་མོ་ནི་ཕྱག་རྒྱ་ཆེན་པོ་བཅོམ་ལྡན་འདས་ཡུམ་ཤེས་རབ་སྟེ། མཆན་གཞན་ཡང་ཀུན་དུ་བཟང་མོ་ཞེས་བྱ་བའོ། །བྷ་ག་ནི་སྙིང་པོ་སྟེ་མི་གཞན་ཡང་སྟོང་པ་ཉིད་ཅེས་བྱའོ། །བཅོམ་ལྡན་འདས་དེར་བཞུགས་པ་དེ་ནི་དེའི་བདག་ཉིད་ཅན་དུ་གྱུར་ནས་ཐ་དད་པའི་དབྱེ་བས་ཐམས་ཅད་དང་བྲལ་བས་གཅིག་ཏུ་འདྲེས་པར་གྱུར་པས་འཁོར་བ་ཇི་སྲིད་པར་བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་རྣམས་དང༌། ཕྱག་རྒྱ་དང༌། དཀྱིལ་འཁོར་དང༌། སྔགས་བྱེ་བ་དང༌། ལྷན་ཅིག་རྣམ་པར་རྟོག་པ་མི་མངའ་བར་གྱུར་ཀྱང་སྔོན་གྱི་འཕེན་ཤུགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཅི་བགྱི་ཞེས་བྱ་བའི་ཚུལ་གྱིས་རྣམ་པར་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཡང༌། ཀུན་རྟོག་རླུང་ནི་ཐམས་ཅད་ཀྱིས། །མི་གཡོ་ཡིད་བཞིན་ནོར་བུ་བཞིན། །དེ་ལྟར་བཞུགས་ཀྱང་སེམས་ཅན་གྱི། །བསམ་པ་མ་ལུས་རྫོགས་པར་མཛད། །ཅེས་ཇི་སྐད་བཤད་པའོ། །དེ་བཞིན་རྒྱུད་ནི་བཞི་རྣམས་སུ། །སྔགས་ཀྱི་དེ་ཉིད་དམ་པ་འདི། །གདུལ་བྱའི་བསམ་རྗེས་འཇུག་མཛད་པའི། །མགོན་པོས་རྗེས་སུ་དཔགས་ཏེ་བསྟན། །སྔགས་ཀྱི་དེ་ཉིད་མི་ཤེས་པ། །མི་ནུས་གང་ཡིན་དེ་དོན་དུ། །ཟླ་བ་རྡོ་རྗེ་སོགས་རིམ་གྱིས། །བསྐྱེད་པའི་སྒོམ་པ་བསྟན་པ་ཡིན། །འདི་ཉིད་ལས་ནི་མངོན་དགོངས་ནས། །སྔགས་ཀྱི་དེ་ཉིད་ཡོངས་གསལ་བ། །དེ་གསལ་མཛད་པར་དགོངས་པས་དེ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །གླེང་གཞིའི་དབང་དུ་མཛད་ནས་ཀྱང༌། །སྔགས་ནི་གང་ཞིག་གསུངས་གྱུར་པ། །དེ་ལས་དེ་ཉིད་ཡིན་པར་གསུངས། །ལྷག་མ་ཞར་ལ་འོང་པར་བཞེད། །དེ་ཉིད་ཀྱིས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལ་སོགས་པ་ཇི་སྐད་དུ་བཤད་པའི་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་སྔོན་དུ་འགྲོ་བས་ཞར་ལ་ཀུན་རྫོབ་ཏུ་སྔགས་ཀྱི་མཚན་ཉིད་གསུངས་པ་ཡིན་ནོ། །དེ་ཡང༌། རྫོགས་སངས་རྒྱས་ཀྱི་གསང་སྔགས་ནི། །ཚིག་དང་མིང་དང་བརྡ་ཡིས་མཚན། །ཚིག་དེ་
དབང་དུ་གྱུར་པས་ན། །གསང་སྔགས་དོན་རྣམས་ཐམས་ཅད་སྒྲུབ། །ཁ་ཅིག་བསྐུལ་བའི་ཚིག་དང་ལྡན། །ཁ་ཅིག་རང་མིང་ཐོག་མར་སྨོས། །ཧཱུཾ་དང་ཕཊ་དང་ལྡན་པ་ནི། །གཙུག་ཏོར་རྣམས་ཀྱི་ཡིན་པར་བསྔགས། །ཟུང་ཟོ་ཆོམས་ཤིག་ཅེས་པ་དང༌། །སྣུན་སོད་དྲོལ་ཅིག་ཅེས་པ་ནི། །ཕྱག་བརྙན་རྣམས་དང་ཁྲོ་བོ་ཡི། །གསང་སྔགས་ཡིན་པར་ཁྲོ་བོས་གསུངས། །ན་མ་སྭཱ་ཧཱ་ལ་སོགས་ལྡན། །ཏིང་ངེ་འཛིན་ནི་རྟོགས་པས་མཚན། །ཞི་བ་ཡི་གེ་རྣམ་པར་དག །རེ་བ་ཐམས་ཅད་རྫོགས་བྱེད་པའི། །གསང་སྔགས་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང༌། དེ་བཞིན་དུ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྒྱུད་རྣལ་འབྱོར་དང་སྤྱོད་པ་དང༌། བྱ་བའི་དབྱེ་བས་ཕྱེ་བ་རྣམས་སུ་གང་ཟླ་བ་དང་རྡོ་རྗེ་ལ་སོགས་པའི་ཚུལ་གྱིས་བསྐྱེད་པའི་རིམ་པ་དེ་ཡང་དོན་དམ་པའི་སྔགས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པར་བྱ་བའི་དོན་ཉིད་ཡིན་ནོ། །དེ་བས་ན་སྔགས་པ་རྣམས་ཀྱིས་ཇི་སྐད་དུ་བཤད་པའི་སྤྲོས་པ་མེད་པའི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པ་ཉིད་དུ་བྱའོ་ཞེས་བྱ་བར་ངེས་སོ། །དེ་ལ་དེ་ཉིད་མིན་སྒྲོ་བཏགས། །ལས་ལྡོག་པ་ནི་ངེས་པའི་རྒྱུ། །དེ་ཚུལ་ངེས་པར་བྱེད་པ་རྣམས། །སྒྲོ་བཏགས་དེ་ཉིད་ལ་རབ་འཇུག །དེ་ནས་སྒྲ་དེའང་དེ་ཉིད་དེ། །དོན་དམ་ཉིད་དུ་དབྱེར་མེད་ཡིན། །རྡོ་རྗེ་སེམས་དཔའ་སོགས་ཚུལ་གྱིས། །རྟོག་པ་བྱེ་བྲག་ལ་བརྟེན་ཡིན། །ཞེས་རྟོགས་པར་བྱའོ། །དངོས་པོ་ཀུན་གྱི་རང་བཞིན་ཅན། །རང་སྣང་ལམ་དུ་གྱུར་པ་ཡིས། །དེ་ཚེ་བདག་ཉིད་དེ་མཆོད་བྱ། །ཞེས་བྱ་བ་ལ་སོགས་པ་ལ་བདག་ཉིད་མཆོད་པ་ཉིད་ཀྱིས་ཕུན་སུམ་ཚོགས་པ་ཐོབ་པ་དང༌། རྗེས་སུ་འབྲེལ་པ་ཡིན་ན་གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་ཀྱིས་བདག་ཉིད་མཆོད་དེ། ལ་ལ་ནི་ཉམས་སུ་མྱོང་བར་གྱུར་པ་ཡང་དག་པ་ཡིན་ན་ཇི་ལྟར་མི་འགལ་བར་འགྱུར་ཞེས་རྟོག་ན་དེ་ནི་མ་ཡིན་ཏེ། གང་གི་ཕྱིར། གང་ཚེ་ཁམས་གསུམ་གང་དུ་གང༌། །སྒྲོ་བཏགས་པ་ལས་མ་གྲོལ་བ། །དེ་ཚེ་དེ་ཉིད་སྒྲོ་བཏགས་པའི། །རང་བཞིན་བདག་ཉིད་མི་སྨད་དོ། །སྒྲོ་བཏགས་པ་ནི་རྣམ་པ་གཉིས་ཏེ་དེ་ཁོ་ན་
ཉིད་ཀྱི་ཚུལ་དང་དེ་ཁོ་ན་ཉིད་མ་ཡིན་པའི་ཚུལ་ལོ། །དེ་ལ་དེ་ཁོ་ན་ཉིད་ཀྱི་ཚུལ་དུ་བདག་ཏུ་སྒྲོ་བཏགས་པ་ནི་མ་ལ་སོགས་པར་སྒྲོ་བཏགས་པ་དང་འདྲ་བར་གཅིག་ནས་གཅིག་ཏུ་བརྒྱུད་པས་བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན་པས་ན་ཉེས་པ་མེད་དོ། །གང་ཡང་ལ་ལ་དག་ནི་ཉམས་སུ་མྱོང་བ་དག་ཀྱང་འགེགས་པར་བྱེད་པ་ཉིད་ཡིན་ན་ཇི་ལྟར་མི་འགལ་ཞེས་སྨྲ་བ་དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར། སྣང་དང་མི་སྣང་ཡུལ་གཅིག་ཏུ། །གྱུར་པ་འགལ་བ་ཉིད་འགྱུར་གྱི། །ཀུན་ནས་ལྡང་བའི་དབྱེ་ཉིད་ཀྱིས། །ཡུལ་གྱི་དབྱེ་བ་གཉིས་སུ་གྲུབ། །ལས་ནི་ཀུན་ནས་ལྡང་བ་དང༌། །ཀུན་ནས་ལྡང་བར་བྱེད་པ་ཡི། །དབྱེ་བས་རྣམ་པ་གཉིས་གཉིས་སོ། །དེ་ལ་ལུས་དང་ངག་གི་ལས་ཐམས་ཅད་ནི་ཀུན་ནས་ལྡང་བར་བྱེད་པ་ཡིན་ལ། །ཡིད་ཀྱི་ལས་ནི་ཀུན་ནས་ལྡང་བར་བྱེད་པ་མ་ཡིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ་མ་ཆགས་པ་ལ་སོགས་པའི་ཚུལ་དང་དེ་ལས་གཞན་པའོ། །དེ་ལ་འདོད་ཆགས་ལ་སོགས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཐམས་ཅད་ནི་མི་དགེ་བ་ཡིན་ཏེ། དེ་ནི་བཀག་པ་ཡིན་ལ། །མ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བ་ཐམས་ཅད་ནི་དགེ་བ་ཉིད་ཡིན་ནོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པའི་རྣལ་འབྱོར་བས་ནི་འགྲོ་བ་ཐམས་ཅད་མ་ཆགས་པ་ལ་སོགས་པའི་བདག་ཉིད་ཅན་དུ་རྣམ་པར་བལྟའོ། །དེ་བས་ན་འདི་ནི་སྤྱོད་ལམ་ཐམས་ཅད་དང་ལྡན་དུ་ཟིན་ཀྱང་མི་དགེ་བའི་ཆོས་མ་དམིགས་པའི་རང་བཞིན་ཅན་ཡིན་པས་དགེ་བའི་བདག་ཉིད་ཅན་ཡིན་ནོ། །དེ་ཡང༌། །བྱང་ཆུབ་སེམས་དཔའི་ཀུན་རྟོག་ནི། །དགེ་བའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་དེ་ཡིད་དབང་གྱུར་ཡིན། །ཞེས་ཇི་སྐད་བཤད་པ་དང༌། དེ་བཞིན་དུ་སྡོམ་པ་ཉི་ཤུ་པ་ལས་ཀྱང༌། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་བཤད་པ་དང༌། དེ་བཞིན་དུ་གཞན་དག་ལས་ཀྱང༌། ཐུགས་རྗེ་ཆེན་པོས་དོན་གཟིགས་པས། །བཀག་པ་རྣམས་ཀྱང་དེ་ལ་གནང༌། །ཞེས་བཤད་པ་དང༌། ཡང་གཞན་དག་ལས། མ་ཆགས་ལ་སོགས་ལས་བྱུང་བའི། །ལུས་ངག་ལས་ནི་
དགེ་བ་ཡིན། །གང་ཞིག་ཆགས་སོགས་ལས་བྱུང་བའི། །ལས་དེ་མི་དགེ་བར་འདོད་དོ། །དེ་བས་ཐུགས་རྗེའི་བདག་ཉིད་ཀྱིས། །གཞན་ཕན་བྱས་པ་ཐམས་ཅད་ནི། །ལས་དེ་ཐམས་ཅད་དགེ་ཡིན་པར། །རྫོགས་སངས་རྒྱས་ཀྱིས་རབ་ཏུ་བསྒྲགས། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཡུལ་གྱི་དབྱེ་བ་ཡིས། །གང་ཚེ་ལས་ལམ་ལ་གནས་པ། །མཁས་པ་གང་དུའང་འགལ་བ་ནི། །དེ་ཚེ་གང་ཡང་མི་སྣང་ངོ༌། །ཞེས་བཤད་པ་དང༌། དེ་བཞིན་དུ་ཆོས་མངོན་པའི་མཛོད་ལས་ཀྱང༌། །གང་ཕྱིར་ཀུན་སློང་མེད་ཐར་པ། །དམ་པའི་དོན་དུ་དགེ་རྩ་བ། །ངོ་ཆ་ཁྲེལ་ཡོད་བདག་ཉིད་ཀྱིས། །དེ་དག་དང་ལྡན་མཚུངས་ལྡན་གྱིས། །ཞེས་བཤད་པ་སྟེ། དེ་ལས་བཟློག་པ་ནི་མི་དགེ་བ་ཡིན་ནོ། །གཞན་ཡང༌། །གང་ཕྱིར་སྒྲོ་བཏགས་ཀུན་ལས་གྲོལ། །ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན། །དེ་ཕྱིར་འདི་འདྲ་ཇི་སྐད་གསུངས། །དམ་ཚིག་སྤོམ་པའི་བདག་ཉིད་ཡིན། །དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་སེམས་དཔའ་ཆེན་པོའི་མཐར་ཐུག་པ་དང༌། སེམས་ཅན་གྱི་ཁམས་རྣམས་སྟོང་པ་ཉིད་ཀྱིས་མི་སྣང་བར་བྱེད་པས་སྲོག་ཆགས་ཐམས་ཅད་གསོད་པ་ཡིན་པར་དགོངས་པས་གསོད་པར་གསུངས་སོ། །བདག་ཉིད་ཉེ་བར་དམིགས་ན་གཞན་དག་ཡོད་པ་མ་ཡིན་པས་གཞན་གྱི་ནོར་ཡང་དམིགས་སུ་མེད་པ་ལ་དགོངས་ནས་གཞན་གྱི་ནོར་ཕྲོག་པར་གསུངས་པ་ཡིན་ནོ། །གཞན་གྱི་སྒྲ་ནི་མཆོག་ལ་ཡང་འཇུག་པས་བུད་མེད་ཀྱི་མཆོག་ནི་བཅོམ་ལྡན་འདས་ཡུམ་ཤེས་རབ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་དུ་གྱུར་བ་མཚན་གྱི་རྣམ་པ་གཞན་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ཏེ། དེ་དང་གཅིག་ཏུ་འདྲེས་པར་གྱུར་པ་ལ་དགོངས་ནས་གཞན་གྱི་བུད་མེད་བསྟེན་པར་གསུངས་པ་ཡིན་ནོ། །དེ་ཡང༌། སངས་རྒྱས་གཙོ་བོའི་ཡུམ་དག་ལ། །རྣམ་པར་མི་རྟོག་བློ་ཅན་གྱིས། །མཉེས་པར་བྱས་ཀྱང་མི་དགོས་ཏེ། །དེས་ནི་སངས་རྒྱས་འགྲུབ་པར་འགྱུར། །ཞེས་ཀྱང་གསུངས་པ་ཡིན་ནོ། །དངོས་པོ་ཐམས་ཅད་དམིགས་སུ་མེད་པ་ཡིན་པས་དེ་སྟོན་པར་བྱེད་པའི་ཚིག་བརྫུན་ཉིད་ཡིན་པའི་དོན་འདི་ལས་དགོངས་ནས་ཀྱང་བརྫུན་གྱི་ཚིག་ཀྱང་
སྨྲ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་སྡོམ་པའི་བདག་ཉིད་དོ། །དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བའི་རྣམ་པར་སྣང་མཛད་ལ་སོགས་པའི་རྫས་རྣམས་ཆོས་ཀྱི་སྐུའི་བདག་ཉིད་ཅན་དུ། རང་གི་ལུས་ཀྱི་ནང་དུ་བསྒོམ་པས་དེ་བྱིན་གྱིས་བརླབས་པ་ཡང་རིགས་པ་ཡིན་ནོ། །གཞན་ཡང༌། །ཆོས་ཀུན་སྟོང་པར་རོ་གཅིག་པར། །རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། །འདི་ནི་དེ་ཡི་རོ་མྱོང་ཚུལ། །དེ་ཚེ་རང་ཉིད་བཞུགས་པ་ཡིན། །དེ་བས་ན་དམ་ཚིག་གི་བདག་ཉིད་ཀྱང་ཡིན་ནོ། །དངོས་པོ་མེད་ལ་དབང་ཐོབ་པས། །དེ་ཕྱིར་དངོས་པོ་ཀུན་བདག་ཉིད། །གཟུགས་ལ་སོགས་པ་ཐམས་ཅད་ཀྱིས། །རྣལ་འབྱོར་པ་ནི་བདག་ཉིད་མཆོད། །ཅེས་ངེས་པར་བཤད་པར་བྱའོ། །གཞན་ཡང་ཁས་བླངས་འདི་དག་ནི། །སྨྲས་ཀྱི་དེ་ཉིད་དུ་མ་ཡིན། །དོན་དམ་རྣམ་པར་དཔྱད་པ་ལ།། འཇུག་པའམ་ལྡོག་པ་ཡོད་མ་ཡིན། །གཅིག་ཏུ་དོན་དམ་མཐར་ཐུག་པས། །རྣལ་འབྱོར་པ་ནི་གང་དུ་ཡང༌། །འཇུག་པའམ་ལྡོག་པར་མི་བྱེད་དོ། །བྱ་བའི་ཚུལ་གྱིས་གང་ཅུང་ཟད། །དམ་ཚིག་ལ་སོགས་ངེས་བསྟན་དང༌། །མཚམས་མེད་ལྔ་བྱེད་ལ་སོགས་པ། །སྣོད་དུ་རུང་བ་གང་གསུངས་པ། །དེ་ཀུན་སེམས་ཅན་ཀུན་གྱི་དོན། །གཅིག་ཏུ་མཛད་དགྱེས་རྒྱལ་བ་ཡིས། །སྡིག་དེ་ཟད་པར་གཅིག་ཏུ་མཁས། །དེ་ཉིད་འཇུག་པར་བྱ་ཕྱིར་གསུངས། །དེ་ཡང༌། རིགས་ངན་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་གཉེར་སེམས་ཅན་རྣམས། །ཐེག་ཆེན་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །སེམས་ཅན་མཚམས་མེད་ལ་སོགས་པའི། །སྡིག་པ་ཆེན་པོ་བྱེད་པ་ཡང༌། །རྡོ་རྗེ་ཐེག་པ་རྒྱ་མཚོ་སྟེ། །ཐེག་པ་མཆོག་ནི་འདི་ལ་འགྲུབ། །སྲོག་གཅོད་པ་ཡི་སེམས་ཅན་གང༌། །བརྫུན་དུ་སྨྲ་ལ་དགའ་བ་དང༌། །གཞན་གྱི་ནོར་ལ་ཆགས་པ་དང༌། །རྟག་ཏུ་འདོད་ལ་སྤྱོད་གང་དང༌། །བཤད་གཅིག་ཟས་སུ་ཟ་བ་སྟེ། །དེ་དག་བསྒྲུབ་པའི་སྣོད་དུ་འགྱུར། །མ་དང་སྲིང་མོ་བུ་མོ་དེ། །འདོད་པ་ཡིས་ནི་མཉེས་བྱས་ནས། །ཐེག་ཆེན་མཆོག་གི་ཆོས་ཉིད་ཀྱི། །དངོས་གྲུབ་རྒྱ་ཆེན་ངེས་ཐོབ་བོ། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་
སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང༌། བགྲོད་པར་བྱ་བ་མ་ཡིན་པ་ལ་ཞུགས་པ་ལ་སོགས་པ་ལ་བདག་ཉིད་ཞུགས་པ་དང༌། དགག་པ་མེད་པར་ཞུགས་པ་དག་གིས་དེ་ལྟ་བུ་ཐོས་པ་དང་ཇི་ལྟར་ན་འདིར་བདག་ཅག་སྐལ་བ་དང་ལྡན་པར་ཞེས་རྣམ་པར་བསམས་ནས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་རིམ་གྱིས་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་རྣལ་འབྱོར་མངོན་སུམ་དུ་བྱས་པ་དང༌། དེ་ལ་བསླབ་པས་སྡིག་པ་ཐམས་ཅད་སྤངས་ཏེ་རྡོ་རྗེ་འཆང་བ་ཉིད་དུ་བྱའོ་སྙམ་མོ། །ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་རྣལ་འབྱོར་ལ་འཇུག་པས་ཁ་ན་མཐོ་བ་ཐམས་ཅད་རྣམ་པར་དག་པར་འགྱུར་བར་ཐེ་ཚོམ་མེད་དོ། །དེ་ཡང་དེ་བཞིན་གཤེགས་པའི་གསང་བའི་མཛོད་ཀྱི་མདོ་ལས། །འོད་སྲུངས་ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པའི་སྲོག་གཅད་པ་ནི་སྲོག་གཅོད་པའི་ནང་ན་མ་རུངས་པ་ཡིན་ནོ། །འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་ནོར་ཕྲོགས་པ་ནི་མ་བྱིན་པར་ལེན་པའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་ལ་ཉལ་པོ་བྱས་ན་དེ་ནི་འདོད་པས་ལོག་པར་གཡེམ་པའི་ནང་ན་མ་རུངས་པ་ཡིན་ནོ་ཞེས་བྱ་བ་ནས། འོད་སྲུངས་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་ནི་ཁོ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་སྟེ། འོད་སྲུངས་གལ་ཏེ་སེམས་ཅན་ལ་ལ་ཞིག་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་དེ་ལྟར་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་དག་དང་ལྡན་པར་གྱུར་ལ། དེ་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཐོས་ནས། རྒྱུ་རྐྱེན་དང་ལྡན་པ་ལ་འཇུག་སྟེ། འདི་ན་བདག་གམ་སེམས་ཅན་ནམ། སྲོག་གམ་གང་ཟག་གམ། གང་བྱེད་པའམ། གང་མྱོང་བ་གང་ཡང་མེད་དེ། འདི་ལྟར་ཆོས་ཐམས་ཅད་ནི་མ་བྱས་པ། མངོན་དུ་བྱ་བ་མེད་པ། སྒྱུ་མའི་ཆོས་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ། རང་བཞིན་གྱིས་འོད་གསལ་བ་ཡིན་པར་རྟོགས་ལ་ཚོགས་ཐམས་ཅད་གཟོད་མ་ནས་རྣམ་པར་དག་པར་ཡིད་ཆེས་ཤིང་མོས་ན་སེམས་ཅན་དེ་ངན་སོང་དུ་འགྲོ་བར་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ལ་ཕུང་པོའི་དངོས་པོ་མེད་དེ། ཉོན་མོངས་པ་ཐམས་ཅད་ནི་བྱུང་ནས་འཇིག་ཅིང་ཞུའོ། །རྒྱུ་དང་རྐྱེན་ཚོགས་ཤིང་ཕྲད་པ་
ལས་བྱུང་མ་ཐག་ཏུ་འགག་པའོ་ཞེས་གསུངས་སོ། །གཞན་ཡང༌། གནོད་སྦྱིན་སྲིན་པོ་ཤ་ཟ་སོགས། །དམ་ཚིག་ཉེ་བར་བསྟན་པ་ནི། །ཡིད་རྟོན་ལ་གུས་སེམས་ལྡན་པ། །དེ་རྣམས་དེ་ནི་བསྒྲུབ་ཕྱིར་ཡིན། །གང་ཞིག་དེ་བསྒྲུབ་པར་འདོད་པ་རྣམས་ལ་དེའི་ཐབས་ནི་འདི་ཡིན་ནོ་ཞེས་ཐབས་བསྟན་པ་ཡིན་གྱིས་ངེས་པར་བྱ་དགོས་སོ་ཞེས་བསྟན་པ་ནི་མ་ཡིན་ནོ། །དེ་ལྟར་དེ་ཉིད་མི་ཤེས་པར། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང༌། །གང་ཞིག་བསོད་ནམས་མི་བྱེད་པའི། །སྐྱེས་བུ་ཐ་མ་དེ་བརླག་འགྱུར། །ཚིག་ཙམ་ལ་ནི་བརྟེན་ནས་སུ། །ཆགས་སོགས་ཞེན་པའི་སེམས་ཀྱིས་ནི། །བསོད་ནམས་མ་ཡིན་བྱེད་པ་གང༌། །དེ་ནི་འོག་ནས་འོག་ཏུ་འགྲོ་།གང་ཡང་ཇི་སྐད་དུ་བཤད་པའི་དམ་པའི་ཆོས་ཀྱི་དོན་མི་ཤེས་པར་དམ་ཚིག་དང་སྡོམ་པ་ལ་སོགས་པའི་དགོངས་པ་ལ་བརྟེན་ཏེ་དགེ་བ་ལ་ལྷོད་པ་འབའ་ཞིག་ཏུ་མ་ཟད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ཁོ་བོ་ཅག་རྣལ་འབྱོར་པ་རྣམས་ལ་རྗེས་སུ་གནང་བ་ཡིན་ནོ་ཞེས་སྒྲ་མཐོན་པོར་སྒྲོགས་ཤིང༌། ཆགས་པ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཀྱི་རྒྱུད་ཀྱིས་མི་དགེ་བ་རྣམས་ཀྱང་བྱེད་པ་དེ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་སྐུར་པ་བཏབ་ཅིང་བསླུས་པས་ཤིན་ཏུ་དམ་ཚིག་ཉམས་པའི་ཕྱིར། མནར་མེད་པ་ཉིད་དུ་ལྟུང་བས་གནས་པར་འགྱུར་རོ། །ཤེས་རབ་ཐབས་ནི་མཉམ་སྦྱོར་བ། །རྣལ་འབྱོར་པ་ནི་གང་ཞིག་ངེས། །དེ་ཀུན་དེ་མེད་སྡིག་སྦྱོར་བྱེད། །སངས་རྒྱས་ཀུན་གྱིས་རབ་ཏུ་མཆོད། །དེ་བས་ན་ཤེས་རབ་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་ཉིད་སྡིག་པ་ཐམས་ཅད་རྣམ་པར་སྤྱོད་པར་བྱེད་པ་དང༌། ངེས་པར་ལེགས་པ་ཐམས་ཅད་འབྱུང་བར་བྱེད་པ་ཡིན་ནོ། །དེ་ཡང༌། །གང་དག་རྣམ་པར་དབེན་པ་ལ། །གཡོ་བའི་ཡིད་ཀྱང་མི་གཡོ་སྟེ། །ཉོན་མོངས་སྦྲུལ་གྱིས་དཀྲུགས་པ་ཡིས། །མི་བཟད་སྲིད་པའི་རྒྱ་མཚོ་རྒལ། །ཞེས་བཤད་པ་ཡིན་ནོ། །འདི་ནི་རྣལ་འབྱོར་མཆོག་དེ་ཡིན། །དེ་ཕྱིར་དེ་བཞིན་གཤེགས་ཕྱག་བྱ། །དེ་ལ་རྣལ་འབྱོར་མཐའ་ཡས་པ། །རབ་ཏུ་འབྱུང་བར་གསུངས་པ་ཡིན། །དེ་
ཉིད་ལས་ནི་རྣལ་འབྱོར་དག །མཐའ་ཡས་པ་ནི་ཡང་དག་འགྱུར། །སྔགས་དང་དཀྱིལ་འཁོར་ཕྱག་རྒྱ་རྣམས། །རྣལ་འབྱོར་དེ་ལས་དག་པར་འགྱུར། །ཞི་དང་རྒྱས་པའི་ལམ་རྣམས་དང༌། །གཞན་ཡང་གསང་སྔགས་བྱུང་བ་གང༌། །གངྒཱའི་ཀླུང་གི་བྱེ་མ་སྙེད། །དངོས་གྲུབ་ཕྲ་མོ་ཅི་སྙེད་དང༌། །གཞན་ཡང་དངོས་གྲུབ་འདི་ཉིད་དང༌། །ས་སྟེང་གྲགས་པ་ཇི་སྙེད་པ། །རྣལ་འབྱོར་འདི་ལས་ཀུན་འབྱུང་ཞེས། །ཐུགས་ཀྱི་རྡོ་རྗེས་གསུངས་པ་ཡིན། །གང་ཡང་ངེས་པར་འབྱེད་པའི་ཆ། །བཞི་དང་ས་ནི་བཅུ་པ་ལ། །འབྲས་བུའི་གནས་སྐབས་དེ་ཐམས་ཅད། །རྣལ་འབྱོར་འདི་ལས་ཡང་དག་འབྱུང༌། །བྱུང་དང་འབྱུང་བ་འགྱུར་གང་དང༌། །བྱུང་གྱུར་རྒྱལ་བའི་སྲས་པོ་གང༌། །འཇིག་རྟེན་དབང་སོགས་སེམས་དཔའ་ཆེ། །དེ་ཡང་འདི་ནི་རྣམ་པར་གནས། །འདས་དང་མ་བྱོན་སངས་རྒྱས་དང༌། །ད་ལྟར་བྱུང་བའི་རྟོགས་གང་དང༌། །རང་རྒྱལ་ཉན་ཐོས་དགེ་འདུན་རྣམས། །དེ་ཡང་འདི་ལས་བྱུང་བ་ཡིན། །རྣལ་འབྱོར་སྤྱོད་བྱའི་དབྱེ་བ་ལས། །སྤྲུལ་པ་ཅི་སྙེད་བྱུང་བ་རྣམས། །དེ་སྙེད་དེ་དག་ཐམས་ཅད་ནི། །རྣལ་འབྱོར་འདི་ལས་ངེས་པར་བྱུང༌། །བག་ཆགས་སྟོབས་ཀྱིས་ཡོངས་བསྒོམ་པའི། །ཡོངས་སུ་བརྟགས་པའི་རང་བཞིན་ཅན། །བརྟན་གཡོ་དངོས་པོ་ཇི་སྙེད་པ། །དེ་སྙེད་དེ་ལ་བརྟེན་པ་ཡིན། །ཞེས་བྱ་བ་ནི་བསྡུས་པའོ། །དེ་ལྟར་དེ་ཉིད་རྣལ་འབྱོར་པ་ལ་དེ་ཉིད་ཅི་བཞིན་བསྟན། །དེ་ལ་མངོན་པ་བརྩོན་འགྱུར་ཕྱིར་ཡང་དག་འདི་ནི་བཤད་པ་ཡིན། །དེ་ལ་རྣལ་འབྱོར་པ་གཞན་དེ་ཡི་སྐལ་མེད་གང་དེའི་ཕྱིར། །དེ་ལ་འཇུག་འགྱུར་ཡེ་ཤེས་ཕྱག་རྒྱ་ཆེན་པོར་བསྟན་པ་ཡིན། །གསང་སྔགས་ཀྱི་སྒོའི་སྤྱོད་པ་སྤྱད་པ་དབང་པོར་རབ་ཀྱི་མན་ངག་བསྟན་པའོ། །ཕྱག་རྒྱ་ཆེན་པོ་མཉམ་སྦྱོར་བའི། །སྐལ་བ་ཉིད་བྲལ་བདག་ཉིད་ལ། །ཡེ་ཤེས་ཕྱག་རྒྱ་རྣམ་སྒོམ་པར། །ཐུགས་ཀྱི་རྡོ་རྗེ་གསུངས་པ་ཡིན། །གང་ཡང་སེམས་ཀྱི་རྒྱུད་འདོད་ཆགས་ལ་སོགས་པ་ལ་ཤིན་ཏུ་ཞེན་པར་འཇུག་པ་རྣམས་དེ་ལས་བྱུང་བའི་སེམས་ཀྱི་རྣམས་པར་གཡེང་བས་ཇི་སྐད་དུ་བཤད་པའི་བཅོམ་ལྡན་འདས་ཡུམ་ཤེས་རབ་མངོན་དུ་བྱ་བར་མི་ནུས་པ་དེའི་ཕྱིར་ཡེ་
ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི། །ཐབས་དང་ཤེས་རབ་བསྒོམ་པ་དོན་དམ་པའི་ཤེས་རབ་དང་ཐབས་ཀྱིས་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་ལ་འཇུག་པར་བྱ་བའི་དོན་དུ། །བཅོམ་ལྡན་འདས་ཐུགས་རྡོ་རྗེས་བསྟན་པར་མཛད་པ་ཡིན་ནོ། །དེ་ཡང༌། ཡེ་ཤེས་ཕྱག་རྒྱ་མཉམ་སྦྱོར་བ། །ཞེ་སྡང་རྡོ་རྗེ་སོགས་ཚུལ་གྱིས། །རིགས་ཀྱི་དབྱེ་བ་ལ་བརྟེན་ནས། །རྣལ་འབྱོར་པ་ནི་རྣམ་ལྡར་འདོད། །དེ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ཁམས་གསུམ་པའི་ཉོན་མོངས་པས་ཡོངས་སུ་བསྒོས་པ་ཉིད་ཡིན་མོད་ཀྱི། འོན་ཀྱང་འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་གི་བག་ལ་ཉལ་ནི་གཞན་དག་ལས་ཤིན་ཏུ་ཤས་ཆེ་བར་གྱུར་པ་ཡིན་པས་ངེ་རྣམས་ལ་དེ་དང་རྗེས་སུ་མཐུན་པའི་བསྒོམ་པ་སྟོན་པར་མཛད་པ་ཡིན་ནོ། །དེ་ཡང༌། །གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང༌། །འདོད་ཆགས་ལ་སོགས་ཆགས་ཅན་ལྟར་སྟོན་ཅིང༌། །གདུལ་བྱའི་དོན་དུ་ཁྲོ་ལ་ཁྲོ་སྟོན་ཕྱིར། །བྱང་ཆུབ་མཆོག་བརྙེས་དེ་ལ་ཕྱག་འཚལ་ལོ། །ཞེས་ཇི་སྐད་དུ་གསུངས་པ་ཡིན་ནོ། །དེ་ཇི་ལྟར་འདོད་ཆགས་ལ་སོགས་པ་གཙོ་བོར་གྱུར་པ་དེ་བཞིན་དུ། །རིགས་རྣམས་ཀྱང་ལྔ་པོ་ཉིད་ཡིན་ནོ། །དེ་ཡང༌། །ཞེ་སྡང་གཏི་མུག་འདོད་ཆགས་དང༌། །ཡིད་བཞིན་ནོར་བུ་དམ་ཚིག་སྟེ། །རིགས་ལྔར་གཏོགས་པ་འདི་རྣམས་ཀྱིས། །འདོད་དང་ཐར་པ་རབ་སྒྲུབ་བྱེད། །ཅེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །ཡིད་བཞིན་ནོར་བུ་དང་དམ་ཚིག་གི་རིགས་གཉིས་ནི། །ང་རྒྱལ་དང༌། ཕྲག་དོག་གི་རང་བཞིན་ཉིད་ཡིན་པའི་ཕྱིར། །དེ་ལ་ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། འདོད་ཆགས་དང༌། ཕྲག་དོག་གི་རང་བཞིན་ནི་རིམ་པ་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་ཡིན་ནོ། །ཡང་དེ་རྣམས་ཀྱི་ཡེ་ཤེས་ཕྱག་རྒྱ་མདོར་བསྡུ་ན། །རྣམ་པ་བཞི་ལ་ཡང་དག་བརྟེན། །མཱ་མ་ཀཱི་སོགས་དབྱེ་བ་ཡིས། །རྡོ་རྗེ་སེམས་སོགས་རྣལ་འབྱོར་པའི། །མི་བསྐྱོད་རྡོ་རྗེ་སེམས་དཔར་བཤད། །རིན་ཆེན་འབྱུང་ལྡན་རྣལ་འབྱོར་པའི། །སྙོམས་
འཇུག་མཱ་མ་ཀཱི་ཉིད་ཅེས། །བདག་ཅག་རྣམས་ཀྱི་བླ་མས་བཤད། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རྣམ་པ་བཞི་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའི་ནི་སངས་རྒྱས་སྤྱན་ནོ། །རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པའི་ནི་མཱ་མ་ཀཱིའོ། །འོད་དཔག་ཏུ་མེད་པ་ནི་ན་བཟའ་དཀར་མོའོ། །དོན་ཡོད་པར་གྲུབ་པའི་རྣལ་འབྱོར་པའི་ནི་དམ་ཚིག་སྒྲོལ་མའོ། །གང་འདི་བཅོམ་ལྡན་ཐོག་མཐའ་མེད་པ་རྣམ་སྣང་ཞིང༌། །ཀུན་རྟོག་བརྗོད་དང་བྲལ་བས་སྤྲོས་པ་མེད་གྱུར་པ། །ཆགས་སོགས་རྒྱལ་བ་ལྔ་ཡི་སྐུ་ཡི་རང་བཞིན་གྱུར། །སེམས་ཅན་བསམ་ལས་དགོངས་ཏེ་དེ་ནི་དེ་ལྟར་མཛད། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་དེ་ཉིད་འདོད་ཆགས་ལ་སོགས་པའི་རང་བཞིན་དེ་བཞིན་གཤེགས་པ་ལྔ་དང༌། རིག་པའི་ལྷ་མོ་ལ་སོགས་པའི་རྣམ་པ་ཀུན་རྫོབ་ཏུ་སྐུ་ཀུན་དུ་འཛིན་པར་མཛད་ནས་ཉོན་མོངས་པས་ཀུན་དུ་གང་བའི་སེམས་ཅན་གྱི་ཁམས་རྣམས་ཀྱི་སེམས་རྒྱུད་དྲི་མ་མེད་པར་བྱ་བའི་ཕྱིར་དང༌། གདུལ་བྱ་དེ་རྣམས་ཉིད་དེ་ལྟ་བུའི་ལམ་ལ་འཇུག་པའི་སྐལ་བ་དང་ལྡན་པ་རྣམས་དེ་ཁོ་ན་ཉིད་ལ་ངེས་པར་སྦྱོར་བར་མཛད་ཅིང༌། དེ་ལྟར་རྣམ་པར་བཞུགས་སོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །ཡང་ཇི་ལྟར་ན་ཚུལ་འདིས་དེ་ཁོ་ན་ཉིད་ལ་འཇུག་པར་འགྱུར་ཞེ་ན། དེའི་ཕྱིར་སྨྲས་པ། རྒྱལ་བ་སྐྱེས་མཆོག་རྣམས་ཀྱི་དྲི་མེད་སྐུར་གནས་ནས། །ཆ་གཉིས་བྲལ་བས་ཆར་བཅས་ཕྱི་རོལ་སྤོང་བྱེད་ཅིང༌། །སེམས་རྟོགས་པ་ཡིས་སེམས་ཙམ་ལ་ནི་ངེས་བརྟེན་ཏེ། །དེ་ཡང་སྣ་ཚོགས་སྣང་བས་གཅིག་ཏུའང་ཡོད་མ་ཡིན། །སེམས་ནི་དུ་མ་གཅིག་ཚུལ་གྱིས་ཀྱང་སྣ་ཚོགས་ཉིད། །དེ་བཞིན་ཀུན་ཀྱང་དངོས་པོ་མེད་པ་ཉིད་དུ་ཤེས། །རིམ་པ་འདི་ཡིས་དངོས་རྣམས་དེ་ཉིད་བཅས་འགྱུར་ལ། །དེ་བསྒོམ་ཉིད་ཀྱིས་སླར་ཡང་དེ་ནི་དེ་བཞིན་འགྱུར། །དེ་ལྟར་ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་སེམས་དཔའ་ལ་སོགས་པ་བསྒོམ་པ་འདིས་དེ་ཁོ་ན་ཉིད་བསྒོམ་པ་ལ་འཇུག་པའི་རིམ་པ་བསྟན་པ་ཡིན་ནོ། །དེ་ཡང་དང་པོར་རེ་ཞིག་
གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཟླ་བ་དང་རྡོ་རྗེ་ལ་སོགས་པ་བསྒོམ་པའི་བསྐྱེད་པའི་རིམ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ཡོངས་སུ་རྫོགས་པར་བྱས་པ་དང༌། བདག་ནི་རྡོ་རྗེ་སེམས་དཔའོ་ཞེས་བྱ་བ་ལ་སོགས་པར་སྒྲོ་བཏགས་པར་བྱས་པ་ཙམ་དུ་ཟད་པས་ཕྱི་དང་ནང་གི་བདག་ཉིད་ཅན་གྱིས་བསྒོམ་པར་བྱ་བ་དང༌། སྒོམ་པ་པོ་དང་བསྒོམ་པ་ཉེ་བར་མི་དམིགས་པས། གཟུང་བ་དང་འཛིན་པའི་རྣམ་པ་ལས་རབ་ཏུ་ལྡོག་པའི་ཕྱིར་བླ་མའི་མན་ངག་གིས་རྣམ་པར་ཤེས་པའི་བདག་ཉིད་ཅན་གྱི་རང་གི་སེམས་རྣམ་པར་རྟོག་པའི་སྤྲོས་པའི་ཚོགས་གཞན་ཡང་ངེས་པར་གསལ་བ་སྔོན་དུ་འགྲོ་བའི་རིམ་གྱིས་ཤིན་ཏུ་བསྟན་པ་ཉིད་དུ་བྱའོ། །རྣལ་འབྱོར་པ་ཡོངས་སུ་རྫོགས་ཤིང་སེམས་བརྟན་པར་གྱུར་པ་ནི་མཉམ་པར་གཞག་པ་ཡིན་པར་ཤེས་པར་བྱ་སྟེ། ཉེ་བར་བརྟགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཡིན་པའི་རིགས་པས་སོ། །དེའི་ཚེ་འདི་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་རང་གི་སེམས་ཀྱི་རྣམ་པ་ཙམ་ཡིན་ཡང་ཕྱི་རོལ་ལ་མངོན་པར་ཞེན་པས་རང་གི་སེམས་ཀྱི་རྣམ་པ་མི་ཤེས་པར་བལྟ་བར་བྱའོ། །ཡང་གང་གི་ཚེ་ཁྱེད་ཀྱི་སེམས་འདི་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣམ་པ་ཡིན་གྱི་ཕྱི་རོལ་ནི་མ་ཡིན་ནོ་ཞེས་བླ་མའི་མན་ངག་ལས་རྟོགས་པ་དང༌། དེའི་ཚེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ལ་བརྟེན་པའི་ཕྱི་རོལ་ཡོངས་སུ་འདོར་བར་འགྱུར་རོ། །ཡང་གང་གི་ཚེ་ཁྱེད་ཀྱི་སེམས་ཙམ་འདི་ལ་བསྒོམ་པར་བྱ་བ་དང༌། སྒོམ་པ་པོ་དང༌། སྒོམ་པར་མངོན་པའི་ང་རྒྱལ་མི་བྱའོ་ཞེས་ཤེས་པར་བྱས་པ་དེའི་ཚེ་སེམས་ཙམ་ལ་བརྟེན་པའི་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བས་རྣམ་པར་རྟོག་པ་མེད་པར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུར་རྣམ་པར་གནས་སོ། །ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་སྐུ་གཅིག་པ་ཉིད་དང་དུ་མ་ཉིད་ལ་སོགས་པ་དང་བྲལ་བས་བླ་མའི་མན་ངག་ཉིད་ཀྱིས་དངོས་པོ་མེད་པ་ཉིད་དུ་རྟོགས་པར་འགྱུར་རོ། །དེ་ནས་བླ་མའི་མན་ངག་ཉིད་ལས་ཆོས་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་འདྲ་བར་དངོས་པོ་མེད་པ་ཉིད་དུ་རྟོགས་པར་འགྱུར་རོ། །དེ་བས་རིམ་པ་འདིས་རྡོ་རྗེ་
སེམས་དཔའ་ལ་སོགས་པ་བསྒོམས་པས་ཀྱང་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པར་འགྱུར་རོ་སྙམ་དུ་དགོངས་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བསྒོམ་པ་དེ་ཁོ་ན་ཉིད་བསྒོམ་པ་ལ་འཇུག་པར་བྱ་བ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་དེ་ཁོ་ན་ཉིད་ཤེས་པར་འདོད་དོ། །འདི་ཉིད་ལ་དགོངས་ནས་གདུལ་བྱ་རྣམས་ཀྱི་སེམས་ཀྱི་འཇུག་པ་དང་རྗེས་སུ་མཐུན་པར་མཛད་པའི་མགོན་པོ་ཐུགས་རྗེ་དང་ལྡན་པས་དོན་དང་ལྡན་པར་གསུངས་པའི་ཚུལ་གྱིས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་བརྒྱུད་པའམ། རྒྱུར་གྱུར་པའི་འབྲེལ་པས་དེ་དང་དེར་རྣམ་པ་དུ་མར་གསུངས་པ་ཡིན་ནོ། །དེ་ཡང་འདི་ལྟ་སྟེ། ལྷ་མོ་བཞི་དང་ཡང་དག་འདུས། །དགའ་བའི་སྦྱོར་ལ་ལེགས་པར་གནས། །རྡོ་རྗེ་རོལ་པ་ལ་སོགས་པས། །བཅོམ་ལྡན་འདོད་པ་ཅན་གྲུབ་འགྱུར། །འདི་ནི་རྣལ་འབྱོར་གཙོ་མཆོག་སྟེ། །དམ་ཚིག་ཆེན་པོ་བསྒྲུབ་པ་དང༌། །དམ་ཚིག་ཆེན་པོ་དེ་ཉིད་ལས། །དེ་ཉིད་བསྐུལ་བས་བསྐུལ་བ་ནི། །ཀུན་གྱིས་བདག་ཉིད་འདིར་བཞུགས་ནས། །གསང་བའི་སྙིང་པོ་གྲོང་ཁྱེར་ཆེར། །ལྷ་མོ་བཞི་དང་ཡང་དག་པར། །རོལ་མོ་ཀུན་གྱི་གར་མཛད་དོ། །ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱིས་ན། ལམ་ལ་གནས་པའང་ཐབས་ཀྱིས་ནི། །གདུལ་བྱ་དྲང་བའི་ཕྱིར་ཡིན་གྱི། །ཉོན་མོངས་དགྲ་ལས་འཇིགས་བྱེ་པ། །མིན་ན་ཅི་ཕྱིར་འབྲས་གནས་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པ་དེ་ཉིད་ཀྱི་རིམ་པས་བླ་མའི་མན་ངག་ཉིད་ལས་ཕྱག་རྒྱ་ཆེན་པོར་འགྱུར་བར་བྱས་ལ། ཡང་དུས་ཕྱིས་སྔར་བཤད་པའི་རིམ་པ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་རྣལ་འབྱོར་བསྒོམ་པ་ཉིད་ཀྱིས་འབྲས་བུ་མངོན་པར་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །དེ་ལྟར་ལྷག་པའི་ཏིང་འཛིན་ལ་གནས་པའི། །མི་འཕོའི་གནས་མཆོག་དག་ཏུ་རབ་མྱུར་འགྲོ་།དེ་ལས་གཞན་པའང་དེ་དང་འདྲ་བར་བཤད། །དེ་ལས་གཞན་པའང་ཅི་འདྲ་དེ་བཞིན་འགྲོ་།གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་དབང་པོ་བར་མའི་མན་ངག་བསྟན་པའོ། །གང་ཞིག་གིས་ནི་སེམས་ཀྱི་རྒྱུད། །འདོད་ཆགས་ལ་སོགས་
དབང་གྱུར་པ། །དེ་ཕྱིར་རྒྱལ་བས་ལས་ཀྱི་ནི། །ཕྱག་རྒྱ་སོགས་སྒོམ་ཡང་དག་གསུངས། །གང་ཡང་ཤིན་ཏུ་ཉོན་མོངས་པ་ཆེ་བ་ལས་བྱུང་བའི་རྣམ་པར་གཡེང་བས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་ཡང་སེམས་མཉམ་པར་འཇོག་པར་མི་ནུས་པ་དེ་རྣམས་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཤད་པའི་དམ་ཚིག་དང་ཡོན་ཏན་དང་ལྡན་པའི་དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པའམ། ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན་གྱི་བསྒོམ་པ་ཉེ་བར་བསྟན་པ་ཡིན་ནོ། །དེ་ཡང༌། བུད་མེད་གཟུགས་ལྡན་མདངས་བཟང་མ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱི་རླབས་ཀྱིས་གནས་གསུམ་གྱི། །དབེན་པར་མཆོད་པ་རབ་ཏུ་བརྩམ། །དེ་བཞིན་གཤེགས་པའི་བཙུན་མོ་མཆོག །སྤྱན་ལ་སོགས་པར་བསྒོམ་པར་བྱ། །དབང་པོ་གཉིས་ནི་མཉམ་སྦྱར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་དང༌། དེ་བཞིན་དུ། བྷ་ག་ལ་ནི་ལིངྒ་གཞུག །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །བ་སྤུ་རྣམས་ཀྱི་བུ་གནས། །མཁས་པས་སངས་རྒྱས་སྤྲིན་རྣམས་སྤྲོ། །ཞེས་བྱ་བ་ལ་སོགས་པ་གསུངས་པས། སངས་རྒྱས་ལ་སོགས་པས་རྗེས་སུ་དྲན་པ་བསྒོམ་པར་བལྟ་བར་བྱའོ། །འདི་དག་དང་དེ་ལྟ་བུའི་རྣམ་པ་གཞན་རྒྱུད་ལས་རྒྱ་ཆེར་གསུངས་པ་དེ་ཐམས་ཅད་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་རྒྱུར་གྱུར་པ་ལས་དགོངས་པ་ཉིད་ཤེས་པར་བྱའོ། །དེ་ཉིད་ཀྱིས་ན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང༌། །གང་ཞིག་གནོད་པར་མཐོང་དེ་ཡང༌། །མཁས་པས་ལ་ལར་ཕན་པར་མཐོང༌། །ནད་ཀྱི་དབང་གིས་ཐམས་ཅད་ཀྱང༌། །སྨན་ཉིད་དུ་ནི་འགྱུར་བ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་ནས་རྒྱལ་བས་དུ་མ་རུ། །ཤིན་ཏུ་གསལ་བར་རྣམ་པར་ཕྱེ། །དེ་བཞིན་སློབ་དཔོན་དུ་མས་ཀྱང༌། །སྒྲུབ་ཐབས་ཆོགས་བཤད་པ་ཡིན། །ཆོ་ག་འདི་ནི་དེ་ལྟ་བུར་ལྷག་པར་མོས་པ་གཙོ་བོར་གྱུར་པའི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ངོར་གྱུར་པ་གོང་མ་ལ་སོགས་པ་དེ་དང་དེར་བཅོམ་ལྡན་འདས་ཉིད་ཀྱིས་ཤིན་ཏུ་གསལ་བར་གསུངས་པ་དང༌། སློབ་དཔོན་རྣམས་ཀྱིས་ཀྱང༌།
མན་ངག་སྣ་ཚོགས་ཀྱི་དབང་དུ་མཛད་ནས། སྤྲོས་པ་དང་བཅས་པར་སྒྲུབ་པའི་ཐབས་ལ་སོགས་པའི་བྱ་བའི་སྒོ་ནས་རྣམ་པར་བརྩམས་པ་ཡོད་པས་འདིར་རྒྱ་ཆེར་མ་སྤྲོས་སོ། །འོན་ཀྱང༌། ཉོན་མོངས་པས་གཙེས་སེམས་ལྡན་ལ། །དེ་ནི་མཉམ་འཇོག་བྱེད་པར་འདོད། །དེ་བས་འདིར་བསྡུས་ཉིད་བྱ་ཞེས། །བདག་ཅག་རྣམས་ཀྱི་བླ་མས་བཤད། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་ཉེ་བར་གཙེས་པའི་སེམས་མཉམ་པར་འཇོག་པ་ཙམ་གྱིས་དགོས་པ་ཡོད་པས་ཀྱང་ཉམས་སུ་བླང་བ་ནི་ཤིན་ཏུ་བསྡུས་པ་ཉིད་འདིར་མཆོག་ཡིན་པར་བསྔགས་སོ་ཞེས་ཁོ་བོ་ཅག་གི་བླ་མས་བསྟན་ཏོ། །དེ་ཉིད་ཀྱིས་ན། ལས་ཀྱི་ཕྱག་རྒྱ་སོགས་བསྒོམ་པ། །གོང་ནས་གོང་དུ་མཆོག་ཡིན་ཏེ། །ཅིག་ཤོས་གོང་དོན་མི་འདོར་ཞེས། །དེ་ལྟར་བདག་གི་བླ་མས་བཤད། །ཇི་སྲིད་སྔགས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པ་ལ་སེམས་མཉམ་པར་འཇོག་པ་དང་ལྡན་པར་གྱུར་པ་དེ་སྲིད་ཀྱི་བར་དུ་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའམ། དམ་ཚིག་ཕྱག་རྒྱ་དང་སྙོམས་པར་འཇུག་པས་ཤེས་རབ་དང་ཐབས་ཀྱི་རང་བཞིན་བསྒོམ་པ་ལ་མངོན་པར་བརྩོན་པ་དང་ལྡན་པར་བྱེད་པར་འགྱུར་ལ། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར་འཇུག་པའི་བསྒོམ་པ་ལ་མངོན་པར་བརྩོན་པ་དང་ལྡན་པ་ཡང་ཇི་སྲིད་བླ་མའི་མན་ངག་གིས་བཅོམ་ལྡན་འདས་ཡུམ་ཤེས་རབ་མཚན་གྱིས་རྣམ་པ་གཞན་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་མངོན་དུ་མི་བྱེད་པ་དེ་སྲིད་ཀྱི་བར་དུ་བྱེད་པར་འགྱུར་རོ། །དེ་མངོན་སུམ་དུ་གྱུར་ནས་ཀྱང་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་རྣལ་འབྱོར་བསྒོམ་པ་ཉིད་ལས་བདེ་བར་གཤེགས་པའི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་ཡོངས་སུ་རྫོགས་པ་སྔོན་དུ་འགྲོ་བས་ཀུན་དུ་བཟང་པོ་ཉིད་དུ་གྱུར་ཅིང་སྐྱེ་བ་འདི་ཉིད་དམ་སྐྱེ་བ་གཞན་དུ་བསྒོམ་པ་མཆོག་དང་རབ་ཏུ་མཆོག་ཏུ་རྫོགས་བའི་དབང་གིས་སངས་རྒྱས་ཉིད་དང༌། རྡོ་རྗེ་འཆང་བ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་ཤིན་ཏུ་བསྡུས་ཏེ་བསྟན་པ་ཡིན་ནོ། །གང་ཞིག་ཡེ་ཤེས་ཕྱག་རྒྱ་སོགས། །བསྒོམ་ལ་མངོན་དགའ་མེད་གྱུར་པ། །ཤེས་རབ་ཉམ་ཆུང་ཉིད་ཡིན་ཕྱིར། །ཕྱག་རྒྱ་ཆེན་པོ་སྒོམ་པ་
མིན། །དེ་ལ་ཀུན་མཁྱེན་ཕན་བཞེད་པས། །ཕྱག་རྒྱ་ཆེན་པོའི་མིང་གིས་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །གཟུགས་དེ་ཉིད་ནི་ངེས་པར་བསྟན། །ཡེ་ཤེས་ཀྱི་ཕྱག་རྒྱལ་སོགས་པ་བསྒོམ་པར་མངོན་པར་མི་དགའ་བ་དང༌། ཇི་སྐད་དུ་བཤད་པའི་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ཕྱིར་སྣོད་དུ་མ་གྱུར་པ་ཉིད་ཀྱིས་ལ་ལ་དག་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཉིད་ཕྱག་རྒྱ་ཆེན་པོ་ཡིན་པར་བསྟན་པ་ནི་ཅི་ནས་དེ་བསྒོམ་པ་ཉིད་ལས་ཀྱང་ཇི་སྐད་དུ་བཤད་པའི་རིམ་གྱིས་ཕྱག་རྒྱ་ཆེན་པོ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །རྣལ་འབྱོར་སྤྱོད་པའི་དབྱེ་བ་ལས། །ཇི་སྙེད་གཟུགས་ནི་རྣམ་བསྒོམས་པའི། །དེ་སྙེད་དེ་ཉིད་འཇུག་དོན་ཡིན། །དེ་ལྟར་དེ་ཉིད་ཤེས་རྣམས་འདོད། །དཔལ་མཆོག་དང་པོའི་ཆོ་གར་ཡང༌། །ཚངས་དང་དྲག་པོ་སོགས་བསྒོམ་པ། །དེས་འདུལ་བ་ལ་གསུངས་པ་ནི། །དེ་ཉིད་ལ་ནི་འཇུག་ཕྱིར་ཡིན།། དེ་ལྟར་རྡོ་རྗེ་སེམས་སོགས་སྐུ་ནི་མ་ལུས་བསམ་མི་ཁྱབ། །ལས་ཀྱི་ཕྱག་རྒྱ་སོགས་ལྡན་ཆ་བྲལ་མིན་པ་གང་བཤད་དང༌། །གང་ཡང་ཆ་བྲལ་གཞན་དག་ཐམས་ཅད་རྣམ་པར་བསྒོམ་པར་བྱ། །གང་ཕྱིར་དེ་ཡང་རྣལ་འབྱོར་པ་རྣམས་དེ་ཉིད་རིག་འགྱུར་ཕྱིར་བསྟན་ཏོ། །གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་དབང་པོ་ཐ་མའི་མན་ངག་བསྟན་པའོ། །གང་ཞིག་བསྒོམ་སྟོབས་ཡོངས་སུ་རྫོགས། །ཚོགས་གཉིས་ཀྱི་ནི་རྒྱུར་གྱུར་པ། །སངས་རྒྱས་ཉིད་ལ་ཡང་དག་བསྟན། །བསྒོམ་པའི་སྐལ་དང་མི་ལྡན་པ། །དེ་ཕྱིར་འགྲོ་བའི་མགོན་པོ་ཡིས། །ཤེས་རབ་ཞི་གནས་བསྒོམ་པ་གསུངས། །དེ་ནི་བརྩེ་ཆེན་རྫོགས་བྱང་ཆུབ། །འགྲོ་བའི་རྒྱུད་ལ་སྐྱེད་བྱེད་ཡིན། །གང་ཡང་བསྒོམ་པའི་སྟོབས་ལས་ངེས་པར་འབྱུང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་རྒྱུ་ཀུན་དུ་བཟང་པོ་ཉིད་ལ་རྒྱུན་མི་འཆད་པར་མངོན་པར་བརྩོན་པའི་རྣལ་འབྱོར་པས་དུས་ཡུན་རིང་པོར་མི་ཐོགས་པར་རྫོགས་པ་མངོན་སུམ་དུ་བྱེད་ལ། དེ་བྱེད་པའི་སྐལ་བ་མེད་པ་དེ་རྣམས་ཀྱི་ཕྱིར་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོས་ཞི་གནས་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཉེ་བར་བསྟན་པར་མཛད་པ་ཡིན་ཏེ། དེ་ལྟར་ན་དེ་སྒོམ་པས།
བཅོམ་ལྡན་འདས་ཡུམ་ཤེས་རབ་མངོན་སུམ་དུ་བྱས་ནས། དེའི་རང་བཞིན་ཅན་གྱི་སྦྱིན་པ་ལ་སོགས་པའི་བྱ་བའི་དངོས་པོའི་ཐབས་ལ་བསླབས་པ་ལས་སངས་རྒྱས་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ་ཞེས་དགོངས་པ་ཡིན་ནོ། །དེ་ཡང་སྙིང་རྗེ་ཆེན་པོ་སྐྱེས་པས་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། དེ་ཉིད་གོང་ནས་གོང་དུ་རྣམ་པར་རྟོག་པ་སྤོང་བས་ཡོངས་སུ་དག་པ་བསྐྱེད་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དེ། སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་ཀྱིས་འཇིག་རྟེན་འདི་དག་ཐམས་ཅད་ཉིད་སྡུག་བསྔལ་རྣམས་ལས་བཏོན་ལ་སངས་རྒྱས་ཉིད་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་ཅིང༌། །འདི་རྣམས་ཀྱང་དམ་བཅས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་དང༌། སྦྱིན་པ་ལ་སོགས་པའི་བྱ་བའི་དངོས་པོའི་ཐབས་ལ་བསླབ་པ་མེད་པར་དེ་གོང་ནས་གོང་དུ་ཡོངས་སུ་དག་པ་མེད་པར་རྫོགས་པར་མི་འགྱུར་རོ་སྙམ་དུ་དགོངས་ནས་གཉིས་སུ་མེད་པའི་ཡེ་ཤེས་རྫོགས་པར་བྱ་བའི་ཕྱིར་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཡང་བསྒོམ་པར་མཛད་དོ་ཞེས་བྱ་བ་ནི་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་དུ་ཞིག་ཅེ་ན། སྨྲས་པ། བྱང་ཆུབ་སེམས་གང་གཞན་དོན་དུ། །ཡང་དག་བྱང་ཆུབ་འདོད་པ་ཡིན། །དེ་ནི་དབྱེ་བ་གཉིས་ཀྱིས་གཉིས། །དེ་དག་ཉི་ཤུ་གཉིས་སུའང་འགྱུར། །བྱང་ཆུབ་ཀྱི་སེམས་ནི་སྨོན་པའི་སེམས་དང་འཇུག་པའི་སེམས་སོ། །དེ་ཡང་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་སེམས་ཅན་གྱི་ཚོགས་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ནི་རྙེད་པར་དཀའོ། །དེ་བས་ཀྱང་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་ཞུགས་པ་དེ་ནི་ཆེས་རྙེད་པར་དཀའོ་ཞེས་གསུངས་པ་ཡིན་ནོ། །གཉིས་པོ་དེ་དག་ཀྱང་རྣམ་པ་ཉི་ཤུ་རྩ་གཉིས་སུ་དབྱེ་བར་བྱ་སྟེ། དེ་ཡང་འཕགས་པ་བྱམས་པས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་
ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་ཇི་སྐད་བཤད་པ་ཡིན་ནོ། །དེ་ལ་ཡང་འདི་ལྟར་བལྟ་བར་བྱ་སྟེ། འདུན་པའི་གནས་སྐབས་སོགས་དབྱེ་བས། །སྨོན་པའི་སེམས་ཀྱི་རྣམ་པ་གསུམ། །འཇུག་པ་ཞེས་ནི་བྱ་བའི་སེམས། །རྣམ་པ་བཅུ་དགུ་དག་ཏུ་འདོད། །དེ་ལ་སྨོན་པའི་སེམས་ནི་རྣམ་པ་གསུམ་དུ་དབྱེ་བ་སྟེ། འདུན་པ་དང་ལྷན་ཅིག་འདྲེས་པའི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་འདོད་པའི་མཚན་ཉིད་ཅན་ནི་ས་ལྟ་བུ་ཡིན་ནོ། །བསམ་པ་དང་ལྷན་ཅིག་འདྲེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པའི་མཚན་ཉིད་དེ། ཕྱིས་འབྱུང་བ་དང་ད་ལྟར་གྱི་འགྱུར་བ་མེད་པའི་ཕྱིར་གསེར་བཟང་པོ་ལྟ་བུ་ཡིན་ནོ། །ལྷག་པའི་སེམས་དང་འདྲེས་པ་ནི་བྱང་ཆུབ་ཀྱི་སེམས་ཆོས་སུམ་ཅུ་རྩ་བདུན་སྒོམ་པར་འདོད་པའི་མཚན་ཉིད་ཅན་ནི་དཀར་པོའི་ཕྱོགས་ཐམས་ཅད་འཕེལ་བར་འདོད་པའི་ཚུལ་གྱིས་ཟླ་བ་ཚེས་པ་ལྟ་བུ་ཡིན་ནོ། །འཇུག་པའི་སེམས་ཀྱི་དབྱེ་བ་ནི་རྣམ་པ་བཅུ་དགུ་སྟེ། སྦྱོར་བ་དང་འདྲེས་པ་གཅིག་དང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། །མངོན་པར་ཤེས་པ་ལྔ་དང་ལྡན་པ་དང༌། བསོད་ནམས་དང་ཡེ་ཤེས་དང་ལྡན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང༌། ཞི་གནས་དང་ལྷག་མཐོང་དང་ལྡན་པ་དང༌། གཟུངས་དང༌། སྤོབས་པ་དང་ལྡན་པ་དང༌། ཆོས་ཀྱི་སྐྱེད་མོས་ཚལ་དང་ལྡ་པ་དང༌། བགྲོད་པ་གཅིག་པའི་ལམ་དང་ལྡན་པ་དང༌། ཆོས་ཀྱི་སྐུ་དང་ལྡན་པའོ། །འདི་ཡིས་དེ་དག་མ་ལུས་ཁྱབ། །དེ་བས་གནས་སྐབས་རྣམ་བཞི་སྟེ། །འབྲས་བུ་རྒྱུ་དང་སྦྱོར་སོགས་དང༌། །ལས་ཀྱི་གནས་སྐབས་དབྱེ་བས་སོ། །དེ་ལ་གསུམ་ནི་ལས་དང་པོ་པའི་གནས་སྐབས་སོ། །བཞི་པས་ནི་དེ་ཡང་ངེས་པར་འབྱེད་པའི་ཆའི་གནས་སྐབས་སོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་སེམས་ཀྱིས་ནི་རྒྱུའི་གནས་སོ། །མངོན་པར་ཤེས་པ་ལ་སོགས་པའི་གནས་སྐབས་དང་ལྷན་ཅིག་གནས་པ་བརྒྱད་ཀྱིས་ནི་འབྲས་བུའི་གནས་སྐབས་ཁྱབ་པ་ཡིན་ནོ། །དེ་ལ་དང་པོ་མགོན་པོ་ཡིས། །གསོལ་བའི་རྣམ་པར་ཡང་དག་བཤད། །གཉིས་པ་སྦྱིན་སོགས་
ལ་འཇུག་པ། །འཇུག་པའི་རྣམ་པར་རབ་ཏུ་བསྒྲགས། །གསོལ་བའི་རྣམ་པ་སྨོན་པའི་སེམས་ནི་རྣམ་པ་གསུམ་སྟེ། དེ་ཡང་སྔར་བཤད་པ་ཡིན་ནོ། །འཇུག་པའི་རྣམ་པ་ནི་གང་ནས་བརྩམས་ཏེ་སྡོམ་པ་འཛིན་པ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པའི་ཚོགས་ལ་འཇུག་པ་དེ་ནི་འཇུག་པའི་སེམས་སོ། །སྡོམ་པ་ཡང་བླ་མ་སྡོམ་པ་ལ་གནས་ཤིང་མཁས་པ་ནུས་པ་དང་ལྡན་པ་ལས་བླང་བར་བྱའོ། །དེ་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཞུགས་པར་ཡིད་ལ་བྱས་ལ་བླང་བར་བྱའོ། །དེ་ཡང༌། སྦྱིན་སོགས་ཤེས་རབ་དང་བྲལ་བ། །ཐབས་མ་ཡིན་ཞིང་ས་མ་ཡིན། །དེ་བས་ཤེས་རབ་བསྐྱེད་བྱ་ཞིང༌། །ཞི་གནས་ཀྱང་ནི་བསྐྱེད་པར་བྱ། །ཤེས་རབ་མེད་པར་ནི་སྦྱིན་པ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་ཅིང་ཐབས་ཀྱང་མ་ཡིན་ནོ། །དེ་བས་ན་ཤེས་རབ་བསྐྱེད་པའི་ཕྱིར་དང༌། ཞི་གནས་བསྐྱེད་པའི་ཕྱིར་འབད་པར་བྱའོ། །དེ་ལ། གང་ཞིག་ཁྲིམས་ལྡན་སྡུག་བསྔལ་བཟོད་ནུས་དང༌། །གང་ལ་བརྩོན་དང་བག་ཡོད་བརྟན་པ་འཆང༌། །གང་ཚེ་ཡང་དག་དང་ཡང་ལྡན་འགྱུར་ཏེ། །དེ་ཡི་ཏིང་འཛིན་ཤིན་ཏུ་མྱུར་རྫོགས་འགྱུར། །ཞི་གནས་ཀྱི་ཚོགས་ཚུལ་ཁྲིམས་ལ་སོགས་པ་གསུམ་ལ་རྣམ་པར་གནས་པས་ཡིད་དང་རྗེས་སུ་མཐུན་པའི་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ། ལུས་དྲང་པོར་བཞག་ལ་སྙིང་རྗེ་ཆེན་པོ་མངོན་སུམ་དུ་བྱ་སྟེ། །སེམས་ཅན་མ་ལུས་པ་གདོན་པའི་བསམ་པས་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཁམས་སོགས་དབྱེ་བས་དངོས་པོ་ཐམས་ཅད་ལ། །ཡང་དག་དམིགས་ཏེ་ཇི་སྲིད་མཉམ་གཞག་ཐོབ། །དེ་སྲིད་ཡིད་ནི་སྐད་ཅིག་རེ་རེ་གཞུག །དང་པོར་རེ་ཞིག་རྣལ་འབྱོར་བས་ཁམས་ལ་སོགས་པའི་རྣམ་པར་དབྱེ་བས་དངོས་པོ་མ་ལུས་པ་ལ་རྒྱ་ཆེར་རྣམ་པར་དཔྱད་ལ། ཆོས་ཐམས་ཅད་ནི་འདི་ཙམ་དུ་ཟད་དོ་ཞེས་དེ་ལྟར་ངེས་པར་བྱ་སྟེ། ཡང་སེམས་ཀྱི་རྒྱུད་ཀྱི་སྐད་ཅིག་མས་དེ་ཉིད་དུ་གཏད་པར་བྱའོ། །གལ་ཏེ་ཡིད་ནི་ཆགས་སོགས་ཀྱིས་གཡེངས་གྱུར། །མི་
གཙང་ལ་སོགས་གཉེན་པོ་བསྒོམ་པ་ཡིས། །ཇི་སྲིད་དེ་ནི་བརྟན་བ་མ་ཐོབ་བ། །དེ་སྲིད་བློ་དང་ལྡན་པས་དེ་ཞི་བྱ། །ཡང་གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས་རྣམ་པར་གཡེངས་པར་གྱུར་པ་དེའི་ཚེ་མི་གཙང་བ་བསྒོམ་པ་ལ་སོགས་པས་རྣམ་པར་གཡེང་བ་ཞི་བར་བྱས་ལ། སེམས་ཡང་ནས་ཡང་དུ་དེ་ལ་གོང་ནས་གོང་དུ་གཏད་པར་བྱའོ། །དེ་ལ་ཡང་བཅོམ་ལྡན་འདས་ཀྱིས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འདོད་ཆགས་རྣམ་པ་དགུ་ནི་ཆེན་པོ་སྟོང་པ་ཉིད་དུ་བསྟན་ཏེ། འདི་ལྟ་སྟེ། དབྱིབས་ལ་ཆགས་པ་དང༌། རེག་པ་ལ་ཆགས་པ་དང༌། ཙནྡན་ལ་སོགས་པ་བསྐུས་པ་ལས་བྱུང་བའི་ལུས་ཀྱི་དྲི་ལ་ཆགས་པ་དང༌། རྒྱན་གྱིས་བརྒྱན་པ་ལས་བྱུང་བའི་ལུས་མཛེས་པ་ལ་ཆགས་པ་དང༌། ལུས་ཀྱི་ཁ་དོག་ལ་ཆགས་པ་དང༌། ཤ་རྒྱས་པ་ལ་ཆགས་པ་དང༌། ལུས་དང་ཡན་ལག་གི་རྩེ་འཇོ་ལ་ཆགས་པ་དང༌། སོ་མཛེས་པ་ལས་བྱུང་བའི་ཆགས་པ་དང༌། ཁ་དོག་དང་དབྱིབས་ལ་ཆགས་པའོ། །དེའི་གཉེན་པོར་གྱུར་པའི་མི་གཙང་བ་ཡང་རྣམ་པ་དགུ་སྟེ། དེ་ནི་འདི་ལྟ་སྟེ། དབྱིབས་ལ་ཆགས་པ་རྣམས་ཀྱི་གཉེན་པོ་ནི་རྣམ་པར་བམ་པའི་འདུ་ཤེས་སོ། །ལུས་ཀྱི་རེག་པ་ལ་ཆགས་པའི་ནི་འབུས་གཞིགས་པའི་འདུ་ཤེས་སོ། །ལུས་ཀྱི་དྲི་ལ་ཆགས་བའི་ནི་རྣམ་པར་རུལ་བའི་འདུ་ཤེས་སོ། །ལུས་མཛེས་པ་ལ་ཆགས་པའི་ནི་རྣམ་པར་དམར་བའི་འདུ་ཤེས་སོ། །ལུས་ཀྱི་ཁ་དོག་ལ་ཆགས་པའི་ནི་རྣམ་པར་བསྔོས་པའི་འདུ་ཤེས་སོ། །ཤ་རྒྱས་པ་ལ་ཆགས་པའི་ནི་རྣམ་པར་ཟོས་པའི་འདུ་ཤེས་སོ། །ལུས་དང་ཡན་ལག་གི་རྩེ་འཇོ་ལ་ཆགས་པའི་ནི་རྣམ་པར་འཐོར་བའི་འདུ་ཤེས་སོ། །སོའི་མཛེས་པ་ལ་ཆགས་པའི་ནི་རུས་གོང་གི་འདུ་ཤེས་སོ། །ཁ་དོག་དང་དབྱིབས་ལ་ཆགས་པའི་གཉེན་པོ་ནི་རྣམ་པར་ཚིག་པའི་འདུ་ཤེས་སོ། །ཞེ་སྡང་ལས་བྱུང་བའི་རྣམ་པར་གཡེང་བའི་གཉེན་པོ་ནི་བྱམས་པ་བསྒོམ་པའོ། །གཏི་མུག་ལས་བྱུང་བའི་རྣམ་པར་གཡེང་བའི་གཉེན་པོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པའོ། །གང་གི་ཚེ་སེམས་དེར་མངོན་པར་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་
འཛིན་གྱི་ཡོན་ཏན་ལ་བསམ་པ་དང༌། མི་དགའ་བའི་སྐྱོན་ལ་བསམ་པས་དེ་ཡང་ཞི་བར་བྱའོ། །གང་གི་ཚེ་གཉིད་དང་རྨུགས་པ་ལས་སེམས་ཞུམ་པར་མཐོང་བ་དེའི་ཚེ་སྣང་བའི་འདུ་ཤེས་བསྒོམ་པ་དང༌། རབ་ཏུ་དགའ་བ་ཡིད་ལ་བྱེད་པ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་ཞུམ་པ་དེ་ཡང་ཞི་བར་བྱའོ། །ཡང་གང་གི་ཚེ་སྔོན་དགོད་པ་དང༌། རྩེ་ཞིང་དགའ་བ་རྗེས་སུ་དྲན་པས་སེམས་བར་སྐབས་སུ་རྒོད་པར་མཐོང་བ་དེའི་ཚེ་མི་རྟག་པ་ཡིད་ལ་བྱེད་པས་དེ་ཡང་ཞི་བར་བྱའོ། །ཡང་གང་གི་ཚེ་ཞུམ་པ་དང༌། རྒོད་པ་དག་དང་བྲལ་བ་ཉིད་ཀྱིས་ཆ་མཉམ་པར་འཇུག་ཅིང་སེམས་རང་གི་མཚན་ཉིད་ཀྱིས་གནས་པར་མཐོང་བ་དེའི་ཚེ་བསྒྲིམ་པ་དང་གློད་པས་བཏང་སྙོམས་སུ་བྱས་ཏེ། གལ་ཏེ་སེམས་མཉམ་པར་འཇུག་ཏུ་ཟིན་ཀྱང་བསྒྲིམ་པ་བྱས་ན། དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །ལེ་ལོ་དང་ནི་དམིགས་པ་བརྗེད་པ་དང༌། །དེ་བཞིན་ཞུམ་རྒོད་མི་རྩོལ་བ་དང་རྩོལ། །ཏིང་ངེ་འཛིན་ལ་ཐམས་ཅད་ཉེས་པར་འགྱུར། །དད་སོགས་སེམས་ཉིད་དེ་ཡི་གཉེན་པོ་ཡིན། །མདོར་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཉེས་པ་ཉིད་ནི་རྣམ་པ་དྲུག་ཡོད་དེ། འདི་ལྟ་སྟེ་ལེ་ལོ་དང༌། དམིགས་པ་བརྗེད་པ་དང༌། ཞུམ་པ་དང༌། རྒོད་པ་དང༌། བསྒྲིམས་པ་དང༌། མ་བསྒྲིམས་པའོ། །དེ་རྣམས་ཀྱི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟ་སྟེ། དད་པ་དང༌། འདུན་པ་དང༌། རྩོལ་བ་དང༌། ཤིན་ཏུ་སྦྱངས་པ་དང་དྲན་པ་དང༌། ཤེས་བཞིན་དང༌། བཏང་སྙོམས་དང༌། སེམས་པའོ། །དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་ཡིན་ཏེ། དེ་ཡང་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཅན་གྱི་དད་པས་རྣལ་འབྱོར་པ་རྣམས་དེ་ལ་མངོན་པར་འདོད་པའི་སེམས་སྐྱེ་བར་འགྱུར་ལ། མངོན་པར་འདོད་པ་དེ་ལས་རྩོལ་བ་རྩོམ་པར་འགྱུར་རོ། །དེ་ལས་ཀྱང་ལུས་དང་སེམས་ལས་སུ་རུང་བ་ཉིད་ཐོབ་པར་འགྱུར་ལ། ཤིན་ཏུ་སྦྱངས་པ་དེ་ལས་ལུས་དང་སེམས་ལེ་ལོ་ལས་ལྡོག་པར་འགྱུར་རོ། །དེ་བས་ན་དད་པ་ལ་སོགས་པ་ནི་ལེ་ལོ་སྤང་བའི་ཕྱིར་
བསྒོམ་པར་བྱའོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་ཞུམ་པ་དང༌། རྒོད་པའི་གཉེན་པོ་ཡིན་ཏེ། དེས་ཞུམ་པ་དང༌། རྒོད་པ་དག་ཉེ་བར་ཤེས་པ་ཡིན་པའི་ཕྱིར་རོ། །ཞུམ་པ་དང་རྒོད་པ་མ་ཞི་བའི་དུས་སུ་ནི་མི་རྩོལ་བ་ཉེས་པ་ཡིན་ཏེ། དེའི་གཉེན་པོར་ནི་སེམས་པ་བསྒོམ་པར་བྱའོ། །ཞུམ་པ་དང༌། རྒོད་པ་དང༌། ཉེ་བར་ཞི་བར་གྱུར་ནས་གང་གི་ཚེ་སེམས་རང་གི་རྒྱུན་གྱིས་འཇུག་པ་དེའི་ཚེ་ནི་རྩོལ་བ་ཉེས་པ་ཡིན་པས་དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱའོ། །སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དང་ཡང་དག་པར་ལྡན་པའི་ཏིང་ངེ་འཛིན་གང་གིས་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་རྫོགས་པར་བྱེད་པར་མཆོག་ཏུ་ལས་སུ་རུང་བར་འགྱུར་རོ། །དེ་བས་ན་མདོ་ལས་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་བ་སྒོམ་པར་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །བསྒོམ་པའི་རིམ་པ་འདི་ཉིད་ལས་དགོངས་ནས། བཅོམ་ལྡན་འདས་ཡུམ་ལས། དེ་ལ་སེམས་མཉམ་པར་གཞག་པར་བྱ། ཡང་དག་པར་འཇོག་པར་བྱེད། རྣམ་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། གཅིག་པ་ཉིད་དུ་བྱེད། ཏིང་ངེ་འཛིན་དུ་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཡང་དག་པར་འཇོག་པ་ནི་དམིགས་པ་དེ་ཉིད་ལ་རྒྱུན་གྱིས་འཇུག་པར་བྱེད་པའོ། །རྣམ་པར་འཇོག་པ་ནི་རྣམ་པར་གཡེང་བ་ཤེས་པར་བྱས་ཏེ་དེ་ཉེ་བར་ཞི་བར་བྱེད་པའོ། །ཉེ་བར་འཇོག་པར་བྱེད་པ་ནི་རྣམ་པར་གཡེང་བ་ཉེ་བར་ཞི་བར་བྱས་ནས། དེ་ཉིད་ལ་གོང་ནས་གོང་དུ་གཏོང་བར་བྱེད་པའོ། །དུལ་བར་བྱེད་པ་ནི་དགའ་བ་སྐྱེད་པར་བྱེད་པའོ། །ཞི་བར་བྱེད་པ་ནི་མི་དགའ་བ་ཉེ་བར་ཞི་བར་བྱེད་པའོ། །ཉེ་བར་ཞི་བར་བྱེད་པ་ན་གཉིད་དང་རྨུགས་པ་ལ་སོགས་པ་བྱུང་བ་སེལ་བར་བྱེད་པའོ། །གཅིག་པ་ཉིད་དུ་བྱེད་པ་ནི་དམིགས་པ་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པར་འབད་པར་བྱེད་པའོ། །ཏིང་ངེ་འཛིན་དུ་མཉམ་པར་འཇོག་པ་ནི་སེམས་མཉམ་པ་ཉིད་ཐོབ་པ་ལ་བཏང་སྙོམས་སུ་བྱེད་པས་ཡང་དག་པར་འཛིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཚིག་དགུ་པོ་འདི་དག་གི་བཤད་པ་ནི། སློབ་དཔོན་ཐོགས་
མེད་ཀྱིས་མཛད་པ་ལས་བྲིས་པ་ཡིན་ནོ། །ཡང་རིམ་པ་འདིས་ཏིང་ངེ་འཛིན་རྫོགས་པ་གང་གི་ཚེ་འགྱུར་ཞེ་ན། དེའི་ཕྱིར་སྨྲས་པ། གང་ཚེ་སེམས་ནི་རྩོལ་བ་མེད་པས་ནི། །རང་གི་ངང་གིས་འཇུག་པར་གྱུར་པ་ནས། །དེ་ཚེ་སངས་རྒྱས་མཉམ་འཇོག་ལ་བརྟེན་ཏེ། །འདི་ནི་ཏིང་འཛིན་ཀུན་གྱི་ཚུལ་ཡིན་ནོ། །གང་གི་ཚེ་དམིགས་པ་དེ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་ཇི་སྲིད་འདོད་པས་སེམས་གནས་པར་གྱུར་པ་དེའི་ཚེ་ཞི་གནས་རྫོགས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་མཉམ་འཇོག་ཤེས་ནས་ནི། །དེ་ནས་ཤེས་རབ་བསྐྱེད་བྱ་སྟེ། །གཟུགས་དང་གཟུགས་མེད་དབྱེ་བ་ཡིན། །དོན་དེ་ཉིད་ནི་རྣམ་དཔྱད་བྱ། །དེ་ལ་རེ་ཞིག་གཟུགས་ཅན་ཉིད་རྣམ་པར་དཔྱད་པར་བྱ་སྟེ། ཅི་སྔོན་པོ་ལ་སོགས་པའི་རྣམ་པ་འདི་དག་རྣམ་པར་ཤེས་པ་ལས་ཐ་མི་དད་པ་ཡིན་ནམ། ཐ་དད་པ་ཡིན་དེ་ལ་ཤེས་པ་ལས་ཐ་མི་དད་པ་ཉིད་ཡིན་ན། ཁམས་གསུམ་དེའི་རང་བཞིན་དུ་འགྱུར་ཏེ། ཐམས་ཅད་སེམས་ཀྱི་དངོས་པོ་ཉིད་དུ་ནི་རང་ན་གང་གི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་པ་ཉིད་དུ་མཐོང་བ་དེ་ཡང་ཤེས་པ་ཡིན་ཏེ། དེ་ལས་གཞན་ཉེ་བར་མི་དམིགས་སོ། །དེར་ནི་འདི་ལྟར་འགྱུར་ཏེ། གང་ཡང་མདུན་ན་གནས་པའི་སྔོན་པོ་ལ་སོགས་པ་ནི་རྣམ་པར་ཤེས་པའི་རང་བཞིན་ཡིན་མོད་ཀྱི། འོན་ཀྱང་དེ་ནི་ཡུལ་དང་དུས་ལ་སོགས་པའི་ངེས་པ་གཞན་དུ་མི་འཐད་པས་ཕྱིའི་དོན་དུ་བརྟགས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དམ་པ་བློ་ཡི་ངེས་པ་ཡང༌། །ནང་གི་རྒྱུ་ལས་གྲུབ་པར་འདོད། །ནང་གི་ཤེས་པར་བྱེད་པ་ཉིད་ཡུལ་དང་དུས་ཀྱི་ངེས་བར་རིགས་ཀྱི་དོན་གྱི་དབང་གིས་མེད་པས་ཕྱི་རོལ་དུ་རྟོག་པ་ནི་ལེགས་པ་མ་ཡིན་ནོ། །ཅིའི་ཕྱི་རོལ་ལ་ས་མ་ཡིན་ནོ་ཞེས་གལ་ཏེ་ཟེར་ན། བྱེད་པ་ལས་གཞན་དུ་མི་འཐད་པར་དེ་ཉིད་བརྟག་པར་བྱས་ལ། དེ་ཡང་ཕྱི་རོལ་པ་ཉིད་དུ་བརྟག་བར་བྱ་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་ཐམས་ཅད་མ་དམིགས་པ་ཉིད་ཀྱིས་ཏེ། གལ་ཏེ་ཅུང་ཟད་ཅིག་མཐོང་བ་ནི་བརྟག་ཏུ་ཟད་ན་མ་མཐོང་བ་བརྟག་པ་ཡིན་ན་རྟའི་རྭ་ལ་སོགས་པ་ཡང་ཤེས་པར་བྱེད་པ་ཉིད་དུ་ཞེས་པས་ཐལ་ཆེས་པ་ཉིད་དུ་འགྱུར་རོ། །རྟའི་རྭ་ལ་སོགས་པ་ནི་མེད་པས་
ཞེན་པ་མེད་དོ་ཞེ་ན། ཕྱི་རོལ་ཅི་ལྟར་ཡོད། ངེས་པ་གཞན་དུ་མི་དམིགས་སོ་ཞེ་ན། རྟའི་རྭ་ལ་སོགས་པ་དང་མཉམ་པ་དང་གཅིག་ལ་གཅིག་བསྟེན་པ་ཉིད་ཀྱིས་སོ། །གཞན་དུ་མི་འཐད་པ་ལས་མཐོང་བ་ཉིད་ཡིན་ན་གཞན་ཉིད་དུ་གྱུར་པ་ན་འགྲོ་བ་རྣམས་ནི་འོ་ན་ལོང་གྱུར། མི་སྣང་བའི་རང་བཞིན་ཅན་ཡིན་པའི་ཕྱིར། འགྲོ་རྣམས་ལོང་བར་ཐལ་བར་འགྱུར་རོ། །སྣང་བར་བྱེད་པ་དེ་སེམས་ཀྱི་རང་བཞིན་ཅན་གཞན་ཞིག་པར་གྱུར་པ་ཉིད་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་གང་གི་ཕྱིར་སེམས་ཀྱི་རང་བཞིན་ངག་ཡོད་པ་མ་ཡིན་ན། འདི་གང་ན་ཡོད། གང་མངོན་སུམ་དུ་ཡང་མེད་ལ་རྗེས་སུ་དཔག་པར་ཡང་མེད་དེ། སྔོན་པོ་ལ་སོགས་པ་དང་ཐ་དད་པ་དང་སེམས་ཀྱི་ངོ་བོ་གཞན་དག་འདི་ནི་མངོན་སུམ་དུ་མི་སྣང་ལ། དེ་རྗེས་སུ་དཔག་པར་ཡང་མེད་དེ། དེ་མངོན་སུམ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཡང་ན་བདེ་བ་ལ་སོགས་པའི་ཚུལ་དུ་གཟུགས་ལ་སོགས་པ་ཉེ་བར་དམིགས་སོ་ཞེ་ན། དེ་ནི་མ་ཡིན། གང་གི་ཕྱིར་གཟུང་བར་བྱ་བ་ལས་བྱེ་བྲག་མེད་པ་ཉིད་ཀྱིས་བདེ་བ་ལ་སོགས་པའི་ཚུལ་མ་ཡིན་ཏེ། འཁྲུལ་པ་ལ་སོགས་པ་ནང་གི་རེག་བྱའི་ཚུལ་ཉིད་ཀྱིས་གཟུང་བྱ་ཡིན་པའི་ཕྱིར་དེའི་ཁྱད་པར་གྱིས་ཀྱང་གཟུང་བར་བྱ་བའི་ཁྱད་པར་དུ་མི་འགྲུབ་པ་དང༌། འོན་ཏེ་མངོན་སུམ་དུ་དམིགས་སུ་མེད་ཀྱང་དོན་གྱི་དབང་གིས་ཉེ་བར་དམིགས་ཏེ། དེ་ཡང་དོན་མི་ཤེས་པ་ལ་གང་ཡང་བློའི་དམིགས་པ་མི་སྐྱེ་བའི་ཤེས་པ་ལ་རྗེས་སུ་དཔག་པ་ཉེ་བར་དམིགས་པར་འགྱུར་རོ་ཞེས་བཤད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་གཞན་དུ་འཐད་པ་མ་ཡིན་པ་སེམས་ཀྱི་ཚུལ་དུ་ཟད་པར་འགྱུར། སེམས་ཀྱི་ཚུལ་མ་ཡིན་པ་ཉིད་ཀྱིས་བེམས་པོ་ཡིན་པས་ན་སོ་སོར་སྣང་བ་དང་ལྡན་པ་ཡིན་ནོ། །གཞན་དུ་མི་འཐད་པས་འཛིན་པ་པོའི་ཆར་ཡོངས་སུ་གདགས་པར་གྱུར་པ་ནི་སྲིད་ཀྱི་ཚུལ་ཉིད་དུ་དེ་མི་འཐད་དོ། །བེམས་པོ་ཉིད་ཀྱི་དབང་དུ་བྱས་ནས་གཞན་དུ་མི་འཐད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་གང་གི་ཕྱིར། ཕན་ཚུན་བསྟེན་པའི་ཉེས་པ་ནི། །ཚངས་པས་ཀྱང་ནི་བཟློག་མི་ནུས། །གཞན་དུ་མི་རིགས་པ་ནི་འཛིན་པ་པོའི་ཆར་ཡོངས་སུ་བརྟགས་པས། བེམས་པོ་དང་བེམས་པོ་མ་ཡིན་པ་གཞན་
པ་ཉིད་དུ་རིགས་པ་མ་ཡིན་ནོ། །དེ་བས་ན་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་པུ་ཉིད་དུ་མཐོང་གི་དེ་ལས་ཐ་དད་པའི་བེམས་པོའམ་སེམས་ཀྱི་ཚུལ་བཞིན་ནི་ཡོད་པ་མ་ཡིན་ནོ་ཞེས་བྱེ་བྲག་གནས་སོ། །དེའི་ཕྱིར་ཉེ་བར་བརྟག་པ་འདི་ནི། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟག་གོ །ཞེས་པ་སྟེ། ཕྱི་རོལ་མེད་པས་གཟུང་བར་བྱ་བ་མེད་པའི་ཕྱིར་འཛིན་པ་པོའི་རྣམ་པར་ཤེས་པ་ཡང་ཡོད་པ་མ་ཡིན་ལ། གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་གཉིས་སུ་མེད་པའི་ཚུལ་གྱིས་དེ་བཞིན་ཉིད་ལ་གནས་ནས་གཟུང་བ་དང་འཛིན་པའི་ཚུལ་གྱིས་སེམས་ཙམ་སྤང་བར་བྱའོ། །དེ་ཡང་ཇི་སྐད་དུ། དེ་བཞིན་ཉིད་དུ་དམིགས་ནས་སུ། །སེམས་ཙམ་ཉིད་ཀྱང་བཟླ་བར་བྱ། །ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར། རྣམ་པར་ཤེས་ལ་བརྟེན་ནས་སུ། །ཕྱི་ཡི་དོན་ནི་ཡོངས་སུ་སྤང༌། །སྟོང་ཉིད་དམིགས་པ་ལ་གནས་ནས། །འཛིན་བྱེད་ཆ་ཡང་སྤང་བར་བྱ། །དེ་ལྟར་ན་ཚུལ་རྣམ་པ་གཉི་ག་དང་བྲལ་བས་སྟོང་པ་ཉིད་ཀྱི་རང་བཞིན་ཅན་གྱི་སེམས་ཀྱི་ཚུལ་ནི་འགྲོ་བ་ཡིན་ནོ་ཞེས་ངེས་པར་བྱས་ནས། ཡང་དེ་ཉིད་རྣམ་པར་དཔྱད་པར་བྱ་སྟེ། ཅི་སྟེ་གཅིག་པའམ་དུ་མའམ་གཉི་གའི་ཚུལ་ཅན་ནམ། སྐྱེས་པའམ་མ་སྐྱེས་པ་ཡིན། སྐྱེས་ན་བདག་ལས་སམ་གཞན་ལས་སམ་གཉི་ག་ལས་སམ། རྒྱུ་མེད་པ་ལས་སྐྱེ། དེ་བཞིན་དུ་དངོས་པོའི་ཚུལ་ཅན་ནམ། དངོས་པོ་མེད་པའི་ཚུལ་ཅན་ཡིན། །ཞེས་བྱ་བ་ལ་སོགས་པས་དཔྱད་པར་བྱའོ། །དེ་ལ་རེ་ཞིག །འགྲོ་བ་སྣ་ཚོགས་ཉིད་ཡིན་ཕྱིར། །གཅིག་ཉིད་མ་ཡིན་དུ་མའང་མིན། །སེམས་ཀྱི་ཚུལ་ཡང་མི་ཤེས་པས། །དེ་ཕྱིར་གཉི་གའི་ཚུལ་ཉིད་མིན། །སྐྱེ་བ་མིན་ན་འགག་པ་མིན། །འགྲོ་བ་དངོས་དང་དངོས་མེད་མིན། །རང་ཉིད་ཆོས་སྐུའི་བདག་ཉིད་ཅན། །དེ་ལ་རེ་ཞིག་གཅིག་པ་ཉིད་ནི་མ་ཡིན་ཏེ། གལ་ཏེ་གཅིག་ཏུ་འགྱུར་ན། སྔོན་པོ་སེར་པོ་ལ་སོགས་པའི་ཚུལ་གྱིས་སྣ་ཚོགས་པར་སྣང་བའི་ཤེས་པར་མི་འགྱུར་རོ། །སེར་པོ་ལ་སོགས་པ་མ་ལུས་པ་སྔོན་པོའི་ནང་དུ་ཤེས་པར་ཐལ་བར་འགྱུར་རོ། །སྔོན་པོ་ཡང་སྔོན་དང༌། ཕྱི་མ་དང་དབུས་ཀྱི་དབྱེ་བ་དང་རིགས་པར་སྣང་བས་ཤེས་པར་མི་འགྱུར་ཏེ། གང་ལ་ཕྱོགས་ཀྱི་ཆ་ཡོད་པ་དེ་ལ་ནི་གཅིག་
པ་ཉིད་དུ་མི་འཐད་པར་བྱ་བའི་རིགས་པ་ཉིད་ཀྱིས་སོ། །དེའི་ཕྱིར་རྡུལ་ཕྲ་རབ་ཙམ་ཉིད་དུ་སོ་སོར་སྣང་བར་འགྱུར་རོ། །དུ་མ་ཉིད་དུ་ཡང་མ་ཡིན་ཏེ། དུ་མ་ཉིད་ཡིན་ན་གཟུང་བ་དང་འཛིན་པ་དང་བྲལ་བའི་སྟོང་བ་ཉིད་ཀྱི་ངོ་བོ་ཉིད་ཀྱི་དེ་ཁོ་ན་ཉིད་ལ་རྡུལ་ཕྲ་རབ་དབྱེ་བ་མེད་པ་དང་དེ་ལས་གཞན་པའི་ཡང་དག་པ་མེད་པས་རྡུལ་ཕྲ་རབ་རེ་རེ་ཞིང་རང་རིག་པའི་ཚུལ་གྱིས་དེ་ཉིད་རྡུལ་ཕྲ་རབ་ཐ་དད་པར་སྣང་བར་ཐལ་བར་འགྱུར་རོ། །གཉི་གའི་ཚུལ་དུ་ཡང་མི་རིགས་ཏེ་དེ་ལྟ་བུའི་ཤེས་པ་མེད་པའི་ཕྱིར་རོ། །ཐམས་ཅད་དུ་ཁོ་བོ་ཅག་གི་ཚད་མ་ནི་མངོན་སུམ་པ་ཡིན་ན་རྗེས་སུ་འཇུག་པའམ། ལྡོག་པའི་ཚུལ་དུ་ལྷན་ཅིག་གམ་ཐ་དད་པར་མངོན་སུམ་དུ་ཤེས་པ་ཉེ་བར་མ་དམིགས་སོ། །དེ་ལས་གཞན་པ་ཡང་དེ་སྔོན་དུ་འགྲོ་བ་ཡིན་པས་མ་ལ་དེ་ལྟར་མ་དམིགས་ན་རྗེས་སུ་འཇུག་པ་དང༌། ལྡོག་པ་ཚད་མེད་པར་ཇི་ལྟར་ཡོངས་སུ་བརྟག་པར་བྱ། འོན་ཏེ་སྣ་ཚོགས་པ་ཉིད་ཀྱི་རིགས་པའི་རྣམ་པར་རང་གི་ཤེས་པའི་ཚུལ་གྱིས་སྨྱོན་ཏོལ་བྱ་བར་རིགས་པ་མ་ཡིན་ནོ། །རེ་ཞིག་གཞན་དགག་པའི་ཚུལ་གྱིས་ཡོད་པ་དེ་ཡང་རྗེས་སུ་འཇུག་པ་དང་ལྡོག་པ་མེད་པ་མ་ཡིན་ནོ། །དེ་ནི་དེའི་ངོ་བོ་ཉིད་ལས་གཞན་དུ་མི་འཐད་པར་ཡོངས་སུ་བརྟག་པར་བྱའོ་ཞེ་ན་མ་ཡིན་ཏེ། ཉམས་སུ་མྱོང་བའི་ཚུལ་ཉིད་ཀྱིས་སྤྲོས་པ་མེད་པས་དེ་ཤིན་ཏུ་གསལ་བར་འཐད་པས་དོན་གྱིས་ཤེས་པར་བྱ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་སྐྱེ་བའང་མི་རིགས་ཏེ། རྒྱུ་དང་འབྲས་བུའི་ཚུལ་གྱིས་ཚད་མ་མེད་པས་སོ། །སྔོན་དང་ཕྱི་མའི་ཚུལ་གྱིས་ཚད་མ་ལ་འཇུག་ན་རྒྱུ་དང་འབྲས་བུའི་ཚུལ་དུ་གཞག་པའི་རྣམ་པ་གཉིས་པོ་ལས་རྣམ་པར་དབེན་པ་གཉིས་སུ་མེད་པའི་ཤེས་པ་ལ་ནི་སྔོན་དང་ཕྱི་མའི་འཇུག་པ་དང་ལྡན་པ་མ་ཡིན་ལ། དེ་ལས་གཞན་པའི་ཤེས་པ་ཡོད་པ་མ་ཡིན་པས་ཚད་མ་མེད་པར་བཤད་པ་ཡིན་ལ། དེ་ལྟར་གང་གི་ཚེ་རྒྱུ་དང་འབྲས་བུའི་ཚུལ་གྱིས་ཚད་མ་མེད་པས་སྐྱེ་བ་ཉིད་ཀྱང་མེད་པ་དེའི་ཚེ་བདག་དང་གཞན་ལས་སམ། གཉི་ག་ལས་སམ། རྒྱུ་མེད་པ་ལས་ག་ལས་སྐྱེ། དེ་བས་ན་ཡང་དག་པའི་ཤེས་པ་ནི་རྣམ་པར་དཔྱད་པ་འདི་ཉིད་ཀྱིས་ཆོས་ཐམས་ཅད་སྐྱེ་བ་མཐོང་བས་སློབ་དཔོན་
ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། མ་རིག་རྐྱེན་ལས་བྱུང་བ་ཡི། །ཡང་དག་ཤེས་པ་ལ་ལྟ་བས། །སྐྱེ་བའམ་ཡང་ན་འགག་པ་ནི། །འགའ་ཡང་ཉེ་བར་མ་དམིགས་སོ། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་དེ་ཁོ་ན་ཉིད་ལ་སྐྱེ་བ་མེད་པས་དངོས་པོའི་ཚུལ་ཉིད་དུ་ཡང་ཡོད་པ་མ་ཡིན་ཏེ། འབྱུང་པས་ན་དངོས་པོ་སྟེ་ཡོད་པ་སྔོན་དུ་འགྲོ་བ་ཅན་གྱི་འབྱུང་བ་ཉིད་ལ་རྣམ་པར་འཇོག་པ་ཡིན་ནོ། །དེ་ལྟར་དེ་འཇིག་པའི་ཚུལ་གྱི་རང་བཞིན་ཅན་དངོས་པོ་མེད་པའི་ཚུལ་ཉིད་ཀྱང་མེད་དོ། །དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་ཉིད་མེད་པས་སྒྲོས་པ་ཐམས་ཅད་ཀྱང་མེད་པ་ཡིན་ཏེ། དེ་རྣམས་ནི་དངོས་པོ་དང་དངོས་པོ་མེད་པ་དག་ལ་གནས་པ་ཉིད་ཀྱིས་དེ་གཉིས་ཁྱབ་པ་ཡིན་པའི་ཕྱིར་ཏེ། དེ་ལྟར་ཁྱབ་པ་པོ་མེད་པས་ཁྱབ་པར་བྱ་བ་ཡང་མེད་པའི་ཕྱིར་རོ། །དེ་བས་ན་རྣམ་པར་དཔྱད་པ་འདིས་སྤྲོས་པ་མེད་པ་ཉིད་ཡིན་པའི་ཕྱིར་འགྲོ་བ་རྣམས་ཆོས་ཀྱི་སྐུའི་བདག་ཉིད་དུ་ཤེས་པར་བྱས་ལ་སེམས་ཙམ་ལས་ཡོངས་སུ་བཟླས་ལ་གཅིག་དང་དུ་མ་ཉིད་ལ་སོགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་ཀྱང་སྣང་བ་མེད་པའི་ཚུལ་དུ་བཟླ་བར་བྱའོ། །དེ་བས་ན། སེམས་ཙམ་ལས་ནི་བཟླས་ནས་སུ། །སྣང་བ་མེད་ལས་བཟླ་བར་བྱ། །ཞེས་གསུངས་པ་ཡིན་ནོ། །སྤྲོས་པ་མེད་པའི་ཚུལ་ཡང་སྣང་བ་མེད་པ་ལ་རྣམ་པར་གནས་པ་ནི་དེ་ཁོ་ན་ཉིད་དེ། ཐེག་པ་ཆེན་པོ་ཞེས་བྱ་བ་ལ། མཚན་གྱི་རྣམ་པ་གཞན་དུ་ན་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། དེ་མཐོང་བར་འགྱུར་རོ་ཞེས་གསུངས་པ་ནི། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་བྱ་བ་དང་འགྲོ་དང་ལྡང་དང་འདུག་པ་དང༌། །ཉལ་ནའང་མཉམ་པར་གཞག་པ་ཡིན། །མཐོང་དང་ཐོས་དང་དེ་བཞིན་བསྒོམ། །མྱོང་དང་རེག་པར་དེ་བསྒོམ་ཡང༌། །ཤེས་རབ་མིག་ནི་དག་པའི་བདག །རྣམ་པར་དཔྱོད་ལ་གཅིག་ཏུ་བརྩོན། །ཆོས་རྣམས་ཐམས་ཅད་མི་ཤེས་པས། །མཐོང་ནའང་མཐོང་བ་མ་ཡིན་ནོ། །དེ་ཁོ་ན་ཉིད་མཐོང་བ་འདི་ཉིད་ནི་གང་ཤེས་རབ་ཀྱིས་རྣམ་པར་བརྟགས་ན་ཡང་དག་པའི་ཡེ་ཤེས་མཐོང་བས་ཆོས་ཐམས་ཅད་མི་མཐོང་བ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཡུམ་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྤྱན་གང་ཞེ་ན། གང་གིས་ཅི་ཡང་མ་གཟིགས་
པའོ་ཞེས་བྱ་བ་དང༌། དེ་བཞིན་དུ་དོན་དམ་པ་མཐོང་བ་གང་ཞེ་ན། གང་ཆོས་ཐམས་ཅད་མཐོང་བ་མེད་པའོ་ཞེས་ཇི་སྐད་གསུངས་པ་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱང་སྤྱོད་ལམ་ཐམས་ཅད་ལ་གནས་པ་ན་ཆོས་ཐམས་ཅད་མཐོང་དུ་ཟིན་ཀྱང་མ་མཐོང་བ་ཡིན་ནོ། །དེ་ལྟ་བུ་ཉིད་ལ་མཐོང་བ་མེད་པ་ཞེས་བྱ་བར་མངོན་པར་འདོད་ཀྱི་གཉིད་ལོག་པའམ། མིག་བཙུམས་པ་དང་འདྲ་བར་གང་ཡིད་ལ་མི་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ་ན་ནི་བག་ཆགས་མ་སྤངས་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལྡང་བ་བཞིན་དུ་སླར་ཡང་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་རྩ་བ་ཅན་གྱི་འདོད་ཆགས་ལ་སོགས་པ་སྐྱེ་བ་ཉིད་ཀྱིས་རྣལ་འབྱོར་པར་མི་འགྱུར་ཏེ། ཐོག་མ་མེད་པའི་དུས་ཅན་གྱི་གཟུགས་ལ་སོགས་པའི་མངོན་པར་ཞེན་པ་ཡིད་ལ་མི་བྱེད་པ་ཙམ་གྱིས་ཡོངས་སུ་སྤངས་པར་མི་འགྱུར་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པས་ཀྱང་དེ་སྤངས་པར་འགྱུར་རོ། །གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི་ཐེ་ཚོམ་མ་སྤངས་པར་དེ་ཡིད་ལ་བྱེད་པ་ཡོངས་སུ་སྤང་པར་ཡང་ནུས་པ་མ་ཡིན་ཏེ། མེ་ཡོངས་སུ་མ་སྤངས་པར་ཚ་བ་སྤོང་མི་ནུས་པ་དང་འདྲའོ། །དེ་བས་ན་ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་བསལ་བར་བྱའི། །ཚེར་མ་འབྱིན་ལ་ལྟ་བུར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཡང་ཞི་གནས་དང་ལྷག་མཐོང་ཕན་ཚུན་རྗེས་སུ་མཐུན་པར་འཇུག་པར་བྱའོ། །དེ་ཡང་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་གྱི་ཞི་གནས་ཀྱི་སྣང་བ་སྐྱེས་པར་གྱུར་ན་ཤེས་རབ་ཀྱི་མིག་གིས་རྣམ་པར་དཔྱོད་པའི་རྣལ་འབྱོར་པའི་ཐེ་ཚོམ་དང་བུལ་བར་འགྱུར་རོ། །དེ་དང་བྲལ་བས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་དང་བྲལ་བའོ། །དེ་དང་བྲལ་ནས་ཀྱང་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡང་དེའི་ཚེ་ཞི་གནས་དང་ལྷག་མཐོང་དག་དེའི་བདག་ཉིད་ཅན་ཡིན་ཏེ། དེ་ཉིད་ནི་མཆོག་ཏུ་རྣམ་པར་མི་རྟོག་པའི་རྣལ་འབྱོར་རོ། །དེ་ཡང༌། ཀུན་རྟོག་ཐམས་ཅད་སྤངས་པ་དེས། །འདི་ནི་
རྣལ་འབྱོར་དམ་པ་ཡིན། །རྣལ་འབྱོར་པ་གང་མངོན་སུམ་དུ། །གནས་པ་ཀུན་མཁྱེན་བཅོམ་ལྡན་འགྱུར། །དེ་ལྟར་རིམ་པ་འདིས་ཞི་གནས་དང་ལྷག་མཐོང་དག་གིས་སམ། བླ་མའི་མན་ངག་གིས་བཅོམ་ལྡན་འདས་ཡུམ་ཤེས་རབ་བསྐྱེད་ལ། བྱང་ཆུབ་སེམས་དཔའ་དབང་པོ་རབ་དང་ལྡན་པ་ཡིན་པའི་ཕྱིར་དེ་ངེས་པའི་རྒྱུ་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཉིད་རྟོགས་པར་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང༌། སྦྱིན་པ་ལ་སོགས་པའི་ཐབས་ལ་རབ་ཏུ་འཇུག་གོ །དེ་ཡང་འཕགས་པ་ག་ཡ་མགོའི་རི་ལས། གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལམ་མདོར་བསྡུས་པ་སྟེ། འདི་ལྟ་སྟེ་ཐབས་དང་ཤེས་རབ་བོ་ཞེས་གསུངས་པ་ཡིན་ཏེ། ཐབས་ནི་སྦྱིན་བ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚད་མེད་པ་དང་བསྡུ་བའི་དངོས་པོ་ལ་སོགས་པའི་དབྱེ་བས་ཕྱེ་བ་སྟེ། ད་ཉིད་ཀྱང་འཕགས་པ་བློ་གྲོས་མི་ཟད་པ་དང༌། དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་གསུངས་པའོ། །ཤེས་རབ་ནི་ཐབས་དེ་ཉིད་ཕྱིན་ཅི་མ་ལོག་པར་ཡོངས་སུ་གཅོད་པའི་རྒྱུའོ། །དེས་ཀྱང་ཐབས་ཡང་དག་པར་བརྟགས་ནས་ཕྱིན་ཅི་མ་ལོག་པས་བདག་དང་གཞན་གྱི་དོན་ཇི་ལྟ་བ་བཞིན་ཉམས་སུ་ལེན་པས་སྔགས་ཀྱིས་ཟིན་པའི་དུག་སྤྱོད་པ་དང་འདྲ་བར་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་ཡང་མདོ་དེ་ཉིད་ལས་ཐབས་ནི་བསྡུ་བ་ཤེས་པའོ། །ཤེས་རབ་ནི་ཡོངས་སུ་གཅོད་པའོ་ཞེས་གསུངས་པ་དང༌། འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས། ཐབས་ལ་མཁས་པ་གང་ཞེ་ན། གང་ཆོས་ཐམས་ཅད་ཀྱི་བསྡུ་བ་ཤེས་པ་ལ་མཁས་པའོ། །ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་དབྱེར་མེད་པར་ཤེས་པ་མཁས་པའོ་ཞེས་གསུངས་པ་ཡིན་ནོ། །འདི་དག་ནི་ས་ལ་གནས་པས་ཀྱང་བརྟེན་པར་བྱའི། །ཤེས་རབ་ཙམ་འབའ་ཞིག་གི་མ་ཡིན་ནོ། །གང་གི་ཕྱིར་ས་བཅུ་པ་ལ་སོགས་པའི་མདོ་ལས། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་ཡང་མི་སྤྱོད་པ་མ་ཡིན་ནོ་ཞེས་གསུངས་པས། བྱང་ཆུབ་སེམས་དཔའ་ས་བཅུ་པོ་ཐམས་ཅད་དུ་ཡང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཀུན་དུ་སྤྱོད་པར་བྱའོ་ཞེས་བཤད་དོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཅིག་
ཏུ་དགའ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས་ཡོངས་སུ་རྒྱས་པའི་མདོ་ཆོས་ཐམས་ཅད་བསྡུས་པ་ལས་བྱམས་པ་གང་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་གཟུང་བར་བྱ་བ་དེ་ལ་སྐྱེས་བུ་བླུན་པོ་རྣམས་འདི་ལྟར་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་བསླབ་པར་བྱའི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་དགོས་ཞེས་ཟེར་ཞིང༌། དེས་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་སྨོད་པ་ཉིད་དུ་སེམས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དང༌། འཕགས་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ནི་སྙིང་རྗེ་ཆེན་པོའི་རྩ་བ་ཅན་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུད་དང་ལྡན་པ། ཐབས་ཀྱིས་མཐར་ཕྱིན་པའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་གཉི་ག་ཡང་དུས་ཐམས་ཅད་དུ་བསྟེན་པར་བྱའོ། །དེ་ལྟར་ན་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པར་གྲུབ་པ་ཡིན་ནོ། །དེ་ཡང་སྦྱིན་པ་ལ་སོགས་པའི་ཐབས་ཀྱིས་གཟུགས་ཀྱི་སྐུ་དང་ཞིང་དང་འཁོར་ལ་སོགས་པའི་ལོངས་སྤྱོད་ཆེན་པོ་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་མཛད་པས། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་གནས་པར་མི་མཛད་དོ། །ཤེས་རབ་ཀྱིས་ཕྱིན་ཅི་ལོག་མ་ལུས་པར་སྤངས་པས་འཁོར་བར་གནས་པར་མི་མཛད་དེ། འཁོར་བ་ནི་ཕྱིན་ཅི་ལོག་གི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ནི་ཆོས་རྣམས་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་ལྟ་ཅི་སྨོས་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་ཡིན་ཏེ། དེ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་ཉིད་སྤང་བར་བྱའོ་ཞེས་གསུངས་ཀྱི་དགོས་པའི་དོན་རྫོགས་པར་བྱ་བའི་དོན་དུ་ཡང་གནས་པར་མི་བྱའོ་ཞེས་གསུངས་པ་མ་ཡིན་ནོ། །དེ་ཡང༌། ཆོས་ཡོངས་སུ་གཟུང་བར་བྱའི་མི་གཟུང་བར་ནི་མི་བྱའོ་ཞེས་གསུངས་ཏེ། ལམ་ལོག་པར་གཟུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དངོས་པོ་ཐམས་ཅད་དེ་ལྟར་གཟིགས་ཏེ་གསུངས་པ་ནི། དུས་ཀུན་དུ་ནི་ཐབས་
དང་ནི། །ཤེས་རབ་ཕ་རོལ་ཕྱིན་བདག་ཅན། །བསྟེན་བྱ་གང་ཕྱིར་དེ་བས་ནི། །མི་གནས་མྱ་ངན་འདས་པར་འགྱུར། །ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱིས་ན་སྦྱོར་ཞེས་བྱའི། །སེམས་བསྐྱེད་ཡིན་ཏེ་དེ་ཡང་ནི། །དྲོད་སོགས་དབྱེ་བ་ལ་བརྟེན་ནས། །རྣམ་པ་བཞིར་ནི་གནས་མ་ཡིན། །དེ་ཉིད་ཀྱི་ཕྱིར་ཤེས་རབ་དང་ཐབས་ཀྱི་རང་བཞིན་ལ་བསླབས་པ་ལས་སྦྱོར་བ་ཞེས་བྱ་བའི་ངེས་པར་འབྱེད་པའི་ཆའི་སེམས་སྐྱེ་བར་འགྱུར་རོ། །དེ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། དྲོད་དང་རྩེ་མོ་དང་བཟོད་པ་དང༌། ཆོས་ཀྱི་མཆོག་ཅེས་བྱ་སྟེ། འདི་དག་ནི་མཉམ་པར་གཞག་པའི་བྱེ་བྲག་ཉིད་ལས་གྱུར་ཏོ། །དེ་ལ་དང་པོའི་སེམས་ནི་སྣང་བ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་ནོ། །གཉིས་པ་ནི་སྣང་བ་མཆེད་པའོ། །གསུམ་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པ་ཡིན་ནོ། །བཞི་པ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ཏོ། །འདི་ནི་རྣམ་རྟོག་དགུ་པོ་དག ། རེ་རེ་ཡོངས་སུ་སྤོང་བྱེད་དེ། །གཟུང་ངང་འཛིན་པའི་ཀུན་རྟོག་གི །དབྱེ་བས་དམིགས་པའི་དབྱེ་བ་ཉིད། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཉིད་ཡིན་ཏེ། རྣམ་པར་རྟོག་པ་དེ་ཡང་རྣམ་པ་དུ་མ་སྟེ། འོག་ནས་བཤད་པའི་ལམ་གྱིས་སྤང་བར་བྱའོ། །དེ་ལ་རེ་ཞིག་ངེས་པར་འབྱེད་པའི་ཆ་དང་པོ་སྐྱེ་བ་ན་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་གཉིས་ལ་དམིགས་པ་ན་དང་པོར་གཟུང་བའི་རྣམ་པར་རྟོག་པ་དགུ་སྤོང་བ་འདི་ལྟ་སྟེ། མ་རིག་པའི་རྣམ་པར་རྟོག་པ་ནི་བུམ་པ་ལ་སོགས་པའི་དངོས་པོར་མི་རྟོག་པས་སོ། །ཕུང་པོར་རྟོག་པ་དང༌། མིང་དང་གཟུགས་སུ་རྟོག་པ་དང་མཐའ་གཉིས་སུ་རྣམ་པར་རྟོག་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་པའི་རྣམ་པར་རྟོག་པ་དང༌། འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་དང༌། ཉེ་བར་དམིགས་པའི་རྣམ་པར་རྟོག་པ་དང༌། བདག་ལ་སོགས་པའི་རྣམ་པར་རྟོག་པ་དང༌། མ་སྐྱེས་པ་ལ་སོགས་པའི་རྣམ་པར་རྟོག་པའོ། །གཉིས་པ་ནི་གཟུང་བའི་རྣམ་པར་རྟོག་པ་དགུ་པོ་རྣམ་པར་བྱང་བ་ལ་དམིགས་པ་སྤོང་སྟེ། དེ་ལ་རྣམ་པར་བྱང་བའི་ཡན་ལག་ཅན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་རྟོག་པ་གསུམ་དང༌། དེ་རྣམས་ཉིད་སྐྱེ་བའི་
རྣམ་པར་རྟོག་པ་དང༌། ནང་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་རྟོག་པ་དང༌། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རྣམ་པར་རྟོག་པ་དང༌། མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་དང༌། བསྒོམ་པའི་ལམ་གྱི་རྣམ་པར་རྟོག་པ་དང༌། མི་སློབ་པའི་ལམ་གྱི་རྣམ་པར་རྟོག་པའོ། །གསུམ་པར་ནི་གང་ཟག་ལ་དམིགས་པའི་འཛིན་པ་པོའི་རྣམ་པར་རྟོག་པ་རྣམ་པ་དགུ་སྤོང་སྟེ། འདི་ལྟ་སྟེ། རང་གི་རྒྱུད་ཀྱི་བདག་ཏུ་འཛིན་པ་ཞེས་བྱ་བའི་རྣམ་པར་རྟོག་པ་དང༌། བདག་གཅིག་པུ་ཉིད་དང༌། རྒྱུའི་བདག་དང༌། ལྟ་བ་པོ་ཡང་བདག་ཡིན་པ་དང༌། དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་འཛིན་པ་དང༌། འདོད་ཆགས་དང་བྲལ་བ་འཛིན་པ་དང༌། མཐོང་བ་འཛིན་པ་དང༌། བསྒོམ་པ་འཛིན་པ་དང༌། དོན་བྱས་པ་ཉིད་འཛིན་པའི་རྣམ་པར་རྟོག་པའོ། །བཞི་པར་ནི་བརྟགས་པའི་སྐྱེས་བུ་ལ་གནས་པའི་འཛིན་པ་པོའི་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དགུ་སྤོང་སྟེ། དེ་ལ་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་ཉིད་ལ་འཛིན་པ་པོ་ཉིད་དུ་རྣམ་པར་རྟོག་པ་ཉིད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བར་བརྟགས་པའི་རྣམ་པར་རྟོག་པ་དང༌། རྣམ་པར་བྱང་བར་བརྟགས་པའི་རྣམ་པར་རྟོག་པ་དང༌། མཐོང་བ་དང་བསྒོམ་པ་དང༌། ཁྱད་པར་དང་མི་སློབ་པའི་ལམ་དུ་བརྟགས་པའི་རྣམ་པར་རྟོག་པ་བཞི་པའོ། །དེ་དག་ནི་སྦྱོར་བ་ལྷན་ཅིག་ཐོབ་པའི་ཡེ་ཤེས་ཀྱི་མེའི་ཁྱད་པར་དུ་རྟོགས་པས་མེ་དང་འདྲ་བའི་སེམས་བསྐྱེད་པ་བཞི་པའོ། །གནས་སྐབས་འདིར་ནི་རྣལ་འབྱོར་པའི་མོས་པ་གཙོར་གྱུར་པ་ཉིད་དང༌། ཇི་སྐད་དུ་བཤད་པའི་ཡོན་ཏན་གྱི་གཞིར་གྱུར་པ་ཉིད་ཀྱིས་འདི་ནི་ཟག་པ་དང་བཅས་པའི་མོས་པས་སྤྱོད་བའི་ས་ཞེས་བྱ་བར་གནས་སོ། །དེ་ལྟར་གོང་ནས་གོང་དུ་ཡོན་ཏན་གྱི་གཞིར་གྱུར་པ་ཉིད་ཀྱིས་ཟག་པ་མེད་པའི་ས་བཅུ་གཅིག་ཡིན་པར་ཤེས་པར་བྱའོ། །དེ་ལས་ཀྱང་ནི་རྒྱུའི་གནས་སྐབས། །ཕ་རོལ་ཕྱིན་བཅུའི་བདག་ཉིད་ཅན། །དེ་ལས་གཞན་པ་བསྒོམ་བདག་ཅན། །སེམས་བསྐྱེད་པ་དང་པོ་ནི་མཐོང་བའི་ལམ་གྱི་རང་བཞིན་ཅན་ཡིན་པས་དེ་སྐྱེས་པ་ན་རྣལ་འབྱོར་བ་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་སྤོང་བར་འགྱུར་རོ། །དེ་ནི་འདི་ལྟ་སྟེ། འདོད་པའི་ཁམས་ཀྱི་སྡུག་བསྔལ་དང༌། ཀུན་འབྱུང་བ་དང་འགོག་པ་
དང། ལམ་རེ་རེ་ཞིང་སྤང་བར་བྱ་བ་བཅུ་བཅུ་ཡོད་པས་ན་བཞི་བཅུའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཁོང་ཁྲོ་བ་བཞི་བཏོན་ན་བདུན་ཅུ་རྩ་གཉིས་སོ། །དེ་ལས་གཞན་པའི་ས་དགུ་པོ་ནི་བསྒོམ་པའི་བདག་ཉིད་ཅན་ཡིན་ཏེ། དེ་རྣམས་སུ་བསྒོམས་པས་སྤང་བར་བྱ་བ་ཉིད་བཅུ་དྲུག་སྤོང་བ་ནི། འདི་ལྟ་སྟེ། རྣམ་པར་མི་རྟོག་པ་ལ་འཇིག་ཚོགས་ལ་ལྟ་བ་དང་ལོག་པར་ལྟ་བ་ནི་ལྷན་ཅིག་སྐྱེས་པ་དང༌། འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པ་སྟེ་གོང་མའི་ཁོང་ཁྲོ་བ་ནི་མ་གཏོགས་སོ། །དེ་ཡང་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་སྤངས་པ་དང༌། འཛམ་བུའི་གླིང་གི་དབང་ཕྱུག་ཏུ་གྱུར་ཀྱང་ཇི་སྲིད་ལྟུང་བ་ཕྲ་མོ་རྣམས་ལ་ཤེས་བཞིན་དུ་གནས་པར་གྱུར་པར་མི་ནུས་པ་དེ་སྲིད་ས་དང་པོའི་སེམས་བསྐྱེད་པ་ཡིན་ནོ། །སེམས་ཅན་ཚད་མེད་པའི་སེམས་ཀྱི་རྒྱུད་ཚིམ་པར་མཛད་པས་ཀུན་དུ་འཛིན་པར་སྤྱོད་པས་གཏེར་ཆེན་པོ་དང་འདྲ་བ་ཡིན་ནོ། །ལྟུང་བ་ཕྲ་མོའི་དྲི་མ་སྤོང་བར་ནུས་པ་ཉིད་ཀྱིས་ན་ས་གཉིས་པ་དྲི་མ་མེད་པའོ། །དེ་ཡང་གླིང་བཞི་པའི་དབང་ཕྱུག་ཏུ་གྱུར་ཀྱང་ཇི་སྲིད་འཇིག་རྟེན་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་མི་ནུས་པ་དེ་སྲིད་དུ་ནི་ས་གཉིས་པ་སྟེ། དེ་ནི་ཐམས་ཅད་རིན་ཐང་མེད་པའི་རིན་པོ་ཆེ་རྣམས་དེ་ལས་འབྱུང་བར་བྱེད་པ་ཡིན་པས་རིན་པོ་ཆེའི་འབྱུང་གནས་དང་འདྲའོ། །དེ་ནུས་ན་ནི་ཏིང་ངེ་འཛིན་གྱི་མཐུ་ཐོབ་པས་གསུམ་པོ་འོད་བྱེད་པའི་སའོ། །དེ་སུམ་ཅུ་རྩ་གསུམ་པའི་བདག་པོར་གྱུར་ཀྱང་ཇི་སྲིད་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པར་མི་ནུས་པ་ན། མི་སྡུག་པའི་ཉེ་བར་འཚེ་བ་ཐམས་ཅད་ཀྱིས་མི་བསྐྱོད་པས་རྒྱ་མཚོ་ཆེན་པོ་དང་འདྲའོ། །ནུབ་པར་གྱུར་ནས་ནི་དེའི་མཐུས་ས་བཞི་པ་འོད་འཕྲོ་བ་ཡིན་ནོ། །དེ་འཐབ་བྲལ་གྱི་བདག་པོར་གྱུར་ཀྱང་ཇི་སྲིད་བདེན་པ་བསྒོམ་པར་མི་ནུས་པ་ན་དེ་ཡང་དག་པའི་ཤེས་པ་ལ་བརྟན་པས་མི་ཕྱེད་པའི་ཕྱིར་རྡོ་རྗེ་དང་འདྲའོ། །ནུས་པར་གྱུར་ནས་བདུད་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པས་ན་ས་ལྔ་པ་སྦྱང་དཀའ་བའོ། །དེ་དགའ་ལྡན་གྱི་བདག་པོར་གྱུར་ཀྱང་ཇི་སྲིད་མཚན་མ་མེད་པ་བསྒོམ་པ་ལྷུན་གྱིས་གྲུབ་པར་འཇུག་མི་ནུས་པ་དེ་སྲིད་དམིགས་པ་ཐམས་ཅད་རྣམ་པར་
གཡེང་བས་བསྒྲུབ་པར་མི་ནུས་པས་ནི་རི་བོ་དང་འདྲའོ། །ནུབ་པར་གྱུར་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པས་ན་དྲུག་པ་མངོན་དུ་གྱུར་པའི་སའོ། །དེ་འཕྲུལ་དགའི་ལྷའི་རྒྱལ་པོར་གྱུར་ཀྱང་དེ་སྲིད་གླགས་སྐབས་མེད་པར་བསྒོམ་མི་ནུས་པ་དེ་སྲིད་དེ་སྒྲིབ་པ་གཉིས་ཀྱིས་ནད་རབ་ཏུ་ཞི་བར་བྱེད་པས་ན་སྨན་དང་འདྲའོ། །དེ་ཡན་ཆད་ཀྱིས་ཕ་རོལ་ཏུ་ཕྱིན་པ་བཞི་ནི་འདི་ལྟར་ཤེས་རབ་ཀྱི་བདག་ཉིད་ཅན་ཡིན་པས་ཤེས་རབ་ཉིད་ཁྱད་པར་ཅན་གྱི་རྣམ་པར་འཇུག་པ་ན་ཐབས་དང་སྨོན་ལམ་སྟོབས་དང་ཡེ་ཤེས་སོ། །མཚན་མ་མེད་པའི་བསྒོམ་པ་དང༌། བར་སྐབས་མེད་པར་བསྒོམ་པར་ནུས་པར་གྱུར་པ་ན་ལམ་ལ་འབད་པ་མེད་པའི་ཐབས་དང་འབྱོར་པས་རིང་དུ་སོང་བའི་ཕྱིར་ས་བདུན་པ་རིང་དུ་སོང་བའོ། །དེ་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོར་གྱུར་ཀྱང་ཇི་སྲིད་ལྷུན་གྱིས་གྲུབ་པར་འཇུག་པར་མི་ནུས་པ་དེ་སྲིད་དེ་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་སྤོང་བས་མཛའ་བོ་དང་མཚུངས་སོ། །དེ་ནུས་པར་གྱུར་ནས་མཚན་མ་མེད་པ་ལྷུན་གྱིས་གྲུབ་པས་མི་གཡོ་བ་ཉིད་ཀྱིས་ན་ས་བརྒྱད་པ་མི་གཡོ་བའོ། །དེ་ནི་སྟོང་ཆུང་ངུའི་བདག་པོར་གྱུར་ཀྱང་ཇི་སྲིད་ངེས་པའི་ཚིག་ལ་སོགས་པའི་ཚིག་གིས་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་སྟོན་པར་མི་ནུས་པ་དེ་སྲིད་དེ་སྨོན་ལམ་ཇི་ལྟ་བའི་འབྲས་བུ་ཡིད་བཞིན་གྱི་ནོར་བུ་དང་འདྲའོ། །ནུས་པར་གྱུར་ནས་ཆོས་སྟོན་པ་ལ་མཁས་པ་ཉིད་ཀྱིས་ན་ས་དགུ་པ་ལེགས་པའི་བློ་གྲོས་སོ། །སྟོང་གཉིས་པའི་བདག་པོ་ཚངས་པར་གྱུར་ཀྱང་ཇི་སྲིད་ཆོས་ཀྱི་ ལོངས་སྤྱོད་ཡོངས་སུ་རྫོགས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མི་ནུས་པ ་དེ་སྲིད་གདུལ་བྱའི་སྐྱེ་བོ་ཡོངས་སུ་སྨིན་པར་བྱེད་པས་ན་ཉི་མ་དང་འདྲའོ། །ནུས་པར་གྱུར་ནས་ཆོས་ཀྱི་ཆུའི་ཆར་འབེབས་པས་ས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །དེ་གནས་གཙང་མ་པ་རྣམས་ཀྱི་བདག་པོར་གྱུར་ཀྱང་ཇི་སྲིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པར་ནུས་པ་དེ་སྲིད་དེ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཡིད་དགའ་བར་བྱེད་པའི་ཆོས་སྟོན་པར་བྱེད་པས་ན། དབྱངས་སྙན་པ་གླུ་དང་མཚུངས་སོ། །དེ་ལ་འདི་ལྟར་རྣམ་པར་དཔྱད་པར་བྱ་སྟེ། དྲི་མ་
མེད་པ་ལ་སོགས་པའི་ས་དགུ་ནི། བསྒོམ་པའི་ལམ་གྱི་བདག་ཉིད་ཅན་དེའི་སྤང་བར་བྱ་བ་ནི། བག་ལ་ཉལ་བ་བཅུ་དྲུག་ཡིན་ནོ་ཞེས་བཤད་ན། དེ་ལྟར་གལ་ཏེ་ས་དགུས་སྤང་བར་བྱ་ན། དེའི་ཚེ་ས་བཅུ་པའི་མདོ་དང་འགལ་བར་འགྱུར་ཏེ། དེ་ལས་ས་བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བས་ཉོན་མོངས་པ་ཐམས་ཅད་མུན་པ་དང་འདྲ་བར་སྤོང་བར་འགྱུར་རོ་ཞེས་གསུངས་ལ། དེ་ནི་ཁམས་གསུམ་པའི་ཆགས་པ་དང་བྲལ་བའི་དབང་དུ་མཛད་ནས་གསུངས་པས། དེ་ཉིད་འདིའི་མྱ་ངན་ལས་འདས་པར་འགྱུར་རོ། །འདོད་ཆགས་དང་མ་བྲལ་བའི་མྱ་ངན་ལས་འདས་པར་བརྟག་པ་ནི་མེད་པ་ཡིན་པའི་ཕྱིར་རོ། །འོན་ཏེ་སྤངས་པ་ཡིན་ན་ཉོན་མོངས་པ་རྣམས་ཇི་ལྟར་ངེས་པར་མ་བསྲེགས་ཞེས་བྱ་བ་ལ་སོགས་པ་དང༌། ཡང་འཁོར་བ་འགག་པར་གྱུར་ན། ཇི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་མ་གྱུར་ཞེ་ན། འདི་ལ་ནི་བརྗོད་པར་བྱ་སྟེ། འགགས་སུ་ཟིན་ཀྱང་དབང་བཅུ་ཐོབ་པས་དེ་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱེད་པ་ལ་འགལ་བ་མེད་དོ། །ངེས་པར་མ་བསྲེགས་པ་ཞེས་བྱ་བ་ལ་སོགས་པ་གང་བག་ཆགས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ན་འཁོར་བ་དང་མྱ་ངན་ལས་འདས་པ་ཉན་ཐོས་ཇི་ལྟ་བ་བཞིན་ག་ལ་འགྱུར་ཏེ། འདི་དག་ནི་སྙིང་པོ་མེད་པའི་ཚིག་ཏུ་ཟད་དོ། །དེ་ཡང༌། ཉེས་པ་བག་ཆགས་བཅས་པ་ནི། །སྐྱོབ་པ་གཅིག་པུ་ལ་མི་མངའ། །ཞེས་བཤད་པ་ཡིན་ནོ། །དེ་ནས་ཀུན་བཟང་ཞེས་བྱ་བ། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །སྐུ་གསུམ་གྱི་ནི་ངོ་བོ་ཉིད། །རྣམ་པ་ཐམས་ཅད་མཁྱེན་རང་བཞིན། །ཡང་གང་གི་ཚེ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན་གྱི་དེ་ཁོ་ན་ཉིད་ལ་བསླབ་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེད་པར་ནུས་པ་དེའི་ཚེ་ཡེ་ཤེས་ལྔའི་བདག་ཉིད་ཅན་སྐུ་གསུམ་གྱི་ངོ་བོ་ཉིད་ཀུན་དུ་བཟང་པོ་ཞེས་བྱ་བའི་སངས་རྒྱས་ཀྱི་སར་རྣམ་པར་གཞག་གོ །དེ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། གང་ཡང་ཀུན་གཞི་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཉིད་དུ་ཡོངས་སུ་གྱུར་པ་སྟེ། གཉིས་པོ་དག་ནི་ཆོས་ཀྱི་སྐུའོ། །
དེ་ཡང༌། གང་ཡང་ཀུན་གཞི་རྣམ་ཤེས་ནི། །མེ་ལོང་ལྟ་བུའི་ཡེ་ཤེས་གྱུར། །དེ་ཡང་ཆོས་དབྱིངས་ངོ་བོ་རུ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ནི། །ངོ་བོར་ལ་ལ་འདོད་པ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱིས་ནི་དེ་གཉིས་ཀྱི་ངོ་བོ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་ཉིད་དེར་བདག་པོ་ཉིད་ཡིན་ནོ། །སྤྲུལ་པའི་འཁོར་ལོ་མ་ལུས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་ལ་རབ་ཏུ་འཇུག་པ་ཡིན་ནོ། །མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ནི་དེ་ཡང༌། ཉོན་མོངས་ཅན་ཉིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་ཡིན་པར་བཤད། །ཡིད་ཀྱི་རྣམ་ཤེས་ཉིད་གང་ཡིན། །སོ་སོར་རྟོག་བྱེད་ཡེ་ཤེས་སོ། །ཆོས་ཀྱི་ལོངས་སྤྱོད་སྟོན་ པ་དང༌། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང༌། །ཆོས་ཀྱི་ལོངས་སྤྱོད་རྫོགས ་ཉིད་ཀྱིས། །དེ་གཉིས་ ལོངས་སྤྱོད་རྫོགས་སྐུ་ཉིད། །ཅེས་བཤད་པ ་ཡིན་ནོ། །དེ་ཉིད་ཀྱིས་ན་དེ་དག་གི་ངོ་བོ་ཉིད་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་ པ་གཉིས་ཀྱི་ལོངས་སྤྱོད་རྫོགས ་པའི་ངོ་བོ་ཉིད་དོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི་སྤྲུལ་པའི་སྐུ་སྟེ། དེ་ཡང༌། གང་ཞིག་དབང་པོ་ལྔ་རྣམས་ཤེས། །དེ་ནི་དོན་ཀུན་ཡོངས་འཛིན་པས། །སེམས་ཅན་ཀུན་གྱི་དོན་ཐོབ་པ། །བྱ་སྒྲུབ་ཡེ་ཤེས་སྣོད་ཉིད་དོ། །དེ་ཡང་ཀུན་དུ་དུས་ཀུན་དུ། །ཇི་བཞིན་དུས་སུ་བསམ་པ་བཞིན། །སྤྲུལ་པ་ཀུན་གྱི་རྒྱུར་གྱུར་པས། །སངས་རྒྱས་རྣམས་ཀྱི་སྤྲུལ་སྐུ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་དེའི་ངོ་བོ་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པ་ནི་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པར་གྲུབ་པའི་སྤྲུལ་པའི་ལས་ཅན་ཡིན་ནོ། །དེར་ནི་སེམས་བསྐྱེད་རྣམ་པ་བརྒྱད། །གཞན་དོན་གཅིག་པུ་ལ་དགོངས་ཡིན། །རྟོག་མི་མངའ་ཡང་འཕེན་ཤུགས་ཀྱིས། །ཐུབ་པའི་འཇུག་པའི་ཆོས་ཉིད་ཡིན། །དེ་ཡང་མངོན་པར་ཤེས་པ་དང་ལྷན་ཅིག་པར་གཏོགས་པ་ནི་མཐུ་ཐོགས་པ་མེད་པ་མངའ་བ་ཉིད་ཀྱིས་གཞན་གྱི་དོན་ལྷུར་མཛད་པས་རྒྱལ་པོ་ཆེན་པོ་དང་འདྲའོ། །བསོད་ནམས་དང་ཡེ་ཤེས་དང་ལྷན་ཅིག་པར་གཏོགས་པ་ནི་མཛོད་དང་འདྲ་བས་
མཛོད་ཀྱི་ཁང་པ་དང་འདྲའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལྷན་ཅིག་པར་གཏོགས་པ་ནི་འཕགས་པ་ཐམས་ཅད་བཞུད་ཅིང་རྗེས་སུ་འགྲོ་བ་ཡིན་པས་ལམ་ཆེན་པོ་དང་འདྲའོ། །ཞི་གནས་དང་ལྷག་མཐོང་དང་ལྷན་ཅིག་པར་གཏོགས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པར་མི་ལྟུང་བར་བདེ་བར་འདེགས་པས་བཞོན་པ་དང་འདྲའོ། །གཟུངས་དང་སྤོབས་པ་དང་ལྷན་ཅིག་པར་གཏོགས་པ་ནི་བསྟན་པ་མཐའ་ཡས་པ་ཉེ་བར་འབྱེད་པས་བཀོང་མ་དང་འདྲའོ། །ཆོས་ཀྱི་སྦྱིན་པ་དང་ལྷན་ཅིག་པར་གཏོགས་པ་ནི་ཐར་པ་འདོད་པ་རྣམས་ཀྱིས་ཐོས་ན་དགའ་བ་ཡིན་པས་ཀུན་དུ་དགའ་བའི་སྒྲ་དང་མཚུངས་སོ། །བགྲོད་པ་གཅིག་པའི་ལམ་དང་ལྷན་ཅིག་པར་གཏོགས་པ་ནི་ཐམས་ཅད་ཀྱི་རྒྱུ་གཅིག་པུ་ཡིན་པའི་ཕྱིར་དང༌། རང་གི་ངང་གིས་འཇུག་པ་ཉིད་ཀྱིས་ན་ཆུ་བོའི་རྒྱུན་དང་འདྲའོ། །ཆོས་ཀྱི་སྐུ་དང་ལྷན་ཅིག་པར་གཏོགས་པ་ནི་དོན་གྱི་བྱ་བ་ཐམས་ཅད་ལ་རག་ལས་པའི་ཕྱིར་སྤྲིན་དང་འདྲའོ། །གཞན་དག་ན་རེ་སེམས་བསྐྱེད་པ་བརྒྱད་པོ་འདི་དག་ནི་མ་ངེས་པའི་ཚུལ་ཅན་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ཞི་གནས་རྣམས་བསྒོམ་ཤེས་རབ་རྣམ་པར་དཔྱོད་པ་དང༌། །དེ་དང་རྗེས་མཐུན་དེ་གཉིས་ཀྱི་ནི་ཡེ་ཤེས་བསྐྱེད་ནས་སུ། །མཚང་མེད་པ་ཐབས་དེ་བསྟེན་ལ་ངེས་པའི་བདག་ཉིད་ཅན། །གང་ཡིན་རྣལ་འབྱོར་པ་དེ་ཀུན་ཀྱང་དབང་པོ་མཆོག་ཏུ་འགྱུར། །དེ་བས་དེ་ནི་མོས་སྤྱོད་ལས། །སྔ་མ་ཉིད་དུ་མི་ལྡོག་པར། །ཤེས་རབ་ཕ་རོལ་ཕྱིན་སོགས་སུ། །རྫོགས་པའི་སངས་རྒྱས་ཀུན་གྱིས་བརྩིས། །ཕ་རོལ་ཏུ་ཕྱིན་པ་མཆོག་གི་མན་ངག་བསྟན་པའོ། །འདི་དག་ཐམས་ཅད་ཡོངས་རྫོགས་པར། །དབང་འབྲིང་གིས་ཀྱང་བསྒོམ་པར་བྱ། །ཤེས་རབ་བསྐྱེད་ནས་དེ་ནས་ནི། །དེ་དང་ཚུལ་མཐུན་སྦྱིན་སོགས་ཡིན། །དབང་པོ་འབྲིང་པོ་རྣམས་ཀྱིས་ཀྱང༌། །འདི་སྐད་དུ་བཤད་པའི་ཞི་གནས་རྣམ་པར་བསྒོམས་ལ་ཤེས་རབ་ཀྱིས་ཀྱང་དོན་རྣམ་པར་དཔྱད་དེ་དེ་ཉིད་ཀྱིས་ཤེས་རབ་བསྐྱེད་པ་དང་རྗེས་སུ་མཐུན་པའི་ཐབས་ལ་བསླབ་པར་བྱའོ། །དེ་རྣམས་སྐྱེ་མཆེད་རྣམ་པ་ཡིས། །དོན་ཀུན་དམིགས་པར་རྒྱལ་བ་རྣམས། །བཞེད་ཀྱི་ཞི་གནས་བསྐྱེད་པ་ལ། །ཁམས་
སོགས་དབྱེ་བས་མ་ཡིན་ནོ། །ཡང་དེ་རྣམས་སྐྱེ་མཆེད་ཀྱི་རྣམ་པ་གཉིས་ཀྱིས་དོན་ཐམས་ཅད་ལ་ཡང་དག་པར་དམིགས་ཏེ་ཞི་གནས་སྐྱེད་པར་བྱེད་པ་ཡིན་ནོ། །རྒྱལ་བའི་སྲས་དེ་ཇི་སྲིད་དུ། །རབ་དགའི་སར་ནི་མ་ཞུགས་ལ། །དེ་ཉིད་ངེས་གྱུར་དེ་སྲིད་དུ། །མི་ལྡོག་ཉིད་ཀྱང་མ་ཡིན་ནོ། །གང་གི་ཕྱིར་དེ་རྣམས་ཀྱིས་ཞི་གནས་དང་ལྷག་མཐོང་གི་དེ་ཁོ་ན་ཉིད་བསྐྱེད་དུ་ཟིན་ཀྱང་ཇི་སྲིད་རབ་ཏུ་དགའ་བའི་ས་མ་ཐོབ་པ་དེ་སྲིད་རྡོ་རྗེ་ལྟ་བུའི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་མེད་པས་ཕྱིར་མི་ལྡོག་པ་མ་ཡིན་ཞིང་རང་གི་ལམ་ལ་མངོན་པར་བརྩོན་པར་གྱུར་པའང་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དབང་པོ་བར་མའི་མན་ངག་བསྟན་པའོ། །དབང་པོ་ཐ་མ་ཞི་གནས་བསྐྱེད། །གཟུགས་དང་གཟུགས་མེད་དབྱེ་བས་སམ། །ཕུང་པོ་ཡི་ནི་དབྱེ་བ་ཡིས། །དོན་ཀུན་དམིགས་པ་གསལ་བར་འདོད། །དབང་པོ་ཐམས་ཅད་ཀྱང་དེ་བཞིན་དུ་ཐམས་ཅད་བསྒོམ་ཞིང་བསྟེན་པར་བྱ་མོད་ཀྱི་འོན་ཀྱང་དེ་རྣམས་ཁམས་དང་སྐྱེ་མཆེད་ཀྱི་དབྱེ་བ་རྣམ་པར་སྤངས་ནས་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་དབྱེ་བ་ཉིད་ཀྱིས་དོན་ཐམས་ཅད་ལ་དམིགས་པར་བཤད་དོ། །དེ་ཉིད་ལ་ནི་ངེས་རྒྱུ་ཅན། །ཇི་སྲིད་རིང་དུ་སོང་མ་ཞུགས། །དེ་སྲིད་དེར་ནི་ཕྱིར་མི་ལྡོག །མ་ཡིན་ཞེས་ནི་རྒྱལ་བས་གསུངས། །དྲིས་པ་སོ་སོའི་སྐྱེ་བོར་གྱུར་ཀྱང་ཞི་གནས་དང་ལྷག་མཐོང་དག་གིས་ཡང་དག་པའི་ཡེ་ཤེས་བསྐྱེད་པ་དེ་ཇི་ལྟར་མ་ངེས་པ་ཡིན་ནོ། །ཡང་བླ་ན་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་སུ་ཟིན་ཀྱང་ཇི་ལྟར་ན་ངེས་པ་ཙམ་མེད་པས་ཕྱིར་མི་ལྡོག་པར་རྟོག་འདོད་ཆགས་དང་བྲལ་བའི་ལམ་གྱི་འབྲས་བུ་ཐོབ་ཀྱང་འབྲས་བུ་དེ་ལས་ཉམས་པས་དེ་ཉིད་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ཡང་ཤི་ནས་འབྲས་བུ་མི་ཉམས་སོ་ཞེས་བཤད་པ་ཡིན། འདིར་བརྗོད་པར་བྱ་སྟེ། དེ་ཁོ་ན་ཉིད་མངོན་དུ་མ་བྱས་པ་ནི། གང་ལ་ཡང་ཡོད་པ་མ་ཡིན་གྱི། དེ་ལས་གོ་བཟློག་པ་མ་ངེས་པ་ཙམ་ཉིད་ནི་འཁོར་བ་པ་ཞེས་བྱའོ། །དེ་བས་ན་ཞི་གནས་དང་ལྷག་མཐོང་གཉིས་ཡང་དག་པའི་ཡེ་ཤེས་བསྐྱེད་པ་ལ་དེ་དང་རྗེས་སུ་མཐུན་པར་སྤྱོད་པ་ཡིན་ནོ། །དྲིས་པ་གལ་ཏེ་ཐམས་ཅད་ཐམས་ཅད་དུ་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པ་
ཡིན་ན་ཡང་དག་པའི་ཡེ་ཤེས་བསྐྱེད་པ་འདི་གང་ཞིག་ཡིན། དེ་ནི་གང་འདི་དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་བྱེད་པ་རྣམས་ཡིན་ནོ། །དེ་དེ་ལྟ་ཡིན་ན་ངེས་པ་ཡིན་མོད། དེ་ལྟ་མ་ཡིན་ཏེ་བརྟན་པར་གྱུར་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉིད་ཡིན་པར་ངེས་པ་ཡིན་ནོ། །དེ་ལྟ་ན་ངེས་པར་འབྱེད་པའི་ཆ་ལས་འབྱུང་བ་ཇི་ལྟར་འབྱུང་ཞེ་ན། དེ་ཙམ་ཉིད་ནས་དེ་ཁོ་ན་ཉིད་ལ་མོས་ཤིང་མོས་པ་ལས་འབྱུང་ངོ་ཞེས་དེ་ཁོ་ན་ཉིད་སྨྲ་བ་རྣམས་འདོད་དོ། །ཡང་ཕྱིར་ལྡོག་པར་རྟོག་པར་ཇི་ལྟར་འགྱུར་ཞེས་གང་སྨྲ་བ་དེ་ནི་རྡོ་རྗེ་ལྟ་བུའི་སེམས་མེད་པ་ཉིད་ཡིན་ནོ་ཞེས་ཁོ་བོ་ཅག་སྨྲའོ། །དོན་འདི་ཉིད་ལ་དགོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་མི་ལྡོག་པའི་རྟགས་ཀྱི་ལེའུ་ལས་སོ་སོའི་སྐྱེ་བོའི་གནས་སྐབས་དང༌། ས་དང་པོ་ལ་སོགས་པའི་གནས་སུ་བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་རྟགས་ཉིད་དང་ལྡན་པར་གསུངས་པ་ཡིན་ནོ་ཞེས་ཁོ་བོ་ཅག་གི་བླ་མས་བཤད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་དབང་པོ་ཐ་མའི་སྤྱོད་པ་བསྟན་པའོ། །འཕོ་མེད་བྱང་ཆུབ་ལ་བརྟེན་ཤིན་ཏུ་གསལ་བར་བཤད་འདི་ལ། །གང་ཞིག་དེ་ཉིད་རབ་མྱུར་ཡང་དག་མིན་བརྟེན། །དེ་ལ་ཆེ་འབྲིང་ཐ་མའི་ལམ་གཞན་དག་ཀྱང་གང་ཡིན་པ། །དེ་ལས་གཞན་པར་གང་གིས་མྱུར་འགྱུར་བདག་གིས་བཤད་པར་བྱ། །མངོན་སུམ་མ་ཡིན་ཡེ་ཤེས་དང༌། །ལས་ཀྱི་ཕྱག་རྒྱ་སོགས་རིམ་གྱིས། །སྒྲོ་བཏགས་ཀུན་དང་རྣམ་བྲལ་བའི། །དེ་ཉིད་བསྒོམ་པར་མི་ནུས་པ། །དེ་ཕྱིར་དང་པོར་རྒྱལ་བས་ནི། །དེ་ཉིད་རབ་ཏུ་གསལ་བ་དང༌། །ཉོན་མོངས་མེད་པའི་རྒྱུ་དང་ནི། །སྒྲོ་བཏགས་རྣམས་ནི་སྤངས་པ་གསུངས། །གང་ཞིག་ཇི་སྐད་དུ་བཤད་པའི་རྣམ་པ་དྲུག་གིས་དེ་ཁོ་ན་ཉིད་སྐྱེད་པར་མི་ནུས་པ་དེ་རྣམས་ཀྱི་ཕྱིར་དེ་ཁོ་ན་ཉིད་དེ་ཉིད་འདོད་ཆགས་ལ་སོགས་པ་བསྐྱེད་པའི་རྒྱུའི་སྒྲོ་བཏགས་པ་ཅུང་ཟད་ལས་ལྡོག་པ་བསྒོམ་པར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པར་གསུངས་པ་ཡིན་ནོ། །དེ་ཡང༌། བདེ་སོགས་སྒྲོ་བཏགས་ལས་གྲོལ་བ། །སྡུག་བསྔལ་བདེན་སོགས་མིང་ཉིད་དུ། །རྫོགས་པའི་སངས་རྒྱས་ཀྱིས་བསྟན་ཅིང༌། །དེ་ཉིད་ཁོ་ནས་ལྷག་པར་བརྟགས། །དེ་ལ་རྟག་
པ་དང་བདེ་བ་དང་བདག་དང་བདག་གིར་སྒྲོ་བཏགས་པ་ལས་བཟློག་པར་བྱ་བའི་ཕྱིར། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་བ་དང༌། བདག་མེད་པའི་རྣམ་པར་བསྒོམ་པ་ན་དེ་ཁོ་ན་ཉིད་དེ་ཉིད་སྡུག་བསྔལ་གྱི་བདེན་པ་ཞེས་བྱ་བར་བཏགས་པའོ། །དེ་ནས་འདོད་པའི་དབང་ཕྱུག་ལ་སོགས་པའི་རྒྱུ་མེད་པས་ན་ཆོས་ཐམས་ཅད་ནི་རྒྱུ་མེད་པའོ། །དུས་ལ་སོགས་པ་ནི་སེམས་མེད་ཅིང་རྟག་པའི་དངོས་པོའི་དོན་གྱི་རྒྱུ་ཅན་ཡིན་པའི་ཕྱིར་རྒྱུ་གཅིག་པ་དང༌། གཙོ་བོ་ཚངས་པ་ལ་སོགས་པའི་རྒྱུ་ཅན་ཡིན་པས་ན། དངོས་པོ་འགྱུར་བའི་རྒྱུ་ཅན་ནོ། །དབང་ཕྱུག་ལ་སོགས་པའི་རྒྱུ་ཅན་ཡིན་པས་ན་བློ་དང་ལྡན་པའི་རྒྱུ་ཅན་ནོ་ཞེས་བྱ་བ་དེའི་གཉེན་པོར་རྒྱུ་དང་ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང་རྐྱེན་ཞེས་བྱ་བ་ལྡོག་པ་བཞི་བསྟན་ཏེ། དེ་བསྒོམ་པ་ན་ཀུན་འབྱུང་གི་བདེན་པ་ཞེས་བྱ་བར་བཏགས་སོ། །ཐར་པ་མེད་དོ་ཞེས་བྱ་བ་དང་ཐར་པ་ནི་སྡུག་བསྔལ་བ་ཞེས་བྱ་བ་དང༌། བསམ་གཏན་གྱི་བདེ་བ་ཉིད་གྱ་ནོམ་པ་ཡིན་ཞེས་བྱ་བ་དང༌། གྲོལ་བ་རྣམས་ཀྱང་སླར་འཁོར་བར་ལྟུང་བར་འགྱུར་རོ་ཞེས་བྱ་བའི་གཉེན་པོར་འགོག་པ་ཉིད་དང༌། ཞི་བ་ཉིད་དང༌། གྱ་ནོམ་པ་ཉིད་དང༌། ངེས་པར་འབྱུང་བ་ཉིད་ཅེས་བྱ་བ་ལྡོག་པ་རྣམ་པ་བཞི་བསྟན་ཏེ། དེ་རྣམས་བསྒོམས་པ་ན་འགོག་པའི་བདེན་པ་ཞེས་བྱ་བར་བཏགས་སོ། །མྱ་ངན་ལས་འདས་པ་མ་ཐོབ་པས་སྔོན་པོ་ལ་སོགས་པ་ལས་ཐ་དད་པ་དང༌། དེ་བཞིན་དུ་བདག་ཡོད་བས་མཚན་ཉིད་ཅན་གྱི་ལམ་མེད་པ་དང༌། འདི་ནི་ལམ་ངན་པ་སྟེ་ལམ་མེད་པ་དང༌། སླར་མི་ལྡོག་པའི་ལམ་ཡིན་ནོ་ཞེས་བྱ་བའི་གཉེན་པོར་ལམ་དང༌། རིགས་པ་ཉིད་དང༌། སྒྲུབ་པ་ཉིད་དང༌། ངེས་པར་འབྱིན་པ་ཉིད་ཅེས་བྱ་བ་ལྡོག་པ་བཞི་བསྟན་ཏེ། དེ་རྣམས་བསྒོམས་པ་ན་ལམ་གྱི་བདེན་པ་ཞེས་བྱ་བར་བཏགས་སོ། །སྔོན་པོ་ལ་སོགས་པ་ལས་ཐ་དད་པར་མྱ་ངན་ལས་འདས་པ་མ་མཐོང་བའི་ཕྱིར་རོ། །དེ་ལྟར་ན་དེ་ཁོ་ན་ཉིད་དབྱེར་མེད་པའི་རང་བཞིན་ཅན་ཡིན་ན་ཡང་ལྡོག་པ་ཙམ་ཉིད་ཀྱི་དབྱེ་བས་བྱིས་པ་རྣམས་ལ་སྡུག་བསྔལ་ལ་སོགས་པའི་བདེན་པའི་དབྱེ་བས་བསྟན་པ་ཡིན་ནོ། །ཡང་མི་རྟག་པ་ལ་སོགས་པའི་རྣམ་
པར་དབྱེ་བ་རྣམ་པ་བཅུ་དྲུག་ཏུ་ཡང་བསྟན་ཏོ། །དེ་བསྒོམ་པ་ནི་གང་ཡིན་པ། །མངོན་པར་རྒྱལ་བ་མཆོག་གིས་བསྟན། །མདོར་བསྡུས་མཛོད་དུ་སློབ་དཔོན་ནི། །དབྱིག་གཉེན་གྱིས་ཀྱང་དེ་བཤད་དོ། །དེ་བས་དེ་ནི་བསྒོམ་འདོད་པས། །དེ་དག་ལས་དེ་ཤེས་པར་བྱ། །སྦྱོར་བ་མཐོང་བ་ལ་སློབ་ལམ། །སློབ་པའི་རྣམ་དབྱེ་རྣམ་པ་བཞི། །གལ་ཏེ་དེ་ལྟ་ཡིན་དུ་ཟིན་ཀྱང་ཆོས་མངོན་པའི་མཛོད་ལས་བཤད་པ་དབང་པོ་ཐ་མ་དང༌། བར་མ་དང༌། རབ་ཀྱི་དབྱེ་བས་ཕྱེ་བ་གསུམ་ཆར་གྱིས་ཡང་ཅུང་ཟད་ཅིག་འདིར་བཤད་པར་བྱའོ། །དེ་ལ་རེ་ཞིག་དང་པོར་རྣལ་འབྱོར་པས་སོ་སོར་ཐར་པའི་སྡོམ་པ་བླངས་པས། ཚུལ་ཁྲིམས་ལ་གནས་པར་བྱ་སྟེ། ཚུལ་ཁྲིམས་ས་ལྟར་ཡོན་ཏན་ནི། །མ་ལུས་ས་བོན་བརྟེན་འགྱུར་གྱིས། །ཞེས་ཤེས་པར་བྱས་ལ། དེ་རྣམ་པར་དག་པར་བསྲུང་བ་ལ་འབད་པར་བྱའོ། །དེ་ནས་འཕགས་པའི་བདེན་པ་བཞི་དང་རྗེས་སུ་མཐུན་པའི་བསྟན་བཅོས་མཉན་པ་དང༌། དཔྱད་པ་བདག་གིས་ཐོས་པ་དང་བསམ་པའི་རང་བཞིན་ཅན་གྱིས་ཤེས་རབ་བསྐྱེད་ལ། བསྒོམ་པ་ལ་རབ་ཏུ་སྦྱར་བར་བྱའོ། །དེ་ཡང༌། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་སྦྱར་བྱ། །ཞེས་བཤད་པ་ཡིན་ནོ། །དེ་ནས་བསྒོམ་པ་ལ་སྦྱར་བའི་དུས་སུ་དམ་པ་མ་ཡིན་པ་དང་འདྲེས་པ་དང༌། རྣམ་པར་རྟོག་པ་ཡོངས་སུ་སྤངས་པས་ལུས་དང་སེམས་ཉེ་བར་སྡུད་པར་འགྱུར་རོ། །དེ་ལྟར་ལུས་དང་སེམས་ཉེ་བར་སྡུད་པ་ཡང་ཆོག་ཤེས་པ་དང༌། འདོད་པ་ཆུང་བར་འགྱུར་གྱི་འདོད་པ་ཆེ་བ་དང་ཆོག་མི་ཤེས་པ་རྣམས་ནི་མ་ཡིན་ནོ། །དེ་ཡང་འདོད་པ་ཆེ་བ་དང༌། ཆོག་མི་ཤེས་པ་ལས་ཉེ་བར་སྡུད་པ་གཉིས་དང་ལྡན་པར་མི་འགྱུར་རོ། །དེ་ཡང་འདོད་ཆགས་ལ་སྤྱོད་པ་དང༌། རྣམ་པར་རྟོག་པ་ལ་སྤྱོད་པ་རྣམ་པ་གཉིས་ཡོད་དོ། །དེ་ལ་འདོད་ཆགས་ལ་སྤྱོད་པས་ནི་དང་པོར་སེམས་མཉམ་པར་གཞག་པར་བྱ་བའི་ཕྱིར་མི་གཙང་བ་བསྒོམ་པར་བྱའོ། །རྣམ་པར་རྟོག་པ་ལ་སྤྱོད་པས་ནི་དབུགས་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །དེ་ཡང༌། དེ་ལ་འཇུག་པ་མི་གཙང་བ་འམ། དབུགས་འབྱུང་བ་དང་རྔུབ་པ་དྲན་པས་སོ་ཞེས་བཤད་པ་
ཡིན་ནོ། །དེ་ནས་ཞི་གནས་ཐོབ་པར་གྱུར་ནས་ནི། །ལུས་དང་ཚོར་བ་དང་སེམས་དང༌། ཆོས་རྗེས་སུ་དྲན་པ་སྟེ། རྗེས་དྲན་བཞི་བསྒོམ་པར་བྱའོ། །དེ་རྣམས་ཀྱི་བསྒོམ་པ་ནི་རང་དང་སྤྱིའི་མཚན་ཉིད་ལ་ཡོངས་སུ་བརྟག་པའོ། །དེ་ལ་རང་གི་མཚན་ཉིད་ནི། གཟུགས་སུ་རུང་བ་ཞེས་བྱ་བ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་སྟོང་པ་དང་བདག་མེད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང༌། ཞི་གནས་ཐོབ་པར་གྱུར་ནས་ནི། །ལུས་དང་ཚོར་བ་སེམས་ཆོས་ཀྱིས། །མཚན་ཉིད་གཉིས་ནི་ཡོངས་བརྟགས་པས། །དྲན་པ་ཉེར་གཞག་བསྒོམ་པར་བྱ། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་མི་གཙང་བ་དང༌། དབུགས་འབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པའི་སྦྱོར་བ་ལ་བསླབས་པས་རང་གི་མཚན་ཉིད་ཀྱི་རིགས་དང་ལྡན་པ་དག་འདི་རྗེས་སུ་དྲན་པ་ན་འཇུག་པར་འགྱུར་ཏེ། དེ་ཡང་མི་གཙང་བར་འདུ་ཤེས་པའི་ཕྱིན་ཅི་ལོག་པའི་གཉེན་པོ་ཡིན་ནོ། །དེ་ནས་ཚོར་བ་རྗེས་སུ་དྲན་པ་ལ་སྟེ་དེ་ཡང་སྡུག་བསྔལ་བདེ་བར་ཕྱིན་ཅི་ལོག་པའི་གཉེན་པོ་ཡིན་ནོ། །དེ་ནས་ཡང་སེམས་རྗེས་སུ་དྲན་པ་ལ་སྟེ། དེ་ཡང་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོ་ཡིན་ནོ། །དེ་ནས་དེའི་འོག་ཏུ་ཆོས་རྗེས་སུ་དྲན་པ་སྟེ། དེ་ཡང་དད་པ་ལ་སོགས་པའི་ཆོས་ཙམ་དུ་དམིགས་པས་བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པའི་གཉེན་པོ་ཡིན་པ་དེ་བས་ན་ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གང་གི་ཚེ་རང་གི་མཚན་ཉིད་འཛིན་པས་ན་ཆོས་ཞེས་བྱ་བས་ཕུང་པོ་ལྔ་ལ་དམིགས་པ་ཉིད་ཆོས་རྗེས་སུ་དྲན་པ་སྟེ། དེའི་ཚེ་ཆོས་ཐམས་ཅད་ལ་དམིགས་པའི་ཆོས་རྗེས་སུ་དྲན་པ་ལ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པའི་རྣམ་པར་ཆོས་ཐམས་ཅད་བསྒོམ་པ་ཡིན་ནོ། །དེ་བས་ན། ཆོས་ཀུན་དྲན་པ་ཉེར་གཞག་པར། །མ་ལུས་དམིགས་པ་ལ་གནས་པའི།། མི་རྟག་སྡུག་བསྔལ་སྟོང་པ་དང༌། །བདག་མེད་དེ་ནི་རྣམ་ཐར་མཐོང༌། །ཞེས་གསུངས་པ་ཡིན་ནོ། །དེ་ནས་ཕྱིས་འབྱུང་བར་འགྱུར་བའི་འཕགས་པའི་ལམ་གྱིས་མེའི་སྔ་རྟགས་གཙུབ་ཤིང་གི་མེའི་སྔོན་དུ་དྲོ་བ་འབྱུང་བ་དང་འདྲ་བའི་དྲོད་དུ་གཏོགས་པའི་ངེས་པར་འབྱེད་པའི་ཆ་སྐྱེད་པར་བྱེད་དོ། །
དེ་བདེན་པ་བཞིའི་ཡུལ་ལ་རྣམ་པ་བཅུ་དྲུག་ཏུ་དམིགས་ལ། དེ་ནས་ཡང་རྩེ་མོར་གཏོགས་པ་སྟེ། དེ་དང་འདྲ་བ་ཉིད་དོ། །དེ་ནས་ཀྱང་བཟོད་པའོ། །དེ་ནས་བཟོད་པ་ལས་ཆོས་ཀྱི་མཆོག་གོ །འདི་དག་ནི་ངེས་པར་འབྱེད་པའི་ཆ་བཞི་བསྒོམ་པའི་རང་བཞིན་ཅན་ཉིད་ཀྱི་དགེ་བའི་རྩ་བ་ཡིན་ནོ། །དེ་ཡང༌། དེ་ལྟར་ངེས་འབྱེད་ཆ་བཞི་པོ། །བསྒོམ་པ་རང་བཞིན་ཅན་ཞེས་བཤད་པ་ཡིན་ཏེ། འདི་ཙམ་ནི་སྦྱོར་བའི་ལམ་ཡིན་ནོ། །དེ་ཡན་ཆད་འཕགས་པའི་བདེན་པ་རྣམ་པ་བཞིའི་ཡུལ་ལ་སྐད་ཅིག་མ་བཅུ་དྲུག་ཅན་གྱི་བདེན་པ་མངོན་པར་རྟོགས་པས་ཟག་པ་མེད་པ་མངོན་པར་རྟོགས་པ་སྐྱེ་བར་ཟད་དོ། །དེ་ཡང་འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཆོས་ཤེས་པ་སྟེ། སྡུག་བསྔལ་གྱི་བདེན་པ་ལ་དམིགས་པའི་སྐད་ཅིག་མ་བཞིའོ། །དེ་བཞིན་དུ་ཀུན་འབྱུང་བ་དང་འགོག་པ་དང༌། ལམ་གྱི་བདེན་པ་ལ་ཡང་སྦྱར་བར་བྱའོ། །དེ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པའི་སྐད་ཅིག་མ་བརྒྱད་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན་ནོ། །རྗེས་སུ་རྟོགས་པའི་བཟོད་པ་དང༌། རྗེས་སུ་རྟོགས་པའི་ཆོས་ཤེས་པའི་སྐད་ཅིག་མ་བརྒྱད་ནི། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན་ནོ། །དེ་ཡང༌། འཇིག་རྟེན་པ་ཡི་ཆོས་མཆོག་ལས། །ཆོས་ཤེས་བཟོད་པ་ཟག་པ་མེད། །ཅེས་བཤད་པ་ཡིན་ནོ། །དེ་ལ་ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའི་སྐད་ཅིག་མ་ཡོངས་སུ་སྤངས་ནས། དེ་ཡན་ཆད་ནི་མཐོང་བའི་ལམ་ཡིན་ཏེ་རྗེས་སུ་རྟོགས་པ་ཤེས་པ་ཉིད་ནི་མཐོང་བའི་ལམ་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་རོ། །སེམས་སྐད་ཅིག་མ་བཅུ་དྲུག་པ་ལ་ནི་ཤེས་པར་བྱ་བ་སྔོན་མེད་པ་ཡོད་པར་འདོད་ཀྱི་མཐོང་བར་བྱ་བ་ནི་མེད་དེ་བཟོད་པ་ཉིད་མཐོང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བསྒོམ་པའི་ལམ་ཡང་དག་པར་བསྡུས་པའི་ལམ་གྱི་རྗེས་སུ་ཤེས་པ་ཞེས་བྱ་བ་ནི་ཆོས་མངོན་པ་ལས་གསལ་བར་བྱ་སྟེ། དེ་ཡང༌། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དེར་ནི་སྐད་ཅིག་
བཅོ་ལྔའོ། །ཞེས་བཤད་པ་ཡིན་ནོ། །དེ་ལ་བཟོད་པའི་སྐད་ཅིག་མ་དེ་ཉིད་ཉོན་མོངས་པ་སྤོང་བར་བྱེད་པས་བར་ཆད་མེད་པའི་ལམ་གྱི་ངོ་བོ་ཉིད་དོ། །ཤེས་པའི་སྐད་ཅིག་མ་ནི་རྣམ་པར་གྲོལ་བའི་ལམ་གྱི་ངོ་བོ་ཉིད་དོ། །ཉོན་མོངས་པ་ཡང་མདོར་བསྡུ་ན། སྡུག་བསྔལ་དང་ཀུན་འབྱུང་དང༌། འགོག་པ་དང༌། ལམ་དང༌། བསྒོམ་པས་སྤང་བར་བྱ་བའི་དབྱེ་བས་རྣམ་པ་ལྔར་འགྱུར་རོ། །དེ་ལ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་སྟེ། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་སྟེ་ལྔ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ལྔ་སྟེ་བཅུའོ། །ཀུན་འབྱུང་དང་འགོག་པ་མཐོང་བས་སྤང་བར་བྱ་བ་ནི་བདུན་ཏེ། དེ་དག་ཉིད་ལས་འཇིག་ཚོགས་དང༌། མཐར་འཛིན་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་པ་གོང་མ་རྣམས་སོ། །ལམ་མཐོང་བས་སྤང་བར་བྱ་བ་ནི་བརྒྱད་དེ། བདུན་པོ་དེ་དག་ཉིད་དང་ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པར་བལྟའོ། །བསྒོམ་པས་སྤང་བར་བྱ་བ་ནི་བཞི་སྟེ། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་སྟེ་འདི་དག་ནི་འདོད་པའི་ཁམས་ཀྱི་ཡིན་ནོ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ལ་ཡང་དེ་དག་ཉིད་ལས་ཐམས་ཅད་དུ་ཁོང་ཁྲོ་བ་བཏོན་པ་ལྷག་མ་གསུམ་མོ། །དེ་ཉིད་ཀྱིས་ན་ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་དུ་འགྱུར་རོ། །དེ་ཡང༌། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །བཞི་ནི་བསྒོམ་པས་སྤང་བྱ་ཡིན། །ཁོང་ཁྲོ་མ་གཏོགས་དེ་དག་ཉིད། །གཟུགས་ཁམས་གཟུགས་མེད་དེ་དང་འདྲ། །དེ་ལྟར་དགུ་བཅུ་རྩ་བརྒྱད་འདོད། །ཅེས་བཤད་པ་ཡིན་ནོ། །དེ་ལ་འཇིག་རྟེན་ཆོས་ཀྱི་མཆོག་གི་རྗེས་ཐོགས་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ན་འདོད་པའི་ཁམས་ན་སྤྱོད་པའི་སྡུག་བསྔལ་
བཅུའི་ཐོབ་བ་སྤོང་སྟེ། དེ་ཡང་ཤེས་རབ་ཀྱི་བདག་ཉིད་ཅན་ཡིན་པ་ཉིད་ཀྱིས་སྡུག་བསྔལ་མཐོང་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པ་སྤང་བ་བཟོད་པས་ཡོངས་སུ་མཐོང་བའི་སྡུག་བསྔལ་ལ་ངེས་པའི་བདག་ཉིད་ཡིན་ཏེ། དེ་ཡང་མཚུངས་པར་ལྡན་པ་རྣམས་དང་ཐོབ་པ་ལྷན་ཅིག་སྐྱེ་བ་ཡིན་ནོ། །དེ་ལྟར་ན་བཟོད་པ་ཐམས་ཅད་ནི་སྡུག་བསྔལ་ལ་སོགས་པ་མཐོང་བའི་བདག་ཉིད་ཡིན་ལ། ཤེས་པ་རྣམས་ནི་ངེས་པའི་བདག་ཉིད་ཅན་ཡིན་ཏེ། འདི་གཉིས་ཀྱིས་རྐུན་པོ་འབྱིན་པ་དང་སྒོ་གཏན་འཛུད་པའི་ཚུལ་དུ་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་དོ། །དེ་བཞིན་སྡུག་བསྔལ་ལ་རྗེས་སུ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ན་གཟུགས་དང་གཟུགས་མེད་པའི་ཁམས་ན་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅོ་བརྒྱད་ཀྱི་ཐོབ་པ་སྤོང་བར་བྱེད་ལ། སྡུག་བསྔལ་ལ་ཆོས་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་ལྷན་ཅིག་སྐྱེ་བར་འགྱུར་རོ། །ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ན་དེའི་སྤང་བར་བྱ་བའི་ཉོན་མོངས་པ་འདོད་པའི་ཁམས་ན་སྤྱོད་པའི་ཉོན་མོངས་པ་བདུན་གྱི་ཐོབ་པ་སྤོང་བར་འགྱུར་རོ། །ཆོས་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བར་འགྱུར་རོ། །ཀུན་འབྱུང་བ་རྗེས་སུ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ན་དེའི་སྤང་བར་བྱ་བའི་ཉོན་མོངས་པས་གོང་མ་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་ཐོབ་པ་བཅུ་གཉིས་སྤོང་བར་འགྱུར་ལ། རྗེས་སུ་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བར་འགྱུར་རོ། །འགོག་པ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བར་འགྱུར་བ་དེའི་སྤང་བར་བྱ་བའི་ཉོན་མོངས་པ་འདོད་པའི་ཁམས་ན་སྤྱོད་པའི་བདུན་གྱི་ཐོབ་པ་སྤོང་བར་འགྱུར་ལ། ཆོས་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བར་འགྱུར་རོ། །འགོག་པ་ལ་རྗེས་སུ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ན། དེའི་སྤང་བར་བྱ་བའི་ཉོན་མོངས་པ་གོང་མ་བཅུ་གཉིས་ཀྱི་ཐོབ་པ་སྤོང་བར་འགྱུར་ལ། རྗེས་སུ་ཆོས་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་བར་འགྱུར་རོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་དེའི་སྤང་བར་བྱ་
བའི་ཉོན་མོངས་པ་འདོད་པའི་ཁམས་ན་སྤྱོད་པ་བརྒྱད་སྤོང་བར་འགྱུར་ལ། ཆོས་ཤེས་པ་ཡང་དེ་དང་མཚུངས་པར་ལྡན་པའི་ཐོབ་པ་དང་ལྷན་ཅིག་སྐྱེ་པར་འགྱུར་རོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་སྐྱེ་བ་ན་དེའི་སྤང་བར་བྱ་བའི་ཉོན་མོངས་པས་གོང་མ་པ་བཅུ་བཞིའི་ཐོབ་པ་སྤོང་བར་འགྱུར་རོ། །འདི་ཙམ་གྱིས་ལམ་ལ་གནས་པའི་རྣལ་འབྱོར་པ་ནི་རྒྱུན་དུ་ཞུགས་པའི་རྒྱུ་ལ་ཞུགས་པ་ཞེས་བྱའོ། །རྗེས་སུ་ཆོས་ཤེས་པ་དེ་དང་མཚུངས་པར་ལྡན་པ་ཐོབ་པ་ལྷན་ཅིག་བྱུང་བའི་སྐད་ཅིག་མ་དེར་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ཉིད་ཡིན་ནོ། །དེ་ལྟར་རེ་ཞིག་མཐོང་བའི་ལམ་གྱིས་དེའི་སྤང་བར་བྱ་བ་སྤངས་པ་ཡིན་ནོ། །དེའི་འོག་ཏུ་ནི་བསྒོམ་པའི་ལམ་སྐྱེ་བར་འགྱུར་ཏེ། དེས་ཀྱང་དེ་སྤང་བར་བྱ་བ་སྤོང་བར་འགྱུར་རོ། །དེ་ཡང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་དབྱེ་བས་བཅུར་འགྱུར་ལ། བཅུ་པོ་དེ་དག་རེ་རེ་ཞིང་ཡང་རྣམ་པ་དགུ་དགུར་བྱས་ཏེ། འཁོར་བ་ནི་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་བསམ་གཏན་བཞི་དང༌། གཟུགས་མེད་པའི་ཁམས་བཞི་སྟེ། ས་དགུ་ཡིན་ནོ། །དེ་ལ་འདོད་པའི་ཁམས་ན་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དགུར་དབྱེ་བ་དང༌། གཟུགས་དང་གཟུགས་མེད་པའི་ས་རྣམས་ཀྱི་འདོད་ཆགས་དང་ང་རྒྱལ་དང༌། མ་རིག་པ་ཡང་རེ་རེ་ཞིང་དགུ་དགུར་དབྱེ་སྟེ། དེ་ལྟར་བྱས་ན་སའི་རྣམ་པའི་དབྱེ་བས་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་ཏེ། རྣམ་པ་འདི་ཉིད་ཀྱིས་བསྒོམ་པའི་ལམ་ཡང་བརྒྱད་ཅུ་རྩ་གཅིག་ཉིད་ཡིན་ནོ། །དེ་ཡང༌། ས་དང་ས་ལ་ཉེས་རྣམ་དགུ། །དེ་བཞིན་དུ་ནི་ཡོན་ཏན་རྣམས། །ཆུང་དང་འབྲིང་དང་ཆེ་རྣམས་ཀྱི། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །ཞེས་བཤད་པ་ཡིན་ནོ། །བྱེ་བྲག་ནི་འདི་ཡིན་ཏེ། ས་རེ་རེ་ཞིང་ཉོན་མོངས་པའི་རྣམ་པ་དང་པོ་ཆེན་པོ་ཆེན་པོའི་ནས་ཐ་མ་ཆུང་དུ་ཆུང་དུའི་བར་ཉིད་ལ་ལམ་གྱི་རྣམ་པ་ཡང༌། དང་པོ་ནི་ཆུང་ངུའི་ཆུང་དུ་ཡིན་ལ། ཐ་མ་ནི་ཆེན་པོའི་ཆེན་པོ་ཡིན་ནོ། །དེ་ཡང་གང་གི་ཕྱིར་དེ་ནི་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་མཐོང་བ་རྣམས་ལ་ཡང་དང་ཡང་དུ་རྩོལ་བས་བསྒོམ་པ་ཡིན་ལ། རྩོལ་བ་ཡང་དང་པོ་མ་
གོམས་པའི་གནས་སྐབས་སུ་ནི་ཆུང་ངུའི་ཆུང་ངུ་ཉིད་སྐྱེ་བར་འགྱུར་ལ། དེ་ལས་ཀྱང་ཆུང་ངུའི་བར་མ་ཉིད་སྐྱེ་བར་འགྱུར་བ་ནས་མཐར་ཆེན་པོའི་ཆེན་པོའི་བར་དུ་སྐྱེ་བར་འགྱུར་རོ། །དེ་ཉིད་ཀྱིས་ན་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་ལམ་གྱི་རྣམ་པ་ཆུང་ངུའི་ཆུང་ངུས་སྤོང་བར་འགྱུར་ལ། ཆུང་ངུའི་ཆུང་ངུ་ནི་ཆེན་པོའི་ཆེན་བོས་སྤོང་བར་འགྱུར་ཏེ། དེ་ནི་ཁྲུས་མཁན་གྱི་གོས་ཀྱི་ཚུལ་དུ་ཤེས་པར་བྱའོ། །དེ་ལ་གང་ལམ་གྱི་རྣམ་པ་བརྒྱད་ཅུ་རྩ་གཅིག་པོ་འདི་དག་གིས་ཉོན་མོངས་པའི་རྣམ་པ་དེ་ལས་རེ་རེ་སྤོང་བར་བྱེད་པ་ན་རེ་རེ་ཞིང་པར་ཆད་མེད་པ་དང༌། རྣམ་པར་གྲོལ་བའི་ལམ་གྱི་ངོ་བོ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ལ་གང་འདོད་པར་གཏོགས་པའི་ཉོན་མོངས་པ་རྣམ་པ་ལྔ་སྤང་བའི་བར་ནི་ལན་ཅིག་ཕྱིར་འོང་བའི་རྒྱུ་ལ་ཞུགས་པ་ཡིན་ལ། དྲུག་པ་སྤངས་པ་ནི་ཕྱིར་འོང་བ་ཉིད་དོ། །ཉོན་མོངས་པའི་རྣམ་པ་བདུན་པ་དང་བརྒྱད་པ་སྤངས་པ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པའོ། །འདོད་པར་གཏོགས་པའི་ཉོན་མོངས་པ་དགུ་པ་སྤངས་པ་ནི་ཕྱིར་མི་འོང་བ་ཉིད་དོ། །སྲིད་པའི་རྩེ་མོའི་ཆ་བརྒྱད་སྤངས་པའི་བར་ནི་དགྲ་བཅོམ་པའི་རྒྱུ་ལ་ཞུགས་པའོ། །དགུ་པ་སྤོང་བ་བར་ཆད་མེད་པའི་ལམ་ནི་རྡོ་རྗེ་ལྟ་བུ་ཞེས་བྱ་ལ་རྣམ་པར་གྲོལ་བའི་ལམ་ནི་ཟད་པ་ཤེས་པ་ཞེས་བྱ་བའོ། །ཟད་པ་ཤེས་པ་སྐྱེ་བར་གྱུར་པ་ཆུང་ངུ་དང་བར་མ་དང་ཆེན་པོའི་དབྱེ་བའི་ཁམས་གསུམ་པའི་ཉོན་མོངས་པ་དེ་དག་ཐམས་ཅད་སྤངས་པ་ནི་དགྲ་བཅོམ་པར་འགྱུར་རོ། །དེ་དག་ནི་བསྒོམ་པའི་ལམ་ཡིན་ནོ། །དེ་ཡང་གཡོ་བ་དང་མི་གཡོ་བའི་བར་གྱི་དབྱེ་བས་རྣམ་པ་མང་དུ་འགྱུར་ཏེ། དེ་ལ་གང་མི་གཡོ་བའི་ཆོས་ཅན་གཅིག་པུ་ལ་ནི་དེའི་ཚེ་ཟད་པ་ཤེས་པ་སྐྱེ་བར་འགྱུར་རོ། །གལ་ཏེ་ཟད་པ་ཤེས་པ་མ་ཡིན་ན་མི་སློབ་པའི་ཤེས་རབ་སྐྱེ་བར་འགྱུར་ལ། དེ་དག་ཐམས་ཅད་ཀྱང་དགྲ་བཅོམ་པ་ཡིན་པར་བྱེ་བྲག་མེད་དོ། །དེ་ཡང༌། གལ་ཏེ་མི་སྤོང་ཟད་ཤེས་ལས།། མི་སྐྱེའི་བློ་གྲོས་ཡོད་མིན་ན། །ཟད་ཤེས་སམ་ནི་མི་སློབ་ལྟར། །དེ་ཡི་དགྲ་བཅོམ་ཐམས་ཅད་ལ། །ཞེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱིས་ན་ཟད་པ་ཤེས་པའི་རྗེས་ཐོགས་ལ་མི་སློབ་པའི་ལམ་དུ་རྣམ་པར་གཞག་པ་ཡིན་ནོ། །དེར་ཡང་ལུས་ཀྱི་མངོན་སུམ་དུ་བྱེད་པ་ལ་སོགས་པའི་དབྱེ་བས་
གང་ཟག་མང་པོ་ཡོད་མོད་ཀྱི་སྐབས་འདིར་དགོས་པ་མེད་པའི་ཕྱིར་དང༌། གཞུང་མངས་ཀྱིས་དོགས་པས་མ་བཤད་པ་ཡིན་ནོ། །ཁམས་གསུམ་པ་ཡི་ཉོན་མོངས་ཟད། །ཀུན་མཁྱེན་ཡེ་ཤེས་ཀྱིས་བསྐུལ་ནས། །ཕྱག་རྒྱ་ཆེ་དང་མཉམ་སྦྱོར་བ། །ཐོབ་ནས་རྒྱལ་བ་དམ་པར་འགྱུར། །དེ་ལ་རེ་ཞིག་དབང་པོ་རབ་ནི་ཁམས་གསུམ་པའི་ཉོན་མོངས་པ་རྣམས་སྤངས་པ་ཡིན་དུ་ཟིན་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། བསོད་ནམས་ཀྱི་ཚོགས་ལས་ངེས་པར་འབྱུང་བའི་གཟུགས་ཀྱི་སྐུ་མེད་པར་སེམས་ཅན་མ་ལུས་པའི་དགོས་པ་བྱེད་ནུས་པར་མ་མཐོང་བ་དང། སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་ཉིད་ཀྱིས་སེམས་ཅན་མ་ལུས་པ་གདོན་པའི་བསམ་བས། བཅོམ་ལྡན་འདས་ཀྱིས་དབང་དུ་བྱས་པ་ཉིད་ཀྱིས་དེའི་དུས་ཕྱི་ཞིག་ན། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་མཚན་རྣམ་པ་གཞན་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་བསྐྱེད་དེ། དེ་བསླབ་པ་ཉིད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་ནས། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་བྱ་བ་ནི་མན་ངག་གོ །དེ་བས་ན་དེའི་ཕྱག་རྒྱ་ཆེན་པོའི་སྦྱོར་བ་བསྒོམས་པ་ཉིད་ལས་འཚང་རྒྱ་བ་ཉིད་ཅེས་བྱའི། སངས་རྒྱས་ཉིད་ཐོབ་པའི་ལམ་དེ་ལས་གཞན་དག་ཡོད་པ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཕྱག་རྒྱ་ཆེན་པོ་ལ་འཇུག་པའི་དོན་དུ་འདོད་ཆགས་བྲལ་བའི་ལམ་བསྒོམ་པ་ནི་འགལ་བ་མེད་དེ། སྟོང་ཉིད་བསྒོམས་པས་གྲོལ་འགྱུར་ཏེ། །བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་བཤད་པ་ཡིན་ནོ། །གང་ཡང་འདོད་ཆགས་དང་བྲལ་བའི་ལམ་སྐྱེད་དུ་ཟིན་ཀྱང་འདོད་ཆགས་དང་བྲལ་བའི་ལམ་མངོན་སུམ་དུ་མ་བྱས་པ་ཉིད་དུ་དུས་བྱས་པ་དེ་རྣམས་ནི་ལུས་ཀྱིས་སྟོན་པར་མངོན་པར་འདོད་པའི་དབང་དང་ལམ་ཡོངས་སུ་སྨིན་པར་དམ་པའི་ཆོས་ནུབ་པར་འགྱུར་བ་ན། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་ནས་ཟག་པ་མེད་པའི་དབྱིངས་ཉིད་དུ་འཁོད་པར་འགྱུར་རོ། །དེ་ཡང་བསྟན་བཅོས་ལས། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང༌། །ཉན་ཐོས་རྣམས་ནི་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་ལས་རབ་ཏུ་སྐྱེ། །ཞེས་ཇི་སྐད་བཤད་པ་ཡིན་ནོ། །
གང་ཡང་དང་པོ་ནས་བདག་ཉིད་དུལ་བ་དང་ཞི་བར་གཅིག་ཏུ་མངོན་པར་འདོད་པ་ཉིད་ཀྱིས་འདོད་ཆགས་དང་བྲལ་བ་མངོན་སུམ་དུ་བྱེད་པ་དེ་རྣམས་ཀྱང་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་སྟེ། ཟག་པ་མེད་པའི་དབྱིངས་ཉིད་ལ་གནས་ལ། ཕྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཡང་དག་པར་བསྐུལ་བ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་ལ་འཇུག་པའི་རིམ་གྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་ཡིན་ཞེས་བྱ་བ་ནི་མདོར་བསྡུས་པའོ། །དེ་ཡང་བསྟན་བཅོས་ལས། ཐུགས་རྗེ་ཆེན་པོ་དང་བྲལ་བས། །འདི་དག་རང་གི་དོན་ལ་གཞོལ། །རང་བྱུང་སྒྲ་ལས་སྐྱེས་པ་སྟེ། །ཐེག་པ་ཆེན་པོར་མི་བསྔགས་སོ། །ཐེག་པ་ཆེ་ལས་བསྟན་པ་ཡིན། །རྒྱལ་བའི་ཡོན་ཏན་མཐའ་ཡས་དང༌། །བྱང་ཆུབ་སེམས་དཔའི་མཐུ་ཐོས་པས། །དེ་དག་སྣོད་ཉིད་འགྱུར་བ་ཡིན། །རང་གི་ལམ་གྱིས་ཐེག་ཆེན་ནོར། །མ་ལུས་བསྲེགས་པར་གྱུར་པ་སྟེ། །བྱང་ཆུབ་སེམས་དཔའ་རྣམས་ནང་ན། །སྐྱེས་བུ་དབུལ་པོ་ལྟ་བུར་གནས། །བྱང་ཆུབ་གཉིས་པོ་ཐོབ་པ་དེ། །སྲིད་པས་ཤིན་ཏུ་སྐྲག་པས་ན། །ཚེ་ཟད་པ་ནི་དགའ་གྱུར་པ། །མྱ་ངན་འདས་ཐོབ་མིང་ཅན་ཡིན། །འདི་ཉིད་མྱ་ངན་འདས་མིན་གྱི། །འོན་ཀྱང་སྲིད་གསུམ་སྐྱེ་བ་ནི། །དེ་ལ་ཡོད་པ་མ་ཡིན་བས། །དེ་རྣམས་ཟག་མེད་དབྱིངས་ན་འཁོད། །མི་ཤེས་ཉོན་མོངས་མིན་ཡང་ཕྱིར། །ཕྱི་ནས་སངས་རྒྱས་ཀྱིས་རབ་བསྐུལ། །བསོད་ནམས་ཚོགས་ནི་བསགས་པ་ལས། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་ཇི་སྐད་དུ་རྒྱ་ཆེར་བཤད་པའོ། །དེ་བས་ཕྱག་རྒྱ་ཆེ་མཉམ་སྦྱོར།། རྣལ་འབྱོར་དང་ནི་བྲལ་བ་ཉིད། །རྫོགས་པའི་བྱང་ཆུབ་མི་ཐོབ་ཅིང༌། །མངོན་མཐོའི་འབྲས་བུ་ཉིད་མ་ཡིན། །དེ་ཉིད་ལ་ནི་འཇུག་པའི་ཕྱིར། །བདེན་པ་བཞི་ནི་རྣམ་བསྒོམ་པ། །རྡོ་རྗེ་སེམས་སོགས་བསྒོམ་པ་ཡི། །རྣལ་འབྱོར་པ་ལ་འགལ་བ་མེད། །འོན་ཀྱང་གཏམ་དུ་བྱ་བ་གཞན་ཡང་ཡོད་དེ། བདག་གཞན་ལྟ་ལ་ཆགས་པ་དང༌། །སྡང་བས་ཉེས་བཅོམ་ཡིད་སྤངས་ཏེ། །རྣམ་པར་དཔྱད་ལས་གཞན་པའི་རྒྱུ། །དེ་ཉིད་ངེས་པར་མ་མཐོང་ངོ༌། །དེ་བས་དེར་གུས་རྣལ་འབྱོར་བས། །རྗེས་ཆགས་ཁོང་ཁྲོ་སྤངས་ནས་ནི། །རྣམ་པ་ཀུན་ལ་མཁས་བྱ་ཞེས། །དེ་ལྟར་
རྒྱལ་བ་དམ་པས་གསུངས། །ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཀུན་མཁྱེན་གྱིས་གསུངས་བཀའ། །ཀུན་ཕན་མ་ལུས་བརྟགས་ནས་ནི། །མདོར་བསྡུས་ནས་ནི་བསྟན་པ་འདི། །དེ་ཉིད་ཤེས་རྣམས་མགུ་ཕྱིར་བྱས། །དེ་ལྟར་ལམ་ལ་རྣམ་ཞུགས་སེམས་ནི་ངེས་པར་མི་གཡོ་གང༌། །གཡོ་བར་གྱུར་ནའང་དེ་ཚེ་ཡང་དག་བཀའ་ནི་རྣམས་བསྒོམས་ལ། །རྒྱལ་བའི་གསུང་གི་ཚོགས་ནི་ཐོག་མ་བར་དང་མཐའ་དག་ལ། །བརྟེན་ཅིང་མི་ཕྱེད་ཚུལ་རྣམས་ཀུན་གྱིས་རྣམ་པར་བརྟགས་པས་བརྟེན་པར་འགྱུར། །དེ་ལྟར་མ་ལུས་བདེ་གཤེགས་བཀའ། །བདག་གིས་ཡང་དག་བཤད་པ་ཡི། །བསོད་ནམས་གང་ཡིན་དེ་འགྲོ་ཀུན། །དེ་ཡི་གཞུང་ལ་ཅི་དགར་ཤོག །དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ་བདེ་བར་གཤེགས་པའི་བཀའ་མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ། སློབ་དཔོན་དཔལ་ཡེ་ཤེས་གྲགས་པས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།