དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ།
དབྱིག་གཉེན།
རྒྱ་གར་སྐད་དུ། མ་དྷྱཱན་ཏ་བི་བྷ་ག་ཊཱི་ཀ །བོད་སྐད་དུ། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བསྟན་བཅོས་འདི་ནི་རབ་མཛད་པ། །བདེ་གཤེགས་ཉིད་སྐྱེས་བདག་སོགས་ལ། །འཆད་པ་ལ་ཡང་མངོན་མཆོད་ནས། །དོན་རྣམས་དབྱེ་ཕྱིར་འབད་པར་བྱ། །དེ་ལ་ཐོག་མ་ཁོ་ནར་བསྟན་བཅོས་ཀྱི་ལུས་རྣམ་པར་གཞག་སྟེ། མཚན་ཉིད་སྒྲིབ་པ་དེ་ཁོ་ན། །གཉེན་པོ་དག་ནི་བསྒོམ་པ་དང༌། །དེ་ཡི་གནས་དང་འབྲས་བུ་ཐོབ། །ཐེག་པ་བླ་ན་མེད་པའོ། །ཞེས་བྱ་བ་དོན་བདུན་པོ་འདི་དག་བསྟན་བཅོས་འདི་ལས་འཆད་དོ། །འདི་ལྟ་སྟེ། མཚན་ཉིད་དང། སྒྲིབ་པ་དང༌། དེ་ཁོ་ན་དང༌། གཉེན་པོ་བསྒོམ་པ་དང༌། གཉེན་པོ་བསྒོམ་པ་དེ་ཉིད་ཀྱི་གནས་དང༌། འབྲས་བུ་ཐོབ་པ་དང༌། ཐེག་པ་བླ་ན་མེད་པ་སྟེ་དོན་བདུན་པའོ། །དེ་ལ་མཚན་ཉིད་ལས་བརྩམས་ནས། །ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །ཞེས་བྱ་བ་གསུངས་སོ། །དེ་ལ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ནི་གཟུང་བ་དང་
འཛིན་པར་རྣམ་པར་རྟོག་པའོ། །གཉིས་པོ་ནི་གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལ་བའོ། །སྟོང་པ་ཉིད་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལ་བ་ཉིད་དོ། །དེ་ལ་ཡང་ནི་དེ་ཡོད་དོ། །ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པའོ། །དེ་ལྟར་གང་ན་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྗེས་སུ་མཐོང་ངོ༌། །འདི་ལ་ལྷག་མ་ཡོད་པ་གང་ཡིན་པ་དེ་ནི་འདིར་ཡོད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པ་ཡིན་ནོ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །སྟོང་པ་མ་ཡིན་ཞེས་བྱ་བ་ནི་སྟོང་པ་ཉིད་དང་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོགས་པས་སོ། །མི་སྟོང་མིན་ཞེས་བྱ་བ་ནི། །གཉིས་པ་སྟེ། གཟུང་བ་དང་འཛིན་པས་སོ། །ཐམས་ཅད་ཅེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཞེས་བྱ་བ་འདུས་བྱས་དང་སྟོང་པ་ཞེས་བྱ་བ་འདུས་མ་བྱས་སོ། །བཤད་ཅེས་བྱ་བ་ནི་བསྟན་པའོ། །ཡོད་པས་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པའོ། །མེད་པས་ཞེས་བྱ་བ་ནི་གཉིས་པའོ། །ཡོད་པས་ན་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་ཀུན་ཏུ་རྟོག་པ་ལ་སྟོང་པ་ཉིད་ཡོད་པ་དང༌།
དེ་ལ་ཡང་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཡོད་པའོ། །དེ་ནི་དབུ་མའི་ལམ་ཡིན་ནོ་ཞེས་བྱ་བ་ནི་ཐམས་ཅད་གཅིག་ཏུ་སྟོང་པ་ཡང་མ་ཡིན་ནོ། །གཅིག་ཏུ་མི་སྟོང་པ་ཡང་མ་ཡིན་པ་གང་ཡིན་པའོ། །དེ་ལྟར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ནང་ནས་འདི་ཐམས་ཅད་ནི་སྟོང་པ་ཡང་མ་ཡིན། མི་སྟོང་པ་ཡང་མ་ཡིན་ཞེས་འབྱུང་བ་དང་མཐུན་པར་བྱས་པ་ཡིན་ནོ། །དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཡོད་པའི་མཚན་ཉིད་དང་མེད་པའི་མཚན་ཉིད་བརྗོད་ནས། ད་ནི་རང་གི་མཚན་ཉིད་བརྗོད་དོ། །དོན་དང་ སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར ་ཤེས་པ་ནི། །རབ་ཏུ་སྐྱེའོ་དེའི་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །དེ་ལ་དོན་དུ་སྣང་བ་ནི་གཟུགས་ལ་སོགས་པའི་དངོས་པོར་སྣང་བ་གང་ཡིན་པའོ། །སེམས་ཅན་དུ་སྣང་བ་ནི་དབང་པོ་ལྔར་བདག་དང་གཞན་གྱི་རྒྱུད་ལ་སྣང་བ་གང་ཡིན་པའོ། །བདག་ཏུ་སྣང་བ་ནི་བདག་ཏུ་རྨོངས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་དོ། །རྣམ་པར་རིག་པར་སྣང་བ་ནི་རྣམ་པར་ཤེས་པ་དྲུག་རྣམས་སོ། །དེའི་དོན་མེད་ཅེས་བྱ་བ་ནི་དོན་དང་ སེམས་ཅན་དུ་སྣང་བ་རྣམས་མེད་པ་དང༌། བདག་དང་རྣམ་པར ་རིག་པར་སྣང་བ་ནི་ལོག་པར་སྣང་བའི་ཕྱིར་རོ། །དོན་མེད་པས་འཛིན་པའི་རྣམ་པར་ཤེས་པ་དེ་ཡང་མེད་དོ། །ཡང་དག་མ་ཡིན་ཀུན་རྟོག་པ། །དེ་ནི་དེ་ཕྱིར་གྲུབ་པ་ཡིན། །དེ་བཞིན་མ་ཡིན་ཡེ་མེད་མིན། །འདི་ལྟར་ཇི་ལྟར་སྣང་བ་འབྱུང་བ་དེ་ནི་དེ་བཞིན་དུ་ཡོད་པ་མ་ཡིན་ནོ། །འཁྲུལ་པ་ཙམ་དུ་འབྱུང་བའི་ཕྱིར་ཡེ་མེད་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་དེ་ཡེ་མེད་པ་ཉིད་དུ་མི་འདོད་ཅེ་ན། འདི་ལྟར། དེ་ཟད་ནས་ནི་གྲོལ་བར་འདོད། །གཞན་དུ་ན་བཅིངས་པ་དང་ཐར་པར་མི་འགྲུབ་སྟེ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་སྐུར་པ་འདེབས་པའི་ཉེས་པར་འགྱུར་རོ། །དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པའི་རང་གི་མཚན་ཉིད་བསྟན་ནས་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཙམ་དུ་ཟད་ན་ངོ་བོ་ཉིད་གསུམ་དུ་ཇི་ལྟར་བསྡུ་བར་འགྱུར་བའི་བསྡུ་བའི་མཚན་ཉིད་སྟོན་ཏེ། བརྟགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ༌། །དོན་ཕྱིར་ཡང་དག་མིན་རྟོག་ཕྱིར། །གཉིས་པོ་མེད་པའི་ཕྱིར་བཤད་དོ། །ཞེས་བྱ་བའོ། །དེ་ལ་དོན་ནི་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་
དོ། །ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །གཟུང་བ་དང་འཛིན་པ་མེད་པ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ད་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་དེ་ཉིད་ཀྱི་མེད་པའི་མཚན་ཉིད་ལ་འཇུག་པའི་ཐབས་ཀྱི་མཚན་ཉིད་ཡོངས་སུ་སྟོན་ཏེ། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་བྱ་བའོ། །རྣམ་པར་རིག་པ་ཙམ་དུ་དམིགས་པ་ལ་བརྟེན་ནས་དོན་མི་དམིགས་པ་སྐྱེའོ། །དོན་མི་དམིགས་པ་ལ་བརྟེན་ནས་རྣམ་པར་རིག་པ་ཙམ་ཡང་མི་དམིགས་པ་སྐྱེ་སྟེ། དེ་ལྟར་གཟུང་བ་དང་འཛིན་པ་དག་མེད་པའི་མཚན་ཉིད་ལ་འཇུག་གོ །དེ་ཡི་ཕྱིར་ན་དམིགས་པ་ནི། །མི་དམིགས་ངོ་བོ་ཉིད་དུ་གྲུབ། །དམིགས་པར་བྱ་བའི་དོན་མེད་ན་དམིགས་པ་མི་རུང་བའི་ཕྱིར་རོ། །དེ་ལྟ་བས་ན་དམིགས་པ་དང༌། །མི་དམིགས་མཉམ་པར་ཤེས་པར་བྱ། །དམིགས་པ་ནི་དམིགས་པ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །མི་དམིགས་པའི་ངོ་བོ་ཉིད་ཡིན་ཡང་ཡང་དག་པ་མ་ཡིན་པའི་དོན་དུ་སྣང་བས་དམིགས་པ་ཞེས་བྱའོ། །ད་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཉིད་ཀྱི་རབ་ཏུ་དབྱེ་བའི་མཚན་ཉིད་སྟོན་ཏེ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་བྱ་བའོ། །འདོད་པ་དང༌། གཟུགས་དང༌། གཟུགས་མེད་པ་ན་སྤྱོད་པ་ཐ་དད་པས་སོ། །རྣམ་གྲངས་ཀྱི་མཚན་ཉིད་ཀྱང་སྟོན་ཏེ། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་ པར་སེམས ་ལས་བྱུང༌། །ཞེས་བྱ་བའོ། །དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ། །དོན་གྱི་ཁྱད་ པར་མཐོང་བ་ནི་སེམས ་ལས་བྱུང་བ་རྣམས་ཏེ་ཚོར་བ་ལ་སོགས་པའོ། །འཇུག་པའི་མཚན་ཉིད་ཀྱང་སྟོན་ཏེ། གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། །གཉིས་པ་ཉེ་བར་སྤྱོད་པ་ཅན། །ཉེ་བར་སྤྱོད་པ་དང་ཡོངས་གཅོད་དང༌། །དེ་ཡི་འཇུག་བྱེད་ སེམས་ལས་བྱུང༌། །ཞེས་བྱ་བའོ། །ཀུན་གཞི་རྣམ་པར ་ཤེས་པ་ནི་རྣམ་པར་ཤེས་པ་གཞན་དག་གི་རྐྱེན་ཡིན་པས་རྐྱེན་གྱི་རྣམ་པར་ཤེས་པའོ། །དེ་ལས་བྱུང་བ་འཇུག་པའི་རྣམ་པར་ཤེས་པ་ནི་ཉེ་བར་སྤྱོད་པ་ཅན་ནོ། །ཉེ་བར་སྤྱོད་པ་ནི་ཚོར་བའོ། །ཡོངས་སུ་སྤྱོད་པ་ནི་འདུ་ཤེས། །རྣམ་པར་ཤེས་པ་འཇུག་ པར་
བྱེད་པ་དག་ནི་འདུ་བྱེད་རྣམས་ཏེ། སེམས ་པ་དང་ཡིད་ལ་བྱེད་པ་ལ་སོགས་པའོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱང་སྟོན་ཏེ། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར། །ཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར། །རྫོགས་བྱེད་ཕྱིར་དང་གསུམ་གཅོད་ཕྱིར། །ཉེ་བར་གཅོད་ཕྱིར་སྡུད་པའི་ཕྱིར། །སྦྱོར་བའི་ཕྱིར་དང་མངོན་དུའི་ཕྱིར། །སྡུག་བསྔལ་ཕྱིར་ནི་འགྲོ་ཉོན་མོངས། །རྣམ་གསུམ་རྣམ་གཉིས་ཀྱང་ཉོན་མོངས། །རྣམ་བདུན་ཡང་དག་མིན་རྟོག་ལས། །ཞེས་བྱ་བའོ། །དེ་ལ་སྒྲིབ་པའི་ཕྱིར་ནི་མ་རིག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་བགེགས་བྱེད་པའི་ཕྱིར་རོ། །འདེབས་པའི་ཕྱིར་ནི་འདུ་བྱེད་རྣམས་ཀྱིས་རྣམ་པར་ཤེས་པ་ལ་ལས་ཀྱི་བག་ཆགས་འཇོག་པའི་ཕྱིར་རོ། །ཁྲིད་པའི་ཕྱིར་ནི་རྣམ་པར་ཤེས་པས་སྐྱེ་བའི་གནས་སུ་ཕྱིན་པར་བྱེད་པའི་ཕྱིར་རོ། །ཀུན་འཛིན་ཕྱིར་ནི་མིང་དང་གཟུགས་ཀྱི་ལུས་སོ། །རྫོགས་བྱེད་ཕྱིར་ནི་སྐྱེ་མཆེད་དྲུག་གིས་སོ། །གསུམ་གཅོད་ཕྱིར་ནི་རེག་པས་སོ། །ཉེ་བར་སྤྱོད་པའི་ཕྱིར་ནི་ཚོར་བས་སོ། །སྡུད་པའི་ཕྱིར་ནི་ལས་ཀྱིས་བཏབ་པའི་ཡང་སྲིད་པ་སྲེད་པས་སོ། །སྦྱོར་བའི་ཕྱིར་ནི་ལེན་པ་རྣམས་ཀྱིས་རྣམ་པར་ཤེས་པ་སྐྱེ་བ་དང་མཐུན་པར་འདོད་པ་ལ་སོགས་པ་རྣམས་སུའོ། །མངོན་དུའི་ཕྱིར་ནི་ལས་བྱས་པའི་རྣམ་པར་སྨིན་པ་སྲིད་པས་ཡང་སྲིད་པར་འབྱིན་པར་མངོན་པར་བྱེད་པའི་ཕྱིར་རོ། །སྡུག་བསྔལ་ཕྱིར་ནི་སྐྱེ་བ་དང༌། རྒ་ཤིས་འགྲོ་བ་རྣམས་ཉོན་མོངས་པར་བྱེད་པའོ། །དེ་ཡང༌། རྣམ་གསུམ་རྣམ་གཉིས་ཀྱང་ཉོན་མོངས། །རྣམ་བདུན་ཡང་དག་མིན་རྟོག་ལས། །རྣམ་གསུམ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ནི་མ་རིག་པ་དང་སྲེད་པ་དང་ལེན་པ་རྣམས་སོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་འདུ་བྱེད་རྣམས་དང་སྲེད་པའོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་ཡན་ལག་ལྷག་མ་རྣམས་སོ། །ཀུན་ནས་ཉོན་མོངས་པ་རྣམ་པ་གཉིས་ནི་རྒྱུའི་ཀུན་ནས་ཉོན་མོངས་པ་དང༌། འབྲས་བུའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་རྒྱུའི་ཀུན་ནས་ཉོན་མོངས་པ་ནི་ཉོན་མོངས་པ་དང༌། ལས་ཀྱི་ངོ་བོ་ཉིད་ཀྱི་ཡན་ལག་རྣམས་ཀྱིས་སོ། །འབྲས་བུའི་ཀུན་ནས་ཉོན་མོངས་
པ་ནི་ཡན་ལག་ལྷག་མ་རྣམས་ཀྱིས་སོ། །ཀུན་ནས་ཉོན་མོངས་པ་རྣམ་པ་བདུན་ནི་རྒྱུ་རྣམ་པ་བདུན་ཏེ། མ་རིག་པ་ནི་ཕྱིན་ཅི་ལོག་གི་རྒྱུའོ། །འདུ་བྱེད་རྣམས་ནི་འབེབས་པའི་རྒྱུའོ། །རྣམ་པར་ཤེས་པ་ནི་ཉེ་བར་ཁྲིད་པའི་རྒྱུའོ། །མིང་དང་གཟུགས་དང་སྐྱེ་མཆེད་དྲུག་ནི་ཀུན་འཛིན་པའི་རྒྱུའོ། །རེག་པ་དང་ཚོར་བ་ནི་ཉེ་བར་སྤྱོད་པའི་རྒྱུའོ། །སྲེད་པ་དང༌། ལེན་པ་དང༌། སྲིད་པ་ནི་སྡུད་པའི་རྒྱུའོ། །སྐྱེ་བ་དང༌། རྒ་ཤི་ནི་སྐྱོ་བའི་རྒྱུའོ། །ཀུན་ནས་ཉོན་མོངས་པ་འདི་དག་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ལས་འབྱུང་བའོ། །ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པའི་དོན་བསྡུས་པ་ནི་ཡོད་པའི་མཚན་ཉིད་དང༌། མེད་པའི་མཚན་ཉིད་དང༌། རང་གི་མཚན་ཉིད་དང༌། བསྡུ་བའི་མཚན་ཉིད་དང༌། མེད་པའི་མཚན་ཉིད་ལ་འཇུག་པའི་ཐབས་ཀྱི་མཚན་ཉིད་དང༌། རབ་ཏུ་དབྱེ་བའི་མཚན་ཉིད་དང༌། རྣམ་གྲངས་ཀྱི་མཚན་ཉིད་དང༌། འཇུག་པའི་མཚན་ཉིད་དང༌། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དེ། མཚན་ཉིད་རྣམ་པ་དགུ་བསྟན་པའོ། །དེ་ལྟར་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་བརྗོད་ནས། སྟོང་པ་ཉིད་ཇི་ལྟར་ཤེས་པར་བྱ་བ་དེ་སྟོན་ཏེ། སྟོང་པ་ཉིད་ནི་མདོར་བསྡུ་ན། །མཚན་ཉིད་དང་ནི་རྣམ་གྲངས་དང༌། །དེ་ཡི་དོན་དང་དབྱེ་བ་དང༌། །སྒྲུབ་པ་དག་སྟེ་ཤེས་པར་བྱ། །ཞེས་བྱ་བའོ། །མཚན་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། གཉིས་དངོས་མེད་དང་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །གཉིས་པོ་གཟུང་བ་དང་འཛིན་པའི་དངོས་པོ་མེད་པ་དང༌། དངོས་པོ་མེད་པ་དེའི་དངོས་པོ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །དེ་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ནོ། །དངོས་པོ་མེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི། ཡོད་པ་མ་ཡིན་མེད་པའང་མིན། །ཇི་ལྟར་ཡོད་པ་མ་ཡིན་ཞེ་ན། འདི་ལྟར་གཉིས་པོ་དེའི་དངོས་པོ་མེད་པའོ། །ཇི་ལྟར་མེད་པ་ཡང་མ་ཡིན་ཞེ་ན། འདི་ལྟར་གཉིས་པོའི་དངོས་པོ་མེད་པའི་དངོས་པོ་དེ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། དེ་བས་ན་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་དང༌། ཐ་དད་གཅིག་པའི་མཚན་ཉིད་མིན། །ཐ་དད་པ་ཡིན་ན་ནི་ཆོས་ལ་ཆོས་ཉིད་གཞན་མ་ཡིན་པ་མི་རུང་སྟེ། མི་རྟག་པ་ཉིད་དང༌། སྡུག་བསྔལ་བ་ཉིད་བཞིན་ནོ། །གཅིག་པ་ཡིན་དུ་ཟིན་ན་ནི་རྣམ་པར་དག་པའི་དམིགས་པ་དང༌། སྤྱིའི་
མཚན་ཉིད་དུ་མི་འགྱུར་ཏེ། དེས་དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བ་སྟོང་པ་ཉིད་ཀྱི་མཚན་ཉིད་ཡོངས་སུ་བསྟན་པ་ཡིན་ནོ། །རྣམ་གྲངས་ཇི་ལྟར་རིག་པར་བྱ་ཞེ་ན། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །རྣམ་གྲངས་ཀྱི་དོན་ཇི་ལྟར་ཤེས་པར་བྱ་ཞེ་ན། གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགོག་འཕགས་པའི་སྤྱོད་ཡུལ་དང༌། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་དེ་གོ་རིམས་བཞིན། །གཞན་མ་ཡིན་པའི་ཕྱིར་དེ་བཞིན་ཉིད་དེ། རྟག་ཏུ་དེ་བཞིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར་ཡང་དག་པའི་མཐའ་སྟེ། ཕྱིན་ཅི་ལོག་གི་གཞི་མ་ཡིན་པའི་ཕྱིར་རོ། །མཚན་མ་འགོག་པའི་ཕྱིར་མཚན་མ་མེད་པ་སྟེ། མཚན་མ་ཐམས་ཅད་མེད་པའི་ཕྱིར་རོ། །འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་དོན་དམ་པ་སྟེ། ཡེ་ཤེས་དམ་པའི་ཡུལ་ཡིན་པའི་ཕྱིར་རོ། །འཕགས་པའི་ཆོས་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་ཏེ། འཕགས་པའི་ཆོས་རྣམས་ནི་དེ་ལ་དམིགས་པས་འབྱུང་བའི་ཕྱིར་རོ། །འདིར་དབྱིངས་ཀྱི་དོན་ནི་རྒྱུའི་དོན་ཏོ། །སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཇི་ལྟར་ཤེས་པར་བྱ་ཞེ་ན། ཀུན་ནས་ཉོན་མོངས་རྣམ་པར་དག །ཅེས་བྱ་བ་སྟེ། དེའི་རབ་ཏུ་དབྱེ་བ་སྟེ། །གང་གི་ཚེ་ཀུན་ནས་ཉོན་མོངས་པ་ལ། གང་གི་ཚེ་རྣམ་པར་དག་ཅེ་ན། དེ་ནི་དྲི་བཅས་དྲི་མ་མེད། །གང་གི་ཚེ་དྲི་མ་དང་བཅས་པར་དེའི་ཚེ་ཀུན་ནས་ཉོན་མོངས་པ་གནས་པའོ། །གང་གི་ཚེ་དྲི་མ་སྤངས་པ་དེའི་ཚེ་རྣམ་པར་དག་པའོ། །གལ་ཏེ་དྲི་མ་དང་བཅས་པར་གྱུར་ལ་དྲི་མ་མེད་པར་ཡང་འགྱུར་ན་འགྱུར་བའི་ཆོས་ཅན་ཡིན་པས་ཇི་ལྟར་མི་རྟག་པར་མི་འགྱུར་ཞེ་ན། དེ་ནི་འདི་ལྟར། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །གློ་བུར་གྱི་དྲི་མ་དང་བྲལ་བ་ལ་བྱའི་དེའི་ངོ་བོ་ཉིད་གཞན་དུ་འགྱུར་བ་ནི་མ་ཡིན་ནོ། །གཞན་ཡང་རབ་ཏུ་དབྱེ་བ་ནི་སྟོང་པ་ཉིད་རྣམ་པ་བཅུ་དྲུག་པོ་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་
དང། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དེ་ཡང་མདོར་བསྡུ་ན་ཞེས་བྱ་བར་རིག་པར་བྱའོ། །ཟ་བ་བཟའ་དང་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་གཉིས་ཐོབ་ པར་བྱ་བའི་ཕྱིར། །རྟག་ཏུ་སེམས ་ཅན་ཕན་བྱའི་ཕྱིར། །འཁོར་བ་གཏང་བར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་ སེམས་དཔའ་སྒྲུབ་པར ་བྱེད། །དེ་ལ་ཟ་བ་སྟོང་པ་ཉིད་ནི་ནང་གི་སྐྱེ་མཆེད་རྣམས་ལས་བརྩམས་སོ། །བཟའ་བ་སྟོང་པ་ཉིད་ནི་ཕྱི་རོལ་གྱི་རྣམས་སོ། །དེའི་ལུས་ནི་ཟ་པ་དང་བཟའ་བ་དེ་གཉིས་ཀྱི་གནས་གང་ཡིན་པ་སྟེ་ཁོག་པའོ། །དེའི་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །གནས་ཀྱི་གཞི་ནི་སྣོད་ཀྱི་འཇིག་རྟེན་ཏེ། དེ་རྒྱ་ཆེ་བའི་ཕྱིར་དེའི་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །ནང་གི་སྐྱེ་མཆེད་ལ་སོགས་པ་དེ་ཡང་གང་གིས་སྟོང་པར་མཐོང་ཞེ་ན། སྟོང་པ་ཉིད་ཤེས་པས་ཏེ། དེའི་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཇི་ལྟར་དོན་དམ་པའི་རྣམ་པར་མཐོང་བ་དེའི་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་དོ། །གང་གི་ཕྱིར་བྱང་ཆུབ་ སེམས་དཔའ་སྒྲུབ་པར ་བྱེད་པ་དེ་ཡང་སྟོང་པ་ཉིད་དོ། །ཅིའི་ཕྱིར་སྒྲུབ་པར་བྱེད་ཅེ་ན། དགེ་གཉིས་ཐོབ་ པར་བྱ་བའི་ཕྱིར། །ཞེས་བྱ་བ་སྟེ། དགེ་བ་གཉིས་ནི་འདུས་བྱས་དང་འདུས་མ་བྱས་སོ། །རྟག་ཏུ་སེམས ་ཅན་ཕན་བྱའི་ཕྱིར། །ཞེས་བྱ་བ་ནི་ སེམས་ཅན་ལ་གཏན་དུ་ཕན་པར ་བྱ་བའི་ཕྱིར་རོ། །འཁོར་བ་གཏང་བར་མི་བྱའི་ཕྱིར། །ཞེས་བྱ་བ་ནི་འཁོར་བ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དུ་མ་མཐོང་ན་སྐྱོ་སྟེ་འཁོར་བ་ཡོངས་སུ་གཏོང་ངོ༌། །དགེ་བ་མི་ཟད་བྱ་བའི་ཕྱིར། །ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་མི་གཏོང་ཞིང་མི་འདོར་བ་གང་ཡིན་པའོ། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །ཞེས་བྱ་བ་ལ། རིགས་ནི་རང་བཞིན་ཏེ་ངོ་བོ་ཉིད་ཀྱི་ཕྱིར་རོ། །མཚན་དང་དབྱེ་བྱད་ཐོབ་བའི་ཕྱིར། །ཞེས་བྱ་བ་ནི། སྐྱེས་བུ་ཆེན་པོའི་མཚན་རྣམས་དང༌། དཔེ་བྱད་བཟང་པོ་རྣམས་དང་བཅས་པ་ཐོབ་པར་བྱ་བའི་ཕྱིར་རོ། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་ སེམས་དཔའ་སྒྲུབ་པར ་བྱེད། །ཅེས་བྱ་བ་ནི་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའོ། །དེ་
ལྟར་རེ་ཞིག་སྟོང་པ་ཉིད་བཅུ་བཞི་རྣམ་པར་གཞག་པར་ཤེས་པར་བྱའོ། །འདི་ལ་སྟོང་པ་ཉིད་གང་ཡིན་ཞེ་ན། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་བྱ་བའོ། །གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེའི་དངོས་པོ་ཡོད་པ་ཡང་ཡིན་ནོ། །ཟ་བ་ལ་སོགས་པ་སྟོང་པ་ཉིད་ཅེས་གོང་དུ་ཇི་སྐད་སྨོས་པ་དེར་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། སྟོང་པ་ཉིད་རྣམ་པ་གཉིས་ཐ་མར་རྣམ་པར་འཇོག་སྟེ། གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་དང༌། དེའི་སྟོང་པ་ཉིད་ལ་སྐུར་པ་འདེབས་པ་བསལ་བའི་ཕྱིར་གོ་རིམས་བཞིན་ནོ། །དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཤེས་པར་བྱའོ། །སྒྲུབ་པ་ཇི་ལྟར་ཤེས་པར་བྱ་ཞེ་ན། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །གལ་ཏེ་གཉེན་པོ་མ་སྐྱེས་པར་ཡང་ཆོས་རྣམས་ཀྱི་སྟོང་པ་ཉིད་ཀྱིས་གློ་བུར་གྱི་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པར་མི་འགྱུར་ན་ནི་ཀུན་ནས་ཉོན་མོངས་པ་མེད་པས་འབད་པ་མེད་ པར་སེམས ་ཅན་ཐམས་ཅད་གྲོལ་བར་འགྱུར་རོ། །ཅི་སྟེ་གཉེན་པོ་སྐྱེས་ཀྱང་རྣམ་པར་དག་པར་མི་འགྱུར་ན་ནི་ཐར་པར་བྱ་བའི་ཕྱིར་རྩོམ་པ་འབྲས་བུ་མེད་པར་འགྱུར་རོ། །དེ་ལྟར་ན། ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ནི་དག་དང་མ་དག་མིན། །ཇི་ལྟར་ཉོན་མོངས་ པར་གྱུར་པ་མ་ཡིན་ལ་མ་དག་པ་ཡང་མ་ཡིན་ཞེ་ན་སེམས ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །ཇི་ལྟར་ཉོན་མོངས་པར་གྱུར་པ་མ་ཡིན་པ་ཡང་མ་ཡིན་ལ་དག་པ་ཡང་མ་ཡིན་ཞེ་ན། གློ་བུར་གྱི་ཉོན་མོངས་པའི་ཕྱིར་རོ། །དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་བསྟན་པ་བསྒྲུབས་པ་ཡིན་ནོ། །དེ་ཡང་སྟོང་པ་ཉིད་ཀྱི་དོན་བསྡུས་པ་ནི་མཚན་ཉིད་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་མཚན་ཉིད་ནི་དངོས་པོ་མེད་པའི་མཚན་ཉིད་དང༌། དངོས་པོའི་མཚན་ཉིད་དོ། །དངོས་པོའི་མཚན་ཉིད་ཀྱང་དངོས་པོ་
ཡོད་པ་དང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་བའི་མཚན་ཉིད་དང༌། དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བའི་མཚན་ཉིད་དོ། །རྣམ་པར་གཞག་པ་ནི་རྣམ་གྲངས་ལ་སོགས་པས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་རྣམ་པ་བཞི་པོ་འདི་དག་བསྟན་པས་ནི་རྣམ་པར་རྟོག་པ་དང༌། སྐྲག་པ་དང༌། ལེ་ལོ་དང༌། ཐེ་ཚོམ་ཉེ་བར་ཞི་བར་བྱ་བའི་ཕྱིར་སྟོང་པ་ཉིད་རང་གི་མཚན་ཉིད་དང༌། ལས་ཀྱི་མཚན་ཉིད་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་མཚན་ཉིད་དང༌། རིགས་པའི་མཚན་ཉིད་བརྗོད་པ་ཡིན་ནོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་མཚན་ཉིད་ཀྱི་ལེའུར་བཅད་པ་ཞེས་བྱ་བ་སྟེ་དང་པོའི་འགྲེལ་པའོ།། །།སྒྲིབ་པའི་དབང་དུ་མཛད་དེ། ཁྱབ་དང་ཉི་ཚེ་ལྷག་པ་དང༌། །མཉམ་དང་ལེན་པ་དང་སྤོང་བ་ནི། །གཉིས་ཀྱི་སྒྲིབ་ པར་བསྟན་པ་ཡིན། །ཞེས་བྱ་པ་གསུངས་སོ། །དེ་ལ་ཁྱབ་པ་ནི་བྱང་ཆུབ་སེམས ་དཔའི་རིགས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ། མཐའ་དག་པ་སྒྲིབ་པའི་ཕྱིར་རོ། །ཉི་ཚེ་བ་ནི་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པའོ། །ལྷག་མ་ནི་དེ་དག་ཉིད་ཀྱི་སྒྲིབ་པ་སྟེ། འདོད་ཆགས་ལ་སོགས་པའི་སྤྱོད་པ་རྣམས་ཀྱི་སྒྲིབ་པའོ། །མཉམ་པ་ནི་ཆ་མཚུངས་ པར་སྤྱོད་པ་རྣམས་ཀྱི་སྒྲིབ་པའོ། །འཁོར་བ་ལེན་པ་དང་སྤོང་བའི་སྒྲིབ་པ་ནི་བྱང་ཆུབ་སེམས ་དཔའི་རིགས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་ལ་སྒྲིབ་པའི་ཕྱིར་རོ། །དེ་ལྟར་འདི་དག་ནི་ཅི་རིགས་ པར་བྱང་ཆུབ་སེམས ་དཔའི་རིགས་ཅན་རྣམས་དང༌། ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་དང་གཉི་གའི་སྒྲིབ་པར་བསྟན་ཏོ། །ཡང༌། ཉོན་མོངས་མཚན་ཉིད་རྣམ་དགུའོ། །ཀུན་ཏུ་སྦྱོར་རྣམས་སྒྲིབ་པ་ཡིན། །ཀུན་ཏུ་སྦྱོར་བ་དགུ་ནི་ཉོན་མོངས་པའི་སྒྲིབ་པའོ། །དེ་དག་གང་ལ་གང་སྒྲིབ་ཅེ་ན། སྐྱོ་བ་དང་བཏང་སྙོམས་དང༌། །དེ་ཁོ་ན་ནི་མཐོང་བ་དང༌། །རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་ནི་ཀུན་ཏུ་སྐྱོ་བ་ལ་སྒྲིབ་པའོ། །ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་ནི་བཏང་སྙོམས་ལ་སྒྲིབ་སྟེ། དེས་ནི་མི་མཐུན་
པ་ལ་ཁོང་ཁྲོ་བའི་གཞི་ལ་བཏང་སྙོམས་སུ་བྱེད་མི་ནུས་སོ། །ལྷག་མ་རྣམས་ནི་དེ་ཁོ་ན་མཐོང་བ་ལ། ཇི་ལྟ་ཞེ་ན། དེ་དག་ནི་གོ་རིམས་བཞིན་དུ། འཇིག་ཚོགས་ལྟ་དང་དེའི་གཞི་དང༌། །འགོག་དང་ལམ་དང་དཀོན་མཆོག་དང༌། །རྙེད་པ་དང་ནི་བཀུར་སྟི་དང༌། །ཡོ་བྱད་བསྙུངས་པ་ཡོངས་ཤེས་ལ། །སྒྲིབ་པ་ཡིན་ནོ། །ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་ནི་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པ་ལ་སྒྲིབ་པ་སྟེ། མངོན་པར་རྟོགས་པའི་དུས་ན་ངའོ་སྙམ་པའི་ང་རྒྱལ་བར་ཆད་དང་བཅས་པ་དང་བར་ཆད་མེད་པར་ཀུན་ཏུ་འབྱུང་བའི་དབང་གིས་དེ་མ་སྤངས་པའི་ཕྱིར་རོ། །མ་རིག་པའི་ཀུན་ཏུ་སྦྱོར་བ་ནི་འཇིག་ཚོགས་ལ་ལྟ་བའི་གཞི་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ། དེས་ཉེ་བར་ལེན་པའི་ཕུང་པོ་རྣམས་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །ལྟ་བའི་ཀུན་ཏུ་སྦྱོར་བ་ནི་འགོག་པའི་བདེན་པ་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ། འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་གཉིས་ཀྱིས་དེ་ལ་སྐྲག་པ་དང༌། ལོག་པར་ལྟ་བས་དེ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་ནི་ལམ་གྱི་བདེན་པ་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ། རྣམ་པ་གཞན་གྱིས་མཆོག་གི་དག་པར་མཆོག་ཏུ་འཛིན་པའི་ཕྱིར་རོ། །ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་ནི་དཀོན་མཆོག་གསུམ་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ། དེའི་ཡོན་ཏན་ལ་མངོན་པར་ཡིད་མི་ཆེས་པའི་ཕྱིར་རོ། །ཕྲག་དོག་གི་ཀུན་ཏུ་སྦྱོར་བ་ནི་རྙེད་པ་དང༌། བཀུར་སྟི་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ། དེའི་ཉེས་པ་མི་མཐོང་བའི་ཕྱིར་རོ། །སེར་སྣའི་ཀུན་ཏུ་སྦྱོར་བ་ནི་ཡོ་བྱད་བསྙུངས་པ་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ། ཡོ་བྱད་ལ་ལྷག་པར་ཞེན་པའི་ཕྱིར་རོ། །དགེ་ལ་སོགས་པ་བཅུ་ལ་གཞན། །དགེ་བ་ལ་སོགས་པ་རྣམ་པ་བཅུ་ལ་སྒྲིབ་པ་གཞན་དུ་རིག་པར་བྱའོ། །སྒྲིབ་པ་དེ་ནི་གང༌། དགེ་བ་ལ་སོགས་པ་ནི་གང་ཞེ་ན། སྦྱོར་བ་མེད་དང་སྐྱེ་མཆེད་མིན། །རྣལ་འབྱོར་མིན་པས་གང་བསྐྱེད་དང༌། །སྐྱེ་བ་མེད་དང་ཡིད་མི་བྱེད། །ཚོགས་ནི་རབ་ཏུ་མ་རྫོགས་དང༌། །རིགས་དང་བཤེས་གཉེན་མི་ལྡན་དང༌། །སེམས་ནི་ཡོངས་སུ་སྐྱོ་བ་དང༌། །སྒྲུབ་པ་དང་ཡང་མི་ལྡན་དང༌། །སྐྱེ་བོ་ངན་དང་འགྲོགས་པ་དང༌། །
རང་གི་གནས་ངན་ལེན་གསུམ་ལས། །ལྷག་མ་ཤེས་རབ་མ་སྨིན་དང༌། །རང་བཞིན་གྱིས་ནི་གནས་ངན་ལེན། །ལེ་ལོ་དང་ཡང་བདག་མེད་དང༌། །སྲིད་དང་ལོངས་སྤྱོད་ཆགས་པ་དང༌། །སེམས་ནི་ཞུམ་པར་གྱུར་པ་དང༌། །མ་དད་པ་དང་མ་མོས་དང། །སྒྲ་བཞིན་དུ་ནི་དཔྱོད་པ་དང༌། །དམ་ཆོས་ཆེད་ཆེར་མི་འཛིན་དང༌། །རྙེད་ལ་གདུ་དང་སྙིང་རྗེ་མེད། །ཐོས་པས་ཕོངས་དང་ཉུང་བ་དང༌། །ཏིང་འཛིན་སྐྱངས་པ་མ་བྱས་པའོ། །དེ་དག་ནི་སྒྲིབ་པའོ། །དགེ་བ་ལ་སོགས་པ་གང་ཞེ་ན། །དགེ་དང་བྱང་ཆུབ་ཡང་དག་འཛིན། །བློ་ལྡན་འཁྲུལ་མེད་སྒྲིབ་པ་མེད། །བསྔོ་དང་མི་སྐྲག་སེར་སྣ་མེད། །དབང་ནི་དགེ་ལ་སོགས་པའོ། །ཞེས་བྱ་བའོ། །དགེ་བ་ལ་སོགས་པ་འདི་དག་ལ་གང་གང་ལ་སྒྲིབ་པ་དུ་ཡོད་པར་ཤེས་པར་བྱ་ཞེ་ན། དེ་དག་གི་ནི་སྒྲིབ་པ་རྣམས། །གསུམ་གསུམ་དག་ཏུ་ཤེས་པར་བྱ། །ཞེས་གསུངས་སོ། །དགེ་བ་ལ་སྒྲིབ་པ་གསུམ་ནི་སྦྱོར་བ་མེད་པ་དང༌། སྐྱེ་མཆེད་མ་ཡིན་པ་ལ་སྦྱོར་བ་དང༌། ཚུལ་བཞིན་མ་ཡིན་པ་ལ་སྦྱོར་བའོ། །བྱང་ཆུབ་ཀྱི་སྒྲིབ་པ་གསུམ་ནི་དགེ་བ་མི་བསྐྱེད་པ་དང༌། ཡིད་ལ་མི་བྱེད་པ་དང༌། ཚོགས་ཡོངས་སུ་མ་རྫོགས་པའོ། །ཡང་དག་ པར་འཛིན་པ་ནི་བྱང་ཆུབ་ཏུ་སེམས ་བསྐྱེད་པ་སྟེ། དེའི་སྒྲིབ་པ་གསུམ་ནི་རིགས་དང་མི་ལྡན་པ་དང༌། དགེ་བའི་བཤེས་གཉེན་དང་མི་ལྡན་པ་དང༌། སེམས་ཡོངས་སུ་སྐྱོ་བའོ། །བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཉིད་དེ། དེའི་རབ་ཏུ་ཤེས་པ་ལ་སྒྲིབ་པ་གསུམ་ནི་སྒྲུབ་པ་དང་མི་ལྡན་པ་དང༌། སྐྱེ་བོ་ངན་པ་དང་འགྲོགས་པ་དང༌། སྐྱེ་བོ་སྡང་བ་དང་འགྲོགས་པའོ། །དེ་ལ་སྐྱེ་བོ་ངན་པ་ནི་སྐྱེ་བོ་བླུན་པའོ། །སྐྱེ་བོ་སྡང་བ་ནི་ཞེ་འགྲས་པ་རྣམས་སོ། །འཁྲུལ་པ་མེད་པ་ལ་སྒྲིབ་པ་གསུམ་ནི་ཕྱིན་ཅི་ལོག་གི་གནས་ངན་ལེན་དང༌། ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་གསུམ་ལས་ལྷག་མ་གང་ཡང་རུང་བ་དང༌། རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་ཡོངས་སུ་མ་སྨིན་པའོ། །སྒྲིབ་པ་སྤངས་པ་ནི་སྒྲིབ་པ་མེད་པ་སྟེ། དེ་ལ་སྒྲིབ་
པ་གསུམ་ནི་ལྷན་ཅིག་སྐྱེས་པའི་གནས་ངན་ལེན་དང༌། ལེ་ལོ་དང་བག་མེད་པའོ། །ཡོངས་སུ་བསྔོ་བའི་སྒྲིབ་པ་གསུམ་ནི་གང་དག་གིས་ སེམས་གཞན་དུ་ཡོངས་སུ་སྔོ་བར་བྱེད་ཀྱི། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་ནི་ཡོངས་སུ་མི་བསྔོ་བ་སྟེ། སྲིད་པ་ལ་ཆགས་པ་དང༌། ལོངས་སྤྱོད་ལ་ཆགས་པ་དང༌། སེམས་ཞུམ་པའོ། །མི་སྐྲག་པའི་སྒྲིབ་པ་གསུམ་ནི་གང་ཟག་ལ་མི་སྲིད་སྙམ་པ་དང༌། ཆོས་ལ་མི་མོས་པ་དང༌། དོན་ལ་སྒྲ་ཇི་བཞིན་དུ་དཔྱོད་པའོ། །སེར་སྣ་མེད་པའི་སྒྲིབ་པ་གསུམ་ནི་དམ་པའི་ཆོས་ལ་ཆེད་ཆེར་མི་འཛིན་པ་དང་རྙེད་པ་དང༌། བཀུར་སྟི་དང༌། མཆོད་པ་ལ་ཆེད་ཆེར་འཛིན་པ་དང༌། སེམས་ཅན་རྣམས་ལ་སྙིང་རྗེ་མེད་པའོ། །དབང་གི་སྒྲིབ་པ་གསུམ་ནི། གང་དག་གིས་དབང་བྱེད་པ་མི་འཐོབ་པ་སྟེ། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བསྐྱེད་པས་ཐོས་པས་ཕོངས་པ་དང༌། ཐོས་པས་ཉུང་བ་དང༌། ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་མ་བྱས་པའོ། །སྒྲིབ་པ་འདི་ནི་དགེ་བ་ལ་སོགས་པ་དོན་གང་ལ་བྱེད་རྒྱུ་བཅུར་འགྱུར་བ་དོན་དེའི་སྐབས་ཀྱིས་རིག་པར་བྱ་སྟེ། བྱེད་རྒྱུ་བཅུ་ལ་འབྱུང་བའི་བྱེད་རྒྱུ་ནི་དཔེར་ན་མིག་གི་རྣམ་ པར་ཤེས་པ་ལ་སོགས་པའི་མིག་ལ་སོགས་པ་ལྟ་བུའོ། །གནས་པའི་བྱེད་རྒྱུ་ནི་དཔེར་ན་སེམས ་ཅན་རྣམས་ཀྱི་ཟས་བཞི་ལྟ་བུའོ། །རྟེན་པའི་བྱེད་རྒྱུ་ནི་གང་གི་གནས་སུ་གང་གྱུར་པ་སྟེ། དཔེར་ན་སེམས་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་སྣོད་ཀྱི་འཇིག་རྟེན་ལྟ་བུའོ། །གསལ་བའི་བྱེད་རྒྱུ་ནི་དཔེར་ན་གཟུགས་ཀྱི་སྣང་བ་ལྟ་བུའོ། །འགྱུར་བའི་བྱེད་རྒྱུ་ནི་དཔེར་ན་བཙོ་བ་ལ་སོགས་པའི་མེ་ལ་སོགས་པ་ལྟ་བུའོ། །འབྲལ་བའི་བྱེད་རྒྱུ་ནི་དཔེར་ན་བརྡ་བར་བྱ་བ་ལ་སོགས་པའི་ཟོར་བ་ལ་སོགས་པ་ལྟ་བུའོ། །སྒྱུར་བའི་བྱེད་རྒྱུ་ནི་དཔེར་ན་གསེར་ལ་སོགས་པའི་གསེར་མགར་ལ་སོགས་པ་ལྟ་བུ་སྟེ། གང་བུ་ལ་སོགས་པའི་དངོས་པོར་བསྒྱུར་བའོ། །ཡིད་ཆེས་པའི་བྱེད་རྒྱུ་ནི་དཔེར་ན་མེ་ལ་སོགས་པའི་དུ་བ་ལ་སོགས་པ་ལྟ་བུའོ། །ཡིད་ཆེས་པར་བྱེད་པའི་བྱེད་རྒྱུ་ནི་དཔེར་ན་དམ་བཅས་པ་དང་གཏན་ཚིགས་ལྟ་བུའོ། །འཐོབ་པའི་བྱེད་རྒྱུ་ནི་དཔེར་ན་མྱ་ངན་ལས་
འདས་པ་ལ་སོགས་པའི་ལམ་ལ་སོགས་པ་ལྟ་བུའོ། །དེ་བཞིན་དུ་སྐྱེ་བ་ལ་སྒྲིབ་པ་ནི་དགེ་བ་ལ་སྒྲིབ་པ་སྟེ་དེ་བསྐྱེད་པར་བྱ་བའི་ཕྱིར་རོ། །གནས་པ་ལ་སྒྲིབ་པ་ནི་བྱང་ཆུབ་ལ་སྒྲིབ་སྟེ་དེ་མི་འཁྲུགས་པའི་ཕྱིར་རོ། །རྟེན་གྱི་སྒྲིབ་པ་ནི་ཡང་དག་ པར་འཛིན་པ་ལ་སྒྲིབ་སྟེ། བྱང་ཆུབ་ཀྱི་སེམས ་གཞིར་གྱུར་པའི་ཕྱིར་རོ། །གསལ་བ་ལ་སྒྲིབ་པ་ནི་བློ་དང་ལྡན་པ་ལ་སྒྲིབ་སྟེ། དེ་བསྟན་པར་བྱ་བའི་ཕྱིར་རོ། །འགྱུར་བ་ལ་སྒྲིབ་པ་ནི་འཁྲུལ་པ་མེད་པ་ལ་སྒྲིབ་སྟེ། དེ་ནི་འཁྲུལ་པ་ལྡོག་པས་འགྱུར་བའི་ཕྱིར་རོ། །འབྲལ་བ་ལ་སྒྲིབ་པ་ནི་སྒྲིབ་པ་མེད་པ་ལ་སྒྲིབ་སྟེ། དེའི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །སྒྱུར་བ་ལ་སྒྲིབ་པ་ནི་བསྔོ་བ་ལ་སྒྲིབ་སྟེ། བྱང་ཆུབ་ཏུ་སེམས་ཡོངས་སུ་བསྔོ་བའི་མཚན་ཉིད་ཀྱི་ཕྱིར་རོ། །ཡིད་ཆེས་པ་ལ་སྒྲིབ་པ་ནི་མི་སྐྲག་པ་ལ་སྒྲིབ་སྟེ། ཡིད་མི་ཆེས་པས་སྐྲག་པའི་ཕྱིར་རོ། །ཡིད་ཆེས་པར་བྱེད་པ་ལ་སྒྲིབ་པ་ནི་སེར་སྣ་མེད་པ་ལ་སྒྲིབ་སྟེ། ཆོས་ལ་སེར་སྣ་མེད་པས་གཞན་ཡིད་ཆེས་པར་བྱེད་པའི་ཕྱིར་རོ། །ཐོབ་པ་ལ་སྒྲིབ་པ་ནི་དབང་ལ་སྒྲིབ་སྟེ། དབང་བྱེད་པ་ཐོབ་པའི་མཚན་ཉིད་ཀྱི་ཕྱིར་རོ། །བྱེད་རྒྱུ་བཅུ་ནི་སྐྱེ་བ་དང༌། །གནས་པ་རྟེན་དང་བསྟན་བྱ་དང༌། །འགྱུར་དང་འབྲལ་དང་གཞན་དུ་དང༌། །ཡིད་ཆེས་གོ་འབྱེད་འཐོབ་རྣམས་ལ། །མིག་དང་ཟས་ས་མར་མེ་དང༌། །མེ་ལ་སོགས་པ་དེ་ཡི་དཔེ། །ཟོར་བ་བཟོ་ཤེས་དུ་བ་དང༌། །རྒྱུ་དང་ལམ་ལ་སོགས་པ་གཞན། །དགེ་བ་ལ་སོགས་པའི་གོ་རིམས་ནི་འདི་ཡིན་ཏེ། བྱང་ཆུབ་ཐོབ་པར་འདོད་པས་ཐོག་མ་ཉིད་དུ་དགེ་བའི་རྩ་བ་བསྐྱེད་པར་བྱའོ། །དེའི་འོག་ཏུ་དགེ་བའི་རྩ་བའི་སྟོབས་བསྐྱེད་ན་བྱང་ཆུབ་ཐོབ་ པར་བྱའོ། །དགེ་བའི་རྩ་བ་བསྐྱེད་པ་དེའི་གནས་ནི་བྱང་ཆུབ་ཀྱི་སེམས ་སོ། །བྱང་ཆུབ་ཀྱི་སེམས་དེའི་གནས་ནི་བྱང་ཆུབ་སེམས་དཔའོ། །བྱང་ཆུབ་ཀྱི་སེམས་བསྐྱེད་དེ། དགེ་བའི་རྩ་བའི་སྟོབས་བསྐྱེད་པ་ཐོབ་པའི་བྱང་ཆུབ་ སེམས་དཔའ་དེས་ཕྱིན་ཅི་ལོག་སྤང་བའི་ཕྱིར་ཕྱིན་ཅི་མ་ལོག་པ་བསྐྱེད་པར ་བྱའོ། །དེའི་འོག་ཏུ་མཐོང་བའི་ལམ་ལ་ཕྱིན་ཅི་མ་ལོག་པས་བསྒོམ་
པའི་ལམ་གྱི་སྒྲིབ་པ་ཐམས་ཅད་སྤང་བར་བྱའོ། །སྒྲིབ་པ་སྤངས་ནས་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེའི་འོག་ཏུ་བསྔོ་བའི་སྟོབས་བསྐྱེད་ནས་ཆོས་ཟབ་ཅིང་རྒྱ་ཆེ་བ་བསྟན་པ་དག་ལ་མི་སྐྲག་པར་བྱའོ། །དེ་ལྟར་མི་སྐྲག་པའི་ཡིད་ཀྱིས་ཆོས་རྣམས་ཀྱི་ཡོན་ཏན་མཐོང་ནས་གཞན་དག་ལ་ཆོས་དེ་དག་རྒྱ་ཆེར་ཡང་དག་པར་བསྟན་ པར་བྱའོ། །དེའི་འོག་ཏུ་བྱང་ཆུབ་སེམས ་དཔའ་དེ་ལྟར་ཡོན་ཏན་སྣ་ཚོགས་ཀྱི་སྟོབས་བསྐྱེད་པ་ཐོབ་པ་དེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་ཆོས་ཐམས་ཅད་ལ་དབང་འཐོབ་པོ། །ཕྱོགས་དང་ཕ་རོལ་ཕྱིན་ས་ལ། །སྒྲིབ་པ་དག་ནི་གཞན་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་སྒྲིབ་པ་ནི། གཞི་ལ་མི་མཁས་ལེ་ལོ་དང༌། །གཉིས་ཀྱིས་ཏིང་འཛིན་ཉམས་པ་དང༌། །མི་སྐྱེད་པ་དང་ཉམ་ཆུང་དང༌། །ལྟ་དང་གནས་ངན་ལེན་སྐྱོན་ཆགས། །གཞི་ལ་མི་མཁས་པ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྒྲིབ་པོ། །ལེ་ལོ་ནི་ཡང་དག་ པར་སྤོང་བ་རྣམས་ལ་སྒྲིབ་པོ། །གཉིས་ཀྱི་ཏིང་ངེ་འཛིན་ཉམས་པ་ནི་འདུན་པ་དང༌། བརྩོན་འགྲུས་དང་སེམས ་པ་དང༌། དཔྱོད་པ་རྣམས་ལས་གང་ཡང་རུང་བ་ཞིག་མ་ཚང་བས་ཡོངས་སུ་མ་རྫོགས་པ་དང༌། སྤོང་བའི་འདུ་བྱེད་བསྒོམ་པ་མ་ཚང་བས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྒྲིབ་པོ། །ཐར་བའི་ཆ་དང་མཐུན་པ་རྣམས་མི་སྐྱེད་བ་ནི་དབང་པོ་རྣམས་ལ་སྒྲིབ་པོ། །དབང་པོ་དེ་དག་ཉམ་ཆུང་བ་ནི་སྟོབས་རྣམས་ལ་སྒྲིབ་སྟེ། མི་མཐུན་པའི་ཕྱོགས་དང་འདྲེས་པའི་ཕྱིར་རོ། །ལྟ་བའི་ཉེས་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྒྲིབ་སྟེ། དེ་དག་མཐོང་བའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །གནས་ངན་ལེན་གྱི་ཉེས་པ་ནི་ལམ་གྱི་ཡན་ལག་རྣམས་ལ་སྒྲིབ་སྟེ། དེ་དག་བསྒོམ་པའི་ལམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པ་ནི། ཕྱུག་པོ་དང་ནི་བདེ་འགྲོ་དང༌། །སེམས་ཅན་མི་གཏོང་སྒྲིབ་པ་དང༌། །ཉེས་པ་དག་དང་ཡོན་ཏན་རྣམས། །འབྲི་དང་འཕེལ་དང་འཛུད་པ་དང༌། །གྲོལ་བར་བྱེད་དང་
མི་ཟད་དང༌། །དགེ་བ་རྒྱུན་མི་འཆད་པ་དང༌། །ངེས་པར་བྱེད་དང་ཆོས་རྣམས་ལ། །ལོངས་པར་སྤྱོད་དང་ཡོངས་སྨིན་བྱེད། །འདི་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ནི་ཕ་རོལ་ཏུ་ཕྱིན་པ་གང་གི་འབྲས་བུ་གང་ཡིན་པ་དེ་ལ་སྒྲིབ་པས་དེའི་སྒྲིབ་པ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཕྱུག་པོ་དང༌། བདག་པོ་ལ་སྒྲིབ་པས་སྒྲིབ་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་བདེ་འགྲོ་ལ་སྒྲིབ་པོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་སེམས་ཅན་ཡོངས་སུ་མི་གཏོང་བ་ལ་སྒྲིབ་པོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཉེས་པ་དང་ཡོན་ཏན་འབྲི་ཞིང་འཕེལ་བ་ལ་སྒྲིབ་པོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་གདུལ་བྱ་འཇུད་པ་ལ་སྒྲིབ་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་རྣམ་པར་གྲོལ་བར་བྱེད་པ་ལ་སྒྲིབ་པོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་སྦྱིན་པ་ལ་སོགས་པ་མི་ཟད་པ་ལ་སྒྲིབ་སྟེ། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པས་དེ་མི་ཟད་པའི་ཕྱིར་རོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཚེ་རབས་ཐམས་ཅད་དུ་དགེ་བ་རྒྱུན་མི་འཆད་པར་འབྱུང་བ་ལ་སྒྲིབ་སྟེ། སྨོན་ལམ་གྱི་དབང་གིས་དེ་དང་མཐུན་པའི་སྐྱེ་བ་ཡོངས་སུ་འཛིན་པའི་ཕྱིར་རོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་དགེ་བ་དེ་ཉིད་ངེས་པར་བྱེད་པ་ལ་སྒྲིབ་སྟེ། སོ་སོར་བརྟགས་པ་དང་བསྒོམས་པའི་སྟོབས་ཀྱིས་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་གནོན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་བདག་དང་གཞན་ཆོས་ལ་ལོངས་སྤྱོད་པ་དང༌། ཡོངས་སུ་སྨིན་པར་བྱེད་པ་ལ་སྒྲིབ་སྟེ། ཐོས་པའི་དོན་སྒྲ་ཇི་བཞིན་མ་ཡིན་པར་ཁོང་དུ་ཆུད་པའི་ཕྱིར་རོ། །ས་རྣམས་ལ་ཡང་གོ་རིམས་བཞིན་ཏེ། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང༌། །ཡོངས་སུ་འཛིན་པ་མེད་དོན་དང༌། །རྒྱུད་རྣམས་ཐ་དད་མེད་དོན་དང༌། །ཉོན་མོངས་རྣམ་དག་མིན་དོན་དང༌། །ཐ་དད་མེད་པའི་དོན་ཉིད་དང༌། །བྲི་མེད་འཕེལ་བ་མེད་དོན་དང༌། །དབང་ནི་རྣམ་པ་བཞི་ཡི་གནས། །ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་
མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། །ཀུན་ཏུ་འགྲོ་བའི་དོན་ལ་སོགས་པའི་ཆོས་ཀྱི་དབྱིངས་རྣམ་པ་བཅུ་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་ལ་གོ་རིམས་བཞིན་དུ་སྒྲིབ་སྟེ། དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཕྱིར་རོ། །འདི་ལྟ་སྟེ། ས་དང་པོ་ལ་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་ལ་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་ཏེ། དེས་བདག་དང་གཞན་མཉམ་པ་ཉིད་རབ་ཏུ་འཐོབ་པོ། །གཉིས་པ་ལ་ནི་མཆོག་གི་དོན་དུ་རྟོགས་ཏེ། དེས་འདི་སྙམ་དུ་སེམས་ཏེ། དེ་ལྟ་བས་ན་བསྒྲུབ་ཏུ་མཚུངས་པ་ལ་བདག་གིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྦྱོང་བ་མངོན་པར་བསྒྲུབ་པ་ཉིད་ལ་མངོན་པར་བརྩོན་པར་བྱའོ་སྙམ་མོ། །གསུམ་པ་ལ་ནི་དེའི་རྒྱུ་མཐུན་པ་དོན་གྱི་མཆོག་ཏུ་རྟོགས་ཏེ། དེས་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཐོས་པ་མཆོག་ཏུ་རིག་ནས། དེའི་ཕྱིར་མེའི་འོབས་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚད་ཙམ་དུ་ཡང་བདག་ཉིད་མཆོད་དོ། །བཞི་པ་ལ་ནི་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས་ཏེ། འདི་ལྟར་ཆོས་ལ་སྲེད་པ་ལ་ཡང་ལྡོག་གོ །ལྔ་པ་ལ་ནི་རྒྱུད་ཐ་དད་པ་མེད་པའི་དོན་དུ་རྟོགས་ཏེ། སེམས་དང་བསམ་པ་རྣམ་པར ་དག་པ་མཉམ་པ་ཉིད་རྣམ་པ་བཅུས་རྟོགས་སོ། །དྲུག་པ་ལ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་དག་པ་མ་ཡིན་པའི་དོན་དུ་རྟོགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ལ་གང་ཀུན་ཉོན་མོངས་པར་འགྱུར་བའམ་རྣམ་པར་དག་པར་འགྱུར་བའི་ཆོས་དེ་གང་ཡིན་ཡང་མེད་པར་རབ་ཏུ་རྟོགས་པའི་ཕྱིར་རོ། །བདུན་པ་ལ་ནི་ཐ་དད་པ་མེད་པའི་དོན་དུ་རྟོགས་ཏེ། མཚན་མ་མེད་པས་མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་ཐ་དད་པར་མི་འབྱུང་བའི་ཕྱིར་རོ། །བརྒྱད་པ་ལ་ནི་བྲི་བ་མེད་ཅིང་འཕེལ་བ་མེད་པའི་དོན་དུ་རྟོགས་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ན་ཡང་བྲི་བའམ་འཕེལ་བ་མི་མཐོང་བའི་ཕྱིར་རོ། །དབང་རྣམ་པ་བཞི་ནི་རྣམ་པར་མི་རྟོག་པ་ལ་དབང་བ་དང༌། ཞིང་ཡོངས་སུ་དག་པ་ལ་དབང་བ་དང༌། ཡེ་ཤེས་ལ་དབང་བ་དང༌། ལས་ལ་དབང་བའོ། །དེ་ལས་བརྒྱད་པ་ཉིད་ལ་ཆོས་ཀྱི་
དབྱིངས་ལ་དབང་བ་དང་པོ་དང༌། འོག་གི་གནས་ཉིད་དུ་རབ་ཏུ་རྟོགས་སོ། །དགུ་པ་ལ་ནི་ཡེ་ཤེས་ལ་དབང་བའི་གནས་ཉིད་དུ་རྟོགས་ཏེ། སོ་སོ་ཡང་དག་པར་རིག་པ་ཐོབ་པའི་ཕྱིར་རོ། །བཅུ་པ་ལ་ནི་ལས་ལ་དབང་བའི་གནས་ཉིད་དུ་རྟོགས་ཏེ། ཇི་ལྟར་བཞེད་པ་བཞིན་དུ་སྤྲུལ་པ་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །མདོར་བསྡུ་ན། ཉོན་མོངས་པ་ཡི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །སྒྲིབ་པ་རྣམ་པ་གཉིས་པོ་འདི་ཟད་ན་སྒྲིབ་པ་ཐམས་ཅད་ལས་གྲོལ་བར་འདོད་དོ། །སྒྲིབ་པ་རྣམས་ཀྱི་དོན་བསྡུས་པ་སྟེ། སྒྲིབ་པ་ཆེན་པོ་ནི་ཁྱབ་པ་གང་ཡིན་པའོ། །སྒྲིབ་པ་ཆུང་ངུ་ནི་ཉེ་ཚེ་པ་གང་ཡིན་པའོ། །སྦྱོར་བའི་སྒྲིབ་པ་ནི་ལྷག་པ་གང་ཡིན་པའོ། །ཐོབ་པ་ལ་སྒྲིབ་པ་ནི་མཉམ་པ་གང་ཡིན་པའོ། །འཐོབ་པ་ཁྱད་པར་ཅན་ལ་སྒྲིབ་པ་ནི་ལེན་པ་དང་སྤོང་བ་གང་ཡིན་པའོ། །ཡང་དག་པར་སྦྱོར་བ་ལ་སྒྲིབ་པ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པ་དགུ་གང་ཡིན་པའོ། །རྒྱུ་ལ་སྒྲིབ་པ་ནི་དགེ་བ་ལ་སོགས་པ་རྣམ་པ་བཅུ་ལ་སྒྲིབ་པ་གང་ཡིན་པ་སྟེ། རྒྱུའི་དོན་གྱི་སྐབས་ཀྱི་ཕྱིར་རོ། །དེ་ཁོ་ན་ལ་འཇུག་པ་ལ་སྒྲིབ་པ་ནི་བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་སྒྲིབ་པ་གང་ཡིན་པའོ། །དགེ་བ་བླ་ན་མེད་པ་ལ་སྒྲིབ་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲིབ་པ་གང་ཡིན་པའོ། །དེ་ཁྱད་པར་དུ་འགྲོ་བ་ལ་སྒྲིབ་པ་ནི་ས་རྣམས་ལ་སྒྲིབ་པ་གང་ཡིན་པའོ། །བསྡུས་པའི་སྒྲིབ་པ་ནི་མདོར་བསྡུས་པ་རྣམ་པ་གཉིས་པོ་གང་ཡིན་པའོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་སྒྲིབ་པའི་ལེའུར་བཅད་པ་ཞེས་བྱ་བ་གཉིས་པའི་འགྲེལ་པའོ།། །།དེ་ཁོ་ནའི་དབང་དུ་མཛད་དེ་གསུངས་པ། རྩ་བ་མཚན་ཉིད་དེ་ཁོ་ན། །ཕྱིན་ཅི་མ་ལོག་མཚན་ཉིད་དང༌། །འབྲས་བུ་རྒྱུ་ཡི་དེ་ཁོ་ན། །རགས་པ་དང་ནི་ཕྲ་བ་དང༌། །གྲགས་དང་རྣམ་པར་དག་ཡུལ་དང༌། །བསྡུ་དང་དབྱེ་བའི་མཚན་ཉིད་དང༌། །མཁས་དེ་ཁོ་ན་རྣམ་བཅུ་ནི། །བདག་ཏུ་ལྟ་བའི་གཉེན་པོའོ། །ཞེས་བྱ་བ་འདི་དག་ནི་དེ་ཁོ་ན་རྣམ་པ་བཅུ་སྟེ། འདི་ལྟ་སྟེ། རྩ་བའི་
དེ་ཁོ་ན་དང༌། མཚན་ཉིད་ཀྱི་དེ་ཁོ་ན་དང༌། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་དང༌། འབྲས་བུ་དང་རྒྱུའི་དེ་ཁོ་ན་དང༌། རགས་པ་དང་ཕྲ་བའི་དེ་ཁོ་ན་དང༌། གྲགས་པའི་དེ་ཁོ་ན་དང༌། རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་དང༌། བསྡུ་བའི་དེ་ཁོ་ན་དང༌། རབ་ཏུ་དབྱེ་བའི་དེ་ཁོ་ན་དང༌། མཁས་པའི་དེ་ཁོ་ན་སྟེ། རྣམ་པ་བཅུ་པོ་དེ་ཡང་བདག་ཏུ་འཛིན་པ་རྣམ་པ་བཅུའི་གཉེན་པོར་རིག་པར་བྱའོ། །འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང༌། དབང་པོ་ལ་མཁས་པ་དང༌། དུས་ལ་མཁས་པ་དང༌། བདེན་པ་ལ་མཁས་པ་དང༌། ཐེག་པ་ལ་མཁས་པ་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ལ་མཁས་པའོ། །དེ་ལ་རྩ་བའི་དེ་ཁོ་ན་ནི་ངོ་བོ་ཉིད་རྣམ་པ་གསུམ་སྟེ། ཀུན་བརྟགས་པ་དང། གཞན་གྱི་དབང་དང༌། ཡོངས་སུ་གྲུབ་པ་སྟེ། དེ་ལ་དེ་ཁོ་ན་གཞན་རྣམ་པར་གཞག་པའི་ཕྱིར་རོ། །དེ་ཅིའི་ཕྱིར་འདིར་ངོ་བོ་ཉིད་གསུམ་ལ་དེ་ཁོ་ན་ཞེས་བྱ་བར་འདོད་ཅེ་ན། ངོ་བོ་ཉིད་གསུམ་རྟག་མེད་དང༌། །ཡོད་ཀྱང་ཁོ་ན་མ་ཡིན་དང༌། །ཡོད་དང་མེད་དེ་ཁོ་ན་སྟེ། །ངོ་བོ་ཉིད་ནི་གསུམ་དུ་འདོད། །ཀུན་ཏུ་བརྟགས་པའི་མཚན་ཉིད་ནི་རྟག་ཏུ་མེད་པའོ། །དེ་ནི་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ལ་དེ་ཁོ་ན་ཞེས་བྱ་སྟེ། ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །གཞན་གྱི་དབང་གི་མཚན་ཉིད་ནི་ཡོད་ཀྱང་ཡང་དག་པ་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །དེ་ལྟ་བས་ན་གཞན་གྱི་དབང་གི་ངོ་བོ་ཉིད་ལ་དེ་ཁོ་ན་ཞེས་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཡོད་པ་དང་མེད་པའི་དེ་ཁོ་ན་སྟེ། དེ་བས་ན་འདི་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་དེ་ཁོ་ནའོ། །མཚན་ཉིད་ཀྱི་དེ་ཁོ་ན་གང་ཞེ་ན། འདི་ལ་ཆོས་དང་གང་ཟག་དང༌། །གཟུང་བ་དག་དང་འཛིན་པ་དང༌། །ཡོད་དང་མེད་པར་སྒྲོ་འདོགས་པ་དང༌། །སྐུར་བ་འདེབས་པར་ལྟ་བ་དང༌། །གང་ཤེས་ནས་ནི་མི་འབྱུང་བ། །དེ་དེ་ཁོ་ནའི་མཚན་ཉིད་དོ། །གང་ཤེས་ནས་གང་ཟག་དང་ཆོས་གཉིས་ལ་སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པར་ལྟ་བ་མི་འབྱུང་བ་དེ་ནི་ཀུན་
བརྟགས་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ནའི་མཚན་ཉིད་དོ། །གང་ཤེས་ནས་གཟུང་བ་དང༌། འཛིན་པ་གཉིས་ལ་སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པར་ལྟ་བ་མི་འབྱུང་བ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དེ་ཁོ་ནའི་མཚན་ཉིད་དོ། །གང་ཤེས་ནས་དངོས་པོ་དང་དངོས་པོ་མེད་པར་སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པར་ལྟ་བ་མི་འབྱུང་བ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ནའི་མཚན་ཉིད་དོ། །རྩ་བའི་དེ་ཁོ་ན་ལ་མཚན་ཉིད་ཀྱི་དེ་ཁོ་ན་ཕྱིན་ཅི་མ་ལོག་པ་འདི་ནི་མཚན་ཉིད་ཀྱི་དེ་ཁོ་ན་ཞེས་བྱའོ། །ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ནི་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་པའི་གཉེན་པོར་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་ཉིད་དོ། །རྩ་བའི་དེ་ཁོ་ན་དེར་ཇི་ལྟར་ན་མི་རྟག་པ་ལ་སོགས་པ་ཉིད་རིག་པར་བྱ་ཞེ་ན། མི་རྟག་དོན་ནི་མེད་དོན་དང༌། །སྐྱེ་ཞིང་འཇིག་པའི་མཚན་ཉིད་དང༌། །དྲི་བཅས་དྲི་མ་མེད་དོན་ཏེ། །རྩ་བའི་ཁོ་ནར་གོ་རིམས་བཞིན། །མི་རྟག་པའི་དོན་ནི་རྣམ་པ་གསུམ་སྟེ། མེད་པའི་དོན་དང༌། སྐྱེ་ཞིང་འཇིག་པའི་དོན་དང༌། དྲི་མ་དང་བཅས་ཤིང་དྲི་མ་མེད་པ་ཉིད་ཀྱི་དོན་ནི་རྩ་བའི་དེ་ཁོ་ནར་ངོ་བོ་ཉིད་གསུམ་པོ་དག་དང་གོ་རིམས་བཞིན་ནོ། །སྡུག་བསྔལ་ལེན་དང་མཚན་ཉིད་དང༌། །འབྲེལ་བ་གཞན་དུ་འདོད་པ་ཡིན། །གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་ཉེ་བར་ལེན་པའི་ཕྱིར། ཉེ་བར་ལེན་པའི་སྡུག་བསྔལ་བ་དང༌། སྡུག་བསྔལ་བ་ཉིད་གསུམ་གྱི་མཚན་ཉིད་ཡིན་པས་མཚན་ཉིད་དང༌། སྡུག་བསྔལ་དང་འབྲེལ་པའི་ཕྱིར་འབྲེལ་བ་ཡང་སྟེ། རྩ་བའི་དེ་ཁོ་ན་ཉིད་ཀྱི་ནང་དུ་གོ་རིམས་བཞིན་ནོ། །དངོས་མེད་དེ་དངོས་མ་ཡིན་དང༌། །རང་བཞིན་གྱིས་ནི་སྟོང་པར་འདོད། །ཀུན་བརྟགས་པའི་མཚན་ཉིད་ནི་རྣམ་པ་གང་གིས་ཀྱང་ཡོད་པ་མ་ཡིན་ཏེ། དངོས་པོ་མེད་པ་ཉིད་པས་དེའི་སྟོང་པ་ཉིད་དོ། །གཞན་གྱི་དབང་གི་མཚན་ཉིད་ནི་ཇི་ལྟར་ཀུན་བརྟགས་པ་དེ་ལྟར་མེད་ཀྱི། ཡེ་ཤེས་མེད་པ་ས་ནི་མ་ཡིན་ཏེ། དེ་མ་ཡིན་པས་དེའི་སྟོང་པ་ཉིད་དོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཁོ་ན་ཡིན་པས་རང་བཞིན་ཁོ་ནས་དེའི་སྟོང་པ་ཉིད་དོ། །མཚན་
ཉིད་མེད་པས་བདག་མེད་དང༌། །དེ་དང་མི་མཐུན་མཚན་ཉིད་དང༌། །རང་གི་མཚན་ཉིད་བསྟན་པ་ཡིན། །ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ཀྱིས་མེད་པའི་ཕྱིར་རོ། །མཚན་ཉིད་དེའི་བདག་མེད་པ་ཉིད་དོ། །གཞན་གྱི་དབང་གི་མཚན་ཉིད་ནི་ཡོད་ཀྱང་ཇི་ལྟར་ཀུན་ཏུ་བརྟགས་པ་བཞིན་དུ་མེད་པས་དེ་དང་མི་མཐུན་པའི་མཚན་ཉིད་ཀྱིས་དེའི་བདག་མེད་པའོ། །ཡོངས་སུ་གྲུབ་པ་ནི་ངོ་བོ་ཉིད་ཀྱིས་བདག་མེད་པ་ཉིད་པས་རང་གི་མཚན་ཉིད་ཀྱིས་དེའི་བདག་མེད་པའོ། །རྩ་བ་དེ་ཁོ་ན་རྣམ་པ་གསུམ་ལ་མི་རྟག་པ་ཉིད་རྣམ་པ་གསུམ་ཡོངས་སུ་བསྟན་ཏོ། མེད་པའི་དོན་མི་རྟག་པ་ཉིད་དང༌། སྐྱེ་ཞིང་འཇིག་པ་མི་རྟག་པ་ཉིད་དང༌། དྲི་མ་དང་བཅས་ཤིང་དྲི་མ་མེད་པ་མི་རྟག་པ་ཉིད་དོ། །སྡུག་བསྔལ་ཉིད་རྣམ་པ་གསུམ་སྟེ། ཉེ་བར་ལེན་པས་སྡུག་བསྔལ་ཉིད་དང༌། མཚན་ཉིད་ཀྱིས་སྡུག་བསྔལ་ཉིད་དང། འབྲེལ་བས་སྡུག་བསྔལ་ཉིད་དོ། །སྟོང་པ་ཉིད་རྣམ་པ་གསུམ་སྟེ། དངོས་པོ་མེད་པས་སྟོང་པ་ཉིད་དང༌། དེ་མ་ཡིན་པས་སྟོང་པ་ཉིད་དང༌། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དོ། །བདག་མེད་པ་རྣམ་པ་གསུམ་སྟེ། མཚན་ཉིད་མེད་པས་བདག་མེད་པ་དང༌། མི་མཐུན་པའི་མཚན་ཉིད་ཀྱིས་བདག་མེད་པ་དང༌། རང་གི་མཚན་ཉིད་ཀྱིས་བདག་མེད་པའོ། །འབྲས་བུ་དང་རྒྱུའི་དེ་ཁོ་ན་ནི་རྩ་བའི་དེ་ཁོ་ན་ཉིད་ལ་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་གྱི་བདེན་པ་ཉིད་དོ། །ཇི་ལྟར་རྩ་བའི་དེ་ཁོ་ན་རྣམ་པ་གསུམ་ལས་སྡུག་བསྔལ་ལ་སོགས་པའི་བདེན་པ་ཞེས་བྱ་ཞེ་ན། འདི་ལྟར་དེ་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཀྱིས་ཏེ། དེའི་ཕྱིར་སྡུག་བསྔལ་བདེན་པར་འདོད། །ཀུན་འབྱུང་བའི་དོན་རྣམ་པ་གསུམ་གྱིས་ཀུན་འབྱུང་བའི་བདེན་པ་སྟེ། ཀུན་འབྱུང་བའི་དོན་རྣམ་པ་གསུམ་ནི། བག་ཆགས་དང་ནི་ཀུན་ནས་འབྱུང༌། །མ་བྲལ་བ་ཡང་དེ་བཞིན་ནོ། །བག་ཆགས་ཀྱི་ཀུན་འབྱུང་བ་ནི། ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་སོ། །ཀུན་ནས་འབྱུང་བའི་ཀུན་འབྱུང་བ་ནི་ལས་དང་ཉོན་མོངས་པ་རྣམས་སོ། །མ་བྲལ་
བའི་ཀུན་འབྱུང་ནི་དེ་བཞིན་ཉིད་སྒྲིབ་པ་དང་མ་བྲལ་བའོ། །འགོག་པ་རྣམ་པ་གསུམ་གྱིས་འགོག་པའི་བདེན་པ་སྟེ་འགོག་པ་རྣམ་པ་གསུམ་མོ། །འགོག་པ་རྣམ་པ་གསུམ་ནི། །ངོ་བོ་ཉིད་དང་གཉིས་མི་སྐྱེ། །དྲི་མ་ཞི་བ་གཉིས་སུ་འདོད། །ངོ་བོ་ཉིད་ཀྱིས་མི་སྐྱེ་བ་དང༌། གཟུང་བ་དང་འཛིན་པ་གཉིས་མི་སྐྱེ་བ་དང༌། དྲི་མ་ཞི་བ་གཉིས་ཀྱང་སྟེ། སོ་སོར་བརྟགས་པའི་འགོག་པ་དང༌། དེ་བཞིན་ཉིད་ཅེས་བྱའོ། །འདི་ནི་འགོག་པ་རྣམ་གསུམ་སྟེ། །འདི་ལྟ་སྟེ། ངོ་བོ་ཉིད་ཀྱིས་འགོག་པ་དང༌། གཉིས་པོ་འགོག་པ་དང༌། རང་བཞིན་གྱིས་འགོག་པའོ། །ལམ་གྱི་བདེན་པ་རྩ་བའི་དེ་ཁོ་ན་རྣམ་པ་གསུམ་དུ་ཇི་ལྟར་གཞག་ཅེ་ན། ཡོངས་སུ་ཤེས་དང་སྤང་བ་དང༌། །ཐོབ་པར་མངོན་སུམ་བྱ་བས་ནི། །ལམ་གྱི་བདེན་པ་ཡང་དག་བཤད། །ཀུན་བརྟགས་པ་ནི་ཡོངས་སུ་ཤེས་པར་བྱའོ། །གཞན་གྱི་དབང་ནི་ཡོངས་སུ་ཤེས་པར་བྱ་བ་དང་སྤང་བའོ། །ཡོངས་སུ་གྲུབ་པ་ནི་ཡོངས་སུ་ཤེས་པར་བྱ་བ་དང༌། ཐོབ་པར་མངོན་སུམ་དུ་བྱའོ། །དེ་ལྟར་འདིར་ཡོངས་སུ་ཤེས་པར་བྱ་བ་དང༌། སྤང་བར་བྱ་བ་དང༌། མངོན་སུམ་དུ་བྱས་པས་ལམ་གྱི་བདེན་པ་རྣམ་པར་གཞག་པར་རིག་པར་བྱའོ། །རགས་པ་དང་ཕྲ་བའི་དེ་ཁོ་ན་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པའོ། །དེ་རྩ་བའི་དེ་ཁོ་ནར་ཇི་ལྟར་རིག་པར་བྱ་ཞེ་ན། བརྟགས་པ་དང་ནི་ཤེས་པ་དང༌། །དེ་བཞིན་བརྗོད་པ་རགས་པ་ཡིན། །ཀུན་རྫོབ་པ་ནི་རྣམ་པ་གསུམ་སྟེ། བརྟགས་པའི་ཀུན་རྫོབ་དང༌། ཤེས་པའི་ཀུན་རྫོབ་དང༌། བརྗོད་པ་ཡང་དག་པའི་ཀུན་རྫོབ་པོ། །དེས་ཀུན་རྫོབ་ཀྱི་བདེན་པ་ཉིད་དེ་རྩ་བའི་དེ་ཁོ་ནར་གོ་རིམས་བཞིན་དུ་རིག་པར་བྱའོ། །དམ་པའི་དོན་ནི་གཅིག་པུའོ། །དོན་དམ་པའི་བདེན་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཅིག་པུར་རིག་པར་བྱའོ། །དེ་ཡང་ཇི་ལྟར་དོན་དམ་པ་ཡིན་ཞེ་ན། དོན་དང་ཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་འདོད། །དོན་དམ་པ་ནི་དེ་བཞིན་ཉིད་དེ་ཡེ་ཤེས་དམ་པའི་དོན་ཡིན་པའི་ཕྱིར་རོ། །ཐོབ་པར་བྱ་བའི་དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ་དོན་གྱི་དམ་པ་
ཡིན་པའི་ཕྱིར་རོ། །སྒྲུབ་པ་དོན་དམ་པ་ནི་ལམ་སྟེ་དེའི་དོན་ནི་དམ་པ་ཡིན་པའི་ཕྱིར་རོ། །འདུས་མ་བྱས་དང་འདུས་བྱས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་ཇི་སྐད་དུ་བརྗོད་ཅེ་ན། འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །འདུས་མ་བྱས་ནི་འགྱུར་བ་མེད་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའོ། །འདུས་བྱས་འདི་ལམ་གྱིས་བསྡུས་པ་སྟེ། ཕྱིན་ཅི་མ་ལོག་པས་ཡོངས་སུ་གྲུབ་པ་སྟེ། ཤེས་བྱའི་དངོས་པོ་ལ་ཕྱིན་ཅི་ལོག་མེད་པའི་ཕྱིར་རོ། །གྲགས་པ་དེ་ཁོ་ན་རྩ་བའི་དེ་ཁོ་ན་ལ་བློ་ཇི་ལྟར་རྣམ་པར་གཞག་ཅེ་ན། གྲགས་པའི་དེ་ཁོ་ན་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་གྲགས་པ་དང༌། རིགས་པའི་གྲགས་པའོ། །དེ་ལ། གཅིག་གིས་འཇིག་རྟེན་གྲགས་པ་སྟེ། །ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ཏེ། འཇིག་རྟེན་པ་ཐམས་ཅད་ཀྱི་བརྡ་ལ་འདྲིས་པའི་རྗེས་སུ་ཞུགས་པའི་བློས་དངོས་པོ་གང་ལ་འདི་ནི་ས་ཡིན་གྱི་མེ་མ་ཡིན་ནོ་ཞེས་བྱ་བ་དང༌། འདི་ནི་གཟུགས་ཡིན་གྱི་སྒྲ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་ལྟ་བ་མཐུན་པ་ཡིན་ནོ། །གསུམ་གྱིས་རིགས་པའི་གྲགས་པའོ། །གང་ཟག་དམ་པ་རིགས་པའི་དོན་ལ་མཁས་པ་རྟོག་གེ་པ་སྤྱོད་ཡུལ་ཅན་དག་ཚད་མ་གསུམ་ལ་བརྟེན་ནས་འཐད་པས་སྒྲུབ་པའི་རིགས་པས་གྲགས་པའི་དངོས་པོའོ། །རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཉིད་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང༌། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཏེ། །གཅིག་པུ་ཁོ་ནར་བརྗོད་པ་ཡིན། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་བརྗོད་དེ་ངོ་བོ་ཉིད་གཞན་ནི་རྣམ་པར་དག་པའི་ཡེ་ཤེས་རྣམ་པ་གཉིས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །བསྡུ་བའི་དེ་ཁོ་ན་རྩ་བའི་དེ་ཁོ་ནར་ཇི་ལྟར་རིག་པར་བྱ་ཞེ་ན། རྒྱུ་དང་རྣམ་པར་རྟོག་པ་དང༌། །མིང་ནི་རྣམ་པ་གཉིས་སུ་བསྡུ། །ཅི་རིགས་སུ་སྦྱར་རོ། །དངོས་པོ་ལྔ་ལས་བརྩམས་ཏེ། རྒྱུ་དང་རྣམ་པར་རྟོག་པ་གཉིས་ནི་གཞན་གྱི་དབང་དུ་བསྡུའོ། །མིང་ནི་ཀུན་བརྟགས་པར་བསྡུའོ། །ཡང་དག་ཡེ་ཤེས་རབ་ཁོ་ན། །གཅིག་
པུ་ཁོ་ནས་བསྡུས་པ་ཡིན། །དེ་བཞིན་ཉིད་དང་ཡང་དག་པའི་མཐའི་ཡེ་ཤེས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱིས་བསྡུས་སོ། །རབ་ཏུ་དབྱེ་བའི་དེ་ཁོ་ན་རྩ་བའི་དེ་ཁོ་ནར་ཇི་ལྟར་རིག་པར་བྱ་ཞེ་ན། རབ་ཏུ་དབྱེ་བའི་དེ་ཁོ་ན་རྣམ་པ་བདུན་ཏེ། འཇུག་པའི་དེ་ཁོ་ན་དང༌། མཚན་ཉིད་ཀྱི་དེ་ཁོ་ན་དང༌། རྣམ་པར་རིག་པའི་དེ་ཁོ་ན་དང༌། གནས་པའི་དེ་ཁོ་ན་དང༌། ལོག་པར་སྒྲུབ་པའི་དེ་ཁོ་ན་དང༌། རྣམ་པར་དག་པའི་དེ་ཁོ་ན་དང༌། ཡང་དག་པར་སྒྲུབ་པའི་དེ་ཁོ་ན་སྟེ། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། དེ་བཞིན་ཉིད་རྣམ་པ་བདུན་འབྱུང་བ་གང་ཡིན་པ་དེ་དག་ཉིད་དོ། །དེ་ལ། འཇུག་དེ་ཁོ་ན་རྣམ་པ་གཉིས། །རྩ་བའི་དེ་ཁོ་ན་ཀུན་བརྟགས་པ་དང༌། གཞན་གྱི་དབང་གི་མཚན་ཉིད་དུ་རིག་པར་བྱའོ། །འཇུག་པའི་དེ་ཁོ་ན་ཇི་ལྟ་བ་བཞིན་དུ། གནས་པ་དང་ནི་ངན་པར་ཞུགས། །གནས་པ་དང་ལོག་པར་སྒྲུབ་པའི་དེ་ཁོ་ན་ཡང་དེ་བཞིན་དུ་རྩ་བའི་དེ་ཁོ་ན་རྣམ་པ་གཉིས་སུ་རིག་པར་བྱའོ། །མཚན་ཉིད་རྣམ་པར་རིག་དང་དག །ཡང་དག་སྒྲུབ་པ་གཅིག་པུའོ། །མཚན་ཉིད་ཀྱི་དེ་ཁོ་ན་ལ་སོགས་པ་བཞི་ནི་རྩ་བའི་དེ་ཁོ་ན་གཅིག་སྟེ། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །མཁས་དེ་ཁོ་ན་རྣམ་བཅུ་ནི། །བདག་ཏུ་ལྟ་བའི་གཉེན་པོའོ། །ཞེས་གསུངས་ན་ཕུང་པོ་ལ་སོགས་པ་ལ་བདག་ཏུ་ལྟ་བ་རྣམ་པ་བཅུ་པོ་དེ་དག་ཇི་ལྟ་ཞེ་ན། གཅིག་དང་རྒྱུ་དང་ཟ་བ་དང༌། །བྱེད་པ་དང་ནི་དབང་སྒྱུར་དང༌། །བདག་པོའི་དོན་དང་རྟག་པ་དང༌། །ཉོན་མོངས་པ་དང་དག་པའི་གནས། །རྣལ་འབྱོར་ཅན་དང་མ་གྲོལ་གྲོལ། །འདི་དག་ལ་ནི་བདག་ཏུ་ལྟ། །བདག་མེད་པ་ལ་འཛིན་པ་རྣམ་པ་འདི་བཅུ་ནི། ཕུང་པོ་ལ་སོགས་པ་ལ་འཇུག་སྟེ། དེའི་གཉེན་པོར་མཁས་པ་རྣམ་པ་བཅུའོ། །འདི་ལྟ་སྟེ། གཅིག་པུར་འཛིན་པ་དང༌། རྒྱུར་འཛིན་པ་དང༌། ཟ་བར་འཛིན་པ་དང༌། བྱེད་པར་འཛིན་པ་དང༌། རང་དབང་དུ་འཛིན་པ་དང༌། བདག་པོར་འཛིན་པ་དང༌། རྟག་པར་འཛིན་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་འཛིན་པ་དང༌། རྣལ་འབྱོར་ཅན་དུ་འཛིན་པ་དང༌། མ་གྲོལ་
བ་དང་གྲོལ་བར་འཛིན་པའོ། །མཁས་པའི་དེ་ཁོ་ན་རྣམ་པ་བཅུ་པོ་འདི་དག་རྩ་བའི་དེ་ཁོ་ནར་ཇི་ལྟར་འདུས་ཤེ་ན། འདི་ལྟར་ངོ་བོ་ཉིད་གསུམ་དུ་ཕུང་པོ་ལ་སོགས་པ་དེ་དག་འདུས་སོ། །ཇི་ལྟར་འདུས་ཤེ་ན། ཀུན་དུ་རྟོག་དང་རྣམ་རྟོག་དོན། །ཆོས་ཉིད་དོན་གྱིས་དེ་དག་དེར། །ཞེས་བྱའོ། །གཟུགས་ལ་སོགས་པ་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་གཟུགས་ནི་གང་གཟུགས་ཀྱི་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །རྣམ་པར་བརྟགས་པའི་གཟུགས་ནི་གང་གཟུགས་ཀྱི་གཞན་གྱི་དབང་གི་ངོ་བོ་ཉིད་དེ། དེ་ལ་གཟུགས་སུ་རྣམ་པར་རྟོག་པར་བྱེད་དོ། །ཆོས་ཉིད་ཀྱི་གཟུགས་ནི་གང་གཟུགས་ཀྱི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །གཟུགས་ལ་ཇི་ལྟ་བ་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོ་རྣམས་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ན་ངོ་བོ་ཉིད་གསུམ་དུ་ཕུང་པོ་ལ་སོགས་པ་འདུས་པའི་ཕྱིར་མཁས་པའི་དེ་ཁོ་ན་རྣམ་པ་བཅུ་ནི་རྩ་བའི་དེ་ཁོ་ན་ཉིད་དུ་བལྟའོ། །ཇི་ལྟར་བདག་ཏུ་ལྟ་བ་རྣམ་པ་བཅུའི་གཉེན་པོར་ཕུང་པོ་ལ་སོགས་པ་ལ་མཁས་པ་འདི་བཤད་ན། ཕུང་པོ་ལ་སོགས་པའི་དོན་མ་བཤད་པས་དེ་ད་བརྗོད་པར་བྱ་སྟེ། ཐོག་མ་དུ་མ་ཉིད་དང་ནི། །བསྡུས་དང་ཡོངས་སུ་ཕྱེ་བའི་དོན། །ཐོག་མ་ཁོ་ནར་ཕུང་པོ་དེ་དག་དོན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། དུ་མའི་དོན་ནི་གཟུགས་གང་ཅི་ཡང་རུང་སྟེ། འདས་པ་དང་མ་འོངས་པ་ཞེས་རྒྱ་ཆེར་འབྱུང་བའོ། །བསྡུས་པའི་དོན་ནི་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་ཞེས་འབྱུང་བའོ། །ཡོངས་སུ་ཕྱེ་བའི་དོན་ནི་གཟུགས་ལ་སོགས་པའི་མཚན་ཉིད་ཐ་དད་དུ་རྣམ་པར་གཞག་པའི་ཕྱིར་རོ། །ཕུང་པོའི་དོན་ནི་སྤུངས་པའི་དོན་ཏེ། དེ་ལྟར་འཇིག་རྟེན་ན་སྤུངས་པའི་དོན་མཐོང་ངོ༌། །འཛིན་དང་གཟུང་དང་དེ་འཛིན་པ། །ས་བོན་དོན་ཏེ་གཞན་དུ་འདོད། །གཞན་གང་ཞེ་ན། ཁམས་སོ། །དེ་ལ་འཛིན་པའི་ས་བོན་གྱི་དོན་ནི་མིག་གི་ཁམས་ལ་སོགས་པའོ། །གཟུང་བའི་ས་བོན་གྱི་དོན་ནི་གཟུགས་ཀྱི་ཁམས་ལ་སོགས་པའོ། །དེ་འཛིན་པའི་ས་བོན་གྱི་དོན་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་
པའོ། །ཚོར་དང་དོན་རྣམས་ཡོངས་གཅོད་ཀྱི། །ཉེར་སྤྱོད་འབྱུང་སྒོ་གཞན་ཡིན་ནོ། །གཞན་གང་ཡིན་ཞེ་ན། སྐྱེ་མཆེད་དོ། །དེ་ལ་ནང་གི་སྐྱེ་མཆེད་དྲུག་པོ་དག་ནི་ཚོར་བ་ཉེ་བར་སྤྱོད་པའི་སྐྱེ་བའི་སྒོའི་ཕྱིར་རོ། །ཕྱིའི་དྲུག་པོ་དག་ནི་དོན་ཡོངས་སུ་སྤྱོད་པའི་ཉེ་བར་སྤྱོད་པའི་སྐྱེ་བའི་སྒོའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ནི། རྒྱུ་དང་འབྲས་བུ་རྩོལ་བ་ལ། །སྒྲོ་འདོགས་མེད་ཅིང་སྐུར་འདེབས་མེད། །རྒྱུ་དང་འབྲས་བུ་དང་བྱེད་པ་རྣམས་ལ་སྒྲོ་འདོགས་པ་མེད་པ་དང༌། སྐུར་པ་འདེབས་པ་མེད་པའི་དོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏོ། །དེ་ལ་རྒྱུ་ལ་སྒྲོ་འདོགས་པ་ནི་འདུ་བྱེད་ལ་སོགས་པའི་མི་མཐུན་པའི་རྒྱུ་ལ་རྟོག་པའི་ཕྱིར་རོ། །རྒྱུ་ལ་སྐུར་པ་འདེབས་པ་ནི་རྒྱུ་མེད་པ་ཅན་དུ་རྟོག་པའི་ཕྱིར་རོ། །འབྲས་བུ་ལ་སྒྲོ་འདོགས་པ་ནི་བདག་དང་བཅས་པའི་འདུ་བྱེད་ལ་སོགས་པ་ནི་མ་རིག་པ་ལ་སོགས་པའི་རྐྱེན་ལས་འབྱུང་བར་རྟོག་པའི་ཕྱིར་རོ། །འབྲས་བུ་ལ་སྐུར་པ་འདེབས་པ་ནི་འདུ་བྱེད་ལ་སོགས་པ་མ་རིག་པ་ལ་སོགས་པའི་རྐྱེན་གྱིས་འབྱུང་བ་མེད་པར་རྟོག་པའི་ཕྱིར་རོ། །བྱེད་པ་ལ་སྒྲོ་འདོགས་པ་ནི་འདུ་བྱེད་ལ་སོགས་པ་སྐྱེ་བ་ལ་མ་རིག་པ་ལ་སོགས་པ་ལ་བྱེད་པར་རྟོག་པའི་ཕྱིར་རོ། །བྱེད་པ་ལ་སྐུར་པ་འདེབས་པ་ནི་ནུས་པ་མེད་པར་རྟོག་པའི་ཕྱིར་རོ། །དེ་མེད་པའི་ཕྱིར་སྒྲོ་འདོགས་པ་མེད་པ་དང༌། སྐུར་པ་འདེབས་པ་མེད་པར་རིག་པར་བྱའོ། །མི་འདོད་འདོད་དང་རྣམ་དག་དང༌། །མཉམ་དུ་འབྱུང་དང་དབང་བྱེད་དང༌། །འཐོབ་དང་ཀུན་ཏུ་སྤྱོད་པ་དག །གཞན་དབང་ཉིད་ཀྱི་དོན་ཏེ་གཞན། །གནས་དང་གནས་མ་ཡིན་པ་ནི་གཞན་གྱི་དབང་ཉིད་རྣམ་པ་བདུན་གྱི་དོན་གྱིས་རིག་པར་བྱ་སྟེ། དེ་ལ་མི་འདོད་པ་གཞན་གྱི་དབང་ཉིད་ནི་ཉེས་པར་སྤྱོད་ལས་མི་འདོད་བཞིན་དུ་ཡང་ངན་འགྲོར་འགྲོ་བའི་ཕྱིར་རོ། །འདོད་པ་གཞན་གྱི་དབང་ཉིད་ནི་ལེགས་པར་སྤྱོད་པས་བདེ་འགྲོར་འགྲོ་བའི་ཕྱིར་རོ། །རྣམ་པར་དག་པ་གཞན་གྱི་དབང་ཉིད་ནི་སྒྲིབ་པ་ལྔ་མ་སྤངས་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་བར་དུ་མ་བསྒོམས་ན་སྡུག་བསྔལ་གྱི་མཐར་མི་བྱེད་པའི་ཕྱིར་རོ། །མཉམ་དུ་འབྱུང་བ་གཞན་གྱི་དབང་ཉིད་ནི། དེ་བཞིན་
གཤེགས་པ་དང༌། འཁོར་ལོས་སྒྱུར་བ་གཉིས་གཉིས་སྔ་ཕྱི་མེད་པར་འཇིག་རྟེན་གྱི་ཁམས་གཅིག་ཏུ་མི་འབྱུང་བའི་ཕྱིར་རོ། །དབང་དུ་བྱེད་པ་གཞན་གྱི་དབང་ཉིད་ནི། བུད་མེད་འཁོར་ལོས་སྒྱུར་བ་ལ་སོགས་པ་མི་བྱེད་པའི་ཕྱིར་རོ། །འཐོབ་པ་གཞན་གྱི་དབང་ཉིད་ནི་བུད་མེད་ཀྱིས་རང་བྱང་ཆུབ་དང༌། བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་མི་འགྱུར་བའི་ཕྱིར་རོ། །ཀུན་ཏུ་སྤྱོད་པ་གཞན་གྱི་དབང་ཉིད་ནི། ལྟ་བ་ཕུན་སུམ་ཚོགས་པ་བསོད་པ་ལ་སོགས་པ་ཀུན་ཏུ་མི་སྤྱོད་པས་སོ། །སོ་སོའི་སྐྱེ་བོ་ནི་ཀུན་ཏུ་སྤྱོད་པའི་ཕྱིར་ཏེ། རྒྱ་ཆེར་ནི་ཁམས་མང་པོ་ཅན་གྱི་མདོ་ལས་འབྱུང་བ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །དབང་པོ་ནི་རྣམ་པ་ཉི་ཤུ་རྩ་གཉིས་ཏེ། འཛིན་དང་གནས་དང་རྒྱུན་མི་འཆད། །སྤྱོད་དང་དག་པ་གཉིས་ཀྱི་ཕྱིར། །འཛིན་པའི་ཕྱིར་ནས་རྣམ་པར་དག་པ་གཉིས་ཀྱི་བར་དུ་སྟེ། དེ་དག་ལ་དེ་དབང་བྱེད་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ཡུལ་འཛིན་པ་ལ་ནི་མིག་ལ་སོགས་པ་དྲུག་པོ་དག་དབང་བྱེད་དོ། །གནས་པར་བྱ་བ་ལ་ནི་སྲོག་གི་དབང་པོ་དབང་བྱེད་དེ། དེའི་དབང་གིས་མི་འཆི་བའི་ཕྱིར་རོ། །རིགས་འཚོ་བ་ལ་ནི་ཕོ་དང་མོའི་དབང་པོ་གཉིས་དབང་བྱེད་དེ། བུ་འབྱུང་བར་དབང་བྱེད་པའི་ཕྱིར་རོ། །ཉེ་བར་སྤྱོད་པ་ལ་ནི་ཚོར་བའི་དབང་པོ་རྣམས་ཏེ། དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པའི་ཕྱིར་རོ། །འཇིག་རྟེན་པའི་རྣམ་པར་དག་པ་ནི་དད་པ་ལ་སོགས་པའོ། །འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པའོ། །འབྲས་བུ་རྒྱུ་རྣམས་སྤྱད་ཟིན་དང༌། །དེ་བཞིན་མ་སྤྱད་གཞན་ཡིན་ནོ། །གཞན་གང་ཞེ་ན། དུས་གསུམ་མོ། །ཅི་རིགས་སུ་སྦྱར་ཏེ། འབྲས་བུ་དང་རྒྱུ་སྤྱད་ཟིན་པའི་ཕྱིར་འདས་པའི་དུས་སོ། །འབྲས་བུ་དང་རྒྱུ་མ་སྤྱད་པའི་ཕྱིར་མ་འོངས་པའི་དུས་སོ། །རྒྱུ་སྤྱད་པ་ལ་འབྲས་བུ་མ་སྤྱད་པའི་ཕྱིར་ད་ལྟར་འབྱུང་བའི་དུས་སུ་རིག་པར་བྱའོ། །ཚོར་བ་རྒྱུ་དང་བཅས་པའི་དོན། །དེ་ཡི་རྒྱུ་ནི་སྒྲུབ་པ་ཡིན། །དེ་བཞི་བ་དང་གཉེན་པོའི་དོན། །ལྡན་པའི་ཕྱིར་ན་གཞན་དུ་འདོད། །བདེན་པ་བཞི་པོ་དེ་
ལ་སྡུག་བསྔལ་གྱི་བདེན་པ་ནི་ཚོར་བ་རྒྱུ་དང་བཅས་པའི་དོན་ཏེ། གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བའི་ཕྱིར་རོ། །ཚོར་བའི་རྒྱུ་ནི་ཚོར་བའི་གནས་ཀྱི་ཆོས་རྣམས་སུ་རིག་པར་བྱའོ། །དེ་ཡི་རྒྱུ་ནི་སྒྲུབ་པ་ཡིན། །ཀུན་འབྱུང་བ་ཡི་བདེན་པ་སྟེ། །སྡུག་བསྔལ་གྱི་རྒྱུ་ནི་སྒྲུབ་པ་གང་ཡིན་པའོ། །དེ་གཉིས་ཞི་བའི་ཕྱིར་འགོག་པའི་བདེན་པའོ། །གཉེན་པོའི་ཕྱིར་ལམ་གྱི་བདེན་པའོ། །ཡོན་ཏན་སྐྱོན་དང་རྣམ་མི་རྟོག །ཤེས་པས་གཞན་ལས་བདག་གིས་ནི། །ངེས་པར་འབྱུང་ཕྱིར་གཞན་ཞེས་བྱ། །ཐེག་པ་གསུམ་སྟེ་ཅི་རིགས་སུ་སྦྱར་བར་བྱའོ། །དེ་ལ་མྱ་ངན་ལས་འདས་པ་དང༌། འཁོར་བ་ལ་ཡོན་ཏན་སྐྱོན་དུ་ཤེས་ཤིང་གཞན་ལས་ཐོས་ནས་ངེས་པར་འབྱུང་བའི་ཕྱིར་ཉན་ཐོས་ཀྱི་ཐེག་པའོ། །གཞན་ལས་མ་ཐོས་པར་དེ་ཉིད་ཀྱིས་བདག་གིས་ངེས་པར་འབྱུང་བའི་ཕྱིར། རང་སངས་རྒྱས་ཀྱི་ཐེག་པའོ། །བདག་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ངེས་པར་འབྱུང་བའི་ཕྱིར་ཐེག་པ་ཆེན་པོར་རིག་པར་བྱའོ། །བཏགས་བཅས་རྒྱུར་བཅས་རྒྱུ་མཚན་དང༌། །རབ་ཏུ་ཞི་བའི་དོན་བཅས་ནི། །ཐ་མ་ཉིད་དུ་བཤད་པ་ཡིན། །འདུས་བྱས་དང་འདུས་མ་བྱས་སོ། །དེ་ལ་བཏགས་པ་ནི་མིང་གི་ཚོགས་ལ་སོགས་པའོ། །རྒྱུ་ནི་ས་བོན་དུ་བསྡུས་པའི་ཀུན་གཞི་རྣམ་པར་ཤེས་པའོ། །རྒྱུ་མཚན་ནི་གནས་དང་ལུས་དང་ལོངས་སྤྱོད་དུ་བསྡུས་པ་དང༌། འཇུག་པའི་རྣམ་པར་ཤེས་པར་བསྡུས་པ་ཡིད་དང༌། འཛིན་པ་དང། རྣམ་པར་རྟོག་པ་སྟེ། བཏགས་པ་དང་བཅས་ཤིང་རྒྱུ་དང་བཅས་པའི་རྒྱུ་མཚན་མཚུངས་པར་ལྡན་པ་དང་བཅས་པ་འདི་ནི་འདུས་བྱས་སུ་རིག་ པར་བྱའོ། །དེ་ལ་ཡིད་ནི་གང་རྟག་ཏུ་རློམ་སེམས ་པ་ནི་རྣམ་པའོ། །འཛིན་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔའོ། །རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེ་ནི་རྣམ་པར་རྟོག་པར་བྱེད་པའི་ཕྱིར་རོ། །འདུས་མ་བྱས་ནི་རབ་ཏུ་ཞི་བ་འགོག་པ་དང༌། རབ་ཏུ་ཞི་བའི་དོན་དེ་བཞིན་ཉིད་དེ་ལམ་གྱི་དམིགས་པ་ཡིན་པའི་ཕྱིར་རོ། །ལམ་ཡང་རབ་ཏུ་ཞི་བ་ཉིད་དོ། །དེས་རབ་ཏུ་ཞི་བར་
བྱེད་པའི་ཕྱིར་རོ། །དེ་ལྟར་དོན་འདིས་ཕུང་པོ་ལ་སོགས་པ་ཤེས་པ་ནི་ཕུང་པོ་ལ་སོགས་པ་ལ་མཁས་པར་རིག་པར་བྱའོ། །དེ་ཁོ་ནའི་དོན་བསྡུས་པ་ནི་མདོར་བསྡུ་ན་དེ་ཁོ་ན་རྣམ་པ་གཉིས་ཏེ། མེ་ལོང་ལྟ་བའི་དེ་ཁོ་ན་དང༌། སྣང་བའི་དེ་ཁོ་ནའོ། །དེ་ལ་མེ་ལོང་ལྟ་བུའི་དེ་ཁོ་ན་ནི་རྩ་བའི་རེ་ཁོ་ན་སྟེ། ལྷག་མ་རྣམས་དེར་སྣང་བའི་ཕྱིར་རོ། །སྣང་བའི་དེ་ཁོ་ན་ནི་རྣམ་པ་དགུ་སྟེ། ང་རྒྱལ་མེད་པའི་སྣང་བའི་དེ་ཁོ་ན་དང༌། ཕྱིན་ཅི་ལོག་གི་གཉེན་པོའི་སྣང་བའི་དེ་ཁོ་ན་དང༌། ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་བ་སྣང་བའི་དེ་ཁོ་ན་དང༌། རགས་པས་ཡོངས་སུ་སྨིན་པར་བྱེད་ཅིང་ཕྲ་བས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་སྣང་བའི་དེ་ཁོ་ན་དང༌། དཔེ་ལ་བརྟེན་ཏེ་རིགས་པས་ཚར་གཅོད་པའི་ཕྱིར་ཕས་ཀྱི་རྒོལ་བ་ཚར་གཅོད་པ་སྣང་བའི་དེ་ཁོ་ན་དང༌། ཐེག་པ་ཆེན་པོ་མངོན་པར་བརྗོད་པ་སྣང་བའི་དེ་ཁོ་ན་དང༌། ཤེས་བྱའི་རྣམ་པ་ཐམས་ཅད་ལ་འཇུག་པ་སྣང་བའི་དེ་ཁོ་ན་དང༌། མ་ནོར་བའི་དེ་བཞིན་ཉིད་མངོན་པར་བརྗོད་པ་སྣང་བའི་དེ་ཁོ་ན་དང༌། བདག་ཏུ་འཛིན་པའི་གཞི་ལ་དགོངས་པ་ཐམས་ཅད་རྟོགས་པ་སྣང་བའི་དེ་ཁོ་ནའོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་དེ་ཁོ་ན་ཞེས་བྱ་བའི་ལེའུར་བཅད་པ་གསུམ་པའི་འགྲེལ་པའོ།། །།བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ། བམ་པོ་གཉིས་པ་སྟེ་ཐ་མ། །གཉེན་པོ་བསྒོམ་པ་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་སྟེ། དེ་ད་བརྗོད་པར་བྱའོ། །དེ་ལ་རེ་ཞིག་དང་པོར། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་གཞག་པ་བསྒོམ། །ལུས་ཀྱིས་ནི་གནས་ངན་ལེན་རབ་ཏུ་སྟོན་ཏེ། དེ་ཡང་ཡོངས་སུ་བརྟགས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ ། དེའི་མཚན་ཉིད་ནི་གནས་ངན་ལེན་དང་བཅས་པའི་འདུ་བྱེད་ཡིན་པའི་ཕྱིར་རོ། །གནས་ངན་ལེན་ནི་འདུད་བྱེད་ཀྱི་སྡུག་བསྔལ་ཉིད་དེ་དེས་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་འཕགས་པས་སྡུག་བསྔལ་དུ་གཟིགས་སོ། །སྲེད་པའི་རྒྱུ་ནི་ཚོར་བ་སྟེ། དེ་ལ་ཡོངས་སུ་
བརྟགས་པས་ཀུན་འབྱུང་གི་བདེན་པ་ལ་འཇུག་གོ །བདག་ཏུ་མངོན་ པར་ཞེན་པའི་གཞི་ནི་སེམས ་ཏེ། དེ་ལ་ཡོངས་སུ་བརྟགས་པས་འགོག་པའི་བདེན་པ་ལ་འཇུག་སྟེ། བདག་ཆད་པར་དོགས་པའི་འཇིགས་པ་མེད་པའི་ཕྱིར་རོ། །ཆོས་ལ་ཡོངས་སུ་བརྟགས་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ལ་རྨོངས་པ་མེད་པའི་ཕྱིར་ལམ་གྱི་བདེན་པ་ལ་འཇུག་གོ །དེ་བས་ན་བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་ཐོག་མར་དྲན་པ་ཉེ་བར་གཞག་པ་བསྒོམ་པ་རྣམ་པར་གཞག་གོ །དེའི་འོག་ཏུ་ཡང་དག་པར་སྤོང་བ་བསྒོམ་པ་སྟེ། འདི་ལྟར་མི་མཐུན་ཕྱོགས་དང་གཉེན་པོ་རྣམས། །རྣམ་པ་ཐམས་ཅད་ཡོངས་ཤེས་ན། དེ་དག་སྤང་ཕྱིར་བརྩོན་འགྲུས་ནི། །རྣམ་པ་བཞི་དག་རབ་ཏུ་འབྱུང༌། །དྲན་པ་ཉེ་བར་གཞག་པ་བསྒོམས་པས་མི་མཐུན་པའི་ཕྱོགས་དང་གཉེན་པོ་རྣམ་པ་ཐམས་ཅད་དུ་ཡོངས་སུ་ཤེས་ན། མི་མཐུན་པའི་ཕྱོགས་གསལ་ཞིང་གཉེན་པོ་བསྐྱེད་པའི་ཕྱིར་བརྩོན་འགྲུས་རྣམ་པ་བཞི་རབ་ཏུ་འབྱུང་སྟེ། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་ཞེས་རྒྱ་ཆེར་འབྱུང་བའོ། །དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་པར་འགྱུར། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བརྟེན་པའི་རྒྱུ་ལས་བྱུང་བའོ། །དེ་སྤང་བའི་ཕྱིར་བརྩོན་འགྲུས་རྩོམ་པ་དེ་ལ་སེམས་གནས་པའི་ལས་སུ་རུང་བ་ཉིད་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དག་སྟེ། དོན་ཐམས་ཅད་འབྱོར་བའི་རྒྱུ་ཡིན་པའི་ཕྱིར་རོ། །གནས་པ་ནི་འདིར་ སེམས་གནས་པ་སྟེ་ཏིང་ངེ་འཛིན་དུ་རིག་པར ་བྱའོ། །དེའི་ཕྱིར་ཡང་དག་པར་སྤང་བའི་འོག་ཏུ་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །ལས་སུ་རུང་བ་དེ་ཡང་ཉེས་པ་ལྔ་སྤང་བའི་ཕྱིར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པའི་རྒྱུ་ལས་བྱུང་བར་རིག་པར་བྱའོ། །ཉེས་པ་ལྔ་པོ་དེ་དག་གང་ཞེ་ན། གསུངས་པ། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །དེ་ལ་བྱིང་བ་དང་རྒོད་པ་ནི་ཉེས་པ་གཅིག་ཏུ་བསྡུའོ། །བྱིང་བ་དང་རྒོད་པ་རབ་ཏུ་ཞི་བར་བྱ་བའི་དུས་ན་མངོན་པར་
འདུ་མི་བྱེད་ན་ཉེས་པའོ། །རབ་ཏུ་ཞི་བའི་ཚེ་ནི་མངོན་པར་འདུ་བྱེད་པའོ། །དེ་དག་སྤང་བའི་ཕྱིར་སྤོང་བའི་འདུ་བྱེད་བརྒྱད་ཇི་ལྟར་རྣམ་པར་གཞག་ཅེ་ན། ལེ་ལོ་སྤང་བའི་ཕྱིར་བཞི་སྟེ། འདུན་པ་དང༌། རྩོལ་བ་དང༌། དད་པ་དང༌། ཤིན་ཏུ་སྦྱངས་པའོ། །དེ་དག་ཀྱང་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། གནས་དང་དེ་ལ་གནས་པ་དང༌། རྒྱུ་དང་འབྲས་བུ་ཉིད་དུའོ། །རྩོལ་བའི་གནས་ནི་འདུན་པའོ། །གནས་པ་ནི་རྩོལ་བའོ། །གནས་འདུན་པ་དེའི་རྒྱུ་ནི་དད་པ་སྟེ། ཡིད་ཆེས་པར་གྱུར་ན་མངོན་པར་འདོད་པའི་ཕྱིར་རོ། །གནས་རྩོལ་བ་དེའི་འབྲས་བུ་ནི་ཤིན་ཏུ་སྦྱངས་པ་སྟེ། བརྩོན་འགྲུས་བརྩམས་པས་ཏིང་ངེ་འཛིན་གྱི་ཁྱད་ པར་ཐོབ་པའི་ཕྱིར་རོ། །སྤོང་བའི་འདུ་བྱེད་ལྷག་མ་བཞི་ནི་དྲན་པ་དང༌། ཤེས་བཞིན་དང༌། སེམས ་པ་དང༌། བཏང་སྙོམས་ཏེ་ཉེས་པ་བཞིའི་གཉེན་པོར་གྲངས་བཞིན་ནོ། །དེ་དག་ཀྱང་དྲན་པ་ལ་སོགས་པར་རིག་པར་བྱ་སྟེ་གོ་རིམས་བཞིན་ནོ། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པའོ། །དྲན་པ་ནི་དམིགས་པ་མ་བརྗེད་པའོ། །ཤེས་བཞིན་ནི་དྲན་པ་མ་བརྗེད་པར་གྱུར་ན་བྱིང་བ་དང་རྒོད་པ་རྟོགས་པའོ། །རྟོགས་ནས་དེ་དང་འབྲལ་བའི་ཕྱིར་མངོན་ པར་འདུ་བྱེད་པ་ནི་སེམས ་པའོ། །བྱིང་བ་དང་རྒོད་པ་དེ་ཉེ་བར་ཞི་བར་གྱུར་པ་ན་རྣལ་དུ་འཇུག་པ་ནི་སེམས་བཏང་སྙོམས་སུ་བྱེད་པའོ། །རྫུ་འཕྲུལ་གྱི་རྐང་པའི་འོག་ཏུ་དབང་པོ་རྣམས་ཏེ་དད་པ་ལ་སོགས་པའོ། །དེ་དག་ལས་ཇི་ལྟར་རྣམ་པར་གཞག་ཅེ་ན། ཐར་པའི་ཆ་དང་མཐུན་བསྐྱེད་ནས། །འདུན་དང་སྦྱོར་བ་དབང་བྱེད་དང༌། །དམིགས་པ་བརྗེད་པར་མ་གྱུར་དང༌། །མི་འཕྲོ་རྣམ་ པར་འབྱེད་ཀྱང་ངོ༌། །དབང་བྱེད་པ་ཞེས་བྱ་བར་སྙེགས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སེམས ་ལས་སུ་རུང་བ་དང༌། ཐར་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་ནས། འདུན་པ་ནི་དབང་བྱེད་པ། སྦྱོར་བ་ནི་དབང་བྱེད་པ། དམིགས་པ་ན་བརྗེད་པ་ནི་དབང་བྱེད་པ། མི་འཕྲོ་བ་ནི་དབང་བྱེད་པ། །རབ་ཏུ་རྣམ་པར་འབྱེད་པ་ནི་དབང་བྱེད་པ་སྟེ།
དད་པ་ལ་སོགས་པ་དབང་པོ་ལྔ་དག་དང་གོ་རིམས་བཞིན་དུ་རིག་པར་བྱའོ། །དད་པ་ལ་སོགས་པ་དེ་དག་ཉིད་སྟོབས་དང་ལྡན་པར་འགྱུར་བ་ལ་སྟོབས་རྣམས་ཞེས་བྱ་སྟེ། དེ་དག་མི་མཐུན་ཕྱོགས་ནི་སྲབ་པའི་ཕྱིར། སྟོབས་ལྡན་གང་གི་ཚེ་དེ་དག་ཉིད་མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དང་མི་འདྲེ་བ་ནའོ། །ཅིའི་ཕྱིར་དད་པ་ལ་སོགས་པ་སྔ་ཕྱིར་བསྟན་ཞེ་ན། འདི་ལྟར་སྔ་མའི་འབྲས་བུ་ཕྱི་མ་ཡིན། རྒྱུ་དང་འབྲས་བུ་ལ་དད་པར་གྱུར་བའི་རྒྱུས་འབྲས་བུ་ལ་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་པས་ནི་དྲན་པ་ཉེ་བར་གནས་སོ། །དྲན་པ་ཉེ་བར་གནས་པས་ནི་ སེམས་མཉམ་པར ་འཇོག་གོ །སེམས་མཉམ་པར་གཞག་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཐར་པའི་ཆ་དང་མཐུན་པ་བསྐྱེད་ཟིན་ནས་དབང་པོ་རྣམས་བསྟན་ན། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཅི་དབང་པོའི་དུས་ལ་རིག་པར་བྱའམ། འོན་ཏེ་སྟོབས་ཀྱི་དུས་ལ་རིག་པར་བྱ་ཞེ་ན། དབང་པོ་རྣམས་དང་སྟོབས་རྣམས་ལ། །དེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །དྲོ་བར་གྱུར་པ་རྣམས་དང་རྩེ་མོ་དག་གི་ཚེ་ནི་དབང་པོ་རྣམས་སོ། །བཟོད་པ་དག་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཀྱི་ཚེ་ནི་སྟོབས་རྣམས་སོ། །སྟོབས་ཀྱི་འོག་ཏུ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། དེ་དག་ཇི་ལྟར་རྣམ་པར་གཞག་ཅེ་ན། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །མཐོང་བའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པ་དག་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །དེ་ལ་དྲན་པ་ནི་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་གོ །ཆོས་རྣམ་པར་འབྱེད་པ་ནི་རང་བཞིན་གྱི་ཡན་ལག་གོ །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་གོ །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་གོ །རྣམ་པ་གསུམ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་སོ། །ཅིའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་རྣམ་པ་གསུམ་དུ་བསྟན་ཞེ་ན། འདི་ལ་གཞི་དང་གནས་དང་ནི། །
ངོ་བོ་ཉིད་དུ་བསྟན་པ་ཡིན། །ཀུན་ནས་ཉོན་མོངས་པ་ནི་གནས་ངན་ལེན་གྱི་རྒྱུ་ལས་བྱུང་བའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་སྟེ། དེ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་གནས་སོ། །བཏང་སྙོམས་ནི་ངོ་བོ་ཉིད་དོ། །བྱང་ཆུབ་ཀྱི་ཡན་ལག་གི་འོག་ཏུ་ལམ་གྱི་ཡན་ལག་རྣམས་ཏེ། དེ་དག་ཇི་ལྟར་རྣམ་པར་གཞག་ཅེ་ན། ཡོངས་སུ་གཅོད་དང་གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ཡང་དག་པའི་ལྟ་བ་ནི་བསྒོམ་པའི་ལམ་གྱི་ཚེ་མཐོང་བའི་ལམ་ལ་ཡོངས་སུ་གཅོད་པའི་ཡན་ལག་སྟེ། འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་འཇིག་རྟེན་པ་དེས་རང་གི་རྟོགས་པ་ཡོངས་སུ་གཅོད་དོ། །ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་ནི་གཞན་གོ་བར་བྱེད་པའི་ཡན་ལག་སྟེ། ཀུན་སློང་བ་དང་བཅས་པས་ངག་གི་དེ་གོ་བར་བྱེད་པའི་ཕྱིར་རོ། །གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་ནི་རྣམ་པ་གསུམ་སྟེ། ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བའོ། །དེ་དག་ཀྱང་གོ་རིམས་བཞིན་དུ། ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཡང་དག་པའི་ངག་གིས་བསྙད་པ་དང༌། འབྲེལ་པའི་གཏམ་རྣམ་པར་ངེས་པས་ཤེས་རབ་ལ་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ཚུལ་ཁྲིམས་ལ་སྟེ། བྱ་བ་མ་ཡིན་པ་མི་བྱེད་པའི་ཕྱིར་རོ། །ཡང་དག་པའི་འཚོ་བས་ནི་ཡོ་བྱད་བསྙུངས་པ་ལ་སྟེ། ཆོས་ཀྱིས་གས་ལ་སོགས་པ་ཚོད་ཟིན་པར་ཚོལ་བའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཡན་ལག་ནི་རྣམ་པར་གསུམ་སྟེ། ཡང་དག་པའི་རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་ཏོ། །དེ་དག་ནི་གོ་རིམས་བཞིན་དུ། ཉོན་མོངས་ཉེ་བའི་ཉོན་མོངས་དབང༌། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །མི་མཐུན་ཕྱོགས་ནི་རྣམ་པ་གསུམ་སྟེ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་བྱིང་བ་དང༌། རྒོད་པའི་དབང་གིས་མི་མཐུན་པའི་ཕྱོགས་ཏེ། ཡོན་ཏན་
ཁྱད་པར་ཅན་མངོན་པར་སྒྲུབ་པའི་གེགས་སུ་གྱུར་པའོ། །དེ་ལ་དང་པོའི་གཉེན་པོ་ནི་ཡང་དག་པའི་རྩོལ་བ་སྟེ། དེས་ལམ་བསྒོམ་པའི་ཕྱིར་རོ། །གཉིས་པ་ནི་ཡང་དག་པའི་དྲན་པ་སྟེ། ཞི་གནས་ལ་སོགས་པའི་རྒྱུ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་གནས་པས་བྱིང་བ་དང་རྒོད་པ་མེད་པའི་ཕྱིར་རོ། །གསུམ་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏེ། བསམ་གཏན་ལ་གནས་ནས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་མངོན་པར་བསྒྲུབ་པའི་ཕྱིར་རོ། །གཉེན་པོ་བསྒོམ་པ་དེ་མདོར་བསུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །རྗེས་སུ་འབྲེལ་བཅས་བཟློག་པ་དང༌། །ཕྱིན་ཅི་མ་ལོག་ཕྱིན་ཅི་ལོག །རྗེས་སུ་འབྲེལ་མེད་བསྒོམ་པའོ། །ཕྱིན་ཅི་མ་ལོག་པའི་རྗེས་སུ་མཐུན་ལ་ཕྱིན་ཅི་ལོག་པ་དང༌། ཕྱིན་ཅི་ལོག་མེད་ལ་ཕྱིན་ཅི་ལོག་རྗེས་སུ་འབྲེལ་པ་དང༌། ཕྱིན་ཅི་ལོག་ཀྱང་མེད་ལ་ཕྱིན་ཅི་ལོག་རྗེས་སུ་འབྲེལ་བ་ཡང་མེད་པ་སྟེ། སོ་སོའི་སྐྱེ་བོ་དང༌། སློབ་པ་དང༌། མི་སློབ་པ་དང༌། གོ་རིམས་བཞིན་ནོ། །བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ནི། །དམིགས་དང་ཡིད་ལ་བྱེད་པ་དང༌། །ཐོབ་པས་དེ་ནི་ཁྱད་པར ་འཕགས་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་རང་གི་རྒྱུད་དུ་གཏོགས་པའི་ལུས་ལ་སོགས་པ་ལ་དམིགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གྱི་རྒྱུད་དུ་གཏོགས་པ་རྣམས་སོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ལུས་ལ་སོགས་པ་མི་རྟག་པ་ལ་སོགས་པའི་རྣམ་ པར་ཡིད་ལ་བྱེད་དོ། །བྱང་ཆུབ་སེམས ་དཔའ་རྣམས་ནི་མི་དམིགས་པའི་ཚུལ་རྣམ་པར་ཡིད་ལ་བྱེད་དོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཅི་ནས་ཀྱང་ལུས་ལ་སོགས་པ་དང་བྲལ་བར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྒོམ་མོ། །བྱང་ཆུབ་སེམས་དཔའ་རྣམས་ནི་འབྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན། མི་འབྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་གྱི། ཅི་ནས་ཀྱང་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་བསྒོམ་མོ། །གཉེན་པོ་བསྒོམ་པ་བཤད་ཟིན་ཏོ། །དེའི་གནས་གང་ཞེ་ན།
རྒྱུ་ཡི་གནས་དང་ཞུགས་པ་དང༌། །སྦྱོར་དང་འབྲས་བུ་བརྗོད་པ་དང༌། །བྱ་དང་བྱ་མེད་ཁྱད་པར་དང༌། །དེ་ནི་བླ་མ་བླ་ན་མེད། །མོས་པ་དང་ནི་འཇུག་པ་དང༌། །ངེས་པར་འབྱུང་དང་ལུང་བསྟན་དང༌། །བརྗོད་པ་དང་ནི་དབང་བསྐུར་དང༌། །ཕྱིན་པ་དང་ནི་ཕན་ཡོན་དང༌། །བྱ་བ་བསྒྲུབ་པ་བསྟན་པའོ། །དེ་ལ་རྒྱུའི་གནས་ནི་གང་རིགས་ལ་གནས་པའི་གང་ཟག་གོ །ཞུགས་པའི་གནས་ནི་སེམས་བསྐྱེད་པའོ། །སྦྱོར་བའི་གནས་ནི་སེམས་བསྐྱེད་ནས་འབྲས་བུ་མ་ཐོབ་ཚུན་ཆད་དོ། །འབྲས་བུའི་གནས་ནི་ཐོབ་པའོ། །བྱ་བ་བཅས་པའི་གནས་ནི་སློབ་པའོ། །བྱ་བ་མེད་པའི་གནས་ནི་མི་སློབ་པའོ། །ཁྱད་པར་གྱི་གནས་ནི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་ པར་དང་ལྡན་པའོ། །བླ་མའི་གནས་ནི་ཉན་ཐོས་ལ་སོགས་པ་བས་སར་ཞུགས་པའི་བྱང་ཆུབ་སེམས ་དཔའོ། །བླ་ན་མེད་པའི་གནས་ནི་སངས་རྒྱས་ཏེ། དེའི་གོང་ན་གནས་མེད་པའི་ཕྱིར་རོ། །མོས་པའི་གནས་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་མོས་པས་སྤྱོད་པའི་ས་ཐམས་ཅད་དོ། །འཇུག་པའི་གནས་ནི་ས་དང་པོའོ། །ངེས་པར ་འབྱུང་བའི་གནས་ནི་དེའི་གོང་མས་དྲུག་པོ་དག་གོ །ལུང་བསྟན་པའི་གནས་ནི་ས་བརྒྱད་པའོ། །བརྗོད་པའི་གནས་ནི་ས་དགུ་པའོ། །དབང་བསྐུར་བའི་གནས་ནི་ས་བཅུ་པའོ། །ཕྱིན་པའི་གནས་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུའོ། །ཕན་ཡོན་གྱི་གནས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བྱ་བ་སྒྲུབ་པའི་གནས་ནི་སྤྲུལ་པའི་སྐུའོ། །གནས་རྣམ་པ་མང་པོ་འདི་དག་ཐམས་ཅད་ཀྱང་མདོར་བསྡུ་ན། ཆོས་ཀྱི་དབྱངས་ལ་རྣམ་གསུམ་སྟེ། །ཞེས་བྱ་བར་རིག་པར་བྱ་སྟེ། མ་དག་མ་དག་དག་པ་དང༌། །རྣམ་པར་དག་པར་ཅི་རིགས་སྦྱར། །དེ་ལ་མ་དག་པའི་གནས་ནི་རྒྱུའི་གནས་ནས་ཉེ་བར་བཟུང་སྟེ། སྦྱོར་བ་པའི་བར་དུའོ། །མ་དག་པ་དང་དག་གནས་ནི་སློབ་པ་རྣམས་སོ། །རྣམ་པར་དག་པའི་གནས་ནི་མི་སློབ་པ་རྣམས་སོ། །འདི་ལས་ཇི་ལྟར་འོས་འོས་སུ། །གང་ཟག་རྣམ་པར་གཞག་པར་འདོད། །གནས་རབ་ཏུ་དབྱེ་བ་འདི་ལས་
ཅི་རིགས་པར་གང་ཟག་རྣམས་རྣམ་པར་གཞག་པར་རིག་པར་བྱ་སྟེ། འདི་ནི་རིགས་ལ་གནས་པའོ། །འདི་ནི་ཞུགས་པའོ་ཞེས་བྱ་བ་ལ་སོགས་པའོ། །གནས་བཤད་ཟིན་ཏོ། །འབྲས་བུ་ཐོབ་པ་གང་ཞེ་ན། སྣོད་གྱུར་རྣམ་པར་སྨིན་བརྗོད་དང༌། །དེ་ཡི་དབང་གིས་སྟོབས་དང་ནི། །འདོད་དང་འཕེལ་དང་རྣམ་དག་སྟེ། །དེ་དག་འབྲས་བུ་གོ་རིམས་བཞིན། །སྣོད་དུ་གྱུར་པ་དེ་ནི་གང་དགེ་བ་དང་རྗེས་སུ་མཐུན་པའི་རྣམ་པར་སྨིན་པའོ། །སྟོབས་ནི་གང་སྣོད་དུ་གྱུར་པའི་དབང་གིས་དགེ་བ་ཤས་ཆེར་གྱུར་པའོ། །འདོད་པ་ནི་སྔོན་གོམས་པར་བྱས་པས་དགེ་བ་འདོད་པའོ། །འཕེལ་བ་ནི་གང་ད་ལྟར་བྱུང་བ་ན་དགེ་བའི་ཆོས་ལ་གོམས་པར་བྱས་པས་དགེ་བའི་རྩ་བ་རྒྱས་པའོ། །རྣམ་པར་དག་པ་ནི་གང་སྒྲིབ་པ་སྤངས་པའོ། །འདི་དག་ནི་འབྲས་བུ་རྣམ་པ་ལྔ་དང་གོ་རིམས་བཞིན་ཏེ། རྣམ་པར་སྨིན་པའི་འབྲས་བུ་དང༌། བདག་པོའི་འབྲས་བུ་དང༌། རྒྱུ་མཐུན་པའི་འབྲས་བུ་དང༌། སྐྱེས་བུ་བྱེད་པའི་འབྲས་བུ་དང༌། བྲལ་བའི་འབྲས་བུའོ། །ཕྱི་མ་ཕྱི་མ་ཐོག་མ་དང༌། །དེ་གོམས་བྱས་དང་རྫོགས་པའོ། །རྗེས་སུ་མཐུན་དང་མི་མཐུན་ཕྱོགས། །བྲལ་བ་དང་ནི་ཁྱད་པར་དང༌། །བླ་མ་དང་ནི་བླ་ན་མེད། །འབྲས་བུ་གཞན་ཏེ་མདོར་བསྡུས་པའོ། །ཕྱི་མ་ཕྱི་མའི་འབྲས་བུ་ནི་རིགས་ལས་ སེམས་བསྐྱེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །གཅིག་ནས་གཅིག་ཏུ་བརྒྱུད་པར ་རིག་པར་བྱའོ། །ཐོག་མའི་འབྲས་བུ་ནི་དང་པོར་འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པའོ། །གོམས་པར་བྱས་པའི་འབྲས་བུ་ནི་དེའི་ཕ་རོལ་སློབ་པའི་གནས་སོ། །རྫོགས་པའི་འབྲས་བུ་ནི་མི་སློབ་པའི་ཆོས་རྣམས་སོ། །རྗེས་སུ་མཐུན་པའི་འབྲས་བུ་ནི་རྒྱུའི་དངོས་པོས་ཕྱི་མ་འབྲས་བུ་ཉིད་དུ་རིག་པར་བྱའོ། །མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་ནི་སྤོང་བའི་ལམ་སྟེ། ཐོག་མའི་འབྲས་བུ་གང་ཡིན་པ་དེ་ཉིད་དེ། དེ་ནི་མི་མཐུན་པའི་ཕྱོགས་གཉེན་པོ་ལ་བྱ་བར་འདོད་དོ། །བྲལ་བའི་འབྲས་བུ་ནི་གོམས་པར་བྱས་པའི་འབྲས་བུ་དང་རྫོགས་པའི་འབྲས་བུ་སྟེ། ཉོན་མོངས་པ་དང་བྲལ་བར་ནི་སློབ་པ་དང་མི་སློབ་པ་དང་གོ་
རིམས་བཞིན་ནོ། །ཁྱད་པར་གྱི་འབྲས་བུ་ནི་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་ པར་རོ། །བླ་མའི་འབྲས་བུ་ནི་བྱང་ཆུབ་སེམས ་དཔའི་ས་རྣམས་ཏེ། དེ་མ་ཡིན་པའི་ཐེག་པ་ལས་བླ་མར་གྱུར་པའི་ཕྱིར་རོ། །བླ་ན་མེད་པའི་འབྲས་བུ་ནི་སངས་རྒྱས་ཀྱི་སའོ། །བཞི་པོ་འདི་དག་ནི་གོམས་པར་བྱས་པ་དང༌། རྫོགས་པའི་འབྲས་བུའི་རབ་ཏུ་དབྱེ་བ་ཉིད་དོ། །འབྲས་བུ་གཞན་འདི་དག་ནི་མདོར་བསྟན་པ་སྟེ། རྒྱས་པར་བྱ་བ་དཔག་ཏུ་མེད་དོ། །དེ་ལ་གཉེན་པོ་སྒོམ་པའི་དོན་བསྡུས་པ་ནི་བྱང་བར་བྱ་བའི་སྒོམ་པ་དང༌། བསྲབས་པའི་སྒོམ་པ་དང། ཡོངས་སུ་སྦྱང་བར་བྱ་བའི་སྒོམ་པ་དང༌། གོང་མ་ཡང་དག་པར་རྩོམ་པའི་སྒོམ་པ་དང༌། མཐོང་བའི་ལམ་དང་འདྲེ་བའི་ཕྱིར་འདྲེ་བའི་སྒོམ་པ་དང༌། ཞུགས་པའི་སྒོམ་པ་དང༌། མཆོག་གི་སྒོམ་པ་དང༌། ཐོག་མའི་སྒོམ་པ་དང༌། བར་མའི་སྒོམ་པ་དང༌། མཐའི་སྒོམ་པ་དང༌། བླ་མ་དང་བཅས་པའི་སྒོམ་པ་དང༌། བླ་ན་མེད་པའི་སྒོམ་པ་སྟེ། གང་དམིགས་པ་དང༌། ཡིད་ལ་བྱེད་པ་དང༌། ཐོབ་པ་ཁྱད་ པར་དུ་འཕགས་པའོ། །གནས་རྣམས་ཀྱི་དོན་བསྡུས་པ་ནི་རིགས་ལ་གནས་པའི་སྐལ་པ་ཡོད་པའི་གནས་དང༌། སེམས ་བསྐྱེད་ནས་བཟུང་སྟེ། སྦྱོར་བའི་བར་དུ་རྩོམ་པའི་གནས་དང༌། མ་དག་པ་དག་པའི་གནས་དང༌། ཤིན་ཏུ་དག་པའི་གནས་དང༌། རྒྱན་དང་བཅས་པའི་གནས་དང༌། ས་བཅུ་ཁྱབ་པའི་ཕྱིར་ཁྱད་པར་བྱ་བའི་གནས་དང༌། བླ་ན་མེད་པའི་གནས་སོ། །འབྲས་བུ་རྣམས་ཀྱི་དོན་བསྡུས་པ་ནི་བསྡུས་པ་དང༌། དེའི་བྱེ་བྲག་དང༌། སྔོན་གོམས་པར་བྱས་པ་དང༌། གོང་ནས་གོང་དུ་བསྒྲུབ་པ་དང༌། བསྟན་པ་དང༌། བཤད་པའོ། །དེ་ལ་བསྡུས་པ་ནི་འབྲས་བུ་ལྔའོ། །དེའི་བྱེ་བྲག་ནི་ལྷག་མ་རྣམས་སོ། །སྔོན་གོམས་པར་བྱས་པ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །དེ་གོང་ནས་གོང་དུ་བསྒྲུབ་པ་ནི་དེ་མ་ཡིན་པ་གཞན་བཞིའོ། །བསྟན་པ་ནི་ཕྱི་མ་ཕྱི་མའི་འབྲས་བུ་ལ་སོགས་པ་བཞིའོ། །བཤད་པ་ནི་རྗེས་སུ་མཐུན་པའི་འབྲས་བུ་ལ་སོགས་པ་དྲུག་སྟེ། དེ་དག་ཉིད་བཤད་པའི་ཕྱིར་རོ། །བསྟན་
བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གཉེན་པོ་བསྒོམ་པ་ཞེས་བྱ་བའི་ལེའུར་བཅད་པ་བཞི་བའི་འགྲེལ་པའོ།། །།ད་ནི་ཐེག་པ་བླ་ན་མེད་པ་བཤད་དགོས་པས་དེ་བརྗོད་དོ། །བླ་མེད་ཉིད་ནི་སྒྲུབ་པ་དང༌། །དམིགས་པ་དང་ནི་ཡང་དག་འགྲུབ། །བསྟན་པ་ཡིན་པར་འདོད་པའོ། །ཐེག་པ་ཆེན་པོ་བླ་ན་མེད་པ་ཉིད་རྣམ་པ་གསུམ་སྟེ། དེས་བླ་ན་མེད་པ་ཉིད་དུ་འགྱུར་རོ། །སྒྲུབ་པ་བླ་ན་མེད་པ་ཉིད་དང༌། དམིགས་པ་བླ་ན་མེད་པ་ཉིད་དང༌། ཡང་དག་པར་འགྲུབ་པ་བླ་ན་མེད་པ་ཉིད་དོ། །དེ་ལ་སྒྲུབ་པ་བླ་ན་མེད་པ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་བསྒྲུབ་པར་རིག་པར་བྱའོ། །སྒྲུབ་པ་དག་ནི་རྣམ་དྲུག་སྟེ། །ཕ་རོལ་ཏུ་ཕྱིན་པ་དེ་དག་ལའོ། །དམ་པ་དང་ནི་ཡིད་བྱེད་དང༌། །རྗེས་མཐུན་ཆོས་མཐའ་སྤངས་པ་དང༌། །ཁྱད་པར་ཅན་དང་ཁྱད་པར་མེད། །རྣམ་པ་དྲུག་པོ་འདི་དག་ནི་སྒྲུབ་པ་སྟེ། འདི་ལྟར་དམ་པར་སྒྲུབ་པ་དང༌། ཡིད་ལ་བྱེད་པ་ལ་སྒྲུབ་པ་དང༌། རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང༌། །མཐའ་གཉིས་རྣམ་པར་སྤངས་པ་སྒྲུབ་པ་དང༌། ཁྱད་པར་ཅན་སྒྲུབ་པ་དང༌། ཁྱད་པར་མེད་པ་སྒྲུབ་པའོ། །དེ་ལ། དམ་པ་བཅུ་གཉིས་བདག་ཉིད་དེ། །རྒྱ་ཆེ་བ་དང་ཡུན་རིང་དང༌། །ཆེད་དུ་བྱ་བ་དང་མི་ཟད་དང༌། །རྒྱུན་མི་འཆད་དང་ཚེགས་མེད་དང། །དབང་འབྱོར་བ་དང་ཡོངས་གཟུང་དང༌། །རྩོམ་དང་ཐོབ་དང་རྒྱུ་མཐུན་དང༌། །འགྲུབ་པ་དམ་པར་འདོད་པ་ཡིན། །རྣམ་པ་བཅུ་གཉིས་ལོ་འདི་དག་ནི་དམ་པ་སྟེ། འདི་ལྟར་རྒྱ་ཆེ་བ་དམ་པ་དང༌། ཡུན་རིང་བ་དམ་པ་དང༌། ཆེད་དུ་བྱ་བ་དམ་པ་དང༌། ཟད་མི་ཤེས་པ་དམ་པ་དང༌། རྒྱུན་མི་འཆད་པ་དམ་པ་དང༌། ཚེགས་མེད་པ་དམ་པ་དང༌། དབང་འབྱོར་བ་དམ་པ་དང༌། ཡོངས་སུ་གཟུང་བ་དམ་པ་དང༌། རྩོམ་པ་དམ་པ་དང༌། རབ་ཏུ་ཐོབ་པ་དམ་པ་དང༌། རྒྱུ་མཐུན་པ་དམ་པ་དང༌། འགྲུབ་པ་དམ་པའོ། །དེ་ལ་རྒྱ་ཆེ་བ་དམ་པ་ནི། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་མི་འདོད་པ་དང་མཆོག་ཏུ་རིག་པར་བྱའོ། །ཡུན་རིང་པ་དམ་པ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་ཡོངས་སུ་བསྒོམས་པའི་ཕྱིར་རོ། །ཆེད་དུ་བྱ་བ་དམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཆེད་ཀྱི་ཕྱིར་རོ། །ཟད་མི་ཤེས་པ་དམ་པ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་
པས་གཏན་དུ་ཡོངས་སུ་གཏུགས་པར་མི་འགྱུར་བའི་ཕྱིར་རོ། །རྒྱུན་མི་འཆད་པའི་དམ་པ་ནི་བདག་གཞན་མཉམ་པ་ཉིད་དུ་མོས་པའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་ལ་སྦྱིན་པ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར ་བྱེད་པའི་ཕྱིར་རོ། །ཚེགས་མེད་པ་དམ་པ་ནི་གཞན་གྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །དབང་འབྱོར་པ་དམ་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །ཡོངས་སུ་གཟུང་བ་དམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བའི་ཕྱིར་རོ། །རྩོམ་པ་དམ་པ་ནི་མོས་པ་ས་སྤྱོད་པའི་ས་ལ་བཟོད་པ་ཆེར་གྱུར་པའོ། །འཐོབ་པ་དམ་པ་ནི་ས་དང་པོ་ལའོ། །རྒྱུ་མཐུན་པ་དམ་པ་ནི་དེ་མ་ཡིན་པ་གཞན་བརྒྱད་པོ་དག་ལའོ། །འགྲུབ་པ་དམ་པ་ནི་ས་བཅུ་པ་དང༌། དེ་བཞིན་གཤེགས་པའི་ས་ལ་བྱང་ཆུབ་སེམས་དཔའ་འགྲུབ་པ་དང༌། སངས་རྒྱས་འགྲུབ་པའི་ཕྱིར་རོ། །དེའི་ཕྱིར་དམ་པའི་དོན་གྱིས་ནི། །ཕ་རོལ་གྱིན་པ་བཅུར་འདོད་དོ། །འདི་ལྟར་དམ་པ་རྣམ་པ་བཅུ་གཉིས་པོ་འདི་དག་ནི་དེ་དག་ལ་ཡོད་པའི་ཕྱིར་དམ་པ་ཞེས་བྱ་སྟེ། དོན་འདིས་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ཏུ་འདོད་དོ། །ཁ་ཅིག་བཅུ་གང་ཡིན་སྙམ་དུ་ སེམས་པ་ལ་དེ་དག་གི་མིང་བསྟན་པར ་བྱ་བའི་ཕྱིར། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སློན་ལམ་སྟོབས་དང་ཡེ་ཤེས་དང༌། །འདི་དག་ཕ་རོལ་ཕྱིན་པ་བཅུ། །ཞེས་བྱ་བ་བརྗོད་དོ། །འདི་དག་གིས་སོ་སོའི་ལས་ཅི་ཞེ་ན། ལས་ནི་རྗེས་སུ་འཛིན་བྱེད་དང༌། །གནོད་མི་བྱེད་དང་དེ་ལ་བཟོད། །ཡོན་ཏན་འཕེལ་དང་འཛུད་ནུས་དང༌། །རྣམ་པར་གྲོལ་བར་བྱ་བ་དང༌། །མི་ཟད་པ་དང་རྟག་འཇུག་དང༌། །ངེས་པར་ལོངས་སྤྱོད་སྨིན་ པར་བྱེད། །འདི་དག་ནི་གོ་རིམས་བཞིན་དུ་དེ་དག་གི་ལས་ཏེ། བྱང་ཆུབ་སེམས ་དཔའི་སྦྱིན་པས་ནི་ སེམས་ཅན་རྣམས་རྗེས་སུ་འཛིན་ཏོ། །ཚུལ་ཁྲིམས་ཀྱིས་ནི་དེ་དག་ལ་གནོད་པར ་མི་བྱེད་དོ། །བཟོད་པས་ནི་གཞན་དག་གིས་གནོད་པར་བྱས་པ་ལ་ཅི་མི་སྙམ་པར་བྱེད་དོ། །བརྩོན་འགྲུས་ཀྱིས་ནི་ཡོན་ཏན་རྣམས་འཕེལ་བར་བྱེད་དོ། །བསམ་གཏན་
གྱིས་ནི་རྫུ་འཕྲུལ་ལ་སོགས་པས་མགུ་བར་བྱས་ཏེ་འཛུད་དོ། །ཤེས་རབ་ཀྱིས་ནི་ཡང་དག་པའི་གདམས་ངག་བྱིན་པས་རྣམ་པར་གྲོལ་བར་བྱེད་དོ། །ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པས་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་སྦྱིན་པ་ལ་སོགས་པ་མི་ཟད་པར་བྱེད་དོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་ནི་མཐུན་པའི་སྐྱེ་བ་ཡོངས་སུ་འཛིན་པས་ཚེ་རབས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ལ་མཉེས་པར་བྱེད་ཅིང་སྦྱིན་པ་ལ་སོགས་པ་ལ་རྟག་ཏུ་འཇུག་གོ །སྟོབས་ཀྱི་ཕ་རོལ་ཏུ་ཕིན་པས་ནི་སོ་སོར་རྟོག་པ་དང༌། བསྒོམ་པའི་སྟོབས་གཉིས་ཀྱིས་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་སྦྱིན་པ་ལ་སོགས་པ་ལ་ངེས་པར་འཇུག་གོ །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཆོས་ལ་སྒྲ་ཇི་བཞིན་དུ་རྨོངས་པ་དང་བྲལ་བས་སྦྱིན་པ་ལ་སོགས་པའི་དབང་དུ་མཛད་པའི་ཆོས་ལ་ལོངས་སྤྱོད་པ་མྱོང་བ་དང༌། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར ་བྱེད་དོ། །དམ་པ་བསྒྲུབ་པ་བཤད་ཟིན་ཏོ། །ཡིད་ལ་བྱེད་པ་བསྒྲུབ་པ་གང་ཞེ་ན། ཐེག་པ་ཆེན་པོར་ཅི་ལྟ་བུར། །ཆོས་རྣམས་བཏགས་པར་མཛད་པ་དང༌། །བྱང་ཆུབ་ སེམས་དཔའ་རྟག་པར ་ཡང༌། །ཤེས་རབ་གསུམ་གྱིས་ཡིད་བྱེད་པའོ། །སྦྱིན་པ་ལ་སོགས་པའི་དབང་དུ་མཛད་ནས་ཐེག་པ་ཆེན་པོར་མདོ་ལ་སོགས་པ་ཇི་ལྟར་བཏགས་པའི་ཆོས་རྣམས་ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་རྒྱུན་དུ་ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་པ་བསྒྲུབ་པའོ། །ཤེས་རབ་རྣམ་པ་གསུམ་གྱིས་ཡིད་ལ་བྱེད་པ་དེས་ཡོན་ཏན་ཅི་ཞིག་ཐོབ་ཅེ་ན། ཁམས་བརྟས་བྱེད་དང་འཇུག་བྱེད་དང༌། །དེ་ནི་དོན་རྣམས་འགྲུབ་པར་འགྱུར། །ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཡིད་ལ་བྱེད་པས་ཁམས་བརྟས་པར་འགྱུར་རོ། །བསམས་པ་ལས་བྱུང་བས་ནི་ཐོས་པ་དེའི་དོན་ལ་སྙིང་ནས་འཇུག་པར་བྱེད་དོ། །བསྒོམས་པ་ལས་བྱུང་བས་ནི་དོན་འགྲུབ་པར་འགྱུར་ཏེ། ས་ལ་འཇུག་པ་ཡོངས་སུ་སྦྱོང་བའི་ཕྱིར་རོ། །དེ་ནི་ཆོས་སྤྱོད་རྣམ་བཅུ་དང༌། །ཡང་དག་ལྡན་པར་ཤེས་པར་བྱ། །ཡིད་ལ་བྱེད་པ་སྒྲུབ་པ་སྟེ། །དེ་ཡང་ཆོས་སྤྱོད་པ་རྣམ་པ་བཅུས་ཡོངས་སུ་གཟུང་བར་རིག་པར་བྱའོ། །ཆོས་སྤྱོད་རྣམ་པ་བཅུ་གང་ཞེ་ན། ཡི་གེ་འདྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་
དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པའོ། །ཐེག་པ་ཆེན་པོའི་ཡེ་གེ་འདྲི་བ་དང༌། མཆོད་པ་དང༌། གཞན་དགལ་སྦྱིན་པ་དང༌། གཞན་ཀློག་པ་ལ་ཉན་པ་དང༌། བདག་ཉིད་ཀློག་པ་དང༌། ལེན་པ་དང༌། ཚིག་དང་དོན་འཆད་པ་དང༌། ཁ་ཏོན་བྱེད་པ་དང༌། སེམས་པ་དང་སྒོམ་པའོ། །སྤྱོད་པ་དེ་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅིའི་ཕྱིར་མདོ་དག་ལས་ཐེག་པ་ཆེན་པོ་ཉིད་ཀྱི་ཆོས་སྤྱོད་པ་ནི་ཤིན་ཏུ་འབྲས་བུ་ཆེ་བར་བསྟན་གྱི། ཉན་ཐོས་ཀྱི་ཐེག་པ་ལ་ནི་མ་ཡིན་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ཏེ། ཁྱད་པར་ཕྱིར་དང་མི་ཟད་ཕྱིར། །ཁྱད་པར་ཕྱིར་ནི་ཅི་ལྟ་བུ། །མི་ཟད་པའི་ཕྱིར་ཅི་ལྟ་བུ་ཞེ་ན། གཞན་ལ་ཕན་འདོགས་མ་ཞིའི་ཕྱིར། །གཞན་ལ་ཕན་འདོགས་པར་ཞུགས་པའི་ཕྱིར་ཁྱད་པར་དུ་འཕགས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་ཞི་བ་མེད་ཅིང་རྒྱུན་མི་འཆད་པའི་ཕྱིར་མི་ཟད་པར་རིག་པར་བྱའོ། །ཡིད་ལ་བྱེད་པ་བསྒྲུབ་པ་བཤད་ཟིན་ཏོ། །རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་གང་ཞེ་ན། མི་གཡེང་ཕྱིན་ཅི་མ་ལོག་པར། །གྱུར་པ་རྗེས་སུ་མཐུན་པའི་ཆོས། །རྣམ་པ་འདི་གཉིས་ནི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་སྟེ། འདི་ལྟར་རྣམ་པར་མི་གཡེང་བ་དང་ཕྱིན་ཅི་མ་ལོག་པར་གྱུར་པའོ། །དེ་ལ་རྣམ་པར་མི་གཡེང་བ་རྣམ་པ་དྲུག་མེད་པའི་ཕྱིར་མི་གཡེང་བའོ། །གཡེང་བ་རྣམ་པ་དྲུག་ནི། རང་བཞིན་གྱིས་རྣམ་པར་གཡེང་བ་དང༌། ཕྱི་རོལ་ཏུ་རྣམ་པར་གཡེང་བ་དང༌། ནང་གི་རྣམ་པར་གཡེང་བ་དང༌། མཚན་མའི་རྣམ་པར་གཡེང་བ་དང༌། གནས་ངན་ལེན་གྱི་རྣམ་པར་གཡེང་བ་དང༌། ཡིད་ལ་བྱེད་པའི་རྣམ་པར་གཡེང་བའོ། །འདི་དག་གི་མཚན་ཉིད་ཅི་ལྟ་བུར་རིག་པར་བྱ་ཞེ་ན། ལྡང་དང་ཡུལ་ལ་འཇུག་པ་དང༌། །དེ་བཞིན་རོ་མྱང་བྱིང་དང་རྒོད། །ཡིད་ཆེས་པ་ཡི་བསམ་པ་དང༌། །ཡིད་ལ་བྱེད་པ་ངར་འཛིན་དང༌། །ཆུང་ངུའི་ སེམས་ནི་གཡེང་བ་སྟེ། །བློ་ལྡན་རྣམས་ཀྱིས་ཤེས་པར ་བྱ། །རྣམ་པར་གཡེང་བ་རྣམ་པ་དྲུག་གི་མཚན་ཉིད་ནི་དེ་ལྟ་བུ་ཡིན་ཏེ། དེ་བྱང་ཆུབ་ སེམས་དཔས་ཡོངས་སུ་ཤེས་པར ་བྱའོ། །དེ་ལ་ལྡང་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ཀྱིས་ཏིང་ངེ་འཛིན་ལས་ལྡང་བ་སྟེ། རང་བཞིན་གྱིས་རྣམ་པར་གཡེང་བའོ། །ཡུལ་ལ་འཇུག་པ་ནི་ཕྱི་རོལ་ཏུ་རྣམ་པར་གཡེང་བའོ། །ཏིང་ངེ་འཛིན་གྱི་རོ་མྱང་བ་དང༌། བྱིང་བ་དང༌། རྒོད་པ་ནི་ནང་གི་
རྣམ་པར་གཡེང་བའོ། །ཡིད་ཆེས་པའི་བསམ་པ་ནི་མཚན་མའི་རྣམ་པར་གཡེང་བ་སྟེ། དེ་མཚན་མར་བྱས་ནས་སྦྱོར་བའི་ཕྱིར་རོ། །ངར་འཛིན་པ་དང་བཅས་པའི་ཡིད་ལ་བྱེད་པ་ན་གནས་ངན་ལེན་གྱི་རྣམ་པར་གཡེང་བ་སྟེ། གནས་ངན་ལེན་གྱི་དབང་གིས་ངའོ་སྙམ་པའི་ང་རྒྱལ་ཀུན་ཏུ་འབྱུང་བའི་ཕྱིར་རོ། །དམན་པའི་ སེམས་ནི་ཡིད་ལ་བྱེད་པའི་རྣམ་པར ་གཡེང་བ་སྟེ། ཐེག་པ་དམན་པ་ཡིད་ལ་བྱེད་པ་ཀུན་ཏུ་འབྱུང་བའི་ཕྱིར་རོ། །དེ་ལ་ཕྱིན་ཅི་མ་ལོག་པའི་དངོས་པོ་ནི་རྣམ་པ་བཅུས་རིག་པར་བྱ་སྟེ། འདི་ལྟ་སྟེ། ཡི་གེ་དོན་དང་ཡིད་བྱེད་དང༌། །མི་འཕྲོ་བ་དང་མཚན་ཉིད་གཉིས། །མ་དག་དག་དང་གློ་བུར་དང༌། །མི་སྡང་བ་དང་ཁེངས་པ་མེད། །དེ་ལ། འབྲེལ་བའི་ཕྱིར་དང་འདྲིས་ཕྱིར་དང༌། །མ་འབྲེལ་ཕྱིར་དང་མ་འདྲིས་ཕྱིར། །དོན་ཡོད་པ་དང་མེད་པ་སྟེ། །དེ་ནི་ཡི་གེ་མ་ལོག་པའོ། །ཡི་གེ་རྣམས་དང་འབྲེལ་ཏེ་རྒྱུན་མི་འཆད་པར་བརྗོད་པ་དང༌། འདིའི་མིང་ནི་འདི་ཞེས་བྱའོ་ཞེས་འདྲིས་པས་དོན་ཡོད་པ་ཉིད་དོ། །བཟློག་པ་ནི་དོན་མེད་པ་ཉིད་དོ་ཞེས་དེ་ལྟར་མཐོང་བ་གང་ཡིན་པ་དེ་ནི་ཡི་གེ་ལ་ཕྱིན་ཅི་མ་ལོག་པར་རིག་པར་བྱའོ། །དོན་ལ་ཕྱིན་ཅི་མ་ལོག་པ་ཇི་ལྟ་བུ་ཞེ་ན། གཉིས་སུ་སྣང་བར་གྱུར་པ་ནི། །དེ་ལྟར་ཡོད་པ་མ་ཡིན་ཏེ། །དེ་ནི་དོན་ལ་མ་ལོག་པར། །ཡོད་དང་མེད་པ་རྣམ་པར་སྤངས། །གཉིས་ནི་གཟུང་བ་དང་འཛིན་པར་སྣང་བ་སྟེ་དེའི་རྣམ་ཕར་འབྱུང་བའི་ཕྱིར་རོ། །ཇི་ལྟར་སྣང་བ་དེ་ལྟར་ནི་ཡོད་པ་མ་ཡིན་ཏེ། དེ་ལྟར་དོན་ལ་མཐོང་བ་གང་ཡིན་པ་དེ་ནི་དེ་ལ་ཕྱིན་ཅི་མ་ལོག་པའོ། །དོན་གྱི་ཡོད་པ་སྤངས་པ་ནི་གཟུང་བ་དང་འཛིན་པ་དངོས་པོ་མེད་པའི་ཕྱིར་རོ། །མེད་པ་སྤངས་པ་ནི་དེར་སྣང་བའི་འཁྲུལ་པ་ཡོད་པའི་ཕྱིར་རོ། །རྟོག་པ་དེ་ཡིས་བསྒོས་པ་ཡི། །རྟོག་པ་ཡིད་བྱེད་དེའི་གནས་ནི། །ཡིད་ལ་བྱེད་པ་མ་ལོག་པ། །གཉིས་སུ་སྣང་བའི་རྒྱུ་ལའོ། །གཟུང་བ་དང་འཛིན་པར་རྟོག་པས་ཡོངས་སུ་བསྒོས་པ་ནི་རྟོག་པའི་ཡིད་ལ་བྱེད་པ་སྟེ། གཟུང་བ་དང་འཛིན་པ་རྣམ་པར་རྟོག་པ་དེའི་རྟེན་ཡིན་པས། འདི་ནི་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པའོ། །ཡིད་ལ་བྱེད་པ་གང་ལ་ཕྱིན་ཅི་མ་ལོག་ཅེ་ན། གཟུང་བ་དང་འཛིན་པ་གཉིས་སུ་སྣང་བའི་རྒྱུ་ལ་སྟེ། རྟོག་པ་ཡིད་ལ་བྱེད་པ་དེ་ནི་བརྗོད་པའི་འདུ་ཤེས་ཀྱིས་ཡོངས་སུ་བསྒོས་པའི་ཕྱིར་རོ། །དོན་གྱི་མེད་དང་ཡོད་པ་སྟེ། །སྒྱུ་མ་ལ་སོགས་བཞིན་དུ་འདོད། །
དེ་ནི་མི་འཕྲོ་མ་ལོག་སྟེ། །ཡོད་དང་མེད་པ་མི་འཕྲོའི་ཕྱིར། །དོན་གྱི་མེད་པ་དང་ཡོད་པ་གོང་དུ་བཤད་མ་ཐག་པ་གང་ཡིན་པ་དེ་ནི་སྒྱུ་མ་ལ་སོགས་པ་བཞིན་དུ་འདོད་དེ། དཔེར་ན་སྒྱུ་མའི་གླང་པོ་ཆེ་ལ་སོགས་པའི་དངོས་པོར་ཡོད་པ་ཡང་མ་ཡིན་ལ། དེའི་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་མེད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་དོན་ཀྱང་ཇི་ལྟར་གཟུང་བ་དང་འཛིན་པར་སྣང་བ་ལྟར་ཡོད་པ་མ་ཡིན་ལ། དེ་ལ་འཁྲུལ་པ་ཙམ་དུ་ཡོད་པའི་ཕྱིར་མེད་པ་ཡང་མ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སྨིག་རྒྱུ་དང༌། རྨི་ལམ་དང་ཆུ་ཟླ་ལ་སོགས་པའི་དཔེ་རྣམས་ཏེ་ཅི་རིགས་སུ་རིག་ པར་བྱའོ། །དེ་ལྟར་དོན་ལ་སྒྱུ་མ་ལ་སོགས་པ་ལྟ་བུར་མཐོང་ནས་སེམས ་མི་འཕྲོ་བར་མཐོང་བ་གང་ཡིན་པ་དེ་ནི་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་སྟེ། དེས་ཡོད་པ་དང་མེད་པ་ལ་སེམས་འཕྲོ་བ་མེད་པའི་ཕྱིར་རོ། །རྟོག་པ་ཐམས་ཅད་མི་འཇུག་ཕྱིར། །ཐམས་ཅད་མིང་ཙམ་ཁོ་ན་སྟེ། །རང་གི་མཚན་ཉིད་མ་ལོག་པའོ། །གང་འདི་མིག་དང་གཟུགས་རྣམས་ནས། ཡིད་དང་ཆོས་རྣམས་ཞེས་བྱ་བའི་བར་འདི་དག་ཐམས་ཅད་ནི་མིང་ཙམ་མོ་ཞེས་དེ་ལྟར་གང་ཤེས་པ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པས་འདི་ནི་རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པའོ། །རང་གི་མཚན་ཉིད་གང་ལ་ཞེ་ན། དོན་དམ་རང་གི་མཚན་ཉིད་ལའོ། །ཀུན་རྫོབ་ཏུ་ནི་འདི་མིང་ཙམ་མོ་ཞེས་འཛིན་པ་མེད་དོ། །ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །དེའི་ཕྱིར་སྤྱི་ཡི་མཚན་ཉིད་དེར། །དེ་ནི་ཕྱིན་ཅི་མ་ལོག་པའོ། །ཆོས་ལ་བདག་མེད་པ་ལས་མ་གཏོགས་པར་ཆོས་གང་མེད་དེ། དེ་བས་ན་ཆོས་ཀྱི་དབྱིངས་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དོ་ཞེས་དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པའོ། །ཕྱིན་ཅི་ལོག་གི་ཡིད་ལ་བྱེད། །མ་སྤངས་པ་དང་སྤངས་པ་ལས། །དེ་ནི་མ་དག་རྣམ་དག་སྟེ། །དེ་ཡང་དེ་ལ་མ་ལོག་པའོ། །ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པ་མ་སྤངས་པ་ནི་ཆོས་ཀྱི་དབྱིངས་དེ་རྣམ་པར་མ་དག་པའོ། །སྤངས་པ་ནི་རྣམ་པར་དག་པའོ་ཞེས་དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་མ་དག་པ་དང༌། རྣམ་པར་དག་པ་ལ་ཕྱིན་ཅི་མ་ལོག་པ་སྟེ་གོ་རིམས་བཞིན་ནོ། །ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས། །རྣམ་པར་དག་ཕྱིར་ནམ་མཁའ་བཞིན། །གཉིས་ནི་གློ་བུར་བྱུང་བ་སྟེ། །དེ་ཡང་དེ་ལ་མ་
ལོག་པའོ། །ཆོས་ཀྱི་དབྱིངས་ནི་ནམ་མཁའ་བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རྣམ་པར་མ་དག་པ་དང༌། ཕྱིས་རྣམ་པར་དག་ཅེས་བྱ་བ་འདི་གཉིས་ཀྱང་གློ་བུར་ཡིན་པར་དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་གློ་བུར་དུ་བྱུང་བ་ཉིད་ལ་ཕྱིན་ཅི་མ་ལོག་པའོ། །ཆོས་རྣམས་དང་ནི་གང་ཟག་གི །ཀུན་ནས་ཉོན་མོངས་རྣམ་དག་མེད། །མེད་ཕྱིར་དེ་བས་སྐྲག་དང་ང༌། །མེད་དེ་དེ་འདིར་མ་ལོག་པའོ། །གང་ཟག་གི་ཀུན་ནས་ཉོན་མོངས་པ་མེད་པས་རྣམ་པར་དག་པ་མེད་དོ། །ཆོས་ཀྱི་ཡང་མེད་དེ། འདི་ལྟར་གང་ཟག་མེད་ཅིང་ཆོས་མེད་པའི་ཕྱིར་རོ། །གང་གི་ཀུན་ནས་ཉོན་མོངས་པ་གང་ཡང་མེད་ཅིང་རྣམ་པར་བྱང་བ་ཡང་མེད་པ་དེའི་ཕྱིར་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་སུ་ཡང་འགྲིབ་པ་ཡང་མེད་ལ། རྣམ་པར་བྱང་བའི་ཕྱོགས་ལ་སུའི་ཁྱད་པར་དུ་འགྱུར་བའང་མེད་ན། དེའི་ཕྱིར་སྐྲག་པའམ་ང་རྒྱལ་དུ་གྱུར་ཏེ། འདི་ནི་སྐྲག་པ་མེད་པ་དང༌། །ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པའོ། །ཕྱིན་ཅི་མ་ལོག་པ་བཅུ་པོ་འདི་དག་ནི་རྡོ་རྗེའི་ཚིག་བཅུ་པོ་དག་དང་གོ་རིམས་བཞིན་དུ་སྦྱར་བར་བྱ་སྟེ། རྡོ་རྗེའི་ཚིག་བཅུ་པོ་འདི་དག་ནི། ཡོད་པ་དང་མེད་པ་དང༌། ཕྱིན་ཅི་མ་ལོག་པ་དང༌། གནས་དང༌། སྒྱུ་མ་ལྟ་བུ་ཉིད་དང༌། རྣམ་པར་མི་རྟོག་པ་ཉིད་དང༌། རང་བཞིན་གྱིས་འོད་གསལ་བ་ཉིད་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། ནམ་མཁའ་ལྟ་བུ་དང༌། འགྲིབ་པ་མེད་པ་དང༌། ཁྱད་པར་དུ་འཕགས་པ་མེད་པའོ། །རྡོ་རྗེའི་ཚིག་རྣམས་ཀྱི་ལུས་རྣམ་པར་གཞག་པ་ནི་ངོ་བོ་ཉིད་དེ་ངོ་བོ་ཉིད་རྣམ་པ་གསུམ་དང་དམིགས་པ་དང༌། རྣམ་པར་མི་རྟོག་པ་ཉིད་དང༌། བརྒལ་བ་དང༌། ལན་ཏེ། རྡོ་རྗེའི་ཚིག་ལྷག་མ་རྣམས་སོ། །ལུས་རྣམ་པར་གཞག་པ་གཉིས་པ་ནི། གང་ལ་གང་ཞིག་གང་གིས་འཁྲུལ། །མ་འཁྲུལ་གང་ཞིག་གང་ལ་དང༌། །འཁྲུལ་དང་མ་འཁྲུལ་འབྲས་བུ་ཉིད། །དེ་གཉིས་ཀྱི་ནི་མཐའ་མའོ། །རྡོ་རྗེའི་ཚིག་རྣམས་ཀྱིས་བསྡུས་པའི་དོན་ནི་ངོ་བོ་ཉིད་གསུམ་ནི་དམིགས་པ་སྟེ། ཡོངས་སུ་གྲུབ་པ་དང༌། ཀུན་བརྟགས་པ་དང༌། གཞན་གྱི་དབང་ཞེས་བྱ་བ་དག་སྟེ། ཚིག་དང་པོ་གསུམ་དང་གོ་རིམས་བཞིན་ནོ། །རྣམ་པར་མི་རྟོག་པ་ཉིད་ནི་གང་གིས་རྣམ་པར་མི་རྟོག་ཅེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སོ། །གང་ལ་རྣམ་པར་
མི་རྟོག་ཅེ་ན། རང་བཞིན་གྱིས་འོད་གསལ་བ་ཉིད་ལའོ། །དེ་བས་ན་འདིས་ཤེས་པ་དང༌། ཤེས་པ་རྣམ་པར་གཞག་པ་འདི་ལྟ་སྟེ། ངོ་བོ་ཉིད་གསུམ་དང༌། རྣམ་པར་མི་རྟོག་པ་ཉིད་དང་གོ་རིམས་བཞིན་དུ་རིག་པར་བྱའོ། །བརྒལ་བ་དང༌། ལན་ནི་ལྷག་མ་རྣམས་སོ་ཞེས་བྱ་བ་དེ་ལ་བརྒལ་བ་ནི་འདི་ཡིན་ཏེ། གལ་ཏེ་ཀུན་བརྟགས་པ་དང༌། གཞན་གྱི་དབང་གི་མཚན་ཉིད་ཀྱི་ཆོས་དེ་དག་མེད་ན་ཇི་ལྟར་དམིགས་པར་འགྱུར། ཅི་སྟེ་ཡོད་ན་དེ་ལྟ་ན་གོ་ཆོས་རྣམས་རང་བཞིན་གྱིས་འོད་གསལ་བ་ཉིད་དུ་མི་རུང་ངོ་ཞེ་ན། དེའི་ལན་ནི་སྒྱུ་མ་ལྟ་བུ་ཉིད་ཡིན་ཏེ། དཔེར་ན་སྒྱུ་མ་བྱས་པ་ནི་མེད་ཀྱང་དམིགས་པ་ལྟ་བུའོ། །གལ་ཏེ་ཆོས་རྣམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཡིན་ན་ཇི་ལྟར་སྔར་ཀུན་ནས་ཉོན་མོངས་པ་ཕྱིས་རྣམ་པར་བྱང་ཞེ་ན། དེའི་ལན་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ནམ་མཁའ་ལྟ་བུར་རེག་པ་བྱ་བ་ཡིན་ཏེ། དཔེར་ན་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ལ་ཀུན་ནས་ཉོན་མོངས་སོ། །རྣམ་ པར་བྱང་ངོ་ཞེས་བྱ་བ་ལྟ་བུའོ། །གལ་ཏེ་སངས་རྒྱས་དཔག་ཏུ་མེད་པ་བྱུང་སྟེ། སེམས ་ཅན་དཔག་ཏུ་མེད་པ་དག་གི་ཀུན་ནས་ཉོན་མོངས་པ་བསལ་ན། དེའི་ཕྱིར་ཅི་ལྟར་འཁོར་བ་རྒྱུན་ཆད་པར་མི་འགྱུར་ཞིང་མྱ་ངན་ལས་འདས་པ་འཕེལ་བར་མི་འགྱུར་ཞེ་ན། དེའི་ལན་ནི་འགྲིབ་པ་མེད་པ་དང༌། ཁྱད་པར་དུ་འཕགས་པ་མེད་པ་ཉིད་ཡིན་ཏེ། སེམས་ཅན་གྱི་ཁམས་དང༌། རྣམ་པར ་བྱང་བའི་ཕྱོགས་དཔག་ཏུ་མེད་པའི་ཕྱིར་རོ། །ཡོད་མེད་ཕྱིན་ཅི་མ་ལོག་དང༌། །གནས་དང་སྒྱུ་མ་ལྟ་བུ་ཉིད། །མི་རྟོག་པ་དང་རང་བཞིན་གྱིས། །རྟག་པར་འོད་གསལ་ཉིད་དང་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་དང༌། །དེ་བཞིན་ནམ་མཁའ་ལྟ་བུ་ཉིད། །འགྲིབ་པ་མེད་དང་ལྷག་མེད་པ། །རྡོ་རྗེའི་ཚིག་ནི་བཅུ་ཞེས་བྱ། །རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་བཤད་ཟིན་ཏེ། །མཐའ་གཉིས་སྤང་བ་བསྒྲུབ་པ་གང་ཞེ་ན། གང་དཀོན་མཆོག་བརྩེགས་པ་ལས་དབུ་མའི་ལམ་བཤད་པའོ། །མཐའ་གང་དང་གང་སྤངས་པས་དེ་རིག་པར་བྱ་ཞེ་ན། ཐ་དད་པ་དང་གཅིག་མཐའ་དང༌། །མུ་སྟེགས་ཉན་ཐོས་གཉིས་ཀ་དང༌། །གང་ཟག་ཆོས་ལ་སྒྲོ་འདོགས་དང༌། །སྐུར་འདེབས་མཐའ་
རྣམས་གཉིས་གཉིས་དང༌། །མི་མཐུན་ཕྱོགས་དང་གཉེན་པོའི་མཐའ། །རྟག་དང་ཆད་པར་འདུ་ཤེས་དང༌། །གཟུང་དང་འཛིན་དང་ཀུན་ཉོན་མོངས། །རྣམ་པར་བྱང་ལ་གཉིས་དང་གསུམ། །རྣམ་པར་རྟོག་པ་གཉིས་ཀྱི་མཐའ། །དེ་ནི་རྣམ་པ་བདུན་དུ་འདོད། །དངོས་ཡོད་དངོས་མེད་ཞི་བྱེད་དང༌། །ཞི་བྱེད་སྐྲག་བྱ་དེ་ལ་འཇིགས། །གཟུང་དང་འཛིན་དང་ཡང་དག་ཉིད། །ལོག་པ་ཉིད་དང་བྱེད་དང་མིན། །སྐྱེ་བ་མེད་དང་མཉམ་པའི་དུས། །དེ་ནི་རྣམ་རྟོག་གཉིས་ཀྱི་མཐའ། །དེ་ལ་གཟུགས་ལ་སོགས་པ་དང་བདག་ཐ་དད་ཅེས་བྱ་བ་ཡང་མཐའོ། །གཅིག་ཅེས་བྱ་བ་ཡང་མཐའོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་བདག་མེད་པར་སོ་སོར་རྟོག་པ་ནས་ཤེད་བུ་མེད་པར་སོ་སོར་རྟོག་པའི་བར་དུའོ། །བདག་ཏུ་ལྟ་བ་ནི་སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་པ་དང༌། སྲོག་དེ་ཉིད་ལུས་དེ་ཡིན་ཞེས་བྱ་བར་ལྟ་བ་ཡིན་ནོ། །གཟུགས་ལ་སོགས་པ་རྟག་གོ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་མཐའོ། །མི་རྟག་གོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་མཐའོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་གཟུགས་ལ་སོགས་པ་ལ་རྟག་པར་ཡང་མི་རྟོག །མི་རྟག་པར་ཡང་མི་རྟོག་པའོ། །བདག་ཅེས་བྱ་བ་ནི་གང་ཟག་ཏུ་སྒྲོ་འདོགས་པའི་མཐའོ། །བདག་མེད་ཅེས་བྱ་བ་ནི་སྐུར་བ་འདེབས་པའི་མཐའ་སྟེ། བརྟགས་པའི་ཡོད་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་བདག་དང་བདག་མེད་པ་གཉིས་ཀྱི་དབུས་ནི་རྣམ་པར་མི་རྟོག་པ་ཉིད་དོ། །སེམས་ཡང་དག་པའོ་ཞེས་བྱ་བ་ནི་ཆོས་ལ་སྒྲོ་འདོགས་པའི་མཐའོ། །སེམས་ཡང་དག་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྐུར་པ་འདེབས་པའི་མཐའོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་ལ་སེམས་མེད་པ་དང༌། སེམས་པ་མེད་པ་དང༌། ཡིད་མེད་པ་དང༌། རྣམ་པར ་ཤེས་པ་མེད་པའོ། །མི་དགེ་བ་ལ་སོགས་པའི་ཆོས་རྣམས་ནི་ཀུན་ནས་ཉོན་མོངས་པའོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་མཐའོ། །དགེ་བ་ལ་སོགས་པ་ནི་རྣམ་པར་བྱང་བའོ་ཞེས་བྱ་བ་ནི་གཉེན་པོའི་མཐའོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་མཐའ་དེ་གཉིས་ཁས་མི་ལེན་ཞིང་མི་བརྗོད་ཅིང་མི་སྨྲ་བའོ། །
གང་ཟག་དང་ཆོས་ཡོད་དོ་ཞེས་བྱ་བ་ནི་རྟག་པའི་མཐའོ། །མེད་དོ་ཞེས་བྱ་བ་ནི་ཆད་པའི་མཐའོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པའོ། །མ་རིག་པ་ལ་གཟུང་བའོ། །འཛིན་པའོ་ཞེས་བྱ་བ་ནི་མཐའ་སྟེ། དེ་བཞིན་དུ་རིག་པ་དང་འདུ་བྱེད་རྣམས་དང༌། དེའི་གཉེན་པོ་འདུས་མ་བྱས་དང༌། རྒ་ཤིའི་བར་ལ་གཟུང་བའོ། །འཛིན་པའོ་ཞེས་བྱ་བ་ཡང་མཐའོ། །དེ་འགོག་པ་ལ་གཟུང་བའོ། །འཛིན་པའི་ཞེས་བྱ་བ་ཡང་མཐའ་སྟེ། ལམ་གང་གིས་དེ་འགག་པའོ། །དེ་བཞིན་དུ་ནག་པོ་དང་དཀར་པོའི་ཕྱོགས་ཀྱི་བྱེ་བྲག་གིས་གཟུང་བ་དང་འཛིན་པའི་མཐའ་རྣམ་པ་གཉིས་སོ། །དེ་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། རིག་པ་དང་མ་རིག་པ་འདི་ནི་གཉིས་སུ་མེད་ཅེས་རྒྱ་ཆེར་འབྱུང་སྟེ། རིག་པ་དང་མ་རིག་པ་ལ་སོགས་པ་ལ་གཟུང་བ་དང༌། འཛིན་པའི་དངོས་པོ་མེད་པའི་ཕྱིར་རོ། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཡང་རྣམ་པ་གསུམ་སྟེ། ལྟ་བ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་རྒྱུ་དང༌། ཡང་སྲིད་པ་ལ་སྨོན་པའོ། །དེའི་གཉེན་པོ་ནི་སྟོང་པ་ཉིད་ཤེས་པ་དང༌། མཚན་མ་མེད་པའི་ཤེས་པ་དང༌། སྨོན་པ་མེད་པའི་ཤེས་པའོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་པའོ།། དེའི་གཉེན་པོ་ནི་མངོན་པར་འདུ་མི་བྱེད་པ་ཤེས་པའོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་ཡང་སྲིད་ པར་སྐྱེ་བ་དང༌། སྐྱེས་པའི་སེམས ་དང་སེམས་ལས་བྱུང་བ་རྣམས་སྐད་ཅིག་རེ་རེ་ལ་བྱུང་བ་དང༌། ཡང་སྲིད་པའི་རྒྱུན་ཏོ། །དེའི་གཉེན་པོ་ནི་སྐྱ་བ་མེད་པ་ཤེས་པ་དང༌། འབྱུང་བ་མེད་པ་ཤེས་པ་དང༌། ངོ་བོ་ཉིད་མེད་པ་ཤེས་པའོ། །ཀུན་ནས་ཉོན་མོངས་པ་རྣམ་པ་དེ་གསུམ་དང་བྲལ་བ་ནི་རྣམ་པར་བྱང་བའོ། །དེ་ལ་སྟོང་པ་ཉིད་ཤེས་པ་ལ་སོགས་པས་ཤེས་བྱ་སྟོང་པ་ཉིད་ལ་སོགས་པའི་ཆོས་རྣམས་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དེ་དག་དང་ཅི་
རིགས་པར་སྟོང་པ་ཉིད་ལ་སོགས་པའི་བར་དུ་མི་བྱེད་ཀྱི། རང་བཞིན་གྱིས་སྟོང་པ་ཉིད་ལ་སོགས་ཏེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་མ་གྱུར་བའི་ཕྱིར་རོ། །གལ་ཏེ་ཆོས་ཀྱི་དབྱིངས་ཀུན་ནས་ཉོན་མོངས་པར་གྱུར་པའམ། རྣམ་པར་དག་པར་འགྱུར་བའོ་སྙམ་དུ་རྣམ་པར་རྟོག་པ་འདི་ནི་མཐའ་སྟེ། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ལ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་མེད་པའི་ཕྱིར་རོ། །མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་ཀྱི་ཆོས་རྣམས་ཉིད་ཀྱིས་སྟོང་པའི་ཞེས་འབྱུང་བ་ལ་སོགས་པའོ། །གཞན་ཡང་རྣམ་པར་རྟོག་པའི་མཐའ་གཉིས་རྣམ་པར་བདུན་ཏེ། འདི་ལྟ་སྟེ། དངོས་པོ་ཡོད་པར་རྣམ་པར་རྟོག་པ་ཡང་མཐའོ། །དངོས་པོ་མེད་པར་རྣམ་པར་རྟོག་པ་ཡང་མཐའོ། །གང་ཟག་ཡང་དེ་དེ་གཞིག་པའི་ཕྱིར་སྟོང་པ་ཉིད་དོ། །ཡང་ན་བདག་མེད་པ་ཡང་མེད་དོ་སྙམ་དུ་རྟོག་པའི་ཕྱིར་ཏེ། རྣམ་པར་རྟོག་པའི་མཐའ་འདི་གཉིས་སྤང་བའི་ཕྱིར་དབུ་མའི་ལམ་སྟེ། འདི་ལྟ་སྟེ། གང་ཟག་རྣམ་པར་གཞིག་པའི་ཕྱིར་སྟོང་པ་ཉིད་མ་ཡིན་གྱི་སྟོང་པ་ཉིད་ཀྱིས་སྟོང་སྟེ། སྔོན་གྱི་མཐའ་སྟོང་པ་དང༌། ཕྱི་མའི་མཐའ་སྟོང་པ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བའོ། །ཞི་བར་བྱ་བ་རྣམ་པ་ཡང་མཐའོ། །ཞི་བར་བྱེད་པ་རྣམ་པར་རྟོག་པ་ཡང་མཐའ་སྟེ། སྤང་བར་བྱ་བ་དང༌། སྤོང་བར་བྱེད་པ་རྣམ་པར་རྟོག་པས་སྟོང་པ་ཉིད་ཀྱིས་སྐྲག་པའི་ཕྱིར་རོ། །རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་དཔེ་ནམ་མཁའོ། །སྐྲག་པར་བྱ་བར་རྣམ་པར་རྟོག་པ་ཡང་མཐའོ། །སྐྲག་པར་བྱ་བ་དེ་ལས་འཇིགས་པར་རྣམ་པར་རྟོག་པ་ཡང་མཐའ་སྟེ། སྡུག་བསྔལ་གྱིས་ཁོང་དང་ངས་པས་ཀུན་བརྟགས་པའི་གཟུགས་ལ་སོགས་པ་ལ་སྐྲག་པའི་ཕྱིར་རོ། །རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་དཔེ་ནི་རི་མོ་མཁན་ནོ། །དཔེ་སྔ་མ་ནི་ཉན་ཐོས་རྣམས་ལས་བརྩམས་པའོ། །འདི་ནི་བྱང་ཆུབ་ སེམས་དཔའ་རྣམས་ལས་བརྩམས་པའོ། །གཟུང་བར་རྣམ་པར ་
རྟོག་པ་ཡང་མཐའོ། །འཛིན་པར་རྣམ་པར་རྟོག་པ་ཡང་མཐའོ། །རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་དཔེ་སྒྱུ་མ་མཁན་ནོ། །རྣམ་པར་རིག་པ་ཙམ་དུ་ཤེས་པས་དོན་དངོས་པོ་མེད་པར་བྱས་ནས། །དོན་དངོས་པོ་མེད་པར་ཤེས་པ་དེས་ཀྱང་རྣམ་པར་རིག་པ་ཙམ་དུ་ཤེས་པ་དེ་ཉིད་རྣམ་པར་བཟློག་གོ །དོན་དངོས་པོ་མེད་ན་རྣམ་པར་རིག་པ་མི་སྲིད་པའི་ཕྱིར་ཏེ། དེ་ལྟར་ན་འདི་ནི་འདིར་མཚུངས་སོ། །ཡང་དག་པ་ཉིད་དུ་རྣམ་པར་རྟོག་པ་ཡང་མཐའོ། །ལོག་པ་ཉིད་དུ་རྣམ་པར་རྟོག་པ་ཡང་མཐའ་སྟེ། ཡང་དག་པར་སོ་སོར་རྟོག་པ་ན་ཡང་དག་པ་ཉིད་དུའམ། ལོག་པ་ཉིད་དུ་རྟོག་པའོ། །མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་དཔེ་ཤིང་གཉིས་ལས་མེ་འབྱུང་བ་སྟེ། དཔེར་ན་མེའི་མཚན་ཉིད་མ་ཡིན་པ་ཤིང་གཉིས་ལས་མེད་འབྱུང་སྟེ། བྱུང་ནས་ཀྱང་ཤིང་གཉིས་ཚིག་པར་བྱེད་དོ། །དེ་བཞིན་དུ་ཡང་དག་པ་ཉིད་ཀྱི་མཚན་ཉིད་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་ལས་ཡང་དག་པ་ཉིད་ཀྱི་མཚན་ཉིད་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། སྐྱེས་ནས་ཀྱང་ཡང་དག་པར་སོ་སོར་རྟོག་པ་དེ་ཉིད་རྣམ་པར་འཇིག་པར་བྱེད་དེ། དེ་ལྟ་བས་ན་འདི་ནི་འདིར་མཚུངས་སོ། །ཡང་དག་པར་སོ་སོར་རྟོག་པ་ཡང་དག་པ་ཉིད་ཀྱི་མཚན་ཉིད་མ་ཡིན་ཀྱང་ལོག་པ་ཉིད་ཀྱི་མཚན་ཉིད་ཀྱང་མ་ཡིན་ཏེ། ཡང་དག་པ་ཉིད་ཀྱི་རྗེས་སུ་མཐུན་པའི་ཕྱིར་རོ། །བྱེད་པ་རྣམ་པར་རྟོག་པ་ཡང་མཐའོ། །མི་བྱེད་པར་རྣམ་པར་རྟོག་པ་ཡང་མཐའ་སྟེ། ཡེ་ཤེས་ནི་བློ་སྔོན་དུ་འགྲོ་བས་བྱེད་པའམ་མཐུ་མེད་པར་རྟོག་པའོ། །རྣམ་པར་རྟོག་པའི་མཐའ་དེ་གཉིས་ཡོངས་སུ་སྤང་བའི་ཕྱིར་དཔེ་མར་མེའོ། །སྐྱེ་བ་མེད་པར་རྣམ་པར་རྟོག་པ་ཡང་མཐའོ། །དུས་མཉམ་པ་ཉིད་དུ་རྣམ་པར་རྟོག་པ་ཡང་མཐའ་སྟེ། གལ་ཏེ་གཉེན་པོ་མ་སྐྱེས་པའམ། ཀུན་ནས་ཉོན་མོངས་པ་ཡུན་རིང་བ་ཉིད་དུ་རྟོག་པའོ། །རྣམ་པར་རྟོག་པའི་མཐའ་དེ་གཉིས་སྤང་བའི་ཕྱིར་མར་མེའི་དཔེ་གཉིས་པའོ། །མཐའ་གཉིས་སྤང་བའི་སྒྲུབ་པ་བཤད་ཟིན་ཏོ། །ཁྱད་པར་ཅན་དང་ཁྱད་པར་མེད་པ་སྒྲུབ་པ་གང་ཞེ་ན། ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་དག་ཏུ་
ཤེས་པར་བྱ། །ས་གང་ལ་ཕ་རོལ་ཏུ་ཕྱིན་པ་གང་གི་ཤས་ཆེ་བ་དེ་ནི་ཁྱད་པར་ཅན་ནོ། །ཐམས་ཅད་དུ་ཐམས་ཅད་ལ་ཡང་དག་པར་བསྒྲུབ་པ་ནི་ཁྱད་པར་མེད་པའོ། །བསྒྲུབ་པ་བླ་ན་མེད་པ་ཉིད་བཤད་ཟིན་ཏོ། །དམིགས་པ་བླ་ན་མེད་པ་ཉིད་གང་ཞེ་ན། རྣམ་པར་གཞག་དང་དེ་བཞིན་དབྱིངས། །བསྒྲུབ་དང་སྒྲུབ་དང་འཛིན་པ་དང༌། །ངེས་པར་འཛིན་དང་རབ་ཏུ་འཛིན། །རབ་ཏུ་རྟོགས་དང་རབ་རྒྱས་དང༌། །རྣམ་པར་རྟོག་དང་རྣལ་འདུག་དང༌། །ཕུལ་དུ་བྱུང་བའི་དམིགས་པར་འདོད། །དམིགས་པ་ནི་རྣམ་པ་བཅུ་གཉིས་པོ་འདི་དང་སྟེ། འདི་ལྟར་ཆོས་བརྟགས་པ་རྣམ་པར་གཞག་པའི་དམིགས་པ་དང༌། ཆོས་ཀྱི་དབྱིངས་ཀྱི་དམིགས་པ་དང༌། བསྒྲུབ་བྱའི་དམིགས་པ་དང༌། སྒྲུབ་པའི་དམིགས་པ་དང༌། འཛིན་པའི་དམིགས་པ་དང༌། ངེས་པར་འཛིན་པའི་དམིགས་པ་དང༌། རབ་ཏུ་འཛིན་པའི་དམིགས་པ་དང༌། རབ་ཏུ་རྟོགས་པའི་དམིགས་པ་དང༌། རབ་ཏུ་རྒྱས་པའི་དམིགས་པ་དང༌། རྣམ་པར་ཁོང་དུ་ཆུད་པའི་དམིགས་པ་དང༌། རྣལ་དུ་འདུག་པའི་དམིགས་པ་དང༌། ཕུལ་དུ་བྱུང་བའི་དམིགས་པའོ། །དེ་ལ་དང་པོ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་གང་དག་རྣམ་པར་འཇོག་པའོ། །གཉིས་པ་ནི་དེ་བཞིན་ཉིད་དོ། །གང་གསུམ་པ་དང་བཞི་པ་དེ་དག་ཉིད་ལ་གོ་རིམས་བཞིན་ཏེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་ཁོང་དུ་ཆུད་པའི་ཕྱིར་རོ། །ལྔ་པ་ནི་ཐོས་པ་ལས་བྱུང་བའི་ཤེས་པའི་དམིགས་པའོ། །དྲུག་པ་ནི་བསམས་པ་ལས་བྱུང་བའི་སྟེ་རྟོགས་ནས་འཛིན་པའི་ཕྱིར་རོ། །བདུན་པ་ནི་བསྒོམས་པ་ལས་བྱུང་བའི་སྟེ། སོ་སོ་རང་གིས་འཛིན་པའི་ཕྱིར་རོ། །བརྒྱད་པ་ནི་ས་དང་པོ་ལ་མཐོང་བའི་ལམ་གྱིའོ། །དགུ་བ་ནི་བསྒོམ་པའི་ལམ་གྱི་སྟེ། ས་བདུན་པའི་བར་དུའོ། །བཅུ་པ་ནི་དེ་ཉིད་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་སྟེ། ཆོས་རྣམ་པར་ཁོང་དུ་ཆུད་པའི་ཕྱིར་རོ། །བཅུ་གཅིག་པ་ནི་ས་བརྒྱད་པ་ལའོ། །བཅུ་གཉིས་པ་ནི་ས་དགུ་པ་ལ་སོགས་པ་གསུམ་ལའོ། །དང་པོའི་གཉིས་པོ་དེ་དག་ནི་དེ་དང་དེའི་དུས་ན་དེ་དང་དེའི་དམིགས་པའི་མིང་འཐོབ་པོ། །དམིགས་པ་བཤད་ཟིན་ཏོ། །ཡང་དག་པར་འགྲུབ་པ་གང་ཞེ་ན། མ་ཚང་མེད་དང་མི་སྤོང་དང༌། །མི་
གཡེང་བ་དང་རབ་རྫོགས་པ་དང༌། །ཡང་དག་སྐྱེད་དང་འཕེལ་བ་དང༌། །ལས་སུ་རུང་དང་མི་གནས་དང༌། །སྒྲིབ་པ་མེད་པ་ཉིད་དང་དེ། །རྒྱུན་མི་གཅོད་པ་ཡང་དག་འགྲུབ། །ཡང་དག་པར་འགྲུབ་པ་ནི་རྣམ་པ་བཅུ་པོ་འདི་དག་སྟེ། དེ་ལ་རྐྱེན་མཚང་བ་མེད་པ་ནི་རིགས་ཡང་དག་པར་འགྲུབ་པའོ། །ཐེག་པ་ཆེན་པོ་མི་སྤང་བ་ནི་མོས་པ་ཡང་དག་པར་འགྲུབ་པའོ། །ཐེག་པ་དམན་ པར་མི་གཡེང་བ་ནི་སེམས ་བསྐྱེད་པ་ཡང་དག་པར་འགྲུབ་པའོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནི་བསྒྲུབ་པ་ཡང་དག་པར་འགྲུབ་པའོ། །འཕགས་པའི་ལམ་བསྐྱེད་པ་ནི་སྐྱོན་མེད་པར་འཇུག་པ་ཡང་དག་པར་འགྲུབ་པའོ། །དགེ་བའི་རྩ་བ་འཕེལ་བ་ནི་ཡུན་རིང་པོ་ནས་འདྲིས་ པར་བྱ་བའི་ཕྱིར་སེམས ་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡང་དག་པར་འགྲུབ་པའོ། །སེམས་ལས་སུ་རུང་བ་ནི་ཞིང་ཡོངས་སུ་དག་པ་ཡང་དག་པར་འགྲུབ་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ནི་ཕྱིར་མི་ལྡོག་པའི་ས་ལ་ལུང་བསྟན་པ་འཐོབ་པ་ཡང་དག་པར་འགྲུབ་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལས་མི་ལྡོག་པའི་ཕྱིར་རོ། །སྒྲིབ་པ་མེད་པ་ནི་སངས་རྒྱས་ཀྱི་ས་ཡང་དག་པར་འགྲུབ་པའོ། །དེ་རྒྱུན་མི་གཅོད་པ་ནི་བྱང་ཆུབ་ཀུན་དུ་སྟོན་པ་ཡང་དག་པར་འགྲུབ་པའོ། །དེ་ལྟར་ན་འདི་ནི། དབུས་རྣམ་འབྱེད་པའི་བསྟན་བཅོས་ཏེ། །དབུ་མའི་ལམ་རབ་ཏུ་སྟོན་པའི་ཕྱིར་རོ། །འདི་ནི་དབུས་དང་མཐའ་རྣམ་པར་འབྱེད་པ་ཡང་ཡིན་ཏེ། དབུས་དང་མཐར་གཉིས་རབ་ཏུ་སྟོན་པའི་ཕྱིར་རོ། །ཡང་ན་ཐོག་མ་དང་མཐའ་མ་སྤངས་པའི་དབུས་རབ་ཏུ་སྟོན་པའི་ཕྱིར་རོ། །རྟོག་པར་དཀའ་དང་སྙིང་པོའི་དོན། །རྟོག་ཀེའི་སྤྱོད་ཡུལ་མ་ཡིན་པ་དང༌། ཕས་ཀྱི་རྒོལ་བ་དག་གིས་མི་ཤིགས་པའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །དོན་ཆེན་ནི་བདག་དང་གཞན་གྱི་དོན་གྱི་ཆེད་ཀྱི་ཕྱིར་རོ། །དེ་བཞིན་ཀུན་གྱི་དོན་ནི་ཐེག་པ་གསུམ་ཆར་གྱི་དབང་དུ་བྱས་པའི་ཕྱིར་རོ། །དོན་མེད་ཐམས་ཅད་སེལ་བའོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའོ། །བླ་ན་མེད་པ་ཉིད་ཀྱི་དོན་བསྡུས་པ་ནི་མདོར་བསྡུ་ན་བླ་ན་མེད་པ་ཉིད་རྣམ་གསུམ་སྟེ། སྒྲུབ་པ་དང༌། བསྒྲུབ་པའི་གཞི་དང༌། བསྒྲུབ་པའི་འབྲས་བུའོ། །བསྒྲུབ་པ་དེ་ཡང་ཇི་ལྟ་བུ་ཞེ་ན། དམ་པའོ། །གང་གིས་ཤེ་ན། ཐེག་པ་ཆེན་པོར་ཇི་ལྟ་བུར། །
ཆོས་རྣམས་རབ་ཏུ་བཞག་པ་དག །ཅེས་བྱ་བ་ལ་སོགས་པས་སོ། །ཇི་ལྟ་བུར་ཞེ་ན། རྣམ་པ་གང་གིས་ཞི་གནས་བསྒོམ་པ་ལ་གཡེང་བ་མེད་པར་གྱུར་པ་དང༌། ལྷག་མཐོང་བསྒོམ་པ་ལ་ཕྱིན་ཅི་མ་ལོག་པར་གྱུར་བའོ། །གང་གི་དོན་དུ་ཞེ་ན། དབུ་མའི་ལམ་གྱིས་ངེས་པར་འབྱུང་བར་བྱ་བའི་དོན་དུའོ། །གང་དུ་ཞེ་ན། ས་བཅུ་དག་ཏུ་སྟེ། ཁྱད་པར་ཅན་དང༌། ཁྱད་པར་མེད་པའོ་ཞེས་བྱ་བའོ། ཕྱིན་ཅི་མ་ལོག་པ་རྣམས་ཀྱི་དོན་བསླུས་པ་ནི། ཡི་གེ་ལ་ཕྱིན་ཅི་མ་ལོག་པས་ཞི་གནས་ཀྱི་མཚན་མ་རབ་ཏུ་རྟོགས་པ་དང༌། དོན་ལ་ཕྱིན་ཅི་མ་ལོག་པས་ལྷག་མཐོང་གི་མཚན་མ་རབ་ཏུ་རྟོགས་པ་དང༌། ཡིད་ལ་བྱེད་པ་ཕྱིན་ཅི་མ་ལོག་པས་ཕྱིན་ཅི་ལོག་གི་གཞི་ཡོངས་སུ་སྤོང་བ་དང༌། མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པས་དེའི་མཚན་མ་ལེགས་པར་རྟོགས་པར་བྱེད་པ་དང༌། རང་གི་མཚན་ཉིད་ཕྱིན་ཅི་མ་ལོག་པས་དེའི་གཉེན་པོ་རྣམ་པར་མི་རྟོག་པའི་ལམ་བསྒོམས་པ་དང། སྤྱིའི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པས་རྣམ་པར་བྱང་བའི་རང་བཞིན་དུ་རབ་ཏུ་རྟོགས་པ་དང༌། མ་དག་པ་དང་དག་པ་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པས་དེའི་སྒྲིབ་པ་མ་སྤངས་པ་དང༌། སྤངས་པ་རབ་ཏུ་ཤེས་པ་དང༌། དེའི་གློ་བུར་དུ་བྱུང་བ་ལ་ཕྱིན་ཅི་མ་ལོག་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། མི་སྐྲག་པ་དང༌། ཁེངས་པ་མེད་པ་ལ་བྱིན་ཅི་མ་ལོག་པས་སྒྲིབ་པ་མེད་པར་ངེས་པར་འབྱུང་བའོ། །བཤད་པའི་འདི་བྱས་པ་ཡི་བསོད་ནམས་གང་ཡོད་དེས། །འགྲོ་བ་བསོད་ནམས་འབྱུང་བ་ཆེ་དང་ཡེ་ཤེས་ཀྱང། །འབྱུང་བར་གྱུར་ཅིག་དེ་ལས་མངོན་མཐོ་ཆེན་པོ་དང༌། །བྱང་ཆུབ་གསུམ་ཡང་འགྲོ་བས་མྱུར་དུ་ཐོབ་གྱུར་ཅིག །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཐེག་པ་བླ་ན་མེད་པ་ཞེས་བྱ་བའི་ཚིག་ལེའུར་བཅད་པ་ལྔ་བའི་འགྲེལ་བའོ།། །།བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།