བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ་བྱང་ཆུབ་སེམས་དཔའི་བསླབ་པའི་རིམ་པ་ཞེས་བྱ་བ།
ཛེ་ཏཱ་རཱི་དགྲ་ལས་རྣམ་པར་རྒྱལ་བ།
རྒྱ་གར་སྐད་དུ། བོ་དྷི་སྱཱ་པཏྟི་དེ་ཤ་བྲྀཏྟ་བོ་དྷི་སཏྭ་ཤིཀྵཱ་ཀྲ་མ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ་བྱང་ཆུབ་སེམས་དཔའི་བསླབ་པའི་རིམ་པ་ཞེས་བྱ་བ། འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །གང་གིས་ཐམས་ཅད་གཟིགས་གྱུར་པའི། །ཀུན་མཁྱེན་ཉིད་ལ་ཕྱག་འཚལ་ནས། །བྱང་ཆུབ་སེམས་དཔའི་བསླབ་པ་ནི། །བདག་གིས་དད་པས་བྲི་བར་བྱ། །དེ་ལ་གང་དག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ངེས་པར་ལེགས་པ་ཐོབ་པར་འདོད་པ་རྣམས་ལ། ཉེས་པ་ལས་ལྡོག་པའི་ཐབས་ཤེས་པར་བྱ་བའི་ཕྱིར་འདི་གསུངས་ལ། ཉེས་པ་དེ་ཡང་ཕམ་པའི་རིགས་སུ་གཏོགས་པ་དང༌། ཉེས་བྱས་ཀྱི་རིགས་སུ་གཏོགས་པའོ། །ཕམ་པའི་རིགས་སུ་གཏོགས་པ་ཡང་ཉན་ཐོས་དང་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་བྱེ་བྲག་གིས་གཉིས་སོ། །དེ་རྣམས་ལས་ལྡོག་པ་ནི་སེམས་བསྐྱེད་ནས་སྡོམ་པ་གསུམ་ལེན་པའོ། །ཉེས་པ་ལས་ལྡོག་པ་ནི་གང་ཟག་གསུམ་ལ་བཤགས་པ་དང༌། གང་ཟག་གཅིག་ལ་བཤགས་པ་དང༌། སངས་རྒྱས་སུམ་ཅུ་རྩ་ལྔ་ལ་བཤགས་པ་འདི་ཡིན་ཏེ། ཐོག་མར་རེ་ཞིག་རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་དང༌། དེ་ནས་ཕྱག་འཚལ་
བསྡིག་པ་བཤགས་པའོ། །དེ་ནས་ཕྱིས་སྡོམ་པ་མི་ཉམས་པར་བྱ་བར་དམ་བཅའ་བའོ། །དེ་ནས་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ལ། དེ་ལ་ཕྱིས་གནས་པར་བྱ་བའི་ཕྱིར་སྡིག་པ་བཤགས་པ་དང༌། བསྐུལ་ཞིང་གསོལ་བ་དང༌། དགེ་བའི་རྩ་བ་བསྔོ་བ་དང༌། སྐྱབས་སུ་འགྲོ་བའོ། །དེ་ནི་བསྡུས་པའི་དོན་ནོ། །ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བ་ཞེས་བྱ་བ་ནི་ལྷ་སྦྱིན་ནམ། མཆོད་སྦྱིན་ལ་སོགས་པ་ཆེ་གེ་མོའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ། །སྤངས་པ་དང་ཡེ་ཤེས་དང་ལྡན་པས་ན་སངས་རྒྱས་སོ། །དེ་ནི་སྐུ་གསུམ་སྟེ། ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའོ། །ལ་ནི་ཡུལ་གྱི་ལ་སྟེ། གནས་བཞིའི་བདུན་པའོ། །སྐྱབས་སུ་མཆི་བ་ནི་ཉོན་མོངས་པ་ལ་སོགས་པའི་འཚེ་བ་ལས་སྐྱོབ་པའོ། །ཆོས་ནི་ལུང་གི་ཆོས་དང༌། རྟོགས་པའི་ཆོས་སོ། །དགེ་འདུན་ནི་ཉན་ཐོས་དང༌། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །ཉན་ཐོས་ལ་ཡང་ཞུགས་པ་བཞི་དང༌། འབྲས་བུ་ལ་གནས་པ་བཞིའོ། །རང་སངས་རྒྱས་ལ་ཡང་གཅིག་པུར་གནས་པ་དང༌། ཚོགས་དང་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་ལ་ཡང་ངེས་པ་དང་མ་ངེས་པའོ། །ལྷག་མ་ནི་བཤད་ཟིན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་བདུད་ཀྱི་དཔུང་དང་བཅས་པ་ཐམས་ཅད་ཀྱི་ཡུལ་ཆེན་པོ་འཇོམས་པའི་ཕྱིར་བཅོམ་ལྡན་འདས་ཉིད་དོ། །དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པར་གསུང་བའོ། །དགྲ་བཅོམ་པ་ནི་ཐོབ་པར་བྱ་བའི་དོན་ཐམས་ཅད་བརྙེས་པ་དང༌། བསོད་ནམས་ཀྱི་ཞིང་བླ་ན་མེད་པ་དང༌། མཆོད་པར་འོས་པའོ། །ཆོས་རྣམས་ཇི་ལྟ་བ་བཞིན་དུ་དོན་དམ་པར་ཐུགས་སུ་ཆུད་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཤཱཀྱ་ཐུབ་པ་ནི་ཉོན་མོངས་པ་ཐམས་ཅད་སྤངས་པའི་མཐར་ཕྱིན་པ་དང༌། ཚིག་བཙན་པ་དང༌། རིགས་ཕུན་སུམ་ཚོགས་པ་དང༌། དབང་ཕྱུག་ཕུན་སུམ་ཚོགས་པའོ། །རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་
པ་ཞེས་བྱ་བ་ནི་སྤྲོས་པ་དང་བྲལ་བས་དངོས་པོར་འཛིན་པ་འཇོམས་པས་རྡོ་རྗེ་ཕ་ལམ་དང་འདྲ་བ་དེ་ཉིད་ཐམས་ཅད་ཀྱི་སྙིང་པོ་ཡང་ཡིན་ལ་རབ་ཏུ་འཇོམས་པ་ཡང་ཡིན་ནོ། །ཡང་ན་རྡོ་རྗེ་ནི་རིན་པོ་ཆེའོ། །སྙིང་པོ་ནི་དཀྱིལ་ལོ། །རབ་ཏུ་འཇོམས་པ་ནི་མཐུའོ། །རིན་ཆེན་འོད་འཕྲོ་ནི་ནོར་བུ་རིན་པོ་ཆེ་དང་མཚུངས་པས་དེ་སྐད་ཅེས་བྱ་སྟེ། ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་ནི་ཡང་བ་དང༌། འོད་གསལ་བ་དང༌། འཚེ་བ་ཐམས་ཅད་ཟློག་པ་དང༌། ཡོན་ཏན་འབྱུང་བ་དང༌། ཉམས་དགའ་བ་ལ་སོགས་པའི་ཆོས་དང་ལྡན་པ་དེ་བཞིན་དུ་ཡང་དག་པའི་རིན་པོ་ཆེ་ཡང་ཡོན་ཏན་ཐམས་ཅད་ཀྱི་འོད་འཕྲོ་བས་ཕན་འདོགས་པའོ། །ཀླུ་དབང་གི་རྒྱལ་པོ་ཞེས་བྱ་བ་ནི་ཀླུའི་དབང་པོའི་རྒྱལ་པོའི་རྫུ་འཕྲུལ་དང་ལྡན་པ་སྟེ། དེ་ཡང་ལོ་ཏོག་ཐམས་ཅད་ལ་ཆར་འབེབས་པའོ། །དེའི་དབང་པོ་ནི་བདག་པའོ། །དེ་རྣམས་ཀྱི་རྒྱལ་པོ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དཔའ་བོའི་སྡེ་ནི་དཔའ་བོའི་རིགས་ཏེ། མི་མཐུན་པའི་ཕྱོགས་འཇོམས་པའོ། །དེ་ལ་དགྱེས་པས་ན་དཔལ་དགྱེས་སོ། །རིན་ཆེན་མེ་ནི་དགོན་པ་དང༌། །རིན་ཆེ་བ་དང༌། དགོས་འདོད་འབྱུང་བ་དང༌། ཉོན་མོངས་པའི་བུད་ཤིང་སྲེག་པའོ། །རིན་ཆེན་ཟླ་འོད་ནི་ཟླ་བ་བཞིན་བསིལ་བ་སྟེ། མ་རིག་པའི་མུན་ནག་དང་བྲལ་བའོ། །རྣམ་པར་རྟོག་པའི་ཚ་བས་མ་གདུངས་པའོ། །མཐོང་བ་དོན་ཡོད་ཅེས་བྱ་བ་ནི་གདུལ་བྱ་ཐམས་ཅད་མངོན་དུ་གཟིགས་པ་སྟེ། སྣོད་དང་འཚམ་པར་དོན་མཛད་ནས་འདྲེན་པའི་ཕྱིར་རོ། །རིན་ཆེན་ཟླ་བ་ནི་ཀུན་དུ་བཟང་པོ་བྱང་ཆུབ་ཀྱི་སེམས་སོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཉོན་མོངས་པའི་དྲི་མ་དང་ཤེས་བྱའི་དྲི་མ་ཐམས་ཅད་མཐོང་བ་དང་བསྒོམས་པས་སྤངས་པས་དྲི་མ་མེད་པའོ། །ཟད་པ་ཤེས་པའི་དོན་ཏོ། །དེ་ཉིད་དཔལ་དུ་གྱུར་པ་སྟེ། ཕན་པ་བསྒྲུབ་པའི་མཆོག་གོ །སེམས་ཅན་ཐམས་ཅད་ཀྱི་ཕན་པ་སྒྲུབ་པས་དཔས་བྱིན་ནོ། །ཚངས་པ་ནི་གཟུགས་ཀྱི་ཁམས་བསམ་གཏན་དང་པོའི་ལྷའོ། །དེའི་ཆ་ལུགས་ཅན་ནམ། ཚངས་པ་ནི་ཉོན་མོངས་པའི་ལས་ཟད་པའི་མྱ་ངན་ལས་འདས་པའོ། །དེ་ལྟ་བུ་དེ་གཞན་ལ་བྱིན་ཞེས་དང་པོ་སྦྱར་བ་འམ་དེ་ལྟ་བུས་བྱིན་ཞེས་གསུམ་པར་སྦྱར་བས་ཚངས་པས་བྱིན་ནོ། །ཆུ་ལྷ་ནི་སེམས་ཅན་གྱི་རྒྱུད་ལ་ང་རྒྱལ་གྱིས་ཁེངས་ཤིང་ཞེ་སྡང་
གི་མེས་གདུངས་ལ། མ་རིག་པས་མཁྲིགས་ཤིང་ཉོན་མོངས་པ་སྲ་བར་གྱུར་པ་རྣམས་བརླན་པ་དང་ཞི་བར་བྱེད་པའོ། །སོ་སོའི་སྐྱེ་བོའི་དུས་ན་གདུགས་མཁན་ཡིན་པ་དེས་སངས་རྒྱས་རིན་ཆེན་མཆོད་འོས་ལ་བསིལ་ཡབ་ཅིག་ཕུལ་ནས། ཆུ་ལྷའི་ལྷ་ནི་ཕྱོགས་སྐྱོང་བ་ཀླུའི་རིགས་སུ་གཏོགས་པ་ ཆུ་ལྷ་སྟེ་དེ་ཞི་བར་བྱེད་པའོ། །དཔལ་བཟང ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། འཇིག་རྟེན་པའི་ཉོན་མོངས་པ་ལས་བསྒོམ་པས་ཁྱད་པར་དུ་གྱུར་བའོ། །ཙནྡན་དཔལ་ཏེ། འབྲུ་མང་པོ་པའི་བསྡུ་བའོ། །དཔེར་ན་ཙནྡན་གྱི་དྲི་ཁྱད་པར་ཅན་ལྷན་ཅིག་སྐྱེས་པ་ཡོད་པས་སྣའི་དབང་པོ་ལ་ཕན་འདོགས་པ་ལྟ་བུར་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་རྟོག་པ་མེད་པར་རྒྱུན་དུ་འབྱུང་བས་དེ་ཉིད་དཔལ་ལོ། །གཟི་བརྗིད་ནི་འོད་ཟེར་ཏེ། འོད་ཟེར་གྱིས་འཇིག་རྟེན་པ་ཐམས་ཅད་ལ་སྣང་བར་མཛད་པས་དེ་སྐད་ཅེས་བྱའོ། །འོད་དཔལ་ནི་འོད་ཀྱིས་གསལ་བ་སྟེ། ཐུགས་ཡང་དག་པའི་ཡེ་ཤེས་བསྙིལ་བ་མི་མངའ་བ་ཐམས་ཅད་ལ་ཐོགས་པ་མེད་ཅིང་ཆགས་པ་མེད་པར་མཁྱེན་པའི་དཔལ་ལོ། །མྱ་ངན་མེད་པའི་དཔལ་ནི་སྤངས་པ་དང་ཡེ་ཤེས་དང་ལྡན་པ་སྟེ། ཉོན་མོངས་པའི་སྒྲིབ་པ་སྤངས་པས་གདུང་བ་མེད་པ། ཤེས་བྱའི་སྒྲིབ་པ་སྤངས་པས་རྟོག་པ་མེད་པའི་ཡེ་ཤེས་བཞིའི་དཔལ་ལོ། །སྲེད་མེད་ཀྱི་བུ་ནི་མཐུ་དང་ལྡན་པས་གཞན་འཇོམས་པ་ལ་གྲགས་པའི་མིང་ཅན་ནོ། །མེ་ཏོག་དཔལ་ནི་མཛེས་ཤིང་ཉམས་དགའ་བར་བྱེད་པའོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ནི་ཚངས་ཤིང་དག་པ་སྟེ། སྒྲིབ་པ་ཐམས་ཅད་ཟད་ཅིང་རྟོག་པའི་དྲི་མ་དང་བྲལ་བའོ། །འོད་ཟེར་ནི་ཕན་པ་དང་བདེ་བ་དང་གྲོལ་བའི་སྒོ་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། ཀུན་བརྗོད་པའི་ཆོ་འཕྲུལ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱི་སྒོ་ནས་རྣམ་པར་རོལ་ཅིང་ཤེས་བྱ་ཐམས་ཅད་དུས་གཅིག་ཏུ་མངོན་སུམ་དུ་མཁྱེན་པའོ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་ནི་པདྨ་ལྟར་ཉེས་པས་མ་གོས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ནོར་དཔལ་ནི་ནོར་བདུན་གྱི་དཔལ་རྟོགས་པ་སྟེ། དད་པ་དང་འཕགས་པའི་ཚུལ་ཁྲིམས་དང༌། ཐོས་པ་དང༌། གཏོང་བ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌།
ཤེས་རབ་ཀྱི་ངོ་བོ་ཉིད་དོ། །དྲན་པའི་དཔལ་ནི་དྲན་པ་ཉེ་བར་གཞག་པ་ལུས་དང༌། སེམས་དང༌། ཚོར་བ་དང༌། ཆོས་བཞིའི་དཔལ་ཏེ། ཚིག་བར་མི་མངོན་པར་བྱས་པའོ། །མཚན་དཔལ་ཤིན་ཏུ་ཡོངས་གྲགས་ནི་མཚན་སུམ་ཅུ་རྩ་གཉིས་མངའ་བས་ཤིན་ཏུ་དག་བར་འཇིག་རྟེན་གྱི་ཁམས་སུ་ཡོངས་སུ་གྲགས་པའོ། །དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ནི། དབང་པོ་ལྔ་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོའོ། །ཏོག་ནི་མངོན་པར་ཤེས་པ་སྟེ། རྫུ་འཕྲུལ་དང༌། ལྷའི་རྣ་བ་དང༌། སེམས་ཀྱི་རྣམ་གྲངས་དང༌། སྔོན་གྱི་གནས་རྗེས་སུ་ཤེས་པ་དང། འཆི་འཕོ་དང་སྐྱེ་བ་ཤེས་པ་དང༌། ཟག་པ་ཟད་པ་ཤེས་པའོ། །དབང་པོ་དང་མངོན་ཤེས་ཀྱི་རྒྱལ་མཚན་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའོ། །ཤིན་ཏུ་རྣམ་པར་གནོན་པའི་དཔལ་ནི་ཁྱད་པར་དུ་གནོན་པ་ནི་ཤིན་ཏུ་རྣམ་པར་གནོད་པ་སྟེ་རྩ་བ་ནས་འབྱིན་པའོ། །རྣམ་པར་ནི་རྣམ་པར་རྟོག་པ་སྟེ། ཉོན་མོངས་པའི་རྣམ་པར་རྟོག་པ་རྩ་བ་ནས་འབྱིན་པའོ། །གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ནི་དགྲ་བོའི་ཚོགས་ཏེ་བདུད་བཞི་ལས་རྒྱལ་བའོ། །རྣམ་པ་ནི་བྱེ་བྲག་སྟེ་ཐམས་ཅད་ལས་རྒྱལ་བའོ། །རྣམ་པར་གནོན་པས་གཤེགས་པའི་དཔལ་ནི་གནོད་པ་བཅོམ་པའི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱ་ཇི་ལྟ་བ་བཞིན་དུ་དོན་མཛད་པའོ། །ཀུན་ནས་སྣང་བ་བཀོད་པའི་དཔལ་ནི། མཛེས་པར་གཤེགས་པ་སྟེ་ན་ཆུང་བརྒྱན་པ་བཞིན་ནོ། །རིན་ཆེན་པདྨས་རྣམ་པར་གནོན་པ་ནི་དགོས་འདོད་སྐོང་ཡང་འཁོར་བའི་སྐྱོན་གྱིས་མ་གོས་པས་ཟིལ་གྱིས་གནོན་པའོ། །དགོས་འདོད་སྐོང་བ་ཆགས་པའི་ཉེས་པས་མ་གོས་པ་ལ་བཞུགས་པ་ནི་འཇིགས་པ་དང་བྲལ་བའི་རིའི་རྒྱལ་པོ་རི་རབ་ལྟར་གནོན་པའོ། །སྡིག་པ་བཤགས་པ་ནི། ཉེས་པའི་དྲི་མ་འཁྲུ་བ་སྟེ། ཕྱག་འཚལ་བ་དེ་དག་ལ་སོགས་པ་སྟེ། འཚོ་ཞིང་གཞེས་པ་ཉིད་ཕྱོགས་བཅུ་གཞན་ན་བཞུགས་པ་ཐམས་ཅད་དོ། །དེ་ཉིད་ཇི་སྙེད་བཞུགས་པའོ། །གཞན་དག་ནི་གོ་སླའོ། །དགོངས་སུ་གསོལ་བ་ནི། ཐུགས་གཏད་དུ་ཞེས་པའོ། །བདག་ད་ལྟར་སྐྱེ་བ་བླངས་ལམ་ཟད་པ་དང༌། འཁོར་བ་ཐོག་མ་མེད་པ་ནས་སྐྱེ་བ་བླངས་པ་མང་བ་དང༌། དྲོད་གཤེར་དང༌། རྫུས་པ་དང༌། སྒོ་ང་ལས་སྐྱེས་པ་ཐམས་ཅད་ནི་འདི་ལས་གཞན་ནོ། །
སྡིག་པ་ནི་མི་དགེ་བ་ཡིན་པས་སྡིག་པའི་ལས་ཞེས་པ་སྟེ། ལུས་ངག་ཡིད་གསུམ་གྱིས་བྱས་པའོ། །རང་གིས་བྱས་པ་དང༌། གཞན་དག་ལ་བཅོལ་བ་དང༌། གཞན་བྱེད་པ་ལ་དགའ་བར་བྱས་པ་ཕྱིར་བཤགས་པའོ། །མཆོད་རྟེན་ནི་སྐུ་གཟུགས་དང༌། གསུང་རབ་དང༌། རིང་བསྲེལ་དང༌། ལྷ་ཁང་ལ་སོགས་པའོ། །དགེ་འདུན་ནི་སྡེ་པའོ། །ཕྱོགས་བཅུའི་དགེ་འདུན་ནི་གཞན་འདྲོན་པོའོ། །དེ་རྣམས་ཀྱི་དཀོར་ཕྲོགས་ན་དམྱལ་བར་འགྲོ་སྟེ། དེ་ཡང་མཆོད་རྟེན་དང་གཙུག་ལག་ཁང་བཤིག་པ་དང༌། དཀོན་མཆོག་གསུམ་གྱི་དཀོར་སྦས་ནས་བདག་ཉིད་ཀྱི་ཕྱིར་ཡོངས་སུ་སྤྱོད་པ་གང་ཡིན་པ་དེ་ནི་ཚེ་འཕོས་ནས་དམྱལ་བ་ཆེན་པོ་མནར་མེད་པར་ལྟུང་ངོ་ཞེས་གསུངས་པ་དང༌། དགེ་འདུན་གྱི་དཀོར་བརྐུས་པས་རང་འཐག་འདྲེན་པའི་གླང་དང་བོང་བུར་སྐྱེ་བར་འགྱུར་རོ། །དགེ་འདུན་གྱི་དཀོར་ལ་ནན་གྱིས་སློང་ཞིང་གསང་སྐྱོན་བྱེད་ན་ཕུག་རོན་དུ་སྐྱེ་བར་འགྱུར་རོ། །དགེ་འདུན་གྱི་ཚོད་ལུམ་ཟོས་ན་ཚོད་མ་ནང་གི་སྲིན་བུར་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །དེ་ཡང་རང་གིས་བྱས་པ་དང༌། གཞན་ལ་བཅོལ་བ་དང༌། གཞན་བྱེད་པ་ལ་ཡི་རང་བ་བཤགས་སོ། །མཚམས་མེད་པ་ལྔ་ནི་ཕ་མ་དང་དགྲ་བཅོམ་པ་གསོད་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་བཏོན་པ་དང༌། དགེ་འདུན་མཐུན་པའི་ནང་དུ་དབྱེན་བྱེད་པའོ། །དེ་རྣམས་བྱས་ན་བར་མཚམས་མེད་པར་དམྱལ་བར་འགྲོའོ། །མི་དགེ་བ་བཅུ་ནི་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། ཚིག་ཕྲ་མ་དང༌། ཚིག་རྩུབ་པོ་དང༌། ངག་འཁྱལ་བ་དང༌། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བའོ། །དེ་རྣམས་སེམས་མཚམས་མེད་པར་སྤྱད་ན་དམྱལ་བར་འགྲོའོ། །དུད་འགྲོར་འགྲོའོ། །ཐ་མ་ཡི་དགས་སུ་སྐྱེའོ། །ལས་ཚབས་ཆུང་ལ་དགེ་བ་གཞན་གྱི་དབང་གིས་མིར་སྐྱེས་ན་ཡང༌། སྲོག་བཅད་པས་ཚེ་ཐུང་བ་དང༌། ནད་མང་བའོ། །མ་བྱིན་པར་བླངས་པས་ནི་དབུལ་ཞིང་ཕོངས་པ་དང་ནོར་གཞན་གྱིས་རང་དབང་མེད་པར་སྤྱོད་པའོ། །མི་ཚངས་པར་སྤྱད་པས་ནི་མངལ་གྱི་གནས་མིན་པ་མི་ལེན་པ་དང༌། ལུས་མི་ཚངས་པའོ། །འདོད་པ་ལོག་པར་གཡེམ་པ་ནི་ཆུང་མ་ལ་གཞན་སྤྱོད་པ་དང༌། ཆུང་མ་དང་འཐབ་ཅིང་བསམས་བཞིན་དུ་མི་བཏུབ་པའོ། །བརྫུན་དུ་སྨྲ་བས་ནི་སྐུར་པ་མང་བ་དང༌།
གཞན་གྱིས་བསླུས་པར་འགྱུར་རོ། །ཕྲ་མས་ནི་འཁོར་མི་ཚང་བ་དང༌། མཛའ་བ་དང་འབྱེད་པའོ། །ཚིག་རྩུབ་པོས་ནི་སྒྲ་མི་སྙན་པ་ཐོས་པ་དང༌། ཅི་སྨྲས་པ་རྩོད་པར་འགྱུར་བའོ། །ཚིག་འཁྱལ་པས་ནི་གཞན་ཡིད་མི་ཆེས་པ་དང༌། གཞན་གྱིས་མི་གོ་བའོ། །བརྣབ་སེམས་ཀྱིས་ནི་བརྐམ་ཞིང་ཆོག་མི་ཤེས་པ་དང༌། བཙལ་བས་མི་རྙེད་པའོ། །གནོད་སེམས་ཀྱིས་ནི་གཞན་གླགས་ཚོལ་བ་དང༌། གཞན་ལ་གནོད་པ་བྱེད་པའོ། །ལོག་པར་ལྟ་བས་ནི་གཡོ་སྒྱུ་དང་བཅས་པ་དང༌། ལོག་པར་ཞུགས་པའི་རིགས་སུ་སྐྱེའོ། །དེ་དག་ཉིད་ལས་ཀྱི་ལམ་སྟེ་གཞི་མཐུན་པའི་དྲུག་པའོ། །ཡང་དག་པར་བླང་བ་ནི་དེ་དག་ལ་དགའ་ཞིང་དེའི་གཉེན་པོ་ལ་མི་འབད་པའོ། །དེ་ལས་གཞན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དང༌། ལོག་པ་རྣམ་པ་བརྒྱད་དང༌། མནར་སེམས་དགུ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པ་རྣམས་ལས་མང་ཞིང་བཤད་པ་དག་ཀྱང་འདིར་གསུངས་པ་ཉིད་དོ། །དེ་ལས་འབྲས་བུ་མི་ཁོམ་པ་བརྒྱད་འབྱུང་བས། ལས་ཀྱི་སྒྲིབ་པ་གང་གིས་དང་པོ་དང་གཉིས་ཀའོ། །སྔར་བཤད་པའི་གང་ཡང་རུང་བའི་དགེ་སློང་མ་སུན་བཏོན་པའམ། ཆོས་ལ་སྐུར་པའམ། མཁན་པོ་ལ་སོགས་པ་ལ་ལུས་ངག་གིས་ཆད་པའི་ལས་བྱས་པ་ཡང་དངོས་སོ། །ཉོན་མོངས་པ་དྲག་པོས་དམྱལ་བ། འབྲིང་གིས་དུད་འགྲོ། །ཐ་མས་ཡི་དགས་བརྒྱུད་པ་དང་ཆ་ཕྲ་བས་ཡུལ་མཐའ་འཁོབ་ལ་སོགས་པའོ། །དེ་ཡང་མཆོད་རྟེན་བཤིག་པ་དང༌། གཙུག་ལག་ཁང་བཤིག་པ་དང༌། དཀོན་མཆོག་གསུམ་གྱི་ནོར་སྦས་ནས་བདག་ཉིད་ཀྱི་ཕྱིར་ཡོངས་སུ་སྤྱོད་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་དམྱལ་བ་མནར་མེད་པར་ལྟུང་བར་འགྱུར་རོ། །གལ་ཏེ་དེ་ལས་ཐར་པར་གྱུར་ཡང༌། ཡང་དུད་འགྲོའི་སྐྱེ་གནས་ཀྱི་ལུས་འདི་ལྟ་སྟེ། ཕུག་རོན་དང༌། མཆིལ་བ་དང༌། དུར་པ་དང༌། ནེ་ཚོ་དང༌། བྱེའུ་སྔོན་པོ་དང༌། ཉ་དང༌། རུས་སྦལ་དང༌། སྤྲེའུ་དང༌། རི་དགས་ཀྱི་ལུས་ལེན་པར་འགྱུར་རོ། །བརྒྱ་ལ་མིའི་ལུས་ཐོབ་པར་གྱུར་ན་ཡང༌། མ་ནིང་དང་བུད་མེད་དང༌། མཚན་གཉིས་པ་དང༌། དབང་པོ་མེད་པ་དང༌། སྨད་འཚོང་མ་དག་ཏུ་འགྱུར་རོ་ཞེས་གསུངས་པ་དང༌། ཡང་གསུངས་པ། ཚེ་འདི་ལ་མཆོད་རྟེན་དྲན་ནས་ནུབ་མོ་ཟས་ཟོས་པ་གང་ཡིན་པ་དེ་ནི། ཡི་དགས་ལྟོགས་པ་བཀྲེས་པ་དག་ཏུ་སྐྱེས་ཏེ་ལོ་བརྒྱ་སྟོང་མང་པོར་བཟའ་
བ་དང། ལྟུང་བ་ཐོབ་པར་མི་འགྱུར་རོ། །འགྲོ་བའི་ཚེ་ལྷུ་ཚིགས་ཀུན་དུ་མེ་འབར་བར་འགྱུར་རོ་ཞེས་གསུངས་པ་དང༌། ཡང་ལྐུགས་པ་ནི་ཆོས་ལ་སྐུར་བ་བཏབ་པ་ལས་འབྱུང་བ་ཡིན་ནོ། །འོན་པ་ནི་ཆོས་ཐོས་པ་ལ་མི་དགའ་བས་ཡིན་ནོ། །དབང་པོ་མ་ཚང་བ་ནི་ཚུལ་ཁྲིམས་འཆལ་པ་ལས་འགྱུར་རོ། །ལྕེ་དིག་པ་ནི་དབེན་པར་བླ་མ་ལ་མི་སྙན་པ་བརྗོད་པའོ། །མདའ་གཞུ་དང་གཞོན་ཆོས་ལ་དགའ་བ་ནི་ཀླ་ཀློ་ཅན་དུ་སྐྱེའོ། །རྐང་ལག་ཞ་བ་ནི་མཁན་པོ་དང་བླ་མ་མཐོང་ཡང་མི་ལྡང་བའོ། །གཉའ་བ་ཐུང་བ་ནི་བླ་མ་མཐོང་ན་མགོ་གཡོགས་ཏེ་བྲོས་པའོ་ཞེས་གསུངས་པའོ། །བྱམས་མའི་བུ་གང་པོ་འཇིག་རྟེན་པ་ནི་སྒྲའི་དོན་ལ་མངོན་པར་ཞེན་པས་ཕལ་ཆེར་ངན་སོང་དུ་སྐྱེ་སྟེ། དེ་དག་ཐམས་ཅད་ཀྱང་ཕལ་ཆེར་བདེ་བར་གཤེགས་པའི་གསུང་རབ་ལས་འབྱུང་བའི་དོན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སེམས་ཅན་གྱི་དོན་བྱ་བ་དང༌། བསྡུ་བའི་དངོས་པོ་བཞིས་བསྡུ་བར་བྱ་བ་དང༌། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་སྤངས་པ་དང༌། ས་དང་ལམ་རྣམས་སྤང་ཞིང་བྱང་ཆུབ་ཀྱི་སྤྱོད་པ་སྤངས་ནས། ལོག་པའི་དོན་ལ་མངོན་པར་ཞེན་པ་ཡོད་དེ་དེའི་རྒྱུས་ངན་སོང་དུ་སྐྱེའོ། །བཀའ་ལས་འབྱུང་བའི་ཆོས་རྣམས་སྤྱོད་པ་ནི་དེའི་གཉེན་པོའོ་ཞེས་གསུངས་པའོ། །ཡང་གཞན་གྱི་ཁྱིམ་རྣམས་སུ་བྱང་ཆུབ་སེམས་དཔའ་ལ་ཕྲག་དོག་དང་སེར་སྣ་བྱེད་ན་དེས་དེའི་ཚེ་རིང་ཞིང་དེ་ལས་འཇིགས་པ་ཆེན་པོ་གསུམ་སྟེ། གང་ཞེ་ན། སེམས་ཅན་དམྱལ་བར་སྐྱེ་བས་འཇིགས་པ་དང༌། དམུས་ལོང་གིས་འཇིགས་པ་དང༌། ཡུལ་མཐའ་འཁོབ་དུ་སྐྱེ་བས་འཇིགས་པ་སྟེ་གསུམ་མོ་ཞེས་པ་དང༌། ཡང་དགེ་སློང་མ་སུན་བཏོན་ན་སེམས་ཅན་དམྱལ་བའི་གནས་སུ་མུན་ནག་ཡོད་པར་སྐྱེའོ། །སྲོག་བཅད་པས་རལ་གྲིའི་ལོ་མ་ཅན་དུ་སྐྱེའོ། །རྔོན་བྱེད་པས་ཐིག་ནག་ཏུ་སོགས་ལེས་འདྲའོ། །འདོད་པ་ལོག་པར་གཡེམ་པས་ཟངས་ཀྱི་ཁང་པ་རབ་ཏུ་འབར་བ་ལ་འཇུག་པ་དང༌། ལྕགས་ཀྱི་ཁྲི་རབ་ཏུ་ཚ་བ་ལ་ཉལ་བར་སྐྱེའོ། །ཆང་འཐུངས་ནས་མྱོས་པ་ནི་ལྕགས་ཆང་འཐུངས་པའི་སེམས་ཅན་དམྱལ་བར་སྐྱེའོ། །དགེ་འདུན་གྱི་ཤིང་ཐོག་བརྐུས་པས་ལྕགས་ཀྱི་ཐུ་ལུམ་འབར་བ་ཟ་བར་སྐྱེའོ། །རྒྱུ་མ་དང་ཤ་ཟོས་པས་ལྗན་ལྗིན་གྱིས་གང་བའི་དམྱལ་བར་སྐྱེའོ། །ཕྲ་མ་བྱས་ཏེ་དཀྲུགས་པས་ལྕགས་ཀྱི་ཐང་གཤོལ་གྱིས་ལྕེ་རྨོ་བའི་དམྱལ་བར་སྐྱེའོ། །
ཚིག་མི་སྙན་པ་བརྗོད་པས་ལྕེ་རབ་ཏུ་འབྱིན་པའི་དམྱལ་བར་སྐྱེའོ། །བརྫུན་མང་དུ་སྨྲས་པས་ལྕེ་ལ་ལྕགས་ཀྱི་གཟེར་གྱིས་འདེབས་པའི་སེམས་ཅན་དམྱལ་བར་སྐྱེའོ། །སྲོག་བཅད་ནས་ལོག་པའི་ལྷ་ལ་མཆོད་སྦྱིན་བྱས་པས་ལྕགས་ཀྱི་གཏུན་གྱིས་བརྡུང་བའི་དམྱལ་བར་སྐྱེའོ་ཞེས་གསུངས་སོ། །འདི་སྐད་དུ་གང་ཟག་གཉིས་ནི་མ་གཏོགས་ཏེ། གཅིག་ནི་ཕྱོགས་སྙོམས་ཆོས་ལ་སྐུར། །གཉིས་པོ་དེ་ན་འདོད་ཆེ་བ། །ཞེས་གསུངས་སོ། །དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དབང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་ཅིང་གཟིགས་པ་ཞེས་བྱ་བ་ནི། ཉེས་པའི་ཚོགས་ཐམས་ཅད་བཤགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་དང༌། མངོན་སུམ་དུ་གཟིགས་པ་དང༌། གཉའ་དྲག་མཛད་པ་དང༌། བརྫུན་མི་སྨྲ་བ་དང༌། མཛད་པ་དང༌། ཐུགས་རྗེ་ཆེ་བ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་རྣམ་པ་དྲུག་གོ །ལྷག་མ་ནི་གོ་བར་ཟད་དོ། །སླན་ཆད་ཀྱང་སྡོམ་པར་ཞེས་པ་ནི་ཁས་ལེན་པའོ། །ཉེས་པར་བྱུང་ན་བཤགས་པར་བྱ། །སྙིང་རྗེ་བྱམས་པ་ཞུགས་གྱུར་ན། །སྔར་བྱས་ཉེས་པ་འདི་ཡིས་དག །བཤགས་ཀྱང་ཕྱིར་ཞིང་མི་སྡོམ་ན། །བཤགས་ཀྱང་དྲི་མ་འདག་པ་མེད། །ཅེས་བཤད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་ཞེས་བྱ་བ་ནི་དགེ་བའི་རྩ་བ་བསྔོ་བའི་ཕྱིར་ཐུགས་གཏོད་པ་སྟེ། གང་ཞེ་ན། འདི་ལ་བྱས་པ་དང༌། གཞན་དུ་བྱས་པའོ། །ཐ་མ་ནི་ཐོག་མའི་མཐའོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། །འཁོར་བའི་མཐའ་ནི་མེད་པ་ལས། །སྔོན་གྱི་མཐའ་ནི་ཇི་སྲིད་པ། །སེམས་ཅན་དེ་སྲིད་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་པར་བྱ། །ཞེས་གསུངས་སོ། །དེ་ཡང་དང་པོ་ཚེ་རབས་དཔག་ཏུ་མེད་པ་ནས་བྱས་པ་ཐམས་ཅད་བསྔོས་ནས་འཁོར་བ་ནས་འཁོར་བའི་ཚེ་སྐྱེ་བ་གཞན་དུ་ལྷ་དང་མི་དང༌། ཡི་དགས་དང་དུད་འགྲོ་དང༌། དམྱལ་བ་ལ་སོགས་པའི་འཁོར་བ་རྣམས་སུ་སྐྱེས་པ་ན། སྦྱིན་པ་ཆུང་ངུ་སྦྱིན་པའི་སེམས་ཅན་རྣམས་ནི་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་ལ་ཁམ་གཅིག་ཙམ་སྩལ་བ་སྟེ། ཆེར་བྱིན་པ་ལྟ་ཅི་སྨོས། ཡང་རྟེན་ཁྱད་པར་ཅན་ལ་ཕུལ་བ་དང༌། སྦྱིན་པ་མང་པོ་དང༌། བཟང་པོས་སྦྱིན་པའོ། །སྦྱིན་ནུས་པ་ལ་ཚུལ་ཁྲིམས་བསྲུང་
བའི་སེམས་འབྱུང་བས་སྡོམ་པ་ལེན་ཏེ་ཐ་ན་བསྙེན་གནས་ཀྱིའོ། །དགེ་བསྙེན་ནམ། དགེ་ཚུལ་ལམ། དགེ་སློང་ཅི་ནུས་པ་བསྲུངས་པ་ཐམས་ཅད་དོ། །ཁྱད་པར་ཅན་གྱི་དབང་དུ་བྱས་ན། ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བ་སྨོས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ལ་སྦྱིན་པ་བཏང་ན་བརྒྱ་འགྱུར་ཐོབ་པར་འགྱུར་རོ། །མི་ཕལ་པ་གཅིག་ལ་བཏང་ན་སྟོང་འགྱུར་ཐོབ་པར་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ལ་བཏང་ན་ཁྲི་འགྱུར་འཐོབ་པར་འགྱུར་རོ། །དེ་ཉིད་ཆོས་སྨྲ་བ་ལ་བཏང་ན་ཚད་མེད་པ་འཐོབ་པར་འགྱུར་རོ་ཞེས་གསུངས་པ་དང༌། ཡང་དེ་བཞིན་གཤེགས་པ་དང༌། ཕ་མ་དང༌། ནད་པ་རྣམས་ལ་ཟས་ཟ་གཅིག་བཏང་ན་འབྲས་བུ་ཚད་མེད་པ་འཐོབ་པར་འགྱུར་རོ་ཞེས་གསུངས་པ་དང༌། འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་བསོད་སྙོམས་བླངས་ཏེ། རིད་པ་དང༌། ཕོངས་པ་དང༌། སྤྲང་པོ་དང༌། སློབ་མ་རྣམས་ལ་བགོས་ཏེ་བྱིན་ན་དགེ་བའི་རྩ་བ་དེས་ཚེ་བརྗེས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཆེན་པོ་དང་ལྡན་པར་འགྱུར་རོ་ཞེས་གསུངས་པ་དང༌། དབང་པོ་དྲུག་ཚང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་བསྲུངས་པ་ལས་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་དང༌། འོད་ཟེར་ཀུན་ནས་འགྱེད་པ་བསྟན་པའི་མདོ་ལས། རེས་འགའ་འོད་ཟེར་གཅིག་ལས་ནི། །ཁ་དོག་རྣམ་པ་བཅུ་འབྱུང་བ། །སོ་སོ་རབ་འབྲིང་ཐ་མ་ཡང༌། །སྦྱིན་པ་ལས་ནི་སྐྱེས་པ་ཡིན། །རེས་འགའ་འདྲེས་པ་གཅིག་ལས་ནི། །ཁ་དོག་ཉི་ཤུ་གང་བྱུང་བ། སོ་སོ་རབ་འབྲིང་ཐ་མ་ཡང༌། །ཚུལ་ཁྲིམས་བསྲུངས་པ་ལས་སྐྱེས་ཡིན། །ཞེས་གསུངས་སོ། །ཚུལ་ཁྲིམས་སྡོམ་པའི་དགེ་ཚུལ་དང༌། །རྣམ་དག་ཁྲིམས་འཛིན་དགེ་སློང་དག །ཟླ་བ་ཕྱེད་ཅིང་གསོ་སྦྱོང་བྱ། །ཆོས་གོས་བཏགས་པ་རྣམས་གྱོན་ཏེ། །ལྷུང་བཟེད་འཁར་གསིལ་སོགས་བསྐུར་ཞིང༌། །དག་པས་བསོད་སྙོམས་ཡང་བླང་བྱ། །ལྷ་རྣམས་ཐམས་ཅད་དགར་འགྱུར་ཏེ། །གུས་པས་ཐལ་སྦྱར་ཕྱག་འཚལ་ནས། །ལྷ་རྣམས་ངེད་ཀྱི་མི་འདི་དག །དེ་ཡི་མངག་གཞུག་བསྒྲུབ་པར་བྱ། །དཔེར་ན་ལྷ་དབང་བརྒྱ་བྱིན་ལ། །སུམ་ཅུ་རྩ་གསུམ་ལྷ་གཞན་རྣམས། །རིམ་གྲོ་གུས་བྱེད་ཚུལ་བཞིན་དུ། །ཚེ་འདིར་ལེགས་ཉིད་ཐོབ་པ་སྟེ། ཚེ་རབས་གཞན་གྱི་
བསམ་མི་ཁྱབ། །རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་སྡོམ། །སངས་རྒྱས་བཀའ་དྲིན་ལན་བསྒྲུབས་ཡིན། །ཞེས་གསུངས་སོ། །དེ་ལྟར་སོ་སོ་ཐར་བའི་སྡོམ་པ་ལ་ལེགས་པར་བསླབས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། སྡོམ་པ་རྒྱ་ཆེན་པོའི་རྟེན་ཞེས་པ་ལྟ་བུའོ། །དེ་ཡང་སྨོན་པའི་སེམས་དང་འཇུག་པའི་སེམས་ཀྱི་རབ་ཏུ་དབྱེ་བ་གཉིས་སོ། །སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་སེམས་ཅན་གྱི་ཚོགས་ལས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་སྨོན་པ་ནི་རྙེད་པར་དཀའོ། །དེ་བས་ཀྱང་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མངོན་པར་ཞུགས་པ་ནི་ཆེས་རྙེད་པར་དཀའ་ཞེས་གསུངས་སོ། །དཀོན་མཆོག་ཏལ་ལའི་མདོ་ལས། གང་དག་རྒྱལ་བ་རྣམས་ཀྱིས་བྱིན་བརླབས་པ། །དེ་དག་བྱང་ཆུབ་སེམས་བསྐྱེད་དོན་གཉེར་བ། །གང་དག་བྱང་ཆུབ་དོན་དུ་སེམས་སྐྱེ་བ། །དེ་དག་དྲང་སྲོང་མཆོག་གི་ཡོན་ཏན་སྒྲུབ། །ཅེས་གསུངས་པ་དང༌། འཕགས་པ་ཕུང་པོ་གསུམ་པའི་མདོ་ལས་ཀྱང༌། བྱང་ཆུབ་ཀྱི་སེམས་དེས་མ་ཁྱབ་པའི་ཆོས་ཀྱི་དབྱིངས་དེ་གང་ཡང་མ་མཆིས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་དེས་དུས་གསུམ་དུ་མ་ཁྱབ་པ་ཅུང་ཟད་ཀྱང་མ་མཆིས་སོ་ཞེས་པ་དང༌། ཡང་གང་དུ་སེམས་བསྐྱེད་མ་ཐག་པའི་བསོད་ནམས་ཀྱི་ཕུང་པོ་ནི་རབ་ཏུ་མང་གི །སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བ་དང༌། འཇིག་རྟེན་སྐྱོང་བ་དང། བརྒྱ་བྱིན་དང༌། ཚངས་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་སུ་གྱུར་བ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ནི་དེ་ཙམ་མ་ལགས་སོ་ཞེས་གསུངས་སོ། །དེ་ཡང༌། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་གསུངས་སོ། །དེ་ལྟ་བུ་མེད་ན་སངས་རྒྱས་དཀོན་མཆོག་ལས་བླང་བར་བྱའོ། །དེ་ནི་ཐོག་མའི་དུས་འཕགས་པའི་གནས་ལྟ་བུར་བྱུང་བའི་དུས་སོ། །དེ་ནས་ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་ལ་སོགས་པས་བདག་ཡོངས་སུ་སྨིན་པ་དེས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པ་སྟེ། ཉན་ཐོས་ཀྱི་རིགས་ཅན་ཉན་ཐོས་ཀྱི་བྱང་ཆུབ་ལ་དགོད་པར་བགྱིའོ། །རང་སངས་རྒྱས་ཀྱི་རིགས་ཅན་རང་སངས་རྒྱས་ཀྱི་ལམ་ལ་དགོད་པར་བགྱིའོ། །བྱང་ཆུབ་སེམས་དཔའི་རིགས་ཅན་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་བགྱིའོ་ཞེས་གསུངས་པ་དང༌། སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཉམས་པ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། འདོད་པ་ཐམས་ཅད་རྫོགས་པར་བྱེད་པ་
དང། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་བྱང་ཆུབ་རྣམ་པ་གསུམ་འགྲུབ་པོ་ཞེས་བྱ་བས་གསུངས་སོ། །དེ་ནས་མཐར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བའོ། །དེ་ཡང་འོད་ཟེར་ཀུན་འགྱེད་པའི་མདོ་ལས། གང་ཞིག་མདོ་སྡེ་འདི་ལ་རབ་མོས་ཤིང༌། །མི་ཟད་ངོ་བོ་ཉིད་ནི་མངོན་པར་རྟོགས། །དེས་ནི་ཏིང་འཛིན་མངོན་པར་བསྒྲུབ་པ་ནི། །བླ་མེད་ཡེ་ཤེས་མངོན་བྱེད་དཀའ་བ་མེད། །ཅེས་གསུངས་པ་དང༌། ཡང༌། དགེ་སློང་དག་ནི་གང་ཞིག་གིས། །བླ་མེད་ཡེ་ཤེས་བཙལ་བའི་ཕྱིར། །ཤིན་ཏུ་དད་པའི་སེམས་ཀྱིས་ནི།། མདོ་སྡེ་འདི་ལ་གང་དག་བརྩོན། །ཞེས་པ་དང༌། བླ་མེད་ཡེ་ཤེས་གང་ཚོལ་བ། །འཁོར་བ་དག་ལ་འཇིགས་པ་མེད། །དེས་ནི་སྡིག་པ་རྣམ་སྤངས་ནས། །ཕན་ཡོན་མཆོག་ནི་ཐོབ་པར་འགྱུར། །ཞེས་གསུངས་སོ། །གང་ལགས་པ་དེ་དག་ཐམས་ཅད་ཅེས་བྱ་བ་ནི་སྨྲས་པ་དང༌། མ་སྨྲས་པ་སྟེ། དེ་ཡང་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། བདེན་པ་བཞི་དང༌། ཚད་མེད་པ་བཞི་དང༌། བསྡུ་བའི་དངོས་པོ་བཞི་དང། བསམ་གཏན་དང༌། རྣམ་པར་ཐར་པ་ལ་སོགས་པ་བླང་བར་བྱ་བ་ཐམས་ཅད་དོ། །གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་ཞེས་པ་ནི་ཚེ་འདིའི་ཆེད་དུ་མ་བསྔོས་པས་བསྡུས་པ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པར་མ་བསྔོས་པར་བཟླུམས་ནས། ཉན་ཐོས་དང་རང་སངས་རྒྱས་སུམ་བསྔོས་པས་བསྡོམས་པའོ། །ཡང་ན་འཇིག་རྟེན་པ་དང༌། ཐེག་པ་ཆུང་ངུ་དང༌། བདག་ཉིད་ཀྱི་དོན་དུ་ལ་སོགས་པ་སྟེ་གོ་རིམས་བཞིན་ནོ། །འཕགས་པ་ཕུང་པོ་གསུམ་པའི་མདོ་ལས། བདག་གི་དགེ་བའི་རྩ་བ་ཐོག་མ་དང་ཐ་མ་མ་མཆིས་པ་ནས་བགྱིས་པ་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པ་གང་ལགས་པ་དང༌། བདག་གི་དགེ་བའི་རྩ་བ་འདུས་བྱས་ཀྱི་ཡོ་བྱད་འཚལ་བས་མངོན་པར་བསྒྲུབས་པ་གང་ལགས་པ་དང༌། བདག་གི་དགེ་བའི་རྩ་བ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མངོན་པར་བསྒྲུབས་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། བདག་གི་དགེ་བའི་ལས་ཀྱིས་བསྒྲུབས་པའི་དུས་ཐམས་ཅད་དུ་བསགས་པ་དེ་བཞིན་
གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་པ་གང་ལགས་པ་དེ་དག་ཐམས་ཅད་ཡོངས་སུ་བསྡུས་པའི་ཟླུམ་པོར་སྡོམ་པར་བགྱིའོ་ཞེས་གསུངས་པ་དང༌། ཡང་དེ་དག་ཐམས་ཅད་བསྡུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པའོ་ཞེས་གསུངས་པའི་ཕྱིར་རོ། །བླ་ན་མ་མཆིས་པ་དང༌། གོང་ན་མ་མཆིས་པ་དང༌། གོང་མའི་ཡང་གོང་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ་ཞེས་པ་ནི། བསྔོ་བ་ཡོངས་སུ་དགེ་བའོ། །མཆོག་ཉིད་ཀྱིས་གཞན་བླ་མ་ལྟ་བུ་མེད་ལ། བགྲོད་པར་བྱ་བ་མཐར་ཐུག་པས་གོང་མ་ཡང་མེད་པ་ཉིད་གཞན་བླ་མ་ཐམས་ཅད་ཀྱི་བླ་མ་དང་གོང་མ་སྟེ། དེ་ཉིད་ནི་མཐར་ཐུག་པའོ། །མྱ་ངན་ལས་འདས་པ་ནི་གོང་མ་སྟེ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་སོ། །དེ་རྣམས་ཀྱི་གོང་མ་ཐེག་པ་ཆེན་པོའི་བྱང་ཆུབ་པོ། །བྱང་ཆུབ་སེམས་དཔའི་བླ་མ་སྟེ། འགྲོ་བ་ཐམས་ཅད་ཀྱི་དོན་མཛད་པ་དེའི་བླ་མ་སངས་རྒྱས་བཅོམ་ལྡན་འདས་སོ། །ཡང་དག་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་ཆོས་ཀྱི་སྐུ་ནི་བྱང་ཆུབ་པ་སྟེ། ཤེས་བརྗོད་ལས་འདས་པས། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་སོ་སོ་རང་གིས་རིག་པའི་ཡེ་ཤེས་དམ་པའི་ཡུལ་དུ་གྱུར་པའོ། །འཕགས་པ་འོད་ཟེར་བཀྱེ་བ་བསྟན་པའི་མདོ་ལས། གཟུགས་མེད་འགྲོ་དང་འོང་བ་མེད། །ཕྱོགས་མཚམས་ཕྱོགས་ཀྱང་ཡོད་མ་ཡིན། །མཚན་མ་མེད་ཅིང་བརྗོད་དང་བྲལ། སྤྲོས་པ་དག་ལས་ཡང་དག་འདས། །བྱང་ཆུབ་སེམས་དཔས་བསྒྲུབ་བྱས་ན། །མཐར་ཐུག་བསིལ་བ་འཐོབ་པར་འགྱུར། །ཞེས་པ་དང༌། ཡང༌། དགེ་བའི་སྟོབས་ཀྱི་མཐུ་ཡིས་ནི། །ཉོན་མོངས་རབ་བཅོམ་ཉེར་ཞིར་གནས། །ཁྱད་འཕགས་ཕན་ཡོན་འཐོབ་བར་བྱེད། །ཡོན་ཏན་དང་ནི་ཤེས་རབ་དག །ཤིན་ཏུ་རྒྱ་ཆེ་རྒྱ་མཚོ་འདྲ། །བཟོད་པ་དག་ནི་སྒྲུབ་པར་བྱེད། །སེམས་ནི་རབ་བདེ་གཡོ་མེད་འགྱུར། །བྱང་ཆུབ་སེམས་དཔའ་རྟག་ཏུ་བསྒོམ། །མཁས་པ་དག་གིས་རབ་ཏུ་བསྔགས། །ཞེས་གསུངས་སོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང༌། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་བསྔོ་བར་འགྱུར་བ་དང༌། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ད་ལྟར་ཡོངས་སུ་བསྔོ་བ་མཛད་པ་དེ་ལྟར་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །སྡིག་པ་ཐམས་ཅད་
ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །སངས་རྒྱས་ཐམས་ཅད་ལ་བསྐུལ་ཞིང་གསོལ་བ་འདེབས་སོ། །བདག་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང༌། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱི་སྟེ་སྐྱབས་སུ་ཉེ་བར་མཆི། །ཞེས་པ་ནི་གོ་སླ་བས་མ་བཤད་དོ། །བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་འགྲེལ་པ་བྱང་ཆུབ་སེམས་དཔའི་སློབ་པའི་རིམ་པ་ཞེས་བྱ་བ། །སློབ་དཔོན་ཛེ་ཏཱ་རཱི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་དང༌། ཆགས་ལོ་ཙཱ་བས་བསྒྱུར་བའོ།།