སྐབས་བརྒྱད་པ། མངོན་པར་རྫོགས་པ་བྱང་ཆུབ་པ་ཆོས་ཀྱི་སྐུའི་འགྲེལ་པ།
ད་ནི་མངོན་པར་རྟོགས་པ་རྣམས་ཀྱི་འབྲས་བུ་ཡོངས་སུ་སྨིན་པ་གང་ཡིན་པ་ཆོས་ཀྱི་སྐུ་འཆད་པར་མཛད་པས་དེ་ཡང་སྐུ་རྣམ་པ་བཞི་ཕྲིན་ལས་དང་བཅས་པས་རབ་ཏུ་དབྱེ་བ་ལས་རེ་ཞིག་རང་བཞིན་གྱིས་ལྷུན་གྱིས་གྲུབ་ཅིང་རྣམ་པར་དག་པ་ཡོན་ཏན་
ཐམས་ཅད་རྫོགས་པའི་བདག་ཉིད་ངོ་བོ་ཉིད་ཀྱི་སྐུ་གསུངས་པ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དང༌། །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་བྱ་བའོ། །ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་སྐུ་ནི་ཤིན་ཏུ་ཕུལ་དུ་གྱུར་པའི་ཡེ་ཤེས་ཀྱི་བདག་ཉིད་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ཟག་པ་མེད་པའི་ཆོས་ཐམས་ཅད་ཐོབ་པར་གྱུར་པ་དྲི་མ་རྣམས་གློ་བུར་བ་ཡིན་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་རྣམ་པར་དག་ཅིང་བཅོས་མ་མ་ཡིན་པའི་དོན་གྱིས་རང་བཞིན་གྱིས་དབེན་པར་གྱུར་པ་གང་ཡིན་པ་ངོ་བོ་ཉིད་ཀྱིས་གནས་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ལས་ཐ་དད་པ་མ་ཡིན་པ་ཟག་པ་མེད་པ་ཉིད་ཀྱི་བདག་ཉིད་ཆོས་ཀྱི་སྐུ་གསུངས་པ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །ཟད་པར་བཅུ་ཡི་བདག་ཉིད་དང༌། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །ཉོན་མོངས་མེད་དང་སྨོན་མཁྱེན་དང༌། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང༌། །དབང་བཅུ་དང་ནི་སྟོབས་བཅུ་དང༌། །མི་འཇིགས་པ་ནི་བཞི་དག་དང༌། །བསྲུང་བ་མེད་པ་རྣམ་གསུམ་དང༌། །དྲན་པ་ཉེར་གཞག་རྣམ་གསུམ་དང༌། །བསྙེལ་བ་མི་མངའི་ཆོས་ཉིད་དང༌། །བག་ཆགས་ཡང་དག་བཅོམ་པ་དང༌། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང༌། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་བྱ་བའོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་གང་ཞེ་ན། ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་རྣམས་ལ་དྲན་པ་ཉེ་བར་གཞག་པ་བཞི་དང། མི་དགེ་བ་དང་དགེ་བ་སྐྱེས་པ་དང་མ་སྐྱེས་པ་དག་གོ་རིམས་བཞིན་དུ་སྤོང་བ་དང༌། མི་སྐྱེད་པ་ཉིད་དང༌། ཅིག་ཤོས་ཀྱི་ངོ་བོས་ཡང་དག་པར་སྤོང་བ་རྣམ་པ་བཞི་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང༌། དཔྱོད་པའི་ཏིང་ངེ་འཛིན་ཏེ་རྫུ་འཕྲུལ་གྱི་རྐང་པ་བཞི་
དང། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་སྟེ་དབང་པོ་རྣམ་པ་ལྔ་དང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་སྟོབས་ཏེ་སྟོབས་རྣམ་པ་ལྔ་དང༌། དྲན་པ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཆོས་ཉིད་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་རྩེ་གཅིག་ཏུ་གནས་པས་ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་བདུན་དང༌། ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་ཏེ་འཕགས་པའི་ལམ་ཡན་ལག་རྣམ་པ་བརྒྱད་དོ། །ཚད་མེད་པ་བཞི་གང་ཞེ་ན། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་རྣམས་སོ། །རྣམ་པར་ཐར་པ་བརྒྱད་གང་ཞེ་ན། ནང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་རྣམ་པར་ལྟ་བ་ཞེས་བྱ་བ་གཉིས་དང༌། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་ཞེས་བྱ་བ་གཅིག་དང༌། ནམ་མཁའ་མཐའ་ཡས་དང༌། རྣམ་ཤེས་མཐའ་ཡས་དང༌། ཅི་ཡང་མེད་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བ་བཞི་དང༌། འདུ་ཤེས་དང༌། ཚོར་བ་འགོག་པ་ཞེས་བྱ་བ་གཅིག་གོ །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་སྟེ་གཟུགས་ཁམས་ཀྱི་བསམ་གཏན་རྣམ་པ་བཞི་དང༌། ནམ་མཁའ་མཐའ་ཡས་ལ་སོགས་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པ་བཞི་དང༌། འགོག་པའི་སྙོམས་པར་འཇུག་པ་ཉིད་དོ། །ཟད་པར་བསྒོམ་པ་བཅུ་གང་ཞེ་ན། མཐའ་དག་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་དང༌། རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་
ཞེས་བྱ་བ་ཟད་པར་བསྒོམ་པ་རྣམ་པ་བཅུ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་གང་ཞེ་ན། ནང་གི་གཟུགས་དང་གཟུགས་མེད་པར་འདུ་ཤེས་པ་དག་གིས་སོ་སོར་ཆུང་ངུ་དང༌། ཆེན་པོ་དང་དམན་པ་དང་གྱ་ནོམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་བ་ཞེས་བྱ་བ་བཞི་དང༌། ནང་གི་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་ཕྱི་རོལ་གྱི་གཟུགས་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་རྣམས་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་བ་ཞེས་བྱ་བ་རྣམ་པ་བཞིའོ། །ཉོན་མོངས་པ་མེད་པ་གང་ཞེ་ན། བདག་ཉིད་ཉེ་བར་ཞི་བས་ཕ་རོལ་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པའི་དགྲའི་རྒྱུན་དྲུངས་འབྱིན་པའི་ཏིང་ངེ་འཛིན་ཞེས་བྱ་བ་གང་ཡིན་པའོ། །སྨོན་གནས་མཁྱེན་པ་གང་ཞེ་ན། ཇི་ལྟར་བཞེད་པ་ཉིད་ཚུལ་ཇི་ལྟ་བར་ཡང་དག་པར་མཁྱེན་པ་ཉིད་ཀྱིས་ལྷུན་གྱིས་གྲུབ་པ་ལ་སོགས་པ་འཁོར་བ་ཇི་སྲིད་པའི་སྐབས་སུ་འཇུག་པ་ཞེས་བྱ་བ་གང་ཡིན་པའོ། །མངོན་པར་ཤེས་པ་དྲུག་གང་ཞེ་ན། རྫུ་འཕྲུལ་དང༌། ལྷའི་རྣ་བ་དང༌། སྔོན་གྱི་གནས་དང༌། འཆི་འཕོ་བ་དང༌། སྐྱེ་བ་དང༌། གཞན་གྱི་སེམས་དང༌། ཟག་པ་ཟད་པ་ཤེས་པ་རྣམས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། དོན་དང༌། ཆོས་དང༌། དེས་པའི་ཚིག་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །རྣམ་པ་ཐམས་ཅད་ཡོངས་སུ་དག་པ་གང་ཞེ་ན། རྟེན་དང༌། དམིགས་པ་དང༌། ཐུགས་དང༌། ཡེ་ཤེས་ཡོངས་སུ་དག་པ་རྣམས་སོ། །དབང་རྣམ་པ་བཅུ་གང་ཞེ་ན། ཚེ་དང༌། སེམས་དང༌། ཡོ་བྱད་དང༌། ལས་དང༌། སྐྱེ་བ་དང༌། མོས་པ་དང༌། སྨོན་ལམ་དང༌། རྫུ་འཕྲུལ་དང༌། ཡེ་ཤེས་དང༌། ཆོས་ལ་དབང་བ་རྣམས་སོ། །སྟོབས་བཅུ་གང་ཞེ་ན། གནས་དང་གནས་མ་ཡིན་པ་དང༌། ལས་ཀྱི་རྣམ་པར་སྨིན་པ་དང༌། ཁམས་སྣ་ཚོགས་པ་དང༌། མོས་པ་སྣ་ཚོགས་པ་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་དང༌། ཀུན་ཏུ་འགྲོ་བའི་ལམ་དང༌། བསམ་གཏན་ལ་སོགས་པ་སྙོམས་པར་འཇུག་པ་ལྟ་བ་དང༌། སྔོན་གྱི་གནས་དང༌། འཆི་འཕོ་བ་
དང་སྐྱེ་བ་དང་ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་སོ། །མི་འཇིགས་པ་རྣམ་པ་བཞི་གང་ཞེ་ན། བདག་གི་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་དང༌། ཟག་པ་ཟད་དོ་ཞེས་བྱ་བ་དང༌། གཞན་ལ་ངེས་པར་འབྱུང་བའི་ལམ་བསྟན་པ་དང༌། ལམ་གྱི་བར་ཆད་དམ་བཅས་པ་ལ་ལྷའམ་བདུད་དམ་ཚངས་པ་ལ་སོགས་པས་རྒོལ་བ་མེད་པས་མི་འཇིགས་པ་རྣམས་སོ། །བསྲུང་བ་མེད་པ་གསུམ་གང་ཞེ་ན། སྐུ་དང༌། གསུང་དང༌། ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ཉིད་ཀྱིས། འདི་ལ་ཕྱིན་ཅི་ལོག་གི་ཀུན་ཏུ་སྤྱོད་པ་གཞན་གྱི་ཡོངས་སུ་ཤེས་པའི་བསྙེངས་པ་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་བའོ། །དྲན་པ་ཉེ་བར་གཞག་པ་གསུམ་གང་ཞེ་ན། ཆོས་སྟོན་པ་ན་ཉན་པར་འདོད་པ་དང༌། ཉན་པར་མི་འདོད་པ་དང༌། གཉིས་ཀ་ལ་གོ་རིམས་བཞིན་དུ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་དང༌། གཉིས་ཀས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་སོ་ཞེས་བྱ་བའོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་གང་ཞེ་ན། ཐུགས་རྗེ་དང་ཐབས་མཁས་པ་ཉིད་ཀྱིས་སེམས་ཅན་གྱི་དོན་མཛད་པའི་དུས་ལས་མི་འདའ་བའི་མཚན་ཉིད་གང་ཡིན་པའོ། །བག་ཆགས་ཡང་དག་པར་བཅོམ་པ་གང་ཞེ་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་གྱི་ས་བོན་སྤངས་ཏེ་རྣམ་པ་ཐམས་ཅད་དུ་དྲུངས་ཕྱུང་བས་ནམ་མཁའ་དྲི་མ་མེད་པ་ལྟར་ཤིན་ཏུ་ཡོངས་སུ་དག་པའོ། །སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་གང་ཞེ་ན། སྐྱེ་བོ་མཐོ་རིས་དང་ངན་འགྲོར་གྱུར་པ་མ་ལུས་པ་ལ་སྒྲིབ་པ་མེད་པའི་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་ཉིན་དང་མཚན་མོ་དུས་དྲུག་ཏུ་གཟིགས་ཤིང་སྐྱོབ་པར་བཞེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲིས་པ་བཅོ་བརྒྱད་གང་ཞེ་ན། འཁྲོལ་བ་དང༌། ཅ་ཅོ་མི་མངའ་བ་དང། དགོངས་པ་ཉམས་པ་དང༌། མཉམ་པར་མ་བཞག་པ་དང༌། ཐ་དད་པ་ཉིད་ཀྱི་འདུ་ཤེས་དང༌། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་རྣམ་པ་དྲུག་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་
གྲོལ་བའི་ཡེ་ཤེས་གཟིགས་པ་ལས་ཉམས་པ་མི་མངའ་བ་རྣམ་པ་དྲུག་དང༌། སྐུ་དང༌། གསུང་དང༌། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་རྣམ་པ་གསུམ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་ཞེས་བྱ་བ་རྣམ་པ་གསུམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ཡིན་པའོ། །དང་ཞེས་བྱ་བའི་སྒྲས་བསྡུས་པ་ཆོས་ཐམས་ཅད་ལ་མངའ་སྒྱུར་བའི་རང་བྱུང་བ་དང༌། སངས་རྒྱས་ཐམས་ཅད་ཀྱིས་བཤད་པ་དེ་ཁོ་ན་ཉིད་ཇི་ལྟ་བའི་མཚན་ཉིད་དེ་བཞིན་ཉིད་རྣམས་ཏེ། ཆོས་འདི་གང་གི་ངོ་བོ་ཉིད་ཟག་པ་མེད་པ་མངོན་སུམ་དུ་གྱུར་པའི་སྐུ་ཡིན་པས་ཆོས་ཀྱི་སྐུ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །དེ་ལ་ཉོན་མོངས་པ་མེད་པའི་ཁྱད་པར་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །རྒྱལ་བའི་གྲོང་སོགས་དེ་དག་གི །ཉོན་མོངས་རྒྱུན་གཅོད་ཉོན་མོངས་མེད། །ཅེས་བྱ་བའོ། །ཉན་ཐོས་ལ་སོགས་པའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་བདག་ཉིད་ལ་མིའི་ཉོན་མོངས་པ་སྤོང་བའམ། །བདག་མཐོང་བ་ལས་འགའ་ཞིག་ལ་ཉོན་མོངས་པ་སྐྱེ་བར་གྱུར་ན་མི་རུང་ངོ་ཞེས་ཆེན་དུ་བྱ་བས་ཉོན་མོངས་པ་ཡིན་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་གྲོང་ཁྱེར་ལ་སོགས་པར་གཤེགས་ནས་སྐྱེ་བོ་མཐའ་དག་གི་ཉོན་མོངས་པའི་རྒྱུན་དྲུངས་འབྱིན་པར་མཛད་པ་ཡིན་ནོ། །ཡང་སྨོན་གནས་མཁྱེན་པའི་ཁྱད་པར་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། སངས་རྒྱས་སྨོན་གནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང༌། །ཐོགས་པ་མེད་དང་རྟག་གནས་དང༌། འདྲི་བ་ཀུན་ལན་འདེབས་པར་བཞེད། །ཅེས་བྱ་བའོ། །ཉན་ཐོས་ལ་སོགས་པའི་སྨོན་གནས་མཁྱེན་པ་ནི་འབད་པ་ལ་རག་ལས་པ་ཉིད་དང༌། མཉམ་པར་གཞག་པ་ལ་ཆགས་པ་དང༌། ཉི་ཚེ་བ་ཉིད་དང༌། རེས་འགའ་བ་ཉིད་དང༌།
འདྲི་བ་རྣམས་ཀྱི་ལན་ཐེབས་པ་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་སྨོན་གནས་མཁྱེན་པ་ནི་མཚན་མ་མེད་པ་ཉིད་དུ་རང་གི་ངང་གིས་འཇུག་པ་དང༌། མཉམ་པར་གཞག་པ་དང་མཉམ་པར་གཞག་པ་མ་ཡིན་པའི། བྱེ་བྲག་མེད་པས་ལྟོས་པ་དང་བཅས་པའི་ཆགས་པ་སྤངས་པ་དང༌། སྒྲིབ་པའི་ཚོགས་བག་ཆགས་དང་བཅས་པ་ཡང་དག་པར་བཅོམ་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང༌། འཁོར་བ་ཇི་སྲིད་པར་འབྱུང་བའི་ཕྱིར་རྟག་ཏུ་གནས་པ་དང༌། སོ་སོ་ཡང་དག་པར་རིག་པ་ཕུན་སུམ་ཚོགས་པ་བརྙེས་པས་འདྲི་བའི་ལན་འདེབས་པར་མཛད་པ་ཡིན་ནོ། །འདི་སྙམ་དུ་འདི་ལྟ་བུའི་དེ་བཞིན་གཤེགས་པ་ཅིའི་ཕྱིར་རྟག་ཏུ་སེམས་ཅན་གྱི་དོན་མི་མཛད་ཅེས་དོགས་པའི་ལན་བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པ། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དུ་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ༌། །ཞེས་བྱ་བའོ། །སྔོན་བསྐྱེད་པའི་དགེ་བའི་རྩ་བ་ས་བོན་སངས་རྒྱས་ལ་སོགས་པ་ལ་དམིགས་པའི་རྒྱུ་ཡོངས་སུ་བརྟས་པར་གྱུར་ནས་སེམས་ཅན་གང་དང་གང་ལ་གང་གིས་དུས་སུ་ཆོས་གང་བསྟན་པ་ལ་སོགས་པ་མཛད་ན་དོན་དུ་འགྱུར་པ་དེའི་ཚེ་བཻ་ཌཱུཪྻའི་ས་གཞི་ལ་ལྷའི་དབང་པོ་ལ་སོགས་པ་བཞིན་དུ། སྔོན་གྱི་སྨོན་ལམ་ལ་སོགས་པའི་དབང་གིས་དེ་བཞིན་གཤེགས་པ་དེ་དང་དེ་ལ་སོགས་པ་སྣང་བར་འགྱུར་ཏེ། དུས་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་ལྟར་ཉེ་བར་མཁོ་བའི་དོན་ཐམས་ཅད་སྦྱིན་པར་མཛད་དོ། །རྐྱེན་ཡོང་ཀྱང་རང་གི་རྒྱུ་མ་ཚང་ན་མི་འབྱུང་བ་དཔེས་གསུངས་པ། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །ཞེས་གསུངས་སོ། །དཔེར་ན་ལྷའི་རྒྱལ་པོ་ལ་སོགས་པས་ནམ་མཁའ་ལ་སྤྲིན་གྱི་ཕུང་པོ་དཀྲིགས་ཏེ་ཆར་གྱི་རྒྱུན་གཉའ་ཤིང་ཙམ་གྱི་ཆ་ཕབ་ཏུ་ཟིན་ཀྱང་ཏིལ་ལ་སོགས་པའི་ས་བོན་རུལ་བས་མི་རུང་བར་གྱུར་པ་དག་ལས་འབྲས་བུ་བཟང་པོ་མི་འཁྲུངས་པ་བཞིན་དུ། དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་སྐྱེ་བོ་མཐའ་དག་གི་དོན་
བྱ་བ་ལ་རབ་ཏུ་མཁས་པ་རྣམས་བྱུང་ཡང་སྐལ་བ་དང་མི་ལྡན་པས་སྣོད་དུ་མ་གྱུར་པ་རྣམས་ཀྱིས་དེ་ལས་དམ་པའི་ཆོས་མཉན་པ་ལ་སོགས་པའི་གོ་འཕགས་བཟང་པོ་རྗེས་སུ་ཉམས་སུ་མྱོང་བར་མི་འགྱུར་བ་ཉིད་དོ། །གལ་ཏེ་སྐལ་བ་དང་ལྡན་པ་འགའ་ཞིང་ལ་དོན་སོ་སོར་ངེས་པའི་རྟེན་ཅན་དུས་རེས་འགའ་འབྱུང་བས་ཇི་ལྟར་ཁྱབ་པ་དང་རྟག་པ་ཡིན་ཞེས་བྱ་བའི་ལན་དུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཉིད་ཀྱང་བརྗོད་པ་ཡིན། །ཞེས་བྱ་བའོ། །ཇི་སྐད་བཤད་པའི་ཚུལ་གྱིས་རང་གི་ངོ་བོ་རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་མཛད་པ་རྒྱ་ཆེ་བའི་ཕྱིར་དང༌། རྒྱུན་ཆགས་སུ་འཁོར་བ་ཇི་སྲིད་པར་བཞུགས་ཀྱང་ཉིད་ཀྱིས་སྒྲུབ་པའི་དོན་གྱི་བདག་ཉིད་ལ་ནམ་དུ་ཡང་ཟད་པ་མི་མངའ་བའི་ཕྱིར་གོ་རིམས་བཞིན་དུ་སངས་རྒྱས་ཁྱབ་པ་དང་རྟག་པ་ཞེས་མངོན་པར་བརྗོད་པར་བྱའོ། །ཆོས་ཀྱི་སྐུའི་ངོ་བོ་ཉིད་ཀྱི་མཐུས་གདུལ་བྱ་མཆོག་ཏུ་གྱུར་པ་རྣམས་ལ་རྗེས་སུ་མཐུན་པའི་ཆོས་སྟོན་པར་མཛད་པ་ལོངས་སྤྱོད་རྫོགས་པའི་སྐུ་གསུངས་པ། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་བྱ་བའོ། །གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་འབར་བ་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོས་བཅུ་ལ་ཞུགས་པ་རྣམས་དང་ཐབས་ཅིག་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་བདེ་བ་དང་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པར་ཉེ་བར་ལོངས་སྤྱོད་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །དེ་ལ་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། །ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང༌། ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། སོར་མོ་རིང་དང༌།
རྟིང་ཡངས་སྐུ་ཆེ་དྲང༌། །ཞབས་ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡའི་འདྲ་ཕྱག་རིང་མཛེས། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང༌། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང༌། །ཞལ་མཛོད་སྤུས་བརྒྱན་སྐུ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང༌། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང༌། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང༌། །གྲངས་ནི་བཞི་བཅུ་ཐམ་པ་ཚང་པ་དང༌། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །འདི་ལ་མཚན་ནི་གང་གང་གིས། །སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །བླ་མ་སྐྱེལ་ལ་སོགས་པ་དང༌། །ཡང་དག་བླངས་ལ་བརྟན་པ་དང༌། །བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་གསད་བྱ་དག །ཐར་པར་བྱེད་དང་དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །ཞེས་བྱ་བའོ། །དེ་ལ་ཚིག་ལེའུར་བྱས་པ་དང་པོ་ལྔས་ནི་མཚན་རྣམས་ཀྱི་རང་གི་མཚན་ཉིད་བསྟན་ཏོ། །དེའི་འོག་ཏུ་ཚིག་ལེའུར་བྱས་པ་གཅིག་གིས་དེ་དག་འགྲུབ་པར་བྱེད་པའི་རྒྱུ་སྤྱིར་བསྟན་ཏོ། །དེ་ནས་ཚིག་ལེའུར་བྱས་པ་གཉིས་ཀྱིས་རྒྱུ་སོ་སོ་ཡང་དག་པར་བཤད་པ་ཡིན་ནོ། །འདི་ལྟར་བླ་མ་སྐྱེལ་བ་དང་བསུ་བ་ལ་སོགས་པས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཉིད་དང༌། སྡོམ་པ་ཡང་དག་པར་བླངས་པ་བརྟན་པ་ཉིད་ཀྱིས་རུས་སྦལ་བཞིན་དུ་ཞབས་ཤིན་ཏུ་གནས་པ་ཉིད་དང༌། བསྡུ་བའི་དངོས་པོ་བཞི་བསྟེན་པས་ཕྱག་དང་ཞབས་ཀྱི་སོར་མོ་དད་པའི་རྒྱལ་པོ་ལྟ་བུར་དྲ་བས་འབྲེལ་པ་ཉིད་དང༌། བཟའ་བ་དང་བཅའ་བ་ལ་སོགས་པ་གྱ་ནོམ་པ་བྱིན་པས་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་
པ་ཉིད་དང༌། བལྡག་པ་ལ་སོགས་པ་ཤིན་ཏུ་གྱ་ནོམ་པ་བྱིན་པས་ཕྱག་དང་ཞབས་དང་ཐལ་གོང་དང་ལྟག་པའི་ཕྱོགས་མཐོ་བའི་ཕྱིར་བདུན་མཐོ་བ་ཉིད་དང༌། གསད་པར་བྱ་བ་ལས་ཐར་བར་བྱས་པས་སོར་མོ་རིང་བ་ཉིད་དང༌། འཚོ་བ་ལ་ཕ་ན་བཏགས་པ་ཉིད་ཀྱིས་རྟིང་པ་ཡངས་པ་ཉིད་དང༌། སྲོག་གཅོད་པ་སྤངས་པ་ཉིད་ཀྱིས་སྐུ་ཆེ་ཞིང་དྲང་བ་ཉིད་དང༌། དགེ་བའི་ཆོས་ཡང་དག་པར་བླངས་པས་ཞབས་ལོང་བུ་མི་མངོན་པ་ཉིད་དང༌། དགེ་བའི་ཆོས་ཡང་དག་པར་བླངས་པ་སྤེལ་བས་སྐུའི་སྤུ་གྱེན་དུ་ཕྱོགས་པ་ཉིད་དང༌། རིག་པ་དང་བཟོ་ལ་སོགས་པ་གུས་པར་བྱས་ཏེ་བྱིན་པས་བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་དང༌། ནོར་བདོག་པ་སློང་བ་པོའི་སྐྱེ་བོ་ཕྱིར་མ་སྤངས་པས་ཕྱག་རིང་ཞིང་མཛེས་པ་ཉིད་དང༌། སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ཡང་དག་པར་ལེན་དུ་འཇུག་པ་དང༌། གསང་བའི་ཚིག་བསྲུངས་པས་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཉིད་དང༌། གདིང་བ་གྱ་ནོམ་པ་བྱིན་པས་མདོག་གསེར་དང་འདྲ་བ་ཉིད་དང༌། ཁང་བཟངས་ལ་སོགས་པའི་གནས་དམ་པ་བྱིན་པས་པགས་པ་འཇམ་པ་ཉིད་དང༌། འདུ་འཛི་ལ་སོགས་པ་ཡོངས་སུ་སྤངས་པས་སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ་ཉིད་དང༌། སྐྱེ་བོ་བླ་མ་ཐམས་ཅད་གནས་ཇི་ལྟ་བ་བཞིན་དུ་བཀོད་པས་ཞལ་མཛོད་སྤུས་བརྒྱན་པ་ཉིད་དང༌། རྣམ་པ་ཐམས་ཅད་དུ་ཁ་དྲག་གི་ཚིག་གིས་ཁྱད་དུ་མ་བསད་པས་སྐུ་སྟོད་སེང་གེའི་འདྲ་བ་ཉིད་དང༌། སྙན་པར་སྨྲ་བ་དང༌། ལེགས་པར་སྨྲ་བའི་རྗེས་སུ་མཐུན་པར་བྱས་པས་དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང༌། སྨན་ལ་སོགས་པ་བྱིན་པས་ཕྲག་པ་རྒྱས་པ་ཉིད་དང༌། སྐྱེ་བོ་ནད་པའི་གཡོག་བྱས་པས་རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དང༌། ནགས་ཚལ་དང་ཀུན་དགའ་ར་བ་ལ་སོགས་པ་བྱེད་པ་ཡང་དག་པར་ལེན་དུ་བཅུག་པས་ཤིག་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང༌། གཙུག་ལག་ཁང་ལ་སོགས་པ་ལྷག་པར་སྦྱིན་པས་དབུ་གཙུག་ཏོར་དང་ལྡན་པ་ཉིད་དང༌། ཚིག་རབ་ཏུ་འཇམ་པོ་ལ་སོགས་པ་གསུངས་པས་ལྗགས་རིང་བ་ཉིད་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ལ་
དམ་པའི་ཆོས་གོ་བར་བྱས་པས་ཚངས་པའི་དབྱངས་ཉིད་དང༌། ཚིག་འཁྱལ་པ་སྤངས་པས་འགྲམ་པ་སེང་གེའི་འདྲ་བ་ཉིད་དང༌། སྐྱེ་བོ་ཐམས་ཅད་བཀུར་བ་ལ་སོགས་པས་ཚེམས་དཀར་བ་ཉིད་དང༌། འཚོ་བ་རྣམ་པར་དག་པས་ཚེམས་མཉམ་པ་ཉིད་དང༌། བདེན་པའི་ཚིག་ཀུན་ཏུ་སྤྱད་པས་ཚེམས་ཐགས་བཟང་བ་ཉིད་དང༌། །ཕྲ་མའི་ཚིག་སྤངས་པས་ཚེམས་བཞི་བཅུ་མངའ་བ་ཉིད་དང༌། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བལྟས་པས་སྤྱན་མཐོན་མཐིང་ཉིད་དང༌། ཁོང་ཁྲོ་བ་ལ་སོགས་པ་མེད་པར་བལྟས་པས། རྫི་མ་བའི་ལྟ་བུ་ཉིད་དོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པ། ཐུབ་པའི་སེན་མོ་ཟངས་མདོག་དང༌། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་པ་དང༌། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང༌། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང༌། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང༌། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །ངག་དང་གཞོན་ཤ་ཅན་ཉིད་དང༌། །སྐུ་ཞུམ་མེད་དང་རྒྱས་པ་དང༌། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང༌། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང༌། །གཟིགས་པ་སྒྲིབ་མེད་དག་པ་དང༌། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང༌། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང༌། །ཀུན་ནས་བལྟ་ན་སྡུག་པ་དང༌། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང༌། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཕྱག་རིས་མདངས་ཡོད་ཟབ་རིང་དང༌། །ཞལ་ནི་ཧ་ཅང་མི་རིང་དང༌། །མཆུ་ནི་བིམ་པ་ལྟར་དམར་དང༌། །ལྗགས་མཉེན་པ་དང་སྲབ་པ་དང༌། །དམར་དང་འབྲུག་གི་སྒྲ་ཉིད་དང༌། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང༌། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང༌། །
མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང༌། །སྨིན་ཚུགས་རིང་དང་འཇམ་པ་དང༌། །སྣུམ་དང་སྤུ་ནི་མཉམ་པ་དང༌། །ཕྱག་རིང་རྒྱས་དང་སྙན་མཉམ་དང༌། །ཉམས་པ་རྣམ་པར་སྤངས་པ་དང༌། །དཔྲལ་བ་ལེགས་པར་འབྱེས་པ་དང༌། །དབྱེས་ཆེ་བ་དང་དབུ་རྒྱས་དང༌། །དབུ་སྐྲ་བུང་བ་ལྟར་གནག་དང༌། །སྟུག་དང་འཇམ་དང་མ་འཛིངས་དང༌། །མི་བཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང༌། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་བྱ་བའོ། །འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཉིད་དང༌། སེམས་ཅན་ཐམས་ཅད་ལ་ཕན་པ་ལྷག་པར་བསམས་པ་ཉིད་ཀྱིས་སེན་མོ་མདོག་སྣུམ་པ་ཉིད་དང༌། རིགས་ཀྱི་མཆོག་ལས་སྐྱེས་པས་སེན་མོ་མཐོ་བ་ཉིད་དང༌། ཚུལ་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས་སོར་མོ་རྣམས་ཟླུམ་པ་ཉིད་དང༌། དགེ་བའི་རྩ་བ་བསགས་པ་ཉིད་ཀྱིས་སོར་མོ་རྣམས་རྒྱས་པ་ཉིད་དང༌། ཡང་དག་པར་མཐར་གྱིས་ཞུགས་པ་ཉིད་ཀྱིས་སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཉིད་དང༌། ལུས་ལ་སོགས་པའི་ལས་དང་འཚོ་བ་རབ་ཏུ་བསྲུངས་པ་ཉིད་ཀྱིས་རྩ་མི་མངོན་པ་ཉིད་དང༌། ཉོན་མོངས་པའི་མདུང་པ་འགྲོལ་བ་ཉིད་ཀྱིས་རྩ་མདུད་པ་མེད་པ་ཉིད་དང༌། ཤིན་ཏུ་སྦས་པའི་ཆོས་ཀྱི་བློ་གྲོས་ཅན་ཉིད་ཀྱིས་ལོང་བུ་མི་མངོན་པའི་ཉིད་དང༌། བགྲོད་པར་དཀའ་བའི་གནས་ཐམས་ཅད་ལས་སྐྱེ་བོ་སྒྲོལ་བར་མཛད་པ་ཉིད་ཀྱིས་ཞབས་མཉམ་པ་ཉིད་དང༌། མི་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་སེང་གེའི་སྟབས་སུ་གཤེགས་པ་ཉིད་དང༌། ཀླུ་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང༌། ནམ་མཁའ་ལ་གཤེགས་པར་མཁས་པ་ཉིད་ཀྱིས་ངང་པའི་སྟབས་སུ་གཤེགས་པ་ཉིད་དང༌། སྐྱེས་བུ་ཁྱུ་མཆོག་ཏུ་མཁས་པ་ཉིད་ཀྱིས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང༌། བསྐོར་ཕྱོགས་ཀྱི་ལམ་དང་མཐུན་པས་གཤེགས་པ་ཉིད་ཀྱིས་གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང༌།
མཛེས་པར་སྤྱོད་པ་མཁས་པ་ཉིད་ཀྱིས་མཛེས་པར་གཤེགས་པ་ཉིད་དང༌། རྟག་ཏུ་སེམས་གྱ་གྱུ་མི་མངའ་བ་ཉིད་ཀྱིས་མི་ཡོ་བར་གཤེགས་པ་ཉིད་དང༌། ཡོན་ཏན་རྣམ་པར་དག་པར་བརྗོད་པར་མཛད་པ་ཉིད་ཀྱིས་སྐུ་འཁྲིལ་བག་ཆགས་པ་ཉིད་དང༌། སྡིག་པའི་ཆོས་དང་མ་འབགས་པ་ཉིད་ཀྱིས་སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང༌། གདུལ་བྱ་དང་འཚམ་པར་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་སྐུ་རིམ་པར་འཚམ་པ་ཉིད་དང༌། སྐུ་ལ་སོགས་པའི་ཀུན་ཏུ་སྤྱོད་པ་ཀུན་ཏུ་གཙང་བའི་ཕྱིར་སྐུ་རྣམ་པར་དག་པ་ཉིད་དང༌། ཐུགས་ཤིན་ཏུ་ཐུགས་རྗེ་ཅན་ཉིད་ཀྱི་ཕྱིར་སྐུ་འཇམ་པ་ཉིད་དང༌། ཐུགས་རྣམ་པར་དག་པའི་ཕྱིར་སྐུ་རྣམ་པར་དག་པ་ཉིད་དང༌། ཆོས་འདུལ་བ་ཡོངས་སུ་རྫོགས་པའི་ཕྱིར་མཚན་རྫོགས་པ་ཉིད་དང༌། ཡངས་ཤིང་མཛེས་པའི་ཡོན་ཏན་བརྗོད་པའི་ཕྱིར་སྐུའི་ཁོ་ལག་ཡངས་ཤིང་བཟང་བ་ཉིད་དང༌། ཐམས་ཅད་ལ་ཐུགས་སྙོམས་པའི་ཕྱིར་གོམ་པ་སྙོམས་པ་ཉིད་དང༌། རྣམ་པར་དག་པའི་ཆོས་སྟོན་པའི་ཕྱིར་སྤྱན་རྣམ་པར་དག་པ་ཉིད་དང༌། ཆོས་གོ་སླ་བར་སྟོན་པའི་ཕྱིར་སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང༌། ཐུགས་རྟག་ཏུ་མ་ཞུམ་པའི་ཕྱིར་སྐུ་ཞུམ་པ་མེད་པ་ཉིད་དང༌། དགེ་བའི་རྩ་བ་ཡང་དག་པར་འཕགས་པའི་ཕྱིར་སྐུ་རྒྱས་པ་ཉིད་དང༌། ཡང་སྲིད་པ་ཟད་པ་ཉིད་ཀྱིས་སྐུ་ཤིན་ཏུ་གྲིམས་པ་ཉིད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཤིན་ཏུ་རྣམ་པར་ཕྱེ་བ་སྟེན་པར་མཛད་པ་ཉིད་ཀྱིས་ཡན་ལག་དང་ཉིང་ལག་རྣམ་པར་འབྱེས་པ་ཉིད་དང༌། ཚིག་གི་དོན་ཤིན་ཏུ་རྣམ་པར་དག་པ་སྟོན་པས་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང༌། སློབ་མ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ་ཉིད་ཀྱིས་དཀུ་ཟླུམ་པ་ཉིད་དང༌། འཁོར་བའི་སྐྱོན་གྱིས་མ་སྦགས་པ་ཉིད་ཀྱིས་དཀུ་སྐབས་ཕྱིན་པ་ཉིད་དང༌། ང་རྒྱལ་གྱི་འགྱིང་བག་བཅོམ་པ་ཉིད་ཀྱིས་དཀུ་མ་རྙོངས་པ་ཉིད་དང༌། ཆོས་ཟད་པ་རྣམ་པར་བཟློག་པ་ཉིད་ཀྱིས་ཕྱལ་ཕྱལ་ལེ་བ་ཉིད་དང༌། ཆོས་རབ་ཏུ་ཟབ་མོ་རྟོགས་པ་ཉིད་ཀྱིས་ལྟེ་བ་ཟབ་པ་ཉིད་དང༌། སློབ་མ་མཐུན་པར་འཛིན་པར་གྱུར་པ་ཉིད་ཀྱིས་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང༌། འཁོར་ཀུན་ནས་མཛེས་པར་གྱུར་པ་
ཉིད་ཀྱིས་ཀུན་ནས་མཛེས་པ་ཉིད་དང༌། ཐུགས་གཙང་བ་ཉིད་ཀྱིས་ཀུན་ཏུ་སྤྱོད་པ་གཙང་བ་ཉིད་དང༌། དུས་མ་ཡིན་པའི་ཆོས་འདུལ་བ་དང་བྲལ་བ་ཉིད་ཀྱིས་སྐུ་ལ་སྨེ་བ་དང་གནག་བག་མེད་པ་ཉིད་དང༌། ལུས་ལ་སོགས་པ་ཟོ་མདོག་བདེ་བ་ཐོབ་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང༌། མདངས་ཡོད་པའི་དགེ་སྦྱོང་ཆེན་པོ་བརྙེས་པ་ཉིད་ཀྱིས་ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དང༌། ཆོས་ཟབ་མོ་ལ་གནས་པ་ཉིད་ཀྱིས་ཕྱག་གི་རི་མོ་ཟབ་པ་ཉིད་དང༌། ཕྱི་རྗེས་སུ་ཡང་དག་པར་ཡོངས་སུ་དག་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཕྱག་གི་རི་མོ་རིང་བ་ཉིད་དང༌། བསླབ་པ་རབ་ཏུ་མང་པོ་ཀུན་ཏུ་སྟོན་པར་མཛད་པ་ཉིད་ཀྱིས་ཞལ་ཧ་ཅང་མི་རིང་བ་ཉིད་དང༌། འཇིག་རྟེན་ཐམས་ཅད་གཟུགས་བརྙན་དང་འདྲ་བར་རྟོགས་པ་ཉིད་ཀྱིས་མཆུ་བིམ་པ་ལྟར་དམར་བ་ཉིད་དང༌། ཚིག་འཇམ་པོས་འདུལ་བ་ཉིད་ཀྱིས་ལྗགས་མཉེན་པ་ཉིད་དང༌། ཡོན་ཏན་མཐའ་དག་མངའ་བ་ཉིད་ཀྱིས་ལྗགས་སྲབ་པ་ཉིད་དང༌། ཆོས་འདུལ་བ་བྱིས་པའི་སྐྱེ་བོ་ཆགས་པ་ཅན་གྱིས་གཏིང་དཔག་དཀའ་བ་ལ་སྤྱད་པ་ཉིད་ཀྱིས་ལྗགས་དམར་བ་ཉིད་དང༌། བསྙེངས་པ་ཐམས་ཅད་མི་མངའ་བ་ཉིད་ཀྱིས་འབྲུག་གི་སྒྲ་དང་ལྡན་པ་ཉིད་དང༌། སྙན་པ་ལ་སོགས་པར་གསུང་བ་ཉིད་ཀྱིས་གསུང་སྙན་ཅིང་མཉེན་ལ་འཇམ་པ་ཉིད་དང༌། སྲིད་པར་ཀུན་ཏུ་སྦྱོར་བ་བསྡམས་པ་ཉིད་ཀྱིས་མཆེ་བ་ཟླུམ་པ་ཉིད་དང༌། སྐྱེ་བོ་གདུལ་དཀའ་བ་འདུལ་བར་མཛད་པ་ཉིད་ཀྱིས་མཆེ་བ་རྣོ་བ་ཉིད་དང༌། ཆོས་འདུལ་བ་ཤིན་ཏུ་རྣམ་པར་དཀར་བ་ཉིད་ཀྱིས་མཆེ་བ་དཀར་བ་ཉིད་དང༌། མཉམ་པའི་ས་ལ་གནས་པ་ཉིད་ཀྱིས་མཆེ་བ་མཉམ་པ་ཉིད་དང༌། མཐར་གྱིས་མངོན་པར་རྟོགས་པ་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཉིད་ཀྱིས་མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང༌། ཤེས་རབ་མཆོག་ལ་གནས་པ་ཉིད་ཀྱིས་ཤངས་མཐོ་བ་ཉིད་དང༌། སྐྱེ་བོ་གཙང་མ་ཕུན་སུམ་ཚོགས་པ་ཉིད་ཀྱིས་ཤངས་གཙང་བ་ཉིད་དང༌། ཆོས་ཤིན་ཏུ་རྒྱ་ཆེ་བ་ཉིད་ཀྱིས་སྤྱན་ཡངས་པ་ཉིད་དང༌། སེམས་ཅན་གྱི་ཚོགས་ལེགས་པར་དྲངས་པ་ཉིད་ཀྱིས་རྫི་མ་སྟུག་པ་ཉིད་དང༌། འགྲོ་བ་གཞོན་ནུ་མ་ཐམས་ཅད་མངོན་པར་མགུ་བ་ཉིད་ཀྱིས་སྤྱན་དཀར་ནག་འབྱེས་ཤིང་
པདྨའི་འདབ་མ་རངས་པ་ལྟ་བུ་ཉིད་དང༌། རྟག་ཏུ་ཕྱི་རྗེས་སུ་གཟིགས་པ་ཉིད་ཀྱིས་སྨིན་ཚུགས་རིང་བ་ཉིད་དང༌། ཆོས་འདུལ་བ་འཇམ་པོ་ལ་མཁས་པ་ཉིད་ཀྱིས་སྨིན་མ་འཇམ་པ་ཉིད་དང༌། ཐུགས་ཀྱི་རྒྱུད་དགེ་བས་བརླན་པ་ཉིད་ཀྱིས་སྨིན་མ་སྣུམ་པ་ཉིད་དང༌། ཀུན་ཏུ་སྐྱོན་གཟིགས་པ་ཉིད་ཀྱིས་སྨིན་མའི་སྤུ་མཉམ་པ་ཉིད་དང༌། མཆོག་ཏུ་གནོད་པ་བཟློག་པར་མཛད་པ་ཉིད་ཀྱིས་ཕྱག་རིང་ཞིང་རྒྱས་པ་ཉིད་དང༌། འདོད་ཆགས་ལ་སོགས་པའི་གཡུལ་ལས་རྣམ་པར་རྒྱལ་བ་ཉིད་ཀྱིས་སྙན་མཉམ་པ་ཉིད་དང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་མ་ཉམས་པར་མཛད་པ་ཉིད་ཀྱིས་སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང༌། ལྟ་བས་བྱས་པ་ཐམས་ཅད་ཀྱིས་གཞན་དུ་མི་འགྱུར་བ་ཉིད་ཀྱིས་དཔྲལ་བ་ལེགས་པར་འབྱེས་པ་ཉིད་དང༌། སྨྲ་བ་ཐམས་ཅད་འཇོམས་པར་མཛད་པ་ཉིད་ཀྱིས་དཔྲལ་པའི་དབྱེས་ཆེ་བ་ཉིད་དང༌། སྨོན་ལམ་གྱི་མཆོག་ཡོངས་སུ་རྫོགས་པ་ཉིད་ཀྱིས་དབུ་ཤིན་ཏུ་རྒྱས་པ་ཉིད་དང༌། ཡུལ་གྱི་དགའ་བ་རྣམ་པར་ཟློག་པར་མཛད་པ་ཉིད་ཀྱིས་དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང༌། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་སྤངས་པ་ཉིད་ཀྱིས་དབུ་སྐྲ་སྟུག་པ་ཉིད་དང༌། བསྟན་པ་བློ་འཇམ་པོས་ཡོངས་སུ་ཤེས་པ་ཉིད་ཀྱིས་དབུ་སྐྲ་འཇམ་པ་ཉིད་དང༌། ཐུགས་འདོད་ཆགས་ལ་སོགས་པས་མ་དཀྲུགས་པ་ཉིད་ཀྱིས་དབུ་སྐྲ་མ་འཛིངས་པ་ཉིད་དང༌། རྟག་ཏུ་ཚིག་མི་རྩུབ་པ་ཉིད་ཀྱིས་དབུ་སྐྲ་མི་བཤོར་བ་ཉིད་དང༌། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་བཀྲམ་པ་ཉིད་ཀྱིས་དབུ་སྐྲ་དྲི་ཞིམ་པ་ཉིད་དང༌། རྣམ་པ་ཐམས་ཅད་དུ་མཛེས་པར་གྱུར་པ་ཉིད་ཀྱིས་ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པས་བརྒྱན་པ་ཉིད་ཡིན་ནོ། །དེའི་རྗེས་ལ་བྱིས་པའི་སྐྱེ་བོ་ལ་སོགས་པ་གདུལ་བར་བྱ་བ་མ་ལུས་པ་ཐམས་ཅད་ལ་ཇི་ལྟར་འཚམ་བའི་དོན་མཐའ་དག་སྒྲུབ་པར་མཛད་པས་སྤྲུལ་པའི་སྐུ་གསུངས་པ། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་བྱ་བའོ། །བཅོམ་ལྡན་འདས་ཤཱཀྱ་སེང་གེ་ལ་སོགས་པའི་གཟུགས་གང་
གིས་འཁོར་བ་ཇི་སྲིད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་འདོད་པའི་དོན་མཉམ་དུ་མཛད་པའི་སྐུ་གང་ཡིན་པ་དེ་ནི་རྒྱུན་ཆགས་པ་ཉིད་ཀྱིས་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རྒྱུན་མི་འཆད་པ་ཡིན་ནོ། །དེ་ལྟར་དོན་དམ་པ་དང་ཀུན་རྫོབ་ཀྱི་མཚན་ཉིད་ཅན་གྱི་སྐུ་གང་ཡིན་པ་ངོ་བོ་ཉིད་ཀྱི་སྐུ་དང༌། གཞན་རྣམ་པ་གསུམ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ་རྣམ་པར་གཞག་པས་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་རྣམ་པ་གསུམ་མོ། །ཆོས་ཉིད་དང་གཟུགས་ཀྱི་སྐུ་རྣམ་པར་ཕྱེ་བ་རྣམ་པ་གཉིས་ཉིད་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ནི་རྣམ་པ་ གསུམ་དུ་ཡང་དག་པར་བརྗོད་དོ། །དེའི་འོག་ཏུ་སྐུ་རྣམས་ཀྱི་དངོས་དང་བརྒྱུད ་པའི་མཚན་ཉིད་ཀྱི་བྱ་བ་འབྲས་བུ་ཕྲིན་ལས་མཛད་པ་གསུངས་པ། །དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་འགོད་པ་དང༌། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང༌། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་ཕ་རོལ་ཕྱིན་དྲུག་དང༌། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་དང་གཉིས་ཟད་དང༌། །བརྡ་དང་དམིགས་པ་མེད་པ་དང༌། །ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་ཟློག་པ་དང༌། །བྱང་ཆུབ་འཐོབ་དང་སངས་རྒྱས་ཞིང༌། །རྣམ་པར་དག་དང་ངེས་པ་དང༌། །སེམས་ཅན་དོན་ནི་ཚད་མེད་དང༌། །སངས་རྒྱས་རྟེན་སོགས་ཡོན་ཏན་དང༌། །བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང༌། །ཕྱིན་ཅི་ལོག་ནི་སྤངས་པ་དང༌། །དེ་གཞི་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །མྱ་ངན་འདས་ལ་འགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་བྱ་བའོ། །སྤྲུལ་པའི་སྐུ་ཇི་ལྟ་བ་བཞིན་དུ་གདུལ་བྱའི་སྐྱེ་བོ་སོ་སོའི་སྣང་བ་ལ་བརྟེན་པ་ལས་ཆོས་ཀྱི་སྐུའི་
བདག་ཉིད་ཀྱི་ཡེ་ཤེས་བདག་པོར་གྱུར་པ་འདི་ལས་བྱུང་བའི་ཕྲིན་ལས་ནི་འཁོར་བ་ཇི་སྲིད་པར་རྒྱུན་མི་འཆད་པར་འབྱུང་བར་བཞེད་དེ། འདི་ལྟར་དང་པོ་འཇིག་རྟེན་པའི་བསམ་པ་ཡོངས་སུ་དག་པ་འགྲོ་བ་བཟང་པོ་དང༌། ཅིག་ཤོས་ལ་མངོན་པར་ཞེན་པ་མེད་པར་གནས་པའི་མཚན་ཉིད་དང༌། འགྲོ་བ་རབ་ཏུ་ཞི་བའི་ཕྲིན་ལས་ལ་འགོད་དོ། །དེ་ནས་སྦྱོར་བ་ཡོངས་སུ་དག་པ་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་རྣམ་པ་བཞི་དང༌། ལྟ་བ་ཡོངས་སུ་དག་པ་ཐོས་པ་ལ་སོགས་པའི་ཤེས་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དོར་བ་དང་བླང་བར་བྱ་བའི་སྒོ་ནས་རྟོགས་པ་དང༌། དེ་ནས་ལམ་ཡང་དག་པ་དང་པོར་འཇུག་པའི་མཚན་ཉིད་ཀྱིས་ལམ་རྣམ་པར་དག་པ་རྗེས་སུ་ཆགས་པ་ལ་སོགས་པས་རྣམ་པར་དབེན་པ་ཉིད་ཀྱིས་གཞན་གྱི་དོན་བྱམས་པ་ལ་སོགས་པའི་མཚན་ཉིད་དང༌། རང་གི་དོན་གྱི་སྤྱོད་པ་རྣམ་པར་དག་པ་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གོམས་པ་དང༌། རང་དང་གཞན་གྱི་དོན་གྱི་སྦྱོར་བ་རྣམ་པར་དག་པ་སངས་རྒྱས་ཀྱི་ལམ་དང༌། ལྟ་བ་རྣམ་པར་དག་པ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་གོམས་པར་བྱ་བ་དང༌། དེའི་འོག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་དང་པོར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་མཚན་ཉིད་གཉིས་སུ་མེད་པའི་དོན་ཀུན་ཏུ་སྟོན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་གཉིས་པ་དང་གསུམ་པར་ཆོས་ཐམས་ཅད་བརྡར་བཏགས་པར་ཤེས་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་བཞི་པ་དང་ལྔ་པ་དང་དྲུག་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང༌། བདེན་པ་བཞི་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དག་པར་ཤེས་པས་ཆོས་ཐམས་ཅད་མཚན་མར་དམིགས་པ་མེད་པ་དང༌། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་བདུན་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་བརྒྱད་པར་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་བྱང་ཆུབ་སེམས་དཔའི་ལམ་དང༌། དེ་བཞིན་དུ་དེ་བཞིན་ཉིད་ལ་ཉོན་མོངས་པ་ཟད་པ་ལ་སོགས་པས་ཆོས་
ཐམས་ཅད་ལ་མངོན་པར་ཞེན་པ་སྤངས་པ་དང་རྟོག་པ་སྤངས་པ་ལ་སོགས་པས་ཉེ་བའི་བྱང་ཆུབ་ཐོབ་པ་དང་རྗེས་སུ་མཐུན་པའི་ཐབས་ལ་མཁས་པས་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱེད་པ་དང༌། དེའི་འོག་ཏུ་སྨིན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་དགུ་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕུང་པོར་ངེས་པ་དང༌། དེ་བཞིན་དུ་ཆོས་སྨྲ་བའི་སྐྱེས་བུར་གྱུར་པས་སེམས་ཅན་གྱི་དོན་ཚད་མེད་པ་བྱེད་པ་དང༌། དེའི་རྗེས་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་བཅུ་པར་མངོན་པར་ཤེས་པ་ལ་གནས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་དྲུང་དུ་སོང་ཞིང་བསྙེན་བཀུར་བ་ལ་སོགས་པའི་ཡོན་ཏན་དང༌། དེ་བཞིན་དུ་ཁྱད་པར་གྱི་ལམ་གྱི་ངོ་བོ་དགེ་བའི་ཆོས་བྱང་ཆུབ་མཐའ་དག་འདྲེན་པར་བྱེད་པའི་མཚན་ཡིད་བྱང་ཆུབ་ཀྱི་ཡན་ལག་དང༌། ཐ་སྙད་ཉེ་བར་བཟུང་སྟེ་ལས་དང་འབྲས་བུར་འབྲེལ་པ་ཆུང་མི་ཟ་བ་དང༌། ཡང་དག་པ་ཇི་ལྟ་བ་བཞིན་གྱི་ངོ་བོས་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམ་པ་བཞི་ཡང་དག་པར་རྟོགས་པ་དང༌། གཟུགས་ལ་སོགས་པའི་ཕུང་པོ་མཚན་ཉིད་མེད་པ་ཉིད་ཀྱིས་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་ཐམས་ཅད་རབ་ཏུ་སྤངས་པ་དང༌། ཚུལ་དེ་ཉིད་ཀྱིས་ཕྱིན་ཅི་ལོག་ཐམས་ཅད་ཉེ་བར་འཇུག་པའི་གཞིའི་དངོས་པོ་འགའ་ཡང་མེད་པ་དང༌། རང་བཞིན་གྱིས་དག་པའི་མཚན་ཉིད་ཀྱིས་རྣམ་པར་བྱང་བ་དང༌། དྲི་མ་ཐམས་ཅད་དང་བྲལ་པའི་རྒྱུས་དེ་བཞིན་གཤེགས་པའི་ཚོགས་ཡོངས་སུ་རྫོགས་པར་དང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀོ་ནས་འདུས་བྱས་དང་འདུས་མ་བྱས་མཐའ་དག་ཐ་དད་པ་མེད་པར་ཡོངས་སུ་ཤེས་པ་དང༌། དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུས་ཆོས་ཐམས་ཅད་ཡང་དག་པར་རྫོགས་པའི་མྱ་ངན་ལས་འདས་པ་ཆེན་པོ་ལ་འགོད་པར་བྱེད་པ་སྟེ། ཟག་པ་མེད་པའི་ཆོས་ཀྱི་སྐུའི་མཐུ་ལས་བྱུང་བ་གདུལ་བྱ་ཡོངས་སུ་འཛིན་པར་བྱེད་པའི་ཕྲིན་ལས་ནི་རྣམ་པ་ཉི་ཤུ་རྩ་བདུན་པོ་འདི་དག་ཡིན་པར་བཞེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་བརྒྱད་པའི་འགྲེལ་པའོ།། །།