རྣལ་འབྱོར་སྤྱོད་པའི་ས།
ཐོགས་མེད།
རྒྱ་གར་སྐད་དུ། ཡོ་གཱ་ཙཱཪྻ་བྷཱུ་མི། བོད་སྐད་དུ། རྣལ་འབྱོར་སྤྱོད་པའི་ས། བམ་པོ་དང་པོ། ཚིག་གི་མངའ་བདག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྤྱོད་པའི་ས་གང་ཞེ་ན། དེ་ནི་ས་བཅུ་བདུན་དུ་བལྟ་བར་བྱ་སྟེ། བཅུ་བདུན་གང་ཞེ་ན། སྤྱི་སྡོམ་ནི། རྣམ་ཤེས་ལྔ་དང་ལྡན་པ་དང༌། །ཡིད་ཀྱི་ས་དང་གཞན་གསུམ་སྟེ། །རྟོག་དཔྱོད་བཅས་ལ་སོགས་པ་དང༌། །ཏིང་འཛིན་བཅས་དང་མ་ཡིན་དང༌། །སེམས་ཡོད་པ་དང་སེམས་མེད་དང༌། །ཐོས་དང་བསམས་དང་བསྒོམས་པ་དང༌། །དེ་བཞིན་ཐེག་པ་གསུམ་ལྡན་དང༌། །ཕུང་པོར་བཅས་དང་ཕུང་མེད་གཞན། །རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ས་དང༌། ཡིད་ཀྱི་ས་དང༌། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་དང༌། རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ས་དང༌། །རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ས་དང༌། མཉམ་པར་བཞག་པའི་ས་དང༌། མཉམ་པར་མ་བཞག་པའི་ས་དང༌། སེམས་ཡོད་པའི་ས་དང༌། སེམས་མེད་པའི་ས་དང༌། ཐོས་པ་ལས་བྱུང་བའི་ས་དང༌། བསམས་པ་
ལས་བྱུང་བའི་ས་དང༌། བསྒོམས་པ་ལས་བྱུང་བའི་ས་དང༌། ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱི་ས་དང༌། བྱང་ཆུབ་སེམས་དཔའི་ས་དང༌། ཕུང་པོ་དང་བཅས་པའི་ས་དང༌། ཕུང་པོ་མེད་པའི་ས་སྟེ། ས་བཅུ་བདུན་པོ་དེ་དག་ནི་མདོར་ན་རྣལ་འབྱོར་སྤྱོད་པའི་ས་ཞེས་བྱའོ། །རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ས་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་ལྔ་སྟེ། ངོ་བོ་ཉིད་དང༌། དེ་དག་གི་གནས་དང༌། དེ་དག་གི་དམིགས་པ་དང༌། དེ་དག་གི་གྲོགས་དང༌། དེ་དག་གི་ལས་ནི་མདོར་ན་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་སའོ། །རྣམ་པར་ཤེས་པའི་ཚོགས་ལྔ་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པའོ། །མིག་གི་རྣམ་པར་ཤེས་པ་གང་ཞེ་ན། གང་མིག་ལ་བརྟེན་ནས་གཟུགས་སོ་སོར་རྣམ་པར་རིག་པའོ། །མིག་གི་རྣམ་པར་ཤེས་པའི་གནས་གང་ཞེ་ན། མིག་ནི་ལྷན་ཅིག་འབྱུང་བའི་གནས་སོ། །ཡིད་ནི་དེ་མ་ཐག་པའི་གནས་སོ། །ས་བོན་ཐམས་ཅད་པ་ལུས་ལེན་པར་བྱེད་པ། རྣམ་པར་སྨིན་པ་བསྡུས་པ་ཀུན་གཞི་རྣམ་པར་ཤེས་པ་ནི་ས་བོན་གྱི་གནས་སོ། །དེ་ཡང་མདོར་བསྡུ་ན་གནས་རྣམ་པ་གཉིས་སུ་འགྱུར་རོ། །གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ། །
དེ་ལ་མིག་ནི་གཟུགས་ཅན་ནོ། །དེ་ལས་གཞན་པ་ནི་གཟུགས་ཅན་མ་ཡིན་པའོ། །མིག་གང་ཞེ་ན། གང་འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པ ་མིག་གི་རྣམ་པར་ཤེས་པའི་རྟེན་པོ་གཟུགས་དང་བ་སྟེ། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ། །ཡིད་གང་ཞེ་ན། གང་མིག་གི་རྣམ་པར་ཤེས་པའི་སྔོན་རོལ་དུ་འདས་མ་ཐག་པའི་རྣམ་པར་ཤེས་པའོ། །ས་བོན་ཐམས་ཅད་པའི་རྣམ་པར་ཤེས་པ་གང་ཞེ་ན། སྔོན་གྱི་སྤྲོས་པ། དགའ་བ་རྒྱུར་གྱུར་པ་ལ་བརྟེན་ནས་ས་བོན་ཐམས་ཅད་པ་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་གང་ཡིན་པའོ། །མིག་གི་རྣམ་པར་ཤེས་པའི་དམིགས་པ་གང་ཞེ་ན། གཟུགས་གང་བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པའོ། །དེ་ཡང་རྣམ་པ་དུ་མ་ཡོད་དོ། །མདོར་ན་ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་དོ། །ཁ་དོག་གང་ཞེ་ན། འདི་ལྟ་སྟེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། །གྲིབ་མ་དང༌། ཉི་མ་དང༌། སྣང་བ་དང༌། མུན་པ་དང༌། སྤྲིན་དང༌། དུ་བ་དང༌། རྡུལ་དང༌། ཁུག་རྣ་དང༌། ནམ་མཁའ་ཁ་དོག་གཅིག་པའོ། །དབྱིབས་གང་ཞེ་ན། འདི་ལྟ་སྟེ། རིང་པོ་དང༌། ཐུང་དུ་དང༌། ལྷམ་པ་དང༌། ཟླུམ་པོ་དང༌། རྡུལ་ཕྲ་མོ་དང༌། རགས་པ་དང༌། ཕྱལ་ལེ་བ་དང༌། ཕྱལ་ལེ་བ་མ་ཡིན་པ་དང༌། མཐོན་པོ་དང༌། དམའ་བའོ། །རྣམ་པར་རིག་བྱེད་གང་ཞེ་ན། འདི་ལྟ་སྟེ། ལེན་པ་དང༌། འཇོག་པ་དང༌། བསྐུམ་པ་དང༌། བརྐྱང་བ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དང༌། འགྲོ་བ་དང༌། ལྡོག་པ་དང༌། དེ་ལ་སོགས་པའོ། །ཡང་ཁ་དོག་གང་ཞེ་ན། གང་གཟུགས་དང་འདྲ་བ་མིག་གི་རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་གྱུར་པའོ། །དབྱིབས་གང་ཞེ་ན། གང་གཟུགས་རྒྱས་པར་རིང་པོ་ལ་སོགས་པར་ཡོངས་སུ་བཅད་པའི་རྣམ་པའོ། །རྣམ་པར་རིག་བྱེད་གང་ཞེ་ན། རྒྱས་པའི་གཟུགས་སྐྱེས་པ་འགགས་པ་དེ་ཉིད་མི་མཐུན་པའི་རྒྱུས་སྐྱེས་པའི་ཕྱོགས་སུ་མི་འབྱུང་བ་དང༌། དེ་ལས་གཞན་པའི་ཕྱོགས་སུ་ཡང༌། བར་དུ་མ་ཆོད་པ་འམ། བར་དུ་ཆོད་པ་དང་བཅས་པ་འམ། ཉེ་བ་འམ་རིང་བར་འབྱུང་བ་དང༌། ཕྱོགས་དེ་ཉིད་དུ་ཡང་མི་འགྱུར་བ་འབྱུང་བ་ནི་རྣམ་པར་རིག་བྱེད་ཅེས་བྱའོ། །དེ་ལ་
ཁ་དོག་ནི་སྣང་བ་དང་གསལ་བ་དང་ཞེས་བྱ་བའི་རྣམ་གྲངས་སུ་གཏོགས་པའོ། །དབྱིབས་ནི་རྒྱས་པ་དང༌། རིང་པོ་དང༌། ཐུང་དུ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་སུ་གཏོགས་པའོ། །རྣམ་པར་རིག་བྱེད་ནི་ལས་དང་བྱེད་པ་དང༌། སྤྱོད་པ་དང༌། གཡོ་བ་དང། ཡོངས་སུ་གཡོ་བ་ཞེས་བྱ་བའི་རྣམ་གྲངས་སུ་གཏོགས་པའོ། །ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་ཐམས་ཅད་ཀྱང་མིག་གི་སྤྱོད་ཡུལ་དང༌། མིག་གི་ཡུལ་དང༌། མིག་གི་རྣམ་པར་ཤེས་པའི་སྤྱོད་ཡུལ་དང༌། མིག་གི་རྣམ་པར་ཤེས་པའི་ཡུལ་དང༌། མིག་གི་རྣམ་པར་ཤེས་པའི་དམིགས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ཞེས་བྱ་བའི་རྣམ་གྲངས་སུ་གཏོགས་པའོ། །ཡང་དེ་ཉིད་ཁ་དོག་བཟང་པོ་དང༌། ཁ་དོག་ངན་པ་དང༌། དེ་གཉི་གའི་བར་མ་དོར་གནས་པ་ཁ་དོག་ལྟ་བུའོ། །གྲོགས་གང་ཞེ་ན། དེ་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་སེམས་ལས་བྱུང་བའི་ཆོས་རྣམས་ཏེ། འདི་ལྟ་སྟེ། ཡིད་ལ་བྱེད་པ་དང༌། རེག་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། སེམས་པའོ། །སེམས་ལས་བྱུང་བའི་ཆོས་གཞན་གང་དག་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་དེ་དག་ནི། དམིགས་པ་གཅིག་པ་རྣམ་པ་དུ་མ་སྟེ། ལྷན་ཅིག་འབྱུང་བ་དག་ཀྱང་རེ་རེ་འབྱུང་ལ། ཐམས་ཅད་ཀྱང་རང་གི་ས་བོན་ལས་ངེས་པར་འབྱུང་བ། མཚུངས་པར་ལྡན་པ། དམིགས་པ་དང་བཅས་པ། རྣམ་པ་དང་བཅས་པ། གནས་དང་བཅས་པ་དག་གོ །ལས་གང་ཞེ་ན། དེ་ནི་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། ཐོག་མ་ཁོ་ནར་དེ་རང་གི་ཡུལ་ལ་དམིགས་པ་རྣམ་པར་རིག་པའི་ཡུལ་ལས་དང༌། ཡང་རང་གི་མཚན་ཉིད་རྣམ་པར་རིག་པ་དང༌། ཡང་ད་ལྟར་གྱི་དུས་རྣམ་པར་རིག་པ་དང། ཡང་སྐད་ཅིག་གཅིག་རྣམ་པར་རིག་པ་དང༌། ཡང་རྣམ་པ་གཉིས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པའི་རྗེས་སུ་འཇུག་པ་སྟེ། དགེ་བ་ཉོན་མོངས་པ་ཅན་གྱི་རྗེས་སུ་འཇུག་པ་དང༌། ལས་ཀུན་ལས་སློང་བའི་རྗེས་སུ་འཇུག་པ་དང༌། ཡང་སྡུག་པ་དང་མི་སྡུག་པའི་འབྲས་བུ་ཡོངས་
སུ་འཛིན་པ་སྟེ་ལས་དྲུག་པའོ། །རྣ་བའི་རྣམ་པར་ཤེས་པ་གང་ཞེ་ན། གང་རྣ་བ་ལ་བརྟེན་ནས་སྒྲ་སོ་སོར་རྣམ་པར་རིག་པའོ། །གནས་གང་ཞེ་ན། རྣ་བ་ནི་ལྷན་ཅིག་འབྱུང་བའི་གནས་སོ། །ཡིད་ནི་དེ་མ་ཐག་པའི་གནས་སོ། །ས་བོན་ཐམས་ཅད་པ་ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་ནི་ས་བོན་གྱི་གནས་སོ། །རྣ་བ་གང་ཞེ་ན། གང་འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པ། རྣ་བའི་རྣམ་པར་ཤེས་པའི་རྟེན་པོ་གཟུགས་དང་བ་སྟེ། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ། །ཡིད་དང་ས་བོན་གྱི་རྣམ་པར་དབྱེ་བ་ནི་སྔ་མ་བཞིན་ནོ། །དམིགས་པ་གང་ཞེ་ན། སྒྲ་རྣམ་པ་དུ་མ་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དག་སྟེ། འདི་ལྟ་སྟེ། དུང་གི་སྒྲ་དང༌། རྔ་བོ་ཆེའི་སྒྲ་དང༌། རྫ་རྔའི་སྒྲ་དང༌། གར་བྱེད་པའི་སྒྲ་དང༌། གླུའི་སྒྲ་དང༌། རོལ་མོའི་སྒྲ་དང༌། རྔ་བོ་ཆེའི་སྒྲ་དང༌། བུད་མེད་ཀྱི་སྒྲ་དང༌། སྐྱེས་པའི་སྒྲ་དང༌། རླུང་དང་ཤིང་གི་སྒྲ་དང༌། གསལ་བ་དང༌། མི་གསལ་བ་དང། དོན་དང་ལྡན་པ་དང༌། དོན་མེད་པ་དང༌། ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། ཆུ་ཀླུང་གི་སྒྲ་དང༌། ཅ་ཅོའི་སྒྲ་དང༌། ལུང་ནོད་པའི་སྒྲ་དང༌། ཁ་ཏོན་བྱེད་པའི་སྒྲ་དང༌། འཆད་པའི་སྒྲ་དང༌། འབེལ་བའི་གཏམ་དང༌། རྣམ་པར་གཏན་ལ་འབེབས་པའི་སྒྲ་དང༌། དེ་ལྟ་བུ་དང་མཐུན་པའི་སྒྲ་མང་པོ་དག་གོ །དེ་ཡང་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང༌། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང༌། ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ། །དེ་ལ་དང་པོ་ནི་གང་ནང་རྐྱེན་དུ་གྱུར་པ་ཉིད་དོ། །གཉིས་པ་ནི་གང་ཕྱི་རོལ་རྐྱེན་དུ་གྱུར་པ་ཉིད་དོ། །གསུམ་པ་ནི་གང་ནང་དང་ཕྱི་རྐྱེན་དུ་གྱུར་པ་ཉིད་དོ། །དེ་ཡང་ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བ་དང༌། དེ་གཉི་ག་ལས་བཟློག་པའོ། །དེ་ལ་སྒྲ་དང༌། དབྱངས་དང༌། ང་རོ་དང༌། ངེས་པའི་ཚིག་དང༌། སྒྲ་སྐད་དང༌། ཚིག་གི་རྣམ་པར་རིག་བྱེད་ནི་རྣམ་གྲངས་སུ་གཏོགས་པའོ། །རྣ་བའི་སྤྱོད་ཡུལ་དང༌། རྣ་བའི་ཡུལ་དང༌། རྣ་བའི་རྣམ་པར་ཤེས་པའི་སྤྱོད་ཡུལ་དང༌། རྣ་བའི་རྣམ་པར་ཤེས་པའི་ཡུལ་དང༌། རྣ་བའི་རྣམ་པར་ཤེས་པའི་དམིགས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དང༌། ཡིད་ཀྱི་རྣམ་པར་
ཤེས་པའི་དམིགས་པ་རྣམས་ནི་རྣམ་གྲངས་སུ་གཏོགས་པའོ། །གྲོགས་དང་ལས་ནི་མིག་གི་རྣམ་པར་ཤེས་པའི་རང་བཞིན་དུ་རིག་པར་བྱའོ། །སྣའི་རྣམ་པར་ཤེས་པ་གང་ཞེ་ན། གང་སྣ་ལ་བརྟེན་ནས་དྲི་སོ་སོར་རྣམ་པར་རེག་པའོ། །གནས་གང་ཞེ་ན། སྣ་ནི་ལྷན་ཅིག་འབྱུང་བའི་གནས་སོ། །ཡིད་ནི་དེ་མ་ཐག་པའི་གནས་སོ། །ས་བོན་ཐམས་ཅད་བ་ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་ནི་ས་བོན་གྱི་གནས་སོ། །སྣ་གང་ཞེ་ན། གང་འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པ། སྣའི་རྣམ་པར་ཤེས་པའི་རྟེན་པོ་གཟུགས་དང་བ་སྟེ། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ། །ཡིད་དང་ས་བོན་གྱི་རྣམ་པར་དབྱེ་བ་ནི་སྔ་མ་བཞིན་ནོ། །དམིགས་པ་གང་ཞེ་ན། དྲི་རྣམ་པ་དུམ་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དག་སྟེ། དྲི་ཞིམ་པའམ། དྲི་ང་བའམ། དྲི་མཉམ་པ་བསྣམ་པར་བྱ་བ་འདི་ལྟ་སྟེ། རྩ་བའི་དྲི་དང༌། སྙིང་པོའི་དྲི་དང༌། ལོ་མའི་དྲི་དང༌། མེ་ཏོག་གི་དྲི་དང༌། འབྲས་བུའི་དྲི་ལ་སོགས་པ་དྲི་མང་པོ་དག་གོ །དེ་ལ་དྲི་དང༌། བསྣམ་པ་དང༌། བསྣམ་པར་བྱ་བ་དང༌། ཀུན་ཏུ་བསྣམ་པར་བྱ་བ་ལ་སོགས་པ་ནི་རྣམ་གྲངས་སུ་གཏོགས་པའོ། །སྣའི་སྤྱོད་ཡུལ་དང༌། སྣའི་ཡུལ་དང༌། སྣའི་རྣམ་པར་ཤེས་པའི་སྤྱོད་ཡུལ་དང༌། སྣའི་རྣམ་པར་ཤེས་པའི་ཡུལ་དང༌། སྣའི་རྣམ་པར་ཤེས་པའི་དམིགས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་གྲངས་སུ་གཏོགས་པའོ། །གྲོགས་དང་ལས་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །ལྕེའི་རྣམ་པར་ཤེས་པ་གང་ཞེ་ན། གང་ལྕེ་ལ་བརྟེན་ནས་སོ་སོར་རྣམ་པར་རིག་པའོ། །གནས་གང་ཞེ་ན། ལྕེ་ནི་ལྷན་ཅིག་འབྱུང་བའི་གནས་སོ། །ཡིད་ནི་དེ་མ་ཐག་པའི་གནས་སོ། །ས་བོན་ཐམས་ཅད་པ་ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་ནི་ས་བོན་གྱི་གནས་སོ། །ལྕེ་གང་ཞེ་ན། གང་འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པ། ལྕེའི་རྣམ་པར་ཤེས་པའི་རྟེན་པོ་གཟུགས་དང་བ་སྟེ། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ། །ཡིད་དང་ས་བོན་གྱི་རྣམ་པར་དབྱེ་བ་ནི་སྔ་མ་བཞིན་ནོ། །དམིགས་པ་གང་ཞེ་ན། རོ་རྣམ་པ་དུ་མ་བསྟན་དུ་མེད་ལ་ཐོགས་པ་དང་བཅས་
པ་བདག་སྟེ། དེ་དག་ཀྱང་རོ་ཁ་བ་དང༌། སྐྱུར་བ་དང༌། ཚ་བ་དང༌། བསྐ་བ་དང༌། ལན་ཚྭའི་རོ་དང༌། མངར་བ་སྟེ། ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བ་དང༌། བཏང་སྙོམས་ཀྱི་གནས་མྱང་བར་བྱ་བ་དག་གོ །དེ་ལ་རོ་དང༌། མྱང་བར་བྱ་བ་དང༌། མིད་པར་བྱ་བ་དང༌། བཟའ་བ་དང༌། བཏུང་བ་དང༌། བལྡག་པ་དང༌། གཞིབ་པ་དང༌། ཉེ་བར་སྤྱད་པ་ལ་སོགས་པ་ནི་རྣམ་གྲངས་སུ་གཏོགས་པའོ། །ལྕེའི་སྤྱོད་ཡུལ་དང༌། ལྕེའི་ཡུལ་དང༌། ལྕེའི་རྣམ་པར་ཤེས་པའི་སྤྱོད་ཡུལ་དང༌། ལྕེའི་རྣམ་པར་ཤེས་པའི་ཡུལ་དང༌། ལྕེའི་རྣམ་པར་ཤེས་པའི་དམིགས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་གྲངས་སུ་གཏོགས་པའོ། །གྲོགས་དང་ལས་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་གང་ཞེ་ན། གང་ལུས་ལ་བརྟེན་ནས་རེག་བྱ་སོ་སོར་རྣམ་པར་རིག་པའོ། །གནས་གང་ཞེ་ན། ལུས་ནི་ལྷན་ཅིག་འབྱུང་བའི་གནས་སོ། །ཡིད་ནི་དེ་མ་ཐག་པའི་གནས་སོ། །ས་བོན་ཐམས་ཅད་པ་ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་ནི་ས་བོན་གྱི་གནས་སོ། །ལུས་གང་ཞེ་ན། གང་འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པ ་ལུས་ཀྱི་རྣམ་པར་ཤེས་པའི་རྟེན་པོ་གཟུགས་དང་བ་སྟེ། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ། །ཡིད་དང་ས་བོན་གྱི་རྣམ་པར་དབྱེ་བ་ནི་སྔ་མ་བཞིན་ནོ། །དམིགས་པ་གང་ཞེ་ན། རེག་བྱ་རྣམ་པ་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་དག་སྟེ། འདི་ལྟ་སྟེ། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ཡང་བ་ཉིད་དང༌། ལྕི་བ་ཉིད་དང༌། འཇམ་པ་ཉིད་དང༌། རྩུབ་པ་ཉིད་དང༌། གྲང་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། ངོམས་པ་དང༌། ཉམས་སྟོབས་དང༌། ཉམ་ཆུང་བ་དང༌། ནད་དང༌། རྒ་བ་དང༌། འཆི་བ་དང༌། གཡའ་བ་དང༌། བརྒྱལ་བ་དང༌། འདྲེད་པ་དང༌། ངལ་བ་དང༌། ངལ་སོས་པ་དང༌། ནེམ་ནེམ་པོ་ཉིད་དང༌། མདངས་བཟང་བ་དང༌། དེ་ལྟ་བུ་དང་མཐུན་པའི་རེག་བྱ་རྣམ་པ་མང་པོ་དག་གོ །དེ་ཡང་རེག་ན་བདེ་བ་དང༌། རེག་ན་སྡུག་བསྔལ་བ་དང༌། བཏང་སྙོམས་ཀྱིས་གནས་ཀྱི་རེག་པར་བྱའོ། །དེ་ལ་རེག་བྱ་དང༌། རེག་པ་དང༌། རེག་པར་བྱ་བ་དང༌། རྩུབ་པ་དང༌། རླན་པ་དང༌།
གཡོ་བ་དང༌། དྲོ་བ་ལ་སོགས་པ་ནི་རྣམ་གྲངས་སུ་གཏོགས་པའོ། །ལུས་ཀྱི་སྤྱོད་ཡུལ་དང༌། ལུས་ཀྱི་ཡུལ་དང༌། ལུས་ཀྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཡུལ་དང༌། ལུས་ཀྱི་རྣམ་པར་ཤེས་པའི་དམིགས་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་གྲངས་སུ་གཏོགས་པའོ། །གྲོགས་དང་ལས་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་མིག་ཀྱང་ཡོངས་སུ་མ་ཉམས་པ་དང༌། གཟུགས་ཀྱང་སྣང་བར་གྱུར་དུ་ཟིན་ཀྱང༌། དེ་དང་འབྱུང་བ་ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པར་མ་གྱུར་ན། དེ་ལས་སྐྱེས་པའི་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་ཏེ། འདི་ལྟར་མིག་ཀྱང་ཡོངས་སུ་མ་ཉམས་ལ། གཟུགས་ཀྱང་སྣང་བར་གྱུར་ཅིང༌། དེ་དང་འབྱུང་བ་ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པར་གྱུར་ན། དེའི་ཕྱིར་དེ་ལས་སྐྱེས་པའི་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་རྣམ་པར་ཤེས་པ་རྣམས་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དེ་ལ་མིག་གི་རྣམ་པར་ཤེས་པ་བྱུང་བ་ན། ཉེ་བར་གནས་པ་ལས་བྱུང་བ་དང༌། ཚོལ་བ་དང༌། ངེས་པའི་སེམས་རྣམ་པ་གསུམ་རིམ་བཞིན་དུ་དམིགས་པར་འགྱུར་ཏེ། དེ་ལ་དང་པོ་ནི་མིག་གི་རྣམ་པར་ཤེས་པ་ཉིད་དོ། །གཉིས་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ལ་ངེས་པའི་སེམས་ཕན་ཆད་ནས། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་འགྱུར་བར་བལྟའོ། །དེ་ནས་དེའི་རྒྱུ་མཐུན་པའི་མིག་གི་རྣམ་པར་ཤེས་པ་ཡང༌། དགེ་བ་དང་མི་དགེ་བར་འབྱུང་བར་འགྱུར་ཏེ། རང་གི་རྟོག་པའི་དབང་གིས་ནི་མ་ཡིན་ནོ། །ཇི་སྲིད་དུ་ཡིད་དེ་གཞན་ལ་རྣམ་པར་གཡེངས་བར་མ་གྱུར་པ་དེ་སྲིད་དུ་ཡིད་ཀྱི་རྣམ་པར་ཤེས་པ་དང༌། མིག་གི་རྣམ་པར་ཤེས་པ་གཉི་ག་དགེ་བ་འམ། ཉོན་མོངས་པ་ཅན་དུ་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་བྱུང་བ་ན། ཇི་ལྟ་བ་བཞིན་དུ་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལ་གནས་ནི་ཡུལ་གཞན་དུ་འགྲོ་བའི་བཞོན་པ་བཞིན་དུ་བལྟ་བར་བྱའོ། །རྣམ་པར་ཤེས་
པའི་ཚོགས་ལྔ་པོ་དག་ནི་གྲོགས་རྣམས་ནི་འགྲོན་པོ་འགྲོགས་པ་ལྟ་བུའོ། །དམིགས་པ་ནི་བྱ་བའི་དོན་ལྟ་བུའོ། །ལས་ནི་རང་གི་ནུས་པ་ལྟ་བུའོ། །རྣམ་གྲངས་གཞན་དུ་ན། དེ་དག་གི་གནས་ནི་ཁྱིམ་ན་གནས་པའི་ཁྱིམ་ལྟ་བུར་བལྟའོ། །དམིགས་པ་ནི་ལོངས་སྤྱོད་ལྟ་བུའོ། །གྲོགས་ནི་བྲན་དང་བྲན་མོ་ལ་སོགས་པ་ལྟ་བུའོ། །ལས་ནི་རྩོལ་བ་ལྟ་བུའོ། །རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ས་སྟེ་དང་པོའོ།། །།ཡིད་ཀྱི་ས་གང་ཞེ་ན། དེ་ཡང་རྣམ་པ་ལྔ་ཁོ་ནར་བལྟ་བར་བྱ་སྟེ། ངོ་བོ་ཉིད་དང༌། གནས་དང༌། དམིགས་པ་དང༌། གྲོགས་དང༌། ལས་སོ། །དེ་ལ་ངོ་བོ་ཉིད་གང་ཞེ་ན། སེམས་དང་ཡིད་དང་རྣམ་པར་ཤེས་པ་གང་ཡིན་པའོ། །སེམས་གང་ཞེ་ན། ས་བོན་ཐམས་ཅད་དང་ལྡན་པ་དང༌། གནས་ཀྱི་དངོས་པོར་གྱུར་པ་དང༌། གནས་ཀྱི་དངོས་པོར་གནས་པ་དང༌། ལེན་པར་བྱེད་པ་རྣམ་པར་སྨིན་པར་བསྡུས་པ་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པའོ། །ཡིད་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་འགགས་མ་ཐག་པ་གང་ཡིན་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་མ་རིག་པ་དང༌། བདག་ཏུ་ལྟ་བ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། སྲེད་པའི་མཚན་ཉིད་ཀྱི་ཉོན་མོངས་པ་རྣམ་པ་བཞི་དང་རྟག་ཏུ་ལྡན་པ་གང་ཡིན་པའོ། །རྣམ་པར་ཤེས་པ་གང་ཞེ་ན། དམིགས་པ་རྣམ་པར་རིག་པར་བྱེད་པས་ཉེ་བར་གནས་པ་གང་ཡིན་པའོ། །གནས་གང་ཞེ་ན། ཡིད་དེ་མ་ཐག་པའི་གནས་དང༌། སྔ་མ་བཞིན་དུ་ས་བོན་ཐམས་ཅད་པ་ཀུན་གཞི་རྣམ་པར་ཤེས་པས་ས་བོན་གྱི་གནས་སོ། །དམིགས་པ་གང་ཞེ་ན། ཆོས་ཐམས་ཅད་ནི་དམིགས་པ་སྟེ། འབའ་ཞིག་གི་ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་གྱི་ཕུང་པོ་དང༌། འདུས་མ་ བྱས་དང༌། བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། ས་བོན་ཐམས་ཅད་དོ། །གྲོགས་གང ་ཞེ་ན། འདི་ལྟ་སྟེ། ཡིད་ལ་བྱེད་པ་དང༌། རེག་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་དང༌། འདུན་པ་དང༌། མོས་པ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། དད་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་
དང༌། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། བརྩོན་འགྲུས་དང༌། ཤིན་ཏུ་སྦྱངས་པ་དང༌། བག་ཡོད་པ་དང༌། བཏང་སྙོམས་དང༌། རྣམ་པར་མི་འཚེ་བ་དང༌། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། མ་རིག་པ་དང༌། ང་རྒྱལ་དང༌། ལྟ་བ་དང༌། ཐེ་ཚོམ་དང༌། ཁྲོ་བ་དང༌། ཁོན་དུ་འཛིན་པ་དང༌། འཆབ་པ་དང༌། འཚིག་པ་དང༌། ཕྲག་དོག་དང༌། སེར་སྣ་དང༌། སྒྱུ་དང༌། གཡོ་དང༌། རྒྱགས་པ་དང༌། རྣམ་པར་འཚེ་བ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། རྨུགས་པ་དང༌། རྒོད་པ་དང༌། མ་དད་པ་དང༌། ལེ་ལོ་དང༌། བག་མེད་པ་དང༌། བརྗེད་ངས་པ་དང༌། རྣམ་པར་གཡེང་བ་དང༌། ཤེས་བཞིན་མ་ཡིན་པ་དང༌། འགྱོད་པ་དང༌། གཉིད་དང༌། རྟོག་པ་དང༌། དཔྱོད་པ་དང༌། དེ་ལྟ་བུ་དང་མཐུན་པ་སེམས་ལས་བྱུང་བའི་ཆོས་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་རྣམས་ཀྱི་གྲོགས་ཞེས་བྱ་སྟེ། དམིགས་པ་གཅིག་ལ་རྣམ་པ་དུ་མ་དང༌། ལྷན་ཅིག་འབྱུང་བ་རེ་རེ་བྱུང་བ། རང་གི་ས་བོན་ལས་ངེས་པར་འབྱུང་བ། མཚུངས་པར་ལྡན་པ། རྣམ་པ་དང་བཅས་པ། དམིགས་པ་དང་བཅས་པ། གནས་དང་བཅས་པ་དག་གོ །ལས་གང་ཞེ་ན། བདག་དང་གཞན་གྱི་ཡུལ་གྱི་དམིགས་པ་རྣམ་པར་རིག་པར་བྱེད་པ་ནི་ལས་དང་པོའོ། །ཡང་རང་དང་སྤྱིའི་མཚན་ཉིད་རྣམ་པར་རིག་པར་བྱེད་པའོ། །ཡང་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་རྣམ་པར་རིག་པར་བྱེད་པའོ། །ཡང་སྐད་ཅིག་པས་རྒྱུ་རྣམ་པར་རིག་པར་བྱེད་པའོ། །ཡང་དགེ་བ་དང་མི་དགེ་བའི་ཆོས་རྣམས་དང༌། ལས་རྣམས་ལ་འཇུག་ཅིང་རྗེས་སུ་འཇུག་པར་བྱེད་དོ། །ཡང་དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་རྣམས་ཀྱི་སྡུག་པ་དང་མི་སྡུག་པའི་འབྲས་བུ་ཡོངས་སུ་འཛིན་པ་སྟེ། དེའི་རྒྱུ་ལས་བྱུང་བ། རྒྱུ་མཐུན་པ་ཀུན་ནས་སློང་བའི་ཕྱིར་རོ། །ཡང་དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་རྣམས་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཁྱད་པར་དུ་གྱུར་པའི་ལས་ནི། དམིགས་པ་ལ་རྣམ་པར་རྟོག་པ་དང༌། དམིགས་པ་ལ་ཉེ་བར་སེམས་པ་དང༌། ར་རོ་བར་བྱེད་པ་དང༌། སྨྱོ་བར་བྱེད་པ་དང༌། གཉིད་ལོག་པར་བྱེད་པ་དང༌། སད་པར་བྱེད་པ་དང༌། བརྒྱལ་བར་བྱེད་པ་དང༌། བརྒྱལ་བ་ལས་
སངས་པར་བྱེད་པ་དང༌། ལུས་དང་ངག་གི་ལས་འཇུག་པར་བྱེད་པ་དང༌། འདོད་ཆགས་དང་བྲལ་བར་བྱེད་པ་དང༌། འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་དང༌། དགེ་བའི་རྩ་བ་རྣམས་རྒྱུན་འཆད་པ་དང༌། དགེ་བའི་རྩ་བ་རྣམས་མཚམས་སྦྱོར་བ་དང༌། འཆི་འཕོ་བ་དང་སྐྱེ་བའོ། །དམིགས་པ་ལ་ཇི་ལྟར་རྣམ་པར་རྟོག་ཅེ་ན། རྣམ་པར་རྟོག་པ་བདུན་གྱིས་རྣམ་པར་རྟོག་སྟེ། དེ་དག་ཀྱང་གང་ཞེ་ན། མཚན་མ་ཅན་དང༌། མཚན་མ་ཅན་མ་ཡིན་པ་དང༌། རང་གི་ངང་གིས་འཇུག་པ་དང༌། ཚོལ་བ་པ་དང༌། སོ་སོར་རྟོག་པ་དང༌། ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་མཚན་མ་ཅན་གང་ཞེ་ན། སྔོན་ཉམས་སུ་མྱོང་བའི་དོན་རྣམས་ལ། དབང་བོ་ཡོངས་སུ་སྨིན་ཅིང་ཐ་སྙད་ལ་མཁས་པའོ། །མཚན་མ་ཅན་མ་ཡིན་པ་གང་ཞེ་ན། སྔོན་གྱི་རྗེས་སུ་འབྲང་བས་མ་འོངས་པ་ལ་རྟོག་པ་དང༌། གསར་དུ་ཐ་སྙད་ལ་མི་མཁས་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །རང་གི་ངང་གིས་འཇུག་པ་གང་ཞེ་ན། ཡུལ་ཉེ་བར་གནས་པ་ལ། རང་གི་ངང་གིས་ཡུལ་གྱི་སྟོབས་ཁོ་ནས་འཇུག་པ་གང་ཡིན་པའོ། །ཚོལ་བ་བ་གང་ཞེ་ན། ཆོས་རྣམས་ལ་ཡོངས་སུ་ཚོལ་ཞིང་སྤྱོད་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །སོ་སོར་རྟོག་པ་གང་ཞེ་ན། ཡོངས་སུ་བཙལ་ཞིང་དཔྱད་པ་དེ་རྣམ་པར་གཞག་པ་ལ། སོ་སོར་རྟོག་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །ཉོན་མོངས་པ་ཅན་གང་ཞེ་ན། འདས་པ་ལ་བལྟ་བ་དང་ལྡན་པ་དང༌། མ་འོངས་པ་ལ་མངོན་པར་དགའ་བ་དང་ལྡན་པ་དང༌། ད་ལྟར་བྱུང་བ་ལ་ལྷག་པའི་ཆགས་པ་དང་ལྡན་པ་དང༌། འདོད་པའི་རྟོག་པ་དང༌། གནོད་སེམས་ཀྱི་རྟོག་པ་དང༌། རྣམ་པར་འཚེ་བའི་རྟོག་པ་གང་ཡིན་པ་འམ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བ་དང་མཚུངས་པར་ལྡན་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །ཉོན་མོངས་པ་ཅན་མ་ཡིན་པ་གང་ཞེ་ན། དགེ་བ་དང་ལུང་དུ་མ་བསྟན་པ་གང་ཡིན་པ་དང༌། མངོན་པར་བྱུང་བའི་རྣམ་པར་རྟོག་པ་དང༌། གནོད་སེམས་མེད་པའི་རྣམ་པར་རྟོག་པ་དང༌། རྣམ་པར་མི་འཚེ་བའི་རྣམ་པར་རྟོག་པ་འམ། ཡང་དད་པ་ལ་སོགས་པ་དགེ་བའི་ཆོས་གང་
ཡང་རུང་བ་དང་མཚུངས་པར་ལྡན་པའི་རྣམ་པར་རྟོག་པ་དང༌། སྤྱོད་ལམ་ལ་འབྱུང་བ་དང༌། བཟོའི་གནས་ལ་འབྱུང་བ་འམ། སྤྲུལ་པ་སྤྲུལ་པར་བྱེད་པའི་རྣམ་པར་རྟོག་པ་གང་ཡིན་པ་སྟེ། འདི་ཙམ་གྱིས་ན་དམིགས་པ་ལ་རྣམ་པར་རྟོག་པར་འགྱུར་རོ། །དམིགས་པ་ལ་ཇི་ལྟར་ཉེ་བར་སེམས་ཤེ་ན། རིགས་པས་བསྐྱེད་པ་དང༌། རིགས་པ་མ་ཡིན་པས་བསྐྱེད་པ་དང༌། རིགས་པས་བསྐྱེད་པ་ཡང་མ་ཡིན་རིགས་པ་མ་ཡིན་པས་བསྐྱེད་པ་ཡང་མ་ཡིན་པས་ཉེ་བར་སེམས་པའོ། །རིགས་པས་བསྐྱེད་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཕྱིན་ཅི་ལོག་རྣམ་བ་བཞི་པོ་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པ་དང༌། སྡུག་བསྔལ་བ་ལ་བདེ་བར་ཕྱིན་ཅི་ལོག་པ་དང༌། མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པ་དང༌། བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པས་མེད་པ་ལ་སྒྲོ་འདོགས་པར་མི་བྱེད་པ་དང༌། ཡོད་པ་ཡང་དག་པ་ལ་ཡང་སྦྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པའི་རྣམ་པའི་ལོག་པར་ལྟ་བས་སྐུར་པ་འདེབས་པར་མི་བྱེད་པ་འམ། ཆོས་གནས་པའི་ཤེས་པས་ཀྱང༌། དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་ཡོངས་སུ་ཤེས་པ་འམ། ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པས་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པ་སྟེ། དེ་ལྟར་རིགས་པས་བསྐྱེད་པ་ཡིན་ནོ། །དེ་ལས་བཟློག་པ་ནི། རིགས་པ་མ་ཡིན་པས་བསྐྱེད་པར་བལྟ་བར་བྱའོ། །རིགས་པས་བསྐྱེད་པ་ཡང་མ་ཡིན། རིགས་པ་མ་ཡིན་པས་བསྐྱེད་པ་ཡང་མ་ཡིན་པ་ཇི་ལྟ་བུ་ཞེ་ན། ལུང་དུ་མ་བསྟན་པའི་ཤེས་རབ་ལ་བརྟེན་ནས། ཆོས་རྣམས་ལ་ཉེ་བར་སེམས་པ་སྟེ། དེ་ལྟར་དམིགས་པ་ལ་ཉེ་བར་སེམས་སོ། །ཇི་ལྟར་ར་རོ་བར་བྱེད་ཅེ་ན། རང་གཞན་གྱིས་ལུས་ཉམ་ཆུང་བ་དང༌། ཆང་འཐུང་བ་ལ་མ་གོམས་པ་དང༌། ཆང་ཧ་ཅང་རྣོ་བ་འཐུངས་པ་དང༌། ཚོད་མ་བཟུང་བར་འཐུང་བར་བྱེད་དོ། །ཇི་ལྟར་སྨྱོ་བར་བྱེད་ཅེ་ན། སྔོན་གྱི་ལས་ཀྱིས་འཕངས་པ་དང༌། ཁམས་མི་མཉམ་པ་དང༌། སྐྲག་ཅིང་འཇིགས་པ་དང༌། གནད་དུ་ཕོག་པ་དང༌། འབྱུང་པོས་བརླམས་པས་བྱེད་དོ། །ཇི་ལྟར་གཉིད་ལོག་པར་བྱེད་ཅེ་ན། རང་བཞིན་གྱིས་ལུས་ཉམ་ཆུང་བ་དང༌། ངལ་བས་དུབ་པའི་
ཉེས་པ་དང༌། ཁ་ཟས་དྲགས་པ་དང༌། མུན་པའི་མཚན་མ་ཡིད་ལ་བྱེད་པ་དང༌། ལས་ཐམས་ཅད་བཏང་བ་དང༌། གཉིད་ལ་གོམས་པ་དང༌། གཞན་གྱིས་བྱས་པ་འདི་ལྟ་སྟེ། ལུས་མཉེ་བ་འམ། རིག་སྔགས་སམ། སྨན་ནམ་མཐུས་གཉིད་ལོག་པར་བྱས་ན་གཉིད་ལོག་པར་བྱེད་དོ།། ཇི་ལྟར་སངས་པར་བྱེད་ཅེ་ན། གཉིད་ཀྱིས་བརྟས་ནས་དེའི་ཀུན་ནས་དཀྲིས་པ་མི་བཟོད་པ་དང༌། བྱ་བ་ཡོད་པ་དེ་ལ་སེམས་གཏད་ནས། ཉལ་ཏེ་ལོག་པ་དང༌། གཞན་གྱིས་བྱས་པ་བྱེད་དོ། །ཇི་ལྟར་བརྒྱལ་བར་བྱེད་ཅེ་ན། རླུང་དང་མཁྲིས་པས་དཀྲུགས་པ་དང༌། སྣད་པ་དང༌། དྲག་ཏུ་ཟགས་པ་འདི་ལྟ་སྟེ། ཕྱི་ས་མང་དུ་འཁྲུས་པ་འམ། ཁྲག་མང་དུ་ཟགས་པ་འམ། མང་དུ་ཟགས་པ་ལ་དྲག་ཏུ་བརྩལ་བས་བྱེད་དོ། །ཇི་ལྟར་བརྒྱལ་བ་ལས་སངས་པར་བྱེད་ཅེ་ན། བརྒྱལ་བའི་ཀུན་ནས་དཀྲིས་པ་དེ་ཉིད་དང་བྲལ་བས་བྱེད་དོ། །ཇི་ལྟར་ལུས་དང་ངག་གི་ལས་འཇུག་པར་བྱེད་ཅེ་ན། ལུས་དང་ངག་གི་ལས་ཀྱི་གནས་ལྟ་བུའི་ཤེས་པ་སྔོན་དུ་འགྲོ་བ་དང༌། དེ་ལས་འདུན་པ་སྐྱོ་བ་དང༌། དེ་ལས་འབད་པ་རྩོམ་པ་དང༌། དེ་ལས་འབད་པ་སྔོན་དུ་འགྲོ་བའི་ལུས་དང༌། ངག་གི་ལས་དང་མཐུན་པའི་རླུང་འབྱུང་བས་བྱེད་དོ། །ཇི་ལྟར་འདོད་ཆགས་དང་བྲལ་པར་བྱེད་ཅེ་ན། འདོད་ཆགས་དང་བྲལ་བ་དང༌། མཐུན་པའི་དབང་པོ་ཡོངས་སུ་སྨིན་པ་དང༌། གཞན་ལས་མཐུན་པའི་གདམས་ངག་ཐོབ་པ་དང༌། དེའི་བར་དུ་གཅོད་པ་རྣམ་པར་སྤངས་པ་དང༌། ཡང་དག་པར་ཕྱིན་ཅི་མ་ལོག་པ་ཡིད་ལ་བྱེད་པ་སྒོམ་པས་བྱེད་དོ། །ཇི་ལྟར་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པར་འགྱུར་ཞེ་ན། རང་བཞིན་གྱིས་དབང་པོ་རྟུལ་བ་དང༌། དགེ་བའི་ཕྱོགས་ལ་གསར་དུ་ཞུགས་པ་དང༌། དེའི་རྣམ་པ་དང༌། རྟགས་དང་མཚན་མ་ཡིད་ལ་མི་བྱེད་པ་དང༌། ཡོངས་སུ་ཉམས་པར་འགྱུར་བའི་ཆོས་ཡང་དག་པར་བླངས་ཏེ་འདུག་པ་དང༌། ཉོན་མོངས་པས་བསྒྲིབས་པ་དང༌། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པར་འགྱུར་རོ། །ཇི་ལྟར་དགེ་བའི་རྩ་བ་རྣམས་རྒྱུན་འཆད་པར་བྱེད་ཅེ་ན། དབང་པོ་རྣོ་ལ་སྡིག་པའི་བསམ་པ་ཤས་ཆེན་པོ་ལ་ལྷག་པར་སྤྱོད་པའི་ཆོས་དང་ལྡན་པ་དང༌། དེ་དང་མཐུན་པའི་གྲོགས་རྙེད་པ་དང༌། ལོག་པར་ལྟ་
བའི་ཀུན་ནས་དཀྲིས་བ་དེ་ལྷུན་སྟུག་པར་བྱེད་པས། མཐར་ཐུག་པར་འགྲོ་བ་དང༌། སྡིག་པ་ཐམས་ཅད་ལ་ལྷག་པར་སྤྱོད་པ་དག་ལ་མི་ལྡོག་ཅིང་འགྱོད་པར་མི་བྱེད་པར་འགྱུར་རོ། །དེ་ལ་ས་བོན་ཡང་དགེ་བའི་རྩ་བ་ཡིན་ལ། མ་ཆགས་པ་ལ་སོགས་པ་ཡང་དགེ་བའི་རྩ་བ་ཡིན་ཏེ། དགེ་བའི་རྩ་བ་ཀུན་ཏུ་སྤྱོད་པ་དང་མི་མཐུན་པས་རྒྱུད་གནས་པར་བྱེད་ཅིང༌། དགེ་བའི་རྩ་བ་གཅོད་པས་ས་བོན་འབྱིན་པར་བྱེད་དོ། །ཇི་ལྟར་དགེ་བའི་རྩ་བ་རྣམས་མཚམས་སྦྱོར་བར་བྱེད་ཅེ་ན། རང་བཞིན་གྱིས་དབང་པོ་རྣོ་བ་དང༌། མཛའ་བཤེས་དང་ཉེ་དུ་དང༌། རྟེན་གྲོགས་རྣམས་བསོད་ནམས་བྱ་བ་ལ་མངོན་པར་བརྩོན་པ་མཐོང་བ་དང༌། སྐྱེས་བུ་དམ་པའི་ཐད་དུ་སོང་ནས་དམ་པའི་ཆོས་ཉན་པ་དང༌། ཐེ་ཚོམ་སྐྱེ་ཞིང་ངེས་པར་རྟོགས་པར་བྱེད་དོ། །ཇི་ལྟར་འཆི་འཕོ་བར་འགྱུར་ཞེ་ན། ཚེའི་ཚད་ཡོད་པར་འགྱུར་རོ། །འཆི་བ་དེ་ཡང་དགེ་བའི་སེམས་དང་ལྡན་པ་དང༌། མི་དགེ་བའི་སེམས་དང་ལྡན་པ་དང༌། ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ཡང་རུང་སྟེ། ཚེ་ཟད་པ་དང༌། བསོད་ནམས་ཟད་པ་དང༌། ཡང་ང་བ་མ་སྤངས་པས་དུས་དང་དུས་མ་ཡིན་པར་རིག་པར་བྱའོ། །ཚེ་ཟད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། འདི་ན་ཁ་ཅིག་ཇི་ལྟར་འཕངས་པའི་ཚེ་རིལ་གྱིས་ཟད་པར་གྱུར་ནས། འཆི་འཕོ་བ་སྟེ། དེ་ནི་དུས་ལ་བབ་ན་འཆི་བ་ཞེས་བྱའོ། །བསོད་ནམས་ཟད་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། འདི་ན་ཁ་ཅིག་ཡོ་བྱད་མེད་པས་འཆི་འཕོ་བ་ལྟ་བུ་ཡིན་ནོ། །ཡང་ང་བ་མ་སྤངས་པ་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་ཚེ་མ་ཟད་པར་འཆི་བའི་དུས་བྱེད་པ་ནི་རྒྱུ་དགུ་དང་རྐྱེན་དགུ་ཡོད་དོ། དགུ་གང་ཞེ་ན། ཁ་ཟས་ཚོད་མ་ཟིན་པར་ཟ་བ་དང༌། མི་འཕྲོད་པ་ཟ་བ་དང༌། མ་ཞུ་བར་ཟ་བ་དང༌། མ་ཞུ་བ་བསགས་པ་འབྱིན་པར་མི་བྱེད་པ་དང༌། སྨིན་པ་དགག་པ་དང༌། སྨན་སོ་སོར་མི་བསྟེན་པ་དང༌། གོམས་པ་དང༌། མ་གོམས་པ་མ་ཤེས་པ་དང༌། དུས་མ་ཡིན་པར་འགྲོ་བ་དང༌། མི་ཚངས་པར་སྤྱོད་པའོ་ཞེས་གསུངས་ཏེ། དེ་ནི་དུས་མ་ཡིན་པར་འཆི་བ་ཞེས་བྱའོ། །དགེ་བའི་སེམས་དང་ལྡན་པར་འཆི་འཕོ་བ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། འདི་ན་ཁ་ཅིག་འཆི་བའི་ཚེ། དགེ་བའི་ཆོས་སྔོན་ཀུན་ཏུ་བསྟེན་པ་
རྣམས་དྲན་ནམ། གཞན་གྱིས་དྲན་པར་ བྱས་ཀྱང་རུང་སྟེ། དེའི་ཚེ་དེ་ལ་དད་པ་ལ་སོགས་པ་དགེ་བའི་ཆོས་གང ་དག་སེམས་ལ་ཀུན་ཏུ་སྤྱོད་པ་དེ་དག་ཇི་སྲིད་དུ་འདུ་ཤེས་རགས་པ་འབྱུང་བའི་བར་དུའོ། །འདུ་ཤེས་ཆ་ཕྲ་མོ་རྒྱུ་བར་གྱུར་པའི་ཚེ་ནི་དགེ་བའི་སེམས་ལྡོག་ཅིང༌། ལུང་དུ་མ་བསྟན་པའི་སེམས་ཉིད་དུ་གནས་ཏེ། འདི་ལྟར་དེས་ནི་དེའི་ཚེ་སྔོན་གོམས་པར་བྱས་པའི་དགེ་བ་ལ་བརྩལ་བར་ཡང་མི་ནུས་ལ་གཞན་དག་གིས་ཀྱང་དྲན་པར་བྱེད་མི་ནུས་སོ། །མི་དགེ་བའི་སེམས་དང་ལྡན་པར་འཆི་འཕོ་བ་ཇི་ལྟ་བུ་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་འཆི་བའི་ཚེ། མི་དགེ་བའི་ཆོས་སྔོན་གོམས་པ་རྣམས་དྲན་ནམ། གཞན་དག་གིས་དྲན་པར་ བྱས་ཀྱང་རུང་སྟེ། དེའི་ཚེ་དེ་ལ་ཆགས་པ་ལ་སོགས་པ་མི་དགེ་བའི་ཆོས་གང ་དག་སེམས་ལ་ཀུན་ཏུ་སྤྱོད་པ་དེ་དག་ཇི་སྲིད་དུ་འདུ་ཤེས་རགས་པ་རྒྱུ་བའི་བར་དུའོ་ཞེས་བྱ་བ་ཐམས་ཅད་དགེ་བའི་སྐབས་སྔ་མ་དང་འདྲའོ། །དེ་ལ་དགེ་བའི་སེམས་དང་ལྡན་པར་འཆི་ན་ནི། བདེ་བར་འཆི་བས་འཆི་བར་འགྱུར་ཏེ། འཆི་ཀར་དེའི་ལུས་ལ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་འབྱུང་བར་མི་འགྱུར་རོ། །མི་དགེ་བའི་སེམས་དང་ལྡན་པར་འཆི་ན་ནི། སྡུག་བསྔལ་བའི་འཆིང་བས་འཆི་བར་འགྱུར་ཏེ། འཆི་ཀར་དེའི་ལུས་ལ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་འབྱུང་བར་འགྱུར་རོ། །དགེ་བའི་སེམས་དང་ལྡན་པར་འཆི་བ་ལ་ནི་གཟུགས་མཐོང་བ་འཁྲུལ་པར་མི་འགྱུར་རོ། །མི་དགེ་བའི་སེམས་དང་ལྡན་པར་འཆི་བ་ནི་གཟུགས་མཐོང་བ་འཁྲུལ་བར་འགྱུར་རོ། །ལུང་དུ་མ་བསྟན་པའི་སེམས་དང་ལྡན་པར་འཆི་འཕོ་བ་ཇི་ལྟ་བུ་ཡིན་ཞེ་ན། དགེ་བ་དང་མི་དགེ་བ་བྱེད་བྱེད་པ་ཡང་རུང༌། དེ་མ་བྱས་པ་ཡང་རུང་སྟེ། བདག་ཉིད་ཀྱིས་མ་དྲན་ནམ། གཞན་དག་གིས་དྲན་པར་མ་བྱས་པའོ། །དགེ་བའི་སེམས་ཀྱང་མ་ཡིན་ལ། ཉོན་མོངས་པ་ཅན་གྱི་སེམས་ཀྱང་མ་ཡིན་པ་ནི། འཆི་བའི་ཚེ་དེ་བདེ་བའི་འཆི་བས་ཀྱང་འཆི་བར་མི་འགྱུར་ལ། སྡུག་བསྔལ་བའི་འཆི་བས་ཀྱང་འཆི་བར་མི་འགྱུར་རོ། །ཡང་གལ་ཏེ་གང་ཟག་དགེ་བ་དང་མི་དགེ་བ་བྱེད་བྱེད་པ་འཆི་བ་ནི་སྔོན་གོམས་པའི་དགེ་བ་དང་མི་དགེ་བའི་ཆོས་རྣམས་བདག་ཉིད་ཀྱིས་དྲན་ནམ། གཞན་དག་གིས་དྲན་པར་ བྱས་ཀྱང་རུང་སྟེ། དེའི་ཚེ་དེས་གང་ལན་མང་དུ་གོམས་པར་བྱས་པ ་དེ་
ཆེས་སྟོབས་དང་ལྡན་པར་འགྱུར་ཏེ། དེས་སེམས་དེ་གཞོལ་བར་འགྱུར་ལ་གཞན་ནི་བརྗེད་པར་གྱུར་ཏོ། །ཡང་གལ་ཏེ་གཉི་ག་ལ་མཚུངས་པར་གོམས་ན་ནི་དེ་ལས་གང་དང་གང་ཐོག་མ་ཁོ་ནར་དྲན་ནམ། དྲན་པར་བྱེད་དུ་བཅུག་པ་དེ་ལས་ལྡོག་པར་མི་འགྱུར་ཏེ། གཞན་དུ་མི་འཇུག་གོ །དེའི་ཚེ་དེས་རྒྱུ་རྣམ་པ་གཉིས་ལ་འདི་ལྟ་སྟེ། སྤྲོས་པ་ལ་མངོན་པར་དགའ་བའི་རྒྱུ་དང༌། དགེ་བ་དང་མི་དགེ་བའི་ལས་ཀྱི་རྒྱུའི་དབང་དུ་བྱས་ཏེ། སྔོན་གྱི་ལས་ཀྱིས་འཕངས་པའི་འབྲས་བུ་དེ་སྤྱད་ནས་འཆི་བའི་དུས་བྱེད་པ་དེའི་ཚེ་མི་དགེ་བའི་ལས་བྱེད་བྱེད་པ་ནི་མི་དགེ་བ་སྔར་བྱས་པའི་མི་སྡུག་པའི་འབྲས་བུའི་ལས་ཀྱི་སྔ་ལྟས་རྣམས་འདིར་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་རྨི་ལམ་བཞིན་དུ་གཟུགས་མི་སྡུག་པ་དུ་མ་དེ་ལ་སྣང་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལས་དགོངས་ནས། དེ་སྔོན་སྡིག་པ་མི་དགེ་བའི་ལས་ བྱས་ཤིང་བསགས་པར་གྱུར་པ་གང ་ཡིན་པ་དེ་དེའི་ཚེ་དེ་ལ་ཕྱེམ་རེད་ཀྱི་དུས་ཀྱི་ཚེ་རི་རྣམས་སམ། རིའི་རྩེ་མོ་རྣམས་ཀྱི་གྲིབ་མ་བཞིན་དུ་བབ་ཅིང༌། ལྷག་པར་འབབ་ལ་མངོན་དུ་འབབ་པར་འགྱུར་རོ་ཞེས་གསུངས་ཏེ། གང་ཟག་དེ་ནི་སྣང་བ་ནས་མུན་ཁྲོད་དུ་འགྲོ་བ་ལྟ་བུར་རིག་པར་བྱའོ། །དེ་ལས་བཟློག་པ་སྔོན་གྱི་མི་དགེ་བའི་ལས་ཀྱི་འབྲས་བུ་ཡིན་ལ། ད་ལྟར་འདིར་དགེ་བ་བྱེད་པ་ནི་མུན་ཁྲོད་ནས་སྣང་བར་འགྲོ་བ་ལྟ་བུར་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡིན་ཏེ། འཆི་བའི་དུས་ན་དེ་ལ་རྨི་ལམ་ལྟ་བུའི་གཟུགས་མི་སྡུག་པ་མ་ཡིན་པ་ཡིད་དུ་འོང་བ་རྣམ་པ་སྣ་ཚོགས་སྣང་བ་འབྱུང་བར་འགྱུར་རོ། །དེ་ལ་མི་དགེ་བ་ཆེན་པོ་བྱེད་བྱེད་པ་ནི་མཚན་མ་མི་སྡུག་པ་དེ་མཐོང་བས་རྡུལ་འབྱུང་བར་འགྱུར་ཞིང༌། སྤུའི་ཁུང་བུ་དག་ན་སྤུ་ཟིང་ཞེས་བྱེད་པར་འགྱུར། རྐང་ལག་གཡོབ་པ་ལ་སོགས་པ་ནི་འབྱུང་བར་འགྱུར། གཅིན་དང་ཕྱི་ས་འབྱུང་བར་འགྱུར། ནམ་མཁའ་ལ་སྙེགས་པ་དང༌། མི་ལྡོག་པ་དང་ཁ་ནས་དབུ་བ་འབྱུང་བ་དང༌། དེ་ལྟ་བུ་དང་མཐུན་པའི་ཆོས་རྣམས་འབྱུང་བར་འགྱུར་རོ། །གལ་ཏེ་འབྲིང་བྱེད་བྱེད་ན་ནི། དེ་ལ་ཁ་ཅིག་ནི་འགྱུར་རོ། །ཁ་ཅིག་ནི་མི་འགྱུར་ཏེ། ཀུན་རྫོགས་པར་མི་འབྱུང་ངོ༌། །དེ་ཐམས་ཅད་ཀྱང་འཆི་བའི་ཚེ་ན་
འདུ་ཤེས་མི་གསལ་བའི་སྐབས་སུ་མ་བབ་པའི་བར་དུ་ཡུན་རིང་པོ་ནས། གོམས་པའི་བདག་ལ་ཆགས་པ་ཀུན་ཏུ་འབྱུང་ངོ༌། །དེའི་འོག་ཏུ་དེའི་དབང་གི་ས་བདག་ནི་མེད་པར་འགྱུར་རོ་སྙམ་ནས་ལུས་ལ་མངོན་པར་དགའ་བར་འགྱུར་ཏེ། དེ་ནི་དེའི་བར་མ་དོའི་སྲིད་པ་མངོན་པར་འགྲུབ་པའི་རྟེན་ཡིན་ནོ། །དེ་ལ་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་ལ་ཡང་དེའི་ཚེ་བདག་ལ་ཆགས་པ་ཀུན་ཏུ་འབྱུང་མོད་ཀྱི། རྒྱུན་དུ་ཞུགས་པ་འམ། ལན་ཅིག་ཕྱིར་འོང་བ་དེས་ནི་བདག་ལ་ཆགས་བ་དེ་ཤེས་རབ་ཀྱི་ས་བརྟགས་ཤིང་བརྟགས་ཤིང་མངོན་པར་སྤོང་བར་བྱེད་ཀྱི་དང་དུ་ལེན་པར་མི་བྱེད་དེ། དཔེར་ན་མི་ཆེས་སྟོབས་དང་ལྡན་པ་ནི། མི་ཆེས་སྟོབས་ཆུང་བ་དང༌། སྟོབས་འགྱེད་ན་སྟོབས་ཆུང་དུ་རྡུང་བར་བྱེད་པ་དེ་བཞིན་དུ། འདི་ལ་ཡང་ཚུལ་དེ་དང་འདྲ་བར་བལྟ་བར་བྱའོ། །ཕྱིར་མི་འོང་བ་རྣམས་ནི་དེའི་ཚེ་བདག་ལ་ཆགས་པ་དེ་ཀུན་ཏུ་འབྱུང་བར་མི་འགྱུར་རོ། །དེ་ལ་གནད་འཆད་པ་ནི། སེམས་ཅན་དམྱལ་བའི་འགྲོ་བ་དང༌། ལྷའི་འགྲོ་བ་མ་གཏོགས་པར་དེ་ལས་གཞན་པའི་སྐྱེ་བའི་གནས་ཐམས་ཅད་ལ་ཡོད་དོ། །དེ་ལ་ཡང་རྣམ་པ་གཉིས་ཏེ། ཤིན་ཏུ་ཚབས་ཆེ་བ་དང༌། ཤིན་ཏུ་ཚབས་ཆུང་བ་སྟེ། ལས་ཉེས་པ་བྱེད་བྱེད་པ་རྣམས་ཀྱི་ནི་ཤིན་ཏུ་ཚབས་ཆེ་བ་ཡིན་ནོ། །ལས་ལེགས་པ་བྱེད་བྱེད་པ་རྣམས་ཀྱི་ནི་ཤིན་ཏུ་ཚབས་ཆུང་བ་ཡིན་ནོ། །བྱང་གི་སྒྲ་མི་སྙན་གྱི་ནི་ཐམས་ཅད་ཀྱང་ཚབས་ཆུང་བ་ཡིན་ནོ། །གཟུགས་ཀྱི་ཁམས་ནས་འཆི་འཕོ་བ་རྣམས་ནི་དབང་པོ་ཚང་བར་འཆི་བའི་དུས་བྱེད་དོ། །འདོད་པའི་ཁམས་ནས་འཆི་འཕོ་བ་རྣམས་ནི་ཁ་ཅིག་ནི་དབང་པོ་ཚང་བར་འཆི་འཕོ་བར་འགྱུར། ཁ་ཅིག་ནི་དབང་པོ་ཉམས་ཏེ་འཆི་འཕོ་བར་འགྱུར་རོ། །དག་ཅིང་གྲོལ་བ་རྣམས་ཀྱི་འཆི་བ་ནི་དུལ་བའི་འཆི་འཕོ་བ་ཞེས་བྱའོ། །དག་པ་མ་ཡིན་པ་དང༌། གྲོལ་བ་མ་ཡིན་པ་རྣམས་ཀྱི་འཆི་བ་ནི་དུལ་བ་མ་ཡིན་པའི་འཆི་འཕོ་བ་ཞེས་བྱའོ། །དེ་བས་ན་རེ་ཞིག་མི་དགེ་བའི་ལས་བྱེད་བྱེད་པ་རྣམས་ནི་འཆི་འཕོ་བའི་ཚེ་རྣམ་པར་ཤེས་པས་རོ་སྟོད་ནས་ལུས་འདོར་བར་བྱེད་དེ། དེའི་རོ་སྟོད་གྲང་མོར་འགྱུར་རོ། །དེ་ཡང་སྙིང་གར་ཐུག་པའི་བར་དུ་འདོར་བར་འགྱུར་རོ། །ལེགས་པ་བྱེད་བྱེད་པ་རྣམས་
ཀྱི་རྣམ་པར་ཤེས་པས་ནི། རོ་སྨད་ནས་ལུས་འདོར་པར་བྱེད་དེ། དེའི་རོ་སྨད་གྲང་མོར་འགྱུར་རོ། །དེ་ཡང་སྙིང་གར་ཐུག་པའི་བར་དུ་འདོར་བར་འགྱུར་ཏེ། སྙིང་གནས་རྣམ་པར་ཤེས་པ་འཕོ་བར་རིག་པར་བྱའོ། །དེ་ནས་ལུས་ཐམས་ཅད་ནས་གྲང་མོར་འགྱུར་ཏེ་དེ་ལུས་ལ་ཆགས་པ་སྐྱེས་པ་དང༌། སྔོན་སྤྲོས་པ་ལ་མངོན་པར་དགའ་བའི་རྒྱུས་ཡོངས་སུ་བསྒོས་པ་དང་དགེ་བ་དང་མི་དགེ་བའི་ལས་ཀྱི་རྒྱུས་ཡོངས་སུ་བསྒོས་པས། རྒྱུ་དེ་གཉིས་ཀྱི་དབང་དུ་བྱས་ཏེ། དེ་མ་ཐག་ཏུ་རང་གི་ས་བོན་ལས་བར་མ་དོའི་སྲིད་པ། ཕྱོགས་དེ་ནས་བར་ཆད་མེད་པར་དུས་གཅིག་ཏུ་འགག་པ་དང༌། སྐྱེ་བའི་ཚུལ་གྱིས་སྲང་གི་ཐོར་ཏོ་མཐོན་དམན་དུ་འགྱུར་བ་བཞིན་དུ་འབྱུང་བར་འགྱུར་རོ། །བར་མ་དོའི་སྲིད་པ་དེ་ནི་དབང་པོ་ཚང་བ་ཡིན་ནོ། །ཉེས་པའི་ལས་བྱེད་བྱེད་པ་རྣམས་ཀྱི་བར་མ་དོའི་སྲིད་པ་ནི་དཔེར་ན། ཕྱར་བ་ནག་པོ་འམ། མཚན་མོའི་མུན་པ་མུན་ནག་ཏུ་སྣང་བ་ལྟ་བུའོ། །ལེགས་པའི་ལས་བྱེད་བྱེད་པ་རྣམས་ཀྱི་ནི་དཔེར་ན། སྣམ་བུ་དཀར་པོའམ། ཟླ་བའི་འོད་དང་བཅས་པའི་མཚན་མོར་སྣང་བ་ལྟ་བུའོ། །དེ་ནི་ལྷའི་མིག་ཤིན་ཏུ་རྣམ་པར་དག་པའི་སྤྱོད་ཡུལ་ཡིན་ནོ། །རྣམ་པར་ཤེས་པ་མི་གནས་པའི་ཕྱིར། དེའི་ཚེ་སྔོན་གྱི་ལུས་ལ་འདོད་པ་དེ། དེ་ལ་ཀུན་ཏུ་མི་འབྱུང་གི །ཡུལ་གྱི་སྤྲོས་པ་ལ་འདོད་པ་ནི་ཀུན་ཏུ་འབྱུང་ངོ༌། །དེ་ནི་གང་དུ་སྐྱེ་བར་འགྱུར་བ་དེའི་ཤ་ཚུགས་ལྟ་བུར་བར་མ་དོའི་སྲིད་པ་སྐྱེ་སྟེ། སྐྱེ་བ་ནི་གནས་མ་བླངས་ཀྱི་བར་དུ་དེའི་མིག་ལྷའི་མིག་ལྟ་བུར་ཐོགས་པ་མེད་དོ། །འགྲོ་བ་ཡང་སྐྱེ་བའི་གནས་མ་བླངས་ཀྱི་བར་དུ་རྫུ་འཕྲུལ་དང་ལྡན་པ་བཞིན་དུ་ཐོགས་པ་མེད་དོ། །དེའི་མིག་དེའི་བར་མ་དོའི་སྲིད་པ་པའི་སེམས་ཅན་བདག་དང་སྐལ་བ་མཉམ་པ་རྣམས་དང༌། དེ་དག་གི་སྐྱེ་བའི་གནས་དང༌། བདག་གི་སྐྱེ་བའི་གནས་ཀྱང་མཐོང་ངོ༌། །ཉེས་པའི་ལས་བྱེད་བྱེད་པ་རྣམས་ཀྱི་མིག་ནི་ཐུར་དུ་གསལ་ཏེ། སྤྱིའུ་ཚུགས་སུ་འགྲོའོ། །ལྷར་སྐྱེ་བ་རྣམས་ནི་གྱེན་དུའོ། །མིར་སྐྱེ་བ་རྣམས་ནི་ཐད་ཀར་རོ། །བར་མ་དོའི་སྲིད་པ་དེ་ཡང་སྐྱེ་བའི་རྐྱེན་མ་རྙེད་ཀྱི་བར་དུ་དེ་ལྟར་ཐོགས་ན་ཡང་ཞག་བདུན་གནས་པར་ཟད་དོ། །རྐྱེན་རྙེད་ན་ནི་ངེས་པ་མེད་དོ། །ཡང་མ་
རྙེད་ན་ནི་ལུས་བརྗེས་ནས་ཡང་ཞག་བདུན་དུ་གནས་སོ། །སྐྱེ་བའི་རྐྱེན་མ་རྙེད་ན་ཞག་བདུན་ཕྲག་བདུན་གྱི་བར་དུ་ཡང་གནས་སོ། །དེ་ལས་འདས་ཕན་ཆད་ནི། གདོན་མི་ཟ་བར་སྐྱེ་བའི་རྐྱེན་རྙེད་པར་འགྱུར་རོ། །ཞག་བདུན་གྱིས་ཤི་འཕོས་པ་དེ་ཡང༌། ཡང་ན་ནི་དེ་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ། །ཡང་ན་ནི་སྐལ་བ་མི་མཉམ་པ་གཞན་དུ་སྟེ། གལ་ཏེ་ལས་གཞན་གྱི་བྱ་བ་ཡོངས་སུ་གྱུར་པས། བར་མ་དོའི་སྲིད་པའི་ས་དོན་ཡོངས་སུ་འགྱུར་བར་བྱེད་པའི་ཕྱིར་རོ། །དེའི་རྣམ་གྲངས་ནི་འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པ་གཉིས་ཀྱི་བར་མདོར་འབྱུང་བས་ན་བར་མ་དོའི་སྲིད་པ་ཞེས་ཀྱང་བྱའོ། །དྲིའི་ཕྱིར་འགྲོ་བ་དང༌། དྲི་ས་བརྟས་པར་འགྱུར་བས་ན་དྲི་ཟ་ཞེས་ཀྱང་བྱའོ། །དེ་ལ་བརྟེན་ནས་ཡིད་སྐྱེ་བའི་གནས་སུ་འགྲོ་བས་ན་ཡིད་ལས་བྱུང་བ་ཞེས་ཀྱང་བྱ་སྟེ། ལུས་ཀྱི་འགྲོ་བས་འགྲོ་བའི་དམིགས་པའི་འགྲོ་བ་ནི་མ་ཡིན་ནོ། །སྐྱེ་བ་མངོན་དུ་འགྲུབ་པར་འགྱུར་བས་ན་མངོན་པར་འགྲུབ་པ་ཞེས་ཀྱང་བྱའོ། །བར་མ་དོའི་སྲིད་པ་དེ་ཡང་གཟུགས་མེད་པར་སྐྱེ་བའི་གནས་མ་གཏོགས་པར་བལྟ་བར་བྱའོ། །གལ་ཏེ་མི་དགེ་བའི་ལས་བྱེད་པ་ལུག་གསོད་པར་གྱུར་ཏམ། བྱ་གསོད་པར་གྱུར་ཏམ། ཕག་འཚོང་དུ་གྱུར་ཏམ། དེ་ལྟར་སྡོམ་པ་མ་ཡིན་པའི་རིས་གང་ཡང་རུང་བ་གནས་པ་དེས། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་སྡིག་པ་མི་དགེ་བའི་ལས་བྱས་ཤིང་བསགས་པས། སྐྱེ་བའི་གནས་སུ་དེས་སེམས་ཅན་དེ་ལྟ་བུ་དག་དང༌། ལས་དེ་ལྟ་བུ་དག་དང༌། ལུས་ལ་སོགས་པ་དེ་དག་རྨི་ལམ་བཞིན་དུ་མཐོང་ནས། དེ་སྔོན་གོམས་པའི་མངོན་པར་དགའ་བས་དེ་ཉིད་དུ་བརྒྱུག་གོ །སྐྱེ་བའི་གནས་ཀྱི་གཟུགས་དེ་ལ་ཡང་ཁོང་ཁྲོ་བར་གྱུར་ནས། བར་མ་དོའི་སྲིད་པ་དེ་མེད་པར་འགྱུར་ལ། སྐྱེ་བའི་སྲིད་པ་ནི་འགྲུབ་པར་འགྱུར་རོ། །དེ་དེ་ནས་ཤི་འཕོས་པ་ན་སྔར་འཆི་བའི་སྲིད་པའི་ཚེ་འཁྲུལ་པའི་གཟུགས་མཐོང་བར་དེ་བཞིན་དུ་འབྱུང་བར་འགྱུར་རོ། །སྐྱེ་བ་དང་འགག་པའི་ཚུལ་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །དེར་དེ་རྫུས་ཏེ་སྐྱེས་ནས་སྐྱེ་མཆེད་དྲུག་ཡོངས་སུ་ཚང་བར་འགྱུར་ཏེ། དེ་འདི་སྙམ་དུ་བདག་འདི་དང་ལྷན་ཅིག་ཏུ་རྩེ་བར་བྱའོ། །དགའ་བར་བྱའོ།།
དགའ་མགུར་སྤྱད་པར་བྱའོ། །བཟོ་ཡང་བསླབ་པར་བྱའོ་སྙམ་དུ་སེམས་བཏང་བར་གྱུར་ལ། དེ་དེར་བཟློག་བར་ལས་ཀྱི་གནོད་པ་རྣམ་པ་སྣ་ཚོགས་ཀྱིས་གཟིར་བར་འགྱུར་ཏེ། ཡོངས་སུ་ཚ་བ་ཆེན་པོས་ཀྱང་རེག་པར་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། དེ་ལྟ་བུར་མཐོང་བ་མེད་དུ་ཟིན་ན། དེ་དེར་འགྲོ་བར་འདོད་པ་ཉིད་ཀྱང་མེད་པར་འགྱུར་ན། འགྲོ་བ་ལྟ་ག་ལ་འགྱུར། དེའི་ཕྱིར་མི་འགྲོ་ན་ཡང་སྐྱེ་བར་མི་འགྱུར་རོ། །སེམས་ཅན་དམྱལ་བ་ཇི་ལྟ་བ་བཞིན་དུ། སེམས་ཅན་དམྱལ་བ་དང་འདྲ་བའི་ཡི་དགས་ལྦ་བ་ཅན་ལ་སོགས་པ་དག་ཏུ་སྐྱེ་བ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །དུད་འགྲོ་དང༌། ཡི་དགས་དང༌། མི་དང༌། འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པའི་ལྷའི་རིས་གཞན་དག་ཏུ་སྐྱེ་ན་ནི། སྐྱེ་བའི་གནས་སུ་བདག་དང་སྐལ་བ་མཉམ་པ་མངོན་བར་དགའ་བར་གྱུར་བའི་སེམས་ཅན་དེ་དག་མཐོང་ངམ། དེ་ནས་སྔ་མ་བཞིན་དུ་དེར་དགའ་བ་དང་འདོད་པ་བསྐྱེད་དེ་སོང་བ་དང༌། སྐྱེ་བའི་གནས་དེ་ལ་ཁྲོ་བར་གྱུར་ནས། འཆི་འཕོ་བ་དང་སྐྱེ་བ་ཡང་སྔ་མ་བཞིན་དུ་བལྟ་བར་བྱའོ། །དེ་ལ་མ་ཉམས་བདེ་ཞིང་ཟླ་མཚན་ལྡན་པ་དང༌། ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང༌། དྲི་ཟ་ཡང་ཉེ་བར་གནས་པར་འགྱུར་ཏེ། གནས་གསུམ་མངོན་དུ་གྱུར་ལ། གལ་ཏེ་བར་དུ་གཅོད་པ་རྣམ་པ་གསུམ་པོ་སྐྱེ་གནས་ཀྱི་ཉེས་པས་གྱུར་པ་དང༌། ས་བོན་གྱི་ཉེས་པས་གྱུར་པ་དང༌། ལས་ཀྱི་ཉེས་པས་གྱུར་པ་རྣམས་མེད་ན། མའི་མངལ་དུ་འཇུག་པར་འགྱུར་རོ། །དེ་ལ་སྐྱེ་གནས་ཀྱི་ཉེས་བ་ གང་ཞེ་ན། གལ་ཏེ་རླུང་གིས་མ་རུང་བར་བྱས་པ ་འམ། མཁྲིས་པས་མ་རུང་བར་བྱས་པ་འམ། བད་ཀན་གྱིས་མ་རུང་བར་བྱས་བ་འམ། དབུང་ནས་འདྲ་བ་འམ། དབུང་ཏིལ་འབྲུ་འདྲ་བ་འམ། ཁ་ཤིང་རྟ་འདྲ་བ་འམ། ཁ་དུང་འདྲ་བ་འམ། མཚན་མ་ཙམ་ཡོད་པ་འམ། ཡོ་བ་འམ། སྐྱོན་ཡོད་པ་འམ། སྐལ་བ་ཡོད་པ་འམ། དེ་ལྟ་བུ་དང་མཐུན་པ་རྣམས་ནི་སྐྱེ་གནས་ཀྱི་ཉེས་པ་ཡིན་པར་རིག་པར་བྱའོ། །ས་བོན་གྱི་ཉེས་པ་གང་ཞེ་ན། གལ་ཏེ་ཕའི་ཁུ་བ་བྱུང་ལ། མའི་མ་བྱུང་བ་འམ། མའི་བྱུང་ལ་ཕའི་མ་བྱུང་
བའམ། གཉི་གའི་མ་བྱུང་བ་འམ། མའི་རུལ་ཏམ། ཕའི་རུལ་ཏམ། གཉི་གའི་རུལ་ཏམ། དེ་ལྟ་བུ་དང་མཐུན་པ་རྣམས་ནི་ས་བོན་གྱི་ཉེས་པ་ཡིན་པར་རིག་པར་བྱའོ། །ལས་ཀྱི་ཉེས་པ་གང་ཞེ་ན། གལ་ཏེ་ཕ་འམ་མ་འམ། ཡང་ན་གཉི་གས་བུ་ཡོད་པར་འགྱུར་བའི་ལས་མ་བྱས་ཤིང༌། མ་བསགས་སམ། ཡང་ན་སེམས་ཅན་དེས་ཕ་མ་ཡོད་པར་འགྱུར་བའི་ལས་མ་བྱས་ཤིང༌། མ་བསགས་སམ། ཡང་ན་ཕ་མ་དེ་གཉིས་ཀྱི་བུ་དེ་མ་ཡིན་པ་ཡོད་པར་འགྱུར་བའི་ལས་བྱས་ཤིང་བསགས་སམ། ཡང་ན་སེམས་ཅན་དེས་དེ་མ་ཡིན་པ་དབང་ཆེ་བར་གྲགས་པ་དང༌། དབང་ཆེ་བར་གྲགས་པ་མ་ཡིན་པ་ཕ་མར་འགྱུར་བའི་ལས་བྱས་ཤིང་བསགས་པ་འམ། དེ་ལྟ་བུ་དང་མཐུན་པ་རྣམས་ནི་ལས་ཀྱི་ཉེས་པ་ཡིན་པར་རིག་པར་བྱ་སྟེ། ཉེས་པ་དེ་དག་ཀྱང་མེད་ལ། གནས་གསུམ་ཡང་མངོན་སུམ་དུ་གྱུར་ན་མངལ་དུ་འཇུག་བར་འགྱུར་རོ། །བར་མ་དོའི་སྲིད་པ་ལ་གནས་པ། དེ་སྐལ་བ་མཉམ་པའི་སེམས་ཅན་ལ་བལྟ་བ་དང༌། རྩེ་བ་ལ་སོགས་པ་བྱ་བར་འདོད་པས་སྐྱེ་བའི་གནས་སུ་འགྲོ་འདོད་པ་སྐྱེད་པར་གྱུར་ལ། ཕ་མ་ལས་བྱུང་བའི་ཁུ་བ་དང༌། ཁྲག་དེ་ཡང༌། དེའི་ཚེ་ཕྱིན་ཅི་ལོག་ཏུ་མཐོང་བར་འཇུག་པར་འགྱུར་རོ། །དེ་ལ་ཕྱིན་ཅི་ལོག་ནི་འདི་ཡིན་ཏེ། ཕ་མ་གཉིས་ཉལ་པོ་བྱེད་པར་མཐོང་ན། དེའི་ཚེ་ན་ཕ་མ་གཉིས་ཉལ་པོ་བྱེད་པ་ཡང་མེད་བཞིན་དུ་དེས་ཕྱིན་ཅི་ལོག་གི་བློས་དེ་ལྟར་མཐོང་སྟེ། སྒྱུ་མ་བྱས་པ་མཐོང་བ་བཞིན་ནོ། །ཉལ་པོ་བྱེད་པ་དེ་མཐོང་ནས་ཀྱང་དེ་དེར་ཆགས་པ་སྐྱེ་བར་འགྱུར་ཏེ། གལ་ཏེ་བུད་མེད་དུ་འགྱུར་བར་འདོད་ན་ནི་དེ་སྐྱེས་པ་ལ་ཆགས་ཏེ། ཉལ་བར་འདོད་པ་སྐྱེའོ། །གལ་ཏེ་སྐྱེས་པར་འགྱུར་བར་འདོད་ན་ནི་དེ་བུད་མེད་དེ་ལ་ཆགས་ན་ཉལ་བར་འདོད་པ་སྐྱེ་བར་འགྱུར་རོ། །དེ་ནས་དེའི་དྲུང་དུ་སོང་ནས་བུད་མེད་དུ་འགྱུར་ན་ནི། བུད་མེད་དང་བྲལ་བར་འདོད་པ་སྐྱེའོ། །སྐྱེས་པར་འགྱུར་ན་ནི། སྐྱེས་པ་དང་བྲལ་བར་འདོད་པ་སྐྱེའོ། །དེ་བསྐྱེད་པས་སྐྱེས་པ་འམ། བུད་མེད་འབའ་ཞིག་མཐོང་བར་འགྱུར་རོ། །དེ་ཇི་ལྟ་ཇི་ལྟར་ཕྱོགས་དེར་ཉེ་བར་སྦྱོར་བ་དེ་ལྟ་དེ་ལྟར་སྐྱེས་པ་འམ། བུད་མེད་གང་ཡང་རུང་བ་དེའི་ཡན་
ལག་གཞན་སྣང་བ་ནི་མེད་པར་འགྱུར་ལ། སྐྱེས་པ་དང་བུད་མེད་དེ་ལ། མོ་མཚན་དུ་མཐོང་བ་འམ། ཕོ་མཚན་དུ་མཐོང་བ་འབའ་ཞིག་ཉེ་བར་གནས་པར་འགྱུར་རོ། །དེ་ལ་ཁོང་ཁྲོ་བར་གྱུར་ནས་ནི་འཆི་འཕོ་བ་དང་སྐྱེ་བར་འགྱུར་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །གལ་ཏེ་བསོད་ནམས་ཆུང་ངུ་ཞིག་ཡིན་ན་ནི། རིགས་དམའ་བར་སྐྱེ་བར་འགྱུར་ཏེ། འཕོ་བའི་ཚེ་དང༌། འཇུག་པའི་ཚེ་དེ་ལ་ཀུ་ཅོའི་སྒྲ་དང༌། འདམ་བུ་དང༌། ནགས་ཚལ་ཐིབས་པོ་ལ་སོགས་པའི་ནང་དུ་འགྲོ་བའི་མཚན་མ་འབྱུང་བར་འགྱུར་རོ། །གལ་ཏེ་ལེགས་པའི་ལས་བྱེད་བྱེད་པ་ཞིག་ཡིན་ན་ནི། རིགས་མཐོན་པོར་སྐྱེ་བར་འགྱུར་ཏེ། དེ་ལ་ཞི་བ་དང༌། སྙན་པའི་སྒྲ་འབྱུང་ཞིང༌། ཁང་བཟངས་དང༌། གཞལ་མེད་ཁང་ལ་སོགས་པའི་གནས་སུ་འགྲོ་བའི་མཚན་མ་འབྱུང་བར་འགྱུར་རོ། །དེ་ལ་ཕ་མ་གཉིས་ཆགས་པར་གྱུར་ཏེ། འདོད་ཆགས་དྲག་པོའི་སྐབས་སུ་བབ་པ་ནི། མཇུག་ཁོ་ནར་ཁུ་བ་སྐ་བ་འབྱུང་བར་འགྱུར་རོ། །དེའི་རྗེས་ལ་གཉི་ག་ལས་ཁུ་བ་དང་ཁྲག་གི་ཐིགས་པ་གཉིས་གདོན་མི་ཟ་བར་འབྱུང་བར་འགྱུར་ཏེ། གཉིས་ཀའི་ཁུ་བ་དང་ཁྲག་གི་ཐིགས་པ་དེ་གཉིས་མའི་སྐྱེ་གནས་སུ་འདྲེས་པར་གྱུར་ནས། དཔེར་ན་འོ་མ་བསྐོལ་བ་གྲངས་པའི་སྤྲིས་མ་བཞིན་དུ་སྤྲིས་མ་ལྟ་བུར་ཆགས་ནས་འདུས་ཤིང་འདུག་པར་འགྱུར་ཏེ། དེས་ས་བོན་ཐམས་ཅད་པ་རྣམ་པར་སྨིན་པ་བསྡུས་པ། ལུས་ལེན་པར་བྱེད་པ་ཀུན་གཞི་རྣམ་པར་ཤེས་པ་འཇུག་པར་འགྱུར་རོ། །ཇི་ལྟར་འཇུག་པར་འགྱུར་ཞེ་ན། ཁུ་བ་དང་ཁྲག་འདུས་ནས་སྤྲིས་མ་ལྟ་བུར་གྱུར་བ་དེ་དང་ལྷན་ཅིག་ཏུ་སྟེ། ཕྱིན་ཅི་ལོག་ཏུ་དམིགས་པ་བར་མ་དོའི་སྲིད་པ་དེ་འགག་པར་འགྱུར་ལ། དེ་འགག་པ་དང་དུས་གཅིག་ཏུ་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེའི་མཐུས་དེ་ལས་གཞན་པ་དབང་པོའི་འབྱུང་བ་ཆེན་པོ་འབྱུང་བ་ཆེན་པོ་ཆ་ཕྲ་བ་དང་འདྲེས་པ། དེ་དང་མཐུན་པའི་ཁུ་བ་དང༌། ཁྲག་འདུས་པ་དབང་པོ་དང་བཅས་པ་གཞན་འབྱུང་བར་འགྱུར་ཏེ། དེའི་དུས་སྐབས་སུ་རྣམ་པར་ཤེས་པ་གནས་པར་གྱུར་པ་ནི་ཉིང་མཚམས་སྦྱོར་བ་ཞེས་བྱ་སྟེ། དེ་ནི་མེར་མེར་པོའི་དུས་ཡིན་ནོ། །མེར་མེར་པོ་དེའི་དབང་པོའི་འབྱུང་བ་ཆེན་པོ་དེ་དག་ཀྱང་
ལུས་ཀྱི་དབང་པོའི་དང་ལྷན་ཅིག་འབྱུང་ངོ༌། །དབང་པོའི་རྟེན་གྱི་འབྱུང་བ་ཆེན་པོ་རྣམས་དང༌། དབང་པོའི་འབྱུང་བ་ཆེན་པོ་དེ་དག་ཉིད་དང༌། ལུས་ཀྱི་དབང་པོ་ཡང་ལྷན་ཅིག་ཏུ་འབྱུང་བར་འགྱུར་རོ། །དེ་ནས་དབང་པོའི་འབྱུང་བ་ཆེན་པོ་དེ་དག་རྒྱུར་བྱས་ནས། མིག་གི་དབང་པོ་ལ་སོགས་པ་རིམ་གྱིས་འགྲུབ་པར་འགྱུར་རོ། །དབང་པོའི་རྟེན་གྱི་འབྱུང་བ་ཆེན་པོ་དེ་དག་ཀྱང་རྒྱུར་བྱས་ནས་རིམ་གྱིས་དབང་པོའི་རྟེན་རྣམས་ཀྱང་འགྲུབ་པར་འགྱུར་རོ། །དབང་པོ་རྣམས་དང༌། དེ་དག་གི་རྟེན་རྣམས་བྱུང་བ་ལས་ལུས་ཐམས་ཅད་འགྲུབ་ཅིང་འཐོབ་པར་འགྱུར་རོ། །མེར་མེར་པོའི་གཟུགས་དེ་ཡང་སེམས་དང་སེམས་ལས་བྱུང་བའི་ཆོས་དེ་དག་དང༌། གཅིག་ལ་གཅིག་གྲུབ་པ་དང་བདེ་བས་ཞུགས་པ་ཞེས་བྱའོ། །སེམས་ཅན་གྱི་དབང་གིས་ཀྱང་དེ་རུལ་བར་མི་འགྱུར་རོ། །དེའི་ཕན་པ་དང་གནོད་པ་ལས་ཀྱང༌། སེམས་དང་སེམས་ལས་བྱུང་བ་རྣམས་ལ་ཕན་པ་དང༌། གནོད་པར་འགྱུར་རོ། །དེ་བསན་གཅིག་ལ་གཅིག་གྲུབ་པ་དང་བདེ་བ་ཞེས་བྱའོ། །མེར་མེར་པོའི་ཕྱོགས་གང་དུ་རྣམ་པར་ཤེས་པ་ཞུགས་པར་གྱུར་པ་དེ་ནི་དེའི་ཚེ་དེའི་སྙིང་གི་ཕྱོགས་ཡིན་ནོ། །དེ་ལྟར་ན་རྣམ་པར་ཤེས་པ་དེ་ནི་ཕྱོགས་གང་ནས་འཆི་འཕོ་བའི་ཕྱོགས་དེ་ཉིད་དུ་ཐོག་མ་ཁོ་ནར་འཇུག་གོ །རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་ཡང་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དག་གི་ནི་ས་བོན་ཡོངས་སུ་ཚང་བ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པ་དག་གི་ནི། བྱང་ཆུབ་རྣམ་པ་གསུམ་གྱི་ས་བོན་མེད་པ་ཡིན་ནོ།། །།བམ་པོ་གཉིས་པ། ལུས་མངོན་པར་འགྲུབ་པ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་ས་བོན་ཐམས་ཅད་དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། འདོད་པ་ན་སྤྱོད་པའི་ལུས་ལ་ཡང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ས་བོན་ཡོད་དོ། །དེ་བཞིན་དུ་གཟུགས་ན་སྤྱོད་པ་ལ་ཡང་འདོད་པ་ན་སྤྱོད་པ་དང་གཟུགས་མེད་པ་ན་སྤྱོད་པའི་ས་བོན་ཡོད་དོ། །གཟུགས་མེད་པ་ན་སྤྱོད་པ་ལ་ཡང༌། འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ས་བོན་ཡོད་དོ། །མེར་མེར་པོ་དེ་ཡང་སྐྱེ་བའི་ཚེ་ནི་མིང་དང་གཟུགས་གཉིས་ཀྱང༌། དེ་གཉི་ག་ཆེས་རྒྱ་ཆེ་བར་འགྱུར་བས་
མཚུངས་མཉམ་དུ་སྐྱེ་བར་འགྱུར་ཏེ། སྐྱེ་བ་དེ་ཡང་ལུས་ཡོངས་སུ་རྫོགས་པར་འགྱུར་གྱི་བར་དུ་སྐྱེ་བར་བལྟ་བར་བྱའོ། །དེ་ལ་སའི་ཁམས་རྒྱུར་བྱས་ནས་ལུས་ཀྱི་རྒྱུར་བྱས་པའི་གཟུགས་སྐྱེ་ཞིང་ཆེས་རྒྱ་ཆེར་འགྱུར་རོ། །ཆུའི་ཁམས་ནི་དེ་ཉིད་སྡུད་པར་བྱེད་དོ།། མེའི་ཁམས་ནི་དེ་ཉིད་སྨིན་པར་བྱེད་དོ། །འཛག་པར་མི་འགྱུར་བའི་ཚུལ་གྱིས་བརྟན་པར་བྱེད་དོ། །རླུང་གི་ཁམས་ནི་ཡན་ལག་རྣམ་པར་འབྱེད་ཅིང་གནས་པར་བྱེད་དོ། །ས་བོན་ཐམས་ཅད་ལ་ལུས་མངོན་པར་འགྲུབ་པ་དེ་དགེ་བ་དང་མི་དགེ་བའི་ལས་ཀྱི་རྒྱུ་ལས་བྱུང་བ་ཡིན་ཡང་སྤྲོས་པ་ལ་མངོན་པར་དགའ་བ་ཉིད་གཙོ་བོའི་རྒྱུ་ཡིན་པར་བལྟ་བར་བྱའོ། །རིགས་དང་སྟོབས་དང་གཟུགས་དང་ཚེ་དང༌། ལོངས་སྤྱོད་ལ་སོགས་པ་འབྲས་བུའི་རྒྱུའི་གཙོ་བོ་ནི་དགེ་བ་དང༌། མི་དགེ་བའི་ལས་ཡིན་ནོ། །ལུས་དེ་ལ་ཡང་བྱིས་པ་རྣམས་ནི་བདག་གོ་སྙམ་པ་དང༌། ངའི་འོ་སྙམ་པ་དང༌། ངའོ་སྙམ་དུ་འཛིན་ཏོ། །འཕགས་པ་རྣམས་ནི་སྡུག་བསྔལ་ཉིད་དུ་འཛིན་ཏོ། །མངལ་དུ་གནས་པ་ལ་ནི་རང་བཞིན་གྱིས་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་གནས་པའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། དེའི་ཚོར་བ་དེ་ནི་རྣམ་པར་སྨིན་པས་བསྡུས་པ་ཡིན་ནོ། །དེ་ལས་གཞན་པའི་ཚོར་བ་ཐམས་ཅད་ནི་རྣམ་པར་སྨིན་པ་ལས་བྱུང་བ་འམ། ཡུལ་གྱི་རྐྱེན་ལས་གྱུར་བ་ཡིན་ནོ། །དེ་ལ་བདེ་བ་དང༌། སྡུག་བསྔལ་བ་ནི་ཆེད་འགའ་རྐྱེན་མངོན་དུ་གྱུར་ན་ནི་འབྱུང་ལ། ཆེད་འགའ་ནི་མི་འབྱུང་ངོ༌། །ས་བོན་གྱི་རྒྱུད་ཀྱི་རྒྱུན་དེ་ཡང་ཐོག་མ་མེད་པའི་དུས་ནས་ཡོད་ལ། ཐོག་མ་མེད་པའི་དུས་ནས་ཡོད་པ་ཉིད་ཡིན་དུ་ཟིན་ཡང༌། དགེ་བ་དང་མི་དགེ་བའི་ལས་ཀྱི་བྱེ་བྲག་གིས་ཡོངས་སུ་བསྒོས་པས། ཡང་དང་ཡང་རྣམ་པར་སྨིན་པའི་འབྲས་བུ་ཡོངས་སུ་འཛིན་པའི་ཕྱིར་སར་པར་འགྱུར་རོ། །འབྲས་བུ་བྱུང་ནས་ནི་ས་བོན་དེ་འབྲས་བུ་སྤྱད་ཟིན་པ་ཡིན་ཏེ། དེ་ལྟར་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ་འཁོར་བའི་རྒྱུན་འཇུག་གོ །དེ་ལ་ས་བོན་གང་དག་འབྲས་བུ་མ་བྱུང་བ་དེ་དག་ཀྱང༌། ཁ་ཅིག་ནི་སྐྱེས་ནས་མྱོང་བར་འགྱུར་རོ། །ཁ་ཅིག་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་ཏེ། བསྐལ་བ་འབུམ་
གྱིས་ཀྱང་རང་གི་ས་བོན་ལས་ཡང་ལུས་དེ་དག་ཡོངས་སུ་རྫོགས་པར་འགྱུར་རོ། །འབྲས་བུ་གཞན་སྐྱེ་བ་གང་ཡིན་བ་དེ་ཡང་རང་གི་ས་བོན་ཉིད་ལས་བྱུང་ངོ༌། །ཚེ་ཟད་པ་ནི་འདིར་ས་བོན་དེ་འབྲས་བུ་ཡོངས་སུ་སྤྱད་ཟིན་པ་ནི་མ་ཡིན་ནོ། །ལུས་ལྷག་མ་རྣམས་ཀྱི་ས་བོན་དག་ནི་འབྲས་བུ་མ་བྱིན་པས་ན། འབྲས་བུ་རྣམས་མ་སྤྱད་པ་ཡིན་ནོ། །མྱོང་བར་འགྱུར་བར་མ་ངེས་པའི་ས་བོན་གང་ཡིན་པ་དེ་ནི་ལུས་དེ་ཉིད་ལ་འབྲས་བུ་མྱོང་བར་འགྱུར་བའི་རིགས་པ་ལས་རྐྱེན་དང་མ་ལྡན་ནས་མྱོང་བར་མ་གྱུར་ཏེ། ས་བོན་དེ་ཡང་དེ་ཉིད་ཀྱི་སོ་ན་འདུག་པ་ཡིན་ནོ། །དེའི་ཕྱིར་ལུས་ཐམས་ཅད་ཀྱི་ས་བོན་ཡིན་པས། ལུས་ཐམས་ཅད་རེ་རེ་ནས་གཅིག་ལ་ཆགས་ན་ཡང་ཐམས་ཅད་ལ་ཆགས་པར་བརྗོད་པར་བྱའོ། །གཅིག་ལ་འདོད་ཆགས་པ་དང་བྲལ་ན་ཡང་ཐམས་ཅད་ལ་འདོད་ཆགས་དང་བྲལ་བར་བརྗོད་པར་བྱའོ། །ལུས་དེ་དག་གི་ས་བོན་ཉོན་མོངས་པའི་ཕྱོགས་གང་ཡིན་པ་དེ་དག་ནི། གནས་ངན་ལེན་ཞེས་བྱ་བ་དང༌། བག་ལ་ཉལ་ཞེས་བྱ་བར་འགྱུར་རོ། །རྣམ་པར་སྨིན་པའི་ཕྱོགས་གང་ཡིན་པ་རྣམས་དང༌། དེ་ལས་གཞན་པ་ལུང་དུ་མ་བསྟན་པའི་ཕྱོགས་དེ་དག་ནི། གནས་ངན་ལེན་ཞེས་བྱ་བ་ཉིད་དེ། བག་ལ་ཉལ་ཞེས་ནི་མི་བྱའོ། །དད་པ་ལ་སོགས་པ་དགེ་བའི་ཆོས་ཀྱི་ཕྱོགས་ཀྱི་ས་བོན་གང་ཡིན་པ་དེ་དག་ལ་ནི་བག་ལ་ཉལ་ཞེས་བྱ་བ་ཡང་མེད་ལ། གནས་ངན་ལེན་ཞེས་བྱ་བ་མེད་དོ། །འདི་ལྟར་དེ་དག་སྐྱེས་ནས་ལུས་ལས་སུ་རུང་བ་ཁོ་ནར་འགྱུར་གྱི། ལས་སུ་མི་རུང་བར་མི་འགྱུར་བའི་ཕྱིར་རོ། །དེ་བས་ན་གནས་ངན་ལེན་དང་ལྡན་པའི་ཕྱིར་དང༌། གནས་ངན་ལེན་གྱི་རང་བཞིན་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ནི། འདི་ལྟ་སྟེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས། ལུས་མཐའ་དག་སྡུག་བསྔལ་དུ་འདོགས་པར་མཛད་དོ། །ས་བོན་གྱི་རྣམ་གྲངས་ནི། ཁམས་དང༌། རིགས་དང༌། རང་བཞིན་དང༌། རྒྱུ་དང༌། འཇིག་ཚོགས་དང༌། སྤྲོས་པ་དང༌། ཀུན་གཞི་དང༌། ལེན་པ་དང༌། སྡུག་བསྔལ་བ་དང༌། འཇིག་ཚོགས་ལ་ལྟ་བའི་གནས་དང༌། ངའོ་སྙམ་པའི་ང་རྒྱལ་གྱི་གནས་དང༌། དེ་ལྟ་བུ་དང་མཐུན་པ་རྣམས་ནི་རྣམ་གྲངས་སུ་གཏོགས་པར་རིག་པར་བྱའོ། །ཡོངས་སུ་མྱ་ངན་ལས་འདས་པའི་
དུས་ན་ནི་རྣམ་པར་དག་པའི་རྣལ་འབྱོར་པ། གནས་གྱུར་པ་རྣམས་ཀྱི་ཉོན་མོངས་པ་ཅན་གྱི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གནས་འགྱུར་ཏེ། དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་ཀྱི་ས་བོན་རྣམས་ཀྱང་རྐྱེན་རྣམས་དང་མི་ལྡན་པར་བྱེད་ཅིང༌། ནང་གི་རྐྱེན་ལ་དབང་བ་ཡང་འཐོབ་བོ། །མངལ་ན་གནས་པ་དེ་ཡང་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱིས་མངལ་དུ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་འགྱུར་རོ། །དེ་ནས་ཞག་བཞི་ལོན་ན་བཙའ་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་མངལ་དུ་འཇུག་པའི་མདོ་ལས། དེ་ནི་ཟླ་བ་དགུ་འམ་དེ་ལས་འདས་ན་ཤིན་ཏུ་རྫོགས་པར་འགྱུར་རོ། །ཟླ་བ་བརྒྱད་ཀྱིས་ནི་རྫོགས་པ་ཡིན་མོད་ཀྱི་ཤིན་ཏུ་རྫོགས་པ་མ་ཡིན་ནོ། །ཟླ་བ་དྲུག་གམ་བདུན་གྱིས་རྫོགས་པར་མི་འགྱུར་ཏེ། ཡན་ལག་མ་ཚང་བར་ཡང་འགྱུར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །སྐྱེ་མཆེད་དྲུག་འདོད་པའི་གནས་སྐབས་དེ་ནི་མས་ཁ་ཟས་ཟོས་པ་ལས་འབྱུང་བའི་དངས་མ་སྐ་བ་དེས་དེ་བརྟས་པར་འགྱུར་རོ། །མེར་མེར་པོ་ལ་སོགས་པ་ཤིན་ཏུ་སླ་བའི་དུས་ན་ནི། དངས་མ་ཤིན་ཏུ་སླ་བས་བརྟས་པར་འགྱུར་བར་རིག་པར་བྱའོ། །མངལ་ན་གནས་པ་དེ་ལ་ཡང་དུས་རྣམ་པ་བརྒྱད་ཡོད་དེ། དུས་རྣམ་པ་བརྒྱད་པོ་གང་ཞེ་ན། མེར་མེར་པོའི་དུས་དང༌། ནུར་ནུར་པོའི་དུས་དང༌། ལྟར་ལྟར་པོའི་དུས་དང༌། མཁྲང་འགྱུར་གྱི་དུས་དང༌། རྐང་ལག་འགྱུས་པའི་དུས་དང༌། སྐྲ་དང་བ་སྤུ་དང་སེན་མོ་འབྱུང་བའི་དུས་དང༌། དབང་པོ་དོད་པའི་དུས་དང༌། མཚན་དོད་པའི་དུས་སོ། །དེ་ལ་སྤྲིས་མ་ལྟ་བུས་ཡོགས་ལ་ནང་བླན་ཏེ། མར་འདུག་པ་ན་ནི་མེར་མེར་པོ་ཞེས་བྱའོ། །ཕྱི་ནང་བཅས་པར་སྤྲིས་མ་ལྟ་བུར་གྱུར་ཏེ། ཞོ་ལྟ་བུར་འདུག་ལ་ཤར་མ་གྱུར་པ་ནི་ནུར་ནུར་པོ་ཞེས་བྱའོ། །ཤར་ནི་གྱུར་ལ་སླ་བ་ནི་ལྟར་ལྟར་པོ་ཞེས་བྱའོ། །སྐ་བར་གྱུར་ཏེ་མནན་དུ་བཟོད་པ་ནི་མཁྲང་འགྱུར་ཞེས་བྱའོ། །དེ་ཉིད་ལས་ཤ་ལྷག་ལྟ་བུར་གྱུར་ཏེ། ཡན་ལག་དང་ཉིང་ལག་གི་མཆན་མ་བྱུང་བ་ནི་རྐང་ལག་འགྱུས་པ་ཞེས་བྱའོ། །དེ་ནས་སྐྲ་དང་བ་སྤུ་དང་སེན་མོ་བྱུང་བ་ནི་དེ་ཉིད་ཀྱི་དུས་ཡིན་ནོ། །དེ་ནས་མིག་ལ་སོགས་པའི་དབང་པོ་རྣམས་མངོན་པར་འགྲུབ་པ་ནི་དབང་པོ་དོད་པའི་
དུས་ཞེས་བྱའོ། །དེ་ནས་དེའི་གནས་གསལ་བར་གྱུར་པ་ནི་མཚན་དོད་པའི་དུས་ཞེས་བྱའོ། །མངལ་ན་གནས་པ་དེ་སྔོན་གྱི་ལས་ཀྱི་དབང་དང༌། མས་ཡ་ང་བ་མ་སྤངས་པ་དང༌། ཡ་ང་བ་མ་སྤངས་བ་ལས་བྱུང་བའི་རླུང་དེ་དང་མཐུན་པ་དག་གིས་སྐྲ་མི་སྡུག་པ་དང༌། མདོག་མི་སྡུག་པ་དང༌། པགས་པ་མི་སྡུག་པ་དང༌། ལུས་མི་སྡུག་པར་འགྱུར་རོ། །ཇི་སྐད་སྐྲ་མི་སྡུག་པར་འགྱུར་ཞེ་ན། དེས་སྔོན་དེ་ལྟ་བུར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་བྱས་པ་དང༌། དེའི་མས་འགྱུར་བྱེད་དང༌། ལན་ཚྭའི་ར་ལྟ་བུའི་ཁ་ཟས་དང༌། སྐོམ་ཕལ་ཆེར་བསྟེན་པ་དེས་ན། མངལ་ན་གནས་པ་དེའི་བ་སྤུ་དང༌། སྐྲ་ངན་པར་འགྱུར་རོ། །ཇི་ལྟར་མདོག་མི་སྡུག་པར་འགྱུར་ཞེ་ན། ལས་ནི་སྔ་མ་བཞིན་ཏེ་རྒྱུ་ཡིན་ནོ། །ད་ལྟར་གྱི་རྐྱེན་ནི་མས་ཉི་མ་ལ་སོགས་པ་ཤིན་ཏུ་ཚབ་བསྟེན་པས་དེས་ན་དེའི་མདོག་གནག་པ་དང༌། སྔོ་བསངས་སུ་འགྱུར་རོ། །ཁྱིམ་གྱི་ནང་ན་ཧ་ཅང་གྲང་བ་ན་འདུག་པ་དེས་ནི་དེའི་མདོག་དཀར་བར་འགྱུར་རོ། །ཁ་ཟས་ཧ་ཅང་ཚ་བ་ཟོས་པ་དེས་ནི། དེའི་མདོག་དམར་པོར་འགྱུར་རོ། །ཇི་ལྟར་པགས་པ་མི་སྡུག་པར་འགྱུར་ཞེ་ན། ལས་ནི་སྔ་མ་བཞིན་ཏེ་རྒྱུ་ཡིན་ནོ། །ད་ལྟར་གྱི་རྐྱེན་ནི་མས་འཁྲིག་བའི་ཆོས་ཧ་ཅང་བསྟེན་དྲགས་པ་དེས་དེ་ཤུ་བ་ཅན་ནམ། ཁྱི་རྔོ་ཅན་ནམ། མཛེ་ཅན་ནམ། པགས་པ་སྐྱོན་ཅན་དུ་འགྱུར་རོ། །ཇི་ལྟར་ལུས་མི་སྡུག་པར་འགྱུར་ཞེ་ན། ལས་ནི་སྔ་མ་བཞིན་ཏེ་རྒྱུ་ཡིན་ནོ། །ད་ལྟར་གྱི་རྐྱེན་ནི་མ་བརྒྱུག་པ་དང༌། འཕར་བ་དང༌། མཆོངས་ལ་སོགས་པའི་སྤྱོད་ལམ་དྲག་པོ་བྱེད་དེ། ཡ་ང་བ་དེ་མ་སྤངས་པ་དེས་ན། དེའི་ལུས་མི་སྡུག་པ་འམ། དབང་པོ་མ་ཚང་བར་འགྱུར་རོ། །གལ་ཏེ་མོར་གྱུར་ན་ནི་དེ་མའི་སྒལ་ཚིགས་ལ་བརྟེན་ལ་བྲང་ལོགས་སུ་མདུན་གྱིས་ཕྱོགས་ཤིང་བློ་གཡོན་རོལ་ན་འདུག་གོ །གལ་ཏེ་ཕོར་གྱུར་ན་ནི་མའི་ལྟོ་ལོགས་སུ་བརྟན་ལ་སྒལ་ཚིགས་ལོགས་སུ་མདུན་གྱིས་ཕྱོགས་ཤིང་བློ་གཡས་རོལ་ན་འདུག་གོ །མངལ་ན་གནས་པ་ཡོངས་སུ་རྫོགས་པར་འགྱུར་བ་ནི། མས་མངལ་ན་གནས་པ་ཤས་ཆེར་མི་བཟོད་པ་ལས། ནང་དུ་རླུང་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་དེ་ལ་གནོད་པ་སྐྱེད་པར་བྱེད་དོ།།
དེའི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ། སྐྱེ་བའི་ཆར་གཏོགས་པའི་རླུང་འབྱུང་བར་འགྱུར་ཏེ་དེས་མངལ་ན་གནས་པ་དེ་རྐང་བ་ནི་གྱེན་དུ་བསྟན། མགོ་ནི་ཐུར་དུ་བསྟན་ཏེ། དེ་ནས་མངལ་ན་གནས་པ་དེ་ཤམས་ཡོགས་བཞིན་དུ་འབྱུང་བར་འགྱུར་ལ། འབྱུང་བ་ན་ཤ་མ་དེ་ཕྱིར་ནང་དུ་ལོག་སྟེ་ལྟོ་ན་གནས་སོ། །མངལ་གྱི་སྒོར་བྱུང་མ་ཐག་ཏུ་བཙས་པའི་དུས་ཞེས་བྱའོ། །དེ་བཙས་ནས་རིམ་གྱིས་སྐྱེ་བའི་ཆར་གཏོགས་པའི་རེག་པ་འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་རེག་པར་འགྱུར་རོ། །འདི་ལྟ་སྟེ། འཇིག་རྟེན་གྱི་སྤྱོད་པ་ལ་ཐ་སྙད་རྗེས་སུ་སློབ་པས་ཀྱང་འདོགས་པ་ལ་འཇུག་གོ །འདི་ལྟ་སྟེ། སྐྱེ་བའི་རྒྱུས་དབང་པོ་རྣམས་ཡོངས་སུ་སྨིན་པས་ཁྱིམ་ན་འདུག་གོ །འདི་ལྟ་སྟེ། འཇིག་རྟེན་པའི་བཟོའི་ལས་ཀྱི་གནས་རྣམས་ཀྱི་ལས་དག་ཀྱང་བྱེད་དོ། །འདི་ལྟ་སྟེ། གཟུགས་ལ་སོགས་པ་སྡུག་པ་དང༌། མི་སྡུག་པའི་ཡུལ་དག་ལ་ཡང་སྤྱོད་དོ། །འདི་ལྟ་སྟེ། སྔོན་གྱི་ལས་ཀྱི་རྐྱེན་ཏམ། ད་ལྟར་གྱི་རྐྱེན་གྱིས་བདེ་བ་དང༌། སྡུག་བསྔལ་བ་ཡང་ཉམས་སུ་མྱོང་བར་འགྱུར་རོ། །འདི་ལྟ་སྟེ། འགྲོ་བ་ལྔར་འགྲོ་བའི་རྐྱེན་དག་གམ། མྱ་ངན་ལས་འདས་པར་འགྲོ་བའི་རྐྱེན་དག་གིས་ཀྱང་རྐྱེན་ཇི་ལྟ་བ་བཞིན་དུ་འཁྲིད་པར་འགྱུར་རོ། །སེམས་ཅན་གང་དག་གི་ལུས་སེམས་ཅན་གྱི་རིས་གང་དུ་བྱུང་བར་གྱུར་པ་སྟེ། སེམས་ཅན་སྐལ་པ་མཉམ་པ་གང་ཡིན་པ་དེ་སེམས་ཅན་དེ་དག་ལ་རྐྱེན་རྣམ་པ་བཞི་པོ། །ས་བོན་གྱི་ཆོས་ཀྱིས་སྒྲུབ་པ་དང༌། ཁ་ཟས་ཀྱིས་རྒྱས་པར་བྱེད་པ་དང༌། ཀུན་ཏུ་ལེགས་པར་བསྲུང་བ་དང༌། ལུས་དང་ངག་གི་ལས་མངོན་པར་འདུ་བྱེད་པ་ལ་རྗེས་སུ་བསླབ་པས་རྐྱེན་གྱི་བྱ་བ་བྱེད་དེ། འདི་ལྟ་སྟེ། ཕ་མ་གཉིས་ཀྱིས་ཐོག་མ་ཁོ་ནར་ཁུ་བ་དང་ཁྲག་གིས་སྒྲུབ་པར་བྱེད་དོ། །དེ་ནས་བཙས་པར་རིག་ནས་གཞན་དག་ཀྱང་དེ་དང་མཐུན་པའི་ཟས་ལྡུད་པར་བྱེད། གསོ་བར་བྱེད་སྐྱེད་པར་བྱེད་དོ། །དེ་ནས་དུས་མ་ཡིན་པར་འགྲོ་བ་དང༌། ཡང་བར་འགྲོ་ཞིང་རྒྱུ་བ་ལས་དེ་དང་དེར་ཀུན་ཏུ་སྲུང་བའི་བྱ་བ་བྱེད་དོ། །དེ་ནས་སྐྱེས་པའི་རྒྱུས་དབང་པོ་རྣམས་ཡོངས་སུ་སྨིན་ནས་སྨྲ་བའི་ཐ་སྙད་དག་སློབ་ཏུ་འཇུག་སྟེ། དེ་དག་
གིས་ཀྱང་གཞན་དག་སློབ་ཏུ་འཇུག་གོ །དེ་ལྟར་ན་སེམས་ཅན་འདི་དག་ནི་ཐོག་མ་མེད་པའི་དུས་ནས། བདེ་བ་དང༌། སྡུག་བསྔལ་བ་སོ་སོར་ཉམས་སུ་མྱོང་སྟེ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་བརྟེན་ནས་གཞན་གྱི་སྒྲའི་རྒྱུ་ལས་བྱུང་བ་དང༌། ནང་གི་ཚུལ་བཞིན་ཡིད་ལ་བྱེད་པས། ཟག་པ་ཟད་པ་ཐོབ་པར་མ་གྱུར་གྱི་བར་དུ་བདེ་བ་དང་སྡུག་བསྔལ་བ་ལས་འདའ་བར་མི་འགྱུར་རོ། །དེ་བས་ན་འདི་ལྟ་སྟེ། བདག་གི་ནི་གང་ན་ཡང༌། སུ་ཡང་ཅི་ཡང་མེད་དོ། །བདག་ཀྱང་གང་ན་ཡང་སུ་ཡང༌། ཅི་ཡང་མ་ཡིན་ནོ། །ཞེས་བྱ་བའི་ཚིག་འདི་ནི་ཤིན་ཏུ་རྟོགས་པར་དཀའ་སྟེ། ནང་གི་དངོས་པོ་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་ནི་དེ་ལྟ་བུ་ཡིན་ནོ། །ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་འཇིག་པ་དང་འཆགས་པ་ཇི་ལྟ་བུ་ཡིན་ཞེ་ན། སེམས་ཅན་རྣམས་ཀྱི་འཇིག་པ་དང༌། འཆགས་བར་འགྱུར་བའི་ལས་ཀྱིས་འགྱུར་ཏེ། གལ་ཏེ་འཇིག་པར་འགྱུར་བའི་ལས་ཉེ་བར་གནས་པར་གྱུར་ན་ནི། དེ་ནས་ཕྱི་རོལ་གྱི་འཇིག་པའི་རྐྱེན་གྱིས་དེ་དག་འཇིག་པར་འགྱུར་གྱི། ནང་གི་རྣམས་ཚེ་ཟད་པས་འགྱུར་བ་ལྟ་བུས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕྱི་རོལ་གྱི་དངོས་པོ་རྣམས་ནི་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ། རྒྱུན་བརྟན་པ་ཡིན་ལ་ནང་གི་རྣམས་ནི་དེ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །སྣོད་ནི་དེ་དག་གི་ཆགས་པ་དང༌། འཇིག་པའི་ལས་གང་ཡིན་པ་དེ་ནི་ངེས་པར་བསྐལ་པར་གནས་པར་འཕེན་པ་ཡིན་ཏེ། དེ་ལས་ཀྱང་མི་རིང་ལ་དེ་དེ་ལས་ཀྱང་མི་ཐུང་ངོ༌། །སེམས་ཅན་དུ་བགྲང་བ་གང་ཡིན་པ་དེ་ནི་དུས་ངེས་པ་མེད་དོ། །འདི་ལྟར་དེ་དག་ནི་ལས་སྣ་ཚོགས་མངོན་པར་འདུ་བྱེད་པ་ཡིན་ཏེ། དེ་བས་ན་དེ་དག་ལ་ནི་བསྐལ་པ་ལས་ལྷག་པ་དང༌། དེ་བས་ཐུང་བ་ལོ་བཅུའི་བར་དག་ཀྱང་ཡོད་དེ། །འདི་ལྟར་འཇིག་པ་དེ་ལ་ཡང་རྣམ་པ་གསུམ་ཡོད་པར་རིག་པར་བྱ་སྟེ། མེས་འཇིགས་པས་ནི་མནར་མེད་པ་ཡན་ཆད། ཚངས་པའི་འཇིག་རྟེན་མན་ཆད་འཇིག་གོ །ཆུས་འཇིག་པས་ནི་བསམ་གཏན་གཉིས་པ་མན་ཆད་མཐའ་དག་འཇིག་གོ །རླུང་གིས་འཇིག་པས་ནི་བསམ་གཏན་གསུམ་པ་མན་ཆང་མཐའ་དག་འཇིག་གོ །བསམ་གཏན་བཞི་པ་ན་ནི་བསམ་གཏན་བཞི་
པའི་ས་པའི་ལྷ་དེ་དག་གཞལ་མེད་ཁང་དག་དང་ལྷན་ཅིག་སྐྱེ་ཞིང་གཞལ་མེད་ཁང་དག་དང༌། ལྷན་ཅིག་འཆི་འཕོ་བར་འགྱུར་ཏེ། དེའི་ཕྱིར་དེ་དག་ལ་ནི་འཇིག་པ་ཡང་མེད་ལ་འཇིག་པའི་རྒྱུ་ཡང་མེད་དོ། །འཇིག་པ་རྣམ་པ་གསུམ་པོའི་རྩེ་མོའི་བསམ་གཏན་གཉིས་པ་དང༌། བསམ་གཏན་གསུམ་པ་དང༌། བསམ་གཏན་བཞི་པའི་བར་དུའོ། །འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ནི་འཇིག་གོ །བར་གྱི་བསྐལ་པ་ཉི་ཤུར་ནི་ཞིག་པར་གནས་སོ། །བར་གྱི་བསྐལ་པ་ཉི་ཤུར་ནི་འཆགས་སོ། །བར་གྱི་བསྐལ་པ་ཉི་ཤུར་ནི་ཆགས་ནས་གནས་སོ། །དེ་དག་ནི་བར་གྱི་བསྐལ་པ་བརྒྱད་ཅུར་འགྱུར་ཏེ། དེ་ནི་གྲངས་གྱི་གདགས་པས་བར་གྱི་བསྐལ་པ་ཆེན་པོ་ཞེས་བྱའོ། །དེ་ལ་ཚངས་པའི་འཇིག་རྟེན་ན་ནི་ཚེའི་ཚད་བསྐལ་བ་སྟེ། དེ་ནི་ཐམས་ཅད་ཀྱི་ཐ་མར་འཇིག་ལ། ཐམས་ཅད་ཀྱི་དང་པོར་དེ་ཉིད་འཆགས་སོ། །བསྐལ་པ་དེའི་རྣམ་པར་གཞག་པ་གཞན་དུ་ཡང་བལྟ་བར་བྱ་སྟེ། བར་གྱི་བསྐལ་པ་ཉི་ཤུ་ལ་བསྐལ་པ་གཅིག་ཏུ་བཏགས་པ་ནི་ཚངས་རིས་རྣམས་ཀྱི་ཚེའི་ཚད་དུ་རྣམ་པར་གཞག་གོ །བར་གྱི་བསྐལ་པ་བཞི་བཅུ་ལ་བསྐལ་པ་གཅིག་ཏུ་བཏགས་པ་ནི། ཚངས་པའི་མདུན་ན་འདོན་རྣམས་ཀྱི་ཚེའི་ཚད་དུ་རྣམ་པར་གཞག་གོ །བར་གྱི་བསྐལ་པ་དྲུག་ཅུ་ལ་བསྐལ་པ་གཅིག་ཏུ་བཏགས་པ་ནི་ཚངས་ཆེན་རྣམས་ཀྱི་ཚེའི་ཚད་དུ་རྣམ་པར་གཞག་གོ །མེས་འཇིག་པ་གང་ཞེ་ན། སེམས་ཅན་ཚེ་དཔག་ཏུ་མེད་པ་དག་གི་ཚེ་འགྲིབ་སྟེ། ཚེ་ལོ་བརྒྱད་ཁྲི་ལ་ཐུག་པར་འགྱུར་བ་དང༌། དེ་དག་གིས་མི་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པས། ཡང་འགྲིབ་ནས་ཚེ་ལོ་བཅུ་པ་ལ་ཐུག་པར་འགྱུར་བ་དང༌། དེ་དག་སྐྱེ་བར་འགྱུར་ཏེ། དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པས། ཚེ་ནུར་ནས་ཕྱིར་ཚེ་བརྒྱད་ཁྲི་ལ་ཐུག་པར་འགྱུར་བ་དེའི་དུས་ཀྱང་ཡོད་དེ། དེ་ལྟར་མར་བྲི་བ་གང་ཡིན་པ་དེ་དང༌། ཡར་སྐྱེ་པ་གང་ཡིན་པ་དེ་གཉིས་བསྡུས་ཏེ། གྲངས་རྣམ་པར་གཞག་པས་བར་གྱི་བསྐལ་པ་ཞེས་བྱའོ། །བར་གྱི་བསྐལ་པ་དེ་ཡང་མུ་གེ་དང་ནད་དང་མཚོན་རྣམ་པ་གསུམ་གྱིས་ཐལ་བར་འགྱུར་རོ། །མུ་གེ་དེ་ཡང་གང་གི་
ཚེ་མི་རྣམས་ཀྱི་ཚེ་ལོ་སུམ་ཅུ་ཐུབ་པ་དེའི་ཚེ་འབྱུང་ངོ༌། །འདི་ལྟ་བུ་དག་ཀྱང་འབྱུང་བར་འགྱུར་ཏེ། རུས་པ་རྙིང་པ་དག་ཀྱང་བསྐོལ་ཞིང་བསྐོལ་ཞིང་སྲོག་ཟུངས་སུ་བྱེད་དེ། དེར་བརྒྱ་ལ་རེས་འགའ་ནས་ཀྱི་འབྲུ་འམ། འབྲས་ཀྱི་འབྲུ་འམ། རྒྱ་ཤུག་གམ། རྒྱ་སྲན་ནམ། ཏིལ་གྱི་འབྲུ་རྙེད་པར་གྱུར་ན། དེ་ནོར་བུ་རིན་པོ་ཆེ་བཞིན་དུ་ཟ་མ་ཏོག་གི་ནང་དུ་བཅུག་སྟེ་སྲུང་བར་བྱེད་དོ། །སེམས་ཅན་དེ་དག་ལས་ཕལ་ཆེར་ཉམས་སྟོབས་མེད་དེ། ས་ལ་གན་རྐྱལ་དུ་འགྱེལ་ནས་ལྡང་ཡང་མི་ནུས་ཏེ། མུ་གེ་དེ་ལྟ་བུས་སེམས་ཅན་ཕལ་ཆེར་འཆི་བའི་དུས་བྱེད་པར་འགྱུར་རོ། །མུ་གེ་དེ་ཡང་རེ་ལྟར་ཐོགས་ན། ལོ་བདུན་དང༌། ཟླ་བ་བདུན་དང༌། ཞག་བདུན་ཟད་དེ། དེ་ཕན་ཆད་ཐལ་ཞེས་བྱའོ། །སེམས་ཅན་དེ་དག་ཀྱང་འདུས་ཤིང་ཚོགས་ནས་ཤས་ཆུང་ངུར་སྐྱོ་བར་འགྱུར་ཏེ། དེ་དག་རྒྱུ་དེ་དང་རྐྱེན་དེས་ཚེ་འགྲིབ་པར་མི་འགྱུར་ལ། མུ་གེ་དེ་ཡང་མེད་པར་འགྱུར་རོ། །གང་གི་ཚེ་མི་རྣམས་ཀྱི་ཚེ་ལོ་ཉི་ཤུ་ཐུབ་ཅིང༌། སྐྱོ་བ་དེ་ཉིད་མེད་པར་གྱུར་ནས། འགྲིབ་པ་དེའི་ཚེ་ཡམས་ཀྱི་ནད་དང༌། གནོད་པ་དང༌། མགོ་བའི་ནད་དང༌། འཁྲུག་པ་མང་པོ་འབྱུང་བར་འགྱུར་ཏེ་དེ་དག་ནད་མང་པོས་ཕལ་ཆེར་འཆི་བའི་དུས་བྱེད་པར་འགྱུར་རོ། །དེ་དག་གི་ནད་དེ་ཡང་རེ་ལྟར་ཐོགས་ན་ཟླ་བ་བདུན་དང་ཞག་བདུན་ཁོ་ནར་ཟད་དེ། དེ་ཕན་ཆད་ཐལ་ཞེས་བྱའོ། །དེ་ནས་སེམས་ཅན་དེ་དག་འབྲིང་དུ་སྐྱོ་བར་འགྱུར་ཏེ། རྒྱུ་དེ་དང་རྐྱེན་དེས་ཚེ་འགྲིབ་པར་མི་འགྱུར་ལ། ནད་དེ་དག་ཀྱང་འབྱུང་བར་འགྱུར་རོ། །གང་གི་ཚེ་མི་རྣམས་ཀྱི་ཚེ་ལོ་བཅུ་ཐུབ་ཅིང་སྐྱོ་བ་དེ་ཉིད་མེད་པར་གྱུར་པས་ཚེ་འགྲིབ་པར་གྱུར་པ་དེའི་ཚེ། སེམས་ཅན་དེ་དག་གཅིག་གིས་གཅིག་མཐོང་ན་བསད་བའི་སེམས་དྲག་པོ་ཉེ་བར་གནས་པར་འགྱུར་རོ། །དེ་ནས་དེ་དག་གིས་རྩྭའམ། ཤིང་ངམ། གསེག་མ་འམ། གྱོ་མོ་འམ། གང་དང་གང་བླངས་པ་དེ་དང་དེ་དག་མཚོན་ཆ་རྣོན་པོ་ལེགས་པར་བདར་བ་བཞིན་དུ་འགྱུར་ཏེ། དེ་དག་གིས་དེ་དག་གཅིག་ལ་གཅིག་གསོད་པར་བྱེད་དོ། །དེ་ཡང་རེ་ལྟར་ཐོགས་ན་ཞག་བདུན་དུ་ཟད་དེ་དེ་ཕན་ཆད་ཐལ་ཞེས་བྱའོ། །སེམས་ཅན་དེ་དག་ལ་དེའི་ཚེ་མཆོག་ཏུ་རྒུད་པ་རྣམ་པ་གསུམ་
འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ཚེ་རྒུད་པ་དང༌། ལུས་རྒུད་པ་དང༌། ཡོ་བྱད་རྒུད་པར་འགྱུར་རོ། །དེ་ལ་ཚེ་རྒུད་བ་ནི་ཚེའི་ཚད་རེ་ལྟར་རིང་ན་རེ་ལྟར་ལོ་བཅུ་ཐུབ་པ་ཡིན་ནོ། །དེ་ལ་ལུས་རྒུད་པ་ནི། ལུས་ཀྱི་ཚད་རེ་ལྟར་རིང་ན་མཐོ་གང་དང༌། ཆག་གང་བ་ཡིན་ནོ། །དེ་ལ་ཡོ་བྱད་རྒུད་པ་ནི། ཁ་ཟས་ཀྱི་མཆོག་ནི་ཁྲེ་རྒོད་ཡིན་ནོ། །གོས་ཀྱི་མཆོག་ནི་སྐྲའི་ལ་བ་ཡིན་ནོ། །རྒྱན་གྱི་མཆོག་ནི་མཚོན་ཆ་ཡིན་ནོ། །རོ་རྣམ་པ་ལྔ་པོ་མར་གྱི་རོ་དང༌། སྦྲང་རྩིའི་རོ་དང༌། འབྲུ་མར་གྱི་རོ་དང༌། བུ་རམ་ཤིང་ལས་བྱུང་བའི་རོ་དང༌། ལན་ཚྭའི་རོ་རྣམས་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་རོ། །དེ་ནས་སེམས་ཅན་དེ་དག་ཤས་ཆེར་སྐྱོ་བར་འགྱུར་ཏེ། སྐྱོ་བ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེ་དག་ཕན་ཚུན་འདུས་ཤིང་ཚོགས་ནས་ཚེ་ཡོངས་སུ་འགྲིབ་པར་འགྱུར་བའི་སྡིག་པ་མི་དགེ་བའི་ཆོས་རྣམས་ནི་སྤངས། ཚེ་ནུར་བར་བྱེད་པའི་དགེ་བའི་ཆོས་རྣམས་ནི་ཡང་དག་པར་བླངས་ཏེ་འདུག་ནས། དེ་དག་གི་ཚེ་ཡང་ཕྱིར་ནུར་རོ། །མདོག་དང་སྟོབས་དང༌། བདེ་བ་དང༌། དབང་ཕྱུག་ལ་དབང་བྱེད་པས་ཀྱང་དར་བར་འགྱུར་ཏེ། ཚེ་ཡང་ལོ་བརྒྱད་ཁྲི་ལ་ཐུག་པར་འགྱུར་རོ། །དེ་ལྟར་མར་འབྲི་བ་ཉི་ཤུ་དང༌། ཡར་སྐྱེ་བ་ཉི་ཤུ་སྟེ། མར་འབྲི་བ་དང༌། ཡར་སྐྱེ་བ་བཞི་བཅུ་ནམ་ཐལ་བར་གྱུར་པ་དེའི་ཚེ། ཐམས་ཅད་ཀྱི་ཐ་མར་ཡར་སྐྱེ་བ་ན། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དག་ནས་འཆི་འཕོ་ལ་ཕྱིར་སྐྱེ་བར་མི་འགྱུར་ཏེ། དེ་དག་ཐམས་ཅད་ཤི་འཕོས་པ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་འཇིག་པས་འཇིག་རྟེན་ཞིག་ཅེས་བྱའོ། །སེམས་ཅན་དམྱལ་བ་ཞིག་པ་ཇི་ལྟ་བ་བཞིན་དུ། དུད་འགྲོའི་འཇིག་པ་དང༌། ཡི་དགས་ཀྱི་འཇིག་པ་ཡང་དེ་དང་འདྲའོ། །མི་རྣམས་ཀྱི་ནང་ན་ཡང་སེམས་ཅན་གང་ཡང་རུང་བ་ཞིག་གིས། ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པའི་བར་དུ་རྫོགས་པར་བྱས་ཏེ་གནས་སོ། །སེམས་ཅན་གཞན་དག་ཀྱང་དེའི་རྗེས་སུ་སློབ་ཅིང་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པའི་བར་དུ་རྫོགས་པར་བྱས་ཏེ་གནས་སོ། །དེ་དག་འདི་ནས་ཤི་འཕོས་ནས། འོད་གསལ་གྱི་ལྷའི་རིས་སུ་སྐྱེ་
བར་འགྱུར་ཏེ། དེའི་ཚེ་འདི་ལྟ་སྟེ། མི་འཇིག་པས་འཇིག་རྟེན་འདི་ཞིག་ཅེས་བྱའོ། །མིའི་འཇིག་པ་ཇི་ལྟ་བ་བཞིན་དུ་ལྷའི་འཇིག་པ་ཡང་དེ་དང་འདྲའོ། །གང་གི་ཚེ་འགྲོ་བ་ལྔའི་འཇིག་རྟེན་གནས་པ་ན། སེམས་ཅན་གཅིག་ཀྱང་མེད་པར་གྱུར་བ་དེའི་ཚེ། ཡོ་བྱད་འབྱུང་བ་ཡང་མེད་པར་འགྱུར་རོ། །གང་གི་ཚེ་ཡོ་བྱད་འབྱུང་བ་མེད་པར་གྱུར་པ་དེའི་ཚེ་ཆར་པ་ཡང་མེད་པར་འགྱུར་རོ། །ཆར་པ་མི་འབབ་པས་ས་ཆེན་པོ་འདི་ལ་རྩྭ་དང་སྨན་དང༌། ཤིང་ཅི་ཡོད་དེ་དག་སྐམ་པར་འགྱུར་རོ། །ཐན་པ་བྱུང་ནས་ཉི་མའི་དཀྱིལ་འཁོར་འདི་ཉིད་ཀྱིས་ཀྱང་རབ་ཏུ་ཤས་ཆེར་སྲེག་པར་བྱེད་དོ། །བསྲེག་པར་བྱ་བའི་དངོས་པོ་རྣམ་པ་དྲུག་ཡོད་པའི་ཕྱིར་འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་འཇིག་པར་འགྱུར་བའི་ལས་ཀྱི་དབང་ཉིད་ཀྱིས་ཉི་མའི་དཀྱིལ་འཁོར་གཞན་དྲུག་འབྱུང་བར་འགྱུར་ཏེ། ཉི་མའི་དཀྱིལ་འཁོར་དེ་དག་ཀྱང༌། ཉི་མའི་དཀྱིལ་འཁོར་འདི་ལས་བཞི་འགྱུར་བཞི་འགྱུར་གྱི་མཐུས་སྲེག་པར་བྱེད་དོ། །དེ་དག་བདུན་དུ་གྱུར་ནས་བདུན་གྱུར་དུ་སྲེག་པར་བྱེད་དོ། །དངོས་པོ་རྣམ་པ་དྲུག་པོ་རྣམས་གང་ཞེ་ན། ལྟེང་ཀ་ཆུང་ངུ་དང༌། ལྟེང་ཀ་ཆེན་པོ་དེ་དག་ནི་ཉི་མའི་དཀྱིལ་འཁོར་གཉིས་པས་སྐེམས་པར་བྱེད་དོ། །ཆུ་ཀླུང་ཆུང་ངུ་དང༌། ཆུ་ཀླུང་ཆེན་པོ་དེ་དག་ནི་ཉི་མའི་དཀྱིལ་འཁོར་གསུམ་པས་སྐེམས་པར་བྱེད་དོ། །མཚོ་ཆེན་པོ་མ་དྲོས་པ་དེ་ནི་ཉི་མའི་དཀྱིལ་འཁོར་བཞི་པས་སྐེམས་པར་བྱེད་དོ། །རྒྱ་མཚོ་ཆེན་པོ་དེ་ནི་ཉི་མའི་དཀྱིལ་འཁོར་ལྔ་པ་དང༌། དྲུག་པའི་ཕྱོགས་གཅིག་གིས་སྐེམས་པར་བྱེད་དོ། །རི་རབ་དང་ས་ཆེན་པོ་དེ་ནི་གཟུགས་ཆེས་སྲ་བའི་ཕྱིར་ཉི་མའི་དཀྱིལ་འཁོར་དྲུག་པ་ཉིད་དང༌། བདུན་པས་སྲེག་པར་བྱེད་དེ། དེ་ནས་དེ་ཉིད་ཀྱི་མེ་ལྕེ་རླུང་གིས་བདས་ནས་ཚངས་པའི་འཇིག་རྟེན་མན་ཆད་དུ་འགྲོ་ཞིང་སྲེག་པར་བྱེད་དོ། །དེ་དག་ཀྱང་དངོས་པོ་རྣམ་པ་གསུམ་དུ་གྱུར་ཏེ། ཆུ་ལས་བྱུང་བའི་དངོས་པོ་རྩྭ་ལ་སོགས་པ་དེ་དག་ནི་དང་པོ་ཉིད་ཀྱིས་སྐེམས་པར་བྱེད་དོ། །ཆུའི་དངོས་པོ་དེ་དག་ཉིད་ནི་གཞན་ལྔ་པོ་དག་གིས་སྐེམས་པར་བྱེད་དོ། །བརྟན་ཞིང་སྲ་བའི་གཟུགས་ཀྱི་དངོས་པོ་དེ་ནི་གཉིས་ཀྱིས་སྲེག་པར་བྱེད་དོ། །འཇིག་རྟེན་གནས་པ་དེ་དེ་ལྟར་བསྲེགས་ཤིང་ཚིག་པ་
ནི་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་རྒྱས་པར་བྱ་སྟེ། དུད་པ་མེད་ལ་ཐལ་བའི་ལྷག་མ་ཡང་མེད་པར་འགྱུར་ཏེ། དེ་ཙམ་གྱིས་ན་འདི་ལྟ་སྟེ། སྣོད་འཇིག་པས། འཇིག་རྟེན་ཞིག་ཅེས་བྱ་སྟེ། བར་གྱི་བསྐལ་པ་ཉི་ཤུ་འདས་སོ། །དེ་བཞིན་དུ་འཇིག་རྟེན་ཞིག་པ་ཡང་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །ཆུས་འཇིག་པ་གང་ཞེ་ན། གང་ཚུན་ཆད་མེས་འཇིག་པ་ལན་བདུན་འདས་པར་གྱུར་བ་དེའི་འོག་ཏུ། བསམ་གཏན་གཉིས་པ་ཉིད་ལས་བྱུང་བའི་ཆུའི་ཁམས་འབྱུང་སྟེ། ཆུའི་ཁམས་ཀྱི་སྣོད་ཀྱི་འཇིག་རྟེན་དེ་ལན་ཚྭ་བཞིན་དུ་བཞུས་ནས་ཆུའི་ཁམས་དེ་ཡང་སྣོད་ཀྱི་འཇིག་རྟེན་དེ་དང་ལྷན་ཅིག་ཏུ་མེད་པར་འགྱུར་རོ། །མེད་པར་གྱུར་ནས་ཀྱང་དེ་བཞིན་དུ་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །རླུང་གིས་འཇིག་པ་གང་ཞེ་ན། གང་ཚུན་ཆད་ཆུས་འཇིག་པ་ལན་བདུན་འདས་པར་གྱུར་པ་དེའི་འོག་ཏུ་ཡང་མེས་འཇིག་པ་ལན་ཅིག་འབྱུང་ངོ༌། །དེའི་འོག་ཏུ་བསམ་གཏན་གསུམ་པ་ཉིད་ལས་བྱུང་བའི་རླུང་གི་ཁམས་འབྱུང་སྟེ། སྣོད་ཀྱི་འཇིག་རྟེན་དེ་རླུང་གིས་ལུས་བསྐམས་པ་བཞིན་དུ་མེད་པར་བྱེད་དོ། །རླུང་དེ་ཡང་དེ་ཉིད་དང་ལྷན་ཅིག་ཏུ་མེད་ཕར་འགྱུར་ཏེ། འདི་ལྟར་འགའ་ཞིག་ལ་རླུང་གི་ཁམས་འཁྲུགས་པར་གྱུར་ན། རུས་པའི་བར་དུ་ཡང་འབྲི་བར་བྱེད་པ་སྣང་བ་བཞིན་ནོ། །ཞིག་ནས་ཀྱང་དེ་བཞིན་དུ་བར་གྱི་བསྐལ་པ་ཉི་ཤུར་གནས་ཏེ། འཇིག་རྟེན་འཇིག་པ་ནི་དེ་ལྟ་བུ་ཡིན་ནོ། །འཆགས་པ་གང་ཞེ་ན། བར་གྱི་བསྐལ་པ་ཉི་ཤུ་པོ་དེ་དག་འདས་ནས་ཡང་སེམས་ཅན་རྣམས་ཀྱི་འཆགས་པར་འགྱུར་བའི་ལས་ཀྱི་དབང་གིས། འཆགས་བའི་བསྐལ་པ་ཀུན་ཏུ་རྩོམ་པར་རིག་པར་བྱའོ། །དེ་ལ་ཐོག་མ་ཁོ་ནར་འདི་ལྟ་སྟེ། སྣོད་ཆགས་པས། ནམ་མཁའ་ལ་བསམ་གཏན་གསུམ་པ་འཆགས་པར་འགྱུར་ཏེ། བསམ་གཏན་གསུམ་པ་ཇི་ལྟ་བ་བཞིན་དུ་གཉིས་པ་དང་དང་པོ་ཡང་དེ་དང་འདྲའོ། །དེ་ལ་འཇིག་པ་གསུམ་པའི་རྩེ་མོ་ནས་སེམས་ཅན་ཚེ་ཟད་པ་དང༌། ལས་ཟད་པ་དང༌། བསོད་ནམས་ཟད་པ་རྣམས་ཤི་འཕོས་ནས་བསམ་གཏན་གསུམ་པར་སྐྱེ་བར་འགྱུར་ཏེ། དེ་བཞིན་དུ་ཐམས་ཅད་དུ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་འཇིག་
པ་གཉིས་པའི་རྩེ་མོ་ནས་ཤི་འཕོས་ནས་བསམ་གཏན་གཉིས་པར་སྐྱེ་བར་འགྱུར་ཏེ། དེ་བཞིན་དུ་ཐམས་ཅད་དུ་ཡང་སྦྱར་བར་བྱའོ། །འཇིག་པ་དང་པོའི་རྩེ་མོ་ནས་སེམས་ཅན་གང་ཡང་རུང་བ་ཞིག་ཚེ་ཟད་ཅིང༌། ལས་ཟད་ལ། བསོད་ནམས་ཟད་ནས་བསམ་གཏན་དང་པོ་འདི་ལྟ་སྟེ། ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་དེར་ཚངས་པའི་ནང་ན་ཚངས་པ་ཆེན་པོར་འགྱུར་ལ། དེ་གཅིག་པུ་སྐྱོ་བར་འགྱུར་ཞིང༌། མི་དགའ་བར་འགྱུར་ཏེ། ཀྱེ་མ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ན་ཅི་མ་རུང་སྙམ་ནས། དེའི་སེམས་མངོན་བར་འདུ་བྱེད་པས། སེམས་ཅན་ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་པ་གཞན་དག་ཀྱང་བསམ་གཏན་གཉིས་པ་ནས་ཤི་འཕོས་ནས་དེ་དང་སྐལ་བ་མཉམ་པར་བསམ་གཏན་དང་པོ་ཉིད་དུ་སྐྱེ་བར་འགྱུར་ཏེ་དེ་ལྟར་འདི་ལྟ་སྟེ། སེམས་ཅན་འཆགས་པས་བསམ་གཏན་གསུམ་པོ་དེ་དག་འཆགས་པ་ཡིན་ནོ།། དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་རིས་བཞི་པོ་དག་གི་གཞལ་མེད་ཁང་ནམ་མཁའ་ལས་འབྱུང་བར་འགྱུར་ཏེ། གཞལ་མེད་ཁང་དེ་དག་ཐམས་ཅད་ཀྱང་ནམ་མཁའ་ལས་སྤྲུལ་པ་བཞིན་དུ་འབྱུང་བར་བལྟ་བར་བྱའོ། །དེ་དག་ཏུ་ཡང་སྔ་མ་བཞིན་དུ་འོད་གསལ་གྱི་ལྷའི་རིས་ནས་སེམས་ཅན་དག་ཤི་འཕོས་ནས་སྐྱེ་བར་འགྱུར་རོ། །དེའི་འོག་ཏུ་འདིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་གྱི་རླུང་གི་དཀྱིལ་འཁོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་དང༌། སེམས་ཅན་གཞལ་མེད་ཁང་པ་མ་ཡིན་པ་རྣམས་ཀྱི་རྟེན་དུ་གྱུར་པ་མངོན་པར་འགྲུབ་པར་འགྱུར་རོ། །དེ་ཡང་རྣམ་པ་གཉིས་ཏེ། འོག་གཞིར་གནས་པ་དང༌། གློ་ན་གནས་པ་སྟེ། དེས་ཆུ་དེ་དག་ཐད་ཀར་ཡང་མི་འབོ་ལ། ཐུར་དུ་ཡང་མི་འཛག་གོ །དེའི་སྟེང་དུ་དེ་དག་གི་ལས་ཀྱི་དབང་ཉིད་ཀྱིས་གསེར་གྱི་སྙིང་པོའི་སྤྲིན་འབྱུང་བར་འགྱུར་ཏེ། དེ་ལས་ཆར་འབབ་པར་འགྱུར་རོ། །ཆུ་དེ་དག་ཀྱང་རླུང་གི་དཀྱིལ་འཁོར་དག་ལ་བརྟེན་ཏོ། །དེ་ནས་རླུང་རྣམས་འདུས་ནས་ཀུན་དུ་འཐས་པ་དང་སྲ་བར་བྱེད་དེ། དེ་ནི་སྟེང་དང་འོག་ཆུའི་འཁྲུག་པ་ཐུབ་པའི་ཕྱིར་གསེར་གྱི་ས་གཞི་ཞེས་བྱའོ། །དེ་ཆགས་ནས་དེའི་སྟེང་དུ་ཡང་དེ་དག་གི་ལས་ཀྱི་དབང་ཉིད་ཀྱིས་
ཁམས་སྣ་ཚོགས་ཀྱི་སྙིང་པོའི་སྤྲིན་འབྱུང་བར་འགྱུར་རོ། །དེ་ལས་ཆར་འབབ་པར་འགྱུར་རོ། །ཆུ་དེ་དག་ཀྱང་གསེར་གྱི་ས་གཞི་ལ་གནས་པར་འགྱུར་ཏེ། དེ་བཞིན་དུ་ཡང་རླུང་རྣམས་ཀྱིས་ཀུན་ཏུ་འབྲས་ཤིང་སྲ་བར་བྱེད་དོ། །དེར་ཡང་ཁམས་བཟང་པོ་མཆོག་དང་གཙོ་བོ་དང༌། གྱ་ནོམ་པ་གང་ཡིན་པ་དེ་ལས། རླུང་གིས་བསྒྲུབས་པའི་དབང་གིས་ནི་རི་རབ་འབྱུང་བར་འགྱུར་ཏེ། རིན་པོ་ཆེ་སྣ་བཞི་པོ་གསེར་གྱི་རང་བཞིན་དང༌། དངུལ་གྱི་རང་བཞིན་དང༌། ཤེལ་གྱི་རང་བཞིན་དང༌། བཻ་ཌཱུཪྻའི་རང་བཞིན་ཅན་ཡིན་ནོ། །དེ་ལ་ཁམས་འབྲིང་གང་ཡིན་པ་དེ་ལས་ནི་གསེར་གྱི་རི་བདུན་པོ་འདི་ལྟ་སྟེ། གཉའ་ཤིང་འཛིན་དང༌། རྣམ་པར་འདུད་དང༌། རྟ་རྣ་རི་དང༌། བལྟ་ན་སྡུག་དང༌། སེང་ལྡེང་ཅན་དང༌། གཤོལ་མདའ་འཛིན་དང༌། མུ་ཁྱུད་འཛིན་རྣམས་མངོན་པར་འགྲུབ་པར་འགྱུར་ཏེ། དེ་དག་ཀྱང་རིམ་པར་རི་རབ་འཁོར་པར་འདུག་གོ །རི་རབ་ཀྱི་ཚད་ནི་འཕང་དུ་དཔག་ཚད་བརྒྱད་ཁྲི་ཡོད་ལ། རྒྱར་ཡང་དེ་དང་འདྲ་སྟེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་ནང་དུ་ནུབ་པོ། །གཉའ་ཤིང་འཛིན་གྱི་ཚད་ནི་དེའི་ཕྱེད་དོ། །དེ་ལས་གཞན་པའི་གསེར་གྱི་རི་རྣམ་པར་འདུད་ལ་སོགས་པ་ནས་མུ་ཁྱུད་འཛིན་ལ་ཐུག་པ་རྣམས་ཀྱི་ཚད་ནི། ཕྱི་མ་ཕྱི་མ་དེ་ལས་ཕྱེད་ཕྱེད་འབྲི་བའི་ཚད་དུ་རིག་པར་བྱའོ། །རི་དེ་དག་གི་མིང་དེ་རྣམས་ནི། དེ་དག་རྩེ་མོའི་རྣམ་པ་འདྲ་བའི་བྱེ་བྲག་ལས་བལྟ་བར་བྱའོ། །ཁམས་ངན་པ་རྣམས་ལས་ནི་རི་རབ་ཀྱི་ངོས་བཞི་དང༌། གསེར་གྱི་རི་རྣམས་གྱི་ཕྱི་རོལ་གྱི་གླིང་བཞི་དང༌། གླིང་ཕྲན་བརྒྱད་དང༌། རི་ཁོར་ཡུག་འབྱུང་བར་འགྱུར་རོ། །ཁོར་ཡུག་གི་ཚད་ནི་རི་མུ་ཁྱུད་འཛིན་གྱི་ཕྱེད་ཡིན་ཏེ། དེས་གླིང་བཞི་པ་འཁོར་ལོ་བཞིན་དུ་བསྐོར་ཏོ། །ལྷ་མ་ཡིན་གྱི་གནས་རྣམས་ནི་རི་རབ་ཆུའི་འོག་ཏུ་ནུབ་པའི་ནང་ན་ཡོད་དོ། །གངས་རི་ནི་མཚོ་མ་དྲོས་པའི་ཉེ་འཁོར་ན་ཡོད་དོ། །དེའི་འོག་ན་ནི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ཀྱི་གནས། སེམས་ཅན་དམྱལ་བ་བརྒྱད་དང༌། ཉི་ཚེའི་སེམས་ཅན་དམྱལ་བ་རྣམས་དང༌། གྲང་བའི་སེམས་ཅན་དམྱལ་བ་རྣམས་དང༌། ཉེན་ཀོར་གྱི་སེམས་ཅན་དམྱལ་བ་
རྣམས་དང༌། དུད་འགྲོ་དང༌། ཡི་དགས་ཁ་ཅིག་གནས་སོ། །གླིང་བཞི་པོ་འདི་དག་ནི་འདི་ལྟ་སྟེ། འཛམ་བུའི་གླིང་དང༌། ཤར་གྱི་ལུས་འཕགས་དང༌། ནུབ་ཀྱི་བ་ལང་སྤྱོད་དང༌། བྱང་གི་སྒྲ་མི་སྙན་ཏོ། །དེ་ལ་འཛམ་བུ་གླིང་ནི་ཤིང་རྟ་འདྲའོ། །ཤར་གྱི་ལུས་འཕགས་ནི་ཟླ་གམ་འདྲའོ། །ནུབ་བ་ལང་སྤྱོད་ནི་ཟླུམ་པའོ། །བྱང་གི་སྒྲ་མི་སྙན་ནི་གྲུ་བཞིའོ། །འཛམ་བུའི་གླིང་གི་ཚད་ནི་དཔག་ཚད་དྲུག་སྟོང་ལྔ་བརྒྱའོ། །ཤར་གྱི་ལུས་འཕགས་ཀྱི་ཚད་ནི་དཔག་ཚད་བདུན་སྟོང་ངོ༌། །ནུབ་ཀྱི་བ་ལང་སྤྱོད་ཀྱི་ཚད་ནི་དཔག་ཚད་བདུན་སྟོང་ལྔ་བརྒྱའོ། །བྱང་གི་སྒྲ་མི་སྙན་གྱི་ཚད་ནི་དཔག་ཚད་བརྒྱད་སྟོང་ངོ༌། །གསེར་གྱི་རི་བདུན་པོ་དེ་དག་གི་བར་གྱི་ཆུ་གང་ཡིན་པ་དེ་དག་ནི་ཡན་ལག་བརྒྱད་དང་ལྡན་པ་སྟེ། དེ་དག་ནི་ནང་གི་རྒྱ་མཚོ་ཡིན་ནོ། །དེ་ན་ཀླུ་རྣམས་ཀྱི་གནས་ཡོད་དོ། །ཀླུའི་ནང་ན་ཀླུ་ཆེན་པོ་བསྐལ་པར་གནས་ཤིང་ས་འཛིན་པ། དགའ་བོ་དང༌། ཉེ་དགའ་དང༌། རྟའི་གཞི་དང༌། བཏང་བཟུང་དང༌། གཟི་ཅན་དང༌། ཡུལ་འཁོར་སྲུང་དང༌། ནག་པོ་ཆེན་པོ་དང༌། ཨེ་ལའི་འདབ་དང་བརྒྱད་པོ་འདི་དག་འཁོད་དོ། །དེ་དག་ཀྱང་ལྷའི་དབང་པོ་བརྒྱ་བྱིན་གྱི་དཔུང་ཡིན་ཏེ། ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པ་ཉམས་སུ་མྱོང་བར་བྱེད་ཅིང་སོ་སོར་ཉམས་སུ་མྱོང་བར་བྱེད་དོ། །ཀླུའི་རིགས་ནི་རྣམ་པ་བཞི་ཡོད་དེ་ཀླུ་སྒོ་ང་ལས་སྐྱེ་བ་དང༌། མངལ་ནས་སྐྱེ་བ་དང༌། དྲོད་གཤེར་ལས་སྐྱེ་བ་དང༌། རྫུས་ཏེ་སྐྱེ་པའོ། །ནམ་མཁའ་ལྡིང་ཡང་རྣམ་པ་བཞི་སྟེ། སྒོ་ང་ལས་སྐྱེ་བ་དང༌། མངལ་ནས་སྐྱེ་བ་དང༌། དྲོད་གཤེར་ལས་སྐྱེ་བ་དང༌། རྫུས་ཏེ་སྐྱེ་བའོ། །ནང་གི་རྒྱ་མཚོ་དེའི་ཕྱི་རོལ་གྱི་ཆུ་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་རྒྱ་མཚོ་ཡིན་ནོ། །རི་རབ་དེའི་དྲང་ན་ཡང་བང་རིམ་བཞི་ཡོད་དེ། བང་རིམ་དང་པོའི་ཚད་ནི། རི་རབ་ལས་དཔག་ཚད་ཁྲི་དྲུག་སྟོང་ཕྱིར་འཕགས་སོ། །ལྷག་མ་རྣམས་ཀྱི་ཚད་ནི་དེའི་ཕྱེད་ཕྱེད་ཡིན་ཏེ། རིམ་བཞིན་དུ་སྦྱར་རོ། །དང་པོ་ལ་ནི་ལག་ན་ཡོལ་གོ་ཐོགས་རྣམས་གནས་སོ། །གཉིས་པ་ལ་ནི་ལག་ན་ཁྲག་ཐོགས་རྣམས་གནས་སོ། །གསུམ་པ་ལ་ནི་རྟག་ཏུ་མྱོས་རྣམས་གནས་སོ། །བཞི་པ་ལ་ནི་ཕྲེང་ཐོགས་རྣམས་གནས་སོ། །རི་རབ་ཀྱི་སྟེང་གི་གཞིའི་གྲྭ་
བཞི་ན་རྩེ་མོ་བཞི་ཡོད་དོ། །འཕང་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ། །དེ་དག་ན་གནོད་སྦྱིན་ལག་ན་རྡོ་རྗེ་ཐོགས་པ་རྣམས་གནས་སོ། །གཉའ་ཤིང་འཛིན་གྱི་ངོས་བཞི་ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་རྣམས་ན། རྒྱལ་པོ་ཆེན་པོ་བཞི་པོ་ཡུལ་འཁོར་སྲུང་དང༌། འཕགས་སྐྱེས་པོ་དང༌། མིག་མི་བཟང་དང༌། རྣམ་ཐོས་ཀྱི་བུ་རྣམས་ཀྱི་རྒྱལ་པོའི་ཕོ་བྲང་གནས་ཏེ། རིམ་པ་བཞིན་དུ་སྦྱར་རོ། །གསེར་གྱི་རི་ཐམས་ཅད་ལ་ནི་རྒྱལ་པོ་ཆེན་པོ་དེ་དག་གི་གྲོང་དང༌། གྲོང་རྡལ་དང༌། ལྗོངས་རྣམས་ཡོད་དོ། །རིའི་རྒྱལ་པོ་གངས་རིའི་ཉེ་འཁོར་ན། གསེར་གྱི་བྲག་བྱ་སྐྱིབས་སུ་འདུག་པ་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་ཆུར་ཡང་དཔག་ཚད་ལྔ་བཅུ་ཞེང་དུ་ཡང་དཔག་ཚད་ལྔ་བཅུ་པ་ཞིག་ཡོད་དོ། །དེ་ནི་གླང་པོ་ཆེའི་རྒྱལ་པོ་རབ་བརྟེན་གྱི་གནས་ཡིན་ཏེ། དེ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་གཡུལ་ངོར་སྤྱད་པ་ཡིན་ནོ། །དེ་ན་ཤིང་གི་རྒྱལ་པོ་རབ་བརྟན་ཞེས་བྱ་བ་ཏཱ་ལའི་འཕྲེང་རིམ་བདུན་གྱིས་བསྐོར་བ་དང་རྫིང་བུ་དལ་གྱིས་འཐོར་ཞེས་བྱ་བའི་རྫིང་བུ་ལྔ་བརྒྱས་བསྐོར་བ་ཞིག་ཡོད་པ་ནི་རབ་བརྟན་དེ་ཉིད་ཀྱི་རྩེ་བའི་ས་ཡིན་ཏེ། དེར་དེ་འདོད་དགུར་གཟུགས་བསྒྱུར་ནས། རྫིང་བུ་དེའི་ནང་ནས་པདྨའི་རྩ་བ་དང༌། རྩ་ལག་བླངས་ཤིང་ལོངས་སྤྱོད་པར་བྱེད་དེ། དེ་ཡང་བ་གླང་མོ་ལྔ་བརྒྱས་བསྐོར་ཏོ། །དེའི་ཉེ་འཁོར་ན་ཡང་མཚོ་ཆེན་པོ་མ་དྲོས་པ་ཞེས་བྱ་བ་ཟབས་སུ་དཔག་ཚད་ལྔ་བཅུ་རྒྱར་ཡང་དཔག་ཚད་ལྔ་བཅུ་པ་ལ། གསེར་གྱི་བྱེ་མ་བདལ་བ། ཆུ་ཡན་ལག་བརྒྱད་དང་ལྡན་པས་གང་བ། བཟང་ཞིང་སྡུག་ལ་མཛེས་པ་ཞིག་ཡོད་དེ། དེ་ལས་ཆུ་ཀླུང་ཆེན་པོ་བཞི་པོ་འདི་ལྟ་སྟེ། གངྒཱ་དང༌། སིནྡྷུ་དང༌། སི་ཏ་དང༌། པཀྵུ་རྣམས་གྱེས་ཏེ་འགྲོའོ། །རི་རབ་དེའི་སྟེང་ན་ལྷའི་ཕོ་བྲང་གནས་པའི་ཚད་ནི་ཆུ་ཞེང་དུ་དཔག་ཚད་ཁྲི་ཁྲི་ཡོད་དོ། །གཞན་དག་ན་ནི་ལྷ་དེ་དག་གི་གྲོང་དང༌། གྲོང་རྡལ་དང༌། ལྗོངས་རྣམས་ཡོད་དོ། །རི་རབ་དེའི་ཕྱོགས་བཞི་ན་ནི་འཛམ་བུ་གླིང་ལ་སོགས་པ། གླིང་བཞི་པོ་རྣམས་ཡོད་དོ། །དེ་དག་ནི་དེའི་ཕྱོགས་བཞི་ཡིན་ནོ། །འཛམ་བུའི་གླིང་དུ་བལྟས་པའི་ངོས་གང་ཡིན་པ་དེ་ནི་བཻ་ཌཱུཪྻའི་རང་བཞིན་ཡིན་ནོ། །ཤར་གྱི་ལུས་འཕགས་སུ་བལྟས་པའི་ངོས་
གང་ཡིན་པ་དེ་ནི་དངུལ་གྱི་རང་བཞིན་ཡིན་ནོ། །ནུབ་ཀྱི་བ་ལང་སྤྱོད་དུ་བལྟས་པའི་ངོས་གང་ཡིན་པ་དེ་ནི་ཤེལ་གྱི་རང་བཞིན་ཡིན་ནོ། །བྱང་གི་སྒྲ་མི་སྙན་དུ་བལྟས་པའི་ངོས་གང་ཡིན་པ་དེ་ནི་གསེར་གྱི་རང་བཞིན་ཅན་ཡིན་ནོ། །འཛམ་བུའི་གླིང་གི་ཉེ་འཁོར་ན་འཁོར་ལོས་སྒྱུར་བའི་ལམ་གསེར་གྱི་རང་བཞིན་ཅན་ཡོད་དེ། རྒྱལ་ཆེན་བཞིའི་རིས་ཀྱི་སེམས་ཅན་གྱི་པུས་མོའི་ཚད་ཀྱི་པུས་ནུབ་ཙམ་ཞིག་རྒྱ་མཚོ་ཆེན་པོ་ན་ནུབ་ཅིང་འདུག་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་འབྱུང་བ་ན། རྒྱ་མཚོ་ཆེན་པོ་ཆུ་པུས་ནུབ་ཙམ་ཞིག་སྐམ་པར་འགྱུར་རོ། །མཚེ་མ་དྲོས་པའི་གཡས་རོལ་ན། ཤིང་འཛམ་བུ་ཆེན་པོ་ཡོད་དེ། དེའི་མིང་གིས་འདི་འཛམ་བུའི་གླིང་ཞེས་བྱ་བར་གྱུར་ཏོ། །དེའི་བྱང་ལོགས་ན། ཤིང་ཤལ་མ་ལི་རྩེ་མོ་ཤིན་ཏུ་མཐོ་བ་ཡོད་དེ། དེ་ལ་ནམ་མཁའ་ལྡིང་རྣམ་པ་བཞི་པོ་དག་གནས་སོ། །གླིང་བཞི་པོ་དེ་དག་ལས་གླིང་རེ་རེ་ལ་ཡང་གླིང་ཕྲན་གཉིས་གཉིས་ཡོད་དེ། གཅིག་ནི་སྲིན་མོའི་གླིང་ཡིན་ནོ། །དེ་ལྟར་སྣོད་ཀྱི་འཇིག་རྟེན་མངོན་པར་གྲུབ་ནས། སྔ་མ་ཁོ་ན་བཞིན་དུ་བསྐལ་པའི་དང་པོ་མྱོང་བར་འགྱུར་བའི་ལས་ཉིད་ཀྱིས། འོད་གསལ་གྱི་ལྷའི་རིས་ནས་སེམས་ཅན་རྣམས་ཤི་འཕོས་ནས་འདིར་སྐྱེ་བར་འགྱུར་རོ། །དེ་ཡང་འདོད་པ་ན་སྤྱོད་པའི་ལས་ཀྱི་ནང་ན་རབ་དང་མཆོག་དང༌། གཙོ་བོ་ཡིན་ཏེ་ལས་དེའི་འབྲས་བུ་ནི་དེ་ཉིད་ཀྱི་ཚེ་མངོན་པར་འགྲུབ་པར་འགྱུར་གྱི། གཞན་ན་ནི་མ་ཡིན་ནོ། །དེའི་ཚེ་སེམས་ཅན་དེ་དག་ནི་བསྐལ་པ་དང་པོ་པ་ཞེས་བྱའོ། །དེ་དག་ཀྱང་གཟུགས་བཟང་ཞིང་ཡིད་ལས་བྱུང་བ་ཡིན་ཏེ། དེ་ལྟར་ཐམས་ཅད་མདོ་ཉིད་ལས་བྱུང་བ་བཞིན་ནོ། །དེའི་ཚེ་ཁྱིམ་དང༌། ཁོང་པ་དང་གྲོང་གནས་པ་མེད་དེ། ས་ཐམས་ཅད་གཞི་མཉམ་པ་ཁོ་ནར་འདུག་གོ །དེའི་འོག་ཏུ་སེམས་ཅན་དེ་དག་གི་སའི་བཅུད་བྱུང་ངོ༌། །དེ་བཞིན་དུ་རིམ་གྱིས་སའི་ས་ཞག་དང༌། ལྡུམ་བུའི་ཚལ་དང༌། མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཤུན་ཕྲགས་མེད་པ་དང༌། ཕུབ་མ་མེད་པ་འབྱུང་ངོ༌། །དེའི་འོག་ཏུ་འབྲས་ཀྱི་འབྲུ་ཤུན་ཕྲགས་དང༌། ཕུབ་མས་ཀུན་ཏུ་ཡོགས་པར་འགྱུར་རོ། །དེའི་འོག་ཏུ་སཱ་ལུ་ཐོ་རྩེར་སྐྱེ་བར་འགྱུར་རོ། །དེའི་འོག་ཏུ་སེམས་ཅན་
དེ་དག་གིས་དེ་ཡོངས་སུ་འཛིན་པར་སྣང་ངོ༌། །དེའི་འོག་ཏུ་སེམས་ཅན་དེ་དག་གིས་སའི་བཅུད་ལ་སོགས་པ་དེ་དག་ལོངས་སྤྱོད་པས་མདོག་ངན་པར་འགྱུར་ཞིང༌། མཐུ་ཡང་མེད་པར་འགྱུར་ཏེ། གང་གིས་ཤས་ཆེར་ཟོས་པ་དེ་མདོག་ཆེར་ངན་པར་འགྱུར་ཞིང༌། ལུས་ཆེས་ལྕི་བར་འགྱུར་རོ། །དེའི་འོག་ཏུ་སེམས་ཅན་གྱིས་སེམས་ཅན་ལ་བརྙས་པར་འགྱུར་ཏེ། མི་དགེ་བའི་ཆོས་དེ་དག་ཀུན་ཏུ་སྤྱད་པའི་རྒྱུས། སྔ་མ་སྔ་མ་སའི་བཅུད་ལ་སོགས་པ་མེད་པར་འགྱུར་ཏེ། མདོ་ལས་ཇི་སྐད་འབྱུང་བ་ཁོ་ན་བཞིན་དུ་རྒྱས་པར་བྱའོ། །དེའི་འོག་ཏུ་ཕན་ཚུན་མིག་གིས་ཚུགས་སུ་བལྟའོ། །དེ་ནས་ཀུན་ཏུ་ཆགས་པར་འགྱུར་རོ། །དེའི་འོག་ཏུ་བུད་མེད་དང་སྐྱེས་པར་འགྱུར་བའི་ལས་ཀྱིས། ཁ་ཅིག་ལ་ནི་མོ་མཚན་འབྱུང་བར་འགྱུར། ཁ་ཅིག་ལ་ནི་ཕོ་མཚན་འབྱུང་བར་འགྱུར་རོ། །དེའི་འོག་ཏུ་གཉིས་གཉིས་སྤྲོད་པས་ཉལ་པོ་བྱེད་དེ། །དེ་ནས་གཞན་དག་གིས་རྣམ་པར་སྨད་པར་འགྱུར་རོ། །དེ་ནས་དེའི་ཆེད་དུ་ཁྱིམ་དག་བྱེད་དོ། །སཱ་ལུ་ཡོངས་སུ་གཟུང་བའི་ཕྱིར་ཡང་ཞིང་ཡོངས་སུ་འཛིན་པར་བྱེད་དོ། །དེའི་འོག་ཏུ་དེའི་གཞི་ལས་མ་བྱིན་པར་ལེན་ཅིང་ཕན་ཚུན་འདྲེན་པ་དག་ཀྱང་འབྱུང་ངོ༌། །དེ་ནས་དེའི་གཞི་ལས་ནན་ཐུར་བྱེད་པའི་རྒྱལ་པོ་བསྒོ་བར་བྱེད་དེ། དེ་ནི་ཕལ་པོ་ཆེ་ཀུན་གྱིས་བཀུར་བ་ཞེས་བྱའོ། །དེ་ལྟར་རྒྱལ་རིགས་ཀྱི་རྒྱུད་དེ་དང༌། གཞན་ཡང་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་བྲམ་ཟེ་དང༌། རྗེའུ་རིགས་དང༌། དམངས་རིགས་རྣམས་ཀྱི་རྒྱུད་རྣམས་འཇིག་རྟེན་དུ་འབྱུང་ངོ༌། །དེ་དག་གི་ལུས་ལ་ཡོད་པའི་འོད་དེ་ཡང་མེད་པར་གྱུར་ནས་འཇིག་རྟེན་དུ་མུན་པ་འབྱུང་ངོ༌། །དེའི་འོག་ཏུ་ཉི་མ་དང་ཟླ་བ་དང་རྒྱུ་སྐར་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ལ་ཉི་མའི་དཀྱིལ་འཁོར་གྱི་ཚད་ནི་དཔག་ཚད་ལྔ་བཅུ་རྩ་གཅིག་གོ །ཟླ་བའི་དཀྱིལ་འཁོར་གྱི་ཚད་ནི་དཔག་ཚད་ལྔ་བཅུའོ། །དེ་ལ་ཉི་མའི་དཀྱིལ་འཁོར་ནི་མེ་ཤེལ་གྱི་རང་བཞིན་ཡིན་ནོ། །ཟླ་བའི་དཀྱིལ་འཁོར་ནི་ཆུ་ཤེལ་གྱི་རང་བཞིན་ཡིན་ནོ། །དེ་གཉིས་ལས་ཀྱང་ཟླ་བའི་དཀྱིལ་འཁོར་ནི་ཆེས་མགྱོགས་པར་འགྲོ་བ་དང༌། ངེས་པ་མེད་པར་འགྲོ་བར་རིག་པར་བྱའོ། །ཉི་མའི་དཀྱིལ་
འཁོར་གྱིས་ནི་གླིང་གཉིས་ཅིག་ཅར་སྣང་བར་བྱེད་ལ། གླིང་གཉིས་ཅིག་ཅར་མུན་པར་བྱེད་དེ། དེ་བས་ན་གཅིག་ཏུ་ནི་ཉི་མ་ཕྱེད་ལ་གཅིག་ཏུ་ནི་འཆར་རོ། །གཅིག་ཏུ་ནི་ནམ་ཕྱེད་ལ་གཅིག་ཏུ་ནི་ནུབ་པོ། །ཟླ་བ་དང་ཉི་མ་དང་རྒྱུ་སྐར་ཐམས་ཅད་ནི་རི་རབ་ཀྱི་ཕྱེད་ནས་འགྲོ་ཞིང་རྒྱུ་སྟེ། དེ་ཡང་གཉའ་ཤིང་འཛིན་དང་མཉམ་མོ་དེ་དག་གང་གི་ཚེ་རི་རབ་ལས་ཐག་རིང་དུ་རྒྱུ་བ་དེའི་ཚེ་ནི་དགུན་དུ་མངོན་ནོ། །གང་གི་ཚེ་ཉེ་བར་རྒྱུ་བ་དེའི་ཚེ་ནི་ཚ་བའི་དུས་སུ་མངོན་ནོ། །དེའི་ཕྱིར་མྱུར་དུ་ནུབ་པ་དང༌། རིང་ཞིག་ནས་ནུབ་པར་འགྱུར་བར་རིག་པར་བྱའོ། །ཟླ་བའི་དཀྱིལ་འཁོར་ནི་ཡིད་ཙམ་གྱིས་སྟེང་དུ་འཛུར་བ་ན་ཟླ་གམ་དུ་སྣང་སྟེ། དེས་ཕ་རོལ་གྱི་ངོས་དེ་ཚུ་རོལ་གྱི་ངོས་ཀྱིས་བསྒྲིབས་པའི་ཕྱིར་མི་སྣང་སྟེ། ཇི་ལྟ་ཇི་ལྟར་འཛུར་བ་དེ་ལྟ་དེ་ལྟར་ཤིན་ཏུ་གང་བར་སྣང་ངོ༌། །མར་གྱི་ངོ་ལ་ཇི་ལྟ་ཇི་ལྟར་ཐུར་དུ་འཛུར་བ་དེ་ལྟ་དེ་ལྟར་བྲི་བར་སྣང་ངོ༌། །རྒྱ་མཚོ་ཆེན་པོ་ན་ཉ་དང་རུས་སྦལ་ལ་སོགས་པ་གནས་པའི་གཟུགས་བརྙན་བྱུང་བའི་ཕྱིར་ཟླ་བའི་ནང་ན་རི་རི་པོ་ཡོད་པར་སྣང་ངོ༌། །སྐར་མ་རྣམས་ཀྱི་ཚད་ནི་ནང་གི་ཆེ་བ་རྒྱང་གྲགས་བཅོ་བརྒྱད་དོ། །འབྲིང་རྣམས་ནི་རྒྱང་གྲགས་བཅུའོ། །ཆུང་ངུ་རྣམས་ནི་རྒྱང་གྲགས་བཞིའོ། །རིགས་བཞི་དེ་བྱུང་བ་ན་སྡུག་པ་དང་མི་སྡུག་པའི་འགྲོ་བ་ལྔ་མྱོང་བར་འགྱུར་བའི་ལས་ཀུན་ཏུ་རྩོམ་པར་འགྱུར་རོ། །དེའི་འོག་ཏུ་སེམས་ཅན་གང་ཡང་རུང་བ་ཞིག །བདག་པོར་འགྱུར་བའི་ལས་ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་ཅན་དམྱལ་བ་རྣམས་ན་གཤིན་རྗེའི་རྒྱལ་པོར་སྐྱེ་བར་འགྱུར་རོ། །དེའི་འོག་ཏུ་སེམས་ཅན་དམྱལ་བའི་སྲུང་མ་རྣམས་ནི་སྤྲུལ་པ་ལྟ་བུར་འབྱུང་བར་འགྱུར་རོ། །གནོད་པ་དང་གནོད་བྱེད་ལྕགས་ཟངས་ལ་སོགས་པ་རྣམས་དང༌། སེམས་ཅན་དམྱལ་བའི་མེ་ཡང་འབྱུང་བར་འགྱུར་རོ། །དེའི་འོག་ཏུ་ལས་ཀྱིས་ཇི་ལྟར་འགྲོ་བ་བཞིན་དུ་སེམས་ཅན་དེ་དག་དང༌། དེ་ལས་གཞན་པའི་འགྲོ་བ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་ལྟ་བུའི་ཚུལ་གྱིས་གླིང་བཞི་པ་ཐེར་འབུམ་དང༌། རི་རབ་ཐེར་འབུམ་དང་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་པོ་ཐེར་འབུམ་དང༌། ཚངས་པའི་འཇིག་རྟེན་ཐེར་འབུམ་གྱི་སྟོང་གསུམ་པ་ནི། ཅིག་ཅར་འཆགས་ལ་ཅིག་ཅར་འཇིག་གོ །དེ་དག་ཀྱང་འཇིག་རྟེན་གྱི་
ཁམས་རྣམ་པ་གསུམ་དུ་འགྱུར་རོ། །འདི་ལྟ་སྟེ། ཟླ་བ་སྟོང་དང༌། ཉི་མ་སྟོང་དང༌། ཚངས་པའི་འཇིག་རྟེན་སྟོང་གི་བར་དུ་གཅིག་ཏུ་བསྡུས་པ་ནི་སྟོང་ཆུང་ངུའོ། །ཆུང་ངུ་དེ་སྟོང་ནི་སྟོང་གཉིས་པ་བར་མའོ། །བར་མ་དེ་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། དེ་ལྟ་བུར་ཤར་ཕྱོགས་དང༌། ལྷོ་དང༌། ནུབ་དང༌། བྱང་དང༌། སྟེང་དང་འོག་ཏུ་འཇིག་རྟེན་གྱི་ཁམས་འཇིག་པ་དང༌། འཆགས་པ་ལ་མཐའ་མེད་མུ་མེད་དོ། །འདི་ལྟ་སྟེ། ཆར་པ་གཤོལ་མདའ་ཙམ་འབབ་པ་ན། ཆུའི་རྒྱུན་ལ་རྒྱུན་འཆད་པ་མེད་ཅིང་བར་མཚམས་མེད་པར་འབབ་པ་དེ་བཞིན་དུ། ཕྱོགས་གཞན་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་རྣམས་འཇིག་པ་དང༌། འཆགས་པ་ལ་མཐའ་མེད་མུ་མེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཞིང་གཅིག་ཅེས་བྱ་སྟེ། དེར་དེ་བཞིན་གཤེགས་པ་བྱུང་ནས། འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་ཏུ་སངས་རྒྱས་ཀྱི་མཛད་པ་རྣམས་མཛད་དོ། །དེ་ལྟར་འཇིག་རྟེན་གནས་པ་ཆགས་ནས་འགྲོ་བ་ལྔ་པོ་སེམས་ཅན་དམྱལ་བ་པ་རྣམས་དང༌། དུད་འགྲོ་རྣམས་དང༌། ཡི་དགས་རྣམས་དང༌། ལྷ་རྣམས་དང༌། མི་རྣམས་འབྱུང་བར་འགྱུར་རོ། །སྐྱེ་གནས་བཞི་པོ་སྒོ་ང་ལས་སྐྱེ་བ་དང༌། མངལ་ནས་སྐྱེ་བ་དང༌། དྲོད་གཤེར་ལས་སྐྱེ་བ་དང༌། རྫུས་ཏེ་སྐྱེ་བ་དང༌། གཞི་དྲུག་དང༌། དུས་རྣམ་པ་བཅུ་སྟེ། དུས་ཚིགས་དང༌། ལོ་དང༌། ཟླ་བ་དང༌། ཟླ་བ་ཕྱེད་དང༌། ཉིན་མོ་དང༌། མཚན་མོ་དང༌། སྐད་ཅིག་དང༌། དེའི་སྐད་ཅིག་དང༌། ཐང་ཅིག་དང༌། ཡུད་ཙམ་དང༌། ཡོངས་སུ་གཟུང་བའི་དངོས་པོ་བདུན་དང༌། ལུས་ཀྱི་ཡོ་བྱད་བཅུ་དང༌། འདོད་པ་ལ་ལོངས་སྤྱོད་པ་བཅུ་སྟེ། དེ་དག་ཀྱང་ལུང་བར་མ་ལས་བྱུང་བ་བཞིན་ནོ། །རྒྱུན་མི་འཆད་པར་རྗེས་སུ་སྤྱད་པ་རྣམ་པ་བརྒྱད་དང༌། འཇིག་རྟེན་གྱི་ཆོས་བརྒྱད་དེ། རྙེད་པ་དང༌། མ་རྙེད་པ་དང༌། སྙན་པ་དང༌། མི་སྙན་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། སྨད་པ་དང༌། བསྟོད་པ་དང༌། ཕྱོགས་གསུམ་སྟེ། མཛའ་བཤེས་ཀྱི་ཕྱོགས་དང༌། མི་མཛའ་བའི་ཕྱོགས་དང༌། ཐ་མལ་པའི་ཕྱོགས་དང༌།
འཇིག་རྟེན་གྱི་སྤྱོད་པ་གསུམ་དང༌། གཏམ་རྣམ་པ་གསུམ་དང༌། ཉེས་ཙམ་རྣམ་པ་ཉི་ཤུ་རྩ་གཉིས་དང༌། སེམས་ཅན་གྱི་རིས་དྲུག་ཅུ་རྩ་བཞི་དང༌། དུས་བརྒྱད་དང༌། མངལ་དུ་འཇུག་པ་བཞི་དང༌། སྤྱོད་ལམ་བཞི་དང༌། འཚོ་བ་རྣམ་པ་དྲུག་དང༌། ཀུན་ནས་བསྲུང་བ་རྣམ་པ་དྲུག་དང༌། སྡུག་བསྔལ་རྣམ་པ་བདུན་དང༌། ང་རྒྱལ་རྣམ་པ་བདུན་དང༌། རྒྱགས་བ་རྣམ་པ་བདུན་དང༌། ཐ་སྙད་བཞི་དང༌། ཐ་སྙད་ཀྱི་གཞི་མང་པོ་རྣམས་འབྱུང་ངོ༌། །དེ་ལ་སེམས་ཅན་དམྱལ་བའི་འགྲོ་བ་གང་ཞེ་ན། སེམས་ཅན་དམྱལ་བའི་ཕུང་པོ་ས་བོན་དང༌། འབྲས་བུས་བསྡུས་པ་རྣམས་དང༌། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་གང་ཡིན་པའོ། །སེམས་ཅན་དམྱལ་བའི་འགྲོ་བ་ཇི་ལྟ་བ་བཞིན་དུ། དུད་འགྲོའི་འགྲོ་བ་དང༌། ཡི་དགས་ཀྱི་འགྲོ་བ་དང༌། ལྷའི་འགྲོ་བ་དང༌། མིའི་འགྲོ་བ་ཡང་དེ་དང་འདྲ་སྟེ། ཅི་རིགས་པར་བལྟ་བར་བྱའོ། །སྒོ་ང་ལས་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སེམས་ཅན་གང་དག་སྒོ་ངའི་སྦུབས་མངོན་པར་བརྟོལ་ནས་འབྱུང་བ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ངང་པ་དང༌། ཁྲུང་ཁྲུང་དང༌། རྨ་བྱ་དང༌། ནེ་ཚོ་དང༌། རི་སྐེགས་ལ་སོགས་པའོ། །མངལ་ནས་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སེམས་ཅན་གང་དག་ཤམས་ཀུན་ནས་ཡོགས་ཤིང་ཤ་མ་བརྟོལ་ནས་འབྱུང་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། གླང་པོ་ཆེ་དང༌། རྟ་དང༌། བ་ལང་དང༌། བོང་བུ་ལ་སོགས་པའོ། །དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སེམས་ཅན་གང་དག་དྲོད་གཤེར་གང་ཡང་རུང་བ་ལ་བརྟེན་ནས་སྐྱེ་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྲིན་བུ་དང༌། གྲོག་སྦུར་དང༌། ཕྱེ་མ་ལེབ་དང༌། ཤིང་སྲིན་རྣམས་སོ། །རྫུས་ཏེ་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སེམས་ཅན་གང་དག་ལས་ཀྱི་དབང་གིས་སྐྱེ་མཆེད་དྲུག་ཚང་བའམ། སྐྱེ་མཆེད་དྲུག་ལས་གང་ཡང་རུང་བ་རྣམས་སྐྱེ་བ་རྣམས་ཏེ། དེ་དག་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་པ་རྣམས་དང༌། ལྷ་རྣམས་དང༌། དུད་འགྲོ་དང༌། ཡི་དགས་དང༌། མི་རྣམས་ལས་ཁ་ཅིག་གོ །གཞི་དྲུག་གང་ཞེ་ན། གནས་པའི་གཞི་འདི་ལྟ་སྟེ། འོག་གི་རླུང་གི་དཀྱིལ་
འཁོར་དང༌། ཆུའི་དཀྱིལ་འཁོར་དང༌། སའི་དཀྱིལ་འཁོར་ནི་གཞི་དང་པོ་སྟེ། སེམས་ཅན་རྣམས་ཐུར་དུ་མི་ལྟུང་བའི་རྒྱུ་ཡིན་པས་དེའི་ཕྱིར་གཞི་ཞེས་བྱའོ། །གནས་ནི་གཞི་གཉིས་པ་སྟེ། དེ་ཡང་ཁང་ཁྱིམ་དང༌། ཡང་ཐག་ལ་སོགས་པ་སྟེ། དེ་ནི་འཛག་གནོད་བྱེད་རྣམས་ཀྱིས་གནོད་པར་མི་འགྱུར་བའི་རྒྱུ་ཡིན་པས་དེའི་ཕྱིར་གཞི་ཞེས་བྱའོ། །ཁང་ཁྱིམ་དང་ཡང་ཐོག་ལ་སོགས་བ་དེ་དག་ཀྱང་མདོར་བསྡུ་ན་ཆེད་དུ་བྱས་པ་དང༌། ཆེད་དུ་བྱས་པ་མ་ཡིན་པ་དང༌། གཞལ་མེད་ཁང་དང༌། སྤྲུལ་པ་རྣམས་སོ། །ལོ་ལེགས་པ་ནི་གཞི་གསུམ་པ་སྟེ། དེ་ནི་ཁམ་གྱི་ཟས་ཀྱི་རྒྱུ་ཡིན་པས་དེའི་ཕྱིར་གཞི་ཞེས་བྱའོ། །བདེ་བ་ནི་གཞི་བཞི་པ་སྟེ། དེ་ནི་སེམས་ཅན་རྣམས་མཚོན་ཆ་ལ་སོགས་པས་མ་རུང་བར་མི་འགྱུར་བའི་རྒྱུ་མིན་པས་དེའི་ཕྱིར་གཞི་ཞེས་བྱའོ། །ཉི་མ་དང་ཟླ་བ་ནི་གཞི་ལྔ་པ་སྟེ། དེ་ནི་གཟུགས་རྣམས་སྣང་བའི་རྒྱུ་ཡིན་པས་དེའི་ཕྱིར་གཞི་ཞེས་བྱའོ། །ཟས་ནི་གཞི་དྲུག་པ་སྟེ། དེ་དག་ཀྱང་ཟས་རྣམ་པ་བཞི་སྟེ། ཁམ་གྱི་ཟས་དང༌། རེག་པ་དང༌། ཡིད་ལ་སེམས་པ་དང༌། རྣམ་པར་ཤེས་པའི་ཟས་ཏེ། དེ་ནི་ལུས་གནས་པར་བྱེད་པ་དང༌། རྟོན་པར་བྱེད་པའི་རྒྱུ་ཡིན་པས་དེའི་ཕྱིར་གཞི་ཞེས་བྱའོ། །ཡོངས་སུ་གཟུང་བའི་དངོས་པོ་བདུན་གང་ཞེ་ན། བདག་དང༌། ཕ་མ་དང༌། བུ་དང༌། ཆུང་མ་དང༌། བྲན་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དང༌། མཛའ་བཤེས་དང༌། བློན་པོ་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་རྣམས་དང༌། ཞིང་གི་དངོས་པོ་དང༌། ཁྱིམ་གྱི་དངོས་པོ་དང༌། ཟོང་དགྲམ་པའི་དངོས་པོ་དང༌། བསོད་ནམས་བྱ་བའི་དངོས་པོ་དང༌། ལས་ཀྱི་མཐའ་ལ་སྦྱོར་བའི་དངོས་པོ་རྣམས་དང༌། ནོར་སོགས་པའི་དངོས་པོ་དང་བདུན་ནོ། །ཡོ་བྱད་བཅུ་གང་ཞེ་ན། ཟས་དང༌། སྐོམ་དང༌། བཞོན་པ་དང༌། གོས་དང༌། རྒྱན་དང༌། བཞད་གད་དང༌། གླུ་བྲོ་དང༌། རོལ་མོའི་སྒྲ་དང༌། སྤོས་དང༌། མེ་ཏོག་ཕྲེང་དང༌། བྱུག་པ་དང༌། སྣོད་སྤྱད་དང༌། སྣང་བ་དང༌། སྐྱེས་པ་དང༌། བུད་མེད་དགའ་དགུར་སྤྱོད་པ་རྣམས་སོ། །རྒྱུན་མི་འཆད་པར་རྗེས་སུ་སྤྱད་པ་བརྒྱད་གང་ཞེ་ན། འཇིག་རྟེན་དག་རྒྱུན་མི་འཆད་པར་རྗེས་སུ་སྤྱོད་པ་
གང་ཡིན་པ་རྣམས་ཏེ། འདི་ལྟ་སྟེ། པ་ཆར་གྱིས་དཀྲི་བ་དང༌། ལུས་ཀྱི་བསྙེན་བཀུར་བྱ་བ་དང༌། སྤྱོད་ལམ་གཞན་ལ་ཡོངས་སུ་བརྟག་པ་དང༌། ཁ་ཟས་བཟའ་བ་དང༌། གཉིད་ལོག་པ་དང༌། འཁྲིག་པ་དང་ལྡན་པའི་བརྩལ་བ་དང༌། དེ་དང་ལྡན་པའི་གཏམ་རྣམས་སོ། །འཇིག་རྟེན་གྱི་སྤྱོད་པ་རྣམ་པ་གསུམ་གང་ཞེ་ན། འདི་ལྟ་སྟེ། སྨྲ་བ་དང༌། གཏམ་བྱེད་པ་དང༌། སོ་སོར་མགུ་བར་བྱེད་པ་དང༌། བག་མ་གཏོང་བ་དང༌། བག་མ་ལེན་པ་དང༌། འབོད་པ་དང༌། གཡར་འདྲེན་པ་དང༌། ལྷག་པར་ཟ་བ་དང༌། འདུས་ཤིང་ཟ་བ་རྣམས་དང༌། རྩོད་པ་བྱུང་བ་རྣམས་ལ་གཅིག་གིས་གཅིག་གི་གྲོགས་བྱ་བ་རྣམས་སོ། །གཏམ་རྣམ་པ་གསུམ་གང་ཞེ་ན། ཆོས་དང་ལྡན་པ་དང༌། ཆོས་དང་ལྡན་པ་མ་ཡིན་པ་དང༌། དེ་ལས་གཞན་པ་སྟེ། གཞན་པ་ཆོས་དང་ལྡན་པའི་གཏམ་གང་ཞེ་ན། འཕགས་པ་ཡོ་བྱད་བསྙུངས་པ་ཅན་དང་ལྡན་པ་དང༌། སེམས་ཀྱི་སྒྲིབ་པ་བསལ་བར་འགྱུར་བའི་གཏམ་བྱ་བ་གང་ཡིན་པ་སྟེ། རྒྱས་པར་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ཆོས་དང་མི་ལྡན་པ་གང་ཞེ་ན། གང་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཁ་ཟས་ལ་སོགས་པའི་གཏམ་བྱེད་པའོ། །ལུང་དུམ་བསྟན་པའི་སེམས་ཀྱིས་བྱས་པ་རྣམས་ནི་དེ་ལས་གཞན་པའི་གཏམ་ཞེས་བྱའོ།། །།བམ་པོ་གསུམ་པ། ཉེས་རྩོམ་རྣམ་པ་ཉི་ཤུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། གཞལ་བླུགས་ལ་སྒྱུ་བྱེད་པ་དང༌། སྲང་ལ་སྒྱུ་བྱེད་པ་དང༌། གཞལ་བ་ལ་སྒྱུ་བྱེད་པ་དང༌། ལོག་པའི་ལས་ལ་སྦྱོར་བ་དང༌། འཐབ་པ་དང༌། མཚང་འབྲུ་བ་དང༌། རྩོད་པ་དང༌། འགྱེད་པ་དང༌། གཤེ་བ་དང༌། ཁྲོ་བ་དང༌། དམ་འཆའ་བ་དང༌། བསྡིགས་པ་དང༌། རྡེག་པ་དང༌། གསོད་པ་དང༌། འཆིང་བ་དང༌། གོ་རར་འཇུག་པ་དང༌། གཅོད་པ་དང༌། སྤྱུགས་པ་དང༌། གཡོ་བྱེད་པ་དང༌། འདྲིད་པ་དང༌། དྲག་ཤུལ་དང༌། བརྫུན་ཟེར་བ་རྣམས་སོ། །སེམས་ཅན་གྱི་རིས་དྲུག་ཅུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་པ་རྣམས་དང༌། དུད་འགྲོ་རྣམས་དང༌། ཡི་དགས་རྣམས་དང༌། ལྷ་རྣམས་དང༌། མི་རྣམས་དང༌། རྒྱལ་རིགས་རྣམས་དང༌།
བྲམ་ཟེ་རྣམས་དང༌། རྗེའུ་རིགས་རྣམས་དང༌། དམངས་རིགས་རྣམས་དང༌། སྐྱེས་པ་རྣམས་དང༌། བུད་མེད་རྣམས་དང༌། མ་ནིང་རྣམས་དང༌། ངན་པ་རྣམས་དང༌། འབྲིང་རྣམས་དང༌། བཟང་པོ་རྣམས་དང༌། ཁྱིམ་པ་རྣམས་དང༌། རབ་ཏུ་བྱུང་བ་རྣམས་དང༌། དཀའ་ཐུབ་དྲག་བོ་ཅན་རྣམས་དང༌། དཀའ་ཐུབ་དྲག་པོ་ཅན་མ་ཡིན་པ་རྣམས་དང༌། སྡོམ་པ་ཅན་རྣམས་དང༌། སྡོམ་པ་ཅན་ཡང་མ་ཡིན། སྡོམ་པ་ཅན་མ་ཡིན་པ་ཡང་མ་ཡིན་པ་རྣམས་དང༌། འདོད་ཆགས་དང་བྲལ་བ་རྣམས་དང༌། འདོད་ཆགས་དང་བྲལ་བ་མ་ཡིན་པ་རྣམས་དང༌། ལོག་པ་ཉིད་དུ་ངེས་པའི་ཕུང་པོ་རྣམས་དང༌། ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་རྣམས་དང༌། མ་ངེས་པ་ཉིད་དུ་ངེས་པའི་ཕུང་པོ་རྣམས་དང༌། དགེ་སློང་རྣམས་དང༌། དགེ་སློང་མ་རྣམས་དང༌། དགེ་སློབ་མ་རྣམས་དང༌། དགེ་ཚུལ་རྣམས་དང༌། དགེ་ཚུལ་མ་རྣམས་དང༌། དགེ་བསྙེན་རྣམས་དང༌། དགེ་བསྙེན་མ་རྣམས་དང༌། སྤོང་བ་པ་རྣམས་དང༌། ཁ་ཏོན་པ་རྣམས་དང༌། ཞལ་ཏ་བྱེད་པ་རྣམས་དང༌། གནས་བརྟན་རྣམས་དང༌། བར་མ་རྣམས་དང༌། གསར་བུ་རྣམས་དང༌། སློབ་དཔོན་རྣམས་དང༌། མཁན་པོ་རྣམས་དང༌། ལྷན་ཅིག་གནས་པ་རྣམས་དང༌། ཉེ་གནས་པ་རྣམས་དང༌། གློ་བུར་དུ་ལྷགས་པ་རྣམས་དང༌། དགེ་འདུན་གྱི་ལས་བྱེད་པ་རྣམས་དང༌། རྙེད་པ་འདོད་པ་རྣམས་དང༌། བཀུར་སྟི་འདོད་པ་རྣམས་དང༌། ཡོ་བྱད་བསྙུངས་པ་རྣམས་དང༌། མང་དུ་ཐོས་པ་རྣམས་དང༌། མཁས་ཤིང་བསོད་ནམས་དང་ལྡན་པ་རྣམས་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་རྣམས་དང༌། མདོ་སྡེ་འཛིན་པ་རྣམས་དང༌། འདུལ་བ་འཛིན་པ་རྣམས་དང༌། མ་མོ་འཛིན་པ་རྣམས་དང༌། སོ་སོའི་སྐྱེ་བོ་རྣམས་དང༌། བདེན་པ་མཐོང་བ་རྣམས་དང༌། སློབ་པ་རྣམས་དང༌། མི་སློབ་པ་རྣམས་དང༌། ཉན་ཐོས་རྣམས་དང༌། རང་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་བཞིན་གཤེགས་པ་རྣམས་དང༌། འཁོར་ལོས་སྒྱུར་བ་རྣམས་སོ། །འཁོར་ལོས་སྒྱུར་བ་དེ་དག་ཀྱང༌། གླིང་གཅིག་ལ་དབང་བ་རྣམས་དང༌། གླིང་གཉིས་ལ་དབང་བ་
རྣམས་དང༌། གླིང་གསུམ་ལ་དབང་བ་རྣམས་དང༌། གླིང་བཞི་ལ་དབང་བ་རྣམས་ཏེ། དེ་ལ་གླིང་གཅིག་ལ་དབང་བ་ལ་ནི་ལྕགས་ཀྱི་འཁོར་ལོ་འབྱུང་བར་འགྱུར་རོ། །གླིང་གཉིས་ལ་དབང་བ་ལ་ནི་ཟངས་ཀྱི་འཁོར་ལོ་འབྱུང་བར་འགྱུར་རོ། །གླིང་གསུམ་ལ་དབང་བ་ལ་ནི་དངུལ་གྱི་འཁོར་ལོ་འབྱུང་བར་འགྱུར་རོ། །གླིང་བཞི་པ་ལ་དབང་བ་ལ་ནི་གསེར་གྱི་འཁོར་ལོ་འབྱུང་བར་འགྱུར་རོ། །དུས་བརྒྱད་གང་ཞེ་ན། འདི་ལྟ་སྟེ། མངལ་ན་གནས་པའི་དུས་དང༌། བཙས་པའི་དུས་དང༌། བྱིས་པའི་དུས་དང༌། གཞོན་ནུའི་དུས་དང༌། ལང་ཚོའི་དུས་དང༌། དར་ལ་བབ་པའི་དུས་དང༌། རྒས་པའི་དུས་དང༌། འཁོགས་པའི་དུས་སོ། །དེ་ལ་མངལ་ན་གནས་པའི་དུས་ནི་མེར་མེར་པོ་ལ་སོགས་པའོ། །བཙས་པའི་དུས་ནི་དེ་ཡན་ཆད་དང༌། འཁོགས་པའི་དུས་མན་ཆད་དོ། །བྱིས་པའི་དུས་ནི་འགྲོ་བ་དང་རྩེ་མི་ནུས་པ་མན་ཆད་དོ། །བྱིས་པ་གཞོན་ནུའི་དུས་ནི་དེ་ནུས་པ་ཡིན་ནོ། །ལང་ཚོའི་དུས་ནི་འདོད་པ་སྤྱོད་ནུས་པ་ནས་ལོ་སུམ་ཅུ་མན་ཆད་དོ། །དར་ལ་བབ་པའི་དུས་ནི་ལོ་ལྔ་བཅུ་མན་ཆད་དོ། །རྒས་པའི་དུས་ནི་ལོ་བདུན་ཅུ་མན་ཆད་དོ། །དེ་ཡན་ཆད་ནི་འཁོགས་པའི་དུས་སོ། །མངལ་དུ་འཇུག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། ཤེས་བཞིན་དུ་འཇུག་ལ་མི་ཤེས་པར་གནས་ཤིང་འབྱུང་བ་དང༌། ཤེས་བཞིན་དུ་འཇུག་ཅིང་གནས་ལ་མི་ཤེས་པར་འབྱུང་བ་དང༌། ཤེས་བཞིན་དུ་འཇུག་ཅིང་གནས་ཏེ་འབྱུང་བ་དང༌། མི་ཤེས་བར་འཇུག་ཅིང་གནས་ཏེ་འབྱུང་བའོ། །དེ་ལ་དང་པོ་ལ་ནི་འཁོར་ལོས་སྒྱུར་བའི་འོ། །གཉིས་པ་ནི་རང་སངས་རྒྱས་ཀྱིའོ། །གསུམ་པ་ནི་བྱང་ཆུབ་སེམས་དཔའི་འོ། །བཞི་པ་ནི་དེ་ལས་གཞན་པའི་སེམས་ཅན་རྣམས་སོ། །འཚོ་བ་རྣམ་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། ཞིང་རྨོ་བ་དང༌། ཚོང་བྱ་བ་དང༌། ཕྱུགས་འཚོ་བ་དང༌། རྒྱལ་པོ་ལ་ཞོ་ཤས་འཚོ་བ་དང༌། ཡི་གེ་དང༌། གྲངས་དང༌། ཤོད་དགོད་པ་དང༌། རྩིས་དང༌། ལག་རྩིས་དང༌། དེ་ལས་གཞན་པའི་བཟོའི་གནས་རྣམས་སོ། །ཀུན་ནས་སྲུང་བ་རྣམ་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང༌། རྟ་པའི་ཚོགས་དང༌། ཤིང་རྟའི་ཚོགས་དང༌། དབུང་བུ་ཆུང་གི་ཚོགས་དང༌། ནོར་གྱི་སྟོབས་
དང༌། མཛའ་བ་ཤེས་ཀྱི་སྟོབས་སོ། །སྡུག་བསྔལ་རྣམ་པ་བདུན་གང་ཞེ་ན། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མི་སྡུག་པ་དང་ཕྲད་པ་དང༌། སྡུག་པ་དང་བྲལ་བ་དང༌། འདོད་པས་ཕོངས་པ་རྣམས་སོ། །ང་རྒྱལ་རྣམ་པ་བདུན་གང་ཞེ་ན། ང་རྒྱལ་དང༌། ཆེ་བའི་ང་རྒྱལ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་དང༌། །ངའོ་སྙམ་པའི་ང་རྒྱལ་དང༌། །མངོན་པའི་ང་རྒྱལ་དང༌། ཅུང་ཟད་སྙམ་པའི་ང་རྒྱལ་དང༌། ལོག་པའི་ང་རྒྱལ་ལོ། །རྒྱགས་པ་རྣམ་པ་བདུན་གང་ཞེ་ན། ནད་མེད་པའི་རྒྱགས་པ་དང༌། ལང་ཚོས་རྒྱགས་པ་དང༌། གསོན་པས་རྒྱགས་པ་དང༌། རིགས་ཀྱིས་རྒྱགས་པ་དང༌། གཟུགས་ཀྱིས་རྒྱགས་པ་དང༌། དབང་ཕྱུག་གིས་རྒྱགས་པ་དང༌། ཐོས་པས་རྒྱགས་པའོ། །ཐ་སྙད་བཞི་གང་ཞེ་ན། མཐོང་བའི་ཐ་སྙད་དང༌། ཐོས་པའི་ཐ་སྙད་དང༌། བྱེ་བྲག་ཕྱེད་པའི་ཐ་སྙད་དང༌། རྣམ་པར་ཤེས་པའི་ཐ་སྙད་དོ། །མཐོང་བའི་ཐ་སྙད་གང་ཞེ་ན། གང་དེས་མིག་གིས་ཕྱི་རོལ་མངོན་སུམ་དུ་ བྱས་ནས་དེ་ལ་བརྟེན་ཏེ། གཞན་དག་ལ་ཐ་སྙད་དུ་བརྗོད་པ་གང ་ཡིན་པ་དེ་ནི་མཐོང་བའི་ཐ་སྙད་ཅེས་བྱའོ། །ཐོས་པའི་ཐ་སྙད་གང་ཞེ་ན། གང་གཞན་ལས་ཐོས་ནས་དེ་ལ་བརྟེན་ཏེ། གཞན་དག་ལ་ཐ་སྙད་དུ་བརྗོད་པ་གང་ཡིན་པའོ། །བྱེ་བྲག་ཕྱེད་པའི་ཐ་སྙད་གང་ཞེ་ན། གང་དེས་མ་མཐོང་མ་ཐོས་པར་བདག་ཉིད་ཀྱིས་བསམས་ཤིང་གཅལ་ལ་ཉེ་བར་བརྟགས་ནས། དེ་ལ་བརྟེན་ཏེ། གཞན་དག་ལ་ཐ་སྙད་དུ་བརྗོད་པ་གང་ཡིན་པའོ། །རྣམ་པར་ཤེས་པའི་ཐ་སྙད་གང་ཞེ་ན། གང་དེས་ནང་སོ་སོར་རང་གིས་རིག་པ་དང༌། རྟོགས་པ་དང༌། རེག་པ་དང༌། མངོན་སུམ་དུ་ བྱས་ནས་དེ་ལ་བརྟེན་ཏེ། གཞན་དག་ལ་ཐ་སྙད་དུ་བརྗོད་པ་གང ་ཡིན་པ་དེ་ནི། རྣམ་པར་ཤེས་པའི་ཐ་སྙད་ཅེས་བྱའོ། །ཐ་སྙད་ཀྱི་གཞི་མང་པོ་དག་གང་ཞེ་ན། དེ་དག་ནི་ངེས་པའི་ཚིག་གི་གཞི་རྣམ་ཤེས་ཀྱང་བྱ། སྤྲོས་པའི་གཞི་རྣམས་དང༌། དོན་བསྡུས་པའི་གཞི་རྣམ་པར་ཤེས་ཀྱང་བྱ་སྟེ། རྣམ་གྲངས་སུ་གཏོགས་པའོ། །དེ་དག་ནི་ཡི་གེའི་ཕྱི་མོའི་ཡི་གེ་རྣམས་ཀྱི་དོན་ཐམས་ཅད་སྡུད་པར་རིག་པར་བྱ་སྟེ། དེ་དག་ཀྱང་འདི་ལྟ་སྟེ། ས་དང༌། དབང་པོ་དང༌། ཡུལ་དང༌།
ཆོས་དང༌། གང་ཟག་དང༌། ངོ་བོ་ཉིད་དང༌། བྱེ་བྲག་རྣམས་དང༌། བྱ་བ་དང༌། བདག་དང༌། གཞན་དང༌། དངོས་པོ་དང༌། དངོས་པོ་མེད་པ་དང༌། དྲི་བ་དང༌། ལན་གླན་པ་དང༌། སྦྱིན་པ་དང༌། བླང་བ་དང༌། ཡང་དག་པ་ཉིད་དང༌། ལོག་པ་ཉིད་རྣམས་དང༌། གནང་བ་དང༌། བཀག་པ་དང༌། ཡོན་ཏན་དང༌། སྐྱོན་དང༌། རྙེད་པ་དང༌། མ་རྙེད་པ་དང༌། སྙན་པ་དང༌། མི་སྙན་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། སྨད་པ་དང༌། བསྟོད་པ་དང༌། སྙིང་པོ་དང༌། མཆོག་དང༌། ཤེས་པ་དང༌། ཞུམ་པ་དང༌། སྒྱིད་ལུག་པ་དང༌། དེ་ཙམ་དང༌། གྲོགས་ལ་ཡང་དག་པར་བསྟན་པ་དང༌། ཡང་དག་པར་འཛིན་དུ་འཇུག་པ་དང༌། ཡང་དག་པར་གཟེངས་བསྟོད་པ་དང༌། ཡང་དག་པར་རབ་ཏུ་དགའ་བར་བྱ་བ་རྣམས་དང༌། བརྗོད་པའི་ཚིག་བདུན་ལ་དེ་དག་ཀྱང་རྣམ་པར་དབྱེ་བ་བདུན་པོ་རྣམས་ཡིན་ཏེ། སྐྱེས་པས་སྐྱེས་པ་ལ། སྐྱེས་པས་ཞེས་བྱ་བ་ལ་སོགས་པ་དང༌། གདགས་པ་དང༌། གདགས་སུ་མེད་པ་དང༌། བརྡ་སྤྲོད་པ་དང༌། ངེས་པར་སེམས་པ་དང༌། རྣམ་པར་རིག་པར་བྱེད་པ་དང༌། གནས་པ་དང༌། གཞག་པ་དང༌། འདུས་པ་དང༌། བསགས་པ་དང༌། ངེས་པ་དང༌། བསྒོ་བ་དང༌། ཡ་མཚན་དང༌། ཐོག་མ་དང༌། བར་མ་དང༌། ཐ་མ་རྣམས་དང༌། རིགས་ཀྱི་འདུ་ཤེས་པ་དང༌། དམ་བཅའ་བ་དང༌། ཐ་སྙད་དང༌། ནན་ཏན་དང༌། ལོངས་སྤྱད་པ་དང༌། བཙལ་བ་དང༌། ཀུན་ནས་བསྲུང་བ་དང༌། འཛེམ་པ་དང༌། སྙིང་བརྩེ་བ་དང༌། བཟོད་པ་དང༌། འཇིགས་པ་དང༌། སོ་སོར་རྟོག་བ་རྣམས་དང༌། ཕ་དང་མ་དང༌། བུ་ལ་སོགས་པ་ཡོངས་སུ་བཟུང་བ་དང༌། ཡོ་བྱད་ཐམས་ཅད་ཀྱང་བརྗོད་པར་བྱའོ། །སྐྱེ་བ་དང༌། རྒ་བ་ནས་འདོད་པས་ཕོངས་པའི་བར་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། ལང་ཚོ་དང༌། ནད་མེད་པ་དང༌། གསོན་པ་དང༌། སྡུག་པ་དང་ཕྲད་པ་དང༌། མི་སྡུག་པ་དང་བྲལ་བ་དང༌། འདོད་པ་འབྱོར་བ་དང༌། རྒུད་པ་དང༌། སྔོན་དུ་འོང་བ་དང༌། ཕྱིར་འགྲོ་བ་དང༌། མདུན་དུ་བལྟ་བ་དང༌། གཡས་གཡོས་སུ་བལྟ་བ་དང༌། བསྐུམ་པ་དང༌། བརྐྱང་བ་དང༌། འགྲོ་བ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དང༌། མི་ཉལ་
བ་དང༌། སྨྲ་བ་དང༌། མི་སྨྲ་བ་དང༌། གཉིད་དང༌། སྙོམ་པ་བསངས་བ་རྣམས་དང༌། ཟོས་པ་དང༌། འཐུངས་པ་དང༌། འཆོས་པ་དང༌། མྱངས་པ་དང༌། གོམས་པ་དང༌། མ་གོམས་པ་དང༌། བག་མེད་པ་དང༌། བག་ཡོད་པ་རྣམས་དང༌། བསྡུ་བ་དང༌། སྤྲོ་བ་དང༌། འགྲིབ་པ་དང༌། འཕེལ་བ་དང༌། རྟོག་པ་དང༌། དཔྱོད་པ་དང༌། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང༌། སྤྲོས་པ་དང༌། སྤྲོས་པ་མེད་པ་རྣམས་དང༌། ཉམས་སྟོབས་དང༌། ཉམ་ཆུང་བ་དང༌། བསྒྲུབ་པ་དང༌། སྒྲུབ་པ་དང༌། འཇུག་པ་དང༌། སོ་སོར་ངེས་པ་དང༌། འབྱོར་འབྲེལ་དང༌། མགྱོགས་པ་དང༌། གོ་རིམས་དང༌། དུས་དང༌། ཡུལ་དང༌། གྲངས་དང༌། ཚོགས་པ་དང༌། མ་ཚོགས་པ་དང༌། འདྲ་བ་དང༌། མི་འདྲ་བ་རྣམས་དང༌། འདྲེས་པ་དང༌། ཐུན་མོང་དང༌། མངོན་སུམ་དང༌། ལྐོག་དང༌། བསྒྲིབས་པ་བསྒྲགས་པ་རྣམས་དང༌། དགོས་པ་དང༌། རྒྱུ་དང༌། འདུལ་བ་དང༌། འཇིག་རྟེན་གྱི་སྤྱོད་པ་དང༌། ཡོ་བྱད་དང༌། བདེན་པ་དང༌། བརྫུན་པ་དང༌། ཕན་པ་དང༌། མི་ཕན་པ་དང༌། གནས་དང༌། དོགས་པ་དང༌། ལྟད་མོ་རྣམས་དང༌། འཇིགས་པ་མེད་པ་དང༌། འཇིགས་པ་མེད་པ་མ་ཡིན་པ་དང༌། གསལ་བ་དང༌། མི་གསལ་བ་དང༌། གསད་པ་དང༌། བཅིང་བ་དང༌། གོ་རར་བཞུག་པ་དང༌། གཅད་པ་དང༌། སྤྱུགས་པ་རྣམས་དང༌། གཤེ་བ་དང༌། ཁྲོ་བ་དང༌། བརྡེག་པ་དང༌། བསྡིགས་པ་དང༌། དམ་འཆའ་བ་དང༌། བསྲེག་པ་དང༌། བསྲུལ་བ་དང༌། བསྐམ་པ་དང༌། བཙོ་བ་དང༌། དྲིལ་བ་དང༌། རྙོག་པ་ཅན་དང༌། ཡིད་ཆེས་པའི་ལུང་དང༌། རྗེས་སུ་དཔག་པ་རྣམས་སོ། །ངོ་བོ་ཉིད་ལ་སོགས་བ་ལས་ཀྱི་བར་གྱི་རྣམ་པ་ལྔ་པོ་དེ་དག་ནི། གནས་གསུམ་པོ། གཟུགས་འདུས་པ་དང༌། སེམས་དང་སེམས་ལས་བྱུང་བའི་ཚོགས་དང༌། འདུས་མ་བྱས་པས་བསྡུས་པར་རིག་པར་བྱ་སྟེ། དེ་ལས་གཞན་པ་བཏགས་པ་ཡོད་པའི་ཆོས་རྣམས་ནི་མ་གཏོགས་སོ། །དེ་ལ་རེ་ཞིག་གཟུགས་འདུས་པ་ལ། ཆོས་ཐམས་ཅད་ནམ་སྐྱེ་བ་ན། རང་གི་ས་བོན་རྣམས་ལས་སྐྱེའོ། །ཇི་ལྟར་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ཏེ། གཟུགས་སྐྱེ་ཞེས་བྱ། དེ་དག་ལ་རྒྱུར་
བྱས་པའི་གཟུགས་བརྟེན་པ་དང༌། དེ་དག་ལ་གནས་པ་དང༌། དེ་དག་གིས་བརྟན་པ་དང༌། དེ་དག་གིས་འཕེལ་བར་བྱས་པར་ཡང་ཇི་ལྟར་འགྱུར་ཞེ་ན། འདི་ལྟར་ནང་དང་ཕྱི་རོལ་གྱི་འབྱུང་བ་དང༌། རྒྱུར་བྱས་པའི་གཟུགས་ཐམས་ཅད་ཀྱི་ས་བོན་རྣམས་ནི། ནང་གི་སེམས་ཀྱི་རྒྱུད་ལ་གནས་པ་ཡིན་ཏེ། དེ་ལ་ཇི་སྲིད་དུ་འབྱུང་བའི་ས་བོན་གྱིས་འབྱུང་བ་རྣམས་བསྐྱེད་པར་མ་གྱུར་པ། དེ་སྲིད་དུ་རྒྱུར་བྱས་པའི་གཟུགས་ཀྱི་ས་བོན་ཡང༌། རྒྱུར་བྱས་པའི་གཟུགས་སྐྱེད་པར་མི་བྱེད་དེ། འབྱུང་བ་རྣམས་སྐྱེས་ནས། དེ་རྒྱུར་བྱས་པའི་གཟུགས་རང་གི་ས་བོན་ཉིད་ལས་སྐྱེ་བ་ན། དེ་རྒྱུར་བྱས་ནས་སྐྱེས་ཞེས་བྱའོ། །དེ་སྐྱེས་པས་མངོན་དུ་འགྲོ་བའི་ཕྱིར་ཏེ་དེ་ལྟར་ན་འབྱུང་བ་རྣམས་ནི་དེ་བསྐྱེད་པ་ཡིན་ནོ། །རྒྱུར་བྱས་པའི་གཟུགས་ཇི་ལྟ་དེ་ལྟར་དེ་ལ་བརྟེན་ཅེ་ན། འདི་ལྟར་རྒྱུར་བྱས་པའི་གཟུགས་སྐྱེས་བ་དེ་འབྱུང་བའི་ཕྱོགས་དང་ཐ་དད་པ་མེད་པར་གནས་པའི་ཕྱིར་རོ། །ཇི་ལྟར་དེ་ལ་གནས་ཤེ་ན། འབྱུང་བ་ཆེན་པོའི་ཕན་པ་དང༌། གནོད་པ་དག་གིས་གྲུབ་པ་དང༌། བདེ་བ་གཅིག་པའི་ཕྱིར་རོ། །ཇི་ལྟར་དེས་བརྟན་པ་ཡིན་ཞེ་ན། དེ་ཡོད་པ་ཙམ་གྱིས་འཇིག་པར་མི་འགྱུར་བའི་ཕྱིར་རོ། །ཇི་ལྟར་འཕེལ་བར་བྱས་ཤེ་ན། ཁ་ཟས་སམ། གཉིད་ལོག་པ་འམ། ཚངས་པར་སྤྱོད་པ་ལ་གནས་པ་འམ། ཏིང་ངེ་འཛིན་ལ་བརྟེན་ན། དེ་ལ་གནས་པའི་ཕྱིར་ཞིང་འཕེལ་བ་དང༌། ཤིན་ཏུ་རྒྱས་པར་འགྱུར་ཏེ། དེ་བས་ན་འཕེལ་བར་བྱེད་པ་ཞེས་བྱའོ། །འབྱུང་བ་ཆེན་པོ་རྣམས་ཀྱི་རྣམ་པ་ལྔ་པོ་ནི། རྒྱུར་བྱས་པའི་གཟུགས་ལ་བྱེད་པ་ཡིན་པར་རིག་པར་བྱའོ། །གཟུགས་འདུས་པ་ལ་ཡང་རྡུལ་ཕྲ་རབ་ནི་ནམས་ཀྱང་སྐྱེ་བར་མི་འགྱུར་རོ། །སྐྱེ་བ་ན་རང་གི་ས་བོན་ལས་འདུས་པ་ཉིད་ཆུང་ངུ་འམ། འབྲིང་ངམ་ཆེན་པོ་སྐྱེ་པར་ཟད་ཀྱི། རྡུལ་ཕྲ་རབ་རྣམས་ཀྱིས་འདུས་པ་བསྐྱེད་པ་ནི་མ་ཡིན་ནོ། །རྡུལ་ཕྲ་རབ་ནི་བློས་ཚད་ཀྱི་མཐའ་ཡོངས་སུ་བཅད་པ་ལས་འདོགས་པར་ཟད་དེ། དེ་ལ་འདུས་པ་ཡང་ཕྱོགས་དང་བཅས་པ་ཡིན་ལ། རྡུལ་ཕྲ་རབ་ཀྱང་ཕྱོགས་དང་བཅས་པ་ཡིན་ཏེ། འོན་ཀྱང་འདུས་པ་ནི་ཡན་ལག་དང་བཅས་པ་ཡིན་གྱི། རྡུལ་ཕྲ་རབ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།
རྡུལ་ཕྲ་རབ་ཉིད་ཡན་ལག་ཡིན་ལ། དེ་ཡང་འདུས་པ་ཉིད་ལ་ཡོད་ཀྱི། རྡུལ་ཕྲ་རབ་རྣམས་ནི་རྡུལ་ཕྲ་རབ་གཞན་གྱི་མ་ཡིན་ཏེ། དེ་བས་ན་རྡུལ་ཕྲ་རབ་ནི་ཡན་ལག་དང་བཅས་པ་མ་ཡིན་ནོ། །ཐ་དད་པ་མེད་པ་ནི་ཡན་ལག་དང་བཅས་པ་རྣམ་པ་གཉིས་ཏེ། ཕྱོགས་གཅིག་གི་ཐ་དད་མེད་པ་ནི། འདི་ལྟ་སྟེ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དབང་པོ་མེད་པ་རྣམས་ཀྱི་འབྱུང་བའི་རྡུལ་ཕྲ་རབ་ལ་ནི། དབང་པོ་མ་གཏོགས་པ་རྣམས་དང༌། དབང་པོ་དང་བཅས་པ་ལ་ནི། དབང་པོ་དང་བཅས་པ་རྣམས་ཕྱོགས་གཅིག་གི་ཐ་དད་པ་མེད་པ་ཡིན་ནོ། །ཡུལ་གཅིག་པའི་ཕྱིར་འདྲེས་པའི་ཐ་དད་མེད་པ་ནི་འདི་ལྟ་སྟེ། འབྱུང་བའི་རྡུལ་ཕྲ་རབ་དེ་ཉིད་ལས་དེ་ལས་གཞན་པའི་འདུས་པའི་འབྱུང་བ་དང༌། འབྱུང་བ་ལས་གྱུར་པ་ཐ་དད་པ་མེད་དེ། གཟུགས་འདུས་པ་དེ་མཐའ་དག་ནི། རྫས་རྣམ་པ་སྣ་ཚོགས་རྡོ་ལ་ལེགས་པར་བཏགས་པ་ཆུ་དང་སྦྱར་བ་ལྟ་བུར་འདྲེས་པར་གྱུར་པའི་ཐ་དད་པ་མེད་པར་བལྟ་བར་བྱའི། ཏིལ་དང༌། མོན་སྲན་སྡེའུ་དང༌། མོན་སྲན་གྲེའུ་དང༌། རྒྱ་ཤུག་གི་འབྲུ་དང༌། རྒྱ་སྲན་ལ་སོགས་པའི་ཕུང་པོ་ལྟ་བུ་ནི་མ་ཡིན་ནོ། །རྒྱུར་བྱས་པའི་གཟུགས་ཐམས་ཅད་ཀྱང་འབྱུང་བ་ཆེན་པོའི་ཕྱོགས་ལ་གནས་པ་ཉིད་ཡིན་གྱི། འབྱུང་བ་ཆེན་པོའི་ཕྱོགས་དང་ཐ་དད་དུ་ནི་མི་གནས་ཏེ། འབྱུང་བ་ཆེན་པོ་རྣམས་ཀྱིས་ཕྱོགས་ཇི་ཙམ་ནོན་པ་རྒྱུར་བྱས་པའི་གཟུགས་ཀྱིས་ཀྱང་དེ་ཙམ་ནོན་ཏེ། དེའི་ཕྱིར་ཡང་རྒྱུར་བྱས་པའི་གཟུགས་ནི་འབྱུང་བ་ཆེན་པོ་ལ་བརྟེན་པ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་འབྱུང་བ་ཆེན་པོ་རྣམས་ནི། འབྱུང་བ་ཆེན་པོ་ཞེས་བྱ་སྟེ། ཆེན་པོར་འབྱུང་བའི་ཕྱིར་འབྱུང་བ་ཆེན་པོ་ཞེས་བྱའོ། །གཟུགས་འདུས་པ་དེ་དག་ཀྱང་མདོར་བསྡུ་ན། རྫས་རྣམ་པ་བཅུ་བཞི་ཡོད་དེ། འདི་ལྟ་སྟེ། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་དང༌། མིག་ལ་སོགས་པའི་དབང་པོའི་གཟུགས་ཅན་ལྔ་སྟེ། ཡིད་ཀྱི་སྤྱོད་ཡུལ་གྱི་གཟུགས་ཉིད་མ་གཏོགས་སོ། །དེ་ལ་དབང་པོ་གཟུགས་ཅན་གྱིས་བསྡུས་པའི་གཟུགས་འདུས་པ་ཐམས་ཅད་ནི་ཇི་སྐད་བསྟན་པའི་རྫས་ཐམས་ཅད་ཀྱི་ཁམས་དང་ལྡན་ནོ། །དབང་
པོ་གཟུགས་ཅན་གྱིས་བསྡུས་པ་ཇི་ལྟ་བར་དབང་པོ་གཟུགས་ཅན་གྱི་གནས་འབྱུང་བ་ཆེན་པོས་བསྡུས་པ་ཡང་དེ་བཞིན་ནོ། །དེ་ལས་གཞན་པའི་འདུས་པ་ནི་དབང་པོ་གཟུགས་ཅན་རྣམས་མ་གཏོགས་པར། དེ་ལས་གཞན་པའི་ཁམས་དང་ལྡན་ནོ། །དེ་ལ་མཚན་ཉིད་ཀྱིས་བསྡུ་པས་རྫས་བཅུ་བཞི་པོ་དེ་དག་ཏུ་གྱུར་ཏོ། །མཚན་ཉིད་ཀྱིས་ཆོས་བསྡུ་བ་དེ་ཉིད་ལ་བརྟེན་ནས། རྫས་ཀྱི་རྡུལ་ཕྲ་རབ་གདགས་སོ། །ཁམས་ཀྱིས་བསྡུས་བ་ནི། འདུས་པ་གང་ཁམས་ཇི་སྙེད་ལས་བྱུང་བ་དེ། རྫས་དེ་སྙེད་ཀྱིས་བསྡུས་པར་བརྗོད་པར་བྱའོ། །དབྱེར་མེད་པས་བསྡུས་པ་ནི་ནང་གི་འམ། ཕྱི་རོལ་གྱི་བསྡུས་པ་གང་ལ། མཚན་ཉིད་ཀྱིས་ཆོས་ཇི་སྙེད་དམིགས་པའི་རྫས་དེ་ཉིད་ཀྱིས་འདུས་པ་དེ་བསྡུས་པར་རིག་པར་བྱ་སྟེ། འདི་ལྟར་འདུས་པ་ལ་ལ་ནི། འབྱུང་བ་གཅིག་པུ་དམིགས་ཏེ། འདི་ལྟ་སྟེ། རྡོ་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང༌། དུང་དང༌། མན་ཤེལ་དང༌། བྱི་རུལ་སོགས་པ་དང༌། ཆུ་མིག་དང༌། མཚོ་དང༌། མཚེའུ་དང༌། ཆུ་ཀླུང་དང༌། འབབ་ཆུ་ལ་སོགས་པ་དང༌། མེ་ལྕེ་དང༌། མར་མེ་དང༌། སྒྲོན་མ་ལ་སོགས་པ་དང༌། ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་གི་རླུང་གི་དཀྱིལ་འཁོར་རྡུལ་དང་བཅས་པའམ། རྡུལ་མེད་པའི་རླུང་ལ་སོགས་པ་ལ་དམིགས་པ་ལྟ་བུའོ། །ལ་ལ་ལ་ནི་གཉིས་དམིགས་ཏེ། འདི་ལྟ་སྟེ། ཆབ་བྲོམ་དང༌། ཤིང་རློན་པ་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་རློན་པ་ལ་སོགས་པ་འམ། ནོར་བུ་ལ་སོགས་བ་བསྲེགས་པ་ལྟ་བུའོ། །ལ་ལ་ལ་ནི་གསུམ་དམིགས་ཏེ། འདི་ལྟ་སྟེ། ཤིང་ལ་སོགས་པ་དེ་དག་ཉིད་བསྲེགས་སམ་བསྐྱོད་པ་ལྟ་བུའོ། །ལ་ལ་ལ་ནི་བཞི་ཆར་དམིགས་ཏེ། འདི་ལྟ་སྟེ། ནང་གི་གཟུགས་འདུས་པ་ལྟ་བུ་དག་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ནང་གི་སོ་སོ་རང་གི་སྐྲ་ལ་སོགས་པ་ནས་ཕྱི་ས་ལ་ཐུག་པའི་བར་གང་ཡིན་པ་དེ་ནི་ནང་གི་སའི་ཁམས་སོ། །གཅིན་ལ་སོགས་པ་ནི་ཆུའི་ཁམས་སོ། །གང་གིས་ལུས་འདི་ཀུན་ནས་གདུངས་ཤིང་ཀུན་ཏུ་གདུངས་པ་དང༌། གང་གི་ཤས་ཆེ་བས། རིམས་ཀྱིས་བཏབ་པོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དེ་ནི་མེའི་ཁམས་སོ། །རླུང་གྱེན་དུ་རྒྱུ་བ་ལ་སོགས་པ་ནི་
རླུང་གི་ཁམས་སོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་ན་གང་ལ་གང་དམིགས་པ་དེ་ནི་དེའི་མཚན་ཉིད་ཀྱིས་ཡོད་ལ་གང་མི་དམིགས་པ་དེ་ནི་མེད་དོ། །སྒྲ་ནི་གཟུགས་འདུས་པ་ཐམས་ཅད་ལ་ཁམས་ཀྱི་ཚུལ་གྱིས་ཡོད་དོ། །མཚན་ཉིད་ཀྱིས་ནི་ལ་ལ་ལ་ནི་ད་ལྟར་བྱུང་བའི་སྦྱོར་བས་བསྐྱེད་པས་ཡོད་དོ། །རླུང་ཡང་རྣམ་པ་གཉིས་ཏེ། རྒྱུད་བརྟན་པ་དང༌། རྒྱུད་མི་བརྟན་པའོ། །དེ་ལ་རྒྱུད་བརྟན་པ་ནི། འདུས་པ་དེ་དང་དེ་དག་ན་འཁྲུལ་འཁོར་གྱིས་རྒྱུ་བ་གང་ཡིན་པའོ། །རྒྱུད་མི་བརྟན་པ་ནི། དཀྱིལ་འཁོར་ན་རྒྱུ་བ་དང༌། བར་སྣང་ལ་རྒྱུ་བའོ། །དེ་ལ་མུན་པའི་གཟུགས་དང༌། སྣང་བའི་གཟུགས་དང༌། ཁང་སྟོང་ལ་ནི་ནམ་མཁའི་ཁམས་ཞེས་བྱའོ། །མུན་པའི་གཟུགས་དེ་ཡང༌། འཇིག་རྟེན་གྱི་བར་དག་གི་ནི་བརྟན་པའོ། །གཞན་དག་ན་ཡོད་པ་ནི་མི་བརྟན་པའོ། །དེ་བཞིན་དུ་སྣང་བའི་གཟུགས་ལ་ཡང༌། ལྷ་རྣམས་ཀྱི་རང་ལས་འོད་འབྱུང་བ་རྣམས་ནི་བརྟན་པའོ། །གཞན་ན་ཡོད་པ་ནི་མི་བརྟན་པ་སྟེ། སྣང་བ་དང་མུན་པ་དེ་ཡང༌། ཁ་དོག་ཤས་ཆེ་བའི་འདུས་པ་ཡིན་པར་བལྟ་བར་བྱའོ། །གཟུགས་འདུས་པའི་ས་བོན་སེམས་ལ་གནས་པའི་མཐུ་དང༌། །དེ་དང་འདྲ་བའི་རྐྱེན་ཡོད་པ་ལས། རེས་འགའ་ནི་འདུས་པ་ཆུང་ངུའི་མཇུག་ཐོགས་སུ་འདུས་པ་ཆེན་པོ་འབྱུང་བར་འགྱུར་རོ། །རེས་འགའ་ནི་འདུས་པ་ཆེན་པོའི་མཇུག་ཐོགས་སུ་འདུས་པ་ཆུང་ངུ་འབྱུང་བར་འགྱུར་བ་ཡང་ཡོད་དེ། དེས་ན་འདུས་པ་རྣམས་ཀྱི་འབྲི་བ་དང་སྐྱེ་བ་མངོན་ནོ། །སྲ་བ་ཉིད་གང་ཞེ་ན། སའོ། །སྲ་བར་གྱུར་པ་གང་ཞེ་ན། དེའི་ས་བོན་གང་ཡིན་པའོ། །ཡང་སྲ་བ་དེ་ཉིད་ཁམས་སོ། །སྲ་བར་གྱུར་པ་ནི་སྐྲ་ལ་སོགས་པ་འམ། བོང་བ་ལ་སོགས་པའོ། །ཟིན་པར་གྱུར་པ་གང་ཞེ་ན། ཟིན་པ་ནང་གང་ཡིན་པའོ། །ཟིན་པར་གྱུར་པ་མ་ཡིན་པ་གང་ཞེ་ན། མ་ཟིན་པ་ཕྱི་རོལ་གང་ཡིན་པའོ། །ཡང་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ས་བོན་ཟིན་པར་གྱུར་པ་ནི། མཚན་ཉིད་ཟིན་པ་ཡིན་ནོ། །དེ་ལས་བཟློག་པ་ཟིན་པར་གྱུར་པ་མ་ཡིན་པ་ནི་མ་ཟིན་པའོ། །ཡང་ཟིན་པ་ནི་ཟིན་པར་གྱུར་པ་སྟེ། བདག་ཏུ་ཁས་ལེན་པའི་ཕྱིར་རོ། །ཟིན་པ་ནི་སྔ་མ་
བཞིན་ནོ། །ཆུའི་ཁམས་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཅི་རིགས་པར་བལྟ་བར་བྱའོ། །དེ་ལ་གཟུགས་འདུས་པ་ཐམས་ཅད་ལ་ནི་དུས་ཐམས་ཅད་དུ་འབྱུང་བ་ཆེན་པོ་ཐམས་ཅད་ཀྱི་ཁམས་ཡོད་དོ། འདི་ལྟ་སྟེ། ཤིང་སྐམ་པོ་གཙུབས་པ་ལས་མེ་འབྱུང་བ་དང༌། དེ་བཞིན་དུ་རྡོ་བརྡབས་པ་ལས་མེ་འབྱུང་བ་དང༌། དེ་བཞིན་དུ་ལྕགས་དང་དངུལ་དང་གསེར་ལ་སོགས་པ་མེ་འཇེབས་པས་བསྲེགས་ན་བརྐྱང་བརྐྱང་པོར་འགྱུར་བ་དང༌། དེ་བཞིན་དུ་ཆུ་ཤེལ་ལས་ཆུ་འབྱུང་བ་དང༌། དེ་བཞིན་དུ་རྫུ་འཕྲུལ་ཅན་གྱི་སེམས་ཀྱི་མོས་པའི་དབང་གིས་ས་ལ་སོགས་པ་དང༌། གསེར་ལ་སོགས་པ་འབྱུང་བར་སྣང་ངོ༌། །གཟུགས་འདུས་པ་དེ་ཡང་རྒྱུ་རྣམ་པ་གསུམ་གྱིས་འཇུག་པར་འགྱུར་ཏེ། རྒྱས་པ་ལས་བྱུང་བ་དང༌། རྒྱུ་མཐུན་པ་ལས་བྱུང་བ་དང༌། རྣམ་པར་སྨིན་པ་ལས་བྱུང་བའོ། །དེ་ལ་རྒྱས་པ་ལས་བྱུང་བ་ནི་རྣམ་པ་གཉིས་ཏེ། ཡུལ་ལ་ཁྱབ་པའི་རྒྱས་པ་ལས་བྱུང་བ་དང༌། མཚན་ཉིད་བརྟས་པར་བྱེད་པའི་རྒྱས་པ་ལས་བྱུང་བའོ། །རྒྱུ་མཐུན་པ་ལས་བྱུང་བ་ནི་རྣམ་པ་བཞི་སྟེ། རྒྱས་པའི་རྒྱུ་མཐུན་པ་ལས་བྱུང་བ་དང༌། རྣམ་པར་སྨིན་པའི་རྒྱུ་མཐུན་པ་ལས་བྱུང་བ་དང༌། གྱུར་པའི་རྒྱུ་མཐུན་པ་ལས་བྱུང་བ་དང༌། །རང་བཞིན་གྱི་རྒྱུ་མཐུན་པ་ལས་བྱུང་བའོ། །རྣམ་པར་སྨིན་པ་ལས་བྱུང་བ་ནི་རྣམ་པ་གཉིས་ཏེ། རྣམ་པར་སྨིན་པར་སྐྱེས་པ། རྣམ་པར་སྨིན་པར་བྱུང་བ་དང༌། རྣམ་པར་སྨིན་པ་ལས་སྐྱེས་པ། རྣམ་པར་སྨིན་པ་ལས་བྱུང་པའོ། །གཟུགས་འདུས་པ་དེ་ཡང་མདོར་བསྡུ་ན། གནས་དྲུག་ལ་བརྟེན་ནས་འཇུག་སྟེ། གཞིའི་གནས་དང༌། རྟེན་གྱི་གནས་དང༌། ཡོ་བྱད་ཀྱི་གནས་དང༌། དབང་པོའི་རྟེན་གྱི་གནས་དང༌། དབང་བོའི་གནས་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཀྱི་གནས་སོ། །དེ་ལ་སེམས་དང་སེམས་ལས་བྱུང་བའི་ཚོགས་ལ། སེམས་ཀྱང་དམིགས་ལ། སེམས་ལས་བྱུང་བ་ལྔ་བཅུ་རྩ་གཅིག་པོ་ཇི་སྐད་སྨོས་པ་འདི་ལྟ་སྟེ། ཡིད་ལ་བྱེད་པ་ལ་སོགས་པ་ནས། རྟོག་པ་དང་དཔྱོད་པ་ལ་ཐུག་པའི་བར་དག་ཀྱང་དམིགས་སོ། །སེམས་ལས་བྱུང་བའི་ཆོས་དེ་དག་ལས། དུ་ཞིག་ས་ཐམས་ཅད་པ། སེམས་ཅན་ཐམས་ཅད་དུ། དུས་ཐམས་ཅད་དུ། ཐམས་ཅད་འབྱུང་ཞེ་ན། སྨྲས་པ། ཡིད་ལ་
བྱེད་པ་ལ་སོགས་པ་ནས་སེམས་པ་ལ་ཐུག་པ་ཡན་ཆད་ལྔ་པོ་རྣམས་སོ། །དུ་ཞིག་ས་ཐམས་ཅད་པ། ཐམས་ཅད་དུ་འབྱུང་ལ། དུས་ཐམས་ཅད་དུ་མ་ཡིན་ཞིང༌། ཐམས་ཅད་མ་ཡིན་ཞེ་ན། ལྔ་ཁོ་ན་སྟེ། འདུན་པ་ནས་ཤེས་རབ་ལ་ཐུག་པ་ཡན་ཆད་དོ། །དུ་ཞིག་དགེ་བ་ཁོ་ན་ཡིན་ལ། ཐམས་ཅད་དུ་མ་ཡིན་མོད་ཀྱི། ས་ཐམས་ཅད་པ་ཡིན་ཏེ། དུས་ཐམས་ཅད་དུ་མ་ཡིན་ལ། ཐམས་ཅད་ཀྱང་མ་ཡིན་ཞེ་ན། དད་པ་ལ་སོགས་པ་ནས། རྣམ་པར་མའི་འཚེ་བ་ལ་ཐུག་པ་ཡན་ཆད་དོ། །དུ་ཞིག་ཉོན་མོངས་ཅན་ཁོ་ན་ཡིན་ལ། ས་ཐམས་ཅད་པ་ཡང་མ་ཡིན། དུས་ཐམས་ཅད་དུ་ཡང་མ་ཡིན། ཐམས་ཅད་ཀྱང་མ་ཡིན་ཞེ་ན། འདོད་ཆགས་ལ་སོགས་པ་ནས། ཤེས་བཞིན་མ་ཡིན་པ་ལ་ཐུག་པ་ཡན་ཆད་དོ། །དུ་ཞིག་ཐམས་ཅད་དུ་འབྱུང་ལ། ས་ཐམས་ཅད་པ་མ་ཡིན། དུས་ཐམས་ཅད་དུ་མ་ཡིན། ཐམས་ཅད་ཀྱང་མ་ཡིན་ཞེ་ན། འགྱོད་པ་ལ་སོགས་པ་ནས་སྤྱོད་པ་ལ་ཐུག་པ་ཡན་ཆད་དོ། །དེ་ལ་དབང་པོ་ཡང་ཡོངས་སུ་མ་ཉམས་ཤིང༌། ཡུལ་ཡང་སྣང་བར་གྱུར་ལ། དེའི་འོག་ཏུ་དེ་དང་འབྱུང་བ་ཡིད་ལ་བྱེད་པ་ཉེ་བར་གནས་པར་གྱུར་ན། རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ། །དབང་པོ་ཡོངས་སུ་མ་ཉམས་པ་ཇི་ལྟ་བུ་ཡིན་ཞེ་ན། རྒྱུ་གཉིས་ཀྱིས་ཏེ། མ་རུང་བར་མ་གྱུར་པ་དང༌། རྟུལ་བའི་རང་བཞིན་མ་ཡིན་པས་སོ། །ཡུལ་སྣང་བར་གྱུར་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། རྟེན་ཏམ། ངོ་བོ་ཉིད་དམ། ཡུལ་ལམ། དུས་སམ། གསལ་བའམ། མི་གསལ་བའམ། དངོས་པོ་མཐའ་དག་གམ་ཕྱོགས་གཅིག་ཀྱང་རུང་སྟེ། གལ་ཏེ་སྒྲིབ་པ་བཞི་པོ་དག་གིས་མ་བསྒྲིབས་པ་དང༌། མ་བསྐལ་པ་ཡིན་ཏེ། སྒྲིབ་གཡོག་གི་སྒྲིབ་པ་དང༌། མི་སྣང་བར་བྱེད་པ་དང༌། ཟིལ་གྱིས་ནོན་པ་དང༌། མིག་སླུ་བར་བྱེད་པས་མ་བསྒྲིབས་ཤིང༌། ཡུལ་གྱིས་བསྐལ་པ་དང༌། ཆུང་དུས་བསྐལ་པ་གཉིས་ཀྱིས་མ་བསྐལ་པའོ། །དེ་དང་འབྱུང་བ་ཡིན་ལ་བྱེད་པ་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། རྣམ་པ་བཞིས་འགྱུར་ཏེ་འདུན་པའི་སྟོབས་དང༌། དྲན་པའི་སྟོབས་དང༌། ཡུལ་གྱི་སྟོབས་དང༌། གོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །འདུན་པའི་སྟོབས་ཀྱིས་ཇི་ལྟ་བུ་ཞེ་ན། གང་
རྗེས་སུ་ཆགས་པ་དེར་སེམས་ཤས་ཆེར་འཇུག་པ་འབྱུང་བའོ། །དྲན་པའི་སྟོབས་ཀྱིས་ཇི་ལྟ་བུ་ཞེ་ན། གང་དུ་ཤིན་ཏུ་མཚན་མ་བཟུང་བ་དང༌། ཤིན་ཏུ་རབ་ཏུ་བཀྲ་བར་བཟུང་བ་དེར་སེམས་ཤས་ཆེར་འཇུག་པ་འབྱུང་བའོ། །ཡུལ་གྱི་སྟོབས་ཀྱིས་ཇི་ལྟ་བུ་ཞེ་ན། གང་ན་ཡུལ་ཆེར་རགས་པའམ། ཆེས་ཡིད་དུ་འོང་བ་ཉེ་བར་གནས་པ་དེར་སེམས་ཤས་ཆེར་འཇུག་པ་འབྱུང་བའོ། །གོམས་པའི་སྟོབས་ཀྱིས་ཇི་ལྟ་བུ་ཞེ་ན། ཤིན་ཏུ་འདྲིས་ཤིང༌། ཤིན་ཏུ་ཡོངས་སུ་འདྲིས་པར་གྱུར་པ་གང་ཡིན་པ་དེར་སེམས་ཤས་ཆེར་འཇུག་པ་འབྱུང་བའོ། །དེ་ལྟ་མ་ཡིན་ན་དམིགས་པ་གཅིག་ལ་རྟག་ཏུ་ཡིད་ལ་བྱེད་པ་རྣམ་པ་གཅིག་པུ་འབྱུང་བར་འགྱུར་རོ། །རྣམ་པར་ཤེས་པའི་ཚོགས་ལྔའི་སྐད་ཅིག་གཉིས་ལྷན་ཅིག་ཏུ་འབྱུང་བ་ཡང་མེད་ལ། ཕན་ཚུན་གྱི་མཇུག་ཐོགས་སུ་ཕན་ཚུན་འབྱུང་བར་འགྱུར་བར་ཡང་མ་ངེས་སོ། །སྐད་ཅིག་གཅིག་ལ་བྱུང་བའི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་མཇུག་ཐོགས་སུ། ཡིད་ཀྱི་རྣམ་པར་ཤེས་པ་ངེས་པར་འབྱུང་བར་འགྱུར་རོ། །དེ་མ་ཐག་ཏུ་གལ་ཏེ་རྣམ་པར་གཡེང་བར་གྱུར་ན་ནི། དེའི་འོག་ཏུ་རྣམ་པར་ཤེས་པ་འམ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལས་གང་ཡང་རུང་བ་ཞིག་འབྱུང་བར་འགྱུར་རོ། །གལ་ཏེ་རྣམ་པར་གཡེང་བར་མ་གྱུར་ན་ནི། དེའི་འོག་ཏུ་ངེས་པ་ཞེས་བྱ་བ་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་པ་འབྱུང་བར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཚོལ་བ་དང༌། ངེས་བདེ་གཉིས་ཀྱིས་ཀྱང་དེ་ལ་རྣམ་པར་རྟོག་པར་བྱེད་དོ། །དེ་ལ་ཉོན་མོངས་པ་ཅན་ནམ། དགེ་བའི་ཆོས་ནི་རྒྱུ་གཉིས་པ་རྣམ་པར་རྟོག་པ་དང༌། སྔོན་གྱི་འཕེན་པས་འབྱུང་བར་འགྱུར་ཏེ། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ལ་ནི་རྒྱུ་གཉིས་ཀས་འབྱུང་ངོ༌། །རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལ་ནི་སྔོན་གྱི་འཕེན་པ་ཁོ་ནས་འབྱུང་ངོ༌། །ཉོན་མོངས་པ་ཅན་དང༌། དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པའི་འཕེན་པ་ལས་དེ་མ་ཐག་ཏུ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་ཉོན་མོངས་པ་ཅན་དང༌། དགེ་བའི་ཆོས་འབྱུང་བར་འགྱུར་གྱི་རྣམ་པར་རྟོག་པས་ནི་མ་ཡིན་ཏེ། དེ་དག་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ནི། ཡིད་
ཀྱི་རྣམ་བར་ཤེས་བའི་རྗེས་སུ་འཇུག་པ་ཞེས་བྱའོ། །གང་སེམས་གཅིག་གམ། དེའི་ཕྱི་མ་རྣམ་ཤེས་བྱ་བ་དེ་ལ། སེམས་གཅིག་ཏུ་ཇི་ལྟར་བཞག་ཅེ་ན། ཐ་སྙད་གདགས་པའི་སེམས་ཀྱི་སྐད་ཅིག་གིས་བཞག་གི་འཇུག་པའི་སྐད་ཅིག་ནི་མ་ཡིན་ནོ། །ཐ་སྙད་གདགས་པར་སེམས་གཅིག་གང་ཞེ་ན། ཚིག་གཅིག་ལ་བརྟེན་ནས་དངོས་པོ་གཅིག་ལ་དུས་ཇི་ཙམ་གྱིས་རྣམ་པར་རིག་པ་འབྱུང་བ་དེ་ཅམ་ལ་སེམས་གཅིག་ཅེས་བྱའོ། །དེ་དང་འདྲ་བར་རྒྱུ་བ་དེ་ལ་ཡང་གཅིག་ཅེས་བྱའོ། །མི་འདྲ་བ་ནི་དེ་ལས་གཉིས་པ་ཞེས་བྱའོ། །དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་རྩོལ་བ་མེད་ཅིང༌། རྣམ་པར་གཡེང་བར་གྱུར་པ་དང༌། དམིགས་པ་མ་འདྲིས་པ་ལ་ནི་འདུན་པ་ལ་སོགས་པ་འཇུག་པ་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་ཉེ་བར་གནས་བ་ལས་བྱུང་བ་ཞེས་བརྗོད་པར་བྱས་ཏེ། འདས་པ་ལ་དམིགས་པ་ཁོ་ནའོ། །རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་མཇུག་ཐོགས་སུ་བྱུང་བའི་ཡིད་ལ་ཚོལ་བ་འམ། ངེས་པ་ནི་གལ་ཏེ། དེའི་ཡུལ་དེའི་དམིགས་པ་ཡིན་ན། ད་ལྟར་གྱི་ཡུལ་ཅན་ཁོ་ན་ཞེས་བྱའོ། །དེ་ལ་རྣམ་པར་ཤེས་པས་ནི་དངོས་པོ་མཐའ་དག་གི་མཚན་ཉིད་རྣམ་པར་ཤེས་པར་བྱེད་དོ།། དེ་ཉིད་རྣམ་པར་རིག་པར་མ་གྱུར་པ་ནི། རྣམ་པར་ཤེས་པར་བྱ་བའི་མཚན་ཉིད་ཅེས་བྱ་སྟེ། དེ་ནི་ཡིད་ལ་བྱེད་པས་རྣམ་པར་ཤེས་པར་བྱེད་དོ། །དེ་ཉིད་ལ་སྡུག་པ་དང་མི་སྡུག་པ་དང་གཉིས་ཀ་ལས་བཟློག་པའི་མཚན་ཉིད་གང་ཡིན་པ་དེ་ནི་རེག་པས་རིག་པར་བྱེད་དོ། །དེ་ཉིད་ལ་ཕན་པ་དང་གནོད་པ་དང༌། གཉིས་ཀ་ལས་བཟློག་པའི་མཚན་ཉིད་གང་ཡིན་པ་དེ་ནི་ཚོར་བས་རིག་པར་བྱེད་དོ། །དེ་ཉིད་ལ་ཐ་སྙད་ཀྱི་མཚན་མའི་མཚན་ཉིད་གང་ཡིན་པ་ནི་འདུ་ཤེས་ཀྱིས་རིག་པར་བྱེད་དོ། །དེ་ཉིད་ལ་ཡང་དག་པ་དང་ལོག་པ་དང་གཉིས་ཀ་ལས་བཟློག་པའི་བསྒྲུབ་པའི་མཚན་མའི་མཚན་ཉིད་གང་ཡིན་པ་དེ་ནི་སེམས་པས་རིག་པར་བྱེད་དེ། དེ་ལྟ་བས་ན་སེམས་ལས་བྱུང་བ་ཡིད་ལ་བྱེད་པ་ལ་སོགས་པ་ནས། སེམས་པ་ལ་ཐུག་པ་དེ་དག་ནི་ས་ཐམས་ཅད་པ། ཐམས་ཅད་ལ་དུས་ཐམས་ཅད་དུ་ཐམས་ཅད་འབྱུང་བར་འགྱུར་རོ། །ཡིད་ལ་བྱེད་པ་གང་ཞེ་ན། སེམས་ཀྱི་
འཇུག་པའོ། །རིག་པ་གང་ཞེ་ན། གསུམ་འདུས་པའོ། །ཚོར་བ་གང་ཞེ་ན་མྱོང་བའོ། །འདུ་ཤེས་གང་ཞེ་ན། ཀུན་ཤེས་པའོ། །སེམས་པ་གང་ཞེ་ན། སེམས་མངོན་པར་འདུ་བྱེད་པའོ། །འདུས་པ་གང་ཞེ་ན། གང་འདོད་པའི་དངོས་པོ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་ཞིང་བྱེད་འདོད་པའོ། །མོས་པ་གང་ཞེ་ན། གང་དེས་པའི་དངོས་པོ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་ཞིང་ངེས་པར་འཛིན་ནུས་པའོ། །དྲན་པ་གང་ཞེ་ན། གང་འདྲིས་པའི་དངོས་པོ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་ཞིང་མངོན་པར་བརྗོད་པའོ། །ཏིང་ངེ་འཛིན་གང་ཞེ་ན། གང་བརྟག་པའི་དངོས་པོ་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་ཞིང་ངེས་པར་སེམས་པ་ལ་བརྟེན་ནས་སེམས་རྩེ་གཅིག་པའོ། །ཤེས་རབ་གང་ཞེ་ན། གང་བརྟག་པའི་དངོས་པོ་ཉིད་དེ་དང་དེ་ལ་དེའི་རྗེས་སུ་འགྲོ་ཞིང༌། ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། རིགས་པས་བསྐྱེད་པ་འམ། རིགས་པ་མ་ཡིན་པས་བསྐྱེད་པའམ། རིགས་པས་བསྐྱེད་པ་ཡང་མ་ཡིན་རིགས་པ་མ་ཡིན་པས་བསྐྱེད་པ་ཡང་མ་ཡིན་པའོ། །དེ་ལ་ཡིད་ལ་བྱེད་པ་ལས་ཅི་བྱེད་ཅེ་ན། སེམས་གཏོད་པའི་ལས་བྱེད་དོ། །རེག་པ་ལས་ཅི་བྱེད་ཅེ་ན། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་རྣམས་ཀྱི་གནས་སྦྱིན་པའི་ལས་བྱེད་དོ། །ཚོར་བ་ལས་ཅི་བྱེད་ཅེ་ན། སྲིད་པ་སྐྱེ་བ་དང༌། བཏང་སྙོམས་སུ་འཇོག་པའི་ལས་བྱེད་དོ། །འདུ་ཤེས་ལས་ཅི་བྱེད་ཅེ་ན། དམིགས་བ་ལ་སེམས་མཚན་མར་འཛིན་པའི་ཐ་སྙད་ཀྱི་ལས་བྱེད་དོ། །སེམས་པ་ལས་ཅི་བྱེད་ཅེ་ན། རྟོག་པ་དང༌། ལུས་དང༌། ངག་གི་ལས་ལ་སོགས་པ་སློང་བའི་ལས་བྱེད་དོ། །འདུན་པ་ལས་ཅི་བྱེད་ཅེ་ན། བརྩོན་འགྲུས་རྩོམ་པ་སྐྱེད་པའི་ལས་བྱེད་དོ། །མོས་པ་ལས་ཅི་བྱེད་ཅེ་ན། ཡོན་ཏན་ནམ་ཉེས་པ་འམ། གཉི་ག་མ་ཡིན་པས་དམིགས་པ་ལ་དགའ་བར་བྱེད་པའི་ལས་བྱེད་དོ། །དྲན་པ་ལས་ཅི་བྱེད་ཅེ་ན། ཡུན་རིང་པོ་ནས་བསམས་པ་དང༌། བྱས་པ་དང༌། སྨྲས་པ་དང༌། དྲན་པ་ལས་རྗེས་སུ་དྲན་པའི་ལས་བྱེད་དོ། །ཏིང་ངེ་འཛིན་ལས་ཅི་བྱེད་ཅེ་ན། ཡེ་ཤེས་ཀྱི་གནས་སྦྱིན་པའི་ལས་བྱེད་དོ། །ཤེས་རབ་ལས་ཅི་བྱེད་ཅེ་ན། སྤྲོས་པ་རྒྱུ་བ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། མཐུན་
པ་ལ་སྤྱོད་པའི་ལས་བྱེད་དོ། །དེ་ལ་དུས་གསུམ་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། ས་བོན་རྣམས་ཀྱི་ནི་ཆོས་དེ་ལས་ཐ་མི་དད་པས་ན། འབྲས་བུ་བྱིན་མ་བྱིན་ལས་ཆོས་དེ་རྣམ་པར་གཞག་པ་བཞིན་དུ་དེ་ཡང་རྣམ་པར་གཞག་གོ །འབྲས་བུ་རྣམས་ཀྱི་ནི་འགགས་པའི་མཚན་ཉིད་གང་ཡིན་པ་དེ་ནི་འདས་པའོ། །རྒྱུ་ཡོད་ལ་མ་བྱུང་བའི་མཚན་ཉིད་ནི་མ་འོངས་པའོ། །བྱུང་ལ་མ་འགགས་པའི་མཚན་ཉིད་ནི་ད་ལྟར་བྱུང་བའོ། །སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང༌། མི་རྟག་པ་ཉིད་ཇི་ལྟར་རྣམ་པར་གཞག་ཅེ་ན། རྣམ་པར་ཤེས་པའི་རྒྱུད་ཐམས་ཅད་ལ་ནི་ས་བོན་གྱི་རྒྱུད་ཐམས་ཅད་ལྷན་ཅིག་རྒྱུ་བར་རྣམ་པར་གཞག་སྟེ། རྐྱེན་ཡོད་ལ། རྐྱེན་ཡོད་པའི་དབང་གིས་རྒྱུད་སྔ་ནས་མ་བྱུང་བ་ལས་དང་པོ་ཆོས་གང་འབྱུང་བ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ཞེས་བྱའོ། །དེ་ཉིད་གཞན་དུ་འགྱུར་བ་ནི་རྒ་བའོ། །དེ་ལ་ཡང་རྣམ་པ་གཉིས་ཏེ། གཞན་ཉིད་དུ་གཞན་དུ་འགྱུར་བ་དང༌། ཐ་དད་པས་གཞན་དུ་འགྱུར་རོ། །དེ་ལ་འདྲ་བར་འབྱུང་བ་ནི་གཞན་ཉིད་དུ་གཞན་དུ་འགྱུར་བའོ། །མི་འདྲ་བར་འབྱུང་བ་ནི་ཐ་དད་པར་གཞན་དུ་འགྱུར་བའོ། །སྐྱེས་མ་ཐག་པའི་སྐྱེ་བ་ཙམ་གྱི་སྐད་ཅིག་རྗེས་སུ་འཇུག་པ་ནི་གནས་པའོ། སྐྱེ་བ་ནི་སྐད་ཅིག་ཕན་ཆད་སྐད་ཅིག་མི་གནས་པ་ནི་མི་རྟག་པ་ཉིད་དེ། དེ་དག་ཀྱང་ཆོས་དེ་ཉིད་ཀྱི་དུས་ཀྱི་བྱེ་བྲག་ལས་མཚན་ཉིད་བཞིར་འགྱུར་རོ། །རྐྱེན་ནི་བཞི་སྟེ། རྒྱུའི་རྐྱེན་དང༌། མཚུངས་པ་དེ་མ་ཐག་པའི་རྐྱེན་དང༌། དམིགས་པའི་རྐྱེན་དང༌། བདག་པོའི་རྐྱེན་དང༌། དེ་ལ་ས་བོན་གྱི་རྒྱུའི་རྐྱེན་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་ནི། རྣམ་པར་ཤེས་པ་གང་གི་མཇུག་ཐོགས་སུ་རྣམ་པར་ཤེས་པ་གང་དག་འབྱུང་བར་ངེས་པ་དེ་ནི་དེ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཏོ། །དམིགས་པའི་རྐྱེན་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་གང་དག་གི་དམིགས་པ་གང་ཡིན་པའོ།། བདག་པོའི་རྐྱེན་ནི་ས་བོན་མ་གཏོགས་པའི་གནས་གང་ཡིན་པ་སྟེ། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པའི་མིག་དང༌། དེའི་གྲོགས་སུ་གཏོགས་པའི་ཆོས་གང་ཡིན་པ་རྣམས་སོ། །རྣམ་པར་ཤེས་པ་ལྷག་མ་རྣམས་ཀྱང་དེ་དང་འདྲ་བ་སྟེ། འདོད་པ་དང་མི་འདོད་པའི་འབྲས་བུ་
ཡོངས་སུ་འཛིན་པའི་ཕྱིར། དགེ་བ་དང་མི་དགེ་བ་ཉིད་གང་ཡིན་པ་དང༌། དེ་ལྟ་བུ་དང་མཐུན་པ་རྣམས་ནི་བདག་པོའི་རྐྱེན་ཏོ། །དེ་ལ་ས་བོན་ལས་ནི་རྒྱུའི་རྐྱེན་རྣམ་པར་གཞག་གོ །ངོ་བོ་ཉིད་ལས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་རྣམ་པར་གཞག་གོ །དམིགས་པ་ལས་ནི་དེ་ཉིད་རྣམ་པར་གཞག་གོ །གནས་དང་གྲོགས་ལ་སོགས་པ་ལས་ནི་བདག་པོའི་རྐྱེན་རྣམ་པར་གཞག་གོ །རྣམ་པར་ཤེས་པ་འབྱུང་བའི་རྒྱུ་གང་དག་ཡིན་པ་དང༌། རྐྱེན་གང་དག་ཡིན་པ་ཞེས་གང་བསྟན་པ་དེ་ལ། བཞི་པོ་འདི་དག་ཉིད་ལ་རྒྱུའི་རྐྱེན་གཅིག་པོ་ནི། རྒྱུ་ཡང་ཡིན་ལ། རྐྱེན་ཡང་ཡིན་ནོ། །ལྷག་མ་རྣམས་ནི་རྐྱེན་ཉིད་དོ། །དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ཞེས་གང་བསྟན་པ་ལ། དེ་དག་གི་རབ་ཏུ་དབྱེ་བ་གང་ཞེ་ན། དགེ་བ་ནི་རྣམ་པ་གཅིག་སྟེ། ཁ་ན་མ་ཐོ་བ་མེད་པའི་དོན་གྱིས་སོ། །རྣམ་པ་གཉིས་ཏེ། སྐྱེས་ནས་ཐོབ་པ་དང༌། སྦྱོར་བ་ལས་བྱུང་བའོ། །རྣམ་པ་གསུམ་སྟེ། ངོ་བོ་ཉིད་དང་ལྡན་པ་དང༌། ཀུན་ནས་བསླང་བའོ། །རྣམ་པ་བཞི་སྟེ། བསོད་ནམས་ཀྱི་ཆ་དང་མཐུན་པ་དང༌། ཐར་པའི་ཆ་དང་མཐུན་པ་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང༌། ཟག་པ་མེད་པའོ། །རྣམ་པ་ལྔ་སྟེ། སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བ་དང༌། སྡུག་པའི་འབྲས་བུ་དང༌། བྲལ་བའི་འབྲས་བུའོ། །དགེ་བའི་རྣམ་པ་དྲུག་སྟེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། སོ་སོར་བརྟགས་པས་འགོག་པའོ། །རྣམ་པ་བདུན་ཏེ་དྲན་པ་ཉེ་བར་གཞག་པར་བསྡུས་པ་དང༌། ཡང་དག་པའི་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་བ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་གྱི་ཡན་ལག་ཏུ་བསྡུས་པའོ། །རྣམ་པ་བརྒྱད་དེ། མངོན་པར་སྨྲ་བ་དང༌། ཕྱག་འཚལ་བ་དང༌། ལྡང་བ་དང༌། ཐལ་མོ་སྦྱར་བའི་ལས་སུ་བསྡུས་པ་དང༌། ལེགས་པར་སྨྲས་པ་ལ་ལེགས་སོ་ཞེས་བྱ་བ་སྦྱིན་པ་དང༌། བདེན་པའི་བསྔགས་པ་བརྗོད་པར་བསྡུས་པ་དང༌། ནད་གཡོག་བྱ་བར་བསྡུས་པ་དང༌། བླ་མ་རྣམས་ལ་གུས་པར་བསྙེན་བཀུར་
བྱེད་པར་བསྡུས་པ་དང༌། རྗེས་སུ་ཡི་རང་བར་བསྡུས་པ་དང༌། གཞན་ཡང་དག་པར་འཛིན་དུ་འཇུག་པར་བསྡུས་པ་དང༌། ཡོངས་སུ་བསྔོ་བར་བསྡུས་པ་དང༌། ཚད་མེད་པར་བསྒོམ་པར་བསྡུས་པའོ། །རྣམ་པ་དགུ་སྟེ། སྦྱོར་བ་དང༌། བར་ཆད་མེད་པ་དང༌། རྣམ་པར་གྲོལ་བ་དང༌། ཁྱད་པར་གྱི་ལམ་དུ་བསྡུས་པ་དང༌། ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་དུ་བསྡུས་པའོ། །རྣམ་པ་བཅུ་སྟེ། རྫས་ལས་བྱུང་བ་དང༌། རྫས་ལས་བྱུང་བ་མ་ཡིན་པ་དང༌། ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། སྡོམ་པར་བསྡུས་པ་དང༌། སྡོམ་པ་ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པར་བསྡུས་པ་དང༌། དངོས་གཞི་དང་ཉེར་བསྡོགས་སུ་བསྡུས་པ་དང༌། ཉན་ཐོས་ཀྱི་ཐེག་པར་བསྡུས་པ་དང༌། རང་སངས་རྒྱས་ཀྱི་ཐེག་པར་བསྡུས་པ་དང༌། ཐེག་པ་ཆེན་པོར་བསྡུས་པའོ། །ཡང་རྣམ་པ་བཅུ་སྟེ། འདོད་པ་དང་ལྡན་པ་དང༌། བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང་ལྡན་པ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་ལྡན་པ་དང༌། ཟག་པ་མེད་པར་བསྡུས་པའོ། །ཡང་རྣམ་པ་བཅུ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །ཡང་རྣམ་པ་བཅུ་སྟེ། མི་སློབ་པའི་ཡང་དག་པའི་ལྟ་བ་ནས། ཡང་དག་པའི་རྣམ་པར་གྲོལ་བ་དང༌། ཡང་དག་པའི་ཤེས་པའི་བར་རོ། །ཡང་རྣམ་པ་བཅུ་སྟེ། བསོད་ནམས་ལས་སྐྱེ་བ་བརྒྱད་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་དང༌། མི་གཡོ་བར་ཉེ་བར་འགྲོ་བའི་དགེ་བ་སྟེ། དེ་ལྟ་བུ་དང་མཐུན་པ་རྣམས་ནི་དགེ་བའི་རབ་ཏུ་དབྱེ་བ་ཡིན་ནོ། །མདོར་བསྡུ་ན་ནི་དགེ་བའི་དོན་རྣམ་པ་གཉིས་ཏེ། སྡུག་པའི་འབྲས་བུ་ཡོངས་སུ་འཛིན་པའི་དོན་དང༌། དངོས་པོ་ཡོངས་སུ་ཤེས་པ་ལ་མཁས་པ་དེའི་འབྲས་བུའི་དོན་ཏོ། །མི་དགེ་བ་དེ་དག་ནི་མི་སྡུག་པའི་འབྲས་བུ་ཡོངས་སུ་འཛིན་པའི་ཕྱིར་དང༌། དངོས་པོ་ཡང་
དག་པར་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །དགེ་བའི་ཆོས་ལ་བགེགས་བྱེད་པར་གྱུར་བ་དང༌། སྒྲིབ་པར་གྱུར་བ་ཡིན་ནོ། །ལུང་དུ་མ་བསྟན་པ་ནི་རྣམ་པ་བཞི་སྟེ། རྣམ་པར་སྨིན་པ་ལས་བྱུང་བ་དང༌། དེ་ལ་སྤྱོད་ལམ་ལས་བྱུང་བ་ཁ་ཅིག་དང༌། བཟོའི་གནས་ལས་བྱུང་བ་དང༌། སྤྲུལ་པ་བྱེད་པ་ལས་བྱུང་བའོ། །བཟོའི་བག་གང་ཅི་ཡང་རུང་སྟེ། དགའ་བ་དང་རྩེ་བའི་དོན་དུ་བྱེད་ཀྱི། འཚོ་བའི་དོན་དུ་ནི་ཡིན་པ་དང༌། ལས་ཀྱི་འདུ་ཤེས་ཀྱིས་བྱེད་པ་མ་ཡིན་པ་དང༌། སོ་སོར་བརྟགས་པས་བྱེད་པ་མ་ཡིན་པའི་བཟོའི་གནས་ལས་བྱུང་བ་དེ་ནི་ཉོན་མོངས་པ་ཅན་ནོ། །གཞན་ནི་ལུང་དུ་མ་བསྟན་པའོ། །བཟོའི་གནས་ལས་བྱུང་བ་ཇི་ལྟ་བར་སྤྱོད་ལམ་ལས་བྱུང་བ་ཡང་དེ་བཞིན་ནོ། །སྤྲུལ་པ་བྱེད་པ་ལས་བྱུང་བ་ནི་དགེ་བ་དང༌། ལུང་དུ་མ་བསྟན་པའོ། །མིག་ནི་རྣམ་པ་གཅིག་སྟེ། གཟུགས་རྣམས་ལ་ལྟ་བའོ། །རྣམ་པ་གཉིས་ཏེ་རྒྱས་པ་ལས་བྱུང་བ་དང༌། རྣམ་པར་སྨིན་པ་ལས་བྱུང་བའོ། །རྣམ་པ་གསུམ་སྟེ། ཤའི་མིག་དང༌། ལྷའི་མིག་དང༌། ཤེས་རབ་ཀྱི་མིག་གོ །རྣམ་པ་བཞི་སྟེ། འཛུམས་པ་དང༌། མི་འཛུམས་པ་དང༌། བརྟན་པ་དང༌། བརྟན་པ་མ་ཡིན་པའོ། །དེ་ལ་བརྟན་པ་ནི་གཟུགས་ན་སྤྱོད་པའི་འོ།། རྣམ་པ་ལྔ་སྟེ། འགྲོ་བ་ལྔར་བསྡུས་པའོ། །རྣམ་པ་དྲུག་སྟེ། རང་གི་རྒྱུད་ལ་ཡོད་པ་དང༌། གཞན་གྱི་རྒྱུད་ལ་ཡོད་པ་དང༌། སྡུག་པ་དང༌། མི་སྡུག་པ་དང༌། དྲི་མ་ཅན་དང༌། དྲི་མ་མེད་པའོ། །རྣམ་པ་བདུན་ཏེ། རྣམ་པར་ཤེས་པ་དང་བཅས་པ་དང༌། རྣམ་པར་ཤེས་པ་མེད་པ་དང༌། མཐུ་དང་ལྡན་པ་དང༌། མཐུ་ཆུང་བ་དང༌། དགེ་བའི་རྣམ་པར་ཤེས་པའི་རྟེན་དང༌། མི་དགེ་བའི་རྣམ་པར་ཤེས་པའི་རྟེན་དང༌། ལུང་དུ་མ་བསྟན་པའི་རྣམ་པར་ཤེས་པའི་རྟེན་ཏོ། །རྣམ་པ་བརྒྱད་དེ་གནས་ཀྱི་མིག་དང༌། སྤྲུལ་པའི་མིག་དང༌། དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་དང༌། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་དང༌། ཁ་ཟས་ཀྱིས་རྒྱས་པར་བྱས་པ་དང༌། གཉིད་ལོག་པས་རྒྱས་པར་བྱས་པ་དང༌། ཚངས་བར་སྤྱད་པས་རྒྱས་པར་བྱས་པ་དང༌། སྙོམས་པར་འཇུག་པས་རྒྱས་པར་བྱས་པའོ། །རྣམ་པ་
དགུ་སྟེ། ཐོབ་པ་དང༌། མ་ཐོབ་པ་དང༌། སྔོན་ཐོབ་པ་དང༌། སྔོན་མ་ཐོབ་པ་དང༌། ཐོབ་པ་ལས་ཉམས་པ་དང༌། སྤང་བར་བྱ་བ་དང༌། སྤང་བར་བྱ་བ་མ་ཡིན་པ་དང༌། སྤངས་པ་དང༌། མ་སྤངས་པའོ། །རྣམ་པ་བཅུ་ནི་མེད་དོ། །རྣམ་པ་བཅུ་གཅིག་སྟེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། ནང་གི་དང་ཕྱི་རོལ་གྱི་དང༌། རགས་པ་དང༌། ཆ་ཕྲ་བ་དང༌། ངན་པ་དང༌། བཟང་པོ་དང༌། རིང་པོ་དང༌། ཉེ་བའོ། །རྣ་བ་ལ་སོགས་པ་ནས། ལུས་ཀྱི་བར་དུ་ཡང་དེ་དང་འདྲ་བ་ལས་རྣམ་པ་གསུམ་དང༌། རྣམ་པ་བཞི་ལ་ནི་བྱེ་བྲག་ཡོད་དེ། རྣ་བ་རྣམ་པ་གསུམ་ནི། ཤ་ལས་གྲུབ་པ་དང༌། ལྷའི་དང༌། རྣ་སླགས་པའོ། །རྣམ་པ་བཞི་ནི་བརྟན་པ་དང༌། བརྟན་པ་མ་ཡིན་པ་དང༌། སྐད་བསྐྱེད་ན་ཐོས་པ་དང༌། སྐད་མ་བསྐྱེད་པར་ཐོས་པའོ། །སྣ་དང་ལྕེ་རྣམ་པ་གསུམ་ནི། གསལ་བ་དང་མི་གསལ་བ་དང༌། ཉམས་པའོ། །སྣ་དང་ལྕེ་རྣམ་པ་བཞི་ནི་བརྟན་པ་དང༌། བརྟན་པ་མ་ཡིན་པ་དང༌། རྣམ་པར་ཤེས་པ་དང་བཅས་པ་དང༌། རྣམ་པར་ཤེས་པ་མེད་པའོ། །ལུས་རྣམ་པ་གསུམ་ནི་རོ་ཡོད་པ་དང༌། རོ་མེད་པ་དང༌། དབང་པོ་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཕྱིར་ཀུན་ཏུ་འགྲོ་བའོ། །རྣམ་པ་བཞི་ནི་བརྟེན་པ་དང༌། བརྟན་པ་མ་ཡིན་པ་དང༌། རང་གི་ལུས་ལས་འོད་འབྱུང་བ་དང༌། རང་གི་ལུས་ལས་འོད་འབྱུང་བ་མ་ཡིན་པའོ། །ཡིད་ནི་རྣམ་པ་གཅིག་སྟེ། ཆོས་རྣམ་པར་ཤེས་པའི་དོན་གྱིས་སོ། །རྣམ་པ་གཉིས་ཏེ། གདགས་པར་གཏོགས་པ་དང༌། གདགས་པར་གཏོགས་པ་མ་ཡིན་པས་ཏེ། དེ་ལ་དང་པོ་ནི་ཤེད་བྱེད་པའི་ཐ་སྙད་ཅན་རྣམས་ཀྱིའོ། ཕྱི་མ་ནི་བྱིས་པ་རྣམས་ཀྱིའོ། །རྣམ་གྲངས་གཞན་ཡང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །རྣམ་པ་གསུམ་སྟེ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པའོ། །རྣམ་པ་བཞི་སྟེ། དགེ་བ་དང་མི་དགེ་བ་དང༌། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །རྣམ་པ་ལྔ་ནི། དུས་ལྔའི་བྱེ་བྲག་ལས་ནི་གྱུར་ཏེ། རྒྱུའི་དུས་དང༌། འབྲས་བུའི་དུས་དང༌། བདེ་བའི་དུས་དང༌།
སྡུག་བསྔལ་བའི་དུས་དང༌། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་དུས་སོ། །རྣམ་པ་དྲུག་སྟེ། རྣམ་པར་ཤེས་པའི་ཚོགས་དྲུག་པོ་རྣམས་སོ། །རྣམ་པ་བདུན་ཏེ། རྣམ་པར་ཤེས་པ་གནས་པ་བདུན་པོ་རྣམས་སོ། །རྣམ་པ་བརྒྱད་དེ། ཚིག་བླ་དགས་ཀྱི་འདུས་ཏེ་རེག་པ་དང་ལྡན་པ་དང༌། ཐོགས་པའི་འདུས་ཏེ་རེག་པ་དང་ལྡན་པ་དང༌། ཞེན་པ་ལ་བརྟེན་པ་དང༌། མངོན་པར་འབྱུང་བ་ལ་བརྟེན་པ་དང༌། ཟང་ཟིང་དང་བཅས་པ་དང༌། ཟང་ཟིང་མེད་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །རྣམ་པ་དགུ་སྟེ། སེམས་ཅན་གྱི་གནས་དགུ་པོ་རྣམས་སོ། །རྣམ་པ་བཅུར་ནི་མེད་དོ། །རྣམ་པ་བཅུ་གཅིག་སྟེ་སྔ་མ་བཞིན་ནོ། །རྣམ་པ་བཅུ་གཉིས་ནི་སེམས་བཅུ་གཉིས་ཏེ། འདོད་པ་ན་སྤྱོད་པ་དང༌། དགེ་བ་དང༌། མི་དགེ་བ་དང༌། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །གཟུགས་ན་སྤྱོད་པ་རྣམ་པ་གསུམ་སྟེ། མི་དགེ་བ་མ་གཏོགས་པ་དང༌། གཟུགས་མེད་པ་ན་སྤྱོད་པ་ཡང་དེ་དང་འདྲ་བ་དང༌། འཇིག་རྟེན་ལས་འདས་པ་སློབ་པ་དང་མི་སློབ་པའོ། །གཟུགས་ནི་རྣམ་པ་གཅིག་སྟེ། མིག་གི་སྤྱོད་ཡུལ་གྱི་དོན་གྱིས་སོ། །རྣམ་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱིའོ། །རྣམ་པ་གསུམ་སྟེ། ཁ་དོག་དང༌། དབྱིབས་དང་རྣམ་པར་རིག་བྱེད་དོ། །རྣམ་པ་བཞི་སྟེ། རང་གི་རྟེན་སྣང་བར་བྱེད་པ་དང༌། རང་གི་རྟེན་སྣང་བར་བྱེད་པ་མ་ཡིན་པ་དང༌། བདེ་བ་དང༌། བདེ་བ་མ་ཡིན་པར་སྣང་བ་དང༌། བསགས་པར་གནས་པའོ། །རྣམ་པ་ལྔ་སྟེ། འགྲོ་བ་ལྔའི་བྱེ་བྲག་གིས་སོ། །རྣམ་པ་དྲུག་སྟེ། གཞིར་བསྡུས་པ་དང༌། གནས་སུ་བསྡུས་པ་དང༌། ཡུལ་དུ་བསྡུས་པ་དང༌། སེམས་ཅན་དུ་བགྲང་བ་དང༌། སེམས་ཅན་དུ་བགྲང་བ་མ་ཡིན་པ་དང༌། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའོ། །རྣམ་པ་བདུན་ཏེ། ཡོངས་སུ་གཟུང་བ་རྣམ་པ་བདུན་པོ་དག་གི་བྱེ་བྲག་གིས་སོ། །རྣམ་པ་བརྒྱད་དེ། འཇིག་རྟེན་གྱི་སྣ་ཚོགས་བརྒྱད་དེ། དེ་དག་ཀྱང་ས་ཕྱོགས་སྣ་ཚོགས་དང༌། རི་སྣ་ཚོགས་དང༌། ཀུན་དགའ་ར་བ་དང༌། ནགས་ཚལ་དང༌། མཚོ་དང༌། མཚེའུ་ལ་སོགས་པ་སྣ་ཚོགས་དང༌། ཁང་
ཁྱིམ་དང་གཞལ་མེད་ཁང་སྣ་ཚོགས་དང༌། ལས་ཀྱི་གནས་སྣ་ཚོགས་དང༌། རི་མོ་བྲི་བ་སྣ་ཚོགས་དང༌། བརྡུང་སྦྱར་གྱི་ལས་སྣ་ཚོགས་དང༌། ཡོ་བྱད་སྣ་ཚོགས་སོ། །རྣམ་པ་དགུ་སྟེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། རགས་པ་དང༌། ཆ་ཕྲ་བ་འམ། ངན་པ་འམ། བཟང་པོ་འམ། གང་རྒྱང་རིང་བ་འམ། གང་ཐག་ཉེ་བའོ། །རྣམ་པ་བཅུ་སྟེ། ཡོ་བྱད་བཅུ་པོ་རྣམས་སོ། །སྒྲ་ནི་རྣམ་པ་གཅིག་སྟེ། རྣ་བའི་སྤྱོད་ཡུལ་གྱི་དོན་གྱིས་སོ། །རྣམ་པ་གཉིས་ཏེ། གསལ་བའི་དོན་གྱི་སྒྲ་སྐད་དང༌། གསལ་བ་མ་ཡིན་པའི་དོན་གྱི་སྒྲ་སྐད་དོ། །རྣམ་པ་གསུམ་སྟེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང༌། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང༌། དེ་གཉི་གའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ། །རྣམ་པ་བཞི་སྟེ། དགེ་བ་དང༌། མི་དགེ་བ་དང༌། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །རྣམ་པ་ལྔ་སྟེ། འགྲོ་བ་ལྔའི་བྱེ་བྲག་གིས་སོ། །རྣམ་པ་དྲུག་སྟེ། ལུང་ནོད་པ་དང༌། ཁ་ཐོན་བྱེད་པའི་སྒྲ་དང༌། ཀུན་ཏུ་འདྲི་བ་དང༌། ཡོངས་སུ་འདྲི་བའི་སྒྲ་དང༌། ཆོས་འཆད་པའི་སྒྲ་དང༌། འབེལ་བའི་གཏམ་དང༌། རྣམ་པར་གཏན་ལ་འབེབས་པའི་སྒྲ་དང༌། གཅིག་ལ་གཅིག་ཚིག་གིས་འདེབས་ཤིང་ཉེས་པ་ལས་འབྱིན་པའི་སྒྲ་དང༌། འདྲེས་པ་ཅ་ཅོའི་སྒྲའོ། །རྣམ་པ་བདུན་ཏེ། བུད་མེད་ཀྱི་སྒྲ་དང༌། སྐྱེས་པའི་སྒྲ་དང༌། ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། རི་དགས་དང༌། བྱ་ལ་སོགས་པའི་སྒྲ་དང༌། རླུང་དང་ཤིང་གི་སྒྲའོ། །རྣམ་པ་བརྒྱད་དེ། འཕགས་པའི་ཐ་སྙད་བཞི་པོའི་སྒྲ་རྣམས་དང༌། འཕགས་པ་མ་ཡིན་པའི་ཐ་སྙད་བཞི་པོའི་སྒྲ་རྣམས་ཏེ། མ་མཐོང་བར་མཐོང་ངོ་ཞེས་སྨྲ་བ་དང༌། མཐོང་བ་ལམ་མཐོང་ངོ་ཞེས་སྨྲ་བ་འཕགས་པའི་ཐ་སྙད་དང༌། མ་ཐོས་པ་དང༌། བྱེ་བྲག་མ་ཕྱེད་པ་དང༌། རྣམ་པར་མ་ཤེས་པར་རྣམ་པར་ཤེས་སོ་ཞེས་སྨྲ་བ་དང༌། རྣམ་པར་ཤེས་པ་ལ་རྣམ་པར་མི་ཤེས་སོ་ཞེས་སྨྲ་བ་འཕགས་པ་མ་ཡིན་པའི་ཐ་སྙད་དང༌། མཐོང་བ་ལ་མཐོང་ཞེས་སྨྲ་བ་དང༌། མ་མཐོང་བ་ལ་ཡང་མ་མཐོང་ཞེས་སྨྲ་བ་འཕགས་པའི་ཐ་
སྙད་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་སོ་ཞེས་སྨྲ་བ་དང༌། རྣམ་པར་མི་ཤེས་པ་ལ་ཡང་རྣམ་པར་མ་ཤེས་སོ་ཞེས་སྨྲ་བ་འཕགས་པའི་ཐ་སྙད་དོ། །གཞན་ཡང་རྣམ་པ་བརྒྱད་དེ། ངག་གི་ལས་ཀྱི་ལམ་དགེ་བ་བཞི་དང༌། མི་དགེ་བ་བཞིའོ།། རྣམ་པ་དགུ་སྟེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ནས། རྒྱང་རིང་བ་དང༌། ཐག་ཉེ་བའི་བར་དག་གོ །རྣམ་པ་བཅུ་སྟེ། སིལ་སྙན་གྱི་རྣམ་པ་ལྔར་བསྡུས་པ་སྟེ། དེ་ཡང་གར་དང་ལྡན་པ་དང༌། གླུ་དང་ལྡན་པ་དང་རོལ་མོའི་སྒྲ་དང་ལྡན་པ་དང༌། བུད་མེད་དང་ལྡན་པ་དང༌། སྐྱེས་པ་དང་ལྡན་པ་དང༌། དུང་གི་སྒྲ་དང༌། རྔ་པ་ཊ་ཧའི་སྒྲ་དང༌། རྔ་བོ་ཆེའི་སྒྲ་དང༌། རྫ་རྔའི་སྒྲ་དང༌། སྒྲ་བོ་ཆེའི་སྒྲའོ། །དྲི་ནི་རྣམ་པ་གཅིག་སྟེ། སྣའི་སྤྱོད་ཡུལ་གྱི་དོན་གྱིས་སོ། །རྣམ་པ་གཉིས་ཏེ། ནང་གི་དང༌། ཕྱི་རོལ་གྱིའོ། །རྣམ་པ་གསུམ་སྟེ། ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བ་དང༌། བཏང་སྙོམས་ཀྱི་གནས་སོ། །རྣམ་པ་བཞི་ནི་དྲི་ཆེན་པོ་རྣམ་པ་བཞི་སྟེ། ཨ་ཀ་རུའི་དྲི་དང༌། དུ་རུསྐའི་དྲི་དང༌། ག་པུར་གྱི་དྲི་དང༌། གླ་རྩིའི་དྲིའོ། །རྣམ་པ་ལྔ་སྟེ། རྩ་བའི་དྲི་དང༌། སྙིང་པོའི་དྲི་དང༌། ལོ་མའི་དྲི་དང༌། མེ་ཏོག་གི་དྲི་དང༌། འབྲས་བུའི་དྲིའོ། །རྣམ་པ་དྲུག་སྟེ། ཟས་ཀྱི་དྲི་དང༌། སྐོམ་གྱི་དྲི་དང༌། གོས་ཀྱི་དྲི་དང༌། རྒྱན་གྱི་དྲི་དང༌། བཞོན་པའི་དྲི་དང༌། གནས་ཀྱི་དྲིའོ། །རྣམ་པ་བདུན་ཏེ། ཤིང་ཚའི་དྲི་དང༌། སྤོས་ལོའི་དྲི་དང༌། སུག་སྨེལ་གྱི་དྲི་དང༌། ཙན་དན་གྱི་དྲི་དང༌། ཚ་བ་གསུམ་གྱི་དྲི་དང༌། བདུག་པའི་དྲི་དང༌། ཕྱེ་མའི་དྲིའོ། །རྣམ་པ་བརྒྱད་དེ། ལྷན་ཅིག་སྐྱེས་པ་དང༌། ལྷན་ཅིག་སྐྱེས་པ་མ་ཡིན་པ་དང༌། བརྟན་པ་དང༌། བརྟན་པ་མ་ཡིན་པ་དང༌། སྦྱར་བ་དང༌། འབའ་ཞིག་པ་དང༌། དྲི་ཆེ་བ་དང༌། དྲི་ཆེ་བ་མ་ཡིན་པའོ། །རྣམ་པ་དགུ་སྟེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ནས། རྒྱང་རིང་བ་དང༌། ཐག་ཉེ་བའི་བར་དག་གོ །རྣམ་པ་བཅུ་སྟེ། སྐྱེས་པའི་དྲི་དང༌། བུད་མེད་ཀྱི་དྲི་དང༌། ཕྱི་སའི་དྲི་དང༌། གཅིན་གྱི་དྲི་དང༌། ངར་སྣབས་ཀྱི་དྲི་དང༌། སྣབས་ཀྱི་དྲི་དང༌། ཞག་དང༌། ཆུ་སེར་གྱི་དྲི་དང༌། རྣག་དང༌། ཁྲག་གི་དྲི་དང༌།
ཤའི་དྲི་དང༌། འདྲེས་པའི་དྲི་དང༌། རུལ་པའི་དྲི་དང༌། འདམ་རྫབ་ཀྱི་དྲིའོ། །རོ་ནི་རྣམ་པ་གཅིག་སྟེ། ལྕེའི་སྤྱོད་ཡུལ་གྱི་དོན་གྱིས་སོ། །རྣམ་པ་གཉིས་ཏེ། ནང་དང༌། ཕྱི་རོལ་གྱིའོ། །རྣམ་པ་གསུམ་སྟེ། ཡིད་དུ་འོང་བ་ནས་སྔ་མ་བཞིན་ནོ། །རྣམ་པ་བཞི་སྟེ། ནས་ཀྱི་རོ་དང༌། སཱ་ལུའི་རོ་དང༌། གྲོའི་རོ་དང༌། འབྲུ་གཞན་གྱི་རོའོ། །རྣམ་པ་ལྔ་སྟེ། ཆང་གི་རོ་དང༌། ཆང་མ་ཡིན་པའི་རོ་དང༌། སྔོ་རྔད་ཀྱི་རོ་དང༌། ནགས་ཚལ་གྱི་ཤིང་ཐོག་གི་རོ་དང༌། ཁ་ཟས་ཀྱི་རོའོ། །རྣམ་པ་དྲུག་སྟེ། ཁ་བ་ལ་སོགས་པའོ། །རྣམ་པ་བདུན་ཏེ། མར་དང༌། འབྲུ་མར་དང༌། སྦྲང་རྩི་དང༌། བུ་རམ་ཤིང་ལས་བྱུང་བའི་རོ་དང༌། མངར་བའི་རོ་དང༌། ལན་ཚྭའི་རོ་དང༌། ཤའི་རོའོ། །རྣམ་པ་བརྒྱད་དེ། །དྲི་བཞིན་ནོ། །རྣམ་པ་དགུ་སྟེ། དྲི་ཁོ་ན་བཞིན་ནོ། །རྣམ་པ་བཅུ་སྟེ། བཅའ་བའི་རོ་དང༌། བཟའ་བའི་རོ་དང༌། མྱང་བའི་རོ་དང༌། བཏུང་བའི་རོ་དང༌། གཞིབ་པའི་རོ་དང༌། ཤ་འབྲི་བར་བྱེད་པ་དང༌། ཤ་བརྟས་པར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། སྦྱོང་བར་བྱེད་པ་དང༌། བརྟན་པར་བྱ་བའི་སྨན་གྱི་རོ་རྣམས་སོ། །རེག་བྱ་ནི་རྣམ་པ་གཅིག་སྟེ། ལུས་ཀྱི་སྤྱོད་ཡུལ་གྱི་དོན་གྱིས་སོ། །རྣམ་པ་གཉིས་ཏེ། དྲི་བཞིན་ནོ། །རྣམ་པ་གསུམ་སྟེ། ཡིད་དུ་འོང་བ་ལ་སོགས་པའོ། །རྣམ་པ་བཞི་སྟེ། རེག་པར་བྱ་བའི་རེག་པར་བྱ་བ་དང༌། བཙིར་བའི་རེག་པ་དང༌། བསྣུན་པའི་རེག་པ་དང༌། མཉེ་བའི་རེག་པའོ། །རྣམ་པ་ལྔ་སྟེ། འགྲོ་བ་ལྔའི་བྱེ་བྲག་གིས་སོ། །གཞན་ཡང་ཤ་སྦྲང་དང༌། སྦྲང་བུ་མཆུ་རིངས་དང༌། རླུང་དང༌། ཉི་མ་དང༌། སྡིག་སྦྲུལ་གྱི་འདུས་ཏེ་རེག་པའོ། །རྣམ་པ་དྲུག་སྟེ། བདེ་བ་དང༌། སྡུག་བསྔལ་བ་དང༌། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང༌། ལྷན་ཅིག་སྐྱེས་པ་དང༌། མི་མཐུན་པའི་ཕྱོགས་སུ་བསྡུས་པ་དང་གཉེན་པོར་བསྡུས་པའོ། །རྣམ་པ་བདུན་ཏེ། སྲ་བ་དང༌། གཤེར་བ་དང༌། དྲོ་བ་དང༌། གཡོ་བ་དང༌། མཆོང་བ་དང༌། ལྷུང་བའི་འདུས་ཏེ་རེག་པ་དང༌། བྱུག་ནོམ་གྱི་འདུས་ཏེ་རེག་པ་དང༌། ལུས་འགྱུར་གྱི་འདུས་ཏེ་རེག་པ་སྟེ། འདི་ལྟ་སྟེ། འཇམ་པ་ལ་སོགས་པ་རྣམས་ལའོ། །རྣམ་པ་བརྒྱད་དེ། །ལག་པའི་འདུས་ཏེ་རེག་པ་དང༌། བོད་བའི་
འདུས་ཏེ་རེག་པ་དང༌། དབྱུག་པའི་འདུས་ཏེ་རེག་པ་དང༌། མཚོན་ཆའི་འདུས་ཏེ་རེག་པ་དང༌། གྲང་བའི་འདུས་ཏེ་རེག་པ་དང༌། ཚ་བའི་འདུས་ཏེ་རེག་པ་དང༌། བཀྲེས་པའི་འདུས་ཏེ་རེག་པ་དང༌། སྐོམ་པའི་འདུས་ཏེ་རེག་པའོ། །རྣམ་པ་དགུ་སྟེ། དྲི་བཞིན་ནོ། །རྣམ་པ་བཅུ་སྟེ། ཁ་ཟས་ཀྱི་འདུས་ཏེ་རེག་པ་དང༌། སྐོམ་པའི་འདུས་ཏེ་རེག་པ་དང༌། བཞོན་པའི་འདུས་ཏེ་རེག་པ་དང༌། གོས་ཀྱི་འདུས་ཏེ་རེག་པ་དང༌། རྒྱན་གྱི་འདུས་ཏེ་རེག་པ་དང༌། ཁྲི་དང་ཁྲིའུའི་འདུས་ཏེ་རེག་པ་དང༌། སྟན་ནང་ཚངས་ཅན་དང༌། ལ་བའི་སྟན་དང༌། སྔས་ནང་ཚངས་ཅན་དང༌། གོར་བུའི་འདུས་ཏེ་རེག་པ་དང༌། བུད་མེད་ཀྱི་འདུས་ཏེ་རེག་པ་དང༌། སྐྱེས་པའི་འདུས་ཏེ་རེག་པ་དང༌། དེ་གཉིས་དགའ་མགུར་སྤྱོད་ཅིང་ཡོངས་སུ་སྤྱོད་པའི་འདུས་ཏེ་རེག་པའོ། །ཆོས་ཀྱི་ཁམས་ནི་མདོར་བསྡུ་ན། གདགས་པའི་ཆོས་རྣམས་དང་བཅས་པར་ཆོས་བརྒྱད་ཅུ་རྩ་བདུན་ཡོད་དེ། དེ་དག་ཀྱང་གང་ཞེ་ན། ཡིད་ལ་བྱེད་པ་ལ་སོགས་པ་ནས་རྟོག་པ་དང་དཔྱོད་པ་ལ་ཐུག་པ་ཡན་ཆད་སེམས་ལས་བྱུང་བ་ལྔ་བཅུ་རྩ་གསུམ་དང༌། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ། སྡོམ་པ་དང༌། སྡོམ་བ་མ་ཡིན་པར་བསྡུས་པའི་གཟུགས་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་དང༌། ཐོབ་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་དང༌། སྲོག་གི་དབང་པོ་དང༌། རིས་མཐུན་པ་དང༌། སོ་སོའི་སྐྱེ་བོ་ཉིད་དང༌། སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང༌། མི་རྟག་པ་ཉིད་དང༌། མིང་གི་ཚོགས་རྣམས་དང༌། ཚིག་གི་ཚོགས་རྣམས་དང༌། ཡི་གེའི་ཚོགས་རྣམས་དང༌། འཇུག་པ་དང༌། སོ་སོར་ངེས་པ་དང༌། འབྱོར་འབྲེལ་དང༌། མགྱོགས་པ་དང༌། གོ་རིམས་དང༌། དུས་དང༌། ཡུལ་དང༌། གྲངས་དང༌། ཚོགས་པ་དང༌། ཚོགས་པ་མ་ཡིན་པ་དང༌། འདུས་མ་བྱས་ཀྱི་དངོས་པོ་བརྒྱད་དེ། ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང༌། སོ་སོར་བརྟགས་པས་འགོག་པ་དང༌། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དང༌། མི་གཡོ་བ་དང༌། འདུ་ཤེས་དང༌། ཚོར་བ་འགོག་པའོ། །དེ་དག་ནི་བརྒྱད་ལས་ཀྱང་དྲུག་ཏུ་འགྱུར་རོ།
དྲུག་ལས་ཀྱང་བརྒྱད་དུ་འགྱུར་རོ། །ཆོས་ཀྱི་ཁམས་དེ་ཡང་རྣམ་པ་གཅིག་སྟེ། ཡིད་ཀྱི་སྤྱོད་ཡུལ་གྱི་དོན་གྱིས་སོ། །རྣམ་པ་གཉིས་ཏེ། གདགས་པའི་ཆོས་སུ་བསྡུས་པ་དང༌། གདགས་པ་མ་ཡིན་པའི་ཆོས་སུ་བསྡུས་པའོ། །རྣམ་པ་གསུམ་སྟེ། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་དང༌། འདུས་བྱས་དང༌། འདུས་མ་བྱས་སོ། །རྣམ་པ་བཞི་སྟེ། གཟུགས་ཅན་གདགས་པའི་ཆོས་སུ་བསྡུས་པ་དང༌། གཟུགས་ཅན་མ་ཡིན་པ་སེམས་ལས་འབྱུང་བའི་ཆོས་སུ་བསྡུས་པ་དང༌། གཟུགས་ཅན་མ་ཡིན་པ་དང་ལྡན་ལྡན་པ་མ་ཡིན་པ་གདགས་པའི་ཆོས་སུ་བསྡུས་པ་དང༌། གཟུགས་ཅན་མ་ཡིན་པ་འདུས་མ་བྱས་པ་གདགས་པའི་ཆོས་སུ་བསྡུས་པའོ། །རྣམ་པ་ལྔ་སྟེ། གཟུགས་དང༌། སེམས་ལས་བྱུང་བའི་ཆོས་རྣམས་དང༌། སེམས་དང་ལྡན་པ་མ་ཡིན་པ་རྣམས་དང༌། འདུས་མ་བྱས་དགེ་བ་དང༌། ལུང་དུ་མ་བསྟན་པའོ། །རྣམ་པ་དྲུག་སྟེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ལས་མཚུངས་པར་ལྡན་པ་རྣམས་དང་ལྡན་པ་མ་ཡིན་པ་རྣམས་དང༌། གཟུགས་དང༌། འདུས་མ་བྱས་སོ། །རྣམ་པ་བདུན་ཏེ། ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་དང༌། ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པ་དང༌། གཟུགས་དང་འདུས་མ་བྱས་སོ། །རྣམ་པ་བརྒྱད་དེ། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། གཟུགས་དང་འདུས་མ་བྱས་རྣམས་སོ།། རྣམ་པ་དགུ་སྟེ། འདས་པ་དང༌། མ་འོངས་པ་ལ་སོགས་པའི་བྱེ་བྲག་གིས་སོ། རྣམ་པ་བཅུ་ནི། རྣམ་པ་བཅུའི་ཕྱིར་ཏེ། རྗེས་སུ་འབྲེལ་བའི་སྐྱེ་བོའི་དོན་དང༌། དམིགས་པ་མྱོང་བའི་དོན་དང༌། དམིགས་པའི་མཚན་མར་འཛིན་པའི་དོན་དང༌། དམིགས་པ་མངོན་པར་འདུ་བྱེད་པའི་དོན་དང༌། ཆོས་དེ་དག་ཉིད་དུས་ཐ་དད་པའི་དོན་དང༌། སྒྲིབ་པ་མེད་པའི་དོན་དང༌། མི་རྟག་པ་དང་བྲལ་བའི་དོན་དང༌། མི་རྟག་པ་དང་མ་བྲལ་བའི་དོན་དང༌། རྟག་པ་ཕྱིན་ཅི་མ་ལོག་པའི་དོན་དང༌། བདེ་བ་དང་སྡུག་བསྔལ་དང་བྲལ་བའི་དོན་དང༌། ཚོར་བ་དང་བྲལ་བ་མ་
ཡིན་པའི་དོན་དང༌། ཚོར་བ་དང་བྲལ་བའི་དོན་དང༌། ནང་དང་ཕྱིའི་སྐྱེ་མཆེད་རྣམས་ཀྱི་རབ་ཏུ་དབྱེ་བ་དེ་དག་ནི། དྲུག་བརྒྱ་དྲུག་ཅུ་ཡོད་དོ། །དེ་ལ་ཟད་པར་མ་གྱུར་གྱི་བར་དུ་གཟུགས་རྣམས་ལ་བལྟ་བའི་ཕྱིར། སྤྱོད་ཅིང་ཟད་པར་མ་གྱུར་གྱི་བར་དུ་གཟུགས་རྣམས་ལ་བལྟ་བའི་ཕྱིར་སྤྱོད་པས་ན་མིག་གོ །འདི་ལ་གྲག་པ་རྣམས་དམིགས་ཤིང༌། འདི་ལ་གྲག་པ་རྣམས་དམིགས་པས་རྣ་བའོ། །དྲི་རྣམས་སྣོམ་ཞིང་དྲི་རྣམས་སྣོམ་པས་ན་སྣའོ། །བཀྲེས་པའི་ཉམ་ཆུང་བ་སེལ་བ་དང༌། བརྗོད་པ་རྣམ་པ་སྣ་ཚོགས་ལ་འདྲིས་པས་འབོད་པར་བྱེད་པས་ན་ལྕེའོ། །ལུས་འདི་ནི་དབང་པོ་ཟད་པར་གྱི་རྗེས་སུ་སོང་བས་ན་ལུས་སོ། །ཡུན་རིང་པོ་ནས་འདི་བྱིས་པ་རྣམས་ཀྱིས་བཅོས་ཤིང་བསྲུངས་ལ་བདག་གིར་བཟུང་སྟེ། འདི་ནི་བདག་གིའོ། །འདི་ནི་ང་བདག་གིས་སོ། །འདི་ནི་བདག་གིས་བདག་ཡིན་ནོ་སྙམ་ནས། དེ་ལ་འཇིག་རྟེན་གྱི་མིང༌། སེམས་ཅན་དང༌། མིང་དང༌། སྲོག་དང༌། སྐྱེ་བ་པོ་དང༌། ཤེད་ལས་སྐྱེས་པ་དང༌། ཤེད་བུ་ཞེས་བྱ་བས་ན་ཡིད་དོ། །ཡུལ་དང་དེར་བརྟག་པར་བྱར་རུང་བ་དང༌། ཡུལ་དེ་དང་དེར་གནོད་པར་བྱར་རུང་ཞིང༌། སྐྱེ་བས་དེའི་ཕྱིར་གཟུགས་ཞེས་བྱའོ། །བརྗོད་བཞིན་དུ་འཇིག་པས་ན་སྒྲའོ། །འདི་ལ་སྨྲ་བ་སྣ་ཚོགས་གནས་པས་དེའི་ཕྱིར་སྒྲ་ཞེས་བྱའོ། །རྫི་ཕྱོགས་སུ་འགྲོ་ཞིང་རྒྱུགས་པས་དེའི་ཕྱིར་དྲིའོ། །ནད་རྣམས་སྡུད་པ་དང༌། མྱང་བར་བྱ་བ་ཡིན་པས་དེའི་ཕྱིར་རོའོ། །ལུས་ཀྱི་རེག་པར་བྱ་ཞིང༌། ལུས་ཀྱི་རེག་པར་བྱ་བའི་ཕྱིར་རེག་བྱའོ། །ཡིད་ཀྱི་ཡུལ་འབའ་ཞིག་ཏུ་འཛིན་ཅིང༌། ཡིད་ཀྱི་ཡུལ་འབའ་ཞིག་ཏུ་འཛིན་པས་ན་ཆོས་རྣམས་ཏེ། དེ་ལྟ་བུ་དང་མཐུན་པ་རྣམས་ནི་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བལྟ་བར་བྱའོ། །དེ་ལ་སྡོམ་ནི། ངོ་བོ་ཉིད་དང་གནས་དང་ནི། །དམིགས་པ་དང་ནི་གྲོགས་རྣམས་དང༌། །ལས་ཏེ་སྒོ་ནི་ལྔ་པོ་ཡིས། །སེམས་ནི་རབ་ཏུ་འཇུག་པར་འགྱུར། །དེ་ལ་རྣམ་པར་ཤེས་པའི་ཚོགས་དྲུག་གི་ཆོས་ལྔ་པོའོ། །ངོ་བོ་ཉིད་དང༌། གནས་དང༌། དམིགས་པ་དང་གྲོགས་དང༌། ལས་འདི་དག་གིས་ནི་ཕུང་པོ་ལ་མཁས་པ་ཡང་བསྡུས་པར་རིག་པར་བྱའོ། །ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌།
རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང༌། དབང་པོ་ལ་མཁས་པར་ཡང་བསྡུས་པར་རིག་པར་བྱའོ། །སངས་རྒྱས་ཀྱི་བཀའི་དངོས་པོ་དགུ་ཡང་བསྡུས་པར་རིག་པར་བྱའོ། །དངོས་པོ་དགུ་གང་ཞེ་ན། སེམས་ཅན་གྱི་དངོས་པོ་དང༌། ལོངས་སྤྱོད་ཀྱི་དངོས་པོ་དང༌། སྐྱེ་བའི་དངོས་པོ་དང༌། གནས་པའི་དངོས་པོ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་དངོས་པོ་དང༌། སྣ་ཚོགས་ཀྱི་དངོས་པོ་དང༌། སྟོན་པ་པོའི་དངོས་པོ་དང༌། བསྟན་པར་བྱ་བའི་དངོས་པོ་དང༌། འཁོར་གྱི་དངོས་པོའོ། །དེ་ལ་སེམས་ཅན་གྱི་དངོས་པོ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་སོ། །དེའི་ལོངས་སྤྱོད་ཀྱི་དངོས་པོ་ནི་སྐྱེ་མཆེད་བཅུ་གཉིས་པོ་རྣམས་སོ། །སྐྱེ་བའི་དངོས་པོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པའོ། །སྐྱེས་པའི་གནས་པའི་དངོས་པོ་ནི་ཟས་བཞི་པོ་རྣམས་སོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་དངོས་པོ་ནི་འཕགས་པའི་བདེན་པ་བཞི་པོ་རྣམས་སོ། །སྣ་ཚོགས་ཀྱི་དངོས་པོ་ནི་ཁམས་ཚད་མེད་པ་རྣམས་སོ། །སྟོན་པ་པོའི་དངོས་པོ་ནི་སངས་རྒྱས་རྣམས་དང༌། དེ་དག་གི་ཉན་ཐོས་རྣམས་སོ། །བསྟན་པར་བྱ་བའི་དངོས་པོ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །འཁོར་གྱི་དངོས་པོ་ནི་འཁོར་བརྒྱད་དེ། རྒྱལ་རིགས་ཀྱི་འཁོར་དང༌། བྲམ་ཟེའི་འཁོར་དང༌། ཁྱིམ་བདག་གི་འཁོར་དང༌། དགེ་སྦྱོང་གི་འཁོར་དང༌། རྒྱལ་ཆེན་བཞིའི་རིས་ཀྱི་འཁོར་དང༌། སུམ་ཅུ་རྩ་གསུམ་པའི་འཁོར་དང༌། བདུད་ཀྱི་རིས་ཀྱི་འཁོར་དང༌། ཚངས་པའི་འཁོར་ཏོ། །སྡོམ་ནི། འདུས་པ་དང་ནི་ཚོགས་རྣམས་དང༌། །དུས་དང་མཚན་ཉིད་རྐྱེན་རྣམས་དང༌། །དགེ་བ་ལ་སོགས་རབ་དབྱེ་དང༌། །མཁས་པ་དངོས་པོ་ཐམ་ཡིན། །རྣལ་འབྱོར་སྤྱོད་པའི་ས་ལས་ཡིད་ཀྱི་ས་སྟེ་གཉིས་པ་རྫོགས་སོ།། །།བམ་པོ་བཞི་པ། རྟོག་པ་དང་བཅས་ཤིང༌། དཔྱོད་པ་དང་བཅས་པའི་ས་ནི་གང༌། རྟོག་པ་མེད་པ་ལ་དཔྱོད་པ་ཙམ་གྱི་ས་ནི་གང༌། རྟོག་པ་མེད་པ་ལ་དཔྱོད་པ་ཡང་མེད་པའི་ས་ནི་གང་ཞེ་ན། སྤྱི་སྡོམ་ལ། ཁམས་དང་མཚན་ཉིད་
ཚུལ་བཞིན་དང༌། །ཚུལ་མིན་ཉོན་མོངས་ཐ་མ་ཡིན། །ས་གསུམ་པོ་འདི་དག་ནི། ཁམས་གདགས་པ་རྣམ་པར་གཞག་པ་དང༌། མཚན་ཉིད་གདགས་པ་རྣམ་པར་གཞག་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་གདགས་པ་རྣམ་པར་གཞག་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གདགས་པ་རྣམ་པར་གཞག་པ་དང༌། ཀུན་ནས་ཉོན་མོངས་པ་གདགས་པ་རྣམ་པར་གཞག་པས་རྣམ་པར་གཞག་པར་རིག་པར་བྱའོ། །སྡོམ་ལ། གྲངས་དང་གནས་དང་ཚད་རྣམས་དང༌། །ཚེ་ཡི་ཚད་དང་ལོངས་སྤྱོད་དང༌། །སྐྱེ་བ་དང་ནི་ལུས་རྣམས་དང༌། །རྒྱུ་དང་རྐྱེན་རྣམས་རྒྱ་ཆེར་རོ། །ཁམས་གདགས་པ་རྣམ་པར་གདགས་པ་གང་ཞེ་ན། དེ་ནི་རྣམ་པར་བརྒྱད་དུ་རིག་པར་བྱ་སྟེ། གྲངས་རྣམ་པར་གཞག་པ་དང༌། གནས་གཞན་རྣམ་པར་གཞག་པ་དང༌། སེམས་ཅན་གྱི་ཚད་རྣམ་པར་གཞག་པ་དང༌། སེམས་ཅན་དེ་དག་ཉིད་ཀྱི་ཚེའི་ཚད་རྣམ་པར་གཞག་པ་དང༌། སེམས་ཅན་དེ་དག་ཉིད་ཀྱི་ལོངས་སྤྱོད་དང༌། ཡོངས་སུ་སྤྱོད་པ་རྣམ་པར་གཞག་པ་དང༌། སྐྱེ་བ་རྣམ་པར་གཞག་པ་དང༌། ལུས་རྣམ་པར་གཞག་པ་དང༌། རྒྱུ་དང་རྐྱེན་རྣམ་པར་གཞག་པའོ། །དེ་ལ་གྲངས་རྣམ་པར་གཞག་པ་ནི་འདི་ཡིན་ནོ། །ཁམས་ནི་གསུམ་སྟེ། འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་ཏེ། ཁམས་འདི་དག་ནི་གཏོགས་པ་ཡིན་ནོ། །ཐབས་དང་བཅས་པས་འཇིག་ཚོགས་འགོག་པ། ཟག་པ་མེད་པའི་ཁམས་སྤྲོས་པ་མེད་པ་ནི་མ་གཏོགས་པ་ཡིན་ནོ། །དེ་ལ་འདོད་པའི་ཁམས་མཐའ་དག་དང༌། གཟུགས་ཀྱི་ཁམས་ནས་བསམ་གཏན་དང་པོ་ལས། བསམ་གཏན་ཁྱད་པར་ཅན་སྙོམས་པར་འཇུག་པ་དང༌། སྐྱེ་བ་དང་བཅས་པ་མ་གཏོགས་པ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་སའོ། །བསམ་གཏན་ཁྱད་པར་ཅན་སྙོམས་པར་འཇུག་པ་དང༌། སྐྱེ་བ་དང་བཅས་པ་ནི་རྟོག་པ་མེད་པ་དཔྱོད་པ་ཙམ་གྱི་སྟེ། འགའ་ཞིག་གིས་དེ་བསྒོམས་ན་ཚངས་པ་ཆེན་པོ་ཉིད་འཐོབ་བོ། །བསམ་གཏན་གཉིས་པ་ནས་བཟུང་སྟེ། གཟུགས་ཀྱི་ཁམས་ཀྱི་ལྷག་མ་རྣམས་དང༌། གཟུགས་མེད་པའི་ཁམས་མཐའ་དག་ནི་རྟོག་པ་ཡང་མེད་ལ་དཔྱོད་པ་
ཡང་མེད་པའི་སའོ། །དེ་ལ་རྟོག་པ་དང་དཔྱོད་པའི་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ས་ཞེས་བྱའོ། ཀུན་ཏུ་དཔྱོད་པ་མེད་པས་ནི་མ་ཡིན་ཏེ། འདི་ལྟར་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་མ་ཡིན་པ་རྣམས་ཀྱང༌། མན་ངག་ཡིད་ལ་བྱེད་པའི་ཁྱད་པར་གྱིས་ཡིད་ཀྱི་རྒྱུ་བ་རེས་འགའ་རྟོག་པ་མེད་ཅིང་དཔྱོད་པ་མེད་པར་ཡང་འགྱུར་ལ། རྟོག་པ་དང་བཅས་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ཡང་རྟོག་པ་དང་དཔྱོད་པ་ཀུན་ཏུ་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། དེར་སྐྱེས་པ་རྣམས་དང་ལངས་པ་རྣམས་ལའོ། །དེ་ལ་ཟག་ པ་མེད་པའི་ཁམས་ནི། འདུས་བྱས་གང ་སྙོམས་པར་འཇུག་པས་བསྡུས་པའོ། །དེ་ལ་ཡང་བསམ་གཏན་དང་པོའི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་ཡིན་ཏེ། རྟོག་པ་དཔྱོད་པའི་གནས་ལྟ་བུའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ལ་དམིགས་ནས། དེ་ལ་སྙོམས་པར་འཇུག་གི་རྟོག་པ་རྒྱུ་བས་ནི་མ་ཡིན་ཏེ། ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །དེ་ལ་གནས་གཞན་རྣམ་པར་གཞག་པ་ནི་འདི་ཡིན་ནོ། །འདོད་པའི་ཁམས་ནི་གནས་གཞན་སུམ་ཅུ་རྩ་དྲུག་པོ་རྣམས་ཏེ། སེམས་ཅན་དམྱལ་བ་ཆེན་པོའི་གནས་བརྒྱད་ལ་འདི་ལྟ་སྟེ། ཡང་སོས་དང༌། ཐིག་ནག་དང༌། བསྡུས་འཇོམས་དང༌། ངུ་འབོད་དང༌། ངུ་འབོད་ཆེན་པོ་དང༌། ཚ་བ་དང༌། རབ་ཏུ་ཚ་བ་དང༌། མནར་མེད་པའོ། །སེམས་ཅན་དམྱལ་བ་ཆེན་པོ་དེ་དག་གི་ཐད་ཀར་དཔག་ཚད་ཁྲིའི་ཕ་རོལ་ན། གྲང་བའི་སེམས་ཅན་དམྱལ་བའི་གནས་བརྒྱད་ཡོད་པ་འདི་ལྟ་སྟེ། ཆུ་བུར་ཅན་དང༌། ཆུ་བུར་རྡོལ་བ་དང༌། སོ་ཐམས་ཐམས་པ་དང༌། ཀྱི་ཧུད་ཟེར་བ་དང༌། ཨ་ཅུ་ཟེར་བ་དང༌། ཨུཏྤལ་ལྟར་གས་པ་དང༌། པད་མ་ལྟར་གས་པ་དང༌། པད་མ་ལྟར་གས་པ་ཆེན་པོའོ། །ཡང་སོས་ནི་འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཡོད་དོ། །དེའི་འོག་ན་དཔག་ཚད་བཞི་སྟོང་བཞི་སྟོང་གིས་བཅལ་བ་ན་ནི་དེ་ལས་གཞན་པ་རྣམས་ཡོད་དོ། །སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་གནས་ཇི་ལྟ་བ་བཞིན་དུ་གྲང་བའི་སེམས་ཅན་དམྱལ་བའི་གནས་དང་པོ་ཡང་དེ་དང་འདྲའོ། །དེའི་འོག་ཏུ་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་བཅལ་
བ་ན་ནི་དེ་ལས་གཞན་པ་རྣམས་ཡོད་པ་བལྟ་བར་བྱའོ། །ཡི་དགས་ཀྱི་གནས་གཞན་དང༌། ལྷ་མ་ཡིན་གྱི་གནས་གཞན་དང༌། དུད་འགྲོ་ནི་ལྷ་དང་མི་དང་ལྷན་ཅིག་རྒྱུ་བ་ཉིད་ཡིན་པས། དེའི་ཕྱིར་དེ་དག་གི་གནས་གཞན་ལོགས་ཤིག་ཏུ་རྣམ་པར་མི་གཞག་གོ །གླིང་བཞི་དང༌། གླིང་ཕྲན་བརྒྱད་ནི་སྔ་མ་བཞིན་ནོ། །འདོད་པ་ན་སྤྱོད་པའི་ལྷ་རྣམ་པ་དྲུག་ལ། རྒྱལ་ཆེན་བཞིའི་རིས་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སོ། །བདུད་ཀྱི་གནས་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ནང་དུ་གཏོགས་པའི་གནས་གཞན་ཁྱད་པར་ཅན་ཡིན་ནོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་དང༌། ཉེ་འཁོར་གྱི་སེམས་ཅན་དམྱལ་བ་རྣམས་ནི་སེམས་ཅན་དམྱལ་བ་ཆེན་པོ་དང༌། གྲང་བའི་སེམས་ཅན་དམྱལ་བའི་ཉེ་འཁོར་ཉིད་དེ། གནས་གཞན་བྱེ་བྲག་ཅན་མེད་དོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་དེ་དག་ཁ་ཅིག་ནི་མི་རྣམས་ཀྱི་ནང་ན་ཡང་དམིགས་ཏེ། གནས་བརྟན་མཽད་གལ་གྱི་བུས་ཇི་སྐད་དུ། ངས་སེམས་ཅན་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་མཆེད་ཅིང་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །གནས་གཞན་སུམ་ཅུ་རྩ་དྲུག་པོ་འདི་དག་ནི་འདི་ནི་འདོད་པའི་ཁམས་ཞེས་བྱའོ། །གཟུགས་ཀྱི་ཁམས་ནི་གནས་གཞན་བཅོ་བརྒྱད་དེ། བསམ་གཏན་དང་པོ་ཆུང་ངུ་དང༌། འབྲིང་དང་ཆེན་པོ་ཡོངས་སུ་བསྒོམས་པས་ཚངས་རིས་རྣམས་དང༌། ཚངས་པའི་མདུན་ན་འདོན་རྣམས་དང༌། ཚངས་པ་ཆེན་པོ་རྣམས་སོ། །བསམ་གཏན་གཉིས་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོར་ཡོངས་སུ་བསྒོམས་པས། འོད་ཆུང་རྣམས་དང༌། ཚད་མེད་འོད་རྣམས་དང༌། འོད་གསལ་རྣམས་སོ། །བསམ་གཏན་གསུམ་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོར་ཡོངས་སུ་བསྒོམས་པས། དགེ་ཆུང་རྣམས་དང༌། ཚད་མེད་དགེ་རྣམས་དང༌། དགེ་རྒྱས་རྣམས་སོ། །བསམ་གཏན་བཞི་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོར་ཡོངས་སུ་བསྒོམས་པས། སྤྲིན་མེད་པ་རྣམས་དང༌། བསོད་ནམས་སྐྱེས་རྣམས་དང༌། འབྲས་བུ་ཆེ་བ་རྣམས་སོ། །འདུ་ཤེས་མེད་པ་ནི་འབྲས་བུ་ཆེ་བའི་ནང་
དུ་གཏེ་གས་ལ། འཕགས་པ་རྣམས་དང༌། ཐུན་མོང་བ་མ་ཡིན་པའི་ཕྱིར་གནས་གཞན་མེད་དོ། །བསམ་གཏན་བཞི་པ་སྤེལ་མར་བསྒོམས་པས། ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། ཆེས་ཆེ་བ་དང༌། མཆོག་ཏུ་ཆེ་བར་ཡོངས་སུ་བསྒོམས་པས། གནས་གཙང་མའི་ས་ལྔ་པོ་མི་ཆེ་བ་རྣམས་དང༌། མི་གདུང་བ་རྣམས་དང༌། གྱ་ནོམ་སྣང་བ་རྣམས་དང༌། ཤིན་ཏུ་མཐོང་བ་རྣམས་དང༌། འོག་མིན་རྣམས་སོ། །གནས་གཙང་མ་རྣམས་ལས་འདས་པ་ན་དབང་ཕྱུག་ཆེན་པོའི་གནས་ཡོད་དེ། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་ཀྱིས་ས་བཅུ་ཡོངས་སུ་བསྒོམས་ནས་གང་དུ་སྐྱེ་བའོ། །གཟུགས་མེད་པའི་ཁམས་ནི་གནས་གཞན་བཞི་པོ་རྣམས་སོ། །ཡང་ན་གནས་གཞན་ཅི་ཡང་མེད་པ་ཡང་ཡིན་ནོ། །དེ་ལ་སེམས་ཅན་གྱི་ཚད་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། འཛམ་བུའི་གླིང་གི་མི་རྣམས་ཀྱི་ལུས་ཀྱི་ཚད་ནི་ངེས་པ་མེད་དོ། །རེས་འགའ་ནི་ཆེན་པོར་འགྱུར་རོ། །རེས་འགའ་ནི་ཆུང་ངུར་འགྱུར་ཏེ། དེ་ཡང་རང་གི་ཁྲུ་ཚད་ཕྱེད་དང་བཞིའོ། །ཤར་གྱི་ལུས་འཕགས་པ་རྣམས་ཀྱི་ལུས་ཀྱི་ཚད་ནི་ངེས་པ་ཡིན་ཏེ། དེ་དག་ཀྱང་རང་གི་ཁྲུ་ཚད་ཕྱེད་དང་བཞི་པ་སྟེ། ལུས་ཤིན་ཏུ་ཆེའོ། །ཤར་གྱི་ལུས་འཕགས་པ་ཇི་ལྟ་བ་བཞིན་དུ། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང༌། བྱང་གི་སྒྲ་མི་སྙན་པ་རྣམས་ཀྱང་ལུས་ཤིན་ཏུ་ཆེའོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་བཞི་ཆ་གཅིག་གོ །སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཚད་ནི་རྒྱང་གྲགས་ཀྱི་བཞི་ཆ་གཅིག་ལས་ལྷག་གོ །ལྷའི་དབང་པོ་བརྒྱ་བྱིན་གྱི་ཚད་ནི་རྒྱང་གྲགས་ཕྱེད་དོ། །འཐབ་བྲལ་བ་རྣམས་ཀྱང་རྒྱང་གྲགས་ཕྱེད་དོ། །དེ་ཡན་ཆད་དེ་ལས་གཞན་པའི་ལྷའི་རིས་ཐམས་ཅད་ནི་བཞི་ཆ་རེ་རེ་ལྷག་པར་བལྟ་བར་བྱའོ། །ཚངས་རིས་པ་རྣམས་ཀྱི་དཔག་ཚད་ཕྱེད་དོ། །ཚངས་པའི་མདུན་ན་འདོན་པ་རྣམས་ཀྱི་ནི་དཔག་ཚད་གཅིག་གོ །ཚངས་པ་ཆེན་པོ་རྣམས་ཀྱི་ནི་དཔག་ཚད་ཕྱེད་དང་གཉིས་སོ། །འོད་ཆུང་བ་རྣམས་ཀྱི་ནི་དཔག་ཚད་གཉིས་སོ། །དེ་ཡན་ཆད་དེའི་ལྷག་མའི་ལྷའི་རིས་རྣམས་ཀྱི་ལུས་ཀྱི་ཚད་ནི་དེའི་ཉིས་འགྱུར་ཉིས་འགྱུར་དུ་བལྟ་བར་བྱའོ། །སྤྲིན་མེད་པ་རྣམས་ཀྱི་ནི་མ་གཏོགས་
ཏེ། དེ་ལ་ནི་དཔག་ཚད་གསུམ་འབྲི་བར་བྱའོ། །སེམས་ཅན་དམྱལ་བ་ཆེན་པོ་དག་གི་ཚད་ནི་ངེས་པ་མེད་དོ། །གང་གིས་སྡིག་པ་མི་དགེ་བའི་ལས་ཤིན་ཏུ་དྲག་པོ་བྱས་ཤིང་བསགས་པ་དེའི་ལུས་ནི་ཆེས་ཆེ་བར་འགྲུབ་པར་འགྱུར་ལ། གཞན་དག་གི་ནི་གཞན་དུ་འགྱུར་རོ། །སེམས་ཅན་དམྱལ་བ་ཆེན་པོ་དག་གི་ཇི་ལྟ་བ་བཞིན་དུ་གྲང་བའི་སེམས་ཅན་དམྱལ་བ་རྣམས་དང༌། ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་དང༌། ཉེ་འཁོར་གྱི་སེམས་ཅན་དམྱལ་བ་རྣམས་དང༌། དུད་འགྲོ་དང་ཡི་དགས་རྣམས་ཀྱང་དེ་དང་འདྲའོ། །ལྷ་མ་ཡིན་རྣམས་ཀྱི་ལུས་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་ཆད་བཞིན་རྣམ་པར་གཞག་པར་རིག་པར་བྱའོ། །གཟུགས་མེད་པ་དག་གི་ནི། གཟུགས་མེད་པའི་ཕྱིར་ཚད་མེད་དོ། །དེ་ལ་ཚེའི་ཚད་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། འཛམ་བུའི་གླིང་གི་མི་རྣམས་ཀྱི་ནི་ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་གི་ཚུལ་གྱིས་ཚེའི་ཚད་ངེས་པ་མེད་དེ། །རེས་འགའ་ནི་ཚེ་དཔག་ཏུ་མེད་པར་འགྱུར་རོ། །རེས་འགའ་ནི་ཚེ་ལོ་བརྒྱད་ཁྲི་པར་འགྱུར་རོ། །རེས་འགའ་ནི་ཚེ་ལོ་བཅུ་པའི་བར་དུ་འགྱུར་རོ། །ཤར་གྱི་ལུས་འཕགས་པ་རྣམས་ཀྱི་ཚེའི་ཚད་ནི་ངེས་པ་ཡིན་ཏེ། ལོ་ཉིས་བརྒྱ་ལྔ་བཅུའོ། །ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ཀྱི་ཚེའི་ཚད་ནི་ལོ་ལྔ་བརྒྱའོ། །བྱང་གི་སྒྲ་མི་སྙན་པ་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ངོ༌། །མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ །དེ་ལྟ་བུའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོར་བརྩིས་པའི་ལྷའི་ལོ་བརྒྱ་ཐུབ་བོ། །མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ །དེ་ལྟ་བུའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་སྟེ། སྔ་མ་བཞིན་དུ་ཚེ་ལོ་སྟོང་ཐུབ་བོ། །དེ་ལས་གཞན་པའི་ལྷའི་རིས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་དུ། ལྷ་དེ་དག་གི་ཚེའི་ཚད་ནི་ཉིན་ཞག་ཀྱང་དེའི་ཉིས་འགྱུར་ལ། ཚེའི་ཚད་ཀྱང་དེའི་ཉིས་འགྱུར་བ་ཡིན་ནོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་རངས་པ་ནི། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ །དེ་ལྟ་བུའི་ཉིན་ཞག་སུམ་ཅུ་ལ་
ཟླ་བ་གཅིག་གོ །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཚེའི་ཚད་ཀྱང་སེམས་ཅན་དམྱལ་བ་པའི་ལོ་ལྔ་བརྒྱ་ཐུབ་བོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་ཚེ་ཚད་ཀྱིས། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སྐྱེས་པ་རྣམས་ཀྱི་ཚེའི་ཚད་བསྒྲེ་བ་དེ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཚེའི་ཚད་ཀྱིས་ཐིག་ནག་ཏུ་སྐྱེས་པ་རྣམས་ཀྱི་ཚེའི་ཚད་བསྒྲེའོ། །འཐབ་བྲལ་བ་རྣམས་ཀྱི་ཚེའི་ཚད་ཀྱིས་བསྡུས་འཇོམས་སུ་སྐྱེས་པ་རྣམས་ཀྱི་ཚེའི་ཚད་བསྒྲེའོ། །དགའ་ལྡན་པ་རྣམས་ཀྱི་ཚེའི་ཚད་ཀྱིས་ངུ་འབོད་དུ་སྐྱེས་པ་རྣམས་ཀྱི་ཚེའི་ཚད་བསྒྲེའོ། །འཕྲུལ་དགའ་བ་རྣམས་ཀྱི་ཚེའི་ཚད་ཀྱིས་ངུ་འབོད་ཆེན་པོར་སྐྱེས་པ་རྣམས་ཀྱི་ཚེའི་ཚད་བསྒྲེའོ། །གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ཚེའི་ཚད་ཀྱིས་ཚ་བར་སྐྱེས་པ་རྣམས་ཀྱི་ཚེའི་ཚད་བསྒྲེ་བར་རིག་པར་བྱའོ། །རབ་ཏུ་ཚ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པའི་བསྐལ་པ་ཕྱེད་དོ། །མནར་མེད་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པའི་བསྐལ་པ་གཅིག་གོ །ལྷ་མ་ཡིན་རྣམས་ཀྱི་ནི་སུམ་ཅུ་རྩ་གསུམ་པ་རྣམས་དང་འདྲའོ། །དུད་འགྲོ་དང་ཡི་དགས་རྣམས་ཀྱི་ཚའི་ཚད་ནི་ངེས་པ་མེད་དོ། །གྲང་བའི་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའི་སེམས་ཅན་རྣམས་ལས་ཕྱི་མ་ཕྱི་མ་ཕྱེད་ཕྱེད་ཞུགས་པར་རིག་པར་བྱའོ། །ཉེ་འཁོར་གྱི་སེམས་ཅན་དམྱལ་བ་དང༌། ཉི་ཚེ་བའི་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་ངེས་པ་མེད་དོ། །ཚངས་རིས་བའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པ་ཉི་ཤུ་ལ་བསྐལ་པ་གཅིག་ཏུ་བགྲང་བའི་བསྐལ་པ་གཅིག་གོ །ཚངས་པའི་མདུན་ན་འདོན་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཞི་བཅུ་ལ་བསྐལ་པ་གཅིག་ཏུ་བགྲང་བའི་བསྐལ་བ་གཅིག་གོ །ཚངས་ཆེན་པ་རྣམས་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པ་དྲུག་ཅུ་ལ་བསྐལ་པ་གཅིག་ཏུ་བགྲང་བའི་བསྐལ་པ་གཅིག་གོ །འོད་ཆུང་བ་རྣམས་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པ་བརྒྱད་ཅུ་ལ་བསྐལ་བར་བགྲང་བའི་བསྐལ་བ་གཉིས་སོ། །དེ་ཡན་ཆད་དེ་ལས་གཞན་པའི་གཟུགས་ན་སྤྱོད་པའི་ལྷའི་རིས་རྣམས་
ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པ་བརྒྱད་ཅུ་པོ་དེའི་ཉིས་འགྱུར་ཉིས་འགྱུར་རོ། །སྤྲིན་མེད་པ་རྣམས་ནི་མ་གཏོགས་ཏེ། དེ་ལ་ནི་བསྐལ་པ་གསུམ་དབྲི་བར་བྱའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བསྐལ་བ་ཉི་ཁྲིའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་བཞི་ཁྲིའོ། །ཅི་ཡང་མེད་པའི་སྐྱེ་མཆེད་དུ་སྐྱེས་པ་རྣམས་ཀྱི་ནི་དྲུག་ཁྲིའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྐྱེས་པ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཁྲིའོ། །བྱང་གི་སྒྲ་མི་སྙན་མ་གཏོགས་པར་དེ་ལས་གཞན་པ་རྣམས་ལ་ནི་བར་མ་དོར་འཆི་བ་ཡོད་དོ། །དེ་ལ་མི་རྣམས་དང༌། དུད་འགྲོ་དང༌། ཡི་དགས་རྣམས་ཀྱི་ལུས་ནི་རོར་གྱུར་ཏེ་འདུག་གོ །ལྷ་རྣམས་དང་སེམས་ཅན་དམྱལ་བ་པ་རྣམས་ཀྱི་ནི་རྣམ་པར་ཤེས་པ་དང་མགོ་མཉམ་དུ་མི་སྣང་བར་འགྱུར་ཏེ། ལུས་རོར་གྱུར་ཏེ་འདུག་པ་མེད་དོ། །དེ་ལ་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། བདེ་བ་དང་སྡུག་བསྔལ་མྱོང་བ་དང༌། ཁ་ཟས་ཀྱི་ལོངས་སྤྱོད་དང༌། འཁྲིག་པའི་ལོངས་སྤྱོད་དོ། །དེ་ལ་སེམས་ཅན་དམྱལ་བ་དག་ན་ནི་སེམས་ཅན་རྣམས་གནོད་པའི་སྡུག་བསྔལ་ཤས་ཆེར་ཉམས་སུ་མྱོང་བར་འགྱུར་རོ། །དུད་འགྲོ་རྣམས་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་དང༌། ཡི་དགས་རྣམས་ནི་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་དང༌། མི་རྣམས་ནི་ཚོལ་ཁྲོས་ཉོན་མོངས་པའི་སྡུག་བསྔལ་དང༌། ལྷ་རྣམས་ནི་འཆི་འཕོ་བ་དང༌། ལྟུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ན་ནི། གནོད་པའི་སྡུག་བསྔལ་ནི་འདི་ལྟ་བུ་ཤས་ཆེར་ཉམས་སུ་མྱོང་བར་འགྱུར་ཏེ། དེ་ལ་སེམས་ཅན་དེ་དག་ཕན་ཚུན་འདུས་ནས་ལས་ཀྱི་དབང་གིས་བྱུང་བའི་མཚོན་ཆ་རྣམ་པ་སྣ་ཚོགས་རིམ་གྱིས་འབྱུང་བ་དག་གིས། གཅིག་ལ་གཅིག་སྣུན་པར་བྱེད་དེ། བརྒྱལ་ནས་ས་ལ་འགྱེལ་ལོ། །དེ་ནས་ནམ་མཁའ་ལ་སེམས་ཅན་ཁྱེད་རྣམས་ཀྱང་སོས་པར་གྱུར་ཅིག་ཅེས་སྒྲ་འབྱུང་ངོ༌། །དེ་ནས་ཡང་སེམས་ཅན་དེ་དག་ལངས་ཏེ། དེ་ལྟ་བུའི་ཚུལ་དུ་གཅིག་ལ་གཅིག་སྣུན་པར་བྱེད་དོ། །གཞི་དེ་
ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྲིད་དུ་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མ་ཟད་ཅིང་མ་བྱང་གི་བར་དུ་སྟེ། དེ་བས་ན་སེམས་ཅན་དམྱལ་བ་དེ་ཡང་སོས་ཞེས་བྱའོ། །དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ན་ནི་གནོད་པའི་སྡུག་བསྔལ་འདི་ལྟ་བུ་ཆེར་ཉམས་སུ་མྱོང་བར་འགྱུར་ཏེ། དེ་ནས་སེམས་ཅན་དེ་དག་དེར་གཏོགས་པའི་མི་གནོད་པར་བྱེད་པ་དག་གིས་ཐིག་ནག་པོས་བཅལ་ཏེ། ཟུར་བཞི་འམ། ཟུར་བརྒྱད་དམ། ཆར་གསེ་བ་རྣམ་པ་སྣ་ཚོགས་དུ་མར་གཞལ་བར་བྱེད་དོ། །གཞལ་ནས་ཀྱང་དེ་ལྟ་དེ་ལྟ་བུར་གཤེགས་ཤིང་འཇོག་ལ་ཀུན་ཏུ་རབ་ཏུ་འཇོག་གོ །གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྲིད་དུ་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མ་ཟད་ཅིང་མ་བྱང་གི་བར་དུ་སྟེ། དེ་བས་ན་སེམས་ཅན་དམྱལ་བ་དེ་ཐིག་ནག་ཅེས་བྱའོ། །དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་ན་ནི། གནོད་པའི་སྡུག་བསྔལ་འདི་ལྟ་བུ་ཤས་ཆེར་ཉམས་སུ་མྱོང་བར་འགྱུར་ཏེ། དེ་ན་སེམས་ཅན་དེ་དག་གང་གི་ཚེ་ཕན་ཚུན་ནས་གཅིག་ཏུ་འདུས་ཤིང་ཚོགས་པར་གྱུར་པ་དེའི་ཚེ། དེར་གཏོགས་པའི་མི་གནོད་པར་བྱེད་པ་རྣམས་ཀྱིས་རའི་གདོང་ལྟ་བུའི་ལྕགས་ཀྱི་རི་ཆེན་པ་གཉིས་ཀྱི་བར་དུ་འཚང་བར་བྱེད་དེ། བཙངས་མ་ཐག་ཏུ་རི་དེ་གཉིས་ཀྱིས་བཙིར་རོ། །དེ་དག་བཙིར་ནས་སྒོ་ཐམས་ཅད་དུ་ཁྲག་གི་ཀླུང་འབབ་ཅིང་རབ་ཏུ་འབབ་བོ། །རའི་གདོང་ལྟ་བུ་གཉིས་ཇི་ལྟ་བ་བཞིན་དུ། ལུག་གི་གདོང་ལྟ་བུ་གཉིས་དང༌། རྟའི་གདོང་ལྟ་བུ་གཉིས་དང༌། གླང་པོ་ཆེའི་གདོང་ལྟ་བུ་གཉིས་དང༌། སེང་གེའི་གདོང་ལྟ་བུ་གཉིས་དང༌། སྟག་གི་གདོང་ལྟ་བུ་གཉིས་ཀྱང་དེ་དང་འདྲའོ། །ཡང་འདུས་པར་གྱུར་ནས་ལྕགས་ཀྱི་འཁྲུལ་འཁོར་ཆེན་པོའི་ནང་དུ་བཅུག་ནས། དཔེར་ན་བུ་རམ་ཤིང་བརྡུངས་པ་ལ་བྱ་བ་བཞིན་དུ་བཙིར་བར་བྱེད་དོ། །དེ་དག་དེར་བཙིར་བ་ན་ཁྲག་གི་ཀླུང་འབབ་ཅིང་རབ་ཏུ་འབབ་བོ། །ཡང་འདུས་པར་གྱུར་ནས། སྟེང་ནས་ལྕགས་ཀྱི་ཕ་འོང་ཆེན་པོ་ལྟུང་བར་འགྱུར་ཏེ། དེས་སེམས་ཅན་དེ་དག་ལྕགས་ཀྱིས་གཞི་ལ་ཀུན་ཏུ་གཅོད་ཅིང༌། ཀུན་ཏུ་འབྱེད་ལ། ཀུན་ཏུ་བརྡུང་ཞིང་ཀུན་ཏུ་དམྱལ་བར་
བྱེད་དོ། །དེ་དག་དེར་ཀུན་ཏུ་གཅོད་ཅིང་ཀུན་ཏུ་འབྱེད་ལ། ཀུན་ཏུ་བརྡུང་ཞིང་ཀུན་ཏུ་དམྱལ་བ་ན། ཁྲག་གི་ཀླུང་འབབ་ཅིང་རབ་ཏུ་འབབ་བོ། །གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྲིད་དུ་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མ་ཟད་ཅིང་མ་བྱང་གི་བར་དུ་སྟེ། དེ་བས་ན་སེམས་ཅན་དམྱལ་བ་དེ་བསྡུས་གཞོམ་ཞེས་བྱའོ། །དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ན་ནི། གནོད་པའི་སྡུག་བསྔལ་འདི་ལྟ་བུ་ཤས་ཆེར་ཉམས་སུ་མྱོང་བར་འགྱུར་ཏེ། དེ་ནི་སེམས་ཅན་དེ་དག་གནས་ཚོལ་ཞིང་ལྕགས་ཀྱི་ཁང་པའི་ནང་དུ་འཇུག་པར་བྱེད་དོ། །དེ་དག་དེར་ཞུགས་ནས་མེ་བཏང་སྟེ། དེས་དེ་དག་ཀུན་ཏུ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ནས་བསྲེག་པར་འགྱུར་རོ། །དེ་དག་དེ་ན་ངུ་ཞིང་ཉམ་ཐག་པའི་སྐད་འབྱིན་ཏོ། །གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྲིད་དུ་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མ་ཟད་ཅིང་མ་བྱང་གི་བར་དུ་སྟེ། དེ་བས་ན་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཅེས་བྱའོ། །དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་ན་ནི་བྱེ་བྲག་ཏུ་ངུ་འབོད་ཀྱི་སྐབས་སུ་ཁང་པ་བསྟན་པ་གང་ཡིན་པ་དེ། དེ་ན་ཡང་ཁང་པ་ཉིད་ཡོད་པ་ལས་ཁང་པ་སྦྲུམ་དུ་འཇུག་པར་རིག་པར་བྱ་སྟེ། དེ་བས་ན་སེམས་ཅན་དམྱལ་བ་དེ་ངུ་འབོད་ཆེན་པོ་ཞེས་བྱའོ། །དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་ཚ་བ་ན་ནི། གནོད་པའི་སྡུག་བསྔལ་འདི་ལྟ་བུ་ཤས་ཆེར་ཉམས་སུ་མྱོང་བར་འགྱུར་ཏེ། སེམས་ཅན་དེ་དག་དེར་གཏོགས་པའི་མི་གནོད་པར་བྱེད་པ་རྣམས་ཀྱིས་ལྕགས་ཟངས་དཔག་ཚད་དུ་མ་ཡོད་པ། ཚ་ཞིང་ཀུན་ཏུ་ཚ་ལ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བའི་ནང་དུ་བཅུག་ནས་བསྐོལ་ཞིང་ཡོངས་སུ་བསྐོལ་ཏེ། འདི་ལྟ་སྟེ། དཔེར་ན་ཉ་བཞིན་དུ་སྲེག་ཅིང་རབ་ཏུ་སྲེག་གོ །གཞན་ཡང་ལྕགས་ཀྱི་གསལ་ཤིང་ཀུན་ཏུ་འབར་ཞིང༌། རབ་ཏུ་འབར་ལ་མས་ཡར་ཕུག་སྟེ། གསལ་ཤིང་དེ་ཡང་ཀུན་ཏུ་ཞུགས་ནས་སྤྱི་བོར་འབྱུང་ངོ༌། །སེམས་ཅན་དེ་དག་གི་ཁ་དང༌། མིག་གི་འབྲས་བུ་གཉིས་དང༌། སྣའི་བུ་གུ་གཉིས་དང༌། རྣ་བའི་བུ་གུ་གཉིས་དང༌།
སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང༌། མེ་ལྕེ་འབར་ཞིང་རབ་ཏུ་འབར་བ་འབྱུང་བར་འགྱུར་རོ། །ཡང་ལྕགས་ཀྱིས་གཞི་ཚ་ཞིང་རབ་ཏུ་ཚལ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ་ལ། གན་རྐྱལ་ལམ་ཁ་བུབ་ཏུ་གཞག་སྟེ། འདི་ལྟ་སྟེ། དཔེར་ན་ཤའི་སྣག་བུ་ལ་བྱ་བ་བཞིན་དུ། ལྕགས་ཀྱི་ཐོ་བ་ཚ་ཞིང་ཀུན་ཏུ་རབ་ཏུ་འབར་བདག་གིས་བརྡུང་ཞིང་ཀུན་ཏུ་བརྡུང་ལ་དམྱལ་ཞིང་ཀུན་ཏུ་དམྱལ་ལོ། །གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྲིད་དུ་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མ་ཟད་ཅིང་མ་བྱང་གི་བར་དུ་སྟེ། དེ་བས་ན་སེམས་ཅན་དམྱལ་བ་དེ་ཚ་བ་ཞེས་བྱའོ། །དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་ན་ནི། བྱེ་བྲག་ཏུ་ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པ་རྐུབ་ཏུ་བཅུག་ནས། དེའི་རྩེ་མོ་གཅིག་ནི་ཕྲག་པ་ཡ་གཅིག་ནས་འབྱུང་ངོ༌། །ཅིག་ཤོས་ཀྱང་ཕྲག་པ་ཡ་གཅིག་ནས་འབྱུང་ངོ༌། །དབུས་མ་ནི་སྤྱི་བོར་འབྱུང་སྟེ། གཞི་དེ་ལས་དེ་དག་གི་ཁ་ནས་ཀྱང་མེ་ལྕེ་འབར་བ་འབྱུང་ལ། མིག་གི་འབྲས་བུ་གཉིས་དང༌། སྣའི་བུ་གུ་གཉིས་དང༌། རྣ་བའི་བུ་གུ་གཉིས་དང༌། སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་མེ་ལྕེ་འབར་བ་འབྱུང་ངོ༌། །ལྕགས་གླེགས་པ་ཚ་ཞིང་རབ་ཏུ་ཚལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ་དག་གིས་ཀྱང་ལུས་ཀུན་ནས་ཡོངས་སུ་དཀྲི་བར་བྱེད་དོ། །ཡང་ལྕགས་ཟངས་ཆེན་པོ་འགྱུར་བྱེད་བསྐོལ་བས་གང་བ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བའི་ནང་དུ་སེམས་ཅན་དེ་དག་སྤྱིའུ་ཚུགས་སུ་འཇུག་གོ །བཅུག་ནས་ཀྱང་ཀུན་བསྐོལ་ཞིང་རབ་ཏུ་བསྐལ་ཏེ། སྟེང་དུ་ཡང་འགྲོ་ཞིང་འོག་ཏུ་ཡང་འགྲོ་ལ་ཐད་ཀར་ཡང་འགྲོ་སྟེ། གང་གི་ཚེ་པགས་པ་དང༌། ཤ་དང༌། ཁྲག་རྣམས་ཀུན་ཞིག་ནས། ཀེང་རུས་འབའ་ཞིག་ལུས་པར་གྱུར་པ་དེའི་ཚེ། ཡང་ཕྱིར་ཕྱུང་ཞིང་ཕྱུང་ཞིང་ལྕགས་ཀྱི་ས་གཞི་ལ་འགྲེམས་སོ། །དེ་ནས་པགས་པ་དང༌། ཤ་དང་ཁྲག་ཕྱིར་སྐྱེས་ནས་ཡང་ནང་དུ་བཅུག་གོ །ལྷག་མ་གཞན་ནི་ཚ་བའི་སྐབས་བཞིན་ནོ། །གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྲིད་དུ་སྡིག་པ་མི་དགེ་བའི་ལས་
ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མ་ཟད་ཅིང་མ་བྱང་གི་བར་དུ་སྟེ། དེ་བས་ན་སེམས་ཅན་དམྱལ་བ་དེ་རབ་ཏུ་ཚ་བ་ཞེས་བྱའོ། །དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ན་ནི། གནོད་པའི་སྡུག་བསྔལ་འདི་ལྟ་བུ་དག་ཉམས་སུ་མྱོང་བར་འགྱུར་ཏེ། སེམས་ཅན་དེ་དག་ལ་ཤར་ཕྱོགས་ན་ས་གཞི་དཔག་ཚད་བརྒྱ་ཕྲག་དུ་མ་ཡོད་པ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ་ལས། མེ་འབར་བའི་ཤུགས་འོང་བར་འགྱུར་ཏེ། དེས་སེམས་ཅན་དེ་དག་གི་པགས་པ་ཡང་བཤིག །ཤ་ཡང་བཤིག །རྒྱུས་པ་ཡང་བཤིག། རུས་པ་ཡང་བཤིག་ནས། རུས་པ་དང་རྐང་ལ་ཐུག་པར་བྱེད་དོ། དཔེར་ན་མར་མེའི་སྙིང་པོ་བཞིན་དུ། ལུས་ཐམས་ཅད་མེ་ལྕེ་འབར་བས་ཁྱབ་པར་འགྱུར་རོ། །ཤར་ཕྱོགས་ཇི་ལྟ་བ་བཞིན་དུ་ལྷོ་དང༌། ནུབ་དང༌། བྱང་ཕྱོགས་ཀྱང་དེ་དང་འདྲ་སྟེ། སེམས་ཅན་དེ་དག་ཀྱང་དེའི་རྒྱུས་མེ་ཉིད་ཀྱི་ཕུང་པོ་ལྟ་བུར་སྣང་སྟེ། མེའི་ཕུང་པོ་ཕྱོགས་བཞི་ནས་འོངས་པ་དེར་འདྲེས་པར་གྱུར་བས། དེ་དག་དེ་ན་སྡུག་བསྔལ་མྱོང་བ་ལ་བར་སྐབས་མེད་དོ། །ཉམ་ཐག་པའི་སྐད་འབྱིན་པས་སེམས་ཅན་ཡིན་པར་མངོན་པར་ཟད་དོ། །ཡང་ལྕགས་ཀྱི་ཞིབ་མའི་ནང་དུ་ལྕགས་ཀྱི་མེ་མདག་མེ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ་དག་འཁྲབ་ཅིང་རབ་ཏུ་འཁྲབ་ཏུ་འཇུག་གོ །ཡང་ལྕགས་ཀྱི་ས་གཞི་ལ་ལྕགས་ཀྱི་རི་ཆེན་པོ་དག་ལ་འཛེག་ཏུ་འཇུག་ཅིང༌། ཕྱིར་ཡང་འབབ་ཏུ་འཇུག་གོ །ཡང་ཁ་ནས་ལྕེ་ཕྱུང་སྟེ། ལྕགས་ཀྱི་ཕུར་པ་བརྒྱས་བརྒྱངས་ནས། དཔེར་ན་གླང་གི་ཀོ་བ་ལ་བྱ་བ་བཞིན་དུ་དེ་ཐང་བཅད་དེ། གཉེར་མ་རངས་ཤིང་ཁམ་ཁུམ་མེད་པར་བྱེད་དོ། །ཡང་ལྕགས་ཀྱི་ས་གཞི་དེ་ཉིད་ལ་གན་རྐྱལ་དུ་བཞག་ནས། ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཁ་ཕྱེ་ནས། ལྕགས་ཀྱི་ཐུ་ལུམ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ་བཅུག་སྟེ། དེས་དེ་དག་གི་ཁ་ཡང་ཚིག་པར་བྱེད་ཅིང༌། ལྐོག་མ་དང༌། རྒྱུ་མ་ཡང་ཚིག་ནས་ཕྱིར་རོ་སྨད་ནས་འབྱུང་བར་འགྱུར་རོ། །ཡང་དེ་བཞིན་དུ་ཟངས་བསྐོལ་བ་ཁར་བླུགས་ནས། དེས་ཀྱང་ཁ་ཡང་ཚིག་པར་བྱེད་ཅིང་ལྐོག་མ་དང་རྒྱུ་མ་ཡང་ཚིག་
ནས་རོ་སྨད་ནས་འབབ་བར་འགྱུར་རོ། །ལྷག་མ་གཞན་རྣམས་ནི་རབ་ཏུ་ཚ་བའི་སྐབས་བཞིན་ནོ། །གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྲིད་དུ་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ཡོངས་སུ་མ་ཟད་ཅིང་མ་བྱང་གི་བར་དུ་སྟེ། དེ་བས་ན་སེམས་ཅན་དམྱལ་བ་དེ་མནར་མེད་པ་ཞེས་བྱ་སྟེ། དེར་ནི་ཕལ་ཆེར་སེམས་ཅན་མཚམས་མེད་པ་བྱེད་བྱེད་པ་རྣམས་སྐྱེ་བར་འགྱུར་རོ། །དེ་ལ་འདི་དག་ནི་གནོད་པ་ཆེ་ལོང་ཆེ་ལོང་རྣམས་སྨོས་པར་ཟད་ཀྱི། སེམས་ཅན་དམྱལ་བ་དེ་དག་ན་དེ་ལས་གཞན་པའི་གནོད་པའི་རྣམ་པ་མང་པོ་སྣ་ཚོགས་རྣམས་མེད་པ་ནི་མ་ཡིན་ནོ། །ཉེ་འཁོར་གྱི་སེམས་ཅན་དམྱལ་བ་དག་ན་ནི་གནོད་པའི་སྡུག་བསྔལ་འདི་ལྟ་བུ་དག་སེམས་ཅན་རྣམས་ཀྱིས་ཉམས་སུ་མྱོང་བར་འགྱུར་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཐམས་ཅད་ཀྱི་ཕྱོགས་བཞི་ན། རྩིག་ངོས་བཞི་དང་སྒོ་བཞི་ཡོད་ལ། ལྕགས་ཀྱི་ར་བ་དག་གིས་བསྐོར་ཏེ། ཕྱོགས་བཞི་དེ་དག་ན་ཡང་སྒོ་བཞི་པོ་དག་གི་ཕྱི་རོལ་སྒོ་རེ་རེ་ན། སེམས་ཅན་དམྱལ་བ་ལྷག་པ་བཞི་ཡོད་དེ། འདི་ལྟ་སྟེ། མེ་མ་མུར་པུས་ནུབ་ཙམ་ཡོད་ལ། སེམས་ཅན་དེ་དག་གནས་ཚོལ་དུ་འགྲོ་བ་ན་དེ་དག་གིས་དེར་རྐང་པ་བཞག་ན་ནི་པགས་པ་དང༌། ཤ་དང་ཁྲག་ཀུན་འཇིག་པར་འགྱུར་རོ། །རྐང་པ་བཏེག་ན་ནི་པགས་པ་དང༌། ཤ་དང་ཁྲག་ཕྱིར་སྐྱེ་བར་འགྱུར་རོ། །མེ་མུར་པུས་ནུབ་ཙམ་པོ་དེ་དང༌། འདབ་ཆགས་དྲུང་ཉིད་ན་ཕྱི་སའི་འདམ་རོ་ལྟར་མནམ་པ་ཡོད་དེ། སེམས་ཅན་གནས་ཚོལ་བ་དེ་དག་གིས་འབོགས་པ་དང༌། དེ་དག་དེར་སྒྱེལ་ནས་མགོ་དང་རྐང་པ་བཅས་པར་བྱིང་སྟེ་འདུག་གོ །ཕྱི་སའི་འདམ་རོ་ལྟར་མནམ་པ་དེ་ན། སྲོག་ཆགས་འབུ་མཆུ་རྣོན་ཞེས་བྱ་བ་ཡོད་དེ། དེ་དག་གིས་སེམས་ཅན་དེ་དག་གི་པགས་པ་ཡང་འབིགས་ལ། ཤ་དང་རྒྱུས་པ་དང་རུས་པ་དག་ཀྱང་འཇིག་པར་བྱེད་དེ། དེ་ནས་རུས་པ་དང་རྐང་ལ་ཐུག་ནས་འབྲུ་བར་བྱེད་དོ། །ཕྱི་སའི་འདམ་རོ་ལྟར་མནམ་པ་དེ་དང་འདབ་ཆགས་དྲུང་ཉིད་ན། སྤུ་གྲིའི་སོས་གཏམས་པའི་ལམ་ཡོད་དེ། སེམས་ཅན་གནས་ཚོལ་བ་དེ་དག་སོང་བ་དང༌། དེར་དེ་དག་གི་རྐང་པ་བཞག་ན་ནི་པགས་པ་དང༌།
ཤ་དང་ཁྲག་ཀུན་གཅོད་པར་བྱེད་དོ། །རྐང་པ་བཏེག་ན་ནི་པགས་པ་དང༌། ཤ་དང་ཁྲག་ཕྱིར་སྐྱེ་བར་འགྱུར་རོ། །སྤུ་གྲིའི་སོས་གཏམས་པའི་ལམ་དེ་དང་འདབ་ཆགས་དྲུང་ཉིད་ན། ནགས་ཚལ་རལ་གྲིའི་ལོ་མ་ཅན་ཡོད་དེ། དེར་སེམས་ཅན་གནས་ཚོལ་བ་དེ་དག་སོང་བ་དང༌། དེའི་གྲིབ་མ་ལ་བརྟེན་ཅིང་དེ་དག་གི་དྲུང་དུ་འཁོད་ནས་ཤིང་ལས་རལ་གྲི་ལྷགས་ཏེ། དེ་དག་གིས་སེམས་ཅན་དེ་དག་གི་ཡན་ལག་དང་ཉིང་ལག་རྣམས་འབིགས་ཤིང༌། རྣམ་པར་གཤེགས་ཏེ། དེ་དག་དེར་འགྱེལ་ནས་ཁྲི་སྲེ་བོ་དག་ལྷགས་ཏེ། རྒྱབ་ཀྱི་བཤུལ་འཐོག་ཅིང་ཟའོ།། ནགས་ཚལ་རལ་གྲིའི་ལོ་མ་ཅན་དེ་དང་འདབ་ཆགས་དྲུང་ཉིད་ན། ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་ཡོད་དེ། སེམས་ཅན་གནས་ཚོལ་བ་དེ་དག་སོང་བ་དང༌། འཛེག་ཏུ་འཇུག་སྟེ། དེ་དག་དེ་ལ་འཛེག་པའི་ཚེ་ནི། ཚེར་མ་རྣམས་ཀྱི་ཁ་ཐུར་དུ་ལྟ་བར་འགྱུར་རོ། །འབབ་པའི་ཚེ་ནི་ཚེར་མ་རྣམས་ཀྱི་ཁ་གྱེན་དུ་ལྟ་བར་འགྱུར་རོ། །དེ་དག་གིས་དེ་དག་གི་ཡན་ལག་དང་ཉིང་ལག་རྣམས་འབིགས་ཤིང༌། རྣམ་པར་གཤེགས་པར་བྱེད་དོ། །དེ་ན་ཁྭ་ལྕགས་ཀྱི་མཆུ་ཅན་ཞེས་བྱ་བ་དག་ཀྱང་ཡོད་དེ། དེ་དག་སེམས་ཅན་དེ་དག་གི་ཕྲག་པ་འམ་མགོ་བོ་ལ་འཁོད་ནས་མིག་གི་འབྲས་བུ་དག་འཐོག་ཅིང་ཟའོ། །ལྕགས་ཀྱི་ཤིང་ཤལ་མ་ལི་དེ་དང་འདབ་ཆགས་དྲུང་ཉིད་ན། ཆུ་ཀླུང་རབ་མེད་ཅེས་བྱ་བ་འགྱུར་བྱེད་ཀྱི་ཆུ་བསྐོལ་བས་གང་བ་ཡོད་དེ། སེམས་ཅན་གནས་ཚོལ་བ་དེ་དག་དེར་ལྷུང་ནས། དེ་དག་སྟེང་དུ་ཡང་འགྲོ་སྟེ་བསྐོལ་ཞིང་འཚེད་དོ། །འོག་ཏུ་ཡང་འགྲོ་སྟེ་བསྐོལ་ཞིང་འཚེད་པ་ནི་དཔེར་ན་ཟངས་ཆུས་བཀང་ལ་མེ་ཆེན་པོ་ཤིན་ཏུ་སྦར་བའི་ནང་དུ་མོན་སྲན་སྡེའུ་དང༌། མོན་སྲན་གྲེའུ་དང༌། རྒྱ་ཤུག་གི་འབྲས་བུ་དང༌། རྒྱ་སྲན་བླུགས་པ་བཞིན་ནོ། །ཆུ་ཀླུང་དེའི་ངོས་གཉིས་ན། སེམས་ཅན་ལག་ན་དབྱུག་པ་ཐོགས་པ་དང༌། ལག་ན་མཆིལ་བ་ཐོགས་པ་དང༌། ལག་ན་རྒྱ་ཐོགས་པ་དག་འཁོད་དེ། དེ་དག་གིས་སེམས་ཅན་དེ་དག་ནི་ཕྱིར་འབྱུང་དུ་ཡང་མི་སྟེར་ལ་འབྱིན་པའི་མཆིལ་པ་འམ། འབྱིན་པའི་རྒྱས་ཕྱིར་ཕྱུང་ནས་ས་གཞི་མེ་ཆེན་པོ་ཀུན་ཏུ་རབ་ཏུ་འབར་བ་ལ་གན་རྐྱལ་དུ་བཞག་སྟེ། ཀྱེ་སེམས་ཅན་དག་ཅི་འདོད་ཅེས་འདྲིའོ། །དེ་དག་གིས་སྨྲས་
པ། བདག་ཅག་གིས་ཀྱང་མི་ཤེས་སོ། །བདག་ཅག་གིས་ཀྱང་མི་མཐོང་སྟེ། འོན་ཀྱང་བདག་ཅག་ནི་བཀྲེས་སོ། །དེ་ནས་སེམས་ཅན་དེ་དག་གིས་ལྕགས་ཀྱི་འབྱེད་སྤྱད་ཀྱིས་སེམས་ཅན་དེ་དག་གི་ཁ་ཕྱེ་ནས། ལྕགས་ཀྱི་ཐུ་ལུམ་མེ་ཆེན་པོ་ཤིན་ཏུ་རབ་ཏུ་འབར་བ་ཁར་འཇུག་པ་ཡང་སྔ་མ་བཞིན་ནོ། །གལ་ཏེ་བདག་ཅག་ནི་སྐོམ་མོ་ཞེས་ཟེར་ན་ནི། དེ་དག་གིས་དེ་བཞིན་དུ་ཟངས་བསྐོལ་བ་ཁར་ལྡུགས་སོ། །གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྲིད་དུ་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བ། སྡིག་པ་མི་དགེ་བའི་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མ་ཟད་ཅིང་མ་བྱང་གི་བར་དུའོ། །དེ་ལ་སྤུ་གྲིའི་སོས་གཏམས་པའི་ལམ་གང་ཡིན་པ་དང༌། ནགས་ཚལ་རལ་གྲིའི་ལོ་མ་ཅན་གང་ཡིན་པ་དང༌། ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་གང་ཡིན་པ་དེ་ལྷག་པ་གཅིག་ཏུ་བསྡུས་པས་ན་ལྷག་པ་བཞིར་འགྱུར་རོ། །དེ་ལ་གྲང་བའི་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ནི། གྲང་བའི་སྡུག་བསྔལ་འདི་ལྟ་བུ་དག་ཉམས་སུ་མྱོང་བར་འགྱུར་ཏེ། ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ནི། ས་དེ་ན་ཡོད་པའི་ལྷགས་པ་ཆེན་པོས་བཏབ་ནས། ལུས་ཐམས་ཅད་ཆུ་བུར་བྱུང་བ་བཞིན་དུ་འཁུམས་པར་འགྱུར་ཏེ། དེ་བས་ན་སེམས་ཅན་དམྱལ་བ་དེ་ཆུ་བུར་ཅན་ཞེས་བྱའོ། །དེ་ལ་ཆུ་བུར་རྡོལ་བ་ཅན་གྱི་བྱེ་བྲག་ནི་འདི་ཡིན་ཏེ། ཆུ་བུར་རྡོལ་བ་བཞིན་དུ་འཁུམས་པར་འགྱུར་ཏེ། དེ་བས་ན་སེམས་ཅན་དམྱལ་བ་དེ་ཆུ་བུར་རྡོལ་བ་ཅན་ཞེས་བྱའོ། །དེ་ལ་སོ་ཐམས་ཐམས་དང༌། ཀྱི་ཧུད་ཟེར་དང༌། ཨ་ཅུ་ཟེར་བ་ནི་ཚིག་ཏུ་བརྗོད་པ་ལས་སེམས་ཅན་དེ་དག་གི་མིང་དུ་བཏགས་པའོ། །གྲང་བའི་སེམས་ཅན་དམྱལ་བ་ཨུཏྤལ་ལྟར་གས་པ་དག་ན་ནི། ས་དེ་ན་ཡོད་པའི་ལྷགས་པ་ཆེན་པོས་བཏབ་ནས། པགས་པ་རྣམ་པར་སྔོ་ཞིང་ཁ་ལྔ་འམ། དྲུག་ཏུ་གས་པར་འགྱུར་ཏེ། དེ་བས་ན་སེམས་ཅན་དམྱལ་བ་དེ་ཨུཏྤལ་ལྟར་གས་པ་ཞེས་བྱའོ། །དེ་ལ་པདྨ་ལྟར་གས་པའི་བྱེ་བྲག་ནི་འདི་ཡིན་ཏེ། པགས་པ་སྔོན་པོར་གྱུར་བ་ལས་འདས་ནས་རྣམ་པར་དམར་ཞིང་ཁ་བཅུ་འམ། དེ་ལས་ལྷག་པར་ཡང་གས་པར་འགྱུར་ཏེ།
དེ་བས་ན་སེམས་ཅན་དམྱལ་བ་དེ་པདྨ་ལྟར་གས་པ་ཞེས་བྱའོ། །པདྨ་ལྟར་གས་པ་ཆེན་པོའི་བྱེ་བྲག་ནི་འདི་ཡིན་ཏེ། པགས་པ་ཤིན་ཏུ་རྣམ་པར་དམར་བ་ཁོ་ནར་གྱུར་ནས་ཁ་བརྒྱའམ་དེ་ལས་ལྷག་པར་ཡང་གས་པར་འགྱུར་ཏེ། དེ་བས་ན་སེམས་ཅན་དམྱལ་བ་དེ་པདྨ་ལྟར་གས་པ་ཆེན་པོ་ཞེས་བྱའོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་དག་ཏུ་སྐྱེས་པའི་སེམས་ཅན་རྣམས་ཀྱིས་ནི་རང་རང་གི་ལུས་ལས་རང་རང་གི་ལས་ལས་བྱུང་བའི་སྡུག་བསྔལ་འདི་ལྟ་བུ་དག་ཉམས་སུ་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ། མདོ་ལས་དཔལ་ལྡན་གྱིས་དྲིས་པ་ནི། མཽད་གལ་གྱི་བུས་རྒྱས་པར་བརྗོད་པ་བཞིན་ཏེ། དེ་བས་ན་སེམས་ཅན་དམྱལ་བ་དེ་ལ། ཉི་ཚེ་བའི་སེམས་ཅན་དམྱལ་བ་ཞེས་བྱའོ། །དེ་ལ་དུད་འགྲོ་ནི་གཅིག་ལ་གཅིག་གསོད་པར་བྱེད་དེ། གང་མཐུ་ཆུང་བ་གསོད་པར་བྱེད་དོ། །གཞི་དེས་སྡུག་བསྔལ་མྱོང་བར་འགྱུར་རོ། །རང་དབང་མེད་པར་ཡང་གསོད་པ་དང༌། བརྡེག་པ་དང༌། གནོད་པ་བྱེད་པ་ལ་ལྷ་དང་མི་རྣམས་ཀྱི་ཡོ་བྱད་དུ་གྱུར་པ་ཡང་ཡིན་ཏེ། གཞི་དེས་ན་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བར་འགྱུར་རོ། །ཡི་དགས་རྣམས་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཟས་དང་སྐོམ་ལ་ཕྱི་རོལ་གྱི་སྒྲིབ་པ་ཡོད་པ་དང༌། ཟས་དང་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་དང༌། ཟས་དང་སྐོམ་ལ་སྒྲིབ་པ་ཡོད་པའོ། །ཟས་དང་སྐོམ་ལ་ཕྱི་རོལ་གྱི་སྒྲིབ་པ་ཡོད་པ་གང་ཞེ་ན། སེམས་ཅན་གང་དག་སེར་སྣ་ཤས་ཆེར་བསྟེན་པའི་ཕྱིར་ཡི་དགས་ཀྱི་གནས་སུ་སྐྱེས་ལ། དེ་དག་ཀྱང་བཀྲེས་ཤིང་སྐོམ་པ་དང་ལྡན་པས། པགས་པ་དང༌། ཤ་དང་ཁྲག་ཀུན་སྐམས་ནས། སྡོང་དུམ་ཚིག་པ་ལྟ་བུར་འདུག་ལ་གདོང་སྐྲས་ཁེབས་པ་དང༌། བཀྲེས་ཤིང་སྐོམ་པ་དང་ལྡན་པའི་བཞིན་དང༌། ཁ་ཤིན་ཏུ་སྐམས་ཤིང་ལྕེས་ལྡག་པ་དང༌། བཞིན་འགྱུར་བས། ཆུ་མིག་དང༌། མཚོ་དང༌། མཚེའུ་རྣམས་སུ་དེ་དང་དེར་ཀུན་ཏུ་རྒྱུ་བར་བྱེད་དེ། དེ་དག་ཏུ་ཡང་སེམས་ཅན་ལག་ན་རལ་གྲི་ཐོགས་པ་དང༌། ལག་ན་མདུང་ཐོགས་པ་དང༌། ལག་ན་མདུང་ཐུང་ཐོགས་པ་གཞན་དག་གིས་ཆུ་མིག་དང༌། མཚོ་དང༌། མཚེའུ་དེ་དག་ལས་ཕྱིར་འགོག་པར་བྱེད་ལ། ཆུ་དེ་ཡང་རྣག་དང་ཁྲག་ཏུ་མཐོང་སྟེ། དེས་ན་དེ་དག་བདག་ཉིད་ཀྱང་འཐུང་མི་འདོད་པར་འདུག་
སྟེ། དེ་ལྟ་བུ་དེ་དག་ནི་ཟས་དང་སྐོམ་ལ་ཕྱི་རོལ་གྱི་སྒྲིབ་པ་ཡོད་པའི་ཡི་དགས་རྣམས་སོ། །ཟས་དང་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་གང་ཞེ་ན། འདི་ལྟ་སྟེ། ཁ་ཁབ་ཙམ་ལ། ཁ་འབར་བ་ཅན་དང༌། ལྦ་བ་ཅན་དང༌། གསུས་པོ་ཆེ་སྟེ། འདི་ལྟར་དེ་དང་གཞན་དག་གིས་བགེགས་མ་བྱས་པར་བདག་ཉིད་ཀྱིས་ཟས་དང་སྐོམ་ཉིད་དུ་ཟིན་ཀྱང༌། བཟའ་བ་དང་བཏུང་བར་མི་ནུས་པ་དེ་ལྟ་བུ་དེ་དག་ནི་ཟས་དང་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པའི་ཡི་དགས་རྣམས་སོ། །ཟས་དང་སྐོམ་ལ་སྒྲིབ་པ་ཡོད་པ་རྣམས་གང་ཞེ་ན། ཡི་དགས་མེ་ལྕེའི་ཕྲེང་བ་ཅན་ཞེས་བྱ་བ་ཡོད་དེ། དེ་དག་གིས་ཟོས་སོ་ཅོག་དང་འཐུངས་སོ་ཅོག་ཐམས་ཅད་ཚིག་པར་འགྱུར་ཏེ། དེས་ན་དེ་དག་གི་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་བ་རྣམས་ཀྱང་མེད་པར་མི་འགྱུར་རོ། །ཡི་དགས་ལྗན་ལྗིན་ཟ་བ་ཞེས་བྱ་བ་དག་ཀྱང་ཡོད་དེ། དེ་དག་ཁ་ཅིག་ནི་ཕྱི་ས་ཟ་ཞིང་གཅིན་འཐུང་སྟེ། གང་མི་གཙང་ཞིང་མནམ་ལ་དྲི་ང་བ་དང༌། གནོད་པ་དང༌། སྨད་པར་བྱ་བ་དེ་ནི་བཟའ་བ་འམ། འཐུངས་བར་ནུས་སོ། །ཡང་ཁ་ཅིག་ནི་རང་གི་ཤ་རྣམས་ཀྱང་གཅད་དེ་ཟ་ལ། གཙང་བ་འམ་བསོད་པ་གང་ཡིན་པ་དེ་ནི་བཟའ་བ་དང་བཏུང་བར་མི་ནུས་ཏེ། དེ་ལྟ་བུ་དེ་དག་ནི། ཟས་དང་སྐོམ་ལ་སྒྲིབ་པ་ཡོད་པའི་ཡི་དགས་རྣམས་སོ། །དེ་ལ་མིར་སྐྱེས་པའི་སེམས་ཅན་རྣམས་ནི་ཕོངས་པའི་སྡུག་བསྔལ་འདི་ལྟ་བུ་མྱོང་བར་འགྱུར་ཏེ། ལྷན་ཅིག་སྐྱེས་པའི་བཀྲེས་ཤིང་སྐོམ་པས་ཕོངས་པའི་སྡུག་བསྔལ་དང༌། འདོད་པས་ཕོངས་པ། ཁ་ཟས་ངན་པས་ཕོངས་པའི་སྡུག་བསྔལ་དང༌། འགྲོ་བ་ལས་བྱུང་བ་དང༌། ཚོལ་ཁྲོ་དང༌། ངལ་བ་ལ་སོགས་པས་ཕོངས་པའི་སྡུག་བསྔལ་དང༌། དུས་ཚིགས་འགྱུར་བའི་གྲང་བ་དང༌། ཚ་བས་གནོད་པར་འགྱུར་བའི་སྡུག་བསྔལ་དང༌། འཛག་གནོད་བྱེད་ལས་བྱུང་བ་དང༌། ཁང་པ་ལ་སོགས་པས་མ་བསྐྱབས་པ་ལས་གྱུར་བའི་གནོད་པའི་སྡུག་བསྔལ་དང༌། མུན་པ་ལ་སོགས་པས་བསྒྲིབས་པས་ཐ་སྙད་ཆད་པ་ལས་བྱུང་བའི་གནོད་པའི་སྡུག་བསྔལ་དང༌། དེ་བཞིན་དུ་ཡོངས་སུ་འགྱུར་བ། རྒ་བའི་སྡུག་བསྔལ་དང༌། ན་བའི་སྡུག་བསྔལ་དང༌། འཆི་བའི་སྡུག་
བསྔལ་ལའོ། །འདི་ལྟར་སེམས་ཅན་དམྱལ་བ་དག་ན་ནི། འཆི་བ་ཉིད་ལ་བདེ་བར་འཛིན་ཏེ། དེ་བས་ན་དེ་ལ་ནི་སྡུག་བསྔལ་དུ་རྣམ་པར་མི་གཞག་གོ །ལྷ་རྣམས་ལ་ནི་གནད་འཆད་པ་ནི་མེད་ལ་འཆི་འཕོ་བ་དང༌། ལྟུང་བའི་སྡུག་བསྔལ་ནི་ཡོད་དེ། ཇི་སྐད་དུ་ལྷའི་བུ་འཆི་འཕོ་བ་ན་སྔ་ལྟས་རྣམ་པ་ལྔ་འབྱུང་སྟེ། གོས་དྲི་མ་མེད་པ་ལ་དྲི་མ་ཅན་དུ་འགྱུར་བ་དང༌། མེ་ཏོག་གི་ཕྲེང་བ་སྔོན་མ་རྙིངས་པ་རྙིངས་པར་འགྱུར་བ་དང༌། མཆན་ཁུང་གཉིས་ནས་རྡུལ་འབྱུང་བར་འགྱུར་བ་དང༌། ལུས་ལས་དྲི་མི་ཞིམ་པ་འབྱུང་བ་དང༌། ལྷ་དང་ལྷའི་བུ་ཡང་རུང་བདག་ཉིད་ཀྱི་སྟན་ལ་མི་དགའ་བར་འགྱུར་བ་སྟེ། དེའི་ཚེ་འཁོར་གྱི་ནང་དུ་འདུས་པ་ན་ལྷའི་བུ་མོ་དེ་དག་དེ་ལས་གཞན་པའི་ལྷའི་བུ་དག་དང་ལྷན་ཅིག་ཏུ་དགའ་མགུར་སྤྱོད་པ་དེ་དག་དེས་མཐོང་ནས། གཞི་དེ་ལས་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་ཆེན་པོ་མྱོང་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་སྤ་གོང་བར་གྱུར་པའི་སྡུག་བསྔལ་ཡང་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་བསོད་ནམས་ཀྱི་ཕུང་པོ་ཆེས་རྒྱ་ཆེ་བ་དང་ལྡན་པ་གང་ཡིན་པ་དེའི་ལྷའི་འདོད་པ་ལྔའི་ཡོན་ཏན་ཆེས་ཆེ་བར་འབྱུང་བར་འགྱུར་ཏེ། དེར་དེ་ལས་གཞན་པའི་ལྷའི་བུ་བསོད་ནམས་ཆེས་ཆུང་བ་རྣམས་ཀྱིས་མཐོང་ན་སྤ་གོང་བར་འགྱུར་ཏེ། གཞི་དེ་ལས་ཀྱང་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་ཆེན་པོ་མྱོང་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་གཅད་པ་དང༌། དྲལ་བ་དང༌། སྤྱུགས་པ་དང༌། གསད་པའི་སྡུག་བསྔལ་ཡང་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལྷ་རྣམས་དང༌། ལྷ་མ་ཡིན་རྣམས་གཡུལ་སྤྲོད་པ་ན། ལྷ་རྣམས་དང༌། ལྷ་མ་ཡིན་རྣམས་དང༌། ཕན་ཚུན་དུ་འགྲས་པར་འགྱུར་བས་གསེར་དང་དངུལ་དང་ཤེལ་དང༌། བཻ་ཌཱུཪྻའི་མཚོན་ཆ་སྣ་བཞི་པོ་དག་བླངས་ནས་གཡུལ་འགྱེད་དེ། དེ་ཡང་ལྷ་རྣམས་དང༌། ལྷ་མ་ཡིན་རྣམས་ཀྱི་ཡན་ལག་དང༌། ཉིང་ལག་འཆད་པ་ཡང་ཡོད། ལུས་འདྲལ་བ་ཡང་ཡོད། གསོད་པ་ཡང་ཡོད་དོ། །དེ་དག་གི་ཡན་ལག་དང་ཉིང་ལག་ཆད་པ་རྣམས་ཀྱང་ཕྱིར་སྐྱེ་བར་འགྱུར་ལ། ལུས་དྲལ་བ་ཡང་ཕྱིར་འཚོ་བར་འགྱུར་རོ། །གང་གི་ཚེ་མགོ་གཅད་པར་གྱུར་པ་དེའི་ཚེ་ནི་འཆི་བར་འགྱུར་རོ། །དེ་ལ་ཆེད་
འགའ་ནི་ལྷ་རྣམས་ཕམ་པར་འགྱུར། ཆེད་འགའ་ནི་ལྷ་མ་ཡིན་རྣམས་ཕམ་པར་འགྱུར་ཏེ། ལྷ་རྣམས་མཐུ་ཆེ་བའི་ཕྱིར་ལན་མང་དུ་ལྷ་རྣམས་རྒྱལ་བར་འགྱུར་རོ། །དེ་གཉིས་ལས་གང་དག་ཕམ་པར་གྱུར་པ་དེ་དག་ནི། རང་གི་གྲོང་ཁྱེར་དུ་ཞུགས་ནས་བདེ་བར་འགྱུར་ཏེ། དར་ཞུགས་ནས་དེ་དག་གཅིག་ལ་གཅིག་གིས་མི་ཚུགས་སོ། །དེ་ལ་ལྷ་རྣམས་ནི་ལྷ་མ་ཡིན་གྱི་བུ་མོ་དག་གི་ཕྱིར་ལྷ་མ་ཡིན་རྣམས་དང་འགྲས་པར་འགྱུར་རོ། །ལྷ་མ་ཡིན་རྣམས་ནི་བདུད་རྩི་རྣམ་པ་བཞིའི་ཕྱིར་ལྷ་རྣམས་དང་འགྲས་པར་འགྱུར་རོ། །ལྷ་མ་ཡིན་རྣམས་ཀྱང་ལྷའི་འགྲོ་བས་བསྡུས་པ་ཁོ་ནར་བལྟ་བར་བྱའོ། །འོན་ཀྱང་དེ་དག་ནི་སྒྱུ་ཅན་འདྲིད་པའི་བསམ་པ་དང་ལྡན་པ་སྒྱུ་དང་གཡོའི་ཤས་ཆེ་བ་ཡིན་ཏེ། དེ་བས་ན་འདི་ལྟ་སྟེ། ལྷ་རྣམས་བཞིན་དུ་དཀར་པོའི་ཆོས་རྣམས་ཀྱི་སྣོད་དུ་གྱུར་པ་མ་ཡིན་ཏེ། དེའི་ཕྱིར་ཆེད་འགའ་མདོ་གཞན་དག་ལས་འགྲོ་བ་ཐ་དད་པའི་བསྟན་པས་བསྟན་ཏོ། །དེ་དག་ནི་ལྷ་ཉིད་ཡིན་ན། ལྷའི་ཆོས་ཡང་དག་པར་བླངས་ཏེ་གནས་པ་མ་ཡིན་པས། དེའི་ཕྱིར་ལྷ་མ་ཡིན་རྣམས་ཞེས་བྱའོ། །ལྷའི་བུ་ཆེས་མཐུ་དང་ལྡན་པ་ཆེས་འཁྲུགས་པར་གྱུར་ན། ལྷའི་བུ་ཆེས་མཐུ་ཆུང་བར་རང་གི་གནས་ན་སྤོང་ཞིང་སྐྲོད་པར་བྱེད་དེ། དེ་བས་ན་ལྷ་རྣམས་ཀྱི་སྡུག་བསྔལ་གསུམ་པོ་འཆི་འཕོ་བ་དང༌། ལྟུང་བའི་སྡུག་བསྔལ་དང༌། སྤ་གོང་བའི་སྡུག་བསྔལ་དང༌། གཅད་པ་དང༌། དྲལ་བ་དང༌། གསད་པ་དང༌། སྤྱུགས་པའི་སྡུག་བསྔལ་མྱོང་བར་འགྱུར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སེམས་ཅན་རྣམས་ལ་ནི་སྡུག་བསྔལ་དེ་དག་རྣམ་པ་ཐམས་ཅད་དུ་མེད་དོ། །འདི་ལྟར་སེམས་ཅན་དེ་དག་ནི་སྡུག་བསྔལ་གྱི་ཚོར་བའི་སྣོད་དུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་ཉོན་མོངས་པ་དང་ལྡན་ཞིང་སྒྲིབ་པ་དང་བཅས་ལ། འཆི་འཕོ་བ་དང༌། གནས་པ་ལ་རང་དབང་མེད་པའི་ཕྱིར་དེ་དག་ཀྱང་གནས་ངན་ལེན་གྱི་སྡུག་བསྔལ་གྱིས་ནི་སྡུག་བསྔལ་ལོ། །ཟག་པ་མེད་པའི་ཁམས་ན་ནི་གནས་ངན་ལེན་གྱིས་སྡུག་བསྔལ་ཐམས་ཅད་ཡང་དག་པར་ཆད་པ་ཡིན་ཏེ། དེ་བསན་དེ་ཁོ་ན་ཡང་དག་བར་བདེ་བ་ཡིན་གྱི། གཞན་ཐམས་ཅད་ནི་སྡུག་
བསྔལ་བ་ཡིན་པར་རིག་པར་བྱའོ། །དེ་ལ་སེམས་ཅན་དམྱལ་བ་རྣམ་པ་བཞི་ཆར་ན་ཡང་བདེ་བ་མྱོང་བ་མེད་དེ། སེམས་ཅན་དམྱལ་བ་རྣམས་ཇི་ལྟ་བ་བཞིན་དུ་ཡི་དགས་རྣམས་ཀྱང་དེ་དང་འདྲའོ། །ཡི་དགས་རྫུ་འཕྲུལ་ཆེན་པོ་རྣམས་དང༌། དུད་འགྲོ་རྣམས་དང༌། མི་རྣམས་ལ་ནི་ཕྱི་རོལ་དུ་བལྟས་པ་ལས་བྱུང་བའི་ཡོ་བྱད་ཀྱི་བདེ་བ་དང༌། སྡུག་བསྔལ་བ་འདྲེས་པས་འདྲེན་མར་སྣང་ངོ༌། །དེ་ལ་མི་རྣམས་ཀྱི་ནང་ན་འཁོར་ལོས་སྒྱུར་བའི་བདེ་བ་ནི་མཆོག་དང༌། གཙོ་བོ་དང་གྱ་ནོམ་པའི་ཡིན་ནོ། །འཁོར་ལོས་སྒྱུར་བ་འཇིག་རྟེན་དུ་འབྱུང་བ་ན་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འབྱུང་སྟེ། དེའི་རིན་པོ་ཆེ་སྣ་བདུན་པོ་དེ་དག་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང༌། གླང་པོ་རིན་པོ་ཆེ་དང༌། རྟ་རིན་པོ་ཆེ་དང༌། ནོར་བུ་རིན་པོ་ཆེ་དང༌། བུད་མེད་རིན་པོ་ཆེ་དང༌། ཁྱིམ་བདག་རིན་པོ་ཆེ་དང༌། བདུན་པ་བློན་པོ་རིན་པོ་ཆེའོ། །དེའི་ཚེ་དེའི་འཁོར་ལོ་རིན་པོ་ཆེ་ཇི་ལྟ་བུ་ཞིག་འབྱུང་བར་འགྱུར་ཞེ་ན། རིན་པོ་ཆེ་སྣ་བདུན་པོ་དག་འབྱུང་བ་ནི་མདོ་འདི་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་བརྗོད་པར་བྱའོ། །དེ་ལ་གླིང་བཞི་པ་ལ་ནི་ཁམས་ཀྱི་རྒྱལ་པོ་རྣམས་རང་ཕྱག་འཚལ་བར་འགྱུར་ཏེ། འདི་དག་ནི་ལྷའི་འབངས་ལགས་ཀྱི་ལྷས་འདི་དག་ལ་ལེགས་པར་རྗེས་སུ་བསྟན་དུ་གསོལ། བདག་ཅག་ནི་ལྷའི་རྗེས་སུ་མཆི་བ་ལགས་སོ་ཞེས་ཟེར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོས། དེ་དག་ལ་བསྒོ་བ་གཙོ་བོ་དག་དེའི་ཕྱིར་ཁྱེད་བདག་ཅག་གིས་རང་རང་གི་རིས་སུ་གཏོགས་པ་རྣམས་ཆོས་ཀྱིས་ལེགས་པར་རྗེས་སུ་སྟོན་ཅིག །ཆོས་མ་ཡིན་པས་ནི་མ་བྱེད་ཅིག །ཁྱེད་ཀྱིས་ཆོས་མ་ཡིན་པ་སྤྱོད་པ་དང༌། ལོག་པར་སྤྱོད་པ་རྣམས་ཀྱང་ཡུལ་འཁོར་དུ་འདུག་ཏུ་མ་གཞུག་ཤིག་ཅེས་བསྒོ་བར་བྱེད་དོ། །གླིང་གསུམ་པ་ལ་ནི་བོ་ཉ་བཏང་བས་ཕྱག་འཚལ་བར་འགྱུར་རོ། །གླིང་གཉིས་པ་ལ་ནི་རང་རེང་བྱེད་དེ་བརྩལ་བས་ཕྱག་འཚལ་བར་འགྱུར་རོ། །གླིང་གཅིག་པ་ལ་ནི། མཚོན་ཆ་ཀུན་ཏུ་འཁྲུག་པའི་བར་དུ་བྱས་པས་ཕྱག་འཚལ་བར་འགྱུར་རོ། །ལྷ་རྣམས་ནི་མཐོ་རིས་ཀྱི་རྣམ་པར་འབྱོར་བ་ཆེན་པོ་མྱོང་བར་འགྱུར་ཏེ། ཁ་དོག་དང་ལྡན་ཞིང་དགའ་བའི་ཤས་ཆེ་ལ། རང་རང་གི་གཞལ་མེད་ཁང་དག་ན་ཡུན་རིང་པོར་གནས་སོ། །དེ་དག་ནི་ལུས་ཀྱི་ཕྱི་ནང་གཙང་ཞིང༌། དྲིང་
བ་མེད་དོ། །དེ་དག་ལ་ནི་འདི་ལྟ་སྟེ། མི་རྣམས་ཀྱི་མི་གཙང་བའི་རྫས་འདི་ལྟ་སྟེ། རྡུལ་དང༌། དྲི་མ་དང༌། རུས་པ་དང༌། རྒྱུས་པ་དང༌། རྩ་དང༌། མཁལ་མ་དང༌། སྙིང་ལ་སོགས་པ་གང་ཡིན་པ་དེ་དག་མེད་དོ། །དེ་དག་གི་གཞལ་མེད་ཁང་ཡང་གསེར་ལས་གྲུབ་པ་དང༌། དངུལ་ལས་གྲུབ་པ་དང༌། ཤེལ་ལས་གྲུབ་པ་དང༌། བཻ་ཌཱུཪྻ་ལས་གྲུབ་པ་རྣམ་པ་བཞི་ཡོད་དོ། །ཐ་དད་པར་ཕྱེ་ཞིང་རྣམ་པར་བཀྲ་བའི་ཁང་པ་བརྩེགས་པ་ཉམས་དགའ་བ་དག་དང༌། བ་གམ་ཉམས་དགའ་བ་དང༌། བསིལ་ཁང་ཉམས་དགའ་བ་དག་དང༌། སྟེགས་བུ་ཉམས་དགའ་བ་དག་དང༌། སྐར་ཁུང་དྲ་བ་ཅན་ཉམས་དགའ་བ་དག་དང༌། ནོར་བུའི་ཚོགས་ཀྱིས་སྤྲས་ཤིང་སྣང་བ་ཀུན་ཏུ་འགྱེད་པ་ཀུན་ནས་མཛེས་པ་དག་ཡོད་དོ། །དེ་བཞིན་དུ་བཟའ་བ་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ། །དེ་དག་ལས་བདུད་རྩིའི་ཁ་ཟས་རྣམ་པ་བཞི་པོ་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དག་འབྱུང་བར་འགྱུར་རོ། །དེ་བཞིན་དུ་བཏུང་བ་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། དེ་དག་ལས་སྦྲང་རྩི་དང༌། སྦྲང་ཆང་དག་འབྱུང་བར་འགྱུར་རོ། །བཞོན་པ་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། དེ་དག་ལས་བཞོན་པ་རྣམ་པ་སྣ་ཚོགས་ཤིང་རྟ་དང༌། ཁྱོགས་དང་ཁྱོགས་གཡོགས་པ་ལ་སོགས་པ་འབྱུང་ངོ༌། །གོས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། དེ་དག་ལས་གོས་རྣམ་པ་སྣ་ཚོགས་ཕྲ་བདར་ཆེ་ཞིང༌། ཤིན་ཏུ་དཀར་བ་དང༌། ཁ་དོག་རྣམ་པ་སྣ་ཚོགས་དང༌། གསེར་གྱིས་སྤྲས་པ་རྣམ་པར་བཀྲ་བ་དག་འབྱུང་བར་འགྱུར་རོ། །རྒྱན་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ། དེ་དག་ལས་ནོར་བུ་དང༌། དཔུང་རྒྱན་དང༌། རྣ་ཆ་གདུབ་འཁོར་དང༌། མགུལ་གདུབ་དང༌། གདུ་བུ་དང༌། ལག་པའི་རྒྱན་དང༌། རྐང་པའི་རྒྱན་རྣམས་དང༌། དེ་ལྟ་བུ་དང་མཐུན་པའི་རྒྱན་ནོར་བུ་སྣ་ཚོགས་ཀྱིས་སྤྲས་པ་དག་འབྱུང་ངོ༌། །སྤོས་དང༌། བདུག་པ་དང༌། མེ་ཏོག་ཕྲེང་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། དེ་དག་ལས་སྤོས་རྣམ་པ་སྣ་ཚོགས་དང༌། བདུག་པ་རྣམ་པ་སྣ་ཚོགས་པ་དང༌། མེ་ཏོག་ཕྲེང་བ་རྣམ་པ་སྣ་ཚོགས་པ་འབྱུང་ངོ༌། །དེ་དག་གི་ནང་ན་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་མཆོག་དང༌། གཙོ་བོ་དང༌།
རབ་དང༌། གྱ་ནོམ་པ་ཞིག་ཡོད་དེ། དེའི་རྩ་བ་ནི་དཔག་ཚད་ལྔ་བཅུ་ཐུར་དུ་ཟུག་གོ །འཕང་དུ་ནི་དཔག་ཚད་བརྒྱ་ཡོད་དེ། ཡལ་ག་དང༌། ལོ་མ་དང༌། ལོ་མ་གཞོན་ནུ་ནི་དཔག་ཚད་བརྒྱད་ཅུར་ཁྱབ་པར་འདུག་གོ །དེའི་མེ་ཏོག་ཐམས་ཅད་ཡོངས་སུ་རྒྱས་པའི་དྲི་ཡང་རྫི་ཕྱོགས་སུ་ནི་དཔག་ཚད་བརྒྱར་ངད་ལྡང་ངོ༌། །ལྡོག་ན་ནི་དཔག་ཚད་ལྔ་བཅུར་ངད་ལྡང་སྟེ། དེའི་དྲུང་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང༌། དབྱར་ཟླ་བ་བཞི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་གིས་རྩེ་ཞིང་དགའ་བར་བྱེད་དོ། །དེ་བཞིན་དུ་བཞད་གད་དང༌། གར་དང༌། གླུ་དང༌། རོལ་མོའི་སྒྲ་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། དེ་དག་ལས་བཞད་གད་དང༌། གར་དང༌། གླུ་དང༌། རོལ་མོའི་སྒྲ་རྣམས་ཀྱི་ཆ་བྱད་རྣམ་པ་སྣ་ཚོགས་འབྱུང་ངོ༌། །དེ་བཞིན་དུ་སྣོད་སྤྱད་ཀྱི་ཡོ་བྱད་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། དེ་དག་ལས་སྣོད་སྤྱད་ཀྱི་ཡོ་བྱད་རྣམ་པ་སྣ་ཚོགས་པ་འདི་ལྟ་སྟེ། ཁ་ཟས་ཀྱི་སྣོད་སྤྱད་ཀྱི་ཡོ་བྱད་དང༌། སྐོམ་གྱི་སྣོད་སྤྱད་ཀྱི་ཡོ་བྱད་དང༌། མལ་ཆ་དང༌། སྟན་གྱི་ཡོ་བྱད་དང༌། དེ་ལྟ་བུ་དང་མཐུན་པའི་སྣོད་སྤྱད་ཀྱི་ཡོ་བྱད་རྣམས་འབྱུང་བར་འགྱུར་ཏེ། དེ་དག་ཅི་འདོད་པ་དང༌། ལས་ཇི་ལྟ་བ་བཞིན་དུ་ལོངས་སྤྱོད་པར་འདོད་པ་རྣམས་ཀྱི་ལག་ཏུ་ཡོ་བྱད་དེ་དག་འོང་བར་འགྱུར་རོ། །ལྷ་མ་ཡིན་རྣམས་ཀྱི་གཞལ་མེད་ཁང་དང༌། རྣམ་པར་འབྱོར་པ་དང༌། བདེ་བ་དང༌། ལོངས་སྤྱོད་པ་རྣམས་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །བྱང་གི་སྒྲ་མི་སྙན་དག་ན་ནི་ཤིང་ལྗོན་པ་དེ་ལྟ་བུ་དག་ལ་དཔག་བསམ་ཤིང་རྣམས་ཞེས་བྱ་སྟེ། དེ་དག་ཤིང་དེ་ལས་རང་གིས་ལེན་གྱི་བསམས་པས་ལག་ཏུ་འོང་བ་ནི་མ་ཡིན་ནོ། །དེ་ན་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཡང་ཡོད་དེ། སེམས་ཅན་དེ་དག་ནི་བདག་གིར་འཛིན་པ་ཡང་མེད་ཅིང༌། ཡོངས་སུ་འཛིན་པ་ཡང་མེད་ལ། ཁྱད་པར་དུ་འགྲོ་བར་ངེས་པ་ཡིན་ནོ། །དེ་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བྱེད་ཅེས་བྱ་བ། ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཞིག་ཡོད་དེ། དེ་ལ་བ་གམ་བརྒྱ་རྩ་གཅིག་ཡོད་དོ། །བ་གམ་རེ་རེ་ལ་ཡང་ཁང་པ་བརྩེགས་པ་བརྒྱ་བརྒྱ་ཡོད་དོ། །ཁང་པ་བརྩེགས་པ་རེ་རེ་ལ་ཡང་ཁང་མིག་བདུན་བདུན་ཡོད་དོ། །ཁང་མིག་རེ་རེ་ལ་ཡང་ལྷའི་བུ་མོ་བདུན་བདུན་
ཡོད་དོ། །ལྷའི་བུ་མོ་རེ་རེ་ལ་ཡང་གཡོག་མོ་བདུན་བདུན་ཡོད་དོ། །ལྷ་རྣམས་ཀྱི་ས་གཞི་ཐམས་ཅད་ཀྱང་ལག་མཐིལ་བཞིན་དུ་མཉམ་ལ་མཐོན་དམན་མེད་ཅིང་རེག་ན་བདེ་བ་སྟེ། རྐང་པ་བཞག་ན་ནི་ནེ་མ་ཞེས་བྱེད། རྐང་པ་བཏེག་ན་ནི་པར་ཞེས་བྱེད་ལ། རྟག་ཏུ་མེ་ཏོག་མན་དཱ་ར་བས་པུས་མོ་ནུབ་པ་ཙམ་དུ་ཁེབས་པར་འདུག་སྟེ། དེར་མེ་ཏོག་རྙིང་པ་རྣམས་ནི་རླུང་གིས་བསལ། མེ་ཏོག་སར་པ་རྣམས་ནི་འགྲེམས་པར་བྱེད་དོ། །ལྷའི་གྲོང་ཁྱེར་དེའི་ཕྱོགས་བཞིན། སྲང་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་བྱས་པ་དག་ཡོད་དེ། ཕྱོགས་བཞིན་སྒོ་བཞི་བཟང་ཞིང་སྡུག་ལ་མཛེས་པར་བྱས་པ་དག་ཡོད་དེ། གནོད་སྦྱིན་མང་པོ་གཟུགས་བཟང་བ་རྣམ་པ་སྣ་ཚོགས་བཀོད་པ་དག་ཡོད་དེ། ཕྱོགས་བཞིན་སྐྱེད་མོས་ཚལ་བཞི་ལ་འདི་ལྟ་སྟེ་ཤིང་རྟ་སྣ་ཚོགས་ཅན་དང༌། རྩུབ་འགྱུར་དང༌། འདྲེས་པ་དང༌། དགའ་བའི་ཚལ་ཡོད་དོ། །དེ་དག་གི་ཕ་རོལ་ན་ས་གཞི་བཟང་པོ་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་བཞི་ཡོད་དོ། །ལྷའི་གྲོང་ཁྱེར་གྱི་བྱང་ཤར་གྱི་མཚམས་ན། ལྷའི་མདུན་ས་ཆོས་བཟངས་ཞེས་བྱ་བ་ཡོད་དེ། ལྷ་རྣམས་དེར་ཞུགས་ནས་དོན་སེམས་ཤིང་མཇལ་ལ་ཉེ་བར་རྟོག་པར་བྱེད་དོ། །དེའི་འདབ་ན་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་དཀར་པོ་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དོ། །ལྷ་དེ་དག་ཀྱང་རང་རང་ལས་འོད་འབྱུང་ལ། དེ་དག་ལ་མཚན་མོའི་རྟགས་འདི་ལྟ་སྟེ། ལེ་ལོར་འགྱུར་བ་དང༌། འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྩེ་བར་མི་འདོད་པ་དང༌། རྨུགས་པ་དང༌། གཉིད་འབྱུང་བ་དང༌། བྱ་རྣམས་སྐད་འབྱིན་པར་མི་བྱེད་པ་དང༌། དེ་ལྟ་བུ་དང་མཐུན་པའི་རྟགས་རྣམས་འབྱུང་སྟེ། དེ་ལས་དེ་དག་འདི་སྙམ་དུ་སེམས་ཏེ། མཚན་མོ་ནི་འོངས་སོ། །ཉིན་མོ་ནི་འདས་སོ་སྙམ་མོ། །དེ་དག་ཉིན་མཚན་དུ་གཅིག་ཏུ་ངེས་པར་བདེ་བ་དང་ཡིད་བདེ་བ་དང་ལྡན་ཞིང་ལྷའི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་དགའ་ལ། གཅིག་ཏུ་ངེས་པར་བག་མེད་པའི་དབང་དུ་གྱུར་ཏེ། གར་གྱི་སྒྲ་རྣམས་དང༌། གླུའི་སྒྲ་རྣམས་དང༌། རོལ་མོའི་སྒྲ་རྣམས་དང༌། བྲོ་གར་དང་གར་མཁན་དང༌། བཞད་གད་དང༌། འཇོ་སྒེག་ལ་སོགས་པའི་སྒྲ་རྣམས་དང༌། གཅིག་ཏུ་ངེས་པར་ཡིད་དུ་འོང་
བའི་གཟུགས་རྣམ་པ་སྣ་ཚོགས་ལ་བལྟ་བ་དང༌། གཅིག་ཏུ་ངེས་པར་དྲི་ཞིམ་པོའི་སྤོས་རྣམ་པ་སྣ་ཚོགས་དང༌། གཅིག་ཏུ་ངེས་པར་རོ་ཞིམ་པའི་རོ་རྣམ་པ་སྣ་ཚོགས་དང༌། གཅིག་ཏུ་ངེས་པར་རེག་ན་བདེ་བའི་ལྷའི་བུ་མོའི་མཆོག་གི་རེག་བྱ་རྣམ་པ་སྣ་ཚོགས་དག་གིས་ཡིད་འཕྲོག་པས་དུས་འདའ་བར་བྱེད་དེ། ལྷ་རྣམས་ཀྱིས་དེ་ལྟ་བུའི་བདེ་བ་མྱོང་ལ་དེ་དག་ལ་འདི་ལྟ་སྟེ། མི་རྣམས་ཀྱི་སྐབས་སུ་སྔར་བསྟན་པ་ལྟ་བུའི་ནད་ཀྱང་མེད། ཡོངས་སུ་འགྱུར་བ་རྒ་བ་ཡང་མེད། ལྷན་ཅིག་སྐྱེས་པའི་སྡུག་བསྔལ་ཟས་དང་སྐོམ་གྱིས་ཕོངས་པ་ལས་གྱུར་པ་ཡང་མེད། དེ་ལས་གཞན་པའི་ཕོངས་པའི་སྡུག་བསྔལ་རྣམས་ཀྱང་མེད་དོ། །གཟུགས་ན་སྤྱོད་པའི་ལྷ་བསམ་གཏན་དང་པོའི་ས་པ་རྣམས་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང༌། བདེ་བ་ཅན་མྱོང་ངོ༌། །བསམ་གཏན་གཉིས་པའི་ས་པ་རྣམས་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་མྱོང་ངོ༌།། བསམ་གཏན་གསུམ་པའི་ས་པ་རྣམས་ནི་དགའ་བ་མེད་པའི་བདེ་བ་སྙིང་པོ་ཅན་མྱོང་ངོ༌། །བསམ་གཏན་བཞི་བའི་ས་པ་རྣམས་ནི་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་དང༌། ཞི་བའི་བདེ་བ་ཅན་མི་གཡོ་བ་མྱོང་ངོ༌། །གཟུགས་མེད་པར་སྐྱེས་པ་རྣམས་ནི་ཞི་བ་དང་རྣམ་པར་ཐར་པའི་བདེ་བ་ཅན་མྱོང་ངོ༌། །ཡང་བྱེ་བྲག་རྣམ་པ་དྲུག་པོ་ཚད་ཀྱི་བྱེ་བྲག་དང༌། ཤིན་ཏུ་གཞོན་ཤ་ཅན་གྱི་བྱེ་བྲག་དང༌། རྐྱེན་གྱི་བྱེ་བྲག་དང༌། དུས་ཀྱི་བྱེ་བྲག་དང༌། སེམས་ཀྱི་བྱེ་བྲག་དང༌། ལུས་ཀྱི་བྱེ་བྲག་གིས་སྡུག་བསྔལ་གྱི་བྱེ་བྲག་དང༌། བདེ་བའི་བྱེ་བྲག་ཏུ་འགྱུར་བར་རིག་པར་བྱ་སྟེ། ཇི་ལྟ་ཇི་ལྟར་ལུས་ཤིན་ཏུ་ཆེ་བར་གྱུར་པ་དེ་ལྟ་དེ་ལྟར་སྡུག་བསྔལ་གྱི་བྱེ་བྲག་ཏུ་འགྱུར་རོ། །ཇི་ལྟ་ཇི་ལྟར་ལུས་ཤིན་ཏུ་གཞོན་ཤ་ཅན་དུ་གྱུར་པ་དེ་ལྟ་དེ་ལྟར་སྡུག་བསྔལ་གྱི་བྱེ་བྲག་ཏུ་འགྱུར་རོ། །ཇི་ལྟ་ཇི་ལྟར་རྐྱེན་ཤིན་ཏུ་དྲག་པ་དང༌། ཤིན་ཏུ་མད་བ་དང༌། ཤིན་ཏུ་སྣ་ཚོགས་སུ་གྱུར་པ་དེ་ལྟ་དེ་ལྟར་སྡུག་བསྔལ་གྱི་བྱེ་བྲག་ཏུ་འགྱུར་རོ། །ཇི་ལྟ་ཇི་ལྟར་དུས་ཤིན་ཏུ་རིང་བ་དང༌། ཤིན་ཏུ་རྒྱུན་མི་འཆད་པ་དེ་ལྟ་དེ་ལྟར་སྡུག་བསྔལ་གྱི་བྱེ་བྲག་ཏུ་འགྱུར་རོ། །ཇི་ལྟ་ཇི་ལྟར་སོ་སོར་མ་བརྟགས་པ་ཤིན་ཏུ་སྟོབས་ཆེ་བའི་སེམས་དང་ལྡན་པར་གྱུར་པ་དེ་ལྟ་དེ་ལྟར་སྡུག་བསྔལ་གྱི་བྱེ་བྲག་ཏུ་
འགྱུར་རོ། །ཇི་ལྟ་ཇི་ལྟར་ལུས་སྡུག་བསྔལ་གྱི་སྣོད་དུ་ཤིན་ཏུ་གྱུར་པ་དེ་ལྟ་དེ་ལྟར་སྡུག་བསྔལ་གྱི་བྱེ་བྲག་ཏུ་འགྱུར་ཏེ། སྡུག་བསྔལ་གྱི་བྱེ་བྲག་གི་ལྟ་བ་བཞིན་དུ། བདེ་བའི་བྱེ་བྲག་ཀྱང་དེ་དང་འདྲ་བར་རྒྱས་པར་ཅི་རིགས་པར་རིག་པར་བྱའོ། །ཡང་བདེ་བ་ནི་རྣམ་པ་གཉིས་ཏེ། འཕགས་པ་མ་ཡིན་པའི་ནོར་ལས་བྱུང་བ་དང༌། འཕགས་པའི་ནོར་ལས་བྱུང་བའོ། །དེ་ལ་འཕགས་པ་མ་ཡིན་པའི་ནོར་ལས་བྱུང་བའི་བདེ་བ་ནི། ཡོ་བྱད་རྣམ་པ་བཞི་པོ་དགའ་བའི་ཡོ་བྱད་དང༌། ལྟ་བའི་ཡོ་བྱད་དང༌། དག་པའི་ཡོ་བྱད་དང༌། གནས་པའི་ཡོ་བྱད་ལ་བརྟེན་ནས་བྱུང་བའོ། །དེ་ལ་དགའ་བའི་ཡོ་བྱད་ནི། འདི་ལྟ་སྟེ། བཞོན་པ་དང༌། གོས་དང༌། རྒྱན་དང༌། བཞད་གད་དང༌། གར་དང༌། གླུ་དང༌། རོལ་མོའི་སྒྲ་དང༌། སྤོས་དང༌། མེ་ཏོག་ཕྲེང་དང༌། བྱུག་པ་དང༌། འཚོག་ཆས་བཟང་པོ་རྣམ་པ་སྣ་ཚོགས་དང༌། སྣད་བ་དང་སྐྱེས་པ་དང༌། བུད་མེད་དགའ་དགུར་སྤྱོད་པ་དང༌། ནོར་བསགས་པའོ། །དེ་ལ་ལྟ་བའི་ཡོ་བྱད་ནི་འདི་ལྟ་སྟེ། དགང་བ་ལ་རྩོལ་བ་དང༌། རྡོ་པང་ཚད་དང༌། འཁོར་ལོ་ལ་རྩོལ་བ་དང༌། དབྱུག་ཐོ་ལ་རྩོལ་བ་དང༌། དེ་ལྟ་བུ་དང་མཐུན་པ་རྣམས་སོ། །དེ་ལ་དག་པའི་ཡོ་བྱད་ནི་འདི་ལྟ་སྟེ། རྩྭ་དཱུར་ཝ་དང༌། དུང་དང༌། བིལ་བ་དང༌། བུམ་པ་གང་བ་དང༌། དེ་ལྟ་བུ་དང་མཐུན་པ་རྣམས་སོ། །དེ་ལ་གནས་པའི་ཡོ་བྱད་ནི་ཟས་དང་སྐོམ་མོ།། །།བམ་པོ་ལྔ་པ། དེ་ལ་འཕགས་པའི་ནོར་ལས་བྱུང་བའི་བདེ་བ་ནི། འཕགས་པའི་ནོར་བདུན་པོ་དད་པའི་ནོར་དང༌། ཚུལ་ཁྲིམས་ཀྱི་ནོར་དང༌། ངོ་ཚ་ཤེས་པའི་ནོར་དང༌། ཁྲེལ་ཡོད་པའི་ནོར་དང༌། ཐོས་པའི་ནོར་དང༌། གཏོང་བའི་ནོར་དང༌། ཤེས་རབ་ཀྱི་ནོར་ལ་བརྟེན་ནས་བྱུང་བའོ། །དེ་ལ་འཕགས་པའི་ནོར་ལས་བྱུང་བའི་བདེ་བ་ནི། འཕགས་པ་མ་ཡིན་པའི་ནོར་ལས་བྱུང་བའི་བདེ་བ་ལས་རྣམ་པ་བཅོ་ལྔས་ཁྱད་པར་དུ་འཕགས་ཏེ། བཅོ་ལྔ་པོ་གང་ཞེ་ན། འཕགས་པ་མ་ཡིན་པའི་ནོར་ལས་བྱུང་བའི་བདེ་བ་ནི་ཉེས་པར་སྤྱོད་པ་ཀུན་ནས་སྤོང་བ་ཡིན་ལ། འཕགས་པའི་ནོར་ལས་བྱུང་བ་ནི། ལེགས་པར་སྤྱོད་པ་ཀུན་ནས་སློང་བ་ཡིན་ནོ། །གཞན་ཡང་འཕགས་པ་མ་ཡིན་པའི་ནོར་ལས་བྱུང་
བའི་བདེ་བ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ལ་དགའ་བ་དང་ལྡན་པ་ཡིན་ལ། འཕགས་པའི་ནོར་ལས་བྱུང་བ་ནི་ཁ་ན་མ་ཐོ་བ་མེད་པ་ལ་དགའ་བ་དང་ལྡན་པ་ཡིན་ནོ། །གཞན་ཡང་འཕགས་པ་མ་ཡིན་པའི་ནོར་ལས་བྱུང་བའི་བདེ་བ་ནི་ལུས་མཐའ་དག་ལ་ཁྱབ་པ་མ་ཡིན་པའི་ཕྱིར་ཆུང་བ་ཡིན་ལ། འཕགས་པའི་ནོར་ལས་བྱུང་བ་ནི་ལུས་མཐའ་དག་ལ་ཁྱབ་པའི་ཕྱིར་ཆེ་བ་ཡིན་ནོ། །གཞན་ཡང་འཕགས་པ་མ་ཡིན་པའི་ནོར་ལས་བྱུང་བ་ནི། ཕྱི་རོལ་གྱི་རྐྱེན་ལ་རག་ལས་པའི་ཕྱིར་དུས་ཐམས་ཅད་པ་མ་ཡིན་ལ། འཕགས་པའི་ནོར་ལས་བྱུང་བ་ནི། ནང་གི་རྐྱེན་ལ་རག་ལས་པའི་ཕྱིར་དུས་ཐམས་ཅད་པ་ཡིན་ནོ། །གཞན་ཡང་འཕགས་པ་མ་ཡིན་པའི་ནོར་ལས་བྱུང་བ་ནི། འདོད་པ་ན་སྤྱོད་པ་ཉིད་ཡིན་པའི་ཕྱིར། ས་ཐམས་ཅད་པ་མ་ཡིན་ལ། འཕགས་པའི་ནོར་ལས་བྱུང་བ་ནི་ཁམས་གསུམ་ན་སྤྱོད་ལ། ལྡན་པ་མ་ཡིན་པའི་ཕྱིར་ས་ཐམས་ཅད་པ་ཡིན་ནོ། །གཞན་ཡང་འཕགས་པ་མ་ཡིན་པའི་ནོར་ལས་བྱུང་བ་ནི། ཕྱིས་འཕགས་པ་དང་འཕགས་པ་མ་ཡིན་པའི་ནོར་ཐོབ་པར་བྱེད་པ་མ་ཡིན་ལ། འཕགས་པའི་ནོར་ལས་བྱུང་བ་ནི་ཕྱིས་འཕགས་པའི་ནོར་ཐོབ་པར་བྱེད་པ་ཡིན་ནོ། །གཞན་ཡང་འཕགས་པ་མ་ཡིན་པའི་ནོར་ལས་བྱུང་བ་ནི། ལོངས་སྤྱོད་ན་ཡོངས་སུ་ཟད་ཅིང་མཐར་ཐུག་པར་འགྱུར་ལ། འཕགས་པའི་ནོར་ལས་བྱུང་བ་ནི་བསྟེན་ན་རྒྱ་ཆེ་བ་དང༌། འཕེལ་བ་དང༌། ཡངས་པར་འགྱུར་རོ། །གཞན་ཡང་འཕགས་པ་མ་ཡིན་པའི་ནོར་ལས་བྱུང་བ་ནི། རྒྱལ་པོ་རྣམས་སམ། ཚེམ་རྐུན་རྣམས་སམ། དགྲ་རྣམས་སམ། མེ་འམ། ཆུ་འམ་གཞན་དག་གིས་གཅད་དུ་རུང་ལ། འཕགས་པའི་ནོར་ལས་བྱུང་བ་ནི་གཅད་དུ་མེད་པ་ཡིན་ནོ། །གཞན་ཡང་འཕགས་པ་མ་ཡིན་པའི་ནོར་ལས་བྱུང་བ་ནི། འདི་ནས་བླངས་ནས་འགྲོ་བར་འགྱུར་བ་མ་ཡིན་ལ། འཕགས་པའི་ནོར་ལས་བྱུང་བ་ནི། འདི་ནས་བླངས་ནས་འགྲོ་བར་འགྱུར་བ་ཡིན་ནོ། །གཞན་ཡང་འཕགས་པ་མ་ཡིན་པའི་ནོར་ལས་བྱུང་བ་ནི་བསྟེན་ན་ཆོག་མི་ཤེས་པ་ཡིན་ལ། འཕགས་པའི་ནོར་ལས་བྱུང་བ་ནི་བསྟེན་ན་མཐར་ཕྱིན་ནས་ཆོག་ཤེས་པ་ཡིན་ནོ། །གཞན་ཡང་འཕགས་པ་མ་ཡིན་པའི་ནོར་ལས་བྱུང་བ་ནི། འཇིགས་པ་དང་བཅས་པ་དང༌། ཁོན་དང་བཅས་པ་དང༌།
གནོད་པ་དང་བཅས་པ་དང༌། ཡོངས་སུ་གདུང་བ་དང་བཅས་པ་དང༌། ཕྱིས་ཀྱང་སྡུག་བསྔལ་སྤོང་བར་འགྱུར་བ་མ་ཡིན་པ་སྟེ། དེ་ལ་འཇིགས་པ་དང་བཅས་པ་ནི་མ་འོངས་པའི་སྡུག་བསྔལ་སྐྱེར་དོགས་པའི་གཞིའི་གནས་སུ་གྱུར་པའི་ཕྱིར་རོ། །དེ་ལ་ཁོ་ན་དང་བཅས་པ་ནི་འཐབ་པ་དང༌། མཚང་འབྲུ་བ་དང༌། འགྱེད་པ་དང༌། རྩོད་པའི་གཞིའི་གནས་སུ་གྱུར་པའི་ཕྱིར་རོ། །དེ་ལ་གནོད་པ་དང་བཅས་པ་ནི་ན་བ་དང༌། རྒ་བ་དང༌། འཆི་བའི་གཞིའི་གནས་སུ་གྱུར་པའི་ཕྱིར་རོ། །དེ་ལ་ཡོངས་སུ་གདུང་བ་དང་བཅས་པ་ནི། མཛེ་ནད་ཕྲུགས་པ་བཞིན་དུ་བདེ་བ་ཡོངས་སུ་རྫོགས་པ་མ་ཡིན་ཞིང༌། ཕྱིན་ཅི་ལོག་གི་གཞིའི་གནས་སུ་གྱུར་པའི་ཕྱིར་དང༌། མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པའི་གཞིའི་གནས་སུ་གྱུར་པའི་ཕྱིར་རོ། །དེ་ལ་ཕྱིས་ཀྱང་སྡུག་བསྔལ་སྤོང་བར་འགྱུར་བ་མ་ཡིན་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གཞིའི་གནས་སུ་གྱུར་པའི་ཕྱིར་རོ། །འཕགས་པའི་ནོར་ལས་བྱུང་བ་ནི་འཇིགས་པ་མེད་པ་དང༌། ཁོན་མེད་པ་དང་གནོད་པ་མེད་པ་དང༌། ཡོངས་སུ་གདུང་བ་མེད་པ་དང༌། ཕྱིས་ཀྱང་སྡུག་བསྔལ་སྤོང་བར་འགྱུར་བ་ཡིན་ཏེ། དེ་ལས་བཟློག་པའི་ཚུལ་གྱིས་ཅི་རིགས་པར་རིག་པར་བྱའོ། །ཡང་འཕགས་པ་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་ནི་ཕྱི་རོལ་གྱི་འདོད་པ་ཅན་རྣམས་ཀྱི་འདོད་པའི་ལོངས་སྤྱོད་ལས་རྣམ་པ་ལྔས་ཁྱད་པར་དུ་འཕགས་ཏེ། དེས་ན་འཕགས་པ་ཤེས་རབ་ཀྱིས་འཚོ་བ་རྣམས་ལ་བླ་ན་མེད་པའི་ཤེས་རབ་ཀྱིས་འཚོ་བས་འཚོ་བ་ཞེས་བྱ་སྟེ། ཆོས་ཀྱི་ལོངས་སྤྱོད་ཀུན་ནས་ཉོན་མོངས་པ་མ་ཡིན་པ་དང༌། ཆོས་ཀྱི་ལོངས་སྤྱོད་གཏན་དུ་ངེས་པ་དང༌། ཆོས་ཀྱི་ལོངས་སྤྱོད་གཅིག་ཏུ་ངེས་པ་དང༌། ཆོས་ཀྱི་ལོངས་སྤྱོད་ཤེས་རབ་ཀྱིས་འཚོ་བ་དང༌། དེ་ལས་གཞན་པའི་ཤེས་རབ་ཀྱིས་འཚོ་བ་རྣམས་དང༌། ཐུན་མོང་མ་ཡིན་པ་དང༌། ཆོས་ཀྱི་ལོངས་སྤྱོད་བདེ་བ་ཡོངས་སུ་རྫོགས་པ་བདུད་དང་ཕྱིར་རྒོལ་བ་ངེས་པར་བཅོམ་པའི་ཕྱིར་རོ། །དེ་ལ་འདོད་པ་ཅན་རྣམས་ཀྱི་འདོད་པའི་བདེ་བ་ཡིད་བདེ་བའི་གནས་ལྟ་བུ་ནི་རྗེས་སུ་ཆགས་པ་དང་ལྡན། ཡིད་
མི་བདེ་བའི་གནས་ལྟ་བུ་ནི་ཁོང་ཁྲོ་བ་དང་ལྡན། བཏང་སྙོམས་ཀྱི་གནས་ལྟ་བུ་ནི་སོ་སོར་བརྟགས་པ་མ་ཡིན་པའི་བཏང་སྙོམས་དང་ལྡན་ལ། འཕགས་པ་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་ནི་དེ་ལྟ་མ་ཡིན་ནོ། །གཞན་ཡང་འདོད་པ་ཅན་རྣམས་ཀྱི་འདོད་པའི་ལོངས་སྤྱོད་ནི་སྔོན་གྱི་མཐར་མི་མངོན་ཏེ། མི་རྟག་པས་འདོད་པ་གཞན་དག་འདོད་ཅིང༌། འདོད་པ་གཞན་དག་འཐོབ་ལ། རེས་འགའ་ནི་འཐོབ་པར་མི་འགྱུར་ཏེ། འཕགས་པ་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་ནི་དེ་ལྟ་མ་ཡིན་ནོ། །གཞན་ཡང་འདོད་པ་ཅན་འདོད་པའི་ལོངས་སྤྱོད་ལ་གནས་པ་རྣམས་ལས། ཁ་ཅིག་ནི་དངོས་པོ་དེ་ཉིད་ཡིད་བདེ་བའི་གནས་ལྟ་བུར་འགྱུར། ཁ་ཅིག་གི་ནི་དེ་ཉིད་ཡིད་མི་བདེ་བའི་གནས་ལྟ་བུར་འགྱུར་བ་དང༌། དེ་དག་ལ་ཡང་དུས་ལ་ལར་ནི་ཡིད་བདེ་བའི་གནས་ལྟ་བུར་འགྱུར། དུས་ལ་ལར་ནི་ཡིད་མི་བདེ་བའི་གནས་ལྟ་བུར་འགྱུར་ལ། འཕགས་པ་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་ནི་དེ་ལྟ་མ་ཡིན་ནོ། །གཞན་ཡང་འདི་ལས་ཕྱི་རོལ་པའི་ཤེས་རབ་ཀྱིས་འཚོ་བ་འདོད་པ་ཀུན་ནས་སྤངས་པ་རྣམས་ནི། ལྟ་བར་གྱུར་པ་རང་གི་རྟོག་པས་ཀུན་ནས་བསླང་བ་ལོག་པར་མོས་པའི་གཞི་དེ་དང་དེ་དག་ལ་ནན་ཏན་གྱིས་མཆོག་ཏུ་བཟུང་ནས། སེམས་མངོན་པར་ཞེན་པ་རྣམས་ཀྱི་འདོད་པའི་ཀུན་ནས་ཉོན་མོངས་པ་དེ་ཡང་རྗེས་སུ་འབྲེལ་པ་ཉིད་ཡིན་པ་དང༌། འདོད་ཆགས་དང་བྲལ་པར་གྱུར་པ་རྣམས་ཀྱང་ཡང་ཕྱིར་ལྡོག་པར་འགྱུར་ལ། འཕགས་པ་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་ནི་དེ་ལྟ་མ་ཡིན་ནོ།། གཞན་ཡང་འདོད་པ་ལ་ལོངས་སྤྱོད་པ་རྣམས་དང༌། དེའི་འདོད་ཆགས་དང་བྲལ་བ་འཇིག་རྟེན་པ་རྣམས་ཀྱི་འདོད་པའི་བདེ་བ་དང༌། དབེན་པའི་བདེ་བ་ནི་ཡོངས་སུ་རྫོགས་པ་མ་ཡིན་ལ། བདུད་དང་ཕྱིར་རྒོལ་བ་དང་ལྡན་པ་ཡིན་ཏེ། སྒྱུ་མ་ལྟ་བུ་དང༌། བྲག་ཅ་ལྟ་བུ་དང༌། གཟུགས་བརྙན་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། རྨི་ལམ་ལྟ་བུ་དང༌། སྒྱུ་མར་ བྱས་པའི་རྒྱན་ལྟ་བུ་གང་ཡིན་པ ་དེ་ལ་བྱིས་པ་འདོད་པ་ལ་ལོངས་སྤྱོད་པ་རྣམས་དང༌། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ། སྨྱོན་པ་ལྟ་བུ། ར་རོ་བ་ལ་སོགས་བ་ལྟ་བུ། བདུད་ཀྱི་གཡུལ་ལས་མ་རྒྱལ་བ་རྣམས་རབ་ཏུ་བསྟེན་
ཅིང་ལོངས་སྤྱོད་པར་བྱེད་དེ། དེ་བས་ན་དེ་ཡོངས་སུ་མ་རྫོགས་པ་དང༌། བདུད་དང་ཕྱི་རྒོལ་བ་ངེས་པར་བཅོམ་པ་ཡིན་ལ། འཕགས་པ་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་ནི་དེ་ལྟ་མ་ཡིན་ནོ། །ཡང་ཁམས་གསུམ་ན་སྤྱོད་པའི་སེམས་ཅན་རྣམས་ཀྱི་ལུས་ནི་འདི་ལྟ་སྟེ། གནས་ངན་ལེན་དང་ལྡན་པའི་ཕྱིར་ཕོལ་མིག་ཀུན་ནས་ཚ་བ་ལྟ་བུར་བལྟའོ། །ལུས་དེ་ལ་བདེ་བའི་ཚོར་བ་འབྱུང་བ་ཇི་ལྟར་བལྟ་ཞེ་ན། དཔེར་ན་ཕོལ་མིག་ཀུན་ནས་ཚ་བ་ལ་བསིལ་བའི་རེག་པ་བབ་པ་ལྟ་བུའོ། །ལུས་དེ་ལ་སྡུག་བསྔལ་གྱི་ཚོར་བ་འབྱུང་བ་ཇི་ལྟར་བལྟ་ཞེ་ན། དཔེར་ན་ཕོལ་མིག་ཀུན་ནས་ཚ་བ་ལ་སྨན་འགྱུར་བྱེད་བབ་པ་ལྟ་བུའོ། །ལུས་དེ་ལ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་འབྱུང་བ་ཇི་ལྟར་བལྟ་ཞེ་ན། དཔེར་ན་ཕོལ་མིག་ཀུན་ནས་ཚ་བ་དེ་ཉིད་ལ་བསིལ་བ་དང༌། སྨན་འགྱུར་བྱེད་ཀྱི་རེག་པ་མ་ཡིན་པ། རང་བཞིན་གྱི་ཀུན་ནས་ཚ་བ་ལྟ་བུའོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་བདེ་བའི་ཚོར་བ་ནི་འགྱུར་བའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཞེས་གསུངས་ལ། སྡུག་བསྔལ་བ་ནི། སྡུག་བསྔལ་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་བའི་ཚོར་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བའོ་ཞེས་གསུངས་སོ། །ཡང་ཟང་ཟིང་དང་བཅས་པའི་དགའ་བ་ཡང་ཡོད། ཟང་ཟིང་མེད་པའི་དགའ་བ་ཡང་ཡོད། ཟང་ཟིང་མེད་པ་བས་ཀྱང་ཆེས་ཟང་ཟིང་མེད་པའི་དགའ་བ་ཡང་ཡོད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་ཡང་མདོ་ཉིད་ལས་ཇི་སྐད་རྒྱས་པར་འབྱུང་བ་བཞིན་དུ་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཁམས་གཉིས་ན་ཡོད་པའི་འདུ་ཤེས་དང༌། ཚོར་བ་འགོག་པའི་བདེ་བ་ནི། བདེ་བ་རྣམས་ཀྱི་མཆོག་ཏུ་རྣམ་པར་གཞག་པ་གང་ཡིན་པ་དེ་ཡང༌། གནས་པའི་བདེ་བ་ལས་དགོངས་པ་ཡིན་གྱི། ཚོར་པའི་བདེ་བ་ནི་མ་ཡིན་ནོ། །བདེ་བ་གསུམ་པོ་འདོད་ཆགས་དང་བྲལ་བ་དང༌། ཞེ་སྡང་དང་བྲལ་བ་དང༌། གཏི་མུག་དང་བྲལ་བ་ཞེས་གསུངས་པའི་བདེ་བ་གསུམ་པོ་དེ་དག་ནི་ཟག་པ་མེད་པའི་དབྱིངས་ཉིད་ལ་ཡོད་དེ། དེ་བས་ན་ཟག་པ་མེད་པའི་དབྱིངས་ནི་བདེ་བ་གསུམ་པོ་དེ་དག་གིས་དུས་ཐམས་ཅད་དུ་
བདེ་བ་ཁོ་ན་ཡིན་ནོ། །དེ་ལ་ཟས་ཀྱི་ལོངས་སྤྱོད་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཁམས་གསུམ་ན་སྤྱོད་པའི་སེམས་ཅན་སྐྱེས་ཤིང་བྱུང་བ་རྣམས་ནི། ཟས་རྣམ་པ་བཞི་པོ་རྣམས་ཀྱིས་ཚེའི་ཚད་ཇི་ཙམ་པའི་བར་དུ་གནས་ཤིང་འཚོ་བའོ། །དེ་ལ་རེག་པ་དང་ཡིད་ལ་སེམས་པ་དང་རྣམ་པར་ཤེས་པའི་ཟས་རྣམ་པ་གསུམ་གྱིས་ནི་ཁམས་གསུམ་ན་སྤྱོད་པའི་སེམས་ཅན་རྣམས་གནས་ཤིང་འཚོའོ། །ཁམ་གྱི་ཟས་ཀྱིས་ནི་འདོད་པ་ན་སྤྱོད་པ་ཁོ་ནའི་སེམས་ཅན་རྣམས་གནས་ཤིང་འཚོའོ། །དེ་ལ་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཁོང་ན་ནི། རླུང་རྒྱུ་བའི་ཁམ་གྱི་ཟས་ཆ་ཕྲ་བ་ཡོད་དོ། །དེས་དེ་དག་གནས་ཤིང་འཚོའོ། །དུད་འགྲོ་རྣམས་དང༌། ཡི་དགས་རྣམས་དང༌། མི་རྣམས་ཀྱི་ནི་ཁམ་གྱི་ཟས་རགས་པ་ཡིན་ཏེ། དེ་དག་གིས་ཁམ་གྱིས་གཅོད་ཅིང་ཟའོ། །དེ་ཡང་མེར་མེར་པོར་འདུག་པ་ལ་སོགས་པའི་སེམས་ཅན་རྣམས་དང༌། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནི་ཆ་ཕྲ་སྟེ། འདི་ལྟར་དེ་དག་གི་ནི་ཁམ་གྱི་ཟས་ཟོས་བའི་མདོ་ལ། ལུས་ཀྱི་ཡན་ལག་ཐམས་ཅད་དུ་སོང་ནས་ཞུ་པར་འགྱུར་ཏེ། དེ་དག་ལ་ཕྱི་ས་དང་གཅིག་དུ་འགྱུར་བ་མེད་དོ། །དེ་ལ་འཁྲིག་པའི་ལོངས་སྤྱོད་ནི་འདི་ཡིན་ཏེ། སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ལ་ནི། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དེ། འདི་ལྟར་དེ་དག་སྡུག་བསྔལ་དྲག་བོ་དང༌། རྣམ་པ་སྣ་ཚོགས་དང༌། ཡུན་རིང་བ་དང༌། རྒྱུན་མི་འཆད་པ་ཉམས་སུ་མྱོང་བའི་ཕྱིར་ཏེ། དེ་བས་ན་དེ་དག་ནི་སྐྱེས་པ་རྣམས་ཀྱང་བུད་མེད་རྣམས་ལ་བུད་མེད་ཀྱི་འདུན་པ་ཡང་མི་སྐྱེ་ལ། བུད་མེད་རྣམས་ཀྱང་སྐྱེས་པ་རྣམས་ལ་སྐྱེས་པའི་འདུན་པ་ཡང་མི་སྐྱེ་ན་ཕན་ཚུན་གཉིས་ཀྱིས་གཉིས་སྦྱོར་བ་ལྟ་ག་ལ་ཡོད། དུད་འགྲོ་རྣམས་དང༌། ཡི་དགས་རྣམས་དང༌། མི་རྣམས་ལ་ནི་ལུས་ཀྱི་བདེ་བ་འམ། སྡུག་བསྔལ་འདྲེས་པར་ཡོད་པས་འཁྲིག་པའི་སྦྱོར་བ་ཡོད་དེ། སྐྱེས་པ་དང་བུད་མེད་དེ་རྣམས་ཕན་ཚུན་གཉིས་ཀྱིས་གཉིས་སྤྲོད་པར་བྱེད་དེ་ཁུ་བ་ཡང་འབྱུང་ངོ༌། །འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་ཡང་འཁྲིག་པའི་སྦྱོར་བ་ནི་ཡོད་ལ། ཁུ་བ་འབྱུང་བ་ནི་མེད་དེ། དེ་དག་ནི་འབྱུང་བའི་ཚེ་མཚན་གྱི་སྒོ་ནས་རླུང་ཉི་ཚེ་འབྱུང་ངོ༌། །དེ་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ན་གཉིས་ཀྱིས་གཉིས་
སྤྲད་པས་གདུང་བ་མེད་པར་འགྱུར་རོ། །རྒྱལ་ཆེན་བཞིའི་རིས་ཀྱིས་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱང་དེ་དང་འདྲའོ། །འཐབ་བྲལ་བ་རྣམས་ནི་གཅིག་ལ་གཅིག་འཁྱུད་པ་ཙམ་གྱིས་གདུང་བ་མེད་པར་འགྱུར་རོ། །དགའ་ལྡན་པ་རྣམས་ནི་གཅིག་ལ་གཅིག་ལག་པ་ནས་འཛིན་བ་ཙམ་གྱིས་གདུང་བ་མེད་པར་འགྱུར་རོ། །འཕྲུལ་དགའ་བ་རྣམས་ནི་གཅིག་ལ་གཅིག་བགད་པ་ཙམ་གྱིས་གདུང་བ་མེད་པར་འགྱུར་རོ། །གཞན་འཕྲུལ་དབང་བྱེད་བ་རྣམས་ཀྱི་ནི་ཕན་ཚུན་མིག་གིས་མིག་ཚུགས་སུ་བལྟས་པ་ཙམ་གྱིས་གདུང་བ་མེད་པར་འགྱུར་རོ། །དེ་ལ་འཛམ་བུའི་གླིང་དང་ཤར་གྱི་ལུས་འཕགས་དང༌། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་གསུམ་ན་ནི། ཆུང་མ་འཆང་བ་དང༌། བག་མ་གཏོང་བ་དང༌། བག་མ་ལེན་པ་ཡོད་དོ། །བྱང་གི་སྒྲ་མི་སྙན་དག་ན་ནི་བདག་གིར་འཛིན་པ་མེད་ཅིང༌། ཡོངས་སུ་འཛིན་པ་མེད་པས། སེམས་ཅན་དེ་དག་ལ་ནི་ཆུང་མ་འཆང་བ་དང༌། བག་མ་གཏོང་བ་དང༌། བག་མ་ལེན་པ་མེད་དོ། །གླིང་གསུམ་པོ་ཇི་ལྟ་བ་བཞིན་དུ། ཡི་དགས་རྫུ་འཕྲུལ་ཆེ་བ་དང༌། འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་འཕྲུལ་དགའ་བ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་མ་གཏོགས་པ་དག་ཀྱང་དེ་དང་འདྲའོ། །འདོད་པ་ན་སྤྱོད་པའི་ལྷའི་རིས་ཐམས་ཅད་ནི་ལྷའི་བུ་མོ་རྣམས་ལ་མངལ་གྱི་གནས་མེད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ནི་ཕ་དང་མའི་ཕྲག་པ་འམ། བང་པར་བྱིས་པ་ལོ་ལྔ་ལོན་པ་ལྟ་བུ་རྫུས་ཏེ་འབྱུང་བར་འགྱུར་རོ། །སུམ་ཅུ་རྩ་གསུམ་བ་རྣམས་ཀྱི་ནི་ལོ་དྲུག་ལོན་པ་ལྟ་བུའོ། །འཐབ་བྲལ་པ་རྣམས་ཀྱི་ནི་ལོ་བདུན་ལོན་པ་ལྟ་བུའོ། །དགའ་ལྡན་པ་རྣམས་ཀྱི་ནི་ལོ་བརྒྱད་ལོན་པ་ལྟ་བུའོ། །འཕྲུལ་དགའ་བ་རྣམས་ཀྱི་ནི་ལོ་དགུ་ལོན་པ་ལྟ་བུའོ། །གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ནི་བྱིས་པ་ལོ་བཅུ་ལོན་པ་ལྟ་བུ་ཕྲག་པ་འམ་པང་པར་རྫུས་ཏེ་འབྱུང་བར་འགྱུར་རོ། །དེ་ལ་སྐྱེ་བར་འདོགས་པ་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདོད་པ་སྐྱེ་བ་རྣམ་པ་གསུམ་པོ་རྣམས་ཏེ། སེམས་ཅན་གང་དག་འདོད་པ་ཉེ་བར་གནས་པར་གྱུར་ལ། འདོད་པ་ཉེ་བར་གནས་པར་གྱུར་པ་དག་གིས། དབང་ཕྱུག་ལ་དབང་བྱེད་པ་དག་ཀྱང་ཡོད་དོ། །དེ་དག་ཀྱང་གང་
ཞེ་ན། འདི་ལྟ་སྟེ། མི་ཐམས་ཅད་དང༌། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནས་བཟུང་སྟེ། དགའ་ལྡན་ལ་ཐུག་པ་དེ་ནི་འདོད་པ་སྐྱེ་བ་དང་པོའོ། །སེམས་ཅན་འདོད་པ་སྤྲུལ་ལ་སྤྲུལ་པ་དེ་དག་སྤྲུལ་ཞིང་དབང་ཕྱུག་ལ་དབང་བྱེད་པ་དག་ཀྱང་ཡོད་དེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། འཕྲུལ་དགའི་ལྷ་རྣམས་སོ། །འཕྲུལ་དགའི་ལྷ་དེ་དག་གི་ཡང་བདག་གི་ཕྱིར་འདོད་པ་སྤྲུལ་པ་འགྲུབ་ཀྱི། གཞན་གྱི་ཕྱིར་ནི་མ་ཡིན་ནོ། །དེ་བས་ན་དེ་དག་ནི་བདག་ཉིད་ཀྱིས་འདོད་པ་སྤྲུལ་པ་རྣམས་ཁོ་ནས་དབང་ཕྱུག་ལ་དབང་བྱེད་དེ། དེ་ནི་འདོད་པ་སྐྱེ་བ་གཉིས་པའོ། །སེམས་ཅན་འདོད་པ་གཞན་གྱིས་སྤྲུལ་ལ། འདོད་པ་གཞན་གྱིས་སྤྲུལ་པ་དེ་དག་གིས་ཀྱང༌། དབང་ཕྱུག་ལ་དབང་བྱེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཏེ། འདི་ལྟར་ལྷ་དེ་དག་ནི་བདག་ཉིད་ཀྱི་ཕྱིར་དང༌། གཞན་གྱི་ཕྱིར་ཡང་སྤྲུལ་པ་འགྲུབ་སྟེ། དེ་བས་ན་དེ་དག་ནི་བདག་ཉིད་ཀྱི་སྤྲུལ་པ་ལ། སྙིང་ལས་ཆུང་ངུར་གནས་པའི་ཕྱིར། གཞན་གྱིས་འདོད་པ་སྤྲུལ་པ་དག་གིས་དབང་ཕྱུག་ལ་དབང་བྱེད་དེ། དེས་ན་དེ་དག་ལ་གཞན་འཕྲུལ་དབང་བྱེད་ཅེས་བྱའི། དེ་དག་གཞན་གྱིས་འདོད་པ་སྤྲུལ་པ་ཁོ་ན་ལ་བརྟེན་པ་ནི་མ་ཡིན་ཏེ། བདག་ཉིད་ཀྱི་སྤྲུལ་པ་ལ་ཡང་བརྟེན་པ་དེ་ནི། འདོད་པ་སྐྱེ་བ་གསུམ་པའོ། །བདེ་བ་སྐྱེ་བ་ནི་རྣམ་པ་གསུམ་པོ་འདི་དག་ཡིན་ཏེ། སེམས་ཅན་གང་དག་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་ལུས་བརླན་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། བསམ་གཏན་དང་པོའི་ས་པའི་ལྷ་རྣམས་སོ། །དེ་ནི་བདེ་བ་སྐྱེ་བ་དང་པོའོ། །སེམས་ཅན་གང་དག་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང༌། བདེ་བས་ལུས་བརླན་པ་དག་ཡོད་དེ། འདི་ལྟ་སྟེ། བསམ་གཏན་གཉིས་པའི་ས་པའི་ལྷ་རྣམས་ཏེ། དེ་ནི་བདེ་བ་སྐྱེ་བ་གཉིས་པའོ། །སེམས་ཅན་གང་དག་དགའ་བ་མེད་པའི་བདེ་བས་ལུས་བརླན་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། བསམ་གཏན་གསུམ་པའི་ས་པའི་ལྷ་རྣམས་ཏེ། དེ་ནི་བདེ་བ་སྐྱེ་བ་གསུམ་པའོ། །ཅིའི་ཕྱིར་འདོད་པ་སྐྱེ་བ་གསུམ་པ་དང༌། བདེ་བ་སྐྱེ་བ་གསུམ་དུ་རྣམ་པར་གཞག་ཅེ་ན། སྨྲས་པ་གསུམ་པོ་འདི་དག་ནི་ཚོལ་བ་ཡིན་ཏེ། འདོད་པ་ཚོལ་བ་དང༌། སྲིད་པ་ཚོལ་
བ་དང༌། ཚངས་པར་སྤྱོད་པ་ཚོལ་བའོ། །དེ་ལ་དགེ་སྦྱོང་ངམ་བྲམ་ཟེ་འདོད་པ་ཚོལ་བ་ལ་འཇུག་པ་གང་སུ་ཡང་རུང་བ་དེ་དག་ཐམས་ཅད་ནི་འདོད་པ་སྐྱེ་བ་གསུམ་པོ་དག་གི་ཕྱིར་ཏེ། དེ་ལས་མི་ལྷག །དེ་ལས་མི་མང་ངོ༌། །དགེ་སྦྱོང་ངམ་བྲམ་ཟེ་བདེ་བའི་རྒྱུར་སྲིད་པ་ཚོལ་བ་གང་སུ་ཡང་རུང་བ་དེ་དག་ཐམས་ཅད་ནི། ཤས་ཆེར་བདེ་བ་འདོད་པས། བདེ་བ་སྐྱེ་བ་རྣམ་པ་གསུམ་གྱི་ཕྱིར་རོ། །གང་དག་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཞི་བའི་སྐྱེ་བའི་དོན་དུ་ཚོལ་བ་ལ་འཇུག་པ་དེ་དག་ནི། འཇིག་རྟེན་ན་ཉུང་བ་བས་ཀྱང་ཆེས་ཉུང་ངོ༌། །དེ་བས་ན་དེའི་གོང་དུ་སྐྱེ་བ་རྣམ་བར་མི་གཞག་གོ །དགེ་སྦྱོང་ངམ་བྲམ་ཟེ་ཚངས་པར་སྤྱོད་པ་ཚོལ་བ་ལ་འཇུག་པ་གང་སུ་ཡང་རུང་བ་དེ་དག་ཐམས་ཅད་ནི་ཟག་པ་མེད་པའི་དབྱིངས་ཀྱི་ཕྱིར་རོ། །ཡང་ཁ་ཅིག་ནི་ལོག་པའི་རྣམ་པར་ཐར་པ་ཡོངས་སུ་བརྟགས་པ། མི་གཡོ་བའི་དོན་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་དོན་དུ་ལོག་པའི་ཚངས་པར་སྤྱོད་པ་ཚོལ་བ་ལ་འཇུག་སྟེ། དེ་ནི་ཚངས་པར་སྤྱོད་པ་ཚོལ་བ་བླ་ན་ཡོད་པ་ཡིན་པར་རིག་པར་བྱའོ། །བླ་ན་མེད་པ་ནི་ཟག་པ་མེད་པའི་དབྱིངས་ཀྱི་ཕྱིར་རོ། །དེ་ལ་ལུས་རྣམ་པར་གཞག་པ་ནི། འདི་ལྟ་སྟེ། ཁམས་གསུམ་ན་སེམས་ཅན་རྣམས་ཀྱི་ལུས་ཐོབ་པ་རྣམ་པ་བཞི་ཡོད་དེ། ལུས་ཐོབ་པ་གང་བདག་ཉིད་ཀྱི་སེམས་ཀྱིས་འཕོ་བར་འགྱུར་ལ། གཞན་གྱི་སེམས་ཀྱིས་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། འདོད་པའི་ཁམས་ན་ལྷ་རྩེད་མོས་མྱོས་པ་ཞེས་བྱ་བ་དག་ཡོད་དེ། དེ་དག་གང་གི་ཚེ་ཧ་ཅང་རྩེ་བ་དང༌། དགའ་བ་དང༌། བརྒྱན་པའི་གནས་ཀྱི་སྦྱོར་བ་དང་ལྡན་པར་གནས་པ་ན། དེ་དག་དེ་ལྟར་གནས་པས་དྲན་པ་བརྗེད་པར་འགྱུར་རོ། །དྲན་པ་བརྗེད་པར་གྱུར་པས་སེམས་ཅན་དེ་དག་གནས་དེ་ནས་འཆི་འཕོ་བར་འགྱུར་རོ། །དེ་བཞིན་དུ། ལྷའི་ཡིད་འཁྲུག་པར་བྱེད་པ་ཞེས་བྱ་བ་དག་ཡོད་དེ། དེ་དག་གང་གི་ཚེ་གཅིག་ལ་གཅིག་མིག་ཚུགས་སུ་རྟོག་པར་བྱེད་དེ། དེ་དག་དེ་ལྟར་རྟོག་པ་ན། གཅིག་ལ་གཅིག་ཡིད་འཁྲུག་པར་བྱེད་དེ། ཡིད་འཁྲུག་པས་སེམས་ཅན་དེ་དག་གནས་དེ་ནས་འཆི་འཕོ་བར་འགྱུར་རོ། །ལུས་
འཐོབ་པ་གང་གཞན་གྱི་སེམས་ཀྱིས་འཕོ་བར་འགྱུར་ལ། བདག་གི་སེམས་ཀྱིས་མ་ཡིན་པའི་དག་ཀྱང་ཡོད་དེ། འདི་ལྟ་སྟེ། སེམས་ཅན་མའི་མངལ་ན་གནས་པ་མེར་མེར་པོར་གྱུར་པ་རྣམས་དང༌། ནུར་ནུར་པོར་གྱུར་པ་རྣམས་དང༌། མཁྲང་གྱུར་པ་རྣམས་དང༌། ལྟར་ལྟར་པོར་གྱུར་པ་རྣམས་སོ། །ལུས་ཐོབ་པ་གང་བདག་ཉིད་ཀྱི་སེམས་ཀྱིས་ཀྱང་འཕོ་བར་འགྱུར་ལ། གཞན་གྱི་སེམས་ཀྱིས་ཀྱང་འཕོ་བར་འགྱུར་བའང་ཡོད་དེ། འདི་ལྟ་སྟེ། དེ་དག་ཉིད་སྐྱེས་པ་དང༌། དབང་པོ་ཡོངས་སུ་རྫོགས་པ་དང༌། དབང་པོ་ཡོངས་སུ་སྨིན་པ་རྣམས་སོ། །ལུས་འཐོབ་པ་གང་བདག་ཉིད་ཀྱི་སེམས་ཀྱིས་ཀྱང་འཕོ་བར་མི་འགྱུར་ལ། གཞན་གྱི་སེམས་ཀྱིས་ཀྱང་འཕོ་བར་མི་འགྱུར་བདག་ཀྱང་ཡོད་དེ། འདི་ལྟ་སྟེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་དང༌། སེམས་ཅན་དམྱལ་བ་ཐམས་ཅད་དང༌། སེམས་ཅན་དམྱལ་བར་སྐྱེས་པ་རྣམས་ཇི་ལྟ་བ་བཞིན་དུ། ཡི་དགས་རྣམས་ཀྱང་དེ་དང་འདྲ་བ་དང༌། དེ་བཞིན་གཤེགས་པའི་ཕོ་ཉ་དང༌། སྲིད་པ་ཐ་མ་དང༌། བྱམས་པ་ལ་སྙོམས་པར་ཞུགས་པ་དང༌། འགོག་པ་ལ་སྙོམས་པར་ཞུགས་པ་དང༌། ཉོན་མོངས་པ་མེད་པ་ལ་སྙོམས་པར་ཞུགས་པ་དང༌། བར་མ་དོའི་སྲིད་པ་པ་དང༌། དེ་ལྟ་བུ་དང་མཐུན་པའི་སེམས་ཅན་རྣམས་སོ། །དེ་ལ་རྒྱུ་དང་རྐྱེན་དང་འབྲས་བུ་རྣམ་པར་གཞག་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། མཚན་ཉིད་དང༌། གནས་དང༌། རབ་ཏུ་དབྱེ་བ་དང༌། རྣམ་པར་གཞག་པའོ། །དེ་ལ་རྒྱུའི་མཚན་ཉིད་གང་ཞེ་ན། སྔ་ན་ཡོད་པ་གང་ཡིན་པ་གང་ལ་བརྟེན་ནས། གང་དང་ཕྲད་ན། ཆོས་གང་སྐྱེ་བ་འམ། འཐོབ་པ་འམ་གྲུབ་པར་འགྱུར་པ་འམ། འགྲུབ་པ་འམ། གནས་པའམ། བྱེད་པར་འགྱུར་བ་དེ་ནི་དེའི་རྒྱུ་ཞེས་བྱ་སྟེ། སྔ་ན་ཡོད་པ་ཅི་ཞིག་ཅི་ལ་བརྟེན་ནས་ཅི་དང་ཕྲད་ན། ཆོས་ཅི་ཞིག་སྐྱེ་བར་འགྱུར་ཞེ་ན། རང་གི་ས་བོན་ནི་སྔ་ན་ཡོད་པ་སྟེ། ས་བོན་གྱི་གནས་མ་གཏོགས་པ། དེ་ལས་གཞན་པའི་གནས་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ལ་ཡང་བརྟེན་ལ། ལས་ལ་ཡང་བརྟེན་ནས། གྲོགས་དང༌། དམིགས་པ་དང་ཡང་ཕྲད་ན། འདོད་པ་དང་ལྡན་པ་རྣམས་དང༌། གཟུགས་དང་ལྡན་
པ་རྣམས་དང༌། གཟུགས་མེད་པ་དང་ལྡན་པ་རྣམས་དང་ལྡན་པ་མ་ཡིན་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ཡང་ཅི་རིགས་པར་སྦྱར་རོ། །སྔ་ན་ཡོད་པ་ཅི་ཞིག་ཅི་ལ་བརྟེན་ནས། ཅི་དང་ཕྲད་ན་ཆོས་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་དང༌། དེ་བཞིན་གཤེགས་པའི་རིགས་ནི་སྔ་ན་ཡོད་པ་སྟེ། ནང་གི་ཡན་ལག་གི་སྟོབས་ལ་བརྟེན་ནས་ཕྱི་རོལ་གྱི་ཡན་ལག་གི་སྟོབས་དང་ཕྲད་ན། ཉོན་མོངས་པ་དང་བྲལ་བ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ལ་ནང་གི་ཡན་ལག་གི་སྟོབས་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། འདོད་པ་ཆུང་བ་ལ་སོགས་པ་ནང་གི་དགེ་བའི་ཆོས་རྣམས་དང༌། དེ་བཞིན་དུ་མིར་འགྱུར་བ་དང༌། འཕགས་པའི་གནས་སུ་སྐྱེ་བ་དང༌། དབང་པོ་རྣམས་མ་ཉམས་པ་དང༌། ལས་ཀྱི་མཐའ་མ་ལོག་པ་དང༌། གནས་ལ་དར་བར་གྱུར་པ་དེ་ལྟ་བུ་དང་མཐུན་པའི་ཆོས་རྣམས་ནི་ནང་གི་ཡན་ལག་གི་སྟོབས་ཞེས་བྱའོ། །དེ་ལ་ཕྱི་རོལ་གྱི་ཡན་ལག་གི་སྟོབས་ནི་འདི་ཡིན་ཏེ། འདི་ལྟ་སྟེ། སངས་རྒྱས་འབྱུང་བ་དང༌། དམ་པའི་ཆོས་བསྟན་པ་དང༌། ཆོས་བསྟན་པ་རྣམས་གནས་པར་བྱ་བ་དང༌། གནས་པར་གྱུར་པ་རྣམས་ཀྱི་རྗེས་སུ་འཇུག་པར་བྱས་པ་དང༌། གཞན་དག་སྙིང་བརྩེ་བ་དང༌། དེ་ལྟ་བུ་དང་མཐུན་པའི་ཆོས་རྣམས་ནི་ཕྱི་རོལ་གྱི་ཡན་ལག་གི་སྟོབས་ཞེས་བྱའོ། །དེ་ལ་སྔ་ན་ཡོད་པ་ཅི་ཞིག་ཅི་ལ་བརྟེན་ནས། ཅི་དང་ཕྲད་ན། ཆོས་ཅི་ཞིག་གྲུབ་པར་འགྱུར་ཞེ་ན། ཤེས་བྱ་ལ་མོས་ཤིང་འདོད་པ་ནི་སྔ་ན་ཡོད་པ་དེ་དམ་བཅས་བ་དང་གཏན་ཚིགས་དང༌། དཔེ་རྣམས་ལ་བརྟེན་ནས། ཕྱིར་རྒོལ་བ་དང༌། མི་མཐུན་པ་མེད་པའི་འཁོར་དང་ཕྲད་ན་བསྒྲུབ་པར་བྱ་བའི་དོན་གྲུབ་པར་འགྱུར་རོ། །སྔ་ན་ཡོད་པ་ཅི་ཞིག་ཅི་ལ་བརྟེན་ནས། ཅི་དང་ཕྲད་ན་ཆོས་ཅི་ཞིག་འགྲུབ་ཅེ་ན། བཟོ་ཤེས་བ་ནི་སྔ་ན་ཡོད་པ་སྟེ། དེ་དང་མཐུན་པའི་བརྩོན་པ་ལ་བརྟེན་ནས། བཟོའི་ལས་ཀྱི་གནས་ལྟ་བུའི་ཆ་སྤྱད་ཡོ་བྱད་དང་ཕྲད་ན། བཟོའི་ལས་ཀྱི་གནས་དེ་དང་དེ་དག་འགྲུབ་པར་འགྱུར་རོ། །སྔ་ན་ཡོད་པ་ཅི་ཞིག་ཅི་ལ་བརྟེན་ནས། ཅི་དང་ཕྲད་ན་ཆོས་ཅི་ཞིག་གནས་པར་འགྱུར་ཞེ་ན། སྲེད་པ་ནི་སྔ་ན་ཡོད་པ་སྟེ། ཟས་ལ་བརྟེན་པའི་
ལུས་ལ་བརྟེན་ནས། ཟས་རྣམ་པ་བཞི་དང་ཕྲད་ན། སེམས་ཅན་བྱུང་བ་རྣམས་གནས་ཤིང༌། འཚོལ་བརྟས་པར་འགྱུར་རོ། །སྔ་ན་ཡོད་པ་ཅི་ཞིག་ལ་བརྟེན་ནས། ཅི་དང་ཕྲད་ན་ཆོས་ཅི་ཞིག་བྱེད་པར་འགྱུར་ཞེ་ན། རང་གི་ས་བོན་ནི་སྔ་ན་ཡོད་པ་སྟེ། སྐྱེ་བ་ལ་བརྟེན་ནས་སྐྱེ་བའི་རྐྱེན་དང་ཕྲད་ན། རང་རང་གི་ཆོས་ཀྱི་རང་གི་བྱེད་པ་ཡོད་ཅིང༌། རང་གི་ལས་བྱེད་དེ། འདི་ལྟ་སྟེ། མིག་གི་ལས་ནི་ལྟ་བའོ། །དེ་བཞིན་དུ་དབང་པོ་ལྷག་མ་རྣམས་ཀྱང་རང་རང་གི་ལས་བྱེད་པར་རིག་པར་བྱའོ། །དེ་བཞིན་དུས་ནི་རྟོན་པར་བྱེད་ཆུ་ནི་རླན་པར་བྱེད། མེ་ནི་སྲེག་པར་བྱེད། རླུང་ནི་སྐེམས་པར་བྱེད། དེ་ལྟ་བུ་དང་མཐུན་པའི་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང་རང་རང་ལས་བྱེད་པར་རིག་པར་བྱའོ། །རྒྱུ་དང་རྐྱེན་དང་འབྲས་བུའི་གནས་གང་ཞེ་ན། བཅོ་ལྔ་པོ་འདི་དག་ནི་རྒྱུའི་གནས་ཡིན་ཏེ། འདི་ལྟ་སྟེ་ཚིག་དང་མྱོང་བ་དང༌། བག་ཆགས་དང་རླན་དང་བཅས་པའི་ས་བོན་དང་ཕྲད་ནས་འགག་པ་དང༌། ཡུལ་དང༌། དབང་པོ་དང༌། བྱེད་བ་དང༌། སྐྱེས་བུའི་བྱེད་པ་དང༌། དེ་ཁོ་ན་ལ་ལྟ་བ་དང༌། མཐུན་པ་དང༌། མཐུ་སྣ་ཚོགས་དང༌། ཚོགས་པ་དང་བར་དུ་གཅོད་པ་དང༌། བར་དུ་གཅོད་པ་མ་ཡིན་པའོ། །རྒྱུ་དང་རྐྱེན་དང་འབྲས་བུའི་རབ་ཏུ་དབྱེ་བ་གང་ཞེ་ན། རྒྱུ་བཅུ་དང༌། རྐྱེན་བཞི་དང༌། འབྲས་བུ་ལྔའོ། །རྒྱུ་བཅུ་པོ་དག་གང་ཞེ་ན། རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་དང༌། ལྟོས་པའི་རྒྱུ་དང༌། འཕེན་པའི་རྒྱུ་དང༌། མངོན་པར་འགྲུབ་པའི་རྒྱུ་དང༌། ཡོངས་སུ་འཛིན་པའི་རྒྱུ་དང༌། འདྲེན་པའི་རྒྱུ་དང༌། སོ་སོར་ངེས་པའི་རྒྱུ་དང༌། ལྷན་ཅིག་བྱེད་པའི་རྒྱུ་དང༌། མི་མཐུན་པའི་རྒྱུ་དང༌། མི་མཐུན་པ་མེད་པའི་རྒྱུའོ། །རྐྱེན་བཞི་པོ་དག་གང་ཞེ་ན། རྒྱུའི་རྐྱེན་དང༌། མཚུངས་པ་དེ་མ་ཐག་པའི་རྐྱེན་དང༌། དམིགས་པའི་རྐྱེན་དང༌། བདག་པོའི་རྐྱེན་ཏོ། །འབྲས་བུ་ལྔ་པོ་དག་གང་ཞེ་ན། རྣམ་པར་སྨིན་པའི་འབྲས་བུ་དང༌། རྒྱུ་མཐུན་པའི་འབྲས་བུ་དང༌། བྲལ་བའི་འབྲས་བུ་དང༌། སྐྱེས་བུ་བྱེད་པའི་འབྲས་བུ་དང༌། བདག་པོའི་འབྲས་བུའོ། །རྒྱུ་དང་རྐྱེན་དང་འབྲས་བུ་རྣམ་པར་གཞག་པ་གང་ཡིན་ཞེ་ན། དེ་ལ་རྒྱུའི་གནས་ཚིག་ལ་བརྟེན་ནས། རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་འདོགས་པར་བྱེད་དེ།
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་ལྡན་པའི་ཆོས་རྣམས་དང༌། གཟུགས་དང་ལྡན་པ་རྣམས་དང༌། གཟུགས་མེད་པ་དང་ལྡན་པ་རྣམས་དང་ལྡན་པ་མ་ཡིན་པའི་ཆོས་རྣམས་ལ་མིང་རྣམ་པར་གཞག་པ་སྔར་བྱུང་ནས། འདུ་ཤེས་འཇུག་གོ ། འདུ་ཤེས་སྔར་བྱུང་ནས་ཚིག་འབྱུང་ངོ༌། །ཚིག་གིས་ཇི་ལྟར་མཐོང་བ་དང༌། ཇི་ལྟར་ཐོས་པ་དང༌། ཇི་ལྟར་བྱེ་བྲག་བྱེད་པ་དང༌། ཇི་ལྟར་རྣམ་པར་ཤེས་པ་བཞིན་དུ་རྗེས་སུ་ཐ་སྙད་འདོགས་པའི་ཕྱིར་ཏེ། དེ་ལྟ་བས་ན་ཚིག་ལ་བརྟེན་ནས་རྗེས་སུ་ཐ་སྙད་འདོགས་བའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་མྱོང་བ་ལ་བརྟེན་ནས། ལྟོས་པའི་རྒྱུ་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་ལྡན་པའི་བདེ་བ་འདོད་པ་གང་ཡིན་པ་དེ་ནི། དེ་ལ་ལྟོས་ནས་འདོད་པ་རྣམས་རྙེད་པ་འམ། ཀུན་སོགས་པའམ། སོ་སོར་བརྟེན་པ་ཡོངས་སུ་ཚོལ་བ་དང༌། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་བདེ་བ་འདོད་པ་གང་ཡིན་པ་དེ་ནི། དེ་ལ་ལྟོས་ནས་དེའི་རྐྱེན་རྙེད་པ་འམ། སོ་སོར་བརྟེན་པ་ཡོངས་སུ་ཚོལ་བ་དང༌། ལྡན་པ་མ་ཡིན་པའི་བདེ་བ་འདོད་པ་གང་ཡིན་པ་དེ་ནི། དེ་ལ་ལྟོས་ནས་དེའི་རྐྱེན་རྙེད་པ་འམ། སོ་སོར་བརྟེན་པ་ཡོངས་སུ་ཚོལ་བ་དང༌། སྡུག་བསྔལ་མི་འདོད་པ་གང་ཡིན་པ་དེ་ནི། དེ་ལ་ལྟོས་ནས་དེའི་རྐྱེན་རྣམས་སམ། དེ་སྤོང་བའི་རྐྱེན་རྣམས་སྤོང་བ་འམ། རྙེད་པ་འམ། སོ་སོར་བརྟེན་པ་ཡོངས་སུ་ཚོལ་བའི་ཕྱིར་ཏེ། དེ་བས་ན་མྱོང་བ་ལ་བརྟེན་ནས་ལྟོས་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་བག་ཆགས་ལ་བརྟེན་ནས། ཕན་པའི་རྒྱུ་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་བ་དང་མི་དགེ་བའི་ལས་ཀྱིས་ཡོངས་སུ་བསྒོས་པའི་འདུ་བྱེད་རྣམས་ཀྱིས་ཁམས་གསུམ་དུ་སྡུག་པ་དང༌། མི་སྡུག་པའི་འགྲོ་བ་རྣམས་སུ། སྡུག་པ་དང་མི་སྡུག་པའི་ལུས་རྣམས་འཕེན་པར་བྱེད་པ་དང༌། དེ་ཉིད་ཀྱི་དབང་གིས་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང༌། ཕུན་སུམ་ཚོགས་པ་དང༌། རྒུད་པར་འགྱུར་བའི་ཕྱིར་ཏེ། དེ་བས་ན་འདུ་བྱེད་རྣམས་ཀྱི་དགེ་བ་དང་མི་དགེ་བའི་ལས་ཀྱི་བག་ཆགས་ལ་བརྟེན་ནས་འཕེན་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་རླན་དང་བཅས་པའི་ས་བོན་ལ་
བརྟེན་ནས་མངོན་པར་འགྲུབ་པའི་རྒྱུ་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་ལྡན་པའི་ཆོས་རྣམས་དང༌། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ཆོས་རྣམས། རང་རང་གི་ས་བོན་ལས་འབྱུང་བར་འགྱུར་བ་དང༌། སྲེད་པ་ནི་ས་བོན་གྱི་རླན་ཅེས་བྱ་སྟེ། དེ་བས་ན་དེས་ས་བོན་བརླན་ནས་ལུས་འཕགས་པ་རྣམས་མངོན་པར་འགྲུབ་བར་འགྱུར་བའི་ཕྱིར་ཏེ། སྐྱེ་བའི་རྒྱུ་ནི་ལས་ཡིན་ལ། །མངོན་པར་འགྲུབ་པའི་རྒྱུ་ནི་སྲེད་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་བས་ན་རླན་དང་བཅས་པའི་ས་བོན་ལ་བརྟེན་ནས་མངོན་པར་འགྲུབ་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་ཕྲད་ནས་འགགས་པ་ལ་ཡང་བརྟེན་ལ། དེ་བཞིན་དུ་རྒྱུའི་གནས་ཡུལ་དང༌། དབང་པོ་དང༌། བྱེད་པ་དང༌། སྐྱེས་བུའི་བྱེད་བ་དང༌། དེ་ཁོ་ན་ལ་ཡང་ལྟ་བ་ལ་བརྟེན་ནས་ཡོངས་སུ་འཛིན་པའི་རྒྱུ་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་ལྡན་པའི་ཆོས་རྣམས་ཀྱི་ནང་ནས་འདུ་བྱེད་རྣམས་ཀྱི་འཇུག་པ། དེ་མ་ཐག་ཏུ་འགགས་པས་ཡོངས་སུ་ཟིན་པ་དང༌། ཡུལ་གྱིས་ཡོངས་སུ་ཟིན་པ་དང༌། དབང་པོས་ཡོངས་སུ་ཟིན་པ་དང༌། བྱེད་པས་ཡོངས་སུ་ཟིན་པ་དང༌། སྐྱེས་བུའི་བྱེད་པས་ཡོངས་སུ་ཟིན་པ་འབྱུང་བའི་ཕྱིར་རོ། །འདོད་པ་དང་ལྡན་པ་རྣམས་ཇི་ལྟ་བ་བཞིན་དུ་གཟུགས་དང་ལྡན་པ་རྣམས་དང༌། གཟུགས་མེད་པ་དང་ལྡན་པ་རྣམས་ཀྱང་དེ་དང་འདྲའོ། །དེ་ཁོ་ན་ལ་ལྟ་བས་ཡོངས་སུ་ཟིན་པའི་ཆོས་དེ་ལས་གཞན་པ་ལྡན་པ་མ་ཡིན་པ་རྣམས་ཀྱང་འཇུག་པར་འགྱུར་ཏེ། དེ་བས་ན་ཕྲད་ནས་འགགས་པ་དང༌། ཡུལ་དང་དབང་པོ་དང་བྱེད་པ་དང༌། སྐྱེས་བུའི་བྱེད་པ་དང༌། དེ་ཁོ་ན་ལ་ལྟ་བ་ལ་བརྟེན་ནས། ཡོངས་སུ་འཛིན་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་མཐུན་པ་ལ་བརྟེན་ནས། འདྲེན་བའི་རྒྱུ་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་ལྡན་པའི་དགེ་བའི་ཆོས་རྣམས་ནི་འདོད་པ་དང་ལྡན་པའི་དགེ་བའི་ཆོས་ཁྱད་པར་ཅན་རྣམས་འདྲེན་ཏོ། །དེ་བཞིན་དུ་འདོད་པ་དང་ལྡན་པའི་དགེ་བའི་ཆོས་རྣམས་ནི་གཟུགས་དང་ལྡན་པ་དང༌། གཟུགས་མེད་པ་དང་ལྡན་པ་དང༌། ལྡན་པ་མ་ཡིན་པའི་དགེ་བའི་ཆོས་རྣམས་ཀྱང་
འདྲེན་ཏེ། དེ་དང་མཐུན་པའི་ཕྱིར་རོ། །འདོད་པ་དང་ལྡན་པ་རྣམས་ཇི་ལྟ་བ་དེ་བཞིན་དུ། གཟུགས་དང་ལྡན་པ་རྣམས་ཀྱང༌། གཟུགས་དང་ལྡན་པའི་དགེ་བའི་ཆོས་ཁྱད་པར་ཅན་རྣམས་དང༌། གཟུགས་མེད་པ་དང་ལྡན་པ་དང༌། ལྡན་པ་མ་ཡིན་པའི་དགེ་བའི་ཆོས་རྣམས་འདྲེན་ཏོ། །གཟུགས་དང་ལྡན་པ་རྣམས་ཇི་ལྟ་བ་དེ་བཞིན་དུ། གཟུགས་མེད་པ་དང་ལྡན་པ་རྣམས་ཀྱང༌། གཟུགས་མེད་པ་དང་ལྡན་པའི་དགེ་བའི་ཆོས་ཁྱད་པར་ཅན་རྣམས་དང་ལྡན་པ་མ་ཡིན་པའི་རྣམས་འདྲེན་ཏོ། །གཟུགས་མེད་པ་དང་ལྡན་པའི་རྣམས་ཇི་ལྟ་བ་དེ་བཞིན་དུ་ལྡན་པ་མ་ཡིན་པ་རྣམས་ཀྱང་ལྡན་པ་མ་ཡིན་པའི་དགེ་བའི་ཆོས་ཁྱད་པར་ཅན་རྣམས་འདྲེན་ཏོ། །འདུས་མ་བྱས་པ་མངོན་སུམ་དུ་བྱས་པ་ཡང་འདྲེན་ཏོ། །དེ་བཞིན་དུ་མི་དགེ་བའི་ཆོས་རྣམས་ཀྱང་མི་དགེ་བའི་ཆོས་ཁྱད་པར་ཅན་རྣམས་འདྲེན་ཏེ། འདི་ལྟ་སྟེ། འདོད་པའི་འདོད་ཆགས་ནི་ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ལྟ་བ་དང༌། ཐེ་ཚོམ་དང༌། ལུས་ཀྱི་ཉེས་པར་སྤྱོད་པ་དང༌། ངག་གི་ཉེས་པར་སྤྱོད་པ་དང༌། ཡིད་ཀྱི་ཉེས་པར་སྤྱོད་པ་འདྲེན་ཏོ། འདོད་པའི་འདོད་ཆགས་ཇི་ལྟ་བ་བཞིན་དུ། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ལྟ་བ་དང༌། ཐེ་ཚོམ་རྣམས་ཀྱང་ཅི་རིགས་པར་འདྲེན་པར་རིག་པར་བྱའོ། །དེ་བཞིན་དུ་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱང་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་འདྲེན་ཏོ། །འདི་ལྟ་སྟེ། དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ས་བོན་ཅན་ཀུན་གཞི་རྣམ་པར་ཤེས་པས་འདྲེན་ཏོ། །དེ་བཞིན་དུ་ལུང་དུ་མ་བསྟན་པའི་ཆོས་རྣམས་ནི། ལུང་དུ་མ་བསྟན་པའི་ཆོས་ཁྱད་པར་ཅན་རྣམས་ཀྱང་འདྲེན་ཏེ། འདི་ལྟ་སྟེ། ཁམ་གྱི་ཟས་ནི་སེམས་ཅན་བྱུང་བ་རྣམས་གནས་པ་དང༌། འཚོ་བར་བྱེད་པ་ཡིན་ཏེ། དེ་དང་མཐུན་པའི་ཕྱིར་མདངས་དང༌། སྟོབས་དང་ལྟ་བ་འདྲེན་ཏེ། དེ་བས་ན་མཐུན་པ་ལ་བརྟེན་ནས། འདྲེན་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་དང་མཐུ་སྣ་ཚོགས་ལ་བརྟེན་ནས། སོ་སོར་ངེས་པའི་རྒྱུ་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་ལྡན་པའི་ཆོས་
ངོ་བོ་ཉིད་རྣམ་པ་སྣ་ཚོགས་པ་རྣམས་ནི། ངོ་བོ་ཉིད་ཀྱི་ཁྱད་པར་རྣམ་པ་སྣ་ཚོགས། མཐུ་རྣམ་པ་སྣ་ཚོགས་ཅན་ལས་བྱུང་བའི་ཕྱིར་རོ། །འདོད་པ་དང་ལྡན་པ་རྣམས་ཇི་ལྟ་བ་བཞིན་དུ། གཟུགས་དང་ལྡན་པ་རྣམས་དང༌། གཟུགས་མེད་པ་དང་ལྡན་པ་རྣམས་དང་ལྡན་པ་མ་ཡིན་པའི་རྣམས་ཀྱང་དེ་དང་འདྲ་སྟེ། དེ་བས་ན་མཐུ་སྣ་ཚོགས་ལ་བརྟེན་ནས། སོ་སོར་ངེས་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་སྣ་ཚོགས་པ་ལ་བརྟེན་ནས། ལྷན་ཅིག་བྱེད་པའི་རྒྱུ་འདོད་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རང་སྐྱེ་བའི་ཚོགས་དང་ཕྲད་ནས་འདོད་པ་དང་ལྡན་པའི་ཆོས་རྣམས་སྐྱེ་བའི་ཕྱིར་རོ། །འདོད་པ་དང་ལྡན་པ་རྣམས་ཇི་ལྟ་བ་བཞིན་དུ། གཟུགས་དང་ལྡན་པ་རྣམས་དང༌། གཟུགས་མེད་པ་དང་ལྡན་པ་རྣམས་དང༌། ལྡན་པ་མ་ཡིན་པ་རྣམས་ཀྱང་དེ་དང་འདྲའོ། །སྐྱེ་བའི་ཚོགས་པ་ཇི་ལྟ་བ་བཞིན་དུ་ཐོབ་པའི་ཚོགས་པ་དང༌། གྲུབ་པར་འགྱུར་བའི་ཚོགས་པ་དང༌། འགྲུབ་པའི་ཚོགས་པ་དང༌། གནས་པའི་ཚོགས་པ་དང༌། བྱེད་པའི་ཚོགས་པ་རྣམས་ཀྱང་དེ་དང་འདྲ་སྟེ། དེ་བས་ན་ཚོགས་པ་ལ་བརྟེན་ནས་ལྷན་ཅིག་བྱེད་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་བར་དུ་གཅོད་པ་ལ་བརྟེན་ནས། མི་མཐུན་པའི་རྒྱུ་འདོགས་པར་བྱེད་དེ། ད་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་ལྡན་པའི་ཆོས་རྣམས་སྐྱེ་བ་ལ། གལ་ཏེ་བར་དུ་གཅོད་པ་ཉེ་བར་གནས་པར་གྱུར་ན་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །འདོད་པ་དང་ལྡན་པ་རྣམས་ཇི་ལྟ་བ་བཞིན་དུ། གཟུགས་དང་ལྡན་པ་རྣམས་དང༌། གཟུགས་མེད་པ་དང་ལྡན་པ་རྣམས་དང༌། ལྡན་པ་མ་ཡིན་པ་རྣམས་ཀྱང་དེ་དང་འདྲའོ། སྐྱེ་བ་ཇི་ལྟ་བ་བཞིན་དུ། ཐོབ་པ་དང༌། གྲུབ་པར་འགྱུར་པ་དང༌། འགྲུབ་པ་དང༌། གནས་པ་དང༌། བྱེད་པ་ལ་ཡང་དེ་དང་འདྲ་སྟེ། དེ་བས་ན་བར་དུ་གཅོད་པ་ལ་བརྟེན་ནས་མི་མཐུན་པའི་རྒྱུ་འདོགས་སོ། །དེ་ལ་རྒྱུའི་གནས་པར་དུ་གཅོད་པ་མ་ཡིན་པ་ལ་བརྟེན་ནས། མི་མཐུན་པ་མེད་པའི་རྒྱུ་འདོགས་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་པ་དང་ལྡན་པའི་ཆོས་རྣམས་སྐྱེ་བ་ལ། གལ་ཏེ་པར་དུ་གཅོད་པ་མ་ཡིན་པ་ཉེ་བར་གནས་པར་གྱུར་ན། དེ་དག་སྐྱེ་བར་འགྱུར་བའི་ཕྱིར་རོ། །འདོད་
པ་དང་ལྡན་པ་རྣམས་ཇི་ལྟ་བ་བཞིན་དུ། གཟུགས་དང་ལྡན་པ་རྣམས་དང༌། གཟུགས་མེད་པ་དང་ལྡན་པ་རྣམས་དང༌། ལྡན་པ་མ་ཡིན་པ་རྣམས་ཀྱང་དེ་དང་འདྲའོ། །སྐྱེ་བ་ཇི་ལྟ་བ་བཞིན་དུ་ཐོབ་པ་དང༌། གྲུབ་པར་འགྱུར་བ་དང༌། འགྲུབ་པ་དང༌། གནས་པ་དང༌། བྱེད་པ་ཡང་དེ་དང་འདྲ་སྟེ། དེ་བས་ན་བར་དུ་གཅོད་པ་མ་ཡིན་པ་ལ་བརྟེན་ནས། མི་མཐུན་པ་མེད་པའི་རྒྱུ་འདོགས་སོ། །དེ་ལ་རྐྱེན་གྱི་གནས་ས་བོན་ལ་བརྟེན་ནས། རྒྱུའི་རྐྱེན་འདོགས་སོ། །རྐྱེན་གྱི་གནས་ཕྲད་ནས་འགག་པ་ལ་བརྟེན་ནས་དེ་མ་ཐག་པའི་རྐྱེན་འདོགས་སོ། །དེ་ལ་རྐྱེན་གྱི་གནས་ཡུལ་ལ་བརྟེན་ནས། དམིགས་པའི་རྐྱེན་འདོགས་སོ། །རྐྱེན་གྱི་གནས་དེ་ལས་གཞན་པ་རྣམས་ལ་བརྟེན་ནས། བདག་པོའི་རྐྱེན་འདོགས་སོ། །དེ་ལ་རྒྱུའི་གནས་དང༌། རྐྱེན་གྱི་གནས་བག་ཆགས་དང༌། མཐུན་པ་ལ་བརྟེན་ནས། རྣམ་པར་སྨིན་པའི་འབྲས་བུ་དང༌། རྒྱུ་མཐུན་པའི་འབྲས་བུ་འདོགས་སོ། །རྒྱུའི་གནས་དང༌། རྐྱེན་གྱི་གནས་དེ་ཁོ་ན་ལ་ལྟ་བ་ལ་བརྟེན་ནས་བྲལ་བའི་འབྲས་བུ་འདོགས་སོ། །རྒྱུའི་གནས་དང་རྐྱེན་གྱི་གནས་སྐྱེས་བུའི་བྱེད་པ་ལ་བརྟེན་ནས། སྐྱེས་བུ་བྱེད་པའི་འབྲས་བུ་འདོགས་སོ། །རྒྱུའི་གནས་དང༌། རྐྱེན་གྱི་གནས་ལྷག་མ་རྣམས་ལ་བརྟེན་ནས། བདག་པོའི་འབྲས་བུ་འདོགས་སོ། །དེ་ལ་རྒྱུ་ནི་ཕན་པའི་དོན་ཏོ། །རྐྱེན་ནི་གནས་པར་བྱེད་པའི་དོན་ཏོ། །འབྲས་བུ་ནི་གྲུབ་པའི་དོན་ཏོ། ཡང་རྒྱུ་ནི་རྣམ་པ་ལྡར་གཞག་པ་ཡིན་ཏེ། འདི་ལྟ་སྟེ། སྐྱེད་པའི་རྒྱུ་དང༌། ཐབས་ཀྱི་རྒྱུ་དང༌། ལྷན་ཅིག་བྱུང་བའི་རྒྱུ་དང༌། འགགས་མ་ཐག་པ་དང༌། འགགས་ནས་རིང་དུ་ལོན་པའོ། །དེ་ལ་སྐྱེད་པ་ནི་མངོན་པར་འགྲུབ་པའི་རྒྱུའོ། །ཐབས་ཀྱི་རྒྱུ་ནི་ལྷག་མ་རྣམས་སོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི་འདི་ལྟ་སྟེ། ཡོངས་སུ་འཛིན་པའི་རྒྱུ་ལས་གཅིག་སྟེ། འདི་ལྟ་སྟེ། མིག་ནི་མིག་གི་རྣམ་པར་ཤེས་པའིའོ། །དེ་བཞིན་དུ་རྣ་བ་ལ་སོགས་པའི་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པ་རྣམས་ཀྱིའོ། །འགགས་མ་ཐག་པ་ནི་འདི་ལྟ་སྟེ། མངོན་པར་འགྲུབ་པའི་རྒྱུའོ། །འགགས་ནས་རིང་དུ་ལོན་པ་ནི་འདི་ལྟ་སྟེ། འཕེན་པའི་རྒྱུའོ། །གཞན་ཡང་
རྒྱུ་ནི་རྣམ་པ་ལྡར་གཞག་པ་ཡིན་ཏེ། འདི་ལྟ་སྟེ། སྡུག་པའི་རྒྱུ་དང༌། མི་སྡུག་པའི་རྒྱུ་དང༌། ལྟ་བའི་རྒྱུ་དང༌། འཇུག་པའི་རྒྱུ་དང༌། ལྡོག་པའི་རྒྱུའོ། །གཞན་ཡང་རྒྱུ་ནི་རྣམ་པ་བདུན་དུ་གཞག་པ་ཡིན་ཏེ། འདི་ལྟ་སྟེ། མི་རྟག་པ་ནི་རྒྱུ་ཡིན་ཏེ། རྟག་པའི་ཆོས་ནི་སྐྱེ་བའི་རྒྱུ་འམ། ཐོབ་པའི་རྒྱུ་འམ། གྲུབ་པར་འགྱུར་བའི་རྒྱུ་འམ། འགྲུབ་པའི་རྒྱུ་འམ། གནས་པའི་རྒྱུ་འམ། བྱེད་པའི་རྒྱུ་འམ། གང་གི་རྒྱུར་ཡང་མི་འགྱུར་རོ། །མི་རྟག་པའི་ཆོས་མི་རྟག་པའི་རྒྱུར་འགྱུར་བ་ཡང༌། དངོས་པོ་གཞན་དང༌། རང་གི་ངོ་བོ་ཕྱི་མའི་རྒྱུར་འགྱུར་གྱི། སྐད་ཅིག་དེ་ཉིད་ཀྱི་ནི་མ་ཡིན་ནོ། །གཞན་དང་རང་གི་ངོ་བོ་ཉིད་ཕྱི་མའི་རྒྱུ་བྱེད་དུ་ཟིན་ཀྱང་སྐྱེས་ལ། འགགས་པས་བྱེད་ཀྱི་མ་སྐྱེས་པ་དང་མ་འགགས་པས་ནི་མ་ཡིན་ནོ། །སྐྱེས་ལ་འགགས་སུ་ཟིན་ཀྱང་རྐྱེན་གཞན་དང་ཕྲད་ན་བྱེད་ཀྱི་མ་ཕྲད་ན་མི་བྱེད་དོ། །རྐྱེན་གཞན་དང་ཕྲད་དུ་ཟིན་ཀྱང༌། སྔ་མ་ལས་གྱུར་ན་བྱེད་ཀྱི་མ་གྱུར་པར་མི་བྱེད་དོ། །སྔ་མ་ལས་གྱུར་དུ་ཟིན་ཀྱང་མཐུ་དང་ལྡན་པ་ལས་འབྱུང་གི །མཐུ་མེད་པ་ལས་མ་ཡིན་ནོ། །མཐུ་དང་ལྡན་དུ་ཟིན་ཀྱང་དེ་དང་མཐུན་ཞིང་འཕྲོད་པ་ལས་འབྱུང་གི །མི་མཐུན་མི་འཕྲོད་པ་ལས་ནི་མ་ཡིན་ཏེ། དེ་ལྟར་ན་རྣམ་པ་བདུན་པོ་འདི་དག་གིས་རྒྱུ་རྣམས་ཅི་རིགས་པར་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་མཚན་ཉིད་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། དེ་ནི་རྣམ་པ་བདུན་དུ་རིག་པར་བྱ་སྟེ། ལུས་དང་དམིགས་པ་དང༌། རྣམ་པ་དང༌། ཀུན་ནས་སློང་བ་དང༌། རབ་ཏུ་དབྱེ་བ་དང༌། རྣམ་པར་ངེས་པ་དང༌། འཇུག་པའོ། །དེ་ལ་སྡོམ་ནི། མཚན་ཉིད་ཀྱི་ནི་མདོར་བསྡུ་བ། །ལུས་དང་དམིགས་པ་རྣམ་པ་དང༌། །ཀུན་ནས་སློང་དང་རབ་དབྱེ་དང༌། །རྣམ་པར་ངེས་དང་འཇུག་པ་ཡིན། །རྟོག་པ་དང་དཔྱོད་པ་རྣམས་ཀྱི་ལུས་གང་ཞེ་ན། རྟོག་པ་དང་དཔྱོད་པ་རྣམས་དམིགས་པ་ལ་མངོན་པར་མི་རྟོག་པ་ནི་སེམས་པའི་ལུས་ཡིན་ལ། རྟོག་པ་དང་དཔྱོད་པ་རྣམས་དམིགས་པ་ལ་མངོན་པར་རྟོག་པ་ནི་ཤེས་པའི་ལུས་ཡིན་པར་རིག་པར་བྱའོ། །དེ་ལ་རྟོག་པ་དང་དཔྱོད་པ་རྣམས་ཀྱི་དམིགས་པ་གང་ཞེ་ན། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་ལ་བརྟེན་པའི་
དོན་ནི་དམིགས་པ་ཡིན་ནོ། །རྟོག་པ་དང་དཔྱོད་པ་རྣམས་ཀྱི་རྣམ་པ་གང་ཞེ་ན། རྟོག་པའི་རྣམ་པ་ནི། དམིགས་པ་དེ་ཉིད་ལ་གཏོད་ཅིང་བྱེ་བྲག་ཏུ་གཏོད་པའོ། །དཔྱོད་པའི་རྣམ་པ་ནི་དེ་ཉིད་ལ་སོ་སོར་རྟོག་པའོ། །རྟོག་པ་དང་དཔྱོད་པ་རྣམས་ཀྱིས་ཅི་ཞིག་ཀུན་ནས་སློང་ཞེ་ན། ངག་ཀུན་ནས་སློང་ངོ༌། །རྟོག་པ་དང་དཔྱོད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། རབ་ཏུ་དབྱེ་བ་རྣམ་པ་བདུན་ཏེ། མཚན་མ་ཅན་དང༌། མཚན་མ་ཅན་མ་ཡིན་པ་ནས། ཉོན་མོངས་པ་ཅན་མ་ཡིན་པའི་བར་དུ་སྔ་མ་བཞིན་ནོ། །རྟོག་པ་དང་དཔྱོད་པ་རྣམས་ཀྱི་རྣམ་པར་ངེས་པ་གང་ཞེ་ན། རྟོག་པ་དང་དཔྱོད་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་ཡང་ཡིན་ནོ། །རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་རྟོག་པ་དང་དཔྱོད་པ་ཡང་ཡིན་ལ། རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་རྟོག་པ་དང་དཔྱོད་པ་ཡིན་ནོ། དེ་ལྟར་རྟོག་པ་དང་དཔྱོད་པ་གང་ཡིན་པ་དེ་རྣམ་པར་རྟོག་པ་ཡང་ཡིན་མོད་ཀྱི། རྣམ་པར་རྟོག་པ་ཡིན་ལ། རྟོག་པ་དང་དཔྱོད་པ་མ་ཡིན་པ་ཡང་ཡོད་དེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་མ་གཏོགས་པ་དེ་ལས་གཞན་པའི་ཁམས་གསུམ་ན་སྤྱོད་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ནི་རྣམ་པར་རྟོག་པ་ཡིན་ལ་རྟོག་པ་དང་དཔྱོད་པ་མ་ཡིན་ནོ། །རྟོག་པ་དང་དཔྱོད་པ་རྣམས་ཀྱི་འཇུག་པ་གང་ཞེ་ན། སེམས་ཅན་དམྱལ་བ་པ་རྣམས་ཀྱི་རྟོག་པ་དང་དཔྱོད་པ་རྣམས་ཀྱི་རྣམ་པ་ནི་ཅི། འདུས་ཏེ་རེག་པ་ནི་ཇི་ལྟ་བུ། ཅི་ཞིག་གིས་ནི་སྤྱོད། ཅི་དང་ནི་ལྡན། ཅི་ཞིག་ནི་འདོད། ལས་ནི་ཅི་ཞིག་བྱེད་ཅིང་འཇུག །སེམས་ཅན་དམྱལ་བ་པ་རྣམས་ཇི་ལྟ་བ་དེ་བཞིན་དུ། དུད་འགྲོ་རྣམས་དང༌། ཡི་དགས་རྣམས་དང༌། མི་རྣམས་དང༌། འདོད་པ་ན་སྤྱོད་པའི་ལྷ་རྣམས་དང༌། བསམ་གཏན་དང་པོའི་ས་པའི་ལྷ་རྣམས་ཀྱི་རྟོག་པ་དང་དཔྱོད་པ་རྣམས་ཀྱི་རྣམ་པ་ནི་ཅི། འདུས་ཏེ་རེག་པ་ནི་ཇི་ལྟ་བུ་ཅི་ཞིག་ཟེར་ཅི་ཞིག་གིས་ནི་བསྐྱོད། ཅི་དང་ནི་ལྡན། ཅི་ཞིག་ནི་འདོད། ལས་ནི་ཅི་ཞིག་བྱེད་ཅིང་འཇུག་ཅེ་ན། དེ་ལ་སེམས་ཅན་དམྱལ་བ་པ་རྣམས་ཀྱི་རྟོག་པ་དང་དཔྱོད་པ་རྣམས་ནི་གཅིག་ཏུ་ངེས་པར་ཞུམ་པའི་རྣམ་པ་དང༌། མི་སྡུག་པའི་ཡུལ་གྱི་འདུས་ཏེ་རེག་
པ་དང༌། སྡུག་བསྔལ་གྱིས་བསྐྱོད་པ་དང༌། ཡིད་མི་བདེ་བ་དང་ལྡན་པ་དང༌། སྡུག་བསྔལ་ལས་ཐར་བར་འདོད་པ་དང༌། སེམས་ཀུན་ནས་འཁྲུགས་པའི་ལས་བྱེད་ཅིང་འཇུག་གོ །སེམས་ཅན་དམྱལ་བ་པ་རྣམས་ཇི་ལྟ་བ་བཞིན་དུ། ཡི་དགས་སྡུག་བསྔལ་བར་གྱུར་པ་རྣམས་ཀྱང་དེ་དང་འདྲའོ། །དུད་འགྲོ་རྣམས་དང༌། མི་རྣམས་དང༌། ཡི་དགས་རྫུ་འཕྲུལ་ཆེ་བ་རྣམས་ཀྱི་རྟོག་པ་དང་དཔྱོད་པ་རྣམས་ནི་ཞུམ་པའི་རྣམ་པ་ཤས་ཆེ་ལ། ཀུན་ཏུ་དགའ་བའི་རྣམ་པ་ཤས་ཆུང་བ་དང༌། མི་སྡུག་པའི་ཡུལ་གྱི་འདུས་ཏེ་རེག་པ་ཤས་ཆེ་ལ། སྡུག་པའི་ཡུལ་གྱི་འདུས་ཏེ་རེག་པ་ཤས་ཆུང་བ་དང༌། སྡུག་བསྔལ་གྱིས་བསྐྱོད་པའི་ཤས་ཆེ་ལ། བདེ་བས་བསྐྱོད་པའི་ཤས་ཆུང་བ་དང༌། ཡིད་མི་བདེ་བ་དང་ལྡན་པའི་ཤས་ཆེ་ལ། ཡིད་བདེ་བ་དང་ལྡན་པའི་ཤས་ཆུང་བ་དང༌། སྡུག་བསྔལ་ལས་ཐར་པར་འདོད་པའི་ཤས་ཆེ་ལ། བདེ་བ་དང་འགྲོགས་པར་འདོད་པའི་ཤས་ཆུང་བ་དང༌། སེམས་ཀུན་ནས་འཁྲུགས་པའི་ལས་བྱེད་ཅིང་འཇུག་གོ །འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་རྟོག་པ་དང༌། དཔྱོད་པ་རྣམས་ཀྱི་ཀུན་ཏུ་དགའ་བའི་རྣམ་པ་ཤས་ཆེ་ལ། ཞུམ་པའི་རྣམ་པ་ཤས་ཆུང་བ་དང༌། སྡུག་པའི་ཡུལ་གྱི་འདུས་ཏེ་རེག་པ་ཤས་ཆེ་ལ། མི་སྡུག་པའི་ཡུལ་གྱི་འདུས་ཏེ་རེག་པ་ཤས་ཆུང་བ་དང༌། བདེ་བས་བསྐྱོད་པའི་ཤས་ཆེ་ལ་སྡུག་བསྔལ་གྱིས་བསྐྱོད་པའི་ཤས་ཆུང་བ་དང༌། ཡིད་བདེ་བ་དང་ལྡན་པའི་ཤས་ཆེ་ལ། ཡིད་མི་བདེ་བ་དང་ལྡན་པའི་ཤས་ཆུང་བ་དང༌། བདེ་བ་དང་འགྲོགས་པར་འདོད་པའི་ཤས་ཆེ་ལ། སྡུག་བསྔལ་ལས་ཐར་པར་འདོད་པའི་ཤས་ཆུང་བ་དང༌། སེམས་ཀུན་དུ་འཁྲུགས་པའི་ལས་བྱེད་ཅིང་འཇུག་གོ །བསམ་གཏན་དང་པོའི་ས་པའི་ལྷ་རྣམས་ཀྱི་རྟོག་པ་དང་དཔྱོད་པ་རྣམས་ནི། གཅིག་ཏུ་ངེས་པར་ཀུན་ཏུ་དགའ་བའི་རྣམ་པ་དང༌། གཅིག་ཏུ་ངེས་པར་ནང་གི་སྡུག་པའི་ཡུལ་གྱི་འདུས་ཏེ་རེག་པ་དང༌། གཅིག་ཏུ་ངེས་པར་བདེ་བས་བསྐྱོད་པ་དང༌། གཅིག་ཏུ་ངེས་པར་ཡིད་བདེ་བ་དང་ལྡན་པ་དང༌། གཅིག་ཏུ་ངེས་པར་བདེ་བ་དང་མི་འབྲལ་བར་འདོད་པ་དང༌། སེམས་ཀུན་ཏུ་མི་འཁྲུགས་པའི་ལས་བྱེད་པ་ཡིན་ནོ། །དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་
གདགས་པ་རྣམ་པར་གཞག་པ་གང་ཞེ་ན། དེ་ནི་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། གནས་དང་དངོས་པོ་དང༌། ཚོལ་བ་དང༌། ལོངས་སྤྱོད་པ་དང༌། ཡང་དག་པར་འགྲུབ་པ་དང༌། ཉན་ཐོས་ཀྱི་ཐེག་པའི་ཚོགས་ལ་སྦྱོར་བ་དང༌། རང་སངས་རྒྱས་ཀྱི་ཐེག་པའི་ཚོགས་ལ་སྦྱོར་བ་དང༌། ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་ལ་སྦྱོར་བའོ། །དེ་ལ་སྡོམ་ནི། གནས་དང་དེ་བཞིན་དངོས་པོ་དང༌། །ཚོལ་བ་དང་ནི་ལོངས་སྤྱོད་དང༌། །བསྒྲུབ་པ་དང་ནི་བྱང་ཆུབ་གཉིས། །དེ་བཞིན་ཕ་རོལ་ཕྱིན་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པའི་རྟོག་པ་དང་དཔྱོད་པ་རྣམས་ཀྱི་གནས་གང་ཞེ་ན། གནས་རྣམ་པ་དྲུག་སྟེ། འདི་ལྟ་སྟེ། ངེས་པའི་དུས་དང༌། ལྡོག་པའི་དུས་དང༌། ལས་ཀྱི་དུས་དང༌། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་དུས་དང༌། འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བའི་དུས་དང༌། སེམས་ཅན་ལ་ཕན་འདོགས་པའི་དུས་སོ། །ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པའི་རྟོག་པ་དང་དཔྱོད་པ་རྣམས་ཀྱི་དངོས་པོ་གང་ཞེ་ན། དངོས་པོ་བརྒྱད་དེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་པ་ལས་བྱུང་བ་དང༌། ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། དེ་ལས་གཞན་པའི་བསྒོམས་པ་ལས་བྱུང་བ་དང༌། སོ་སོར་བརྟགས་པ་ལས་བྱུང་བ་དང༌། སེམས་ཅན་ལ་ཕན་འདོགས་པ་ལས་བྱུང་བའོ། །ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པའི་རྟོག་པ་དང་དཔྱོད་པ་རྣམས་ཀྱི་ཚོལ་བ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག །ཆོས་ཀྱི་བབ་ཆོལ་མ་ཡིན་པར་ལོངས་སྤྱོད་ཚོལ་གྱི། ཆོས་མ་ཡིན་པས་བབ་ཆོལ་དུ་མ་ཡིན་ནོ། །ལོངས་སྤྱོད་གང་ཞེ་ན། འདི་ལྟར་ལོངས་སྤྱོད་དེ་ཉིད་དེ་ལྟར་བཙལ་ནས་ཆགས་པ་མེད་པར་ལོངས་སྤྱོད་ཅིང༌། ཞེན་པ་མེད་པ་དང༌། ཆུམས་པ་མེད་པ་དང༌། མདུད་པ་བོར་བ་མེད་པ་དང༌། བརྒྱལ་བ་མེད་པ་དང༌། ལྷག་པར་ཆགས་པ་མེད་པ་དང༌། ལྷག་པར་ཆགས་པར་གྱུར་པ་མེད་པ་དང༌། ཉེས་དམིགས་སུ་ལྟ་བ་དང༌། ངེས་པར་འབྱུང་བ་ཤེས་བཞིན་དུ་ལོངས་སྤྱོད་པར་བྱེད་པའོ། །ཡང་
དག་པར་བསྒྲུབ་པ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་མར་འཛིན་པ་དང༌། ཕར་འཛིན་པ་དང༌། དགེ་སྦྱོང་དུ་འཛིན་པ་དང༌། བྲམ་ཟེར་འཛིན་པ་དང༌། རིགས་ཀྱི་གཙོ་བོ་ལ་རིམ་གྲོ་བྱེད་པ་དང༌། དོན་བྱེད་པ་དང༌། བྱ་བ་བྱེད་པ་དང༌། འཇིག་རྟེན་འདི་དང༌། འཇིག་རྟེན་ཕ་རོལ་ཏུ་ཁ་ན་མཐོ་བ་རྣམས་ལ་འཇིགས་པར་ལྟ་བ་དང༌། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་དང༌། དུས་ཁྲིམས་ལ་གནས་པ་དང༌། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་པའོ། །ཉན་ཐོས་ཀྱི་ཚོགས་ལ་སྦྱོར་བ་ནི་ཉན་ཐོས་ཀྱིས་ལས་རྒྱས་པར་བཤད་པར་བྱའོ། །རང་སངས་རྒྱས་ཀྱི་ཚོགས་ལ་སྦྱོར་བ་ནི། རང་སངས་རྒྱས་ཀྱིས་ལས་རྒྱས་བར་བཤད་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་ལ་སྦྱོར་བ་ནི། བྱང་ཆུབ་སེམས་དཔའི་ས་ལས་རྒྱས་པར་བཤད་པར་བྱའོ། །ཡང་སྦྱིན་བདག་གི་མཚན་ཉིད་ནི་རྣམ་པ་བཞི་སྟེ། འདོད་པ་དང༌། ཕྱོགས་མི་འཛིན་པ་དང༌། ཕོངས་པ་སེལ་བ་དང༌། ཡང་དག་པར་ཤེས་པའོ། །ཚུལ་ཁྲིམས་དང་ལྡན་པའི་མཚན་ཉིད་ནི། རྣམ་པ་བཞི་སྟེ། འདོད་པ་དང་ཆུ་ལོན་གྱིས་གློན་པ་དང༌། ཀུན་ཏུ་མི་སྤྱོད་པ་དང༌། ཡང་དག་པར་ཤེས་པའོ། །སྒོམ་པ་པོའི་མཚན་ཉིད་ནི་རྣམ་པ་བཞི་སྟེ། བསམ་པ་རྣམ་པར་དག་པ་དང༌། ཉེ་བར་སྦྱོར་བ་རྣམ་པར་དག་པ་དང༌། མོས་པས་སྙོམས་པར་འཇུག་པ་རྣམ་པར་དག་པ་དང༌། ཤེས་པ་རྣམ་པར་དག་པའོ། །ཟས་སྦྱིན་པ་ནི་རྣམ་པ་དྲུག་སྟེ། ཡི་དམ་ཅན་ལ་སྦྱིན་པ་དང༌། ཀུན་ཏུ་འཚོལ་ཟས་སྦྱིན་པ་དང༌། གནོད་པ་ལ་ཟས་སྦྱིན་པ་དང༌། རང་བཞིན་གྱིས་ཕོངས་པ་ལ་ཟས་སྦྱིན་པ་དང༌། ཡུལ་དང་བྲལ་བར་གནས་པ་ལ་ཟས་སྦྱིན་པ་དང༌། ཡོངས་སུ་ཞེན་པ་ལ་ཟས་སྦྱིན་པའོ། །གནོད་པ་ནི་རྣམ་པ་བརྒྱད་དེ། བཀྲེས་པས་གནོད་པ་དང༌། སྐོམ་པས་གནོད་པ་དང༌། ཁ་ཟས་ངན་པ་ཟ་བས་གནོད་པ་དང༌། ཡོངས་སུ་ངལ་བས་གནོད་པ་དང༌། གྲང་བས་གནོད་པ་དང༌། ཚ་བས་གནོད་པ་དང༌། སྐྱབས་མེད་པས་གནོད་པ་དང༌། བསྒྲིབས་པས་གནོད་པའོ། །ཡང་གནོད་པ་ནི་རྣམ་པ་དྲུག་སྟེ། ལྷན་ཅིག་སྐྱེས་པ་དང༌། འདོད་པས་ཕོངས་པ་ལས་བྱུང་བ་དང༌།
འགྲོ་བ་ལས་བྱུང་བ་དང༌། དུས་ཚིགས་འགྱུར་བ་ལས་བྱུང་བ་དང༌། འཛག་གནོད་བྱེད་པ་ལས་བྱུང་བ་དང༌། ཐ་སྙད་ཆད་པ་ལས་བྱུང་བའོ། །ཕན་གདགས་པ་ནི་རྣམ་པ་དྲུག་སྟེ། ཉེ་བར་རྟོན་པས་ཕན་གདགས་པ་དང༌། འགྲོ་བས་གནོད་པ་ལ་ཕན་གདགས་པ་དང༌། གཡོགས་པས་ཕན་གདགས་པ་དང༌། སྤོས་དང་མེ་ཏོག་ཕྲེང་དང་བྱུག་པས་ཕན་གདགས་པ་དང༌། གནས་ཀྱིས་ཕན་གདགས་པ་དང༌། འགྲོགས་པ་ལ་ཕན་གདགས་པའོ། །མི་མཛའ་བའི་མཚན་ཉིད་ནི་བཞི་སྟེ། འཁྲུག་པའི་བསམ་པ་མི་གཏོང་བ་དང༌། སྡུག་པ་ལ་རྣམ་པར་བགེགས་བྱེད་པའི་གནས་དང༌། མི་སྡུག་པ་བསྒྲུབ་པ་དང༌། ཕན་པ་མ་ཡིན་པ་བསྒྲུབ་པའོ། །དེ་དག་ཉིད་ལས་བཟློག་པ་ནི་མཛའ་བོའི་མཚན་ཉིད་རྣམ་པ་བཞིར་རིག་པར་བྱའོ། །བསྒྲུབ་པ་ནི་རྣམ་པ་གསུམ་སྟེ། ཡོ་བྱད་ཀྱི་བདེ་བ་བསྒྲུབ་པ་དང༌། དགའ་བ་དང་བཅས་པའི་བདེ་བ་བསྒྲུབ་པ་དང༌། །དགའ་བ་མེད་པའི་བདེ་བ་བསྒྲུབ་པའོ། །བཞི་པོ་འདི་དག་ནི་མཁས་པས་བསྟན་པ་ཡིན་ཞེས་བྱ་བ་མདོ་འདིའི་རྣམ་པར་བཤད་པ་ནི། ཡང་མཐུན་པར་འཇུག་པར་ཁས་བླང་བ་ནི་བཞི་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ། འགྲོན་ལ་མཐུན་པར་འཇུག་པར་ཁས་བླང་བ་དང༌། སྐྱེ་བོ་ཡོངས་ལ་མཐུན་པར་འཇུག་པར་ཁས་བླང་བ་དང༌། བླ་མ་རྣམས་དང་མཐུན་པར་འཇུག་པར་ཁས་བླང་བ་དང༌། ཚོགས་པར་འདུ་འོས་ལ་མཐུན་པར་འཇུག་པར་ཁས་བླང་བ་སྟེ། མཐུན་པར་འཇུག་པར་ཁས་བླང་བ་བཞི་པོ་འདི་དག་ལ། གནས་བཞི་བསྟེན་ནས་འབྲས་བུ་ལྡར་འགྱུར་བར་རིག་པར་བྱ་སྟེ། འདི་ལྟ་སྟེ་ཕན་གདགས་པ་དང༌། རྣམ་པར་ཐོ་མི་འཚམས་པ་དང༌། མཆོད་པ་དང༌། སྐལ་བ་མཉམ་པ་དང༌། མཐུན་པར་འཇུག་པར་གནས་བཞི་པོ་འདི་དག་བསྟེན་ནས། ལོངས་སྤྱོད་ཆེ་བ་དང༌། ཕྱོགས་དང་ཕྱོགས་མཚམས་སུ་གྲགས་པ་དང༌། ཡོངས་སུ་ཉོན་མོངས་པ་མེད་པ་དང༌། མྱ་ངན་ལས་འདས་པ་འཐོབ་པ་དང༌། བདེ་འགྲོར་འགྲོ་བ་སྟེ། འབྲས་བུ་ལྔ་པོ་འདི་དག་འགྲུབ་པར་འགྱུར་རོ། །མཁས་པ་རྣམས་ཀྱི་མཁས་པའི་མཚན་ཉིད་ནི། གསུམ་པོ་
འདི་དག་ཡིན་ཏེ། དགེ་བ་ཡང་དག་པར་ལེན་པ་དང༌། དགེ་བ་ལ་གཅིག་ཏུ་ངེས་པ་དང༌། དགེ་བ་ལ་བརྟེན་པའོ། །གཞན་ཡང་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་ཡང་དག་པར་ལེན་པ་དང༌། ལྷག་པའི་སེམས་ཡང་དག་པར་ལེན་པ་དང༌། ལྷག་པའི་ཤེས་རབ་ཡང་དག་པར་ལེན་པའོ།། །།བམ་པོ་དྲུག་པ། དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། དེ་ལ་སྡོམ་ནི། རྒྱུ་ལ་འབྲས་བུ་མངོན་གསལ་དང༌། །འདས་དང་མ་འོངས་ཡོད་པ་དང༌། །བདག་དང་རྟག་དང་ལས་རྣམས་དང༌། །དབང་ཕྱུག་ལ་སོགས་རྣམས་འཚེ་དང༌། །མཐའ་དང་མཐའ་མེད་སྤོང་བ་དང༌། །རྒྱུ་མེད་ཆད་དང་མེད་པ་དང༌། །མཆོག་དང་དག་པ་བཀྲ་ཤིས་པ། །ཕ་རོལ་སྨྲ་བ་བཅུ་དྲུག་ཡིན། །ཕ་རོལ་སྨྲ་བ་ནི་བཅུ་དྲུག་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ། རྒྱུ་ལ་འབྲས་བུ་ཡོད་པར་སྨྲ་བ་དང༌། མངོན་པར་གསལ་བར་སྨྲ་བ་དང༌། འདས་པ་དང་མ་འོངས་པ་རྫས་སུ་ཡོད་པར་སྨྲ་བ་དང༌། བདག་ཏུ་སྨྲ་བ་དང༌། རྟག་པར་སྨྲ་བ་དང༌། སྔོན་བྱས་པ་རྒྱུར་སྨྲ་བ་དང༌། དབང་ཕྱུག་ལ་སོགས་པ་བྱེད་པ་པོར་སྨྲ་བ་དང༌། རྣམ་པར་འཚེ་བའི་ཆོས་སུ་སྨྲ་བ་དང༌། མཐའ་དང་མཐའ་མེད་པར་སྨྲ་བ་དང༌། མཐའ་མི་སྤོང་བར་སྨྲ་བ་དང༌། རྒྱུ་མེད་པར་སྨྲ་བ་དང༌། ཆད་པར་སྨྲ་བ་དང༌། མེད་པར་སྨྲ་བ་དང༌། མཆོག་ཏུ་སྨྲ་བ་དང༌། དག་པར་སྨྲ་བ་དང༌། དགེ་མཚན་དང་བཀྲ་ཤིས་སུ་སྨྲ་བའོ། །རྒྱུ་ལ་འབྲས་བུ་ཡོད་པར་སྨྲ་བ་གང་ཞེ་ན། འདི་ལྟར་འདི་ན་དགེ་སྤྱོད་ངམ་བྲམ་ཟེ་ཁ་ཅིག །རྟག་པ་རྟག་པའི་དུས་དང༌། ཐེར་ཟུག་ཐེར་ཟུག་གི་དུས་སུ། རྒྱུ་ལ་འབྲས་བུ་ཡོད་པ་ཁོ་ན་ཞེས་དེ་ལྟར་ལྟ་ཞིང༌། དེ་སྐད་སྨྲ་བ་དག་ཡོད་དེ། འདི་ལྟ་སྟེ། ཁྱུ་མཆོག་པའི་ཚོགས་ལྟ་བུའོ། །དེ་དག་ཀྱང་ཅིའི་ཕྱིར་རྒྱུ་ལ་འབྲས་བུ་ཡོད་པར་ལྟ་ཞིང་རྣམ་པར་འཇོག་ལ། ཡོངས་སུ་སྟོན་པར་བྱེད་ཅེ་ན། འདི་ལྟར་ལུང་དང་རིགས་པས་བྱེད་དེ། ལུང་གང་ཞེ་ན། རྒྱུ་ལ་འབྲས་བུ་ཡོད་པ་ཁོ་ནའོ་ཞེས་དེ་དང་ལྡན་པ་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང༌། སྡེ་སྣོད་བྱིན་པའི་ཚུལ་གྱིས་དེ་དག་ལ་འོངས་པ་ཡིན་ནོ། །རིགས་པ་
གང་ཞེ་ན། འདི་ལྟར་དགེ་སྦྱོང་དང༌། བྲམ་ཟེ་རྟོག་གེ་པ་དཔྱོད་པ་ཅན་དེ་ཉིད། རྟོག་གེར་རྟོགས་པའི་ས། རང་གི་སྤོབས་པ་ལས་བྱུང་བ། སོ་སོའི་སྐྱེ་བོ་ལ་དཔྱོད་པའི་རྗེས་སུ་སྤྱོད་པ་ལ་གནས་པ། དེ་འདི་སྙམ་དུ་སེམས་ཏེ། དངོས་པོ་གང་དག་ལས་དངོས་པོ་གང་དག་འབྱུང་བ་དེ་དག་ནི་དེ་དག་གི་རྒྱུ་ཉིད་དུ་གྲགས་ཤིང་འདོགས་ཀྱི་དེ་ལས་གཞན་པ་དག་ལ་མ་ཡིན་ནོ། །འབྲས་བུ་འདོད་པ་རྣམས་ཀྱིས་ཀྱང་འབྲས་བུ་དེའི་དོན་དུ་འཛིན་པར་བྱེད་ཀྱི། དེ་ལས་གཞན་པ་དག་ནི་མ་ཡིན་ནོ། །བྱ་བ་དེ་དང་དེ་དག་ཏུ་ཡང་དེ་དག་ཉིད་སྦྱོར་བར་བྱེད་ཀྱི། དེ་ལས་གཞན་པ་དག་ནི་མ་ཡིན་ནོ། །འབྲས་བུ་དེ་ཡང་དེ་དག་ལས་འབྱུང་གི་དེ་ལས་གཞན་པ་རྣམས་ལས་མ་ཡིན་ཏེ། དེ་བས་ན་འབྲས་བུ་དེ་དེ་ལས་ཡོད་དོ། །དེ་ལྟ་མ་ཡིན་དུ་ཟིན་ན་ཐམས་ཅད་ཀྱང་ཐམས་ཅད་ཀྱི་རྒྱུར་རྣམ་པར་གཞག་པར་འགྱུར་བ་དང༌། ཐམས་ཅད་ཀྱང་གཟུང་བ་དང༌། བྱ་བ་ལ་ཡང་ཐམས་ཅད་དུ་སྦྱར་དུ་རུང་བ་དང༌། ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་རོ་སྙམ་ནས། དེ་འདོགས་པ་དང༌། འཛིན་པ་དང༌། བྱ་བ་ལ་སྦྱོར་བ་དང༌། སྐྱེ་བ་ལ་རྟག་ཏུ་རྒྱུ་ལ་འབྲས་བུ་ཡོད་པར་ལྟའོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅིའི་རྒྱུའི་མཚན་ཉིད་དང་འབྲས་བུའི་མཚན་ཉིད་དང༌། རྒྱུ་ལ་འབྲས་བུའི་མཚན་ཉིད་ཐ་དད་པ་མ་ཡིན་པའི་མཚན་ཉིད་དམ། འོན་ཏེ་ཐ་དད་པའི་མཚན་ཉིད་དུ་འདོད། གལ་ཏེ་ཐ་དད་པ་མ་ཡིན་པའི་མཚན་ཉིད་ཅིག་ཡིན་ན་ནི། དེས་ན་རྒྱུ་དང་འབྲས་བུ་གཉིས་ལ་བྱེ་བྲག་མེད་པའི་ཕྱིར། རྒྱུར་ངེས་པ་དང་འབྲས་བུར་ངེས་པ་མེད་པས། རྒྱུ་ལ་འབྲས་བུ་ཡོད་ཅེས་བྱར་མི་རུང་ངོ༌། །གལ་ཏེ་མཚན་ཉིད་ཐ་དད་པ་ཞིག་ཡིན་ན་ནི། དེས་ན་ཅི་མ་སྐྱེས་པའི་མཚན་ཉིད་དམ། འོན་ཏེ་སྐྱེས་པའི་མཚན་ཉིད་དུ་འདོད། གལ་ཏེ་མ་སྐྱེས་པའི་མཚན་ཉིད་ཅིག་ཡིན་ན་ནི། དེས་ན་རྒྱུ་ལ་འབྲས་བུ་མ་སྐྱེས་པ་ཞིག་ཡོད་དོ་ཞེས་བྱ་བ་ཡང་མི་རུང་ངོ༌། །གལ་ཏེ་སྐྱེས་ཟིན་པའི་མཚན་ཉིད་ཅིག་ཡིན་ན་ནི། དེས་ན་རྒྱུ་ལ་འབྲས་བུ་སྐྱེས་ཟིན་པ་ཞིག་སྐྱེའོ་ཞེས་བྱར་མི་རུང་ངོ༌། །དེ་བས་ན་རྒྱུ་ལ་ནི་འབྲས་བུ་མེད་ཀྱི། རྒྱུ་ཡོད་ན་རྐྱེན་ལ་ལྟོས་ཏེ་
སྐྱེ་བར་འགྱུར་རོ། །དེ་ལ་མཚན་ཉིད་རྣམ་པ་ལྔས་ནི་མཚན་ཉིད་ཡོད་པའི་ཆོས་ལ་མཚན་ཉིད་ཡོད་པའི་ཆོས་ཡོད་པར་རིག་པར་བྱ་སྟེ། དེའི་ཕྱོགས་ན་དམིགས་པ་འདི་ལྟ་སྟེ། བུམ་པའི་ནང་ན་ཆུ་འདུག་པ་ལྟ་བུ་དང༌། དེའི་རྟེན་ལ་དམིགས་པ་འདི་ལྟ་སྟེ། མིག་ལ་མིག་གི་རྣམ་པར་ཤེས་པ་ལྟ་བུ་དང༌། དེ་ཉིད་བཞིན་དུ་རང་གི་མཚན་ཉིད་དུ་དམིགས་པ་འདི་ལྟ་སྟེ། རྒྱུ་ནི་རྗེས་སུ་དཔག་པར་བྱ་བ་མ་ཡིན་ཞིང༌། རང་གི་ལས་བྱེད་པ་ལྟ་བུ་དང༌། རྒྱུ་འགྱུར་བའམ། ཡང་ན་འགྱུར་བའི་རྐྱེན་རྣམས་ཀྱིས་འགྱུར་བར་འོང་བའོ། །དེའི་ཕྱིར་ཡང་རྟག་པའི་དུས་དང༌། ཐེར་ཟུག་གི་དུས་སུ་རྒྱུ་ལ་འབྲས་བུ་ཡོད་པ་ཁོ་ནར་མི་རུང་སྟེ། རྣམ་གྲངས་དེས་ན་ཡང་འདི་ནི་སྨྲ་བར་རིགས་པ་མ་ཡིན་པས་བསྐྱེད་པ་ཁོ་ནའོ། །དེ་ལྟར་ན་བྱེ་བྲག་མེད་པའི་མཚན་ཉིད་དང༌། བྱེ་བྲག་ཡོད་པའི་མཚན་ཉིད་དང༌། མ་སྐྱེས་པའི་མཚན་ཉིད་དང༌། སྐྱེས་པའི་མཚན་ཉིད་ཀྱིས་ཀྱང་མི་རུང་ངོ༌། །མངོན་པར་གསལ་བར་སྨྲ་བ་གང་ཞེ་ན། འདི་ལྟར་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག །དངོས་པོ་ཡོད་པ་ཉིད་མངོན་པར་གསལ་བར་བྱེད་པར་ཟད་ཀྱི། སྐྱེ་བ་ནི་མ་ཡིན་ནོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་དག་ཡོད་དོ། །འདི་ལྟ་སྟེ། རྒྱུ་ལ་འབྲས་བུ་ཡོད་པར་སྨྲ་བ་དེ་ཉིད་དང༌། སྒྲའི་མཚན་ཉིད་སྨྲ་བ་ལྟ་བུའོ། །རྒྱུ་ལ་འབྲས་བུ་ཡོད་པར་སྨྲ་བ་རྣམས། ཅིའི་ཕྱིར་རྒྱུ་ལ་འབྲས་བུ་ཡོད་པ་ལ་མངོན་པར་གསལ་བར་ལྟ་བར་བྱེད་ཅེ་ན། ལུང་དང་རིགས་པས་བྱེད་དེ། ལུང་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །རིགས་པ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་བདག་ཉིད་རྟོག་གེ་བ་དཔྱོད་པ་ཅན་ཞེས་བྱ་བ་ནས་སྔ་མ་ཁོ་ན་བཞིན་དུ་རྒྱས་པར་བྱའོ། །དེ་དག་འདི་སྙམ་དུ་སེམས་ཏེ། རྒྱུ་ལ་འབྲས་བུ་མེད་ན་སྐྱེ་བར་མི་རུང་ལ། འབྲས་བུ་བསྒྲུབ་པའི་ཕྱིར་འབད་པར་མི་བྱེད་པ་ཡང་མ་ཡིན་ནོ། །དེ་ཡང་ཅིའི་ཕྱིར་བྱེད་ཅེ་ན། མངོན་པར་གསལ་བ་ཉིད་དུ་བྱ་བའི་ཕྱིར་རོ་སྙམ་སྟེ། དེ་དེ་ལྟར་ཡོངས་སུ་བརྟགས་ནས། མངོན་པར་གསལ་བར་སྨྲ་བར་གྱུར་ཏོ། །རྒྱུ་ལ་འབྲས་བུ་མངོན་པར་སྨྲ་བ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་སྒྲིབ་པའི་རྒྱུ་མེད་པ་འམ་སྒྲིབ་པ་ཡོད་པར་འདོད། གལ་
ཏེ་མེད་དུ་ཟིན་ན་ནི་སྒྲིབ་པའི་རྒྱུ་མེད་པ་ཞིག་གིས་བསྒྲིབས་སོ་ཞེས་བྱ་བར་ཡང་མི་རུང་ངོ༌། །གལ་ཏེ་ཡོད་ན་ནི་ཡོད་པར་ཡང་འདྲ་ན། འབྲས་བུ་དང་འབྲེལ་བའི་རྒྱུ་ལ་ཡང་ཅིའི་ཕྱིར་སྒྲིབ་པར་མི་བྱེད་དེ་མི་རུང་ངོ༌། །དཔེར་ན་མུན་པས་རྫ་མའི་ནང་གི་ཆུ་བསྒྲིབས་པ་ན། རྫ་མ་ལ་ཡང་སྒྲིབ་པར་བྱེད་པ་བཞིན་ནོ། །གལ་ཏེ་རྒྱུ་ཡང་སྒྲིབ་པའི་རྒྱུས་བསྒྲིབས་ན་ནི། དེས་ན་རྒྱུ་ལ་འབྲས་བུ་ཡོད་བ་མངོན་པར་གསལ་བར་བྱེད་ཀྱི། རྒྱུ་གསལ་བར་མི་བྱེད་ཅེས་བྱར་ནི་མི་རུང་ངོ༌། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་ཡོད་པ་ཉིད་སྒྲིབ་པའི་རྒྱུ་ཡིན་ནམ། འོན་ཏེ་འབྲས་བུ་ཉིད་སྒྲིབ་པའི་རྒྱུ་ཡིན། གལ་ཏེ་ཡོད་པ་ཉིད་སྒྲིབ་པའི་རྒྱུ་ཡིན་ན་ནི། དེས་ནི་རྒྱུ་ཡང་ཡོད་པ་ཡིན་ཏེ། ཡོད་པ་ནི་དུས་ཐམས་ཅད་དུ་མངོན་པར་གསལ་བ་མ་ཡིན་པར་འགྱུར་བས་མི་རུང་ངོ༌། །གལ་ཏེ་འབྲས་བུ་ཉིད་སྒྲིབ་པའི་རྒྱུ་ཡིན་ན་ནི། དེས་ན་ལ་ལའི་རྒྱུ་ཡང་དེ་ཉིད་ཡིན་ལ། འབྲས་བུ་ཡང་དེ་ཉིད་ཡིན་ཏེ། དཔེར་ན་མྱུ་གུ་ནི་ས་བོན་གྱི་འབྲས་བུ་ཡིན་ལ། སྡོང་བུ་ལ་སོགས་པའི་ནི་རྒྱུ་ཡིན་ཏེ། དེ་བས་ན་མངོན་པར་གསལ་བ་ཡང་དེ་ཉིད་ཡིན་ལ། མངོན་པར་གསལ་བ་མ་ཡིན་པ་ཡང་དེ་ཉིད་ཡིན་ཞེས་བྱར་མི་རུང་ངོ༌། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་ཆོས་དེ་ལས་མངོན་པར་གསལ་བ་ཐ་དད་པ་མ་ཡིན་པ་འམ། འོན་ཏེ་ཐ་དད་པར་འདོད། གལ་ཏེ་ཐ་དད་བ་མ་ཡིན་ན་ནི། རྟག་ཏུ་མངོན་པར་གསལ་བའི་ཆོས་ཡིན་པས། མངོན་པར་གསལ་བ་མངོན་པར་གསལ་བར་བྱེད་དོ་ཞེས་བྱར་མི་རུང་ངོ༌།། གལ་ཏེ་ཐ་དད་ན་ནི་དེས་ན་དེ་རྒྱུ་མེད་པ་ཞིག་གམ། རྒྱུ་ཡོད་པ་ཞིག་ཡིན། གལ་ཏེ་རྒྱུ་མེད་པ་ཞིག་ཡིན་ན་ནི་དེས་ན། རྒྱུ་མེད་པ་མངོན་པར་གསལ་བར་མི་རུང་ངོ༌། །གལ་ཏེ་རྒྱུ་ཡོད་པ་ཞིག་ཡིན་ན་ནི། དེས་ན་མངོན་པར་གསལ་བར་མ་གྱུར་པའི་ཕྱིར། འབྲས་བུར་གྱུར་པ་མངོན་པར་གསལ་བས་མངོན་པར་གསལ་བར་བྱར་ཡང་མི་རུང་ངོ༌། དེས་ན་སྒྲིབ་པའི་རྒྱུ་མེད་པ་དང༌། སྒྲིབ་པའི་རྒྱུ་ཡོད་པ་དང༌། ཡོད་པའི་མཚན་ཉིད་དང༌། འབྲས་བུའི་མཚན་ཉིད་དང༌། མངོན་པར་གསལ་བ་ཐ་དད་པ་མ་ཡིན་པ་དང༌། མངོན་པར་གསལ་བ་ཐ་དད་པ་ལས་ཀྱང་
མི་རུང་ངོ༌། །དེ་བས་ན་དངོས་པོ་མེད་པ་གང་ཡིན་པ་དེའི་མཚན་ཉིད་དེ་ནི་མེད་པ་ཉིད་དོ། །དངོས་པོ་ཡོད་པ་གང་ཡིན་པ་དེའི་མཚན་ཉིད་དེ་ནི་ཡོད་པ་ཉིད་དོ། །མེད་པའི་མེད་པ་ཉིད་ནི་མངོན་པར་གསལ་བ་མེད་པ་ཡིན་ནོ། །ཡོད་པའི་ཡོད་པ་ཉིད་ནི་མངོན་པར་གསལ་བ་ཉིད་ཡིན་ནོ། །ཡོད་པ་ཇི་ལྟར་འཛིན་པར་མི་འགྱུར་བ་དེའི་མཚན་ཉིད་བཤད་པར་བྱ་སྟེ། ཡོད་པ་ཡང་ཐག་རིང་བས་མི་འཛིན་ལ། སྒྲིབ་བའི་རྒྱུ་རྣམ་པ་བཞི་པོ། སྒྲིབ་གཡོགས་དང༌། མི་སྣང་བར་བྱེད་པ་དང༌། ཟིལ་གྱིས་གནོན་པ་དང༌། མིག་སླུ་བར་བྱེད་པས་བསྒྲིབས་པ་དང༌། ཆུང་བ་དང༌། སེམས་རྣམ་པར་གཡེངས་པ་དང༌། དབང་པོ་མེད་པར་གྱུར་ཅིང་ཉམས་པ་དང༌། དེ་དང་ལྡན་པའི་ཤེས་པ་མ་བྱུང་བས་ཀྱང་འཛིན་པར་མི་འགྱུར་རོ། །རྒྱུ་ལ་འབྲས་བུ་མངོན་པར་གསལ་བར་སྨྲ་བ་ཇི་ལྟ་བ་དེ་བཞིན་དུ། སྒྲར་སྨྲ་བ་ཡང་རིགས་པ་མ་ཡིན་པར་བལྟ་བར་བྱའོ། །དེ་ལ་སྒྲར་སྨྲ་བའི་བྱེ་བྲག་ནི་འདི་ཡིན་ཏེ། སྒྲའི་མཚན་ཉིད་ནི་ཇི་སྐད་འདོགས་པ་ཁོ་ན་བཞིན་དུ་རྣམ་པར་གནས་པར་ལྟ་ལ། རྣམ་པར་གནས་པ་དེ་ཡང་དང་ཡང་དུ་བརྗོད་པའི་ཚུལ་གྱིས་སྨྲ་བ་ལས། མངོན་པར་གསལ་བར་འགྱུར་བར་ལྟ་སྟེ། དེས་ན་དེ་འདི་སྙམ་དུ་སེམས་ཏེ། སྒྲ་ནི་རྟག་གོ་སྙམ་མོ། །དེ་བས་ན་མངོན་པར་གསལ་བར་སྨྲ་བ་ཡང་རིགས་པ་མ་ཡིན་པས་བསྐྱེད་པ་ཡིན་ནོ། །འདས་པ་དང༌། མ་འོངས་པ་རྫས་སུ་ཡོད་པར་སྨྲ་བ་གང་ཞེ་ན། འདི་ལྟར་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་འམ། ཆོས་འདི་ལ་ཁ་ཅིག་ཀྱང་འདས་པ་ཡང་ཡོད། མ་འོངས་པ་ཡང་ཡོད་དེ། ད་ལྟར་བྱུང་བ་བཞིན་དུ། མཚན་ཉིད་ཀྱིས་ཡོངས་སུ་གྲུབ་པ་ཡིན་ཏེ། རྫས་སུ་ཡོད་པ་ཡིན་གྱི། བརྟགས་པའི་ཡོད་པ་ནི་མ་ཡིན་ནོ་ཞེས་ཚུལ་བཞིན་མ་ཡིན་པས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་དག་ཀྱང་ཡོད་དོ། །ཅིའི་ཕྱིར་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བར་བྱེད་ཅེ་ན། ལུང་དང་རིགས་པས་བྱེད་དེ། ལུང་གང་ཞེ་ན། དེ་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །ཆོས་འདི་པ་ཡང་མདོ་སྡེ་ལ་ཚུལ་བཞིན་མ་ཡིན་པར་རྟོག་སྟེ། འདི་ལྟ་སྟེ། སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་ཡོད་དེ་སྐྱེ་མཆེད་བཅུ་གཉིས་པོ་རྣམས་ནི་མཚན་ཉིད་ཀྱིས་ཡོད་དོ། །བཅོམ་ལྡན་འདས་
ཀྱིས་འདི་ལྟ་སྟེ། འདས་པའི་ལས་ནི་ཡོད་དོ། །འདི་ལྟ་སྟེ། འདས་པའི་གཟུགས་ནི་ཡོད་དོ་ཞེས་བྱ་བ་ནས། མ་འོངས་པའི་རྣམ་པར་ཤེས་པའི་བར་དུ་ཡོད་དོ་ཞེས་གསུངས་པ་ལ། ཚུལ་བཞིན་མ་ཡིན་པར་རྟོག་གོ །རིགས་པ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་རྟོག་གེ་པ་དཔྱོད་པ་ཅན་ཞེས་བྱ་བ་ནས། སྔ་མ་བཞིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་གང་རང་གི་མཚན་ཉིད་གང་གིས་རྣམ་པར་གནས་པ་དེ་ནི། དེས་ཡོངས་སུ་གྲུབ་པ་ཡིན་ནོ། །གལ་ཏེ་མ་འོངས་པ་དེ་མེད་དུ་ཟིན་ན་ནི། དེས་ན་དེའི་ཚེ། རང་གི་མཚན་ཉིད་མ་ཟིན་པར་འགྱུར་རོ། །གལ་ཏེ་འདས་པ་མེད་དུ་ཟིན་ན་ནི། དེས་ན་དེའི་ཚེ་རང་གི་མཚན་ཉིད་དང་བྲལ་བར་འགྱུར་རོ། །དེ་ལྟར་གྱུར་ན་རང་གི་མཚན་ཉིད་ཡོངས་སུ་མ་གྲུབ་པར་འགྱུར་ཏེ། དེ་བས་ན་རང་གི་མཚན་ཉིད་ནི་ཡོངས་སུ་མ་གྲུབ་ཅེས་བྱ་བར་མི་རུང་ངོ་སྙམ་སྟེ། དེས་ན་དེ་འདས་པ་ཡང་ཡོད། མ་འོངས་པ་ཡང་ཡོད་ཅེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་འདས་པ་དང༌། མ་འོངས་པའི་མཚན་ཉིད་ད་ལྟར་གྱི་མཚན་ཉིད་དང༌། ཐ་དད་པ་མ་ཡིན་པའི་མཚན་ཉིད་དམ། འོན་ཏེ་ཐ་དད་པའི་མཚན་ཉིད་དུ་འདོད། གལ་ཏེ་ཐ་དད་པ་མ་ཡིན་པའི་མཚན་ཉིད་ཡིན་ན་ནི། མཚན་ཉིད་དུས་གསུམ་དུ་རྣམ་པར་གཞག་ཏུ་མི་རུང་ངོ༌། །གལ་ཏེ་ཐ་དད་པའི་མཚན་ཉིད་ཡིན་ན་ནི། ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱར་མི་རུང་ངོ༌། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་དུས་སུ་གཏོགས་པའི་ཆོས་རྟག་པའི་མཚན་ཉིད་དམ། འོན་ཏེ་མི་རྟག་པའི་མཚན་ཉིད་དུ་འདོད། གལ་ཏེ་རྟག་པའི་མཚན་ཉིད་ཡིན་ན་ནི། དུས་གསུམ་དུ་གཏོགས་པ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་མི་རྟག་པའི་མཚན་ཉིད་ཡིན་ན་ནི། དེས་ན་དུས་གསུམ་དུ་དེ་ཁོ་ན་བཞིན་དུ་ཡོད་དོ་ཞེས་བྱ་བར་མི་རུང་ངོ༌། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་མ་འོངས་པ་ད་ལྟར་གྱི་དུས་སུ་འོང་བར་མཐོང་ངམ། འཕོས་ནས་སྐྱེ་འམ། མ་འོངས་པའི་དེ་ཁོ་ན་བཞིན་དུ་འདུག་ལ། དེ་ལ་བརྟེན་ཏེ་ད་ལྟར་སྐྱེ་འམ། ལས་མི་བྱེད་པ་ཞིག་ལས། ལས་བྱེད་བར་འགྱུར་རམ། མཚན་ཉིད་མ་རྫོགས་པ་ཞིག་ལས་མཚན་ཉིད་རྫོགས་པར་
འགྱུར་རམ། མཚན་ཉིད་མི་འདྲ་བ་ལས་མཚན་ཉིད་མི་འདྲ་བ་མ་ཡིན་པར་འགྱུར་རམ། མ་འོངས་པར་འགྱུར་བ་ཞིག་ད་ལྟར་གྱི་དངོས་པོར་འགྱུར་གལ་ཏེ་འོང་བ་ཞིག་ཡིན་ན་ནི། དེས་ན་ཡུལ་ན་གནས་པར་ཡང་འགྱུར་ལ། ད་ལྟར་དང་ཡང་བྱེ་བྲག་མེད་ད། ཐེར་ཟུག་པར་འགྱུར་བས་མི་རུང་ངོ༌། །གལ་ཏེ་འཕོས་ནས་སྐྱེ་བར་འགྱུར་ན་ནི། དེས་ན་མ་འོངས་པ་ཡང་མ་སྐྱེས་པར་འགྱུར་ལ། སྔོན་མ་བྱུང་བ་ཡང་སྐྱེས་པར་འགྱུར་བ་དང༌། མ་སྐྱེས་པ་ཡང་འཕོ་བར་འགྱུར་བས་དེ་ཡང་མི་རུང་ངོ༌། །གལ་ཏེ་དེ་ཁོ་ན་བཞིན་དུ་འདུག་ལ། དེ་ལ་བརྟེན་ཏེ་སྐྱེ་བར་འགྱུར་ན་ཡང༌། དེས་ན་ཐེར་ཟུག་པར་ཡང་འགྱུར་ལ། སྔོན་མ་བྱུང་བ་ཡང་སྐྱེས་པར་འགྱུར་བ་དང༌། མ་འོངས་པ་ཡང་མ་སྐྱེས་པའི་ཕྱིར་མི་རུང་ངོ༌། །གལ་ཏེ་ལས་མི་བྱེད་པ་ཡིན་པ་ལས། ལས་བྱེད་པར་འགྱུར་ན་ནི། དེས་ན་མ་བྱུང་བ་བྱུང་བར་འགྱུར་ཏེ། སྐྱོན་སྔ་མ་རྣམས་ཇི་ལྟ་བ་བཞིན་དུ་འགྱུར་བས་དེ་ཡང་མི་རུང་ངོ༌། །ལས་དེ་ཡང་ཅི་དེ་དང་ཐ་དད་པའི་མཚན་ཉིད་དམ། ཐ་དད་པ་མ་ཡིན་པའི་མཚན་ཉིད་དུ་འདོད། གལ་ཏེ་ཐ་དད་པའི་མཚན་ཉིད་ཡིན་ན་ནི། དེའི་མ་འོངས་པའི་མཚན་ཉིད་མེད་པས་མི་རུང་ངོ༌། །གལ་ཏེ་ཐ་དད་པ་མ་ཡིན་པའི་མཚན་ཉིད་ཡིན་ན་ནི། དེས་ན་ལས་མི་བྱེད་པ་ཡིན་པ་ལས། ལས་བྱེད་པར་འགྱུར་རོ་ཞེས་བྱར་མི་རུང་ངོ༌། །ལས་མི་བྱེད་པ་ཇི་ལྟ་བ་བཞིན་དུ། མཚན་ཉིད་མ་རྫོགས་པ་དང༌། མཚན་ཉིད་མི་འདྲ་བ་དང༌། མ་འོངས་པའི་དངོས་པོའི་མཚན་ཉིད་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡིན་ཏེ་རང་བཞིན་འདྲེས་པའི་སྐྱོན་ཡོད་པའི་ཕྱིར་མི་རུང་ངོ༌། །མ་འོངས་པ་དང་ད་ལྟར་ཇི་ལྟ་བ་བཞིན་དུ། ད་ལྟར་དང་འདས་པ་ལ་ཡང་གཏན་ཚིགས་འདི་དག་ཉིད་དང༌། ལན་གྱི་ལམ་འདི་ཉིད་ཀྱིས། ཅི་རིགས་པར་སྐྱོན་དང་ལྡན་པར་བལྟ་བར་བྱ་སྟེ། དེ་ལྟར་ན་རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་དང༌། འོངས་པ་དང༌། འཕོས་པ་དང༌། བརྟེན་ཏེ་སྐྱེ་བ་དང༌། ལས་དང་མཚན་ཉིད་མ་རྫོགས་པ་དང༌། མཚན་ཉིད་མི་འདྲ་བ་དང༌། མ་འོངས་པའི་དངོས་པོས་ཀྱང་འདས་པ་དང༌། མ་འོངས་པ་རྫས་སུ་ཡོད་པར་སྨྲ་བ་མི་རུང་ངོ༌། །དེ་སྐད་དུ་ལན་བཏབ་ཀྱང་
ཡང་འདི་སྐད་ཅེས་ཟེར་ཏེ། གལ་ཏེ་འདས་པ་དང༌། མ་འོངས་པ་མེད་དུ་ཟིན་ན། དམིགས་པ་མེད་པ་ལ་ཇི་ལྟར་བློ་འཇུག་པར་འགྱུར། གལ་ཏེ་འཇུག་ན་ཡང་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་ཡོད་དོ་ཞེས་བྱ་བའི་བར་དུ་གསུངས་པའི་ལུང་དང་ཇི་ལྟར་འགལ་བར་མི་འགྱུར་ཞེས་ཟེར་བ་དེ་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་འཇིག་རྟེན་ན་མེད་དོ་ཞེས་འཛིན་པའི་བློ་མི་འཇུག་གམ། འོན་ཏེ་འཇུག་པར་འདོད། གལ་ཏེ་མི་འཇུག་ན་ནི་དེས་ན་བདག་མེད་པར་འཛིན་པ་དང༌། རྭི་བོང་གི་ར་དང༌། མོ་གཤམ་གྱི་བུ་ལ་སོགས་པར་འཛིན་པ་བློ་གང་ཡིན་པ་དེ་ཡང་མེད་པ་ཁོ་ནའོ་ཞེས་བྱར་མི་རུང་ངོ༌། །བཅོམ་ལྡན་འདས་ཀྱིས་ཉན་ཐོས་གཡོ་མེད་པ་ནི་ངས་གདམས་ངག་བྱིན་ཏེ། ཡང་དག་པར་སྒྲུབ་ན། ཡོད་པ་ལ་ཡང་ཡོད་པར་ཤེས། མེད་པ་ལ་ཡང་མེད་པར་ཤེས་སོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་མི་རུང་བར་འགྱུར་རོ། །གལ་ཏེ་འཇུག་ན་ནི་དེ་ལྟ་ན་ཅི་བློ་དེ་ཡོད་དོ་སྙམ་པ་དེ་ལྟ་བུའི་རྣམ་པ་འམ། མེད་དོ་སྙམ་པ་དེ་ལྟ་བུའི་རྣམ་པར་འདོད། གལ་ཏེ་ཡོད་དོ་སྙམ་པ་དེ་ལྟ་བུའི་རྣམ་པ་ཡིན་ན་ནི། དེས་ན་མེད་པར་འཛིན་པའི་བློ་ཡོད་དོ་སྙམ་པ་དེ་ལྟ་བུའི་རྣམ་པར་འགྱུར་དུ་མི་རུང་ངོ༌། །གལ་ཏེ་མེད་དོ་སྙམ་པ་དེ་ལྟ་བུའི་རྣམ་པ་ཡིན་ན་ནི། དེས་ན་མེད་པའི་རྣམ་པའི་བློ་དེ། ཅི་དངོས་པོ་ཡོད་པ་ལ་འཇུག་གམ། མེད་པ་ལ་འཇུག་པར་འདོད། གལ་ཏེ་ཡོད་པ་ལ་འཇུག་ན་ནི། དེས་ན་མེད་དོ་སྙམ་པ་དེ་ལྟ་བུའི་རྣམ་པའི་བློ་དངོས་པོ་ཡོད་པ་ལ་འཇུག་པའི་ཕྱིར་མི་རུང་ངོ༌། །གལ་ཏེ་དངོས་པོ་མེད་པ་ལ་འཇུག་ན་ནི། དེས་ན་དམིགས་པ་མེད་པ་ལ་བློ་འཇུག་པ་མེད་དོ་ཞེས་བྱར་མི་རུང་ངོ༌། །སྐྱེ་མཆེད་བཅུ་གཉིས་པོ་ཇི་སྙེད་པ་ཐམས་ཅད་ཡོད་དོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང༌། ཡོད་པ་ལ་ཡོད་པའི་མཚན་ཉིད་ཡོད་པ་དང་མེད་པ་ལ་མེད་པའི་མཚན་ཉིད་ཡོད་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། འདི་ལྟར་ཡོད་པའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱང༌། ཡོད་པའི་མཚན་ཉིད་འཛིན་ལ། མེད་པའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱང་མེད་པའི་མཚན་ཉིད་འཛིན་ཏེ། དེ་བས་ན་ཆོས་རྣམས་ཞེས་བྱའོ། །དེ་ལྟ་མ་ཡིན་དུ་ཟིན་ན་ཡོད་པ་མི་ཤེས་
པ་དང༌། མེད་པ་མི་ཤེས་པས་རྣལ་འབྱོར་པས་ཤེས་བྱའི་ཆོས་ལ་རྒྱུན་ཆགས་སུ་རྟོག་པར་མི་འགྱུར་བས་མི་རུང་ངོ༌། །འདི་ལྟར་སེམས་ཅན་རྣམས་གནོད་པ་དང་བཅས་པ་དང༌། གནོད་པ་མེད་པའི་ཚོར་བ་མྱོང་བར་བྱེད་པས། འདས་པའི་ལས་ཡོད་དོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་ཡང༌། བག་ཆགས་དེ་ལ་དེ་ཡོད་པའི་འདོགས་པ་ལས་དགོངས་ནས་གསུངས་པ་ཡིན་ཏེ། འདུ་བྱེད་གང་དག་ལ་དགེ་བ་དང་མི་དགེ་བའི་ལས་སྐྱེས་ནས་འགགས་པ་ཡོད་ལ། རྒྱུ་དེ་དང་རྐྱེན་དེས་འདུ་བྱེད་བྱེ་བྲག་ཅན་གྱི་རྒྱུད་འཇུག་པ་དེ་ལ་ནི་བག་ཆགས་ཞེས་བྱ་སྟེ། དེ་རྒྱུན་དུ་གནས་པ་ལས་སྡུག་པ་དང་མི་སྡུག་པའི་འབྲས་བུ་གྲུབ་པར་འགྱུར་བའི་ཕྱིར་མི་རུང་སྟེ། དེའི་ཕྱིར་ན་ཉེས་པ་མེད་དོ། །འདས་པའི་གཟུགས་ཡོད་དོ། །མ་འོངས་པ་ཡོད་དོ། །ད་ལྟར་བྱུང་བ་ཡོད་དོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཡོད་དོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་ཡང་འདུ་བྱེད་ཀྱི་མཚན་ཉིད་རྣམ་པ་གསུམ་མོ། །རྒྱུའི་མཚན་ཉིད་དང༌། རང་གི་མཚན་ཉིད་དང༌། འབྲས་བུའི་མཚན་ཉིད་ལས་དགོངས་ནས་གསུངས་པ་ཡིན་ཏེ། རྒྱུའི་མཚན་ཉིད་ལས་དགོངས་ནས་མ་འོངས་པའི་ཡོད་དོ་ཞེས་གསུངས་སོ། །རང་གི་མཚན་ཉིད་ཡོད་པ་འདི་ལས་དགོངས་ནས་ད་ལྟར་བྱུང་བ་ཡོད་དོ་ཞེས་གསུངས་སོ། །འབྲས་བུའི་མཚན་ཉིད་ལས་དགོངས་ནས་འདས་པ་ཡོད་དོ་ཞེས་གསུངས་ཏེ། དེའི་ཕྱིར་ན་ཡང་ཉེས་པ་མེད་དོ། །གཞན་ཡང་འདས་པ་དང༌། མ་འོངས་པའི་མཚན་ཉིད་དེ་ལྟར་རྫས་སུ་ནི་མི་རུང་གི །མ་འོངས་པའི་མཚན་ཉིད་རྣམ་པ་བཅུ་གཉིས་ཡོད་པར་རིག་པར་བྱ་སྟེ། རྒྱུར་རབ་ཏུ་ཕྱེ་བ་དང༌། ལུས་མ་སྐྱེས་པ་དང༌། རྐྱེན་ལ་ལྟོས་པ་དང༌། སྐྱེས་པ་དང་འདྲ་བ་དང༌། སྐྱེ་བའི་ཆོས་ཅན་དང༌། མི་སྐྱེ་བའི་ཆོས་ཅན་དང༌། ཀུན་ནས་ཉོན་མོངས་པ་མ་སྐྱེས་པ་དང༌། རྣམ་པར་བྱང་བ་མ་སྐྱེས་པ་དང༌། འདོད་པར་བྱ་བ་དང༌། འདོད་པར་བྱ་བ་མ་ཡིན་པ་དང༌། བརྟག་ཏུ་རུང་བ་དང་བརྟག་ཏུ་རུང་བ་མ་ཡིན་པའོ། །ད་ལྟར་བྱུང་བ་ལ་ཡང་མཚན་ཉིད་རྣམ་པ་བཅུ་གཉིས་ཡོད་དེ། འབྲས་བུ་རབ་ཏུ་ཕྱེ་བ་དང༌། ལུས་སྐྱེས་པ་དང༌། རྐྱེན་དང་ལྡན་པ་དང༌། སྐྱེས་པ་དང་འདྲ་བ་དང༌། སྐད་ཅིག་པ་དང༌། མི་སྐྱེ་
བའི་ཆོས་ཅན་དང༌། ཀུན་ནས་ཉོན་མོངས་པ་དང་ལྡན་པ་དང༌། རྣམ་པར་བྱང་བ་དང་ལྡན་པ་དང༌། ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བ་དང༌། བརྟག་ཏུ་རུང་བ་དང༌། བརྟག་ཏུ་རུང་བ་མ་ཡིན་པའོ། །འདས་པ་ལ་ཡང་མཚན་ཉིད་རྣམ་པ་བཅུ་གཉིས་ཡོད་པར་རིག་པར་བྱ་སྟེ། རྒྱུ་འདས་པ་དང༌། རྐྱེན་འདས་པ་དང༌། འབྲས་བུ་འདས་པ་དང༌། ལུས་ཞིག་པ་དང༌། འགགས་པའི་རང་བཞིན་ཅན་དང༌། མི་སྐྱེ་བའི་ཆོས་ཅན་དང༌། ཀུན་ནས་ཉོན་མོངས་པ་རྣམ་པར་ཞི་བ་དང༌། རྣམ་པར་བྱང་བ་རྣམ་པར་ཞི་བ་དང༌། ལྟས་པའི་གནས་ལྟ་བུ་དང༌། ལྟོས་པ་མ་ཡིན་པའི་གནས་ལྟ་བུ་དང༌། བརྟག་ཏུ་རུང་བ་དང༌། བརྟག་ཏུ་རུང་བ་མ་ཡིན་པའོ། །བདག་ཏུ་སྨྲ་བ་གང་ཞེ་ན། འདི་ལྟར་འདི་ན་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་འདི་ལྟ་སྟེ། འདི་ལས་ཕྱི་རོལ་པའི་མུ་སྟེགས་ཅན། བདག་གམ་སེམས་ཅན་ནམ། སྲོག་གམ། སྐྱེ་བ་པོ་འམ། གསོ་བ་འམ། སྐྱེས་བུ་འམ། གང་ཟག་གམ། དེ་ལ་སོགས་པ་བདེན་པར་གནས་པར་ཡོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་དག་ཡོད་དེ། ཅིའི་ཕྱིར་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བར་བྱེད་ཅེ་ན། ལུང་དང་རིགས་པས་བྱེད་དེ། དེ་ལ་ལུང་ནི་སྔ་མ་ཁོ་ན་བཞིན་ནོ། །རིགས་པ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་རྟོག་གེ་པ་དཔྱོད་པ་ཅན་ཞེས་བྱ་བ་ནས་སྔ་མ་བཞིན་ཏེ། བློ་སྔོན་དུ་བཏང་བ་མ་ཡིན་པས། ཡོད་པ་ལ་སེམས་ཅན་གྱི་བློ་འཇུག་པ་དམིགས་པ་དང༌། བློ་སྔོན་དུ་བཏང་ནས་སྤྱོད་པ་དམིགས་པ་དང༌། རྣམ་པ་གཉིས་ཀྱིས་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་མེད་དུ་ཟིན་ན། དངོས་པོ་རྣམ་པ་ལྔ་མཐོང་བ་ན། རྣམ་པ་ལྔས་བདག་ཏུ་བློ་འཇུག་པར་འགྱུར་བའི་མི་རིགས་ཏེ། གཟུགས་ཀྱི་དབྱིབས་མཐོང་ན་གཟུགས་ཀྱི་བློ་ཁོ་ན་འཇུག་པའི་རིགས་ཀྱི། སེམས་ཅན་གྱི་བློ་འཇུག་པའི་མི་རིགས་སོ། །བདེ་བ་དང་སྡུག་བསྔལ་གྱིས་གཡེན་སྤྱོ་བའི་འདུ་བྱེད་མཐོང་ན། ཚོར་བ་ལ་སོགས་པའི་བློ་ཁོ་ན་འཇུག་པའི་རིགས་ཀྱི། སེམས་ཅན་ལ་དམས་པ་དང་མཐོས་པའི་བློ་འཇུག་པའི་མི་རིགས་སོ། །མིང་དང་ལྡན་པ་མིང་དང་འབྲེལ་བའི་འདུ་བྱེད་མཐོང་ན། འདུ་ཤེས་ཀྱི་བློ་ཁོ་ན་འཇུག་པའི་རིགས་
ཀྱི། རྒྱལ་རིགས་སམ། བྲམ་ཟེ་འམ། རྗེའུ་རིགས་སམ། དམངས་རིགས་སམ། སངས་རྒྱས་བྱིན་ནམ། ཡོན་ཏན་བཤེས་གཉེན་ཞེས་སེམས་ཅན་གྱི་བློ་འཇུག་པའི་མི་རིགས་སོ། །དགེ་བ་དང་མི་དགེ་བའི་སྤྱོད་པ་དང་འབྲེལ་བའི་འདུ་བྱེད་མཐོང་ན། འདུ་བྱེད་ཀྱི་བློ་ཁོ་ན་འཇུག་པའི་རིགས་ཀྱི། བྱིས་པ་དང་མཁས་པ་ཞེས་སེམས་ཅན་གྱི་བློ་འཇུག་པའི་མི་རིགས་སོ། །ཡུལ་ལ་རྣམ་པར་ཤེས་པ་འཇུག་པ་མཐོང་ན། སེམས་ཅན་གྱི་བློ་ཁོ་ན་འཇུག་པའི་རིགས་ཀྱི། ངས་མཐོང་ངོ་ཞེས་བྱ་བ་ལ་སོགས་པར་སེམས་ཅན་གྱི་བློ་འཇུག་པའི་མི་རིགས་སོ་སྙམ་མོ། །དེ་ལྟར་བློ་སྔོན་དུ་མ་བཏང་བར་དངོས་པོ་ལྔ་པོ་རྣམས་ལ། རྣམ་པ་ལྔར་སེམས་ཅན་གྱི་བློ་ཁོ་ན་འཇུག་པར་འགྱུར་གྱི་འདུ་བྱེད་ཀྱི་བློ་འཇུག་པར་མི་འགྱུར་ཏེ། དེ་བས་ན་བློ་སྔོན་དུ་མ་བཏང་བར་དེས་སེམས་ཅན་གྱི་བློ་འཇུག་པའི་དམིགས་པ་མཐོང་ནས། འདི་སྙམ་དུ་སེམས་ཏེ། བདག་ཡོད་དོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་མེད་དུ་ཟིན་ན། བདག་གི་མིག་གིས་གཟུགས་རྣམས་མཐོང་བར་འགྱུར་རོ། །མཐོང་ངོ༌། །མཐོང་ཟིན་ནོ། །ཡང་ན་མཐོང་བར་མི་འགྱུར་རོ་ཞེས་དེ་ལྟ་བུའི་མངོན་པར་འདུ་བྱེད་པ་སྔོན་དུ་བཏང་སྟེ། འདུ་བྱེད་རྣམས་ལ་བློ་སྔོན་དུ་འགྲོ་བའི་སྤྱོད་པ་དམིགས་པའི་མི་རིགས་སོ། །ལྟ་བ་ལ་ཇི་ལྟ་བ་བཞིན་དུ། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དེ་བཞིན་དུ་དགེ་བའི་ལས་མངོན་བར་འདུ་བྱེད་པ་ལས་དགེ་བའི་ལས་གྲུབ་པ་དང༌། མི་དགེ་བའི་ལས་མངོན་པར་འདུ་བྱེད་པ་ལས་མི་དགེ་བའི་ལས་འགྲུབ་པ་ལ་སོགས་པ་ལ་བློ་སྔོན་དུ་བཏང་ནས་སྤྱོད་པ་དམིགས་པ་མི་རིགས་ཏེ། དེ་ཡང་འདུ་བྱེད་ཙམ་འབའ་ཞིག་གིས་ནི་མི་རུང་ངོ་སྙམ་མོ། །དེས་ན་དེ་འདི་སྙམ་དུ་སེམས་ཏེ། བདག་ཡོད་དོ་སྙམ་མོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་གང་མཐོང་བ་དེ་ཉིད་ལ་སེམས་ཅན་གྱི་བློ་འབྱུང་ངམ། འོན་ཏེ་གཞན་མཐོང་བ་ལ་གཞན་ལ་སེམས་ཅན་གྱི་བློ་འབྱུང་བར་འདོད། གལ་ཏེ་དེ་ཉིད་ལ་འདོད་ན་ནི། དེས་ན་གཟུགས་ལ་སོགས་པ་ལ་སེམས་ཅན་དུ་ཕྱིན་ཅི་ལོག་ཏུ་གྱུར་པས་བདག་ཡོད་ཅེས་བྱར་མི་རུང་ངོ༌། །གལ་ཏེ་
གཞན་ལ་འདོད་ན་ནི། དེས་ན་དབྱིབས་དང་ལྡན་པ་ལ་བདག་ཅེས་བྱར་མི་རུང་ངོ༌། །དམས་པ་དང༌། མཐོས་པ་དང༌། རྒྱལ་རིགས་ལ་སོགས་པ་དང༌། བྱིས་པ་དང༌། མཁས་པ་དང༌། གཟུགས་ལ་སོགས་པའི་ཡུལ་འཛིན་པ་ལ་ཡང་བདག་ཅེས་བྱར་མི་རུང་ངོ༌། །ཅི་ཆོས་ཀྱི་རང་གི་ངོ་བོ་ཉིད་ལས་སེམས་ཅན་གྱི་བློ་འབྱུང་བ་འམ་འོན་ཏེ་གཞན་གྱི་ངོ་བོ་ཉིད་ལས་བྱུང་བར་འདོད། གལ་ཏེ་རང་གི་ངོ་བོ་ཉིད་ལས་འདོད་ན་ནི། དེས་ན་གང་མཐོང་བ་དེ་ཉིད་ལ་བློ་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར་བདག་གི་བློ་མི་རུང་ངོ༌། །གལ་ཏེ་གཞན་ལས་འདོད་ན་ཡང༌། དེས་ན་ཡུལ་ཐམས་ཅད་ཀྱང་ཡུལ་ཐམས་ཅད་ཀྱི་བློའི་རྒྱུར་འགྱུར་བས་མི་རུང་ངོ༌། །ཅི་སེམས་ཅན་དུ་བགྲང་བས་མ་ཡིན་པ་ལ་སེམས་ཅན་དུ་བགྲང་བའི་བློ་འམ། སེམས་ཅན་དུ་བགྲང་བ་ལ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་བློ་འམ། དེ་ལས་གཞན་པའི་སེམས་ཅན་དུ་བགྲང་བ་ལ་དེ་ལས་གཞན་པའི་སེམས་ཅན་དུ་བགྲང་བའི་བློ་འབྱུང་བར་འདོད་དམ་མི་འདོད། གལ་ཏེ་བློ་འབྱུང་ན་ནི། དེས་ན་སེམས་ཅན་མ་ཡིན་པ་ཡང་སེམས་ཅན་དུ་འགྱུར་ལ། སེམས་ཅན་ཡང་སེམས་ཅན་མ་ཡིན་པར་འགྱུར་ཞིང་དེ་ལས་གཞན་པའི་སེམས་ཅན་ཡང་དེ་ལས་གཞན་པའི་སེམས་ཅན་དུ་འགྱུར་བས་མི་རུང་ངོ༌། །གལ་ཏེ་མི་འབྱུང་ན་ནི། དེས་ན་མངོན་སུམ་གྱི་ཚད་མ་ལ་ཡང་སྐུར་བ་བཏབ་བར་གྱུར་པས་མི་རུང་ངོ༌། །ཅི་སེམས་ཅན་གྱི་བློ་གང་ཡིན་པ་དེ་མངོན་སུམ་གྱི་དོན་འཛིན་པ་འམ། འོན་ཏེ་རྗེས་སུ་དཔག་པའི་དོན་འཛིན་པར་འདོད། གལ་ཏེ་མངོན་སུམ་གྱི་དོན་འཛིན་ན་ནི། དེས་ན་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཉིད། མངོན་སུམ་དུ་འགྱུར་གྱི། སེམས་ཅན་མངོན་སུམ་དུ་མི་འགྱུར་བས་མི་རུང་ངོ༌། །གལ་ཏེ་རྗེས་སུ་དཔག་པའི་དོན་འཛིན་ན་ནི། དེས་ན་བྱིས་པ་ཆུང་དུ་རྣམས་ཀྱང་མ་བརྟགས་པར་འཕྲལ་ལ་འཇུག་པར་འགྱུར་བས་མི་རུང་ངོ༌། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་སྤྱོད་བ་བློའི་རྒྱུ་ལས་བྱུང་བ་འམ། འོན་ཏེ་སེམས་ཅན་གྱི་རྒྱུ་ལས་བྱུང་བར་འདོད། གལ་ཏེ་བློའི་རྒྱུ་ལས་བྱུང་ན་ནི། བདག་གི་སྤྱོད་པ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་བདག་གི་རྒྱུ་ལས་བྱུང་ན་ནི། བློ་
སྔོན་དུ་འགྲོ་བའི་སྤྱོད་པ་ཞེས་བྱར་མི་རུང་ངོ༌། །ཅི་སྤྱོད་པའི་རྒྱུ་མི་རྟག་པ་འམ། འོན་ཏེ་རྟག་པར་འདོད། གལ་ཏེ་མི་རྟག་ན་ནི་འགྱུར་བ་ཡོད་པས་བདག་གི་སྤྱོད་པ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་རྟག་ཅིང་འགྱུར་བ་མེད་ན་ནི། དེས་ན་འགྱུར་བ་མེད་པས་སྤྱོད་པ་ཞེས་བྱར་མི་རུང་ངོ༌། །ཅི་སེམས་ཅན་རྩོལ་བའི་བདག་ཉིད་ཅན་ཞིག་སྤྱོད་པར་འགྱུར་བ་འམ། འོན་ཏེ་མི་རྩོལ་བའི་བདག་ཉིད་ཅན་ཞིག་སྤྱོད་པར་འདོད། གལ་ཏེ་རྩོལ་བའི་བདག་ཉིད་ཅན་ཞིག་ཡིན་ན་ནི། དེས་ན་རྟག་ཏུ་སྤྱོད་པ་དང་ལྡན་པས་ཡང་སྤྱོད་དོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་མི་རྩོལ་བའི་བདག་ཉིད་ཅན་ཞིག་ཡིན་ན་ནི། དེས་ན་མི་རྩོལ་བའི་བདག་ཉིད་ཅན་སྤྱོད་དོ་ཞེས་བྱར་མི་རུང་ངོ༌། །ཅི་རྒྱུ་ཡོད་པས་སེམས་ཅན་སྤྱོད་པའམ། འོན་ཏེ་རྒྱུ་མེད་པར་སྤྱོད་པར་འདོད། གལ་ཏེ་རྒྱུ་ཡོད་ན་ནི་སེམས་ཅན་གྱི་སྤྱོད་པ་ལ་ཡང༌། བྱེད་དུ་འཇུག་པ་གཞན་ཞིག་ཡོད་པར་འགྱུར་བས་མི་རུང་ངོ༌། །གལ་ཏེ་རྒྱུ་མེད་པ་ཡིན་ན་ནི། རྟག་ཏུ་དུས་ཐམས་ཅད་དུ་ཐམས་ཅད་སྤྱོད་པར་འགྱུར་བས་མི་རུང་ངམ་ཅི་སེམས་ཅན་རང་དབང་གིས་སྤྱོད་པའམ། འོན་ཏེ་གཞན་གྱི་དབང་གིས་སྤྱོད་པར་འདོད། གལ་ཏེ་རང་དབང་ཡོད་ན་ནི། བདག་ཉིད་ན་བ་དང༌། རྒ་བ་དང༌། འཆི་བ་དང༌། སྡུག་བསྔལ་བ་དང༌། ཀུན་ནས་ཉོན་མོངས་པའི་སྤྱོད་པའི་མི་རིགས་སོ། །གལ་ཏེ་གཞན་གྱི་དབང་གིས་སྤྱོད་ན་ནི། བདག་སྤྱོད་དོ་ཞེས་བྱར་མི་རུང་ངོ༌། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་ཕུང་པོ་ཙམ་སེམས་ཅན་དུ་འདོགས་པའམ། འོན་ཏེ་ཕུང་པོ་ལ་ཡོད་པ་འམ། ཕུང་པོ་རྣམས་དང་ཐ་དད་པ་འམ། ཕུང་པོ་མེད་པ་ཞིག་ཏུ་འདོད། གལ་ཏེ་ཕུང་པོ་ཙམ་དུ་ཟད་པར་འདོད་ན་ནི། དེས་ན་ཕུང་པོ་རྣམས་དང་ཐ་དད་པ་མེད་པས་བདག་བདེན་པར་གནས་པར་ཡོད་དོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་ཕུང་པོ་རྣམས་ལ་ཡོད་ན་ནི། དེ་རྟག་པ་འམ་མི་རྟག་པ་ཞིག་ཡིན་གྲང་སྟེ། གལ་ཏེ་རྟག་ན་ནི་རྟག་པ་ལ་བདེ་བ་དང་སྡུག་བསྔལ་གྱིས་ཕན་པ་དང༌། གནོད་པར་འགྱུར་བའི་མི་རིགས་སོ། །ཕན་པ་དང་གནོད་པར་འགྱུར་བ་ཡང་མེད་ན་ནི། ཆོས་དང་ཆོས་མ་ཡིན་པ་ལ་འཇུག་པའི་མི་རིགས་སོ། །ཆོས་དང་ཆོས་མ་ཡིན་པ་ལ་འཇུག་པ་མེད་ན་ནི།
ལུས་གཏན་སྐྱེ་བར་མི་འགྱུར་ཏེ། འབད་མི་དགོས་པར་བདག་རྟག་ཏུ་གྲོལ་བར་འགྱུར་བས་མི་རུང་ངོ༌། །གལ་ཏེ་མི་རྟག་ན་ནི། འདུ་བྱེད་རྣམས་ལས་ལོགས་ཤིག་དང༌། འཇིག་པ་དང་སྐྱེ་བ་རྒྱུན་གྱིས་འཇུག་པ་ཡང་མི་དམིགས་པས་མི་རུང་ལ། འདིར་ཞིག་པར་གྱུར་པ་གཞན་དུ་མ་བྱས་པར་ཐོབ་པའི་སྐྱོན་དུ་ཡང་འགྱུར་བས་མི་རུང་ངོ༌། །གལ་ཏེ་ཕུང་པོ་རྣམས་དང་ཐ་དད་ན་ནི། དེས་ན་སེམས་ཅན་འདུ་མ་བྱས་ཞེས་བྱར་མི་རུང་ངོ༌། །གལ་ཏེ་ཕུང་པོ་མེད་པ་ཞིག་ཡིན་ན་ནི། དེས་ན་ལུས་དང་འབྲེལ་པ་མེད་པའི་ཕྱིར་རྟག་ཏུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་བས་བདག་ཅེས་བྱར་མི་རུང་ངོ༌། །ཅི་ལྟ་བ་པོ་ལ་སོགས་པའི་མཚན་ཉིད་གཅིག་ཡིན་ནམ། འོན་ཏེ་དེ་དང་ཐ་དད་པའི་མཚན་ཉིད་གཅིག་ཡིན་པར་འདོད། གལ་ཏེ་ལྟ་བ་པོ་ལ་སོགས་པའི་མཚན་ཉིད་གཅིག་ཡིན་ན་ནི། དེས་ན་ཅི་ལྟ་བ་ལ་སོགས་པ་ལ་ལྟ་བ་ལ་སོགས་པར་བཏགས་ནས་ལྟ་བ་པོའི་མཚན་ཉིད་ཅེས་བྱ་བའམ། འོན་ཏེ་དེ་དག་དང་ཐ་དད་པ་ཞིག་ཡིན། གལ་ཏེ་ལྟ་བ་ལ་སོགས་པ་ལ་གདགས་ན་ནི། དེས་ན་ལྟ་བ་ལ་སོགས་པ་རྣམས་ཉིད་ལྟ་བ་པོར་གྱུར་གྱི། བདག་ནི་ལྟ་བ་ལ་སོགས་པ་དང་བྱེ་བྲག་མེད་པས་ལྟ་བ་བོར་མི་རུང་ངོ༌། །གལ་ཏེ་དེ་དག་དང་ཐ་དད་ན་ནི། དེས་ན་ལྟ་བ་ལ་སོགས་པ་དེ་དག་བདག་གི་ལས་སམ་བྱེད་པ་ཞིག་ཏུ་འགྱུར་གྲང་ན། གལ་ཏེ་ལས་ཡིན་ན་ནི། དེ་ཡང་ས་བོན་དང་འདྲ་བས་དེས་ནི་མི་རྟག་པར་འགྱུར་ཏེ་མི་རུང་ངོ༌། །གལ་ཏེ་རྫ་མཁན་ལ་སོགས་པ་ཐ་སྙད་དུ་གདགས་པའི་མི་ལྟ་བུ་ཞིག་ཡིན་ན་ནི། དེས་ན་མི་རྟག་པ་དང༌། ཀུན་རྫོབ་ཏུ་གྱུར་པས་མི་རུང་ངོ༌། །གལ་ཏེ་རྫུ་འཕྲུལ་དང་ལྡན་པའི་ཐ་སྙད་དུ་གདགས་པའི་མི་ལྟ་བུ་ཞིག་ཡིན་ན་ནི། དེས་ན་མི་རྟག་པ་དང༌། ཀུན་རྫོབ་ཏུ་ཡང་འགྱུར་ལ། དེ་དོན་ཐམས་ཅད་ལ་འདོད་དགུར་བྱེད་པར་འགྱུར་བས་མི་རུང་ངོ༌། །གལ་ཏེ་ས་ལྟ་བུ་ཞིག་ཡིན་ན་ནི། དེས་ན་མི་རྟག་པར་ཡང་འགྱུར་ལ། ས་ལྟར་ལས་གསལ་བ་ཡང་མ་ཡིན་པས་མི་རུང་ངོ༌། །འདི་ལྟར་སའི་ལས་ནི་གསལ་བར་དམིགས་ཏེ། དེའི་དབང་གིས་ཐུར་དུ་མི་ལྟུང་བ་ཡིན་ནོ། །གལ་ཏེ་ནམ་མཁའ་ལྟ་བུ་
ཞིག་ཡིན་ན་ནི། དེས་ནི་གཟུགས་མེད་པ་ཙམ་ལ་ནམ་མཁར་གདགས་པར་ཟད་པས་མི་རུང་ངོ༌། །གདགས་པས་ཡོད་པའི་ཚུལ་གྱིས་ཡོད་པ་ཞིག་ཡིན་ཡང༌། དེའི་ལས་ནི་གསལ་བར་དམིགས་ལ། བདག་གི་ནི་དེ་ལྟ་མ་ཡིན་པས་མི་རུང་སྟེ། །འདི་ལྟར་ནམ་མཁའ་ལས་ནི་གསལ་བར་དམིགས་ཏེ། དེའི་དབང་གིས་འོང་བ་དང་འགྲོ་བ་དང༌། བསྐུམ་པ་དང༌། བརྐྱང་བ་ལ་སོགས་པའི་ལས་འཇུག་སྟེ། དེ་བས་ན་ལས་ཡིན་ཞེས་བྱར་མི་རུང་ངོ༌། །གལ་ཏེ་བྱེད་པ་ཡིན་ན་ནི། དེས་ན་གལ་ཏེ་ཟོར་བ་ལ་སོགས་པ་དང་འདྲ་ན། དེས་ན་ཇི་ལྟར་ཟོར་བ་ལ་སོགས་པས་གཞན་གཅད་པ་ལ་སོགས་པའི་བྱ་བ་བྱེད་པ་དེ་བཞིན་དུ། ལྟ་བ་ལ་སོགས་པ་ལས། ལྟ་བ་ལ་སོགས་པ་ཐ་དད་པ་གཞན་མི་དམིགས་པས་མི་རུང་ངོ༌། །གལ་ཏེ་མེ་ལྟ་བུ་ཞིག་ཡིན་ན་ནི། དེས་ན་བདག་ཏུ་རྟོག་པ་དོན་མེད་པར་འགྱུར་བས་མི་རུང་སྟེ། འདི་ལྟར་མེ་ནི་སྲེག་པ་པོ་མེད་པར་ཡང༌། བདག་ཉིད་ཀྱིས་སྲེག་པར་བྱེད་དོ། །གལ་ཏེ་ལྟ་བ་པོ་ལ་སོགས་པའི་མཚན་ཉིད་ལས་གཞན་ཞིག་ཡིན་ན་ནི། དེས་ན་ཚད་མ་ཐམས་ཅད་མེད་པའི་མཚན་ཉིད་ལ་བདག་ཅེས་བྱར་མི་རུང་ངོ༌། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་གང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་མཚན་ཉིད་དང་ལྡན་པ་དེ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་འགྱུར་རམ། འོན་ཏེ་དེའི་མཚན་ཉིད་དང་མི་ལྡན་པ་དེ་ལྟར་འགྱུར་བར་འདོད། གལ་ཏེ་གང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་མཚན་ཉིད་དང་ལྡན་པ་དེ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་འགྱུར་ན་ནི། དེས་ན་འདུ་བྱེད་གང་ཡིན་པ་རྣམས་ལ། ཡམས་ཀྱི་ནད་དང༌། གནོད་པ་དང༌། འགོ་བའི་ནད་རྣམས་དང༌། དེ་ཞི་བར་འགྱུར་བ་དང༌། ཕན་འདོགས་པ་དག་དམིགས་ཏེ། འདུ་བྱེད་དེ་དག་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །དེ་བས་ན་བདག་མེད་པར་ཡང་འདི་ལྟ་སྟེ། ཕྱི་རོལ་གྱི་དངོས་པོ་རྣམས་དང༌། ནང་གི་ལུས་དེ་དག་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་འགྱུར་བའི་ཕྱིར་མི་རུང་ངོ༌། །གལ་ཏེ་དེའི་མཚན་ཉིད་དང་མི་ལྡན་པ་ཡིན་ན་ནི། དེས་
ན་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་མཚན་ཉིད་དང་བྲལ་བའི་བདག་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་འགྱུར་བས་མི་རུང་ངོ༌། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་གང་འཇུག་པའི་མཚན་ཉིད་དང་ལྡན་པ་དེ་འཇུག་ཀྱང་འཇུག་ལ་ལྡོག་ཀྱང་ལྡོག་པར་འགྱུར་རམ། འོན་ཏེ་དེའི་མཚན་ཉིད་དང་མི་ལྡན་པ་དེ་ལྟར་འགྱུར་བར་འདོད། གལ་ཏེ་གང་མཚན་ཉིད་དང་ལྡན་པ་དེ་དེ་ལྟར་འགྱུར་ན་ནི། དེས་ན་འདུ་བྱེད་རྣམས་ལ་འཇུག་པའི་མཚན་ཉིད་རྣམ་པ་ལྔ་དམིགས་ཏེ། འདི་ལྟར་རྒྱུ་དང་ལྡན་པ་དང༌། སྐྱེ་བའི་ངང་ཅན་དང༌། འཇིག་པའི་ངང་ཅན་དང༌། གཞན་དང་གཞན་གཅིག་ནས་གཅིག་ཏུ་འཇུག་པ་དང་འགྱུར་བ་གང་ཡིན་པ་དེ་ནི་འཇུག་པའི་མཚན་ཉིད་ཡིན་ཏེ། དེ་ཡང་འདི་ལྟ་སྟེ། འདུ་བྱེད་ལུས་དང༌། མྱུ་གུ་དང༌། ཆུ་ཀླུང་དང༌། མར་མེ་དང༌། བྱ་བ་དང༌། བཞོན་པའི་རྒྱུན་རྣམས་ལ་དམིགས་ཏེ། དེས་ན་བདག་མེད་པར་ཡང་འདུ་བྱེད་རྣམས་ཉིད་འཇུག་ཅིང་ལྡོག་པའི་ཕྱིར་མི་རུང་ངོ༌། །གལ་ཏེ་དེའི་མཚན་ཉིད་དང་མི་ལྡན་པ་ཞིག་ཡིན་ན་ནི། དེས་ན་འཇུག་པའི་མཚན་ཉིད་མེད་པའི་བདག་ཉིད་འཇུག་ཅིང་ལྡོག་པར་འགྱུར་རོ་ཞེས་བྱར་མི་རུང་ངོ༌། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་ཡུལ་གྱིས་བསྐྱེད་པའི་བདེ་བ་དང་སྡུག་བསྔལ་བར་འགྱུར་བ་གང་ཡིན་པ་དང༌། སེམས་ཀྱིས་འགྱུར་བ་གང་ཡིན་པ་དང༌། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་འགྱུར་བ་གང་ཡིན་པ་དེ་ནི་ཟ་བ་པོ་འམ། བྱེད་པ་པོ་འམ། གྲོལ་པ་པོར་འདོད་དམ། འོན་ཏེ་མི་འགྱུར་བ་གང་ཡིན་པ་དེ་དེ་ལྟར་འདོད། གལ་ཏེ་འགྱུར་བ་དེ་ལ་དེ་ལྟར་འདོད་ན་ནི། དེས་ན་འདུ་བྱེད་རྣམས་ཉིད་ཟ་བ་པོ་དང༌། བྱེད་པ་པོ་དང༌། གྲོལ་བ་བོར་འགྱུར་བས་བདག་མི་རྟག་པར་འགྱུར་བའི་ཕྱིར་མི་རུང་ངོ༌། །གལ་ཏེ་འགྱུར་བ་མེད་པ་ཞིག་ཡིན་ན་ནི། དེས་ན་ཟབ་པོ་དང༌། བྱེད་པ་པོ་དང༌། གྲོལ་བ་པོ་བདག་ཡིན་པར་འགྱུར་ཏེ། འགྱུར་བ་མེད་པར་མི་རུང་ངོ༌། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་བདག་ཉིད་ལ་བྱེད་པ་པོར་འདོགས་པ་འམ། འོན་ཏེ་བདག་ལས་གཞན་པ་ལ་ཡང་འདོགས་པར་འདོད།
གལ་ཏེ་བདག་ཉིད་ལ་འདོགས་ན་ནི། མེ་སྲེག་པར་བྱེད་དོ། །འོད་སྣང་བར་བྱེད་དོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་གཞན་ལ་ཡང་འདོགས་ན་ནི། དེས་ན་ལྟ་བ་ལ་སོགས་པའི་དབང་པོ་རྣམས་ལ་ཡང༌། བྱེད་པ་པོར་འདོགས་པས་བདག་ཏུ་རྟོག་པ་དོན་མེད་པར་འགྱུར་ཏེ་མི་རུང་ངོ༌།། དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་བདག་ཉིད་ལ་བདག་ཏུ་འདོགས་པ་འམ། འོན་ཏེ་གཞན་ལ་ཡང་འདོགས་པར་འདོད། གལ་ཏེ་བདག་ཉིད་ལ་འདོགས་ན་ནི། དེས་ན་ཐ་སྙད་དུ་གདགས་པའི་མིའི་ལུས་ལ་ཡོན་ཏན་བཤེས་གཉེན་དང༌། སངས་རྒྱས་བྱིན་ཞེས་བྱ་བ་ལ་སོགས་པ་གདགས་སུ་མི་རུང་ངོ༌། །གལ་ཏེ་གཞན་ལ་འདོགས་ན་ནི། དེས་ན་འདུ་བྱེད་ཙམ་ལ་བདག་ཏུ་འདོགས་པར་ཟད་དེ། བདག་ཏུ་རྟོག་པ་དོན་མེད་པར་འགྱུར་བས་མི་རུང་སྟེ། འདི་ལྟར་འདི་ན་ཐ་སྙད་དུ་གདགས་པའི་མི་ཉིད། བདག་ལ་ཡང་སེམས་ཅན་ནོ་སྙམ་དུ་སེམས་ལ། གཞན་དག་ལ་ཡང་རྣམ་པར་སྟོན་པར་བྱེད་དོ། །དེ་ལ་འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། ཅི་བདག་ཏུ་ལྟ་བ་གང་ཡིན་པ་འདི་དགེ་བ་འམ་མི་དགེ་བར་འདོད། གལ་ཏེ་དགེ་བ་ཡིན་ན་དེས་ན་རྨོངས་པ་རྣམས་ལ་ཤས་ཆེར་ལྷག་པར་སྐྱེ་བ་དང༌། སྦྱོར་བ་མེད་བར་ཡང་སྐྱེ་བ་དང༌། ཐར་པ་ལ་སྐྲག་པར་བྱེད་པ་དང༌། ཉེས་པ་གསོ་བར་བྱེད་པའི་ཕྱིར་མི་རུང་ངོ༌། །གལ་ཏེ་མི་དགེ་བ་ཡིན་ན་ནི། དེས་ན་དེ་ལྟ་ཡིན་ན་ཕྱིན་ཅི་མ་ལོག་པ་ཞེས་བྱར་མི་རུང་སྟེ། དེ་ལ་ཕྱིན་ཅི་ལོག་ཡོད་པར་གྱུར་ན་བདག་ཡོད་ཅེས་བྱར་མི་རུང་ངོ༌། །ཅི་བདག་མེད་པར་ལྟ་བ་དགེ་བ་འམ་མི་དགེ་བ་ཡིན་པར་འདོད། གལ་ཏེ་དགེ་བ་ཡིན་ན་ནི། དེས་ན་བདག་བདེ་བར་གནས་པ་ཡོད་པར་གྱུར་ན། བདག་མེད་པར་ལྟ་བ་དགེ་བ་ཕྱིན་ཅི་མ་ལོག་པ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་མི་དགེ་བ་ཡིན་ན་ནི། དེས་ན་ཐམས་ཅད་མཁྱེན་པས་གསུངས་པ་དང༌། སྦྱོར་བ་ལས་སྐྱེས་པ་དང༌། ཐར་པ་ལ་སྐྲག་པར་མི་བྱེད་པ་དང༌། དཀར་པོའི་འབྲས་བུ་འཕྲལ་དུ་ཐོབ་པར་བྱེད་པ་དང༌། ཉེས་པ་རྣམས་ཀྱི་གཉེན་པོར་གྱུར་པ་ཞེས་བྱར་མི་རུང་ངོ༌། །ཅི་བདག་ཉིད་ལ་བདག་ཡོད་དོ་སྙམ་དུ་སེམས་སམ་འོན་ཏེ་བདག་ཏུ་ལྟ་བ་ཡིན་པར་འདོད། གལ་ཏེ་
བདག་ཁོ་ནའོ་སྙམ་དུ་སེམས་ན་ནི། དེས་ན་ནམས་ཀྱང་བདག་མེད་དོ་སྙམ་པའི་བློ་འབྱུང་བར་མི་འགྱུར་བས་མི་རུང་ངོ༌། །གལ་ཏེ་བདག་ཏུ་ལྟ་བ་ཡིན་ན་ནི། དེས་ན་བདག་མེད་བཞིན་དུ་འདུ་བྱེད་ཙམ་ལ་བདག་ཏུ་ལྟ་བའི་དབང་གིས་བདག་ཡོད་དོ་སྙམ་དུ་སེམས་པ་མི་རུང་སྟེ། དེའི་ཕྱིར་ཡང་བདག་ཡོད་དོ་ཞེས་བྱར་མི་རུང་ངོ༌། །དེ་ལྟར་ན་བློ་སྔོན་དུ་མ་བཏང་བར་དེའི་བློ་འཇུག་པ་དང༌། བློ་སྔོན་དུ་བཏང་སྟེ་སྤྱོད་པ་སྟོན་པ་དང༌། ཕུང་པོ་རྣམས་ལ་འདོགས་པ་དང༌། མཚན་ཉིད་རྣམ་པར་གཞག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་པ་རྣམ་པར་གཞག་པ་དང༌། འཇུག་པ་དང༌། ལྡོག་པ་རྣམ་པར་གཞག་པ་དང༌། ཟབ་པོ་དང༌། བྱེད་པ་པོ་དང༌། གྲོལ་བ་པོ་རྣམ་པར་གཞག་པ་དང༌། བྱེད་པ་པོར་འདོགས་པ་དང༌། བརྗོད་པར་འདོགས་པ་དང༌། ལྟ་བ་འདོགས་པས་ཀྱང་བདག་ཡོད་པར་མི་རུང་ངོ། །ཡང་ཡང་དག་པའི་བདག་གི་མཚན་ཉིད་བཤད་པར་བྱ་སྟེ། ཆོས་རྣམས་ལ་བདག་འདོགས་ལ། དེ་རྫས་སུ་འགྱུར་དུ་འོང་བའི་ཕྱིར་དེ་དག་ལས་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་བརྗོད་པར་མི་བྱའོ། །ཡང་ན་ཆོས་དེ་དག་བདག་གི་མཚན་ཉིད་ཁོ་ན་ཡིན་ཏེ། ཡང་མི་རྟག་པའི་མཚན་ཉིད་དང༌། མི་བརྟན་པའི་མཚན་ཉིད་དང༌། ཡིད་བརྟན་དུ་མི་རུང་བའི་མཚན་ཉིད་དང༌། རྣམ་པར་འགྱུར་བའི་མཚན་ཉིད་དང༌། སྐྱེ་བའི་ཆོས་ཀྱི་མཚན་ཉིད་དང༌། རྒ་བ་དང་ན་བ་དང་འཆི་བའི་ཆོས་ཀྱི་མཚན་ཉིད་དང༌། ཆོས་ཙམ་གྱི་མཚན་ཉིད་དང༌། སྡུག་བསྔལ་གྱི་མཚན་ཉིད་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང༌། དགེ་སློང་དག་ཁྱོད་ཀྱི་ཆོས་ཀྱི་བདག་ནི་འདི་ཡིན་ཏེ། དགེ་སློང་ཁྱོད་ཀྱི་བདག་ནི་མི་རྟག་པའོ། །དགེ་སློང་ཁྱོད་ཀྱི་བདག་ནི་མི་བརྟན་པ་དང༌། ཡིད་བརྟན་དུ་མི་རུང་བ་དང༌། རྣམ་པར་འགྱུར་བའི་ཆོས་ཅན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་རྒྱུ་རྣམ་པ་བཞིས་ན། འདུ་བྱེད་རྣམས་ལ་སེམས་ཅན་འདོགས་པར་རིག་པར་བྱ་སྟ། ཐ་སྙད་ལ་བདེ་བར་བྱ་བ་དང༌། འཇིག་རྟེན་དང་མཐུན་པར་བྱ་བ་དང༌། སེམས་ཅན་གྱི་དངོས་པོ་རྣམ་པ་ཐམས་ཅད་ཀྱིས་མེད་དོ་སྙམ་སྟེ། སྐྲག་པ་ལ་གསལ་བ་
དང་བདག་དང༌། ཕ་རོལ་ལ་ཐ་སྙད་ཀྱིས་ཡོན་ཏན་དང་ལྡན་པ་དང༌། སྐྱོན་དང་ལྡན་པར་ཡིད་ཆེས་པ་བསྐྱེད་པའི་ཕྱིར་ཏེ། དེ་བས་ན་བདག་ཏུ་སྨྲ་བ་ཡང་རིགས་པས་བསྐྱེད་པ་མ་ཡིན་ནོ། །རྟག་པར་སྨྲ་བ་གང་ཞེ་ན། འདི་ལྟ་སྟེ། འདི་ན་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །བདག་དང་འཇིག་རྟེན་ནི་རྟག་པ་སྟེ། བྱས་པ་མ་ཡིན་པ་དང༌། བྱས་པས་བྱས་པ་མ་ཡིན་པ་དང༌། སྤྲུལ་པ་མ་ཡིན་པ་དང༌། སྤྲུལ་པས་བྱས་པ་མ་ཡིན་པ་དང༌། གསད་དུ་མེད་པ་དང༌། ཐེར་ཟུག་ཏུ་གནས་པ་དང༌། སྲོག་ཤིང་ལྟར་བརྟན་པར་གནས་པའོ་སྙམ་དུ་འཛིན་ཏོ། འདི་ལྟ་སྟེ། རྟག་པར་སྨྲ་བ་དང༌། ཁ་ཅིག་རྟག་པར་འཛིན་པ་སྔོན་གྱི་མཐའ་ལ་རྟོག་པ་རྣམས་དང༌། ཕྱི་མའི་མཐའ་ལ་རྟོག་པ་འདུ་ཤེས་ཅན་དུ་སྨྲ་བ་རྣམས་དང༌། འདུ་ཤེས་ཅན་མ་ཡིན་པར་སྨྲ་བ་རྣམས་དང༌། འདུ་ཤེས་ཅན་མ་ཡིན་པར་སྨྲ་བ་རྣམས་དང༌། འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་པ་རྣམས་སོ། །ཡང་ན་ཁ་ཅིག་ནི་རྡུལ་ཕྲ་མོ་རྟག་པར་འཛིན་ཏོ། །ཅིའི་ཕྱིར་བདག་དང་འཇིག་རྟེན་རྟག་གོ་ཞེས་དེ་ལྟར་ལྟ་ཞིང་ཇི་སྐད་སྨྲ་ཞེ་ན། དེའི་གཏན་ཚིགས་ནི་མདོ་འདི་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་ཅི་རིགས་པར་རིག་པར་བྱའོ། །དེ་ལ་སྔོན་གྱི་མཐའ་ལ་རྟོག་པ་རྣམས་ཀྱིས་ནི། བསམ་གཏན་ཆུང་ངུ་དང༌། འབྲིང་དང་ཆེན་པོ་ལ་བརྟེན་ནས། སྔོན་གྱི་གནས་རྗེས་སུ་དྲན་པས་འདས་པའི་དུས་ལ་སྔོན་གྱི་མཐར་རྟོག་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མི་མཁས་པ། འདས་པའི་འདུ་བྱེད་རྣམས་ལ་དྲན་པ་ཙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་རྣམས་ལ་ལྟ་བར་གྱུར་པ་དེ་འབྱུང་ངོ༌། །ཡང་ན་ལྷའི་མིག་ལ་བརྟེན་ནས་ད་ལྟར་གྱི་དུས་ལ་སྔོན་གྱི་མཐར་རྟོག་པ། འདུ་བྱེད་རྣམས་སྐད་ཅིག་གིས་འཇིག་པས་རྗེས་སུ་འཇུག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་རྣམས་དང༌། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་རྣམ་པར་ཤེས་པའི་རྒྱུད་ཀྱིས་རྒྱུན་དམིགས་པ་རྣམས་ལ་ལྟ་བར་གྱུར་པ་དེ་འབྱུང་ངོ༌། །ཚངས་པས་རང་གི་ཡིད་ལ་བསམས་པ་གྲུབ་པ་དམིགས་པ་དང༌། འབྱུང་བ་ཆེན་པོ་རྣམ་པར་འགྱུར་བ་དང༌། རྣམ་པར་ཤེས་པ་རྣམ་པར་འགྱུར་བར་དམིགས་པ་དང༌། ཕྱི་
མའི་མཐར་འདུ་ཤེས་པ་དང་ཚོར་བ་ཐ་དད་བར་ནི་མཐོང་ལ། མཚན་ཉིད་ཐ་དད་པར་ནི་མ་མཐོང་བ་ལ་ལྟ་བར་གྱུར་པ་དེ་འབྱུང་སྟེ། དེས་ན་དེ་འདི་སྙམ་དུ་སེམས་ཏེ། བདག་དང་འཇིག་རྟེན་ནི་རྟག་གོ་སྙམ་མོ། །རྡུལ་ཕྲ་མོ་རྟག་པར་འཛིན་པ་ནི་འཇིག་རྟེན་པའི་བསམ་གཏན་ལ་བརྟེན་ནས། རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་པས། འདི་ལྟར་ལྟ་སྟེ། དངོས་པོ་སྔོན་དུ་འགྲོ་ན་དངོས་པོ་རྣམས་ཀྱི་འབྲས་བུ་བསགས་པ་འབྱུང་ལ་འབྲི་བ་སྔོན་དུ་འགྲོ་ན་འཇིག་པར་རྟོག་སྟེ། དེས་ན་དེ་འདི་སྙམ་དུ་སེམས་ཏེ། རྡུལ་ཕྲ་མོ་རྣམས་ལས་ནི་རྫས་རགས་པ་འབྱུང་ལ། རྫས་རགས་པ་རྣམ་པར་བཤིག་ན་ནི་རྡུལ་ཕྲ་མོའི་སོ་ན་གནས་ཏེ། དེ་བས་ན་རྫས་ས་རགས་པ་ནི་མི་རྟག་ལ་རྡུལ་ཕྲ་མོ་རྣམས་ནི་རྟག་གོ་སྙམ་མོ། །དེ་ལ་རྟག་པར་ལྟ་བ་སྔོན་གྱི་མཐའ་ལ་རྟོག་པ་རྣམས་དང༌། ཕྱི་མའི་མཐའ་ལ་རྟོག་པ་རྣམས་ནི་བྱེ་བྲག་གི་མཚན་ཉིད་ཀྱིས་བསྡུས་པའི་ཕྱིར། བདག་ཏུ་སྨྲ་བ་སུན་ཕྱུང་བས་བདག་གི་བྱེ་བྲག་གི་མཚན་ཉིད་དུ་སྨྲ་བ་ཡང་སུན་ཕྱུང་བར་འགྱུར་རོ། །གཞན་ཡང་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་སྔོན་གྱི་གནས་རྗེས་སུ་དྲན་པ། ཕུང་པོ་འཛིན་པ་ཡིན་ནམ། བདག་འཛིན་པ་ཡིན་པར་འདོད། གལ་ཏེ་ཕུང་པོ་འཛིན་པ་ཡིན་ན་ནི། བདག་དང་འཇིག་རྟེན་རྟག་གོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་བདག་འཛིན་པ་ཡིན་ན་ནི། དེས་ན་སེམས་ཅན་དེ་དག་ནི་ཆེ་གེ་མོ་ཞེས་བྱ་སྟེ། དེར་བདག་གི་མིང་འདི་ཞེས་བྱ་བ་དང༌། རིགས་འདི་ཞེས་བྱ་བར་གྱུར་ཏོ་ཞེས་རྒྱས་བར་བརྗོད་པར་མི་རུང་ངོ༌། །ཅི་གཟུགས་ལ་དམིགས་ཏེ་མིག་གི་རྣམ་པར་ཤེས་པ་མངོན་སུམ་དུ་གྱུར་ལ། ཡུལ་གཟུགས་ཁོ་ན་དང་ཕྲད་ན། དེ་ལས་གཞན་པའི་ཡུལ་བཀོད་པར་གྱུར་པ་རྣམས་ལ་དེ་ལས་གཞན་པའི་རྣམ་པར་ཤེས་པ་རྣམས་འགགས་པ་འམ། འཇུག་པར་འདོད་གལ་ཏེ་འགག་པར་འདོད་ན་ནི། རྣམ་པར་ཤེས་པ་འགགས་པ་ལ་རྟག་གོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་འཇུག་ན་ནི་དེས་ན་ཡུལ་གཅིག་གིས་དུས་ཐམས་ཅད་དུ་རྣམ་པར་ཤེས་པ་ཐམས་ཅད་འཇུག་པར་འགྱུར་བས་མི་རུང་ངོ༌། །ཅི་འདུ་ཤེས་ཀྱིས་བྱས་པ་འམ། ཚོར་བས་བྱས་
པས། བདག་ལ་འགྱུར་པ་ཡོད་པར་འདོད་དམ། འོན་ཏེ་མི་འདོད། གལ་ཏེ་འགྱུར་བ་ཡོད་ན་ནི། དེས་ན་བདག་དང་འཇིག་རྟེན་རྟག་གོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་འགྱུར་བ་མེད་ན་ནི། དེས་ན་གཅིག་པ་ཉིད་ཀྱི་འདུ་ཤེས་སུ་གྱུར་ནས། སྣ་ཚོགས་ཀྱི་འདུ་ཤེས་དང༌། ཆུང་དུའི་འདུ་ཤེས་དང༌། ཚད་མེད་པའི་འདུ་ཤེས་སུ་འགྱུར་རོ་ཞེས་བྱར་མི་རུང་ལ། གཅིག་ཏུ་ངེས་པར་བདེ་བར་གྱུར་ནས། གཅིག་ཏུ་ངེས་པར་སྡུག་བསྔལ་པ་དང༌། བདེ་བ་དང་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པར་འགྱུར་རོ་ཞེས་བྱར་ཡང་མི་རུང་ངོ༌། །དེ་ལ་གང་ལ་ལ་སྲོག་དེ་ལུས་དེ་ཡིན་ནོ་ཞེས་ལྟ་བ་དེ་ནི། བདག་གཟུགས་ཅན་དུ་ལྟའོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ་ཞེས་ལྟ་བ་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་པར་ལྟའོ། །བདག་ཆ་གཉིས་ཀ་དང༌། ཟད་པར་དང་གཉིས་སུ་མེད་པ་དང༌། མ་ཚང་བ་མེད་པར་ལྟ་བ་གང་ཡིན་པ་དེ་ནི། གཟུགས་ཅན་ཡང་མ་ཡིན་ལ། གཟུགས་ཅན་མ་ཡིན་པ་ཡང་མ་ཡིན་པ་དང༌། དེའི་གཉེན་པོར་དོན་དེ་ཉིད་ལ་ཚིག་དང་ཡི་གེ་གཞན་གྱིས་མངོན་པར་ཞེན་པ། བདག་གཟུགས་ཅན་ཡང་མ་ཡིན་ལ། གཟུགས་ཅན་མ་ཡིན་པ་ཡང་མ་ཡིན་པར་ལྟའོ། །གལ་ཏེ་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་ཡང་རུང་སྟེ། ཆུང་ངུར་ལྟ་ན་དེ་ནི་མཐའ་ཡོད་པར་ལྟའོ། །གལ་ཏེ་ཚད་མེད་པར་ལྟ་ན་དེ་ནི། མཐའ་མེད་པར་ལྟའོ། །གལ་ཏེ་ཟད་པར་དུ་ལྟ་སྟེ། གཟུགས་ཀྱི་ཤས་ནི་ཆུང་ལ། གཟུགས་མེད་པའི་ཤས་ནི་ཚད་མེད་པ་འམ། ཡང་ན་གཟུགས་མེད་པའི་ཤས་ནི་ཆུང་ལ། གཟུགས་ཀྱི་ཤས་ནི་ཚད་མེད་པར་ལྟ་ན། དེ་ནི་མཐའ་ཡོད་ཀྱང་ཡོད་ལ། མཐའ་མེད་ཀྱང་མེད་པར་ལྟའོ། །ཡང་ན་དེའི་གཉེན་པོར་ཡི་གེ་སྣ་ཚོགས་ལ་མངོན་པར་ཞེན་ལ། དོན་སྣ་ཚོགས་ལ་མངོན་པར་ཞེན་པ་མ་ཡིན་ན་ནི། མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་པར་ལྟའོ། །གྲོལ་བ་ནི་གཉིས་སུ་མེད་པར་ལྟའོ། །རྡུལ་ཕྲ་མོ་རྟག་པར་སྨྲ་བ་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་རྡུལ་ཕྲ་རབ་མ་བརྟགས་པར་བརྟགས་པར་འདོད་དམ། བརྟགས་ནས་བརྟགས་པར་འདོད། གལ་ཏེ་མ་བརྟགས་
པར་འདོད་ན་ནི། བརྟགས་པ་མེད་པར་རྟག་པ་ཉིད་དུ་ངེས་སོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་བརྟགས་ན་ནི། དེས་ན་ཚད་མ་ཐམས་ཅད་དང་འགལ་བས་མི་རུང་ངོ༌། །ཅི་རྡུལ་ཕྲ་རབ་ཆ་ཕྲ་བའི་ཕྱིར་རྟག་པར་འདོད་དམ། འོན་ཏེ་འབྲས་བུའི་རྫས་རགས་པ་དང༌། ཐ་དད་པའི་མཚན་ཉིད་ཡིན་བའི་ཕྱིར་རྟག་པར་འདོད། གལ་ཏེ་ཆ་ཕྲ་བའི་ཕྱིར་འདོད་ན་ནི། དེས་ན་ཕྲ་བ་གང་ཡིན་པ་དེ་ནི་ཤིན་ཏུ་ཉམ་ཆུང་བའི་ཕྱིར་རྟག་ཅེས་བྱར་མི་རུང་ངོ༌། །གལ་ཏེ་མཚན་ཉིད་ཐ་དད་པའི་ཕྱིར་རྟག་པར་འདོད་ན་ནི། དེས་ན་ས་དང་ཆུ་དང་མེ་དང་རླུང་གི་མཚན་ཉིད་ལས་ཐལ་བས་རིགས་མི་མཐུན་པའི་མཚན་ཉིད་ལས། འབྲས་བུ་དེ་སྐྱེར་ཡང་མི་རུང་ལ། མཚན་ཉིད་གཞན་དུ་ཡང་མི་འཐད་པས་མི་རུང་ངོ༌། །ཅི་རྡུལ་ཕྲ་རབ་རྣམས་དང་རྫས་རགས་པ་ཐ་དད་པའི་མཚན་ཉིད་དམ། ཐ་དད་པ་མ་ཡིན་པའི་མཚན་ཉིད་དུ་འདོད། གལ་ཏེ་ཐ་དད་པ་མ་ཡིན་པའི་མཚན་ཉིད་ཡིན་ན་ནི། རྒྱུ་དང་བྱེ་བྲག་མེད་པས་དེ་ཁོ་ན་བཞིན་དུ་རྟག་པར་ཡང་འགྱུར་ལ། རྒྱུར་ངེས་པ་ཡང་མེད། འབྲས་བུར་ངེས་པ་ཡང་མེད་པས་མི་རུང་ངོ༌། །གལ་ཏེ་ཐ་དད་པའི་མཚན་ཉིད་ཡིན་ན་ནི། དེས་ན་ཅི་རྡུལ་ཕྲ་རབ་སོ་སོ་ན་འདུག་པ་རྣམས་ལས་འགྲུབ་པའམ། འོན་ཏེ་འདུས་པ་རྣམས་ལས་འགྲུབ་པར་འདོད། གལ་ཏེ་སོ་སོ་ན་འདུག་པ་རྣམས་ལས་འདོད་ན་ནི། དེས་ན་རྟག་ཏུ་འབྲས་བུ་ཐམས་ཅད་སྐྱེ་བར་འགྱུར་ལ། རྒྱུར་ངེས་པ་ཡང་མེད། འབྲས་བུར་ངེས་པ་ཡང་མེད་པས་མི་རུང་ངོ༌། །གལ་ཏེ་འདུས་པ་རྣམས་ལས་འདོད་ན་ནི། དེས་ན་ཅི་དེ་ལས་ལུས་གཟུགས་ལོགས་ཤིག་ན་འདུག་པ་མ་ཡིན་པ་འམ། འོན་ཏེ་ལུས་གཟུགས་ལོགས་ཤིག་ན་འདུག་པར་འདོད། གལ་ཏེ་ལུས་གཟུགས་ལོགས་ཤིག་ན་འདུག་པ་མ་ཡིན་ན་ནི། རྫས་ཀྱི་ལུས་ལས་གྲུབ་པ་སྟེ། ལུས་དེ་ཉིད་དུ་འགྱུར་བས་མི་རུང་ངོ༌། །གལ་ཏེ་ལུས་གཟུགས་ལོགས་ཤིག་ན་འདུག་ན་ནི། དེས་ན་རྡུལ་ཕྲ་རབ་ཡན་ལག་མེད་པས་རྣམ་པར་དབྱེ་བ་མེད་པའི་ཕྱིར་རྫས་རགས་པ་ཡང་རྟག་པར་འགྱུར་ཏེ་མི་རུང་ངོ༌། །ཡང་ན་རྡུལ་ཕྲ་རབ་སྔོན་མེད་པ་ཞིག་འབྱུང་ན་ཡང་རྡུལ་ཕྲ་རབ་རྟག་ཅེས་བྱར་མི་རུང་ངོ༌། །ཅི་རྡུལ་ཕྲ་
རབ་རྣམས་ཀྱི་རྫས་རགས་པ་རྩོམ་པ་དེ། ས་བོན་ལ་སོགས་པ་ལྟ་བུ་ཡིན་ནམ། འོན་ཏེ་རྫ་མཁན་ལ་སོགས་པ་ལྟ་བུ་ཡིན་པར་འདོད། གལ་ཏེ་ས་བོན་ལ་སོགས་པ་ལྟ་བུ་ཡིན་ན་ནི། དེས་ན་ས་བོན་ལ་སོགས་པ་བཞིན་དུ་མི་རྟག་པར་འགྱུར་བས་མི་རུང་ངོ༌། །གལ་ཏེ་རྫ་མཁན་ལ་སོགས་པ་ལྟ་བུ་ཡིན་ན་ནི། དེས་ན་རྡུལ་ཕྲ་རབ་སེམས་ཡོད་པར་འགྱུར་བས་མི་རུང་ངོ༌། །གལ་ཏེ་ས་བོན་ལ་སོགས་པ་ལྟ་བུ་ཡང་མ་ཡིན་ལ། རྫ་མཁན་ལ་སོགས་པ་ལྟ་བུ་ཡང་མ་ཡིན་ན་ནི། དེས་ན་དཔེ་ཡོད་པར་མི་དམིགས་པས་མི་རུང་ངོ༌། །ཅི་ཕྱི་རོལ་གྱི་དངོས་པོ་རྣམས་འབྱུང་བ་སེམས་ཅན་གྱི་ཕྱིར་འབྱུང་བར་འདོད་དམ། འོན་ཏེ་མ་ཡིན་པར་འདོད་གལ་ཏེ་སེམས་ཅན་གྱི་ཕྱིར་འབྱུང་བར་འདོད་ན་ནི། དེས་ན་རྫས་རགས་པ་སེམས་ཅན་གྱི་ཕྱིར་བྱུང་ལ། དེའི་རྟེན་རྫས་ཆ་ཕྲ་བ་སེམས་ཅན་གྱི་ཕྱིར་འབྱུང་བ་མ་ཡིན་པས་མི་རུང་སྟེ་དེ་ལ་དེའི་མཐུ་སུས་བཟློག །གལ་ཏེ་སེམས་ཅན་གྱི་ཕྱིར་བྱུང་བ་མ་ཡིན་ན་ནི། དེས་ན་ཕྱི་རོལ་གྱི་དངོས་པོ་རྣམས་བྱུང་བ་དགོས་པ་མེད་པར་འགྱུར་བས་མི་རུང་ངོ༌། །དེ་ལྟར་ན་ཕུང་པོ་ལ་སེམས་ཅན་རྗེས་སུ་དྲན་པ་དང༌། ཡུལ་གཅིག་གིས་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྒྱུན་འཇུག་པ་དང༌། འདུ་ཤེས་དང་ཚོར་བ་རྣམས་ཀྱིས་འགྱུར་བ་དང༌། མི་འགྱུར་བས་ཀྱང་སྔོན་གྱི་མཐར་རྟོག་པ་རྣམས་དང༌། ཕྱི་མའི་མཐར་རྟོག་པ་རྣམས་ཀྱི་རྟག་པར་སྨྲ་བ་མི་རུང་ངོ༌། །བརྟགས་པ་དང་མ་བརྟགས་པ་དང༌། སྤྱིའི་མཚན་ཉིད་དང༌། རང་གི་མཚན་ཉིད་དང་རྩོམ་པ་དང༌། བཞིའི་དགོས་པས་ཀྱང༌། རྡུལ་རྟག་པར་སྨྲ་བ་ཡང་མི་རུང་ངོ༌། །དེ་བས་ན་སྨྲ་བ་འདི་ཡང་རིགས་པས་བསྐྱེད་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་རྟག་པའི་མཚན་ཉིད་བརྗོད་པར་བྱ་སྟེ། དུས་ཐམས་ཅད་དུ་མི་འགྱུར་བའི་མཚན་ཉིད་དང༌། རྣམ་པ་ཐམས་ཅད་དུ་མི་འགྱུར་བའི་མཚན་ཉིད་དང༌། བདག་ཉིད་མི་འགྱུར་བའི་མཚན་ཉིད་དང༌། གཞན་གྱིས་མི་འགྱུར་བའི་མཚན་ཉིད་དང༌། སྐྱེ་བ་ཅན་མ་ཡིན་པ་གང་ཡིན་པ་དེ་ནི་རྟག་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ།། །།བམ་པོ་བདུན་པ། སྔོན་ བྱས་པ་རྒྱུར་སྨྲ་བ་གང ་ཞེ་ན། འདི་ལྟར་འདི་ན་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་ཅེས་བྱ་བ་ནས། རྒྱས་པར་མདོ་ལས་ཇི་སྐད་འབྱུང་བ་
བཞིན་ཏེ། སྐྱེས་བུ་གང་ཟག་འདིས་མྱོང་བ་གང་ཅི་ཡང་རུང་བ་ཞེས་བྱ་བ་ནི། སྡུག་བསྔལ་ལས་བསམས་པའོ། །སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི། སྡིག་པའི་རྒྱུ་ལས་བྱུང་བ་ལས་བསམས་པའོ། །འདི་ལྟར་ལས་རྙིང་རྣམས་ནི་དཀའ་ཐུབ་ཀྱིས་འབྱང་བར་འགྱུར་རོ་ཞེས་བྱ་བ་ནི། ཚེ་འདི་ཉིད་ལ་དྲག་པོ་སྤྱོད་པ་ལས་བསམས་པའོ། །ལས་གསར་རྣམས་ནི་མི་བྱ་བ་དང༌། ཆུ་ལོན་གྱིས་དག་གོ་ཞེས་བྱ་བ་ནི། མི་དགེ་བ་རྣམས་ལས་བསམས་པའོ། །དེ་ལྟ་ན་ཕྱིས་ཉེས་འཛག་ཏུ་མི་འགྱུར་རོ་ཞེས་བྱ་བ་ནི་གཅིག་ཏུ་ངེས་པར་དགེ་བ་ཉིད་ཡིན་པས་ཕྱིས་ཉེས་འཛག་ཏུ་མི་འགྱུར་བ་ཞེས་བྱའོ། །ཉེས་འཛག་མེད་ན་ལས་ཟད་པར་འགྱུར་རོ་ཞེས་བྱ་བ་ནི། སྡིག་པ་ལས་བསམས་པའོ། །ལས་ཟད་ན་སྡུག་བསྔལ་ཟད་པར་འགྱུར་རོ་ཞེས་བྱ་བས་ནི། སྔོན་བྱས་པའི་རྒྱུ་ལས་བྱུང་བ་དང༌། ཚེ་འདིའི་གནོད་པ་ལས་བྱུང་བ་ལས་བསམས་པའོ། །སྡུག་བསྔལ་ཟད་ན་སྡུག་བསྔལ་མཐར་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི། ཚེ་གཞན་གྱི་རྒྱུན་འཇུག་པ་ལས་བསམས་པ་སྟེ། འདི་ལྟ་སྟེ། གཅེར་བུ་པ་དག་ལྟ་བུའོ། །ཅིའི་ཕྱིར་འདི་ལྟར་ལྟ་ཞིང༌། འདི་སྐད་སྨྲ་ཞེ་ན། ལུང་དང་རིགས་པས་བྱེད་དེ། ལུང་ནི་སྔ་མ་བཞིན་ནོ། །རིགས་པ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་རྟོག་གེ་བ་ཡིན་ཏེ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ཚེ་འདིའི་སྐྱེས་བུའི་བྱེད་པ་ལ་འཁྲུལ་པར་ཡོད་པར་མཐོང་སྟེ། འདི་ལྟར་ངེས་འཇིག་རྟེན་ན་ཡང་དག་པར་སྦྱོར་བ་དང་ལྡན་པ་ལ་ཡང་སྡུག་བསྔལ་སྐྱེ་བ་དང༌། ལོག་པའི་སྦྱོར་བ་དང་ལྡན་པ་ལ་ཡང་བདེ་བར་སྐྱེ་བར་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་འདི་སྐྱེས་བུའི་བྱེད་པའི་རྒྱུ་ལས་བྱུང་བ་ཡིན་ན་ནི། འདི་ལས་ལོག་པར་འགྱུར་བའི་རིགས་ན། འདི་ལྟར་དེ་ལོག་པར་ཡང་མ་གྱུར་ཏེ། དེའི་ཕྱིར་འདི་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ནོ་སྙམ་སྟེ། དེས་ན་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་བར་གྱུར་ཏོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་ཚེ་འདིའི་གནོད་པ་ལས་བྱུང་བའི་སྡུག་བསྔལ་ གང་ཡིན་པ་དེ་སྔོན་བྱས ་པའི་རྒྱུ་ལས་བྱུང་བ་ཡིན་པའམ། འོན་ཏེ་ཚེ་འདིའི་གནོད་པའི་རྒྱུ་ལས་བྱུང་བ་ཡིན། གལ་ཏེ་
སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ན་ནི། དེས་ན་ལས་རྙིང་རྣམས་ནི་དཀའ་ཐུབ་ཀྱིས་འབྱང་བར་འགྱུར་ལ། ད་ལྟར་བྱུང་བ་རྣམས་ནི་མི་བྱ་བ་དང་ཆུ་ལོན་གྱིས་བཀག་ན་དེ་ལྟར་ཕྱིས་ཉེས་འཛག་ཏུ་མི་འགྱུར་རོ་ཞེས་རྒྱས་པར་འབྱུང་བ་མི་རུང་ངོ༌། །གལ་ཏེ་ཚེ་འདིའི་གནོད་པའི་རྒྱུ་ལས་བྱུང་བ་ཡིན་ན་ནི། སྐྱེས་བུ་གང་ཟག་འདིས་མྱོང་བ་གང་ཅི་ཡང་རུང༌། དེ་ཐམས་ཅད་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བའོ་ཞེས་བྱར་མི་རུང་སྟེ། དེ་ལྟར་ན་གནོད་པ་ལས་བྱུང་བའི་སྡུག་བསྔལ་ནི་སྔོན་ལས་བྱས་པའི་རྒྱུ་ལས་བྱུང་བ་དང༌། སྐྱེས་བུ་བྱེད་པའི་རྒྱུ་ལས་བྱུང་བར་ཡང་མི་རུང་སྟེ། དེ་བས་ན་སྨྲ་བ་འདི་ཡང་རིགས་པས་བསྐྱེད་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་སྔོན་བྱས་པའི་རྒྱུ་ལས་བྱུང་བར་གཅིག་ཏུ་ངེས་པའི་སྡུག་བསྔལ་ཡང་ཡོད་དེ། འདི་ལྟར་འདི་ན་ཁ་ཅིག་རང་གི་ལས་ཀྱི་དབང་གིས་ངན་སོང་རྣམས་དང༌། རིགས་ངན་རྣམས་དང༌། །སྡུག་བསྔལ་བའི་ཁྱིམ་རྣམས་སུ་སྐྱེ་བ་ལྟ་བུའོ། །འདྲེས་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ཡང་ཡོད་དེ། འདི་ལྟ་སྟེ། རྒྱལ་པོ་ལ་གཡོས་བརྟེན་པ། དེ་ནི་འབྲས་བུ་མེད་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ཡིན་ནོ། །རྒྱལ་པོ་ལ་བརྟེན་པ་ཇི་ལྟ་བ་བཞིན་དུ། ཁྱིམ་པའི་ལས་བྱེད་པ་དང༌། ཞིང་ལས་དང་རྐུ་བའི་ལས་དང༌། གཞན་ལ་ཕན་འདོགས་པ་ལ་འཇུག་པ་རྣམས་ལ་ཡང༌། བསོད་ནམས་དང་ལྡན་པའི་འགྲུབ་པར་འགྱུར་གྱི་བསོད་ནམས་མེད་པའི་སྐྱེས་བུའི་བྱེད་པའི་ནི་འབྲས་བུ་མེད་པར་འགྱུར་རོ། །སྐྱེས་བུའི་བྱེད་པའི་རྒྱུ་ལས་བྱུང་བར་གཅིག་ཏུ་ངེས་པ་ཡང་ཡོད་དེ། འདི་ལྟ་སྟེ། ལས་གསར་སྲིད་པ་གཞན་འཕེན་པར་བྱེད་པ། དམ་པའི་ཆོས་ཉན་ཅིང་ཆོས་རྣམས་མངོན་པར་རྟོགས་པ་དང༌། སྤྱོད་ལམ་བྱེད་པ་དང༌། བཟོའི་ལས་ཀྱི་གནས་རྣམས་སློབ་པ་དང༌། དེ་ལྟ་བུའི་དང་མཐུན་པ་རྣམས་ནི་སྐྱེས་བུའི་བྱེད་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །དབང་ཕྱུག་ལ་སོགས་པ་བྱེད་པ་པོར་སྨྲ་བ་གང་ཞེ་ན། འདི་ལྟར་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་ཅེས་བྱ་བ་ནས་རྒྱས་པར་སྔ་མ་བཞིན་ཏེ། སྐྱེས་བུ་གང་ཟག་འདིས་མྱོང་བ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་དབང་ཕྱུག་གིས་སྤྲུལ་པའི་རྒྱུ་ལས་བྱུང་བའམ། སྐྱེས་བུ་གཞན་གྱིས་སྤྲུལ་པའི་
རྒྱུ་ལས་བྱུང་བ་ལ་སོགས་པ་སྟེ། འདི་ལྟ་སྟེ། དབང་ཕྱུག་ལ་སོགས་པ་མི་མཐུན་པ་རྒྱུར་སྨྲ་བ་རྣམས་སོ། །ཅིའི་ཕྱིར་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ཞེ་ན། ལུང་དང་རིགས་པས་བྱེད་དེ། ལུང་ནི་སྔ་མ་བཞིན་ནོ། །རིགས་པ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་རྟོག་གེ་པ་ཡིན་ཏེ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །རྒྱུ་དང་འབྲས་བུ་ལ་མི་འདོད་བཞིན་དུ་བྱེད་པར་འཇུག་པ་མཐོང་སྟེ། འདི་ལྟར་སེམས་ཅན་རྣམས་རྒྱུའི་ཚེ་ཡང་དགེ་བ་ལ་འཇུག་པར་བྱའོ་སྙམ་པ་ལས་མི་འདོད་བཞིན་དུ་སྡིག་པ་ལ་ཡང་འཇུག་པར་འགྱུར་རོ། །འབྲས་བུའི་ཚེ་ཡང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པར་བྱའོ་སྙམ་པ་ལས་ངན་སོང་དག་ཏུ་སྐྱེ་བར་འགྱུར་བ་དང༌། བདེ་བ་ལ་ལོངས་སྤྱོད་པར་བྱའོ་སྙམ་པ་ལས་སྡུག་བསྔལ་ཁོ་ན་མྱོང་སྟེ། དེས་ན་དེ་འདི་སྙམ་དུ་སེམས་ཏེ། གང་དངོས་པོ་རྣམས་ཀྱི་བྱེད་པ་པོ་དང༌། འབྱིན་པ་པོ་དང༌། སྤྲུལ་པ་པོ་དང༌། ཕ་ལྟ་བུར་གྱུར་པའི་དབང་ཕྱུག་གམ། དེ་ལས་གཞན་པ་དེ་ནི་ཡོད་དོ་སྙམ་མོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སྡོམ་ནི། ནུས་པ་ཡོད་པ་མ་ཡིན་དང༌། །ཁོངས་སུ་གཏོགས་ན་འགལ་བ་དང༌། །དགོས་པ་དང་ནི་དགོས་པ་མེད། །རྒྱུ་ཡང་སྐྱོན་དང་ལྡན་ཕྱིར་རོ། །ཅི་དབང་ཕྱུག་གི་ས་སྤྲུལ་པའི་ནུས་པ་གང་ཡིན་པ་དེ། ལས་དང་རྣལ་འབྱོར་གྱི་རྒྱུ་ལས་བྱུང་བའམ། འོན་ཏེ་རྒྱུ་མེད་པ་ལས་བྱུང་བར་འདོད། གལ་ཏེ་ལས་དང་རྣལ་འབྱོར་གྱི་རྒྱུ་ལས་བྱུང་བ་ཡིན་ན་ནི། དེས་ན་དབང་ཕྱུག་གི་ལས་དང་རྣལ་འབྱོར་གྱི་རྒྱུ་ལས་འགྲོ་བ་བྱུང་ངོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་རྒྱུ་མེད་པ་ཡིན་ན་ནི། དེས་ན་དབང་ཕྱུག་གི་རྒྱུ་ལས་འགྲོ་བ་མ་བྱུང་བས་མི་རུང་ངོ༌། །ཅི་དབང་ཕྱུག་འགྲོ་བའི་ཁོངས་སུ་གཏོགས་པའམ། འོན་ཏེ་ཁོངས་སུ་མ་གཏོགས་པར་འདོད། གལ་ཏེ་ཁོངས་སུ་གཏོགས་ན་ནི། འགྲོ་བ་དང་ཆོས་མཚུངས་པས་འགྲོ་བ་འབྱིན་ཏོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་ཁོངས་སུ་མ་གཏོགས་ན་ནི་དེས་ན་གྲོལ་བས་འགྲོ་བ་འབྱིན་ཏོ་ཞེས་བྱར་མི་རུང་ངོ༌། །ཅི་དགོས་པ་ཡོད་པའི་ཕྱིར་འབྱིན་པའམ། འོན་ཏེ་དགོས་པ་མེད་པར་འབྱིན་པར་འདོད། གལ་ཏེ་དགོས་པ་ཡོད་པའི་ཕྱིར་འབྱིན་
བར་བྱེད་ན་ནི། དེས་ན་དགོས་པ་དེ་ལ་དབང་མེད་པར་གྱུར་པས་འགྲོ་བའི་དབང་ཕྱུག་ཅེས་བྱར་མི་རུང་ངོ༌། །གལ་ཏེ་དགོས་པ་མེད་ན་ནི། དེས་ན་དགོས་པ་ཡང་མེད་ལ། འབྱིན་པར་ཡང་བྱེད་པར་མི་རུང་ངོ༌། །ཅི་འབྱིན་པ་དབང་ཕྱུག་གི་རྒྱུ་ལས་བྱུང་བ་འམ། དེ་མ་ཡིན་པའི་ལེན་པའི་རྒྱུ་ལས་བྱུང་བར་འདོད། གལ་ཏེ་དབང་ཕྱུག་གི་རྒྱུ་ལས་བྱུང་བ་ཁོ་ན་ཡིན་ན་ནི། དེས་ན་གང་གི་ཚེ་དབང་ཕྱུག་ཡོད་པ་དེའི་ཚེ། འབྱིན་པ་ཡང་ཡོད་ལ། གང་གི་ཚེ་འབྱིན་པ་ཡོད་པ་དེའི་ཚེ་དབང་ཕྱུག་ཀྱང་ཡོད་པར་གྱུར་པས། དབང་ཕྱུག་གི་རྒྱུ་ལས་འབྱིན་པ་བྱུང་ངོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་དེ་མ་ཡིན་པའི་ལེན་པའི་རྒྱུ་ལས་བྱུང་ན་ནི། དེས་ན་དབང་ཕྱུག་གི་འདོད་པའི་རྒྱུ་ལས་བྱུང་ངམ། འདོད་པ་ལས་མ་གཏོགས་པ་དེ་མ་ཡིན་པའི་ལེན་པའི་རྒྱུ་ལས་བྱུང་ངོ༌། གལ་ཏེ་དབང་ཕྱུག་གི་འདོད་པའི་རྒྱུ་ལས་བྱུང་ན་ནི། འདོད་པ་དེ་ཡང་ཅི་དབང་ཕྱུག་གི་རྒྱུ་ལས་བྱུང་བ་ཁོ་ན་ཡིན་ནམ། འོན་ཏེ་མ་ཡིན་པའི་ལེན་པའི་རྒྱུ་ལས་བྱུང་བ་ཡིན། གལ་ཏེ་དབང་ཕྱུག་གི་རྒྱུ་ལས་བྱུང་བ་ཁོ་ན་ཡིན་ན་ནི་གང་གི་ཚེ་དབང་ཕྱུག་ཡོད་པ་དེའི་ཚེ། འདོད་པ་ཡང་ཡོད་ལ་གང་གི་ཚེ་འདོད་པ་ཡོད་པ་དེའི་ཚེ་དབང་ཕྱུག་ཀྱང་ཡོད་པས། རྟག་ཏུ་འབྱིན་པར་འགྱུར་བའི་ཕྱིར་མི་རུང་ངོ༌།། གལ་ཏེ་དེ་མ་ཡིན་པ་ལེན་པའི་རྒྱུ་ལས་བྱུང་ན་ནི། ལེན་པ་ཡང་མི་དམིགས་ལ། ལེན་པ་ལ་དབང་བྱེད་པར་ཡང་མ་གྱུར་པས་འགྲོ་བའི་དབང་ཕྱུག་ཅེས་བྱར་མི་རུང་སྟེ། དེ་ལྟར་ན་ནུས་པ་དང༌། ཁོངས་སུ་གཏོགས་པ་དང༌། ཁོངས་སུ་མ་གཏོགས་པ་དང༌། དགོས་པ་ཡོད་པ་དང༌། དགོས་པ་མེད་པ་དང༌། རྒྱུའི་དངོས་པོས་ཀྱང་མི་རུང་སྟེ། དེ་བས་ན་སྨྲ་བ་འདི་ཡང་རིགས་པས་བསྐྱེད་པ་མ་ཡིན་ནོ། །འཚེ་བའི་ཆོས་སུ་སྨྲ་བ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་ཅེས་བྱ་བ་ནས་རྒྱས་བར་སྔ་མ་བཞིན་ཏེ། མཆོད་སྦྱིན་རྣམས་ལ་གསང་སྔགས་ཀྱི་ཆོ་ག་སྔོན་དུ་འགྲོ་བས་སྲོག་གཅོད་པར་བྱེད་དེ། མཆོད་སྦྱིན་བྱེད་པ་གང་ཡིན་པ་དང༌། མཆོད་སྦྱིན་དུ་བྱ་བ་གང་ཡིན་པ་དང༌། གང་དག་དེའི་གྲོགས་བྱེད་པ་དེ་དག་ཐམས་ཅད་མཐོ་རིས་སུ་འགྲོ་བར་འགྱུར་རོ་སྙམ་མོ། །ཅིའི་ཕྱིར་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ཞེ་ན། དེ་ནི་ཚིག་ལས་འདས་པར་སྨྲ་བ་ཡིན་ཏེ། གཡོན་ཅན་གྱིས་
བསྒྲུབས་པ་ཡིན་གྱི་རིགས་པས་མངོན་པར་བརྟགས་ནས་གཞག་པ་མ་ཡིན་ཏེ། རྩོད་པའི་དུས་ལ་བབ་པ། བྲམ་ཟེ་ཤ་ཟ་བར་འདོད་པ་རྣམས་ཀྱིས་བྲམ་ཟེའི་ཆོས་རྙིང་པ་ལས་འགལ་བར་བྱས་ནས་འདི་བྱས་པར་ཟད་དོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་གསང་སྔགས་ཀྱི་ཆོ་ག་གང་ཡིན་པ་དེ་ཆོས་ཀྱི་ངོ་བོ་ཉིད་ཡིན་པའམ། འོན་ཏེ་ཆོས་མ་ཡིན་པའི་ངོ་བོ་ཉིད་དུ་འདོད། གལ་ཏེ་ཆོས་ཀྱི་ངོ་བོ་ཉིད་ཡིན་ན་ནི། དེས་ན་སྲོག་གཅོད་པ་མེད་པར། རང་གི་སྡུག་པའི་འབྲས་བུ་མི་འགྲུབ་ལ། ཆོས་མ་ཡིན་པ་ཡང་ཆོས་སུ་བྱེད་པས་མི་རུང་ངོ༌། །གལ་ཏེ་ཆོས་མ་ཡིན་པའི་ངོ་བོ་ཉིད་ཡིན་ན་ནི། དེས་ན་བདག་ཉིད་ཆོས་མ་ཡིན་པ་མི་སྡུག་པའི་འབྲས་བུ་ཅན་ཡིན་ལ། མི་སྡུག་པའི་འབྲས་བུ་གཞན་ཟློག་པར་བྱེད་དོ་ཞེས་བྱར་མི་རུང་ངོ༌། །དེ་སྐད་དུ་ལན་བཏབ་ཀྱང་ཡང་འདི་སྐད་དུ་དཔེར་ན་གསང་སྔགས་ཀྱི་ཆོ་གས་ཡོངས་སུ་ཟིན་པའི་དུག་གིས་འཆི་བར་མི་བྱེད་པ་བཞིན་དུ། འདིར་ཡང་གསང་སྔགས་ཀྱི་ཆོ་ག་ལ་དེ་བཞིན་དུ་བལྟ་བར་བྱའོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་གསང་སྔགས་ཀྱི་ཆོ་གས་ཕྱི་རོལ་གྱི་དུག་ཇི་ལྟར་ཞི་བར་བྱེད་པ་དེ་བཞིན་དུ། ནང་གི་འདོད་ཆགས་དང༌། ཞེ་སྡང་དང་གཏི་མུག་གི་དུག་ཀྱང་ཞི་བར་བྱེད་པར་འདོད་དམ། གལ་ཏེ་དེ་ཁོ་ན་བཞིན་དུ་ཞི་བར་བྱེད་ན་ནི། ཞི་བ་དེ་ཡང༌། གང་དུ་ཡང་སུ་ལ་ཡང་ནམ་ཡང་དེ་ལྟར་མི་དམིགས་པས་མི་རུང་ངོ༌། །གལ་ཏེ་དེ་ཁོ་ན་བཞིན་དུ་ཞི་བར་མི་བྱེད་ན་ནི། དེས་ན་ཇི་ལྟར་གསང་སྔགས་ཀྱི་ཆོ་གས་ཕྱི་རོལ་གྱི་དུག་ཞི་བར་བྱེད་པ་དེ་བཞིན་དུ་ཆོས་མ་ཡིན་པར་ཞི་བར་བྱེད་ཅེས་བྱར་མི་རུང་ངོ༌། །ཅི་གསང་སྔགས་ཀྱི་ཆོ་ག་དེ་ཀུན་ཏུ་འགྲོ་བ་འམ། འོན་ཏེ་ཀུན་ཏུ་འགྲོ་བ་མ་ཡིན་པར་འདོད། གལ་ཏེ་ཀུན་ཏུ་འགྲོ་བ་ཡིན་ན་ནི། ཐོག་མར་གཉེན་འདབ་སྡུག་པ་མཆོད་སྦྱིན་དུ་མ་བྱས་པས་མི་རུང་ངོ༌། །གལ་ཏེ་ཀུན་ཏུ་འགྲོ་བ་མ་ཡིན་ན་ནི། དེས་ན་དེའི་ནུས་པ་ལ་འཁྲུལ་པ་ཡོད་པས་མི་རུང་ངོ༌། །ཅི་གསང་སྔགས་ཀྱི་ཆོ་ག་དེས་རྒྱུ་ཁོ་ན་བཟློག་པར་ནུས་སམ། འོན་ཏེ་འབྲས་བུ་ཡང་བཟློག་ནུས་པར་འདོད། གལ་ཏེ་རྒྱུ་ཁོ་ན་བཟློག་པར་ནུས་ན་ནི། དེས་ན་འབྲས་བུ་ལ་ནུས་པ་མེད་པས་མི་རུང་
ངོ༌། །གལ་ཏེ་འབྲས་བུ་ཡང་བཟློག་པར་ནུས་ན་ནི། དེས་ན་འདོད་དགུར་སྒྱུར་བའི་གཟུགས་ཅན་བཞིན་དུ། ཕྱུགས་ཀྱང་ཕྱུགས་ཀྱི་ལུས་སྤངས་ནས་ལྷའི་ལུས་འཛིན་པར་འགྱུར་བས་མི་རུང་ངོ༌། །ཅི་གསང་སྔགས་རྣམས་བྱེད་པ་གང་ཡིན་པ་དེ། ནུས་པ་ཡང་ཡོད་ལ་སྙིང་རྗེ་ཅན་ཞིག་ཡིན་ནམ། འོན་ཏེ་ནུས་པ་ཡང་མེད་ལ། སྙིང་རྗེ་ཡང་མེད་པར་འདོད། གལ་ཏེ་ནུས་པ་ཡང་ཡོད་ལ་སྙིང་རྗེ་ཅན་ཞིག་ཡིན་ན་ནི། སྲོག་གཅོད་པ་མེད་པར་འཇིག་རྟེན་ཐམས་ཅད་མཐོ་རིས་སུ་འཇོག་པར་མི་རུང་ངོ༌། །གལ་ཏེ་ནུས་པ་ཡང་མེད་ལ། སྙིང་རྗེ་ཅན་ཡང་མ་ཡིན་ན་ནི། དེས་ན་དེའི་གསང་སྔགས་འགྲུབ་པར་འགྱུར་ཞེས་བྱར་མི་རུང་སྟེ། དེ་ལྟར་ན་རྒྱུ་དང༌། དཔེ་དང་འཁྲུལ་བ་དང༌། འབྲས་བུ་ལ་ནུས་པ་མེད་པ་དང༌། གསང་སྔགས་བྱེད་པས་ཀྱང་མི་རུང་སྟེ། དེ་བས་ན་སྨྲ་བ་འདི་ཡང་རིགས་པས་བསྐྱེད་པ་མ་ཡིན་ནོ། །ཆོས་ཀྱི་ཕྱིར་བྱེད་པ་མ་ཡིན་པའི་མཚན་ཉིད་གང་ཡིན་པ་ཡང་བརྗོད་པར་བྱ་སྟེ། གང་ཕ་རོལ་གསོད་པའི་ལས་བྱེད་ལ། ཚེ་འདི་ལ་ཡང་ཉེས་པའི་གཉེན་པོ་མི་བྱེད་པ་དེ་ནི་ཆོས་ཀྱི་ཕྱིར་བྱེད་པ་མ་ཡིན་ནོ། །ཡ་མཚན་ཅན་ཐམས་ཅད་ལ་མི་སྡུག་པའི་འབྲས་བུར་གྲགས་པ་གང་ཡིན་པ་དང༌། ཐམས་ཅད་མཁྱེན་པས་མི་དགེ་བར་གཅིག་ཏུ་ངེས་པར་གསུངས་པ་གང་ཡིན་པ་དང༌། བདག་མི་འདོད་པ་གང་ཡིན་པ་དང༌། ཉོན་མོངས་པ་ཅན་གྱི་སེམས་ཀྱིས་བསྐྱེད་པ་གང་ཡིན་པ་དང༌། རིག་སྔགས་དང་བཀྲ་ཤིས་དང་ལྡན་པ་གང་ཡིན་པ་དང༌། རང་བཞིན་གྱིས་ལུང་དུ་མ་བསྟན་པ་གང་ཡིན་པ་དེ་དག་ཆོས་ཀྱི་ཕྱིར་བྱེད་པ་མ་ཡིན་ནོ། །མཐའ་དང་མཐའ་མེད་པར་སྨྲ་བ་གང་ཞེ་ན། འདི་ལྟར་འདི་ན་དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག །འཇིག་རྟེན་པའི་བསམ་གཏན་ལ་བརྟེན་ནས། འཇིག་རྟེན་གྱི་མཐའ་ཡོད་པར་འདུ་ཤེས་པ་དང༌། མཐའ་མེད་པར་འདུ་ཤེས་པ་དང༌། གཉི་གར་འདུ་ཤེས་པ་དང༌། གཉི་ག་མ་ཡིན་པར་འདུ་ཤེས་པས་གནས་པ་མདོ་ཉིད་ལས་རྒྱས་པར་འབྱུང་བ་བཞིན་ཏེ། འཇིག་རྟེན་མཐའ་ཡོད་པ་ལས། མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་པའི་བར་དུ་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །འདིར་ཡང་གཏན་ཚིགས་དང༌། གང་ཟག་ནི་སྔར་བསྟན་པའི་ཚུལ་བཞིན་དུ་
རིག་པར་བྱའོ། །དེ་ལ་འཇིག་རྟེན་གྱི་མཐའ་ཐ་མར་ཆད་པར་འགྱུར་རམ། མི་འགྱུར་སྙམ་དུ་ཡང་དག་པར་ཚོལ་བར་བྱེད་དོ། །གང་གི་ཚེ་འཇིག་བའི་བསྐལ་བ་རྗེས་སུ་དྲན་པ་དེའི་ཚེ་ནི་མཐའ་ཡོད་བའི་འདུ་ཤེས་འབྱུང་ངོ༌། །གང་གི་ཚེ་འཆགས་པའི་བསྐལ་པ་དྲན་པ་དེའི་ཚེ་ནི། མཐའ་མེད་པའི་འདུ་ཤེས་འབྱུང་ངོ༌། །ཡུལ་རྒྱ་ཆེ་བའི་མཐའ་ཡང་དག་པར་ཚོར་བ་ན། གང་གི་ཚེ་འོག་ཏུ་ནི་མནར་མེད་པ་ཡན་ཆད་ལས་མ་མཐོང༌། སྟེང་དུ་ནི་བསམ་གཏན་བཞི་པ་ཡན་ཆད་ལས་མ་མཐོང་ལ། ཐད་ཀར་ནི་ཐམས་ཅད་དུ་ཕ་རོལ་ཡང་མཐོང་བ་དེའི་ཚེ་འོག་དང་སྟེང་དུ་ནི་མཐའ་ཡོད་པའི་འདུ་ཤེས་འབྱུང་ངོ༌། །ཐད་ཀར་ནི་མཐའ་མེད་པའི་འདུ་ཤེས་འབྱུང་ངོ༌། །དེ་དང་མི་མཐུན་པའི་ཕྱོགས་ཀྱང་ཡི་གེའི་ཁྱད་པར་ལ་མངོན་པར་ཞེན་ལ། དོན་གྱི་ཁྱད་པར་ལ་ནི་མ་ཡིན་ཏེ། མཐའ་ཡོད་པ་མ་ཡིན་པའི་འདུ་ཤེས་དང༌། མཐའ་མེད་པ་ཡང་མ་ཡིན་པའི་འདུ་ཤེས་འབྱུང་ངོ༌། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་འཇིག་པའི་བསྐལ་པ་དེའི་ཚུ་རོལ་ན། འཇིག་རྟེན་འབྱུང་བ་ཡོད་པར་འདོད་དམ། འོན་ཏེ་མི་འདོད། གལ་ཏེ་ཡོད་ན་ནི། འཇིག་རྟེན་མཐའ་ཡོད་ཅེས་བྱར་མི་འབྱུང་ངོ༌། །གལ་ཏེ་མེད་ན་ནི་དེས་ནི་འཇིག་རྟེན་ན་གནས་ལ། འཇིག་རྟེན་གྱི་མཐའ་རྗེས་སུ་དྲན་ནོ་ཞེས་བྱར་མི་རུང་ངོ༌། །དེ་ལྟར་ན་ཚུ་རོལ་དངོས་པོ་ཡོད་པ་དང༌། ཚུ་རོལ་དངོས་པོ་མེད་པས་ཀྱང་མི་རུང་ངོ༌། །དེ་བས་ན་སྨྲ་བ་འདི་ཡང་རིགས་པས་བསྐྱེད་པ་མ་ཡིན་ནོ། །ལྷ་མི་སྤོང་བ་སྨྲ་བ་གང་ཞེ་ན། འདི་ལྟ་སྟེ། ལྷ་མི་སྤོང་བ་བཞི་པོ་རྣམས་ཏེ། མདོ་ཉིད་ལས་རྒྱས་པར་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་དག་ཀྱང་མངོན་པར་མཐོ་བའི་ལམ་དགེ་བ་དང་མི་དགེ་བ་དང༌། ངེས་པར་ལེགས་པའི་ལམ་སྡུག་བསྔལ་དང༌། ཀུན་འབྱུང་བ་དང་འགོག་པ་དང༌། ལམ་ལས་དྲི་བ་དྲིས་ན། བདག་ནི་ལྷ་མི་སྤོང་བ་ཡིན་ནོ་སྙམ་དུ་དམ་བཅས་ནས། གང་དུ་འཆི་བ་མེད་པ་རྣམ་པར་དག་པའི་ལྷ་རྣམས་ཀྱི་དྲི་བ་དྲིས་པ། སྤང་བར་བྱ་བ་མ་ཡིན་པར་དེར་དེ་དག་དྲི་བ་དྲིས་པ་རྣམས་ལ། ཚིག་གིས་གཞན་དང་གཞན་དུ་རླུང་བསྐུར་བ་དང༌། ཕྱིར་རྒོལ་བ་དང༌། མཐུན་པར་བྱེད་པའི་ཚུལ་གྱིས་སྤོང་བར་བྱེད་དོ། །དེ་ལ་ལྟ་
མི་སྤོང་བ་གཅིག་ནི་བློ་མ་བྱང་བ་ཁོ་ནའོ། །གཉིས་པ་ནི་རྟོགས་པའི་མངོན་པའི་ང་རྒྱལ་ཅན་ནོ། །གསུམ་པ་ནི་བློ་བྱང་བ་རྣམ་པར་ངེས་པ་མ་ཡིན་པའོ། །བཞི་པ་ནི་ཤེས་བ་ཞན་ཅིང་ཤིན་ཏུ་རྨོངས་པ་ཁོ་ནའོ། །དེ་ལ་དང་པོ་ནི་བརྫུན་དུ་སྨྲ་བས་འཇིགས་ཤིང་འཛེམ་པ་དང༌། མི་ཤེས་པ་ཡོད་པས་འཇིགས་ཤིང་འཛེམ་པའི་ཕྱིར་མི་ཤེས་སོ་ཞེས་གསལ་བར་ལན་འདེབས་པར་མི་བྱེད་དོ། །གཉིས་པ་ནི་རང་གིས་རྟོགས་པ་ལ་འཇིགས་པ་ཡོད་དེ། བརྒལ་ཞིང་བརྟགས་པས་འཇིགས་ཤིང་འཛེམ་པ་དང༌། བརྫུན་དུ་སྨྲ་བས་འཇིགས་ཤིང་འཛེམ་པ་དང༌། ལོག་པར་ལྟ་བས་འཇིགས་ཤིང་འཛེམ་པའི་ཕྱིར་བདག་གིས་ཤེས་སོ་ཞེས་གསལ་བར་ལན་འདེབས་པར་མི་བྱེད་དོ། །གསུམ་པ་ནི་ལོག་པར་ལྟ་བས་འཇིགས་ཤིང་འཛེམ་པ་དང༌། བརྫུན་དུ་སྨྲ་བས་འཇིགས་ཤིང་འཛེམ་པ་དང༌། བརྒལ་ཞིང་བརྟགས་པས་འཇིགས་ཤིང་འཛེམ་པ་དང༌། བདག་ནི་ངེས་པ་མ་ཡིན་ནོ་ཞེས་གསལ་བར་ལན་འདེབས་པར་མི་བྱེད་དོ། །དེ་དག་ནི་དེར་གཞན་དང་གཞན་དུ་རླུང་སྐུར་བར་བྱེད་པས་ཚིག་གིས་སྤོང་བར་བྱེད་དོ། །བཞི་པ་ནི་བརྒལ་ཞིང་བརྟགས་ཤིང་འཛེམ་པ་ཁོ་ན་སྟེ། མངོན་པར་མཐོ་བའི་ལམ་དང༌། ངེས་པར་ལེགས་པའི་ལམ་ཞེས་ཡི་གེ་ཙམ་ལ་ཡང༌། ཐམས་ཅད་ཀྱི་ཐམས་ཅད་དུ་མི་མཁས་པའི་ཕྱིར་བདག་ནི་ཤིན་ཏུ་རྨོངས་སོ་ཞེས་གསལ་བར་ལན་འདེབས་པར་མི་བྱེད་དོ། །དེ་ནི་གཞན་ཁོ་ན་ལ་ཀུན་དྲིས་ནས། དེ་དང་མཐུན་པར་བྱེད་པས་ཚིག་གིས་སྤོང་བར་བྱེད་དོ། །སྨྲ་བ་འདི་དག་ནི་རྒྱུ་དང༌། གང་ཟག་དང༌། ལན་ཀྱང་གང་ཁོ་ནས་འཇིགས་པ་དེའི་གནས་ཉིད་ལ་གནས་སོ་ཞེས་མདོ་ལས་ཇི་སྐད་འབྱུང་བའི་ཚུལ་བཞིན་དུ་བཤད་ཟིན་ཏེ། དེ་དག་འདི་སྙམ་དུ་འདི་ལྟར་ཕྱིར་རྒོལ་བ་རྣམས་འོངས་ན། དེར་གཡོགས་བསྒྲུབ་པར་བྱའོ་སྙམ་དུ་སེམས་པ་འདི་ནི་འདིར་ལྟ་བར་གྱུར་པ་ཡིན་པར་རིག་པར་བྱའོ། །དེ་བས་ན་སྨྲ་བ་འདི་ཡང་རིགས་པས་བསྐྱེད་པ་མ་ཡིན་ནོ། །རྒྱུ་མེད་པར་སྨྲ་བ་གང་ཞེ་ན། དེ་ཡང་བསམ་གཏན་ལ་བརྟེན་པ་དང༌། རྟོག་གེ་ལ་བརྟེན་པའི་ཚུལ་གྱིས་རྣམ་པ་གཉིས་ཏེ། མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཅིའི་ཕྱིར་རྟོག་གེ་ལ་བརྟེན་ནས་དེ་ལྟར་བདག་དང་འཇིག་
རྟེན་རྒྱུ་མེད་པ་ལས་སྐྱེས་པར་ལྟ་ཞེ་ན། མདོར་བསྡུ་ན། བསམ་པ་སྔོན་དུ་མ་བཏང་བར་ནང་དང་ཕྱི་རོལ་གྱི་དངོས་པོ་ཚད་མེད་པ་རྣམ་པ་སྣ་ཚོགས་སྣང་བ་དང༌། རེས་འགའ་རྒྱུ་རྣམས་འབྲས་བུ་མེད་པར་སྣང་བ་དང༌། རེས་འགའ་གློ་བུར་དུ་རླུང་ལྡང་ལ་རེས་འགའ་མི་ལྡང་བ་དང༌། རེས་འགའ་གློ་བུར་དུ་ཆུ་ཀླུང་འབབ་ལ། རེས་འགའ་མི་འབབ་པ་དང༌། རེས་འགའ་གློ་བུར་དུ་ཤིང་རྣམས་ལས་མེ་ཏོག་དང༌། འབྲས་བུ་འབྱུང་ལ་རེས་འགའ་མེ་ཏོག་དང་འབྲས་བུ་མི་འབྱུང་བ་ལ་སོགས་པ་སྣང་བའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་དངོས་པོ་མེད་པ་ཞིག་རྗེས་སུ་དྲན་ནམ། འོན་ཏེ་བདག་རྗེས་སུ་དྲན། གལ་ཏེ་དངོས་པོ་མེད་པའི་རྗེས་སུ་དྲན་ན་ནི་དངོས་པོ་མེད་པ་མ་གོམས་པ་མ་འདྲིས་པ་རྗེས་སུ་དྲན་ཞེས་བྱར་མི་རུང་ངོ༌། །གལ་ཏེ་བདག་རྗེས་སུ་དྲན་ན་ནི། དེས་ན་བདག་སྔོན་མ་བྱུང་ལ། ཕྱིས་འབྱུང་ངོ་ཞེས་བྱར་ཡང་མི་རུང་ངོ༌། །ཅི་ལུས་དང་ཕྱི་རོལ་གྱི་དངོས་པོ་རྣམས་རྣམ་པ་སྣ་ཚོགས་སུ་འཇུག་པ་དང༌། གློ་བུར་དུ་འཇུག་པ་རྒྱུ་མེད་པ་འམ། འོན་ཏེ་རྒྱུ་ཡོད་པར་འདོད། གལ་ཏེ་རྒྱུ་མེད་པ་ན་ནི་རྣམ་པ་སྣ་ཚོགས་སུ་འཇུག་པ་དང༌། གློ་བུར་དུ་འཇུག་པ་དང༌། ཡང་མི་འཇུག་པ་མི་རུང་ངོ༌། །གལ་ཏེ་རྒྱུ་ཡོད་ན་ནི། དེས་ན་བདག་དང་འཇིག་རྟེན་རྒྱུ་མེད་པར་སྐྱེས་སོ་ཞེས་བྱར་མི་རུང་ངོ༌། །དེ་ལྟར་ན་དངོས་པོ་མེད་པ་རྗེས་སུ་དྲན་པ་དང༌། བདག་རྗེས་སུ་དྲན་པ་དང༌། ནང་དང་ཕྱི་རོལ་གྱི་དངོས་པོ་རྣམས་རྒྱུ་མེད་པར་རྣམ་པ་སྣ་ཚོགས་སུ་འཇུག་པ་དང༌། རྒྱུ་ཡོད་དེ་རྣམ་པ་སྣ་ཚོགས་སུ་འཇུག་པས་ཀྱང་མི་རུང་སྟེ། དེ་བས་ན་སྨྲ་བ་འདི་ཡང་རིགས་པས་བསྐྱེད་པ་མ་ཡིན་ནོ། །ཆད་པར་སྨྲ་བ་གང་ཞེ་ན། འདི་ལྟར་འདི་ན་དགེ་སྦྱོང་ངམ། བྲམ་ཟེ་ལ་ལ། འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། བདག་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་ཇི་སྲིད་དུ་འདུག་ཅིང་སྡོད་ལ་འཚོ་བ་དེ་སྲིད་དུ། ནད་དང་བཅས་པ། འབྲས་དང་བཅས་པ། ཟུག་རྔུ་དང་བཅས་པ། རིམས་དང་བཅས་པ། ཡོངས་སུ་གདུང་བ་དང་བཅས་པ་ཡིན་ཏེ། ནམ་ཤི་བའི་འོག་ཏུ་བདག་ཆད་དེ་ཞིག་ཅིང་མེད་པར་གྱུར་པ་དེ་ན། བདག་གཏན་ཆད་པར་འགྱུར་རོ། །འདོད་པ་ན་སྤྱོད་པའི་ལྷ་
དང༌། གཟུགས་ན་སྤྱོད་པའི་ལྷ་དང༌། གཟུགས་མེད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་བར་དུ་ཡང་དེ་དང་འདྲ་སྟེ། འདི་ལྟ་སྟེ། ཆད་པར་སྨྲ་བ་བདུན་པོ་མདོ་ཉིད་ལས་རྒྱས་པར་འབྱུང་བ་བཞིན་ནོ། །ཅིའི་ཕྱིར་དེ་ལྟར་ལྟ་ཞིང༌། དེ་སྐད་སྨྲ་བར་བྱེད་ཅེ་ན། ལུང་དང་རིགས་པས་བྱེད་དེ། ལུང་ནི་སྔ་མ་བཞིན་ནོ། །རིགས་པ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་རྟོག་གེ་བ་ཡིན་ཏེ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཤི་བའི་འོག་ཏུ་བདག་ཡོད་པར་གྱུར་ན། ལས་རྣམས་མ་བྱས་པར་འཐོབ་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་བདག་གཏན་མེད་ན་ཡང་དེས་ན་ལས་ཀྱི་འབྲས་བུ་རྣམས་ལོངས་སྤྱོད་པ་ཡང་མེད་པར་འགྱུར་རོ་སྙམ་སྟེ། དེས་རྣམ་པ་གཉིས་ཀ་མི་རུང་བར་མཐོང་ནས། ཤི་བའི་འོག་ཏུ་བདག་ཆད་པ་དང༌། ཞིག་པ་དང༌། མེད་པར་འགྱུར་ཏེ། འདི་ལྟ་སྟེ། གྱོ་མོ་ཆག་པ་རྣམས་ཕྱིར་མི་འབྱོར་བ་དང༌། རྡོ་ཆག་པ་ཕྱིར་མི་འབྱོར་བ་དེ་བཞིན་དུ། འདི་ལྟར་ཡང་ཚུལ་དེ་ལྟར་བལྟ་བར་བྱའོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་ཕུང་པོ་ཆད་པར་འགྱུར་བའམ། འོན་ཏེ་བདག་ཆད་པར་འགྱུར་བར་འདོད། གལ་ཏེ་ཕུང་པོ་ཆད་པར་འདོད་ན་ནི། དེས་ན་ཕུང་པོ་ནི་མི་རྟག་སྟེ། རྒྱུ་དང་འབྲས་བུ་གཅིག་ནས་གཅིག་ཏུ་འཇུག་པས་ཆད་པར་འགྱུར་ཞེས་བྱར་མི་རུང་ངོ༌། །གལ་ཏེ་བདག་ཆད་པར་འདོད་ན་ནི། གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་ནད་དང་བཅས་པ། འབྲས་དང་བཅས་པ། ཟུག་རྔུ་དང་བཅས་པ། རིམས་དང་བཅས་པ། ཡོངས་སུ་གདུང་བ་དང་བཅས་པ་དང༌། འདོད་པ་ན་སྤྱོད་པའི་ལྷ་དང༌། གཟུགས་ན་སྤྱོད་པའི་ལྷ་དང༌། གཟུགས་མེད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་བར་ཞེས་བྱར་མི་རུང་ངོ༌། །དེ་ལྟར་ན་ཕུང་པོ་ཆད་པ་དང༌། བདག་ཆད་པས་ཀྱང་མི་རུང་སྟེ། དེ་བས་ན་སྨྲ་བ་འདི་ཡང་རིགས་པས་བསྐྱེད་པ་མ་ཡིན་ནོ། །མེད་པར་སྨྲ་བ་གང་ཞེ་ན། འདི་ལྟར་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ་ཞེས་བྱ་བ་ནས་རྒྱས་
པར་བྱ་སྟེ། འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་བྱ་བའི་བར་དུ་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་ལྟ་བུའོ། །ཡང་ཐམས་ཅད་ནི་མཚན་ཉིད་ཐམས་ཅད་ཀྱིས་མེད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །ཅིའི་ཕྱིར་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་པར་བྱེད་ཅེ་ན། ལུང་དང་རིགས་པས་བྱེད་དེ། དེ་ལ་ལུང་ནི་སྔ་མ་བཞིན་ནོ། །རིགས་པ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་རྟོག་གེ་བ་མ་ཡིན་ཏེ་ཞེས་བྱ་བ་ཡང་སྔ་མ་བཞིན་ཏེ། དེ་འཇིག་རྟེན་པའི་བསམ་གཏན་ལ་བརྟེན་ནས། ལ་ལ་ཚེ་ཐོག་ཐག་ཏུ་སྦྱིན་པ་དག་བྱེད་པར་མཐོང་ལ། དེ་ཤི་འཕོས་ཏེ་འཆི་བའི་དུས་བྱས་ནས་རིགས་དམའ་བ་དང༌། དབུལ་པོ་དང༌། བཀྲེན་པ་དང༌། ནོར་མེད་པ་དག་ཏུ་སྐྱེས་པ་ཡང་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ་སྙམ་མོ། །ཡང་ལ་ལ་ཚེ་ཐོག་ཐག་ཏུ་ལེགས་པར་སྤྱད་པ་སྤྱོད་པའམ། ཉེས་པར་སྤྱད་པ་སྤྱོད་པར་མཐོང་ལ། དེ་ཤི་འཕོས་ཏེ་འཆི་བའི་དུས་བྱས་ནས། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པ་འམ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དག་ཀྱང་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་སྙམ་མོ། །ཡང་ལ་ལ་རྒྱལ་རིགས་ལས། བྲམ་ཟེའི་རིགས་དང༌། རྗེའུ་རིགས་དང༌། དམངས་རིགས་སུ་སྐྱེ་བ་དང༌། བྲམ་ཟེའི་རིགས་ལས། རྒྱལ་རིགས་དང༌། རྗེའུ་རིགས་དང༌། དམངས་རིགས་སུ་སྐྱེ་བ་ཡང་མཐོང་ངོ༌། །རྗེའུ་རིགས་དང་དམངས་རིགས་ཀྱང་དེ་བཞིན་པས། དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདི་རྒྱལ་རིགས་ལ་སོགས་པ་ལས་རྒྱལ་རིགས་ལ་སོགས་པར་འགྱུར་བ་མེད་དོ། །འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་རྒྱལ་རིགས་ལ་སོགས་པ་ལས་རྒྱལ་རིགས་ལ་སོགས་པར་འགྱུར་བ་མེད་དོ་སྙམ་མོ། །ཡང་འདོད་ཆགས་དང་བྲལ་བ་ལས་ས་འོག་མར་སྐྱེ་བ་ཡང་མཐོང་ལ། ཡང་མ་ལས་བུ་མོར་སྐྱེ་བ་འམ། བུ་མོ་ལས་མར་སྐྱེ་བའམ། ཕ་ལས་བུ་ཕོར་སྐྱེ་བའམ། བུ་ཕོ་ལས་ཕར་སྐྱེ་བ་ཡང་མཐོང་སྟེ།
དེས་ན་ཕ་མ་ལ་ངེས་པ་མེད་པར་མཐོང་ནས། འདི་སྙམ་དུ་སེམས་ཏེ། མ་ཡང་མེད་དོ། །ཕ་ཡང་མེད་དོ་སྙམ་མོ། །ཡང་ལ་ལ་གང་ཟག་གི་སྐྱེ་བ་ཀུན་ཏུ་བཙལ་ན་མ་མཐོང་ལ། གང་ཟག་དེ་ཡང་འདུ་ཤེས་མེད་པ་རྣམས་སམ། གཟུགས་མེད་བདག་གི་ནང་དུ་སྐྱེས་སམ། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ནས། དེའི་སྐྱེ་མཆེད་རབ་ཏུ་མི་ཤེས་པས། དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་སྐྱེ་བ་མེད་དོ་སྙམ་མོ། །ཡང་དགྲ་བཅོམ་པར་མངོན་པའི་ང་རྒྱལ་ཅན་འཆི་འཕོ་བ་ན། བདག་ཉིད་ཀྱིས་བདག་ཉིད་སྐྱེ་བ་མཐོང་ནས་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་སྙམ་པ་ནས་རྒྱས་པར་བྱའོ། །ཅིའི་ཕྱིར་ཐམས་ཅད་ནི་མཚན་ཉིད་ཐམས་ཅད་ཀྱིས་མེད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ཞེ་ན། དེ་བཞིན་གཤེགས་པས་བརྗོད་དུ་མེད་པའི་ཆོས་ཉིད་ལས་བརྩམས་ཏེ་གསུངས་པའི་མདོ་སྡེ་ཟབ་མོ་དང༌། ཟབ་མོར་སྣང་བ་གང་ཡིན་པ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དང༌། ཚུལ་བཞིན་མ་ཡིན་པས་ཆོས་ཀྱི་མཚན་ཉིད་རྣམ་པར་གཞག་པ་ལས་མེད་པར་ལྟ་བ་འབྱུང་བར་འགྱུར་ཏེ། དེས་ན་དེ་འདི་སྙམ་དུ་སེམས་ཏེ། ཐམས་ཅད་ནི་མཚན་ཉིད་ཐམས་ཅད་ཀྱིས་མེད་དོ་སྙམ་མོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱང་ཡོད་ལ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱང་ཡོད་པ་འམ། འོན་ཏེ་ཐམས་ཅད་སྐྱེས་ནས་མྱོང་བར་འགྱུར་བ་ཁོ་ནར་འདོད། གལ་ཏེ་ཡོད་ན་ནི། དེས་ན་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་ཕ་རོལ་མེད་དོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་མེད་ན་ནི། དེས་ན་གང་གཞན་དགེ་བ་དང༌། མི་དགེ་བའི་ལས་མངོན་པར་འདུ་བྱེད་པ་རྣམ་པ་སྣ་ཚོགས་དང་ལྡན་པ་དེ། ཅིག་ཅར་སྐྱེས་ནས་དགེ་བ་དང༌། མི་དགེ་བའི་ལས་རྣམས་ཀྱི་རྣམ་པར་སྨིན་པ་མྱོང་བར་འགྱུར་བས་མི་རུང་ངོ༌། །ཅི་གང་གིས་གང་བསྐྱེད་པ་དེ་དེའི་མ་ཡིན་ནམ། འོན་ཏེ་མ་ཡིན་ནོ། །གང་
གི་ས་བོན་ལས་གང་སྐྱེས་པ་དེ། དེའི་ཕ་ཡིན་ནམ། འོན་ཏེ་ཕ་མ་ཡིན་པར་འདོད། གལ་ཏེ་མ་དང་ཕ་མ་ཡིན་ན་ནི་མ་མེད་དོ། །ཕ་མེད་དོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་མ་ཡང་མ་ཡིན། ཕ་ཡང་མ་ཡིན་ན་ནི། དེས་ན་བསྐྱེད་ཀྱང་བསྐྱེད་ལ། དེའི་ས་བོན་ལས་ཀྱང་བྱུང་བཞིན་དུ། མ་ཡང་མ་ཡིན་ཕ་ཡང་མ་ཡིན་ནོ་ཞེས་བྱར་མི་རུང་སྟེ། གང་གི་ཚེ་མ་དང་ཕར་གྱུར་པ་དེའི་ཚེ་ནི། བུ་མོ་དང་བུ་ཕོ་མ་ཡིན་ལ་གང་གི་ཚེ་བུ་མོ་དང་བུ་ཕོར་གྱུར་པ་དེའི་ཚེ་ནི་མ་དང་ཕ་མ་ཡིན་ནོ། །ཅི་སེམས་ཅན་གང་དུ་སྐྱེ་བ་ན་ལྷའི་མིག་གིས་མི་མཐོང་བ་དེ་ལྟ་བུའི་གནས་ཡོད་པའམ། འོན་ཏེ་མེད་པར་འདོད། གལ་ཏེ་ཡོད་ན་ནི་དེས་ན་སེམས་ཅན་སྐྱེ་བ་མེད་དོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་མེད་ན་ནི། དེས་ན་འདུ་ཤེས་ལ་ཆགས་པ་མེད་པ་དང༌། གཟུགས་ལ་ཆགས་པ་མེད་པ་དང༌། ཁམས་གསུམ་པ་ལ་ཆགས་པ་མེད་བ་ལ་སྐུར་བ་བཏབ་པར་འགྱུར་བས་མི་རུང་ངོ༌།། ཅི་དགྲ་བཅོམ་པར་མངོན་པའི་ང་རྒྱལ་དུ་འཛིན་པ་ཡོད་བའམ་འོན་ཏེ་མེད་པར་འདོད། གལ་ཏེ་ཡོད་ན་ནི་འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་མེད་ན་ནི་དེས་ན་གང་ལ་ལ་ཚུལ་བཞིན་མ་ཡིན་པས་ཞུགས་པས་ཕྱིན་ཅི་ལོག་ཏུ་སེམས་པ་དེ་ཡང་དགྲ་བཅོམ་པ་ཞེས་བྱར་མི་རུང་ངོ༌། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་ཡོངས་སུ་གྲུབ་པའི་མཚན་ཉིད་དང༌། གཞན་གྱི་དབང་གི་མཚན་ཉིད་དང༌། ཀུན་བརྟགས་པའི་མཚན་ཉིད་ཀྱི་ཆོས་དེ་ཡོད་པའམ། འོན་ཏེ་མེད་པར་འདོད། གལ་ཏེ་ཡོད་ན་ནི་དེས་ན་ཐམས་ཅད་ནི་མཚན་ཉིད་ཐམས་ཅད་ཀྱིས་མེད་དོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་མེད་ན་ནི་དེས་ན་ཕྱིན་ཅི་ལོག་མེད་དོ། །ཀུན་ནས་ཉོན་མོངས་པ་མེད་དོ། །རྣམ་པར་བྱང་བ་མེད་དོ་ཞེས་བྱར་མི་རུང་སྟེ། དེ་ལྟར་ན་སྐྱེས་ནས་མྱོང་བར་འགྱུར་བ་དང༌། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང༌། འཁྲུལ་པ་མེད་པ་དང༌། སྐྱེ་བའི་གནས་ཡོད་པ་དང༌། མངོན་པའི་ང་རྒྱལ་ཡོད་པ་དང༌། མཚན་ཉིད་རྣམ་པ་གསུམ་ཡོད་པས་ཀྱང་མི་རུང་སྟེ། དེ་བས་ན་སྨྲ་བ་འདི་ཡང་རིགས་པས་བསྐྱེད་པ་མ་ཡིན་ནོ། །མཆོག་ཏུ་སྨྲ་བ་གང་ཞེ་ན། འདི་ལྟར་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ། བྲམ་ཟེ་རྣམས་ནི་རིགས་ཀྱི་མཆོག་གོ །རིགས་པས་གཞན་
ནི་དམའ་བ་ཡིན་ནོ། །བྲམ་ཟེ་རྣམས་ནི་རིགས་དཀར་པོའོ། །རིགས་གཞན་ནི་གནག་པའོ། །བྲམ་ཟེ་རྣམས་ནི་དག་པར་འགྱུར་བའོ། །བྲམ་ཟེ་མ་ཡིན་པ་རྣམས་ནི་མ་ཡིན་ནོ། །བྲམ་ཟེ་རྣམས་ནི་ཚངས་པའི་བུའོ། །སྙིང་ག་ནས་བྱུང་བའོ། །ཁ་ནས་བྱུང་བའོ། །ཚངས་པ་ལས་བྱུང་བའོ། །ཚངས་པས་སྤྲུལ་པའོ། །ཚངས་པའི་བགོ་སྐལ་ལ་སྤྱོད་པའོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་ལྟ་བུ་སྟེ། འདི་ལྟ་སྟེ། རྩོད་པའི་དུས་ཀྱི་བྲམ་ཟེ་རྣམས་སོ། །ཅིའི་ཕྱིར་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བར་བྱེད་ཅེ་ན། ལུང་དང་རིགས་པས་བྱེད་དེ། ལུང་ནི་སྔ་མ་བཞིན་ནོ། །རིགས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་རྟོག་གེ་པ་ཡིན་ཏེ་ཞེས་བྱ་བ་ནས་རྒྱས་པར་བྱ་སྟེ། བྲམ་ཟེའི་རིགས་དང༌། རང་བཞིན་གྱི་ཚུལ་ཁྲིམས་དམིགས་པ་དང༌། རྙེད་པ་དང༌། བཀུར་སྟི་ལ་བརྟེན་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་དེ་ལས་གཞན་པའི་རིགས་རྣམས་ཁོ་ན་མ་ལས་སྐྱེས་ཤིང་མངལ་ནས་བྱུང་བ་ཁོ་ན་ཡིན་པའམ། འོན་ཏེ་བྲམ་ཟེའི་རིགས་ཀྱང་འདོད། གལ་ཏེ་དེ་ལས་གཞན་པ་རྣམས་ཁོ་ན་ཡིན་ན་ནི། དེས་ན་མངོན་སུམ་དུ་བྲམ་ཟེའི་རིགས་མངལ་ནས་སྐྱེ་ཞིང་མ་ལས་བྱུང་བ་ལ་སྐུར་པ་བཏབ་པར་འགྱུར་བས་མི་རུང་ངོ༌། །གལ་ཏེ་བྲམ་ཟེའི་རིགས་ཀྱང་དེ་ལྟ་ཡིན་ན་ནི། དེས་ན་བྲམ་ཟེ་རྣམས་ནི་རིགས་ཀྱི་མཆོག་ཡིན་ལ། རིགས་གཞན་ནི་དམའ་བ་ཡིན་ཞེས་བྱར་མི་རུང་ངོ༌། །མངལ་ནས་སྐྱེ་ཞིང་མ་ལས་བྱུང་བ་ཇི་ལྟ་བ་བཞིན་དུ། མི་དགེ་བ་བྱེད་པ་དང༌། དགེ་བ་བྱེད་པ་དང༌། ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྐྱོད་པར་བྱེད་པ་དང༌། ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པར་བྱེད་པ་དང༌། ཚེ་འདི་ལ་མི་འདོད་པ་དང༌། འདོད་པའི་འབྲས་བུ་མྱོང་བ་དང༌། ཚེ་ཕྱི་མ་ལ་ངན་སོང་རྣམས་སུ་སྐྱེ་བ་དང༌། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་དང༌། གནས་གསུམ་པོ་རྣམས་མངོན་དུ་གྱུར་པ་ལས་གང་ཡང་རུང་གང་ནས་ཀྱང་རུང་སྟེ། མའི་མངལ་དུ་སྐྱེ་བ་དང༌། འཇིག་རྟེན་པའི་བཟོའི་གནས་དང༌། ལས་ཀྱི་གནས་ལ་མཁས་པའམ། མི་མཁས་པའམ། རྒྱལ་པོའམ། དེའི་ཚལ་ཟའམ། མཁས་ཤིང་སྒྲུབ་ཕོད་པའམ། རྒྱལ་པོའི་རིམ་གྲོ་པར་སྤུས་བཏུ་བའམ། སྤུས་བཏུ་བ་མ་ཡིན་བའམ། ན་བའི་ཆོས་ཅན་ནམ། རྒ་བའི་ཆོས་ཅན་ནམ།
འཆི་བའི་ཆོས་ཅན་ནམ། ཚངས་བའི་གནས་པ་རྣམས་བསྒོམས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བའམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྒོམ་པའམ། མི་སྒོམ་པའམ། ཉན་ཐོས་ཀྱི་བྱང་ཆུབ་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའམ། མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཡང་དེ་དང་འདྲའོ། །ཅི་སྐྱེ་གནས་ཁོ་ནས་ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་མཆོག་ཡིན་པའམ། འོན་ཏེ་ཐོས་པ་དང་ཚུལ་ཁྲིམས་ཀྱིས་ཀྱང་འདོད། གལ་ཏེ་སྐྱེ་གནས་ཁོ་ནས་འདོད་ན་ནི། དེས་ན་མཆོད་སྦྱིན་ལ་ཐོས་པ་གཙོ་བོ་དང༌། ཚུལ་ཁྲིམས་གཙོ་བོ་གང་ཡིན་པ་དེ་ཚད་མར་ཡོངས་སུ་གཟུང་ངོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་ཐོས་པའམ་ཚུལ་ཁྲིམས་ཀྱིས་འདོད་ན་ནི། དེས་ན་བྲམ་ཟེ་རྣམས་ནི་རིགས་ཀྱི་མཆོག་གོ །རིགས་གཞན་ནི་དམའ་བ་ཡིན་ནོ་ཞེས་བྱར་མི་རུང་ངོ༌། །དེ་ལྟར་ན་སྐྱེ་གནས་དང༌། ལས་དང༌། སྐྱེ་བ་དང༌། བཟོ་དང༌། ལས་ཀྱི་གནས་དང༌། བདག་པོ་དང༌། དེས་སྤུས་བཏུ་བ་དང༌། །ཚངས་པའི་གནས་དང༌། བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་དང༌། བྱང་ཆུབ་རྟོགས་པ་དང༌། ཐོས་པ་དང༌། ཚུལ་ཁྲིམས་ཀྱི་ཁྱད་པར་གྱིས་ཀྱང་མི་རུང་སྟེ། དེ་བས་ན་སྨྲ་བ་འདི་ཡང་རིགས་པས་བསྐྱེད་པ་མ་ཡིན་ནོ། །དག་པར་སྨྲ་བ་གང་ཞེ་ན། འདི་ལྟར་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ། གང་གི་ཕྱིར་བདག་གྲོལ་བ་ཡིན་ལ། སེམས་ལ་ཡང་དབང་ཐོབ་པ་དང༌། རྣལ་འབྱོར་ལ་ཡང་དབང་ཐོབ་པས་ལྷའི་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་ཏེ། རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཀྱང༌། དེ་ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་ཐོབ་པའི་དག་པས་དག་པར་འགྱུར་རོ་ཞེས་བྱ་བ་དང༌། གང་གི་ཕྱིར་འདོད་པ་རྣམས་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་ལ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་ཤིང་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང༌། བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་པ་དང༌། དེ་ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་མཆོག་ཐོབ་པའི་དག་པས་དག་པར་འགྱུར་རོ་ཞེས་དེ་ལྟར་ལྟ་ཞིང༌། དེ་སྐད་སྨྲ་བ་ལྟ་བུ་དང༌། འདི་ལྟར་འདི་ན་ལ་
ལ་གང་ཆུ་ཀླུང་མཛེས་ལྡན་དུ་ཁྲུས་བྱེད་པ་དེའི་སྒྲིབ་བ་ཐམས་ཅད་སོལ་བར་འགྱུར་རོ། །མཛེས་ལྡན་ཇི་ལྟ་བ་བཞིན་དུ་ཆུ་ཀླུང་ལག་སྦྱིན་དང༌། ག་ཡ་དང༌། ཚིག་ལྡན་དང༌། གང་གཱ་ཡང་དེ་དང་འདྲའོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་ལྟ་བུ་སྟེ། དེ་དེར་ཆུས་ཁྲུས་བྱས་པས་དག་པར་འཛིན་པ་དང༌། འདི་ལྟར་འདི་ན་ཁ་ཅིག་ཁྱིའི་བརྟུལ་ཞུགས་ཀྱིས་དག་པར་འཛིན་པ་དག་བ་ལང་གི་བརྟུལ་ཞུགས་དང༌། འབྲུ་མར་དང་སྲེ་མོག་གི་བརྟུལ་ཞུགས་དང༌། གཅེར་བུའི་བརྟུལ་ཞུགས་དང༌། ཐལ་བའི་བརྟུལ་ཞུགས་དང༌། བརྟུལ་ཞུགས་དྲག་པོ་དང༌། བརྟུལ་ཞུགས་མཐར་ཐུག་པ་དང༌། དེ་ལྟ་བུ་དང་མཐུན་པ་དག་གི་བརྟུལ་ཞུགས་ཡང་དག་པར་བླངས་པ་ཡང་དག་པ་འཛིན་པ་སྟེ། འདི་ལྟ་སྟེ། ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་བར་སྨྲ་བ་རྣམས་དང༌། ཆུས་དག་པར་འགྱུར་བ་ལ་སོགས་པར་སྨྲ་བ་རྣམས་ལྟ་བུའོ། །ཅིའི་ཕྱིར་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བར་བྱེད་ཅེ་ན། ལུང་དང་རིགས་པས་བྱེད་དེ། ལུང་ནི་སྔ་མ་བཞིན་ནོ། །རིགས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་རྟོག་གེ་པ་ཡིན་ཏེ། ཞེས་བྱ་བ་ནས་རྒྱས་པར་བྱ་སྟེ། དེ་ཐམས་ཅད་དུ་བདག་པོ་དང༌། དབང་ཐོབ་ནས། འདོད་པའི་དབང་ཕྱུག་དང༌། རྣལ་འབྱོར་གྱི་དབང་ཕྱུག་ཡིན་ནོ་སྙམ་སྟེ། བདག་པོ་དང༌། དབང་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་སོ། །འདི་ལྟར་འདི་ན་ལ་ལ་ཉེས་པ་བྱས་པ་ལས་ཉེས་པ་ལས་ཐར་པ་བཞིན་དུ། བདག་ཉིད་ཆད་པས་བཅད་ན་བདག་ཉིད་སྡིག་པ་ལས་རྣམ་པར་ཐར་བར་འགྱུར་བར་ལྟ་བ་ལྟ་བུའོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་འདོད་པའི་ཡོན་ཏན་ལྔས་རྩེ་བ་གང་ཡིན་པ་དེ། འདོད་པའི་འདོད་ཆགས་དང་བྲལ་བའམ། འོན་ཏེ་འདོད་ཆགས་དང་བྲལ་བ་མ་ཡིན་པར་འདོད། གལ་ཏེ་འདོད་ཆགས་དང་བྲལ་བ་ཡིན་ན་ནི། རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་འདོད་ཆགས་དང་བྲལ་བ་མ་ཡིན་ན་ནི། གྲོལ་ལོ། །དག་གོ་ཞེས་བྱར་མི་རུང་ངོ༌། །ཅི་བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་པ་གང་ཡིན་པ་དེ་ཐམས་ཅད་ལས། འདོད་ཆགས་དང་བྲལ་བའམ། འོན་ཏེ་འདོད་ཆགས་དང་བྲལ་བ་མ་ཡིན་པར་འདོད། །གལ་ཏེ་ཐམས་ཅད་ལས་འདོད་ཆགས་དང་བྲལ་བ་ཡིན་ན་ནི། བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་
གནས་སོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་ཐམས་ཅད་ལས་འདོད་ཆགས་དང་བྲལ་བ་མ་ཡིན་ན་ནི། གྲོལ་ལོ། །དག་གོ་ཞེས་བྱར་མི་རུང་ངོ༌། །དེ་ལ་འདི་སྐད་ཀྱང་བརྗོད་པར་བྱ་སྟེ། ཅི་ནང་གི་དག་པའམ། འོན་ཏེ་ཕྱི་རོལ་གྱི་དག་པར་འདོད། གལ་ཏེ་ནང་གི་དག་པར་འདོད་ན་ནི། དེས་ན་ཆུ་ངོགས་སུ་ཁྲུས་བྱས་པས་རྣམ་པར་དག་པར་འགྱུར་རོ་ཞེས་བྱར་མི་རུང་ངོ༌། །གལ་ཏེ་ཕྱི་རོལ་གྱི་དག་པར་འདོད་ན་ནི། དེས་ན་འདོད་ཆགས་དང་བཅས་ཞེ་སྡང་དང་བཅས་གཏི་མུག་དང་བཅས་བཞིན་དུ། ཕྱི་རོལ་གྱི་དྲི་མ་བསལ་བས་རྣམ་པར་དག་པར་འགྱུར་ཞེས་བྱར་མི་རུང་ངོ༌། །ཅི་དངོས་པོ་གཙང་མ་ཞིག་བླངས་པས་དག་བར་འགྱུར་བའམ། འོན་ཏེ་དངོས་པོ་མི་གཙང་བ་ཞིག་བླངས་པས་དག་པར་འགྱུར་བར་འདོད། གལ་ཏེ་དངོས་པོ་གཙང་མ་ཞིག་བླངས་པས་དག་པར་འདོད་ན་ནི། དེས་ན་ཁྱི་ལ་སོགས་པ་ནི་འཇིག་རྟེན་ན་མི་གཙང་བར་བགྲང་བ་ཡིན་ཏེ། དེ་བླངས་པས་དག་པར་འགྱུར་ཞེས་བྱར་མི་རུང་ངོ༌། །གལ་ཏེ་དངོས་པོ་མི་གཙང་བ་བླངས་པས་དག་པར་འདོད་ན་ནི། དེས་ན་རང་བཞིན་གྱིས་མི་གཙང་བའི་དངོས་པོ་གཙང་མར་འགྱུར་ཞེས་བྱར་མི་རུང་ངོ༌། །ཅི་ཁྱི་ལ་སོགས་པའི་བརྟུལ་ཞུགས་བླངས་པས་ན། ལུས་ཀྱི་ཉེས་པར་སྤྱོད་པ་ལ་སོགས་པ་ལོག་པར་བསྒྲུབས་པས་དག་པར་འགྱུར་བའམ། འོན་ཏེ་ལུས་ཀྱི་ལེགས་པར་སྤྱད་པ་ལ་སོགས་པར་ཡང་དག་པར་བསྒྲུབས་པས་དག་པར་འདོད། གལ་ཏེ་ལོག་པར་བསྒྲུབས་པས་དག་པར་འགྱུར་ན་ནི། དེས་ན་ལོག་པར་ཡང་སྒྲུབ་ལ། དག་པར་ཡང་འགྱུར་ཞེས་བྱར་མི་རུང་ངོ༌། །གལ་ཏེ་ཡང་དག་པར་བསྒྲུབས་པས་དག་པར་འགྱུར་ན་ནི། དེས་ན་ཁྱི་ལ་སོགས་པའི་བརྟུལ་ཞུགས་དོན་མེད་པར་འགྱུར་ཏེ། དེས་དག་པར་འགྱུར་ཞེས་བྱར་མི་རུང་ངོ༌། །དེ་ལྟར་ན་འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་དང་བྲལ་བ་མ་ཡིན་པ་དང༌། ནང་གི་དང༌། ཕྱི་རོལ་གྱི་དང༌། མི་གཙང་བ་དང༌། གཙང་མ་བླངས་པ་དང༌། ལོག་པ་དང༌། ཡང་དག་པར་བསྒྲུབས་པས་ཀྱང་མི་རུང་སྟེ། དེ་བས་ན་སྨྲ་བ་འདི་ཡང་རིགས་པས་བསྐྱེད་པ་མ་ཡིན་ནོ། །དགེ་མཚན་དང་བཀྲ་ཤིས་སུ་སྨྲ་བ་གང་ཞེ་ན། འདི་ལྟ་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ། འདི་ལྟར་ལྟ་ཞིང་འདི་
སྐད་སྨྲ་སྟེ། ཉི་མ་དང༌། ཟླ་བ་དང༌། གཟའ་དང༌། རྒྱུ་སྐར་དང༌། ཚེས་གྲངས་མི་མཐུན་པ་ལས་བསམ་པ་རྣམས་འགྲུབ་པར་མི་འགྱུར་ལ། དེ་དག་མཐུན་པ་ལས་བསམ་པ་འགྲུབ་པར་འགྱུར་སྙམ་ནས། དེ་དག་དེའི་ཕྱིར་ཉི་མ་ལ་སོགས་པ་ལ་མཆོད་པ་བྱེད་ཅིང༌། སྦྱིན་སྲེག་དང༌། བཟླས་བརྗོད་དང༌། རྩྭ་དར་བ་དང༌། བུམ་པ་གང་བ་དང༌། བིལ་བའི་འབྲས་བུ་དང༌། དུང་ལ་སོགས་པ་ཉེ་བར་འཇོག་སྟེ། འདི་ལྟ་སྟེ། རྩིས་བྱེད་པ་དག་ལྟ་བུའོ། །ཅིའི་ཕྱིར་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་པར་བྱེད་ཅེ་ན། ལུང་དང་རིགས་པས་བྱེད་དེ། ལུང་ནི་སྔ་མ་བཞིན་ནོ། །རིགས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་རྟོག་གེ་པ་ཡིན་ཏེ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །དེ་ཡང་འཇིག་རྟེན་པའི་བསམ་གཏན་རྣམས་ཐོབ་པ། སྐྱེ་བའི་ཚོགས་ཆེན་པོས་དགྲ་བཅོམ་པར་བཀུར་བ་ཡིན་ཏེ། དེ་ལ་བདག་ཉིད་འབྱོར་པར་འདོད་པ་དང༌། རྒྱས་པར་འདོད་པ་རྣམས་ཀྱིས་དེར་དྲི་བ་དྲིས་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ལས་ཀྱི་ཚུལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་མི་ཤེས་ནས། ཉི་མ་དང༌། ཟླ་བ་དང༌། གཟའ་དང༌། རྒྱུ་སྐར་དང༌། ཚེས་གྲངས་ཀུན་ཏུ་སྤྱོད་པས། སེམས་ཅན་རྣམས་ལ་དགེ་བ་དང༌། མི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པར་མཐོང་ནས། དེས་དེ་ལས་གྱུར་པ་དེར་འདོད་པའི་སེམས་ཅན་རྣམས་ལ་ཡོངས་སུ་སྟོན་ཅིང་རྣམ་པར་གཞག་གོ །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་ཉི་མ་དང༌། ཟླ་བ་དང༌། གཟའ་དང༌། རྒྱུ་སྐར་དང༌། ཚེས་གྲངས་གྱིས་འབྱོར་པ་དང༌། རྒུད་པར་བྱས་པའམ། འོན་ཏེ་དགེ་བ་དང་མི་དགེ་བའི་ལས་ཀྱིས་བྱས་པར་འདོད། གལ་ཏེ་ཉི་མ་ལ་སོགས་པས་བྱས་ན་ནི། དེས་ནི་བསོད་ནམས་ཀྱི་ལས་རྣམས་དང༌། བསོད་ནམས་མ་ཡིན་པའི་ལས་རྣམས་ཀྱི་འབྱོར་པ་དང་རྒུད་པ་ཇི་སྲིད་འཚོའི་བར་དུ་རྗེས་སུ་འཇུག་པར་སྣང་བས་མི་རུང་ངོ༌། །གལ་ཏེ་དགེ་བ་དང་མི་དགེ་བའི་ལས་ཀྱིས་བྱས་ན་ནི། དེས་ན་ཉི་མ་ལ་སོགས་པས་བྱས་ཞེས་བྱར་མི་རུང་སྟེ། དེ་ལྟར་ན་ཉི་མ་ལ་སོགས་པས་བྱས་པ་དང༌། དགེ་བ་དང་མི་དགེ་བའི་ལས་ཀྱིས་བྱས་པས་ཀྱང་མི་རུང་ངོ༌། །དེ་བས་ན་སྨྲ་བ་འདི་ཡང་རིགས་པས་བྱས་པ་མ་ཡིན་ནོ། །དེ་ལྟར་ན་ཕ་རོལ་སྨྲ་བ་བཅུ་དྲུག་པོ་འདི་དག་ནི་བརྟག་པའི་རིགས་པ་མངོན་པར་
བསྒྲུབ་པ་རྣམ་པ་གཉིས་ཀྱིས་ཉེ་བར་བརྟགས་ན། རྣམ་པ་ཐམས་ཅད་དུ་མི་རུང་ངོ༌། །དེ་ལ་ཀུན་ནས་ཉོན་མོངས་པར་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། དེ་ནི་ཀུན་ནས་ཉོན་མོངས་པ་གསུམ་དུ་རིག་པར་བྱའོ། །དེ་ཡང་གང་ཞེ་ན། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་གང་ཞེ་ན། སྡོམ་ནི། ངོ་བོ་ཉིད་དང་རབ་དབྱེ་དང༌། །རྒྱུ་དང་གནས་སྐབས་སྒོ་རྣམས་དང༌། །ལྕི་བ་དང་ནི་ཕྱིན་ཅི་ལོག །རྣམ་གྲངས་དང་ནི་ཉེས་དམིགས་སོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ཀྱང་རིག་པར་བྱའོ། །རབ་ཏུ་དབྱེ་བ་དང༌། རྒྱུ་དང༌། གནས་སྐབས་དང༌། སྒོ་དང༌། ཆེ་བ་དང༌། ཕྱིན་ཅི་ལོག་ཏུ་བསྡུས་པ་དང༌། རྣམ་གྲངས་དང༌། ཉེས་དམིགས་ཀྱང་རིག་པར་བྱའོ། །ཉོན་མོངས་པ་རྣམས་ཀྱི་ངོ་བོ་ཉིད་གང་ཞེ་ན། ཆོས་གང་སྐྱེ་བ་ན་བདག་ཉིད་ཀྱང་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་སྐྱེ་ལ། དེ་སྐྱེས་པས་འདུ་བྱེད་ཀྱི་རྒྱུད་ཀྱང་རབ་ཏུ་མ་ཞི་བ་ཁོ་ནར་འཇུག་པ་སྟེ། ཉོན་མོངས་པའི་ངོ་བོ་ཉིད་ནི་དེ་ཁོ་ནར་ཟད་པར་རིག་པར་བྱའོ། །ཉོན་མོངས་པ་རྣམས་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། ཉོན་མོངས་པ་རྣམ་པ་གཅིག་ཀྱང་ཡོད་དེ་ཀུན་ནས་ཉོན་མོངས་པའི་དོན་ཏོ། །རྣམ་པ་གཉིས་ཀྱང་ཡོད་དེ་མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བའོ། །རྣམ་པ་གསུམ་ཡང་ཡོད་དེ། འདོད་པ་དང་ལྡན་པ་དང༌། གཟུགས་དང་ལྡན་པ་དང༌། གཟུགས་མེད་པ་དང་ལྡན་པའོ། །རྣམ་པ་བཞི་ཡང་ཡོད་དེ། འདོད་པ་དང་ལྡན་པའི་ལུང་དུ་བསྟན་པ་དང༌། ལུང་དུ་མ་བསྟན་པ་དང༌། གཟུགས་དང་ལྡན་པའི་ལུང་དུ་མ་བསྟན་པ་དང༌། གཟུགས་མེད་པ་དང་ལྡན་པའི་ལུང་དུ་མ་བསྟན་པའོ། །རྣམ་པ་ལྔ་ཡང་ཡོད་དོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང༌། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་དང༌། འགོག་པ་མཐོང་བས་སྤང་བར་བྱ་བ་དང༌། ལམ་མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བའོ། །རྣམ་པ་དྲུག་ནི་འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་དང༌། ཐེ་ཚོམ་མོ། རྣམ་པ་བདུན་ནི། བག་ལ་
ཉལ་བདུན་ཏེ། འདོད་པའི་འདོད་ཆགས་ཀྱི་བག་ལ་ཉལ་བ་དང༌། ཁོང་ཁྲོ་བའི་བག་ལ་ཉལ་བ་དང༌། སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་བ་དང༌། ང་རྒྱལ་གྱི་བག་ལ་ཉལ་བ་དང༌། མ་རིག་པའི་བག་ལ་ཉལ་བ་དང༌། ལྟ་བའི་བག་ལ་ཉལ་བ་དང༌། ཐེ་ཚོམ་གྱི་བག་ལ་ཉལ་བའོ། །རྣམ་པ་བརྒྱད་ནི། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་དང༌། ལྟ་བ་དང༌། མཆོག་ཏུ་འཛིན་པ་གཉིས་སོ། །རྣམ་པ་དགུ་ནི། ཀུན་ཏུ་སྦྱོར་བ་དགུ་སྟེ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང༌། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང༌། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང༌། མ་རིག་པའི་ཀུན་ཏུ་སྦྱོར་བ་དང༌། ལྟ་བའི་ཀུན་ཏུ་སྦྱོར་བ་དང༌། མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང༌། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་དང༌། ཕྲག་དོག་གི་ཀུན་ཏུ་སྦྱོར་བ་དང༌། སེར་སྣའི་ཀུན་ཏུ་སྦྱོར་བའོ། །རྣམ་པ་བཅུ་ནི་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། འདོད་ཆགས་དང༌། ཁོང་ཁྲོ་བ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་མོ། །ཉོན་མོངས་པ་རྣམ་པ་བཅུ་པོ་འདི་དག་ཉིད་བདེན་པ་རྣམ་པ་བཅུ་གཉིས་ལ་ལོག་པར་བསྒྲུབ་པ་རྣམ་པར་གཞག་པ་ལས། ཉོན་མོངས་པ་བརྒྱ་ཉི་ཤུ་རྩ་བརྒྱད་དུ་འགྱུར་ཏེ། བདེན་པ་རྣམ་པ་བཅུ་གཉིས་གང་ཞེ་ན། འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་བའི་བདེན་པ་དང༌། གཟུགས་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་གི་བདེན་པ་དང༌། གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་བའི་བདེན་པ་དང༌། འདོད་པ་ན་སྤྱོད་པའི་དབང་གིས་དེ་ཡོངས་སུ་ཤེས་པའི་འབྲས་བུ་དང༌། དེ་ཡོངས་སུ་ཤེས་པས་རབ་ཏུ་ཕྱེ་བའི་འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་དང༌། གཟུགས་ན་སྤྱོད་པའི་དབང་གིས་དེ་ཡོངས་སུ་ཤེས་པའི་འབྲས་བུ་དང༌། དེ་ཡོངས་སུ་ཤེས་པས་རབ་ཏུ་ཕྱེ་བའི་འགོག་པའི་བདེན་བ་དང༌། ལམ་གྱི་བདེན་པ་དང༌། གཟུགས་མེད་པ་ན་སྤྱོད་པའི་དབང་གིས་དེ་ཡོངས་སུ་ཤེས་པའི་འབྲས་བུ་དང༌། དེ་ཡོངས་སུ་ཤེས་པས་རབ་ཏུ་ཕྱེ་བའི་འགོག་པའི་བདེན་པ་དང༌།
ལམ་གྱི་བདེན་པའོ། །དེ་ལ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་བའི་བདེན་པ་དང༌། འདོད་པ་ན་སྤྱོད་པའི་དབང་གིས་འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་དེ་དག་ལ་ནི། ཉོན་མོངས་པ་བཅུ་པོ་ཐམས་ཅད་ལོག་པར་བསྒྲུབ་པོ།། གཟུགས་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་བའི་བདེན་པ་དང༌། དེའི་དབང་གིས་འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་གང་ཡིན་པ་དེ་དག་ལ་ནི། ཉོན་མོངས་པ་བཅུ་པོ་དེ་དག་ཉིད་ལས་ཁོང་ཁྲོ་བ་མ་གཏོགས་པ་རྣམས་ལོག་པར་བསྒྲུབ་པོ། །གཟུགས་ན་སྤྱོད་པ་ཇི་ལྟ་བ་བཞིན་དུ། གཟུགས་མེད་པ་ན་སྤྱོད་པ་ཡང་དེ་དང་འདྲའོ། །འདོད་པ་ན་སྤྱོད་པའི་གཉེན་པོ་བསྒོམས་པ་ལ་ནི་ཉོན་མོངས་པ་དྲུག་ལོག་པར་བསྒྲུབ་སྟེ། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་མ་གཏོགས་བ་རྣམས་སོ། །དེ་བཞིན་དུ་གཟུགས་ན་སྤྱོད་པའི་གཉེན་པོ་བསྒོམས་པ་ལ་ནི། ཉོན་མོངས་པ་ལྔ་ལོག་པར་བསྒྲུབ་སྟེ། དྲུག་པོ་དེ་དག་ཉིད་ལ་ཁོང་ཁྲོ་བ་མ་གཏོགས་པ་རྣམས་སོ། །གཟུགས་ན་སྤྱོད་པའི་གཉེན་པོ་ལ་ཇི་ལྟ་བ་བཞིན་དུ། གཟུགས་མེད་པ་ན་སྤྱོད་པའི་གཉེན་པོ་ལ་ཡང་དེ་དང་འདྲའོ། །ལོག་པར་བསྒྲུབ་པ་ཇི་ལྟ་བ་བཞིན་དུ་སྒྲིབ་པ་ཡང་དེ་དང་འདྲའོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་གང་ཞེ་ན། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། གཞན་ཡང་རང་བཞིན་གྱིས་དྲན་པ་བརྗེད་པ་ལ་བརྟེན་ནས། ཉེ་བར་ལན་པའི་ཕུང་པོ་ལྔ་ལ་བདག་གམ། བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་བརྟགས་ཀྱང་རུང་མ་བརྟགས་ཀྱང་རུང་བའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ། །མཐར་འཛིན་པར་ལྟ་བ་གང་ཞེ་ན། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། གཞན་ཡང་རང་བཞིན་གྱིས་དྲན་པ་བརྗེད་པ་ལ་བརྟེན་ནས། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་ཏུ་བཟུང་སྟེ། རྟག་པ་འམ་ཆད་པར་ཡང་དག་པར་རྗེས་སུ་ལྟ་བ་བརྟགས་ཀྱང་རུང༌། མ་བརྟགས་ཀྱང་རུང་བའི་ཤེས་
རབ་ཉོན་མོངས་པ་ཅན་གང་ཡིན་པའོ། །ལོག་པར་ལྟ་བ་གང་ཞེ་ན། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྟེན་ནས། རྒྱུ་འམ་འབྲས་བུ་འམ་བྱེད་པ་ལ་སྐུར་ཏེ། ཡོད་པའི་དངོས་པོ་འཇིག་པ་དངོས་པོ་ལ་བརྟགས་པ་ཁོ་ནའི་ཤེས་རབ་ཉོན་མོངས་པ་ཅན་གང་ཡིན་པའོ། །ལྟ་བ་མཆོག་ཏུ་འཛིན་པ་གང་ཞེ་ན། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྟེན་ནས། འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བ་དང༌། ལོག་པར་ལྟ་བ་རྟེན་དང་བཅས་པའོ། །དམིགས་པ་དང་བཅས་པ། གཞི་དང་བཅས་པ། ལྷན་ཅིག་འབྱུང་བ་དང༌། མཚུངས་པར་ལྡན་པ་དང་བཅས་པ་དང༌། ཕ་རོལ་གྱི་ལྟ་བ་ལ་ཡང་བརྟེན་ཏེ། མཆོག་དང༌། གཙོ་བོ་དང༌། ཁྱད་པར་དུ་འཕགས་པ་དང༌། དམ་པར་ཡང་དག་པར་རྗེས་སུ་ལྟ་བ། བརྟགས་པ་ཁོ་ནའི་ཤེས་རབ་ཉོན་མོངས་བ་ཅན་གང་ཡིན་པའོ། །ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཞེ་ན། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྟེན་ནས། ལྟ་བ་དེ་ཉིད་གང་ཡིན་པ་དང༌། ལྟ་བ་དེའི་རྗེས་སུ་སྤྱོད་པ་ཚུལ་ཁྲིམས་སམ། བརྟུལ་ཞུགས་ཀྱང་རུང་སྟེ། རྟེན་དང་བཅས་པ། དམིགས་པ་དང་བཅས་པ། གཞི་དང་བཅས་པ། ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་བ་དང་བཅས་པ་ལ་དག་པ་དང་གྲོལ་བ་དང༌། ངེས་པར་འབྱུང་བར་ཡང་དག་པར་རྗེས་སུ་ལྟ་བ། བརྟགས་པ་ཁོ་ནའི་ཤེས་རབ་ཉོན་མོངས་བ་ཅན་གང་ཡིན་པའོ། །འདོད་ཆགས་གང་ཞེ་ན། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། རང་བཞིན་གྱིས་དྲན་པ་བརྗེད་པ་ལ་བརྟེན་ནས། བརྟགས་ཀྱང་རུང་སྟེ། ཕྱི་རོལ་གྱི་འམ་ནང་གི་སྡུག་པའི་ཡུལ་ལ་ལྷག་པར་ཞེན་པའོ། །ཁོང་ཁྲོ་བ་གང་ཞེ་ན། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། རང་
བཞིན་གྱིས་དྲན་པ་བརྗེད་པ་ལ་བརྟེན་ནས། བརྟགས་ཀྱང་རུང་མ་བརྟགས་ཀྱང་རུང་སྟེ། ཕྱི་རོལ་གྱི་འམ་ནང་གི་མི་སྡུག་པའི་ཡུལ་ལ་ཁོང་ཁྲོ་བ་གང་ཡིན་པའོ། །ང་རྒྱལ་གང་ཞེ་ན། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། རང་བཞིན་གྱིས་དྲན་པ་བརྗེད་པ་ལ་བརྟེན་ནས། བརྟགས་ཀྱང་རུང་མ་བརྟགས་ཀྱང་རུང་སྟེ། ཕྱི་རོལ་གྱི་འམ་ནང་གི་མཐོ་བ་དང༌། དམའ་བ་དང༌། ངན་པ་དང༌། བཟང་པོ་ལ་མཐོར་སེམས་པ་གང་ཡིན་པའོ། །མ་རིག་པ་གང་ཞེ་ན། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། རང་བཞིན་གྱིས་དྲན་པ་བརྗོད་པ་ལ་བརྟེན་ནས། ཤེས་བྱའི་དངོས་པོ་ལ་བརྟགས་ཀྱང་རུང་མ་བརྟགས་ཀྱང་རུང་བའི་ཉོན་མོངས་པ་ཅན་གྱི་མི་ཤེས་པ་གང་ཡིན་པའོ། །ཐེ་ཚོམ་གང་ཞེ་ན། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཐོས་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་བརྟེན་ནས། ཤེས་བྱའི་དངོས་པོ་ལ་བརྟགས་པ་ལ། ཁོ་ནའི་ཡིད་གཉིས་ཟ་བ་གང་ཡིན་པའོ། །ཉོན་མོངས་པ་རྣམས་ཀྱི་རྒྱུ་གང་ཞེ་ན། རྒྱུ་ནི་རྣམ་པ་དྲུག་སྟེ། རྟེན་དང༌། དམིགས་པ་དང༌། འདུ་འཛི་དང༌། བཤད་པ་དང༌། གོམས་པ་དང༌། ཡིད་ལ་བྱེད་པ་ལས་ཀྱང་ཉོན་མོངས་པ་སྐྱེའོ། དེ་ལ་རྟེན་ནི་བག་ལ་ཉལ་བ་ལས་སྐྱེ་བ་གང་ཡིན་པའོ། །དེ་ལ་དམིགས་པ་ནི་ཉོན་མོངས་པའི་གནས་ལྟ་བུའི་ཡུལ་སྣང་བར་གྱུར་པ་གང་ཡིན་པའོ། དེ་ལ་འདུ་འཛི་ནི་སྐྱེས་བུ་དམ་པ་མ་ཡིན་པ་རྣམས་ཀྱི་རྗེས་སུ་སློབ་པ་གང་ཡིན་པའོ། །དེ་ལ་བཤད་པ་ནི་དམ་པའི་ཆོས་མ་ཡིན་པ་ཐོས་པ་གང་ཡིན་པའོ། །དེ་ལ་གོམས་པ་ནི་སྔོན་འདྲིས་པའི་སྟོབས་བསྐྱེད་པ་གང་ཡིན་པའོ། །དེ་ལ་ཡིད་ལ་བྱེད་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སྐྱེ་བ་གང་ཡིན་པའོ། །ཉོན་མོངས་པ་རྣམས་ཀྱི་གནས་སྐབས་སུ་ཡོད་ཅེ་ན། མདོར་བསྡུ་ན་རྣམ་པ་བདུན་ཏེ། བག་ལ་ཉལ་གྱི་གནས་སྐབས་དང༌། ཀུན་ནས་དཀྲིས་པའི་གནས་སྐབས་དང༌། ཀུན་ནས་བརྟགས་པའི་གནས་སྐབས་དང༌།
ལྷན་ཅིག་སྐྱེས་པའི་གནས་སྐབས་དང༌། ཆུང་ངུའི་གནས་སྐབས་དང༌། འབྲིང་གི་གནས་སྐབས་དང༌། ཆེན་པོའི་གནས་སྐབས་སོ། །དེ་ལ་རྒྱུ་རྣམ་པ་གཉིས་ཀྱིས་ནི་ཉོན་མོངས་པའི་བག་ལ་ཉལ་ཕྲ་རྒྱས་སུ་འགྱུར་ཏེ། ས་བོན་གྱི་རྗེས་སུ་འབྲེལ་བ་དང༌། དེའི་བདག་པོའི་དངོས་པོས་སོ། །སྒོ་དུས་ནི་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་འགྱུར་ཞེ་ན། མདོར་བསྡུ་ན་ཀུན་ནས་དཀྲིས་པའི་སྒོ་དང༌། བག་ལ་ཉལ་གྱི་སྒོ་སྟེ་སྒོ་རྣམ་པ་གཉིས་ཀྱིས་སོ། །ཀུན་ནས་དཀྲིས་པའི་སྒོས་ཇི་ལྟར་ཀུན་ནས་ཉོན་མོངས་པར་འགྱུར་ཞེ་ན། རྣམ་པ་ལྔས་ཏེ། རབ་ཏུ་མ་ཞི་བར་གནས་པ་དང༌། དགེ་བའི་བར་དུ་གཅོད་པ་དང༌། ངན་སོང་གི་རྒྱུ་ཉེས་པར་སྤྱད་པ་ཀུན་ནས་སློང་བ་དང༌། ཚེ་འདི་ཉིད་ལ་ཉམས་པར་འགྱུར་བ་ཡོངས་སུ་འཛིན་པ་དང༌། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འགྲུབ་བས་སོ། །བག་ལ་ཉལ་གྱི་སྒོས་ཇི་ལྟར་ཀུན་ནས་ཉོན་མོངས་པར་འགྱུར་ན། ཀུན་ནས་དཀྲིས་པའི་རྟེན་བྱས་པ་དང༌། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འགྲུབ་པར་བྱེད་པས་སོ། །གཞན་ཡང་སྒོ་བདུན་གྱིས་ཉོན་མོངས་པ་ཐམས་ཅད་མཐོང་བ་དང༌། བསྒོམ་པ་ལ་བགེགས་བྱེད་ཅིང༌། སྒྲིབ་པར་བྱེད་པར་གྱུར་བར་རིག་པར་བྱའོ། །འདི་ལྟ་སྟེ། ལོག་པར་རྟོགས་པ་དང༌། མ་རྟོགས་པ་དང༌། རྟོགས་པ་ཡང་མ་ཡིན་མ་རྟོགས་པ་ཡང་མ་ཡིན་པ་དང༌། ལོག་པར་རྟོགས་པས་ལོག་པར་སྒྲུབ་པ་དང༌། དེའི་གཞིའི་གནས་རྟེན་དང༌། དེ་འཇིགས་པ་བསྐྱེད་པ་དང༌། རང་བཞིན་གྱིས་ཀུན་ཏུ་སྤྱོད་པའོ།། །།བམ་པོ་བརྒྱད་པ། ཉོན་མོངས་པ་ཆེ་བའི་མཚན་ཉིད་དང༌། དྲག་པའི་མཚན་ཉིད་དང༌། ལྕི་བའི་མཚན་ཉིད་ཇི་ལྟར་རིག་པར་བྱ་ཞེ་ན། མདོར་བསྡུ་ན་རྣམ་པ་དྲུག་གིས་ཏེ། ལྟུང་བ་དང༌། སྐྱེ་བ་དང༌། རྒྱུད་དང༌། གཞི་དང༌། ལས་ཀུན་ནས་སློང་བ་དང༌། མཐར་གྱུར་པས་སོ། །དེ་ལ་ལྟུང་བ་ནི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་གང་གིས་ལྟུང་བ་མ་ལུས་པ་འབྱུང་བར་འགྱུར་རོ། །དེ་ལ་སྐྱེ་བ་ནི་འདོད་པ་ན་སྤྱོད་པའམ། ངན་སོང་དུ་འགྱུར་བ་གང་ཡིན་པའོ། །དེ་ལ་རྒྱུད་ནི་ལང་ཚོ་ལ་བབ་ཅིང་དབང་པོ་ཡོངས་སུ་སྨིན་ལ། འདོད་ཆགས་ལ་སོགས་པ་སྤྱོད་པ་རྣམས་དང༌། ཡོངས་སུ་མྱ་ངན་ལས་འདའ་བའི་
ཆོས་ཅན་མ་ཡིན་པ་རྣམས་ཀྱི་གང་ཡིན་པའོ། །དེ་ལས་གཞི་ནི་བླ་མའི་གནས་ལ་དམིགས་པ་དང༌། ཡོན་ཏན་གྱི་གནས་ལ་དམིགས་པ་དང༌། འཇུག་པར་བྱ་བ་མ་ཡིན་པའི་གནས་ལ་དམིགས་པའོ། །དེ་ལ་ལས་ཀུན་ནས་སློང་བ་ནི། ཉོན་མོངས་པའི་ཀུན་ནས་དཀྲིས་པ་གང་གིས་ཟིལ་གྱིས་ནོན་ཅིང་སེམས་ཡོངས་སུ་ཟིན་ནས། ལུས་དང་ངག་གི་ལས་ཀུན་ནས་སློང་བའོ། །དེ་ལ་མཐར་གྱུར་པ་ནི་ངོ་བོ་ཉིད་ཀྱིས་ཤས་ཆེ་བའི་རྣམ་པར་བསྡུས་པ་གང་ཡིན་པ་སྟེ། དེ་ནི་ཐོག་མར་གཉེན་པོ་ཆུང་ངུས་སྤོང་བར་འགྱུར་རོ། །ཕྱིན་ཅི་ལོག་ནི་རྣམ་པ་བདུན་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ། འདུ་ཤེས་ཕྱིན་ཅི་ལོག་དང༌། ལྟ་བ་ཕྱིན་ཅི་ལོག་དང༌། སེམས་ཕྱིན་ཅི་ལོག་དང༌། མི་རྟག་པ་ལ་རྟག་གོ་སྙམ་པའི་ཕྱིན་ཅི་ལོག་དང༌། སྡུག་བསྔལ་ལ་བདེའོ་སྙམ་པའི་ཕྱིན་ཅི་ལོག་དང༌། མི་གཙང་བ་ལ་གཙང་ངོ་སྙམ་པའི་ཕྱིན་ཅི་ལོག་དང༌། བདག་མེད་པ་ལ་བདག་གོ་སྙམ་པའི་ཕྱིན་ཅི་ལོག་གོ །འདུ་ཤེས་ཕྱིན་ཅི་ལོག་གང་ཞེ་ན། མི་རྟག་པ་ལ་རྟག་གོ་སྙམ་པ་དང༌། སྡུག་བསྔལ་བ་ལ་བདེའོ་སྙམ་པ་དང༌། མི་གཙང་བ་ལ་གཙང་ངོ་སྙམ་པ་དང༌། བདག་མེད་པ་ལ་བདག་གོ་སྙམ་པའི་འདུ་ཤེས་ཀྱི་ཡོངས་སུ་རྟོག་པ་གང་ཡིན་པའོ།། ལྟ་བ་ཕྱིན་ཅི་ལོག་པ་གང་ཞེ་ན། འདུ་ཤེས་ཀྱི་ཡོངས་སུ་རྟོག་པ་དེ་ཉིད་ལ། དེ་བཞིན་དུ་བཟོད་པ་དང༌། འདོད་པ་དང༌། རྣམ་པར་འཇོག་པ་དང༌། མངོན་པར་ཞེན་པ་གང་ཡིན་པའོ། །སེམས་ཕྱིན་ཅི་ལོག་པ་གང་ཞེ་ན། མངོན་པར་ཞེན་པ་དེ་ཉིད་ལ་དེ་བཞིན་དུ་འདོད་ཆགས་ལ་སོགས་པས་ཀུན་ནས་ཉོན་མོངས་པ་གང་ཡིན་པའོ། །དེ་ལ་ཉོན་མོངས་པ་རྣམས་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཉོན་མོངས་པ་ལ་ཕྱིན་ཅི་ལོག་གི་རྩ་བ་ཡང་ཡོད་དོ། །ཕྱིན་ཅི་ལོག་གི་རྒྱུ་མཐུན་པ་ཡང་ཡོད་དོ། །དེ་ལ་ཕྱིན་ཅི་ལོག་གི་རྩ་བ་ནི་མ་རིག་པའོ། །ཕྱིན་ཅི་ལོག་ནི་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པར་ལྟ་བའི་ཕྱོགས་གཅིག་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། འདོད་ཆགས་སོ། །ཕྱིན་ཅི་ལོག་གི་རྒྱུ་མཐུན་པ་ནི། ལོག་པར་ལྟ་བ་དང༌། མཐར་འཛིན་པའི་ལྟ་བའི་ཕྱོགས་གཅིག་དང༌། ཁོང་ཁྲོ་
བ་དང༌། ང་རྒྱལ་དང༌། ཐེ་ཚོམ་མོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི། བདག་མེད་པ་ལ་བདག་གོ་སྙམ་དུ་ཕྱིན་ཅི་ལོག་པའོ། །མཐར་འཛིན་པར་ལྟ་བའི་ཕྱོགས་གཅིག་ནི། མི་རྟག་པ་ལ་རྟག་གོ་སྙམ་དུ་ཕྱིན་ཅི་ལོག་པའོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་མི་གཙང་བ་ལ་གཙང་ངོ་སྙམ་དུ་སེམས་ཕྱིན་ཅི་ལོག་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི། སྡུག་བསྔལ་ལ་བདེའོ་སྙམ་དུ་ཕྱིན་ཅི་ལོག་པའོ། །འདོད་ཆགས་ནི་མི་གཙང་བ་ལ་གཙང་ངོ་སྙམ་དུ་ཕྱིན་ཅི་ལོག་པ་དང༌། སྡུག་བསྔལ་བ་ལ་བདེ་བའོ་སྙམ་དུ་ཕྱིན་ཅི་ལོག་པ་གཉིས་ཀ་ཡང་ཡིན་ནོ། །ཉོན་མོངས་པ་རྣམས་ཀྱི་རྣམ་གྲངས་གང་ཞེ་ན། རྣམ་གྲངས་མང་པོ་སྟེ། འདི་ལྟ་སྟེ། ཀུན་ཏུ་སྦྱོར་བ་རྣམས་དང༌། འཆིང་བ་རྣམས་དང༌། བག་ལ་ཉལ་བ་རྣམས་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། ཀུན་ནས་དཀྲིས་པ་རྣམས་དང༌། ཆུ་བོ་རྣམས་དང༌། སྦྱོར་བ་རྣམས་དང༌། ཉེ་བར་ལེན་པ་རྣམས་དང༌། མདུད་པ་རྣམས་དང༌། སྒྲིབ་པ་རྣམས་དང༌། ཐ་བ་རྣམས་དང༌། དྲི་མ་རྣམས་དང༌། སྡིག་པ་རྣམས་དང༌། ཟུག་རྔུ་རྣམས་དང༌། ཡོངས་འཛིན་རྣམས་དང༌། རྩ་བ་རྣམས་དང༌། ཉེས་པར་སྤྱོད་པ་རྣམས་དང༌། ཟག་བ་རྣམས་དང༌། ཕོངས་པ་རྣམས་དང༌། ཡོངས་སུ་གདུང་བ་རྣམས་དང༌། འཁྲུག་པ་རྣམས་དང༌། འཐབ་པ་རྣམས་དང༌། མེ་རྣམས་དང༌། རིམས་ནད་རྣམས་དང༌། ནགས་སྦྱོར་རྣམས་དང༌། གེགས་རྣམས་དང༌། དེ་ལྟ་བུ་དང་མཐུན་པ་རྣམས་ནི་ཉོན་མོངས་པའི་རྣམ་གྲངས་སོ། །དེ་ལ་སྡུག་བསྔལ་ཀུན་ཏུ་སྦྱོར་བར་བྱེད་པས་ན། ཀུན་ཏུ་སྦྱོར་བ་རྣམས་སོ། །དགེ་བའི་སྤྱོད་པ་ལ་འདོད་དགུར་མི་བྱེད་པས་ན་འཆིང་བ་རྣམས་སོ། །འཇིག་རྟེན་པའི་ཡར་འཕེལ་བ་ཐམས་ཅད་ཀྱི་ས་བོན་དང་ལྡན་པས་ན་བག་ལ་ཉལ་རྣམས་སོ། །ཕྱིན་ཅི་ལོག་རྣམས་ཀྱིས་སེམས་ཉེ་བར་ཉོན་མོངས་པར་བྱེད་པས་ན་ཉེ་བའི་ཉོན་མོངས་པ་རྣམས་སོ། །ཡང་དང་ཡང་རྒྱུན་མི་འཆད་པར་ཀུན་ཏུ་འབྱུང་བས་ན། ཀུན་ཏུ་དཀྲིས་པ་རྣམས་སོ། །གཏིང་དཔག་དཀའ་བ་དང༌། རྒྱུན་ཕྱོགས་སུ་ཁྱེར་བར་བྱེད་པས་ན་ཆུ་བོ་རྣམས་སོ། །ལོག་པར་སྒྲུབ་པའི་ཐབས་ཡིན་བས་ན་སྦྱོར་བ་རྣམས་སོ། །ལུས་ཀྱི་རྒྱུན་
ཉེ་བར་ལེན་བར་བྱེད་པས་ན། ཉེ་བར་ལེན་པ་རྣམས་སོ། །དགྲོལ་དཀའ་བས་ན་མདུད་པ་རྣམས་སོ། །དེ་ཁོ་ནའི་དོན་ལ་སྒྲིབ་གཡོགས་བྱེད་པས་ན་སྒྲིབ་པ་རྣམས་སོ། །དགེ་བའི་ལོ་ཐོག་གི་ཞིང་དུ་མར་གྱུར་པས་ན་ཐ་བ་རྣམས་སོ། །ངོ་བོ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པས་ན་དྲི་མ་རྣམས་སོ། །རྟག་ཏུ་གནོད་པར་བྱེད་པས་ན་སྡིག་པ་རྣམས་སོ། །རབ་ཏུ་མ་ཞི་བའི་མཚན་ཉིད་ཡིན་པ་དང༌། རིང་དུ་སོང་བས་ན། ཟུག་རྔུ་རྣམས་སོ། །ཕུང་པོ་ཡོངས་སུ་འཛིན་པའི་རྒྱུ་བྱེད་པས་ན། ཡོངས་འཛིན་རྣམས་སོ། །མི་དགེ་བའི་རྟེན་དུ་གྱུར་བས་ན་རྩ་བ་རྣམས་སོ། །ལོག་པར་སྒྲུབ་པའི་ངོ་བོ་ཉིད་ཡིན་པས་ན་ཉེས་པར་སྤྱོད་པ་རྣམས་སོ། །སེམས་རྣམ་པར་གཡེངས་པར་བྱེད་པས་ན་ཟག་པ་རྣམས་སོ། །ལོངས་སྤྱོད་ཀྱིས་ཆོག་གི་ཤེས་པས་ན་ཕོངས་པ་རྣམས་སོ། །འདོད་པས་ཕོངས་པར་བྱེད་པས་ན་ཡོངས་སུ་གདུང་བ་རྣམས་སོ། །རྒུད་པ་འདྲེན་པར་བྱེད་པས་ན་འཁྲུག་པ་རྣམས་སོ། །འཐབ་རྩོད་དང༌། མཚང་འབྲུ་བ་དང༌། རྩོད་པ་དང༌། འགྱེད་པའི་རྒྱུར་གྱུར་པས་ན། འཐབ་པ་རྣམས་སོ། །དགེ་བའི་རྩ་བ་བསགས་སོ་ཅོག་གི་བུད་ཤིང་སྲེག་པར་བྱེད་པས་ན་མེ་རྣམས་སོ། །ནད་ཆེན་པོར་གྱུར་པས་ན་རིམས་ནད་རྣམས་སོ། །ལུས་རྣམ་པ་སྣ་ཚོགས་ཀྱི་ཤིང་སྒྲུབ་པར་བྱེད་པས་ན་ནགས་སྦྱོར་རྣམས་སོ། །འདོད་པའི་ཡོན་ཏན་ལ་ཆགས་པར་བྱེད་པ་དང༌། འཇིག་རྟེན་ལས་འདས་པའི་ཆོས་འཐོབ་པའི་བར་ཆད་བྱེད་པས་ན་གེགས་རྣམས་ཏེ། དེ་དག་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྣམ་གྲངས་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་གཙོ་བོར་ཉོན་མོངས་པ་དེ་དང་དེ་དག་རྣམ་གྲངས་དེ་དང་དེར་གཞག་གོ །ཀུན་ཏུ་སྦྱོར་བ་རྣམས་ཞེས་བྱ་བ་ནི་ཀུན་ཏུ་སྦྱོར་བ་དགུ་སྟེ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང༌། རྒྱས་པར་སྔ་མ་བཞིན་ནོ། །འཆིང་བ་རྣམས་ཞེས་བྱ་བ་ནི་འཆིང་བ་གསུམ་སྟེ། འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་རྣམས་སོ། །བག་ལ་ཉལ་ཞེས་བྱ་བ་ནི། བག་ལ་ཉལ་བདུན་ཏེ། འདོད་པའི་འདོད་ཆགས་ཀྱི་བག་ལ་ཉལ་བ་དང༌། རྒྱས་པར་སྔ་མ་བཞིན་ནོ། །ཉེ་བའི་ཉོན་མོངས་པ་རྣམས་ཞེས་བྱ་བ་ནི། ཉེ་བའི་ཉོན་མོངས་པ་གསུམ་སྟེ།
འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམས་སོ། །ཀུན་ནས་དཀྲིས་པ་རྣམས་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པ་བརྒྱད་དེ། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཕྲག་དོག་དང༌། སེར་སྣའོ། །ཆུ་བོ་རྣམས་ཞེས་བྱ་བ་ནི་ཆུ་བོ་བཞི་སྟེ། འདོད་པའི་ཆུ་བོ་དང༌། སྲིད་པའི་ཆུ་བོ་དང༌། ལྟ་བའི་ཆུ་བོ་དང༌། མ་རིག་པའི་ཆུ་བོའོ། །ཆུ་བོ་རྣམས་ཇི་ལྟ་བ་བཞིན་དུ་སྦྱོར་བ་རྣམས་ཀྱང་དེ་དང་འདྲའོ། །ཉེ་བར་ལེན་པ་རྣམས་ཞེས་བྱ་བ་ནི། ཉེ་བར་ལེན་པ་བཞི་སྟེ། འདོད་པའི་ཉེ་བར་ལེན་པ་དང༌། ལྟ་བའི་ཉེ་བར་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པ་དང༌། བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །མདུད་པ་རྣམས་ཞེས་བྱ་བ་ནི་མདུད་པ་བཞི་སྟེ། བརྣབ་སེམས་ལུས་ཀྱི་མདུད་པ་དང༌། གནོད་སེམས་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། འདི་ནི་བདེན་ནོ་སྙམ་དུ་མངོན་པར་ཞེན་པ་མཆོག་ཏུ་འཛིན་པའི་ལུས་ཀྱི་མདུད་པའོ། །སྒྲིབ་པ་རྣམས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་སྟེ། འདོད་པ་ལ་འདུན་པའི་སྒྲིབ་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་གྱི་སྒྲིབ་པའོ། །ཐ་བ་རྣམས་ཞེས་བྱ་བ་ནི་ཐ་བ་གསུམ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གོ །ཐ་བ་རྣམས་ཇི་ལྟ་བ་བཞིན་དུ། དྲི་མ་རྣམས་དང༌། སྡིག་པ་རྣམས་དང༌། ཟུག་རྔུ་རྣམས་དང༌། ཡོངས་འཛིན་དང༌། ཉེས་པར་སྤྱོད་པ་རྣམས་ཀྱང་དེ་དང་འདྲའོ། །རྩ་བ་རྣམས་ཞེས་བྱ་བ་ནི་རྩ་བ་གསུམ་སྟེ། ཆགས་པ་མི་དགེ་བའི་རྩ་བ་དང༌། ཞེ་སྡང་དང༌། གཏི་མུག་མི་དགེ་བའི་རྩ་བའོ། །ཟག་པ་རྣམས་ཞེས་བྱ་བ་ནི་ཟག་པ་གསུམ་སྟེ། འདོད་པའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པའོ། །ཕོངས་པ་རྣམས་ཞེས་བྱ་བ་ནི་ཕོངས་པ་གསུམ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམས་སོ། ཕོངས་པ་རྣམས་ཇི་ལྟ་བ་བཞིན་དུ་ཡོངས་སུ་གདུང་བ་རྣམས་དང༌། འཁྲུག་པ་རྣམས་དང༌། འཐབ་པ་རྣམས་དང༌། མེ་རྣམས་དང༌། རིམས་ནད་རྣམས་དང༌། ནགས་སྦྱོར་རྣམས་ཀྱང་དེ་
དང་འདྲའོ། །གགས་རྣམས་ཞེས་བྱ་བ་ནི། གགས་ལྔ་སྟེ། ལུས་ལ་ལྟ་བ་དང༌། འདོད་པ་ལ་ལྟ་བ་དང༌། འདྲེ་བར་གནས་པ་དང༌། མཐུན་པའི་གཏམ་མེད་པ་དང༌། ཆུང་ངུ་དང་ངན་པ་ཙམ་གྱིས་ཆོག་པར་འཛིན་པའོ། །ཉོན་མོངས་པ་རྣམས་ཀྱི་ཉེས་དམིགས་གང་ཞེ་ན། ཉེས་དམིགས་རྣམ་པ་དུ་མར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཉོན་མོངས་པ་སྐྱེ་བ་ན་ཐོག་མ་ཉིད་དུ་སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང༌། དམིགས་པ་ལ་ཕྱིན་ཅི་ལོག་པར་བྱེད་པ་དང༌། བག་ལ་ཉལ་བརྟེན་པར་བྱེད་པ་དང༌། རྒྱུ་མཐུན་པའི་འདུ་བྱེད་ཀྱི་རྒྱུད་འཇུག་པར་བྱེད་པ་དང༌། བདག་ལ་གནོད་པ་དང༌། ཕ་རོལ་ལ་གནོད་པ་དང༌། གཉི་ག་ལ་གནོད་པར་འགྱུར་བ་དང༌། ཚེ་འདི་དང་ཚེ་ཕྱི་མ་དང་ཚེ་འདི་དང་ཕྱི་མ་གཉི་གའི་ཁ་ནམ་ཐོ་བ་སྐྱེད་པ་དང༌། དེ་ལས་སྐྱེས་པའི་སེམས་ལས་བྱུང་བ་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་ཉམས་སུ་མྱོང་བར་བྱེད་པ་དང༌། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འགྲུབ་པར་བྱེད་པ་དང༌། མྱ་ངན་ལས་འདས་པ་ལ་རྒྱུད་ཐག་རིང་བར་བྱེད་པ་དང༌། དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་བྱེད་པ་དང༌། ལོངས་སྤྱོད་ཉམས་པར་འགྱུར་བ་དང༌། འཁོར་གྱི་ནང་དུ་སོང་བ་ན་ཞུམ་པ་དང༌། དགའ་བ་མེད་པ་དང༌། མི་འཇིགས་པ་མེད་པ་དང༌། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྡིག་པ་དང་བསྔགས་པ་མ་ཡིན་པ་གྲགས་པ་དང༌། སྒྲ་དང་ཚིགས་སུ་བཅད་པར་གྲགས་པར་འགྱུར་བ་དང༌། དམ་པ་རྣམས་ཀྱིས་སྨད་པར་འགྱུར་བ་དང༌། འགྱོད་བཞིན་དུ་འཆི་བའི་དུས་བྱེད་པ་དང༌། ལུས་ཞིག་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་དང༌། བདག་གི་དོན་ཐོབ་པར་མི་འགྱུར་བའོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་གང་ཞེ་ན། སྡོམ་ནི། ངོ་བོ་ཉིད་དང་རབ་དབྱེ་དང༌། །རྒྱུ་དང་གནས་སྐབས་སྒོ་རྣམས་དང༌། །ལྕི་བ་དང་ནི་ཕྱིན་ཅི་ལོག །རྣམ་གྲངས་དང་ནི་སྐྱོན་ཉིད་དོ། །ལས་རྣམས་ཀྱི་ངོ་བོ་ཉིད་ཀྱང་རིག་པར་བྱའོ། །རབ་ཏུ་དབྱེ་བ་དང༌། རྒྱུ་དང་གནས་སྐབས་དང༌། སྒོ་དང༌། ལྕི་བ་དང༌། ཕྱིན་ཅི་ལོག་དང༌། རྣམ་གྲངས་དང༌། ཉེས་དམིགས་ཀྱང་
རིག་པར་བྱའོ། །ལས་ཀྱི་ངོ་བོ་ཉིད་གང་ཞེ་ན། ཆོས་གང་སྐྱེ་བ་ན་མངོན་པར་འདུ་བྱེད་པའི་མཚན་ཉིད་ཀྱང་སྐྱེ་ལ། དེ་སྐྱེས་པས་དེའི་རྗེས་ལ་ལུས་ཀྱི་མངོན་པར་འདུ་བྱེད་པ་དང༌། ངག་གི་མངོན་པར་འདུ་བྱེད་པ་འཇུག་པར་འགྱུར་ཏེ། འདི་ནི་ལས་ཀྱི་ངོ་བོ་ཉིད་ཅེས་བྱའོ། །ལས་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། གང་ཟག་གི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་དང༌། ཆོས་ཀྱི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བའོ། །དེ་དག་ཀྱང་དགེ་བ་དང༌། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། སྲོག་གཅོད་པ་དང༌། སྲོག་གཅོད་པ་སྤངས་པ་དང༌། མ་བྱིན་པར་ལེན་པ་དང༌། མ་བྱིན་པར་ལེན་པ་སྤངས་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། འདོད་པ་ལ་ལོག་པར་གཡེམ་པ་སྤངས་པ་དང༌། བརྫུན་དུ་སྨྲ་བ་དང༌། བརྫུན་དུ་སྨྲ་བ་སྤངས་པ་དང༌། ཕྲ་མ་དང༌། ཕྲ་མ་སྤངས་པ་དང༌། ཚིག་རྩུབ་པོ་དང༌། ཚིག་རྩུབ་པོ་སྤངས་པ་དང༌། ཚིག་ཀྱལ་པ་དང༌། ཚིག་ཀྱལ་བ་སྤངས་པ་དང༌། བརྣབ་སེམས་དང༌། བརྣབ་སེམས་སྤངས་པ་དང༌། གནོད་སེམས་དང་གནོད་སེམས་སྤངས་པ་དང༌། ལོག་པར་ལྟ་བ་དང༌། ལོག་པར་ལྟ་བ་སྤངས་པའོ། །དེ་ལ་གང་ཟག་གི་མཚན་ཉིད་རྣམ་པར་གཞག་པ་ནི། སྲོག་གཅོད་པར་བྱེད་པ་ཡིན་ཞེས་རྒྱས་པར་ཇི་སྐད་གསུངས་པ་ལྟ་བུ་སྟེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དེ་ལ་སྲོག་གཅོད་པར་བྱེད་པ་ཡིན་ཞེས་བྱ་བ་འདི་ནི་བསྟན་པའི་ཚིག་གོ །དྲག་པོ་ཞེས་བྱ་བ་ནི་གསོད་པ་དང༌། རྣམ་པར་འཚེ་བའི་སེམས་ཉེ་བར་གནས་པའི་ཕྱིར་རོ། །ལག་པ་ཁྲག་ཅན་ཞེས་བྱ་བ་ནི་དེ་གསང་བ་སྒྲུབ་པའི་ཕྱིར་ལུས་གྱུར་པའོ། །གསད་པ་དང་གསེ་བ་ལ་ཞེན་པ་ཞེས་བྱ་བ་ནི། སྲོག་དང་ཕྲལ་ནས་ཡན་ལག་སོ་སོར་གསེ་སྟེ། འཚོ་བའི་ཡོ་བྱད་དུ་བྱེད་པའི་ཕྱིར་རོ། །ངོ་ཚ་མེད་པ་ཞེས་བྱ་བ་ནི་བདག་གི་ཁ་ན་མ་ཐོ་བ་བསྐྱེད་པའི་ཕྱིར་རོ། །སྙིང་རྗེ་མེད་པར་ཞུགས་པར་ཞེས་བྱ་བ་ནི་གཞན་དག་ལ་མི་སྡུག་པ་བསྒྲུབ་པའི་ཕྱིར་རོ། །རབ་ཏུ་བྱུང་བ་གཅེར་བུ་པ་ཞེས་བྱ་བ་དག་ཡོད་དེ། དེ་དག་འདི་སྐད་དུ་དཔག་ཚད་བརྒྱ་ཚུན་ཆད་ན་འཁོད་པའི་སྲོག་ཆགས་གང་ཡིན་པ་དེ་དག་གི་ཕྱིར་བསྡམས་པ་མི་བསྡམ་པ་ཡིན་ནོ་ཞེས་ཟེར་ཏེ། དེའི་གཉེན་པོར་
སེམས་ཅན་ཐམས་ཅད་ལ་ཞེས་གསུངས་སོ། །ཡང་དེ་དག་ཉིད་འདི་སྐད་དུ་འདི་ལྟར་ཤིང་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་རྣམས་སྲོག་ཆགས་སུ་གྱུར་པ་ཡིན་ནོ་ཞེས་ཟེར་ཏེ། དེའི་གཉེན་པོར་ནི། སྲོག་ཆགས་འབྱུང་པོ་རྣམས་ལ་ཞེས་གསུངས་ཏེ། དེ་ལྟར་ན་སྤོང་བའི་བསོད་ནམས་བཟང་པོ་ཡང་གཉེན་པོར་བསྟན་པ་ཡིན་ལ། སྤོང་བའི་བསོད་ནམས་བཟང་པོ་མ་ཡིན་པ་ཡང་གཉེན་པོར་བསྟན་པ་ཡིན་ནོ། །ཇི་སྐད་བསྟན་པའི་ཚིག་འདི་དག་གིས་ནི་མངོན་པར་འདུ་བྱེད་པས་གསོད་པ་ཁོ་ན་ཡོངས་སུ་བསྟན་ཏོ། །ཐ་ན་སྲོག་ཆགས་གྲོག་སྦུར་ཡན་ཆད་ཀྱི་ཕྱིར་ཞེས་བྱ་བའི་ཚིག་འདིས་ནི་བསྲུང་བར་དཀའ་བ་གསོད་པ་ཡོངས་སུ་བསྟན་པ་ཡིན་ནོ། །སྲོག་གཅོད་པ་མ་སྤངས་པ་ཡིན་ཞེས་བྱ་བ་ནི་ནམ་མ་སྤངས་ཀྱི་བར་དུ་སྲོག་གཅོད་པར་བྱེད་པ་ཞེས་བྱ་སྟེ། རྐྱེན་དང་ལྡན་ན་ལྡང་བའི་སྐབས་ཡོད་པར་ཡོངས་སུ་བསྟན་ཏོ། །དོན་མདོར་བསྡུ་ན་ཚིག་འདི་དག་ཐམས་ཅད་གྱིས་སྲོག་གཅོད་པར་བྱེད་པའི་རྟགས་དང༌། སྲོག་གཅོད་པའི་བྱ་བ་དང༌། སྲོག་གཅོད་པའི་རྒྱུ་དང༌། སྲོག་གཅོད་པའི་གཞིའི་བྱ་བའི་རབ་ཏུ་དབྱེ་བ་རྣམས་ཡོངས་སུ་བསྟན་པ་ཡིན་ནོ། །གཞན་ཡང་དོན་མདོར་བསྡུ་ན། སྲོག་གཅོད་པར་བྱེད་པ་ཇི་ལྟ་བུ་ཡིན་པ་དང༌། སྲོག་ཆགས་ཇི་ལྟར་གསོད་པ་དང༌། སྲོག་ཆགས་གསོད་པ་གང་གིས་དེ་སྲོག་གཅོད་པར་བྱེད་པ་ཡིན་པ་དེ་ཡོངས་སུ་བསྟན་ཏེ། འདི་ཡང་སྲོག་གཅོད་པར་བྱེད་པའི་གང་ཟག་གི་མཚན་ཉིད་ཡོངས་སུ་བསྟན་པ་ཡིན་གྱི་སྲོག་གཅོད་པའི་མཚན་ཉིད་ནི་མ་ཡིན་ནོ། །མ་བྱིན་པར་ལེན་པར་བྱེད་པ་ཡིན་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ །དེས་གཞན་དག་གི་ཞེས་བྱ་བ་ནི་གཞན་གྱིས་ཡོངས་སུ་བཟུང་བའི་ནོར་དང༌། འབྲུ་ལ་སོགས་པའི་དངོས་པོའོ། །གྲང་ན་ཡོད་པ་ཞེས་བྱ་བ་ནི་དེ་དག་ཉིད་ཀྱི་གྲོང་དུ་གཞག་པའམ་བསྐྱབ་པ་གང་ཡིན་པའོ། །དགོན་པ་ན་ཡོད་པ་ཞེས་བྱ་བ་ནི་དེ་དག་ཉིད་དགོན་པ་ནས་སྐྱེས་པའམ། བསྡུས་པའམ་བསྐྱབ་པ་གང་ཡིན་པའོ། །རྐུ་བར་བགྲང་བ་ཞེས་བྱ་བ་ནི། མ་བྱིན་པ་དང༌། མ་བཏང་བ་དང༌། མ་སྤངས་པ་གང་ཡིན་པའོ། །ལེན་པར་བྱེད་ཅེས་བྱ་བ་ནི་བདག་གིར་བྱེད་
པ་གང་ཡིན་པའོ། །མ་བྱིན་པར་ལེན་པར་བྱེད་པ་ཞེས་བྱ་བ་ནི་བརྒྱ་ལ་ཡོ་བྱད་མེད་པའི་ཕྱིར་བདག་གིར་བྱེད་པའོ། །མ་བྱིན་པ་ལ་དགའ་བ་ཞེས་བྱ་བ་ནི། རྐུ་བའི་ལས་དེ་ཡང་དག་པར་བླངས་ཏེ་འདུག་པའོ། མ་བྱིན་པ་དང༌། མ་བཏང་བ་དང༌། མ་སྤངས་པ་འདོད་པ་ཞེས་བྱ་བ་ནི་གཞན་གྱིས་བརྐུས་པ་བདག་གིར་བྱེད་པར་འདོད་པའོ། །དེ་ལ་སྦྱིན་པ་པོ་བདག་པོས་སྐྱིན་པའི་ཚུལ་གྱིས་སྔར་བྱིན་པ་མ་བྱིན་པ་ཞེས་བྱའོ། །བདག་པོས་ལེན་པ་པོའི་ཕྱིར་ཡོངས་སུ་བཏང་བ་མ་ཡིན་པ་གང་ཡིན་པ་དེ་ནི་མ་བཏང་བ་ཞེས་བྱ་བའོ། །བདག་པོ་ཉིད་ཀྱིས་སྐྱེ་བོ་ཐམས་ཅད་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར། ཇི་ལྟ་ཇི་ལྟར་འདོད་པ་བཞིན་དུ་ལེན་པར་བྱ་བའི་དོན་དུ། མ་སྤངས་པ་གང་ཡིན་པ་དེ་ནི་མ་སྤངས་པ་ཞེས་བྱའོ། །རྐུ་བ་བདག་ཉིད་ཡོངས་སུ་སྤེད་དོ་ཞེས་བྱ་བ་ནི་མ་བྱིན་པར་ལེན་པར་བྱེད་པ་དང༌། མ་བྱིན་པར་ལེན་པ་ལ་དགའ་བའི་ཕྱིར་རོ། །བརྐམ་པ་ཡོངས་སུ་སྤེད་དོ་ཞེས་བྱ་བ་ནི་མ་བྱིན་པ་དང༌། མ་བཏང་བ་དང༌། མ་སྤངས་པ་འདོད་པའི་ཕྱིར་རོ། །མ་དག་པ་ཡོངས་སུ་སྦེད་ཅེས་བྱ་བ་ནི་རྩོད་པ་ལ་ཕམ་པར་གྱུར་ཏེ་མ་དག་པའི་ཕྱིར་རོ། །མི་གཙང་བ་ཡོངས་སུ་སྦེད་ཅེས་བྱ་བ་ནི་ཕམ་པར་མ་གྱུར་ཀྱང༌། ཉེས་པ་དེས་དྲི་མ་ཅན་དུ་གྱུར་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་དང་བཅས་པ་ཡོངས་སུ་སྦེད་ཅེས་བྱ་བ་ནི། ཚེ་འདི་དང་ཕྱི་མ་ལ་མི་སྡུག་པའི་འབྲས་བུའི་རྒྱུ་ཡོངས་སུ་འཛིན་པའི་ཕྱིར་རོ། །མ་བྱིན་པར་ལེན་པ་མ་སྤངས་པ་ཡིན་ཞེས་བྱ་བ་ནི་སྲོག་གཅོད་པ་རྣམ་པར་དབྱེ་བ་བཞིན་དུ། འདི་དང་དེ་ལས་གཞན་པའི་ལས་ཀྱི་ལམ་རྣམས་ལ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །དོན་མདོར་བསྡུ་ན། གང་ལས་བརྐུས་ན་མ་བྱིན་པར་ལེན་པར་བྱེད་པ་ཡིན་པ་དང༌། གནས་གང་ཡིན་པ་དང༌། ཐབས་ཇི་ལྟར་བརྐུ་བ་དང༌། ཉེས་པ་དེ་ལས་སྐྱོན་དང་ལྡན་པར་འགྱུར་བ་འདི་ནི་བསྡུས་པའི་དོན་ཡིན་ནོ། །འདི་ཡང་མ་བྱིན་པར་ལེན་པར་བྱེད་པའི་གང་ཟག་གི་མཚན་ཉིད་ཡིན་གྱི། མ་བྱིན་པར་ལེན་པའི་མཚན་ཉིད་མ་ཡིན་པར་རིག་པར་བྱའོ། །ལྷག་མ་རྣམས་ཀྱང་དེ་དང་འདྲའོ། །འདོད་པ་ལ་ལོག་པར་གཡེམ་པར་བྱེད་པ་ཡིན་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ །གང་དེ་དག་
ཕ་མ་ལ་སོགས་པས་བསྲུངས་ཞེས་བྱ་བ་ནི། འདི་ལྟ་སྟེ། ཕ་མས་བདག་གི་བུ་མོ་ཁྱིམ་ཐབ་ལ་གཏང་བའི་ཕྱིར་དེ་ལས་གཞན་པ་དང་ལྷན་ཅིག་ཏུ་འཁྲིག་པ་ལས་སྦ་བ་དང་སྲུང་བར་བྱེད་ཅིང༌། དུས་དུས་སུ་མྱུལ་བ་དང༌། ཕམ་ཤིན་ཡང་དེ་དང་འབྲེལ་པའི་མིང་པོའམ་ཕུ་ནུ་མོས་བསྲུངས་པ་དང༌། དེ་ཡང་མེད་ན་གཉེན་གྱིས་བསྲུངས་པ་དང༌། དེ་ཡང་མེད་ན་བདག་ཉིད་ཀྱིས་འདི་ནི་ཚོ་རིགས་ཀྱི་ཆ་མ་ཡིན་ནོ་སྙམ་དུ་ཤེས་ནས། བདག་ཉིད་ཀྱིས་བདག་ཉིད་བསྲུང་བའོ། །གྱོས་པོ་དང༌། སྒྱུག་མོས་བསྲུངས་པ་ཞེས་བྱ་བ་ནི་རང་གི་བུའི་ཕྱིར་རོ། །ཆད་པ་ཡོད་པ་ཞེས་བྱ་བ་ནི་རྒྱལ་པོ་དང༌། བསྐོས་པས་ཆད་པའི་ཁྲིམས་ཀྱིས་བསྲུངས་པའོ། །བར་ཆད་ཡོད་པ་ཞེས་བྱ་བ་ནི་སྒོ་སྲུང་གིས་བསྲུངས་པའོ། །བསྲུངས་པ་དེ་ཡང་བག་མར་མ་སོང་བ་ལ་ནི། མདོར་བསྡུ་ན་རྣམ་པ་གསུམ་དུ་བསྟན་ཏེ། བླ་མ་དང་བྱམས་པའི་མི་དང༌། བདག་ཉིད་ཀྱིས་བསྲུངས་པས་བསྲུང་བ་དང༌། རྒྱལ་པོ་དང་བསྐོས་པས་བསྲུང་བ་དང༌། སྒོ་སྲུང་གིས་བསྲུང་བའོ། །གཞན་གྱི་ཆུང་མ་ཡིན་ཞེས་བྱ་བ་ནི་དེ་ཉིད་བག་མར་སོང་བའོ། །གཞན་གྱིས་ཡོངས་སུ་མ་བཟུང་བ་ཞེས་བྱ་བ་ནི་དེ་ཉིད་བག་མར་མ་སོང་བ་དང༌། བསྲུང་བ་རྣམ་པ་གསུམ་གྱིས་ཀྱང་མ་བསྲུངས་པའོ། །དེས་དེ་ལྟ་བུ་དག་ལ་བབ་ཅོལ་དུ་ཞེས་བྱ་བ་ནི་འཁྲུལ་པ་བསྐྱེད་ནས་སོ། །མཐུས་ཞེས་བྱ་བ་ནི་མི་འདོད་པ་བཞིན་ཕ་མ་ལ་སོགས་པ་ཐམས་ཅད་ཀྱིས་མཐོང་བར་མཐུ་དཀར་འདོར་བའོ། །ནན་གྱིས་ཞེས་བྱ་བ་ནི་མི་འདོད་བཞིན་དུ་དེ་དག་གིས་མ་མཐོང་བར་རྐུ་བའོ། །འདོད་བ་དག་ལ་སྤྱོད་པར་བྱེད་པ་ཞེས་བྱ་བ་ལ་འདིར་འདོད་པ་ཞེས་བྱ་བའི་དོན་ནི་གཉིས་ཀྱིས་གཉིས་སྤོད་པ་ཡིན་པར་བསྟན་ཏོ། །ལོག་པར་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ་ནི་བདག་གི་ཆུང་མ་ལ་ཡང་ཡན་ལག་མ་ཡིན་པ་དང༌། ཡུལ་མ་ཡིན་པ་དང༌། དུས་མ་ཡིན་པར་བྱེད་ན་དེ་དག་གིས་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་བའོ། །དོན་མདོར་བསྡུ་ན། གང་ལ་འཇུག་པ་དང༌། ཇི་ལྟར་འཇུག་ན་འདོད་པ་ལ་ལོག་པར་གཡེམ་པ་ཡིན་པ་དེ་ཡོངས་སུ་བསྟན་ཏོ། །བརྫུན་དུ་སྨྲ་བ་ཡིན་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ །རྒྱལ་པོའི་ཕོ་བྲང་འཁོར་ཞེས་
བྱ་བ་ནི། རྒྱལ་པོའི་འོ། །བསྐོས་པ་ཞེས་བྱ་བ་ནི་དེའི་སྣ་ལ་གཏོགས་པའོ། །འཁོར་ཞེས་བྱ་བ་ནི་ཚོང་བའི་སྡེ་ཚན་ཐ་དད་པའོ། །འདུས་པ་ཞེས་བྱ་བ་ནི་དེ་དག་དང་ཕྱོགས་བཞིའི་སྐྱེ་བོའི་ཚོགས་སོ། །ཤེས་པ་ཞེས་བྱ་བ་དེ་ནི་ཐ་སྙད་རྣམ་པ་གསུམ་གྱིས་མྱོང་བ་གང་ཡིན་པའོ། །མཐོང་བ་ཞེས་བྱ་བ་ནི་མཐོང་བ་ཁོ་ནས་མྱོང་བའོ། །བདག་གི་ཕྱིར་ཞེས་བྱ་བ་ནི་འཇིགས་པའི་ཕྱིར་རམ། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་རོ། །བདག་གི་ཕྱིར་ཇི་ལྟ་བ་བཞིན་དུ་གཞན་གྱི་ཕྱིར་རམ། གཉི་གའི་ཕྱིར་ཡང་དེ་དང་འདྲའོ། །འཇིགས་པའི་ཕྱིར་ཞེས་བྱ་བ་ནི་གསོད་པ་དང༌། འཆིང་བ་དང༌། ཆད་པ་དང༌། ཉམས་པ་དང༌། སྨད་པ་ལ་སོགས་པས་འཇིགས་པའི་ཕྱིར་རོ། །ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཞེས་བྱ་བ་ནི་ནོར་དང༌། འབྲུ་དང་དབྱིག་ལ་སོགས་པའི་ཕྱིར་རོ། །ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲ་བ་ཞེས་བྱ་བ་ནི་འདུ་ཤེས་དང༌། འདོད་པ་དང༌། ལྟ་བ་བསྒྱུར་ནས་སྨྲ་བའི་ཕྱིར་ཏེ། དོན་མདོར་བསྡུ་ན་གནས་པ་དང༌། གཞན་དུ་སྨྲ་བ་དང༌། གཞི་དང༌། འདུ་ཤེས་བསྒྱུར་བ་ལ་བརྫུན་དུ་སྨྲ་བ་ཡིན་པར་རིག་པར་བྱའོ། །ཕྲ་མ་ཅན་ཡིན་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ །རྣམ་པར་འབྱེད་པར་བྱེད་པ་ཞེས་བྱ་བ་ནི་དབྱེ་བའི་བསམ་པ་དང་ལྡན་པའི་ཕྱིར་རོ། །འདི་དག་ལས་ཐོས་ནས་དེ་དག་ལ་ཟློས་པ་དང༌། དེ་དག་ལས་ཐོས་ནས་འདི་དག་ལ་ཟློས་པ་ཞེས་བྱ་བ་ནི། དབྱེ་བ་དང་མཐུན་པའི་ཚིག་ཇི་སྐད་ཐོས་པའོ། །མཐུན་པ་རྣམས་འབྱེད་པར་བྱེད་ཅེས་བྱ་བ་ན་མི་དགའ་བ་བསྐྱེད་པས་སོ། །བྱེ་བ་རྣམས་མི་འདུམ་པར་བྱེད་ཅེས་བྱ་བ་ནི། དགའ་བར་འགྱུར་བ་གཅོད་པས་སོ། །མི་འདུམ་པར་དགའ་བ་ཡིན་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་མི་དགའ་བ་བསྐྱེད་པའོ། །མི་འདུམ་པར་མོས་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་དགའ་བར་འགྱུར་བ་དང་མི་མཐུན་པར་བྱེད་པའོ། །མི་མཐུན་པར་བྱ་བའི་ཚིག་སྨྲ་བ་ཞེས་བྱ་བ་ནི། མ་ཐོས་པའམ། གཞན་ལ་འཚོལ་བ་སྟེ། དོན་མདོར་བསྡུ་ན། དབྱེ་བའི་བསམ་པ་དང༌། མ་བྱེ་བ་དབྱེ་བའི་སྦྱོར་བ་དང༌། བྱེ་བ་མི་མཐུན་པར་བྱ་བའི་སྦྱོར་བ་དང༌། བྱེ་བ་ལ་ཉོན་མོངས་པ་ཅན་གྱི་སེམས་ཡོད་པ་དང༌། གཞན་ལ་འཆོལ་བ་ཡང་ཡོངས་སུ་བ་སྟན་པ་
ཡིན་ནོ། །ཚིག་རྩུབ་བོ་སྨྲ་བ་ཡིན་ཞེས་པ་ནི་བསྟན་པའི་ཚིག་གོ །དེ་ལ་ཚུལ་ཁྲིམས་ཀྱི་ཡན་ལག་གིས་ཡོངས་སུ་བཟུང་བས་ནི་མི་གཡོ་བའི་ངག་ཅེས་བྱའོ། །ཚིག་དང་ཡི་གེ་སྙན་ཅིང་མཉེན་པས་ན་རྣར་སྙན་པའོ། །ལྷག་པའི་བསམ་པས་རབ་ཏུ་སྦྱར་བ་དང༌། བཅོས་མ་མ་ཡིན་པ་དང༌། གཡོས་གནོད་པར་འགྱུར་བ་མེད་པས་ན་ཡིད་དུ་འོང་བ་ཞེས་བྱའོ། །སྒྲོ་འདོགས་པར་བྱེད་པ་དང༌། དུས་དང༌། ཚོད་དང༌། དོན་དང་ལྡན་པས་ན་དགའ་བར་བྱེད་པའོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་བྱས་པས་ན་ཕོ་བྲང་འཁོར་བའི་སྐད་དོ། །ཚིག་དང་ཡི་གེ་སྙན་པས་ན་སྙན་ཅིང་འཇིབས་པའོ། །ཚིག་དང་ཡི་གེ་ལེགས་པར་སྦྱར་བས་ན་རྣམ་པར་གསལ་པའོ། །བརྡ་ཕྲད་པར་བྱེད་པས་ན་རྣམ་པར་རིག་པའོ། །ཆོས་དང་ལྡན་པས་ན་མཉན་པར་འོས་པའོ། །ཟང་ཟིང་མེད་པའི་སེམས་ལས་བྱུང་བས་ན་མི་གནས་པའོ། །ཚིག་རན་པས་ན་མི་མཐུན་པ་མེད་པའོ། །རྒྱུན་ཆགས་པ་དང༌། འཇིགས་པ་མེད་པས་ན་གཏུགས་པ་མེད་པའོ། །མི་གཡོ་བ་མན་ཆད་གཏུགས་པ་མེད་པའི་བར་དེ་དག་ཀྱང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། རྣམ་པ་གཅིག་ནི་ཚུལ་ཁྲིམས་ཀྱི་སྡོམ་པར་འདུས་སོ། །རྣམ་པ་གསུམ་ནི་ཡང་དག་པར་དགའ་བར་བྱེད་པའོ། །རྣམ་པ་ལྷག་མ་རྣམས་ནི་ཆོས་སྟོན་པ་སྟེ། ཕྱི་མ་དེ་ཡང་རྣམ་པ་དང་པོ་ནི་དབང་དུ་བྱ་བ་དང་ལྡན་པའོ། །གཉིས་ཀྱིས་ནི་ཡི་གེ་ལྔ་དང་ལྡན་པའོ། །ལྷག་མ་རྣམས་ནི་སྦྱོར་བ་དང་ལྡན་པ་ཡིན་པར་རིག་པར་བྱའོ། །མ་འོངས་པའི་དུས་ལ་བརྟེན་ན་འདོད་པར་བྱ་བ་ཡིན་པའི་ཕྱིར་འདོད་པའོ། །འདས་པའི་དུས་ལ་བརྟེན་ན་འདོད་པར་བྱ་བ་ཡིན་པའི་ཕྱིར་སྡུག་པའོ། །ད་ལྟར་གྱི་དུས་ལ་བརྟེན་དངོས་པོ་དང་ཉམས་སུ་མྱོང་བར་འདོད་པར་བྱ་བ་ཡིན་པའི་ཕྱིར་དགའ་བ་དང༌། ཡིད་དུ་འོང་བར་རིག་པར་བྱའོ། །ཡང་དག་པར་དགའ་བར་བྱེད་པ་གང་ཡིན་པ་དེ་ནི། སྐྱེ་བོ་མང་པོས་འདོད་པ་དང༌། སྐྱེ་བ་དང༌། དགའ་བ་དང༌། ཡིད་དུ་འོང་བའོ། །ཆོས་སྟོན་པ་གང་ཡིན་པ་དེ་ནི་མཉམ་པར་གཞག་པའོ། །ཚུལ་ཁྲིམས་ཀྱི་ཡན་ལག་ཡོངས་སུ་བཟུང་བ་གང་ཡིན་པ་དེ་ནི་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་དུ་འགྱུར་བའོ། །དེ་ལ་ཞེར་འདེབས་
པ་གང་ཡིན་པ་དེ་ནི་ཞེ་སྡང་གི་དུག་གཏོང་བའི་ཕྱིར་ཕ་རོལ་ལ་གནོད་པའོ། །རྩུབ་པ་ནི་སྡུག་བསྔལ་བའི་རེག་པ་ཡིན་པའི་ཕྱིར་ཕ་རོལ་ལ་རྩུབ་པའོ། །ལྷག་མ་རྣམས་ནི་དཀར་པོའི་ཕྱོགས་བཟློག་པ་ལས་རིག་པར་བྱའོ། །ཚིག་ཀྱལ་བ་ཅན་ཡིན་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ །དུས་གསུམ་དུ་ཚིག་ལྔའི་དབང་དུ་བྱས་པ་སྟེ། ལོག་པར་གླེང་བའི་དུས་ན་དུས་མ་ཡིན་པར་སྨྲ་བས་ན་དུས་ལ་མ་བབ་པར་སྨྲ་བའོ། །ཡང་དག་པ་མ་ཡིན་པར་སྨྲ་བས་ན། ཡང་དག་པ་མ་ཡིན་པར་སྨྲ་བའོ། །དོན་དང་མི་ལྡན་པར་སྨྲ་བས་ན་དོན་མེད་པར་སྨྲ་བའོ། །རྩུབ་པོར་སྨྲ་བས་ན་ཆོས་མ་ཡིན་པར་སྨྲ་བའོ། །ཞེ་སྡང་གི་སྐབས་སྨྲ་བས་ན་མ་བརྟགས་པར་སྨྲ་བའོ། །ཆོས་ལོག་པར་སྟོན་པའི་དུས་ན་མ་བསམས་ཤིང་ལེགས་པར་མ་བརྟགས་པར་སྟོན་པས་ན་མ་བརྟགས་པའི་ཚིག་སྨྲ་བ་ཡིན་ནོ། །བརྙས་ཤིང་ཉན་པ་ན་སྟོན་པས་ན་དུས་མ་ཡིན་པའོ། །སྔ་མ་དང་ཕྱི་མའི་དོན་འབྲེལ་པ་མེད་པས་ན་མ་འབྲེལ་པའོ། །རིགས་པ་དང་མི་ལྡན་པའི་གཏན་ཚིགས་སྟོན་པས་ན་ལྡན་པར་སྟོན་པ་མ་ཡིན་པའོ། །འབྲེལ་པ་མེད་པའི་དཔེ་ཉེ་བར་སྒྲུབ་པས་ན་དཔེ་དང་ལྡན་པ་མ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་ཡོངས་སུ་སྟོན་པས་ན་ཆོས་དང་ལྡན་པ་མ་ཡིན་ནོ། །བཞད་གད་དང༌། གླུ་ལ་སོགས་པས་རྩེ་བའི་དུས་དང༌། ཟློས་གར་མཁན་དང༌། གར་མཁན་དང༌། བཞད་པ་དང༌། སྒེག་པ་ལ་སོགས་པ་ལ་ལྟ་བའི་དུས་ན་དོན་དང་ལྡན་པ་མ་ཡིན་པ་སྟེ། དོན་མདོར་བསྡུ་ན། དུས་གསུམ་ཇི་སྐད་བསྟན་པ་དག་ཏུ་སྨྲ་བ་དེ་ནི་ཚིག་ཀྱལ་པར་ཡོངས་སུ་བསྟན་ཏོ། །བརྣབ་སེམས་ཅན་ཡིན་ཞེས་བྱ་བ་ནི་བསྟན་པའི་ཐ་ཚིག་གོ །གཞན་གྱི་ནོར་ལ་འདོད་ཆགས་ཀྱི་དབང་དུ་བྱས་ནས། བདག་གིར་བྱ་བར་ངེས་པར་བྱེད་པ་དང་དུ་ལེན་པས་ན་ཀུན་ཏུ་ཆགས་པ་དྲག་པོ་ཅན་ནོ། །ནོར་ཞེས་བྱ་བ་ནི་ཟོང་དུ་བྱ་བའི་ནོར་གྱི་རིགས་གང་ཡིན་པའོ། །ཡོ་བྱད་ཅེས་བྱ་བ་ནི་ཡོངས་སུ་ལོངས་སྤྱད་པར་བྱ་བ་གང་ཡིན་པའོ། །རྫས་ཞེས་བྱ་བ་ནི་དེ་གཉིས་ཀ་བསྡུས་པའོ། །གཞན་དག་གི་གང་ཡིན་པ་དེ་བདག་གིར་གྱུར་ཅིག་ཅེས་བྱ་བ་ནི་བརྣབ་སེམས་ཀྱི་འཇུག་པའི་རྣམ་པ་ཡིན་པར་ཡོངས་སུ་བསྟན་ཏོ། །མདོར་བསྡུ་ན་བརྣབ་སེམས་ཀྱི་ངོ་བོ་ཉིད་དང༌། དམིགས་པ་དང༌། རྣམ་པ་ཡིན་པར་རིག་པར་བྱའོ།།
གནོད་སེམས་ཀྱི་སེམས་དང་ལྡན་པ་ཡིན་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ །སེམས་ཅན་ཕ་རོལ་པོ་རྣམས་ལ་གནོད་སེམས་ཀྱི་དབང་དུ་བྱས་ནས། གནོད་པར་བྱ་བ་ངེས་པར་སྐྱེད་བ་དང་དུ་ལེན་པས་ན་ཡིད་ཀྱི་ཀུན་ཏུ་རྟོག་པ་རབ་ཏུ་སྡང་བའོ། །བསད་ན་ཅི་མ་རུང་ཞེས་བྱ་བ་ནི། ལུས་བསད་དེ་མ་རུང་བར་འགྱུར་བར་འདོད་པའོ། །བཅིངས་ན་ཅི་མ་རུང་ཞེས་བྱ་བ་ནི་ལུས་ལ་ཉམ་ང་བར་འགྱུར་བར་འདོད་པའོ། །ཕམ་པར་གྱུར་ན་ཅི་མ་རུང་ཞེས་བྱ་བ་ནི་གཞན་གྱི་ལོངས་སྤྱོད་རྒུད་པར་བྱེད་པར་འདོད་པའོ། །ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ན་ཅི་མ་རུང་ཞེས་བྱ་བ་ནི་བདག་ཉིད་ཀྱི་ལོངས་སྤྱོད་རང་རྒུད་པར་འདོད་པ་སྟེ། དོན་མདོར་བསྡུ་ན་ནི། སྔ་མ་བཞིན་དུ་བལྟ་བར་བྱའོ། །ལོག་པར་ལྟ་བ་ཅན་ཡིན་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ །འདི་ལྟར་ལྟ་ཞེས་བྱ་བ་དེ་ནི་བདག་ཉིད་ཀྱིས་བརྗོད་པར་འདོད་པའི་དོན་ལ་བཟོད་ཅིང་འདོད་པ་ཡིན་པར་ཡོངས་སུ་སྟོན་ཏོ། །འདི་སྐད་དུ་སྨྲ་བ་ཞེས་བྱ་བ་དེ་ནི་བརྗོད་པར་འདོད་པའི་དོན་ཕ་རོལ་རྣམས་འཛིན་དུ་འཇུག་པར་ཡོངས་སུ་སྟོན་ཏོ། །བསམ་པ་རྣམ་པ་གསུམ་པོ། ལོངས་སྤྱོད་ཀྱི་བསམ་པ་དང༌། དག་པའི་བསམ་པ་དང༌། ལྷ་ལ་མཆོད་པའི་བསམ་པའི་སྦྱིན་པ་ལ་སྐུར་བ་བཏབ་པའི་ཕྱིར་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ་ཞེས་ཟེར་ཏེ། སྦྱིན་སྲེག་ཅེས་བྱ་བ་ནི་གསང་སྔགས་དང༌། མེ་དང༌། ལྷ་ལ་མཆོད་པའི་བསམ་པ་ཅན་གྱི་ཡིན་པར་བལྟ་བར་བྱའོ། །ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམ་པ་ལས་བྱུང་བའི་དགེ་བ་མི་མཐུན་པའི་ཕྱོགས་དང༌། གཉེན་པོར་བཅས་པ་དང༌། སྦྱིན་པ་ལས་བྱུང་བའི་མི་མཐུན་པའི་ཕྱོགས་ལ་སྐུར་བ་བཏབ་པའི་ཕྱིར། ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་ཟེར་རོ། །དགེ་བ་རྣམ་པ་གསུམ་པོ་མི་མཐུན་པའི་ཕྱོགས་དང༌། གཉེན་པོར་བཅས་པ་དེ་དག་གི་འབྲས་བུ་ལ་སྐུར་བ་བཏབ་པའི་ཕྱིར། ལེགས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་ཟེར་རོ། །འཇུག་པའི་གནས་ཀྱི་རྐྱེན་ལ་སྐུར་བ་བཏབ་པའི་ཕྱིར་འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ་ཞེས་ཟེར་རོ། །དེའི་འབྲས་བུའི་རྐྱེན་ལ་སྐུར་བ་བཏབ་པ་དང༌། དེའི་ས་བོན་གྱི་རྐྱེན་ལ་སྐུར་བ་བཏབ་པའི་ཕྱིར།
པ་མེད་དོ། །མ་མེད་དོ་ཞེས་ཟེར་རོ། །འཇུག་པའི་སྐྱེས་བུ་ལ་སྐུར་བ་བཏབ་པའི་ཕྱིར་སེམས་ཅན་སྐྱེ་བ་མེད་དོ་ཞེས་ཟེར་རོ། །འཇུག་པའི་གཉེན་པོ་ལྡོག་པ་ལ་སྐུར་བ་བཏབ་པའི་ཕྱིར་འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་རྒྱས་པར་ཟེར་རོ། །དེ་ལ་སོ་སོ་རང་གི་ཀུན་ནས་ཉོན་མོངས་པ་ཞི་བར་གྱུར་པའི་ཕྱིར་ཡང་དག་པར་སོང་བ་རྣམས་སོ། །སེམས་ཅན་རྣམས་ལ་ལོག་པར་སྒྲུབ་པ་རྣམ་པར་སྤངས་པ་ལ་ཞུགས་པའི་ཕྱིར་ཡང་དག་པར་ཞུགས་པ་རྣམས་སོ། །ཚེ་འདི་ཞེས་བྱ་བ་རྒྱུའི་དུས་སུའོ། །ཚེ་ཕྱི་མ་ཞེས་བྱ་བ་འབྲས་བུའི་དུས་སུའོ། །རང་གི་ཞེས་བྱ་བ་ནི་རང་གི་སྐྱེས་བུའི་བྱེད་པ་ཡིན་པའི་ཕྱིར་རོ། །མངོན་པར་ཤེས་པས་ཞེས་བྱ་བ་ནི་དྲུག་པས་སོ། །མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་མཐོང་བའི་ལམ་གྱིས་སོ། །བསྒྲུབས་ཏེ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་སོ། །རབ་ཏུ་རྟོགས་པར་བྱེད་ཅེས་བྱ་བ་ནི་རང་གིས་རྟོགས་པ་བདག་ཉིད་ཀྱིས་ཀྱང་ཤེས་ཤིང་གཞན་དག་ལ་ཡང་གོ་བར་བྱེད་པའི་ཕྱིར་རོ། །བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་རྣམ་པར་དབྱེ་བར་རིག་པར་བྱའོ། །དེ་ལ་མདོར་བསྡུ་བ་ནི་འདི་ཡིན་ཏེ། རྒྱུ་ལ་སྐུར་བ་འདེབས་པ་དང༌། འབྲས་བུ་ལ་སྐུར་བ་འདེབས་པ་དང༌། བྱེད་པ་ལ་སྐུར་བ་འདེབས་པ་དང༌། ཡོད་པའི་དངོས་པོ་ལ་སྐུར་བ་འདེབས་པ་བསྟན་ཏེ། དེ་ལ་བྱེད་པ་ནི་ས་བོན་འདེབས་པའི་བྱེད་པ་དང༌། འཛིན་པའི་བྱེད་པ་དང༌། འོང་བ་དང་འགྲོ་བའི་བྱེད་པ་དང༌། སྐྱེ་བར་འགྱུར་བའི་ལས་ཀྱི་བྱེད་པའོ། །བསྡུས་པའི་དོན་ནི་རྣམ་གྲངས་གཞན་ཡང་རྒྱུ་དང་འབྲས་བུར་བཅས་པ་དང༌། རྐྱེན་དང་བཅས་པར་འཇུག་པའི་སྐྱེས་བུའི་འཇུག་པ་ལ་སྐུར་བ་འདེབས་པ་དང༌། དེའི་གཉེན་པོར་གྱུར་པ་ལྡོག་པ་ལ་སྐུར་བ་འདེབས་པ་ཡོངས་སུ་བསྟན་ཏོ། །དེ་ལ་འཇུག་པ་ལ་སྐུར་བ་འདེབས་པ་ནི། རྒྱུ་ལ་སྐུར་བ་འདེབས་པར་བལྟ་བར་བྱའི། རང་གི་མཚན་ཉིད་ལ་སྐུར་བ་འདེབས་པ་ནི་མ་ཡིན་ནོ། །ལྡོག་པ་ལ་སྐུར་བ་འདེབས་པ་ནི་ཡོན་ཏན་ལ་སྐུར་བ་འདེབས་པར་བལྟ་བར་བྱའི། གང་ཟག་ལ་སྐུར་བ་འདེབས་པ་ནི་མ་ཡིན་ནོ། །དེ་ལ་དཀར་པོའི་ཕྱོགས་ནི་ཐམས་ཅད་ཀྱང་འདི་ལས་བཟློག་པར་རིག་པར་བྱའོ། །གང་ལ་ཁྱད་པར་གྱི་མཚན་ཉིད་ཡོད་པ་དེ་ཡང་བཤད་པར་བྱ་སྟེ། འདོད་པ་ལ་ལོག་པར་གཡེམ་པ་ལ་བརྟེན་
ནས་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ །དེ་ཡང་ཡོངས་སུ་དག་པ་གསུམ་གྱིས་དག་པར་རིག་པར་བྱ་སྟེ། དུས་དག་པ་དང༌། གཞན་ཡིད་ཆེས་པ་དག་པ་དང༌། སྒྲུབ་པ་དག་པས་སོ། །དེ་ལ་རིང་དུ་སྤྱོད་པ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུ་གཅོད་པའི་ཕྱིར་རོ། །དེ་ནི་དུས་དག་པ་སྟེ། རྩོད་པ་དག་པས་དག་པའོ། །གཙང་མ་ཞེས་བྱ་བ་ནི་དག་པར་བྱེད་པ་སྟེ། དེ་ནི་གཞན་ཡིད་ཆེས་པ་དག་པའོ། །དེ་ལ་དག་པ་ཡིན་ལ་གཙང་བ་མ་ཡིན་པ་ཞེས་བྱ་བའི་ཚུལ་གྱིས་མུ་བཞིར་འགྱུར་ཏེ། དེ་ལ་མུ་དང་པོ་ནི། བྱས་ལ་རྩོད་པའི་ཚེ་རྒྱལ་བའོ། །མུ་གཉིས་པ་ནི་མ་བྱས་ལ་རྩོད་པའི་ཚེ་ཕམ་པའོ། །མུ་གསུམ་པ་ནི་མ་བྱས་ལ་རྩོད་པའི་ཚེ་རྒྱལ་བའོ། །མུ་བཞི་པ་ནི་བྱས་ལ་རྩོད་པའི་ཚེ་ཕམ་པའོ། །དེ་ལ་བུད་མེད་ཀྱི་ལུས་ལ་རེག་པ་ཉམས་སུ་མི་ལེན་པའི་ཕྱིར་དྲིང་བ་མེད་པའོ། །གཉིས་ཀྱིས་གཉིས་སྤྲོད་པ་མེད་པའི་ཕྱིར་འཁྲིག་པ་སྤངས་པའོ། །ལག་པས་རེག་པ་ལ་སོགས་པའི་ཐབས་གཞན་གྱིས་ཁུ་བ་འབྱིན་པར་མི་བྱེད་པ་དང༌། སྨོན་པ་མེད་པར་ཚངས་བར་སྤྱོད་པ་ཁས་ལེན་པའི་ཕྱིར་གྲོང་པའི་ཆོས་སྤངས་པ་སྟེ། དེ་ནི་སྒྲུབ་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །དོན་མདོར་བསྡུ་བ་ཡང་འདི་ཉིད་དུ་འདུས་པར་བལྟ་བར་བྱའོ། །བརྫུན་དུ་སྨྲ་བ་ལས་བརྩམས་ནས་ཡིད་ཆེས་པའི་ཕྱིར་ཡིད་བརྟན་དུ་རུང་བ་ཡིན་ནོ། །ཡིད་བརྟན་པར་གྱུར་པས་ན་ཡིད་ཆེས་པའོ། །དེ་ལ་རྩོད་པ་ན་ཚད་མར་གཞག་པ་ཡིན་པས་གཞག་པར་བྱའོ། །དེ་ལྟར་ཡང་ཡིད་བརྟེན་པ་དག་ལ་སླུ་བར་མི་བྱེད་ཅིང་མི་འཁུ་བས་མི་སླུ་བ་སྟེ། མདོར་བསྡུ་ན་ཉེ་བར་གཟུང་བ་རྣམ་པ་གསུམ་དུ་ཡོངས་སུ་བསྟན་པ་ཡིན་ཏེ། བསམ་པ་ཉེ་བར་གཟུང་བ་དང༌། བསྐོ་བ་ཉེ་བར་གཟུང་བ་དང༌། བྱ་བ་ཉེ་བར་གཟུང་བའོ། །དེ་ལ་ཆོས་ཀྱི་མཚན་ཉིད་རྣམ་པར་གཞག་པའི་སྲོག་གཅོད་པ་གང་ཞེ་ན། གསད་པའི་བསམ་པ་ཅན། ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས། སྲོག་ཆགས་ཕ་རོལ་པོ་དེ་ཉིད་ལ་གསད་པའི་སྦྱོར་བ་ བྱས་ཤིང་གསད་པ་མཐར་ཐུག་པར་བྱས་པའི་ལུས་ཀྱི་ལས་གང ་ཡིན་པའོ། །མ་བྱིན་པར་ལེན་ པ་གང་ཞེན། རྐུ་འཕྲོག་བྱས ་པའི་བསམ་པ་ཅན། ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས། གཞན་གྱིས་ཡོངས་སུ་
བཟུང་བའི་དངོས་པོ་དེ་ཉིད་ལ་རྐུ་འཕྲོག་གི་སྦྱོར་བ་བྱས་པ་དང༌། དེ་ཉིད་ལ་རྐུ་འཕྲོག་མཐར་ཐུག་པར་ བྱས་པའི་ལུས་ཀྱི་ལས་གང་ཡིན་པའོ། །འདོད་པ ་ལ་ལོག་པར་གཡེམ་པ་གང་ཞེ་ན། བསྟེན་པའི་བསམ་པ་ཅན་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས་འཇུག་པར་བྱ་བ་མ་ཡིན་པ་དང༌། ཡན་ལག་མ་ཡིན་པ་དང༌། ཡུལ་མ་ཡིན་པ་དང༌། དུས་མ་ཡིན་པ་དག་ཏུ་དེ་ཉིད་ལ་འདོད་པ་ལ་ལོག་པར་གཡེམ་པའི་སྦྱོར་བ་ བྱས་པ་དང༌། འདོད་པ་ལ་ལོག་པར་གཡེམ་པའི་མཐར་ཐུག་པར་བྱས་པའི་ལུས་ཀྱི་ལས་གང ་ཡིན་པའོ། །བརྫུན་དུ་སྨྲ་བ་གང་ཞེ་ན། འདུ་ཤེས་བསྒྱུར་ཏེ་སྨྲ་བར་འདོད་པ། ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས། སེམས་ཅན་གཞན་དག་ལ་དེ་ཉིད་ལ་སྒྱུའི་དབང་པོའི་སྦྱོར་བ་ བྱས་པ་དང༌། དེ་ཉིད་ལ་སྒྱུའི་དབང་པོ་མཐར་ཐུག་པར་བྱས་པའི་ངག་གི་ལས་གང ་ཡིན་པའོ། །ཕྲ་མ་གང་ཞེ་ན། དབྱེ་བའི་བསམ་པ་ཅན་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས་སེམས་ཅན་ཕ་རོལ་དེ་ཉིད་ལ་དབྱེ་བའི་སྦྱོར་བ་ བྱས་པ་དང༌། དབྱེ་བའི་མཐར་ཐུག་པར་བྱས་པའི་ངག་གི་ལས་གང ་ཡིན་པའོ། །ངག་རྩུབ་པོ་གང་ཞེ་ན། ངག་རྩུབ་པོ་སྨྲ་བར་འདོད་པ་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས། སེམས་ཅན་གཞན་དག་ལ་དེ་ཉིད་ལ་ངག་རྩུབ་པོའི་སྦྱོར་བ་བྱས་པ་དང༌། ངག་རྩུབ་པོའི་མཐར་ཐུག་པར་ བྱས་པའི་ངག་གི་ལས་གང་ཡིན་པའོ། །ཚིག་ཀྱལ་པ་གང ་ཞེ་ན། བྱུང་རྒྱལ་སྨྲ་བར་འདོད་པ་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས། མ་འབྲེལ་བའི་བྱུང་རྒྱལ་གྱི་སྦྱོར་བ་ བྱས་པ་དང༌། མ་འབྲེལ་བའི་བྱུང་རྒྱལ་མཐར་ཐུག་པར་བྱས་པའི་ངག་གི་ལས་གང ་ཡིན་པའོ། །བརྣབ་སེམས་གང་ཞེ་ན། གཞན་གྱི་ནོར་བདག་གིར་བྱ་བའི་བསམ་པ་ཅན་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས། གཞན་གྱི་ནོར་བདག་གིར་བྱ་བའི་བསམ་པ་ལ། ངེས་པར་སྦྱོར་བ་ བྱས་པ་དང༌། དེ་མཐར་ཐུག་པར་བྱས་པའི་ཡིད་ཀྱི་ལས་གང ་ཡིན་པའོ། །གནོད་སེམས་གང་ཞེ་ན། གཞན་ལ་གནོད་པ་བྱ་བའི་བསམ་པ་ཅན་གྱི་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས། གཞན་ལ་གནོད་པ་བྱ་བའི་བསམ་པ་ལ་ངེས་པར་སྦྱོར་བ་ བྱས་པ་དང༌། དེ་མཐར་ཐུག་པར་བྱས་པའི་ཡིད་ཀྱི་ལས་གང ་ཡིན་པའོ། །ལོག་
པར་ལྟ་བ་གང་ཞེ་ན། སྐུར་བ་འདེབས་པའི་བསམ་པ་ཅན་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས། སྐུར་པ་འདེབས་པའི་བསམ་པ་དེ་ལ་ངེས་པར་སྦྱོར་བ་ བྱས་པ་དང༌། དེ་ལ་མཐར་ཐུག་པར་བྱས་པའི་ཡིད་ཀྱི་ལས་གང ་ཡིན་པའོ། །སྲོག་གཅོད་པ་སྦངས་པ་གང་ཞེ་ན། སྲོག་གཅོད་པ་ལ་ཉེས་དམིགས་ཀྱི་བསམ་པ་ཅན། དགེ་བའི་སེམས་དང་ལྡན་པས། དེ་ཡང་དག་པར་བསྡམ་པའི་སྦྱོར་བ་བྱས་པ་དང༌། དེ་ཡང་དག་པར་བསྡམ་པའི་མཐར་ཐུག་པར་ བྱས་པའི་ལུས་ཀྱི་ལས་གང་ཡིན་པའོ། །སྲོག་གཅོད་པ ་སྤངས་པ་ཇི་ལྟ་བ་བཞིན་དུ་མ་བྱིན་པར་ལེན་པ་དང༌། འདོད་པ་ལ་ལོག་པར་གཡེམ་པ་དང་བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ངག་རྩུབ་པོ་དང༌། ཚིག་ཀྱལ་པ་དང༌། བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་སྤངས་པ་རྣམས་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། མ་བྱིན་པར་ལེན་པ་ལ་ཉེས་དམིགས་ཀྱི་བསམ་པ་ཅན་ཞེས་བྱ་བ་ནས་ལོག་པར་ལྟ་བ་ཉེས་དམིགས་ཀྱི་བསམ་པ་ཅན་དགེ་བའི་སེམས་དང་ལྡན་པས་དེ་ཡང་དག་པར་བསྡམ་ པ་མཐར་ཐུག་པར་བྱས་པའི་བར་གྱི་ཡིད་ཀྱི་ལས་གང ་ཡིན་པའོ། །དེ་ལ་བཅུ་ཡོད་པ་ལས་གསུམ་དུ་འགྱུར་ཏེ། ལུས་ཀྱི་ལས་དང༌། ངག་གི་ལས་དང༌། ཡིད་ཀྱི་ལས་སོ། །གསུམ་ཡོད་པ་ལས་ཀྱང་འགྱུར་འགྱུར་རོ། །ལས་རྣམས་ཀྱི་རྒྱུ་གང་ཞེ་ན། དེ་ནི་རྣམ་པ་བཅུ་གཉིས་སུ་རིག་པར་བྱ་སྟེ། ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། བདག་དང༌། ཕ་རོལ་དང༌། གཞན་གྱི་རྗེས་སུ་འབྲང་བ་དང༌། ཟང་ཟིང་དང༌། འཇིགས་པ་དང༌། གནོད་པར་བྱ་བའི་ཕྱིར་དང༌། རྩེ་ཞིང་དགའ་བ་དང༌། ཆོས་སུ་འདུ་ཤེས་པ་དང༌། ལོག་པར་ལྟ་བའོ། །ལས་ཀྱི་གནས་སྐབས་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་ལྔར་རིག་པར་བྱ་སྟེ། ཆུང་ངུའི་གནས་སྐབས་དང༌། འབྲིང་གི་གནས་སྐབས་དང༌། ཆེན་པོའི་གནས་སྐབས་དང༌། བྱུང་བའི་གནས་སྐབས་དང༌། བག་ཆགས་ཀྱི་གནས་སྐབས་སོ། །དེ་ལ་མི་དགེ་བའི་ལས་ཆུང་དུས་ནི་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །འབྲིང་གིས་ནི་ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།།
ཆེན་པོས་ནི་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱ་བར་འགྱུར་རོ། །དགེ་བའི་ལས་ཆུང་དུས་ནི་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །འབྲིང་གིས་ནི་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཆེན་པོས་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །མི་དགེ་བའི་ལས་ཀྱི་གནས་སྐབས་ཆུང་ངུ་གང་ཞེ་ན། ཆགས་པ་དང་ཞེ་སྡང་དང་གཏི་མུག་གི་གཞི་ཆུང་ངུ་གང་ཡིན་པའོ། །གནས་སྐབས་འབྲིང་ནི་ཆགས་པ་དང༌། ཞེ་སྡང་དང་གཏི་མུག་གི་གཞི་འབྲིང་གང་ཡིན་པའོ། །གནས་སྐབས་ཆེན་པོ་ནི། ཆགས་པ་དང༌། ཞེ་སྡང་དང་གཏི་མུག་གི་གཞི་ཆེན་པོ་གང་ཡིན་པའོ། །དགེ་བ་ནི་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའི་གཞི་སྟེ། དེ་བཞིན་དུ་ཅི་རིགས་པར་བལྟ་བར་བྱའོ། །བྱུང་བའི་གནས་སྐབས་ནི། སྐྱེས་ལ་མ་འགགས་པ་མངོན་སུམ་དུ་གྱུར་པ་གང་ཡིན་པའོ། །བག་ཆགས་ཀྱི་གནས་སྐབས་ནི་སྐྱེས་ནས་འགགས་པ་མངོན་དུ་གྱུར་པ་ལས་འདས་པ་གང་ཡིན་པའོ། །ལས་རྣམས་ཀྱི་སྒོ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། འབྲས་བུ་འབྱིན་པའི་སྒོ་དང༌། གནོད་པ་བྱེད་པ་དང་ཕན་འདོགས་པའི་སྒོའོ། །འབྲས་བུ་འབྱིན་པའི་སྒོ་གང་ཞེ་ན། དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། རྣམ་པར་སྨིན་པའི་འབྲས་བུ་དང༌། རྒྱུ་མཐུན་པའི་འབྲས་བུ་དང༌། དབང་གི་འབྲས་བུ་དང༌། ཚེ་འདིའི་འབྲས་བུ་དང༌། ཕ་རོལ་གྱི་དབང་གི་འབྲས་བུའོ། །དེ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི། སྲོག་གཅོད་པ་ལ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་པས་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་རྣམ་པར་སྨིན་པ་སྨིན་པར་འགྱུར་རོ། །སྲོག་གཅོད་པ་ལ་ཇི་ལྟ་བ་བཞིན་དུ། མི་དགེ་བའི་ལས་ཀྱི་ལམ་ལྷག་མ་རྣམས་ཀྱང་དེ་དང་འདྲ་སྟེ། འདི་ནི་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུའོ།། རྒྱུ་མཐུན་པའི་འབྲས་བུ་ནི་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པ་དེ་ལྟ་བུར་སྐྱེས་ན། ཚེ་ཐུང་བར་འགྱུར་བ་དང་ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་བ་དང༌། ཆུང་མ་མ་བསྲུངས་པར་འགྱུར་བ་དང༌། སྐུར་པ་མང་བར་འགྱུར་བ་དང༌། མཛའ་བོ་དང་འབྱེ་བར་འགྱུར་བ་དང༌། ཡིད་དུ་མི་
འོང་བའི་སྒྲ་ཐོས་པར་འགྱུར་བ་དང༌། ཚིག་མི་སྙན་པར་འགྱུར་བ་དང༌། འདོད་ཆགས་ཤས་ཆེ་བར་འགྱུར་བ་དང༌། ཞེ་སྡང་ཤས་ཆེ་བར་འགྱུར་བ་དང༌། གཏི་མུག་ཤས་ཆེ་བར་འགྱུར་བ་སྟེ། འདི་ནི་དེ་དག་གི་རྒྱུ་མཐུན་པའི་འབྲས་བུའོ། །དེ་ལ་དབང་གི་འབྲས་བུ་ནི། མི་དགེ་བའི་ལས་རྣམས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། ལན་མང་དུ་བྱས་པ་དེའི་དབང་གིས་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་འབྲས་བུ་མཐུ་ཆུང་བ་དང༌། འབྲས་བུ་མི་སྨིན་པ་དང༌། འབྲས་བུ་འདྲུལ་བ་དང༌། འབྲས་བུ་གཞན་དུ་འགྱུར་བ་དང༌། འབྲས་བུ་ཤིན་ཏེ་མར་འགྱུར་བ་དང༌། འབྲས་བུ་མི་ཞིམ་པ་དང༌། འབྲས་བུ་རྟག་ཏུ་མ་ཡིན་པ་དང༌། འབྲས་བུ་ཆུང་བ་དང༌། འབྲས་བུ་གནོད་པར་འགྱུར་བ་དང༌། འབྲས་བུ་མེད་པར་འགྱུར་རོ། །དགེ་བའི་ལས་རྣམས་ནི་དེ་ལས་བཟློག་པར་རིག་པར་བྱའོ། །དེ་ལ་ཚེ་འདིའི་འབྲས་བུ་ནི་བསམ་པའམ། གཞིའི་རྒྱུ་རྣམ་པ་གཉིས་ཀྱིས་དགེ་བའམ། མི་དགེ་བའི་ལས་ཚེ་འདིའི་འབྲས་བུར་འགྱུར་བའོ། །དེ་ལ་བསམ་པ་ནི་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ་ལྟ་བའི་བསམ་པ་དང༌། མི་ལྟ་བའི་བསམ་པ་དང༌། གནོད་པའི་བསམ་པ་དང༌། སྙིང་རྗེའི་བསམ་པ་དང༌། ཀུན་ནས་མནར་སེམས་ཀྱི་བསམ་པ་དང༌། དང་བའི་བསམ་པ་དང༌། བྱས་པ་མི་གཟོ་བའི་བསམ་པ་དང༌། བྱས་པ་གཟོ་བའི་བསམ་པའོ། །དེ་ལ་ལྟ་བའི་བསམ་པས་ཀྱང་ལས་མི་དགེ་བ་ཚེ་འདི་ལ་མྱོང་བར་འགྱུར་ཏེ། འདི་ལྟར་འདི་ན་ཁ་ཅིག་ལུས་ལ་ལྟ་བ་དང༌། ལོངས་སྤྱོད་ལ་ལྟ་བ་དང༌། སྲིད་པ་ལ་ལྟ་བ་ཤས་ཆེ་བ་མངོན་པར་འདུ་བྱེད་པ་ལྟ་བུའོ། །དེ་ལ་མི་ལྟ་བའི་བསམ་པས་ཀྱང་ལས་དགེ་བ་ཚེ་འདི་ལ་མྱོང་བར་འགྱུར་ཏེ། འདི་ལྟར་འདི་ན་ཁ་ཅིག་ལུས་ལ་མི་ལྟ་བ་དང༌། ལོངས་སྤྱོད་ལ་མི་ལྟ་བ་དང༌། སྲིད་པ་ལ་མི་ལྟ་བ་ཤས་ཆེ་བ་མངོན་པར་འདུ་བྱེད་པ་ལྟ་བུའོ། །དེ་ལ་གནོད་པའི་བསམ་པས་ཀྱང་ལས་མི་དགེ་བ་ཚེ་འདི་ལ་མྱོང་བར་འགྱུར་ཏེ། འདི་ལྟར་འདི་ན་ཁ་ཅིག །སེམས་ཅན་གཞན་རྣམས་དང༌། གང་ཟག་གཞན་དག་ལ་གནོད་པའི་བསམ་པ་ཤས་ཆེ་བ་མངོན་པར་འདུ་
བྱེད་པ་ལྟ་བུའོ། །དེ་ལ་སྙིང་རྗེའི་བསམ་པས་ཀྱང་ལས་དགེ་བ་ཚེ་འདི་ལ་མྱོང་བར་འགྱུར་ཏེ། འདི་ལྟར་འདི་ན་ཁ་ཅིག་སེམས་ཅན་གཞན་རྣམས་དང༌། གང་ཟག་གཞན་དག་ལ་སྙིང་རྗེའི་བསམ་པ་དང༌། ཕན་པའི་བསམ་པ་ཤས་ཆེ་བ་མངོན་པར་འདུ་བྱེད་པ་ལྟ་བུའོ།། དེ་ལ་ཀུན་ནས་མནར་སེམས་ཀྱི་བསམ་པ་ལས་ཀྱང་མི་དགེ་བ་ཚེ་འདི་ལ་མྱོང་བར་འགྱུར་ཏེ། འདི་ལྟར་འདི་ན་ཁ་ཅིག་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། བླ་མ་ལྟ་བུ་གང་ཡང་རུང་བའི་གཞི་ལ། ཀུན་ནས་མནར་སེམས་ཀྱི་བསམ་པ་དང༌། གནོད་པའི་བསམ་པ་ཤས་ཆེ་བས་མངོན་པར་འདུ་བྱེད་པ་ལྟ་བུའོ། །དེ་ལ་དང་བའི་བསམ་པས་ཀྱང་ལས་དགེ་བ་ཚེ་འདི་ལ་མྱོང་བར་འགྱུར་ཏེ། འདི་ལྟར་འདི་ན་ཁ་ཅིག་སངས་རྒྱས་སམ། ཆོས་སམ། དགེ་འདུན་ལ་དང་བའི་ཤས་ཆེ་བས་དེ་ལྟར་མོས་པའི་བསམ་པ་མངོན་དུ་འདུ་བྱེད་པ་ལྟ་བུའོ། །བྱས་པ་མི་གཟོ་བའི་བསམ་པས་ཀྱང་ལས་མི་དགེ་བ་ཚེ་འདི་ལ་མྱོང་བར་འགྱུར་ཏེ། འདི་ལྟར་འདི་ན་ཁ་ཅིག་ཕ་འམ། མ་འམ། ཕན་འདོགས་པའི་གཞི་གང་ཡང་རུང་བ་ལ། དྲིན་དུ་མི་གཟོ་བའི་བསམ་པ་དང༌། འཁུ་བའི་བསམ་པ་དང༌། དྲག་པོའི་བསམ་པ་ཤས་ཆེ་བས་མངོན་པར་འདུ་བྱེད་པ་ལྟ་བུའོ། །དེ་ལ་དྲིན་དུ་གཟོ་བའི་བསམ་པས་ཀྱང་ལས་དགེ་བ་ཚེ་འདི་ལ་མྱོང་བར་འགྱུར་ཏེ། འདི་ལྟར་འདི་ན་ཁ་ཅིག་ཕ་འམ། མ་འམ། ཕན་འདོགས་པའི་གཞི་གང་ཡང་རུང་བ་ལ་དྲིན་དུ་གཟོ་བའི་བསམ་པ་དང༌། ཕན་གདགས་པའི་བསམ་པ་ཤས་ཆེ་བ་མངོན་པར་འདུ་བྱེད་པ་ལྟ་བུའོ། །དེ་ལ་གཞི་ལས་ཀྱང་མཚམས་མེད་པ་རྣམས་དང༌། མཚམས་མེད་པ་དང་མཐུན་པ་རྣམས་ཀྱི་མི་དགེ་བའི་ལས་ཚེ་འདི་ལ་མྱོང་བར་འགྱུར་བ་ཡང་ཡོད་དེ། མཚམས་མེད་པ་ལྔའི་ལས་འདི་ལྟ་སྟེ། ཕ་གསོད་པ་དང༌། མ་གསོད་པ་དང༌། དགྲ་བཅོམ་པ་གསོད་པ་དང༌། དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའོ། །མཚམས་མེད་པ་དང་མཐུན་པ་རྣམས་ནི། འདི་ལྟར་འདི་ན་ཁ་ཅིག་དགྲ་བཅོམ་མ་འམ་མ་ལ་ཉལ་བ་འམ། སྲིད་པ་
ཐ་མ་པའི་བྱང་ཆུབ་སེམས་དཔའ་ལ་སྣུན་པར་བྱེད་པའམ། ལྷའི་གནས་རྣམས་སམ། ལམ་གྱི་བཞི་མདོ་འམ། ལམ་གྱི་སུམ་མདོ་རྣམས་སུ་ཕྱུགས་གསོད་པར་བྱེད་པའམ། ཡིད་གཅུགས་པའི་མཛའ་བཤེས་སམ། མཛའ་བོ་མཆོག་ཏུ་ཡིད་གཅུགས་པར་གྱུར་པ་ལ་འཁུ་ཞིང་སླུ་ལ་འདྲིད་པར་བྱེད་པའམ། སྡུག་ཅིང་ཅི་ཡང་མེད་ལ་མགོན་མེད་པ་དང༌། རྟེན་མེད་པ་དང༌། སྐྱབས་མེད་པར་འོངས་ཏེ། སྐྱབས་སྦྱིན་པས་ཉེ་བར་བཟུང་བའི་འོག་ཏུ་འཁུ་ཞིང་གནོད་བ་བྱེད་པ་འམ། དགེ་འདུན་འདུ་བའི་སྒོ་འཕྲོག་པ་པའམ། མཆོད་རྟེན་འཇིག་པར་བྱེད་པ་ཡང་རུང་སྟེ། དེ་ལྟ་བུ་དང་མཐུན་པའི་ལས་ནི་མཚམས་མེད་པ་དང་མཐུན་པ་ཞེས་བྱའོ། །དགེ་བ་ཡང་གཞི་ལས་ཚེ་འདི་ལ་མྱོང་བར་འགྱུར་བ་ཡང་ཡོད་དེ། འདི་ལྟར་འདི་ན་ཁ་ཅིག་མ་ལ་མ་དད་པ་ལ་དད་པ་དང་ལྡན་པ་ཡང་དག་པར་ལེན་དུ་འཇུག་སྟེ། འདུལ་ཞིང་འཛིན་དུ་འཇུག་ལ་འཇོག་པ་ལྟ་བུ་སྟེ། མ་ལ་མ་དད་པ་ལ་དད་པ་དང་ལྡན་པ་ཇི་ལྟ་བ་བཞིན་དུ། ཚུལ་ཁྲིམས་འཆལ་བ་ལ། ཚུལ་ཁྲིམས་དང་ལྡན་པ་དང༌། སེར་སྣ་ཅན་ལ་གཏོང་བ་དང་ལྡན་པ་དང༌། ཤེས་རབ་འཆལ་པ་ལ་ཤེས་རབ་དང་ལྡན་པ་ཡང་དེ་དང་འདྲའོ། །མ་ལ་ཇི་ལྟ་བ་བཞིན་དུ་ཕལ་ཡང་དེ་དང་འདྲའོ། །བྱམས་པ་ལ་སྙོམས་པར་ཞུགས་པ་ལས་ལངས་བ་ལ་ཁ་ཟས་འབུལ་ཞིང་བྱ་བ་བྱེད་པ་དང༌། བྱམས་པའི་ཏིང་ངེ་འཛིན་ལ་ཇི་ལྟ་བ་བཞིན་དུ་སྙིང་རྗེ་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ལས་ལངས་པ་ལ་ཁ་ཟས་འབུལ་ཞིང་བྱ་བ་བྱེད་པ་དང༌། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ལ་མངོན་སུམ་དུ་བྱ་བ་བྱེད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་བཞིན་དུ་སློབ་པ་དང་མི་སློབ་པའི་དགེ་འདུན་ལ་ཡང་དེ་དང་འདྲའོ། །གཞི་དེ་དག་ཉིད་ལ་དེ་ལས་བཟློག་པའི་མི་དགེ་བའི་ལས་གནོད་པར་འགྱུར་བ་ཡང་ཚེ་འདི་ལ་མྱོང་བར་འགྱུར་བ་ཡོད་དོ། །དེ་ལ་ཕ་རོལ་གྱི་དབང་གི་འབྲས་བུས་ཚེ་འདི་ལ་ལས་མྱོང་བར་འགྱུར་བ་ཡང་ཡོད་དེ། འདི་ལྟར་གནས་གང་ན་དེ་བཞིན་གཤེགས་པ་བཞུགས་
པ་དེར་ཡམས་ཀྱི་ནད་རྣམས་དང༌། གནོད་པ་རྣམས་དང༌། འགོ་བའི་ནད་རྣམས་མི་འབྱུང་སྟེ། འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་ཡམས་ཀྱི་ནད་མེད་པ་དང༌། གནོད་པ་མེད་པ་དང་འགོ་བའི་ནད་མེད་པར་སྐྱེ་བོའི་ཚོགས་བདེ་བ་ལ་རེག་པར་གནས་སོ། །སངས་རྒྱས་ཇི་ལྟ་བ་བཞིན་དུ། འཁོར་ལོས་སྒྱུར་བ་དང༌། བྱམས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་དང་འདྲའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེའི་བསམ་པ་དང་ལྡན་པས་སེམས་ཅན་དབུལ་པོ་རྣམས་དང༌། སྡུག་པ་རྣམས་དང༌། གནམ་གྱིས་མནར་བ་རྣམས་ལ་མངོན་པར་བརྟགས་ནས་ཟས་དང༌། སྐོམ་དང༌། ནོར་དང༌། འབྲུ་དང༌། མཛོད་ཀྱིས་བརྟས་པར་བྱེད་དེ། དེ་དག་ཀྱང་རྐྱེན་དེས་བདེ་བ་ལ་རེག་པར་གནས་ཏེ། དེ་ལྟར་དེ་དང་མཐུན་པ་རྣམས་ནི་གཞན་གྱི་དབང་ལས་བྱུང་བའི་ཚེ་འདི་ལ་མྱོང་བར་འགྱུར་བའི་ལས་ཡིན་པར་རིག་པར་བྱའོ། །དེ་ལ་གནོད་པ་དང༌། ཕན་འདོགས་པ་ལས་གནོད་པ་ནི་སྒོ་རྣམ་པ་བརྒྱད་ཀྱིས་སེམས་ཅན་རྣམས་ལ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམ་པར་གཞག་པ་སྟེ། གནོད་པར་བྱེད་པའི་སྒོ་བརྒྱད་པོ་རྣམས་གང་ཞེ་ན། སྲོག་ལ་གནོད་པ་དང༌། ལོངས་སྤྱོད་ལ་གནོད་པ་དང༌། ཆུང་མ་ལ་གནོད་པ་དང༌། སྒྱུའི་དབང་པོའི་གནོད་པ་དང༌། གྲོགས་པོའི་ཚུལ་གྱིས་གནོད་པ་དང༌། མཚང་འབྲུ་བའི་གནོད་པ་དང༌། བག་མེད་པ་སྐྱེད་པའི་གནོད་པ་དང༌། འཇིགས་པ་བསྐྱེད་པའི་གནོད་པ་སྟེ། འདི་དག་ལས་བཟློག་པ་ནི། དགེ་བའི་ལས་ཀྱི་ལམ་གྱི་སྒོ་རྣམས་སུ་བལྟ་བར་བྱའོ།། །།བམ་པོ་དགུ་པ། ལས་རྣམས་ཀྱི་ཆེ་བ་དང༌། དྲག་པ་དང༌། ལྕི་བ་གང་ཞེ་ན། དེ་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། མངོན་པར་འདུ་བྱེད་པ་དང༌། གོམས་པ་དང༌། ངོ་བོ་ཉིད་དང༌། གཞི་དང་མི་མཐུན་པའི་ཕྱོགས་སུ་གཅིག་ཏུ་ངེས་པ་དང༌། མི་མཐུན་པའི་ཕྱོགས་སེལ་བའོ། །དེ་ལ་མངོན་པར་འདུ་བྱེད་པ་ནི། འདི་ལྟར་འདི་ན་ཁ་ཅིག་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་གི་ཀུན་ནས་དཀྲིས་པ་དྲག་པོ་འམ། མ་ཆགས་པའམ། ཞེ་སྡང་མེད་པ་དང༌། གཏི་
མུག་མེད་པ་མངོན་པར་འདུ་བྱེད་པ་དྲག་པོས་ལས་ཀུན་ནས་སློང་བ་ལྟ་བུའོ། །དེ་ལ་གོམས་པ་ནི་འདི་ལྟར་འདི་ན་ཁ་ཅིག་གིས་མི་དགེ་བའམ། དགེ་བའི་ལས་ཡུན་རིང་པོ་ནས་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་ལྟ་བུའོ། །དེ་ལ་ངོ་བོ་ཉིད་ནི་འདི་ལྟ་སྟེ། ཚིག་ཀྱལ་པ་ལས་ངག་རྩུབ་པོ་ཁ་ན་མ་ཐོ་བ་ཆེས་ཆེ་བ་དང༌། ངག་རྩུབ་པོ་བས་ཕྲ་མ་ཁ་ན་མ་ཐོ་བ་ཆེས་ཆེ་བ་དང༌། ཕྲ་མ་བས་བརྫུན་དུ་སྨྲ་བ་ཁ་ན་མ་ཐོ་བ་ཆེས་ཆེ་བ་དང༌། བརྫུན་དུ་སྨྲ་བ་བས་འདོད་པ་ལ་ལོག་པར་གཡེམ་པ་ཁ་ན་མ་ཐོ་བ་ཆེས་ཆེ་བ་དང༌། འདོད་པ་ལ་ལོག་པར་གཡེམ་པ་བས་མ་བྱིན་པར་ལེན་པ་ཁ་ན་མ་ཐོ་བ་ཆེས་ཆེ་བ་དང༌། མ་བྱིན་པར་ལེན་པ་བས་སྲོག་གཅོད་པ་ཁ་ན་མ་ཐོ་བ་ཆེས་ཆེ་བ་དང༌། སྲོག་གཅོད་པ་བས་བརྣབ་སེམས་ཁ་ན་མ་ཐོ་བ་ཆེས་ཆེ་བ་དང༌། བརྣབ་སེམས་པས་གནོད་སེམས་ཁ་ན་མ་ཐོ་བ་ཆེས་ཆེ་བ་དང༌། གནོད་སེམས་པས་ལོག་པར་ལྟ་བ་ཁ་ན་མ་ཐོ་བ་ཆེས་ཆེ་བ་དང༌། སྦྱིན་པ་ལས་བྱུང་བ་བས་ཚུལ་ཁྲིམས་ལས་བྱུང་བ་ཆེས་ཁ་ན་མ་ཐོ་བ་མེད་པ་དང༌། ཚུལ་ཁྲིམས་ལས་བྱུང་བ་བས་བསྒོམས་པ་ལས་བྱུང་བ་ཆེས་ཁ་ན་མ་ཐོ་བ་མེད་པ་དང༌། ཐོས་པ་ལས་བྱུང་བ་བས་བསམས་པ་ལས་བྱུང་བ་ཆེས་ཁ་ན་མ་ཐོ་བ་མེད་པ་ལྟ་བུའོ། །དེ་ལ་གཞི་ནི་འདི་ལྟར་འདི་ན་ཁ་ཅིག་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ་བླ་མ་ལྟ་བུའི་གཞི་གང་ཡང་རུང་བ་ལ་གནོད་པའམ། ཕན་པའི་དངོས་པོ་ལྕི་བ་ཉིད་བྱེད་པ་ལྟ་བུའོ། །དེ་ལ་མི་མཐུན་པའི་ཕྱོགས་སུ་གཅིག་ཏུ་ངེས་པ་ནི། འདི་ལྟར་འདི་ན་ཁ་ཅིག་ཇི་སྲིད་འཚོའི་བར་དུ་གཅིག་ཏུ་ངེས་པ་མི་དགེ་བའི་ལས་འབའ་ཞིག་ཡང་དག་པར་བླངས་ཏེ། འདུག་ལ་དགེ་བ་ནི་ལན་ཅིག་ཀྱང་མི་བྱེད་པ་ལྟ་བུའོ། །དེ་ལ་མི་མཐུན་པའི་ཕྱོགས་སེལ་བ་ནི། འདི་ལྟར་འདི་ན་ཁ་ཅིག་མི་དགེ་བའི་ལས་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྤངས་ནས་འདོད་ཆགས་དང་བྲལ་བས། དགེ་བའི་ལས་རྣམ་པར་སྦྱོང་བ་ལྟ་བུའོ། །ལས་རྣམས་ཀྱི་ཕྱིན་ཅི་ལོག་པ་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། བྱ་བ་ཕྱིན་ཅི་ལོག་པ་དང༌། འཛིན་པ་ཕྱིན་ཅི་ལོག་པ་དང༌། དགའ་བ་
ཕྱིན་ཅི་ལོག་པའོ། །དེ་ལ་བྱ་བ་ཕྱིན་ཅི་ལོག་པ་ནི། འདི་ལྟར་འདི་ན་ཁ་ཅིག་སྲོག་ཆགས་གཞན་གསད་པར་བྱ་བ་ལས། གཞན་བསད་པ་ལྟ་བུ་སྟེ། དེ་ལ་སྲོག་གཅོད་པ་ནི་ཡོད་ལ། སྲོག་གཅོད་པའི་ཁ་ན་མ་ཐོ་བ་ནི་མེད་དེ། འོན་ཀྱང་སྲོག་གཅོད་པ་དང་འདྲ་ཞིང་རྗེས་སུ་མཐུན་པའི་ཁ་ན་མ་ཐོ་བ་ནི་སྐྱེད་པར་འགྱུར་རོ། །གལ་ཏེ་སྲོག་ཆགས་གཞན་བསད་པར་མ་གྱུར་ན་ཡང༌། སྲོག་ཆགས་ལྟ་བུའི་གཞི་ལ་བསྣུན་ལ། བདག་གིས་སྲོག་ཆགས་བསད་དོ་སྙམ་དུ་སེམས་པས་དེ་ལ་ནི་སྲོག་བཅད་པ་ཡང་མེད་ལ། སྲོག་གཅོད་པའི་ཁ་ན་མ་ཐོ་བ་ཡང་མེད་མོད་ཀྱི། འོན་ཀྱང་སྲོག་གཅོད་པ་ལྟ་བུ་དང༌། སྲོག་གཅོད་པ་དང་འདྲ་ཞིང་རྗེས་སུ་མཐུན་པའི་ཁ་ན་མ་ཐོ་བ་ནི་སྐྱེད་པར་འགྱུར་ཏེ། སྲོག་གཅོད་པ་ཇི་ལྟ་བ་བཞིན་དུ་མ་བྱིན་པར་ལེན་པ་ལ་སོགས་པའི་ལས་ཀྱི་ལམ་རྣམས་ལ་ཡང་བྱ་བ་ཕྱིན་ཅི་ལོག་པ་ཅི་རིགས་པར་རིག་པར་བྱའོ། །དེ་ལ་འཛིན་པ་ཕྱིན་ཅི་ལོག་པ་ནི། འདི་ལྟར་འདི་ན་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ་ཞེས་ལོག་པར་ལྟ་བ་རྣམས་རྒྱས་པར་བརྗོད་པར་བྱའོ། །དེ་ལ་འདི་སྙམ་དུ་སེམས་ཏེ། གསོད་པ་འམ། གསོད་དུ་འཇུག་པ་དང༌། མ་བྱིན་པར་ལེན་པར་བྱེད་པ་དང༌། འདོད་པ་རྣམས་ལ་ལོག་པར་གཡེམ་པར་བྱེད་པ་དང༌། བརྫུན་དུ་སྨྲ་བ་རྗོད་པར་བྱེད་པ་དང༌། ཕྲ་མ་བྱེད་པ་དང༌། ངག་རྩུབ་པོ་སྨྲ་བ་དང༌། ཚིག་ཀྱལ་པ་སྨྲ་བ་དང༌། ཡང་ན་སྦྱིན་པ་དག་སྦྱིན་པར་བྱེད་པ་དང༌། བསྙེན་གནས་ལ་གནས་པ་དང༌། བསོད་ནམས་དག་བྱེད་པ་དང༌། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འདུག་པ་མེད་དེ། གཞི་དེ་ལ་སྡིག་པ་འམ་བསོད་ནམས་སུ་འགྱུར་བ་མེད་དོ་སྙམ་མོ། །འདི་ལྟར་འདི་ན་ཁ་ཅིག་འདི་ལྟར་ལྟ་ཞིང༌། འདི་སྐད་སྨྲ་སྟེ། བྲམ་ཟེ་ལ་སྡང་ཞིང༌། ཚངས་པ་ལ་སྡང་བ་དང༌། ལྷ་ལ་སྡང་བ་རྣམས་ནི་གསད་དཔར་བྱའོ། །གསད་པ་ན་གཞི་དེ་ལས་བསོད་ནམས་ཁོ་ནར་འགྱུར་གྱི། སྡིག་པར་ནི་མི་འགྱུར་རོ། །དེ་དག་ལ་མ་བྱིན་པར་ལེན་པ་དང༌། འདོད་པ་ལ་ལོག་པར་གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ངག་རྩུབ་
པོ་དང༌། ཚིག་ཀྱལ་པ་བྱས་པ་ཡང༌། བསོད་ནམས་ཁོ་ནར་འགྱུར་གྱི། བསོད་ནམས་མ་ཡིན་པར་ནི་མི་འགྱུར་རོ་ཞེས་ཟེར་བ་ལྟ་བུའོ། །དེ་ལ་དགའ་བ་ཕྱིན་ཅི་ལོག་པ་ནི། འདི་ལྟར་འདི་ན་ཁ་ཅིག་མི་དགེ་བའི་ཆོས་ཡང་དག་པར་བླངས་ཏེ། འདུག་ཅིང་ཤིན་ཏུ་དགའ་སྟེ། དེ་དག་གིས་རྩེ་བའི་ཆོས་སྤྱོད་པ་ལྟ་བུའོ། །ལས་རྣམས་ཀྱི་རྣམ་གྲངས་ གང་ཞེ་ན་ལས་བྱས་པ ་ཡང་ཡོད་དོ། །མ་བྱས་པ་ཡང་ཡོད་དོ། །བསགས་པ་ཡང་ཡོད་དོ། །མ་བསགས་པ་ཡང་ཡོད་དོ། །བསམས་པ་ཡང་ཡོད་དོ། །མ་བསམས་པ་ཡང་ཡོད་དོ། །དེ་བཞིན་དུ་རྣམ་པར་སྨིན་པར་ངེས་པ་དང༌། རྣམ་པར་སྨིན་པར་མ་ངེས་པ་དང༌། རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པ་དང༌། རྣམ་པར་སྨིན་པ་རྣམ་པར་མ་སྨིན་པ་དང༌། དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། སྡོམ་པས་བསྡུས་པ་དང༌། སྡོམ་པ་མ་ཡིན་པས་བསྡུས་པ་དང༌། སྡོམ་པས་བསྡུས་པ་ཡང་མ་ཡིན་ལ་སྡོམ་པ་མ་ཡིན་པས་བསྡུས་པ་ཡང་མ་ཡིན་པ་དང༌། སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམ་པ་ལས་བྱུང་བ་དང༌། བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང༌། མི་གཡོ་བ་དང༌། བདེ་བ་མྱོང་བར་འགྱུར་བ་དང༌། སྡུག་བསྔལ་མྱོང་བར་འགྱུར་བ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་དང༌། ཚེ་འདི་ལ་མྱོང་བར་འགྱུར་བ་དང༌། སྐྱེས་ནས་མྱོང་བར་འགྱུར་བ་དང༌། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། འདོད་པ་དང་ལྡན་པ་དང༌། གཟུགས་དང་ལྡན་པ་དང༌། གཟུགས་མེད་པ་དང་ལྡན་པ་དང༌། སློབ་པ་དང༌། མི་སློབ་པ་དང༌། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་དང༌། མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བ་དང༌། སྤང་བར་བྱ་བ་མ་ཡིན་པ་དང༌། གནག་ལ་རྣམ་པར་སྨིན་པ་གནག་པ་དང༌། དཀར་ལ་རྣམ་པར་སྨིན་པ་དཀར་བ་དང༌། གནག་ཅིང་དཀར་ལ་རྣམ་པར་སྨིན་པ་གནག་ཅིང་དཀར་བ་དང༌། ལས་གནག་
པ་ཡང་མ་ཡིན་དཀར་བ་ཡང་མ་ཡིན་ལ་རྣམ་པར་སྨིན་པ་ཡང་མེད་དེ། དེ་ལས་ཟད་པར་འགྱུར་བ་དང༌། ཡོན་པོའི་ལས་དང༌། ཉེས་པའི་ལས་དང༌། སྙིགས་མའི་ལས་དང༌། གཙང་བའི་ལས་དང༌། ཐུབ་པའི་ལས་ཀྱང་ཡོད་དོ། །བྱས་པའི་ལས་གང་ཞེ་ན། བསམས་པ་འམ། བསམས་ནས་ཀྱང་ལུས་དང་ངག་གིས་ཀུན་ནས་བསླངས་ པ་གང་ཡིན་པའོ། །མ་བྱས ་པའི་ལས་ནི་མ་བསམས་པའམ། མ་བསམས་ནས་ཀྱང་ལུས་དང་ངག་གིས་ཀུན་ནས་མ་བསླངས་པ་གང་ཡིན་པའོ། །བསགས་པའི་ལས་ནི་ལས་རྣམ་པ་བཅུ་མ་གཏོགས་པ་སྟེ། འདི་ལྟ་སྟེ། རྨི་ལམ་དུ་བྱས་པ་དང༌། མ་ཤེས་པར་བྱས་པ་དང༌། བསམས་བཞིན་མ་ཡིན་པར་བྱས་པ་དང༌། དྲག་པོ་མ་ཡིན་ལ་རྒྱུན་ཆགས་མ་ཡིན་པར་བྱས་པ་དང༌། ནོར་བས་བྱས་པ་དང༌། བརྗེད་པས་བྱས་པ་དང༌། མི་འདོད་བཞིན་དུ་བྱས་པ་དང༌། རང་བཞིན་གྱིས་ལུང་དུ་མ་བསྟན་པ་དང༌། འགྱོད་པས་བསལ་བ་དང༌། གཉེན་པོས་བསལ་བ་སྟེ། ལས་རྣམ་པ་བཅུ་པོ་འདི་དག་མ་གཏོགས་པའི་ལས་གཞན་གང་ཡིན་པའོ། །མ་བསགས་པའི་ལས་ནི་རྣམ་པ་བཅུ་པོ་ཇི་སྐད་བསྟན་པ་ཉིད་དོ། །བསམས་པ་ལས་བྱུང་བའི་ལས་ནི། བསམས་བཞིན་དུ་ བྱས་པའམ། བསགས་པ་གང ་ཡིན་པའོ། །མ་བསགས་པ་ལས་བྱུང་བའི་ལས་ནི། བསམས་བཞིན་མ་ཡིན་པར་ བྱས་པ་གང ་ཡིན་པའོ། །མྱོང་བར་འགྱུར་བ་ངེས་པའི་ལས་ནི། བསམས་བཞིན་དུ་ བྱས་པ་དང༌། བསགས་པ་གང ་ཡིན་པའོ། །མྱོང་བར་འགྱུར་བར་མ་ངེས་པའི་ལས་ནི། བསམས་བཞིན་དུ་ བྱས་ལ་མ་བསགས་པ་གང ་ཡིན་པའོ། །རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པའི་ལས་ནི་འབྲས་བུ་བྱིན་ཟིན་པ་གང་ཡིན་པའོ། །རྣམ་པར་སྨིན་པ་རྣམ་པར་མ་སྨིན་པའི་ལས་ནི། འབྲས་བུ་མ་བྱིན་པ་གང་ཡིན་པའོ། །དགེ་བའི་ལས་ནི། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་གཞིར་གྱུར་པ་གང་ཡིན་པའོ། །མི་དགེ་བའི་ལས་ནི། ཆགས་པ་དང་ཞེ་སྡང་དང༌། གཏི་མུག་གཞིར་གྱུར་པ་གང་ཡིན་པའོ། །ལུང་དུ་མ་བསྟན་པའི་ལས་ནི། མ་
ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་གཞིར་གྱུར་པ་ཡང་མ་ཡིན་ལ། ཆགས་པ་དང་ཞེ་སྡང་དང༌། གཏི་མུག་གཞིར་གྱུར་པ་ཡང་མ་ཡིན་པ་གང་ཡིན་པའོ། །སྡོམ་པས་བསྡུས་པའི་ལས་ནི། སོ་སོར་ཐར་པའི་སྡོམ་པས་བསྡུས་པའམ། བསམ་གཏན་དང་སྙོམས་པར་འཇུག་པ་དང༌། སྤོང་བའི་སྡོམ་པས་བསྡུས་པའམ། ཟག་པ་མེད་པའི་སྡོམ་པས་བསྡུས་པ་གང་ཡིན་པའོ། །སྡོམ་པ་མ་ཡིན་པས་བསྡུས་པའི་ལས་ནི། སྡོམ་པ་མ་ཡིན་པའི་རིས་བཅུ་གཉིས་པོ་རྣམས་ཀྱི་གང་ཡིན་པ་སྟེ། སྡོམ་པ་མ་ཡིན་པའི་རིས་བཅུ་གཉིས་ནི། འདི་ལྟ་སྟེ། ལུག་གསོད་པ་རྣམས་དང༌། བྱ་གག་འཚོང་བ་རྣམས་དང༌། ཉ་པ་རྣམས་དང༌། བྱ་པ་རྣམས་དང༌། རྒྱས་འཆོར་བ་རྣམས་དང༌། ཆོམ་རྐུན་པ་རྣམས་དང༌། གཤེད་མ་རྣམས་དང༌། བཙོན་སྲུང་རྣམས་དང༌། ལོག་པོ་པ་རྣམས་དང༌། གནོད་བྱེད་རྣམས་དང༌། གླང་པོ་ཆེ་འཛིན་པ་རྣམས་དང༌། སྤྲུལ་ཚོགས་ཅན་རྣམས་སོ། །སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པས་བསྡུས་པའི་ལས་ནི། སྡོམ་པ་རྣམ་པ་གསུམ་ཡང་མ་གཏོགས། སྡོམ་པ་མ་ཡིན་པའི་རིས་ཀྱི་ལས་ཀྱང་མ་གཏོགས་པ། དེ་ལས་གཞན་པའི་རིས་ཀྱི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ལས་གང་ཡིན་པའོ། །སྦྱིན་པ་ལས་བྱུང་བ་ནི། གཞི་དང༌། ཀུན་ནས་སློང་བ་དང༌། ངོ་བོ་ཉིད་དང༌། གནས་ལས་རིག་པར་བྱ་སྟེ། དེ་ལ་གཞི་ནི་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའི་གཞིའོ།། ཀུན་ནས་སློང་བ་ནི། སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏང་བའི་ཕྱིར། ལུས་དང་ངག་གི་ལས་ཀུན་ནས་སློང་བར་བྱེད་པའི་སེམས་པ་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང་ལྡན་པ་གང་ཡིན་པའོ། །ངོ་བོ་ཉིད་ནི་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བ་ལ་ཀུན་ནས་བསླངས་པའི་ལུས་ཀྱི་ལས་དང༌། ངག་གི་ལས་གང་ཡིན་པའོ། །དེ་ལ་གནས་ནི་སྦྱིན་པར་བྱ་བའི་དངོས་པོ་དང༌། ལེན་པ་པོ་ནི་གནས་ཡིན་ནོ། །སྦྱིན་པ་ལས་བྱུང་བ་ཇི་ལྟ་བ་བཞིན་དུ། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམ་པ་ལས་
བྱུང་བ་ལ་ཡང་ཅི་རིགས་པར་རིག་པར་བྱའོ། །དེ་ལ་ཚུལ་ཁྲིམས་ལས་བྱུང་བའི་གཞི་དང༌། ཀུན་ནས་སློང་བ་ནི་འདྲའོ། །ངོ་བོ་ཉིད་ནི་སྡོམ་པས་བསྡུས་པའི་ལུས་ཀྱི་ལས་དང་ངག་གི་ལས་སོ། །གནས་ནི་སེམས་ཅན་དང༌། སེམས་ཅན་མ་ཡིན་པར་སྟོན་པའི་དངོས་པོའོ། །བསྒོམ་པ་ལས་བྱུང་བའི་གཞི་ནི། ཏིང་ངེ་འཛིན་གྱི་གཞི་སྟེ། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའོ། །ཀུན་ནས་སློང་བ་ནི་དེ་དང་ལྡན་པའི་ཏིང་ངེ་འཛིན་སྒྲུབ་པར་བྱེད་པའི་སེམས་པའོ། །ངོ་བོ་ཉིད་ནི་ཏིང་ངེ་འཛིན་ཏོ། །གནས་ནི་ཕྱོགས་བཅུའི་སེམས་ཅན་གྱི་ཁམས་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །སྦྱིན་བདག་གི་རྟགས་རྣམས་དང༌། ཚུལ་ཁྲིམས་ཅན་གྱི་རྟགས་རྣམས་དང༌། སྒོམ་པའི་རྟགས་རྣམས་ནི་སྔ་མ་བཞིན་དུ་ཐམས་ཅད་རིག་པར་བྱའོ། །བསོད་ནམས་ཀྱི་ལས་ནི་བདེ་འགྲོར་རྣམ་པར་སྨིན་པ་དང༌། འགྲོ་བ་ལྔ་མྱོང་བར་འགྱུར་བའི་དགེ་བ་གང་ཡིན་པའོ། །བསོད་ནམས་མ་ཡིན་པའི་ལས་ནི་ངན་སོང་དུ་རྣམ་པར་སྨིན་པ་དང༌། འགྲོ་བ་ལྔ་མྱོང་བར་འགྱུར་བའི་མི་དགེ་བ་གང་ཡིན་པའོ། །མི་གཡོ་བའི་ལས་ནི་གཟུགས་དང་གཟུགས་མེད་པར་རྣམ་པར་སྨིན་པ་དང༌། གཟུགས་དང་གཟུགས་མེད་པ་མྱོང་བར་འགྱུར་བའི་དགེ་བ་གང་ཡིན་པའོ། །བདེ་བ་མྱོང་བར་འགྱུར་བའི་ལས་ནི་བསམ་གཏན་གསུམ་མྱོང་བར་འགྱུར་བ་དང༌། མི་གཡོ་བ་གང་ཡིན་པའོ། །སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ནི་བསོད་ནམས་མ་ཡིན་པ་གང་ཡིན་པའོ། །སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་པའི་ལས་ནི། ཐམས་ཅད་དུ་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་སྨིན་པར་འགྱུར་བའི་ལས་གང་ཡིན་པའོ། །བསམ་གཏན་བཞི་པ་ཡན་ཆད་ནི་མི་གཡོ་བའོ། །ཚེ་འདི་ལ་མྱོང་བར་འགྱུར་བའི་ལས་ནི་ཚེ་འདིའི་འབྲས་བུ་གང་ཡིན་པའོ། །སྐྱེས་ནས་མྱོང་བར་འགྱུར་བའི་ལས་ནི་བར་དུ་མ་ཆོད་པར་སྐྱེ་བའི་འབྲས་བུ་གང་ཡིན་པའོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ནི་དེ་ཕན་ཆད་དུ་སྐྱེ་བའི་འབྲས་བུ་གང་ཡིན་པའོ། །འདས་པའི་ལས་ནི་བག་ཆགས་གྱི་གནས་སྐབས་
འབྲས་བུ་བྱིན་ཟིན་པའམ། འབྲས་བུ་མ་བྱིན་པ་གང་ཡིན་པའོ། །མ་འོངས་པའི་ལས་ནི་མ་སྐྱེས་ཤིང༌། མངོན་པར་མ་གྲུབ་པ་གང་ཡིན་པའོ། །ད་ལྟར་གྱི་ལས་ནི་མངོན་པར་འདུས་ བྱས་ཤིང་མངོན་པར་བསགས་ལ་ཞིག་པར་མ་གྱུར་པ་གང ་ཡིན་པའོ། །འདོད་པ་དང་ལྡན་པའི་ལས་ནི། འདོད་པའི་ཁམས་སུ་རྣམ་པར་སྨིན་ཅིང་འདོད་པའི་ཁམས་སུ་གཏོགས་པ་གང་ཡིན་པའོ། །གཟུགས་དང་ལྡན་པའི་ལས་ནི་གཟུགས་ཀྱི་ཁམས་སུ་རྣམ་པར་སྨིན་ཅིང་གཟུགས་ཀྱི་ཁམས་སུ་གཏོགས་པ་གང་ཡིན་པའོ། །གཟུགས་མེད་པ་དང་ལྡན་པའི་ལས་ནི། གཟུགས་མེད་པའི་ཁམས་སུ་རྣམ་པར་སྨིན་ཅིང་གཟུགས་མེད་པའི་ཁམས་སུ་གཏོགས་པ་གང་ཡིན་པའོ། །སློབ་པའི་ལས་ནི་སོ་སོའི་སྐྱེ་བོ་དང༌། སོ་སོའི་སྐྱེ་བོ་མ་ཡིན་པ་སློབ་པའི་སེམས་ཀྱི་རྒྱུད་ལ་ཡོད་པའི་དགེ་བ་གང་ཡིན་པའོ། །མི་སློབ་པའི་ལས་ནི་མི་སློབ་པའི་སེམས་ཀྱི་རྒྱུད་ལ་ཡོད་པའི་དགེ་བ་གང་ཡིན་པའོ། །སློབ་པའི་ཡང་མ་ཡིན་མི་སློབ་པའི་ཡང་མ་ཡིན་པའི་ལས་ནི་གཉི་ག་ལས་མ་གཏོགས་པ་དེ་ལས་གཞན་པའི་སེམས་ཀྱི་རྒྱུད་ལ་ཡོད་པ་གང་ཡིན་པ་སྟེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་གང་ཡིན་པའོ། །མཐོང་བས་སྤང་བར་བྱ་བའི་ལས་ནི་ངན་སོང་མྱོང་བར་འགྱུར་པའི་མི་དགེ་པ་གང་ཡིན་པའོ། །བསྒོམ་པས་སྤང་བར་བྱ་བའི་ལས་ནི་བདེ་འགྲོ་མྱོང་བར་འགྱུར་པའི་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་གང་ཡིན་པའོ།། སྤང་བར་བྱ་བ་མ་ཡིན་པའི་ལས་ནི་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཟག་པ་མེད་པ་གང་ཡིན་པའོ། །གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ནི་བསོད་ནམས་མ་ཡིན་པ་གང་ཡིན་པའོ། །དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་ནི་མི་གཡོ་བ་གང་ཡིན་པའོ། །གནག་ཅིང་དཀར་ལ་རྣམ་པར་སྨིན་པ་གནག་ཅིང་དཀར་བའི་ལས་ནི་མི་དགེ་བའི་གཉེན་པོ་བསོད་ནམས་གང་ཡིན་པ་སྟེ། འདི་ལྟར་བསོད་ནམས་མ་ཡིན་པ་མ་སྤངས་ལ། བསོད་ནམས་ཀྱི་ལས་སུ་རྣམ་པར་འཇོག་པར་བྱེད་པའོ། །ལས་གནག་པའི་ཡང་
མ་ཡིན་དཀར་བ་ཡང་མ་ཡིན་ལ། རྣམ་པར་སྨིན་པ་ཡང་མེད་དེ། ལས་ཟད་པར་འགྱུར་བ་ནི་ལས་གསུམ་ཆར་ཡང་སྤོང་བའི་གཉེན་པོར་གྱུར་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ལས་གང་ཡིན་པའོ། །ཡོན་པོའི་ལས་ནི་འདི་ལས་ཕྱི་རོལ་པའི་མུ་སྟེགས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བ་གང་ཡིན་པའོ། །ཉེས་པའི་ལས་ནི་ཡོན་པོའི་ལས་གང་ཡིན་པ་དེ་ཉིད་ཉེས་པའི་ལས་ཀྱང་དེ་ཡིན་ནོ། །གཞན་ཡང་ཉེས་པའི་ལས་ནི་ཆོས་འདི་པའི་སོ་སོའི་སྐྱེ་བོ་བསྟན་པ་ལ་ཕྱིན་ཅི་ལོག་ཏུ་ལྟ་བ་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་ལོག་པར་ངེས་པ་རྣམས་ཀྱི་དགེ་བ་དང་མི་དགེ་བའི་ལས་གང་ཡིན་པའོ། །སྙིགས་མའི་ལས་ནི་ཡོན་པོའི་ལས་དང༌། ཉེས་པའི་ལས་གང་ཡིན་པ་དེ་ཉིད་སྙིགས་མའི་ལས་ཀྱང་དེ་ཡིན་ནོ། །གཞན་ཡང་སྙིགས་མའི་ལས་ནི། ཆོས་འདི་པའི་སོ་སོའི་སྐྱེ་བོ་བསྟན་པ་ལ་ངེས་པར་མ་གྱུར་པ་ཐེ་ཚོམ་གྱི་བློ་དང་ལྡན་པ་རྣམས་ཀྱི་དགེ་བ་དང༌། མི་དགེ་བ་རྣམས་ཀྱི་ལས་གང་ཡིན་པའོ། །རྣམ་གྲངས་གཞན་ཡང༌། ཕྱི་རོལ་གྱི་མུ་སྟེགས་ཅན་རྣམས་ཀྱི་གསུམ་པོ་ནི་དེ་ལ་ལོག་པར་བསྒྲུབ་པའི་ཕྱིར་ཡོན་པོའོ། །དེ་ལ་བརྟེན་པའི་ཡོན་ཏན་མངོན་པར་བསྒྲུབ་པ་ལ་བགེགས་སུ་གྱུར་པའི་ཕྱིར་ཉེས་པའོ། །དེ་བཞིན་དུ་བརྟེན་པ་ལ་བགེགས་སུ་གྱུར་པའི་ཕྱིར་སྙིགས་མའི་ལས་སུ་རིག་པར་བྱའོ། །དེ་ལ་གཙང་བའི་ལས་ནི། ཆོས་འདི་པའི་སོ་སོའི་སྐྱེ་བོ་བསྟན་པ་ལ་ཡང་དག་པར་ངེས་པར་གྱུར་པ། ཐེ་ཚོམ་མེད་པའི་བློ་དང་ལྡན་པ་རྣམས་ཀྱི་དགེ་བའི་ལས་གང་ཡིན་པའོ། །ཐུབ་པའི་ལས་ནི་ཆོས་འདི་པའི་སོ་སོའི་སྐྱེ་བོ་མ་ཡིན་པ་འཕགས་པ་རྣམས་ཀྱི་སློབ་པ་དང༌། མི་སློབ་པའི་དགེ་བའི་ཆོས་གང་ཡིན་པའོ། །ལས་རྣམས་ཀྱི་ཉེས་དམིགས་གང་ཞེ་ན། མདོར་བསྡུ་ན་ཉེས་དམིགས་རྣམ་པ་བདུན་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། སྲོག་གཅོད་པ་པོས་སྲོག་གཅོད་པའི་གཞིའི་ཕྱིར་བདག་ལ་གནོད་པ་དང༌། ཕ་རོལ་ལ་གནོད་པ་དང༌། གཉི་ག་ལ་གནོད་པར་བྱ་བར་སེམས་པ་དང༌། ཚེ་འདིའི་ཁ་ན་མ་ཐོ་བ་སྐྱེད་པ་དང༌། ཚེ་ཕྱི་མའི་ཁ་ན་མ་ཐོ་བ་སྐྱེད་པ་དང༌། ཚེ་འདི་པ་དང་ཚེ་
ཕྱི་མ་པའི་ཁ་ན་མ་ཐོ་བ་སྐྱེད་པ་དང༌། དེ་ལས་སྐྱེས་པའི་སེམས་ལས་བྱུང་བའི་སྡུག་བསྔལ་དང༌། ཡིད་མི་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ། །ཇི་ལྟར་བདག་ལ་གནོད་པར་སེམས་ཤེ་ན། སྲོག་ཆགས་ལ་གནོད་པར་བྱེད་པ་ན། གཞི་དེ་ལས་བདག་ཉིད་གསད་པའམ། བཅིང་བའམ། ཉམས་པའམ། སྨད་པར་འགྱུར་ལ། ཕ་རོལ་ལ་གནོད་པར་ནི་མི་ནུས་པའོ། །ཇི་ལྟར་ཕ་རོལ་ལ་གནོད་པར་བྱེད་ཅེ་ན། དེ་ལྟར་བྱས་པས་ཕ་རོལ་ལ་གནོད་པར་འགྱུར་ལ། གཞི་དེ་ལས་བདག་ལ་གསད་པ་ནས་སྨད་པའི་བར་དུ་མི་འབྱུང་བའོ། །གཉི་ག་ལ་གནོད་པ་ནི་དེ་ལྟར་བྱས་པས་གཞན་ལ་ཡང་གནོད་པར་འགྱུར་ལ། གཞི་དེ་ལས་ཕ་རོལ་གྱིས་གསད་པ་ནས། སྨད་པའི་བར་དུ་འགྱུར་བའོ། །ཇི་ལྟར་ན་ཚེ་འདི་པའི་ཁ་ན་མ་ཐོ་བ་སྐྱེད་ཅེ་ན། ཇི་ལྟར་བདག་ལ་གནོད་པར་སེམས་པ་བཞིན་ནོ། །ཇི་ལྟར་ན་ཚེ་ཕྱི་མའི་ཁ་ན་མ་ཐོ་བ་སྐྱེད་ཅེ་ན། ཇི་ལྟར་གཞན་ལ་གནོད་པར་སེམས་པ་བཞིན་ནོ། །ཇི་ལྟར་ན་ཚེ་འདི་པ་དང༌། ཚེ་ཕྱི་མའི་ཁ་ན་མ་ཐོ་བ་སྐྱེད་ཅེ་ན། ཇི་ལྟར་གཉི་ག་ལ་གནོད་པར་སེམས་པ་བཞིན་ནོ། །ཇི་ལྟར་ན་དེ་ལས་སྐྱེས་པའི་སེམས་ལས་བྱུང་བ་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་མྱོང་བར་འགྱུར་ཞེ་ན། སྲོག་ཆགས་ལ་གནོད་པ་བྱས་པ་ན། གལ་ཏེ་ཉེས་དམིགས་རྣམ་པ་དྲུག་མ་བྱུང་ལ། སྲོག་གཅོད་པ་ཡང་དེའི་འདོད་པ་ལྟར་མ་གྲུབ་པར་གྱུར་ན། འདོད་པས་ཕོངས་པའི་གཞི་ལས། དེ་ལས་སྐྱེས་པའི་སེམས་ལས་བྱུང་བ་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དེས་མྱོང་བར་འགྱུར་རོ། །གཞན་ཡང་ཉེས་དམིགས་བཅུར་འགྱུར་ཏེ། འཆལ་བའི་ཚུལ་ཁྲིམས་ཀྱི་སྐབས་ནས་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རྒྱས་པར་རིག་པར་བྱའོ། །གཞན་ཡང་དགེ་བསྙེན་གྱི་བསླབ་པ་ལ་མི་དགེ་བའི་ལས་ཀྱི་ལམ་བཞི་དང༌། ལྔ་པ་སྟེ་འབྲུའི་ཆང་དང༌། བཅོས་པའི་ཆང་གི་སྐབས་སུ་བཅོམ་ལྡན་འདས་ཀྱིས་ཉེས་དམིགས་གསུངས་པ་དེ་དག་ཀྱང༌། འདི་ལྟ་སྟེ། དགའ་བྱེད་ཀྱི་མདོ་ལས་འབྱུང་བ་བཞིན་དུ། རྒྱས་པར་
རིག་པར་བྱའོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། རབ་ཏུ་དབྱེ་བ་དང༌། སྡུག་བསྔལ་བ་དང༌། མ་ངེས་པ་དང༌། འཇུག་པའོ། །དེ་ལ་སྐྱེ་བའི་རབ་ཏུ་དབྱེ་བ་ནི། ཁམས་ཀྱི་རབ་ཏུ་དབྱེ་བ་དང༌། འགྲོ་བའི་རབ་ཏུ་དབྱེ་བ་དང༌། གནས་གཞན་གྱི་རབ་ཏུ་དབྱེ་བ་དང༌། རིགས་ཀྱི་རབ་ཏུ་དབྱེ་བ་དང༌། འཇིག་རྟེན་ན་ལུས་ཀྱི་རབ་ཏུ་དབྱེ་བར་རིག་པར་བྱའོ། །དེ་ལ་ཁམས་ཀྱི་རབ་ཏུ་དབྱེ་བ་ནི། འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པ་དང༌། གཟུགས་མེད་པ་ན་སྤྱོད་པའི་སྐྱེ་བའོ། །འགྲོ་བའི་རབ་ཏུ་དབྱེ་བ་ནི་འགྲོ་བ་ལྔ་པོ་དག་ཏུ་སྐྱེ་བ་རྣམ་པ་ལྔའོ། །གནས་གཞན་གྱི་རབ་ཏུ་དབྱེ་བ་ནི་འདོད་པའི་ཁམས་ན་གནས་གཞན་སུམ་ཅུ་རྩ་དྲུག་དང༌། གཟུགས་ཀྱི་ཁམས་ན་བཅོ་བརྒྱད་དང༌། གཟུགས་མེད་པའི་ཁམས་ན་གནས་གཞན་བཞི་པོ་དག་ཏུ་སྐྱ་བ་སྟེ། དེ་དག་ཏུ་བསྡོམས་ན་སྐྱེ་བ་ལྔ་བཅུ་རྩ་བརྒྱད་དུ་འགྱུར་རོ། །རིགས་ཀྱི་རབ་ཏུ་དབྱེ་བ་ནི། འདོད་པའི་ཁམས་ནི་མི་རྣམས་ཀྱི་ནང་དུ་རིགས་ངན་པར་སྐྱེ་བ་སྟེ། འདི་ལྟར་འདི་ན་ཁ་ཅིག་གདོལ་པའི་རིགས་སམ། གཡུང་པོའི་རིགས་སམ། ཤིང་རྟ་མཁན་གྱི་རིགས་སམ། སྨྱིག་མ་མཁན་གྱི་རིགས་སམ། གཞན་ཡང་གང་མ་རབས་རྣམས་དང༌། དམའ་བ་རྣམས་དང༌། ངན་པ་རྣམས་དང༌། འཚོ་བ་ངན་པ་རྣམས་དང༌། ཆུང་བ་རྣམས་དང༌། བཟའ་བ་དང༌། བཏུང་བ་དང༌། ལོངས་སྤྱོད་ཆུང་བ་རྣམས་དང༌། དེ་ལྟ་བུ་དག་གི་རིགས་སུ་སྐྱེ་བ་ལྟ་བུ་ཡིན་ཏེ། དེ་དག་ནི་སྐལ་བ་མེད་པའི་མི་ཞེས་བྱའོ། །རིགས་བཙུན་པར་སྐྱེ་བ་ནི། འདི་ལྟར་འདི་ན་ཁ་ཅིག་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། བྲམ་ཟེ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། རིགས་གཞན་ཡང་གང་ཕྱུག་པོ་རྣམས་དང༌། ནོར་མང་བ་རྣམས་དང༌། ལོངས་སྤྱོད་ཆེ་བ་རྣམས་དང༌། ནོར་རྫས་མང་བ་རྣམས་དང༌། བདག་དབང་བ་མང་ཞིང་མཐའ་བཟང་བ་རྣམས་དང༌། ནོར་དང་འབྲུ་དང་བང་མཛོད་མང་བ་རྣམས་དང༌། དེ་ལྟ་བུ་དག་གི་རིགས་སུ་སྐྱེ་བ་ལྟ་བུ་ཡིན་ཏེ།
དེ་དག་ནི་སྐལ་པ་དང་ལྡན་པའི་མི་ཞེས་བྱའོ། །རིགས་ངན་པ་ཡང་མ་ཡིན་རིགས་བཙུན་པ་ཡང་མ་ཡིན་པར་སྐྱེ་བ་ནི་འདི་ལྟར་འདི་ན་ཁ་ཅིག་དེ་གཉི་ག་ལས་མ་གཏོགས་པའི་བར་མའི་རིགས་རྣམས་སུ་སྐྱེ་བ་ལྟ་བུའོ། །ཡང་ན་འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་སྐྱེ་བ་རྣམ་པ་གསུམ་ཡོད་དེ། ལྷ་མ་ཡིན་དུ་སྐྱེ་བ་དང༌། ས་གཞི་ལ་བརྟེན་པའི་ནང་དུ་སྐྱེ་བ་དང༌། ནམ་མཁའི་གཞལ་མེད་ཁང་ལ་བརྟེན་པའི་ནང་དུ་སྐྱེ་བ་དང༌། གཟུགས་ཀྱི་ཁམས་ན་སྐྱེ་བ་རྣམ་པ་གསུམ་ཡོད་དེ། སོ་སོའི་སྐྱེ་བོ་རྣམས་ཀྱི་འདུ་ཤེས་དང་བཅས་པར་སྐྱེ་བ་དང༌། འདུ་ཤེས་མེད་པར་སྐྱེ་བ་དང༌། གནས་གཙང་མར་སྐྱེ་བ་དང༌། གཟུགས་མེད་པའི་ཁམས་ན་སྐྱེ་བ་རྣམ་པ་གསུམ་ཡོད་དེ། འདུ་ཤེས་ཚད་མེད་པའི་ལྷ་རྣམས་དང༌། ཅི་ཡང་མེད་པར་འདུ་ཤེས་པ་རྣམས་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ལྟ་བུའོ། །དེ་ལ་འཇིག་རྟེན་ན་ལུས་ཀྱི་རབ་ཏུ་དབྱེ་བ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་ན། སེམས་ཅན་ཚད་མེད་པ་རྣམས་ཀྱི་སྐྱེ་བ་ཚད་མེད་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་སྡུག་བསྔལ་བ་ནི་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། རྒྱ་མཚོ་ཆེན་པོ་བཞིའི་ཆུ་གང་ཡིན་པ་དེ་བས་ནི། ཁྱེད་ཡུན་རིང་པོ་ནས་འགྲོ་ཞིང་འཁོར་བ་རྣམས་ཀྱི་ཁྲག་འཛག་ཅིང་འབབ་པ་ཆེས་མང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཡུན་རིང་པོ་ནས་གླང་པོ་ཆེ་རྣམས་དང་སྐལ་པ་མཉམ་པར་སྐྱེས་ཤིང༌། རྟ་རྣམས་དང༌། རྔ་མོ་རྣམས་དང༌། བ་ལང་རྣམས་དང༌། བོང་བུ་རྣམས་དང༌། ར་དང༌། རི་དགས་དང༌། མ་ཧེ་དང༌། ཕག་དང༌། ཁྱི་རྣམས་དང་སྐལ་པ་མཉམ་པར་སྐྱེས་ལ། དེར་ཁྱེད་ཀྱིས་ཡན་ལག་དང་ཉིང་ལག་བཅད་པ་མང་པོ་ཉམས་སུ་མྱོང་སྟེ། དེར་ཁྱེད་ཀྱི་ཁྲག་མང་པོ་ཟགས་ཤིང་འབབ་པར་གྱུར་པའི་ཕྱིར་རོ། །གླང་པོ་ཆེ་ལ་སོགས་པ་རྣམས་དང་སྐལ་པ་མཉམ་པར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ། མི་རྣམས་ཀྱི་ནང་དུ་ཡང་དེ་དང་འདྲ་སྟེ། དེར་ཁྱེད་ཀྱིས་ཕའི་ཕྱིར་སྡུག་བསྔལ་བ་དང༌། མའི་ཕྱིར་སྡུག་བསྔལ་བ་དང༌། ཕུ་ནུ་པོའི་ཕྱིར་
སྡུག་བསྔལ་བ་དང༌། སྲིང་མོའི་ཕྱིར་སྡུག་བསྔལ་བ་དང༌། གཉེན་བཤེས་ཟད་པ་དང༌། ནོར་ཟད་པ་དང༌། ལོངས་སྤྱོད་ཟད་པ་མང་པོ་ཉམས་སུ་མྱོང་སྟེ། དེར་ཁྱེད་ཀྱི་མཆི་མ་མང་པོ་ཟགས་ཤིང་བབ་པར་གྱུར་ཏོ། །ཁྲག་དང་མཆི་མ་ཇི་ལྟ་བ་བཞིན་དུ་མའི་ནུ་ཞོ་འཐུངས་པ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ་ཞེས་གསུངས་ཏེ། དེ་ལྟ་བུ་དང་མཐུན་པ་རྣམས་ནི་སྐྱེ་བའི་སྡུག་བསྔལ་གྱི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ལ་མ་ངེས་པ་ནི་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། འདི་ལྟ་སྟེ། དཔེར་ན་ས་འདིའི་སྟེང་ན་རྩྭ་དང༌། ཤིང་དང༌། ཡལ་ག་དང༌། ལོ་མ་དང༌། ལོ་མ་གཞོན་ནུ་ཅི་ཡོད་པ་དེ་དག །སྐྱེ་བོ་རྣམས་ཀྱིས་སོར་བཞི་ཙམ་དུ་དུམ་བུར་བཅད་ལ། ཕ་དང་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཕྱིར་བཀོད་དེ། འདི་ནི་བདག་གི་ཕའོ། །བདག་གི་ཕ་དེའི་ཕ་ནི་འདིའོ། །འདི་ནི་བདག་གི་མའོ། །བདག་གི་མ་དེའི་མ་ནི་འདིའོ་ཞེས་བྱས་ན། སོར་བཞི་ཙམ་གྱི་དུམ་བུ་དེ་དག་ནི་དེ་ལྟ་བུའི་ཚུལ་གྱིས་ཆེས་མྱུར་དུ་ཡོངས་སུ་ཟད་ཅིང་ཐུག་པར་འགྱུར་གྱི། ཕ་རྣམས་ཀྱི་ཕའི་མཐའ་དང་མ་རྣམས་ཀྱི་མའི་མཐའ་ནི་ཐུག་པར་འགྱུར་ཞེས་ང་མི་སྨྲའོ་ཞེས་གསུངས་པ་དང༌། གང་ཁྱེད་ཀྱིས་སེམས་ཅན་སྡུག་བསྔལ་བ་དང༌། མཆོག་ཏུ་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང་ལྡན་པ་གང་དག་མཐོང་ན། དེར་ཁྱེད་ཀྱིས་བདག་ཅག་གིས་ཀྱང་འདི་འདྲ་བར་སྡུག་བསྔལ་བ་དང༌། སྡུག་བསྔལ་བ་ཇི་ལྟ་བ་བཞིན་དུ། བདེ་བ་ཡང་དེ་དང་འདྲ་བར་ཉམས་སུ་མྱོང་ངོ་སྙམ་དུ་མཐའ་ཤེས་པར་གྱིས་ཤིག་ཅེས་གསུངས་པ་དང༌། སྔོན་ཡུན་རིང་པོ་འདས་པ་ནས་གང་དུ་ཁྱེད་མ་སྐྱེས་པ་དང༌། མ་སོང་བ་དང༌། མ་ཤི་བའི་ས་ཕྱོགས་དེ་ནི་ངས་མཐོང་བར་དཀའོ། །ཡུན་རིང་པོ་འདས་པ་ནས། སེམས་ཅན་གང་ཁྱེད་ཀྱི་ཕ་མའམ། ཕུ་ནུ་འམ། སྲིང་མོའམ། །སློབ་དཔོན་ནམ། མཁན་པོའམ། བླ་མའམ། བླ་མའི་གནས་ལྟ་བུར་མ་གྱུར་པ་དེ་ནི་ངས་མཐོང་བར་དཀའོ་ཞེས་གསུངས་པ་དང༌། གང་ཟག་གཅིག་གི་བསྐལ་པ་གཅིག་གི་རུས་པ་རྣམས་ཀྱི་རུས་པའི་ཕུང་པོ་ཡང་གལ་ཏེ་སྡུད་པ་ཞིག་ཡོད་ལ། བསྡུས་ནས་
ཀྱང་གལ་ཏེ་འཇིག་པར་ཡང་མི་འགྱུར། རུལ་བར་ཡང་མི་འགྱུར་དུ་ཟིན་ན་འདི་ལྟ་སྟེ། རི་ངོས་ཡངས་ཙམ་མོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་སྐྱེ་བའི་འཇུག་པ་གང་ཞེ་ན། འདི་ལྟར་ལུས་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། དེ་ནི་དེ་དག་གི་འཇུག་པ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། སྡོམ་ནི། ལུས་དང་སྒོ་དང་དོན་དང་ཡང༌། །རྣམ་པར་དབྱེ་དང་རིམ་པ་བསྟན། །ངེས་པའི་ཚིག་དང་རྐྱེན་ཉིད་དང༌། །རྐྱེན་གྱི་རབ་ཏུ་དབྱེ་བ་དང༌། །མདོ་སྡེ་བསྡུ་བར་བྱ་བ་དང༌། །མདོ་སྡེ་བསྡུ་བར་བྱ་བ་དང༌། །རྣམ་པ་སྣ་ཚོགས་ཐ་མ་ཡིན།། ལུས་གང་ཞེ་ན། མདོར་བསྡུ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རྣམ་པ་གསུམ་དུ་གཞག་པ་ཡིན་ཏེ། སྔོན་གྱི་མཐའ་ནས་ཇི་ལྟར་དབུས་ཀྱི་མཐར་འབྱུང་བ་དང༌། དབུས་ཀྱི་མཐའ་ནས་ཇི་ལྟར་ཕྱི་མའི་མཐར་འབྱུང་བ་དང༌། དབུས་ཀྱི་མཐར་བྱུང་ནས་ཇི་ལྟར་གནས་པ་དང༌། རྣམ་པར་བྱུང་བར་འགྱུར་བའོ། །དེ་ལ་སྔོན་གྱི་མཐའ་ནས་ཇི་ལྟར་དབུས་ཀྱི་མཐར་འབྱུང་ཞིང་བྱུང་ནས་ཀྱང་དབུས་ཀྱི་མཐར་གནས་པར་འགྱུར་ཞེ་ན། འདི་ལྟར་འདི་ནི་ལ་ལ་སྔོན་མི་མཁས་ཤིང་མ་རིག་པར་གྱུར་པས། མ་རིག་པའི་རྐྱེན་ལས་བྱུང་བའི་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་བྱས་ཤིང་བསགས་ནས། དེའི་རྣམ་པར་ཤེས་པ་ལས་དེ་དང་འབྲེལ་ཞིང་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པའི་རྒྱུར་གྱུར་པ། ནམ་མ་ཤི་བའི་དུས་ཀྱི་བར་དུ་རྗེས་སུ་འཇུག་པར་འགྱུར་རོ། །ནང་དང་ཕྱི་རོལ་གྱི་སྲེད་པ་ཡང་འབྲས་བུ་མངོན་པར་འགྲུབ་པའི་ཚེ། རྣམ་པར་ཤེས་པ་དེའི་གྲོགས་བྱེད་པའི་ཚུལ་གྱིས་ཉེ་བར་གནས་པར་འགྱུར་ཏེ། དེ་འཆི་བའི་དུས་བྱས་ནས། སྔོན་གྱི་མཐའ་ནས་ད་ལྟར་གྱི་དུས་སུ་རྒྱུའི་རྣམ་པར་ཤེས་པའི་རྐྱེན་གྱིས་ཉིང་མཚམས་སྦྱོར་བའི་འབྲས་བུའི་རྣམ་པར་ཤེས་པ་མཐར་གྱིས་མའི་མངལ་དུ་ལུས་མངོན་པར་འགྲུབ་པར་འགྱུར་ཏེ། མེར་མེར་པོ་ལ་སོགས་པའི་བར་གྱི་གནས་སྐབས་ཀྱི་ཁྱད་པར་དག་གིས། མངལ་ན་གནས་པའི་མིང་དང་གཟུགས་དེ་གོང་ནས་གོང་དུ་རྒ་བའི་བར་དུ་འགྱུར་རོ། །རྣམ་པར་ཤེས་པ་དེ་
ཉིད་ཉིང་མཚམས་སྦྱར་མ་ཐག་ཏུ་སྐྱེས་ནས་མྱོང་བར་འགྱུར་བའི་ལས་གང་ཡིན་པ་དེ། རྣམ་པར་སྨིན་པའི་ཚུལ་གྱིས་འབྲས་བུ་འབྱིན་པར་འགྱུར་ཏེ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་ཡང་མིང་དང་གཟུགས་དེ་ཉིད་ལ་བརྟེན་ཅིང་འདུག་གོ །དེ་ཡང་རྟེན་རྣམ་པ་དྲུག་ལ་བརྟེན་ཅིང་འདུག་སྟེ། དེས་ན་མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། །ལྷན་ཅིག་བྱུང་བའི་དབང་པོའི་གཟུགས་དང༌། འགགས་མ་ཐག་པའི་མིང་ནི་ཅི་རིགས་པར་རྣམ་པར་ཤེས་པ་དྲུག་པོ་དག་གི་རྟེན་ཡིན་ཏེ། དེ་ལ་བརྟེན་ནས་ཇི་སྲིད་འཚོའི་བར་དུ་རྣམ་པར་ཤེས་པ་འཇུག་པར་འགྱུར་རོ། །དབང་པོ་གཟུགས་ཅན་ལྔ་པོ་དག་གི་རྟེན་ནི་དབང་པོའི་འབྱུང་བ་ཆེན་པོ་རྣམས་དང༌། དབང་པོའི་རྟེན་འབྱུང་བ་ཆེན་པོས་བསྐྱེད་པའི་གཟུགས་དང་དབང་པོ་རྣམས་གང་གིས་ཟིན་པའི་མིང་གང་ཡིན་པ་རྒྱུད་ལ་ཡོད་པའི་རྒྱུན་གྱིས་འཇུག་པ་སྟེ། དེ་གཉི་ག་རྗེས་སུ་འཇུག་པའི་ཕྱིར་གཅིག་ཏུ་བསྡུས་ཏེ་རྟེན་ཡིན་ནོ། །དེ་ལྟར་ན་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་ཀྱང་བྱ་ལ། མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། ད་ལྟར་གྱི་དུས་ན་ཚེ་ཇི་སྲིད་པར་མདུང་ཁྱིམ་གྱི་ཚུལ་དུ་འདུག་གོ །དེ་ལྟར་ན་སྔོན་གྱི་མཐའ་ནས་དབུས་ཀྱི་མཐར། འདུ་བྱེད་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བར་འགྱུར་ལ། བྱུང་བ་རྣམས་ཀྱང་དབུས་ཀྱི་མཐར་འཇུག་པ་སྟེ། དེ་ལ་མངལ་ནས་སྐྱེ་བའི་སྐྱེ་གནས་སུ་འཇུག་པའི་རིམ་པ་ནི་དེ་ཡིན་ནོ། །སྒོ་ང་ལས་སྐྱེ་བ་དང༌། དྲོད་གཤེར་ལས་སྐྱེ་བ་ནི་མའི་མངལ་མ་གཏོགས་པ། དེ་ལས་གཞན་ཡིན་པར་རིག་པར་བྱའོ། །སེམས་ཅན་གཟུགས་ཅན་འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པ་རྣམས་རྫུས་ཏེ་སྐྱེ་བའི་སྐྱེ་གནས་སུ་ནི་དབང་པོ་ཚང་བར་འབྱུང་སྟེ། བྱེ་བྲག་ནི་དེ་ཡོད་དོ། །གཟུགས་མེད་པ་རྣམས་ན་ནི་རྣམ་པར་ཤེས་པ་མིང་ལ་བརྟེན་ཅིང༌། གཟུགས་ཀྱི་ས་བོན་ལ་ཡང་བརྟེན་ལ། གཟུགས་ཀྱིས་བོན་དང་མིང་ཡང་རྣམ་པར་ཤེས་པ་ལ་བརྟེན་ཅིང་འཇུག་སྟེ། འདི་ལྟར་གཟུགས་ཡོངས་སུ་ཆད་པ་ལས་ཕྱིས་ས་བོན་ལས་འབྱུང་བར་འགྱུར་ཏེ། འདི་ལ་ཡང་བྱེ་
བྲག་དེ་ཡོད་དོ། །བསོད་ནམས་ཀྱི་ལས་ཀྱིས་ནི་འདོད་པ་ན་སྤྱོད་པའི་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །བསོད་ནམས་མ་ཡིན་པས་ནི་ངན་སོང་རྣམས་སུ་སྐྱེ་བར་འགྱུར་རོ། །མི་གཡོ་བས་ནི་གཟུགས་དང་གཟུགས་མེད་པ་རྣམས་སུ་སྐྱེ་བར་འགྱུར་རོ། །དབུས་ཀྱི་མཐའ་ནས་ཕྱི་མའི་མཐར་འདུ་བྱེད་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟར་ན་འབྱུང་བར་འགྱུར། ཇི་ལྟར་ན་འབྱུང་བར་མི་འགྱུར་ཞིང༌། མི་འབྱུང་བས་རྣམ་པར་བྱང་བར་འགྱུར་ཞེ་ན། དེ་ལྟར་དབུས་ཀྱི་མཐར་བྱུང་བའི་གང་ཟག་དེས་སྔོན་གྱི་ལས་ཀྱི་འབྲས་བུ་ནང་གི་རྣམ་པར་སྨིན་པའི་འབྲས་བུ་དང༌། ཡུལ་ལས་སྐྱེས་པའི་ཚོར་བའི་དབང་གིས་འབྲས་བུ་རྣམ་པ་གཉིས་མྱོང་བར་འགྱུར་རོ། །དེ་དམ་པའི་ཆོས་མ་ཡིན་པ་ཉན་པའམ། སྔོན་གོམས་པ་ལ་བརྟེན་ནས། འབྲས་བུ་རྣམ་པ་གཉིས་ལ་རྨོངས་པར་འགྱུར་ཏེ། དེ་ནང་གི་རྣམ་པར་སྨིན་པའི་འབྲས་བུ་ལ་རྨོངས་པས་ཡང་སྲིད་པ་མངོན་པར་འགྲུབ་པ་ལས། སྡུག་བསྔལ་དུ་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་མི་ཤེས་སོ། །དེ་སྔོན་གྱི་མཐའ་དང་ཕྱི་མའི་མཐའི་མ་རིག་པའི་དབང་དུ་བྱས་ནས་སྔ་མ་བཞིན་དུ་འདུ་བྱེད་རྣམས་བྱེད་ཅིང་སོགས་སོ།། །། དེའི་རྣམ་པར་ཤེས་པ་དེ་ཚེ་འདི་ཉིད་ལ་གསར་དུ་ལས་བྱེད་པས་ལས་དེ་དང་འབྲེལ་པར་འགྱུར་ཏེ། དེ་ལྟར་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་བར་འགྱུར་ལ། འདུ་བྱེད་རྣམས་ཀྱི་རྐྱེན་གྱིས་ཀྱང་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ། །ཚེ་འདིའི་རྣམ་པར་ཤེས་པ་དེ་ནི་མ་འོངས་པ་ན་མངོན་པར་འགྲུབ་པའི་རྣམ་པར་ཤེས་པའི་འབྲས་བུ་ཡོངས་སུ་འཛིན་པའི་ཕྱིར་རྒྱུར་གྱུར་པ་ཡིན་ནོ། །རྣམ་པར་ཤེས་པ་ཐམས་ཅད་ཀྱི་དབང་དུ་བྱས་ནས་རྣམ་པར་ཤེས་པའི་ཚོགས་དྲུག་ཅེས་བྱ་སྟེ། རྣམ་པར་ཤེས་པ་དེ་ཡང་ཕྱི་མ་ལ། ཡང་སྲིད་པའི་མིང་དང་གཟུགས་ཀྱི་ས་བོན་དང་འབྲེལ་པར་འགྱུར་རོ། །མིང་དང་གཟུགས་ཀྱི་ས་བོན་དེ་ཡང་ཕྱི་མ་ལ། ཡང་སྲིད་པའི་སྐྱེ་མཆེད་དྲུག་གི་ས་བོན་དང་འབྲེལ་པར་འགྱུར་རོ། །སྐྱེ་མཆེད་དྲུག་གི་ས་བོན་དེ་ཡང་ཕྱི་མ་ལ། ཡང་སྲིད་པའི་རེག་པའི་ས་བོན་དང་འབྲེལ་པར་འགྱུར་རོ། །
རེག་པའི་ས་བོན་དེ་ཡང་ཕྱི་མ་ལ། ཡང་སྲིད་པའི་ཚོར་བའི་ས་བོན་དང་འབྲེལ་བར་འགྱུར་ཏེ། འདི་ནི་དབུས་ཀྱི་མཐའ་ལ་གནས་ཤིང༌། ཡང་སྲེད་པ་འཕེན་པའི་རྒྱུ་ཡིན་པར་རིག་པར་བྱ་སྟེ། དེས་ན་རྣམ་པར་ཤེས་པ་ལ་སོགས་པ་ནས། ཚོར་བ་ལ་ཐུག་པའི་བར་དག་གི་ལུས་མཐའ་དག་འཕེན་པར་འགྱུར་རོ། །དེ་རྣམ་པར་སྨིན་པའི་འབྲས་བུ་ལ་རྨོངས་པ་སྔ་མས་དེ་ལྟར་ཡང་སྲིད་པས་འཕངས་ནས། ཡུལ་ལས་སྐྱེས་པའི་འབྲས་བུ་ལ་རྨོངས་པ་ཅིག་ཤོས་ཀྱིས། ཡུལ་གྱི་ཚོར་བ་ལ་དམིགས་ནས་སྲེད་པ་སྐྱེད་པར་བྱེད་དོ། །སྲེད་པ་དེས་འདོད་པ་ཡོངས་སུ་ཚོལ་བའམ། སྲིད་པ་ཡོངས་སུ་ཚོལ་བར་བྱེད་པ་ན། འདོད་པའི་ལེན་པའམ། སྲིད་པའི་ལེན་པའམ། ལྟ་བ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་དང༌། བདག་ཏུ་སྨྲ་བ་ལེན་པར་བྱེད་དོ། །ལེན་པ་བླངས་ནས་ཀྱང༌། སྲེད་པ་དང་ལེན་པ་ལྷན་ཅིག་ཕྲད་པ་ན། འཕེན་པའི་རྒྱུ་སྔ་མ་ལ་སྲིད་པ་ཞེས་བྱའོ། །སྐྱེ་བ་མངོན་པར་འགྲུབ་པའི་རྒྱུར་བསྡུས་པའི་སྲིད་པའི་རྗེས་ལ་འཆི་བའི་དུས་བྱས་ནས། ཇི་ལྟར་འཕངས་པའི་འཕེན་པའི་རྒྱུས་རྣམ་པར་ཤེས་པ་ལ་སོགས་པ་ནས། ཚོར་བ་ལ་ཐུག་པའི་འདུ་བྱེད་རྣམས་རིམ་མམ་ཅིག་ཅར་འབྱུང་བར་འགྱུར་ཏེ། དེ་ལྟར་ཚེ་འདི་ལ་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་བ་དང༌། ན་བ་དང༌། འཆི་བ་ལ་སོགས་པའི་སྡུག་བསྔལ་གྱི་བྱེ་བྲག་རྣམས། སྐྱེ་བའི་གནས་ཁ་ཅིག་ཏུ་མངོན་དུ་འགྱུར་ལ། ཁ་ཅིག་ཏུ་ནི་ས་བོན་གྱི་རྗེས་སུ་འབྲེལ་པར་རིག་པར་བྱ་སྟེ། དེ་ལྟར་ན་དབུས་ཀྱི་མཐར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང༌། ཚོར་བའི་རྐྱེན་གྱིས་སྲེད་པ་ལ་བརྟེན་ནས། ཕྱི་མའི་མཐར་འདུ་བྱེད་རྣམས་འབྱུང་བར་འགྱུར་རོ། །གལ་ཏེ་ཚེ་འདི་ལ་གཞན་གྱི་སྒྲའམ། སྔོན་གྱི་ཚོགས་ལ་བརྟེན་ནས། འབྲས་བུར་གྱུར་པ་འདུ་བྱེད་རྣམ་པ་གཉིས་ལ་དེ་དག་གི་རྒྱུ་དང༌། དེ་དག་གི་འགོག་པ་དང༌། དེ་དག་འགོག་པར་འགྱུར་བའི་ལམ་ཚུལ་བཞིན་ཡིད་ལ་བྱེད་ན། དེས་ཚུལ་བཞིན་ཡིད་ལ་བྱས་པའི་རྒྱུས་
ཡང་དག་པར་ལྟ་བ་སྐྱེད་དེ། བདེན་པ་རྣམས་ལ་རིམ་གྱིས་སློབ་པ་དང༌། མི་སློབ་པའི་ཤེས་པ་མཐོང་བ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །དེས་ཤེས་པ་མཐོང་བ་དེས་ན་མ་རིག་པ་དང༌། སྲེད་པ་དེ་མ་ལུས་པར་སྤོང་ངོ༌། །དེ་སྤངས་ན་དེ་ལ་དམིགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པའི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གང་ཡིན་པ་དེ་སྤངས་པར་འགྱུར་རོ། །དེ་སྤངས་པས་ཀྱང་ཚེ་འདི་ལ་མ་རིག་པ་དང་བྲལ་ནས་ཤེས་རབ་རྣམ་པར་གྲོལ་བ་མངོན་སུམ་དུ་བྱས་པར་འགྱུར་རོ། །མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་མཚུངས་པར་ལྡན་པའི་སེམས་དང་མཚུངས་པར་ལྡན་པའི་སྲེད་པ་དང༌། འདོད་ཆགས་གང་ཡིན་པའི་སེམས་དེ་དང་བྲལ་བས་འདོད་ཆགས་དང་བྲལ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་མངོན་སུམ་དུ་བྱས་པར་འགྱུར་རོ། །མ་རིག་པ་དེ་འགགས་པས་མ་རིག་པ་མ་སྤངས་ན་རྣམ་པར་ཤེས་པ་ལ་སོགས་པ་ནས་ཚོར་བ་ལ་ཐུག་པའི་འདུ་བྱེད་རྣམས་སྐྱེ་བར་འགྱུར་བ་དེ་དག་ཕྱི་མའི་མཐའ་ལས་བརྩམས་ཏེ་སྐྱེ་བར་མི་འགྱུར་ལ། མི་སྐྱེ་བའི་ཆོས་ཅན་དུ་ཡང་འགྱུར་རོ། །དེ་ལྟ་བས་ན་མ་རིག་པ་འགགས་པས་འདུ་བྱེད་འགག་པའི་རིམ་པས་རྣམ་པར་སྨིན་པ་ལས་སྐྱེས་པའི་རེག་པ་འགག་སྟེ། རྣམ་པར་སྨིན་པ་ལས་སྐྱེས་པའི་ཚོར་བའི་བར་དུ་འགག་པར་འགྱུར་ཞེས་བྱའོ། །ཚེ་འདི་ལ་མ་རིག་པ་འགགས་པས། མ་རིག་པའི་འདུས་ཏེ་རེག་པ་འགག །མ་རིག་པའི་འདུས་ཏེ་རེག་པ་འགགས་པས་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འགག །མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་སྔ་མ་བཞིན་དུ་མི་སྐྱེ་བའི་ཆོས་ཉིད་ཀྱིས་ལེན་པ་ལ་སོགས་པ་ནས་འཁྲུག་པ་ལ་ཐུག་པའི་འདུ་བྱེད་རྣམས་འགག་ཅེས་བྱའོ། །དེ་ལྟར་ན་ཚེ་འདི་ལ་འདུ་བྱེད་དེ་དག་འཇུག་པར་མི་འགྱུར་ལ། ཚེ་འདི་ལ་མི་འཇུག་པས་ཚེ་འདི་ལ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། དེའི་ཚེ་དེའི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་
གཟུགས་དང༌། མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའི་ལྷག་མ་ཡོད་དེ། ཡོངས་སུ་དག་ཅིང་ཡོངས་སུ་བྱང་བར་འགྱུར་རོ། །དེའི་ལུས་རྣམ་པར་ཤེས་པ་དང་བཅས་པ་ཇི་སྲིད་དུ་གནས་པ་དེ་སྲིད་དུ་བྲལ་ནས་ཚོར་བ་མྱོང་བར་འགྱུར་གྱི་ལྡན་པ་ནི་མ་ཡིན་ནོ། །དེའི་ལུས་རྣམ་པར་ཤེས་པ་དང་བཅས་པ་དེ་ཡང་སྔོན་གྱི་ལས་ཀྱིས་འཕངས་པའི་ཚེ་ཇི་ཙམ་པ་དེ་སྲིད་གནས་ཏེ། གང་གི་ཚེ་དེའི་ཚེ་ཟད་པ་ན་རྣམ་པར་ཤེས་པས་ཟིན་པའི་ལུས་སྤོང་བར་འགྱུར་ཏེ། སྲོག་གི་དབང་པོ་འདི་ཕན་ཆད་ཀྱི་དེའི་སྲོག་གི་དབང་པོ་ཡོངས་སུ་ཟད་པར་འགྱུར་ཞིང༌། ཕྱིས་རྣམ་པར་སྨིན་པར་མི་འགྱུར་རོ། །རྣམ་པར་ཤེས་པ་དེ་ཡང་འདིར་ཚོར་བ་ཐམས་ཅད་དང་བཅས་པར་རང་གི་ངང་གིས་འགགས་ལ། སྔར་རྒྱུ་འགགས་པས་གཞན་དུ་ཉིང་མཚམས་སྦྱོར་བ་མེད་ཅིང་མ་ལུས་པར་འགགས་པ་ཡིན་ནོ། །དེ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཤིན་ཏུ་ཞི་བའི་གནས་ཡིན་ཏེ། གང་གི་དོན་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་མྱ་ངན་ལས་འདས་པར་ཉེ་བར་འགྲོ་བ་དང༌། མྱ་ངན་ལས་འདས་པའི་མཐའ་ཚངས་པར་སྤྱད་པ་བསྟེན་པའོ། །དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་གཞག་པ་ནི། སྔོན་གྱི་མཐའ་ནས་དབུས་ཀྱི་མཐར་འཇུག་པ་དང༌། དབུས་ཀྱི་མཐའ་ནས་ཕྱི་མའི་མཐར་འཇུག་པ་དང༌། དབུས་ཀྱི་མཐར་འཇུག་པ་རྣམ་པར་དག་པ་རྣམ་པ་གསུམ་གྱིས་རྒྱས་པར་བསྟན་པ་ཡིན་ཏེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ལུས་ཡིན་ནོ། །སྒོ་གང་ཞེ་ན། སྒོ་རྣམ་པ་བརྒྱད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བར་འཇུག་པར་འགྱུར་ཏེ། ནང་གི་རྣམ་པར་ཤེས་པ་འབྱུང་བའི་སྒོ་དང༌། ཕྱི་རོལ་གྱི་ལོ་ཏོག་འགྲུབ་པའི་སྒོ་དང༌། སེམས་ཅན་གྱི་འཇིག་རྟེན་འཆི་འཕོ་བ་དང་སྐྱེ་བའི་སྒོ་དང༌། སྣོད་ཀྱི་འཇིག་རྟེན་འཇིག་པ་དང་འཆགས་པའི་སྒོ་དང༌། ཟས་ཀྱིས་ཉེ་བར་བསྟེན་པའི་སྒོ་དང༌། ལས་བདག་གིར་བྱ་བའི་དབང་དུ་བྱས་ཏེ། སྡུག་པ་དང་མི་སྡུག་པའི་ལས་དང༌། དེ་དང་མཐུན་པའི་འབྲས་བུ་ལོངས་སྤྱོད་པའི་སྒོ་དང༌། མཐུའི་སྒོ་དང༌། རྣམ་པར་བྱང་བའི་སྒོའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་
དོན་གང་ཞེ་ན། སེམས་ཅན་མེད་པའི་དོན་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དེ་སེམས་ཅན་མེད་པ་ཡིན་ན་མི་རྟག་པའི་དོན་ཏོ། །མི་རྟག་པ་ཡིན་ན་རིང་པོ་མི་ཐོགས་པ་ཉེ་བར་གནས་པའི་དོན་ཏོ། །རིང་པོ་མི་ཐོགས་པ་ཉེ་བར་གནས་པ་ཡིན་ན་གཞན་གྱི་དབང་གི་དོན་ཏོ། །གཞན་གྱི་དབང་ཡིན་ན་བྱེད་པ་མེད་པའི་དོན་ཏོ། །བྱེད་པ་མེད་པའི་དོན་ཡིན་ན་རྒྱུ་དང་འབྲས་བུའི་རྒྱུན་མི་འཆད་པའི་དོན་ཏོ། །རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པ་ཡིན་ན་མཐུན་པར་རྒྱུ་དང་འབྲས་བུ་འཇུག་པའི་དོན་ཏོ། །མཐུན་པར་རྒྱུ་དང་འབྲས་བུ་འཇུག་པའི་དོན་ཡིན་ན་ལས་བདག་གིར་བྱ་བའི་དོན་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཏོ། །དོན་གང་ཡོངས་སུ་བསྟན་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་གཞག་ཅེ་ན། སྨྲས་པ། རྒྱུ་དང་རྐྱེན་རྣམས་ཀྱིས་རང་གི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་དོན་ཡོངས་སུ་བསྟན་པའི་ཕྱིར་རོ། །རྣམ་པར་དབྱེ་བ་གང་ཞེ་ན། སྔོན་གྱི་མཐའ་མི་ཤེས་པ་གང་ཡིན་པ་ཞེས་མདོ་ལས་རྒྱས་པར་འབྱུང་སྟེ། དེ་ལ་སྔོན་གྱི་མཐའ་མི་ཤེས་པ་གང་ཞེ་ན། འདས་པའི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་རྟོག་པའི་སྟེ། ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། འོན་ཏེ་བདག་འདས་པའི་དུས་ན་མ་བྱུང་བ་ཞིག །བདག་ཅིར་གྱུར་པ་ཞིག །བདག་ཇི་ལྟ་བུར་གྱུར་བ་ཞིག་སྙམ་པའི་མི་ཤེས་པ་གང་ཡིན་པའོ། །ཕྱི་མའི་མཐའ་མི་ཤེས་པ་གང་ཞེ་ན། མ་འོངས་པའི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་རྟོག་པའི་སྟེ། ཅི་བདག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ། འོན་ཏེ་བདག་མ་འོངས་པའི་དུས་ན་འབྱུང་བར་མི་འགྱུར་བ་ཞིག །བདག་ཅིར་འགྱུར་ཇི་ལྟ་བུ་ཞིག་ཏུ་འགྱུར་སྙམ་པའི་མི་ཤེས་པ་གང་ཡིན་པའོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་མི་ཤེས་པ་གང་ཞེ་ན། ནང་དུ་ཚུལ་བཞིན་མ་ཡིན་པར་ཐེ་ཚོམ་ཅན་གྱི་ཚུལ་གྱིས་ཅི་ཞིག་ཡོད། ཅིར་འགྱུར། སེམས་ཅན་འདི་དག་གང་ནས་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་སྙམ་པའི་མི་ཤེས་པ་གང་ཡིན་པའོ། །ནང་མི་ཤེས་པ་གང་ཞེ་ན།
སོ་སོར་རང་གི་འདུ་བྱེད་རྣམས་ལ་ཚུལ་བཞིན་མ་ཡིན་པར་བདག་ཏུ་ཡིད་ལ་བྱེད་པའི་མི་ཤེས་པ་གང་ཡིན་པའོ། །ཕྱི་རོལ་མི་ཤེས་པ་གང་ཞེ་ན། ཕྱི་རོལ་གྱི་འདུ་བྱེད་སེམས་ཅན་དུ་སྟོན་པ་མ་ཡིན་པ་རྣམས་ལ་བདག་གི་བར་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པའི་མི་ཤེས་པ་གང་ཡིན་པའོ། །ནང་དང་ཕྱི་རོལ་མི་ཤེས་པ་གང་ཞེ་ན། ཕ་རོལ་གྱི་རྒྱུད་ལ་ཡོད་པའི་འདུ་བྱེད་རྣམས་ལ་མཛའ་བཤེས་དང༌། དགྲ་དང༌། ཐ་མལ་པར་ཚུལ་བཞིན་མ་ཡིན་པར་རྟོག་པའི་མི་ཤེས་པ་གང་ཡིན་པའོ། །ལས་མི་ཤེས་པ་གང་ཞེ་ན། ལས་ཀྱི་བྱེད་པ་པོར་ཚུལ་བཞིན་མ་ཡིན་པར་རྟོག་པའི་མི་ཤེས་པ་གང་ཡིན་པའོ། །རྣམ་པར་སྨིན་པ་མི་ཤེས་པ་གང་ཞེ་ན། རྣམ་པར་སྨིན་པའི་འབྲས་བུར་བསྡུས་པའི་འདུ་བྱེད་རྣམས་ལ་ཚོར་བ་པོར་ཚུལ་བཞིན་མ་ཡིན་པར་རྟོག་པའི་མི་ཤེས་པ་གང་ཡིན་པའོ། །ལས་ཀྱི་རྣམ་པར་སྨིན་པ་མི་ཤེས་པ་གང་ཞེ་ན། ལས་དང་དེའི་འབྲས་བུ་ཕྱིན་ཅི་ལོག་པར་ཚུལ་བཞིན་མ་ཡིན་པར་རྟོག་པའི་མི་ཤེས་པ་གང་ཡིན་པའོ། །སངས་རྒྱས་མི་ཤེས་པ་གང་ཞེ་ན། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཡིད་ལ་མི་བྱེད་པའམ། ལོག་པར་ཡིད་ལ་བྱེད་པའམ། བག་མེད་པའམ། ཡིད་གཉིས་ཟ་བའམ། སྐུར་པ་འདེབས་པའི་མི་ཤེས་པ་གང་ཡིན་པའོ། །ཆོས་ཀྱི་མི་ཤེས་པ་གང་ཞེ་ན། ཆོས་ཀྱིས་ལེགས་པར་བསྲུངས་པ་ཡིད་ལ་མི་བྱེད་བའམ། ལོག་པར་ཡིད་ལ་བྱེད་པའམ། བག་མེད་པའམ། ཡིད་གཉིས་ཟ་བའམ། སྐུར་བ་འདེབས་པའི་མི་ཤེས་པ་གང་ཡིན་པའོ། །དགེ་འདུན་མི་ཤེས་པ་གང་ཞེ་ན། དགེ་འདུན་གྱིས་ལེགས་པར་བསྒྲུབས་པ་ཡིད་ལ་མི་བྱེད་པའམ། ལོག་པར་ཡིད་ལ་བྱེད་པའམ། བག་མེད་པའམ། ཡིད་གཉིས་ཟ་བའམ། སྐུར་པ་འདེབས་པའི་མི་ཤེས་པ་གང་ཡིན་པའོ། །སྡུག་བསྔལ་མི་ཤེས་པ་གང་ཞེ་ན། སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་མི་བྱེད་པའམ། ལོག་པར་ཡིད་ལ་བྱེད་པའམ། བག་མེད་པའམ། ཡིད་གཉིས་ཟ་བའམ། སྐུར་པ་འདེབས་པའི་མི་ཤེས་པ་གང་ཡིན་པའོ། །སྡུག་བསྔལ་ལ་ཇི་ལྟ་བ་བཞིན་དུ། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་
མི་ཤེས་པ་རྣམས་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །རྒྱུ་མི་ཤེས་པ་གང་ཞེ་ན། རྒྱུ་མེད་བར་རྟོག་བའམ། མི་མཐུན་པའི་རྒྱུ་དང༌། དབང་ཕྱུག་དང༌། རང་བཞིན་དང༌། སྐྱེས་བུ་གཞན་ལ་སོགས་པར་ཚུལ་བཞིན་མ་ཡིན་པར་རྟོག་པའི་མི་ཤེས་པ་གང་ཡིན་པའོ། །རྒྱུ་ཇི་ལྟ་བར་རྒྱུ་ལས་བྱུང་བའི་འདུ་བྱེད་རྣམས་ལ་ཡང་དེ་བཞིན་ཏེ། དེ་དག་ནི་ཁ་ན་མ་ཐོ་བ་མེད་པའི་ཕྱིར་དགེ་བའོ། །དེ་དག་ནི་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་མི་དགེ་བའོ། །ཕན་པའི་ཕྱིར་བརྟེན་པར་བྱ་བའོ། །གནོད་པའི་ཕྱིར་བརྟེན་པར་བྱ་བ་མ་ཡིན་པའོ། །གནག་པའི་ཕྱིར་ཁ་ན་མཐོ་བ་དང་བཅས་པའོ། །དཀར་བའི་ཕྱིར་ཁ་ན་མ་ཐོ་བ་མེད་པའོ། །འདྲེས་པའི་ཕྱིར་སོ་སོའི་ཆ་ཡོད་པའོ། །རེག་པའི་སྐྱེ་མཆེད་དྲུག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྟོག་པ་མི་ཤེས་པ་གང་ཞེ་ན། རྟོག་པ་ལ་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་མངོན་པའི་ང་རྒྱལ་ཅན་གྱི་མི་ཤེས་པ་གང་ཡིན་པ་སྟེ། དེ་དག་བསྡོམས་ན་མི་ཤེས་པ་རྣམ་པ་བཅུ་དགུ་ཡོད་དོ། །གཞན་ཡང་མི་ཤེས་པ་རྣམ་པ་བདུན་ཡོད་དེ། དུས་ལ་རྨོངས་པ་དང༌། དངོས་པོ་ལ་རྨོངས་པ་དང༌། འཕོ་བ་ལ་རྨོངས་པ་དང༌། མཆོག་ལ་རྨོངས་པ་དང༌། དེ་ཁོ་ན་ལ་རྨོངས་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་རྨོངས་པ་དང༌། མངོན་པའི་ང་རྒྱལ་གྱིས་རྨོངས་པའོ། །མི་ཤེས་པ་རྣམ་པ་བཅུ་དགུ་པོ་གང་ཡིན་པ་དང༌། མི་ཤེས་པ་རྣམ་པ་བདུན་པོ་གང་ཡིན་པ་དེ་ལ། གང་གིས་གང་བསྡུས་པར་བལྟ་བར་བྱ་ཞེ་ན། མི་ཤེས་པ་དང་པོ་གསུམ་གྱིས་ནི་དང་པོ་གཅིག་བསྡུས་སོ། །འོག་མ་གསུམ་གྱིས་ནི་གཉིས་པ་བསྡུས་སོ། །འོག་མ་གསུམ་གྱིས་ནི་གསུམ་པ་བསྡུས་སོ། །འོག་མ་གསུམ་གྱིས་ནི་བཞི་པ་བསྡུས་སོ། །འོག་མ་བཞིས་ནི་ལྔ་པ་བསྡུས་སོ། །འོག་མ་དྲུག་གིས་ནི་དྲུག་པ་བསྡུས་སོ། །ཐ་མ་གཅིག་གིས་ནི་བདུན་པ་བསྡུས་སོ། །གཞན་ཡང་མི་ཤེས་པ་རྣམ་པ་ལྔ་སྟེ། དོན་ལ་རྨོངས་པ་དང༌། ལྟ་བ་ལ་རྨོངས་པ་དང༌། བག་མེད་པས་རྨོངས་པ་དང༌། དེ་ཁོ་ནའི་དོན་ལ་རྨོངས་པ་དང༌། མངོན་པའི་ང་རྒྱལ་གྱིས་རྨོངས་པའོ། །མི་ཤེས་པ་རྣམ་པ་བཅུ་དགུ་པོ་གང་ཡིན་པ་དང༌།
རྣམ་པ་ལྔ་པོ་གང་ཡིན་པ་དེ་ལ། གང་གིས་གང་བསྡུས་པར་བལྟ་བར་བྱ་ཞེ་ན་ལྟ་བ་ལ་རྨོངས་པ་ནི། དང་པོའི་དྲུག་དང༌། རྒྱུ་ལས་བྱུང་བའི་ཆོས་རྣམས་མི་ཤེས་པ་བསྡུས་པར་བལྟ་བར་བྱའོ། །བག་མེད་པས་རྨོངས་པས་ནི་ལས་དང་རྣམ་པར་སྨིན་པ་དང་དེ་གཉི་ག་མི་ཤེས་པ་བསྡུས་སོ། །དེ་ཁོ་ནའི་དོན་ལ་རྨོངས་པས་ནི་སངས་རྒྱས་ལ་སོགས་པ་ནས་ལམ་གྱི་བདེན་པ་ལ་ཐུག་པ་རྣམས་མི་ཤེས་པ་བསྡུས་སོ། །མངོན་པའི་ང་རྒྱལ་གྱིས་རྨོངས་པས་ནི་ཐ་མ་བསྡུས་སོ། །དོན་ལ་རྨོངས་པས་ནི་ཐམས་ཅད་བསྡུས་པར་བལྟ་བར་བྱའོ། །མི་ཤེས་པ་དང༌། མ་མཐོང་བ་དང༌། མངོན་པར་མ་རྟོགས་པ་དང༌། མུན་པ་དང༌། རྨོངས་པ་དང༌། མ་རིག་པའི་མུན་པ་ཞེས་བྱ་བ་མ་རིག་པའི་རྣམ་པའི་རྣམ་གྲངས་དྲུག་པོ་འདི་དག་ནི་རྨོངས་པའི་གཞི་རྣམ་པ་བདུན་པོ་དག་དང༌། རིམ་བཞིན་དུ་སྦྱར་བར་བལྟ་བར་བྱ་སྟེ། རྨོངས་པའི་གཞི་ཐ་མ་གཉིས། གཞི་གཅིག་ཏུ་བྱས་པ་ནི་ཐ་མའི་མ་རིག་པའི་མུན་པའི་རྣམ་གྲངས་དེའི་ནང་དུ་བསྡུ་བར་བལྟ་བར་བྱའོ། །རྣམ་གྲངས་གཞན་ཡང་ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ཀྱིས། རྣམ་གྲངས་གསུམ་པོ་དང་རིམ་བཞིན་དུ་སྦྱར་རོ། །མི་མཐུན་པའི་ཕྱོགས་སུ་གྱུར་པ་དེ་ཉིད་ལ། ཆུང་ངུ་དང༌། འབྲིང་དང་ཆེན་པོ་ཡོད་པས་ན། རྣམ་གྲངས་ཕྱི་མ་གསུམ་དུ་འགྱུར་ཏེ། དེ་ལྟར་ན་མི་མཐུན་པའི་ཕྱོགས་ཀྱི་རབ་ཏུ་དབྱེ་བ་དང༌། ངོ་བོ་ཉིད་ཀྱི་རབ་ཏུ་དབྱེ་བས་རྣམ་གྲངས་དྲུག་ཏུ་འགྱུར་རོ།། །།བམ་པོ་བཅུ་པ། ལུས་ཀྱི་འདུ་བྱེད་རྣམས་གང་ཞེ་ན། ལུས་ཀྱི་ལས་འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པ་སྟེ། འོག་མའི་བསོད་ནམས་དང༌། བསོད་ནམས་མ་ཡིན་པར་གྲགས་པ་དང༌། གོང་མའི་མི་གཡོ་བར་གྲགས་པའོ།། ངག་གི་འདུ་བྱེད་རྣམས་གང་ཞེ་ན། ངག་གི་ལས་ཏེ། ལྷག་མ་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །ཡིད་ཀྱི་འདུ་བྱེད་རྣམས་གང་ཞེ་ན། ཡིད་ཀྱི་ལས་ཏེ། དེ་ཡང་འདོད་པའི་ཁམས་ཀྱི་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་སྟེ། མི་གཡོ་བ་ནི་མ་ཡིན་ནོ། །ཁམས་གོང་མ་
གཉིས་ཀྱི་ནི་མི་གཡོ་བ་ཉིད་དོ། །མིག་གི་རྣམ་པར་ཤེས་པ་གང་ཞེ་ན། ཕྱི་མ་ལ་མིག་གི་དབང་པོ་ལ་བརྟེན་ཅིང༌། གཟུགས་སོ་སོར་རྣམ་པར་རིག་པ་གང་ཡིན་པ་དེ། བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང༌། མི་གཡོ་བས་ཡོངས་སུ་བསྒོས་པ་ས་བོན་དུ་གྱུར་པའི་རྣམ་པར་ཤེས་པ་གང་ཡིན་བ་དང༌། ས་བོན་དེ་ལས་བྱུང་བ་འབྲས་བུར་གྱུར་བ་གང་ཡིན་པའོ། །མིག་གི་རྣམ་པར་ཤེས་པ་ཇི་ལྟ་བར། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་རྣམས་ཀྱང་ཅི་རིགས་པར་བལྟ་བར་བྱ་སྟེ། རྟེན་དང༌། ཡུལ་ལས་དེ་དག་གི་སོ་སོར་རྣམ་པར་རིག་པའི་བྱེ་བྲག་བལྟ་བར་བྱའོ། །དེ་ཡང་འདོད་བ་ན་སྤྱོད་པ་ནི་རྣམ་པ་དྲུག་གོ །གཟུགས་ན་སྤྱོད་པ་ནི་རྣམ་པ་བཞིའོ། །གཟུགས་མེད་པ་ན་སྤྱོད་པ་ནི་རྣམ་པ་གཅིག་བུའོ། །ཚོར་བའི་ཕུང་པོ་གང་ཞེ་ན། ཐམས་ཅད་ཀྱང་མྱོང་བའི་རྣམ་པ་ཡིན་ཏེ། དེ་ཡང་ཁམས་གསུམ་ཆར་ན་སྤྱོད་པ་ཡིན་ནོ། །འདུ་ཤེས་ཀྱི་ཕུང་པོ་གང་ཞེ་ན། ཐམས་ཅད་ཀྱང་ཤེས་པའི་རྣམ་པ་ཡིན་ནོ། །འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། ཐམས་ཅད་ཀྱང་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཀྱི་རྣམ་པ་ཡིན་ནོ། །རྣམ་པར་ཤེས་པའི་ཕུང་པོ་གང་ཞེ་ན། ཐམས་ཅད་ཀྱང་རྣམ་པར་རིག་པའི་རྣམ་པ་ཡིན་ཏེ། ཕུང་པོ་འདི་དག་ཁམས་གསུམ་ཆར་ན་སྤྱོད་པ་ཡིན་པར་བལྟ་བར་བྱའོ། །འབྱུང་བ་ཆེན་པོ་བཞི་པོ་དག་གང་ཞེ་ན། སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་ཏེ། དེ་དག་ནི་ཁམས་གཉིས་ན་ཡོད་དོ། །འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པའི་གཟུགས་གང་ཞེ་ན། གཟུགས་ཅན་གྱི་སྐྱེ་མཆེད་བཅུ་དང༌། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ཏེ། འདོད་པ་ན་སྤྱོད་པའི་གཟུགས་བཅུ་དང༌། བཏགས་པའི་ཡོད་པའི་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་དང༌། གཟུགས་ན་སྤྱོད་པ་བརྒྱད་དང༌། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། རྣམ་པར་ཤེས་པའི་ས་བོན་གྱིས་ཡོངས་སུ་ཟིན་པ་ས་བོན་དུ་གྱུར་པ་དང༌། དེས་མངོན་པར་བསྒྲུབས་པ་འབྲས་བུར་གྱུར་པའོ། །མིག་གི་སྐྱེ་མཆེད་གང་ཞེ་ན།
མིག་གི་རྣམ་པར་ཤེས་པའི་རྟེན་པོ་གཟུགས་དང་པ་སྟེ། གང་གིས་གཟུགས་རྣམས་མཐོང་བ་དང༌། ལྟ་བ་དང་ལྟ་བར་འགྱུར་བའོ། །མིག་གི་སྐྱེ་མཆེད་ཇི་ལྟ་བར་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་སྐྱེ་མཆེད་རྣམས་ཀྱང་དེ་བཞིན་དུ་ཅི་རིགས་པར་བལྟ་བར་བྱ་སྟེ། ཐམས་ཅད་ཀྱང་དུས་གསུམ་དུ་བསྟན་པས། ལས་བསྟན་པར་བྱའོ། །དེ་ཡང་རྣམ་པ་གཉིས་ཏེ་མིང་དང་གཟུགས་ཀྱི་ས་བོན་གྱིས་ཡོངས་སུ་ཟིན་པ་ས་བོན་དུ་གྱུར་པ་དང༌། དེས་མངོན་པར་བསྒྲུབས་པས་འབྲས་བུར་གྱུར་པ་སྟེ། འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པ་ནི་ལྔའོ། །དྲུག་པ་ནི་ཁམས་གསུམ་ཆར་ན་སྤྱོད་པའོ། །མིག་གི་འདུས་ཏེ་རེག་པ་གང་ཞེ་ན། གསུམ་འདུས་པ་ལས་སྐྱེས་པ། ཡུལ་སྡུག་པ་ལ་སོགས་པའི་དོན་འཛིན་པ་སྟེ། དེ་བཞིན་དུ་རེག་པ་ལྷག་མ་རྣམས་ཀྱང་སོ་སོའི་ཡུལ་གྱི་མཚན་ཉིད་བསྟན་པ་ལས་ཁོང་དུ་ཆུད་པར་བྱའོ།། དེ་དག་ཀྱང་རྣམ་པ་གཉིས་ཏེ། སྐྱེ་མཆེད་དྲུག་གི་ས་བོན་གྱིས་ཡོངས་སུ་ཟིན་པ་ས་བོན་དུ་གྱུར་པ་དང༌། དེས་མངོན་པར་བསྒྲུབས་པ་འབྲས་བུར་གྱུར་པ་སྟེ། འདོད་པ་ན་སྤྱོད་པ་ནི་ཐམས་ཅད་དོ། །གཟུགས་ན་སྤྱོད་པ་ནི་བཞིའོ། །གཟུགས་མེད་པ་ན་སྤྱོད་པ་ནི་གཅིག་གོ །བདེ་བའི་ཚོར་བ་གང་ཞེ་ན། བདེ་བའི་གནས་ལྟ་བུའི་དབང་པོ་དང༌། ཡུལ་ལ་བརྟེན་ནས་སིམ་པར་ཚོར་བའི་ཚོར་བའི་རྣམ་པ་སྐྱེ་བ་གང་ཡིན་པའོ། །སྡུག་བསྔལ་གྱི་ཚོར་བ་གང་ཞེ་ན། སྡུག་བསྔལ་གྱི་གནས་ལྟ་བུའི་གཉིས་པོ་ལ་བརྟེན་ནས། སིམ་པ་མ་ཡིན་པར་ཚོར་བའི་ཚོར་བའི་རྣམ་པ་སྐྱེ་བ་གང་ཡིན་པའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་གང་ཞེ་ན། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་གནས་ལྟ་བུའི་གཉིས་པོ་ལ་བརྟེན་ནས་སིམ་པ་ཡང་མ་ཡིན། སིམ་པ་མ་ཡིན་པ་ཡང་མ་ཡིན་པར་ཚོར་བའི་ཚོར་བའི་རྣམ་པ་སྐྱེ་བ་གང་ཡིན་པ་སྟེ། འདོད་པ་ན་སྤྱོད་པ་ནི་གསུམ་ཆར་རོ། །གཟུགས་ན་སྤྱོད་པའི་བསམ་གཏན་གསུམ་པ་མན་ཆད་ན་ནི་གཉིས་སོ། །བསམ་གཏན་བཞི་པ་ཡན་ཆད། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཐུག་པ་མན་ཆད་ན་ནི། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་
ཡིན་པའོ། །ཚོར་བ་དེ་དག་ཀྱང་རྣམ་པ་གཉིས་ཏེ་རེག་པའི་ས་བོན་གྱིས་ཡོངས་སུ་ཟིན་པ་ས་བོན་དུ་གྱུར་པ་དང༌། དེས་མངོན་པར་བསྒྲུབས་པ་འབྲས་བུར་གྱུར་པའོ། །འདོད་པའི་སྲེད་པ་གང་ཞེ་ན། འདོད་པ་ན་སྤྱོད་པའི་འདུ་བྱེད་རྣམས་ལ་བརྟེན་ནས་འདོད་པ་ན་སྤྱོད་པའི་འདུ་བྱེད་རྣམས་ལ་དོན་དུ་གཉེར་བ་ཉོན་མོངས་པ་ཅན་གང་ཡིན་པ་སྟེ། གང་གིས་འདོད་པའི་ཁམས་སུ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པའོ། །གཟུགས་ཀྱི་སྲེད་པ་གང་ཞེ་ན། གཟུགས་ན་སྤྱོད་པའི་འདུ་བྱེད་རྣམས་ལ་བརྟེན་ནས། གཟུགས་ན་སྤྱོད་པའི་འདུ་བྱེད་རྣམས་ལ་དོན་དུ་གཉེར་བ་ཉོན་མོངས་པ་ཅན་གང་ཡིན་པ་སྟེ། གང་གིས་གཟུགས་ཀྱི་ཁམས་སུ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པའོ། །གཟུགས་མེད་པ་ན་སྤྱོད་པའི་སྲེད་པ་གང་ཞེ་ན། གཟུགས་མེད་པ་ན་སྤྱོད་པའི་འདུ་བྱེད་རྣམས་ལ་བརྟེན་ནས། གཟུགས་མེད་པ་ན་སྤྱོད་པའི་འདུ་བྱེད་རྣམས་ལ་དོན་དུ་གཉེར་བ་ཉོན་མོངས་པ་ཅན་གང་ཡིན་པ་སྟེ། གཟུགས་མེད་པའི་ཁམས་སུ་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པའོ། །འདོད་པའི་ལེན་པ་གང་ཞེ་ན། འདོད་པ་རྣམས་ལ་འདུན་པ་དང༌། འདོད་ཆགས་གང་ཡིན་པའོ། །ལྟ་བའི་ལེན་པ་གང་ཞེ་ན། འཇིག་ཚོགས་ལ་ལྟ་བ་མ་གཏོགས་པ་དེ་ལས་གཞན་པའི་ལྟ་བ་རྣམས་ལ་འདུན་པ་དང༌། འདོད་ཆགས་གང་ཡིན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ལེན་པ་གང་ཞེ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་ལོག་པར་ཞུགས་པ་ལ་འདུན་པ་དང༌། འདོད་ཆགས་པ་གང་ཡིན་པའོ། །བདག་ཏུ་སྨྲ་བའི་ལེན་པ་གང་ཞེ་ན། འཇིག་ཚོགས་ལ་ལྟ་བ་ལ་འདུན་པ་དང༌། འདོད་ཆགས་གང་ཡིན་པ་སྟེ། དང་པོས་ནི་འདོད་པའི་ཁམས་ཉིད་ཁོ་ནར་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་དོ། །ལྷག་མ་རྣམས་ཀྱིས་ནི་ཁམས་གསུམ་ཆར་དུའོ། །འདོད་པའི་སྲིད་པ་གང་ཞེ་ན། འདོད་པ་ན་སྤྱོད་པའི་སྔོན་གྱི་དུས་ཀྱི་སྲིད་པ་དང༌། ལས་ཀྱི་སྲིད་པ་དང༌། འཆི་བའི་སྲིད་པ་དང༌། བར་མ་དོའི་སྲིད་པ་དང༌། སྐྱེ་བའི་སྲིད་པ་དང༌། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་དང༌། ལྷ་དང༌། མིའི་སྲིད་པ་ལ་འདོད་པའི་
སྲིད་པ་ཞེས་བྱ་སྟེ། དེ་ཡང་སྔོན་ བྱས་པའི་འདུ་བྱེད་དང༌། ཉོན་མོངས་པས་ཡོངས་སུ་ཟིན་ཅིང་བསྐྱེད་པ་ཡིན་ནོ། །གཟུགས་ཀྱི་སྲིད་པ་གང ་ཞེ་ན། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་དང༌། མིའི་སྲིད་པ་མ་གཏོགས་པ་དེ་ལས་གཞན་པ་ནི་གཟུགས་ཀྱི་སྲིད་པ་ཡིན་པར་བལྟ་བར་བྱའོ། །གཟུགས་མེད་པའི་སྲིད་པ་གང་ཞེ་ན། བར་མ་དོའི་སྲིད་པ་ཡང་མ་གཏོགས་པ་དེ་ལས་གཞན་པའི་སྲིད་པས་བསྡུས་པ་ནི་གཟུགས་མེད་པའི་སྲིད་པ་ཡིན་པར་བལྟ་བར་བྱའོ། །སྲིད་པ་བདུན་པོ་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་དང༌། ལྷ་དང༌། མི་དང༌། ལས་དང༌། བར་མ་དོའི་སྲིད་ པ་རྣམས་གང་གི་དབང་དུ་བྱས ་ཏེ་རྣམ་པར་གཞག་ཅེ་ན། དགོས་པ་གསུམ་གྱི་དབང་དུ་བྱས་པ་ཡིན་ཏེ། གཅིག་ནི་འཕེན་པའི་སྲིད་པའོ། །གཅིག་ནི་སྲིད་པ་ཐོབ་པར་བྱེད་པའི་སྲིད་པའོ། །ལྔ་ནི་འབྲས་བུ་ཉེ་བར་སྤྱོད་པའི་སྲིད་པའོ། །སྐྱེ་བ་གང་ཞེ་ན། མངལ་ནས་སྐྱེ་བ་དང༌། སྒོ་ང་ལས་སྐྱེ་བའི་སྐྱེ་གནས་སུ་ཐོག་མར་མངོན་པར་འགྲུབ་པ་གང་ཡིན་པའོ། །ཀུན་ཏུ་སྐྱེ་བ་གང་ཞེ་ན། དེ་ཉིད་ཀྱི་ནང་དུ་ལུས་ཡོངས་སུ་རྫོགས་ལ་ཕྱིར་མ་བྱུང་བ་གང་ཡིན་པའོ། །ཕྱིར་འབྱུང་བ་གང་ཞེ་ན། དེ་ནས་བྱུང་བ་གང་ཡིན་པའོ། །མངོན་པར་འགྲུབ་པ་གང་ཞེ་ན། བྱུང་ནས་སྐྱེ་བ་གང་ཡིན་པའོ། །འབྱུང་བ་གང་ཞེ་ན། དྲོད་གཤེར་ལས་སྐྱེ་བ་དང༌། རྫུས་ཏེ་སྐྱེ་བའི་སྐྱེ་གནས་སུ་ཅིག་ཅར་འབྱུང་བ་གང་ཡིན་པའོ། །ཕུང་པོ་འཐོབ་པ་གང་ཞེ་ན། སྐྱེ་གནས་འདི་དག་ཉིད་དང༌། གནས་སྐབས་རྣམས་སུ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དགའ་འབྱུང་བ་གང་ཡིན་པའོ། །ཁམས་འཐོབ་པ་གང་ཞེ་ན། ཕུང་པོ་དེ་དག་ཉིད་རྒྱུའི་རྐྱེན་གྱིས་ཡོངས་སུ་ཟིན་པ་གང་ཡིན་པའོ། །སྐྱེ་མཆེད་འཐོབ་པ་གང་ཞེ་ན། ཕུང་པོ་དེ་དག་ཉིད་དེ་ལས་གཞན་པའི་རྐྱེན་གྱིས་ཡོངས་སུ་ཟིན་པ་གང་ཡིན་པའོ། །ཕུང་པོ་མངོན་པར་འགྲུབ་པ་གང་ཞེ་ན། ཕུང་པོ་དེ་དག་ཉིད་ཉིན་གཅིག་བཞིན་དུ་ཁ་ཟས་ཀྱིས་བརྟས་ཤིང་རྒྱས་པར་བྱེད་པ་གང་ཡིན་པའོ། །སྲོག་གི་དབང་པོ་འབྱུང་བ་གང་ཞེ་ན། ཕུང་པོ་དེ་དག་ཉིད་ཀྱི་ཚེའི་ལྷག་མའི་དབང་གིས་གནས་སྐབས་གང་ཡིན་པའོ། །སྐྱེ་བ་དེའི་དོན་མདོར་བསྡུ་བ་གང་ཞེ་ན། སྐྱེ་བའི་ངོ་བོ་ཉིད་གང་
ཡིན་པ་དང༌། གང་དུ་སྐྱེ་བ་དང༌། གང་སྐྱེ་བ་དང༌། རྒྱུ་དང་རྐྱེན་གང་དག་གིས་ཡོངས་སུ་ཟིན་པ་དང༌། ཉེ་བར་རྟོན་པས་བསྒྲུབས་པ་དང༌། ལྷན་ཅིག་སྐྱེས་པ་གང་གིས་འཚོ་བ་སྟེ། དེ་ལྟར་ན་འདི་ནི་དོན་མདོར་བསྡུས་པ་ཡིན་ནོ། །ཁྱོར་བ་གང་ཞེ་ན། ལུས་ཉམ་ཆུང་བས་ཁྱོར་ཁྱོར་བ་གང་ཡིན་པའོ། །སྐྲ་དཀར་བ་གང་ཞེ་ན། སྐྲའི་མདོག་འགྱུར་བ་གང་ཡིན་པའོ། །གཉེར་མ་མང་བ་གང་ཞེ་ན། བགས་པ་སྙེར་སྙེར་པོ་གང་ཡིན་པའོ། །རྒས་པ་གང་ཞེ་ན། འདོད་པ་ལ་ལོངས་སྤྱོད་པའི་མཐུ་མེད་ཅིང༌། གཟི་བརྗིད་ཉམས་པ་གང་ཡིན་པའོ། །ཞོམ་པ་གང་ཞེ་ན། རང་བཞིན་གྱིས་ནད་བུ་ཅན་དུ་གྱུར་པའི་ཕྱིར་བརྩལ་བར་བྱ་བ་ལ་མཐུ་མེད་པ་གང་ཡིན་པའོ། །ལུས་སྨེ་བ་ནག་པོས་གང་བ་གང་ཞེ་ན། བཟང་བ་ལ་བགེགས་སུ་གྱུར་པའི་སྨེ་བ་ནག་པོ་མང་དུ་འབྱུང་བའོ། །དེ་ལ་ཕྱམ་སྒུར་པོ་ལྟར་སྒུར་བ་དང་མགུལ་བའི་སྒྲ་ངར་ངར་པོ་འབྱུང་ཞིང་དབུགས་བརྫངས་པ་གང་ཞེ་ན། འགྲོ་བའི་སྤྱོད་ལམ་གྱིས་ཕྱེ་བའི་ལུས་ཀྱི་དབྱིབས་དང༌། དེ་ལས་བྱུང་བའི་སྔ་མ་བས་ཆེ་བ་ཉིད་གང་ཡིན་པའོ། །ལུས་མདུན་དུ་དབྱིབས་སྒུར་པོར་གྱུར་པ་གང་ཞེ་ན། འདུག་པའི་སྤྱོད་ལམ་དུ་གནས་པའི་ལུས་སྒུར་བ་ཉིད་གང་ཡིན་པའོ། །ཁར་བ་ལ་བརྟེན་པ་གང་ཞེ་ན། འགྲེང་བའི་སྤྱོད་ལམ་གྱིས་གནས་པ་ཁར་བས་སྟོབས་བསྐྱེད་པས་གནས་པ་གང་ཡིན་པའོ། །མི་གསལ་བར་གྱུར་པ་གང་ཞེ་ན། གཉིད་ལོག་པའི་སྤྱོད་ལམ་གྱིས་གནས་པ་ན། རྒྱུན་དུ་གཉིད་སྟུག་པོས་ནོན་པ་གང་ཡིན་པའོ། །ཞན་པ་གང་ཞེ་ན། དེ་ཉིད་ལས་མྱུར་དུ་སད་པའི་མཐུ་མེད་པ་གང་ཡིན་པའོ། །ཉམས་པ་གང་ཞེ་ན། དྲན་པའི་བློ་ཉམས་པ་གང་ཡིན་པའོ། །ཡོངས་སུ་ཉམས་པ་གང་ཞེ་ན། དྲན་པའི་བློ་ཞན་པས་དགེ་བའི་ཆོས་ཡང་དག་པར་སྒྲུབ་པའི་མཐུ་མེད་པ་གང་ཡིན་པའོ། །དབང་པོ་རྣམས་ཡོངས་སུ་སྨིན་པ་གང་ཞེ་ན། རང་བཞིན་གྱིས་ཞན་པར་གྱུར་བ་གང་ཡིན་པའོ། །ཡོངས་སུ་འབྲལ་བ་གང་ཞེ་ན། ཡུལ་དེ་དག་ཉིད་ལ་མཐུ་མེད་པར་གྱུར་པ་གང་ཡིན་པའོ། །འདུ་བྱེད་རྣམས་རྙིངས་པར་གྱུར་པ་གང་ཞེ་ན། འཆིར་ཉེ་བའི་ཕྱིར་དེ་དག་ཉིད་ཀྱི་ཐ་མའི་དུས་
སྐབས་ལ་བབ་པ་གང་ཡིན་པའོ། །གཏུགས་པར་གྱུར་པ་གང་ཞེ་ན། བྱ་བ་བྱེད་པ་ལ་མཐུ་མེད་བར་གྱུར་བའི་ཕྱིར། །ཚེ་ཡོངས་སུ་ཟད་པ་ན། ལུས་འཇིག་ཏུ་ཆ་བ་གང་ཡིན་པའོ། །རྒ་བའི་དོན་མདོར་བསྡུ་བ་གང་ཞེ་ན། ལུས་ཡོངས་སུ་འགྱུར་བ་དང༌། སྐྲ་ཡང་ཡོངས་སུ་འགྱུར་བ་དང༌། རྒྱས་པ་ཡོངས་སུ་འགྱུར་བ་དང༌། གཟི་བརྗིད་དང་ཉམས་སྟོབས་ཡོངས་སུ་འགྱུར་བ་དང༌། ནད་མེད་པ་ཡོངས་སུ་འགྱུར་བ་དང༌། མདོག་ཡོངས་སུ་འགྱུར་བ་དང༌། སྤྱོད་ལམ་ཡོངས་སུ་འགྱུར་བ་དང༌། དབང་པོ་གཟུགས་ཅན་མ་ཡིན་པ་ཡོངས་སུ་འགྱུར་བ་དང༌། དབང་པོ་གཟུགས་ཅན་ཡོངས་སུ་འགྱུར་བ་དང༌། གནས་སྐབས་འདས་པ་དང༌། ཚེའི་མཇུག་བརྟུལ་བ་ནི་དོན་གྱིས་མདོར་བསྡུ་བ་ཡིན་བར་བལྟ་བར་བྱའོ། །སེམས་ཅན་དེ་དང་དེ་དག་ཅེས་བྱ་བ་གང་ཞེ་ན། སེམས་ཅན་དམྱལ་བ་པ་ལ་སོགས་པའོ། །སེམས་ཅན་གྱི་རིས་གང་ཞེ་ན། དེ་དག་ཐམས་ཅད་ཉིད་དོ། །འཆི་འཕོ་བ་གང་ཞེ་ན། སེམས་ཅན་གང་དག་གནད་ཆད་པ་མེད་པར་འཆི་བའོ། །འཆི་བ་ཉིད་གང་ཞེ་ན། སེམས་ཅན་གང་དག་གནད་ཆད་དེ་འཆི་བའོ། །འབྲལ་བ་གང་ཞེ་ན། ལུས་ལས་རྣམ་པར་ཤེས་པ་འབྲལ་བ་གང་ཡིན་པའོ། །མེད་པར་འགྱུར་བ་གང་ཞེ་ན། དབང་པོ་གཟུགས་ཅན་འགགས་པ་གང་ཡིན་པའོ། །ཚེ་ཉམས་པ་གང་ཞེ་ན། སྐྱིགས་བུ་དང་རྔམ་པར་གྱུར་པའི་གནས་སྐབས་གང་ཡིན་པའོ། །དྲོད་ཡལ་བ་གང་ཞེ་ན། གཡོ་བ་མེད་པར་གྱུར་པའི་གནས་སྐབས་གང་ཡིན་པའོ། །ཕུང་པོ་རྣམས་སྤངས་ཤིང་སྲོག་གི་དབང་པོ་འགགས་པ་གང་ཞེ་ན། དུས་སུ་འཆི་བ་གང་ཡིན་པའོ། །འཆི་བ་གང་ཞེ་ན། དེའི་རྐྱེན་དག་གིས་དུས་ལམ་བབ་པར་འཆི་འཕོ་བ་གང་ཡིན་པའོ། །འཆི་བའི་དུས་བྱེད་པ་གང་ཞེ་ན། རིང་པོར་མི་ཐོགས་པར་འཆི་བའི་གནས་སྐབས་གང་ཡིན་པའོ། །རྣམ་གྲངས་གཞན་ཡང་འཆི་བ་ནི་བདུད་ཀྱི་ལས་ཏེ། འཆི་བའི་དུས་བྱེད་ཅེས་བྱ་བ་ཡིན་ནོ། །འཆི་བའི་དོན་མདོར་བསྡུ་བ་གང་ཞེ་ན། འཆི་འཕོ་བ་གང་ཡིན་པ་དང༌། ཆོས་གང་འཆི་འཕོ་བ་དང༌། ཇི་ལྟར་འཆི་འཕོ་བ་དང༌། ཤི་འཕོས་པ་དེའི་མཇུག་ཐོགས་ཀྱི་དུས་གང་ཡིན་པ་སྟེ། འདི་ནི་དོན་གྱིས་མདོར་བསྡུ་བ་ཡིན་ནོ། །དེ་ལྟར་ན་འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་
རྣམ་པར་འབྱེད་པའི་རྣམ་པར་དབྱེ་བ་ཡིན་པར་བལྟ་བར་བྱའོ། །ཅིའི་ཕྱིར་མ་རིག་པ་ལ་སོགས་པ་སྲིད་པའི་ཡན་ལག་རྣམས་ཀྱི་རིམ་པ་འདི་ལྟ་བུར་བསྟན་པར་བྱས་ཤེ་ན། ཐོག་མཁོ་ནར་ཤེས་བྱའི་དངོས་པོ་ལ་རྨོངས་སོ། །རྨོངས་པ་དེ་ཉིད་ལས་ལོག་པར་མངོན་པར་འདུ་བྱེད་དོ། །ལོག་པར་མངོན་པར་འདུ་བྱེད་པས། སེམས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །སེམས་ཕྱིན་ཅི་ལོག་ཏུ་གྱུར་པས་ཉིང་མཚམས་སྦྱོར་རོ། །ཉིང་མཚམས་སྦྱོར་པས་དབང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །དབང་པོ་ཡོངས་སུ་རྫོགས་པ་ལས་གཉིས་ཀྱིས་ཡུལ་ཡོངས་སུ་ལོངས་སྤྱོད་པར་བྱེད་དོ། ཡུལ་ཡོངས་སུ་ལོངས་སྤྱད་པ་ལས་ལྷག་པར་ཞེན་པ་དང༌། དེ་འདོད་པར་འགྱུར་རོ། །འདོད་ནས་ཡོངས་སུ་ཚོལ་བས་ཉོན་མོངས་པ་ལ་སོགས་པར་འགྱུར་རོ། །ཉོན་མོངས་པ་བསགས་པས་ཡང་སྲིད་པར་སྡུག་པ་དང་མི་སྡུག་པའི་ལས་ཀུན་ནས་ལྡང་ངོ༌། །ལས་བསགས་པ་ཀུན་ནས་ལངས་པས་འགྲོ་བ་ལྔའི་འཁོར་བར་སྡུག་བསྔལ་མངོན་པར་འགྲུབ་པོ། །སྡུག་བསྔལ་མངོན་པར་གྲུབ་པར་བྱས་པས། རྒ་ཤི་ལ་སོགས་པའི་སྡུག་བསྔལ་བ་ལུས་ཡོངས་སུ་འགྱུར་བའི་རྒ་ཤིའི་སྡུག་བསྔལ་འབྱུང་ངོ༌། །ཡུལ་ཡོངས་སུ་གྱུར་པའི་རྒྱུ་ལས་བྱུང་བ་ནི། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པའི་སྡུག་བསྔལ་ཡིན་ཏེ། དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཡན་ལག་བཅུ་གཉིས་པོ་འདི་དག་གོ་རིམས་ཀྱིས་བསྟན་ཏོ། །གོ་རིམས་ཀྱི་རྣམ་གྲངས་གཞན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་བརྩམས་པའི་རྐྱེན་རྣམ་པ་གཉིས་ཡོད་དེ། ལུས་ཀྱི་རྐྱེན་དང༌། ཡུལ་ལ་ཉེ་བར་སྤྱོད་པའི་རྐྱེན་ཏོ། །ལུས་ཀྱི་རྐྱེན་ཡང་ཡན་ལག་དྲུག་གིས་བསྡུས་ཤིང་ཡུལ་ལས་ལོངས་སྤྱད་པའི་རྐྱེན་ཡང་ཡན་ལག་དྲུག་ཁོ་ནས་བསྡུས་ཏེ། ཐོག་མར་ནི་ལུས་ལ་བདག་ཏུ་འཛིན་པ་ལ་སོགས་པས་རྨོངས་སོ། །དེ་ནས་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ། སྡུག་བསྔལ་བར་འགྱུར་བར་མ་ཤེས་ནས་ལས་བྱེད་དོ། །བྱས་ནས་ཀྱང་དེ་ཉིད་ལ་ཤས་ཆེར་རྗེས་སུ་རྟོག་སྟེ། གྲོགས་རྣམ་
པར་ཤེས་པ་དེ་དང་ལྡན་པའི་ལས་ཀྱིས་ཕྱི་མ་ལ་དབང་པོ་འགྲུབ་པས་བསྡུས་པ་དང༌། དེ་ཡོངས་སུ་རྫོགས་པས་བསྡུས་པ་དང༌། ཡུལ་ལ་ལོངས་སྤྱོད་པས་བསྡུས་པས་མིང་དང་གཟུགས་དང༌། རེག་པ་ལ་ཐུག་པའི་སྡུག་བསྔལ་རྣམ་པ་གསུམ་མངོན་པར་འགྲུབ་པར་བྱེད་དོ། །ཚེ་འདི་ཉིད་ལ་ཡང་རེག་པའི་རྐྱེན་གྱིས་ཚོར་བ་ལ་སྲེད་པ་བསྐྱེད་པ་དང༌། བརྩལ་བའི་སྒོ་དང༌། རྙེད་པ་དང༌། བཀུར་སྟིའི་སྒོ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་སྒོ་དང༌། ཐར་བའི་སྒོ་ནས་འདོད་པ་ཡོངས་སུ་ཚོལ་བའམ། ལུས་ཡོངས་སུ་ཚོལ་བའམ། ཐར་པ་ཡོངས་སུ་ཚོལ་བའང་རུང་སྟེ། ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་རྐྱེན་དང་ལྡན་པའི་ཡོངས་སུ་ཚོལ་བ་བྱེད་དོ། ལོག་པར་ཡོངས་སུ་ཚོལ་བ་བྱེད་པ་ཉོན་མོངས་པ་རྣམས་དང༌། དེ་སྔོན་དུ་འགྲོ་བའི་ལས་རྣམས་བྱས་ནས། འགྲོ་བ་ལྔའི་འཁོར་བར་སྐྱེའོ། །སྐྱེས་ནས་ཀྱང་རྒ་ཞིང་འཆི་བར་འགྱུར་རོ། །གོ་རིམས་ཀྱི་རྣམ་གྲངས་གཞན་ཡང༌། སེམས་ཅན་གྱི་ཚོགས་གསུམ་ཡོད་དེ། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་འདོད་པ་རྣམས་དང༌། འཇིག་རྟེན་པའི་དག་པ་འདོད་པ་རྣམས་དང༌། ཡུལ་ལྷུར་འཛིན་པ་རྣམས་སོ། །དེ་ལ་དང་པོ་རྣམས་ནི་དཀར་པོའི་ཕྱོགས་ཀྱིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་འགོག་པར་བྱེད་ལ་འཕེལ་བར་ནི་མི་བྱེད་དོ། །སེམས་ཅན་གཉིས་པ་རྣམས་ནི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་སུ་ཟིན་ཀྱང༌། དྲན་པ་ལ་ཉེ་བར་གནས་ཤིང༌། བསོད་ནམས་དང༌། མི་གཡོ་བ་ཟག་པ་དང་བཅས་པ་བསྒོམ་པ་ལས་བྱུང་བའི་ལས་བྱས་པའམ། དྲན་པ་ལ་ཉེ་བར་གནས་པ་མ་ཡིན་དུ་ཟིན་ཀྱང༌། བསོད་ནམས་མ་ཡིན་པ་ལ་འགྱོད་པས་ཡོངས་སུ་བསྒོས་པའམ། འགྱོད་པ་མེད་པ་ལ་མཆོག་ཏུ་དགའ་བས་ཡོངས་སུ་བསྒོས་པའི་སེམས་ཀྱིས་ཤས་ཆེར་གནས་ཏེ། དེས་ན་སྔ་མ་བཞིན་དུ་ཕྱི་མ་ལ་སྐྱེ་བའི་གནས་ཐ་མ་དང༌། འབྲིང་དང༌། ཁྱད་པར་དུ་འཕགས་པ་དག་ཏུ་མཐར་གྱིས་མིང་དང་གཟུགས་ནས་རེག་པ་ལ་ཐུག་པའི་སྡུག་བསྔལ་རྣམ་པ་གསུམ་མངོན་པར་འགྲུབ་པར་འགྱུར་རོ། །སེམས་ཅན་གསུམ་པ་ད་ལྟར་བྱུང་བའི་ཡུལ་ལ་ལོངས་སྤྱོད་པ་ལས་བྱུང་བའི་ཚོར་བ་ལ་གནས་པ་རྣམས་ཀྱི་ནི། སྔ་མ་བཞིན་དུ་ཡན་ལག་དྲུག་པོ་
གཞན། སྲེད་པ་ནས་རྒ་ཤི་ལ་ཐུག་པ་རྣམས་རིམ་གྱིས་འབྱུང་བར་བལྟ་བར་བྱའོ། །ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ། རྒ་ཤི་ནས་བཟུང་སྟེ། ལུགས་ལས་བཟློག་པའི་གོ་རིམས་སུ་བསྟན་ཞེ་ན། བདེན་པའི་ཚུལ་བསྟན་པའི་དབང་དུ་བྱས་པ་ཡིན་ཏེ། འདི་ལྟར་སྐྱེ་བ་དང་རྒ་ཤི་ནི་སྡུག་བསྔལ་གྱི་བདེན་པས་རབ་ཏུ་ཕྱེ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་མིང་དང་གཟུགས་ལ་འགག་པ་སྔོན་དུ་འགྲོ་བའི་ཆོས་ནི་དགུའོ་ཞེས་གང་གསུངས་པ། ཅིའི་ཕྱིར་མ་རིག་པ་འགག་པ་སྔོན་དུ་འགྲོ་བ་ཞེས་མ་གསུངས་ཤེ་ན། སེམས་རྣམ་པར་གྲོལ་བ་རྣམས་ལ་དེ་འདོགས་པར་མཛད་པའི་ཕྱིར་ཏེ། དེ་དག་གི་ཚེ་འདི་ལ་ས་བོན་དུ་གྱུར་པ་དང༌། ཚེ་ཕྱི་མ་ལ་འབྲས་བུར་གྱུར་པའི་མིང་དང་གཟུགས་ནས་ཚོར་བ་ལ་ཐུག་པའི་བར་དུ། མི་སྐྱེ་བའི་འགོག་པས་འགག་པར་འགྱུར་ཞིང༌། ཚེ་འདི་ལ་ཡང་ཚོར་བ་མྱོང་བ་ན་སྲེད་པའི་བག་ལ་ཉལ་ཀུན་ཏུ་བཅོམ་པའི་ཕྱིར། མི་འཇུག་པས་འགག་པར་འགྱུར་ལ། དེ་འགགས་པས་དེ་སྔོན་དུ་འགྲོ་བའི་ཡན་ལག་རྣམས་འགག་པར་འགྱུར་ཏེ། དེ་ལྟར་རྣམ་པ་འདི་ལྟ་བུ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་གོ་རིམས་བསྟན་པའི་རྒྱུ་ཡིན་པར་བལྟ་བར་བྱའོ། །ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི། ཞིག་ནས་འགྲོ་བ་རྣམས་སུ་ཉོན་མོངས་པ་རྣམས་དང་ལྡན་པ་དག་སྐྱེ་བའོ། །ཡི་གེའི་ངེས་པའི་ཚིག་ནི་རྐྱེན་ལས་སྐྱེ་བ་དང༌། སྐད་ཅིག་མའི་དོན་གྱི་དབང་དུ་བྱས་ཏེ། མྱུར་དུ་འཇིག་པ་དང་ལྡན་པར་སྐྱེ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །གཞན་ཡང་རྐྱེན་འདས་པ་དང༌། མ་བཏང་བ་ལས་རང་གི་རྒྱུད་དུ་སྐྱེ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའོ། །འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་པས་འདི་སྐྱེ་བ་སྟེ། གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་འདིའི་དབང་དུ་བྱས་ནས། དེ་ངེས་པའི་ཚིག་ཏུ་བལྟ་བར་བྱའོ། །གཞན་ཡང་བྲལ་ཞིང་བྲལ་ཞིང་རྒྱུན་དུ་སྐྱེ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། ཞིག་ཅིང་ཞིག་ཅིང་ཞེས་བྱ་བའི་ཐ་ཚིག་གོ །གཞན་ཡང་འདས་པའི་དུས་སུ་རྐྱེན་དུ་གྱུར་ནས། འབྲེལ་པར་རྒྱུན་དུ་སྐྱེ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །བཅོམ་ལྡན་འདས་ཀྱིས་
ཀྱང་ཐུགས་སུ་ཆུད་ནས། ཡང་དག་པའི་རྐྱེན་ངས་བསྟན་པར་བྱའོ་ཞེས་གསུངས་ཏེ། སོ་སོར་ཐུགས་སུ་ཆུད་ཅེས་བྱ་བ་ནི་མངོན་པར་རྫོགས་པར་རྟོགས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་དེ་ཉིད་མིང་དུ་ཆགས་པ་ཡིན་ནོ། །རྐྱེན་དུ་ཞིག་གིས་མ་རིག་པ་འདུ་བྱེད་རྣམས་ཀྱི་རྐྱེན་དུ་འགྱུར་ཞེ་ན། གཟུགས་ཅན་རྣམས་ལ་ནི་བདག་པོའི་རྐྱེན་གྱིས་རྐྱེན་དུ་འགྱུར་རོ། །གཟུགས་ཅན་མ་ཡིན་པ་རྣམས་ལ་ནི། དེ་མ་ཐག་པ་དང༌། དམིགས་པ་དང༌། བདག་པོའི་རྐྱེན་གསུམ་ཁོ་ནས་རྐྱེན་དུ་འགྱུར་རོ། །ཡན་ལག་ལྷག་མ་རྣམས་ལ་ནི་ཅི་རིགས་པར་རྐྱེན་དུ་འགྱུར་བར་བལྟ་བར་བྱ་སྟེ། གཟུགས་ཅན་རྣམས་ནི་གཟུགས་ཅན་རྣམས་ལ་བདག་པོའི་རྐྱེན་གཅིག་གིས་སོ། །གཟུགས་ཅན་མ་ཡིན་པ་རྣམས་ལ་ནི། དམིགས་པའི་རྐྱེན་དང༌། བདག་པོའི་རྐྱེན་དང་གཉིས་སོ། །གཟུགས་ཅན་མ་ཡིན་པ་རྣམས་ནི་གཟུགས་ཅན་རྣམས་ལ་གཅིག་པུ་ཁོ་ནས་སོ། །གཟུགས་ཅན་མ་ཡིན་པ་རྣམས་ནི། གཟུགས་ཅན་མ་ཡིན་པ་རྣམས་ལ། དེ་མ་ཐག་པ་དང༌། དམིགས་པ་དང༌། བདག་པོའི་རྐྱེན་གསུམ་གྱིས་སོ། །ཅིའི་ཕྱིར་ཡན་ལག་འདི་དག་རྒྱུའི་རྐྱེན་གྱིས་རྐྱེན་དུ་མི་འགྱུར་ཞེ་ན། རྒྱུའི་རྐྱེན་ནི་རང་གི་ས་བོན་གྱི་རྐྱེན་གྱིས་ཕྱེ་བའི་ཕྱིར་རོ། །གལ་ཏེ་རྒྱུའི་རྐྱེན་གྱིས་རྐྱེན་རྣམས་སུ་མི་འགྱུར་ན། ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲས་བུའི་ཚུལ་དུ་བསྟན་ཞེ་ན། བདག་པོའི་རྐྱེན་གྱིས་བསྡུས་པའི་འདྲེན་པའི་རྒྱུ་དང༌། འཕེན་པའི་རྒྱུ་དང༌། མངོན་པར་འགྲུབ་པའི་རྒྱུའི་དབང་དུ་བྱས་པའི་ཕྱིར་རོ། །ཡན་ལག་རྣམས་ལས་སུ་ཞིག་འཕེན་པོའི་རྒྱུར་བསྡུས་ཤེ་ན། མ་རིག་པ་ནས་བཟུང་སྟེ། ཚོར་བའི་བར་དུའོ། །ཡན་ལག་རྣམས་ལས་དུ་ཞིག་མངོན་པར་འགྲུབ་པའི་རྒྱུར་བསྡུས་ཤེ་ན། སྲེད་པ་ནས་བཟུང་སྟེ། སྲེད་པའི་བར་དུའོ། །ཡན་ལག་རྣམས་ལས་དུ་ཞིག་འཕེན་པ་དང༌། མངོན་པར་འགྲུབ་པའི་རྒྱུའི་འབྲས་བུར་བསྡུས་ཤེ་ན། ཚེ་འདི་ནས་ཚེ་ཕྱི་མའི་རྣམ་པར་ཤེས་པ་ནས་ཚོར་བ་ལ་ཐུག་པ་རྣམས་དང༌། སྐྱེ་བ་དང༌། རྒ་ཤིའི་གནས་སྐབས་རྣམས་སོ། །མ་རིག་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་ངོ་ཞེས་ཀྱང་གསུངས་ན། རྟེན་ཅིང་འབྲེལ་པར་
འབྱུང་བ་བཤད་པའི་སྐབས་སུ་ཅིའི་ཕྱིར་དེ་ཐོག་མར་མ་བསྟན་ཅེ་ན། སྤོང་བའི་རྒྱུ་མ་ཡིན་པ་དང༌། ཀུན་ནས་ཉོན་མོངས་པའི་རྒྱུ་མ་ཡིན་པའི་ཕྱིར། འདི་ལྟར་ཡིད་ལ་བྱེད་པ་དེ་ནི། རྨོངས་པ་མ་ཡིན་པ་ལ་མི་སྐྱེ་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པ་དང༌། མ་རིག་པ་ནི་ངོ་བོ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་ཡིན་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི། ངོ་བོ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང༌། དེས་ནི་མ་རིག་པ་ཀུན་ནས་ཉོན་མོངས་པར་མི་བྱེད་ཀྱི། མ་རིག་པའི་དབང་གིས་དེ་ཀུན་ནས་ཉོན་མོངས་པར་འགྱུར་བ་དང༌། སྐྱེ་བ་ཡང་ལས་དང་ཉོན་མོངས་པས་བསྐྱེད་པ་ཡིན་ལ། དེ་ལ་ལས་ཀྱི་རྒྱུན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་མ་རིག་པ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་ཡང་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་མ་གསུངས་སོ། །ཅིའི་ཕྱིར་ངོ་བོ་ཉིད་ཀྱི་རྐྱེན་དུ་ངོ་བོ་ཉིད་མ་གསུངས་ཤེ་ན། ངོ་བོ་ཉིད་ནི་རྐྱེན་གཞན་དང་མ་ཕྲད་ན། ཀུན་ནས་ཉོན་མོངས་པའི་ཚུལ་གྱིས་ངོ་བོ་ཉིད་གསོ་བར་བྱེད་པའམ། ཉམས་པར་བྱེད་པ་མ་ཡིན་ཏེ། དེ་བས་ན་མ་གསུངས་སོ། །བསོད་ནམས་དང་མི་གཡོ་བའི་འདུ་བྱེད་རྣམས་ནི། སོ་སོར་བརྟགས་ནས་བསྒྲིམས་ཏེ་བྱས་པ་མ་ཡིན་ན། ཅིའི་ཕྱིར་མ་རིག་པའི་རྐྱེན་གྱིས་བྱུང་བ་ཞེས་བྱ་ཞེ་ན། བརྡར་བཏགས་པའི་སྡུག་བསྔལ་གྱི་རྒྱུ་མི་ཤེས་པ་ལ། དེའི་རྐྱེན་གྱིས་བསོད་ནམས་མ་ཡིན་པ་འབྱུང་ལ། ཡང་དག་པའི་སྡུག་བསྔལ་གྱི་རྒྱུ་མི་ཤེས་པ་ལ། དེའི་རྐྱེན་གྱིས་བསོད་ནམས་དང་མི་གཡོ་བ་རྣམས་འབྱུང་སྟེ། དེ་བས་ན་དེ་དག་ཀྱང་མ་རིག་པའི་རྐྱེན་གྱིས་བྱུང་བ་ཞེས་བྱའོ། །ཆགས་པ་དང་ཞེ་སྡང་དང་གཏི་མུག་ཀྱང་ལས་ཀྱི་གཞིར་གསུངས་ན། ཅིའི་ཕྱིར་གཏི་མུག་བཞི་ཁོ་ན་ཞེས་བྱ་ཞེ་ན། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་ལས་ཀྱི་གཞིའི་སྐབས་ཡིན་པའི་ཕྱིར་རོ། །ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་ནི་བསོད་ནམས་མ་ཡིན་པ་ཁོ་ནའི་གཞི་ཡིན་ནོ། །སེམས་པ་ནི་ལུས་དང་ངག་གི་ལས་ཀུན་ནས་སློང་བར་བྱེད་པས། འདུ་བྱེད་ཀྱི་རྐྱེན་གྱིས་ཀྱང་འདུ་བྱེད་རྣམས་འབྱུང་བར་འགྱུར་ན། ཅིའི་ཕྱིར་མ་རིག་པ་རྐྱེན་ཁོ་ནར་བརྗོད་ཅེ་ན། འདུ་བྱེད་མཐའ་དག་ཀུན་
སློང་བའི་རྐྱེན་གྱི་སྐབས་ཡིན་པ་དང༌། ཉོན་མོངས་པ་ཅན་དང༌། དགེ་བའི་སེམས་པ་བསྐྱེད་པའི་རྐྱེན་གྱི་སྐབས་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་མིང་དང་གཟུགས་ཀྱི་རྐྱེན་ལས་བྱུང་བ་ཡང་ཡིན་ན། ཅིའི་ཕྱིར་དོན་དེ་ལ་འདུ་བྱེད་རྐྱེན་ཁོ་ནར་བརྗོད་ཅེ་ན། འདུ་བྱེད་རྣམས་ནི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་ཅན་དུ་བྱེད་པ་དང༌། ཡང་སྲིད་པར་འཕེན་པར་བྱེད་པ་དང༌། མངོན་པར་འགྲུབ་པར་བྱེད་པ་དང༌། མིང་དང་གཟུགས་ནི་རྟེན་པ་དང༌། དམིགས་པའི་ཚུལ་གྱིས་བསྐྱེད་པའི་རྐྱེན་བྱེད་པ་ཙམ་དུ་ཟད་པའི་ཕྱིར་དེ་ལྟ་མ་ཡིན་ནོ། །མིང་དང་གཟུགས་ནི་འབྱུང་བ་ཆེན་པོ་རྣམས་དང༌། རེག་པ་རྒྱུར་བྱས་པ་ཡིན་ན། ཅིའི་ཕྱིར་རྣམ་པར་ཤེས་པ་རྐྱེན་ཁོ་ནར་བརྗོད་ཅེ་ན། རྣམ་པར་ཤེས་པ་ནི་དེ་གསར་དུ་བསྐྱེད་པའི་རྒྱུ་ཡིན་ལ། འབྱུང་བ་ཆེན་པོ་རྣམས་དང༌། རིག་པ་ནི་སྐྱེས་ཟིན་པ་དང༌། སྐྱེ་བའི་ཚེ་གནས་ཀྱི་རྒྱུ་འབའ་ཞིག་ཡིན་པའི་ཕྱིར་རོ། །ཁམས་དྲུག་ལ་བརྟེན་ནས་མའི་མངལ་དུ་འཆགས་པ་ཡིན་ན། ཅིའི་ཕྱིར་རྣམ་པར་ཤེས་པའི་ཁམས་ཁོ་ནར་བརྗོད་ཅེ་ན། རྣམ་པར་ཤེས་པའི་ཁམས་ཡོད་ན། མའི་མངལ་དུ་ཁུ་ཆུ་དང་ཁྲག་གི་འབྱུང་བ་ཆེན་པོ་དང༌། མངལ་གྱི་སྦུབས་མ་ཚང་བ་མེད་པས། རྣམ་པར་ཤེས་པའི་ཁམས་གཙོ་བོར་ངེས་པ་དང༌། སྐྱེ་གནས་དང༌། སྲིད་པ་ཐམས་ཅད་དུ་སྐྱེ་བའི་སྐབས་ཡིན་པའི་ཕྱིར་རོ། །སྐྱེ་མཆེད་དྲུག་ནི་ཟས་ཀྱི་རྐྱེན་ལས་བྱུང་བ་ཡང་ཡིན་ན། ཅིའི་ཕྱིར་མིང་དང་གཟུགས་རྐྱེན་ཁོ་ནར་བརྗོད་ཅེ་ན། མིང་དང་གཟུགས་ནི་དེ་སྐྱེ་བའི་རྒྱུ་ཡིན་ལ། ཟས་ནི་སྐྱེས་ནས་གནས་པ་དང༌། སྟོན་པའི་རྒྱུ་ཙམ་དུ་ཟད་པའི་ཕྱིར་རོ། །རེག་པ་ནི་གསུམ་འདུས་པའི་རྐྱེན་ལས་བྱུང་བ་ཡིན་ན། ཅིའི་ཕྱིར་འདི་སྐྱེ་མཆེད་དྲུག་རྐྱེན་ཁོ་ནར་བརྗོད་ཅེ་ན། སྐྱེ་མཆེད་དྲུག་ཡོད་ན། དེ་ལས་གཞན་པ་གཉིས་ངེས་པར་ཚང་བར་འགྱུར་བས། སྐྱེ་མཆེད་དྲུག་གཙོ་བོ་ཡིན་པ་དང༌། སྐྱེ་མཆེད་དྲུག་གིས་གཉིས་བསྡུས་པའི་ཕྱིར་རོ། །ཚོར་བ་རྣམས་ནི་བདག་ཉིད་ཀྱིས་བརྩལ་བ་དང༌། ཕ་རོལ་གྱིས་བརྩལ་བ་དང༌། དུས་ཚིགས་འགྱུར་བ་དང༌། སྔོན་གྱི་ལས་ཀྱིས་དྲངས་པ་དག་ལས་དམིགས་པར་འགྱུར་ན། ཅིའི་ཕྱིར་འདིར་རེག་པ་རྐྱེན་ཁོ་ནར་བསྟན་ཞེ་ན། རེག་པ་
ནི་ཀུན་ནས་ཉེ་བར་འགྱུར་བའི་རྒྱུ་ཡིན་པ་དང༌། དེ་ལས་གཞན་པའི་རྐྱེན་རྣམས་འདྲེན་པ་ཡང་རེག་པ་ཡིན་པ་དང༌། ཚོར་བ་དེ་དག་ཀྱང་རེག་པ་ལས་བྱུང་གི་རེག་པ་མེད་ན་མི་འབྱུང་བའི་ཕྱིར་རོ། །སྲེད་པ་ནི་མ་རིག་པའི་རྐྱེན་དང༌། དེ་དང་མཐུན་པའི་ཡུལ་གྱི་རྐྱེན་ལས་འབྱུང་བར་ཡང་གསུངས་ན། ཅིའི་ཕྱིར། འདིར་ཚོར་བ་རྣམས་རྐྱེན་ཁོ་ནར་བཤད་ཅེ་ན། འདི་ལྟར་ཚོར་བའི་དབང་གིས་ཡུལ་དང་ཕྲད་ཅིང༌། མི་འབྲལ་བར་འདོད་པ་འབྱུང་བ་དང༌། དེ་དང་མཐུན་པའི་ཡུལ་ལ་ནི་གཏི་མུག་འབའ་ཞིག་གི་དབང་གིས་ཚོར་བ་དེ་དག་འབྱུང་བ་དང༌། ནུབ་པར་འགྱུར་བ་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ནས། དེ་ལ་སེམས་ཟློག་པར་མི་བྱེད་པའི་ཕྱིར་རོ། །ལེན་པ་ནི་བག་ལ་ཉལ་མ་སྤངས་པ་དང༌། དེ་དང་མཐུན་པའི་ཆོས་རྣམས་ལས་ཀྱང་འབྱུང་བ་ཡིན་ན། ཅིའི་ཕྱིར་འདིར་སྲེད་པའི་རྐྱེན་ཁོ་ནས་ལེན་པ་ཞེས་བརྗོད་ཅེ་ན། འདི་ལྟར་འདོད་པ་སྐྱེས་ནས་ཚོལ་བར་བྱེད་པ་ན། བག་ལ་ཉལ་ཡང་སད་པར་བྱེད་ལ། དེ་དང་མཐུན་པའི་ཆོས་རྣམས་ཀྱང་འདྲེན་པའི་ཕྱིར་རོ། །སྔར་ནི་མ་རིག་པའི་རྐྱེན་གྱིས་ལས་ཀྱི་སྲིད་པ་ཞེས་བཤད་ན། ཅིའི་ཕྱིར་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བཤད་ཅེ་ན། འདི་ལྟར་ལེན་པའི་སྟོབས་ཀྱིས་ལས་དེ་ཉིད་ལ་སྐྱེ་བའི་གནས་དེ་དང་དེར་རྣམ་པར་ཤེས་པ་དང༌། མིང་དང་གཟུགས་ལ་སོགས་པ་འདྲེན་པའི་མཐུ་ཡོད་པའི་ཕྱིར་རོ། །སྐྱེ་བ་ནི་ཁུ་ཆུ་དང༌། ཁྲག་ལ་སོགས་པའི་རྐྱེན་གྱིས་ཀྱང་འབྱུང་ན། ཅིའི་ཕྱིར་འདིར་སྲིད་པ་ཅན་ཁོ་ནར་བཤད་ཅེ་ན། སྲིད་པ་ཡོད་ན་དེ་ལས་གཞན་པའི་རྐྱེན་རྣམས་ཚང་བར་ངེས་པར་ཡོད་པར་འགྱུར་ཏེ། དེ་ཉིད་རྐྱེན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །རྒ་ཤི་ནི་དུས་དང་ཡ་ང་བ་མ་སྤངས་པ་དང༌། ཕ་རོལ་གྱི་གནོད་པ་ལ་སོགས་པ་དག་ལས་ཀྱང་དམིགས་ན། ཅིའི་ཕྱིར་འདིར་སྐྱེ་བ་རྐྱེན་ཁོ་ནར་བརྗོད་ཅེ་ན། རྐྱེན་དེ་དག་གི་རྩ་བ་ཡང་སྐྱེ་བ་ཡིན་ལ། རྐྱེན་དེ་དག་མེད་དུ་ཟིན་ཀྱང་རྒ་ཤི་ནི་སྐྱེ་བ་ལས་གྱུར་པའི་ཕྱིར་རོ། །ཡན་ལག་བཅུ་གཉིས་པོ་འདི་དག་ལས། ཡན་ལག་དུ་ཞིག་ནི་ཉོན་མོངས་པའི་ལམ་ཡིན། དུ་ཞིག་ནི་ལས་ཀྱི་ལམ་ཡིན། དུ་ཞིག་ནི་སྡུག་བསྔལ་གྱི་ལམ་ཡིན་ཞེ་ན། གསུམ་ནི་ཉོན་མོངས་པའི་ལམ་
མོ། །གཉིས་ནི་ལས་ཀྱི་ལམ་མོ། །ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་མོ། །རྒྱུར་གྱུར་པ་ཁོ་ན་དག་ནི་དུ་ཞེ་ན། དང་པོ་གཅིག་གོ །འབྲས་བུར་གྱུར་པ་ཁོ་ན་དག་ནི་དུ་ཞེ་ན། ཐ་མ་གཅིག་གོ །རྒྱུ་དང་འབྲས་བུར་གྱུར་པ་ཁོ་ན་དག་ནི་དུ་ཞེ་ན། ལྷག་མ་རྣམས་སོ། །དྲི་བ་འདིའི་ལན་གདབ་པའི་རྣམ་གྲངས་གཞན་ཡང༌། གསུམ་ནི་རྒྱུར་གྱུར་པ་ཁོ་ནའོ། །གཉིས་ནི་འབྲས་བུར་གྱུར་པ་ཁོ་ནའོ། །ལྷག་མ་རྣམས་ནི་རྒྱུ་དང་འབྲས་བུར་གྱུར་པར་བལྟ་བར་བྱའོ། །སོ་སོའི་མཚན་ཉིད་དག་ནི་དུ། འདྲེས་པའི་མཚན་ཉིད་དག་ནི་དུ་ཞེ་ན། གསུམ་ནི་སོ་སོའི་མཚན་ཉིད་དོ། །འདུ་བྱེད་ལ་སོགས་པ་གཞན་རྣམས་ནི་འདྲེས་པའི་མཚན་ཉིད་དོ། །འདུ་བྱེད་རྣམས་དང་འདྲེས་པའི་མཚན་ཉིད་ཡིན་ན། ཅིའི་ཕྱིར་རྣམ་པ་གཉིས་སུ་བསྟན་ཞེ་ན། སྡུག་པ་དེ་མི་སྡུག་པའི་འབྲས་བུ་འབྱིན་པར་བྱེད་པ་དང༌། འགྲོ་བར་འགྲུབ་པའི་མཐུའི་བྱེ་བྲག་གིས་སོ། །རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་གི་ཕྱོགས་གཅིག་ཀྱང་འདྲེས་པའི་མཚན་ཉིད་ཡིན་ན། ཅིའི་ཕྱིར་རྣམ་པ་གསུམ་དུ་བསྟན་ཞེ་ན། ཀུན་ནས་ཉོན་མོངས་པའི་དུས་ཀྱི་སྐབས་ཡིན་པ་དང༌། ལྡུགས་པའི་དུས་ཀྱི་སྐབས་ཡིན་པ་དང༌། འཇུག་པའི་དུས་ཀྱི་སྐབས་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་ལ་སོགས་པ་ནས་ཚོར་བ་ལ་ཐུག་པ་དག་དང༌། སྐྱེ་བ་དང༌། རྒ་ཤི་རྣམས་འདྲེས་པའི་མཚན་ཉིད་ཡིན་ན། ཅིའི་ཕྱིར་རྣམ་པ་གཉིས་སུ་བསྟན་ཞེ་ན། སྡུག་བསྔལ་བའི་དངོས་པོའི་མཚན་ཉིད་ཐ་དད་པར་བསྟན་པའི་ཕྱིར་དང༌། འཕེན་པ་དང་མངོན་པར་འགྲུབ་པའི་རབ་ཏུ་དབྱེ་བ་ཡོངས་སུ་བསྟན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་འཇིག་པའི་དོན་གང་ཞེ་ན། སྐྱེས་པ་རྣམས་མི་གནས་པའི་དོན་གང་ཡིན་པའོ། །ལྡན་པའི་དོན་གང་ཞེ་ན། རྐྱེན་རྣམས་ཚོགས་ཤིང་ཕྲད་བའི་དོན་གང་ཡིན་པའོ། །སྐྱེ་བའི་དོན་གང་ཞེ་ན། རྐྱེན་ཚོགས་པས་ཡོངས་སུ་ཟིན་པ་རྣམས་སར་པ་སར་པ་འབྱུང་བའི་དོན་གང་ཡིན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ནི་གང་ཞེ་ན། འདུ་བྱེད་རྣམས་ཀྱི་སྐྱེ་བའི་ཆོས་ཉིད་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་
འབྱུང་བའོ། །སྐྱེས་པ་ཉིད་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཅེས་བྱའོ། །ཡན་ལག་རྣམས་ལས་དུ་ཞིག་སྡུག་བསྔལ་གྱི་བདེན་པས་བསྡུས་ལ། ཚེ་འདིའི་སྡུག་བསྔལ་དུ་འགྱུར་ཞེ་ན། གཉིས་ཏེ་སྐྱེ་བ་དང་རྒ་ཤིའོ། །དུ་ནི་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ཉིད་ཡིན་ལ། ཕྱི་མ་ལ་སྡུག་བསྔལ་ཁོ་ནར་འགྱུར་ཞེ་ན། རྣམ་པར་ཤེས་པ་ནས་ཚོར་བ་ལ་ཐུག་པ་ས་བོན་དུ་གྱུར་པ་རྣམས་སོ། །ཀུན་འབྱུང་བའི་བདེན་པས་བསྡུས་པ་གང་ཞེ་ན། ལྷག་མ་རྣམས་སོ། །ཅི་མ་རིག་པ་འདུ་བྱེད་རྣམས་ཀྱི་ལྷན་ཅིག་འབྱུང་བས་རྐྱེན་དུ་འགྱུར་རམ། འོན་ཏེ་འགགས་མ་ཐག་པ་རྐྱེན་དུ་འགྱུར་ལ། འོན་ཏེ་འགགས་ནས་རིང་དུ་ལོན་པ་རྐྱེན་དུ་འགྱུར་ཞེ་ན། རྣམ་པ་གསུམ་ཆར་གྱིས་ཀྱང་རྐྱེན་དུ་འགྱུར་བར་བལྟ་བར་བྱ་སྟེ། ལྷན་ཅིག་འབྱུང་བ་ནི། འདུ་བྱེད་དང་མཐུན་པའི་ཆོས་རྣམས་ལ་སྒྲིབ་པའི་རྐྱེན་ཡིན་ཏེ། གང་གི་དོན་དུ་འདུ་བྱེད་རྣམས་སློང་བར་བྱེད་པ་དེ་མི་ཤེས་པའོ། །འགགས་མ་ཐག་པ་ནི་རྐྱེན་ཏོ། །ལྟ་བ་ངན་པ་དང༌། བག་མེད་པར་ལྡན་པའི་མི་ཤེས་པས། ཕྱི་མ་ལ་དེ་སྐྱེ་བ་དང་མཐུན་པའི་རྒྱུད་འཇོག་པས་ན། འགགས་ནས་རིང་དུ་ལོང་པ་ཡང་འཕེན་པའི་རྐྱེན་དུ་འགྱུར་བར་བལྟ་བར་བྱའོ། །འདུ་བྱེད་རྣམས་རྣམ་པར་ཤེས་པའི་རྐྱེན་རྣམ་པ་གསུམ་དུ་འགྱུར་བར་ཇི་ལྟར་བལྟ་ཞེ་ན། ས་བོན་གྱི་ཚུལ་དུ་ཡོངས་སུ་བསྒོ་བས་ན། ལྷན་ཅིག་འབྱུང་བའི་རྐྱེན་དུ་འགྱུར་རོ། །དེའི་འོག་ཏུ་དབང་བྱེད་པས་ན། འགགས་མ་ཐག་པ་ནི་སྐྱེད་པའི་རྐྱེན་དུ་འགྱུར་རོ། །ཕྱི་མ་ལ་འབྲས་བུ་མངོན་པར་འགྲུབ་པར་འཕེལ་བས་ན། འཕེན་པའི་རྐྱེན་དུ་འགྱུར་ཏེ། ཇི་ལྟར་འདུ་བྱེད་རྣམས་རྣམ་པར་ཤེས་པའི་རྐྱེན་དུ་འགྱུར་བ་བཞིན་དུ། རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་རྐྱེན་དང༌། མིང་དང་གཟུགས་སྐྱེ་མཆེད་དྲུག་གི་རྐྱེན་དང༌། སྐྱེ་མཆེད་དྲུག་རེག་པའི་རྐྱེན་དང༌། རེག་པ་ཚོར་བའི་རྐྱེན་དུ་འགྱུར་བ་ཡང་དེ་བཞིན་ནོ། །ཚོར་བ་སྲིད་པའི་རྐྱེན་རྣམ་པ་གསུམ་དུ་འགྱུར་བར་ཇི་ལྟར་བལྟ་ཞེ་ན། ལྷན་ཅིག་འབྱུང་བ་ནི། ལྷག་པར་ཞེན་པའི་རྐྱེན་གྱིས་བལྟ་བར་བྱའོ། །དེ་མ་ཐག་པ་ནི་དེའི་དབང་གིས་ཡོངས་སུ་ཚོལ་བ་ལ་སོགས་པའི་བྱ་བ་རྗེས་སུ་འཇུག་པས་
ན་སྐྱེད་པའི་རྐྱེན་དུ་འགྱུར་རོ། །ཕྱི་མ་ལ་དེ་ལས་གྲོལ་བར་དཀའ་བའི་རྒྱུད་འཇོག་པར་བྱེད་པས་ན། འགགས་ནས་རིང་དུ་ལོན་པ་ཡང་འཕེན་པའི་རྐྱེན་དུ་འགྱུར་རོ། །སྲེད་པ་ལེན་པའི་རྐྱེན་རྣམ་པ་གསུམ་གྱིས་ཇི་ལྟར་རྐྱེན་དུ་འགྱུར་ཞེ་ན། འདུན་པ་དང༌། འདོད་ཆགས་དང་ལྡན་པའི་ཕྱིར་དེས་བླང་བར་བྱ་བའི་ཆོས་རྣམས་ལ་འདོད་ཅིང་ཞེན་པའི་རྐྱེན་དུ་གྱུར་པས་ན། ལྷན་ཅིག་འབྱུང་བའི་རྐྱེན་དུ་འགྱུར་རོ། །དེ་མ་ཐག་པ་ནི་དེ་དབང་བྱེད་པས་ན། སྐྱེད་པའི་རྐྱེན་དུ་འགྱུར་རོ། །དེ་ལས་གྲོལ་བར་དཀའ་བའི་རྒྱུད་འཇོག་པར་བྱེད་པས་ན། འགགས་ནས་རིང་དུ་ལོན་པ་ཡང་འཕེན་པའི་རྐྱེན་དུ་འགྱུར་རོ། །ལེན་པ་སྲིད་པའི་རྐྱེན་རྣམ་པ་གསུམ་གྱིས་ཇི་ལྟར་རྐྱེན་དུ་འགྱུར་ཞེ་ན། ལྷན་ཅིག་འབྱུང་བ་ནི། ལས་དེའི་འགྲོ་བ་སྒྲུབ་པར་འགྱུར་བས་ན། ལྷན་ཅིག་འབྱུང་བའི་རྐྱེན་དུ་འགྱུར་རོ། །དེའི་སྟོབས་ཀྱིས་སྐྱེ་བའི་གནས་དེའི་རྣམ་པར་ཤེས་པ་དེ་ལ་སོགས་པ་འདྲེན་པའི་རྐྱེན་དུ་གྱུར་པས་ན། འགགས་མ་ཐག་པ་སྐྱེད་པའི་རྐྱེན་དུ་འགྱུར་རོ། །ཁམས་འགྲུབ་པར་འགྱུར་བའི་མཐུ་ཡོད་པའི་རྐྱེན་དུ་གྱུར་པས་ན། འགགས་ནས་རིང་དུ་ལོན་པ་ཡང་འཕེན་པའི་རྐྱེན་དུ་འགྱུར་རོ། །སྲིད་པ་སྐྱེ་བའི་རྐྱེན་རྣམ་པ་གསུམ་གྱིས་ཇི་ལྟར་རྐྱེན་དུ་འགྱུར་ཞེ་ན། ལྷན་ཅིག་འབྱུང་བའི་རྐྱེན་ནི་ས་བོན་གྱི་ཚུལ་གྱིས་ཡོངས་སུ་བསྒོ་བའི་ཕྱིར་རོ། །དེ་མ་ཐག་པ་ནི། དེའི་དབང་གིས་འཇུག་པས་སྐྱེ་བའི་རྐྱེན་དུ་འགྱུར་རོ། །འགགས་ནས་རིང་དུ་ལོན་པ་ཡང་འབྲས་བུ་དེ་མངོན་པར་འགྲུབ་པ་འཕེན་པའི་རྐྱེན་དུ་འགྱུར་རོ། །ཇི་ལྟར་སྲིད་པ་སྐྱེ་བའི་རྐྱེན་དུ་གྱུར་པ་ལྟར་སྐྱེ་བ་རྒ་ཤིའི་རྐྱེན་དུ་འགྱུར་བ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །སྲིད་པ་ནི་རྣམ་པ་གཉིས་སུ་རྣམ་པར་གཞག་སྟེ། གཙོ་བོའི་ཡན་ལག་ནི་འདི་ལྟ་སྟེ། ལེན་པ་ཡོངས་སུ་ཟིན་པའི་ལས་དེ་སྔར་བཤད་པ་བཞིན་ནོ། །མཐའ་དག་གི་ཡན་ལག་ནི། ལས་དང་རྣམ་པར་ཤེས་པ་ལ་སོགས་པ་ཚོར་བ་ལ་ཐུག་པ་ས་བོན་དུ་གྱུར་པ། ལེན་པས་ཡོངས་སུ་ཟིན་པ་རྣམས་སྲིད་པར་གཞག་པར་བལྟ་བར་བྱའོ། །ཅི་སྲིད་པའི་ཡན་ལག་འདི་ལྟ་སྟེ། འདུ་བྱེད་ནས་རྒ་ཤི་ལ་ཐུག་པ་འདི་དག་གི་ལས་རིམ་གྱིས་རྐྱེན་དུ་འགྱུར་བ་དེ་ཁོ་ནར་ཟད་དམ། འོན་ཏེ་གཞན་
འགའ་ཡང་ཡོད་དམ་ཞེ་ན། འདི་ལྟར་ཐམས་ཅད་ཀྱི་ལས་གཉིས་པ་ནི་རང་གི་སྤྱོད་ཡུལ་ཅི་རིགས་པར་འཇུག་པ་ཡིན་པར་བལྟ་བར་བྱའོ། །ཅི་མ་རིག་པ་འདུ་བྱེད་རྣམས་འབའ་ཞིག་གི་རྐྱེན་ཡིན་ནམ། འོན་ཏེ་ཡན་ལག་གཞན་དག་གི་ཡང་ཡིན་ཞེ་ན། མ་རིག་པ་ནི་རྒ་ཤི་ཡན་ཆད་ཀྱི་རྐྱེན་ཡང་ཡིན་ཏེ། རྐྱེན་རབ་ཏུ་ཉེ་བའི་ཕྱིར་ན། འདུ་བྱེད་རྣམས་ཀྱི་རྐྱེན་ཁོ་ནར་བསྟན་ཏོ། །ཡན་ལག་ལྷག་མ་རྣམས་ཀྱང་དེ་བཞིན་དུ་ཅི་རིགས་པར་བལྟ་བར་བྱ་སྟེ། ཡན་ལག་འོག་མ་རྣམས་ནི་གོང་མ་གོང་མ་རྣམས་ཀྱི་རྐྱེན་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཅི་ནས་འོག་མ་སྤང་བའི་ཕྱིར་གོང་མ་སྤང་བ་ལ་སྒྲིམ་པར་བྱེད་དེ། དེ་སྤངས་པས་འོག་མ་སྤོང་བར་འགྱུར་ལ། གོང་མ་སྤང་བའི་ཕྱིར་འོག་མ་སྤང་བར་ནི་མི་བྱེད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ཉིད་དེ་དག་གི་རྐྱེན་ཡིན་པར་བལྟ་བར་བྱའོ། །ཅིའི་ཕྱིར་འདི་ཡོད་པས་འདི་འབྱུང་ཞེས་བྱ་ཞེ་ན། རྐྱེན་མ་སྤངས་པ་ལས་དེ་ལས་གཞན་པ་སྐྱེ་བའི་ཕྱིར་རོ། །ཅིའི་ཕྱིར་འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་བྱ་ཞེ་ན། རྐྱེན་མི་རྟག་པ་ལས་དེ་ལས་གཞན་པ་སྐྱེ་བའི་ཕྱིར་རོ། །ཅིའི་ཕྱིར་སྐྱེ་བ་ཡོད་ན་རྒ་ཤི་འབྱུང་ལ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ། མ་རིག་པ་དང་འདུ་བྱེད་རྣམས་ཀྱི་བར་དུ་ཡང་བརྗོད་པའི་ཚུལ་འདི་དང་སྦྱར་བར་བྱ་སྟེ། བྱེད་པ་མེད་པའི་རྐྱེན་ལས་དེ་ལས་གཞན་པ་སྐྱེ་བའི་ཕྱིར་རོ། །ཅིའི་ཕྱིར་སྐྱེ་བ་ཡོད་ན་རྒ་ཤི་འབྱུང་ལ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་སྟེ་གཞན་ལ་མི་བྱ། དེ་བཞིན་དུ་མ་རིག་པ་དང༌། འདུ་བྱེད་རྣམས་ཀྱི་བར་དུ་ཡང་བརྗོད་པའི་ཚུལ་འདི་དང་སྦྱར་བར་བྱ་སྟེ། རང་གི་རྒྱུད་ལ་ཡོད་པའི་རྐྱེན་གྱིས་རང་གི་རྒྱུད་ཉིད་ལ། དེ་ལས་གཞན་པ་སྐྱེ་བའི་ཕྱིར་རོ། །མ་རིག་པའི་རྐྱེན་གྱིས་འབྱུང་བའི་ཆོས་གང་དག་ཡིན་པ་འདུ་བྱེད་རྣམས་ཀྱང་དེ་དག་ཡིན་ནམ། འོན་ཏེ་འདུ་བྱེད་གང་དག་ཡིན་པ། མ་རིག་པའི་རྐྱེན་གྱིས་བྱུང་བ་ཡང་དེ་དག་ཡིན་ནམ་ཞེ་ན། འདུ་བྱེད་རྣམས་ཡིན་ལ། མ་རིག་པའི་རྐྱེན་ལས་བྱུང་བ་མ་ཡིན་པ་ཡང་ཡོད་དེ། ཟག་པ་མེད་པ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ལུས་དང་ངག་དང༌། ཡིད་ཀྱི་འདུ་བྱེད་རྣམས་སོ། །མ་རིག་པའི་རྐྱེན་གྱིས་བྱུང་བ་ཡིན་ལ། འདུ་བྱེད་
རྣམས་མ་ཡིན་པ་ཡང་ཡོད་དེ། འདུ་བྱེད་ཀྱིས་བསྡུས་པའི་སྲིད་པའི་ཡན་ལག་མ་གཏོགས་པར་དེ་ལས་གཞན་པའི་སྲིད་པའི་ཡན་ལག་གང་ཡིན་པ་རྣམས་སོ། །མ་རིག་པའི་རྐྱེན་ལས་བྱུང་བ་ཡང་ཡིན་ལ། འདུ་བྱེད་རྣམས་ཀྱང་ཡིན་པ་ཡང་ཡོད་དེ། །ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བ་རྣམས་སོ། །རྣམ་པ་དེ་དག་ལས་མ་གཏོགས་པ་ནི། མུ་བཞི་པ་སྟེ། དེ་ལྟར་ན་འདི་ནི་མུ་བཞིར་དབྱེ་བའོ། །འདུ་བྱེད་ཀྱི་རྐྱེན་ལས་བྱུང་བ་གང་ཡིན་པ་རྣམ་པར་ཤེས་པ་ཡང་དེ་ཡིན་ནམ། འོན་ཏེ་རྣམ་པར་ཤེས་པ་གང་ཡིན་པ་དང༌། འདུ་བྱེད་ཀྱི་རྐྱེན་ལས་བྱུང་བ་ཡང་དེ་བཞིན་ནམ་ཞེ་ན། འདུ་བྱེད་རྐྱེན་ལས་བྱུང་བ་ལ། རྣམ་པར་ཤེས་པ་མ་ཡིན་པ་ཡང་ཡོད་དེ། རྣམ་པར་ཤེས་པ་མ་གཏོགས་པ་ད་ལས་གཞན་པའི་སྲིད་པའི་ཡན་ལག་རྣམས་སོ། །རྣམ་པར་ཤེས་པ་ཡིན་ལ། འདུ་བྱེད་ཀྱི་རྐྱེན་ལས་བྱུང་བ་མ་ཡིན་པ་ཡང་ཡོད་དེ། ཟག་པ་མེད་པ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་གང་ཡིན་པ་སྟེ། རྣམ་པར་སྨིན་པ་ལས་བྱུང་བ་ནི་མ་གཏོགས་སོ། །རྣམ་པར་ཤེས་པ་ཡང་ཡིན་ལ། འདུ་བྱེད་ཀྱི་རྐྱེན་ལས་བྱུང་བ་ཡང་ཡིན་ན་ནི། ཡང་སྲིད་པ་པའི་ས་བོན་དུ་གྱུར་པ་དང༌། འབྲས་བུར་གྱུར་པའི་རྣམ་པར་ཤེས་པ་གང་ཡིན་པའོ། །རྣམ་པ་འདི་དག་ལས་མ་གཏོགས་པ་ནི་མུ་བཞི་པ་སྟེ། ཚུལ་དེ་དང་འདྲ་བར་རེག་པའི་རྐྱེན་གྱིས་ཚོར་བའི་བར་གྱི་མུར་བཞིར་དབྱེ་བ་ཡང་ཅི་རིགས་སུ་བལྟ་བར་བྱའོ། །ཚོར་བའི་རྐྱེན་ལས་བྱུང་བ་གང་ཡིན་པ་དེ་དག་ཐམས་ཅད་སྲེད་པ་ཡིན་ནམ། འོན་ཏེ་སྲེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཚོར་བའི་རྐྱེན་ལས་བྱུང་བ་ཡིན་ནམ་ཞེ་ན། འདི་ལ་ཡང་མུ་བཞིར་དབྱེ་སྟེ། སྲེད་པ་ཡིན་ལ་ཚོར་བའི་རྐྱེན་ལས་བྱུང་བ་མ་ཡིན་པ་ནི། གོང་མའི་རྣམ་པར་ཐར་པ་འདོད་པ་དང༌། སྲེད་པ་དགེ་བ་ལ་བརྟེན་ནས། སྲིད་པ་སྤོང་བ་གང་ཡིན་པའོ། །ཚོར་བའི་རྐྱེན་ལས་བྱུང་བ་སྲེད་པ་མ་ཡིན་པ་ནི། རེག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་བརྟེན་ནས། དེ་ལས་གཞན་པའི་ཆོས་རྣམས་སྐྱེ་བ་གང་ཡིན་པ་དང༌། དེ་ལས་གཞན་པའི་སྲིད་པའི་ཡན་ལག་གང་ཡིན་པ་རྣམས་སོ། །
ཚོར་བའི་རྐྱེན་ལས་བྱུང་བ་ཡང་ཡིན་ལ། སྲེད་པ་ཡང་ཡིན་པ་ནི་ཉོན་མོངས་པ་ཅན་གྱི་སྲེད་པ་སྟེ། མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྐྱེན་ལས་བྱུང་བའོ། །རྣམ་པ་འདི་དག་ལས་མ་གཏོགས་པ་ནི་མུ་བཞི་པའོ། །སྲེད་པའི་རྐྱེན་ལས་བྱུང་བ་གང་ཡིན་པ་དེ་དག་ཐམས་ཅད་ལེན་པ་ཡིན་ནམ། འོན་ཏེ་ལེན་པ་གང་ཡིན་པ་དེ་དག་ཐམས་ཅད་སྲེད་པའི་རྐྱེན་ལས་བྱུང་བ་ཡིན་ནམ་ཞེ་ན། འདི་ལ་ཚིག་ཕྱི་མ་ཡིན་པར་བལྟ་བར་བྱ་སྟེ། ལེན་པ་གང་ཡིན་པ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་སྲེད་པའི་རྐྱེན་ལས་བྱུང་བ་ཡིན་ནོ། །སྲིད་པའི་རྐྱེན་ལས་བྱུང་ལ། ལེན་པ་མ་ཡིན་པ་ཡང་ཡོད་དེ། ལེན་པ་མ་གཏོགས་པ་དེ་ལས་གཞན་པའི་སྲིད་པའི་ཡན་ལག་རྣམས་དང༌། དགེ་བ་ལ་སྲེད་པ་ལ་བརྟེན་ནས་བརྩོན་འགྲུས་རྩོམ་པ་ལ་སོགས་པ་དགེ་བའི་ཆོས་རྣམས་སྐྱེ་བ་གང་ཡིན་པའོ། །ལེན་པའི་རྐྱེན་ལས་བྱུང་བ་གང་ཡིན་པ་དེ་དག་ཐམས་ཅད་སྲིད་པ་ཡིན་ནམ། འོན་ཏེ་སྲིད་པ་གང་ཡིན་པ་དེ་དག་ཐམས་ཅད་ལེན་པའི་རྐྱེན་ལས་བྱུང་བ་ཡིན་ནམ་ཞེ་ན། སྲེད་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་ལེན་པའི་རྐྱེན་ལས་བྱུང་བ་ཡིན་ནོ། །ལེན་པའི་རྐྱེན་ལས་བྱུང་ལ། སྲིད་པ་མ་ཡིན་པ་ཡང་ཡོད་དེ། སྲིད་པ་མ་གཏོགས་པ་དེ་ལས་གཞན་པའི་སྲིད་པའི་ཡན་ལག་རྣམས་སོ། །སྲིད་པའི་རྐྱེན་ལས་བྱུང་བ་གང་ཡིན་པ་དེ་དག་ཐམས་ཅད་སྐྱེ་བ་ཡིན་ནམ། འོན་ཏེ་སྐྱེ་བ་གང་ཡིན་པ་དེ་དག་ཐམས་ཅད་སྲིད་པའི་རྐྱེན་ལས་བྱུང་བ་ཡིན་ནམ་ཞེ་ན། སྐྱེ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་སྲིད་པའི་རྐྱེན་ལས་བྱུང་བ་ཡིན་ནོ། །སྲིད་པའི་རྐྱེན་ལས་བྱུང་བ་སྐྱེ་བ་མ་ཡིན་པ་ཡང་ཡོད་དེ། སྐྱེ་བ་མ་གཏོགས་པ་སྲིད་པའི་ཡན་ལག་གི་ཐ་མ་རྒ་ཤི་གང་ཡིན་པའོ། །སྐྱེ་བའི་རྐྱེན་ལས་བྱུང་བ་གང་ཡིན་པ་དེ་དག་ཐམས་ཅད་རྒ་ཤི་ཡིན་ནམ། འོན་ཏེ་རྒ་ཤི་གང་ཡིན་པ་དེ་དག་ཐམས་ཅད་སྐྱེ་བའི་རྐྱེན་ལས་བྱུང་བ་ཡིན་ནམ་ཞེ་ན། རྒ་ཤི་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་སྐྱེ་བའི་རྐྱེན་ལས་བྱུང་བ་ཡིན་ནོ། །སྐྱེ་བའི་རྐྱེན་ལས་བྱུང་ལ། རྒ་ཤི་མ་ཡིན་པ་ཡང་ཡོད་དོ། །ན་བ་དང༌། མི་སྡུག་པ་དང་ཕྲད་པ་དང༌། སྡུག་པ་དང་བྲལ་བ་དང༌། འདོད་པས་ཕོངས་པ་དང༌།
དེ་ལས་བྱུང་བའི་མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་སོ། །སྲིད་པའི་ཡན་ལག་འདི་རྣམས་ལས་ཡན་ལག་དུ་ཞིག་ཡང་དག་པའི་ལྟ་བས་བསྡུས་པའི་ལམ་གྱི་བགེགས་སུ་གྱུར་པའི་གཙོ་བོ་ཡིན་ཞེ་ན། མ་རིག་པ་དང་དེ་ལས་བྱུང་བའི་ཡིད་ཀྱི་འདུ་བྱེད་རྣམས་དང༌། སྲིད་པའི་ཕྱོགས་གཅིག་ནི་བགེགས་སུ་གྱུར་པ་ཡིན་ནོ། །ཡང་དག་པའི་ལྟ་བ་ལ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་རྩོལ་བ་ལ་ཡང་དེ་བཞིན་ནོ། །ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་རྣམས་ལ་ནི། ལུས་ཀྱི་འདུ་བྱེད་རྣམས་དང༌། ངག་གི་འདུ་བྱེད་རྣམས་དང༌། སྲིད་པའི་ཕྱོགས་གཅིག་བགེགས་སུ་གྱུར་པ་ཡིན་ནོ། །ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ལ་ནི་ཡན་ལག་ལྷག་མ་རྣམས་བགེགས་སུ་གྱུར་པར་བལྟ་བར་བྱའོ། །སྲིད་པའི་ཡན་ལག་འདི་དག་ལས་ཡན་ལག་དུ་ཞིག་ནི་གཅིག་ཏུ་ངེས་པར་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡིན། དུ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་ཡིན་ཞེ་ན། བཞི་ནི་གཅིག་ཏུ་ངེས་པར་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡིན་ནོ། །དེ་ལས་གཞན་པ་རྣམས་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཕྱོགས་ཡིན་ཏེ། ངན་སོང་རྣམས་དང༌། དེ་མ་ཡིན་པའི་མི་ཁོམ་པ་རྣམས་སུ་སྐྱེ་བ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་སོ། །མི་ཁོམ་པ་མ་ཡིན་པའི་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བ་གང་ཡིན་པ་དེ་ནི། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཕྱོགས་སུ་བལྟ་བར་བྱ་སྟེ། ཡན་ལག་ལྷག་མ་རྣམས་ཀྱང་ཕྱོགས་དེ་གཉིས་སུ་ཅི་རིགས་པར་བལྟ་བར་བྱའོ། །མ་རིག་པ་གང་མེད་ན། འདུ་བྱེད་རྣམས་འབྱུང་བར་མི་འགྱུར་ལ། མ་རིག་པ་གང་འགགས་པས་འདུ་བྱེད་འགག་པར་འགྱུར་ཞེ་ན། ཀུན་ནས་དཀྲིས་པ་དང༌། ཀུན་ནས་ལྡང་བ་དང༌། བག་ལ་ཉལ་བ་རྣམ་པ་གསུམ་དུ་གནས་པའི་མ་རིག་པ་འགགས་པས། མ་རིག་པ་འགགས་ལ། དེ་འགགས་པས། དེ་འགག་པ་ཡོད་ན། དེ་ལས་འདུ་བྱེད་འགག་པར་འགྱུར་རོ། །འདུ་བྱེད་
གང་དག་མེད་ན། རྣམ་པར་ཤེས་པ་མི་འབྱུང་ལ། འདུ་བྱེད་གང་དག་འགགས་པས་རྣམ་པར་ཤེས་པ་འགག་པར་འགྱུར་ཞེ་ན། འདུ་བྱེད་གང་དག་རང་གི་རྒྱུད་ལ་བྱས་ནས་འགགས་ལ་གཉེན་པོ་མ་བསྐྱེད་པ་དང༌། གཞན་ཡང་ཡིད་ཀྱི་འདུ་བྱེད་རྣམས་ཡོད་ན། ལུས་དང་ངག་གི་འདུ་བྱེད་རྣམས་འབྱུང་སྟེ། དེ་བས་ན་དེ་ཡོད་ཅིང་དེ་ཡོད་ན་དེའི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་ལ། དེ་མེད་ཅིང་དེ་མེད་པར་གྱུར་ན། དེ་མཐའ་དག་འགགས་པ་ལས་རྣམ་པར་ཤེས་པ་འགག་པར་བལྟ་བར་བྱའོ། །རྣམ་པར་ཤེས་པ་གང་མེད་ན་མིང་དང་གཟུགས་འབྱུང་བར་མི་འགྱུར་ལ། རྣམ་པར་ཤེས་པ་གང་འགགས་པས་མིང་དང་གཟུགས་འགག་པར་འགྱུར་ཞེ་ན། ས་བོན་དུ་གྱུར་པའི་རྣམ་པར་ཤེས་པ་མེད་ན། འབྲས་བུར་གྱུར་པའི་རྣམ་པར་ཤེས་པ་མི་འབྱུང་ལ། དེ་གཉིས་འགགས་པས་མིང་དང་གཟུགས་དེ་གཉིས་འགག་པར་འགྱུར་ཏེ། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་ཀྱི་ཚུལ་ཇི་ལྟ་བ་དེ་བཞིན་དུ། ཡན་ལག་ལྷག་མ་ཚོར་བའི་བར་ལ་ཡང་ཅི་རིགས་པར་བལྟ་བར་བྱའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཇི་ལྟ་བ་དེ་བཞིན་དུ། སྲེད་པའི་རྐྱེན་གྱིས་ལེན་པ་དང༌། ལེན་པའི་རྐྱེན་གྱིས་སྲིད་པ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ། སྲིད་པའི་རྐྱེན་གྱིས་སྐྱེ་བ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ལ་སོགས་པ་ཇི་ལྟ་བ་བཞིན་དུ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཡང་དེ་བཞིན་ནོ། །ཚོར་བ་གང་མེད་ན་སྲེད་པ་མི་འབྱུང་ལ། ཚོར་བ་གང་འགགས་པས་སྲེད་པ་འགག་པར་འགྱུར་ཞེ་ན། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ་འདིའི་ཚུལ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ།། །།བམ་པོ་བཅུ་གཅིག་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྒོ་རྣམ་པ་བརྒྱད་བཤད་པ་གང་ཡིན་པ་དེ་དག་ལས། སྒོ་དུ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། དུ་ནི་མ་ཡིན་ཞེ་ན། སྒོ་གསུམ་ནི་དེས་རབ་ཏུ་ཕྱེ་བ་ཡིན་ཏེ། གཉིས་ཀྱི་ནི་ཕྱོགས་གཅིག་རབ་ཏུ་བྱེ་བའོ། །གཅིག་
ནི་ཡན་ལག་རིལ་གྱིས་རབ་ཏུ་ཕྱེའོ། །ལྷག་མ་རྣམས་ནི་རབ་ཏུ་ཕྱེ་བ་མ་ཡིན་ཏེ། རྣམ་པར་ཤེས་པ་འབྱུང་བའི་སྒོ་དང༌། ལས་བདག་གིར་བྱ་བའི་སྒོ་ནི་ཕྱོགས་གཅིག་རབ་ཏུ་ཕྱེའོ། །སེམས་ཅན་གྱི་འཇིག་རྟེན་འཇུག་པའི་སྒོ་ནི་ཡན་ལག་རིལ་གྱིས་རབ་ཏུ་ཕྱེའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཤེས་པ་ལ་ཉེས་དམིགས་ཇི་སྙེད་ཡོད་པར་བལྟ་བར་བྱ་ཞེ་ན། ལྔ་སྟེ་བདག་ཏུ་ལྟ་བར་གྱུར་པ་དང༌། སྔོན་གྱི་མཐའ་དང་ལྡན་པའི་ལྟ་བར་གྱུར་པ་རྣམས་བསྐྱེད་པ་དང༌། སྔོན་གྱི་མཐའ་དང་ལྡན་པ་དག་ཇི་ལྟ་བ་བཞིན་དུ། ཕྱི་མའི་མཐའ་དང་ལྡན་པ་རྣམས་དང༌། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ལྡན་པ་རྣམས་ནན་གྱིས་མཆོག་ཏུ་འཛིན་པར་གནས་པ་དང༌། ལེན་པ་དང་བཅས་པ་དང༌། ཡོངས་སུ་གདུང་བ་དང་བཅས་པ་དང༌། ཚེ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་བ་འདི་ནི་ཉེས་དམིགས་ལྔ་པའོ། །ཤེས་པའི་ཕན་ཡོན་དུ་བལྟ་བར་བྱ་ཞེ་ན། དེ་དག་ལས་བཟློག་པ་ལྔ་པོ་དེ་ཉིད་ནི་ཕན་ཡོན་དུ་བལྟ་བར་བྱའོ། །ཡན་ལག་བཅུ་གཉིས་པོ་འདི་དག་ལས་ཡན་ལག་དུ་ཞིག་རྫས་སུ་ཡོད་ཅེ་ན། སྨྲས་པ། དགུའོ། །རྫས་སུ་ཡོད་པ་མ་ཡིན་པ་དུ་ཞེ་ན། ལྷག་མ་གང་ཡིན་པ་རྣམས་སོ། །རྫས་གཅིག་གི་ངོ་བོ་ཉིད་དུ་ཞེ་ན། ལྔའོ། །རྫས་དུ་མའི་ངོ་བོ་ཉིད་དུ་ཞེ་ན། ལྷག་མ་གང་ཡིན་པ་རྣམས་སོ། །ཤེས་བྱའི་སྒྲིབ་པའི་རྒྱུ་དུ་ཞེ་ན། གཅིག་གོ །སྡུག་བསྔལ་འགྲུབ་པར་བྱེད་པ་དུ་ཞེ་ན། ལྔའོ། །སྡུག་བསྔལ་གྱི་སྙིང་པོ་དུ་ཞེ་ན། ལྔ་པོ་ཉིད་དོ། །སྡུག་བསྔལ་ཉིད་དུ་ཞེ་ན། གཉིས་སོ། །རྒྱུའི་དངོས་པོར་བསྟན་པ་ནི་དུ། འབྲས་བུའི་དངོས་པོར་བསྟན་པ་ནི་དུ། རྒྱུ་དང་འབྲས་བུ་འདྲེས་པའི་དངོས་པོར་བསྟན་པ་ནི་དུ་ཞེ་ན། གོང་མ་དྲུག་པོ་མ་རིག་པ་ནས་རེག་པའི་བར་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་རྣམས་ནི་རྒྱུའི་དངོས་པོར་བསྟན་ཏོ། །ཐ་མ་གཉིས་ནི་འབྲས་བུའི་དངོས་པོར་བསྟན་ཏོ། །ཚོར་བ་ནི་འདྲེས་པར་བསྟན་ཏེ། ཚེ་ཕྱི་མའི་རེག་པའི་རྐྱེན་གྱིས་རྒྱུར་གྱུར་པ་དང༌། ཚེ་འདིའི་སྲེད་པའི་རྐྱེན་གྱིས་འབྲས་བུར་གྱུར་པ་སྟེ། དེ་གཉིས་ཀ་ཡང་རེག་པའི་རྐྱེན་ལས་བྱུང་བའི་ཕྱིར་འདྲེས་པར་བསྟན་ཏོ། །ཡན་ལག་རྣམས་ལས་དུ་
ནི་སྡུག་པ་དང་མི་སྡུག་པའི་འབྲས་བུ་འགྲུབ་པར་བྱེད་པ་ཡིན། ཡན་ལག་རྣམས་ལས་དུ་ནི་ལས་ཀྱི་འབྲས་བུ་འགྲུབ་པར་བྱེད་པ་ཡིན་ཞེ་ན། གོང་མ་དྲུག་ནི་འབྲས་བུ་སྔ་མ་ཤོས་འགྲུབ་པར་བྱེད་པ་ཡིན་ནོ། །ཕྱི་མ་གསུམ་ནི་ཕྱི་མ་ཤོས་འགྲུབ་པར་བྱེད་པ་ཡིན་ནོ། །གཅིག་ནི་འབྲས་བུ་དེ་གཉིས་ཀ་འགྲུབ་པར་བྱེད་པ་ཡིན་ནོ། །བདེ་བའི་ཚོར་བ་དང་ལྡན་པ་དུ་ཞེ་ན། ཡན་ལག་གཉིས་མ་གཏོགས་པ་དེ་ལས་གཞན་པ་རྣམས་སོ། །སྡུག་བསྔལ་གྱི་ཚོར་བ་དང་ལྡན་པ་དུ་ཞེ་ན། དེ་དག་ཉིད་དང༌། གཞག་པ་ལས་ཡན་ལག་གཅིག་གོ ། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་ལྡན་པ་དུ་ཞེ་ན། འདི་ཡང་བདེ་བའི་ཚུལ་བཞིན་དུ་བལྟ་བར་བྱའོ། །ཚོར་བ་དང་ལྡན་པ་མ་ཡིན་པ་དུ་ཞེ་ན། གཅིག་སྟེ་ཡན་ལག་གཞག་པ་གང་ཡིན་པའོ། །ཡན་ལག་རྣམས་ལས་དུ་ནི་འགྱུར་བའི་སྡུག་བསྔལ་གྱིས་བསྡུས་ཤེ་ན། བདེ་བའི་ཚོར་བ་དང་ལྡན་པ་གང་དག་ཡིན་པ་དང༌། ཚོར་བ་དང་མི་ལྡན་པའི་ཡན་ལག་གང་ཡིན་པ་དེའི་ཕྱོགས་གཅིག་གོ །སྡུག་བསྔལ་གྱི་སྡུག་བསྔལ་གྱིས་དུ་བསྡུས་ཤེ་ན། སྡུག་བསྔལ་བ་དང་ལྡན་པ་གང་ཡིན་པ་རྣམས་དང༌། ཚོར་བ་དང་ལྡན་པ་མ་ཡིན་པའི་ཡན་ལག་གང་ཡིན་པ་དེའི་ཕྱོགས་གཅིག་གོ །འདུ་བྱེད་ཀྱི་སྡུག་བསྔལ་གྱིས་དུ་བསྡུས་ཤེ་ན། འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་གྱིས་བསྡུས་པ་གང་ཡིན་པ་དག་ནི། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་བསྡུས་པ་ཡང་དེ་དག་ཡིན་ནོ། །འདུ་བྱེད་ཀྱི་སྡུག་བསྔལ་གྱིས་བསྡུས་ལ། དེ་མ་ཡིན་པའི་སྡུག་བསྔལ་གཉིས་ཀྱིས་མ་བསྡུས་པ་ཡང་ཡོད་དེ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང༌། ལྡན་པ་གང་ཡིན་པ་རྣམས་དང་ཚོར་བ་དང་ལྡན་པ་མ་ཡིན་པའི་ཡན་ལག་གང་ཡིན་པ་དེའི་ཕྱོགས་གཅིག་གོ །ཅི་སྐྱེ་བ་དང་སྙོམས་པར་འཇུག་པ་ཐམས་ཅད་དུ་ཀུན་ཏུ་སྤྱོད་པའི་ཚུལ་གྱིས་ཡན་ལག་ཐམས་ཅད་དམིགས་སམ་ཞེ་ན། སྨྲས་པ་མི་དམིགས་ཏེ། འདུ་ཤེས་མེད་པ་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ནི་གཟུགས་ཅན་རྣམས་དམིགས་
ལ། གཟུགས་ཅན་མ་ཡིན་པ་རྣམས་མི་དམིགས་སོ། །གཟུགས་མེད་པ་རྣམས་སུ་སྐྱེས་པ་ལ་ནི་གཟུགས་ཅན་མ་ཡིན་པ་རྣམས་དམིགས་ལ། གཟུགས་ཅན་རྣམས་མི་དམིགས་སོ། །ཡན་ལག་རྣམས་ལ་བརྟེན་ནས་ཡན་ལག་ལས་དབེན་པ་ཐོས་པར་འགྱུར་རམ་ཞེ་ན། སྨྲས་པ། དེའི་དུས་ན་ཕྱོགས་གཅིག་ལས་དབེན་པར་འགྱུར་གྱི། ཡན་ལག་ཐམས་ཅད་ལས་གཏན་དབེན་པར་འགྱུར་བ་ནི་མ་ཡིན་ཏེ། ས་གོང་མ་པའི་ཡན་ལག་རྣམས་ལ་བརྟེན་ནས། ས་འོག་མ་པ་རྣམས་ལས་དབེན་པར་འགྱུར་རོ། །ཡན་ལག་རྣམས་ལས་དུ་ནི་ཉོན་མོངས་པ་ཅན་ཡིན་ལ། དུ་ནི་ཉོན་མོངས་པ་ཅན་མ་ཡིན་ཞེ་ན། གསུམ་ནི་ཉོན་མོངས་པ་ཅན་ནོ། ལྷག་མ་རྣམས་ནི་རྣམ་པ་གཉིས་སོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི། དགེ་བ་རྣམས་སོ། །ལུང་དུ་མ་བསྟན་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་ཐ་དད་པར་བལྟ་བར་བྱའོ། །འདོད་པ་དང་ལྡན་པ་དུ་ཞེ་ན། ཐམས་ཅད་རིལ་གྱིས་འདུས་པའོ། །གཟུགས་དང་ལྡན་པ་དུ་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་གོ །དེར་རྒ་བ་ཇི་ལྟར་བལྟ་ཞེ་ན། འདུ་བྱེད་རྣམས་རྙིངས་པ་དང༌། དེངས་པ་གང་ཡིན་པའོ། །གཟུགས་དང་ལྡན་པ་ཇི་ལྟ་བ་བཞིན་དུ་གཟུགས་མེད་པ་དང་ལྡན་པ་ཡང་དེ་དང་འདྲའོ། །སློབ་པ་དུ་ཞེ་ན་གང་ཡང་མ་ཡིན་ནོ། །མི་སློབ་པ་དུ་ཞེ་ན། གང་ཡང་མ་ཡིན་ནོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་དུ་ཞེ་ན། ཐམས་ཅད་དོ། །ཅི་ཡན་ལག་དགེ་བ་ཟག་པ་དང་བཅས་པ་གང་ཡིན་པ་དེ་དག་སློབ་པ་པ་མ་ཡིན་ནམ་ཞེ་ན། འཇུག་པར་གཏོགས་པའི་ཕྱིར་མི་རུང་སྟེ། སློབ་པའི་དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས་ནི་འཇུག་པ་དང་མི་མཐུན་པ་དང༌། རིག་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །རྒྱུན་དུ་ཞུགས་པས་དུ་སྤངས་པར་བརྗོད་ཅེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ། གང་ཡང་རིལ་གྱིས་ནི་མ་ཡིན་ནོ། །རྒྱུན་དུ་ཞུགས་པ་ཇི་ལྟ་བ་བཞིན་དུ། ལན་ཅིག་ཕྱིར་འོང་བ་ཡང་དེ་དང་འདྲའོ། །ཕྱིར་མི་འོང་བས་ཡན་ལག་དུ་སྤངས་པར་བརྗོད་ཅེ་ན། འདོད་པ་ན་སྤྱོད་པ་ནི་ཐམས་ཅད་དོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ནི་ངེས་པ་མེད་དོ། །
དགྲ་བཅོམ་པས་ཡན་ལག་དུ་སྤངས་པར་བརྗོད་ཅེ་ན། ཁམས་གསུམ་ན་སྤྱོད་པ་ཐམས་ཅད་དོ། །མདོ་སྡེ་དེ་དང་དེ་དག་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་དུས་བསྟན་ཅེ་ན། མདོར་བསྡུ་ན་རྣམ་པ་དྲུག་སྟེ། ལུགས་སུ་འབྱུང་བར་བསྟན་པ་དང༌། ལུགས་སུ་འབྱུང་བ་མ་ཡིན་པར་བསྟན་པ་དང༌། ཕྱོགས་གཅིག་གི་ཡན་ལག་བསྟན་པ་དང༌། ཡན་ལག་རིལ་གྱིས་བསྟན་པ་དང༌། ནག་པོའི་ཕྱོགས་བསྟན་པ་དང༌། དཀར་པོའི་ཕྱོགས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཟབ་པོ་ཞེས་གསུངས་པ་དེ། ཟབ་པ་ཇི་ལྟར་རིག་པར་བྱ་ཞེ་ན། འདི་ལྟ་སྟེ། མི་རྟག་པའི་དོན་དང༌། སྡུག་བསྔལ་བའི་དོན་དང༌། སྟོང་པའི་དོན་དང༌། བདག་མེད་པའི་དོན་ལས་བརྩམས་ཏེ། རྣམ་པ་བཅུས་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཟབ་པར་བལྟ་བར་བྱའོ། །དེ་ལ་མི་རྟག་པའི་དོན་ལས་བརྩམས་ཏེ། རང་གི་ས་བོན་ལས་ཀྱང་སྐྱེ་ལ། རྐྱེན་གཞན་ལས་ཀྱང་ལྟོས་པ་དང༌། རྐྱེན་གཞན་ལས་ཀྱང་སྐྱེ་ལ། རང་གི་ས་བོན་ལས་ཀྱང་ལྟོས་པ་དང༌། རང་གི་ས་བོན་དང་གཞན་གྱི་རྐྱེན་ལས་ཀྱང་སྐྱེ་ལ། ས་བོན་དང་རྐྱེན་ལས་ཀྱང་དེ་བསྐྱེད་པའི་ཕྱིར་གཡོ་བའམ། སྤྱོད་པའམ། བྱེད་པ་ཅི་ཡང་མེད་པ་དང༌། ས་བོན་དང་རྐྱེན་ལས་གཡོ་བའམ། སྤྱོད་པའམ། བྱེད་པ་ཡང་མེད་ལ། དེ་གཉིས་ལ་རྒྱུ་ཉིད་ཀྱི་མཐུ་ཡང་མེད་པ་མ་ཡིན་ནོ། །ཡན་ལག་རྣམས་ནི་ཐོག་མ་མེད་པའི་དུས་ནས་གྲགས་པའི་མཚན་ཉིད་ཀྱང་ཡིན་ལ་སྐད་ཅིག་རེ་རེ་ལ་སར་པ་སར་པའི་མཚན་ཉིད་རྣམས་ཀྱང་འཇུག་གོ །རྟེན་ཅིང་འབྲེལ་པར་འབྱུང་བ་ནི། སྐད་ཅིག་ལ་འཇིག་པའི་ངང་ཅན་ཡང་ཡིན་ལ། གནས་པའི་ཚུལ་དུ་ཡང་སྣང་ངོ༌། །དེ་ལ་སྡུག་བསྔལ་བའི་དོན་ལས་བརྩམས་ཏེ། ཡན་ལག་རྣམས་སྡུག་བསྔལ་བར་རོ་གཅིག་པའི་མཚན་ཉིད་ཀྱང་ཡིན་ལ། རྣམ་པ་གསུམ་དུ་ཡང་སྣང་ངོ༌། །དེ་ལ་སྟོང་པའི་དོན་ལས་བརྩམས་ཏེ། །ཡན་ལག་རྣམས་སེམས་ཅན་དང༌། བྱེད་པ་པོ་དང༌། སྡུག་བསྔལ་དང་བྲལ་བ་ཡང་ཡིན་ལ། དེ་དང་མ་བྲལ་བ་ལྟ་བུར་ཡང་སྣང་ཞིང་སྟོན་ཏོ།།
དེ་ལ་བདག་མེད་པའི་དོན་ལས་བརྩམས་ཏེ། ཡན་ལག་རྣམས་རང་ལ་དབང་མེད་ཅིང་བདག་མེད་པའི་མཚན་ཉིད་ཀྱང་ཡིན་ལ། བདག་གི་མཚན་ཉིད་དུ་ཡང་སྣང་ངོ༌། །དོན་དམ་པར་ན་བརྗོད་དུ་མེད་པའི་ངོ་བོ་ཉིད་ཀྱང་ཡིན་ལ་བརྗོད་པས་ཀྱང་དེའི་ངོ་བོ་ཉིད་བསྟན་ཏོ། །ཤེས་པ་དུ་ཞིག་གིས་རྟེན་ཅིང་འབྲེལ་པར་འབྱུང་བར་ཤེས་པར་བྱ་ཞེ་ན། ཆོས་གནས་པ་ཤེས་པ་དང༌། དེ་ཁོ་ན་ཤེས་པ་གཉིས་ཀྱིས་ཏེ། ཆོས་གནས་པ་ཤེས་པས་ཇི་ལྟར་ཤེས་པར་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཇི་ལྟར་གཞག་པ་དང༌། བསྟན་པ་དེ་བཞིན་དུ་ཤེས་པར་བྱའོ། །དེ་ཁོ་ན་ཤེས་པས་ཇི་ལྟར་ཤེས་པར་བྱ་ཞེ་ན། ཇི་ལྟར་སློབ་པ་གཞི་རྣམས་མཐོང་བ་དག་གིས་ཟབ་མོའི་དོན་དུ་མཐོང་བ་བཞིན་དུ་ཤེས་པར་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ངས་བྱས་པ་ཡང་མ་ཡིན། གཞན་དག་གིས་བྱས་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་ཉིད་དང༌། ཆོས་གནས་པ་དང༌། ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དོ་ཞེས་གང་གསུངས་པ་ལ། ཆོས་ཉིད་ནི་གང་ཆོས་གནས་པ་ནི་གང༌། ཆོས་ཀྱི་དབྱིངས་ནི་གང་ཞེ་ན། ཐོག་མ་མེད་པའི་དུས་ནས་གྲགས་པ་གང་ཡིན་པ་དེ་ནི་ཆོས་ཉིད་དོ། ཇི་ལྟར་གྲགས་པ་དེ་རིགས་པའི་ཚིག་དང་ཡི་གེ་རྣམས་ཀྱིས་རྣམ་པར་གཞག་པ་ནི་ཆོས་གནས་པའོ། །གནས་པ་དེའི་རྒྱུ་ཆོས་ཉིད་དེ་ཡིན་པས་ན། དེའི་ཕྱིར་དབྱིངས་ཞེས་བྱའོ། །གལ་ཏེ་སྐྱེ་བ་མེད་དུ་ཟིན་ན། སུ་ཡང་གང་དུ་ཡང་སྐྱེ་བར་འགྱུར་རམ། ཡང་ན་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་ཀྱང་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཡོད་དམ་ཞེས་གང་གསུངས་པ་ལ། ཅིའི་ཕྱིར་འདིར་ངོ་བོ་ཉིད་ཀྱི་རྐྱེན་དུ་ངོ་བོ་ཉིད་གསུངས་ཤེ་ན། འབྲས་བུའི་སྐྱེ་བ་ས་བོན་དང་བཅས་པའི་དབང་དུ་བྱས་པའི་ཕྱིར་ཏེ། སྐྱེ་བའི་ས་བོན་ནི་རྣམ་པར་ཤེས་པ་ལ་སོགས་པ་ཚོར་བ་ལ་ཐུག་པའི་ཡན་ལག་རྣམས་ཡིན་པས་ན། དེ་ཡང་དོན་གྱིས་སྐྱེ་བ་ཡིན་ཏེ། དེ་ཡོང་ན་ཕིས་དེ་དག་ཉིད་འབྲས་བུར་གྱུར་པ་ལ་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ། །དེ་བཞིན་དུ་ཡན་ལག་ལྷག་མ་ཇི་སྐད་བསྟན་པ་རྣམས་ཀྱང་ཅི་རིགས་སུ་བལྟ་བར་བྱའོ། །ཡན་
ལག་ཐམས་ཅད་གཅིག་གི་རྐྱེན་གཅིག་ཡིན་པར་མ་གསུངས་ན། ཅིའི་ཕྱིར་མིང་དང་གཟུགས་དང༌། རྣམ་པར་ཤེས་པ་གཅིག་གི་རྐྱེན་གཅིག་ཡིན་པར་རྣམ་པར་གཞག་ཅེ་ན། མིང་དང་གཟུགས་ནི་ཚེ་འདི་ལ་རྣམ་པར་ཤེས་པའི་རྐྱེན་དུ་འགྱུར་ལ་རྣམ་པར་ཤེས་པ་ནི་ཚེ་ཕྱི་མ་ལ་མིང་དང་གཟུགས་ཀྱི་རྐྱེན་དུ་གྱུར་པའི་ཕྱིར་ཏེ། འདི་ལྟར་མའི་མངལ་དུ་ཉིད་མཚམས་སྦྱོར་བའི་ཚེ། གཅིག་གི་རྐྱེན་དུ་གཅིག་འགྱུར་བའི་ཕྱིར་རྣམ་པར་ཤེས་པའི་རྐྱེན་གྱིས་མའི་མངལ་དུ་ཁུ་ཆུ་དང་ཁྲག་གི་གཟུགས་མིང་གིས་ཡོངས་སུ་ཟིན་པ་མེར་མེར་པོར་འདྲེས་པར་འགྱུར་ལ། མིང་དང་གཟུགས་དེའི་རྐྱེན་ལས་བྱུང་བའི་རྣམ་པར་ཤེས་པ་དེས་དེར་གནས་ཐོབ་པར་འགྱུར་རོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ནག་པོའི་ཕྱོགས་ལ་རྣམ་པར་ལྟ་བ་ན། རྣམ་པར་ཤེས་པ་ལས་ཡིད་ཕྱིར་ལྡོག་པར་འགྱུར་ལ། ཡན་ལག་གཞན་དག་ལས་མ་ཡིན་ཞེ་ན། འདི་ལྟར་དེ་གཉིས་ནི་གཅིག་གི་རྐྱེན་གཅིག་ཡིན་པས་ན། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཇི་ལྟ་བ་བཞིན་དུ། མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡང་དེ་དང་འདྲ་བ་ལ་རྣམ་པར་ལྟ་བ་ན། རྣམ་པར་ཤེས་པ་ལས་དེའི་ཡིད་ཕྱིར་ལྡོག་པར་འགྱུར་ལ། དེ་ལས་གཞན་པ་ཡན་ལག་རྣམས་ལས་དེ་ལྟར་ཕྱིར་ལྡོག་པར་མ་གྱུར་ཏེ། དེ་ལ་འགའ་ཞིག་ལ་གཅིག་གི་རྐྱེན་དུ་གཅིག་འགྱུར་པ་མཐོང་བས་ན་དེའི་ཕྱིར་ལྡོག་པ་ཞེས་བརྗོད་དོ། །ལྡོག་པའི་ཕྱོགས་ལ་མིང་དང་གཟུགས་ནི་ཡང་སྲིད་པ་པའི་རྣམ་པར་ཤེས་པ་ལྡོག་པའི་རྒྱུ་མ་ཡིན་ཏེ། དེས་ན་གཞན་ཡིན་པར་བརྟགས་པའི་ཕྱིར་རོ། །ཅིའི་ཕྱིར་ཡན་ལག་རྣམས་བདག་ཉིད་ཀྱིས་བྱས་པ་ཡང་མ་ཡིན། གཞན་གྱིས་བྱས་པ་ཡང་མ་ཡིན། གཉིས་ནས་བྱས་པ་ཡང་མ་ཡིན་ལ། རྒྱུ་མེད་པ་ལས་སྐྱེས་པ་ཡང་མ་ཡིན་པར་བརྗོད་ཅེ་ན། སྐྱེད་པ་པོ་མེད་པ་དང༌། རྐྱེན་ལ་གཡོ་བ་མེད་པ་དང༌། རྐྱེན་ལ་ནུས་པ་ཡོད་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལས་གང་ནི་སྡུག་བསྔལ་གྱི་མྱུ་གུ་ལྟ་བུ་ཡིན། གང་ནི་སྡུག་བསྔལ་གྱི་མྱུ་གུ་ཡོངས་སུ་བསྲུང་བ་ལྟ་བུ་ཡིན་གང་ནི་སྡུག་བསྔལ་གྱི་ཤིང་ལྟ་བུ་ཡིན་
ཞེ་ན། མ་རིག་པ་དང་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ལ་སོགས་པ་ཚོར་བ་ལ་ཐུག་པ་རྣམས་ནི་མྱུ་གུ་ལྟ་བུའོ། །སྲེད་པ་ལ་སོགས་པ་ཚོར་བའི་རྐྱེན་ལས་བྱུང་བ་སྲིད་པ་ལ་ཐུག་པ་རྣམས་ནི་ཡོངས་སུ་བསྲུང་བ་ལྟ་བུར་བལྟ་བར་བྱའོ། །སྐྱེ་བ་དང་རྒ་ཤི་ནི་སྡུག་བསྔལ་གྱི་ཤིང་ལྟ་བུར་བལྟ་བར་བྱའོ། །ཡན་ལག་རྣམས་ལས་མར་མེའི་སྙིང་པོ་ལྟ་བུར་ལྟ་བ་དུ་ཞེ་ན། རྣམ་པར་ཤེས་པ་ལ་སོགས་པ་ཚོར་བ་ལ་ཐུག་པ་རྣམས་སོ། །ཡན་ལག་རྣམས་ལས་མར་ལྟ་བུར་ལྟ་བ་དུ་ཞེ་ན། མ་རིག་པ་དང༌། འདུ་བྱེད་རྣམས་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པའོ། །ཡན་ལག་རྣམས་ལས་མེ་ལྕེ་འབར་བ་ལྟ་བུར་ལྟ་བ་དུ་ཞེ་ན། སྐྱེ་བ་དང་རྒ་ཤིའོ། །ཅིའི་ཕྱིར་ནག་པོའི་ཕྱོགས་བསྟན་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཕེལ་བ་ཞེས་བྱ་ཞེ་ན། ཐ་མར་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོར་འགྱུར་བ་དང༌། ཡན་ལག་ཐམས་ཅད་རྐྱེན་དུ་གྱུར་ཅིང་དེ་ལས་གཞན་པའི་ཡན་ལག་ནི་དེ་ལས་གཞན་པའི་ཡན་ལག་རྣམས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་རོ། །ཅིའི་ཕྱིར་དཀར་པོའི་ཕྱོགས་བསྟན་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འགྲིབ་པ་ཞེས་བྱ་ཞེ་ན། ཕྱི་མ་ཕྱི་མ་སྤངས་པས་ཡོངས་སུ་འབྲི་བར་འགྱུར་བ་དང༌། ཡན་ལག་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འགྲིབ་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཡན་ལག་རྣམས་ལས་དུ་ནི་རྒྱུ་དང་བཅས་པའི་ཆོས་རྣམས་ཞེས་བྱ་ཞེ་ན། དང་པོ་བདུན་ནོ། །ཡན་ལག་རྣམས་ལས་དུ་ནི་རྒྱུ་དང་བཅས་པའི་སྡུག་བསྔལ་ཞེས་བྱ་ཞེ་ན། དེ་ལས་གཞན་པ་ལྔའོ། །ཡན་ལག་རྣམས་ལས་དུ་འགགས་ན་ཟག་པ་ཟད་པས་རབ་ཏུ་ཕྱེ་བ་ཡིན་ཞེ་ན། གསུམ་མོ། །ཡན་ལག་རྣམས་ལས་དུ་འགགས་ན་རྐྱེན་ཟད་པས་རབ་ཏུ་ཕྱེ་བ་ཡིན་ཞེ་ན། གསུམ་པོ་དེ་དག་ཉིད་དེ་དེ་ལས་གཞན་པའི་ཡན་ལག་གི་རྐྱེན་དུ་གྱུར་པའི་ཕྱིར་རོ། །ཡན་ལག་རྣམས་ལས་དུ་འགགས་ན་ཚོར་བ་ཟད་པས་རབ་ཏུ་ཕྱེ་བར་འགྱུར་ཞེ་ན། གཅིག་སྟེ། ཉོན་མོངས་པ་རྣམས་སྤངས་ནས་ཕུང་པོ་འགག་པའི་དུས་ན། འདི་ཉིད་དུ་ཚོར་བ་ཐམས་ཅད་མེད་པར་འགྱུར་བའི་ཕྱིར་རོ།།
ཅིའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བརྟེན་ནས་ཤེས་པ་བདུན་ཅུ་རྩ་བདུན་རྣམ་པར་གཞག་ཅེ་ན། རྒྱུ་དང་བཅས་པའི་ཀུན་ནས་ཉོན་མོངས་པ་ཤེས་པས་བརྗོད་བའི་དོན་དང༌། རང་གི་རྒྱུད་ལ་རང་གིས་བྱས་པའི་ཀུན་ནས་ཉོན་མོངས་པ་བརྗོད་པའི་དོན་དང༌། སྔོན་གྱི་མཐའ་ལས་ཡན་ལག་རྣམས་ཀྱི་ཐོག་མ་མེད་པར་བརྗོད་པའི་དོན་དང༌། སྔོན་གྱི་མཐའ་ལས་ཡན་ལག་རྣམས་ཀྱིས་ཀུན་ནས་ཉོན་མོངས་པའི་གོ་སྐབས་བརྗོད་པའི་དོན་དང༌། ཕྱི་མའི་མཐའ་ལས་ཡན་ལག་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་ལྡོག་པའི་གོ་སྐབས་བརྗོད་པའི་དོན་དང༌། ཡན་ལག་དུ་བསྡུས་པ་མ་ཡིན་པ་ཟག་པ་དང་བཅས་པའི་ཤེས་རབ་ཡོངས་སུ་ཤེས་པར་བརྗོད་པའི་དོན་དེ་རྒྱུ་འདི་དག་གི་དབང་དུ་བྱས་ནས་ཡན་ལག་རེ་རེ་ལ་ཡང་བདུན་བདུན་ཡོད་པས་ན། ཤེས་པ་བདུན་ཅུ་རྩ་བདུན་དུ་འགྱུར་བར་བལྟ་བར་བྱའོ།། ཅིའི་ཕྱིར་ཤེས་པ་བཞི་བཅུ་རྩ་བཞི་རྣམ་པར་གཞག་ཅེ་ན། ཡན་ལག་རེ་རེ་ལ་འཕགས་པའི་བདེན་པ་བཞིའི་ཚུལ་གྱིས་བརྟགས་པའི་དབང་དུ་བྱས་ཏེ། བཞི་བཅུ་རྩ་བཞིར་འགྱུར་ཏེ། དེ་ལ་འདོད་པའི་ཁམས་སུ་སྐྱེས་པར་གྱུར་ལ། འདོད་པ་ན་སྤྱོད་པའི་ལུས་ཀྱིས་ས་གོང་མའི་མིག་དང༌། རྣ་བ་མངོན་པར་སྒྲུབ་པར་བྱེད་ན་ནི་དེས་ཀྱང་ས་འོག་མ་པ་རྣམས་དང༌། རང་གི་ས་པའི་གཟུགས་རྣམས་ཀྱང་མཐོང་ལ། སྒྲ་རྣམས་ཀྱང་ཐོས་སོ། །ཁམས་གསུམ་ན་སྤྱོད་པའི་ཡིད་དང་མ་བརྟགས་པ་ནི་ལུས་དེ་ཉིད་ཀྱིས་མངོན་དུ་བྱེད་དོ། །གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་པས་ནི། ས་འོག་མ་མ་གཏོགས་པ་ཐམས་ཅད་འདོད་པའི་ཁམས་ཀྱི་བཞིན་དུ་མངོན་དུ་བྱེད་དོ། །ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་འདི་སྤང་བའི་ཕྱིར། མངོན་པར་རྟོགས་པ་དྲུག་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བསམ་པའི་མངོན་པར་རྟོགས་པ་དང༌། དད་པའི་མངོན་པར་རྟོགས་པ་དང༌། ཚུལ་ཁྲིམས་ཀྱི་མངོན་པར་རྟོགས་པ་དང༌། མངོན་པར་རྟོགས་པའི་ཤེས་
པས་བདེན་པ་མངོན་པར་རྟོགས་པ་དང༌། མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པ་དང༌། མཐར་ཐུག་པའི་མངོན་པར་རྟོགས་པའོ། །རྣལ་འབྱོར་སྤྱོད་པའི་ས་ལས། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དང༌། རྟོག་པ་མེད་ལ་དཔྱོད་པ་ཙམ་དང༌། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ས་སྟེ་ལྔ་པ་རྫོགས་སོ།། །།མཉམ་པར་གཞག་པའི་ས་གང་ཞེ་ན། སྡོམ་ལ། བསྟན་དང་དེ་ཡི་རྣམ་གཞག་དང༌། །ཡིད་ལ་བྱེད་དང་མཚན་མ་དང༌། །མདོ་སྡེ་རྣམ་པ་སྣ་ཚོགས་ལས། །བསྡུས་པ་ཐ་མར་གྱུར་པ་ཡིན། །མཉམ་པར་གཞག་པའི་ས་ནི་མདོར་བསྡུ་ན། བསྟན་པ་དང༌། དེའི་རྣམ་པར་གཞག་པ་དང༌། ཡིད་ལ་བྱེད་པའི་རབ་ཏུ་དབྱེ་བ་དང༌། མཚན་མའི་རབ་ཏུ་དབྱེ་བ་དང༌། མདོ་སྡེའི་བསྡུ་བ་ཡིན་པར་རིག་པར་བྱའོ། །བསྟན་པ་གང་ཞེ་ན། མདོར་བསྡུ་ན་མཉམ་པར་གཞག་པའི་ས་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པའོ། །བསམ་གཏན་གང་ཞེ་ན། བསམ་གཏན་བཞི་སྟེ། དབེན་པ་ལས་སྐྱེས་པ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དང༌། ཏིང་ངེ་འཛིན་ལས་སྐྱེས་པ་རྟོག་པ་མེད་ཅིང་དཔྱོད་པ་མེད་པ་དང༌། དགའ་བ་མེད་པ་དང༌། བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པའོ། །རྣམ་པར་ཐར་པ་གང་ཞེ་ན། རྣམ་པར་ཐར་པ་བརྒྱད་དེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ནི། རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་ནི། རྣམ་པར་ཐར་པ་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་ བྱས་ཏེ། བསྒྲུབས་ནས་གནས་པ་ནི་རྣམ་པར་ཐར་པ་བརྒྱད་པའོ། །ཏིང་ངེ་འཛིན་
གང ་ཞེ་ན། སྟོང་པ་ཉིད་དང༌། སྨོན་པ་མེད་པ་དང༌། མཚན་མ་མེད་པའོ། །ཡང་ཏིང་ངེ་འཛིན་ནི་གསུམ་སྟེ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དང༌། རྟོག་པ་མེད་ལ་དཔྱོད་པ་ཙམ་དང༌། རྟོག་པ་མེད་ཅིང་དཔྱོད་པ་མེད་པའོ། །ཡང་གསུམ་སྟེ། ཆུང་ངུ་དང༌། ཆེན་པོར་གྱུར་པ་དང༌། ཚད་མེད་པའོ། །ཡང་གསུམ་སྟེ། དགའ་བ་ལྡན་པ་དང༌། བདེ་བ་དང་ལྡན་པ་དང༌། བཏང་སྙོམས་དང་ལྡན་པའོ། །ཡང་ཆ་གཅིག་བསྒོམས་པའི་ཏིང་ངེ་འཛིན་དང༌། གཉིས་ཀའི་ཆ་བསྒོམས་པའི་ཏིང་ངེ་འཛིན་ཏོ། །ཡང་ཏིང་ངེ་འཛིན་བཞི་བསྒོམས་པ་དང་ལྡན་པའི་ཏིང་ངེ་འཛིན་དང༌། ཡང་འཕགས་པའི་ཤེས་པ་ལྔ་དང་ལྡན་པའི་ཏིང་ངེ་འཛིན་དང༌། ཡང་ཡན་ལག་ལྔ་དང་ལྡན་པའི་ཏིང་ངེ་འཛིན་དང༌། ཡང་འཕགས་པ་ཉིད་ཀྱི་ཏིང་ངེ་འཛིན་རྒྱུ་དང་བཅས་ཤིང་ཡོ་བྱད་དང་བཅས་པ་དང༌། ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། ཡང་སློབ་པའི་ཏིང་ངེ་འཛིན་དང༌། མི་སློབ་པའི་ཏིང་ངེ་འཛིན་དང༌། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཏིང་ངེ་འཛིན་ཏོ། །སྙོམས་པར་འཇུག་པ་གང་ཞེ་ན། མཐོང་བའི་སྙོམས་པར་འཇུག་པ་ལྔ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱི་སྙོམས་པར་འཇུག་པ་དང༌། ཟད་པར་གྱི་སྐྱེ་མཆེད་བཅུའི་སྙོམས་པར་འཇུག་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་པར་འཇུག་པའོ། །དེའི་རྣམ་པར་གཞག་པ་གང་ཞེ་ན། ཅིའི་ཕྱིར་དེ་ཁོ་ན་ལ་མཉམ་པར་གཞག་པའི་ས་ཞེས་བྱ་ལ། གང་འདོད་པའི་ཁམས་ཀྱི་སེམས་རྩེ་གཅིག་པ་ཉིད་ནི་མ་ཡིན་ཞེ་ན། འདི་ལྟར་ཏིང་ངེ་འཛིན་དེ་ནི་འགྱོད་པ་མེད་པ་དང༌། མཆོག་ཏུ་དགའ་བ་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། བདེ་བས་མངོན་པར་བསྒྲུབས་པ་ཡིན་ལ། འདོད་པ་ན་སྤྱོད་པ་ནི་དེ་ལྟ་མ་ཡིན་ཏེ། འདོད་པའི་ཁམས་ན་ཡང་དག་པའི་ཆོས་ལ་ཉེ་བར་སེམས་པ་མེད་པ་ནི་མ་ཡིན་ནོ། །དེ་ལ་བསམ་གཏན་དང་པོ་ནི་རབ་ཏུ་དབེན་པ་ལས་སྐྱེས་པའི་དགའ་བ་ཞེས་བྱ་སྟེ། དེ་
མངོན་སུམ་དུ་བྱས་ནས་གནས་ན། ཆོས་ལྔ་སྤོང་བར་འགྱུར་ཏེ། འདི་ལྟ་སྟེ། འདོད་པ་དང་ལྡན་པའི་ཡིད་བདེ་བ་དང༌། འདོད་པ་དང་ལྡན་པའི་ཡིད་མི་བདེ་བ་དང༌། མི་དགེ་བ་དང་ལྡན་པའི་ཡིད་བདེ་བ་དང༌། མི་དགེ་བ་དང་ལྡན་པའི་ཡིད་མི་བདེ་བ་དང༌། མི་དགེ་བ་དང་ལྡན་པའི་བཏང་སྙོམས་སོ། །ཆོས་ལྔ་བསྒོམས་པ་ཡང་ཡོངས་སུ་རྫོགས་པར་འགྱུར་ཏེ། མཆོག་ཏུ་དགའ་བ་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། བདེ་བ་དང༌། ཏིང་ངེ་འཛིན་ཏོ། །འདོད་པ་དང་ལྡན་པའི་ཡིད་བདེ་བ་གང་ཞེ་ན། འདོད་པ་ལྔའི་ཡོན་ཏན་དག་འཐོབ་པའི་ཚེ་དང༌། ཐོབ་པར་གྱུར་པ་དང༌། ཉེ་བར་སྤྱོད་པ་དང༌། མཐོང་བ་དང༌། ཐོས་པ་དང༌། མྱོང་བ་ལ་བརྟེན་ནས་དེ་དག་ཉིད་རྗེས་སུ་དྲན་པའི་ཡིད་བདེ་བ་གང་ཡིན་པའོ། །འདོད་པ་དང་ལྡན་པའི་ཡིད་མི་བདེ་བ་གང་ཞེ་ན། འདོད་པ་ལྔའི་ཡོན་ཏན་དེ་དག་ཉིད་མི་འཐོབ་པའི་ཚེའམ། དེ་ལ་ལོངས་སྤྱོད་པ་མི་འཐོབ་པའམ། ཐོབ་པ་རྣམས་ཉམས་པ་དང༌། འབྲལ་བ་དང༌། ཆུད་ཟ་བ་ལ་བརྟེན་ནས་ཡིད་མི་བདེ་བ་གང་ཡིན་པའོ། །མི་དགེ་བ་དང་ལྡན་པའི་ཡིད་བདེ་བ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་བདེ་བ་དང་བཅས་ཤིང་ཡིད་བདེ་བ་དང་བཅས་བཞིན་པས། སྲོག་གཅོད་པ་ན་ལོག་པར་ལྟ་བའི་བར་དུ་འགྱུར་བའོ། །མི་དགེ་བ་དང་ལྡན་པའི་ཡིད་མི་བདེ་བ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་སྡུག་བསྔལ་བ་དང་བཅས་ཤིང་ཡིད་མི་བདེ་བ་དང་བཅས་བཞིན་པས་སྲོག་གཅོད་པ་ནས་ལོག་པར་ལྟ་བའི་བར་དུ་འགྱུར་བའོ།། མི་དགེ་བ་དང་ལྡན་པའི་བཏང་སྙོམས་གང་ཞེ་ན། འདི་ལྟར་འདི་ན་རྒྱལ་པོའམ། བློན་པོའམ། གང་གི་བདག་པོ་ཡང་རུང་བའམ། བླ་མའམ། བླ་མ་ལྟ་བུ་ལ་ལ། དེ་བདག་ཉིད་སྲོག་གཅོད་པའི་སྡིག་པ་བྱེད་མི་འདོད་ལ། བསྒོ་བ་བསྒྲུབ་པའི་མི་རྣམས་བྱེད་ན་ཡང་ཡལ་བར་འཇོག་སྟེ། བཟློག་པར་མི་བྱེད་ཅིང་འདུལ་བ་ལ་འགོད་པར་མི་བྱེད་ལ། དེ་ཡལ་བར་འདོར་བས་ལས་དེ་བྱེད་པར་འགྱུར་ཞིང༌། དེས་ཀྱང་ལས་དེ་མྱོང་བར་འགྱུར་ཏེ། ལྐོག་ཏུ་མི་འགྱུར་བ་དང༌། བཏང་སྙོམས་གང་མི་དགེ་བར་རྗེས་སུ་རྟོག་ཅིང་རྗེས་སུ་དཔྱོད་བཞིན་དུ་དེ་
མི་སྤོང་བར་ཡལ་བར་འདོར་བ་དང་ལྡན་པ་དང༌། མི་དགེ་བ་ལ་སྤྱོད་བ་ན་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་གང་ཡིན་པའོ། །མཆོག་ཏུ་དགའ་བ་གང་ཞེ་ན། ཚོགས་ཀྱི་ས་ཡོངས་སུ་དག་པ་ལ་རྣམ་བར་ལྟ་བ་ན། དང་པོ་ནས་དག་པའི་དགའ་བ་འགྱོད་པ་མེད་པ་སྔོན་དུ་འགྲོ་བ་གང་ཡིན་པ་ནི་མཆོག་ཏུ་དགའ་བ་སྟེ། ཡིད་བདེ་ཞིང་སེམས་ཉམས་བདེ་བའོ། །དགའ་བ་གང་ཞེ་ན། ཡང་དག་པའི་སྦྱོར་བ་སྔོན་དུ་འགྲོ་བའི་དགའ་བ་གང་ཡིན་པ་ནི་དགའ་བ་སྟེ། ཡིད་བདེ་ཞིང་སེམས་ཉམས་བདེ་བའོ། །ཤིན་ཏུ་སྦྱངས་བ་གང་ཞེ་ན། གནས་ངན་ལེན་དང་བྲལ་བས་ལུས་དང་སེམས་ལས་སུ་རུང་བ་ཉིད་གང་ཡིན་པའོ། །བདེ་བ་གང་ཞེ་ན། དེ་ལྟར་ལུས་དང་སེམས་ལས་སུ་རུང་བའི་ལུས་དང་སེམས་ལ་གནོད་པ་མེད་པའི་བདེ་བ་གང་ཡིན་པ་དང༌། རྣམ་པར་གྲོལ་བའི་བདེ་བ་སྟེ། ཕྱོགས་གང་གི་གནས་ངན་ལེན་དེ་དང་བྲལ་བས་ཉེ་བའི་ཉོན་མོངས་པ་དེ་དག་ལས་རྣམ་པར་གྲོལ་བའོ། །ཏིང་ངེ་འཛིན་གང་ཞེ་ན། དམིགས་པ་ལ་ཡང་དག་པར་སེམས་པའི་སེམས་རྩེ་གཅིག་པ་གང་ཡིན་པ་སྟེ། བཅོམ་ལྡན་འདས་ཀྱིས་ཟག་པ་མེད་པའི་སྦྱོར་བ་ལ། ཏིང་ངེ་འཛིན་སྔ་ལ། རྣམ་པར་གྲོལ་བ་འཕྱི་བར་གསུངས་པ་ནི། ཏིང་ངེ་འཛིན་འགྲུབ་པའི་དབང་གིས་ཉོན་མོངས་པ་རྣམས་ལས་སེམས་རྣམ་པར་གྲོལ་བ་འབའ་ཞིག་ཏུ་འགྱུར་བའི་ཕྱིར་རོ། །ཟག་པ་དང་བཅས་པའི་སྦྱོར་བ་ལ་རྣམ་པར་གྲོལ་བ་སྔ་ལ། ཏིང་ངེ་འཛིན་འཕྱི་བར་གསུངས་པ་ནི། ཉོན་མོངས་པ་སྤང་བ་ནི་སྦྱོར་བའི་མཐར་ཐུག་པའི་ཡིད་ལ་བྱེད་པའི་འབྲས་བུ་ཡིན་ཏེ། དངོས་གཞིའི་ཏིང་ངེ་འཛིན་འཐོབ་པར་འགྱུར་བའི་ཕྱིར་རོ། །ཏིང་ངེ་འཛིན་རྣམ་པར་གྲོལ་བ་ཅིག་ཅར་འབྱུང་བར་གསུངས་པ་ནི། འདི་ལྟ་སྟེ། སྦྱོར་བའི་མཐར་ཐུག་པའི་ཡིད་ལ་བྱེད་པ་དེ་ཉིད་དང༌། དེ་ལས་གཞན་པའི་བར་ཆད་མེད་པ་དང༌། རྣམ་པར་གྲོལ་བའི་ལམ་གྱི་ཏིང་ངེ་འཛིན་རྣམས་ལ། རྣམ་པར་གྲོལ་བ་དང་ལྡན་པའི་ཏིང་ངེ་འཛིན་གང་ཡོད་པའོ། །དེ་ལ་སྒྲིབ་པ་ལྔ་ནི་བསམ་གཏན་ལ་སྙོམས་པར་འཇུག་པ་ལ་སྒྲིབ་པ་གང་དག་བསམ་གཏན་ལ་སྙོམས་པར་
འཇུག་པའི་ཚེ། སྒྲིབ་པར་བྱེད་པ་སྟེ། འདོད་པ་ལ་འདུན་པའི་སྒྲིབ་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་གྱི་སྒྲིབ་པའོ། །འདོད་པ་ལ་འདུན་པ་གང་ཞེ་ན། སྡུག་པའི་མཚན་མའི་རྗེས་སུ་འབྲང་སྟེ། འདོད་པ་ལྔའི་ཡོན་ཏན་དག་ལ་ལྟ་བར་འདོད་བ་ནས་རེག་པར་འདོད་པའི་བར་གང་ཡིན་པའམ། སྔོན་མྱོང་བ་ཀུན་རྗེས་སུ་དྲན་ནས། རྟོག་པར་འདོད་པ་གང་ཡིན་པའོ། །གནོད་སེམས་གང་ཞེ་ན། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གླེངས་པ་ལ་བརྟེན་ཏམ། གནོད་པ་ཁོང་ཁྲོ་བའི་རྒྱུ་གང་ཅི་ཡང་རུང་བ་རྗེས་སུ་དྲན་པའི་སེམས་ཀྱི་ཀུན་ནས་མནར་སེམས་པ་གང་ཡིན་པའམ། གནོད་པར་བྱ་བར་འདོད་པ་ཁོང་ཁྲོ་བའི་རྒྱུ་དེ་ཉིད་ལ་ཤས་ཆེར་རྗེས་སུ་རྟོག་ཅིང་རྗེས་སུ་དཔྱོད་པའི་སེམས་ཀྱི་ཀུན་ནས་མནར་སེམས་པ་གང་ཡིན་པའོ། །རྨུགས་པ་གང་ཞེ་ན། ཚུལ་ཁྲིམས་ལ་སོགས་པ་གང་ཡང་རུང་བ་ཉམས་པ་ལ་བརྟེན་ཏམ། དབང་པོ་རྣམས་ཀྱི་སྒོ་མ་བསྡམས་པའམ། ཁ་ཟས་ཀྱི་ཚོད་མ་ཟིན་པའམ། ཉལ་བའམ། ཤེས་བཞིན་མེད་པར་གནས་པའམ། སྤོང་བ་ལ་སྦྱོར་བ་མ་ བྱས་པའི་ཉོན་མོངས་པ་ཐམས་ཅད་སྐྱེ་བ་དང་མཐུན་པ། ལུས་དང་སེམས་རྨུགས་པ་གང ་ཡིན་པ་སྟེ། ལུས་དང་སེམས་ལས་སུ་མི་རུང་བའོ། །གཉིད་གང་ཞེ་ན། སེམས་མངོན་པར་བསྡུས་པ་སྟེ། རྨུགས་པ་ནི་ཉོན་མོངས་པ་བསྐྱེད་པས་སྤོང་བའི་སྦྱོར་བ་འཇིག་པར་བྱེད་པ་ལ། གཉིད་ནི་སེམས་མངོན་པར་སྡུད་པས་སྤོང་བའི་སྦྱོར་བ་འཇིག་པར་བྱེད་དོ། །དེ་བས་ན་དེ་གཉི་ག་སྒྲིབ་པ་གཅིག་ཏུ་གསུངས་ཏེ། ལས་སུ་མི་རུང་བར་གློང་བའི་ཕྱིར་རྨུགས་པའོ། །མངོན་པར་བསྡུས་པས་གློང་བའི་ཕྱིར་གཉིད་དོ། །རྨུགས་པ་ནི་གཉིད་ཇི་ལྟར་སྐྱེ་བའི་རྐྱེན་དུ་ཉེ་བར་གྱུར་པ་དེ་བཞིན་དུ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཞན་དག་ལ་མ་ཡིན་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཞན་ནི་སྐྱེ་ཡང་སྲིད་མི་སྐྱེ་ཡང་སྲིད་ལ། གཉིད་ནི་གློང་བར་གྱུར་པ་ལ་གདོན་མི་ཟ་བར་སྐྱེ་བར་འགྱུར་རོ། །རྒོད་པ་གང་ཞེ་ན། ཉེ་དུ་
ལ་རྟོག་པའམ། ཡུལ་ལ་རྟོག་པའམ། འཆི་བར་མི་རྟོག་པ་ལ་བརྟེན་ནས། སྔོན་བགད་པ་དང༌། རྩེས་པ་དང༌། དགའ་བ་དང༌། དགའ་དགུར་སྤྱོད་པ་རྗེས་སུ་དྲན་པར་གྱུར་ཏམ། རྗེས་སུ་དྲན་པར་ བྱས་ན་སེམས་རྣམ་པར་མ་ཞི་ཞིང་འཕྱར་བར་སྐྱེ་བ་གང་ཡིན་པའོ། །འགྱོད་པ་གང ་ཞེ་ན། ཉེ་དུ་ལ་སོགས་པ་ལ་རྣམ་པར་རྟོག་པ་དེ་དག་ཉིད་ལ་རྟོག་པ་སྟེ། གང་དུ་འདི་ལྟ་བུའི་བཟའ་བ་དག་ཟ་ཞིང་བཏུང་བ་དག་འཐུང་བ་དང༌། དེ་ལྟ་བུའི་གོས་དང༌། ཟས་དང༌། མལ་སྟན་དང༌། ནད་ཀྱི་གསོ་སྨན་དང༌། ཡོ་བྱད་རྣམས་རྙེད་པའི་ཉེ་དུ་དེ་དག་དང༌། བདག་ཅིའི་ཕྱིར་བྲལ་བར་གྱུར། ཅིའི་ཕྱིར་ཡུལ་དེར་མ་སོང༌། ཅིའི་ཕྱིར་ཡུལ་དེ་བོར་ནས་འདིར་འོངས་ཤེའམ། ཅིའི་ཕྱིར་བདག་འདི་ལྟར་གཞོན་ནུར་རབ་ཏུ་བྱུང༌། རྒས་རྒས་ཀྱི་བར་དུ་འདུག་པ་ཞིག་ན་སྙམ་པའམ། སྔོན་བགད་པའམ། དགའ་བ་དང༌། རྩེས་པ་ལ་སོགས་པ་རྗེས་སུ་དྲན་ནས། ཅིའི་ཕྱིར་བདག་གང་གི་དུས་སུ་རྩེ་བ་དང༌། བརྒྱན་པའི་གནས་ཀྱི་སྦྱོར་བ་དང་ལྡན་པས། གནས་པར་བྱ་བ་དེའི་དུས་སུ་ཉེ་དུ་རྣམས་མ་དད་ཅིང་མཆི་མས་བ་རྣང་བ་དང་བཅས་པ་དང༌། ངུ་བའི་བཞིན་དུ་འདུག་བཞིན་དུ་རབ་ཏུ་བྱུང་སྙམ་སྟེ། དེ་ལྟ་བུའི་ཚུལ་གྱི་རྐྱེན་གྱིས་སེམས་ཀུན་ཏུ་འགྱོད་ཅིང༌། རྣམ་པར་འགྱོད་ལ། འགྱོད་ཅིང་ཡིད་ལ་གཅགས་པ་སྐྱེ་བ་གང་ཡིན་པའོ། །དེའི་ཕྱིར་རྒོད་པ་དང༌། འགྱོད་པ་གཉིས་གཞི་མཐུན་པའི་ཕྱིར། རྒོད་པ་དང་འགྱོད་པ་སྒྲིབ་པ་གཅིག་ཏུ་མཛད་དེ་གསུངས་སོ། །གཞན་ཡང་བྱ་བའམ། བྱ་བ་མ་ཡིན་པ་ཅི་རིགས་པར་བྱས་ཀྱང་རུང་མ་བྱས་ཀྱང་རུང་བ་ལ། བྱ་བའི་རིགས་པ་བདག་གིས་མ་བྱས་སོ། །བྱ་བའི་མི་རིགས་པ་བདག་གིས་བྱས་སོ་སྙམ་སྟེ། འགྱོད་པ་དང་པོ་སྐྱེས་པ་དེ་མ་གཏོགས་པ། འགྱོད་པའི་ཀུན་ནས་དཀྲིས་པ་དེ་ཉིད་བསལ་མ་ནུས་ནས་ཕྱི་མའི་དུས་སུ། སེམས་ཀྱི་རྒྱུན་ཀུན་ཏུ་འགྱོད་པ་དང༌། རྣམ་པར་འགྱོད་པ་དང༌། འགྱོད་པ་དང༌། ཡིད་ལ་གཅགས་པས་སྐྱེ་བ་གང་ཡིན་པ་དེ་ནི་འགྱོད་པའི་སྒྲིབ་པའི་རྣམ་གྲངས་ཡིན་ནོ། །གནས་མ་ཡིན་པ་ལས་སྐྱེས་པ་
གང་ཡིན་པ་དེ་དང༌། འགྱོད་པ་ཕྱི་མ་གང་ཡིན་པ་དེ་ནི། རྒོད་པ་དང༌། གཞི་མི་མཐུན་མོད་ཀྱི་ཇི་ལྟར་དེ་གཡེངས་པའི་རྣམ་པས། ཉེ་བར་ཞི་བར་མི་བྱེད་པ་དེ་བཞིན་དུ། འདི་ཡང་ཡིད་མི་བདེ་བའི་རྣམ་པས་ཉེ་བར་ཞི་བར་མི་བྱེད་པའི་ཕྱིར་རོ། །འདི་ཡང་དེ་དང་ལྷན་ཅིག་ཏུ་བསྲེས་ཏེ་གསུངས་སོ། །ཐེ་ཚོམ་གང་ཞེ་ན། སྟོན་པའམ། ཆོས་སམ། བསླབ་པའམ། རྗེས་སུ་བསྟན་པའམ། རྟོགས་པ་ལ་ནེམ་ནུར་བྱེད་ཅིང་ཐེ་ཚོམ་ཟ་བའམ། འདས་པའི་དུས་ལ་ནེམ་ནུར་བྱེད་ཅིང་ཐེ་ཚོམ་ཟ་བ་སྟེ། དེ་ལྟར་ནེམ་ནུར་དང་ཐེ་ཚོམ་དུ་གྱུར་པ་དེའི་སེམས་དེ་ནི་བརྩོན་པ་དང༌། རྗེས་སུ་སྦྱོར་བ་དང༌། སྤོང་བ་དང༌། ནང་དུ་ཡང་དག་འཇོག་པ་ལ་མི་འཇུག་གོ །འདས་པ་ལ་ཇི་ལྟ་བ་བཞིན་དུ་མ་འོངས་པ་དང༌། ད་ལྟར་བྱུང་བ་ལ་ཡང་དེ་དང་འདྲའོ། །ཡང་ན་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་ནེམ་ནུར་དང་ཐེ་ཚོམ་ཟ་བ་སྟེ། སེམས་གཉིས་སུ་འགྱུར་བ་དང༌། སོམ་ཉི་དང༌། ཡིད་གཉིས་དང༌། ནེམ་ནུར་དུ་གྱུར་པ་གང་ཡིན་པའོ། །འདོད་པ་ལ་འདུན་པའི་སྒྲིབ་པའི་ཟས་གང་ཞེ་ན། སྡུག་པ་ཡང་ཡོད་ལ། དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ཅིང་མང་དུ་བྱེད་པའོ། །དེ་ལ་སྡུག་པ་གང་ཞེ་ན། འདོད་པ་རྣམས་ཀྱི་མཆོག་དང༌། དམ་པ་དང༌། གྱ་ནོམ་པ་གང་ཡིན་པ་སྟེ། གང་ལ་མ་ཆགས་པར་གྱུར་ན་ཐ་ཆད་དུ་གྱུར་པ་གཞན་དག་ལ་ཡང་མ་ཆགས་པར་འགྱུར་བ་སྟེ། གྱད་ཆེན་པོ་ཐུབ་ན་དེ་ལས་གཞན་པའི་གྱད་ཐུབ་པར་འགྲུབ་པ་དེ་བཞིན་ནོ། །དེ་ཡང་གང་ཞེ་ན། བུད་མེད་ལ་ཡོད་པའི་སྡུག་པའི་གནས་བརྒྱད་དུ་བསྡུས་པ་གང་ཡིན་པ་སྟེ། གནས་བརྒྱད་པོ་གང་དག་གིས་བུད་མེད་ཀྱིས་སྐྱེས་པ་འཆིང་བར་འགྱུར་བ་འདི་ལྟ་སྟེ། གར་དང༌། གླུ་དང༌། བགད་པ་དང༌། བལྟས་པ་དང༌། ཁ་དོག་དང༌། རེག་པ་དང༌། ཆ་བྱད་དང༌། རྨ་འབྱེད་པ་རྣམས་ཏེ། འདི་ནི་འདོད་པ་ལ་འདུན་པ་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པ་རྣམ་པར་འཕེལ་བར་བྱེད་པའི་ཟས་ཡིན་ནོ། །ཟས་མ་ཡིན་པ་གང་ཞེ་ན། མི་སྡུག་པ་ཡང་ཡོད་ལ་དེ་ལ་ཚུལ་བཞིན་ཡིད་ལ་བྱེད་ཅིང་མང་དུ་བྱེད་པའོ། །དེ་ཡང་
གང་ཞེ་ན། འདི་ལྟ་སྟེ། རྣམ་པར་བསྔོས་པ་ལ་སོགས་པ་སྟེ། ལུས་འདི་ཉིད་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་སོ་སོར་རྟོག་པའོ། །དེ་ལྟར་ནང་གི་ལུས་ལ་མི་སྡུག་པར་སོ་སོར་རྟོག་པ་དང༌། །ཕྱི་རོལ་གྱི་ལུས་ལ་རྣམ་པར་བསྔོས་པ་ལ་སོགས་པའི་མི་སྡུག་པར་སོ་སོར་རྟོག་པའི་མི་སྡུག་པ་ནི། རྣམ་པ་འདི་གཉིས་ཁོ་ནར་ཟད་དེ། འདི་ནི་འདོད་པ་ལ་འདུན་པ་མ་སྐྱེས་པ་མི་སྐྱེད་པ་དང༌། སྐྱེས་པ་སྤོང་བའི་ཟས་མ་ཡིན་པའོ། །དེ་ལ་ཡིད་ལ་བྱེད་པས་ནི་མི་སྐྱེ་བར་འགྱུར་ལ། ལན་མང་དུ་བྱས་པས་ནི་སྤོང་པར་འགྱུར་རོ། །ནག་པོའི་ཕྱོགས་ནི་ཡིད་ལ་བྱེད་པས་སྐྱེད་ལ། ལན་མང་དུ་བྱས་པས་ནི་ཡང་འཕེལ་ཞིང་རྒྱས་པར་འགྱུར་རོ། །གནོད་སེམས་ཀྱི་སྒྲིབ་པའི་ཟས་གང་ཞེ་ན། ཁོང་ཁྲོ་བ་ཡང་ཡོད་ལ། ཁོང་ཁྲོ་བའི་རྒྱུ་ཡང་ཡོད་དེ། དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ཅིང་མང་དུ་བྱེད་པའོ། །དེ་ལ་གནོད་པ་ལ་བརྟེན་ནས་སེམས་ཀྱི་ཀུན་ཏུ་མནར་སེམས་པ་ནི་ཁོང་ཁྲོ་བའོ། །གནོད་པ་དེ་ཉིད་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པ་ནི་ཁོང་ཁྲོ་བའི་རྒྱུ་སྟེ། འདི་ལྟ་སྟེ། ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་པོ་རྣམས་ལའོ། །ཟས་མ་ཡིན་པ་གང་ཞེ་ན། བྱམས་པ་ཡང་ཡོད་ལ། དེ་ལ་ཚུལ་བཞིན་ཡིད་ལ་བྱེད་ཅིང་མང་དུ་བྱེད་པའོ། །དེ་ཡང་གཞན་གྱི་བདེ་བ་བསྒྲུབ་པའི་མཚན་ཉིད་དེ་བསྒོམས་པའི་སྟོབས་ཀྱིས་བསྡུས་པ་དང༌། དེའི་ཀུན་ནས་མནར་སེམས་ཀྱི་དངོས་པོ་འདུལ་བས་བསྡུས་པ་སོ་སོར་བརྟགས་པའི་སྟོབས་ནི་ཟས་མ་ཡིན་པ་སྟེ། གང་གིས་གནོད་སེམས་ཀྱི་སྒྲིབ་པ་སྤོང་བར་འགྱུར་བ་དེ་ཉིད་མདོ་ལས་གསུངས་སོ། །རྨུགས་པ་དང་གཉིད་ཀྱི་སྒྲིབ་པའི་ཟས་གང་ཞེ་ན། མུན་པ་ཡང་ཡོད་ལ། དེ་ལ་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་ཅིང་མང་དུ་བྱེད་པའོ། །ཟས་མ་ཡིན་པ་གང་ཞེ་ན། སྣང་བ་ཡང་ཡོད་ལ། དེ་ལ་ཚུལ་བཞིན་ཡིད་ལ་བྱེད་ཅིང་མང་དུ་བྱེད་པའོ། །དེ་ལ་སྣང་བ་ནི་རྣམ་པ་གསུམ་སྟེ། མུན་པའི་གཉེན་པོར་གྱུར་པ་དང༌། ཆོས་ཀྱི་སྣང་བ་དང༌། ལུས་ཀྱི་སྣང་བའོ། །དེ་ལ་མུན་པའི་གཉེན་པོར་གྱུར་པ་ནི། མཚན་
མོར་རྟོག་པ་འདི་ལྟ་སྟེ། ཟླ་བ་དང༌། སྐར་མ་ལ་སོགས་པ་དང༌། ཉིན་མོར་རྟོག་པ་འདི་ལྟ་སྟེ། ཉི་མ་དང༌། དེ་གཉི་གར་རྟོག་པ་འདི་ལྟ་སྟེ། མེ་དང་ནོར་བུ་ལ་སོགས་པའི་སྣང་བའོ། །དེ་ལ་ཆོས་ཀྱི་སྣང་བ་ནི་འདི་ལྟར་འདི་ན་ཁ་ཅིག་ཇི་ལྟར་བཟུང་བ་དང༌། ཇི་ལྟར་བསམས་པ་དང༌། ཇི་ལྟར་རེག་པའི་ཆོས་རྣམས་ལ་སོ་སོར་རྟོག་པའམ། སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་བསྒོམ་པའོ། །དེ་ལ་ལུས་ཀྱི་སྣང་བ་ནི་འདི་ལྟ་སྟེ། སེམས་ཅན་རང་ལས་འོད་འབྱུང་བ་རྣམས་སོ། །དེ་ལ་སྣང་བ་དང་པོའི་མི་མཐུན་པའི་ཕྱོགས་ནི་མུན་པ་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། མཚན་མོའི་མུན་པ་དང༌། སྤྲིན་གྱི་མུན་པ་དང༌། ཆོས་པའི་མུན་པ་འདི་ལྟ་སྟེ། ཕུག་ལ་སོགས་པའིའོ། །ཆོས་ཀྱི་སྣང་བའི་མི་མཐུན་པའི་ཕྱོགས་ནི། མུན་པའི་ཚོགས་གསུམ་སྟེ། འདི་ལྟ་སྟེ། ཆོས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་ནས། འདས་པའི་དུས་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་ན་ནེམ་ནུར་བྱེད་ཅིང་ཐེ་ཚོམ་ཟ་བ་དང༌། སངས་རྒྱས་དང་ཆོས་ལ་སོགས་པ་ལ་ཡང་ནེམ་ནུར་བྱེད་ཅིང་ཐེ་ཚོམ་ཟ་བ་སྟེ། དེ་ལ་མ་རིག་པ་གང་ཡིན་པ་དང༌། ཐེ་ཚོམ་གང་ཡིན་པ་དེ་གཉི་གལ་ནི་མུན་པའི་ཚོགས་ཞེས་བྱའོ། །རྟོགས་པ་ལས་སོ་སོར་རྟོགས་པའི་མི་མཐུན་པའི་ཕྱོགས་ནི། རྨུགས་པ་དང༌། གཉིད་ཀྱི་མུན་པ་སྟེ། དེས་ན་ཆོས་དེ་གསལ་བར་མི་འགྱུར་བའི་ཕྱིར་རོ། །རྒོད་པ་དང་འགྱོད་པའི་སྒྲིབ་པའི་ཟས་གང་ཞེ་ན། ཉེ་དུ་ལ་རྟོག་པ་ལ་སོགས་པ་ལ་ཡང་ཡོད་པ་དང༌། སྔོན་བགད་པ་དང༌། རྩེས་པ་ལ་སོགས་པ་ཡང་རྗེས་སུ་དྲན་པར་འགྱུར་ལ། དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ཅིང་མང་དུ་བྱེད་པའོ། དེ་ལ་ཉེ་དུ་རྣམས་ཀྱི་དར་བའམ། རྒུད་པའམ། འཕྲད་པའམ། འབྲལ་བ་ལ་བརྟེན་ནས། དགའ་བའི་རྣམ་པ་དང༌། མི་དགའ་བའི་རྣམ་པའི་སེམས་ཀྱི་རྟོག་པ་དང༌། རྣམ་པར་རྟོག་པ་སྐྱེ་བར་འགྱུར་རོ། །ཡུལ་རྣམས་ལ་ཡང་དེ་བཞིན་དུ་འབྱོར་པ་ལ་སོགས་པ་ལ་བརྟེན་ནས་ཡུལ་ལ་རྟོག་སྟེ། རྒྱས་པར་སྔ་མ་བཞིན་ནོ། །འཆི་བར་མི་རྟོག་པ་གང་ཞེ་ན།
གཞོན་པའམ། རྒན་པའམ། ངན་ངོན་གྱི་བྱ་བའམ། ཡང་དག་པའི་བྱ་བ་ལ་བརྟེན་ནས། དགའ་བ་དང༌། མི་དགའ་བའི་རྣམ་པའི་སེམས་ཀྱི་རྟོག་པ་གང་ཡིན་པ་ཞེས་རྒྱས་པར་སྦྱར་རོ། །བགད་པ་ཞེས་བྱ་བ་ནི་འདི་ལྟར་ཁ་ཅིག་ཐོ་འཚམས་པའམ།། འབྲེལ་པ་སྨྲ་བ་ལ་བརྟེན་ནས་སོ་སྟོན་ཅིང་དགོད་པའམ། འཕུལ་བ་དང༌། ཁོང་ནས་དགོད་པ་ལྟ་བུའོ། །དེ་ལ་རྩེས་པ་ནི་འདི་ལྟ་སྟེ། ཆོ་ལོ་འམ་ཤིང་བུས་རྩེ་བའམ། ནོར་བུས་རྩེ་བའམ། གཞན་ཡང་དེ་དང་འདྲ་བ་གང་ཡིན་པའོ། །དེ་ལ་དགའ་བ་ནི། ཕན་ཚུན་ཉེ་བར་སྤྱོད་པའམ། ཡུལ་ཉེ་བར་སྤྱོད་པའི་ལོངས་སྤྱོད་ཀྱི་དགའ་བའམ། ལྷན་ཅིག་འདུག་པ་དང༌། གནས་པ་དང་སྨྲ་བ་ལ་སོགས་པས་གནས་པའི་དགའ་བ་གང་ཡིན་པའོ། །དེ་ལ་དགའ་དགུར་སྤྱད་པ་ནི་འདི་ལྟ་སྟེ། ལག་པ་ནས་བཟུང་བའམ། དཔུང་པ་ནས་བཟུང་བའམ། ལན་བུ་ནས་བཟུང་བའམ། ཡན་ལག་ཏུ་གྱུར་པ་གང་ཡང་རུང་བ་ལ་ཀུན་ཏུ་ནོམ་ཞིང་ཡོངས་སུ་ནོམ་པ་དང༌། འཁྱུད་པ་དང༌། འོ་བྱེད་པ་དང༌། ལྟ་བ་སྟེ། གཞན་ཡང་དེ་ལྟ་བུ་དང་མཐུན་པའི་དགའ་དགུར་སྤྱོད་པའི་ལས་ཡིན་ནོ། །ཟས་མ་ཡིན་པ་གང་ཞེ་ན། ཞི་གནས་ཀྱང་ཡོད་ལ། དེ་ལ་ཚུལ་བཞིན་ཡིད་ལ་བྱེད་ཅིང་མང་དུ་བྱེད་པའོ། །དེ་ལ་ཞི་གནས་ནི་སེམས་མི་འཕྲོ་བར་གནས་པ་དང༌། ཞི་གནས་ཀྱི་ཕྱོགས་ཀྱི་ཆོས་རྣམས་གང་ཡིན་པའོ། །དེ་དག་ཀྱང་སྐྱོ་བར་འགྱུར་བ་གང་ཅི་ཡང་རུང་བ་སྟེ། འདི་ལྟ་སྟེ། བདག་གི་རྒུད་པ་དང༌། ཕ་རོལ་གྱི་རྒུད་པ་དང༌། བདག་གི་འབྱོར་པ་དང༌། ཕ་རོལ་གྱི་འབྱོར་པ་དག་གིས་སེམས་སྐྱོ་བ་དང༌། སྐྲག་པ་དང༌། ཡིད་འབྱུང་བ་དང༌། ཞི་བར་གནས་པའོ། །ཐེ་ཚོམ་གྱི་སྒྲིབ་པའི་ཟས་གང་ཞེ་ན། དུས་གསུམ་ཡང་ཡོད་ལ། དེ་ལ་ཚུལ་བཞིན་མ་ཡིན་པ་ནི་ཡིད་ལ་བྱེད་ཅིང་མང་དུ་བྱེད་པ་སྟེ། ཅི་བདག་འདས་པའི་དུས་ན་བྱུང་ངམ་ཞེས་རྒྱས་པར་སྔ་མ་བཞིན་ནོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་ཡང་བསམ་གྱིས་མི་ཁྱབ་པའི་གནས་བསྡུས་པ་སྟེ། བསམ་གྱིས་མི་ཁྱབ་པའི་གནས་ནི་འདི་ལྟ་སྟེ། བདག་ལ་སེམས་
པ་དང༌། སེམས་ཅན་ལ་སེམས་པ་དང༌། འཇིག་རྟེན་ལ་སེམས་པའོ། །དེ་ལ་ནང་ལ་བརྟེན་ཏེ། དུས་རྣམས་སུ་བདག་ཉིད་ལ་སེམས་པའོ། །ཕ་རོལ་ལ་བརྟེན་པ་ནི་སེམས་པའོ། །སེམས་ཅན་གྱི་འཇིག་རྟེན་དང༌། སྣོད་ཀྱི་འཇིག་རྟེན་ལ་བརྟེན་པ་ནི། འཇིག་རྟེན་ལ་སེམས་པ་སྟེ། འཇིག་རྟེན་རྟག་པ་ཡིན་ནམ། མི་རྟག་པ་ཡིན་ནམ། རྟག་པ་ཡང་ཡིན་ལ་མི་རྟག་པ་ཡང་ཡིན་ནམ། རྟག་པ་ཡང་མ་ཡིན་ལ་མི་རྟག་པ་ཡང་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པའོ། །ཟས་མ་ཡིན་པ་གང་ཞེ་ན། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་ཡོད་ལ། དེ་ལ་ཚུལ་བཞིན་ཡིད་ལ་བྱེད་ཅིང་མང་དུ་བྱེད་པ་སྟེ། དེའི་ཆོས་ཙམ་དང༌། ཆོས་ཀྱི་རྒྱུ་ཙམ་དང༌། སྡུག་བསྔལ་ཙམ་དང༌། སྡུག་བསྔལ་གྱི་རྒྱུ་ཙམ་མཐོང་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་གཞི་མ་རིག་པ་གང་ཡིན་པ་དེ་དུས་གསུམ་དུ་མི་སྐྱེ་བ་དང༌། སྐྱེས་པའང་སྤོང་བའོ། །དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ཚུལ་བཞིན་ཡིད་ལ་མི་བྱེད་པ་འདི་གཉིས་བསྡུས་པ་ལ་ནི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ཕྱིར་ཞེས་བྱ་སྟེ། གང་དུ་གང་དགོས་པ་དེ་དེར་ཤེས་པར་བྱའོ། །འདི་ལྟ་སྟེ། མུན་པ་ལ་སྣང་བར་འདུ་ཤེས་པའི་ཚུལ་གྱིས་ཚུལ་བཞིན་ཡིད་ལ་མི་བྱེད་པ་ཡིན་གྱི། ཚུལ་བཞིན་མ་ཡིན་པ་ཉིད་ནི་མ་ཡིན་ཏེ། འདི་ལ་དེ་མ་ཡིན་པའི་ཡིད་ལ་བྱེད་པ་གཞན་ཡོད་པའི་ཕྱིར་རོ། །དེ་ལ་བསམ་གཏན་དང་པོ་ནི་ཡན་ལག་ལྔར་རིག་པར་བྱ་སྟེ། རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པའོ། །གཉིས་པ་ནི་ཡན་ལག་བཞི་སྟེ། ནང་ཡོངས་སུ་དང་བ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པའོ། །གསུམ་པ་ནི་ཡན་ལག་ལྔ་སྟེ། བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། བདེ་བ་དང༌། སེམས་རྩེ་གཅིག་པའོ། །བཞི་པ་ནི་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་དང༌། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང༌། སེམས་རྩེ་གཅིག་པའོ། །དེ་ལ་བསམ་གཏན་དང་པོའི་རྟོག་པ་
དང་དཔྱོད་པ་ནི་དམིགས་པ་འཛིན་པའི་དོན་དུའོ། །ཏིང་ངེ་འཛིན་ནི་དེ་དག་གི་རྟེན་གྱི་དོན་དུའོ། །དགའ་བ་ནི་དམིགས་པ་མྱོང་བའི་དོན་དུའོ། །བདེ་བ་ནི་གནས་ངན་ལེན་བསལ་བའི་དོན་དུའོ། །བསམ་གཏན་གཉིས་བའི་ནང་ཡོངས་སུ་དང་བ་ནི། དམིགས་པ་འཛིན་པའི་དོན་དུའོ། །ཏིང་ངེ་འཛིན་ནི་ནང་ཡོངས་སུ་དང་བའི་རྟེན་གྱི་དོན་དུའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །བསམ་གཏན་གསུམ་པའི་བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་རྣམས་ནི་དམིགས་པ་འཛིན་པའི་དོན་དུའོ། །ཏིང་ངེ་འཛིན་ནི་དེ་དག་གི་རྟེན་གྱི་དོན་དུའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །བསམ་གཏན་བཞི་པའི་བཏང་སྙོམས་ཡོངས་སུ་དག་པ་དང༌། དྲན་པ་ཡོངས་སུ་དག་པ་ནི་དམིགས་པ་འཛིན་པའི་དོན་དུའོ། །ཏིང་ངེ་འཛིན་དེ་གཉིས་ཀྱི་རྟེན་གྱི་དོན་དུའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་མ་ཡིན་པའི་ཆོས་གཞན་ཡང་ཡོད་བཞིན་དུ། དེ་དག་ཉི་ཚེ་ཡན་ལག་ཏུ་བཞག་པ་ནི་གཙོ་བོར་གྱུར་པ་དང༌། བསམ་གཏན་པ་རྣམས་ལ་ཆེས་ཕན་འདོགས་པའི་ཕྱིར་རོ། །ཅིའི་ཕྱིར་བསམ་གཏན་དང་པོ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་ཤེ་ན། འདི་ལྟར་འདི་དག་གིས་འདོད་པའི་ཁམས་ཀྱང་སུན་འབྱིན་པར་བྱེད་ཅིང༌། བསམ་གཏན་དང་པོ་ལ་ཡང་སྙོམས་པར་འཇུག་ལ་རྟོག་པ་དང༌། དཔྱོད་པ་དེ་དག་གི་སྐྱོན་ཡང་མི་མཐོང་བའི་ཕྱིར་རོ། །བསམ་གཏན་གཉིས་པ་ལ་ནི་དེ་དག་ལ་སྐྱོན་དུ་ལྟ་བས་དེའི་ཕྱིར་དེ་དག་ཞི་བར་གྱུར་པས་ན་བསམ་གཏན་གཉིས་པའོ། །བསམ་གཏན་གཉིས་པ་ལ་རྟོག་པ་དང་དཔྱོད་པ་དེ་གཉིས་སྐྱོན་དུ་མཐོང་བའི་ཕྱིར་ཉེ་བར་ཞི་བར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ་བསམ་གཏན་གསུམ་པ་ལ་ཡང་དགའ་བ་དེ་སྐྱོན་དུ་མཐོང་བས་ཉེ་བར་ཞི་བའི་ཕྱིར་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་ལ་ནི་བདེ་བ་ལ་སྐྱོན་དུ་ལྟ་བ་དང༌། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པས་ཁྱད་པར་དུ་དབྱེ་བར་རིག་པར་བྱའོ། །དེ་ལ་བསམ་གཏན་གྱི་རྣམ་གྲངས་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། ལྷག་པའི་སེམས་ཀྱི་སེམས་ཡོངས་སུ་དག་པའི་དབང་དུ་བྱས་ནས།
ཡང་དག་པར་ཉེ་བར་སེམས་པའི་ཕྱིར་ན་བསམ་གཏན་ནོ། །བདེ་བ་ལ་གནས་པ་ཞེས་ཀྱང་བྱ་སྟེ། དེ་དག་ཏུ་བདེ་བ་ཡོངས་སུ་རྫོགས་པ་མྱོང་བའི་ཕྱིར་ཏེ། འདི་ལྟར་དེ་དག་ཏུ་དགའ་བའི་བདེ་བ་དང༌། ཤིན་ཏུ་སྦྱངས་པའི་བདེ་བ་དང༌། བཏང་སྙོམས་ཀྱི་བདེ་བ་དང༌། ལུས་དང་སེམས་ཀྱི་བདེ་བ་མྱོང་བའི་ཕྱིར་རོ། །བསམ་གཏན་པ་རྣམས་ཀྱིས་ནི་དེ་དག་སྙོམས་པར་ཞུགས་སོ་ཅོག་དང་ལངས་སོ་ཅོག་ན། ཚེ་འདི་ལ་བདེ་བར་གནས་པའི་ཚུལ་གྱིས་མྱོང་བར་འགྱུར་རོ། །དེ་ལ་སྙོམས་པར་ཞུགས་པའི་ཚེ་ནི། ཚེ་འདི་ལ་བདེ་བར་གནས་པ་མངོན་སུམ་དུ་གྱུར་ནས་མྱོང་བར་བྱེད་དོ། །དེ་ལ་ལངས་པའི་ཚེ་ནི་བདག་བདེ་བ་ལ་གནས་པ་འདི་ལྟ་བུ་ཞིག་གིས་གནས་སོ་སྙམ་དུ་མྱོང་བར་བྱེད་དོ། །གཟུགས་མེད་པ་རྣམས་ལ་ནི་དེ་ལྟར་མྱོང་བ་མེད་པས་དེའི་ཕྱིར་བདེ་བ་ལ་གནས་པ་ཞེས་མ་གསུངས་ཏེ། དེ་དག་ནི་ལངས་ནས་ཡང་དག་པར་བསྟན་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དགེ་སློང་དགོན་པ་ལ་དྲི་བ་འདྲི་བ་དག་འོངས་ལ། གལ་ཏེ་དགེ་སློང་དགོན་པ་བས་དེར་དྲི་བ་དྲིས་པ་ལ་ལན་མ་བཏབ་པར་གྱུར་ན། དེ་ལ་གཞན་དག་འདི་སྐད་དུ་ཀྱི་ཧུད་དེ་གཟུགས་ལས་འདས་ནས། གཟུགས་མེད་པའི་ཞི་བའི་རྣམ་པར་ཐར་པ་གང་ཡིན་པ་དེ་དག་གི་དྲི་བ་དྲིས་ཀྱང་ལན་འདེབས་པར་མི་ནུས་ན། དགོན་པ་པ་འདིའི་དགོན་པ་ན་གནས་པས་ཅི་ཞིག་བྱ་ཞེས་ཟེར་བར་འགྱུར་རོ། །དེ་བས་ན་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་སྙོམས་པར་འཇུག་པར་བྱའི་གནས་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །བསམ་གཏན་ནི་དེའི་ཡན་ལག་གི་མྱ་ངན་ལས་འདས་པ་ཞེས་ཀྱང་བྱ་ལ། རྣམ་གྲངས་ཀྱི་མྱ་ངན་ལས་འདས་པ་ཞེས་ཀྱང་བྱ་སྟེ། ཉོན་མོངས་པ་རྣམས་ཀྱི་ཕྱོགས་གཅིག་སྤངས་པ་ཡན་ལག་དེས་མྱ་ངན་ལས་འདས་པ་དང༌། གཅིག་ཏུ་ངེས་པ་མ་ཡིན་པའི་ཕྱིར་དེའི་ཡན་ལག་གི་མྱ་ངན་ལས་འདས་པའོ། །མ་ལུས་པ་མྱ་ངན་ལས་འདས་བ་མ་ཡིན་པའི་ཕྱིར་རྣམ་གྲངས་ཀྱི་མྱ་ངན་ལས་འདས་པའོ། །དེ་ལ་བསམ་གཏན་བཞི་ནི་ཚོར་བ་ལས་ངེས་པར་བྱུང་བའི་གཞི་ཞེས་བྱ་སྟེ། དེ་ལ་ཡིད་མི་བདེ་བ་ལས་ངེས་པར་བྱུང་བ་ནི་བསམ་གཏན་དང་པོའོ།།
སྡུག་བསྔལ་གྱི་དབང་པོ་ལས་ངེས་པར་བྱུང་བ་ནི་གཉིས་པའོ། །ཡིད་བདེ་བའི་དབང་པོ་ལས་ངེས་པར་བྱུང་བ་ནི་གསུམ་པའོ། །བདེ་བའི་དབང་པོ་ལས་ངེས་པར་བྱུང་བ་ནི་བཞི་པའོ། །བཏང་སྙོམས་ལས་ངེས་པར་བྱུང་བ་ནི་མཚན་མ་མེད་པ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང༌། ཕྱིན་ཅི་མ་ལོག་པའི་མདོ་ལས། དེ་ལ་དགེ་སློང་གིས་ཡིད་མི་བདེ་བའི་དབང་པོ་སྐྱེས་པ་ལ་སྐྱེས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་ཏེ། གང་གི་གནས་སྐབས་སུ་ཤེས་ཤེ་ན། དེ་ཉིད་སྤོང་བ་ལ་སྦྱོར་ཞིང་ཡིད་མི་བདེ་བའི་དབང་པོ་དང་འདྲེས་པ་ན་སེམས་ཀྱི་རྒྱུད་ཤེས་སོ། དེ་ཡང་རྒྱུ་དང་བཅས་རྐྱེན་དང་བཅས། གཞི་དང་བཅས། རྣམ་པ་དང་བཅས། འདུ་བྱེད་དང་བཅས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། རྒྱུ་དང་བཅས་པར་ཇི་ལྟར་ཤེས་ཤེ་ན། དེའི་ས་བོན་གྱི་རྒྱུར་ཤེས་པའི་ཚུལ་གྱིས་སོ། །རྐྱེན་དང་བཅས་པར་ཇི་ལྟར་ཤེས་ཤེ་ན། ས་བོན་གྱིས་བསྡུས་པ་མ་ཡིན་པ་དེའི་རྟེན་ཤེས་པའོ། །གཞི་དང་བཅས་པར་ཇི་ལྟར་ཤེས་ཤེ་ན། དངོས་པོ་གང་ལ་གནས་ན་ཡིད་མི་བདེ་བའི་དབང་པོ་སྐྱེ་བར་འགྱུར་བ་སྟེ། དེ་ཡང་རྒྱུ་མཚན་གང་ཡིན་པ་དང༌། མི་ཤེས་པའི་ས་བོན་ཡིད་མི་བདེ་བའི་དབང་པོ་ཀུན་ནས་སློང་བའོ།། །།བམ་པོ་བཅུ་གཉིས་པ། རྣམ་པ་དང་བཅས་པར་ཇི་ལྟར་ཤེས་ཤེ་ན། འདི་ནི་མི་དགའ་བའི་རྣམ་པ་ཡིན་ནོ་སྙམ་དུ་ཤེས་པའོ། །འདུ་བྱེད་དང་བཅས་པར་ཇི་ལྟར་ཤེས་ཤེ་ན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། མཚུངས་པར་ལྡན་པའི་སེམས་པ་ནི། དེ་ཀུན་ནས་སློང་བར་བྱེད་པའི་འདུ་བྱེད་ཡིན་ནོ་སྙམ་དུ་རབ་ཏུ་ཤེས་སོ། །དེ་ལྟར་ཡོངས་སུ་ཤེས་ནས་ངེས་པར་འབྱུང་བ་ལ་སེམས་འཇོག་བར་བྱེད་དོ། །ཇི་ལྟར་འཇོག་ཅེ་ན། ཉོན་མོངས་པ་ཅན་དུ་རྒྱུ་བ་ལས་སེམས་བཟློག་ནས་ཡིད་ལ་བྱེད་པ་སྒོམ་བ་ལ་ཡང་དག་པར་སྦྱོར་བར་བྱེད་དོ། །དེ་ཡང་དེར་བག་ལ་ཉལ་དང་ཀུན་ནས་དཀྲིས་པ་མ་ལུས་པར་འགག་ཅིང་མཐར་ཐུག་པའི་བར་དུ་འགྱུར་རོ། །དེ་ལ་འཇིག་རྟེན་པའི་བསམ་གཏན་གྱིས་ནི་དེའི་ཕྱོགས་ཀྱི་གནས་ངན་ལེན་སྤོང་བར་འགྱུར་གྱི།
དེའི་ས་བོན་གྱི་གནས་དེ་འབྱིན་པར་མི་བྱེད་དོ། །དེ་ལྟ་མ་ཡིན་དུ་ཟིན་ནས་དེ་ཕྱུང་བས་ཕྱིས་དེ་མི་སྐྱེ་བ་ཉིད་དུ་འགྱུར་བའི་རིགས་སོ། །ཟག་པ་མེད་པས་ནི་དེ་གཉིས་ཀ་སྤོང་བར་འགྱུར་རོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་བལྟ་བར་བྱའོ། །ཡིད་མི་བདེ་བའི་དབང་པོ་ཅི་ལྟ་བུ་ཞིག་ཡོངས་སུ་ཤེས་ཤེ་ན། སྨས་པ། ཉོན་མོངས་པ་ཅན་ནམ། ངེས་པར་འབྱུང་བའི་འདུན་པ་དང་ལྡན་པའི་དགེ་བ་དང༌། སྡུག་བསྔལ་གྱི་དབང་པོ། །ནང་ལ་སོགས་པའི་དབང་གིས་བྱུང་བའམ། ལུས་ངལ་བའི་དབང་གིས་བྱུང་བའམ། མེས་གདུངས་པ་ལ་སོགས་པའི་དབང་གིས་བྱུང་བའམ། འདོད་ཆགས་དང་བྲལ་བ་ལ་ཡང་གཞན་གྱིས་གནོད་པར་བྱས་པ་ལ་སོགས་པའི་དབང་གིས་བྱུང་བའོ། །ཡིད་བདེ་བའི་དབང་པོ་ནི་བསམ་གཏན་གཉིས་པ་ལ་སྟེ། བསམ་གཏན་གཉིས་པའི་ས་པ་ཡིན་པར་རོ། །བདེ་བའི་དབང་པོ་ནི་བསམ་གཏན་གསུམ་པ་ལ་སྟེ་བསམ་གཏན་གསུམ་པའི་ས་པ་ཡིན་པར་རོ། །ཅིའི་ཕྱིར་བསམ་གཏན་དང་པོ་སྡུག་བསྔལ་གྱི་དབང་པོ་མ་སྤངས་པ་ཞེས་བྱ་ཞེ་ན། དེ་ན་དེའི་ཕྱོགས་ཀྱི་གནས་ངན་ལེན་མ་སྤངས་པའི་ཕྱིར་རོ། །མ་སྤངས་ན་ཡང་ཅིའི་ཕྱིར་བསམ་གཏན་དུ་སྐྱེས་པ་ལ་དེ་ཀུན་ཏུ་འབྱུང་བར་མི་འགྱུར་ཞེ་ན། དེའི་གྲོགས་ཀྱི་ཆ་ཡིད་མི་བདེ་བའི་དབང་པོས་བསྡུས་པའི་སྡུག་བསྔལ་སྤངས་པའི་ཕྱིར་རོ། །གལ་ཏེ་བསམ་གཏན་དང་པོ་ལ་ཡང་སྡུག་བསྔལ་གྱི་དབང་པོ་དེ་སྤངས་ན་ནི། དེའི་ཕྱིར་འདིར་བསམ་གཏན་དང་པོ་དང་གཉིས་པ་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པ་གཉིས་ལ། ཚོར་བ་ལས་གྱུར་པའི་གནས་པའི་ཁྱད་པར་མེད་པར་འགྱུར་ཏེ། བསམ་གཏན་རྣམས་ནི་ཚོར་བ་ལ་ངེས་པར་འབྱུང་བར་གསུངས་ལ། གཉིས་ཀ་ལ་ཡང་དགའ་བ་དང༌། བདེ་བ་ཡོད་པའི་ཕྱིར་རོ། །འདི་ལ་ནི་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་བས་གནས་ངན་ལེན་སྤོང་བའི་ཁྱད་པར་དུ་འགྱུར་བ་ཅི་ཡང་མེད་དེ། དེ་བཞིན་དུ་དབང་པོ་གཞན་རྣམས་ལ་ཡང་དེའི་ཕྱོགས་ཀྱི་གནས་ངན་ལེན་སྤངས་པས་གོང་མ་རྣམས་ཀྱང་སྤོང་བར་རིག་པར་བྱའོ། །མཚན་མ་མེད་པ་ནི་འདིར་བཅོམ་ལྡན་འདས་ཀྱིས་ཀྱང་མདོ་
ལས། མཚན་མ་མེད་པ་ནི་སེམས་ཀྱི་ཏིང་ངེ་འཛིན་ཏོ་ཞེས་གསུངས་ཏེ། དེ་ལ་ནི་བཏང་སྙོམས་ཀྱི་དབང་པོ་མ་ལུས་པར་བག་ལ་ཉལ་གྱིས་འགག་པར་འགྱུར་ཏེ། དེའི་ཕྱོགས་ཀྱི་གནས་ངན་ལེན་བསྩལ་བའི་ཕྱིར་རོ། །དེ་ལ་མཚན་མ་མེད་པ་ལ་ཚོར་བ་ངེས་པར་ཡོད་པའི་ཕྱིར་ཀུན་ནས་དཀྲིས་པས་ནི་དེ་འགག་པ་མེད་དེ། དེ་ལ་ནི་བདེ་བ་དང་ཡིད་བདེ་བ་དང༌། བཏང་སྙོམས་གསུམ་ཆར་ཡང་ཡོད་དོ། །ཚོར་བའི་དབང་པོ་དེ་དག་གི་བག་ལ་ཉལ་ནི་མེད་དོ། །ཉོན་མོངས་པ་དེ་སྤངས་ན། དེ་དག་ཀྱང་སྤོང་པར་འགྱུར་རོ། །དེའི་ཕྱོགས་ཀྱི་གནས་ངན་ལེན་ལ་ནི། དེ་དག་གི་བག་ལ་ཉལ་ཞེས་བྱའོ། །བཏང་སྙོམས་ཀྱི་དབང་པོ་གང་ཡན་ཆད་ན་ཡོད་པར་རིག་པར་བྱ་ཞེ་ན། བསམ་གཏན་བཞི་པ་ཡན་ཆད་ནས། སྲིད་པའི་རྩེ་མན་ཆད་ན་ཡོད་དོ། །དབང་པོ་ལྔ་པོའི་ངེས་པར་འབྱུང་བ་མཚན་མ་མེད་པ་ལ་ཐུག་པ་དེ་རྣམས་ནི་ངེས་པར་འབྱུང་བར་བྱེད་པའི་ཁམས་ལྔ་པོ་རྣམས་དང་གཅིག་གིས་གཅིག་བསྡུས་པར་རིག་པར་བྱའོ། །དེ་ལ་འདོད་པ་དང༌། གནོད་སེམས་དང༌། རྣམ་པར་འཚེ་བ་རྣམས་ཀྱི་ངེས་པར་འབྱུང་བས་ནི། བདེ་བའི་དབང་པོ་མན་ཆད་ལས་ངེས་པར་འབྱུང་བར་གསུངས་སོ། །གཟུགས་ཀྱི་ངེས་པར་འབྱུང་བ་ནི། བསམ་གཏན་བཞི་བའི་བཏང་སྙོམས་ཀྱི་དབང་པོ་གང་ཡིན་པ་ལས་ངེས་པར་འབྱུང་ངོ༌། །འཇིག་ཚོགས་འགགས་པས་ནི། གཟུགས་མེད་པ་མཐའ་དག་གི་བཏང་སྙོམས་ཀྱི་དབང་པོ་ལས་ངེས་པར་འབྱུང་ངོ༌། །ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་དོན་གང་ཞེ་ན། དེ་དག་ལ་གནས་ན་ངེས་པར་འབྱུང་བར་རིག་པར་བྱ་སྟེ། དེས་ན་ངེས་པར་འབྱུང་བར་བྱེད་པ་ཞེས་བྱའི། དེ་དག་གིས་དེ་དག་ངེས་པར་འབྱུང་བར་བྱེད་པ་ནི་མ་ཡིན་ཏེ། འདོད་ཆགས་དང་བྲལ་བ་རྣམས་ལ་ཡང་ཁམས་དེ་ཡོད་པར་བསྟན་པའི་ཕྱིར་རོ། །གང་གི་ཚེ་འདོད་པ་དང༌། གནོད་སེམས་དང༌། རྣམ་པར་འཚེ་བ་རྣམས་དུས་གཅིག་ཁོ་ནར་སྤོང་བར་འགྱུར་ན། ཅིའི་ཕྱིར་དེ་དག་གི་ངེས་པར་འབྱུང་བ་ཐ་དད་པར་རྣམ་པར་གཞག་ཅེ་ན། དེ་དག་གི་ངེས་པར་འབྱུང་བ་དུས་གཅིག་མོད་ཀྱི། གཉེན་པོ་
བསྒོམ་པའི་བྱེ་བྲག་གིས་ངེས་པར་འབྱུང་བ་རྣམ་པ་གསུམ་དུ་བསྟན་ཏོ། །དེ་ལ་གཉེན་པོའི་བྱེ་བྲག་ནི་འདི་ཡིན་ཏེ། མི་སྡུག་པ་དང༌། བྱམས་པ་དང༌། སྙིང་རྗེ་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལ་ལ་ལ་ནི་མི་སྡུག་པ་བསྒོམས་པས་ཐམས་ཅད་ལ་ངེས་པར་འབྱུང་ངོ༌།། ལ་ལ་ནི་བྱམས་པས་ངེས་པར་འབྱུང་ངོ༌། །ལ་ལ་ནི་སྙིང་རྗེས་ངེས་པར་འབྱུང་སྟེ། དེའི་ཕྱིར་ངེས་པར་འབྱུང་བ་ཐ་དད་པར་སྟོན་པར་མཛད་དོ། །དེ་ཡན་ཆད་ལ་ནི་གཉེན་པོ་རྣམ་པ་གཅིག་པུར་ཟད་དེ། དེའི་ཕྱིར་ཡན་ཆད་ཀྱི་ཐ་དད་པ་མེད་དོ། །ལྟ་བའི་ཤས་ཆེ་ན་འདོད་པ་རྣམས་ཀུན་ཏུ་རྗེས་སུ་དྲན་པར་འགྱུར་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། སོ་སོར་རྟོག་པ་ཡིད་ལ་བྱེད་པའི་ཕྱིར་ཏེ། དངོས་པོ་གཙོ་བོ་ཡིད་ལ་བྱེད་པ་དང༌། ལོངས་སྤྱོད་ལ་ཤས་ཆེར་ཡིད་ལ་བྱེད་པའི་ཕྱིར། འདོད་པ་རྣམས་ལ་སེམས་མི་འཇུག་པ་ཇི་ལྟ་བུ་ཞེ་ན། དེ་ལ་ཕན་ཡོན་དུ་མི་ལྟ་པའི་ཕྱིར་རོ། །ཇི་ལྟར་དང་བར་མི་འགྱུར་ཞེ་ན། དེ་ལ་དགའ་ཞིང་ཡིད་བདེ་བ་སྐྱེས་པ་མི་བསྒོམ་པའི་ཕྱིར་རོ། །ཇི་ལྟར་ཀུན་ཏུ་མི་གནས་ཤེ་ན། དེ་ལ་ཉེ་བར་སྤྱོད་པའི་དགའ་བས་དགའ་བར་མི་བྱེད་པའི་ཕྱིར་རོ། །ཇི་ལྟར་མོས་པར་མི་བྱེད་ཅེ་ན། དེ་ལ་ཚུལ་བཞིན་མ་ཡིན་པའི་མཚན་མ་བཟུང་བར་མ་མོས་པའི་ཕྱིར་རོ། །ཇི་ལྟར་ཕྱིར་ནུར་བར་བྱེད་ཅེ་ན། རྒྱས་པར་བྱེད་པ་ན་མི་འཇུག་པའོ། །ཇི་ལྟར་ཕྱིར་འབྱེད་པར་བྱེད་ཅེ་ན། དམིགས་པ་བཟུང་བ་འདོར་བའོ། །ཇི་ལྟར་འཇུག་པར་མི་བྱེད་ཅེ་ན། སོ་སོར་བརྟགས་ནས་དམིགས་པ་དེ་ལ་འཛིན་པ་ན་མངོན་པར་མི་དགའ་བའོ། །ཇི་ལྟར་བཏང་སྙོམས་སུ་གནས་ཤེ་ན། མཉམ་པའི་གནས་སྐབས་སུ་འཇོག་པ་ཡིན་ཏེ། མཉམ་པའི་གནས་སྐབས་སུ་སེམས་འཇོག་པར་བྱེད་པའོ། །སྐྱོ་བ་གང་ཞེ་ན། དེ་ལ་ཉེས་དམིགས་སུ་མཐོང་ནས་མི་མཐུན་པ་ཉིད་དུ་གྱུར་པ་གང་ཡིན་པའོ། །དེ་ཡང་རྣམ་པ་གསུམ་སྟེ། མི་རྟག་པ་ཉིད་དང༌། སྡུག་བསྔལ་བ་ཉིད་དང༌། རྣམ་པར་འགྱུར་བའི་ཆོས་ཉིད་དོ། །སྨོད་པ་གང་ཞེ་ན། དང་པོ་ལ་ཉེས་དམིགས་སུ་མཐོང་ནས། མི་མཐུན་པ་ཉིད་དུ་གྱུར་པ་གང་ཡིན་པའོ། །ཕྱིར་བཟློག་པ་གང་ཞེ་ན།
གཉིས་པ་ལ་ཉེས་དམིགས་སུ་མཐོང་ནས། མི་མཐུན་པ་ཉིད་དུ་གྱུར་པ་གང་ཡིན་པའོ། །མི་མཐུན་པ་ཉིད་གང་ཞེ་ན། གསུམ་པ་ལ་ཉེས་དམིགས་སུ་མཐོང་ནས། མི་མཐུན་པ་ཉིད་དུ་གྱུར་པ་གང་ཡིན་པ་ཉིད་དོ། །དེ་ལས་བཟློག་པ་ལ་ནི་ངེས་པར་འབྱུང་བ་ཡིད་ལ་བྱེད་ད། འཇུག་པ་ནི་དེ་ལ་ཕན་ཡོན་དུ་ལྟ་བའི་ཕྱིར་རོ། །དང་བ་ནི་དད་པ་དང༌། མངོན་པར་ཡིད་ཆེས་པས་མངོན་པར་དང་པ་སྐྱེད་པའི་ཕྱིར་རོ། །ཀུན་ཏུ་གནས་པ་ནི་དེ་ལ་དམིགས་པ་ལས་མི་འཕྲོ་བའི་ཕྱིར་རོ། །རྣམ་པར་གྲོལ་བ་ནི་ཉོན་མོངས་པ་དང་བྲལ་བའི་ཕྱིར་ཏེ། དེ་ལ་ཉོན་མོངས་པ་ཅན་མ་ཡིན་པས་འཇུག་པས་སོ། །དེ་ལ་སྐྱོ་བ་ལ་སོགས་པ་མི་མཐུན་པའི་རྣམ་པ་རྣམས་ལ་གནས་པའི་ཚེ་ནི། དེའི་སེམས་དེ་ཉམས་པར་མི་འགྱུར་ཏེ། བཏང་སྙོམས་སུ་གྱུར་ན་ཡང་རྩོལ་བ་མེད་དོ། །ཇི་ལྟར་དེའི་སེམས་དེ་བདེ་བར་སོང་བ་ཡིན་ཞེ་ན། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་ལ་གནས་པའི་ཕྱིར་རོ། །ཇི་ལྟར་ལེགས་པར་བསྒོམས་པ་ཡིན་ཞེ་ན། དེ་ལས་གཞན་པའི་ཡིད་ལ་བྱེད་པ་རྣམས་ལ་ལེགས་པར་བསྒོམས་པའི་ཕྱིར་ཏེ། དེས་ན་སྤོང་བའི་གནས་སྐབས་དང༌། སྤོང་བའི་སྦྱོར་བའི་ལམ་གྱི་གནས་སྐབས་ཀྱང་བསྟན་པར་འགྱུར་རོ། དེ་ལ་གྲོལ་བ་ནི་ཀུན་ནས་དཀྲིས་པ་ལས་རྣམ་པར་ཐར་པའི་ཕྱིར་རོ། །རྣམ་པར་གྲོལ་བ་ནི་དམིགས་པའི་མཚན་མ་ལས་རྣམ་པར་ཐར་པའི་ཕྱིར་རོ། །རྣམ་པར་རབ་ཏུ་གྲོལ་བ་ནི། བག་ལ་ཉལ་ལས་རྣམ་པར་ཐར་པའི་ཕྱིར་རོ། །དེའི་འདོད་པའི་རྐྱེན་གྱིས་ཟག་པ་གང་དག་སྐྱེ་བ་ཞེས་བྱ་བ་ནི། འདོད་པའི་འདོད་ཆགས་མ་གཏོགས་པ། དེ་ལས་གཞན་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་གང་ཡིན་པ་རྣམས་སོ། །ཕོངས་པ་རྣམས་ནི་གཞི་དེ་ཁོ་ན་ལས་ཉེས་པར་སྤྱོད་པའི་ཁྱད་པར་ཆད་པས་གཅོད་པ་ལ་སོགས་པ་འབྱུང་བ་གང་དག་ཡིན་ པ་སྟེ། གང་དག་བྱས ་ཤིང་བསྩགས་ན་ངན་སོང་རྣམས་སུ་སྐྱེ་བར་འགྱུར་བའོ། །ཡོངས་སུ་གདུང་བ་རྣམས་ནི་གཞི་དེ་ལས་འདོད་པའི་སྲེད་པས་ཟ་བ་ན་ལུས་དང་སེམས་ཀྱི་ཡོངས་སུ་སྲེག་པ་གང་ཡིན་པའོ། །འཁྲུག་པ་རྣམས་ནི་གཞི་དེ་ལས་དེའི་དངོས་པོ་ཡོངས་སུ་འགྱུར་བ་མྱ་ངན་
དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བའི་འཁྲུག་པ་རྣམས་འབྱུང་བ་གང་ཡིན་པའོ། །གྲོལ་བ་ནི་དེ་དག་ལས་དེ་ལངས་པ་སྟེ། བྲལ་བ་དང་ཡོངས་སུ་བྲལ་བ་ཞེས་བྱ་བ་ཡང་སྔ་མ་ལྟར་ཀུན་ནས་དཀྲིས་པ་དང༌། དམིགས་པ་དང༌། བག་ལ་ཉལ་བ་ལས་རྣམ་པར་ཐར་པའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །ཇི་ལྟར་དེ་དེའི་རྐྱེན་གྱིས་བྱུང་བའི་ཚོར་བ་མྱོང་བར་མི་བྱེད་ཅེ་ན། ཡུལ་ལ་དམིགས་པར་འདོད་པའམ་དམིགས་པའི་ཚེའམ། རྗེས་སུ་དྲན་པ་ན་ཡང་རུང་སྟེ། རྟེན་དེས་ཉོན་མོངས་པ་ཅན་གྱི་ཚོར་བ་ཀུན་ཏུ་མི་འབྱུང་བའི་ཕྱིར་ཏེ། པདྨའི་འདབ་མ་ལ་ཆུའི་ཐིགས་པ་འདུག་པ་བཞིན་དུ། དེའི་རྟེན་ཉོན་མོངས་པ་རྣམས་ཀྱིས་གོས་པ་མེད་པར་གནས་སོ། །དྲུག་པོ་འདི་དག་ནི་ངེས་པར་འབྱུང་བར་བྱ་བའི་ཁམས་ཏེ། དེ་དག་ཀྱང་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་ཏེ། བདག་གི་བྱམས་པ་བསྒོམས་པ་ནས། བདག་ནི་ངའོ་སྙམ་དུ་འཛིན་པ་དང་ཡང་བྲལ་བའི་བར་དུ་ཡིན་མོད་ཀྱི། འོན་ཀྱང་བདག་གི་སེམས་ནི་ཐེ་ཚོམ་དང་ནེམ་ནུར་གྱི་ཟུག་རྡུས་ཡོངས་སུ་དཀྲིས་ཏེ་འདུག་ཅེས་བྱ་བ་ནི་དེའི་ཕྱིར་བྱམས་པ་ལ་སོགས་པ་ནི་གནོད་སེམས་ལ་སོགས་པའི་གཉེན་པོ་མ་ཡིན་ནོ་སྙམ་པའི་ཉེས་པར་བཟུང་བ་འདོར་དུ་གཞུག་པའི་ཕྱིར། འདི་དག་རྣམ་པར་གཞག་པར་བལྟ་བར་བྱའོ། །དེ་ལ་གཞི་ནི་གནོད་སེམས་ལ་སོགས་པ་དང་བྲལ་བའི་གཉེན་པོའི་ཁྱད་པར་གྱིས་རྣམ་པར་གཞག་པ་ཡིན་ནོ། །མཚན་མ་མེད་པ་ནི་མཚན་མའི་གཉེན་པོ་དང༌། འཕགས་པའི་གནས་པ་འཐོབ་པ་ལ་ཡོངས་སུ་རྟོག་པའི་ཚུལ་གྱིས་སོ། །དྲུག་པ་ནི་མཐར་ཐུག་པར་འགྲོ་བ་ལ་ཡོངས་སུ་རྟོག་པའི་ཚུལ་གྱིས་སོ། །བྱམས་པ་ནི་ཀུན་ནས་མནར་སེམས་མེད་པར་འཇུག་པས་ན། གནོད་སེམས་ཀྱི་གཉེན་པོའོ། །སྙིང་རྗེ་ནི་ཕ་རོལ་གྱི་སྡུག་བསྔལ་བསྩལ་བ་ལྷག་པའི་བསམ་པས་འཇུག་པས་ན་རྣམ་པར་འཚེ་བའི་གཉེན་པོའོ། །དགའ་བ་ནི་ཕ་རོལ་གྱི་བདེ་བ་ལ་རྗེས་སུ་ཡི་རང་བའི་རྣམ་པས་འཇུག་པས་ན། མི་དགའ་བའི་གཉེན་པོའོ། །བཏང་སྙོམས་ནི་གཉིས་ཀ་ལ་ལྷག་པར་བཏང་སྙོམས་པས་ན། འདོད་པའི་འདོད་
ཆགས་དང༌། གནོད་སེམས་ཀྱི་གཉེན་པོའོ། །མཚན་མ་མེད་བ་ནི་མཚན་མ་དང་མི་མཐུན་པས་ན། མཚན་མ་ཐམས་ཅད་ཀྱི་གཉེན་པོའོ། །ངའོ་སྙམ་པའི་ང་རྒྱལ་དང་བྲལ་བ་ལ་ནི། རང་གི་རྣམ་པར་ཐར་པའམ། རྟོག་པ་ལ་ནེམ་ནུར་ཡོད་མི་སྲིད་དེ། དེ་བས་ན་ངའོ་སྙམ་པའི་ང་རྒྱལ་དང་བྲལ་བ་ནི་དེའི་གཉེན་པོ་ཡིན་ནོ། །གནོད་སེམས་ཐམས་ཅད་ལས་ངེས་པར་འབྱུང་བ་ནི་འདི་ཡིན་ནོ་ཞེས་བྱ་བ་ནི། འདི་ནི་ངེས་པར་འབྱུང་བ་ཁོ་ནའོ་ཞེས་གཅིག་ཏུ་ངེས་པར་མཛད་པའོ། །གནོད་སེམས་ལ་སོགས་པ་ཀུན་ཏུ་འབྱུང་བའི་ཉེས་པ་ཡོད་དོ་ཞེས་བྱ་བ་ནི་མ་བསྒོམས་པའི་ཕྱིར་རོ། །དེ་ལ་ངེས་པར་འབྱུང་བར་བྱ་བའི་ཁམས་སྔ་མ་ལྔ་པོ་གང་དག་ཡིན་པ་དེ་དག་ལས། སྔ་མ་བཞི་ནི་ལྷའི་གནས་པས་བསྡུས་སོ། །ལྔ་པ་ནི་འཕགས་པའི་གནས་པས་བསྡུས་སོ། །ཡང་ངེས་པར་འབྱུང་བ་དྲུག་པོ་དག་ལས་བཞི་ནི་ཚངས་པའི་གནས་པས་བསྡུས་སོ། །ལྔ་པ་དང་དྲུག་པ་གཉིས་ནི་འཕགས་པའི་གནས་པས་བསྡུས་པ་ཁོ་ན་ཡིན་ཏེ། དེ་ལ་གནོད་སེམས་ལ་སོགས་པའི་ཉེས་པ་ལས་ཡང་དག་པར་འདས་པས་ན། ངེས་པར་འབྱུང་བ་ཞེས་བྱའོ། །རྟོན་པ་རྣམས་ཞེས་བྱ་བ་ནི། ངེས་པར་འབྱུང་བ་དེ་ལ་བརྟན་པར་བྱ་བའི་ཕྱིར་ཏེ། དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་ཆོས་ལ་བརྟན་གྱི་གང་ཟག་ལ་མ་ཡིན། དོན་ལ་བརྟེན་གྱི་ཚིག་འབྲུ་ལ་མ་ཡིན་ངེས་པའི་དོན་གྱི་མདོ་སྡེ་ལ་བརྟན་གྱི་དྲང་བའི་དོན་ལ་མ་ཡིན། ཡེ་ཤེས་ལ་བརྟན་གྱི། རྣམ་པར་ཤེས་པ་ལ་མ་ཡིན་ཞེས་བཞི་གསུངས་པ་ཡིན་ནོ། །དེ་དག་ཇི་ལྟར་རྣམ་པར་གཞག་པ་ཡིན་ཞེ་ན། གང་ཟག་རྣམ་པ་བཞིའི་བྱེ་བྲག་གིས་ཏེ། དང་པོ་ནི་ཚུལ་འཆོས་པའི་གང་ཟག་གི་བྱེ་བྲག་གིས་སོ། །གཉིས་པ་ནི་འཇིག་རྟེན་རྒྱང་པན་པའི་གང་ཟག་གི་བྱེ་བྲག་གིས་སོ། །གསུམ་པ་ནི་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པའི་གང་ཟག་གི་བྱེ་བྲག་གིས་སོ། །བཞི་པ་ནི་ཐོས་པ་ལྷུར་ལེན་པའི་གང་ཟག་གིས་སོ། །དེ་ལ་ཚུལ་འཆོས་པ་ནི་ཆོས་ལ་བརྟན་གྱི། གང་ཟག་ལ་ནི་མ་ཡིན་པ་སྟེ། འབྲེལ་པའི་གཏམ་གྱིས་རྣམ་པར་ངེས་པར་བྱས ་ནས། ཤེས་པས་རྟོགས་
པར་བྱ་བ་ཡིན་གྱི། སྤྱོད་ལམ་ཙམ་གྱིས་མ་ཡིན་ནོ། །དེའི་རྣམ་གྲངས་གཞན་ཡང༌། བཅོམ་ལྡན་འདས་ཀྱིས་གང་ཟག་ཀྱང་གསུངས་ལ། ཆོས་ཀྱང་གསུངས་པ་དེ་ལ། ཆོས་ཁོ་ན་ལ་བརྟན་གྱི་གང་ཟག་ལ་མ་ཡིན་ཏེ། ཡུལ་གྱི་མིའི་ངེས་པའི་ཚིག་ནི་མངོན་པར་ཞེན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཆོས་དེ་ཡང་རྣམ་པ་གཉིས་ཏེ། ཚིག་འབྲུ་དང་དོན་ཏོ། །དེ་ལ་དོན་ལ་བརྟན་གྱི་ཚིག་འབྲུ་ལ་མ་ཡིན་པ་ནི། ཐོས་པ་ལྷུར་བླང་བར་མི་བྱའོ། དོན་ལ་བསམ་པར་བྱ། གཞལ་བར་བྱ། ཉེ་བར་བརྟག་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ནི་མདོ་ལས་ངེས་པའི་དོན་ཡང་གསུངས་ལ། དྲང་བའི་དོན་ཀྱང་གསུངས་མོད་ཀྱི། དེ་ལ་དོན་ལ་ཉེ་བར་རྟོག་པས། ངེས་པས་དོན་གྱི་མདོ་སྡེ་ལ་བརྟན་གྱི། དྲང་བའི་དོན་ལ་མ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བསོད་ནམས་དང་མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཡང་བདེ་འགྲོར་འགྲོ་བའི་ཕྱིར་གསུངས་ལ། འཕགས་པའི་བདེན་པ་བཞིའི་ཤེས་པ་ཡང་མྱ་ངན་ལས་འདའ་བར་འགྱུར་བའི་ཕྱིར་གསུངས་པ་དེ་ལ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པས་ཡེ་ཤེས་ལ་བརྟེན་གྱི། རྣམ་པར་ཤེས་པ་ལ་མ་ཡིན་ནོ། །དེ་ལ་མདོར་བསྡུ་ན། དུས་བཞིར་ཆུད་ཟ་བར་འགྱུར་བ་དང༌། ཆུད་ཟ་བར་མི་འགྱུར་བའི་ཕྱིར་གང་ཟག་བཞིར་རྣམ་པར་གཞག་སྟེ། ཆོས་ཀུན་ཆུབ་པར་བྱེད་པའི་དུས་དང༌། འཛིན་པའི་དུས་དང༌། དོན་ལ་ཉེ་བར་རྟོག་པའི་དུས་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་དུས་ལས་རྟོན་པ་བཞི་རྣམ་པར་གཞག་པ་ཡིན་ནོ། །རྣམ་པར་གཞག་པ་རྫོགས་སོ།། །།བསམ་གཏན་ལ་སོགས་པ་འདི་དག་ལས། ཡིད་ལ་བྱེད་པ་དང༌། དམིགས་པ་ཡང་རིག་པར་བྱ་སྟེ། དེ་ལ་ཡིད་ལ་བྱེད་པ་དག་ནི། དངོས་གཞི་བདུན་དང༌། ཡིད་ལ་བྱེད་པ་གཞན་བཞི་བཅུའོ། །ཡིད་ལ་བྱེད་པ་དངོས་གཞི་བདུན་པོ་གང་ཞེ་ན། འདི་ལྟ་སྟེ། མཚན་ཉིད་སོ་སོར་རིག་པ་དང༌། མོས་པ་ལས་བྱུང་བ་དང༌། རབ་ཏུ་དབེན་པ་ལས་བྱུང་བ་དང༌། དགའ་བ་སྡུད་པར་བྱེད་པ་དང༌། དཔྱོད་པའི་ཡིད་ལ་བྱེད་བ་དང༌། སྦྱོར་བ་མཐར་ཐུག་པ་དང༌། སྦྱོར་བ་
མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའོ། །ཡིད་ལ་བྱེད་པ་གཞན་བཞི་བཅུ་པོ་གང་ཞེ་ན། ཆོས་ལ་དམིགས་པའི་ཡིད་ལ་བྱེད་པ་དང༌། དོན་ལ་དམིགས་པའི་ཡིད་ལ་བྱེད་པ་དང༌། ལུས་ལ་དམིགས་པ་དང༌། ཚོར་བ་དང༌། སེམས་དང༌། ཆོས་ལ་དམིགས་པའི་ཡིད་ལ་བྱེད་པ་དང༌། མོས་པའི་ཡིད་ལ་བྱེད་པ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དང༌། སློབ་པ་དང༌། མི་སློབ་པ་དང༌། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་དང༌། ཡོངས་སུ་ཤེས་པ་ཡིད་ལ་བྱེད་པ་དང༌། སྤོང་བ་ཡིད་ལ་བྱེད་པ་དང༌། སྤངས་པའི་ཚེ་ཡིད་ལ་བྱེད་པ་དང༌། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པ་དང༌། རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པ་དང༌། དངོས་པོའི་མཐའ་ལ་དམིགས་པ་དང༌། དགོས་པ་ཡོངས་སུ་གྲུབ་པ་ལ་དམིགས་པ་དང༌། མོས་པ་རྣམ་པར་འབྱེད་པའི་ཡིད་ལ་བྱེད་པ་དང༌། ཉེ་བར་ཞི་བར་བྱེད་པ་དང༌། ཆ་གཅིག་བསྒོམ་པ་དང༌། གཉི་གའི་ཆ་བསྒོམ་པ་དང༌། རྟག་ཏུ་ཡིད་ལ་བྱེད་པ་དང༌། བསྟི་སྟང་དུ་བྱས་ཏེ་ཡིད་ལ་བྱེད་པ་དང༌། མཐུན་པ་ལས་བྱུང་བ་དང༌། གཉེན་པོ་ལས་བྱུང་བ་དང༌། ངད་པར་བྱ་བར་འོས་པ་དང༌། སོ་སོར་བརྟག་པར་འོས་པ་དང༌། བསྒྲིམས་ཏེ་འཇུག་པ་དང༌། སྐབས་སུ་ཆད་ཅིང་འཇུག་པ་དང༌། རྩོལ་བ་དང་བཅས་པར་འཇུག་པ་དང༌། རང་གི་ངང་གིས་འཇུག་པ་དང༌། རྣམ་པར་འབྱེད་པའི་ཡིད་ལ་བྱེད་པ་དང༌། ནང་དུ་ཡང་དག་པར་སྡུད་པ་དང༌། སྒྲིབ་པ་རྣམ་པར་དག་པར་བྱེད་པ་དང༌། རྟེན་གྲུབ་པས་སྤྱོད་ཡུལ་རྣམ་པར་དག་པ་དང༌། གཞན་གྱིས་བྱས་པ་དང༌། སོ་སོ་རང་གིས་རྟོགས་པ་དང༌། རྒྱ་ཆེ་བ་དང༌། ཐམས་ཅད་དུ་འགྲོ་བའི་ཡིད་ལ་བྱེད་པའོ། །དེ་ལ་ཆོས་ལ་དམིགས་པ་གང་ཞེ་ན། ཐོས་པ་ལས་བྱུང་བའི་ཤེས་རབ་དང་མཚུངས་པར་ལྡན་པ་གང་ཡིན་པའོ། །དོན་ལ་དམིགས་པ་ནི་བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་དང་མཚུངས་པར་ལྡན་པ་གང་ཡིན་པའོ། །ལུས་ལ་དམིགས་པ་ནས་ཆོས་ལ་དམིགས་པའི་བར་རྣམས་ཀྱི་ནི་དྲན་པ་ཉེ་བར་གཞག་པ་
ལ་བརྩོན་པའི་ལུས་ལ་སོགས་པ་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པའི་ཡིད་ལ་བྱེད་པ་གང་ཡིན་པའོ། །མོས་པའི་ཡིད་ལ་བྱེད་པ་ནི། བསམ་གཏན་པ་རྣམས་ཀྱི་ཇི་ལྟར་འདོད་པའི་མཚན་མའི་དངོས་པོ་ལ་མོས་པའི་གང་ཡིན་པའོ། །དེ་ཁོ་ན་ཡིད་ལ་བྱེད་པ་ནི་རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་དང༌། དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་ཚུལ་བཞིན་ཀྱི་ཆོས་ཡིད་ལ་བྱེད་པའི་ཡིད་ལ་བྱེད་པ་གང་ཡིན་པའོ། །སློབ་པའི་ནི་ངོ་བོ་ཉིད་དང༌། རྒྱུད་ལས་རྣམ་པ་གཉིས་ཏེ། དེ་ལ་ངོ་བོ་ཉིད་ནི་སློབ་པའི་ཟག་པ་མེད་པ་ཡིད་ལ་བྱེད་པ་གང་ཡིན་པའོ། །རྒྱུད་ལ་ནི་སློབ་པའི་དགེ་བ་ཡིད་ལ་བྱེད་པ་ཐམས་ཅད་དོ། །སློབ་པའི་ཇི་ལྟ་བ་བཞིན་དུ། མི་སློབ་པའི་ཡང་དེ་དང་འདྲ་བར་རྣམ་པ་གཉིས་སུ་རིག་པར་བྱའོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ནི། འཇིག་རྟེན་པའི་ཡིད་ལ་བྱེད་པ་ཐམས་ཅད་དོ། །ཡོངས་སུ་ཤེས་པའི་ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་པ་གང་གིས་དམིགས་པ་ཡོངས་སུ་ཤེས་ལ། ཉོན་མོངས་པ་ནི་སྤོང་བར་མི་བྱེད་པའོ། །སྤོང་བ་ཡིད་ལ་བྱེད་བ་ནི། གང་གིས་གཉིས་ཀ་བྱེད་པའོ། །སྤངས་པའི་ཚེའི་ཡིད་ལ་བྱེད་པ་ནི་ཉོན་མོངས་པ་རྣམས་སྤངས་པའི་རྗེས་ལ་ཡིད་ལ་བྱེད་པ་གང་ཡིན་པའོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པ་ཡིད་ལ་བྱེད་པ་ནི་གང་གིས་རྣམ་པར་རྟོག་པའི་ལུས་ལ་དམིགས་པའི་ལྷག་མཐོང་བསྒོམ་པའོ། །རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པ་ནི། གང་གིས་རྣམ་པར་མི་རྟོག་པའི་ལུས་ལ་དམིགས་པའི་ཞི་གནས་བསྒོམ་པའོ། །དངོས་པོའི་མཐའ་ལ་དམིགས་པ་ནི་གང་གིས་ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་རྣམས་ཀྱི་ལུས་ལ་སོགས་པའི་མཐའ་ལ་དམིགས་པ་སྟེ། དེ་ལས་ལུས་མེད་པ་ནས་ཆོས་ཀྱི་བར་དུ་མེད་པའི་ཕྱིར་རོ། །དགོས་པ་ཡོངས་སུ་གྲུབ་པ་ལ་དམིགས་པའི་ཡིད་ལ་བྱེད་པ་ནི། བདག་འདི་ཡིད་ལ་བྱེད་པ་དང༌། བདག་འདི་ལྟར་ཡིད་ལ་བྱེད་ན། འདི་དང་འདིར་འགྱུར་རོ། །འདི་དང་འདི་ཡང་འགྲུབ་པར་འགྱུར་རོ་སྙམ་པ་གང་ཡིན་པ་དང༌། ཡོངས་སུ་དག་པ་ལ་དམིགས་པའི་དམིགས་པ་གང་ཡིན་པའོ། །མོས་
པ་རྣམ་པར་འབྱེད་པའི་ཡིད་ལ་བྱེད་པ་ནི་གང་གིས་ཐོག་མ་ནས། ཆོས་རྣམ་པར་འབྱེད་པའམ། ཡང་ན་ཞི་གནས་སྔོན་དུ་བཏང་སྟེ། རྣམ་པར་འབྱེད་པའོ། །ཉེ་བར་ཞི་བར་བྱེད་པའི་ཡིད་ལ་བྱེད་པ་ནི། ཐོག་མ་ནས་སེམས་ནང་དུ་འཇོག་པའམ། ཡང་ན་ལྷག་མཐོང་སྔོན་དུ་བཏང་སྟེ་འཇོག་པའོ། །ཆ་གཅིག་བསྒོམ་པའི་ཡིད་ལ་བྱེད་པ་ནི། གང་གིས་ཞི་གནས་སམ། ཡང་ན་ལྷག་མཐོང་ཆ་གཅིག་ལ་བསྒོམ་པའོ། །གཉི་གའི་ཆ་བསྒོམ་པའི་ཡིད་ལ་བྱེད་པ་ནི། གང་གིས་གཉིས་ཀ་ཟུང་དུ་བསྒོམ་པའོ། །རྟག་ཏུ་ཡིད་ལ་བྱེད་པ་ནི་དུས་ཐམས་ཅད་དུ་བར་ཆད་མེད་པར་རྒྱུན་དུ་འབྱུང་བ་གང་ཡིན་པའོ། །བསྟི་སྟང་དུ་ བྱས་ཏེ་ཡིད་ལ་བྱེད་པ་ནི། མི་ལྷོད་པའི་སྦྱོར་བ་ལས་བྱུང་བ་གང ་ཡིན་པའོ། །དེ་ལ་མོས་པ་རྣམ་པར་འབྱེད་པའི་ཡིད་ལ་བྱེད་པས་ནི་ཡེ་ཤེས་མཐོང་བ་རྣམ་པར་དག་པར་བྱེད་དོ། །ཉེ་བར་ཞི་བར་བྱེད་པས་ནི་ཤིན་ཏུ་སྦྱངས་པ་བསྐྱེད་དོ། །ཆ་གཅིག་བསྒོམ་པ་དང༌། གཉི་གའི་ཆ་བསྒོམས་པས་ནི་སྒྲིབ་པ་རྣམས་ལས་སེམས་གྲོལ་བར་བྱེད་དོ། །རྟག་ཏུ་ཡིད་ལ་བྱེད་པས་ནི། དུས་ཆུད་མི་ཟ་བར་བྱེད་དོ། །བསྟི་སྟང་དུ་བྱས་ཏེ་ཡིད་ལ་བྱེད་པས་ནི་མངོན་པར་ཤེས་པ་མྱུར་བར་འཐོབ་པར་བྱེད་དོ། །མཐུན་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ནི། ཉོན་མོངས་པ་སྤོང་བ་དང་མཐུན་པ་གང་ཡིན་པ་སྟེ། དེས་ནི་དམིགས་པ་སུན་འབྱིན་པར་བྱེད་དོ། །གཉེན་པོ་ལས་བྱུང་བ་ནི་གང་གིས་ཉོན་མོངས་པ་རྣམས་སྤོང་བ་དང༌། སྤོང་བ་འཛིན་པ་དང༌། ཉོན་མོངས་པ་རྣམས་ལས་རྒྱུད་ཐག་རིང་དུ་བྱེད་པའོ། །དང་པར་བྱ་བར་འོས་པ་ཡིད་ལ་བྱེད་པ་ནི། རྗེས་སུ་དྲན་པ་དྲུག་བསྒོམ་པའམ། དད་པར་བྱ་བར་འོས་པའི་དངོས་པོ་གཞན་གང་ཡང་རུང་བ་ཡིད་ལ་བྱེད་པ་གང་ཡིན་པའོ། །སོ་སོར་བརྟག་པར་འོས་པ་ནི་གང་གིས་ཉོན་མོངས་པ་རྣམས་སྤངས་པ་དང༌། མ་སྤངས་པ་དང༌། སྤོང་བ་ཡོངས་སུ་དཔྱོད་པའམ། ཡང་ན་བདག་གིས་རྟོགས་པའམ། སྔོན་དཔྱད་པའི་ཆོས་རྣམས་ལ་སོ་སོར་རྟོག་པའོ། །བསྒྲིམས་ཏེ་འཇུག་པ་ནི་ལས་དང་པོ་པ་ཡིད་ལ་བྱེད་པ་མ་ཐོབ་པ་རྣམས་ཀྱི་གང་ཡིན་པའོ། །སྐབས་སུ་འཆད་ཅིང་འཇུག་པ་ནི་ཡིད་ལ་
བྱེད་པ་འཐོབ་པ་རྣམས་ཀྱི་རྗེས་ལ་སྦྱོར་བ་ལྷོད་པ་རྣམས་ཀྱི་གང་ཡིན་པའོ། །རྩོལ་བ་དང་བཅས་པར་འཇུག་པ་ནི། བརྩོན་འགྲུས་བརྩམས་པ་སྦྱོར་བ་མི་ལྷོད་པ་དེ་དག་ཉིད་ཀྱི་གང་ཡིན་པའོ། །རང་གི་ངང་གིས་འཇུག་པ་ནི། དུས་བཞི་པོ་ཡིད་ལ་བྱེད་པ་འཐོབ་པའི་དུས་དང་དངོས་གཞི་ལ་སྙོམས་པར་འཇུག་པའི་དུས་དང་སྙོམས་པར་ཞུགས་པ་རྣམས་ཀྱི་མངོན་པར་རྟོགས་པའི་དུས་དང༌། དགྲ་བཅོམ་པ་ཉིད་འཐོབ་པ་དང་ཐོབ་ཟིན་པའི་དུས་སུ་ངེས་པར་འབྱུང་བ་གང་ཡིན་པའོ། །རྣམ་པར་འབྱེད་པའི་ཡིད་ལ་བྱེད་པ་ནི། ལྷག་མཐོང་གི་ཕྱོགས་གང་ཡིན་པའོ། །ནང་དུ་ཡང་དག་པར་སྡུད་པར་བྱེད་པ་ནི་ཞི་གནས་ཀྱི་ཕྱོགས་གང་ཡིན་པའོ། །སྒྲིབ་པ་རྣམ་པར་དག་པར་བྱེད་པ་ནི། གང་གིས་ཟག་པ་རྣམས་སྤོང་ཞིང༌། གནས་ངན་ལེན་ཡང་དག་པར་འཇོམས་པའོ། །རྟེན་གྲུབ་པས་སྤྱོད་ཡུལ་རྣམ་པར་དག་པ་ནི། གང་གིས་རྟེན་གྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བས་དམིགས་པ་ལ་སྤྱོད་དུ་ཟིན་ཀྱང༌། ཉོན་མོངས་པ་ཀུན་ཏུ་མི་འབྱུང་བའོ། །གཞན་གྱིས་བྱས་པ་ནི་འདི་ལྟ་སྟེ། ཉན་ཐོས་རྣམས་ཀྱིས་གཞན་གྱི་སྒྲ་ལ་བརྟེན་ནས། ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་ལས་བྱུང་བའོ། །སོ་སོ་རང་གིས་རྟོགས་པ་ནི་འདི་ལྟ་སྟེ། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་སློབ་དཔོན་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །རྒྱ་ཆེ་བའི་ཡིད་ལ་བྱེད་པ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་འཁོར་བའི་ཉེས་པ་དང༌། དེ་ལས་བྱུང་བ་ཤེས་པ་རྣམས་ཀྱི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པར་གཏོགས་པའོ། །ཐམས་ཅད་དུ་འགྲོ་བའི་ཡིད་ལ་བྱེད་པ་ནི་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཐམས་ཅད་དུ་ལྐོག་ཏུ་གྱུར་པ་མ་ཡིན་ཞིང༌། སྒྲིབ་པ་མེད་པ་དང་ཡང་དག་པར་ལྡན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་གསུམ་པོ་རྣམས་སམ། ཡང་ན་རིག་པའི་གནས་ལྔ་པོ་རྣམས་ལ་མཁས་པར་བྱེད་པ་རྣམས་ཀྱིའོ། །དེ་ལ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ནི་ཆོས་ལ་དམིགས་པ་དང༌། དོན་ལ་དམིགས་པའོ། །གཞན་དྲུག་ནི་དོན་ལ་དམིགས་པ་ཁོ་ནའོ། །ལུས་
ལ་སོགས་པ་ལ་དམིགས་པའི་ཡིད་ལ་བྱེད་པ་རྣམས་ནི་བདུན་པོ་ཐམས་ཅད་ཀྱི་ནང་དུ་འདུས་པར་རིག་པར་བྱའོ། །མཚན་ཉིད་སོ་སོར་རིག་པ་དང༌། མོས་པ་ལས་བྱུང་བ་དང༌། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ནི་མོས་པ་དང༌། དེ་ཁོ་ན་ཡིད་ལ་བྱེད་པས་བསྡུས་སོ། །དཔྱོད་པའི་ཡིད་ལ་བྱེད་པ་ནི་མོས་པའི་ཡིད་ལ་བྱེད་པ་ཁོ་ནས་བསྡུས་སོ། །ལྷག་མ་གསུམ་ནི་རྣམ་གྲངས་སྔ་མ་ལ་བརྟེན་ཏེ། དེ་ཁོ་ན་ཡིད་ལ་བྱེད་པ་ཉིད་དོ། །གཞན་རྣམས་ནི་ཅི་རིགས་སུ་སྦྱར་བར་རིག་པར་བྱའོ། །བདུན་པོ་ཐམས་ཅད་ནི་སློབ་པ་རྣམས་དང༌། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་སོ། །གཉིས་ནི་མི་སློབ་པ་སྟེ། མཚན་ཉིད་སོ་སོར་རིག་པ་དག་པའི་ས་གང་ཡིན་པ་དང༌། སྦྱོར་བ་མཐར་ཐུག་པའི་འབྲས་བུའོ། །མཚན་ཉིད་སོ་སོར་རིག་པ་དང༌། མོས་པ་ལས་བྱུང་བ་དང༌། དཔྱོད་པའི་ཡིད་ལ་བྱེད་པ་རྣམས་ནི་ཡོངས་སུ་ཤེས་པ་ཡིད་ལ་བྱེད་པའོ། །ལྷག་མ་གསུམ་ནི་སྤོང་བ་ཡིད་ལ་བྱེད་པའོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུ་ནི་སྤངས་པའི་ཚེའོ། །དཔྱོད་པའི་ཡིད་ལ་བྱེད་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པ་ཉིད་དོ། །ལྷག་མ་རྣམས་ནི་གཉི་གར་གཏོགས་སོ། །དངོས་པོའི་མཐའ་ལ་དམིགས་པ་ནི་ཐམས་ཅད་དོ། །དགོས་པ་ཡོངས་སུ་གྲུབ་པ་ལ་དམིགས་པའི་རྣམ་གྲངས་དང་པོས་ནི་ཐམས་ཅད་དོ། །གཉིས་པས་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཉིད་དོ། །མོས་བ་རྣམ་པར་འབྱེད་པའི་ཡིད་ལ་བྱེད་པ་དང་པོ་པ་གང་ཡིན་པ་དེ་ནི་བསྡུས་པ་མ་ཡིན་ནོ། །ཞི་གནས་སྔོན་དུ་བཏང་བ་གང་དེ་ནི་ཐམས་ཅད་དང་སྦྱར་རོ། །ཉེ་བར་ཞི་བར་བྱེད་པ་དང་པོ་བྱུང་བ་དང༌། ལྷག་མཐོང་སྔོན་དུ་བཏང་བ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དྲུག་ནི་ཆ་གཅིག་དང༌། གཉི་གའི་ཆ་བསྒོམ་བའོ། །གཉི་གའི་ཆ་བསྒོམས་བ་ཉིད་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུའོ། །རྟག་ཏུ་ཡིད་ལ་བྱེད་པ་དང༌། བསྟི་སྟང་དུ་བྱས་ཏེ་ཡིད་ལ་བྱེད་པ་ནི་ཐམས་ཅད་དང་སྦྱར་རོ། །མཐུན་པ་ལས་བྱུང་བ་ནི་དང་པོ་གཉིས་ཀྱིས་བསྡུས་སོ། །གཉེན་པོ་ལས་བྱུང་བ་ནི། རབ་ཏུ་དབེན་པ་ལས་བྱུང་བ་དང༌།
སྦྱོར་བ་མཐར་ཐུག་པ་གཉིས་དང༌། དགའ་བ་སྡུད་པར་བྱེད་པའི་ཕྱོགས་གཅིག་གིས་བསྡུས་སོ། །དད་བར་བྱ་བར་འོས་པ་ནི་དགའ་བ་སྡུད་པར་བྱེད་པ་ཉིད་ཀྱི་ཕྱོགས་གཅིག་གོ །སྤངས་པ་དང་མ་སྤངས་པ་སོ་སོར་རྟོག་པའི་ཡིད་ལ་བྱེད་པས་ནི། དཔྱོད་པའི་ཡིད་ལ་བྱེད་པ་ཁོ་ན་བ་སྡུས་ཏེ། དེ་ནི་སྤོང་བའི་གཉེན་པོ་ལ་བརྟེན་ནས་བསྟན་ཏོ། །གཞན་དག་གིས་ནི་ཅི་རིགས་སུ་རིག་པར་བྱའོ། །བསྒྲིམས་ཏེ་འཇུག་པ་ནི་གང་གིས་ཀྱང་མ་བསྡུས་སོ། །སྐབས་སུ་འཆད་པ་དང༌། རྩོལ་བ་དང་བཅས་པར་འཇུག་པ་ནི་དགའ་བ་སྡུད་པར་བྱེད་པའི་བར་གྱིས་བསྡུས་སོ། །རང་གི་ངང་གིས་འཇུག་པ་ནི། སྦྱོར་བ་མཐར་ཐུག་པ་དང༌། དེའི་འབྲས་བུ་གཉིས་ཀྱིས་བསྡུས་སོ། །རྣམ་པར་འབྱེད་པའི་ཡིད་ལ་བྱེད་པ་ནི། མཚན་ཉིད་སོ་སོར་རིག་པས་བསྡུས་སོ། །ནང་དུ་ཡང་དག་པར་སྡུད་པ་ནི། མོས་པ་ལས་བྱུང་བས་བསྡུས་སོ། །སྒྲིབ་པ་རྣམ་པར་དག་པར་བྱེད་པ་ནི། རབ་ཏུ་དབེན་པ་ལས་བྱུང་བ་དང༌། དགའ་བསྡུད་པར་བྱེད་པ་དང༌། དཔྱོད་པ་དང༌། སྦྱོར་བ་མཐར་ཐུག་པ་རྣམས་ཀྱིས་བསྡུས་སོ། །རྟེན་གྲུབ་པས་སྤྱོད་ཡུལ་རྣམ་པར་དག་པ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཁོ་ནས་བསྡུས་སོ། །གཞན་གྱིས་ བྱས་པ་དང༌། སོ་སོ་རང་གིས་རྟོགས་པ་ནི་ཐམས་ཅད་ཀྱིས་བསྡུས་སོ། །རྒྱ་ཆེ་བ་ནི་གང ་གིས་ཀྱང་མ་བསྡུས་སོ། །ཐམས་ཅད་དུ་འགྲོ་བ་དང་པོ་བྱུང་བ་གང་ཡིན་པ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུས་བསྡུས་སོ། །གཉིས་པ་ཐམས་ཅད་ཀྱིས་བསྡུས་སོ། །མཚན་ཉིད་སོ་སོར་རིག་པའི་གཞི་ གང་ཞེ་ན། གལ་ཏེ་གཞན་གྱིས་བྱས་པ ་ཡིན་ན་ནི། དེའི་ཕྱིར་གཞན་གྱི་སྒྲ་དང༌། ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པ་ནི་མཉམ་པར་གཞག་པའི་གཞི་ཡིན་ནོ། །འོན་ཏེ་སོ་སོ་རང་གིས་རྟོགས་པ་ཡིན་ན་ནི་དེའི་ཕྱིར་སྔོན་གྱི་ཚོགས་ཉིད་དེའི་གཞི་ཡིན་ནོ། །ལྷག་མ་རྣམས་ནི་ཕྱི་མའི་གཞི་སྔ་མ་བཞིན་ནོ། །དམིགས་པ་གང་ཞེ་ན་མཚན་མ་གང་ཡིན་པའོ། །མཚན་མ་ཡང་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཞིར་བལྟ་བར་བྱ་སྟེ། དམིགས་པའི་མཚན་མ་དང༌། གཞིའི་མཚན་མ་དང༌། ཡོངས་སུ་སྤང་
བར་བྱ་བ་དང༌། སོ་སོར་བསྟེན་པར་བྱའོ། །དམིགས་པའི་མཚན་མ་གང་ཞེ་ན། ཤེས་བྱའི་དངོས་པོའི་རྣམ་པར་རྟོག་པའི་ལུས་གང་ཡིན་པའོ། །གཞིའི་མཚན་མ་གང་ཞེ་ན། ཏིང་ངེ་འཛིན་གྱི་ཚོགས་གང་ཡིན་པའོ། །ཡོངས་སུ་སྤང་བར་བྱ་བའི་མཚན་མ་གང་ཞེ་ན། དེ་ཡང་རྣམ་པ་བཞི་སྟེ། བྱིང་བའི་མཚན་མ་དང༌། རྒོད་པའི་མཚན་མ་དང༌། རྣམ་པར་གཡེང་བའི་མཆན་མ་དང༌། ཆགས་པའི་མཚན་མའོ། །སོ་སོར་བསྟེན་པར་བྱ་བའི་མཚན་མ་གང་ཞེ་ན། དེ་ནི་འདི་དག་ཉིད་ཀྱི་གཉེན་པོར་རིག་པར་བྱའོ། །བྱིང་པའི་མཚན་མ་གང་ཞེ་ན། དབང་པོའི་སྒོ་མ་བསྲུངས་པ་དང༌། ཁ་ཟས་ཀྱི་ཚོད་མ་ཟིན་པ་དང༌། ནམ་གྱི་ཆ་སྟོད་དང༌། ནམ་གྱི་ཆ་སྨད་ལ་མི་ཉལ་བའི་སྦྱོར་བ་ལ་མི་བརྩོན་པ་དང༌། ཤེས་བཞིན་མ་ཡིན་པར་གནས་པ་དང༌། གཏི་མུག་སྤྱོད་པ་དང༌། གཉིད་ཆེ་བ་དང༌། ཐབས་མི་ཤེས་པ་དང༌། ལེ་ལོ་དང་ལྡན་པའི་འདུན་པ་དང་བརྩོན་འགྲུས་དང་སེམས་དང༌། དཔྱོད་པ་དང༌། ཞི་གནས་ལ་མ་གོམས་པ་དང༌། ཞི་གནས་ཡོངས་སུ་བྱང་བར་མ་བྱས་པའི་ཞི་གནས་ཕྱོགས་གཅིག་ཡིད་ལ་བྱེད་པ་དང༌། སེམས་མུན་པ་ལྟ་བུར་འདུག་པ་དང༌། དམིགས་པ་ལ་གཏོད་པར་མི་དགའ་བའོ། །རྒོད་པའི་མཚན་མ་གང་ཞེ་ན། སྔ་མ་བཞིན་དུ་དབང་པོའི་སྒོ་མ་བསྲུངས་པ་ལ་སོགས་པ་བཞི་དང༌། འདོད་ཆགས་སྤྱོད་པ་དང༌། ཉེ་བར་མ་ཞི་བའི་ཚུལ་ཅན་དང༌། སེམས་སྐྱོ་བ་མེད་པ་དང༌། ཐབས་མི་ཤེས་པ་དང༌། སྔ་མ་བཞིན་ཧ་ཅང་རབ་ཏུ་འཛིན་པ་དང་ལྡན་པའི་འདུན་པ་ལ་སོགས་པ་དང༌། བརྩོན་པ་ལ་མ་གོམས་པ་དང༌། རབ་ཏུ་འཛིན་པ་ལ་ཡོངས་སུ་བྱང་བར་མ་ བྱས་པ་དེའི་ཕྱོགས་གཅིག་བསྒོམ་པ་དང༌། ཉེ་དུ་ལ་རྟོག་པ་ལ་སོགས་པ་རྒོད་པ་དང་མཐུན་པའི་ཆོས་གང ་ཡང་རུང་བས་སེམས་རྣམ་པར་གཡེངས་པའོ། །རྣམ་པར་གཡེང་བའི་མཚན་མ་གང་ཞེ་ན། སྔ་མ་བཞིན་དུ་དབང་པོའི་སྒོ་མ་བསྲུངས་པ་ལ་སོགས་པ་བཞི་དང༌། རྟོག་པ་དཔྱོད་པ་དང༌། དབང་པོ་རྟུལ་བ་དང༌། དོན་མང་བ་དང༌། བྱ་བ་མང་བ་དང༌། ལས་ཀྱི་མཐའ་མང་པ་དང༌། སེམས་
མི་སྐྱོ་བ་དང༌། ཐབས་མི་ཤེས་པ་དང༌། རབ་ཏུ་དབེན་པ་ལ་མ་གོམས་པ་དང༌། དམིགས་པ་ལ་གཏོད་པར་མི་དགའ་བ་དང༌། འདུ་འཛིས་སྦྱོར་བའི་བར་ཆད་བྱེད་པ་དང༌། རྣམ་པར་གཡེང་བ་དང་རྣམ་པར་གཡེང་བ་མ་ཡིན་པ་ཡོངས་སུ་ཤེས་པ་ལ་མི་གཏོད་པའོ། །ཆགས་པའི་མཚན་མ་གང་ཞེ་ན། སྔ་མ་བཞིན་དུ་དབང་པོའི་སྒོ་མ་བསྲུངས་པ་ལ་སོགས་པ་བཞི་དང༌། དབང་པོ་རྟུལ་བ་དང༌། སྲེད་པ་ལ་སྤྱོད་པ་དང༌། ཉོན་མོངས་པའི་ཤས་ཆེ་བ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ཉེས་དམིགས་ལ་མི་ལྟ་བ་དང༌། གོང་དུ་ངེས་པར་འབྱུང་བ་ལ་མི་ལྟ་བའོ། །བསྟེན་པར་བྱ་བ་རྣམས་ནི་ཡོངས་སུ་སྤང་བར་བྱ་བ་དེ་དག་གི་གཉེན་པོར་ཅི་རིགས་པར་བལྟ་བར་བྱའོ། །གཞན་ཡང་མཚན་མ་སུམ་ཅུ་རྩ་གཉིས་ཡོད་དེ། རང་གི་སེམས་ཀྱི་མཚན་མ་དང༌། ཕྱི་རོལ་གྱི་མཚན་མ་དང༌། རྟེན་གྱི་མཚན་མ་དང༌། སྤྱོད་ཡུལ་གྱི་མཚན་མ་དང༌། ཡིད་ལ་བྱེད་པའི་མཚན་མ་དང༌། སེམས་བསྐྱེད་པའི་མཚན་མ་དང༌། གནས་པའི་མཚན་མ་དང༌། རང་གི་མཚན་ཉིད་ཀྱི་མཚན་མ་དང༌། སྤྱིའི་མཚན་ཉིད་ཀྱི་མཚན་མ་དང༌། རགས་པའི་མཚན་མ་དང༌། ཞི་བའི་མཚན་མ་དང༌། མྱོང་བའི་མཚན་མ་དང༌། ཀུན་ཏུ་རྟོག་པའི་མཚན་མ་དང༌། ལྷན་ཅིག་འཇུག་པའི་མཚན་མ་དང༌། ཉོན་མོངས་པ་ཅན་གྱི་མཚན་མ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་མཚན་མ་དང༌། ཡང་དག་པར་སྦྱོར་བའི་མཚན་མ་དང༌། ལོག་པར་སྦྱོར་བའི་མཚན་མ་དང༌། སྣང་བའི་མཚན་མ་དང༌། སོ་སོར་རྟོག་པའི་མཚན་མ་དང༌། ཏིང་ངེ་འཛིན་བཟང་པོའི་མཚན་མ་དང༌། ཞི་གནས་ཀྱི་མཚན་མ་དང༌། རབ་ཏུ་འཛིན་པའི་མཚན་མ་དང༌། ལྷག་མཐོང་གི་མཚན་མ་དང༌། བཏང་སྙོམས་ཀྱི་མཚན་མ་དང༌། ཏིང་ངེ་འཛིན་གྱི་མཚན་མ་དང༌། ཏིང་ངེ་འཛིན་གནས་པའི་མཚན་མ་དང༌། ཏིང་ངེ་འཛིན་ལས་ལྡང་བའི་མཚན་མ་དང༌། སྐྱེ་བའི་མཚན་མ་དང༌། འབྲལ་བའི་མཚན་མ་དང༌། ཐབས་ཀྱི་མཚན་མ་དང༌། མངོན་པར་བསྒྲུབ་པའི་མཚན་མའོ། །དེ་ལ་རང་གི་སེམས་ཀྱི་མཚན་མ་གང་ཞེ་ན། འདི་ལ་དགེ་སློང་ཀུན་ནས་
ཉོན་མོངས་པའི་སེམས་ཀྱི་སྔ་རོལ་དུ། འདི་ལྟར་འདི་ལྟ་བུར་སེམས་ཀུན་ནས་ཉོན་མོངས་སོ་ཞེའམ། ཀུན་ནས་ཉོན་མོངས་པ་མ་ཡིན་ནོ་ཞེས་བྱ་བ་དང༌། སེམས་བྱིང་བ་ལ་སོགས་པའི་ཐབས་ནི་འདི་ཡིན་ནོ། །བྱིང་བ་མེད་པ་ལ་སོགས་བ་བཞིའི་ཐབས་ནི་འདི་ཡིན་ནོ་ཞེས་བྱ་བ་དང༌། ཡང་ན་སེམས་ཀུན་ནས་ཉོན་མོངས་པ་ལ་སེམས་མ་ཆགས་པར་བྱ་བའི་ཕྱིར། རང་གི་སེམས་ལ་ལེགས་པར་ཤིན་ཏུ་མཚན་མར་འཛིན་པའོ། །ཕྱི་རོལ་གྱི་མཚན་མ་གང་ཞེ་ན། འདི་ལྟར་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་ལ། བདག་གི་སེམས་ནི་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་ཏོ་སྙམ་དུ་རིག་ནས། འདི་ལྟར་ཀུན་ནས་ཉོན་མོངས་པ་དེ་བསྩལ་བ་དང༌། ཀུན་ཏུ་འབྱུང་བར་མི་འགྱུར་བར་བྱ་བའི་ཕྱིར། འདི་ལྟ་སྟེ་སྣང་བའི་མཚན་མའམ། དང་བར་བྱ་བའམ། ཡང་ན་གཞན་གང་ཡང་རུང་བའི་ཕྱི་རོལ་གྱི་མཚན་མ་འཛིན་པའོ། །རྟེན་གྱི་མཚན་མ་གང་ཞེ་ན། ལུས་སུ་གཏོགས་པའི་ཕུང་པོ་ལྔ་པོ་ས་བོན་དང་བཅས་པ་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་ལུས་གང་ཡིན་པའོ། །སྤྱོད་ཡུལ་གྱི་མཚན་མ་གང་ཞེ་ན། གཟུགས་ནས་ཆོས་ལ་ཐུག་པའི་ཡུལ་གང་དང་གང་རྣམ་པར་རྟོག་པའི་ལུས་ཡིད་ལ་བྱེད་པའོ། །ཡིད་ལ་བྱེད་པའི་མཚན་མ་གང་ཞེ་ན། དེ་དང་འབྱུང་བའི་ཡིད་ལ་བྱེད་པ་ཡོད་ན། ཡུལ་དེ་དང་དེ་ལ་དེ་དང་འབྱུང་བའི་རྣམ་པར་ཤེས་པ་འབྱུང་བར་འགྱུར་ཏེ། བདག་གི་སེམས་འདི་ནི་ཡིད་ལ་བྱེད་པ་སྤྱོད་ཡུལ་ལ་འཇུག་གི །ཡིད་ལ་བྱེད་པ་མེད་པར་ནི་མ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། །སེམས་བསྐྱེད་པའི་མཚན་མ་གང་ཞེ་ན། བཤད་མ་ཐག་པ་གཅིག་པོ་དེ་དང༌། གཉིས་པ་འདུ་བྱེད་ཀྱི་རྐྱེན་དང༌། མིང་དང་གཟུགས་ཀྱི་རྐྱེན་གྱིས་སེམས་འབྱུང་ངོ་སྙམ་དུ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། །གནས་པའི་མཚན་མ་གང་ཞེ་ན། རྣམ་པར་ཤེས་པ་གནས་པ་བཞི་སྟེ། གཟུགས་ལ་ཉེ་བར་སོང་བའི་རྣམ་པར་ཤེས་པ་གནས་སོ་ཞེས་མདོ་ལས་རྒྱས་པར་འབྱུང་བ་བཞིན་དུ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། །རང་གི་མཚན་ཉིད་ཀྱི་མཚན་མ་གང་
ཞེ་ན། རང་གི་རིགས་ཀྱི་རང་གི་མཚན་ཉིད་དམ། སོ་སོ་རང་གི་མཚན་ཉིད་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། །སྤྱིའི་མཚན་ཉིད་ཀྱི་མཚན་མ་གང་ཞེ་ན། འདུ་བྱེད་ཀྱི་སྤྱིའི་མཚན་ཉིད་དམ། ཟག་པ་དང་བཅས་པའི་སྤྱིའི་མཚན་ཉིད་དམ་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། །རགས་པའི་མཚན་མ་གང་ཞེ་ན། ས་འོག་མ་ལ་རགས་པར་ལྟ་བའི་མཚན་མ་གང་ཡིན་པའོ། །ཞི་བའི་མཚན་མ་གང་ཞེ་ན། ས་གོང་མ་ལ་ཞི་བའི་རྣམ་པར་འཛིན་པའི་མཚན་མ་གང་ཡིན་པའོ། །མྱོང་བའི་མཚན་མ་གང་ཞེ་ན། སྔོན་མྱོང་བའི་འདུ་བྱེད་འདས་པ་རྣམས་རྗེས་སུ་དྲན་པའི་མཚན་མ་གང་ཡིན་པའོ། །ཀུན་ཏུ་རྟོག་པའི་མཚན་མ་གང་ཞེ་ན། མ་འོངས་པའི་འདུ་བྱེད་རྣམས་ལ་ཀུན་ཏུ་རྟོག་པའི་མཚན་མ་གང་ཡིན་པའོ། །ལྷན་ཅིག་འཇུག་པའི་མཚན་མ་གང་ཞེ་ན། ད་ལྟར་བྱུང་བའི་འདུ་བྱེད་རྣམས་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། །ཉོན་མོངས་པ་ཅན་གྱི་མཚན་མ་གང་ཞེ་ན། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སོ་སྙམ་དུ་ཡིད་ལ་བྱེད་པ་ནས། རྒྱས་པར་སེམས་ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པའོ་ཞེས་བྱ་བའི་བར་དུ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། །ཉོན་མོངས་པ་ཅན་མ་ཡིན་པའི་མཚན་མ་གང་ཞེ་ན། དེ་ལས་ཟློག་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མཚན་མར་རིག་པར་བྱའོ། །དེ་ལ་འདོད་ཆགས་དང་བཅས་པ་ལ་སོགས་པ་ལ་སོ་སོར་རྟོག་པ་ནི། མངོན་པར་བྱུང་བ་ལ་སྤོང་བ་ལ་བརྩོན་པར་མ་བྱས་པ་རྣམས་ཀྱིའོ། །བརྩོན་པ་རྣམས་ཀྱི་ནི་བསྡུས་པ་དང༌། ཞུམ་པ་ལ་སོགས་པ་ལ་སོ་སོར་རྟོག་པའོ། །དེ་ལ་འདོད་ཆགས་དང་བཅས་པ་ནི། འདོད་ཆགས་དང་མཚུངས་པར་ལྡན་པའམ། དེའི་ཕྱོགས་གནས་ངན་ལེན་པ་དང་ལྡན་པ་གང་ཡིན་པའོ། །དེ་བཞིན་དུ་སེམས་ཉོན་མོངས་པ་ཅན་ཐམས་ཅད་ཀྱང༌། ཀུན་ནས་དཀྲིས་པ་དང༌། བག་ལ་ཉལ་གཉིས་ལས་ཅི་རིགས་པར་རིག་པར་བྱའོ། །ཡང་ན་ཀུན་ནས་དཀྲིས་པ་དང༌། བག་ལ་ཉལ་གྱི་གཉེན་པོར་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་རིག་
པར་བྱའོ། །ཡང་དག་པར་སྦྱོར་བའི་མཚན་མ་གང་ཞེ་ན། དཀར་པོའི་ཕྱོགས་ཀྱི་གཞིའི་མཚན་མ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། །ལོག་པར་སྦྱོར་བའི་མཚན་མ་གང་ཞེ་ན། ནག་པོའི་ཕྱོགས་ཀྱི་གཞིའི་མཚན་མ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། །དེ་བཞིན་དུ་དབང་པོ་རྣམས་ཀྱི་སྒོ་མ་བསྲུངས་པར་གནས་པ་ནས། ཤེས་བཞིན་མེད་པར་གནས་པའི་བར་དུ། སེམས་ནི་འདི་ལྟ་བུར་ཀུན་ནས་ཉོན་མོངས་པ་ཅན་ནོ་སྙམ་དུ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། །སྣང་བའི་མཚན་མ་གང་ཞེ་ན། འདི་ལྟར་འདི་ན་ལ་ལས་མུན་པའི་གཉེན་པོའམ། ཆོས་ཀྱི་སྣང་བ་ལས་ལེགས་པར་ཤིན་ཏུ་མཚན་མར་རབ་ཏུ་བཟུང་ཞིང༌། ལེགས་པར་ཡིད་ལ་བྱས་ཏེ། འོག་ཇི་ལྟ་བ་བཞིན་དུ་སྟེང་ཡང་དེ་དང་འདྲའོ་ཞེས་བྱ་བ་ལ་སོགས་པ་མུན་པའི་མཚན་མའི་གཉེན་པོར་འདི་གཞག་གོ །སོ་སོར་རྟོག་པའི་མཚན་མ་གང་ཞེ་ན། འདི་ལ་དགེ་སློང་གིས་སོ་སོར་རྟོག་པའི་མཚན་མ་ཉིད་ལེགས་པར་ཤིན་ཏུ་རབ་ཏུ་མཚན་མར་བཟུང་བ་ཡིན་ཏེ། དཔེར་ན། འགྲེང་བས་འདུག་པ་ལ་སོ་སོར་རྟོག་པ་བཞིན་དུ། ད་ལྟར་གྱི་འཛིན་པས་མ་འོངས་པའི་གཟུང་བའི་ཆོས་ལ་སོ་སོར་རྟོག་པ་དང༌། འདུག་པས་ཉལ་བ་ལ་རྟོག་པ་བཞིན་དུ། ད་ལྟར་གྱི་འཛིན་པ་ཉིད་ཀྱིས་འདས་པའི་གཟུང་བའི་ཆོས་ལ་རྟོག་པ་དང༌། མདུན་དུ་འགྲོ་བ་ལ་ཕྱི་ནས་འོང་བས་སོ་སོར་རྟོག་པ་བཞིན་དུ་འཛིན་པ་ཕྱི་མ་ཕྱི་མས་འཛིན་པའི་ཆོས་སྔ་མ་སྔ་མ་ལ་སོ་སོར་རྟོག་པ་སྟེ། དེ་ཡང་མདོར་བསྡུ་ན། གཟུང་བ་དང༌། འཛིན་པའི་ཆོས་སོ་སོར་བརྟག་པ་ལས་རྣམ་པ་གཉིས་སུ་བསྟན་ཏོ། །ཏིང་ངེ་འཛིན་བཟང་པོའི་མཚན་མ་གང་ཞེ་ན། འདོད་པའི་འདོད་ཆགས་ཀྱི་གཉེན་པོར་རྣམ་པར་བསྔོས་པ་ལ་སོགས་པ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། །ཅིའི་ཕྱིར་དེ་ལ་བཟང་པོ་ཞེས་བྱ་ཞེ་ན། ཉོན་མོངས་པ་ཐམས་ཅད་ཀྱི་གཙོ་བོ་ནི་འདོད་ཆགས་ཡིན་ཏེ། འདོད་ཆགས་ཐམས་ཅད་ཀྱི་ནང་ན་ཡང་འདོད་པའི་འདོད་ཆགས་ནི་ཐམས་ཅད་ཀྱིས་ལེགས་པར་གཞོམ་བར་དཀའ་བ་ཡིན་ལ། དེ་ནི་དེའི་གཉེན་པོ་ལ་དམིགས་པ་ཡིན་པས་དེའི་ཕྱིར་བཟང་པོ་ཞེས་བྱའོ།།
ཞི་གནས་ཀྱི་མཚན་མ་གང་ཞེ་ན། རྣམ་པར་མི་རྟོག་པའི་གཟུགས་བརྙན་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། །རབ་ཏུ་འཛིན་པའི་མཚན་མ་གང་ཞེ་ན། དང་བར་བྱ་བའི་མཚན་མ་གང་ཡང་རུང་བའམ། སྣང་བའི་མཚན་མས་སེམས་རབ་ཏུ་འཛིན་པའི་མཚན་མ་གང་ཡིན་པའོ། །ལྷག་མཐོང་གི་མཚན་མ་གང་ཞེ་ན། ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཆོས་རྣམས་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། །བཏང་སྙོམས་ཀྱི་མཚན་མ་གང་ཞེ་ན། དགེ་བའི་ཕྱོགས་ལ་སེམས་མཉམ་པར་གྱུར་ཏེ། ལྷག་པར་བཏང་སྙོམས་སུ་བྱེད་པའི་མཚན་མ་གང་ཡིན་པའོ། །ཏིང་ངེ་འཛིན་གྱི་མཚན་མ་གང་ཞེ་ན། གཞི་དང་དམིགས་པ་དང༌། བརྟེན་པར་བྱ་བ་རྣམས་ཀྱི་མཚན་མ་གང་དག་གིས། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའམ། ཐོབ་ཟིན་པ་སྔོན་དུ་བྱེད་པའོ། །ཏིང་ངེ་འཛིན་གནས་པའི་མཚན་མ་གང་ཞེ་ན། མཚན་མ་དེ་དག་ཉིད་ལེགས་པར་འཛིན་པ་གང་ཡིན་པ་སྟེ། ལེགས་པར་བཟུང་བས་ན། ཇི་སྲིད་དུ་འདོད་པ་དེ་སྲིད་སྙོམས་པར་ཞུགས་པར་གནས་པ་དང༌། ཏིང་ངེ་འཛིན་དེ་ལས་ཡོངས་སུ་ཉམས་པར་མ་གྱུར་པའི་ཆོས་གང་དག་ཡིན་པའོ། །ཏིང་ངེ་འཛིན་ལས་ལྡང་བའི་མཚན་མ་གང་ཞེ་ན། མཉམ་པར་གཞག་པའི་སའི་རྣམ་པར་རྟོག་པའི་ལུས་ལས་མ་གཏོགས་པ་གང་ཡིན་པའོ། །སྐྱེ་བའི་མཚན་མ་གང་ཞེ་ན། ཏིང་ངེ་འཛིན་ཐོབ་ཟིན་པ། ཕྱིར་ཞིང་སྐྱེ་བ་དང༌། འཕེལ་བ་དང༌། རྒྱས་པར་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་བའོ། །འབྲལ་བའི་མཚན་མ་གང་ཞེ་ན། ཏིང་ངེ་འཛིན་ཐོབ་ཟིན་པ་ཉམས་པ་དང༌། འགྲིབ་པ་དང༌། ཆུང་བ་ཡིད་ལ་བྱེད་པའི་མཚན་མ་གང་ཡིན་པའོ། །ཐབས་ཀྱི་མཚན་མ་གང་ཞེ་ན། གཉི་ག་སྟེ། ཕྱིར་ཞིང་འབྱུང་བ་དང༌། འཕེལ་བ་དང༌། རྒྱས་པར་འབྱུང་བའམ། ཉམས་པར་འགྱུར་པའི་ལམ་གང་ཡིན་པའོ། །མངོན་པར་བསྒྲུབ་པའི་མཚན་མ་གང་ཞེ་ན། ཚིག་དང་ཡི་གེ་རྒྱས་པའི་དོན་མདོར་བསྡུ་བ་དང༌། མངོན་པར་ཤེས་པ་བསྒྲུབ་པ་དང༌། ཉོན་མོངས་པ་མེད་པ་དང༌།
སོ་སོ་ཡང་དག་པར་རིག་བ་དང༌། སྨོན་ནས་ཤེས་པ་རྣམས་དང༌། གཞན་ཡང་ཏིང་ངེ་འཛིན་ལ་བརྟེན་བའི་ཡོན་ཏན་ཁྱད་པར་ཅན་ནམ། སྟོབས་དང་མི་འཇིགས་པ་ལ་སོགས་པ་བསྒྲུབ་པའམ། ཟབ་མོའི་དོན་དང༌། ཚིག་ཤེས་རབ་ཀྱིས་རྟོགས་པའི་མཚན་མ་གང་ཡིན་པའོ། །མཚན་མ་འདི་དག་ཐམས་ཅད་ནི། མཚན་མའི་རྩ་བ་བཞིས་བསྡུས་པ་ཡིན་ཏེ། དམིགས་པའི་མཚན་མས་ནི་ཐམས་ཅད་བསྡུས་སོ། །གཞིའི་མཚན་མས་ཀྱང་བསྡུས་ཏེ། ཕྱི་མ་ཕྱི་མ་གསལ་བས་ན། ཕྱི་མའི་གཞི་སྔ་མ་ཡིན་པའི་ཕྱིར་རོ། །ཡང་དག་པར་སྦྱོར་བ་ནི་རྣམ་པ་ཐམས་ཅད་དུ་གཞིའི་མཚན་མ་ཉིད་དོ། །ཡང་དག་པར་སྦྱོར་བ་ཇི་ལྟ་བ་བཞིན་དུ། ལོག་པར་སྦྱོར་བ་ཡང་དེ་དང་འདྲ་སྟེ། གཅིག་ནི་དཀར་པོའི་ཕྱོགས་ཀྱིའོ། །ཅིག་ཤོས་ནི་ནག་པོའི་ཕྱོགས་ཀྱིའོ། །དེ་ལ་ཉོན་མོངས་པ་ཅན་གྱི་མཚན་མ་ནི་ཐམས་ཅད་ཀྱང་ཡོངས་སུ་སྤང་བར་བྱ་བའོ། །ཅིག་ཤོས་ནི་བསྟེན་པར་བྱ་བ་སྟེ། དེ་དང་དེའི་འཕྲལ་འཕྲལ་ལ་བྱ་བར་རིག་པར་བྱའོ། །དེ་ལ་དམིགས་པའི་མཚན་མ་ལ་ཡིད་ལ་བྱེད་པ་ཇི་ལྟར་བསྒོམ་ཞེ་ན། མཚན་མ་གང་དང་གང་ཡིད་ལ་བྱེད་པའི་ཡིད་ལ་བྱེད་པ་དེ་དོན་རྣམ་པ་བཞི་བྱེད་དེ། ཡིད་ལ་བྱེད་བ་དེ་ཉིད་ལ་བརྟེན་པ་དང༌། དེའི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་ཐག་རིང་དུ་བྱེད་པ་དང༌། འདི་ལྟ་སྟེ། ཕྱི་མ་ལ་ཆེས་གསལ་བར་བྱེད་པའི་ཕྱིར་ཡིད་ལ་བྱེད་པ་དེ་ཉིད་དམ། དེ་ལས་གཞན་པ་གསལ་བར་བྱེད་པ་དང༌། ཡིད་ལ་བྱེད་པ་དེ་ལ་བརྟེན་པ་ན། དམིགས་པ་ནི་སུན་འབྱིན་པར་བྱེད། ཉོན་མོངས་པ་ནི་སྤོང་བར་བྱེད། སྤོང་བ་ནི་འཛིན་པར་བྱེད། རྒྱུ་ནི་ཉོན་མོངས་པ་རྣམས་ལས་ཐག་རིང་དུ་བྱེད་པ་སྟེ། དམིགས་པའི་མཚན་མ་ཡིད་ལ་བྱེད་པ་ནི། དེ་ལྟར་སྒོམ་མོ། །བསམ་གཏན་དང་པོ་ནས་སྲིད་པའི་རྩེ་མོ་མན་ཆད་ནི་རྣམ་པ་བཞིས་སྙོམས་པར་འཇུག་སྟེ། རྒྱུའི་སྟོབས་དང༌། སྦྱོར་བའི་སྟོབས་དང༌། ལུང་ནོད་པའི་སྟོབས་དང༌། མན་ངག་གི་སྟོབས་ཀྱིས་སོ། །རྒྱུའི་སྟོབས་ཀྱིས་ཇི་ལྟར་ཞེ་ན། ཉེ་བ་ཉེ་བར་བསམ་གཏན་ལ་སྙོམས་པར་ཞུགས་པ་ཡིན་ནོ།།
སྦྱོར་བའི་སྟོབས་ཀྱིས་ཇི་ལྟར་ཞེ་ན། ཉེ་བར་སྙོམས་པར་ཞུགས་པ་མ་ཡིན་དུ་ཟིན་ཀྱང་རྟག་ཏུ་གོམས་པར་བྱས་པའི་དབང་གིས་རྒྱུན་མི་འཆད་པར་སྙོམས་པར་འཇུག་པའོ། །ལུང་ནོད་པའི་སྟོབས་ཀྱིས་ཇི་ལྟར་ཞེ་ན། དེས་བསམ་གཏན་གྱི་དབང་དུ་བྱ་བའི་ཆོས་མང་པོ་ཐོས་ཏེ། བཟུང་ཞེས་བྱ་བ་ལ་སོགས་བ་རྒྱས་པར་སྦྱར་ཏེ། དེས་ཆོས་དེ་དག་ཉིད་ལ་བརྟེན་ནས། གཅིག་ཏུ་མ་འདྲེས་པ། བག་ཡོད་པ་བརྟུན་པ་ཅན་སེམས་གཏད་དེ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་ནི་བསམ་གཏན་ལ་སྙོམས་པར་འཇུག་པའོ། །མན་ངག་གི་སྟོབས་ཀྱིས་ཇི་ལྟར་ཞེ་ན། མཁན་པོའམ། སློབ་དཔོན་ནམ། བླ་མ་ལྟ་བུ་གང་ཡང་རུང་བའམ། གཞན་སུ་ཡང་རུང་བ་དག་ལས། བསམ་གཏན་དང་པོའམ། ལྷག་མ་རྣམས་ཀྱི་རྗེས་སུ་མཐུན་པའི་གདམས་ངག་རྗེས་སུ་བསྟན་པ་ཐོབ་ནས། དེས་དེ་ཉིད་ཡིད་ལ་བྱེད་ཅིང་བསམ་གཏན་ལ་སྙོམས་པར་འཇུག་པ་སྟེ། དེ་བས་རྣལ་འབྱོར་བ་ནི་རྒྱུའི་སྟོབས་ཅན་དང༌། སྦྱོར་བའི་སྟོབས་ཅན་དང༌། དབང་པོ་རྣོན་པོ་དང༌། དབང་པོ་རྟུལ་པོ་དང༌། རྣམ་པ་བཞི་ཡོད་དོ། །བསམ་གཏན་པ་ནི་བཞི་པོ་འདི་དག་སྟེ། སྲེད་པའི་ཤས་ཆེ་བའི་བསམ་གཏན་པ་དང༌། ལྟ་བའི་ཤས་ཆེ་བའི་བསམ་གཏན་པ་དང༌། ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་པ་དང༌། ཐེ་ཚོམ་གྱི་ཤས་ཆེ་བའི་བསམ་གཏན་པའོ། །སྲེད་པའི་ཤས་ཆེ་བའི་བསམ་གཏན་པ་གང་ཞེ་ན། དེས་ཐོག་མ་ཁོ་ནར་བསམ་གཏན་ལ་སྙོམས་པར་འཇུག་པའི་ཕན་ཡོན་ནི་ཐོས་ལ་ངེས་པར་འབྱུང་བའི་ཐབས་ནི་མ་ཐོས་པས། དེ་ལ་ཤིན་ཏུ་ཕན་ཡོན་དུ་མཐོང་ནས། བརྩོན་པའི་རྒྱུས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ལ། དེ་ལྟར་སྙོམས་པར་ཞུགས་པའི་འོག་ཏུ་ཡང་རོ་མྱོང་པར་བྱེད་པའོ། །ལྟ་བའི་ཤས་ཆེ་བའི་བསམ་གཏན་པ་གང་ཞེ་ན། འདི་ན་ལ་ལས་བདག་ཉིད་ཀྱི་སྟོན་པའམ། གཞན་ཡང་འཇིག་རྟེན་ནི་རྟག་པའོ་ཞེས་བྱ་བ་ལ་སོགས་པ་དང༌། དེ་ལྟ་བུས་དག་པར་འགྱུར་རོ། །གྲོལ་བར་འགྱུར་རོ། །དེ་ལྟ་བུར་བསམ་གཏན་དང་པོ་ནས་སྲིད་པའི་རྩེ་མོ་མན་ཆད་ལ་སྙོམས་པར་འཇུག་པར་བྱའོ་ཞེས་ཐོས་ནས། དེས་ལྟ་བ་
དེ་ཉིད་ལ་བརྟེན་ཏེ་བརྩོན་པའི་རྒྱུས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ལ། དེ་ལྟར་སྙོམས་པར་ཞུགས་པའི་འོག་ཏུ་ཡང༌། བསྐལ་པ་དུ་མའི་སྔོན་གྱི་ལུས་རྗེས་སུ་དྲན་ནས། དེས་འདི་སྙམ་དུ་བདག་དང་འཇིག་རྟེན་ནི་རྟག་པའོ་སྙམ་དུ་སེམས་ཏེ། ཏིང་ངེ་འཛིན་དེ་ལས་ལངས་ནས། དེས་ལྟ་བ་དེ་ཉིད་བརྟན་པོར་བྱེད་ཅིང༌། དེའི་རྗེས་ལ་ཡང་འདིས་ནི་བདག་དག་པར་འགྱུར་རོ། །གྲོལ་བར་འགྱུར་རོ། །ངེས་པར་འབྱུང་བར་འགྱུར་རོ་སྙམ་དུ་སེམས་ཤིང༌། རབ་ཏུ་སེམས་ལ་ཤིན་ཏུ་སེམས་པའོ། །ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལས། ཚེ་དང་ལྡན་པ་ཆེ་གེ་མོ་བསམ་གཏན་དང་པོ་ནས་སྲིད་པའི་རྩེ་མོ་མན་ཆད་ལ་སྙོམས་པར་འཇུག་གོ་ཞེས་ཐོས་ལ། ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། དེ་ཡང་སྙོམས་པར་འཇུག་ན། བདག་ཅིའི་ཕྱིར་སྙོམས་པར་མི་འཇུག་སྙམ་མོ། །དེ་ང་རྒྱལ་དེ་ལ་བརྟེན་ནས། བརྩོན་པའི་རྒྱུས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ལ་དེ་ལ་སྙོམས་པར་ཞུགས་པའི་འོག་ཏུ་ཡང་དེས་རློམ་སེམས་སུ་བྱེད་པའམ་ཡང་ན་སྙོམས་པར་ཞུགས་པའི་ཚེ་འདི་སྙམ་དུ་སེམས་ཏེ། བདག་ནི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ཐོབ་པ་ཡིན་གྱི། གཞན་ནི་དེ་ལྟ་མ་ཡིན་ནོ་སྙམ་སྟེ། དེ་ང་རྒྱལ་དེ་ལ་བརྟེན་ནས། དེའི་རྗེས་ལ་ཡང་སེམས་ཤིང་རབ་ཏུ་སེམས་ལ་ཤིན་ཏུ་སེམས་པའོ།། །།བམ་པོ་བཅུ་གསུམ་པ། ཐེ་ཚོམ་གྱི་ཤས་ཆེ་བའི་བསམ་གཏན་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་རང་བཞིན་གྱིས་ཤེས་བ་ཞན་ཅིང་ཤིན་ཏུ་རྨུན་ལ། དེ་ཡང་སྔོན་ཞི་གནས་སྤྱོད་པ་ལས། དེའི་འོག་ཏུ་བསམ་གཏན་ལ་སྙོམས་པར་འཇུག་ལ། དེ་ལྟར་སྙོམས་པར་ཞུགས་པའི་འོག་ཏུ་ཡང༌། འཕགས་པའི་བདེན་པ་བཞི་པོ་དག་མངོན་པར་རྟོགས་པ་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་རྩོལ་བར་བྱེད་མོད་ཀྱི། དེ་ཤེས་པ་ཞན་པ་དང༌། ཤིན་ཏུ་རྨུན་པའི་ཕྱིར་བདེན་པ་མངོན་པར་རྟོགས་པར་བྱེད་མི་ནུས་པས། དེ་གཞན་དག་གི་རྟོག་པ་ལ་ཡང་སོམ་ཉི་བྱེད་ཅིང་ཐེ་ཚོམ་ཟ་སྟེ། སོམ་ཉི་དེ་ལ་བརྟེན་ཅིང་དེའི་རྗེས་ལ་ཡང་སེམས་
ཤིང་རབ་ཏུ་སེམས་ལ་ཤིན་ཏུ་སེམས་པའོ། །རོ་མྱང་བ་དང་མཚུངས་པར་ལྡན་པའི་བསམ་གཏན་ལ་ཇི་ལྟར་སྙོམས་པར་འཇུག་ཅེ་ན། དབང་པོ་རྟུལ་བའམ། འདོད་ཆགས་སྤྱོད་པའམ། ཉོན་མོངས་པ་ཤས་ཆེ་བ་ཡིན་ཏེ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཕན་ཡོན་ནི་ཐོས་ལ་ཞེས་བྱ་བ་ནས། སྲེད་པའི་ཤས་ཆེ་བའི་བསམ་གཏན་པ་ཇི་ལྟ་བ་བཞིན་དུ་རྒྱས་པར་བྱ་སྟེ། དེས་དེའི་གོང་དུ་ངེས་པར་འབྱུང་བ་མི་ཤེས་པས་རོ་མྱོང་བར་བྱེད་ཅིང་ངེས་པར་འཛིན་ལ། ལྷག་པར་ཞེན་ཅིང་ལྷག་པར་ཞེན་ནས་གནས་ཏེ། གང་ལ་མྱོང་བར་བྱེད་པ་ནི་དེ་ལས་ལངས་པ་ཞེས་བརྗོད་པར་བྱའོ། །གང་གེས་མྱོང་བར་བྱེད་པ་དེ་ནི་སྙོམས་པར་ཞུགས་པ་ཞེས་བྱའོ། །དག་པའི་བསམ་གཏན་ལ་ཇི་ལྟར་སྙོམས་པར་འཇུག་ཅེ་ན། དབང་པོ་འབྲིང་དམ་དབང་པོ་རྣོན་པོ་ཡིན་ཏེ། ཉོན་མོངས་པ་ཆ་མཉམ་པའམ། ཉོན་མོངས་པ་ཤས་ཆུང་ལ་གཞན་ལས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཕྱིར་རོ་མྱོང་བ་དང༌། ཉེས་དམིགས་དང་གོང་དུ་ངེས་པར་འབྱུང་བ་ཡང་ཐོས་ཏེ། བརྩོན་པའི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ལ་སྙོམས་པར་ཞུགས་ནས་ཀྱང་ཉེས་དམིགས་དེ་ཉིད་ཡིད་ལ་བྱེད་ཅིང་གོང་དུ་ངེས་པར་འབྱུང་བ་ཤེས་པས་རོ་མྱོང་བར་མི་བྱེད་དོ། །ཟག་པ་མེད་པའི་བསམ་གཏན་ལ་ཇི་ལྟར་སྙོམས་པར་འཇུག་ཅེ་ན། འདི་ལྟར་འདི་ན་ལ་ལ་དད་པས་རྗེས་སུ་འབྲང་བའམ། ཆོས་ཀྱིས་རྗེས་སུ་འབྲང་བ་དང༌། ཉོན་མོངས་པའི་ཤས་ཆུང་བའི་རང་བཞིན་ཅན་ཡིན་ལ། དེས་ཐོག་མ་ཁོ་ནར་འཕགས་པའི་བདེན་པ་བཞི་པོ་དག་མངོན་པར་རྟོགས་པའམ། ཡང་ན་མངོན་པར་རྟོགས་པར་བྱ་བའི་ཕྱིར་བརྩོན་པར་བྱེད་པ་ན། དེས་རྣམ་པ་དང༌། མཚན་མ་དང་རྟགས་གང་དག་གིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་རྣམ་པ་དང༌། མཚན་མ་དང༌། རྟགས་དེ་དག་ཡིད་ལ་མི་བྱེད་ཀྱི་དེ་ལ་ཡོད་པའི་གཟུགས་སུ་གཏོགས་པ་ནས་རྣམ་པར་ཤེས་པར་གཏོགས་པའི་བར་གང་ཡིན་བའི་ཆོས་དེ་དག་ལ། ནད་ལ་སོགས་པ་དག་གི་རྣམ་པ་དག་གིས་ཡིད་ལ་བྱེད་དེ། འདུ་བྱེད་དེ་དག་གིས་སེམས་སྐྱོ་ཞིང་འཇིགས་པ་དང༌། ལྡོག་
པར་བྱེད་ལ། བདུད་རྩིའི་ཁམས་སུ་ཡང་སྒྲུབ་སྟེ། དེ་ལྟར་ཟག་པ་མེད་པའི་བསམ་གཏན་ལ་སྙོམས་པར་འཇུག་གོ །ཉམས་པའི་ཆ་དང་མཐུན་པ་ལ་ཇི་ལྟར་སྙོམས་པར་འཇུག་ཅེ་ན། དབང་པོ་རྟུལ་ཞིང་དམན་པ་ལ་མོས་བ་ཡིན་ལ། དེ་བརྩོན་པའི་རྒྱུས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ཉིད་ནི། དེ་ལ་དགའ་བ་དང་བདེ་བ་དང༌། ཕན་ཡོན་མི་བཟོད་པས། བསམ་གཏན་དེ་ལས་ཡོངས་སུ་ཉམས་ཏེ། དབང་པོ་རྣམས་གསལ་བར་མ་བྱས་ཀྱི་བར་དུ། ཇི་ལྟ་ཇི་ལྟར་སྙོམས་པར་འཇུག་བ་དེ་ལྟ་དེ་ལྟར་ཡོངས་སུ་ཉམས་པ་ཁོ་ནར་འགྱུར་རོ། །གནས་པའི་ཆ་དང་མཐུན་པ་ལ་ཇི་ལྟར་སྙོམས་པར་འཇུག་ཅེ་ན། དབང་པོ་འབྲིང་ངམ། དབང་པོ་རྣོན་པོ་ཡིན་ལ་དེས་དེའི་ཕན་ཡོན་ཐོས་པ་ནས། རོ་མྱོང་བ་དང་མཚུངས་པར་ལྡན་པ་ཇི་ལྟ་བ་བཞིན་དུ་རྒྱས་པར་བྱ་སྟེ། དེས་དེའི་རོ་མྱོང་བས་གང་དུ་ངེས་པར་འབྱུང་བར་མི་འགྱུར་ལ། མར་ཡང་ཡོངས་སུ་ཉམས་པར་མི་འགྱུར་བའོ། །ཁྱད་པར་དུ་འགྱུར་བའི་ཆ་དང་མཐུན་པའི་སྙོམས་པར་འཇུག་པ་ཇི་ལྟ་བུ་ཞེ་ན། དེས་དེའི་ངེས་པར་འབྱུང་བ་ཡང་ཐོས་ལ། དེ་སྙོམས་པར་འཇུག་པ་དེས་ཆོག་པར་མི་འཛིན་པས། དེ་མྱོང་བར་ཡང་མི་བྱེད་ལ། གོང་དུ་རྩོལ་ཏེ་དེའི་ཕྱིར་ཁྱད་པར་ཡང་ཐོབ་པར་འགྱུར་རོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་ཇི་ལྟར་སྙོམས་པར་འཇུག་ཅེ་ན། ཐམས་ཅད་དུ་འཇིག་ཚོགས་ལ་ཉེས་དམིགས་སུ་ལྟ་བ་ཡིན་ཏེ། དེའི་ཕྱིར་ཟག་པ་མེད་པ་ལ་སྙོམས་པར་འཇུག་གོ །ཟག་པ་མེད་པ་ཐམས་ཅད་ནི་ཤིན་ཏུ་མཐར་ཐུག་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱ་སྟེ་དཔེར་ན། ནོར་བུ་ཕུག་ཟིན་པ་དང༌། རྫ་མ་ཕུག་ཟིན་པ་དང༌། རྩིག་པ་ཕུག་ཟིན་པ་ཞེས་བྱ་བ་བཞིན་ཏེ། དེ་ལས་དབུག་ཏུ་མེད་པས་ན་དེ་ལ་ཕུག་ཟིན་པ་ཞེས་བྱའོ། །དེ་བཞིན་དུ་དེ་ལས་ངེས་པར་དབྱེར་མེད་པས་ན། དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱའོ། །བར་ཆད་མེད་པར་ཇི་ལྟར་སྙོམས་པར་འཇུག་ཅེ་ན། འདི་ལྟར་འདི་ན་ཁ་ཅིག་བསམ་གཏན་དང་པོ་ནས་སྲིད་པའི་རྩེ་མོའི་བར་དུ་ཡོངས་སུ་མ་དག་པ་དང༌། ཡོངས་སུ་མ་བྱང་བ་ཐོབ་པས། དེ་སྲིད་
པའི་རྩེ་མོ་དང་བསམ་གཏན་དང་པོའི་བར་དུ་ལུགས་སུ་བྱུང་བ་དང༌། ལུགས་སུ་བྱུང་བ་མ་ཡིན་པར་སྙོམས་པར་འཇུག་གོ །ཐོད་རྒལ་དུ་ཇི་ལྟར་སྙོམས་པར་འཇུག་ཅེ་ན། དེ་དག་ཉིད་ཡོངས་སུ་དག་པའི་ཕྱིར། བསམ་གཏན་དང་པོ་ལས་ལངས་མ་ཐག་ཏུ་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་ནམ་མཁའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །གསུམ་པ་ལས་འདས་པར་ཐོད་རྒལ་དུ་སྙོམས་པར་འཇུག་བ་ནི་མེད་དེ། ཤིན་ཏུ་རིང་བའི་ཕྱིར་རོ། །ལུགས་སུ་མི་འབྱུང་བ་ལ་ཡང་དེ་དང་འདྲའོ། །དེ་བཞིན་གཤེགས་པ་དང༌། བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པ་གཉིས་ཀྱིས། ངེས་པར་བྱུང་བ་ནི་མ་གཏོགས་ཏེ། དེ་གཉིས་ལ་ནི་ཅི་དགའ་དགུར་སྙོམས་པར་འཇུག་པ་ཡོད་པའི་ཕྱིར་རོ། །བསམ་གཏན་རྣམས་ལ་ཇི་ལྟར་སྤེལ་བར་སྤྱོད་ཅེ་ན། འདི་ལྟར་འདི་ན་ལ་ལ་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་བསམ་གཏན་བཞི་ཐོབ་ལ། སྙོམས་པར་འཇུག་པ་ལ་དབང་ཐོབ་པར་འདོད་པའམ། སྙོམས་པར་འཇུག་པ་ལ་དབང་ཐོབ་པའི་འབྲས་བུ་ཉམས་སུ་མྱོང་བར་འདོད་པས། རྒྱུན་ཆགས་པར་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་བསམ་གཏན་གཅིག་ནས་གཅིག་ཏུ་སྤེལ་མར་ཟག་པ་དང་བཅས་པ་ལས་ལངས་མ་ཐག་ཏུ་ཟག་པ་མེད་པ་དང༌། ཟག་པ་མེད་པ་ལས་ལངས་མ་ཐག་ཏུ་ཟག་པ་དང་བཅས་པ་ལ་ཡང་སྙོམས་པར་འཇུག་སྟེ། དེ་ཙམ་གྱིས་ན་དེ་ཡོངས་སུ་གྲུབ་པར་རིག་པར་བྱ་སྟེ། དེ་གང་དུ་གང་གི་ཚེ་ཇི་སྲིད་དུ་འདོད་པ་དེར་དེའི་ཚེ་དེ་སྲིད་དུ་སྙོམས་པར་འཇུག་པ་འདི་ནི་སྙོམས་པར་འཇུག་པ་ལ་དབང་བའོ། །སྙོམས་པར་འཇུག་པ་ལ་དབང་བའི་འབྲས་བུ་ནི་ཚེ་འདི་ཉིད་ལ། དེའི་བདེ་བ་ལ་གནས་བ་ཆེས་གསལ་བར་འགྱུར་བ་དང༌། དེས་དེ་ལས་ཡོངས་སུ་ཉམས་པར་མི་འགྱུར་བའི་ལམ་ཐོབ་པར་འགྱུར་བ་དང༌། རྣམ་པར་ཐར་པ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། ཟད་པར་གྱི་སྐྱེ་མཆེད་རྣམས་མངོན་པར་བསྒྲུབ་པའི་ལམ་ཡོངས་སུ་དག་པར་འགྱུར་བའོ། །གལ་ཏེ་
ཉོན་མོངས་པའི་ལྷག་མ་དང་བཅས་བཞིན་དུ་འཆི་བའི་དུས་བྱེད་པར་གྱུར་ན་ནི། དེའི་ཕྱིར་གནས་གཙང་མར་སྐྱེ་བར་འགྱུར་ཏེ། བསམ་གཏན་ལ་སྙོམས་པར་འཇུག་པ་ཆུང་དུ་དང་འབྲིང་དང༌། ཆེན་པོའི་བྱེ་བྲག་གིས་ཐམས་ཅད་དུས་གསུམ་དུ་འགྱུར་ཏེ་རྟོག་པ་དང་བཅས་པ་དང༌། དཔྱོད་པ་དང་བཅས་པའི་ས་ལ་སྔར་བསྟན་པ་བཞིན་ནོ། །རྟོག་པ་མེད་པ་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་བསྒོམས་པས་ནི་ཚངས་པ་ཆེན་པོ་ཉིད་འཐོབ་པར་འགྱུར་རོ། །སྤེལ་མར་བསྒོམ་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། ཤིན་ཏུ་ཆེ་བ་དང༌། རབ་ཏུ་ཆེ་བར་བསྒོམས་པས་གནས་གཙང་མའི་ལྔ་གྲུབ་པོ། །དེ་ལ་དག་པའི་བསམ་གཏན་ལ་སྙོམས་པར་ཞུགས་པས་ན། བསམ་གཏན་གྱིས་རྣམས་སུ་སྐྱེ་བར་རིག་པར་བྱའོ། །རོ་མྱང་བ་དང་མཚུངས་པར་ལྡན་པས་ནི་སྐྱེ་བར་མི་འགྱུར་རོ། །གལ་ཏེ་སྐྱེས་ནས་རོ་མྱང་བར་བྱེད་ན་ཡང༌། དེ་ལས་འཆི་འཕོ་བར་འགྱུར་རོ། །ཇི་སྟེ་དག་པ་བསྒོམ་ན་དེ་ཉིད་དུ་སྐྱེ་བའམ། ཡང་ན་འོག་མར་སྐྱེ་བར་འགྱུར་རོ། །གོང་མ་ལ་སྙོམས་པར་འཇུག་ན་ནི་སྟེང་དུ་འཕར་བར་འགྱུར་ཏེ། སྔར་འདི་སྙོམས་པར་ཞུགས་ནས་དེའི་འོག་ཏུ་དེར་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་འདོད་ཆགས་དང་མ་བྲལ་བ་ནི། དེར་སྐྱེ་བར་མི་འགྱུར་ལ། སྙོམས་པར་མ་ཞུགས་པ་ཡང་འདོད་ཆགས་དང་བྲལ་བར་མི་འགྱུར་བའི་ཕྱིར་རོ། །འདི་དང་དེར་སྙོམས་པར་ཞུགས་པ་གཉིས་ལ་ཡང་བདེ་བའི་བྱེ་བྲག་ནི་མེད་ལ། ལུས་ཀྱི་བྱེ་བྲག་ནི་ཡོད་དོ། །ཡིད་ལ་བྱེད་པ་དང་མཚན་མ་བསྒོམ་པ་རྫོགས་སོ།། །།མདོ་སྡེ་བསྡུ་བ་གང་ཞེ་ན། རྣམ་པར་ཐར་པ་བརྒྱད་ནི། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ལ་སོགས་པ་སྟེ་སྔ་མ་བཞིན་ནོ། །རྣམ་པར་གྲོལ་བ་ནི་མོས་པར་འགྱུར་ཏེ། དེ་བས་ན་རྣམ་པར་ཐར་པ་བདུན་ནོ། །འདུ་ཤེས་དང་ཚོར་བ་ལ་མི་ཕྱོགས་པས་རྣམ་པར་ཐར་པ་བརྒྱད་དེ། དེ་ལྟར་ན་རྣམ་པར་ཐར་བ་བརྒྱད་ཅེས་བྱའོ། །གཟུགས་ཅན་གཟུགས་རྣམས་ལ་ཇི་ལྟར་ལྟ་ཞེ་ན། འདོད་པའི་ཁམས་སུ་སྐྱེས་པར་འགྱུར་ཏེ།
འདོད་པའི་འདོད་ཆགས་དང་བྲལ་བ་ནི་ཐོབ་ལ། གཟུགས་ཀྱི་འདོད་ཆགས་དང་ནི་མ་བྲལ་ཏེ། དེ་དེ་ལྟར་གྲོལ་བར་གྱུར་ན། གང་དག་ལས་གྲོལ་བ་ནི་འདོད་པ་ན་སྤྱོད་པའི་གཟུགས་དེ་དག་ཉིད་ཡིད་ལ་བྱེད་དེ། སྣང་ཞིང་གསལ་བ་དང་བཅས་པའི་མཚན་མས་མོས་པར་བྱེད་དེ། །དེ་རྣམ་པ་གཉིས་ཀྱིས་གཟུགས་ཅན་ཡིན་ཏེ། གང་འདོད་པའི་ཁམས་སུ་སྐྱེས་པར་གྱུར་པ་དང༌། གང་གཟུགས་ཀྱི་སྙོམས་པར་འཇུག་པ་ཐོབ་ནས། སྣང་བ་དང་བཅས་པ་ལ་ཡང་མོས་པའི་ཕྱིར་རོ། །གཟུགས་རྣམས་ལ་ལྟ་ཞེས་བྱ་བ་ལ། ཇི་ལྟ་བུ་ལ་ནི་ལྟ། ཅིའི་ཕྱིར་ན་ནི་ལྟ་ཞེ་ན། འདོད་པ་ན་སྤྱོད་པའི་གཟུགས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་སུ་རྣམ་པར་བཤིག་པའི་གཟུགས་ཆུང་དུ་ཁ་དོག་བཟང་པོ་དང༌། ཁ་དོག་ངན་པ་དང༌། བཟང་པོ་རྣམས་གང་དག་ཡིན་པ་སྟེ། ཆེན་པོ་རྣམས་ལ་ཞེས་བྱ་བ་ཡང་དེ་བཞིན་དུ་རྒྱས་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཡོན་ཏན་ཁྱད་པར་ཅན་མངོན་པར་བསྒྲུབ་པའི་ཕྱིར། སྦྱོར་བ་ལ་ཡོངས་སུ་སྦྱང་བར་བྱ་བའི་དོན་དུ་སྟེ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། ཟད་བའི་སྐྱེ་མཆེད་དང༌། འཕགས་པའི་རྫུ་འཕྲུལ་དང༌། ཉོན་མོངས་པ་མེད་པ་དང༌། སྨོན་ནས་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་བསྒྲུབ་པའི་ཕྱིར་རོ། །དེ་སྔོན་གཟུགས་དེ་དག་ལས་འདོད་ཆགས་དང་བྲལ་དུ་ཟིན་ཀྱང༌། དེས་དེ་དག་ལ་མོས་པའི་དབང་མ་ཐོབ་པས་ན། དེ་ཐོབ་པར་བྱ་བའི་ཕྱིར་ཡང་དང་ཡང་དུ་མོས་པར་བྱེད་དོ། །ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་རྣམས་ལ་ཇི་ལྟར་ལྟ་ཞེ་ན། འདོད་པའི་ཁམས་སུ་སྐྱེས་བར་འགྱུར་ལ། གཟུགས་ཀྱི་འདོད་ཆགས་དང་ནི་བྲལ། གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་མངོན་དུ་མི་བྱེད་ལ། དེའི་འདུ་ཤེས་དང་ནི་ལྡན་ཏེ། ནང་གི་སྣང་བའི་མཚན་མ་ཡིད་ལ་མི་བྱེད་ལ། ཕྱི་རོལ་གྱི་གཟུགས་རྣམས་ལ་མོས་པར་བྱེད་དོ། །གང་དག་ལས་འདོད་ཆགས་དང་བྲལ་བར་གྱུར་པ་དེ་དག་ནི་དེའི་ཕྱི་རོལ་ཞེས་བྱའོ། །དེ་ནི་རྣམ་པ་གཉིས་ཀྱིས་ནང་གཟུགས་མེད་པར་འདུ་ཤེས་པ་ཞེས་བྱ་སྟེ། གང་གཟུགས་མེད་
མེད་པའི་སྙོམས་པར་འཇུག་པ་ཐོབ་ལ། སྙོམས་པར་འཇུག་པ་དེ་ཡང་བདག་ཉིད་ཀྱིས་ཤེས་པ་དང༌། གང་ནང་གི་སྣང་བའི་མཚན་མ་ཡིད་ལ་མི་བྱེད་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །སྡུག་པའི་རྣམ་པར་ཐར་བ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། བསྒྲུབས་ནས་ཇི་ལྟར་གནས་ཤེ་ན། འདི་ལྟར་འདི་ན་ཁ་ཅིག་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་ཅིང༌། ཡོངས་སུ་བྱང་བ་ཐོབ་པར་གྱུར་ལ། དེས་དེ་ལ་བརྟེན་ནས་སྡུག་པ་བསྒོམས་ཏེ། འཕགས་པའི་རྣམ་པས་ཡོངས་སུ་རྫོགས་པ་ནི་སྡུག་པའི་རྣམ་པར་ཐར་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། རྣམ་པ་གསུམ་གྱི་ཕྱིར་ཏེ། བདེ་བ་དང་སྡུག་བསྔལ་བ་ལ་རྣམ་པར་འདས་པ་དང༌། གཡོ་བ་ཐམས་ཅད་དང་བྲལ་བ་དང༌། ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པའི་ཕྱིར་རོ། །ལུས་ཀྱིས་མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི། གནས་པ་དེས་འཕགས་པ་རྣམས་ཤས་ཆེར་གནས་པའི་ཕྱིར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནི། འདི་ལྟ་སྟེ། དེ་ལས་འདོད་ཆགས་དང་བྲལ་ལ། ནམ་མཁའ་ཉིད་ལ་མོས་པར་བྱེད་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ཡང་དེ་དང་འདྲ་སྟེ། དེ་ལས་འདོད་ཆགས་དང་བྲལ་ལ། དེ་ཉིད་ལ་མོས་པར་བྱེད་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ཐོབ་ལ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་མོས་པར་བྱེད་པའོ། །སྲིད་པའི་རྩེ་མོའི་རྣམ་པར་ཐར་པ་ནི། གཞན་ལ་མོས་པར་མི་བྱེད་དེ། ཇི་སྲིད་དུ་ཟད་པར་གྱི་འདུ་ཤེས་འབྱུང་བ་དེ་སྲིད་དུ་མོས་པར་བྱ་དགོས་སོ། །སྔར་མོས་ཏེ་ཡོངས་སུ་སྦྱང་བ་བྱས་ནས། དེའི་འོག་ཏུ་ཟིལ་གྱིས་མནན་ཏེ། ལྟ་བའི་ཕྱིར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཅེས་བྱའོ། །ཟིལ་གྱིས་གནོན་པ་དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། ཆུང་བར་ཟིལ་གྱིས་གནོན་པ་ནི། དཔེར་ན་བཟོ་ལ་སོགས་པ་འགའ་ཞིག་གིས་ལྷག་པའི་ཕྱིར། དེས་གཞན་ཆུང་བར་རྩི་བ་ལྟ་བུའོ། །ཉམས་སྟོབས་ཆུང་བར་ཟིལ་གྱིས་གནོན་པ་ནི། དཔེར་ན་སྟོབས་དང་ལྡན་པས་ཆེས་སྟོབས་ཆུང་ངུ་བརྙས་པ་ལྟ་བུའོ། །མི་སྣང་བར་ཟིལ་གྱིས་གནོན་པ་ནི། དཔེར་ན་རྩིག་པ་ལ་
སོགས་པས་བར་དུ་བཅད་པ་དང༌། གསང་སྔགས་སམ། རྫུ་འཕྲུལ་གྱིས་མི་སྣང་བར་བྱེད་པ་ལྟ་བུའོ། །སུན་འབྱིན་པས་ཟིལ་གྱིས་གནོན་པ་ནི། དཔེར་ན་ཉོན་མོངས་པ་རྣམས་སུན་ཕྱུང་ནས་སྤོང་བར་བྱེད་པ་ལྟ་བུའོ། །དབང་བྱེད་པས་ཟིལ་གྱིས་གནོན་པ་ནི། དཔེར་ན་རྗེ་བོས་བྲན་ལ་ཅི་དགའ་དགུར་བསྐོ་བ་ལྟ་བུའོ། །དོན་འདིའི་སྐབས་སུ་ནི་མི་སྣང་བར་ཟིལ་གྱིས་གནོན་པ་དང༌། དབང་བྱེད་པས་ཟིལ་གྱིས་གནོན་པ་གཟུང་བར་བྱ་སྟེ། སྔར་ནི་རྣམ་པར་ཐར་པ་རྣམས་ལ་མོས་པས་དབང་བྱེད་དོ། །དེའི་འོག་ཏུ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆད་རྣམས་ལ་ཟིལ་གྱིས་གནོན་པས་དབང་བྱེད་དོ། །དེ་ལ་གཟུགས་ཆུང་ངུ་དག་མཐོང་ཞེས་བྱ་བ་ནི། སེམས་ཅན་དང༌། ཡོ་བྱད་ཅེས་བྱ་བ་རྣམས་སོ། །ཆེན་པོ་རྣམས་ཞེས་བྱ་བ་ནི། ཁྱིམ་དང་གནས་ཁང་ལ་སོགས་པ་རྣམས་སོ། །ཁ་དོག་བཟང་པོ་ནི་ཁ་དོག་ཡིད་དུ་འོང་བ་གང་ཡིན་པ་རྣམས་ཏེ། གཅིག་ཏུ་ངེས་པར་མཛེས་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཁ་དོག་ངན་པའོ། །ངན་པ་ནི་སྒྲ་དང་དྲི་དང་རོ་དང་རེག་བྱའི་སྒོ་ནས་ཡིད་དུ་མི་འོང་བ་རྣམས་སོ། །དེ་ལས་བཟློག་པ་ནི་བཟང་པོ་རྣམས་ཏེ། སེམས་ཅན་དང་ཡོ་བྱད་དང༌། གཞལ་མེད་ཁང་དེ་དག་གི་ཁ་དོག་ནི་རྣམ་པ་བཞིའོ། །ཟིལ་གྱིས་མནན་ནས་ཤེས་ཞེས་བྱ་བ་ནི་མེ་སྣང་བར་བྱས་ཤིང་དམིགས་པ་ལ་མོས་པར་བྱེད་པའོ། །དེ་ལྟར་འདུ་ཤེས་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པའི་འདུ་ཤེས་སོ། །ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ནི། མོས་པར་བྱ་བའི་དངོས་པོའི་ཟད་པར་གྱི་སྐྱེ་མཆེད་ལ་མོས་བར་བྱེད་དོ། །དེ་ལ་གཉིས་སུ་མེད་པ་ཞེས་བྱ་བ་ནི། འཕགས་པ་ལ་བདག་དང་བདག་གིར་འཛིན་པའི་བྱེ་བྲག་མེད་པའི་ཕྱིར་རོ། །ཚད་མེད་པ་ནི་ཐམས་ཅད་ཀྱིའོ། །གཟུགས་དང་རེག་བྱའི་སྐྱེ་མཆེད་འདི་གཉིས་ཅིའི་ཕྱིར་རྣམ་པར་གཞག་ཅེ་ན། འདི་གཉིས་ནི་བདག་དང༌། ཕ་རོལ་གཉི་གའི་རྒྱུད་དང༌། གཟུགས་ཅན་གྱི་ཁམས་ཐམས་ཅད་ན་ཡོད་ལ། མིག་ལ་སོགས་པ་རྣམས་ནི་རང་གི་རྒྱུད་ལ་ཡོད་པ་ཁོ་ན་ཡིན་པ་དང༌། དྲི་དང་རོ་རྣམས་ཀྱང་ཀུན་ན་མེད་པའི་ཕྱིར་རོ། །དེ་རྣམས་ཀྱི་ནང་ན་གཟུགས་ཅན་རྣམས་ནི་གཟུགས་ཀྱི་ཁམས་མན་ཆད་ཀྱི་ཟད་པར་གྱི་སྙོམས་པར་འཇུག་པའོ།།
གཟུགས་མེད་པ་དག་ན་ནི་ནམ་མཁའ་ཐམས་ཅད་དུ་འགྲོ་བ་ཡིན་པས་ན། དེའི་ཕྱིར་དེར་ཟད་པར་གྱི་སྐྱེ་མཆེད་དུ་གཞག་གོ །རྣམ་པར་ཤེས་པ་ཡང་ཡུལ་ཟད་པར་གྱི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཐོག་མ་ཁོ་ནར་ནི་རྣལ་འབྱོར་པས་མོས་པར་བྱེད་དོ། །དེའི་འོག་ཏུ་ཟིལ་གྱིས་གནོན་ཏོ། །དེ་ནས་ཟིལ་གྱིས་གནོན་པ་ལ་དབང་ཐོབ་ནས་དེའི་འོག་ཏུ་ཟད་པར་གྱི་སྐྱེ་མཆེད་དེ་ཉིད་ལ་ཅི་དགའ་དགུར་མོས་པར་བྱེད་དོ། །དེ་ལྟར་དེ་དག་གི་གོ་རིམས་ནི་དེ་ཡིན་ནོ། །གཟུགས་ཀྱི་ཟད་པར་གྱི་སྐྱེ་མཆད་བརྒྱད་ཡོངས་སུ་དག་པ་རྣམས་ཀྱིས་ནི་འཕགས་པའི་མོས་པ་དང་དངོས་པོ་ཡོངས་སུ་བསྒྱུར་བའི་རྫུ་འཕྲུལ་མངོན་པར་སྒྲུབ་པར་བྱེད་དེ། དེ་ཇི་ལྟ་ཇི་ལྟར་མོས་པ་དང༌། ཇི་སྲིད་ཀྱི་བར་དུ་བསྒྱུར་བ་དེ་ཁོ་ན་བཞིན་དུ་འགྱུར་ཏེ། གསེར་ལ་སོགས་པ་དེ་དག་གིས་ཀྱང་བྱ་བ་བྱེད་ནུས་སོ། །ཟད་པར་རྣམ་པར་ཤེས་པའི་སྐྱ་མཆེད་ཡོངས་སུ་དག་པས་ནི། ཉོན་མོངས་པ་མེད་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སྨོན་ནས་ཤེས་པ་ལ་སོགས་པ་རྣམས་མངོན་པར་སྒྲུབ་པར་བྱེད་དོ། །ཟད་པར་ནམ་མཁའི་སྐྱེ་མཆེད་ཡོངས་སུ་དག་པས་ནི་གང་འདོད་པ་དེ་ནམ་མཁར་སྒྱུར་བར་བྱེད་དེ། དཔེར་ན་རྫ་མཁན་དང༌། ལྕགས་མགར་དང༌། གསེར་མགར་རྣམས་ཀྱིས་འཇིམ་པ་ལ་སོགས་པ་རྣམས་ཐོག་མར་ནི་སྦྱོར་བར་བྱེད་ཀྱི། དེ་དག་ཤིན་ཏུ་ཡོངས་སུ་བྱང་བར་བྱས་པ་མ་ཡིན་ཏེ། རྣམ་པར་ཐར་པའི་གནས་སྐབས་ཀྱང་དེ་དང་འདྲའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱི་གནས་སྐབས་ནི། ཇི་ལྟར་ཤིན་ཏུ་ཡོངས་སུ་བྱང་བར་བྱས་པ་ལྟ་བུའོ། །ཟད་པར་གྱི་སྐྱེ་མཆེད་ཀྱི་གནས་སྐབས་ནི། ཇི་ལྟར་ཤིན་ཏུ་ཡོངས་སུ་བྱང་བར་བྱས་ནས། ཇི་སྲིད་འདོད་པ་བཞིན་དུ་ཡོངས་སུ་བསྒྱུར་བ་ལྟ་བུར་བལྟ་བར་བྱའོ། །ཏིང་ངེ་འཛིན་ནི་རྣམ་པ་གསུམ་སྟེ། སྟོང་པ་ཉིད་དང༌། སྨོན་པ་མེད་པ་དང༌། མཚན་མ་མེད་པའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། སེམས་ཅན་དང༌། སྲོག་དང༌། གསོ་པ་དང༌། གང་ཟག་ཉིད་མེད་པ་ལས་བརྩམས་ནས་སེམས་ཀྱི་གནས་བ་རྩེ་གཅིག་པ་གང་ཡིན་པའོ། །དེ་ལ་སྟོང་པ་ཉིད་རྣམ་པ་བཞི་སྟེ། རྟོག་པའི་སྟོང་བ་ཉིད་ནི་འདི་ལྟ་སྟེ། རྟག་
པ་ནས་བདག་དང་བདག་གིར་འཛིན་པའི་བར་དག་གིས་ཆོས་ཐམས་ཅད་སྟོང་པར་སོ་སོར་རྟོག་པའོ། །དེའི་འབྲས་བུ་སྟོང་པ་ཉིད་ནི་འདི་ལྟ་སྟེ། སེམས་འཁྲུག་པ་མེད་ཅིང་རྣམ་པར་གྲོལ་བ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ཀྱིས་སྟོང་པའོ། །ནང་སྟོང་པ་ཉིད་ནི་འདི་ལྟ་སྟེ། ངར་འཛིན་པ་དང༌། ང་ཡིར་འཛིན་པ་དང༌། ངའོ་སྙམ་པའི་ང་རྒྱལ་ལ་མངོན་པར་ཞེན་པ་རྣམས་ཀྱིས་ལུས་སྟོང་པའོ། །ཕྱི་སྟོང་པ་ཉིད་ནི་འདི་ལྟ་སྟེ། འདོད་པའི་ཡོན་ཏན་ལྔ་པོ་རྣམས། འདོད་པའི་འདོད་ཆགས་ཀྱིས་སྟོང་པ་སྟེ། ཇི་སྐད་དུ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་པས་ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་བྱའོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །གཟུགས་ཀྱི་འདུ་ཤེས་ནི་འདིར་འདོད་པའི་ཡོན་ཏན་གྱི་འདུ་ཤེས་ལ་བྱ་སྟེ། དེའི་འདུ་ཤེས་ལས་བྱུང་བའི་འདོད་ཆགས་སྤངས་པའི་ཕྱིར་ཏེ་དེ་ཕྱི་སྟོང་པ་ཉིད་ཅེས་བྱའོ། །རྣལ་འབྱོར་པ་ཡང་རེས་འགའ་ནི་དེའི་འབྲས་བུ་སྟོང་པ་ཉིད་ཀྱིས་ཕྱི་སྟོང་པ་ཉིད་ཡིད་ལ་བྱེད་དོ། །རེས་འགའ་ནི་ནང་སྟོང་པ་ཉིད་ཡིད་ལ་བྱེད་དོ། །རེས་འགའ་ནི་རྟོག་པའི་སྟོང་པ་ཉིད་ཀྱིས་ནང་དང་ཕྱི་སྟོང་པ་ཉིད་ཡིད་ལ་བྱེད་དེ་དེའི་དབང་གིས་དེ་གཉིས་ལ་སེམས་འཇུག་གོ །གལ་ཏེ་ནང་དང་ཕྱི་སྟོང་པ་ཉིད་ལ་ཡང་མི་འཇུག་ན་ནི། དེའི་འོག་ཏུ་མི་གཡོ་བ་ཡིད་ལ་བྱེད་དེ། མི་གཡོ་བ་ཞེས་བྱ་བ་ནི། མི་རྟག་པའི་འདུ་ཤེས་སམ། སྡུག་བསྔལ་བའི་འདུ་ཤེས་ལ་བྱའོ། །དེ་དེ་ལྟར་ཡིད་ལ་བྱས་པས་ངའོ་སྙམ་དུ་གཡོ་བར་མི་འགྱུར་ཏེ་འདིའོ། །བདག་གོ །ངའོ་སྙམ་དུ་རྒྱ་ཆེར་དེའི་སེམས་གཡོ་བར་མི་འགྱུར་རོ། །དེ་བས་ན་དེ་གཉིས་ལ་དེའི་སེམས་འཇུག་གོ །སྨོན་པ་མེད་པའི་སེམས་ཀྱི་ཏིང་ངེ་འཛིན་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ལ། མི་རྟག་པའམ་སྡུག་བསྔལ་བར་ཡིད་ལ་བྱེད་ཅིང༌། སེམས་ཀྱི་གནས་པ་རྩེ་གཅིག་པ་གང་ཡིན་པའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ལ་འགོག་པ་དང་ཞི་བར་ཡིད་ལ་བྱེད་ཅིང་སེམས་ཀྱི་གནས་པ་རྩེ་གཅིག་པ་གང་ཡིན་པའོ། །མཚན་མ་མེད་པའི་སེམས་ཀྱི་ཏིང་ངེ་འཛིན་ནི། འདུད་
པར་ཡང་མི་བྱེད་ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གང་གསུངས་པ་དེ་ལ་ཇི་ལྟར་འདུད་པར་མི་བྱེད་ཅིང་མངོན་པར་འདུད་པར་མི་བྱེད་ཅེ་ན། མི་མཐུན་པ་དང་མཐུན་པ་གཉིས་དང་མི་ལྡན་པའི་ཕྱིར་རོ། །ཡང་ན་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང༌། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པ་དང༌། རྣམ་པ་གཉིས་ཀྱིས་མཚན་མ་མེད་པ་ལ་སྙོམས་པར་འཇུག་གོ །དེ་ལ་མཚན་མ་རྣམས་ཡིད་ལ་མི་བྱེད་པས་ནི་དེ་དག་ལ་སྐྱོ་བར་མི་འགྱུར་ཞིང༌། སུན་མི་འབྱིན་པར་མངོན་པར་འདུ་མི་བྱེད་པ་ཁོ་ནར་བྱེད་དེ། དེ་བས་ན་འདུད་པར་མི་བྱེད་ཅེས་བྱའོ། །མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པས་ནི། དེ་ལ་ཆགས་པར་མི་འགྱུར་ཏེ། དེ་བས་ན་མངོན་པར་འདུད་པར་མི་བྱེད་ཅེས་བྱའོ། །ཏིང་ངེ་འཛིན་དེ་ཡང་རྣམ་པ་གཉིས་ཏེ། སྦྱོར་བ་ལས་བྱུང་བ་དང༌། སྦྱོར་བའི་འབྲས་བུའོ། །དེ་ལ་སྦྱོར་བ་ལས་བྱུང་བ་ནི་སོ་སོར་བརྟགས་ཤིང་སོ་སོར་བརྟགས་ཤིང་འཇོག་པར་བྱེད་པ་མཚན་མ་རྣམས་ལས་ཀྱང་རྣམ་པར་མ་གྲོལ་བ་སྟེ། འདི་ལྟར་དེའི་རྣམ་པར་ཤེས་པ་མཚན་མའི་རྗེས་སུ་འབྲང་བས་སྐབས་སྐབས་སུ་སེམས་ཀུན་ནས་དཀྲིས་ཤིང་འདུག་གོ །དེ་ཡང་སོ་སོར་བརྟགས་ཤིང་སོ་སོར་བརྟགས་ཤིང་འཇོག་པ་ན། འབྲས་བུ་མེད་པར་བྱེད་དེ། མཚན་མའི་རྗེས་སུ་འབྲང་བ་ལས་ཀྱང་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་བ་དེ་ཡང་རྣམ་པར་གྲོལ་བའི་ཕྱིར་རོ། །སོ་སོར་བརྟགས་ནས་གནས་པ་མ་ཡིན་ནོ། །དེའི་ཕྱིར་ཤིན་ཏུ་རྣམ་པར་གྲོལ་བ་ཡིན་ནོ། །སོ་སོར་བརྟགས་ཤིང་སོ་སོར་བརྟགས་ཤིང་འཇོག་པ་ན་ཡང་གནས་པའི་ཕྱིར་རྣམ་པར་གྲོལ་བ་ཡིན་གྱི། ཤིན་ཏུ་རྣམ་པར་གྲོལ་བ་ནི་མ་ཡིན་ནོ། །ཀུན་ཤེས་པའི་འབྲས་བུ་དང༌། ཀུན་ཤེས་པའི་ཕན་ཡོན་ཞེས་བྱ་བ་ནི། ཉོན་མོངས་པ་སྤོང་བ་དང༌། ཚེ་འདི་ལ་བདེ་བར་གནས་པ་འགྲུབ་པའི་ཕྱིར་རོ། །ཡང་འགོག་པ་དང༌། ལམ་ཡང་ཀུན་ནས་ཤེས་པ་ཡིན་ཏེ། དེ་གཉིས་ནི་ཀུན་ཤེས་པའི་འབྲས་བུ་དང༌། ཀུན་ཤེས་པའི་ཕན་ཡོན་དང༌། གོ་རིམས་བཞིན་དུ་སྦྱར་བར་བྱའོ། །ཡང་བདེན་པ་མངོན་པར་རྟོགས་པ་ཡང་ཀུན་ཤེས་པ་ཡིན་ལ། དགྲ་བཅོམ་པ་ཉིད་ཀྱང་ཀུན་ཤེས་པ་ཡིན་ཏེ། དེ་ལ་མཐོང་
བའི་ལམ་གྱི་ཚེ་ནི་ཀུན་ཤེས་པའི་འབྲས་བུའོ། །དགྲ་བཅོམ་པའི་འབྲས་བུའི་ཚེ་ནི་ཀུན་ཤེས་པའི་ཕན་ཡོན་ནོ། །གང་ལ་གང་མེད་པར་དེ་དེས་སྟོང་པར་མཐོང་བས་ན་སྟོང་པ་ཉིད་ཅེས་བྱའོ། །དེ་ལྟར་མཐོང་བ་གང་ཡིན་པ་དེ་ནི། དེ་ཉིད་ལ་སྨོན་པར་མི་བྱེད་པས་ན། སྨོན་པ་མེད་པ་ཞེས་བྱའོ། །འདུ་བྱེད་ཐམས་ཅད་མཚན་མ་མེད་པར་མཐོང་བས་ན་མཚན་མ་མེད་པ་ཞེས་བྱའོ། །གཞན་ལས་ནི་མི་རྟག་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བའོ། །སྡུག་བསྔལ་བ་གང་ཡིན་པ་དེ་ནི་བདག་མེད་པའོ་ཞེས་སྟོང་པ་ཉིད་མཇུག་ཏུ་སྨོས་ན། ཅིའི་ཕྱིར་འདིར་སྟོང་པ་ཉིད་སྔར་བསྟན་ཅེ་ན། ཇི་སྲིད་དུ་བདག་མེད་པའི་འདུ་ཤེས་ལ་ཡང་དག་པར་མི་གནས་པ་དེ་སྲིད་དུ། གང་གིས་སྨོན་པ་མེད་པར་འགྱུར་བའི་མི་རྟག་པ་དང༌། སྡུག་བསྔལ་བ་མཐོང་བ་དེ་ལྟར་ཡོངས་སུ་དག་པར་མི་འགྱུར་བའི་ཕྱིར་རོ། །དེའི་འོག་ཏུ་སྨོན་པ་མེད་པར་འགྱུར་ཏེ། དེ་བས་ན་མི་རྟག་པའི་འདུ་ཤེས་ཅན་དུ་གྱུར་ན། བདག་མེད་པའི་འདུ་ཤེས་ལ་ཡང་དག་པར་གནས་པར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་སོ། །དེས་མི་རྟག་པ་དེ་བདག་མེད་པར་མཐོང་ན། སྨོན་པར་མི་བྱེད་དེ། ངེས་པར་འབྱུང་བ་ཚོལ་བ་ནི། སྨོན་པ་མེད་པ་ཉིད་ལ་སྨོན་པར་བྱེད་དོ། །དེ་བས་ན་དེའི་འོག་ཏུ་མཚན་མ་མེད་པ་བསྟན་ཏོ། །རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གང་ཞེ་ན། རྟོག་པ་དང་དཔྱོད་པ་གཉིས་ཀ་མཚུངས་པར་ལྡན་པ་གང་ཡིན་པའོ། །རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་གང་ཞེ་ན། དཔྱོད་པ་ཙམ་དང་མཚུངས་པར་ལྡན་པ་གང་ཡིན་པ་སྟེ། གང་བསྒོམས་པས་ཚངས་པ་ཆེན་པོ་ཉིད་འཐོབ་པའོ། །རྟོག་པ་མེད་ལ་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། རྟོག་པ་དང་དཔྱོད་པ་དང་ལྡན་པ་མ་ཡིན་པ་གང་ཡིན་པ་སྟེ། གང་བསྒོམས་པས་དེ་ཡན་ཆད་ནས་སྲིད་པའི་རྩེ་མོ་མན་ཆད་དུ་སྐྱེ་བར་འགྱུར་བ་སྟེ། ཟག་པ་མེད་པའི་ཏིང་ངེ་འཛིན་རྣམས་ནི་མ་གཏོགས་སོ། །རྟོག་པ་མེད་པ་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཇི་ལྟ་བུ་ཞེ་ན། རྟོག་པ་དང་དཔྱོད་པ་གཉིས་ལ་སེམས་ལྷག་པར་བཏང་སྙོམས་སུ་བཞག་ནས། གལ་ཏེ་ངང་གཅིག་གིས་ནང་གི་དམིགས་པ་ལ་མོས་ལ། ངང་གཅིག་ཏུ་ཡང་དག་པར་སྣང་བའོ། །ཆུང་
བའི་ཏིང་ངེ་འཛིན་གང་ཞེ་ན། དམིགས་པས་ཆུང་བ་སྟེ། ཡུལ་གྱི་གཟུགས་ཆུང་ངུ་མཐོང་བའི་ཕྱིར་རམ། ཡང་ན་ཡིད་ལ་བྱེད་པས་ཆུང་བ་སྟེ། དད་པ་དང་འདུན་པ་དང༌། མོས་པ་ཆུང་བའི་ཕྱིར་རོ། །ཆེན་པོར་གྱུར་པའི་ཏིང་ངེ་འཛིན་གང་ཞེ་ན། དམིགས་པའི་སྒོ་ནས་ཆེ་བ་སྟེ། དེ་ཡང་གཟུགས་ཕལ་མོ་ཆེ་མཐོང་བའི་ཕྱིར་ཡིན་གྱི། མཐའ་ཡས་མུ་མེད་པ་མཐོང་བ་ནི་མ་ཡིན་ནོ། །ཡང་ན་ཡིད་ལ་བྱེད་པ་ཆེན་པོར་གྱུར་པས་ཏེ། དད་པ་དང་འདུན་པ་དང༌། མོས་པ་ཆེ་བའི་ཕྱིར་ཡིན་གྱི། དད་པ་དང་འདུན་པ་དང༌། མོས་པ་མཐའ་ཡས་མུ་མེད་པའི་ཕྱིར་ནི་མ་ཡིན་ནོ། །ཚད་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། དམིགས་པ་ལས་གཟུགས་མཐའ་ཡས་མུ་མེད་པ་མཐོང་བའི་ཕྱིར་རམ། ཡང་ན་ཡིད་ལ་བྱེད་པས་དད་པ་དང༌། འདུན་པ་དང༌། མོས་པ་མཐའ་ཡས་མུ་མེད་པའི་ཕྱིར་རོ། །དེ་ལ་ཆེན་པོར་གྱུར་པའི་སེམས་ཀྱི་ཏིང་ངེ་འཛིན་ནི། ལྷ་འོད་ཅན་རྣམས་ལྷ་འོད་ཅན་རྣམས་ཤེས་ཤིང་དྲུང་གཅིག་ཙམ་དུ་མོས་པར་བྱེད་པ་ནས་རྒྱ་ཆེར་འབྱུང་བའོ། །ཚད་མེད་པ་རྣམས་ནི་ཚད་མེད་པ་བཞི་པོ་རྣམས་སོ། །ལྷ་འོད་ཅན་རྣམས་ལྷ་འོད་ཅན་རྣམས་ཤེས་ཤིང་དྲུང་གཅིག་ཙམ་དུ་ཇི་ལྟར་མོས་ཤེ་ན། འདོད་པའི་ཁམས་སུ་ན་ཕྱུང་ནས་བསམ་གཏན་དང་པོ་ཐོབ་སྟེ། ཏིང་ངེ་འཛིན་དེ་ཡོངས་སུ་དག་པར་བྱ་བའི་ཕྱིར་བརྩོན་ཞིང༌། དེས་ལྷ་འོད་ཅན་རྣམས་ཞེས་བྱ་བ་ཡང་ཐོས་ཏེ། དེས་དེ་དག་གི་ལུས་ཀྱི་སྣང་བའི་མཚན་མ་ཡིད་ལ་བྱེད་ཅིང་ཤིང་དྲུང་གཅིག་ནས། སའི་སྟེང་རྒྱ་མཚོའི་མཐར་ཐུག་པའི་བར་དུ་མོས་པར་བྱེད་དེ། ཏིང་ངེ་འཛིན་གོང་ནས་གོང་དུ་ཆེན་པོར་འགྱུར་བས་ན། དེའི་ཁྱད་པར་དུ་གྱུར་པས། སྐྱེ་བའི་ཁྱད་པར་དུ་འགྱུར་རོ། །ཡིད་ལ་བྱེད་པའི་རིམ་པར་ཇི་ལྟར་འགྱུར་ཞེ་ན། གང་ཇི་ཙམ་དུ་མོས་པར་བྱེད་པ། དེའི་ཡིད་ལ་བྱེད་པ་ཡང་དེ་ཙམ་དུ་གདགས་པར་འགྱུར་རོ། །ཡིད་ལ་བྱེད་པའི་རིམ་པ་ལ་བརྟེན་ནས། བསྒོམ་པའི་རིམ་པར་ཇི་ལྟར་འགྱུར་ཞེ་ན། ཡིད་ལ་བྱེད་པ་དེ་ཉིད་ཀྱི་དབང་གིས་ཏིང་ངེ་འཛིན་དེ་ཉིད་ཀྱི་བསྒོམ་པའི་ཁྱད་པར་གདགས་པར་འགྱུར་ཏེ། ཆེས་ཤིན་ཏུ་ཡོངས་སུ་དག་པར་འགྱུར་བའི་ཕྱིར་རོ། །
བསྒོམ་པའི་རིམ་པ་ལ་བརྟེན་ནས་ཇི་ལྟར་ལམ་གྱི་རིམ་པ་གདགས་པར་འགྱུར་ཞེ་ན། ཇི་ལྟ་ཇི་ལྟར་ཏིང་ངེ་འཛིན་ཆེས་ཤིན་ཏུ་བསྒོམས་པར་གྱུར་པ་དེ་ལྟ་དེ་ལྟར་སྐྱེ་བའི་རྒྱུའི་ཁྱད་པར་གདགས་པར་འགྱུར་རོ། །ལམ་གྱི་རིམ་པ་ལ་བརྟེན་ནས་ཇི་ལྟར་གང་ཟག་གི་རིམ་པ་གདགས་པར་འགྱུར་ཞེ་ན། རྒྱུ་དེས་སེམས་ཅན་དེར་སྐྱེས་པ་རྣམས་མཐོན་དམན་དང་བཟང་ངན་དུ་གདགས་པར་འགྱུར་རོ། །བསམ་གཏན་དང་པོ་དང༌། གཉིས་པའི་འོད་ལ་བྱེ་བྲག་ཅི་ཡོད་ཅེ་ན། དཔེར་ན་ནོར་བུ་ནི་ཕྱི་རོལ་ན་འོད་ཡོད་ལ། ནོར་བུ་ཉིད་འོད་མ་ཡིན་པ་དེ་བཞིན་དུ། བསམ་གཏན་དང་པོ་པའི་ལུས་ལས་ཕྱི་རོལ་ན་འོད་ཡོད་ལ། ལུས་ཉིད་ནི་འོད་མ་ཡིན་ནོ། །ཇི་ལྟར་མར་མེ་ནི། ཕྱི་རོལ་ན་ཡང་འོད་ཡོད་ལ། མར་མེ་ཉིད་ཀྱང་འོད་ཡིན་པ་དེ་བཞིན་དུ། བསམ་གཏན་གཉིས་པའི་ལུས་ཀྱང་འོད་ཡིན་པར་རིག་པར་བྱའོ། །དེ་བས་ན་དེ་ལ་ནི་ལུས་གཅིག་ཅེས་བྱའི་སྔ་མ་ལ་ནི་མ་ཡིན་ནོ། །ཚད་མེད་པ་བཞི་ཇི་ལྟར་རྣམ་པར་གཞག་ཅེ་ན། སེམས་ཅན་སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པ་དང༌། སྡུག་བསྔལ་དང་ལྡན་པ་དང༌། བདེ་བ་དང་ལྡན་པ་རྣམ་པ་གསུམ་ཡོད་དེ། དེ་དག་ནི་བདེ་བ་འདོད་པ་དང༌། སྡུག་བསྔལ་དང་བྲལ་བར་འདོད་པ་དང༌། བདེ་བ་དང་མི་འབྲལ་བར་འདོད་པ་དང་གོ་རིམས་བཞིན་ནོ། །དེ་དག་ལ་ཉེ་བར་བསྒྲུབ་པ་རྣམ་པ་བཞིས་བཞིར་རྣམ་པར་གཞག་སྟེ། གསུམ་ནི་བདེ་བ་ཉེ་བར་བསྒྲུབ་པ་དང༌། སྡུག་བསྔལ་བསྩལ་བ་ཉེ་བར་བསྒྲུབ་པ་དང༌། བདེ་བ་དང་མ་བྲལ་བ་ལ་རྗེས་སུ་ཡི་རང་བ་ཉེ་བར་བསྒྲུབ་པ་གསུམ་དང་གོ་རིམས་བཞིན་ནོ། །བཏང་སྙོམས་ནི་བདེ་བ་འདོད་པ་ལ་སོགས་པ་གསུམ་པོ་དེ་དག་ཉིད་ཀྱིས་མི་དགའ་ཞིང་འདོད་པའི་ཀུན་ནས་ཉོན་མོངས་པ་མེད་པར་ཉེ་བར་བསྒྲུབ་པ་དང༌། ཞེ་སྡང་གི་ཀུན་ནས་ཉོན་མོངས་པ་མེད་པར་ཉེ་བར་བསྒྲུབ་པ་དང༌། འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པ་མེད་པར་ཉེ་བར་བསྒྲུབ་པས་རྣམ་པར་གཞག་གོ །བྱམས་པ་དང་ལྡན་པའི་སེམས་ཞེས་རྒྱ་ཆེར་འབྱུང་བ་དེ་ལ། བྱམས་པ་དང་ལྡན་པ་ནི་ཕན་འདོགས་པས་ཉེ་བར་གནས་པའི་ཕྱིར་རོ། །ཕན་འདོགས་པའི་མཚན་ཉིད་ནི་མཛའ་བའོ། །ཕན་འདོགས་པ་ཡང་
རྣམ་པ་གཉིས་ཏེ། ཕན་པ་ཉེ་བར་བསྒྲུབ་པ་དང༌། བདེ་བ་ཉེ་བར་བསྒྲུབ་པ་སྟེ། དེ་གཉིས་ཀྱང་ཚད་མེད་པ་ཐམས་ཅད་ཀྱིས་བསྟན་ཏོ། །ཁོ་ན་མེད་པ་ཞེས་བྱ་བ་ནི། རབ་ཏུ་སྡང་བའི་བསམ་པ་མེད་པའི་ཕྱིར་རོ། །འགྲན་ཟླ་མེད་པ་ཞེས་བྱ་བ་ནི། མི་མཐུན་པ་མེད་པའི་ཚུལ་དུ་གནས་པའི་ཕྱིར་རོ། །གནོད་པ་མེད་པ་ཞེས་བྱ་བ་ནི་གནོད་པར་བྱ་བ་རྣམ་པར་མི་སྤྱོད་པའི་ཕྱིར་རོ། །ཡངས་པ་ཞེས་བྱ་བ་ནི། དམིགས་པ་ཆེ་བའི་ཕྱིར་རོ། །ཆེན་པོར་གྱུར་པ་ཞེས་བྱ་བ་ནི། ཕན་པ་དང་བདེ་བ་ཉེ་བར་བསྒྲུབ་པ་གཙོ་བོར་གྱུར་པའི་ཕྱིར་རོ། །ཚད་མེད་པ་ཞེས་བྱ་བ་ནི་འབྲས་བུ་ཚད་མེད་པའི་ཕྱིར་ཏེ། ཆུ་ཀླུང་ཆེན་པོ་བཞི་འདྲེས་པ་བཞིན་ནོ། །ཤིན་ཏུ་བསྒོམས་པ་ཞེས་བྱ་བ་ནི་ཤིན་ཏུ་ཡོངས་སུ་བྱང་བའི་ཕྱིར་རོ། །བྱམས་པ་དང་ལྡན་པ་ལ་སོགས་པའི་སེམས་ཇི་ལྟ་བུས་གནས་ཤེ་ན། སྨྲས་པ། མོས་ཏེ་ཁྱབ་པར་བྱས་ནས་བསྒྲུབས་ཏེ་ཞེས་བྱ་བ་ནི། ལྷག་པའི་བསམ་པས་མོས་ཏེ། ཁྱབ་པར་བྱས་ཏེ་ཞེས་བྱ་བའི་ཐ་ཚིག་གོ །བསྒྲུབས་ཏེ་ཞེས་བྱ་བ་ནི། ཡོངས་སུ་དག་པར་བྱས། ཡོངས་སུ་བྱང་བར་བྱས་པའོ། །གནས་སོ་ཞེས་བྱ་བ་ནི། ཉིན་མཚན་འདའ་བར་བྱེད་པའི་ཚུལ་གྱིས་དུས་འདའ་བར་བྱེད་པའི་ཕྱིར་རོ། །བྱམས་པ་བསྒོམ་པ་ནི། དགེ་བའི་མཆོག་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་དེ། ཅི་ལས་དགོངས་ཏེ་གསུངས་ཤེ་ན། འདི་ལྟ་སྟེ། བསམ་གཏན་གསུམ་པ་ནི། བདེ་བ་རྣམས་ཀྱི་མཆོག་ཡིན་པས་ན། དེ་ཉེ་བར་བསྒྲུབ་པ་ཡོངས་སུ་བསྒོམས་པའི་བྱམས་པ་ཡང་མཆོག་ཡིན་ཏེ། དེ་བས་ན་དགེ་བའི་མཆོག་ཅེས་བྱའོ། །སྙིང་རྗེ་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབ་པ་ཡོངས་སུ་བསྒོམས་པས་མཆོག་ཡིན་ལ། དེ་ཡང་སྡུག་བསྔལ་བསྩལ་བ་ཉེ་བར་བསྒྲུབ་པའི་བསམ་པ་དང་ལྡན་པའི་ཕྱིར་རོ། །དེ་བས་ན་གཟུགས་མེད་པ་དག་ན་དེ་གཏན་མེད་དེ། གཅད་པ་དང་དབུག་པ་ལ་སོགས་པའི་སྡུག་བསྔལ་མེད་པའི་ཕྱིར། སྙིང་རྗེ་ལ་སྙོམས་པར་ཞུགས་པས་སྡུག་བསྔལ་དང་ལྡན་པའི་སེམས་ཅན་དེ་དག་གང་ན་སྡུག་བསྔལ་རྟེན་དང་བཅས་པར་མེད་པའི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དེ་ཉིད་དུ་སྐྱེ་བར་
གྱུར་ཅིག་ཅེས་ཉེ་བར་སྒྲུབ་པར་བྱེད་དོ། །དགའ་བ་ལ་སྙོམས་པར་ཞུགས་པས་ནི། སེམས་ཅན་བདེ་བ་དང་ལྡན་ཞིང་དགའ་བ་ཐོབ་པ་རྣམས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་བསྒྲུབ་སྟེ། སེམས་ཅན་འདི་དག་གི་བདེ་བ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཇི་ཙམ་དུ་ཆད་མེད་པ་དེ་ཙམ་དུ་ཚད་མེད་པར་གྱུར་ཅིག་སྙམ་སྟེ། དེ་ལྟར་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་པས་ཡོངས་སུ་བསྒོམས་པའི་དགའ་བ་ནི་མཆོག་ཡིན་ནོ། །འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་འདི་ནི་ཟག་པ་མེད་པའི་སེམས་ཀྱིས་སའི་མཐའ་ཡིན་ཏེ། དེ་ནི་བཏང་སྙོམས་རྣམས་ཀྱི་མཆོག་ཡིན་ནོ། །དེ་བས་ན་ཇི་ལྟར་དགེ་སློང་དགྲ་བཅོམ་པ་བདེ་བ་དང༌། སྡུག་བསྔལ་བ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་སྤྱོད་པ་ཐམས་ཅད་ལ་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དེ་བཞིན་དུ། སེམས་ཅན་འདི་དག་ཀྱང་དེ་ལྟར་གྱུར་ཅིག་སྙམ་སྟེ། བཏང་སྙོམས་ལ་སྙོམས་པར་ཞུགས་པས། ཅི་ཡང་མེད་པའི་སྐྱེ་མཆེད་དེ་ཉེ་བར་སྒྲུབ་པར་བྱེད་དོ། །དེ་བས་ན་ཅི་ཡང་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་པས་ཡོངས་སུ་བསྒོམས་པའི་བཏང་སྙོམས་མཆོག་ཡིན་ཏེ། འཕགས་པའི་རྣམ་པ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་འདི་དག་ཐམས་ཅད་ནི། འཕགས་པ་ཁོ་ནས་བསྒོམ་པར་ནུས་སོ། །ཆ་གཅིག་བསྒོམས་པའི་ཏིང་ངེ་འཛིན་གང་ཞེ་ན། གང་ལ་སྣང་བའི་མཚན་མའམ། ཡང་ན་གཟུགས་ཀྱི་མཚན་མ་ཡིད་ལ་བྱས་ནས་སྙོམས་པར་འཇུག་པ་སྟེ། དེ་གཉིས་ཀྱིས་གོ་རིམས་བཞིན་དུ་སྣང་བ་ཡང་དག་པར་ཤེས་པའམ། ཡང་ན་གཟུགས་མཐོང་བར་འགྱུར་བའོ། །གཉིས་ཀའི་ཆ་བསྒོམས་པའི་ཏིང་ངེ་འཛིན་གང་ཞེ་ན། གཉིས་ཀ་ཡིད་ལ་བྱས་ནས་སྙོམས་པར་འཇུག་སྟེ། དེས་ནི་སྣང་བ་ཡང་དག་པར་ཤེས་ལ། གཟུགས་རྣམས་ཀྱང་མཐོང་ངོ༌། །དེ་ལྟར་སྣང་བ་ཡོངས་སུ་བསྒོམས་པའི་ཏིང་ངེ་འཛིན་ལ་ནི། ཐེ་ཚོམ་ལ་སོགས་པས་རྣམ་པ་བཅུ་གཅིག་བར་དུ་གཅོད་པར་རིག་པར་བྱ་སྟེ། མདོ་ལས་རྒྱ་ཆེར་ཇི་སྐད་འབྱུང་བ་བཞིན་ནོ། །དེ་དག་ཏིང་ངེ་འཛིན་གྱི་མཚན་མ་གང་ལ་སྒྲིབ་ཅེ་ན། དམིགས་པའི་མཚན་མ་དང༌། གཞིའི་མཚན་མ་རྣམ་པ་གཉི་ག་ལ་ཡང་
སྒྲིབ་སྟེ། གང་ལ་བརྟེན་ནས་ཏིང་ངེ་འཛིན་གནས་པར་འགྱུར་བའི་མཚན་མ་དེ་ལས་ཉམས་ན་གནས་པར་མི་འགྱུར་བའི་ཕྱིར་རོ། །དེ་ལ་ཐོག་མར་མ་བསམས་པར་གཟུགས་སྣང་བ་མཐོང་བ་ལས་ནི་ཐེ་ཚོམ་ཟ་བར་འགྱུར་རོ། །བརྩོན་པ་ལྷོད་པ་ལས་ནི་ཡིད་ལ་མི་བྱེད་པར་འགྱུར་ཏེ། དཔེར་ན་གཟུགས་རྣམས་ལ་ལྟ་བར་མི་འདོད་པ་ནི། ཡང་ན་མིག་འཛུམས་པར་བྱེད་དམ། ཡང་ན་གདོང་གུད་དུ་སྒྱུར་བ་དེ་བཞིན་དུ། དེ་ཡང་གཟུགས་དེ་དག་ཡིད་ལ་མི་བྱེད་པར་འགྱུར་རོ། །དབང་པོའི་སྒོ་མ་བསྡམས་པ་ལ་སོགས་པ་ནི་ལུས་ཀྱི་གནས་ངན་ལེན་དུ་འགྱུར་རོ། །ཧ་ཅང་གཉིད་མ་ལོག་པའམ། ཡང་ན་གཉིད་བསྟེན་དྲགས་པས་ནི་གློང་སྟེ། རྨུགས་པ་དང་གཉིད་དུ་འགྱུར་རོ། །གཟུགས་རྣམས་མི་མཐོང་ངམ། ཡང་ན་ཚང་བར་མི་མཐོང་བ་ལ། དེ་གཉི་གའི་ཕྱིར་ཤིན་ཏུ་རྩོལ་བར་བྱེད་དེ། ཧ་ཅང་བཏུད་དེ་ཡིད་ལ་བྱེད་པའི་ཕྱིར་ཧ་ཅང་བརྟུན་ངས་པར་འགྱུར་རོ། །ཧ་ཅང་བརྟུན་ངས་པའི་ཉེས་པས་ནི་ཧ་ཅང་ཞུམ་པར་བྱེད་དེ། བྱ་ཁུག་རྟ་བཙིར་བ་བཞིན་ནོ། དེ་སྣང་བ་ཙམ་ཞིག་འདོད་པ་ལས། གཟུགས་མཐོང་བ་དང་ལྷན་ཅིག་ཏུ་འབྱུང་སྟེ། གཅིག་འདོད་པ་ལས་གཉིས་རྙེད་པའི་ཕྱིར། གཉེར་གྱི་སྒོ་གཉིས་རྙེད་པ་བཞིན་དུ། ཤིན་ཏུ་དགའ་བར་འགྱུར་རོ། །གློ་བུར་དུ་ཕྱོགས་ཀུན་ཏུ་གཟུགས་བཟང་པོ་ཅིག་ཅར་མཐོང་ན་སྔར་བར་འགྱུར་ཏེ། གློ་གཉི་ག་ནས་སྲེག་པར་འཕུར་བ་བཞིན་ནོ། །དེ་འགྲོ་ཡང་རུང་གནས་ཀྱང་རུང་སྟེ། འཇིག་རྟེན་གྱི་སྣ་ཚོགས་དག་ལ་འདུ་ཤེས་སྣ་ཚོགས་སུ་འགྱུར་ན། ཕྱི་རོལ་དུ་འདུ་ཤེས་པ་དེ་ནི་དེའི་ཏིང་ངེ་འཛིན་ལ་བར་དུ་གཅོད་པར་བྱེད་དོ། །ཡང་ན་ཏིང་ངེ་འཛིན་དེས་བདག་ཉིད་ནི་མཆོག་ཏུ་མཐོང་ལ། གཞན་ནི་དམའ་བར་བདག་ཉིད་ཀུན་ཏུ་འཛིན་པར་བྱེད་ན། དེ་ཡང་འདུ་ཤེས་སྣ་ཚོགས་ཡིན་ནོ། །ཧ་ཅང་སྨྲ་བ་ལ་བརྩོན་པའམ། ཡང་ན་ཧ་ཅང་ཡུན་རིང་དུ་རྟོག་པ་ལས་ནི་ལུས་ངལ་བར་འགྱུར་ལ། སེམས་ཀྱང་ཏིང་ངེ་འཛིན་དུ་མི་རུང་བས་ན། ཧ་ཅང་སྨྲ་བ་མང་ན་ཡང་བར་དུ་གཅོད་པ་ཡིན་ནོ། །དེ་ནས་སྣང་བའི་མཚན་མ་དང༌། གཟུགས་སྣང་བ་བྱུང་ན་ཡང༌། ནང་གི་རྣལ་འབྱོར་ལ་འཇུག་པའི་ཡིད་ལ་བྱེད་
པ་བོར་ནས། ཕྱི་རོལ་དུ་འཇུག་པར་བྱེད་ཅིང༌། གཟུགས་རྣམས་ལ་རྟོག་པར་བྱེད་པའི་ཕྱིར། མངོན་པར་རྟོགས་པ་དེ་ཡང་ཏིང་ངེ་འཛིན་གྱི་བར་དུ་གཅོད་པ་སྟེ། འདི་དག་ནི་མཐུན་མཐུན་དུ་ཏིང་ངེ་འཛིན་གྱི་དམིགས་པ་དང༌། གཞི་ལ་བར་དུ་གཅོད་པར་རིག་པར་བྱ་སྟེ། དེ་དག་ཀྱང་གོ་རིམས་བཞིན་དུ་དམིགས་པ་དང༌། གཞིའི་མཚན་མ་རྣམས་ལས་ཉམས་པར་བྱེད་པའི་ཕྱིར་རོ། །ཁ་ཅིག་ནི་གཉི་གའི་མཚན་མ་ལས་ཉམས་པར་བྱེད་དོ། །དགའ་བ་དང་ལྡན་པའི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་དང་པོ་དང་གཉིས་པའི་ཏིང་ངེ་འཛིན་གང་ཡིན་པའོ། །བདེ་བ་དང་ལྡན་པའི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་གསུམ་པའི་འོ། །བཏང་སྙོམས་དང་ལྡན་པའི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་བཞི་པ་ཡན་ཆད་དོ། །ཚེ་འདི་ལ་བདེ་བར་གནས་པར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་གང་ཞེ་ན། ཚེ་འདི་ལ་བདེ་བར་གནས་པ་བཞི་པོ་རྣམས་ཀྱི་སྦྱོར་བའི་ལམ་ལ་ཏིང་ངེ་འཛིན་བསྒོམ་པ་གང་ཡིན་པའམ། དངོས་གཞི་ཡོངས་སུ་མ་དག་ཅིང༌། ཡོངས་སུ་མ་བྱང་བ་རྣམས་ལ་ཏིང་ངེ་འཛིན་བསྒོམ་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་སྔོན་མ་བྱུང་བ་ལ་སྙོམས་པར་འཇུག་པའི་དོན་དུ་བསམ་གཏན་དང་པོ་ལ་སྦྱོར་བའི་ལམ་གསུངས་སོ། །ཡེ་ཤེས་མཐོང་བ་ཐོབ་པར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་གང་ཞེ་ན། དེ་ལ་དགེ་སློང་གིས་སྣང་བའི་མཚན་མ་ལེགས་པར་རབ་ཏུ་ཤིན་ཏུ་བཟུང་བར་གྱུར་ཅེས་བྱ་བ་མདོ་ལས་བྱུང་བ་བཞིན་དུ་སྦྱར་ཏེ། དེ་ཉིད་ནི་ལྷའི་མིག་མངོན་པར་བསྒྲུབ་པའི་སྦྱོར་པའི་ལམ་ལས་བལྟ་བར་བྱའོ། །དེ་ལ་ལྷའི་མིག་གིས་གཟུགས་རྣམས་ལ་ལྟ་ཞིང༌། མངོན་སུམ་དུ་བྱེད་པ་གང་ཡིན་པ་དེ་ནི་མཐོང་བའོ། །འདི་ལྟར་ལྷ་དེ་དག་ནི། མིང་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ་ཞེས་བྱ་བར་ཤེས་པ་གང་ཡིན་པ། ལྷའི་ཆེད་དུ་གསུངས་པའི་མདོ་ལས་རྒྱ་ཆེར་འབྱུང་བ་དེ་ནི་ཡེ་ཤེས་སོ། །ཤེས་རབ་རབ་ཏུ་དབྱེ་བར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་གང་ཞེ་ན། སྦྱོར་བའི་ལམ་ལ་བདེན་པ་མངོན་པར་རྟོགས་པར་རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཏིང་ངེ་འཛིན་བསྒོམ་པ་གང་
ཡིན་པའོ། །ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་གང་ཞེ་ན། སྦྱོར་བའི་ལམ་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་གང་ཡིན་པའོ། །འཕགས་པའི་ཤེས་པ་ལྔ་དང་ལྡན་པའི་ཏིང་ངེ་འཛིན་གང་ཞེ་ན། བདག་གི་ཏིང་ངེ་འཛིན་འདི་ནི་འཕགས་པ་ཟང་ཟིང་མེད་པ། ཕུང་པོ་མེད་པ་ཞེས་མདོ་ལས་རྒྱ་ཆེར་འབྱུང་བ་བཞིན་ནོ། །དེས་ཤེས་པ་ལྔ་ཡོངས་སུ་བསྟན་ཏེ། འདི་ལྟ་སྟེ། ངོ་བོ་ཉིད་དང༌། གང་ཟག་དང༌། ཡོངས་སུ་དག་པ་དང༌། འབྲས་བུ་དང༌། སྙོམས་པར་འཇུག་པ་དང༌། ལྡང་བའི་མཚན་མ་རྣམས་ཞེས་བྱའོ། །དེ་ལ་འཕགས་པ་ཞེས་བྱ་བ་ནི། དགེ་བའི་འཕགས་པ་དང༌། ཟག་པ་མེད་པའི་འཕགས་པའི་ཕྱིར་རོ། །ཟང་ཟིང་མེད་པ་ཞེས་བྱ་བ་ནི་དགེ་བའི་འཕགས་པ་ཉིད་དུ་སྟོན་པར་བྱེད་དོ། །ཕུང་པོ་མེད་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་འཕགས་པ་ཉིད་དུའོ། །སྐྱེས་བུ་ངན་པ་མ་ཡིན་པས་བསྟེན་པ་ཞེས་བྱ་བ་ནི་འཕགས་པ་སངས་རྒྱས་རྣམས་དང༌། དེའི་ཉན་ཐོས་རྣམས་ཀྱིས་བསྟེན་པའོ། །ཤེས་པ་རྣམས་ཀྱིས་བསྔགས་པ་ཞེས་བྱ་བ་ནི་དེ་དག་ཉིད་ཀྱིས་སོ། །ཤེས་པ་རྣམས་ཀྱིས་མ་སྨད་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་བསྔགས་པ་སྟེ། དཔེར་ན་བསམ་གཏན་དང་པོ་ནི་གོང་དུ་འགྲོ་བར་བརྩོན་པའི་ཕྱིར། སྔར་ཞི་བའོ་ཞེས་བསྔགས་ལ། ཕྱིས་ནི་རགས་པའོ་ཞེས་རྣམ་པར་སྨད་པ་དེ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་དེའི་མི་མཐུན་པའི་ཕྱོགས་ཀྱི་ཉོན་མོངས་པ་ཉེ་བར་ཞི་བའི་ཕྱིར་རོ། །གྱ་ནོམ་པ་ཞེས་བྱ་བ་ནི་རང་གིས་པའི་ཉོན་མོངས་པས་རོ་མྱོང་བར་མི་བྱེད་པའི་ཕྱིར་རོ།། ཤིན་ཏུ་སྦྱངས་པའི་ལམ་ཐོབ་པ་ཞེས་བྱ་བ་ནི། ཡོངས་སུ་ཉམས་པར་མི་འགྱུར་བའི་ལམ་ཐོབ་པའི་ཕྱིར་རོ། །སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ཐོབ་པ་ཞེས་བྱ་བ་ནི་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ས་ཐོབ་པའི་ཕྱིར་རོ། །ད་ལྟར་བྱུང་བ་ནི་བདེ་བ་ཞེས་བྱ་བ་ནི་ཚེ་འདི་ལ་བདེ་བར་གནས་པའི་ཕྱིར་རོ། །ཕྱི་མ་ལ་རྣམ་པར་སྨིན་པ་བདེ་བ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱེད་པའི་ཕྱིར་རོ། །དྲན་བཞིན་དུ་སྙོམས་པར་འཇུག་ཅེས་བྱ་བ་ནི་ཏིང་ངེ་འཛིན་གྱི་མཚན་མ་ལེགས་པར་གཟུང་བ་མ་བརྗེད་པའི་ཕྱིར་རོ། །དྲན་བཞིན་དུ་ལྡང་ཞེས་བྱ་བ་
ནི་ལྡང་བའི་མཚན་མ་ལེགས་པར་གཟུང་བ་མ་བརྗེད་པའི་ཕྱིར་རོ། །ཡན་ལག་ལྔ་དང་ལྡན་པའི་ཏིང་ངེ་འཛིན་གང་ཞེ་ན། འདི་ན་དགེ་སློང་ལུས་དེ་ཉིད་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བྱ་བ་ནི་བསམ་གཏན་དང་པོའི་ས་པས་སོ། །དེ་ལ་དགའ་བས་ནི་མཉན་པར་བྱེད་དོ། །བདེ་བས་ནི་ཡོངས་སུ་མཉན་པར་བྱེད་དོ། །སྦྱོར་བའི་མཐར་ཐུག་པའི་ཡིད་ལ་བྱེད་པའི་ཚེ་ནི་ཀུན་ཏུ་ཁྱབ་པར་བྱེད་དོ། །ཡིད་ལ་བྱེད་པ་སྔ་མ་དག་གི་ཚེ་ནི་ཡོངས་སུ་ཚིམ་པར་བྱེད་དོ། །དེ་དག་གི་ཚེ་ན་ཡང་དགའ་བ་དང་བདེ་བ་ནི་སྐབས་སྐབས་སུ་འབྱུང་བར་ཟད་དོ། །བསྟན་པ་ཡང་མ་ཡིན་ལ་ཡོངས་སུ་རྫོགས་པར་ཡང་མ་ཡིན་ནོ། །སྦྱོར་བའི་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པའི་ཚེ་ནི་དེས་ཅི་ཡང་ཁྱབ་པར་མ་གྱུར་པའམ། ཁྱབ་པར་བྱ་བ་མེད་དོ། །དེ་ལ་ཁྲུས་མཁན་ནམ། ཁྲུས་མཁན་གྱི་སློབ་མ་མཁས་པ་ཇི་ལྟ་བ་དེ་བཞིན་དུ་ནི་རྣལ་འབྱོར་སྤྱོད་པ་བལྟ་བར་བྱའོ། །ཁར་བའི་སྣོད་དམ། གཞོང་བུའམ། ཉ་ཕྱིས་ཞེས་བྱ་བ་ནི་འདོད་པ་རྣམས་ལས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ལས་བརྩམས་པའི་གདམས་ངག་རྗེས་སུ་བསྟན་པ་ཡིན་པར་བལྟའོ། །ཁྲུས་ཀྱི་ཆལ་འདག་ཞིབ་མོ་ཞེས་བྱ་བ་ནི་དེ་དང་མཐུན་པ་ངེས་པར་འབྱུང་བ་ལ་སོགས་པའི་རྟོག་པ་རྣམས་ཡིན་པར་བལྟའོ། །ཆུས་གཏོར་ཏེ་བརླན་ཞེས་བྱ་བ་ནི་རྟོག་པ་ཡོངས་སུ་དག་པའི་ལམ་ཡིན་པར་བལྟའོ། །ཆལ་གྱི་གོང་བུ་ཞེས་བྱ་བ་ནི་ལུས་ཡིན་པར་བལྟའོ། །དེ་མཉེན་པོ་ནི་དགའ་བ་དང་ལྡན་པའི་ཕྱིར་རོ། །མཉེན་པ་དང་ལྡན་པ་ནི་བདེ་བ་དང་ལྡན་པའི་ཕྱིར་རོ། །ཕྱི་ནང་བཅས་པར་ཁྱབ་ཅེས་བྱ་བ་ནི་རྒྱུན་མི་འཆད་པར་དགའ་བ་དང་བདེ་བ་དང་ལྡན་པ་སྟོན་པར་བྱེད་དོ། །མི་འཐོར་བ་ཞེས་བྱ་བ་ནི་རྣམ་པར་མི་གཡེང་བའི་ཕྱིར་རོ། །མི་འཛག་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་མེད་པས་རོ་མྱོང་བར་མི་བྱེད་པའི་ཕྱིར་རོ། །གཉིས་པ་ལ་ཡང་དཔེའི་བྱེ་བྲག་ཡོད་པར་བལྟ་སྟེ། དེ་ལ་རི་ལྟ་བུ་ནི་རྟོག་པ་དང་བཅས་པའི་ཏིང་ངེ་འཛིན་ཏོ། །དེའི་སྤྱི་བོ་ལྗོང་བ་ནི་བསམ་གཏན་གཉིས་པའི་རྟོག་པ་མེད་པ་སྟེ། དམིགས་པ་ལ་རོ་གཅིག་ཏུ་མོས་པའི་ཕྱིར་རོ། །མཚོ་བྲན་ནི་ནང་ཡང་དག་པར་དང་བའི་ཕྱིར་རོ། །ཆུ་མིག་ནི་གློ་
ནས་ཆུ་འབྱུང་བ་གང་ཡིན་པའོ། །བཀོད་མ་ནི་ཆུ་གྱེན་དུ་འབྱུང་བ་གང་ཡིན་པ་སྟེ། དེ་གཉིས་ཀྱིས་ནི་གོ་རིམས་བཞིན་དུ་དགའ་བ་དང་བདེ་བ་བསྟན་ཏོ། །མཉེན་པར་བྱེད་པ་ལ་སོགས་པའི་རྣམ་གྲངས་ནི་སྔ་མ་བཞིན་ནོ། །མ་ཁྱབ་པ་མེད་ཅེས་བྱ་བ་ནི་རྒྱུན་མི་འཆད་པར་སྦྱོར་བའི་ཕྱིར་རོ། །གསུམ་པ་ལ་ཡང་དཔེའི་བྱེ་བྲག་ཡོད་དེ། དེ་ལ་དགའ་བ་མེད་པའི་བདེ་བ་ནི་ཨུཏྤལ་སོགས་པ་ཇི་ལྟ་བ་བཞིན་ནོ། །དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་དང༌། ལུས་ཀྱང་དགའ་བ་མེད་པའོ། །རྟོག་པ་མེད་པ་དང༌། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ནི་ཆུ་ལྟ་བུའོ། །དགའ་བ་ནི་ཤིན་ཏུ་དགའ་བར་བྱེད་པ་སྟེ། དེ་མེད་པའི་ཕྱིར་སྦུབས་ནུབ་པ་ཞེས་གསུངས་སོ། །བཞི་པ་ལ་ཡང་དཔེའི་བྱེ་བྲག་ཡོད་དོ། །དེ་ལ་ཡོངས་སུ་དག་པའི་སེམས་ཀྱིས་ཞེས་བྱ་བ་ནི། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་དང༌། མཚུངས་པར་ལྡན་པས་ཏེ། ས་འོག་མའི་སྐྱོན་ལས་ཡང་དག་པར་འདས་པའི་ཕྱིར་རོ། །ཡོངས་སུ་བྱང་བ་ཞེས་བྱ་བ་ནི། དགེ་བས་རང་གི་ས་པའི་ཀུན་ནས་ཉོན་མོངས་པས་རོ་མྱོང་བ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཁྱིམ་བདག་ལས་དཔེ་བླངས་ཤེ་ན། དེ་ནི་བརྟགས་པ་བག་ཡོད་པའི་རང་བཞིན་ཅན། སེམས་ཤིང་འཇལ་ལ་རྟོག་པ་སྟེ་དེ་ནི་འདུ་བ་དང་འགོད་པ་ཅི་ཡང་མི་ཤེས་པ་མེད་པ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་བཞི་པ་ཡོངས་སུ་དག་པ་ཐོབ་པ་ནི་བརྟགས་པ་བག་ཡོད་པར་འཇུག་པ་སྟེ། །དོན་ཐམས་ཅད་ཤེས་པ་གསལ་པ་ཡིན་ནོ། །མི་བརྒྱད་ཀྱིས་བཏགས་པའམ། མི་དགུས་བཏགས་པ་ཞེས་བྱ་བ་ནི་སྲ་བའི་ཕྱིར། ཤ་སྦྲང་དང་སྦྲང་བུ་ལ་སོགས་པས་མི་ཚུགས་པར་སྟོན་ཏོ། །མགོ་རྐང་བཅས་པར་ཞེས་བྱ་བ་ནི་གོས་སྲབ་མོའམ། ཡང་ན་སྒྲེ་བོར་གྱུར་པའི་ཉེས་པ་འདི་གཉིས་ལས་ཚུགས་པར་འགྱུར་བས་ན་དེ་གཉི་ག་མེད་པར་སྟོན་ཏོ། །དེ་བཞིན་དུ་ཡོངས་སུ་དག་པའི་སེམས་དེས་དེ་ཁྱབ་པས་ན་གཡོ་བ་ཐམས་ཅད་ཀྱིས་མི་ཚུགས་པ་ཡིན་ཏེ། གྲང་བ་དང་ཚ་བ་ནས་འབོད་པ་དང༌། སྨད་པ་རྣམས་དང༌། ཕ་རོལ་གྱིས་ངན་དུ་སྨྲས་པ་དང༌། ལུས་དང་ཡིད་ཀྱི་ཚོར་བ་རྣམས་བཟོད་པ་ཡིན་ནོ། །ལྔ་པ་ལ་ཡང་དཔེའི་བྱེ་བྲག་ཡོད་དེ། སོ་སོར་རྟོག་པའི་
མཚན་མ་ཉིད་ལེགས་པར་རབ་ཏུ་ཞེས་བྱ་བ་ནི་སྔར་བཤད་པར་ཟད་པར་རིག་པར་བྱ་སྟེ། དུས་གསུམ་གྱི་འདུ་བྱེད་རྣམས་ལ་སོ་སོར་རྟོག་གོ །གང་གིས་སོ་སོར་རྟོག་པ་དེ་ལ་ཡང་སོ་སོར་རྟོག་གོ་ཞེས་བྱ་བ་འདི་ནི་དེའི་བསྡུས་པའི་དོན་ཏོ། །འཕགས་པའི་ཏིང་ངེ་འཛིན་དེ་ནི་གང་ཡིན། ཡན་ལག་ལྔ་པ་ནི་ཇི་ལྟར་གཞག་ཅེ་ན། བསམ་གཏན་བཞི་པོ་རྣམས་སུ་འཕགས་པ་རྣམས་ཀྱི་སེམས་རྩེ་གཅིག་པ་ཉིད་དང༌། སོ་སོར་རྟོག་པའི་གནས་སྐབས་ཀྱི་གང་ཡིན་པ་དེ་ནི་འཕགས་པའི་ཏིང་ངེ་འཛིན་ཏོ། །ཚེ་འདི་ལ་བདེ་བར་གནས་པ་བཞི་པོ་དག་གི་སྐབས་ལས་ཡན་ལག་ཏུ་གཞག་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོ་སོར་རྟོག་པའི་སྐབས་ལས། ཀུན་ཏུ་སྦྱོར་བ་ལྷག་མ་རྣམས་སྤང་བའི་ཕྱིར་ཡན་ལག་ལྔར་གཞག་སྟེ། དེ་ལྟར་ན་རྣམ་པ་གཉིས་ཀྱིས་དེ་རྣམ་པར་གཞག་པར་བལྟ་བར་བྱའོ།། །།བམ་པོ་བཅུ་བཞི་པ། འཕགས་པའི་ཡང་དག་པའི་ཏིང་ངེ་འཛིན་རྒྱུ་དང་བཅས་ཡོ་བྱད་དང་བཅས་པ་གང་ཞེ་ན། དེ་ལ་དགེ་བ་དང་ཟག་པ་མེད་པའི་འཕགས་པས་འཕགས་པའོ། །ལམ་གྱི་ཡན་ལག་ལྔ་པོ་དག་ནི་དེའི་རྒྱུ་སྟེ། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བའོ། །ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་གསུམ་ནི་ཡོ་བྱད་དོ། །དེ་དག་བཅོམ་ལྡན་འདས་ཀྱིས་གཅིག་ཏུ་བསྡུས་ནས་ལམ་གྱི་ཡན་ལག་བདུན་ནི་འཕགས་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་རྒྱུ་ཞེས་ཀྱང་བྱ། ཡོ་བྱད་ཅེས་ཀྱང་བྱའོ་ཞེས་གསུངས་ཏེ། དེ་དག་མཐུན་མཐུན་དུ་རིག་པར་བྱའོ། །དེ་ལ་སྔོན་དུ་འགྲོ་བའི་གོ་རིམས་ཀྱི་ཕྱིར་ནི་ལྔ་པོ་དག་རྒྱུ་ཉིད་དོ། །ཏིང་ངེ་འཛིན་གྱི་ཡོ་བྱད་ཀྱི་ཕྱིར་ནི་གསུམ་པོ་དག་ཡོ་བྱད་དོ། །ཡང་དག་པའི་ལྟ་བ་ཇི་ལྟ་བར་སྔོན་དུ་འགྲོ་བ་ཡིན་ཞེ་ན། འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་ཞུགས་པ་ཡོད་དོ་སྙམ་དུ་ཤེས་ནས་མངོན་པར་འབྱུང་པ་ལ་འདུན་པ་སྐྱེད་པར་བྱེད་དེ། ཡང་དག་པའི་ལྟ་བ་ཐོབ་ནས་དེའི་འོག་ཏུ་མངོན་པར་འབྱུང་བའི་ཕྱིར་ཁྱིམ་ན་གནས་པ་ནི་གནོད་པའོ་ཞེས་རྒྱས་པར་ཡང་དག་པར་རྟོག་གོ །དེས་
ན་རབ་ཏུ་བྱུང་སྟེ། ཚུལ་ཁྲིམས་དང༌། འཚོ་བ་ཡོངས་སུ་དག་པར་བྱེད་པས། དེའི་ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དེ་དག་འབྱུང་བར་འགྱུར་རོ། །དེའི་ཡང་དག་པའི་ལྟ་བ་ལ་སོགས་པ་དེ་དག་གི་མི་མཐུན་པའི་ཕྱོགས་ལོག་པར་ལྟ་བ་ལ་སོགས་པ་སྔ་མ་སྤངས་ཏེ། དེས་དགེ་བའི་ཆོས་ལྔ་པོ་དེ་དག་ཉིད་ལ་བརྟེན་ཞིང་གནས་ནས། དེའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་སྤངས་པའི་ཕྱིར། གཞན་གྱི་སྒྲའི་རྒྱུ་ལས་བྱུང་བས་ནི་ཐོས་པ་ལས་བྱུང་བའི་ཡང་དག་པའི་ལྟ་བ་སྐྱེད་པར་བྱེད་དོ། །དེའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་སྤོང་བའི་ཕྱིར། སོ་སོར་རྟོག་པའི་ཚུལ་གྱིས་ཐོས་པ་ལས་བྱུང་བ་ལ་བརྟེན་ནས། ལམ་གྱི་ཚོགས་སུ་གྱུར་པ་བསམས་པ་ལས་བྱུང་བསྐྱེད་དོ། །བསམས་པ་ལས་བྱུང་བ་ལ་བརྟེན་ནས་བསྒོམས་པ་ལས་བྱུང་བ་སྐྱེད་དེ་དེས་ཡང་དག་པའི་ལྟ་བ་དེས། ལོག་པར་ལྟ་བ་ལ་ལོག་པའི་ལྟ་བ་ཡིན་པ་དང༌། ཡང་དག་པའི་ལྟ་བ་ལ་ཡང་དག་པའི་ལྟ་བར་ཡང་དག་པའི་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས། ཡང་དག་པའི་འཚོ་བའི་བར་དུ་ཡོངས་སུ་ཤེས་ནས། ལོག་པར་ལྟ་བ་ལ་སོགས་པ་སྤོང་བ་དང༌། ཡང་དག་པའི་ལྟ་བ་ལ་སོགས་པ་རྫོགས་པར་བྱ་བའི་ཕྱིར་སྤྲོ་བ་སྐྱེད་དོ། །གང་གིས་དེའི་མི་མཐུན་པའི་ཕྱོགས་རྣམས་སྤོང་བ་དང༌། ཆོས་དེ་དག་རྫོགས་པར་བྱ་བ་དེ་ཡང་དག་པར་སྒྲུབ་པར་བྱེད་པ་དེ་ནི། དེའི་ཡང་དག་པའི་དྲན་པ་ཡིན་ནོ། །དྲན་པ་དེ་ཡང་ཏིང་ངེ་འཛིན་གྱི་ཆ་ཡིན་པའི་ཕྱིར། ཏིང་ངེ་འཛིན་དུ་ཡང་ཚུལ་གྱིས་བསྟན་ཏོ། །གང་གི་བར་སྐབས་སུ་ལོག་པར་ལྟ་བ་ལ་སོགས་པ་སྤོང་ཞིང༌། ཡང་དག་པའི་ལྟ་བ་ལ་སོགས་པ་རྫོགས་པར་བྱེད་པ་དེའི་བར་སྐབས་ཀྱི་སྦྱོར་བའི་ལམ་གྱི་ཚེ། ལོག་པའི་རྩོལ་བ་དང་དྲན་པ་ཡང་སྤོང་ལ། ཡང་དག་པའི་རྩོལ་བ་དང་དྲན་པ་ཡང་རྫོགས་པར་བྱེད་དོ། །དེ་སྤོང་བ་དང༌། རྫོགས་པ་དང་དུས་མཉམ་དུ་འཕགས་པའི་ཡང་དག་པའི་ཏིང་ངེ་འཛིན་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལ་སྔོན་དུ་འགྲོ་བའི་ཤེས་རབ་ཀྱིས་ལྷག་པའི་ཚུལ་ཁྲིམས་ལ་སྦྱོར་བར་བྱེད་དོ། ཕ་རོལ་གྱི་སྒྲའི་རྒྱུ་ལས་བྱུང་བའི་ཡིད་ལ་བྱེད་པ་གང་
ཡིན་པ་དང༌། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཡིན་པ་དེ་གཉིས་ལ་བརྟེན་ནས། སྦྱོར་བའི་ལམ་གྱི་ཚེ་ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྐྱེའོ། །དེ་ལ་ཡང་དག་པའི་དྲན་པ་གང་ཡིན་པ་དེ་ནི། ལྷག་པའི་སེམས་ཀྱི་བསླབ་པའོ། །ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྩོལ་བ་གང་ཡིན་པ་དེ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྟེ། བསླབ་པ་གསུམ་པོ་དེ་དག་ནི་འཕགས་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་ཚེ། ཡོངས་སུ་རྫོགས་པར་འགྱུར་རོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཞེ་ན། སློབ་པ་ཐམས་ཅད་ཀྱི་མཐའི་ཏིང་ངེ་འཛིན་ཡིན་ཏེ། དེ་ནི་མཆོག་ཏུ་གྱུར་པ་དང༌། གཙོ་བོར་གྱུར་པ་དང༌། སྙིང་པོར་གྱུར་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པ་དང༌། ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པའི་ཕྱིར་རྡོ་རྗེ་ལྟ་བུ་ཞེས་བྱ་སྟེ། དཔེར་ན་རྡོ་རྗེ་ནི་ནོར་བུ་ཐམས་ཅད་ཀྱི་སྙིང་པོ་ཡིན་ཏེ། གང་གིས་ཀྱང་མི་ཆོད་པ་ཐམས་ཅད་ཆོད་པ་བཞིན་དུ་འདིར་དེ་ལ་རྡོ་རྗེ་དང་འདྲ་ཞེས་བྱའོ། །མཐོང་བའི་སྙོམས་པར་འཇུག་པ་ལྔ་གང་ཞེ་ན། འདི་ན་དགེ་སློང་ལུས་འདི་ཉིད་ལ་ཞེས་མདོ་ལས་རྒྱས་པར་འབྱུང་བ་བཞིན་ཏེ། མཐོང་བ་ལ་སྙོམས་པར་ཞུགས་པ་དེ་དག་ནི་མཐོང་བའི་སྙོམས་པར་འཇུག་པ་རྣམས་ཏེ། བསྒོམས་པས་སྤང་བར་བྱ་བ་རྣམ་པར་གནོན་པའི་གཉེན་པོ་དང༌། སྤང་བའི་གཉེན་པོ་དང༌། སྤངས་པ་ལས་སོ་སོར་རྟོག་པ་སྟེ། དེ་ནི་དེ་དག་གི་ལུས་བསྡུས་པ་ཡིན་པར་རིག་པར་བྱའོ། །དེ་ལ་དང་པོ་ནི། མི་སྡུག་པའི་སྦྱོར་བ་ལས་བྱུང་པའི་དྲན་པ་ཉེ་བར་གཞག་པ་ལ་བརྟེན་ནས། འདོད་པའི་འདོད་ཆགས་ཀུན་དུ་མི་འབྱུང་བར་བྱ་བའི་ཕྱིར། ནང་གི་ལུས་ཀྱི་མི་སྡུག་པ་ལ་སོ་སོར་རྟོག་པའོ། །གཉིས་པ་ནི་དེ་ཉིད་ལ་བརྟེན་ནས་དེ་ཉིད་ཀུན་དུ་མི་འབྱུང་བར་བྱ་བའི་ཕྱིར་ཀེང་རུས་ཀྱི་མིའི་བར་ལ་སོ་སོར་རྟོག་པས་ཕྱི་རོལ་གྱི་ལུས་ཀྱི་མི་སྡུག་པ་ལ་སོ་སོར་རྟོག་པ་སྟེ། དེ་ཙམ་གྱིས་ན་མི་སྡུག་པ་ཐམས་ཅད་སོ་སོར་བརྟགས་པར་འགྱུར་རོ། །དེ་ལ་ལྷག་པར་རྟོགས་ཤིང་ལྷག་པར་རྟོགས་ཤིང་ཞེས་བྱ་བ་ནི། རྣམ་པར་བསྡོས་པ་ལ་སོགས་པར་བརྟགས་པའི་རྣམ་
པའི་གོ་རིམས་ཀྱིས་འདས་ནས་ཞེས་བྱ་བའི་ཐ་ཚིག་སྟེ། མི་སྡུག་པ་དང་པོ་ནི་ནང་གི་ལུས་ལ་གནས་ཤིང་འདུག་པའི་མི་སྡུག་པ་ལ་སོ་སོར་རྟོག་གོ །ཕྱི་མས་ནི་ཆོས་ཉིད་རྟོགས་ཏེ། ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་ཏེ། འདི་འདྲ་བར་འགྱུར་རོ་ཞེས་རྒྱས་པར་སྦྱར་རོ། །རྣམ་པར་ཤེས་པའི་རྒྱུན་ལ་སོ་སོར་རྟོག་ཅེས་བྱ་བ་ནི། དེའི་སྐྱེ་བ་དང་འཇིག་པ་ལ་སོ་སོར་རྟོག་པ་སྟེ། ཚེ་རབས་བརྒྱུད་མར་ཉིང་མཚམས་སྦྱོར་བ་ལས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ལ་སོ་སོར་རྟོག་གོ །སྐད་ཅིག་པ་བརྒྱུད་མར་ཉིང་མཚམས་སྦྱོར་བ་ལས་ནི་འདོད་ཆགས་དང་བཅས་པ་དང༌། འདོད་ཆགས་དང་བྲལ་བ་ལ་སོགས་པའི་རྣམ་པར་སོ་སོར་རྟོག་གོ །ཉིན་མཚན་དེ་དང་དེ་དག་དང༌། སྐད་ཅིག་དང༌། ཐང་ཅིག་དང༌། ཡུད་ཙམ་དེ་དང་དེ་དག་ལས་འདས་པ་ལས་ནི་རྣམ་པ་དུ་མ་མང་པོ་རྣམ་པ་སྣ་ཚོགས་སུ་གཞན་སྐྱེ་ཞིང་གཞན་འགག་པར་སོ་སོར་རྟོག་གོ །དེ་ལ་སློབ་པ་འདོད་ཆགས་དང་བྲལ་བ་མ་ཡིན་པ་ནི། འཇིག་རྟེན་གཉིས་ཀ་ལ་གནས་པ་སོ་སོར་རྟོག་གོ །འདོད་ཆགས་དང་བྲལ་བ་ནི། འཇིག་རྟེན་ཕ་རོལ་ཁོ་ན་ལའོ། །དགྲ་བཅོམ་པ་ནི་གང་ལ་ཡང་མི་གནས་པར་སོ་སོར་རྟོག་སྟེ། འདི་ནི་དེ་དག་གི་སྤོང་པའི་སོ་སོར་རྟོག་པའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། ཟད་པར་གྱི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་རྣམས་ནི་སྔར་བཤད་ཟིན་ཏོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། གོང་མའི་འདོད་ཆགས་དང་མ་བྲལ་ལ། ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགག་པ་སྟེ། དེ་ཡང་ཇི་ལྟར་སྙོམས་པར་འཇུག་ཅེ་ན། འདུ་ཤེས་ནི་ནད་ལྟ་བུའོ། །འདུ་ཤེས་ནི་འབྲས་ལྟ་བུའོ། །འདུ་ཤེས་ནི་ཟུག་རྔུ་ལྟ་བུའོ་སྙམ་ནས། བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་ཏེ། འདུ་ཤེས་ལ་མི་ཕྱོགས་པའི་ཡིད་ལ་བྱེད་པ་བསྒོམ་ཞིང་འདུ་ཤེས་བྱུང་ངོ་ཅོག་ལ་མི་ཕྱོགས་པར་གནས་ཏེ། འདི་ལྟ་སྟེ། འདུ་ཤས་མེད་པ་པ་འདི་ནི་ཞི་བའོ། འདི་ནི་གྱ་ནོམ་པའོ་སྙམ་ནས་འདུ་ཤེས་
མེད་པ་ལ་སེམས་གཏོད་པ་དེ་ལྟ་བུའི་རིམ་གྱིས་དམིགས་པ་ཐམས་ཅད་ལས་དབེན་པའི་ཕྱིར་སེམས་འགག་སྟེ། འདིར་སྐྱེས་པ་ནི་སྙོམས་པར་ཡང་འཇུག་ལ་ལྡང་བར་ཡང་བྱེད་དོ། །དེར་སྐྱེས་པ་ནི་སྙོམས་པར་ཞུགས་པ་ཁོ་ན་ཡིན་ནོ། །དེ་དག་ནི་འདུ་ཤེས་སྐྱེས་ནས་གནས་དེ་ནས་འཆི་འཕོ་བར་འགྱུར་རོ། །འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལ། གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགག་པ་སྟེ། དེ་ཡང་ཇི་ལྟར་སྙོམས་པར་འཇུག་ཅེ་ན། འཕགས་པ་ཅི་ཡང་མེད་པའི་འདོད་ཆགས་དང་བྲལ་བ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་མཚན་མ་མེད་པ་ལ་སྙོམས་པར་ཞུགས་ཀྱང་རུང༌། ཡང་ན་འགོག་པའི་མཚན་མ་མེད་པ་ལ་སྙོམས་པར་ཞུགས་ཀྱང་རུང་སྟེ། དེ་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་ཞུགས་པ་ནི་དེའི་གོང་དུ་སེམས་ལྷག་པར་བཏང་སྙོམས་སུ་བྱེད་དེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་མཚན་མ་མེད་པ་ལ་སྙོམས་པར་ཞུགས་ཀྱང་རུང༌། ཡང་ན་འགོག་པའི་མཚན་མ་མེད་པ་ལ་སྙོམས་པར་ཞུགས་ཀྱང་རུང་སྟེ། དེ་ལ་འདུ་ཤེས་མེད་འདུ་སྙོམས་པར་ཞུགས་པ་ཡང་དེ་དང་འདྲའོ། །འགོག་པ་སྙོམས་པར་འཇུག་པ་ལ་ཆོས་གཉིས་གཅེས་སྤྲས་བྱེད་པ་ཡིན་ཏེ། ཞི་གནས་དང༌། ལྷག་མཐོང་ངོ༌། །དེ་ལ་ཞི་གནས་ནི་གང་ཡིན། ལྷག་མཐོང་ནི་གང་ཡིན། དེ་གཉིས་ཇི་ལྟར་ན་གཅེས་སྤྲས་བྱེད་པ་ཡིན་ཞེ་ན། ཞི་གནས་ནི་དོན་འདིར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་བརྒྱད་ལ་བྱའོ། །ལྷག་མཐོང་ནི་འཕགས་པའི་ཤེས་རབ་ཡིན་ཏེ། དེ་གཉིས་ལས་གཅིག་མེད་ན་སྙོམས་པར་འཇུག་ཏུ་མི་རུང་བའི་ཕྱིར། གཉི་ག་ཚོགས་ན་གཅེས་སྤྲས་བྱེད་པར་འགྱུར་རོ། །འགོག་པའི་སྙོམས་པར་འཇུག་པ་ན། འདུ་བྱེད་རྣམ་པ་གསུམ་ཇི་ལྟར་རིམ་གྱིས་འགག་པར་འགྱུར་ཞེན། དཔྱོད་པ་དང་གནས་པ་འདི་གཉིས་ཏེ། དེ་ལ་དཔྱོད་པ་ལ་གནས་པའི་ཚེ་ནི་གཏམ་བྱེད་པ་ཡང་ཡོད་དེ། དེ་ལ་བསམ་གཏན་དང་པོའི་བྱ་བ་དག་གི་འདུ་བྱེད་ཡོད་པའི་ཕྱིར་རོ། །གང་གི་ཚ་
གནས་པ་རྩོམ་པ་དེའི་ཚེ། དེ་དག་བསམ་གཏན་གཉིས་པ་མན་ཆད་དུ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་ཕྱིར་མཐར་གྱིས་འགག་པར་འགྱུར་རོ། །ལྡང་བའི་ཚེ་ཡང་དེ་བཞིན་དུ་མི་མཐུན་པ་འབྱུང་བར་བལྟ་བར་བྱའོ། །འགོག་པ་ལ་སྙོམས་པར་ཞུགས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་འགག་པར་གྱུར་ན། རྣམ་པར་ཤེས་པ་ལུས་དང་ཇི་ལྟར་འབྲལ་བར་མི་འགྱུར་ཞེ་ན། དེའི་དབང་པོ་གཟུགས་ཅན་ཡོངས་སུ་མ་གྱུར་པ་རྣམས་ལ། འཇུག་པའི་རྣམ་པར་ཤེས་པའི་ས་བོན་གྱིས་ཡོངས་སུ་ཟིན་པ་ཀུན་གཞི་རྣམ་པར་ཤེས་པ་མེད་པ་མ་ཡིན་ཏེ། ཕྱིས་དེ་འབྱུང་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །འགོག་པ་ལ་སྙོམས་པར་འཇུག་པ་ན། འདི་སྙམ་དུ་བདག་ནི་འགོག་པ་ལ་སྙོམས་པར་འཇུག་གོ་སྙམ་པའམ། ལྡང་ངོ་སྙམ་དུ་ཇི་ལྟར་མི་སེམས་ཤེ་ན། སྙོམས་པར་འཇུག་བའི་དུས་ན་ནི། མངོན་པར་འདུ་བྱེད་པ་མེད་པར་སེམས་འགག་ལ། ལྡང་བའི་དུས་ན་ནི་སེམས་སྔར་འགགས་ཟིན་པའི་ཕྱིར་རོ། །དེས་ཇི་ལྟར་སེམས་དེ་སྔར་ཡོངས་སུ་སྦྱང་བ་ བྱས་པ་ཡིན་ཞེ་ན། དེས་རྣམ་པ་དང༌། རྟགས་དང༌། མཚན་མ་གང ་དག་གིས་སྙོམས་པར་འཇུག་པ་དང༌། ལྡང་བ་དེ་ལ་ཀུན་ཏུ་རྟེན་ཅིང་ལན་མང་དུ་བྱས་ཏེ། དེ་དག་བསྒོམས་པ་ས་ན་རང་གི་ངང་གིས་སྙོམས་པར་འཇུག་ལ་ལྡང་བར་ཡང་བྱེད་དོ། །འགོག་པ་ལས་ལངས་པའི་ཚེ། མི་གཡོ་བ་དང༌། ཅི་ཡང་མེད་པ་དང༌། མཚན་མ་མེད་པའི་རེག་པ་གསུམ་ལ་ཇི་ལྟར་རེག་པར་འགྱུར་ཞེ་ན། སྙོམས་པར་འཇུག་པ་དེ་ལས་ལྡང་བའི་ཚེ་ཤས་ཆེར་སྲིད་པ་ལ་དམིགས་པ་དང༌། ཡུལ་ལ་དམིགས་པ་དང༌། འགོག་པ་ལ་དམིགས་པའི་དམིགས་པ་རྣམ་པ་གསུམ་གྱིས་ལྡང་བར་འགྱུར་ཏེ། དེ་དག་གིས་ལྡང་བའི་ཚེ་གོ་རིམས་ཁོ་ན་བཞིན་དུ་རེག་པ་གསུམ་ལ་རེག་པར་འགྱུར་རོ། །དེ་ལ་སྲིད་པ་ལ་དམིགས་པས་ལྡང་བའི་ཚེ་ནི། སེམས་ཀྱི་གཡོ་བ་ངའོ་སྙམ་པའམ། འདི་ལྟར་འགྱུར་རོ་སྙམ་དུ་མི་སེམས་པ་ནས་རྒྱས་པར་སྦྱར་ཏེ། དེ་བས་ན་མི་གཡོ་བའི་རེག་པ་ལ་རེག་ཅེས་བྱའོ། །ཡུལ་ལ་དམིགས་པས་ལྡང་བའི་ཚེ་ནི། འདོད་ཆགས་ཅི་ཡང་འབྱུང་བར་མི་འགྱུར།
ཞེ་སྡང་ཅི་ཡང་འབྱུང་བར་མི་འགྱུར། གཏི་མུག་ཅི་ཡང་འབྱུང་བར་མི་འགྱུར་ཏེ། དེ་བས་ཅི་ཡང་མེད་པའི་རེག་པ་ལ་རེག་ཅེས་བྱའོ། །འགོག་པ་ལ་དམིགས་པས་ལྡང་བའི་ཚེ་ནི་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པས་མཚན་མ་མེད་པའི་དབྱིངས་ལ་དམིགས་ཏེ། དེ་བས་ན་མཚན་མ་མེད་པའི་རེག་པ་ལ་རེག་ཅེས་བྱའོ། །བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙམ་པར་འཇུག་པ་རྣམས་ནི་བཤད་ཟིན་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ནང་གི་སེམས་ཀྱི་ཞི་གནས་ཀྱི་ཕྱིར། ནང་དུ་ཡང་དག་འཇོག་ལ་བརྩོན་པར་གྱིས་ཤིག་ཅེས་གང་གསུངས་པ་དེ་ལ་མལ་ཆ་དང༌། སྟན་དབེན་པ་དག་ལ་གནས་ཏེ། དགོན་པ་ན་གནས་པ་ནས། འདུག་པའི་བར་དུ་རྒྱས་པར་བྱ་སྟེ། དྲན་པ་མངོན་དུ་བཞག་ནས་ཞེས་བྱ་བ་འདི་ནི། ནང་དུ་ཡང་དག་འཇོག་སྟེ། དེ་ནི་ལུས་དབེན་པ་ཡིན་ནོ། །ནང་གི་སེམས་ཀྱི་ཞི་གནས་ནི། ནང་གི་སེམས་གནས་པ་རྣམ་པ་དགུ་སྟེ། དེ་ནི་སེམས་དབེན་པ་ཡིན་ནོ། །དེ་ལ་ནང་དུ་ཡང་དག་འཇོག་ནི་ནང་དུ་སེམས་ཞི་གནས་སྒྲུབ་པར་བྱེད་དོ། །ནང་གི་སེམས་ཀྱི་ཞི་གནས་ནི་ལྷག་མཐོང་སྒྲུབ་པར་བྱེད་དོ། །ལྷག་མཐོང་ནི་ཡོངས་སུ་བྱང་བར་བྱས་པའི་ཆོས་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་གསལ་བར་བྱེད་པ་སྒྲུབ་བོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཚད་མེད་པའི་ཏིང་ངེ་འཛིན་རྟག་འགྲུས་དང༌། དྲན་བཞིན་དུ་སྒོམས་ཤིག་ཅེས་གང་གསུངས་པ་དེ་ལ། ཏིང་ངེ་འཛིན་སྒོམས་ཤིག་ཅེས་བསྟན་པ་མཛད་ནས། དེའི་བསྒོམ་པ་རྣམ་པ་གསུམ་སྟོན་ཏོ། །དེ་ལ་ཚད་མེད་པ་ཞེས་བྱ་བ་ནི། ཚད་མེད་པ་བཞི་པོ་དག་གོ །རྟག་འགྲུས་ཞེས་བྱ་བ་ནི། རྟག་ཏུ་བྱེད་པ་དང༌། མཁས་པར་བྱེད་པ་ལ་རྟག་འགྲུས་ཞེས་བྱའོ། །དྲན་བཞིན་ཞེས་བྱ་བ་ནི། དྲན་པ་ཉེ་བར་གཞག་པ་བཞི་ལ་ཉེ་བར་གནས་པའི་སེམས་ཡིན་པར་བསྟན་ཏོ། །ཅིའི་ཕྱིར་བསྒོམ་པ་རྣམ་པ་གསུམ་བསྟན་ཅེ་ན། ཕུན་སུམ་ཚོགས་པ་ནི་འཇིག་རྟེན་པའི་དང༌། འཇིག་རྟེན་ལས་འདས་པའི་རྣམ་པ་གཉིས་ཡོད་དེ། དེ་ལ་ཚད་མེད་པ་བསྒོམ་པ་ནི། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་དོ།།
དྲན་བཞིན་པ་ནི་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་དོ། །རྟག་འགྲུས་ནི་གཉི་གའི་མངོན་པར་ཤེས་བ་མྱུར་བར་བྱེད་དོ། །དེའི་ཕྱིར་དེ་གཉིས་ཀྱི་བར་དུ་དེ་བསྟན་ཏེ། བསྟན་པར་བྱ་བ་ནི་དེ་གསུམ་ཁོ་ནར་ཟད་དོ། །གཞན་ཡང་ཚད་མེད་པ་ཞེས་བྱ་བ་ནི། ཞི་གནས་ཀྱི་ལམ་ཡིན་པར་བསྟན་ཏོ། །དྲན་བཞིན་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་མོ། །རྟག་འགྲུས་ཞེས་བྱ་བ་ནི། དེ་གཉིས་མྱུར་དུ་ཡང་དག་པར་འགྲུབ་པའི་ལམ་མོ། །གཞན་ཡང་བསོད་ནམས་སུ་འགྲོ་བའི་ལམ་དང༌། མྱ་ངན་ལས་འདའ་བར་འགྲོ་བའི་ལམ་དང༌། དེ་གཉིས་མྱུར་དུ་འགྲུབ་པར་འགྱུར་བའི་ལམ་ཡིན་པར་བསྟན་ཏེ། སྔར་ཞི་གནས་ལ་ཡོངས་སུ་བྱང་བར་བྱས་པའི་འོག་ཏུ་ལྷག་མཐོང་དང་ལྡན་པའི་ཏིང་ངེ་འཛིན་རྣམ་པ་དེ་གཉིས་བསྒོམས་ན་ཤེས་བྱ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྣང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བསམ་གཏན་པ་ཏིང་ངེ་འཛིན་ལ་མཁས་པ། སྙོམས་པར་འཇུག་པ་ལ་མི་མཁས་པ་ཡོད་དོ་ཞེས་རྒྱས་པར་མདོའི་སྡོམ་གྱི་ཚིགས་སུ་བཅད་པ་གང་གསུངས་པ་ལ། ཏིང་ངེ་འཛིན་ལ་མཁས་པ་ཇི་ལྟ་བུ་ཡིན་ཞེ་ན། སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་ལ་མཁས་པའི་ཕྱིར་རོ། །སྙོམས་པར་འཇུག་པ་ལ་མི་མཁས་པ་ཇི་ལྟ་བུ་ཡིན་ཞེ་ན། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། ཟད་པར་གྱི་སྐྱེ་མཆེད་དང༌། འགོག་པའི་སྙོམས་པར་འཇུག་པ་ལ་མི་མཁས་པའི་ཕྱིར་རོ། །སྙོམས་པར་འཇུག་པ་ལ་མཁས་པ་ཡིན་ལ། ཏིང་ངེ་འཛིན་ལ་མི་མཁས་པ་ཇི་ལྟ་བུ་ཡིན་ཞེ་ན། ཟད་པར་གྱི་སྐྱེ་མཆེད་བཅུའི་སྙོམས་པར་འཇུག་པ་རྣམས་ཀྱི་སྙོམས་པར་འཇུག་པ་དང་ལྡན་པ་ནས། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་བར་གྱི་སྙོམས་པར་འཇུག་བ་དང་ལྡང་བ་ལ་མཁས་པ་ལ། ཏིང་ངེ་འཛིན་གསུམ་ལ་ནི་མི་མཁས་པའོ། །གཉི་ག་ལ་མཁས་པ་ནི་གཉི་ག་ལ་མཁས་པའི་ཕྱིར་རོ། །གཉི་ག་ལ་མཁས་པ་མ་ཡིན་བ་ནི་གཉི་ག་ལ་མི་མཁས་པའི་ཕྱིར་རོ། །དེ་ལྟར་ཏིང་ངེ་འཛིན་ཇི་སྐད་བསྟན་པ་འདི་དག་ནི། གང་དུ་གང་འོས་ལ་དེར་དེ་བཞིན་དུ་
སྦྱར་བར་བྱའོ། །གཞན་ཡང་ཏིང་ངེ་འཛིན་མཁས་ལ་སྙོམས་པར་འཇུག་པ་ལ་མི་མཁས་པ་ཡོད་དོ་ཞེས་གསུངས་པ་ནི། ཏིང་ངེ་འཛིན་གྱི་མིང་དང་ཚིག་དང༌། ཡི་གེ་ལས་ཤེས་ལ་ཏིང་ངེ་འཛིན་དེའི་རྣམ་པ་དང་རྟགས་དང༌། མཚན་མ་གང་དག་གིས་སྙོམས་པར་འཇུག་པར་འགྱུར་བ་དེ་ནི་མི་ཤེས་པའོ། །སྙོམས་པར་འཇུག་པ་ལ་མཁས་པ་ཡིན་ལ་ཏིང་ངེ་འཛིན་ལ་མི་མཁས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་ཏིང་ངེ་འཛིན་ལ་ལ་ལའི་རྣམ་པ་དང༌། རྟགས་དང་མཚན་མ་གང་དག་གིས་སྙོམས་པར་འཇུག་པ་རྣམས་ཤེས་ཏེ། དེ་བཞིན་དུ་སྙོམས་པར་ཞུགས་ཀྱང༌། བདག་ནི་ཏིང་ངེ་འཛིན་འདི་དང་འདི་ལ་སྙོམས་པར་ཞུགས་སོ་ཞེས་ཏིང་ངེ་འཛིན་དེའི་མིང་དང༌། ཚིག་དང་ཡི་གེ་ལས་ནི་མི་ཤེས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་སྙོམས་པར་འཇུག་པ་གང་ཡིན་པའི་ཏིང་ངེ་འཛིན་བརྒྱ་དང༌། སྟོང་དེ་དག་ཀྱང་ཡོད་ལ། ནམ་སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་དམ་པའི་ཕ་རོལ་ཏུ་སོན་པ་དག་ལས་མ་ཐོས་སམ། ཡང་ན་བདག་ཉིད་དམ་པའི་ཕ་རོལ་ཏུ་སོན་པར་མ་གྱུར་གྱི་བར་དུ། བདག་ནི་ཏིང་ངེ་འཛིན་འདི་དང་འདི་ལ་སྙོམས་པར་ཞུགས་སོ་སྙམ་དུ། དེ་དག་གི་མིང་དང་ཚིག་དང༌། ཡི་གེའི་ཚོགས་ནི་མི་ཤེས་པ་ཡང་ཡོད་དོ། །གནས་པ་གང་ཞེ་ན། རྣམ་པ་དང༌། རྟགས་དང༌། མཚན་མ་གང་དག་གིས་སྙོམས་པར་འཇུག་པར་འགྱུར་བ་དེ་དག་ལེགས་པར་བཟུང་སྟེ། དེ་དག་ལེགས་པར་བཟུང་བས་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་སྙོམས་པར་ཞུགས་ཏ་འདུག་ལ། ཏིང་ངེ་འཛིན་དེ་ལས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་བ་སྟེ། སྙོམས་པར་ཞུགས་པའི་གནས་པ་གང་ཡིན་པ་དང༌། ཡོངས་སུ་མི་ཉམས་པ་གང་ཡིན་པ་དང༌། རྣམ་པ་འདི་གཉིས་ནི་གནས་པ་ཞེས་བྱའོ། །ལྡང་བ་གང་ཞེ་ན། འདི་ལྟར་འདི་ན་རྣམ་པ་དང༌། རྟགས་དང༌། མཚན་མ་གང་དག་གིས་སྙོམས་པར་འཇུག་པར་འགྱུར་བ་དེ་དག་ཡིད་ལ་མ་བྱས་པར་མཉམ་པར་མ་བ་ཞག་པའི་ས་བའི་རྣམ་པར་རྟོག་པའི་ལུས་སུ་གཏོགས་པ་མ་ཡིན་པ་མཉམ་པར་བཞག་པའི་ས་དང་མི་མཐུན་པའི་ཆོས་ཡིད་ལ་བྱེད་པའམ། འདི་ལྟ་
བུ་བྱ་བའི་ཕྱིར་རམ། ངེས་པར་བྱ་བའི་ཕྱིར་རམ། བྱ་བར་ཁས་བླངས་པའི་ཕྱིར། ཏིང་ངེ་འཛིན་དེ་ལས་ལྡང་བ་ལྟ་བུའོ། །དེ་ལ་འདི་ལྟ་བུའི་བྱ་བ་ནི་འདི་ལྟ་སྟེ། ཆོས་གོས་དང༌། ལྷུང་བཟེད་དང༌། ཡོ་བྱད་ཀྱི་ལས་སོ། །དེ་ལ་ངེས་པར་བྱང་ནི། བཤད་བ་དང༌། གཅི་བ་དང༌། བསོད་སྙོམས་ལ་སོགས་པ་སྤྱད་པ་དང༌། བླ་མ་ལ་རིམ་གྲོ་བྱ་བའོ། །དེ་ལ་བྱ་བར་ཁས་བླངས་པ་ནི་འདི་ལྟར་འགའ་ཞིག་གི་ཕྱིར་དམ་བཅས་པ་སྟེ། དེས་ཕ་རོལ་ལ་ཁས་བླངས་པས། འགའ་ཞིག་ཏུ་ཉམས་སུ་ལེན་པར་བྱེད་པ་ལྟ་བུའོ། །ཡང་ན་སྙོམས་པར་འཇུག་པ་གཞན་ལ་སྙོམས་པར་འཇུག་པར་འདོད་པའི་ཕྱིར་ཡང་དེ་ལས་ལྡང་བར་འགྱུར་རོ། །དེ་ལ་རྣམ་པ་རྣམས་གང་ཞེ་ན། དམིགས་པ་ཇི་ལྟ་བ་བཞིན་དུ་རྟོག་ཅིང་སྙོམས་པར་འཇུག་པ་སྟེ། རགས་པ་དང༌། ཞི་བ་དང༌། ནད་དང༌། འབྲས་དང༌། ཟུག་རྔུ་དང༌། མི་རྟག་པ་ལ་སོགས་པའི་རྣམ་པ་ཞེས་བྱ་བ། ཏིང་ངེ་འཛིན་དེ་དང་དེ་ལས་རྣམ་པ་གང་དག་ཡོད་པ་རྣམས་སོ། །རྟགས་རྣམས་གང་ཞེ་ན། གང་གི་ཚེ་སྙོམས་པར་འཇུག་པ་ལ་ཉེ་བར་གྱུར་ཅིང་ཡང་དག་པར་ཉེ་བར་གྱུར་པ་དེའི་ཚེ་གང་དག་གིས་དེ། བདག་ནི་རིང་པོ་མི་ཐོགས་པར་སྙོམས་པར་འཇུག་པ་འདི་ལྟ་བུ་དང༌། འདི་ལྟ་བུ་ཞིག་ལ་སྙོམས་པར་འཇུག་པར་འགྱུར་བའམ། སྙོམས་པར་འཇུག་གོ་སྙམ་དུ་ཤེས་པའི་སྙོམས་པར་འཇུག་པའི་རྟགས་རྣམས་དེ་ལ་འབྱུང་བའམ། དེའི་སློབ་དཔོན་གང་ཡིན་པ་དེས་ཀྱང་འདིས་ནི་རིང་པོ་མི་ཐོགས་པར་སྙོམས་པར་འཇུག་པ་འདི་ལྟ་བུ་དང༌། འདི་ལྟ་བུ་ཞིག་ལ་སྙོམས་པར་འཇུག་པར་འགྱུར་རོ་སྙམ་དུ་དེ་དག་ལས་ཤེས་པར་འགྱུར་བའོ། །མཚན་མ་རྣམས་གང་ཞེ་ན། མཚན་མ་གཉིས་ཏེ། དམིགས་པའི་མཚན་མ་དང༌། གཞིའི་མཚན་མའོ། །དེ་ལ་དམིགས་པའི་མཚན་མ་ནི། རྣམ་པར་རྟོག་པའི་ལུས་ཏེ། དམིགས་པ་གང་གིས་སྙོམས་པར་འཇུག་པའོ། །གཞིའི་མཚན་མ་ནི་ཏིང་ངེ་འཛིན་གྱི་ཚོགས་གང་གིས་སྙོམས་པར་འཇུག་པ་སྟེ། འདི་ལྟ་སྟེ། མཐུན་པའི་མན་ངག་དང༌། ཏིང་ངེ་འཛིན་གྱི་ཚོགས་སོགས་པ་སྟེ། བསྒོམ་པ་དང་ལྡན་པའི་
འདུན་པ་དང༌། སྐྱོ་བའི་སེམས་དང༌། རྣམ་པར་གཡེང་བ་དང༌། རྣམ་པར་གཡེང་བ་མ་ཡིན་པ་ཡོངས་སུ་ཤེས་པ་ལ་སེམས་གཏོད་པ་དང༌། ཕ་རོལ་མི་འམ་མི་མ་ཡིན་བའི་སྒྲ་ལས་གྱུར་པའམ། བྱེད་པ་ལས་གྱུར་པས་མ་བསླངས་པའོ། །ཉམས་བདེ་བ་གན་ཞེ་ན། གལ་ཏེ་དེའི་ཏིང་ངེ་འཛིན་འདུ་བྱེད་དང་བཅས་པས་མངོན་པར་བསྡུས་པ་ཡིན་ལ། ཆུ་བཞིན་དུ་བགག་པ་དང༌། ཆོས་ཉིད་ཀྱིས་མངོན་པར་བསྡུས་པ་མ་ཡིན་པ་དང༌། ཞི་བ་མ་ཡིན་པ་དང༌། གྱ་ནོམ་པ་མ་ཡིན་པ་དང༌། ཤིན་ཏུ་སྦྱངས་པའི་ལམ་ཐོབ་པ་མ་ཡིན་པ་དང༌། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་རྟོག་པ་མ་ཡིན་པར་གྱུར་ན། དེའི་ཏིང་ངེ་འཛིན་ནི་ཅི་བདེ་བར་བྱ་བར་གནས་པར་བྱ་བ་ལ་ཉམས་བདེ་བ་མ་ཡིན་ནོ། །དེ་ལས་བཟློག་པ་ནི་ཉམས་བདེ་བ་ཡིན་ནོ། །འདུ་བྱེད་པས་མངོན་པར་བསྡུས་པ་ཇི་ལྟ་བུ་ཡིན་ཞེ་ན། སྨོན་པ་དང་ལྡན་པའི་སེམས་པས། ཕྱི་རོལ་གྱི་སེམས་བསྡུས་ནས། ཏིང་ངེ་འཛིན་དེ་ལ་ཡང་དག་པར་གཏོད་པ་སྟེ། དེའི་ཡིད་ལ་བྱེད་པ་དེ་ལྟ་བུ་དེ་ནི་རྩོལ་བ་དང་བཅས་པར་འཇུག་པ་ཡིན་ནོ། །ཇི་ལྟར་ཕྱི་རོལ་དུ་འཕྲོར་མི་སྟེར་བ་དེ་ལྟ་བུ་ནི་ཆུ་བཞིན་དུ་བཀག་པ་ཡིན་ནོ། །ཆོས་ཉིད་ཀྱིས་མངོན་པར་བསྡུས་པ་ཇི་ལྟ་བུ་ཡིན་ཞེ་ན། འོག་མ་ནི་རགས་པའི་ཆོས་ཉིད་དུ་མཐོང་ལ། གོང་མ་ནི་ཞི་བའི་ཆོས་ཉིད་དུ་མཐོང་བའོ། །ཞི་བ་དང༌། གྱ་ནོམ་པ་དང༌། ཤིན་ཏུ་སྦྱངས་པའི་ལམ་ཐོབ་པ་དང༌། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་རྟོགས་པ་ནི། འཕགས་པའི་ཤེས་པ་ལྔ་དང་ལྡན་པའི་ཏིང་ངེ་འཛིན་ཇི་ལྟ་བ་བཞིན་ནོ། །སྤྱོད་ཡུལ་གང་ཞེ་ན། ཏིང་ངེ་འཛིན་གྱི་ཡུལ་གང་ཡིན་པ་དེ་ཡན་ཆད་ཀྱི་སྙོམས་པར་འཇུག་པ་མི་ཤེས་པའི་ཕྱིར། འདི་ལྟ་སྟེ། བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པས། བསམ་གཏན་གཉིས་པ་མི་མཐོང་ལ། དེ་བཞིན་དུ་དབང་པོ་དང༌། གང་ཟག་ཁྱད་པར་དུ་འཕགས་པའི་ཡང་མི་ཤེས་པ་ལྟ་བུའོ། །མངོན་པར་བསྒྲུབ་པ་གང་ཞེ་ན། ཚིག་དང་ཡི་གེ་རྒྱས་པའི་དོན་མདོར་བསྡུས་པ་དང༌། ཡོན་ཏན་ཁྱད་པར་ཅན་མངོན་པར་རྫོགས་པར་བྱའོ། །ཏིང་ངེ་འཛིན་ལ་ཕན་པ་གང་ཞེ་ན། འདི་ལྟ་སྟེ། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་
དང༌། དགའ་བ་དང༌། གུས་པ་དང༌། དད་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། དབང་པོ་སྡོམ་པ་དང༌། ཚུལ་ཁྲིམས་སྡོམ་པ་དང༌། ཡིད་ལ་གཅགས་པ་མེད་པ་ལ་སོགས་པ་ནས། བདེ་བ་ལ་ཐུག་པ་ཡན་ཆད་དེ། བདེ་བར་གྱུར་ན་སེམས་མཉམ་པར་གཞོག་པར་འགྱུར་བ་ཞེས་འབྱུང་བ་ལྟ་བུའོ། །དེ་ལས་བཟློག་པ་ནི་ཕན་པ་མ་ཡིན་པར་རིག་པར་བྱའོ། །ཕན་པ་དང་ཕན་པ་མ་ཡིན་པ་ནི་འདི་ལྟ་སྟེ། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་ལ་སོགས་པ་དེ་དག་ལས། ལ་ལ་དང་ལྡན་ལ། ལ་ལ་དང་མི་ལྡན་པ་ཡིན་ཏེ། ངོ་ཚ་དང་ལྡན་ཞིང་ཁྲེལ་ཡོད་པ་དང་ལྡན་ལ། དགའ་བ་དང་གུས་པ་དང་མི་ལྡན་པ་ཞེས་རྒྱས་པར་སྦྱར་རོ། །སྐྱེ་བ་གང་ཞེ་ན། ཏིང་ངེ་འཛིན་ཐོབ་ཟིན་པ་འཕེལ་བའོ། །འབྲི་བ་གང་ཞེ་ན། ཏིང་ངེ་འཛིན་ལས་ཉམས་པར་འགྱུར་བ་གང་ཡིན་པའོ། །ཐབས་གང་ཞེ་ན། དེ་གཉི་གར་འགྱུར་བའི་ལམ་མོ། །ཞི་གནས་དང༌། རབ་ཏུ་འཛིན་པ་དང༌། བཏང་སྙོམས་རྣམས་ནི། ཞི་གནས་ལ་སོགས་པའི་མཚན་མ་ཇི་སྐད་བསྟན་པ་དེ་ཁོ་ན་བཞིན་དུ་རིག་པར་བྱའོ། །བསམ་གཏན་པ་འབྱོར་པ་ཡོད་བཞིན་དུ། རྒུད་པར་འཛིན་པ་ཡང་ཡོད་དོ། །བསམ་གཏན་པ་རྣམ་པར་དབྱེ་བའི་མདོ་ལེའུ་བཞི་པ་ལས་རྒྱས་པར་འབྱུང་ངོ༌། །དེ་ལ་ཏིང་ངེ་འཛིན་ལས་ཉམས་པ་དང༌། ཁྱད་པར་དུ་འགྲོ་བའི་དུས་གཉིས་སུ་ཕྱིན་ཅི་ལོག་ཡོངས་སུ་ཤེས་པར་བྱ་སྟེ། དེ་ལས་ཉམས་པར་འགྱུར་པའི་ལམ་དང༌། ཉམས་པ་ནི་རྒུད་པའོ། །ཁྱད་པར་འགྲོ་བའི་ལམ་དང་ཁྱད་པར་དུ་འགྲོ་བ་ནི་འབྱོར་པའོ། །དེ་བདག་གི་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་ཉམས་པ་དང༌། བདག་གི་ཏིང་ངེ་འཛིན་ནི་ཡོངས་སུ་ཉམས་སོ་སྙམ་དུ་ཇི་ལྟར་འཛིན་བར་འགྱུར་ཞེ་ན། འདི་ལ་བསམ་གཏན་པ་ནི་བསྒོམ་པའི་རྒྱུས་སེམས་དེ་ཞི་བ་དང་གཞོལ་བར་འགྱུར་རོ་ཞེས་བྱ་བ་ནི། བཏང་སྙོམས་དང་འབྲེལ་བའི་ཕྱིར་ཏེ། བསམ་གཏན་དང་པོ་ནས་བསམ་གཏན་གཉིས་པའི་ཉེར་བསྔོགས་ལ་འཇུག་ལ། དེ་ཡང་དེ་ལ་མི་མཁས་ཏེ། དེ་དེའི་གནས་སྐབས་སུ་བསམ་གཏན་དང་པོའི་ས་པའི་
དགའ་བ་དང་བདེ་བ་ལས་ནི་འདས། བསམ་གཏན་གཉིས་པའི་ས་པའི་ནི་མ་ཐོབ་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་གི་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་ཉམས་སོ་སྙམ་ནས། དེ་ལས་སེམས་དེ་གཏོང་བར་བྱེད་དེ། བསམ་གཏན་པ་དེས་དེར་ཕྱིན་ཅི་ལོག་དེ་ཡོངས་སུ་ཤེས་པར་བྱའོ། །ཏིང་ངེ་འཛིན་ལས་ཉམས་པར་འགྱུར་བ་ན། ཇི་ལྟར་ཕྱིན་ཅི་ལོག་ཡོངས་སུ་ཤེས་པར་བྱ་ཞེ་ན། འདི་ན་ལ་ལ་བསམ་གཏན་དང་པོའི་སྙོམས་པར་འཇུག་པ་ཐོབ་པར་གྱུར་ན། མྱ་ངན་ལས་འདས་པ་ལ་ནད་མེད་པར་མཐོང་བ་ནས་རྒྱས་པར་བདག་མེད་པའི་བར་དུ་མཐོང་སྟེ། །འདུ་ཤེས་ཡིད་ལ་བྱེད་པ་དེ་ལས་བརྩམས་ནས། ཚོགས་བསགས་པར་འགྱུར་རོ། །དེ་མྱ་ངན་ལས་འདས་པའི་ཚོགས་ཡོངས་སུ་རྫོགས་པ་དེ་ལ་བརྟེན་ནས། རྒྱུ་དེ་དང་རྐྱེན་དེས་དེ་འཕངས་པས། རང་གི་ངང་གིས་དེ་ལ་འདུ་འདུ་ཤེས་ཡིད་ལ་བྱེད་པ་འདི་ལྟ་བུ་དག་ཀུན་ཏུ་འབྱུང་སྟེ། འདུ་ཤེས་ཡིད་ལ་བྱེད་པ་གང་དག་གིས་གཟུགས་སུ་གཏོགས་པ་ནས། རྣམ་པར་ཤེས་པར་གཏོགས་པའི་བར་དུ་གང་དེ་ན་ཡོད་པ་དེ་ནི། དེ་ལ་ནང་དུ་སྣང་བ་ནས། རྒྱས་པར་བདག་མེད་པའི་བར་དུ་སྣང་བའོ། །འདུ་ཤེས་ཡིད་ལ་བྱེད་པ་དེ་ལ་བརྟེན་ནས། དེའི་འོག་ཏུ་འཇིག་རྟེན་པའི་སྙོམས་པར་འཇུག་པ་ལས་སྐྱེས་པའི་དགའ་བ་དང༌། བདེ་བ་དེ་དེ་ལ་ཀུན་ཏུ་མི་འབྱུང་ངོ༌། །དེས་ན་དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཏིང་ངེ་འཛིན་ལས་སྐྱེས་པའི་ཕན་པ་ནི། རྟེན་དང་བཅས་པར་ཉམས་སོ་སྙམ་ནས། དེ་ལས་ཡིད་ཟློག་པར་བྱེད་དེ། དེ་ལྟར་ན་བསམ་གཏན་པས་ཏིང་ངེ་འཛིན་ལས་ཉམས་པ་ན། ཕྱིན་ཅི་ལོག་སྤང་བར་བྱའོ། །ཏིང་ངེ་འཛིན་ལས་ཉམས་པ་ན། ཇི་ལྟར་ཕྱིན་ཅི་མ་ལོག་པར་ཡོངས་སུ་ཤེས་པར་བྱ་ཞེ་ན། འདི་ན་ལ་ལ་བསམ་གཏན་དང་པོའི་སྙོམས་པར་འཇུག་པས་ཆོག་པར་འཛིན་ཏེ། གོང་དུ་འབད་པར་མེ་བྱེད་ལ། དེ་ལ་ཡང་རོ་མྱོང་བར་བྱེད་པ་དེ་ནི། དེའི་འདོད་པ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་སྟེ། འདོད་པའི་ཁམས་དང་ཉེ་བའི་སྙོམས་པར་ཞུགས་པ་ཡིན་པའི་ཕྱིར། དེས་ཡོངས་སུ་ཉམས་པར་འགྱུར་ཏེ། དེ་ནི་དེའི་རྒུད་པ་ཡིན་ལ། དེ་ལ་ཡང་རྒུད་པ་ཡིན་
པར་འཛིན་ཏེ། དེ་ལ་དེས་ཕྱིན་ཅི་མ་ལོག་པར་ཡོངས་སུ་ཤེས་པར་བྱའོ། །ཡང་བསམ་གཏན་གྱི་སྙོམས་པར་འཇུག་པ་དེས་སྙོམས་པར་འཇུག་པ་ཐོབ་པ་ཡིན་གྱི། གཞན་ནི་ད་ལྟ་མ་ཡིན་ནོ་ཞེས་བདག་ལ་སྟོད་ཅིང་གཞན་ལ་སྨོད་པར་བྱེད་པ་དེ་ནི། དེའི་འདོད་པ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་སྟེ། དེས་ཀུན་ནས་དཀྲིས་པ་དེ་རྣམ་པར་འཕེལ་བ་དང༌། ཤས་ཆེ་བར་བྱེད་པས་ན། དེའི་ཏིང་ངེ་འཛིན་དེ་ལས་ཡོངས་སུ་ཉམས་དེ། དེ་ནི་དེའི་རྒུད་པ་ཡིན་ལ། དེ་ལ་རྒུད་པ་ཡིན་པར་ཡང་འཛིན་ཏོ། །ཡང་བསམ་གཏན་གྱི་སྙོམས་པར་འཇུག་པ་ཐོབ་པར་འགྱུར་ལ། དེས་ཀྱང་དེ་ཕ་རོལ་རྒྱལ་པོའམ། བློན་པོ་དག་ཡིད་ཆེས་པར་བྱེད་དོ། །དེ་དག་ཀྱང་དེ་ལ་བཀུར་སྟིང་བྱེད། བླ་མར་བྱེད་ཅིང༌། དེ་ཏིང་ངེ་འཛིན་དེ་ལས་ལངས་ན། དེ་དང་ལྡན་པར་རྗེས་སུ་རྟོག་པ་དེ་ནི་དེའི་འདོད་པ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་སྟེ། དེས་ན་ཀུན་ནས་དཀྲིས་པ་དེ་རྣམ་པར་འཕེལ་བར་བྱེད་པ་ནས་སྔ་མ་བཞིན་ནོ། །དེ་ལྟར་ཏིང་ངེ་འཛིན་ལས་ཉམས་པ་ན། བསམ་གཏན་པས་ཕྱིན་ཅི་མ་ལོག་པ་ཡོངས་སུ་ཤེས་པར་བྱའོ། །ཕྱིན་ཅི་མ་ལོག་པ་གཉིས་ཀ་ནི། ཕྱིན་ཅི་ལོག་དང་པོ་ལས་བཟློག་པ་ཡིན་པར་རིག་པར་བྱའོ། །ཕྱིན་ཅི་མ་ལོག་པ་འདི་གཉིས་ནི་དུས་གཉིས་སུ་ཡོངས་སུ་ཤེས་པར་བྱ་སྟེ། ཕྱིན་ཅི་ལོག་པ་དང༌། ཕྱིན་ཅི་མ་ལོག་པ་འདི་དག་གི་གཞི་ལས་ལེའུ་བཞིར་འགྱུར་རོ། །བསམ་གཏན་པའི་རྣམ་པར་དབྱེ་བས་བརྟག་པ་བཞི་པས། རྣམ་པ་བཞིས་ཏིང་ངེ་འཛིན་འདི་ནི་ཉམས་པའི་ཆ་དང་མཐུན་པའོ་ཞེས་བྱ་བ་ནས། ངེས་པར་འབྱེད་པའི་ཆ་དང་མཐུན་པའོ་ཞེས་བྱ་བའི་བར་དུ་ཏིང་ངེ་འཛིན་བརྟག་པ་ཡིན་ཏེ། ཇི་ལྟར་བརྟག་ཅེ་ན། འདི་ནི་ངན་པའོ། །འདི་ནི་མཆོག་གོ །འདི་ནི་ཆེས་མཆོག་གོ །འདི་ནི་ཤིན་ཏུ་མཆོག་གོ་ཞེས་བྱ་བ་དང་གོ་རིམས་བཞིན་དུ་སྦྱར་རོ། །ཇི་ལྟར་ཞེ་ན། འདི་ལ་བསམ་གཏན་པ་དེ་བསམ་གཏན་དང་པོ་ལས་ལངས་ནས་ཕྱིར་བསམ་གཏན་དེ་ལ་སྙོམས་པར་འཇུག་པར་མི་འདོད་དེ། དེ་རྣམ་པ་དང༌། རྟགས་དང༌། མཚན་མ་དེ་དག་ཡིད་ལ་མི་བྱེད་ཅིང༌།
འདོད་པ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་ཇི་སྐད་བསྟན་པ་རྣམས་ཀྱང་ཀུན་ཏུ་འབྱུང་བ་དང༌། ལངས་ན་ཡང་རྗེས་སུ་དྲན་ཞིང་རོ་མྱོང་བར་བྱེད་དེ། དེའི་ཚེ་བསམ་གཏན་པས་ཏིང་ངེ་འཛིན་ན་པ་ཉིད་དུ་བརྟག་པར་བྱའོ། །གཞན་ཡང་བསམ་གཏན་པ་ལངས་ནས། བསམ་གཏན་དང་པོ་དང་མཐུན་པའི་ཆོས་སྟོན་པ་ཐོས་ལ། དེ་ཡང་བསམ་གཏན་དང་པོའི་རྣམ་པ་ལ་སོགས་པ་གང་ཡིན་པ་དེ་དག་གི་མཚན་མ་ལེགས་པར་རབ་ཏུ་ཤིན་ཏུ་འཛིན་པར་བྱེད་པ་ནི། ཇི་ལྟར་ཡང་དེའི་བསམ་གཏན་ཐོབ་པ་དེ་མི་བརྗེད་པའི་ཚུལ་གྱིས་གནས་པར་འགྱུར་ཏེ། དེ་དང་མཐུན་པའི་ཆོས་རྗེས་སུ་དྲན་པ་ནི་གནས་པའི་ཆ་དང་མཐུན་པའོ། །དེའི་བསམ་གཏན་པས་བདག་གི་ཏིང་ངེ་འཛིན་ནི་ཉམས་པར་ཡང་མི་འགྱུར། ཁྱད་པར་དུ་ཡང་མི་འགྲོ་ལ། ངེས་པར་འབྱེད་པར་ཡང་མི་འགྱུར་མོད་ཀྱི་གནས་པས་ན། བདག་གི་ཏིང་ངེ་འཛིན་འདི་ནི་མཆོག་ཡིན་ནོ་སྙམ་དུ་རིག་པར་བྱའོ། །གཞན་ཡང་བསམ་གཏན་དང་པོ་ལས་ལངས་ནས། བསམ་གཏན་གཉིས་པ་དང་མཐུན་པའི་ཆོས་སྟོན་པ་ཐོས་ལ་དེ་ཐོས་ནས་ཀྱང་བསམ་གཏན་གཉིས་པའི་སྙོམས་པར་འཇུག་པའི་ལམ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་རྣམས་དེ་ལ་ཀུན་དུ་འབྱུང་ངོ༌། །དེ་དེའི་ཚེ་འདི་སྙམ་དུ་རྟོག་སྟེ། བདག་གི་ཏིང་ངེ་འཛིན་འདི་ནི་ཉམས་པར་ཡང་མི་འགྱུར། གནས་པར་ཡང་མི་འགྱུར། ངེས་པར་འབྱེད་པར་ཡང་མི་འགྱུར་མོད་ཀྱི། ཁྱད་པར་དུ་འགྲོ་བས་ན་ཆེ་ས་མཆོག་ཡིན་ནོ་སྙམ་མོ། །གཞན་ཡང་བསམ་གཏན་པ་ལངས་ནས། སྡུག་བསྔལ་ལ་སོགས་པའི་བདེན་པ་དང་ལྡན་པའི་ཆོས་སྟོན་པ་ཐོས་ལ། དེ་ཐོས་ནས་ཀྱང་སྡུག་བསྔལ་ལ་སོགས་པའི་བདེན་པ་དང་ལྡན་བའི་འདུ་ཤེས་ཡིད་ལ་བྱེད་པ་ངེས་བར་འབྱེད་པའི་ཆ་དང་མཐུན་པ་རྣམས་དེ་ལ་ཀུན་དུ་འབྱུང་ངོ༌། །དེ་དེའི་ཚེ་འདི་སྙམ་དུ་རྟོག་སྟེ། བདག་གི་ཏིང་ངེ་འཛིན་འདི་ནི་ཉམས་པར་ཡང་མི་འགྱུར། གནས་པར་ཡང་མི་འགྱུར། ཁྱད་པར་དུ་ཡང་མི་འགྲོ་མོད་ཀྱི། ངེས་པར་འབྱེད་པར་འགྱུར་བས་ན། ཤིན་ཏུ་མཆོག་ཡིན་ནོ་སྙམ་མོ། །མིག་ཀྱང་ཡོད་ལ་གཟུགས་རྣམས་ཀྱང་ཡོད་པ་ནས། ཡིད་
དང་ཆོས་རྣམས་ཀྱི་བར་དུ་ཡང་ཡོད་མོད་ཀྱི། འོན་ཀྱང་དགེ་སློང་གིས་ཆོས་འདི་དག་ཡོད་ལ། ཡོད་བཞིན་དུ་མི་རྟོགས་ཏེ། འདུ་ཤེས་ཡོད་བཞིན་དུ་ཡང་མི་རྟོགས་ན། འདུ་ཤེས་མེད་ན་ལྟ་ཅི་སྨོས་ཞེས་གང་གསུངས་བ་ཇི་ལྟ་བུ་ཞེ་ན། འདི་ན་དགེ་སློང་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་ན། དེས་མིག་ནས་ཆོས་རྣམས་ཀྱི་བར་དུ་སུན་འབྱིན་པའི་ཟིལ་གྱིས་གནོན་པས་ཟིལ་གྱིས་གནོན་པར་གྱུར་ཏེ། དེ་མིག་ལ་མིག་ཏུ་ཡང་འདུ་ཤེས་པར་མི་འགྱུར་ལ། འདུ་ཤེས་ཅན་ཡང་ཡིན་ནོ། །ཆོས་རྣམས་ཀྱི་བར་ལ་ཆོས་སུ་འདུ་ཤེས་པར་ཡང་མི་འགྱུར་ལ། འདུ་ཤེས་ཅན་ཡང་ཡིན་ནོ། །ཇི་ལྟར་འདུ་ཤེས་ཅན་ཡིན་ཞེ་ན། མིག་ལ་སོགས་པ་ལ་སྡུག་བསྔལ་བའམ། ཀུན་འབྱུང་བའམ། ནད་ལ་སོགས་པར་ཡིད་ལ་བྱེད་དེ། དེས་ཆོས་དེ་དག་རང་གི་མཚན་ཉིད་ཀྱི་སྒོ་ནས་རྟོགས་པར་མི་བྱེད་དོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་དུ་ཡང་དེ་དང་འདྲ་སྟེ། འདི་ནི་ཟག་པ་མེད་པའི་ཡིད་ལ་བྱེད་པའོ། །འདུ་ཤེས་མེད་ལ་ཇི་ལྟར་མི་རྟོགས་ཤེ་ན། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པའི་ཕྱིར། འགོག་པ་ལ་ཞི་བའོ་སྙམ་དུ་ཡིད་ལ་བྱེད་དེ། མཚན་མ་ཐམས་ཅད་དང་བྲལ་བའི་འདུ་ཤེས་གང་ཡིན་པ་དེ་ཉིད་འདིར་འདུ་ཤེས་མེད་པར་འདོད་དོ། །འགོག་པའི་སྙོམས་པར་ཞུགས་པའི་འདུ་ཤེས་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འབྱུང་བ་དེ་ཡང་འདུ་ཤེས་མེད་པར་འདོད་དོ། །ལམ་ནི་བཞིར་བསྟན་ཏེ། ཇི་ལྟ་ཞེ་ན། དེ་བཞིན་དུ་འདུག་ནས་ཆོས་རྣམས་རྣམ་པར་འབྱེད་ཅིང་རབ་ཏུ་རྣམ་པར་འབྱེད་དེ། འདི་ལ་དགེ་སློང་བསམ་གཏན་དང་པོ་ལ་སོགས་པ་ནི་ཐོབ་ལ། བདེན་པ་ནི་མ་མཐོང་བ་ཡང་ཡོད་དེ། དེས་དམ་པའི་ཆོས་མཉན་པ་དང༌། མང་དུ་ཐོས་པས་ཀྱང་བྱང་བར་བྱས་ནས། དེ་འདུག་མ་ཐག་ཏུ་ཏིང་ངེ་འཛིན་དེ་ལ་བརྟེན་ནས། སྡུག་བསྔལ་ལ་སོགས་པའི་བདེན་པ་རྟོགས་པར་བྱེད་དོ། །དེ་ལྷག་པའི་སེམས་ལ་བརྟེན་ནས། ལྷག་པའི་ཤེས་རབ་ལ་སྦྱོར་བར་བྱེད་དོ། །གཞན་ཡང་སྡུག་བསྔལ་ནས་ལམ་གྱི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། བསམ་གཏན་དང་པོ་ལ་སོགས་པ་ནི་མ་
ཐོབ་སྟེ། དེ་འདུག་མ་ཐག་ཏུ་སེམས་འཇོག་སྟེ། ཆོས་རྣམ་པར་འབྱེད་པར་ནི་མི་བྱེད་དོ། །དེ་ལྷག་པའི་ཤེས་རབ་དེ་ཉིད་ལ་བརྟེན་ནས། ལྷག་པའི་སེམས་ལ་སྦྱོར་བར་བྱེད་དོ། །གསུམ་པ་ནི་གཉི་ག་ཐོབ་བ་ཡིན་ཏེ། དེའི་ཞི་གནས་དང་ལྷག་མཐོང་གཉི་ག་འདྲེས་པར་གྱུར་ནས། མཉམ་པར་ཟུང་དུ་འཇུག་གོ །བཞི་པ་ནི་བསམ་གཏན་དང་པོ་ལ་སོགས་པ་སྔ་ནས་ཐོབ་ལ། དེས་དམ་པའི་ཆོས་མཉན་པ་དང༌། མང་དུ་ཐོས་པས་བྱང་བར་མ་ བྱས་ཏེ། དེ་སྟོན་པའམ་ཡང་ན་བླ་མ་གང་ཡང་རུང་བ་ལས་བདེན་པ ་རྣམས་སམ། ཀུན་དུ་སྦྱོར་བ་ལྷག་མ་སྤང་བའི་དབང་དུ་བྱས་ནས་ཆོས་ཉན་ཏེ། ཡང་ན་ནི་བདེན་པ་རྣམས་མངོན་པར་རྟོགས་པར་འགྱུར་རོ། །ཡང་ན་ནི་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ། །དེས་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཡང་ཁོང་དུ་ཆུད་པར་འགྱུར་ཏེ། དེ་ཆོས་ཀྱིས་བསྐྱོང་བས་ཟིན་པའི་སེམས་དེས་འཇུག་པར་བྱེད་དོ། །དེ་ལྟར་འདུག་ནས་ཀྱང་བསམ་གཏན་གྱི་སྙོམས་པར་འཇུག་པའི་གནས་པས་སེམས་དེ་གནས་པར་བྱེད་དོ། །དེ་ལ་ལམ་བསྟན་པ་དང་པོ་ནི། མཐོང་བའི་ལམ་བསྒྲུབས་པ་ལས་བརྩམས་ཏེ་བསྟན་ཏོ། །གཉིས་པ་དང་གསུམ་པ་ནི་བསྒོམ་པའི་ལམ་བསྒྲུབས་པ་ལས་བརྩམས་ཏེ་བསྟན་ཏོ། །བཞི་པ་ནི་གཉི་ག་བསྒྲུབས་པ་ལས་བརྩམས་ཏེ་བསྟན་ཏོ། །རྣམ་པར་དག་པ་གཙོ་བོ་ནི་བཞི་སྟེ། རྣམ་པར་དག་པར་འགྱུར་བའི་གཙོ་བོ་ཡིན་པའི་ཕྱིར་རོ། །རྣམ་པར་དག་པ་ནི་གང༌། གཙོ་བོ་ནི་གང་ཞེ་ན། ཚུལ་ཁྲིམས་ལ་སོགས་པ་གང་དག་ཐོབ་པ་དང༌། རྙེད་པ་དང་མངོན་པར་བསྒྲུབ་པ་རྣམས་ཡོངས་སུ་རྫོགས་པ་དང༌། ཕན་འདོགས་པ་གང་ཡིན་པ་དེ་ནི་རྣམ་པར་དག་པའོ། །དེ་བརྩོན་འགྲུས་བརྩམས་པ་གང་གིས་ཡོངས་སུ་མ་རྫོགས་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་ནི་གཙོ་བོའོ། །ཚུལ་ཁྲིམས་ཡོངས་སུ་རྫོགས་པ་ནི་གང༌། ཕན་འདོགས་པ་ནི་གང་ཞེ་ན། འདི་ལ་ལ་ལ་ཚུལ་ཁྲིམས་དང་ལྡན་པར་གནས་ཏེ། སོ་སོ་ཐར་པའི་སྡོམ་པས་བསྡམས་ལ། ཆོ་ག་དང༌། སྤྱོད་ཡུལ་ཡོངས་སུ་རྫོགས་པ་ཡང་མ་ཡིན། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་
དག་ལ་འཇིགས་པར་ལྟ་བ་ཡང་མ་ཡིན་ཏེ། དེའི་ཚུལ་ཁྲིམས་དེ་ནི་ཡོངས་སུ་རྫོགས་པ་མ་ཡིན་ནོ། །གང་གི་ཚེ་དེ་དག་ཐམས་ཅད་ཡོད་པར་གྱུར་པ་དེའི་ཚེ་ནི་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ནི་ཚུལ་ཁྲིམས་ཡོངས་སུ་རྫོགས་པའོ། །གང་དེའི་ཡུན་རིངས་པོ་ནས་གོམས་པས་དབང་པོ་རྣམས་ཀྱི་སྒོ་བསྲུངས་ཏེ། གནས་པ་ཞེས་བྱ་བ་ནས། ཚུལ་ཁྲིམས་དེ་ལ་དེའི་ངང་ཅན་དང༌། དེའི་རང་བཞིན་དུ་གནས་པ་ཞེས་བྱ་བའི་བར་དུ་རྒྱས་པར་བྱ་སྟེ། དེ་ནི་ཕན་འདོགས་པའོ། །ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་གང་ཞེ་ན། གལ་ཏེ་སྦྱོར་བའི་མཐར་ཐུག་པའི་འབྲས་བུ་ཐོབ་པའམ། བསམ་གཏན་བཞི་པར་གྱུར་ན། དེ་ནི་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་མན་ཆད་ནི་ཡོངས་སུ་རྫོགས་པ་མ་ཡིན་ནོ། །ཕན་འདོགས་པ་གང་ཞེ་ན། ཏིང་ངེ་འཛིན་ཐོབ་པ་གོང་ནས་གོང་དུ་ཡོངས་སུ་དག་པ་གང་ཡིན་པ་དང༌། དེའི་ཏིང་ངེ་འཛིན་འདུ་བྱེད་པས་ཡོངས་སུ་ཟིན་པ་མ་ཡིན་པ་ཞེས་རྒྱས་པར་སྦྱར་རོ། །ལྟ་བ་ཡོངས་སུ་རྫོགས་པ་ནི་གང༌། ཕན་འདོགས་པ་ནི་གང་ཞེ་ན། ཕ་རོལ་གྱི་སྒྲའི་རྒྱུ་ལས་བྱུང་བ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཡང་དག་པའི་ལྟ་བ་བསྐྱེད་ལ། དེས་སྡུག་བསྔལ་ནས་ལམ་གྱི་བར་དུ་རབ་ཏུ་ཤེས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དེ་སྲིད་དུ་ནི་ཡོངས་སུ་རྫོགས་པ་མ་ཡིན་ནོ། །གང་གི་ཚེ་ཡང་དག་པའི་ལྟ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེའི་ཚེ་ནི་ཡོངས་སུ་རྫོགས་པ་ཡིན་ནོ། །ཕན་འདོགས་པ་ནི་དེ་དུས་གཞན་ན་ཟག་པ་རྣམས་ཟད་པས་ཞེས་རྒྱས་པར་བྱའོ། །རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པ་ནི་གང༌། ཕན་འདོགས་པ་ནི་གང་ཞེ་ན། སློབ་པའི་ཡེ་ཤེས་མཐོང་བས་འདོད་ཆགས་ལ་སོགས་པ་ལས་རྣམ་པར་གྲོལ་བ་གང་ཡིན་པ་དེ་ནི། ཡོངས་སུ་རྫོགས་པ་མ་ཡིན་ནོ། །མི་སློབ་པའི་གང་ཡིན་པ་དེ་ནི་ཡོངས་སུ་རྫོགས་པའོ། །ཕན་འདོགས་པ་ནི་དེ་ཇི་ལྟར་སྤྱོད་པ་དང༌། ཇི་ལྟར་གནས་ཀྱང་ཚེ་འདིའི་བདེ་བར་གནས་པ་དེ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །དགེ་སློང་སེམས་རྣམ་པར་དག་པ་ལ་ཞུགས་པས་དུས་དུས་སུ་མཚན་མ་ལྔ་ཡིད་ལ་བྱའོ་ཞེས་མདོ་
ལས་བྱུང་བ་དང༌། ལྷག་པའི་སེམས་ལ་བརྩོན་པ་ནི། སེམས་རྣམ་པར་དག་པ་ལ་ཞུགས་པ་སྟེ། དེ་ལ་མི་དགེ་བ་འདོད་པ་ལ་སོགས་པའི་རྟོག་པ་དང༌། ཉེ་དུ་ལ་སོགས་པ་ལ་རྟོག་པ་རྣམས་བར་ཆད་བྱེད་དོ། །དེ་ཡང་རྟོག་པ་སྤྱོད་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་བྱེ་བྲག་གིས་གང་ཟག་རྣམ་པ་གསུམ་ཡོད་དེ། དང་པོའི་ནི་མཚན་མ་གཞན་ཡིད་ལ་བྱེད་པས་རྟོག་པ་དེ་ཀུན་དུ་མི་འབྱུང་ངོ༌། །གཉིས་པའི་ནི་རྟོག་པའི་ཉེས་དམིགས་མཐོང་བའི་ཕྱིར་རམ། དྲན་པར་མི་བྱེད་ཅིང༌། ཡིད་ལ་མི་བྱེད་པའི་ཕྱིར་ཏེ། ཇི་ལྟར་དྲན་པར་མི་བྱེད་ཅིང་ཡིད་ལ་མི་བྱེད་པར་བྱེད་ཅེ་ན། ནང་དུ་སེམས་འཇོག་པ་ལ་སོགས་པས་སོ། །གང་ཟག་གསུམ་པའི་ནི་དེ་དག་གིས་ཀྱང་དང་པོར་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་དུ་མི་འབྱུང་བ་མ་ཡིན་ན། དེས་ཇི་ལྟར་རགས་པ་ཞི་བར་བྱ་བ་དང༌། རིམ་གྱིས་རྣམ་པར་གནོན་པའི་ཕྱིར། མཐར་གྱིས་རྟོག་པའི་འདུ་བྱེད་བསལ་བར་བྱའོ། །དེས་ཀྱང་མ་ནུས་ན་རྟོག་པའི་ལམ་རྣམས་དང༌། རྟོག་པའི་དམིགས་པ་རྣམས་ལ་སེམས་སྐྱོ་བར་བྱེད་ཅིང་འཇིགས་པར་བྱེད་དེ། སྐྱོ་བ་བྱས་ནས། སྐྱོ་བ་དང་ལྡན་པའི་སེམས་ཀྱིས་དེ་ཤས་ཆེར་ཡིད་ལ་བྱེད་པས། རྟོགས་པ་དང་ལྡན་པའི་སེམས་དེ་མནར་བར་བྱེད་དེ། ཚར་གཅོད་པར་བྱེད་དོ། །དེ་དག་ནི་གང་ཟག་གསུམ་པོ་དག་གི་རྣམ་པ་ལྔ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་གསེར་བདར་བའི་མདོ་ལས། གསེར་སྦྱངས་པ་དང་འདྲ་བར་སེམས་སྦྱང་བར་གང་གསུངས་པ་དེ་ཇི་ལྟར་ལྟ་ཞེ་ན། གསེར་རྣམ་པར་དག་པ་ལ་རྣམ་པ་གསུམ་ཡོད་དེ། སྐྱོན་རྣམ་པར་དག་པ་དང༌། གར་བུ་རྣམ་པར་དག་པ་དང༌། ལས་སུ་རུང་བ་རྣམ་པར་དག་པའོ། །དེ་ལ་སྐྱོན་རྣམ་པར་དག་པ་ནི་འབྱུང་ཁུང་ན་འདུག་པའི་གསེར་གྱི་སྐྱོན་རགས་པ་དང༌། འབྲིང་དང༌། ཆ་ཕྲ་བ་བསལ་ནས་ཇི་ཙམ་དུ་གསེར་ཕྱི་དག་པར་གྱུར་པ་ཁོ་ན་ལུས་པར་གྱུར་པའོ། །དེ་ལ་གར་བུ་རྣམ་པར་དག་པ་ནི། དེ་དག་ཉིད་བཞུ་ནས་གར་བུར་གྱུར་པ་གང་ཡིན་པའོ། །དེ་ལ་ལས་སུ་རུང་བ་རྣམ་པར་དག་པ་ནི། གར་བུ་དེའི་ཁྲོ་བ་ལ་སོགས་པའི་སྐྱོན་རྣམ་པར་སྐྱངས་པའི་ཕྱིར་རོ། །དེ་ལ་གསེར་འབྱུང་
ཁུང་ན་འདུག་པ་ཇི་ལྟ་བ་དེ་བཞིན་དུ་ནི། རིགས་ལ་གནས་པའི་སེམས་རྣམ་པར་དག་པ་ལ་ཞུགས་པ་གང་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སྐྱོ་བར་འགྱུར་བའི་སྐལ་བ་ཡོད་པ་ལྟ་བུར་བལྟ་བར་བྱའོ། །དེ་ཡང་གང་ཡན་ཆད་ནས་སེམས་རྣམ་པར་དག་པ་ལ་ཞུགས་པ་ཞེས་བྱ་ཞེ་ན། གང་ཡན་ཆད་ནས་དད་པ་གང་གིས་མངོན་པར་འབྱུང་བར་འགྱུར་བའི་དད་པ་ཐོབ་པ་ཡན་ཆད་དོ། །ཁྱིམ་ན་གནས་པའི་གནས་སྐབས་དང༌། མངོན་པར་འབྱུང་བའི་གནས་སྐབས་ནི། དེ་ལ་ཉེ་བའི་ཉོན་མོངས་པ་གསུམ་ཡོད་དོ།། རགས་པ་ལ་སོགས་པའོ། །དེ་ལ་ཁྱིམ་པ་ལས་མངོན་པར་འབྱུང་བ་ལ་བགེགས་བྱེད་པ་ནི་གཉིས་ཡོད་དེ། ལས་ཀྱི་མཐའ་མི་དགེ་བ་ལུས་དང་ངག་གི་ཉེས་པར་སྤྱོད་པ་དགའ་བ་དང་མཐུན་པ་གང་ཡིན་པ་དང༌། སྡིག་པ་ཅན་གྱི་ལྟ་བ་འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་སོང་བ་རྣམས་མེད་དོ་སྙམ་དུ་འཛིན་པ་སྟེ་དེ་ནི་དད་པ་མ་ཐོབ་པའི་སྔ་རོལ་དུ་དེ་ལ་བར་ཆད་བྱེད་པ་ཡིན་ནོ། །འདོད་པ་ལ་སོགས་པའི་རྟོག་པ་རྣམས་ནི། མངོན་པར་བྱུང་བའི་མངོན་པར་དགའ་བ་ལ་བགེགས་བྱེད་པའོ། །ཉེ་དུ་ལ་སོགས་པ་ལ་རྟོག་པ་རྣམས་ནི་མངོན་པར་དགའ་བར་གྱུར་བའི་དགེ་བའི་ཆོས་བསྒོམ་པ་རྒྱུན་དུ་ཆུད་པར་བྱེད་པ་ལ་བགེགས་བྱེད་པ་སྟེ། དེ་དག་སྦངས་ན། དགེ་བའི་ཆོས་བསྒོམ་པ་རྒྱུན་དུ་ཆུད་པར་བསྒྲུབ་པའི་ཕྱིར་སེམས་དག་པར་འགྱུར་ཏེ། དེ་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའོ། །གསེར་ཕྱེ་དག་པར་གྱུར་ལ་གར་བུར་མ་བྱས་པ་ཇི་ལྟ་བ་དེ་ནི་སེམས་ཀྱི་ཉེ་བའི་ཉོན་མོངས་པ་རྣམ་པར་དག་པ་ཡིན་ཏེ། གསེར་དང་འདྲ་བའི་ཕྱིར་རོ། །རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་རྣམས་ཉེ་བར་ཞི་བ་ནས། བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་ཞེས་བྱ་བ་འདི་ནི། སེམས་བསྡུ་བ་རྣམ་པར་དག་པ་སྟེ། རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གྱིས་བསྡུས་པའི་ཕྱིར་དང༌། གསེར་བཞུ་ནས་གར་བུར་གྱུར་པ་དང་འདྲ་བའི་ཕྱིར་རོ། །གལ་ཏེ་ཏིང་ངེ་འཛིན་འདུ་བྱེད་པས་མངོན་པར་ཟིན་པ་མ་ཡིན་ན་ཞེས་རྒྱས་པར་འབྱུང་བ་འདི་ནི་སེམས་ཀྱི་ལས་སུ་རུང་བ་སྦྱང་བ་
བྱས་ཏེ། མངོན་པར་ཤེས་པར་བྱ་བའི་ཆོས་རྣམས་ལ་ཅི་དགར་བསྒྱུར་དུ་རུང་བའི་ཕྱིར་དང༌། གསེར་གྱི་ཁྲོ་བ་ལ་སོགས་པའི་སྐྱོན་བསྩལ་བ་དང་འདྲ་བའི་ཕྱིར་རོ། །གཞན་ཡང་མཚན་མ་གསུམ་ཡིད་ལ་བྱའོ་ཞེས་གསུངས་པ་ནི་གཅིག་ཏུ་ངེས་པར་བྱིང་བ་ལ་སོགས་པའི་གཉེན་པོར་དུས་དུས་སུ་ཞི་གནས་ལ་སོགས་པ་ཡིད་ལ་བྱ་བའོ། །དེ་ལ་ཞི་གནས་དང་རབ་ཏུ་འཛིན་པ་གཉིས་ལ་ཡོངས་སུ་བྱང་བར་མ་བྱས་ཏེ། དེའི་ཆ་གཅིག་ལ་བསྒོམ་པ་ནི་བྱིང་བ་དང་རྒོད་པའི་མཚན་མ་སྟེ། དེ་ནི་སྦྱོར་བའི་ལམ་མོ། །དུས་དུས་སུ་བཏང་སྙོམས་ཀྱི་མཚན་མ་ཞེས་བྱ་བ་འདི་ནི་གྲུབ་པའི་ལམ་གྱི་ཚེའོ། །དེ་ཡང་ཆ་གཅིག་པུ་བསྒོམ་ན་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། བདེན་པར་རབ་ཏུ་རྣམ་པར་འབྱེད་པར་མི་བྱེད་པས་ན་ཟག་པ་རྣམས་ཟད་པར་བྱ་བའི་ཡང་དག་པའི་སེམས་ལ་མཉམ་པར་གཞག་པ་མ་ཡིན་ལ། དེས་ནི་བདེན་པ་རྣམས་མངོན་པར་མ་རྟོགས་པ་ཡང་མངོན་པར་རྟོགས་པར་མི་འགྱུར་རོ། །ཡང་ན་མངོན་པར་རྟོགས་ན་ཡང་ཟག་པ་ཟད་པ་ཐོབ་པར་མི་འགྱུར་ཏེ། གཉིས་ནི་ཏིང་ངེ་འཛིན་ཡོངས་སུ་གྲུབ་པའི་ལམ་མོ། །གསུམ་པ་ནི་ཏིང་ངེ་འཛིན་ལ་བརྟེན་ནས་ཟག་པ་ཟད་པའི་ལམ་སྟེ། མདོར་བསྡུ་ན་དུས་དུས་སུ་ཐམས་ཅད་ཡིད་ལ་བྱེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བསྟན་པ་བསྡུ་བར་འགྱུར་བའི་ཆོས་བཞི་ཡོད་དེ། རབ་ཏུ་དབེན་པ་དང༌། བསྒོམ་པ་དང༌། བསྒོམས་པའི་འབྲས་བུ་དང༌། བསྟན་པ་ལ་མི་མཐུན་པ་མེད་པའོ། །དེ་ལ་རབ་ཏུ་དབེན་པ་ནི། དགོན་པ་དང༌། ཤིང་དྲུང་དང༌། ཁྱིམ་གྱིས་སྟོང་པ་རྣམས་སོ། །བསྒོམ་པ་ནི་དེར་སོང་བས་ཆོས་གཉིས་བསྒོམ་པར་བྱ་བ་སྟེ་ཞི་གནས་དང་ལྷག་མཐོང་ངོ༌། །ཞི་གནས་ཀུན་དུ་བསྟེན་ལ། ལྷག་མཐོང་ལ་བརྟེན་ན། རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི། འདི་ལྟ་སྟེ། བསམ་གཏན་དང་པོ་ནས། བསམ་གཏན་བཞི་པའི་བར་དུ་ཐོབ་པར་གྱུར་ན། དེས་ཏིང་ངེ་འཛིན་དེ་ལ་བརྟེན་པས། སྡུག་བསྔལ་ནས་ལམ་གྱི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་དེ་ལྷག་མཐོང་དེ་ལ་བརྟེན་ནས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ལས་སེམས་རྣམ་པར་
གྲོལ་བར་འགྱུར་རོ། །ཇི་ལྟར་ན་ལྷག་མཐོང་ཀུན་དུ་བསྟེན་པས། ཞི་གནས་ལ་བརྟེན་ནས་རྣམ་པར་གྲོལ་བར་འགྱུར་ཞེ་ན། འདི་ན་ཁ་ཅིག་སྡུག་བསྔལ་ནས་ལམ་གྱི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྷག་པའི་ཤེས་རབ་ལ་གནས་ནས་བསམ་གཏན་སྐྱེད་པར་བྱེད་དོ། །དེ་ཞི་གནས་དེ་ལ་བརྟེན་ནས་བསྒོམ་པས་སྤང་པར་བྱའི། ཉོན་མོངས་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཏེ། དེ་ལྟར་ཞི་གནས་དང་ལྷག་མཐོང་ཡོངས་སུ་བསྒོམས་ན། དབྱིངས་རྣམས་སུ་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལ་སྤོང་བའི་དབྱིངས་ནི་མཐོང་བས་སྤང་བར་བྱ་བའི་འདུ་བྱེད་ཐམས་ཅད་སྤོང་བའོ། །འདོད་ཆགས་དང་བྲལ་བའི་དབྱིངས་ནི། བསྒོམ་པས་སྤང་བར་བྱ་བ་རྣམས་སྤོང་བའོ། །འགོག་པའི་དབྱིངས་ནི་ཕུང་པོ་ཐམས་ཅད་འགོག་པ་སྟེ། འདི་ནི་བསྒོམས་པའི་འབྲས་བུའོ། །བསྟན་པ་ལ་མི་མཐུན་པ་མེད་པ་ནི། སྟོན་པ་དང༌། ཉན་ཐོས་རྣམས་ཀྱི་དོན་ནས་དོན་དང༌། ཚིག་ནས་ཚིག་དང༌། ཡི་གེ་ནས་ཡི་གེར་མཐུན་ཞིང་མཚུངས་པ་ཡིན་གྱི། གཞན་མུ་སྟེགས་ཅན་རྣམས་ཀྱི་བློ་སྣ་ཚོགས་དུ་མར་ཐ་དད་པར་འདུག་པ་ལྟ་བུ་ནི་མ་ཡིན་ནོ། །འདི་ལྟ་སྟེ། ཚིག་དང་པོ་རྣམས་དང་ཞེས་བྱ་བ་ནི། ཚིག་སྔ་མ་རྣམས་ཏེ། གང་དག་གིས་གཅིག་ལ་དྲིས་ལ་གལ་ཏེ། དེ་དག་ཉིད་ཀྱིས་ཅིག་ཤོས་ལ་དྲིས་ན་ཡང་མཐུན་པ་ཡིན་ནོ། །འོན་ཏེ་གཅིག་ལས་ཕུང་པོ་རྣམས་བརྩམས་ཏེ་དྲིས་ལ། ཅིག་ཤོས་ལ་ནི་གཞན་ལས་བརྩམས་ཏེ་འདྲི་ན་ནི། ཚིག་སྔ་མ་རྣམས་དང་མཐུན་པ་མ་ཡིན་ནོ། །རྣལ་འབྱོར་སྤྱོད་པའི་ས་ལས། མཉམ་པར་གཞག་པའི་རྫོགས་སོ།། །།བམ་པོ་བཅོ་ལྔ་པ། མཉམ་པར་མ་བཞག་པའི་ས་གང་ཞེ་ན། དེ་ནི་ས་མདོར་བསྡུ་ན་རྣམ་པ་བཅུ་གཉིས་ཡོད་པར་རིག་པར་བྱའོ། །མཉམ་པར་མ་བཞད་པའི་ས་ངོ་བོ་ཉིད་ཀྱིས་མཉམ་པར་མ་བཞག་པ་ཡང་ཡོད་དེ། འདི་ལྟ་སྟེ། རྣམ་པར་ཤེས་པ་ལྔའི་ཚོགས་ལྟ་བུའོ། །ཤིན་ཏུ་སྦྱངས་པ་མེད་པའི་ཕྱིར་མཉམ་པར་མ་བཞག་པའི་ས་ཡང་ཡོད་དེ། འདོད་པ་ན་སྤྱོད་པའི་སེམས་དང་སེམས་ལས་བྱུང་བའི་
ཆོས་རྣམས་ཏེ། སེམས་རྩེ་གཅིག་ཏུ་བྱེད་པ་ཡོད་དུ་ཟིན་ཀྱང་སེམས་དང་སེམས་ལས་བྱུང་བའི་ཆོས་དེ་དག་ཤིན་ཏུ་སྦྱངས་པས་མ་ཟིན་པར་འཇུག་པའི་ཕྱིར། དེ་བས་ན་དེ་མཉམ་པར་མ་བཞག་པ་ཞེས་བྱའོ། །མ་བརྩམས་པའི་ཕྱིར་མཉམ་པར་མ་བཞག་པའི་ས་ཡང་ཡོད་དེ་འདི་ལྟ་སྟེ། འདོད་པ་ན་སྤྱོད་པ་དག །འདོད་པ་རྣམས་ལ་ལྷག་བར་ཆགས་ཤིང༌། འདོད་པ་ལ་ཉེ་བར་སྤྱོད་པ་རྣམས་ཀྱི་ལྟ་བུའོ། །རྣམ་པར་གཡེང་བའི་ཕྱིར་མཉམ་པར་མ་བཞག་པའི་ས་ཡང་ཡོད་དེ། འདི་ལྟ་སྟེ་ལས་དང་པོ་བ་ཏིང་ངེ་འཛིན་ལ་བརྩོན་པ་རྣམས་འདོད་པའི་ཡོན་ཏན་ལྔ་ལ་སེམས་རྣམ་པར་གཡེང་ཞིང་རྗེས་སུ་འཇུག་པ་ལྟ་བུའོ། །བསྡུས་པའི་ཕྱིར་མཉམ་པར་མ་བཞག་པའི་ས་ཡང་ཡོད་དེ། འདི་ལྟ་སྟེ། ལས་དང་པོ་བ་ཏིང་ངེ་འཛིན་ལ་བརྩོན་བ་རྣམས་ཀྱི་སེམས་ནང་དུ་བསྡུས་ན། རྨུགས་པ་དང་གཉིད་ཀྱིས་ནོན་པ་ལྟ་བུའོ།། མ་ཐོབ་པའི་ཕྱིར་མཉམ་པར་མ་བཞག་པའི་ས་ཡང་ཡོད་དེ། འདི་ལྟ་སྟེ། ལས་དང་པོ་བ་ཏིང་ངེ་འཛིན་ལ་བརྩོན་པ་དེ་དག་ཉིད་ཀྱི་སེམས་རྣམ་པར་གཡེང་བ་དང༌། བསྡུས་བའི་ཉོན་མོངས་པ་ཅན་དུ་གྱུར་བ་མ་ཡིན་དུ་ཟིན་ཀྱང༌། ཡིད་ལ་བྱེད་པ་མ་ཐོབ་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་གང་ཡིན་པ་ལྟ་བུའོ། །ཡོངས་སུ་མ་རྫོགས་པའི་ཕྱིར་མཉམ་བར་མ་བཞག་པའི་ས་ཡང་ཡོད་དེ། །འདི་ལྟ་སྟེ། ཡིད་ལ་བྱེད་པ་ཐོབ་ཏུ་ཟིན་ཀྱང༌། སྦྱོར་བའི་མཐར་ཐུག་པའི་ཡིད་ལ་བྱེད་པ་ཡང་མ་ཐོབ། དེའི་འབྲས་བུ་ཡང་མ་ཐོབ་པ་རྣམས་ཀྱི་ལྟ་བུའོ། །ཀུན་ནས་ཉོན་མོངས་པའི་ཕྱིར་མཉམ་བར་མ་བཞག་པའི་ས་ཡང་ཡོད་དེ། འདི་ལྟ་སྟེ། སྦྱོར་བ་མཐར་ཐུག་པ་དང༌། འབྲས་བུའི་ཡིད་ལ་བྱེད་པ་ཐོབ་ཏུ་ཟིན་ཀྱང༌། རོ་མྱང་བ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་སེམས་ཉོན་མོངས་པ་ཅན་དུ་གྱུར་པ་ལྟ་བུའོ། །དབང་མེད་པའི་ཕྱིར་མཉམ་པར་མ་བཞག་པའི་ས་ཡང་ཡོད་དེ། འདི་ལྟ་སྟེ། སྦྱོར་བ་མཐར་ཐུག་པ་དང༌། འབྲས་བུའི་ཡིད་ལ་བྱེད་པ་ཡང་ཐོབ་པ་ཉིད་ཀྱི་སེམས་ལ་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་བ་མེད་དུ་ཟིན་ཀྱང༌། སྙོམས་པར་འཇུག་པ་དང༌། གནས་པ་དང༌།
ལྡང་བའི་མཚན་མ་རྣམས་ལ་དབང་མ་ཐོབ་ཅིང༌། ཇི་ལྟར་འདོད་པ་དང༌། གནོད་པ་མེད་པ་དང༌། ཚེགས་མེད་པར་མ་ཐོབ་པ་རྣམས་ཀྱི་ལྟ་བུའོ། །རྣམ་པར་མ་དག་པའི་ཕྱིར་མཉམ་པར་མ་བཞག་པའི་ས་ཡང་ཡོད་དེ། འདི་ལྟ་སྟེ། ཇི་ལྟར་འདོད་པ་དང༌། གནོད་པ་མེད་པ་དང༌། ཚེགས་མེད་པར་ཐོབ་ཏུ་ཟིན་ཀྱང༌། འཇིག་རྟེན་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཉོན་མོངས་པའི་བག་ལ་ཉལ་ལེགས་པར་མ་ཆོམས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ལྟ་བུའོ། །རྣམ་པར་ལངས་པའི་ཕྱིར་མཉམ་པར་མ་བཞག་པའི་ས་ཡང་ཡོད་དེ། འདི་ལྟ་སྟེ། ཏིང་ངེ་འཛིན་ཐོབ་པ་ལས་ལངས་ལ་ཡོངས་སུ་ཉམས་པ་ནི་མ་ཡིན་པའི་ལྟ་བུའོ། །ཡོངས་སུ་ཉམས་པའི་ཕྱིར་མཉམ་པར་མ་བཞག་པའི་ས་ཡང་ཡོད་དེ། འདི་ལྟ་སྟེ། ཏིང་ངེ་འཛིན་ཐོབ་པ་ལས་ཡོངས་སུ་ཉམས་པའི་ལྟ་བུའོ། །རྣལ་འབྱོར་སྤྱོད་པའི་ས་ལས་མཉམ་པར་མ་བཞག་པའི་ས་རྫོགས་སོ།། །།སེམས་ཡོད་པ་དང་སེམས་མེད་པའི་ས་གང་ཞེ་ན། རྣམ་པ་དེ་གཉིས་ལ་ཡང༌། རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། སར་གདགས་པ་རྣམ་པར་གཞག་པ་དང༌། སེམས་འཁྲུལ་པ་དང༌། མ་འཁྲུལ་བ་རྣམ་པར་གཞག་པ་དང༌། འབྱུང་བ་དང་མི་འབྱུང་བ་རྣམ་པར་གཞག་པ་དང༌། གནས་སྐབས་རྣམ་པར་གཞག་པ་དང༌། དོན་དམ་པ་རྣམ་པར་གཞག་པའོ། །དེ་ལ་སར་གདགས་པ་རྣམ་པར་གཞག་པ་ནི། རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པའི་ས་དང༌། ཡིད་ཀྱི་ས་དང༌། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དང༌། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ས་རྣམས་ནི་གཅིག་ཏུ་ངེས་པར་སེམས་ཡོད་པའོ། །རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ས་ལས་ནི་སྙོམས་པར་འཇུག་པ་དང༌། སྐྱེ་བ་ཡོད་པ་འདུ་ཤེས་མེད་པ་པ་དང༌། འགོག་པའི་སྙོམས་པར་འཇུག་པ་མ་གཏོགས་པ་དེ་ལས་གཞན་པ་རྣམས་ཀྱི་སེམས་ཡོད་པ་ཁོ་ནའི་སའོ། །སྙོམས་པར་འཇུག་པ་དང༌། སྐྱེ་བ་ཡོད་པ་འདུ་ཤེས་མེད་པ་པ་དང༌། འགོག་པའི་སྙོམས་པར་འཇུག་པ་ནི་སེམས་མེད་པའི་སའོ། །དེ་ལ་སེམས་འཁྲུལ་པ་དང༌། མ་འཁྲུལ་
པ་རྣམ་པར་གཞག་པ་ནི། ཕྱིན་ཅི་ལོག་བཞིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་གང་ཡིན་པ་དེ་ནི་འཁྲུལ་པ་ཞེས་བྱའོ། །ཕྱིན་ཅི་ལོག་བཞིས་ཕྱིན་ཅི་ལོག་ཏུ་མ་གྱུར་པ་གང་ཡིན་པ་དེ་ནི་སེམས་མ་འཁྲུལ་པ་ཞེས་བྱའོ། །དེ་ལ་སེམས་འཁྲུལ་པ་གང་ཡིན་པ་དེ་ནི། རང་བཞིན་ལས་ཉམས་པའི་ཕྱིར། སེམས་མེད་པ་ཞེས་བྱ་སྟེ། འདི་ལྟར་འཇིག་རྟེན་ན་སྨྱོ་ཞིང་སེམས་འཁྲུལ་པ་མཐོང་ན། སྐྱེས་བུ་གང་ཟག་འདི་ནི་སེམས་མེད་པ་སྨྱོ་བ་སེམས་འཁྲུགས་པའོ་ཞེས་ཟེར་རོ། །དེའི་ཕྱིར་རྣམ་གྲངས་དེས་ན་སེམས་འཁྲུལ་པ་གང་ཡིན་པ་དེ་ནི་སེམས་མེད་པའི་ས་ཡིན་ལ། མ་འཁྲུལ་པ་གང་ཡིན་པ་དེ་ནི་སེམས་ཡོད་པ་ཡིན་ནོ། །དེ་ལ་འབྱུང་བ་དང་མི་འབྱུང་བ་ནི། རྣམ་པ་བརྒྱད་ཀྱིས་སེམས་འབྱུང་བའམ་མི་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། དབང་པོ་ཡོངས་སུ་ཉམས་པ་དང༌། ཡུལ་མི་སྣང་བར་གྱུར་པ་དང༌། ཡིད་ལ་བྱེད་པ་མེད་པ་དང༌། མ་ཐོབ་པ་དང༌། མི་མཐུན་པ་དང༌། སྤངས་པ་དང༌། འགགས་པ་དང༌། སྐྱེས་པའོ། །དེ་ལས་བཟློག་པ་ནི་སྐྱེ་བར་བལྟ་བར་བྱ་སྟེ། རྒྱུ་འདི་དག་ཁོ་ནས་འགྱུར་བར་ཟད་དོ། །དེ་ལ་སྐྱེ་བའི་རྒྱུ་རྣམས་ཀྱི་སེམས་སྐྱེ་བ་གང་ཡིན་པ་དེ་ནི། སེམས་ཡོད་པའི་སའོ། །མི་སྐྱེ་བའི་རྒྱུ་རྣམས་ཀྱིས། མི་སྐྱེ་བ་གང་ཡིན་པ་དེ་ནི་སེམས་མེད་པའི་སའོ། །དེ་ལ་གནས་སྐབས་རྣམ་པར་གཞག་པ་ནི། གནས་སྐབས་དྲུག་མ་གཏོགས་པ་སྟེ། སེམས་ཡོད་པའི་ས་ཡིན་པར་རིག་པར་བྱའོ། །གནས་སྐབས་དྲུག་པོ་གང་ཞེ་ན། འདི་ལྟ་སྟེ། གཉིད་སེམས་མེད་པའི་གནས་སྐབས་དང༌། བརྒྱལ་བ་སེམས་མེད་པའི་གནས་སྐབས་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་པ་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ། གནས་སྐབས་དྲུག་པོ་གང་ཡིན་པ་འདི་དག་ནི་སེམས་མེད་པའི་སའོ། །དེ་ལ་དོན་དམ་པ་རྣམ་པར་གཞག་པ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ། སེམས་མེད་པའི་སའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཀུན་གཞི་རྣམ་པར་
ཤེས་པ་འགག་པར་འགྱུར་བའི་ཕྱིར་ཏེ། དེས་ན་སེམས་མེད་པའི་ས་ཞེས་བྱའོ། །དེ་ལས་གཞན་པའི་གནས་སྐབས་དག་ནི་འཇུག་པའི་རྣམ་པར་ཤེས་པ་འགག་ལ། ཀུན་གཞི་རྣམ་པར་ཤེས་པ་ནི་འགག་པར་མི་འགྱུར་ཏེ། དེས་ན་དོན་དམ་པའི་སྒོ་ནས་སེམས་མེད་པའི་ས་ཞེས་བྱའོ། །རྣལ་འབྱོར་སྤྱོད་པའི་ས་ལས་སེམས་ཡོད་པའི་ས་དང༌། སེམས་མེད་པའི་ས་རྫོགས་སོ།། །།ཐོབ་པ་ལས་བྱུང་བའི་ས་གང་ཞེ་ན། དེ་ཡང་མདོར་བསྡུ་ན། རིགས་པའི་གནས་ལྔ་གང་ཡིན་པ་དེ་དག་མིང་དང་ཚིག་དང༌། །ཡི་གེ་ལས་བློ་སྔོན་དུ་བཏང་སྟེ། ཉན་པ་དང༌། འཛིན་པ་དང༌། འཆང་བ་དང༌། ཁ་ཏོན་བྱེད་པ་དང༌། རྗེས་སུ་དྲན་པ་དང༌། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་ལ་བརྟེན་པའི་དོན་རྟོགས་པ་འདི་ནི་ཐོས་པ་ལས་བྱུང་བའི་ས་ཞེས་བྱའོ། །རིག་པའི་གནས་ལྔ་གང་ཞེ་ན། འདི་ལྟ་སྟེ་ནང་གི་རིག་པ་དང༌། གསོ་བ་རིག་པ་དང༌། གཏན་ཚིགས་ཀྱི་རིག་པ་དང༌། སྒྲའི་རིག་པ་དང༌། བཟོའི་ལས་ཀྱི་གནས་ཀྱི་རིག་པའོ། །ནང་གི་རིག་པ་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། གཞི་གདགས་པ་རྣམ་པར་གཞག་པ་དང༌། མིང་རབ་ཏུ་དབྱེ་བ་གདགས་པ་རྣམ་པར་གཞག་པ་དང༌། བསྟན་པའི་དོན་བསྡུ་བ་དང༌། སངས་རྒྱས་ཀྱི་བཀའི་ཤེས་བྱའི་གནས་སོ། །དེ་ལ་གཞི་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། གཞི་གསུམ་གྱིས་སངས་རྒྱས་ཀྱི་བཀའ་བསྡུས་པ་ཡིན་ཏེ། འདི་ལྟ་སྟེ། མདོ་སྡེའི་གཞི་དང༌། འདུལ་བའི་གཞི་དང༌། མ་མོའི་གཞི་སྟེ། གསུམ་པོ་འདི་དག་གི་རྣམ་པར་དབྱེ་བ་རྒྱས་པ་ནི་གཞི་བསྡུ་བ་ལས་འབྱུང་ངོ༌། །མིང་རབ་ཏུ་དབྱེ་བ་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། སྡོམ་ལ། གནས་དང་འཁྲུལ་དང་སྤྲོས་བ་དང༌། །གནས་པ་དེ་ཉིད་དགེ་དང་མཆོག །རབ་ཞི་རང་བཞིན་རིགས་པ་དང༌། །བརྡ་དང་མངོན་པར་རྟོགས་པའོ། །གནས་གང་ཞེ་ན། འདི་ལྟ་སྟེ། སྐྱེ་མཆེད་དྲུག་པོ། ཡུལ་ཚད་མེད་པ། ཕྱོགས་ཚད་མེད་པ། དུས་ཚད་མེད་པ་དང༌། ཁམས་གསུམ་སྟེ། འདོད་པའི་ཁམས་དང༌། གཟུགས་
ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་དང༌། གཞན་ཡང་ཁམས་གསུམ་སྟེ། སྟོང་ཆུང་ངུ་དང༌། སྟོང་གཉིས་པ་བར་མ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོ་དང༌། ཕྱོགས་བཞི་སྟེ། ཁྱིམ་པའི་ཕྱོགས་དང༌། རབ་ཏུ་བྱུང་བའི་ཕྱོགས་དང༌། དགེ་བསྙེན་གྱི་ཕྱོགས་དང༌། མི་མ་ཡིན་པའི་ཕྱོགས་དང༌། ཚོར་བ་གསུམ་སྟེ། བདེ་བ་དང༌། སྡུག་བསྔལ་བ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་དུས་གསུམ་སྟེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། དཀོན་མཆོག་གསུམ་སྟེ། སངས་རྒྱས་དཀོན་མཆོག་དང༌། ཆོས་དཀོན་མཆོག་དང༌། དགེ་འདུན་དཀོན་མཆོག་དང༌། ཆོས་གསུམ་སྟེ། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། ཀུན་ནས་ཉོན་མོངས་པ་གསུམ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང༌། འཕགས་པའི་བདེན་པ་བཞི་སྟེ། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ། བསམ་གཏན་དང་པོ་ནས། འདུ་ཤེས་དང་ཚོར་བ་འགོག་པའི་བར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཏེ། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པའི་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་གྱི་ཡན་ལག་རྣམས་དང༌། དགེ་སྦྱོང་གི་འབྲས་བུ་བཞི་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་དང༌། ཡོན་ཏན་ཁྱད་པར་ཅན་མང་པོ་ལ་འདི་ལྟ་སྟེ། ཚད་མེད་པ་རྣམས་དང༌། རྣམ་པར་ཐར་པ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། ཟད་པར་གྱི་སྐྱེ་མཆེད་རྣམས་དང༌། ཉོན་མོངས་པ་མེད་པ་དང༌། སྨོན་ནས་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་དང༌། མངོན་པར་ཤེས་པ་དྲུག་དང༌། གཞན་ཡང་རྒྱ་ཆེ་བའི་དབང་དུ་བྱས་ནས། གཞི་ལྔ་སྟེ། མཚན་མ་དང༌།
མིང་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་ཤེས་པ་དང༌། སྟོང་པ་ཉིད་རྣམ་པ་གཉིས་ཏེ། གང་ཟག་སྟོང་པ་ཉིད་དང༌། ཆོས་སྟོང་པ་ཉིད་དང༌། བདག་མེད་པ་རྣམ་པ་གཉིས་ཏེ། གང་ཟག་ལ་བདག་མེད་པ་དང༌། ཆོས་ལ་བདག་མེད་པ་དང༌། མཐའ་གཉིས་རྣམ་པར་སྤངས་པའི་དབུ་མའི་ལམ་སྟེ། སྒྲོ་བཏགས་པའི་མཐའ་རྣམ་པར་སྤངས་པ་དང༌། སྐུར་པའི་མཐའ་རྣམ་པར་སྤངས་པ་དང༌། དེ་ཁོ་ན་ཉིད་རྣམ་པ་བཞི་སྟེ། འཇིག་རྟེན་གྱི་གྲགས་པ་དང༌། རིགས་པའི་གྲགས་པ་དང་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང༌། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང༌། ཡོངས་སུ་ཚོལ་བ་བཞི་སྟེ། མིང་ཡོངས་སུ་ཚོལ་བ་དང༌། དངོས་པོ་ཡོངས་སུ་ཚོལ་བ་དང༌། ངོ་བོ་ཉིད་གདགས་པ་ཡོངས་སུ་ཚོལ་བ་དང༌། ཁྱད་པར་གདགས་པ་ཡོངས་སུ་ཚོལ་བ་དང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་སྟེ། མིང་ཡོངས་སུ་ཚོལ་བར་གཏོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། དངོས་པོ་ཡོངས་སུ་ཚོལ་བར་གཏོགས་པ་དང༌། ངོ་བོ་ཉིད་གདགས་པ་ཡོངས་སུ་ཚོལ་བར་གཏོགས་པ་དང༌། ཁྱད་པར་གདགས་པ་ཡོངས་སུ་ཚོལ་བར་གཏོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། ངོ་བོ་ཉིད་རྣམ་པ་གསུམ་སྟེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དང༌། གཞན་གྱི་དབང་དང༌། ཀུན་དུ་བརྟགས་པའི་ངོ་བོ་ཉིད་དང༌། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། དོན་དམ་པའི་ངོ་བོ་ཉིད་མེད་པ་དང༌། བྱང་ཆུབ་ཆེན་པོ་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ངོ་བོ་ཉིད་དང༌། མཐུ་དང༌། ཐབས་དང༌། འཇུག་པ་དང༌། ལྡོག་པ་དང༌། ཐེག་པ་ཆེན་པོ་རྣམ་པ་ལྔ་སྟེ། ས་བོན་དང༌། འཇུག་པ་དང༌། གོ་རིམས་དང༌། ཡང་དག་པའི་བསྒྲུབ་པ་དང༌། ཡང་དག་པའི་བསྒྲུབས་པའི་འབྲས་བུ་དང༌། དེ་བཞིན་དུ་དང་པོ་སེམས་བསྐྱེད་པ་དང༌། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང༌། ཕ་རོལ་ཏུ་ཕྱིན་
པ་དང༌། བསྡུ་བའི་དངོས་པོ་རྣམས་ཀྱི་བདག་དང་ཕ་རོལ་གྱི་རྒྱུད་ཡོངས་སུ་སྨིན་པར་བྱ་བ་དང༌། དཔག་ཏུ་མེད་པ་ལ་འདུ་ཤེས་པ་ལྔ་སྟེ། སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་ལ་འདུ་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། འདུལ་བའི་ཁམས་དང༌། འདུལ་བའི་ཐབས་ཀྱི་ཁམས་དཔག་ཏུ་མེད་པ་ལ་འདུ་ཤེས་པ་དང༌། དེ་ཁོ་ནའི་དོན་གྱི་རྗེས་སུ་འགྲོ་བ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་དེ་བཞིན་ཉིད་གང་ཡིན་པ་དང༌། དེའི་ཡེ་ཤེས་གང་ཡིན་པ་དང༌། མཐུ་བསམ་གྱིས་མི་ཁྱབ་པ་ལ་མོས་པ་དང༌། ཡེ་ཤེས་སྒྲིབ་པ་མེད་པ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་གསུམ་དང༌། བསྲུང་བ་མེད་པ་གསུམ་དང༌། སྙིང་རྗེ་ཆེན་པོ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། བག་ཆགས་ཡང་དག་པར་བཅོམ་པ་དང༌། རྣམ་པ་ཐམས་ཅད་དང༌། མཆོག་གི་ཡེ་ཤེས་སོ། །དེ་དག་ཀྱང་བསྡུ་ན། གནས་རྣམ་པ་གཉིས་སུ་འགྱུར་ཏེ། ཉན་ཐོས་ཀྱི་ཐེག་པ་བསྟན་པའི་གནས་དང༌། ཐེག་པ་ཆེན་པོ་བསྟན་པའི་གནས་སོ། །འཁྲུལ་པ་གང་ཞེ་ན། ཕྱིན་ཅི་ལོག་བཞི་སྟེ། མི་རྟག་པ་ལ་རྟག་གོ་སྙམ་པའི་ཕྱིན་ཅི་ལོག་པ་དང༌། སྡུག་བསྔལ་བ་ལ་བདེ་བའོ་སྙམ་པ་དང༌། མི་སྡུག་པ་ལ་སྡུག་གོ་སྙམ་པ་དང༌། བདག་མེད་པ་ལ་བདག་གོ་སྙམ་པའི་ཕྱིན་ཅི་ལོག་གོ །སྤྲོས་པ་གང་ཞེ་ན། ཉོན་མོངས་པ་རྣམས་དང༌། ཉོན་མོངས་པ་དང་བཅས་པའི་ཕུང་པོ་རྣམས་སོ། །གནས་པ་གང་ཞེ་ན། རྣམ་པར་ཤེས་པའི་གནས་བཞི་འམ་བདུན་ནོ། །དེ་ཁོ་ན་གང་ཞེ་ན། དེ་བཞིན་ཉིད་དང༌། འཕགས་པའི་བདེན་པ་བཞིའོ། །དགེ་བ་གང་ཞེ་ན། དགེ་བ་རྣམས་རྣམ་པ་གསུམ་སྟེ། ལུས་དགེ་བ་དང༌། ཡུལ་དགེ་བ་དང༌། གནས་སྐབས་དགེ་བའོ། །མཆོག་གང་ཞེ་ན། དཀོན་མཆོག་གསུམ་ལ་མཆོག་ཅེས་བྱ་སྟེ། མཆོག་དུ་གདགས་པར་རྟོགས་པའི་ཕྱིར་རོ། །རབ་ཏུ་ཞི་བ་གང་ཞེ་ན། དགེ་བའི་
ཆོས་ལ་འདུན་པ་ཡན་ཆད་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འབྲས་བུ་དང་བཅས་པ་ཐམས་ཅད་ལ་རབ་ཏུ་ཞི་ཞེས་བྱའོ། །རང་བཞིན་གང་ཞེ་ན། ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་སྟེ། རང་གི་མཚན་ཉིད་དམ། སྤྱིའི་མཚན་ཉིད་དམ། བརྡའི་མཚན་ཉིད་དམ། རྒྱུའི་མཚན་ཉིད་དམ། འབྲས་བུའི་མཚན་ཉིད་དོ། །རིགས་པ་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བའམ། རིགས་པ་བཞིའོ། །བརྡ་གང་ཞེ་ན། ཆོས་ཙམ་ལ་གང་ཟག་རྣམ་པར་གཞག་པའམ། མཚན་མ་ཙམ་ལ་ཆོས་སུ་རྣམ་པར་གཞག་པ་གང་ཡིན་པའོ། །མངོན་པར་རྟོགས་པ་གང་ཞེ་ན། མངོན་པར་རྟོགས་པ་དྲུག་སྟེ། སྔ་མ་བཞིན་དུ་འདི་ལྟ་སྟེ། རྟོགས་པ་དང་བཅས་དཔྱོད་པ་བཅས་པའི་ས་ལས་འབྱུང་བ་བཞིན་ནོ། །སྡོམ་ལ། ཡུལ་ཅན་གནས་སྐབས་རྟོག་པ་དང༌། །སྤྱོད་ལེན་ཚོགས་དང་མུན་པ་དང༌། །ཚིག་དང་རྟོགས་བྱ་ཡང་དག་ཕུལ། །དབེན་པ་དང་ནི་འཇུག་པ་བཞི། །ཡུལ་ཅན་གང་ཞེ་ན། གཟུགས་ཀྱི་ཕུང་པོ་གང་ཡིན་པའོ། །གནས་སྐབས་གང་ཞེ་ན། ཚོར་བའི་ཕུང་པོ་གང་ཡིན་པའོ། །རྟོག་པ་གང་ཞེ་ན། འདུ་ཤེས་ཀྱི་ཕུང་པོ་གང་ཡིན་པའོ། །སྤྱོད་པ་གང་ཞེ་ན། འདུ་བྱེད་ཀྱི་ཕུང་པོ་གང་ཡིན་པའོ། །ལེན་པ་གང་ཞེ་ན། རྣམ་པར་ཤེས་པའི་ཕུང་པོ་གང་ཡིན་པའོ། །ཚོགས་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། ཉོན་མོངས་པའི་ཚོགས་དང་ལས་ཀྱི་ཚོགས་སོ། །ཚོགས་ཇི་ལྟ་བ་དེ་བཞིན་དུ། འབྲི་བ་ཡང་རྣམ་པ་གཉིས་སོ། །མུན་པ་གང་ཞེ་ན། མ་རིག་པ་དང་ཐེ་ཚོམ་མོ། །ཚིག་གང་ཞེ་ན། གསུང་རབ་ཡན་ལག་བཅུ་གཉིས་ལ་ཚིག་ཅེས་བྱའོ། །རྟོགས་པར་བྱ་བ་གང་ཞེ་ན། བསྟན་པ་དེ་དང༌། དེའི་དོན་ལ་རྟོགས་པར་བྱ་བ་ཞེས་བྱའོ། །ཡང་དག་ཕུལ་གང་ཞེ་ན། དགེ་སྦྱོང་གི་འབྲས་བུ་བཞིའོ། །དབེན་པ་གང་ཞེ་ན། དབེན་པ་ལྔ་སྟེ། ཉེས་པར་སྤྱོད་པ་ལས་དབེན་པ་དང༌། འདོད་པ་ལས་དབེན་པ་དང༌། ཡོ་བྱད་ལས་དབེན་པ་དང༌། །འདུ་འཛི་ལས་དབེན་པ་དང༌། ཉོན་མོངས་པ་ལས་དབེན་པའོ། །འཇུག་པ་གང་ཞེ་ན། ཁམས་གསུམ་
དང༌། འགྲོ་བ་ལྔའོ། །གཞི་གང་ཞེ་ན། འདས་པ་ལ་ལྟ་བ་དང༌། མ་འོངས་པ་ལ་མངོན་པར་དགའ་བ་དང༌། ད་ལྟར་བྱུང་བ་ལྷག་པར་ཆགས་པའོ། །སྡོམ་ལ། རྣམ་པར་འབྱེད་དང་ཀུན་དུ་འབྱུང༌། །ཉལ་བ་དང་ནི་འབྲེལ་པ་དང༌། །བསྡུ་དང་མཚུངས་པར་ལྡན་པ་དང༌། །བསྙད་དང་སྟོན་པ་གོ་རིམས་རྣམས། །རྣམ་པར་འབྱེད་པ་གང་ཞེ་ན། འདི་ལྟ་སྟེ། གཅིག་ནས་རྟོག་པ་དང༌། ཚིག་གོང་མ་དང་སྦྱོར་བ་དང༌། ཚིག་འོག་མ་དང་སྦྱོར་བ་དང༌། མུ་བཞིར་སྦྱོར་བ་དང༌། དངོས་པོ་མེད་པ་དང༌། གཟུགས་ཅན་གྱི་ཆོས་རྣམས་དང༌། གཟུགས་ཅན་མ་ཡིན་པ་རྣམས་དང༌། བསྟན་དུ་ཡོད་པ་རྣམས་དང༌། བསྟན་དུ་མེད་པ་རྣམས་དང༌། ཐོགས་པ་དང་བཅས་པ་རྣམས་དང༌། ཐོགས་པ་མེད་པ་རྣམས་དང༌། ཟག་པ་དང་བཅས་པ་རྣམས་དང༌། ཟག་པ་མེད་པ་རྣམས་དང༌། འདུས་བྱས་རྣམས་དང༌། འདུས་མ་བྱས་རྣམས་དང༌། ཉོན་མོངས་པ་དང་བཅས་པ་རྣམས་དང༌། ཉོན་མོངས་པ་མེད་པ་རྣམས་དང༌། ཟང་ཟིང་དང་བཅས་པ་རྣམས་དང༌། ཟང་ཟིང་མེད་པ་རྣམས་དང༌། ཞེན་པ་ལ་བརྟེན་པ་རྣམས་དང༌། མངོན་བར་འབྱུང་བ་ལ་བརྟེན་པ་རྣམས་དང༌། འཇིག་རྟེན་པ་རྣམས་དང༌། འཇིག་རྟེན་ལས་འདས་པ་རྣམས་དང༌། ཁོངས་སུ་གཏོགས་པ་རྣམས་དང༌། ཁོངས་སུ་གཏོགས་པ་མ་ཡིན་པ་རྣམས་དང༌། ནང་གི་རྣམས་དང༌། ཕྱི་རོལ་གྱི་རྣམས་དང༌། རགས་པ་རྣམས་དང༌། ཕྲ་བ་རྣམས་དང༌། ངན་པ་རྣམས་དང༌། བཟང་པོ་རྣམས་དང༌། རྒྱང་རིང་བ་རྣམས་དང༌། ཉེ་བ་རྣམས་དང༌། དམིགས་པ་དང་བཅས་པ་རྣམས་དང༌། དམིགས་པ་མེད་པ་རྣམས་དང༌། མཚུངས་པར་ལྡན་པ་རྣམས་དང༌། མི་ལྡན་པ་རྣམས་དང༌། རྣམ་པ་དང་བཅས་པ་རྣམས་དང༌། རྣམ་པ་མེད་པ་རྣམས་དང༌། རྟེན་དང་བཅས་པ་རྣམས་དང༌། རྟེན་མེད་པ་རྣམས་དང༌། རྒྱུ་དང་རྒྱུ་མ་ཡིན་པ་དང༌། འབྲས་བུ་དང་འབྲས་བུ་མ་ཡིན་པ་དང༌། རྣམ་པར་སྨིན་པ་དང༌། རྣམ་པར་སྨིན་པ་མ་ཡིན་པ་རྣམས་དང༌། རྒྱུ་དང་བཅས་པ་ལས་བྱུང་བ་རྣམས་དང༌། རྒྱུ་དང་བཅས་པ་ལས་བྱུང་བ་མ་ཡིན་པ་རྣམས་དང༌། འབྲས་
བུ་དང་བཅས་པ་རྣམས་དང༌། འབྲས་བུ་དང་བཅས་པ་མ་ཡིན་པ་རྣམས་དང༌། རྣམ་པར་སྨིན་པ་དང་བཅས་པ་རྣམས་དང༌། རྣམ་པར་སྨིན་པ་དང་བཅས་པ་མ་ཡིན་པ་རྣམས་དང༌། ཟིན་པ་རྣམས་དང༌། མ་ཟིན་པ་རྣམས་དང༌། འབྱུང་བ་ཆེན་པོ་རྒྱུར་བྱས་པ་དང༌། འབྱུང་བ་ཆེན་པོ་རྒྱུར་བྱས་པ་མ་ཡིན་པ་དང༌། མཚུངས་པ་རྣམས་དང༌། དེ་དང་མཚུངས་པ་རྣམས་དང༌། གོང་ན་ཡོད་པ་རྣམས་དང༌། གོང་ན་མེད་པ་རྣམས་དང༌། འདས་པ་རྣམས་དང༌། མ་འོངས་པ་རྣམས་དང༌། ད་ལྟར་བྱུང་བ་རྣམས་དང༌། དགེ་བ་རྣམས་དང༌། མི་དགེ་བ་རྣམས་དང༌། ལུང་དུ་མ་བསྟན་པ་རྣམས་དང༌། འདོད་པ་དང་ལྡན་པ་རྣམས་དང༌། གཟུགས་དང་ལྡན་པ་རྣམས་དང༌། གཟུགས་མེད་པ་དང་ལྡན་པ་རྣམས་དང༌། སློབ་པ་རྣམས་དང༌། མི་སློབ་པ་རྣམས་དང༌། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་དང༌། མཐོང་བས་སྤང་བར་བྱ་བ་རྣམས་དང༌། བསྒོམ་པས་སྤང་བར་བྱ་བ་རྣམས་དང༌། སྤང་བར་བྱ་བ་མ་ཡིན་པ་རྣམས་དང༌། རྐྱེན་བཞི་སྟེ། རྒྱུའི་རྐྱེན་དང༌། མཚུངས་པ་དེ་མ་ཐག་པ་དང༌། དམིགས་པ་དང༌། བདག་པོའི་རྐྱེན་དང༌། རྟོན་པ་བཞི་སྟེ། ཆོས་ལ་རྟོན་གྱི་གང་ཟག་ལ་མ་ཡིན་པ་དང༌། དོན་ལ་རྟོན་གྱི་ཡི་གེ་ལ་མ་ཡིན་པ་དང༌། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི། བཀྲི་བའི་དོན་གྱི་མདོ་སྡེ་ལ་མ་ཡིན་པ་དང༌། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མ་ཡིན་པ་དང༌། ཚད་མེད་པ་བཞི་དང༌། དྲན་པ་ཉེ་བར་གཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། ཆོས་ཀྱི་གནས་བཞི་དང༌། ཞི་གནས་དང༌། ལྷག་མཐོང་དང༌། ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་དང༌། བསླབ་པ་རྣམས་དང༌། རྣམ་པར་ཐར་པ་རྣམས་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་དང༌། ཟད་པར་གྱི་སྐྱེ་མཆེད་རྣམས་སོ། །ཀུན་འབྱུང་བ་གང་ཞེ་ན། ཉོན་མོངས་པས་ཀུན་ནས་དཀྲིས་པ་གང་ཡིན་
པའོ། །ཉལ་བ་གང་ཞེ་ན། ཉོན་མོངས་པ་བག་ལ་ཉལ་བ་གང་ཡིན་པའོ། །འབྲེལ་པ་གང་ཞེ་ན། སྐྱེ་མཆེད་དྲུག་པོ་རྣམས་ལུས་གཅིག་ལ་ཕན་ཚུན་འབྲེལ་བ་ཡིན་པར་རིག་པར་བྱའོ། །གཞན་ཡང་ཆོས་རྣམས་གང་དག་གིས་ཆོས་རྣམས་གང་དག་བསྐྱེད་བ་དེ་དག་ཕན་ཚུན་འབྲེལ་བར་རིག་པར་བྱའོ། །དབང་པོ་རྣམས་དང༌། ཡུལ་རྣམས་ཀྱང་གཟུང་བ་དང་འཛིན་པའི་ཚུལ་གྱིས་འབྲེལ་པར་རིག་པར་བྱའོ། །བསྡུ་བ་གང་ཞེ་ན། བསྡུ་བ་ནི་རྣམ་པ་བཅུ་དྲུག་སྟེ། རྒྱུ་བསྡུ་བ་དང༌། མཚན་ཉིད་བསྡུ་བ་དང༌། རིགས་བསྡུ་བ་དང༌། གནས་སྐབས་བསྡུ་བ་དང༌། ཐ་མི་དད་པར་བསྡུ་བ་དང༌། དུས་བསྡུ་བ་དང༌། ཡུལ་བསྡུ་བ་དང༌། ཕྱོགས་གཅིག་བསྡུ་བ་དང༌། མཐའ་དག་བསྡུ་བ་དང༌། དོན་དམ་པ་བསྡུ་བ་དང༌། ཕུང་པོ་བསྡུ་བ་དང༌། ཁམས་བསྡུ་བ་དང༌། སྐྱེ་མཆེད་བསྡུ་བ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་བསྡུ་བ་དང༌། གནས་དང་གནས་མ་ཡིན་པ་བསྡུ་བ་དང༌། དབང་པོ་བསྡུ་བའོ། །མཚུངས་པར་ལྡན་པ་གང་ཞེ་ན། དེ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། གཞན་གྱི་དངོས་པོས་མཚུངས་པར་ལྡན་གྱི། རང་གི་དངོས་པོས་ནི་མ་ཡིན་ནོ། །གཞན་གྱི་དངོས་པོས་མཚུངས་པར་ལྡན་པ་ལ་ཡང་མི་མཐུན་པ་མ་ཡིན་པ་རྣམས་མཚུངས་པར་ལྡན་གྱི། མི་མཐུན་པ་རྣམས་ནི་མ་ཡིན་ནོ། །མི་མཐུན་པ་མ་ཡིན་པ་རྣམས་མཚུངས་པར་ལྡན་པ་ལ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཉིད་དང༌། མཚུངས་པར་ལྡན་གྱི། གཞན་རྣམས་གཞན་དག་དང་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །ཆུང་ངུ་དང་འབྲིང་དང༌། ཆེན་པོ་རྣམས་མཚུངས་པར་ལྡན་པ་ལ་ཡང་དེའི་ཚེ་འབྱུང་བ་རྣམས་ཉིད་དེའི་ཚེ་བྱུང་བ་རྣམས་དང་མཚུངས་པར་ལྡན་གྱི། གཞན་གྱི་དུས་སུ་བྱུང་བ་རྣམས་གཞན་གྱི་དུས་སུ་བྱུང་བ་རྣམས་དང་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །དེའི་ཚེ་འབྱུང་བ་རྣམས་ཀྱང་དེའི་དུས་སུ་དེའི་ས་པ་རྣམས་ཉིད་དེའི་ས་པ་རྣམས་དང་མཚུངས་པར་ལྡན་གྱི། གཞན་གྱི་ས་པ་རྣམས་དང་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །བསྙད་པ་གང་ཞེ་ན། ཐ་སྙད་བཞི་སྟེ། མཐོང་བའི་ཐ་སྙད་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་
པའི་ཐ་སྙད་དོ། །རྟོན་པ་གང་ཞེ་ན། ཟས་བཞི་སྟེ། ཁམ་གྱི་ཟས་དང༌། རེག་པ་དང༌། ཡིད་ལ་སེམས་པ་དང༌། རྣམ་པར་ཤེས་པའི་ཟས་སོ། །གོ་རིམས་གང་ཞེ་ན། གོ་རིམས་རྣམ་པ་དྲུག་སྟེ། འཇུག་པའི་གོ་རིམས་དང༌། བྱ་བ་སྒྲུབ་པའི་གོ་རིམས་དང༌། བསྟན་པའི་གོ་རིམས་དང༌། སྐྱེ་བའི་གོ་རིམས་དང༌། མངོན་པར་རྟོགས་པའི་གོ་རིམས་དང༌། སྙོམས་པར་འཇུག་པའི་གོ་རིམས་སོ། །སྡོམ་ལ། བྱ་བ་དམིགས་པ་སྦྱོར་བ་དང༌། །ཞི་གནས་དང་ནི་ལྷག་མཐོང་དང༌། །ཡིད་ལ་བྱེད་དང་གདམས་ངག་དང༌། །ཡོན་ཏན་བྱང་ཆུབ་བསྟན་པ་ཡིན། །བྱ་བ་གང་ཞེ་ན། བྱ་བ་བརྒྱད་དེ། གནས་འགགས་པ་དང༌། གནས་བརྗེ་བ་དང༌། དམིགས་པ་ཡོངས་སུ་ཤེས་པ་དང༌། དམིགས་པ་ལ་མངོན་པར་དགའ་བ་དང༌། འབྲས་བུ་འཐོབ་པ་དང༌། འདོད་ཆགས་དང་བྲལ་བ་དང༌། དབང་པོ་འཕོ་བ་དང༌། མངོན་པར་ཤེས་པ་བསྒྲུབ་པའོ། །དམིགས་པ་གང་ཞེ་ན། དམིགས་པ་བཞི་སྟེ། ཁྱབ་པར་བྱ་བ་ལ་དམིགས་པ་དང༌། སྤྱོད་པར་བྱ་བ་རྣམ་པར་སྤྱོད་པ་ལ་དམིགས་པ་དང༌། མཁས་པ་ལ་དམིགས་པ་དང༌། ཉོན་མོངས་པ་རྣམ་པར་བྱང་བ་ལ་དམིགས་པའོ། །སྦྱོར་བ་གང་ཞེ་ན། དེ་ནི་རྣམ་པ་བཞི་འམ། རྣམ་པ་དགུ་སྟེ། རྣམ་པ་བཞི་ནི། དད་པ་དང༌། འདུན་པ་དང༌། བརྩོན་འགྲུས་དང་ཐབས་སོ། །རྣམ་པ་དགུ་ནི་འཇིག་རྟེན་པའི་ལམ་དང༌། འཇིག་རྟེན་ལས་འདས་པའི་ལམ་དང༌། སྦྱོར་བའི་ལམ་དང༌། དེ་མ་ཐག་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་དང༌། ལམ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའོ། །ཞི་གནས་གང་ཞེ་ན། སེམས་གནས་པ་རྣམ་པ་དགུའོ། །ལྷག་མཐོང་གང་ཞེ་ན། དེ་ནི་གཞི་གསུམ་པ་དང༌། རྣམ་པ་བཞི་དང༌། རབ་ཏུ་དབྱེ་བ་ལ་དམིགས་པ་དྲུག་ཏུ་བལྟ་བར་བྱའོ། །དེ་ལ་གཞི་གསུམ་པ་ནི། མཚན་མ་མེད་པ་དང༌། ཡོངས་སུ་ཚོལ་བ་པ་དང༌། སོ་སོར་རྟོག་པའོ། །དེ་ལ་རྣམ་པ་བཞི་ནི། གང་ཆོས་རྣམས་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་དང༌།
ཡོངས་སུ་རྟག་པ་དང༌། ཡོངས་སུ་དཔྱོད་པར་བྱེད་པའོ། །དེ་ལ་གཞི་རབ་ཏུ་དབྱེ་བ་ལ་དམིགས་པ་དྲུག་ནི་དོན་ལ་དམིགས་པ་དང༌། དངོས་པོ་ལ་དམིགས་པ་དང༌། མཚན་ཉིད་ལ་དམིགས་པ་དང༌། ཕྱོགས་ལ་དམིགས་པ་དང༌། དུས་ལ་དམིགས་པ་དང༌། རིགས་པ་ལ་དམིགས་པའོ། །ཡིད་ལ་བྱེད་པ་གང་ཞེ་ན། ཡིད་ལ་བྱེད་པ་བདུན་ཏེ། མཚན་ཉིད་སོ་སོར་ཡང་དག་པར་རིག་པ་ལ་སོགས་པའོ། །གདམས་ངག་གང་ཞེ་ན། གདམས་ངག་ལྔ་སྟེ། ལུང་གི་གདམས་ངག་དང༌། རྟོགས་པའི་གདམས་ངག་དང༌། གོ་རིམས་ཀྱི་གདམས་ངག་དང༌། ཕྱིན་ཅི་མ་ལོག་པའི་གདམས་ངག་དང༌། ཆོ་འཕྲུལ་གྱི་གདམས་ངག་གོ །ཡོན་ཏན་རྣམས་གང་ཞེ་ན། ཚད་མེད་པ་དང༌། རྣམ་པར་ཐར་པ་ལ་སོགས་པ་སྟེ། གནས་ཀྱི་སྐབས་སུ་བསྟན་པ་བཞིན་ནོ། །བྱང་ཆུབ་གང་ཞེ་ན། བྱང་ཆུབ་གསུམ་སྟེ། ཉན་ཐོས་ཀྱི་བྱང་ཆུབ་དང༌། རང་བྱང་ཆུབ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའོ། །བསྟན་པ་གང་ཞེ་ན། འདི་ལྟ་སྟེ། སྐྱབས་སུ་འགྲོ་བ་རྣམས་དང༌། བསླབ་པའི་གཞི་བཅའ་བ་དང༌། སྟོན་པ་པོ་དང༌། ཉན་པ་པོ་གཞག་པ་དང༌། བླ་མ་དང་སློབ་མ་གཞག་པ་དང༌། སྦྱིན་པའི་གཏམ་དང༌། ཚུལ་ཁྲིམས་ཀྱི་གཏམ་དང༌། མཐོ་རིས་ཀྱི་གཏམ་དང༌། འདོད་པ་རྣམས་ཀྱི་རོ་མྱང་བའི་ཉེས་དམིགས་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། མངོན་པར་འབྱུང་ཞིང་རབ་ཏུ་དབེན་པར་གནས་པའི་ཕན་ཡོན་དང༌། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྣམས་ཞེས་རྒྱས་པར་སྦྱར་རོ། །བསྟན་པའི་དོན་བསྡུ་བ་གང་ཞེ་ན། གོམས་པར་བྱ་བ་སྟེ། འདི་ལྟ་སྟེ། དགེ་བའི་ཆོས་རྣམས་ལ་གུས་པར་བྱེད་པ་དང༌། རྟག་ཏུ་བྱེད་པ་དང༌། བསྒོམ་པ་དང་ལྡན་པ་དང༌། གོམས་པར་བྱ་བའི་ཆོས་རྣམས་འདི་ལྟ་སྟེ། དགེ་བའི་ཆོས་གང་ཅི་ཡང་རུང་བ་རྣམས་དང༌། ཉེས་དམིགས་དང་བཅས་པའི་ཆོས་རྣམས་གང་དག་ཡོངས་སུ་ཤེས་པར་བྱ་བ་དང༌། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་གང་དག་དང་དུ་མི་ལེན་ཅིང་རྣམ་པར་གནོན་པས་ཐོག་མར་སྤང་བར་བྱ་བ་དང༌།
བར་དུ་གཅོད་པའི་ཆོས་རྣམས་གང་དག་མངོན་པར་རྟོགས་པའི་མཐར་ཐུག་པར་འགྲོ་བ་དང༌། མི་མཐུན་པ་དང༌། མཐུན་པའི་ཆོས་རྣམས་གང་དག་མངོན་པར་རྟོགས་པའི་མཐར་ཐུག་པར་འགྲོ་བ་དང་མཐུན་པ་དང༌། མཚན་ཉིད་ལ་དམིགས་པ་དེ་བཞིན་ཉིད་དུ་གཏོགས་པའི་ཆོས་རྣམས་གང་དག་སོ་སོར་ཁོང་དུ་ཆུད་པར་བྱ་བ་དང༌། ཡོན་ཏན་ཁྱད་པར་ཅན་དུ་གཏོགས་པའི་ཆོས་རྣམས་གང་དག་པར་བྱ་བ་དང༌། འཇིག་རྟེན་དང་མཐུན་པར་བྱ་བའི་ཆོས་རྣམས་གང་དག་སོ་སོར་བསྟེན་པས་སྤང་བར་བྱ་བ་དང༌། སྤངས་ནས་ཀུན་དུ་འབྱུང་བ་རྣམས་དང༌། མཐར་ཕྱིན་པའི་ཆོས་རྣམས་གང་དག་བདག་གི་དོན་ཐོབ་པ་ངག་གིས་མངོན་སུམ་དུ་བྱ་བའོ། །སངས་རྒྱས་ཀྱི་བཀའ་ཤེས་བྱའི་གནས་གང་ཞེ་ན། སེམས་ཅན་གནས་པ་གསུམ་སྟེ། ཉིན་གཅིག་བཞིན་དུ་གནས་པ་དང༌། ཚེའི་ཚད་ཇི་སྲིད་པའི་བར་དུ་གནས་པ་དང༌། ཚེ་རབས་རྒྱུད་དུ་དགེ་བའི་ཆོས་རྣམས་ལ་གནས་པ་སྟེ། དང་པོ་ནི་ཁ་ཟས་ཀྱི་དབང་གིས་བྱུང་བའོ། །གཉིས་པ་ནི་སྲོག་གི་དབང་པོའི་འདུ་བྱེད་ཀྱི་དབང་གིས་བྱུང་བའོ། །གསུམ་པ་ནི་དགེ་བའི་ཆོས་རྣམས་ལ་བག་ཡོད་པ་ལས་བྱུང་བའོ། །མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་ལ་ཡང་བག་ཡོད་པ་ཡོད་དེ། འདི་ལྟ་སྟེ། ཁ་ཅིག་སྲོག་ཆགས་བསད་པ་ལ་སོགས་པ་དང༌། སྤྱོད་ལམ་དང་བཟོའི་གནས་ལ་སོགས་པ་ལྷུར་ལེན་པ་ལྟ་བུ་དག་སྟེ། དགེ་བའི་ཆོས་ལ་བག་ཡོད་པ་གང་ཡིན་པ་དེ་ནི། ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པའི་བར་དུ་འགྲུབ་པར་བྱེད་ལ། ཚེ་ཕྱི་མ་ལ་ཡང་བདེ་འགྲོར་འགྲོ་བར་བྱེད་པའི་ཕྱིར། གཅེས་སྤྲས་བྱེད་པ་ཡིན་ནོ། །སེམས་ཅན་གྱི་འཇིག་རྟེན་དང༌། སྣོད་ཀྱི་འཇིག་རྟེན་ལས་བརྩམས་པའི་སྤྲོས་པ་ཐམས་ཅད་སྡུད་པར་འགྱུར་བའི་ཆོས་གཉིས་ཏེ། འཛིན་པའི་ཆོས་དང༌། དེའི་གནས་ཏེ་གཟུང་བའི་ཆོས་སོ། །འཇིག་རྟེན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་རྩ་བ་གནོད་པ་དང༌། ཕན་པ་མ་ཡིན་པ་དང༌། ཀུན་ནས་ཉོན་མོངས་པར་འགྱུར་བ་ནི་གཉིས་ཏེ། དེ་ཁོ་ན་མི་རྟོགས་པ་དང༌། དེ་སྔོན་དུ་འགྲོ་བའི་གནོད་པ་འདོད་པའོ། །འདི་
ལས་ཕྱི་རོལ་པའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་རྩ་བ་ནི་གཉིས་ཏེ། འཇིག་ཚོགས་ལ་ལྟ་བའི་དབང་དུ་བྱས་ནས། བདག་རྟག་པར་རྟོག་པ་དང༌། ཆད་པར་རྟོག་པའོ། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་རྩ་བ་ནི་གཉིས་ཏེ། ཟག་པ་དང་བཅས་པའི་ཆོས་རྣམས་ལ་དགའ་བ་དང་ལྡན་པས་དོན་དུ་གཉེར་བ་དང༌། རིགས་པས་བསྐྱེད་པ་མ་ཡིན་པ་སྐྱོ་བར་བྱ་བ་དང་ལྡན་པ་དོན་དུ་གཉེར་བའོ། །སྟོན་པ་པོ་དང་ཉན་པ་པོ་རྣམས་ཀྱི་གདམས་ངག་བསྟན་པ་ལ་མི་མཐུན་པའི་ཆོས་ནི་གཉིས་ཏེ། ཉན་བ་པོས་ཀྱང་ཚིག་མི་བཟོད་ལ། སྟོན་པ་པོ་ཡང་ཕྱིན་ཅི་ལོག་ཏུ་ལྟ་ཞིང་ལོག་པར་ཞུགས་པའོ། །དེ་ལས་བཟློག་པའི་དཀར་པོའི་ཕྱོགས་ཀྱང་ཆོས་གཉིས་སུ་རིག་པར་བྱའོ། །འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ལེགས་པའི་ཚུལ་ཡང་དག་པར་སྤྱོད་པའི་མཚམས་ལས་འདས་པར་འགྱུར་བའི་ཆོས་ནི་གཉིས་ཏེ། བདག་ཉིད་ཀྱི་ཆོས་ཀྱི་དབང་ལས་བྱུང་བའི་སྒོ་ནས་འབྲས་བུ་མི་སྡུག་པ་ལ་མི་ལྟ་བས་ཁ་ན་མ་ཐོ་བ་ལ་མི་འཛེམ་པ་དང༌། གཞན་གྱིས་བསད་པ་དང༌། བཅིང་བ་དང༌། སྨ་དབབ་པ་དང༌། སྨད་པ་ལ་མི་ལྟ་བས་ཚེ་འདིའི་ཁ་ན་མ་ཐོ་བ་ལ་མི་འཛེམ་པའོ། །དེ་ལས་བཟློག་པའི་དཀར་པོའི་ཕྱོགས་ཀྱི་ཆོས་ཀྱང་གཉིས་སུ་རིག་པར་བྱའོ། །ཚེགས་མེད་པ་དང་འབྲས་བུ་ཡོད་པར་ཚངས་པར་སྤྱོད་ཅིང་གནས་པར་འགྱུར་བ་ནི་བཅས་པ་གཉིས་ཏེ། ཡང་དག་པར་བསླབ་པའི་གཞི་བཅས་གང་ལས་འགལ་བར་བྱས་ནས། ཁ་ན་མ་ཐོ་བ་ཆེན་པོ་འབྱུང་བར་འགྱུར་བ་དང༌། འགལ་བ་བྱས་ནས་སླར་ཡང་དག་པར་ངེས་པར་འབྱུང་བར་བཅས་པའོ། །བྱ་བ་བྱས་པ་རྣམས་ཀྱི་བདག་དང་ཕ་རོལ་ལ་ཕན་པར་འགྱུར་བའི་ཆོས་ནི་གཉིས་ཏེ། དབེན་པ་ན་གནས་ཤིང་སེམས་མཉམ་པར་གཞག་པ། ཚེ་འདི་ལ་བདེ་བར་གནས་པ་དང༌། འདུ་འཛིའི་ནང་ན་གནས་ན་ཡང༌། རིགས་ཀྱི་བུ་ཆོས་འདོད་པ་རྣམས་ལ་དུས་དུས་སུ་དམ་པའི་ཆོས་སྟོན་ཅིང་དམ་པའི་ཆོས་ལ་རྟོག་པའོ། །སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་དང༌། ཕ་རོལ་གྱི་
སྒྲའི་རྒྱུ་ལས་བྱུང་བས། ཚེ་འདི་ལ་བདེན་པ་མངོན་པར་རྟོགས་པར་འགྱུར་བའི་ཆོས་ནི་གཉིས་ཏེ། ཕྱི་མ་ལ་དབང་པོ་ཡོངས་སུ་སྨིན་པར་བྱས་པའི་ཕྱིར། །རྒྱུ་ལས་བྱུང་བའི་ཆོས་རྣམས་ཀྱི་ཡང་དག་པའི་རྒྱུ་སོ་སོར་རྟོག་པ་དང༌། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་ཟབ་པར་སྣང་བ་སྟོང་པ་ཉིད་དང་ལྡན་ཞིང༌། རྐྱེན་འདིའི་རྟེན་ཅིང་འབྲེལ་པར་འབྱུང་བ་དང༌། མཐུན་པ་རྣམ་པར་རྒྱུན་དུ་ཡིད་ལ་བྱེད་པའོ། །གང་ཟག་དབང་པོ་ཡོངས་སུ་སྨིན་པའི་མངོན་པར་ཤེས་པ་མྱུར་བར་འགྱུར་བའི་ཆོས་ནི་གཉིས་ཏེ། གདམས་ངག་རྗེས་སུ་བསྟན་པ་ནི། སྒྱུ་དང་གཡོ་མེད་པ་དང༌། སྐྱོ་བ་སྔོན་དུ་འགྲོ་བའི་ལུས་དང༌། ངག་དང་ཡིད་རྒོད་པ་མེད་པ་སྤྱོད་པའོ། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་ཏུ་འཁོད་པ་ནས། གཅིག་ལ་གཅིག་འགྲོགས་ན་བདེ་བར་འགྱུར་བའི་ཆོས་ནི་གཉིས་ཏེ། གཞན་གྱིས་གནོད་པར་བྱས་པ་བཟོད་པ་དང༌། བདག་ཉིད་ཀྱང་གཞན་ལ་གནོད་པར་མི་བྱེད་པའོ། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་ཏུ་འཁོད་པ་ན། རྩོད་པ་མ་བྱུང་པ་རྣམས་འབྱུང་བར་མི་འགྱུར་བ་དང་བྱུང་བ་རྣམས་ཞི་བར་བྱ་བ་དང༌། འཐབ་པ་མེད་པ་དང༌། མཚང་འབྲུ་བ་མེད་པ་དང༌། འགྱེད་པ་མེད་པ་དང༌། རྩོད་པ་མེད་པར་འགྱུར་བའི་ཆོས་ནི་གཉིས་ཏེ། གཅིག་ལ་གཅིག་བྱམས་པའི་སེམས་དང་ལྡན་པ་དང༌། ཆོས་དང་ཟང་ཟིང་ཐུན་མོང་དུ་ལོངས་སྤྱོད་ཅིང་གནས་པའོ། །མྱུར་བ་མྱུར་བར་སེམས་གནས་པར་འགྱུར་བ་དང༌། ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དང༌། ཚངས་པར་སྤྱོད་པ་ཡོངས་སུ་དག་པར་གནས་པར་འགྱུར་བའི་ཆོས་འདི་ནི་གཉིས་ཏེ། སྔོན་བྱས་པ་དང༌། སྔོན་སྨྲས་པ་རྣམས་དྲན་པའི་དབང་དུ་བྱས་ནས། ཉེས་པའི་གཉེན་པོ་ཆོས་བཞིན་དུ་བྱེད་ཅིང༌། ཉེས་པ་མེད་པ་ལ་ཡང་དགའ་བ་དང༌། མཆོག་ཏུ་དགའ་བ་དེ་ཉིད་ཀྱི་རྗེས་སུ་སློབ་ཅིང་ཉིན་མཚན་འདའ་བར་བྱེད་པ་དང༌། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་སོ་སོ་ཡང་དག་པར་རྟོག་པའི་དབང་དུ་བྱས་ནས། ཉེས་པ་མི་བྱེད་དེ། རྒྱུ་དེས་འགྱོད་པ་མེད་ཅིང༌། མཆོག་ཏུ་
དགའ་ལ། དགའ་བ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་བར་དུ་རྒྱས་པར་སྦྱར་བའོ། །སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་བ་འདི་ལྟ་སྟེ། ངན་སོང་གི་སྡུག་བསྔལ་ལས་ཡང་དག་པར་འདའ་བར་འགྱུར་བ་དང༌། འཁོར་བའི་སྡུག་བསྔལ་ལས་ཡང་དག་པར་འདའ་བར་འགྱུར་བའི་ཆོས་ནི་གཉིས་ཏེ། ཚེ་འདི་དང་ཚེ་ཕྱི་མའི་ཉེས་དམིགས་མཐོང་ནས་ཉེས་པར་སྤྱོད་པ་སྤོང་བ་དང༌། མཉམ་པར་གཞག་པའི་སེམས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་གོམས་པར་བྱེད་པའོ། །སྤོང་བ་པ་རབ་ཏུ་དབེན་པ་ན་གནས་པ། བདེ་བ་ལ་རེག་པར་གནས་པར་འགྱུར་བའི་ཆོས་ནི་གཉིས་ཏེ། ཡུལ་ལ་ཀུན་ནས་ཉོན་མོངས་པ་མེད་པ་ལས་བྱུང་བ། རྟོག་པ་ངན་པས་སེམས་མ་དཀྲུགས་པ་དང༌། ཁ་ཟས་ཕན་པ་དང༌། དྲན་པ་དང༌། ཞུ་བའི་འོག་ཏུ་ཟ་ཞིང་སྤོང་བ་དང་མཐུན་པར་ལུས་ལས་སུ་རུང་བའོ། །དགེ་སློང་དགེ་བའི་ཕྱོགས་ལ་བརྩོན་པའི་དུས་འདའ་བར་བྱེད་པ་འབྲས་བུ་ཡོད་པར་འགྱུར་བའི་ཆོས་ནི་གཉིས་ཏེ། དབང་པོའི་ཡུལ་དུ་གཏོགས་པ་ལ། ཡང་དག་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྩོན་པ་དང༌། དུས་སུ་རན་པར་གཉིད་ལོག་པར་བྱེད་པའོ། །ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཉམས་པར་འགྱུར་བའི་ཆོས་ནི་གཉིས་ཏེ། ལོག་པའི་བསླབ་པ་འཆའ་ཞིང༌། ཡང་དག་པའི་བསླབ་པ་ལས་འགལ་བར་བྱེད་པ་དང༌། ཡིད་གཉིས་དང་ཡང་བཅས་ལ། སྒྲོ་བཏགས་པ་དང༌། སྐུར་པའི་ལོག་པར་ལྟ་བ་ལ་ཡང་ངེས་པའོ། །དེ་ལས་བཟློག་པའི་དཀར་པོའི་ཕྱོགས་ཀྱི་ཆོས་ཀྱང་གཉིས་སུ་རིག་པར་བྱའོ། །གང་ཟག་ཚོགས་ནི་བསགས་ལ་མངོན་པར་རྟོགས་པ་ནི་མེད་པའི་བདེན་པ་མངོན་པར་རྟོགས་པར་འགྱུར་བའི་ཆོས་ནི་གཉིས་ཏེ། བདག་དང་ཕ་རོལ་གྱི་ད་ལྟར་དང་འདས་པའི་རྒུད་པ་དང༌། འབྱོར་པ་ཡིད་ལ་བྱེད་པ་དང༌། རྣམ་པར་རྟོག་པས་བདེན་པ་ཡང་དག་པར་ཡིད་ལ་བྱེད་པའོ། །རྣལ་འབྱོར་པ་རྣམས་ཀྱི་ཤིན་ཏུ་མཐར་ཐུག་པ་དང༌། ཤིན་ཏུ་དྲི་མ་མེད་པ་དང༌། ཚངས་པར་སྤྱོད་པ་ཤིན་ཏུ་མཐར་ཕྱིན་པར་འགྱུར་བའི་ཆོས་ནི་
གཉིས་ཏེ། བདེན་པ་མངོན་པར་རྟོགས་པ་དང༌། གོང་དུ་ཡང་འདོད་ཆགས་དང་བྲལ་བ་ལ་བརྩོན་ཞིང་སྙོམས་པར་འཇུག་པ་ཐམས་ཅད་ཀྱི་རོ་མྱང་བའི་གནས་མ་ཡིན་པའོ། །རྣལ་འབྱོར་པ་རྣམས་ཀྱི་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་མངོན་པར་བསྒྲུབ་པར་འགྱུར་བའི་ཆོས་ནི་གཉིས་ཏེ། སེམས་གནས་པ་རྣམ་པ་དགུ་དང༌། སེམས་མཉམ་པར་གཞག་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་གཞི་དྲུག་སྟེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་ངོ༌། །རྣལ་འབྱོར་པ་རྣམས་ཀྱི་རྣམ་པར་དག་པ་ནི་གཉིས་ཏེ། ཡིད་ལ་བྱེད་པ་རྣམ་པར་དག་པ་དང༌། རྟེན་རྣམ་པར་དག་པ་སྟེ། ཡིད་ལ་བྱེད་པ་རྣམ་པར་དག་པ་ནི། དུས་གསུམ་གྱི་གཏི་མུག་དང་བྲལ་བས་ཡེ་ཤེས་རྣམ་པར་དག་པའོ། །རྟེན་རྣམ་པར་དག་པ་ནི་ཁམས་གསུམ་པའི་ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའོ། །དགྲ་བཅོམ་པ་སེམས་ཤིན་ཏུ་རྣམ་པར་གྲོལ་བའི་སོ་སོ་རང་གིས་རིག་པར་འགྱུར་བའི་ཆོས་ནི་གཉིས་ཏེ། ཚེ་འདི་ལ་སྡུག་བསྔལ་གྱི་རྒྱུ་ཟད་པ་དང༌། དེ་སྔོན་དུ་འགྲོ་བ་ཕྱི་མ་ལ་སྡུག་བསྔལ་གཏན་མི་སྐྱེ་བའོ། །སངས་རྒྱས་ཀྱི་བཀའི་ཤེས་བྱའི་གནས་གཉིས་གཉིས་པ་རྫོགས་སོ།། །།སེམས་ཅན་རྣམས་ལ་སེམས་ཅན་རྣམས་ཀྱི་ལོག་པར་བསྒྲུབ་པ་ངན་འགྲོར་འགྲོ་བར་འགྱུར་བ་ནི་རྣམ་པ་བཅུ་དང༌། སྒོ་གསུམ་དང༌། རྣམ་པ་གསུམ་དང༌། རྩ་བ་གསུམ་མོ། །དེ་ལ་རྣམ་པ་བཅུ་པོ་ནི་འདི་དག་ཡིན་ཏེ། སྲོག་དང༌། ལོངས་སྤྱོད་པ་དང༌། ཆུང་མ་མ་རུང་བར་བྱེད་པ་དང༌། བདེན་པའི་དོན་དང༌། མཛའ་བོ་དང༌། བསྔགས་པ་དང༌། བྱ་བ་མ་རུང་བར་བྱེད་པ་དང༌། ཡིད་ཀྱི་རྙོག་པ་རྣམ་པ་གསུམ་སྟེ། གཞན་གྱི་ལོངས་སྤྱོད་པ་བདག་གིར་བྱ་བར་འདོད་པ་དང༌། ཕ་རོལ་མི་འདོད་པ་དང༌། ཕྲད་པར་འདོད་པ་དང༌། སྐུར་པ་འདེབས་པའི་ལྟ་བ་ངན་པའོ། །དེ་ལ་སྒོ་གསུམ་ནི་འདི་དག་ཡིན་ཏེ། བྱ་བ་མ་རུང་བར་བྱེད་པ་དང༌། བསམ་པ་མ་རུང་བར་བྱེད་པ་དང༌། སྦྱོར་བ་མ་རུང་བར་བྱེད་པ་སྟེ། རྣམ་པ་བཅུ་པོ་དེ་དག་ཉིད་ལས་བདུན་ནི་བྱ་བ་མ་
རུང་བར་བྱེད་པའོ། །གཉིས་ནི་བསམ་པ་མ་རུང་བར་བྱེད་པའོ། །ཐ་མ་སྟེ། ལྟ་བ་ངན་པ་གཅིག་ནི་སྦྱོར་བ་མ་རུང་བར་བྱེད་པ་སྟེ། འདི་ལྟར་ལྟ་བ་ངན་པ་ལས་ནི་སྡིག་པ་ཀུན་དུ་སྤྱོད་པར་མི་འགྱུར་བའི་ངོ་ཚ་ཤེས་པ་གང་ཡིན་པ་དང༌། སྙིང་རྗེ་གང་ཡིན་པ་དེ་འབྱུང་བར་མི་འགྱུར་ཏེ། དེ་ངོ་ཚ་མི་ཤེས་ཤིང༌། སྙིང་རྗེ་མེད་པས་སྡིག་པ་ལ་སྦྱོར་རོ། །དེ་ལ་རྣམ་པ་གསུམ་ནི་འདི་དག་ཡིན་ཏེ། ལུས་ཀྱི་དང༌། ངག་གི་དང༌། སེམས་ལས་བྱུང་བའི་འོ། །དེ་ལ་རྩ་བ་གསུམ་ནི་འདི་དག་ཡིན་ཏེ། བདག་ལ་ཕན་པར་བྱ་བའི་རྒྱུ་དང༌། གཞན་དག་ལ་གནོད་པར་བྱ་བའི་རྒྱུ་དང༌། ཕ་རོལ་ལ་ཕྱིན་ཅི་ལོག་པ་སྟེ། འདི་ལྟ་སྟེ། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་དང༌། བྱ་བ་མ་ཡིན་པ་ལ་བྱ་བར་འདུ་ཤེས་པ་ལྷག་པར་སྤྱོད་པའོ། །དབང་པོ་མ་བསྡམས་པར་འགྱུར་བའི་ཆོས་ནི་གསུམ་སྟེ། ལོག་པའི་ས་བོན་རྟེན་ལ་ཡོད་པ་དང༌། མཚན་མ་ངན་པ་འཛིན་པ་ཡུལ་ལ་ཡོད་པ་དང༌། ལྐོག་ན་རྟོག་པ་ངན་པའོ། །རྣམ་པ་གསུམ་པོ་དེ་དག་ཀྱང་འདོད་པ་ལ་འདོད་ཆགས་དང༌། གནོད་སེམས་དང༌། རྣམ་པར་འཚེ་བའི་ཕྱོགས་ཡིན་པར་རིག་པར་བྱའོ། །རྟོག་པ་ངན་པ་གསུམ་ནི། གནས་བཞི་ལ་བརྟེན་ནས་འབྱུང་བར་འགྱུར་ཏེ། བདག་ཉིད་ཀྱི་འཇིག་རྟེན་གྱི་ཆོས་དཀར་པོའི་ཕྱོགས་རྙེད་པ་ལ་སོགས་པ་བཞི་པོ་རྣམས་འཐོབ་པའམ། ཆུད་མི་ཟ་བ་ལ་བརྟེན་ནས། འདོད་པ་ལ་རྟོག་པ་འབྱུང་བར་འགྱུར་རོ། །མི་མཛའ་བ་དང༌། ཐ་མལ་པའི་ཕྱོགས་ལ་བརྟེན་ནས། འདི་ནི་མཆོག་ཏུ་བགེགས་བྱེད་པ་ཡིན་ནོ་སྙམ་སྟེ། གནོད་སེམས་ཀྱི་རྟོག་པ་འབྱུང་ངོ༌། །མཛའ་བོའི་ཕྱོགས་ལ་བརྟེན་ནས། རྣམ་པར་འཚེ་བའི་རྟོག་པ་འབྱུང་སྟེ། འདི་ལྟར་སྐྱེ་བོ་དག་ནི་མཛའ་བོའི་ཕྱོགས་ལས་བརྒྱ་ལ་ཉེས་པ་ཞིག་བྱུང་ན། སྐྱེ་པོ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ཕུང་བར་བྱ་བར་འདོད་པ་མི་སྐྱེ་སྟེ། གནོད་པའི་སྦྱོར་བ་ཆུང་ངུས་གནོད་པར་བྱ་བར་འདོད་པ་ཙམ་ཉི་ཚེར་ཟད་དོ། །དེ་ལས་བཟློག་པ་དཀར་པོའི་ཕྱོགས་ཀྱང་དེ་བཞིན་དུ་ཅི་རིགས་པར་རིག་པར་བྱའོ། །ས་བོན་ཐམས་ཅད་ནི་མདོར་བསྡུ་ན། ས་བོན་
བཞིར་འདུས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། མ་དག་པའི་ས་བོན་དང༌། དག་པའི་ས་བོན་ནོ། །དེ་ལ་འཇིག་རྟེན་པའི་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་ལྡན་པའི་འདུ་བྱེད་རྣམས་ཀྱི་ས་བོན་གང་ཡིན་པའོ། །འཇིག་རྟེན་ལས་འདས་པའི་ནི་ཐེག་པ་གསུམ་པོ་དག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་འབྲས་བུ་དང་བཅས་པ་ཐོབ་པར་འགྱུར་བའི་ས་བོན་གང་ཡིན་པའོ། །མ་དག་པའི་ས་བོན་ནི་འདོད་པ་དང་ལྡན་པའི་འདུ་བྱེད་རྣམས་ཀྱི་ཡིན་པར་རིག་པར་བྱའོ། །དག་པའི་ས་བོན་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་དག་པ་དང༌། འཇིག་རྟེན་ལས་འདས་པའི་འོ། །དེ་ལ་གཟུགས་དང་གཟུགས་མེད་པ་དང་ལྡན་པའི་འདུ་བྱེད་རྣམས་ཀྱི་ས་བོན་གང་ཡིན་པ་དེ་ནི་འཇིག་རྟེན་པའིའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འབྲས་བུ་དང་བཅས་པར་འཐོབ་པར་འགྱུར་བ་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའིའོ། །གསུམ་པོ་འདི་དག་ནི་རྒྱུ་ལས་འབྱུང་བའི་ཆོས་ཟག་པ་དང་བཅས་པ་རྣམས་ཀྱི་རྒྱུ་སྟེ། ཚུལ་བཞིན་མ་ཡིན་པ་ལ་བརྩོན་པ་རྣམས་ཀྱི་སྡུག་བསྔལ་འབྱུང་བར་འགྱུར་བ་དང༌། ཚུལ་བཞིན་ལ་བརྩོན་པ་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་ཡོངས་སུ་ཤེས་ནས་སྤོང་པར་འགྱུར་བ་སྟེ་འདོད་པ་དང་ལྡན་པ་དང༌། གཟུགས་དང་གཟུགས་མེད་པ་དང་ལྡན་པའི་ཆོས་རྣམས་ལ་ཉོན་མོངས་པ་ཅན་གྱིས་དོན་དུ་གཉེར་བའོ། །ཉོན་མོངས་པའི་རྣམ་པ་གསུམ་པོ་འདི་དག་ནི། སེམས་ཅན་རྣམས་འཁོར་བ་ན་འཁོར་བར་འགྱུར་བ་སྟེ། ཉོན་མོངས་པའི་རྣམ་པ་དང་པོ་ནི། འདོད་པ་ཁྱད་པར་ཅན་མངོན་དུ་འདོད་པ་རྣམས་ཀྱིའོ། །གཉིས་པ་ནི་གཟུགས་དང་གཟུགས་མེད་པའི་ཁམས་སུ་ལུས་ཀྱི་ཁྱད་པར་ཅན་མངོན་དུ་འདོད་པ་རྣམས་ཀྱིའོ། །གསུམ་པ་ནི་ལོག་པའི་ཐར་པ་མངོན་དུ་འདོད་པ་རྣམས་ཀྱིའོ། །གསུམ་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་མཐའི་སྦྱོར་བ་བདུན་པའི་གཞི་ལས་བྱུང་བ་སྟེ། འདོད་པ་ཁྱད་པར་ཅན་ཐོབ་པར་བྱ་བ་དང༌། ལུས་ཁྱད་པར་ཅན་ཐོབ་པར་བྱ་བ་
དང༌། ཐར་པའི་ལམ་ཐོབ་པར་བྱ་བའོ། །གསུམ་པོ་འདི་དག་ནི་ཁམས་གསུམ་དུ་སེམས་ཅན་རྣམས་ཀྱི་ལུས་འཛིན་པའི་ཕྱིར་འདུ་བྱེད་རྣམས་ཀྱི་རྒྱུ་ཡིན་ཏེ། འཕེན་པ་དང༌། འཐོབ་པར་བྱེད་པ་དང༌། ཡོངས་སུ་གྲུབ་པ་སྟེ། འཕེན་པ་ནི་ལས་སོ། །འཐོབ་པར་བྱེད་པ་ནི་དྲི་ཟ་ཉེ་བར་གནས་པའོ། །ཡོངས་སུ་གྲུབ་པ་ནི་གང་དུ་གནས་ན་ལས་དགེ་བ་དང༌། མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་སོ་སོར་མྱོང་བའོ། །གསུམ་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་མ་རིག་པའི་ཕུང་པོ་སྟེ། གང་དག་གིས་མ་རིག་པ་དང་ལྡན་པ་རྣམས་ཀྱི་དུས་གསུམ་གྱི་ལུས་ལས་མངོན་པར་འགྲུབ་པར་འགྱུར་བ་སྟེ། འདས་པའི་དུས་ན་སྔོན་གྱི་མཐའ་ལ་སོགས་པ་མི་ཤེས་པ་ནི། ད་ལྟར་བྱུང་བའི་ལུས་མངོན་པར་འགྲུབ་པར་འགྱུར་བའོ། །ད་ལྟར་བྱུང་བའི་དུས་ན། སྔོན་གྱི་མཐའ་ལ་སོགས་པ་མི་ཤེས་པ་ནི་མ་འོངས་པའིའོ། །མ་འོངས་པའི་དུས་ན་སྔོན་གྱི་མཐའ་ལ་སོགས་པ་མི་ཤེས་པ་ནི་མ་འོངས་པ་ཉིད་ཀྱི་ཕྱི་མ་ཕྱི་མའི་ལུས་མངོན་པར་འགྲུབ་པར་འགྱུར་བའོ། །གསུམ་པོ་འདི་དག་ནི་འཕགས་པའི་མཐར་ཐུག་པར་གྱུར་པ་མ་ཡིན་པ་རྣམས་ཀྱི་འཁོར་བའི་གནོད་པ་དང༌། སོ་སོའི་སྐྱེ་བོ་དང་ཐུན་མོང་བ་སྟེ། ནད་མེད་པ་མ་རུང་བར་བྱེད་པ་དང༌། ལང་ཚོ་མ་རུང་བར་བྱེད་པ་དང༌། འཚོ་བ་མ་རུང་བར་བྱེད་པ་སྟེ། དེ་དག་མ་འོངས་པ་ན་རྗེས་སུ་འབྲང་བར་ཡང་དག་པར་མཐོང་བའི་མཁས་པ་རྣམས་ཀྱིས་དེ་དག་ལས་མྱུར་བ་མྱུར་བར་རྒྱགས་པ་གསུམ་སྤངས་ཏེ། ཚེ་འདི་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པའི་ཕྱིར་བརྩོན་པར་བྱའོ། །གསུམ་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་འཆིང་བའི་གནས་དང༌། རྟེན་གྱི་གནས་སྐབས་ཡིན་ཏེ། དེ་དག་ནི་སེམས་ཅན་འཁོར་བའི་བཙོན་རར་བཅུག་པ་རྣམས་བཅིང་བ་དམ་པོས་འཆིང་བར་འགྱུར་ཏེ། ཕན་འདོགས་པ་དང༌། གནོད་པར་བྱེད་པ་དང༌། མཉམ་པ་དེ་གཉི་ག་མེད་པའོ།། །།བམ་པོ་བཅུ་དྲུག་པ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་ནི། སྡུག་བསྔལ་གྱི་གནས་གསུམ་གྱིས་བསྡུས་པ་ཡིན་ཏེ། ཕྲད་པ་
ལས་དེ་དག་བྱུང་བ་དང༌། བྲལ་བ་ལས་བྱུང་བ་དང༌། རྟག་ཏུ་ཡོད་པའོ། །དེ་ལ་དང་པོ་ནི་གནོད་པར་འགྱུར་བའི་གནས་སྐབས་དང་ཕྲད་པའོ། །གཉིས་པ་ནི་ཕན་འདོགས་པ་ལས་ཡོངས་སུ་འགྱུར་བའོ། །གསུམ་པ་ནི་གནས་སྐབས་ཐམས་ཅད་དུ་གནས་པའི་གནས་ངན་ལེན་གྱིས་བསྡུས་པ་སྟེ། འདུ་བྱེད་རྣམས་ནི་དེ་ལྟ་བུའི་ཚུལ་དུ་འབྱུང་བའི་ཕྱིར་རོ། །དེ་ལ་ནི་འཕགས་པ་རྣམས་ཁོ་ན་སྡུག་བསྔལ་གྱི་བློ་འབྱུང་གི །སོ་སོའི་སྐྱེ་བོ་རྣམས་ནི་དེ་ལྟ་མ་ཡིན་ནོ། །གསུམ་པོ་འདི་དག་ནི་དགེ་སྦྱོང་དུ་བྱེད་པ་ཐོབ་པར་བྱ་བའི་ཕྱིར་བརྩོན་པ་རྣམས་ཀྱི་རྒྱུན་དུ་འཇུག་པའི་ཡན་ལག་དང་མི་མཐུན་པ་སྟེ། སེམས་ཁེངས་ཤིང་དགེ་སྦྱོང་དུ་བྱེད་པ་ལ་བར་དུ་གཅོད་པར་འགྱུར་བ་ཡིན་གྱི་ཐོབ་པར་འགྱུར་བ་ནི་མ་ཡིན་ཏེ། གཞན་དག་དང་བདག་སྒྲུན་ཅིང་བདག་དྲག་གོ་སྙམ་དུ་སེམས་ཁེངས་པ་དང༌། བདག་འདྲའོ་སྙམ་པ་དང༌། བདག་དམའོ་སྙམ་དུ་སེམས་ཁེངས་པའོ། །འདུ་བྱེད་ཐམས་ཅད་འཇུག་པ་ལ་ནི་ས་བོན་གསུམ་ཡོད་པར་རིག་པར་བྱ་སྟེ། འབྲས་བུ་ཕྱུང་ཟིན་པ་དང༌། འབྲས་བུ་མ་ཕྱུང་བ་དང༌། འབྲས་བུ་ཉེ་བར་གནས་པའོ། །གསུམ་པོ་འདི་དག་ནི་འདུ་བྱེད་རྣམས་ཀྱི་ཐ་སྙད་ཀྱི་གཞི་སྟེ། བྱུང་ཟིན་པ་དང༌། འབྱུང་བར་འགྱུར་བ་དང༌། ད་ལྟར་གྱིའོ། །གཟུགས་ཀྱི་མཚན་ཉིད་ཐམས་ཅད་ནི་མཚན་ཉིད་གསུམ་དུ་འདུས་ཏེ། ཁ་དོག་དང༌། དབྱིབས་དང༌། བྱེད་པར་གནས་པའོ། །མིག་གི་རྣམ་པར་ཤེས་པས་བཟུང་བ་དང༌། དེ་ལས་གཞན་པའི་གཟུགས་དེ་དག་གི་ཕྱོགས་སུ་འགྲོ་བ་དང༌། གནས་ལ་སྒྲིབ་པར་གནས་པ་དབང་པོའི་གཟུགས་དང༌། ཡུལ་གྱི་གཟུགས་ཐམས་ཅད་དེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ན། གཟུགས་རྣམ་པ་བཅུ་ཡོད་པར་རིག་པར་བྱའོ། །མཉམ་པར་གཞག་པའི་ས་པའི་གཟུགས་ནི་ཏིང་ངེ་འཛིན་འཐོབ་པ་སྤྲུལ་པ་སྒྲུབ་པ་ལ་སྦྱོར་བའི་གཟུགས་གང་ཡིན་པ་སྟེ། སོ་སོ་རང་གི་སྤྲུལ་པའི་སེམས་ཀྱི་ཡུལ་དུ་གྱུར་པ་སྤྲུལ་པའི་སེམས་ཡོངས་སུ་མ་རྫོགས་པའི་འབྲས་བུའོ། །གསུམ་པོ་འདི་དག་ནི་ཉོན་མོངས་པ་རྣམས་དང༌། རྗེས་སུ་འབྲེལ་པ་
དང་བཅས་པའི་ཡིན་ཏེ། སོ་སོའི་སྐྱེ་བོའི་སེམས་དང༌། སློབ་པ་ཡོངས་སུ་མ་རྫོགས་པའི་སེམས་དང༌། སློབ་པ་ཡོངས་སུ་རྫོགས་པའི་སེམས་སོ། །གསུམ་པོ་འདི་དག་ནི་ཆོས་ཉན་པར་བྱེད་པ་སྟེ། ཆོས་དང་དོན་གཉེར་བ་དང༌། འཛིན་པར་མི་ནུས་པ་དང༌། ལེན་ནུས་ལ་འཛིན་མི་ནུས་པ་དང༌། ལེན་པ་དང་འཛིན་པར་ཡང་ནུས་པའོ། །རྣལ་འབྱོར་པ་རྣམས་ཀྱི་ལུས་དང་ངག་དང་ཡིད་མི་རྟག་པར་རྟག་པར་བྱ་བ་ལ་འཇུག་པའི་ཐོག་མར་འགྲོ་བའི་ཆོས་ནི་གསུམ་དུ་རིག་པར་བྱ་སྟེ། དབུགས་རྔུབ་པ་དང༌། འབྱུང་བ་རྣམས་དང༌། རྟོག་པ་དང་དཔྱོད་པ་རྣམས་དང༌། འདུ་ཤེས་དང་སེམས་པའོ། །གསུམ་པོ་འདི་དག་ནི་ཁྱད་པར་དུ་འཕགས་པ་རིམ་གྲོ་བྱ་བར་འོས་པ་ཡིན་ཏེ། ན་ཚོད་ཀྱིས་ལྷག་པ་དང༌། རིགས་ཀྱིས་ལྷག་པ་དང༌། ཡོན་ཏན་གྱིས་ལྟག་པའོ། །གསུམ་པོ་འདི་དག་ནི་ངེས་པ་དང་མ་ངེས་པ་ལ་གནས་པའི་རྒྱུའོ། །དེ་ལ་གཉིས་ནི་ངེས་པའོ། །གཅིག་ནི་མ་ངེས་པ་སྟེ། ངན་སོང་དུ་ངེས་པ་ནི་མཚམས་མེད་པའི་ལས་སོ། །བདེ་འགྲོ་དང༌། མྱ་ངན་ལས་འདས་པར་ངེས་པ་ནི་འདུས་བྱས་ཀྱི་ཆོས་ཟག་པ་མེད་པ་རྣམས་སོ། །དེ་མ་ཡིན་པ་རྣམས་ནི་མ་ངེས་པའོ། །བསྟན་པ་གནས་པར་བྱ་བའི་ཕྱིར་འགལ་བར་བྱས་པ་གཅིག་ལ་གཅིག་བརྗོད་པར་འགྱུར་བའི་ཆོས་ནི་གསུམ་སྟེ། བསླབ་པ་ལས་འགལ་བར་བྱས་པའི་ལུས་དང་ངག་གི་སྤྱོད་པ་མངོན་སུམ་དུ་གྱུར་བ་དང༌། གཞན་ལས་ཐོས་པ་དང༌། མཚན་མ་གཞན་ལས་རྟོགས་པའོ། །དེ་བཞིན་གཤེགས་པ་ཉིད་ཀྱི་བསྲུང་བ་མེད་པ་གསུམ་བརྗོད་པས་ནི། ཕྱི་རོལ་གྱི་སྟོན་པ་ཁོང་ན་རོང་དུ་སྲེལ་བ། ཐམས་ཅད་མཁྱེན་པ་མ་ཡིན་པ་ཐམས་ཅད་མཁྱེན་པར་ཁས་འཆེ་བ་རྣམས་ལ་ཡང་དག་པར་བསྐུལ་བར་རིག་པར་བྱ་སྟེ། དེ་དག་བདག་ཉིད་ལ་ཡང་དག་པར་ཐམས་ཅད་མཁྱེན་པ་ཉིད་ཡིན་པར་ཡིད་ཆེས་བསྐྱེད་པའི་ཕྱིར་རོ། །གསུམ་པོ་འདི་དག་ནི་ལོག་པར་མངོན་པར་ཞེན་པ་ལས་སྐྱེས་པ་མེ་ཆེན་པོ་ལས་བྱུང་བ་སེམས་ཅན་རྣམས་ཡོངས་སུ་སྲེག་པ་སྟེ། སྲེད་པའི་ཡོངས་སུ་སྲེག་པ་དང༌། མྱ་ངན་གྱི་ཡོངས་སུ་སྲེག་པ་དང༌། ཕྱིན་ཅི་ལོག་གི་ཡོངས་སུ་སྲེག་པའོ།།
གསུམ་པོ་འདི་དག་ནི་བསོད་ནམས་འདོད་ནས་ལོག་པར་ཕྱི་རོལ་གྱི་མེ་ལ་རིམ་གྲོ་བྱ་བར་མོས་པའི་སེམས་ཅན་རྣམས་ཀྱི་རིམ་གྲོར་བྱ་བ་དོན་མེད་པར་མི་འགྱུར་བར་བྱ་བའི་ཕྱིར། མེ་མ་ཡིན་པར་མེའི་སྒྲར་བརྗོད་པ་སྟེ། ཕ་མ་དང༌། བུ་དང༌། ཆུང་མ་དང༌། ཡོན་གནས་རྣམས་སོ། །མངོན་བར་མཐོ་བ་འདོད་པ་རྣམས་ཀྱི། མངོན་པར་མཐོང་བའི་ལམ་བསྟན་པ་ནི་གསུམ་དུ་རིག་པར་བྱ་སྟེ། ལོངས་སྤྱོད་ཆེན་པོའི་ཕྱིར་ནི་སྦྱིན་པའོ། །བདེ་འགྲོར་འགྲོ་བའི་ཕྱིར་ནི་ཚུལ་ཁྲིམས་སོ། །སྡུག་བསྔལ་གྱི་ཚོར་བ་དང་བྲལ་བར་བྱ་བའི་ཕྱིར་དང༌། གཅིག་ཏུ་ངེས་པར་བདེ་ཞིང་གནོད་པ་མེད་པའི་འཇིག་རྟེན་དུ་སྐྱེ་བར་བྱ་བའི་ཕྱིར་ནི་བསྒོམ་པའོ། །འདོད་པ་གསུམ་གྱིས་ནི་འདོད་པ་ཅན་ཐམས་ཅད་ཀྱི་ཆུང་ངུ་དང་འབྲིང་དང༌། ཁྱད་པར་དུ་འཕགས་པར་འགྱུར་བར་རིག་པར་བྱ་སྟེ། འདོད་པ་ལས་སྐྱེས་པའི་བདེ་བ་ལ་བརྟེན་ནས། ཚེགས་ཆེ་ཞིང་རྐྱེན་ལ་རག་ལས་པ་འདི་ལྟ་སྟེ། འདོད་པ་ཉེ་བར་གནས་པ་རྣམས་ཀྱིའོ། །ཚེགས་ཆུང་ཞིང་སེམས་ལ་རག་ལས་པ་ནི་འདི་ལྟ་སྟེ། འདོད་པ་སྤྲུལ་པ་རྣམས་ཀྱིའོ། །ཚེས་ཚེགས་ཆུང་ཞིང་སེམས་ལ་རག་ལས་པ་ནི་འདི་ལྟ་སྟེ། འདོད་པ་གཞན་གྱི་སྤྲུལ་བ་རྣམས་ཀྱིའོ། །རྣམ་པ་གསུམ་གྱི་འདོད་ཆགས་པ་ལས་ཡང་དག་པར་འདས་པའི་བདེ་བ་ཆུང་ངུ་དང༌། འབྲིང་དང༌། ཁྱད་པར་དུ་འཕགས་པར་འགྱུར་པར་རིག་པར་བྱ་སྟེ། རྟོག་པ་དང་བཅས། དཔྱོད་པ་དང་བཅས་པའི་དགའ་བ་དང༌། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་དགའ་བ་དང༌། །དགའ་བ་མེད་པའི་བདེ་བའོ། །ཤེས་བྱ་ཁོང་དུ་ཆུད་པ་རྣམ་པ་གསུམ་ནི་ཐེག་པ་གསུམ་པོ་དག་གིས་སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱུང་བར་འགྱུར་བ་སྟེ། གཞན་གྱི་སྒྲའི་རྒྱུ་ལས་བྱུང་བ་དང༌། སོ་སོ་རང་གིས་དཔྱད་པའི་རྒྱུ་ལས་བྱུང་བ་དང༌། ཞི་གནས་དང་ལྷག་མཐོང་ལ་གོམས་པའི་རྒྱུ་ལས་བྱུང་བའོ། །གཞན་ཡང་ཤེས་བྱ་ཁོང་དུ་ཆུད་པ་གསུམ་ཡོད་དེ། འཆིང་བ་མཐའ་དག་ཡོད་པ་དང༌། འཆིང་བ་ཉམས་པ་དང༌། འཆིང་བ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པའོ། །རྣལ་འབྱོར་པ་རྣམས་ཀྱི་བྱ་བ་གསུམ་བྱ་བའི་ཕྱིར་རྣམ་པ་གསུམ་
གྱི་དབང་དུ་བྱས་ནས། དད་པ་ལ་སོགས་པ་དགེ་བའི་ཆོས་བསྒོམ་པར་རིག་པར་བྱ་སྟེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པ་དང༌། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པས་ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པ་དང༌། དགྲ་བཅོམ་པ་ཉིད་ཐོབ་ནས་ཀྱང་ཚེ་འདི་ལ་བདེ་བར་གནས་པར་འགྱུར་བའོ། །ཆ་གསུམ་གྱིས་ཤེས་བྱ་ཐམས་ཅད་ལ་ལྟ་བའི་དབང་དུ་བྱས་ནས། མིག་གསུམ་རྣམ་པར་གཞག་པར་རིག་པར་བྱ་སྟེ། ཤའི་མིག་གིས་ནི་གཟུགས་སྣང་བ་དང༌། བར་དུ་མ་ཆོད་པ་དང༌། བསྟན་དུ་ཡོད་པ་མཐོང་ངོ༌། །ལྷའི་མིག་གིས་ནི་གཟུགས་སྣང་བ་དང༌། མི་སྣང་བ་དང༌། བར་དུ་ཆོད་པ་དང༌། མ་ཆོད་པ་མཐོང་ངོ༌། །ཤེས་རབ་ཀྱི་མིག་གིས་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཐོང་ངོ༌། །ཆོས་གསུམ་པོ་འདི་དག་ནི་ཉོན་མོངས་པ་ཕྱིར་རྒོལ་བ་ཀུན་དུ་འབྱུང་བ་འཇོམས་པར་འགྱུར་བ་སྟེ། གཞན་ལས་ཡིད་ཆེས་པ་དང༌། ཁྱིམ་པ་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་བར་གནས་པ་དང༌། སོ་སོ་རང་གིས་ཤེས་བྱའི་དེ་ཁོ་ན་རྟོགས་པའོ། །ཡང་དག་པར་རྗེས་སུ་བསྟན་པའི་སྦྱོར་བ་རྣམ་པ་གསུམ་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་ལ་གོང་ནས་གོང་དུ་རྟོགས་པར་འགྱུར་བ་སྟེ། ཚུལ་ཁྲིམས་དང༌། སེམས་གནས་པ་དང༌། ཤེས་བྱའི་དེ་ཁོ་ན་རྟོགས་པའོ། །ཡང་དག་པར་རྗེས་སུ་བསྟན་པའི་སྦྱོར་བ་རྣམ་པ་གསུམ་ཡོད་པ་བཞིན་དུ་ཡང་དག་པར་རྗེས་སུ་བསྟན་པའི་སྦྱོར་བ་ལ་གོམས་པར་བྱ་བ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཡང་དག་པར་རྗེས་སུ་བསྟན་པའི་སྦྱོར་བ་ལ་གནས་པའི་བདེ་བ་ལ་རེག་པར་གནས་པར་འགྱུར་བའི་ཆོས་གསུམ་སྟེ། སྟོང་པ་ཉིད་དང༌། སྨོན་པ་མེད་པ་དང༌། མཚན་མ་མེད་པ་དང༌། འགོག་པའི་སྙོམས་པར་འཇུག་པ་རྣམས་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞིའོ། །མདོར་བསྡུ་ན། སེམས་རྩེ་གཅིག་པ་རྣམ་པ་གསུམ་ནི། ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡེ་ཤེས་མཐོང་བར་འགྱུར་
བ་སྟེ། ཡིད་ལ་བརྗོད་པའི་ཚེ་དམིགས་པ་རྣམ་པ་སྣ་ཚོགས་ཐ་དད་པ་ལ་སྤྱོད་པའི་རྣམ་པ་དང༌། ཡིད་ལ་བརྗོད་པའི་མཇུག་ཐོགས་སུ་དམིགས་པ་རྣམ་པ་སྣ་ཚོགས་ཐ་དད་པ་ལ་སྤྱོད་པའི་རྣམ་པ་དང༌། ཡིད་ལ་བརྗོད་པ་འདས་པའི་འོག་ཏུ་སེམས་རྩེ་གཅིག་པ་དམིགས་པ་རྣམ་པ་སྣ་ཚོགས་མ་ཡིན་ཞིང་ཐ་དད་པ་མ་ཡིན་པ་ལ་སྤྱོད་པའི་རྣམ་པའོ། །གནས་གསུམ་ནི་སྐྱེ་མཆེད་ངན་པ་ལ་ལོག་པར་ཆེ་བའི་བདག་ཉིད་དུ་མོས་པ་རྣམས་དང༌། འདུལ་བ་ཐ་མལ་པར་གནས་པ་རྣམས་བཟློག་པར་བྱ་བ་དང༌། བསྟན་པ་ལ་འདུན་པར་བྱེད་པ་སྟེ། བདག་གི་མཐུ་ཡང་དག་པར་བསྟན་པ་དང༌། ཕ་རོལ་གྱི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་སྤྱོད་པ་དང༌། བྱེད་དུ་གཞུག་པ་དང༌། དམ་པའི་ཆོས་བསྟན་པས་ཡང་དག་པར་འདོམས་ཤིང་རྗེས་སུ་སྟོན་པའོ། །གཙང་བར་འདོད་པས་འབབ་སྟེགས་ཀྱི་ཆུས་ཕྱི་རོལ་གྱི་དྲི་མ་རེ་ཞིག་བསལ་བ་ཙམ་གྱིས་བདག་གཙང་མར་འཛིན་པ་རྣམས་ཀྱི་ལོག་པའི་ང་རྒྱལ་དེ་སྤང་བའི་ཕྱིར། ཡང་དག་བའི་གཙང་མ་གསུམ་རྣམ་པར་གཞག་པར་རིག་པར་བྱ་སྟེ། མི་གཙང་བའི་གནས་སུ་སྐྱེས་པ་ལས་ཡང་དག་པར་འདའ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཐུབ་པའི་བརྟུལ་ཞུགས་ཅན་དག་བསྡམས་པ་ཙམ་གྱིས་བདག་ཉིད་ཐུབ་པ་ཡིན་པར་ལོག་པར་འཛིན་པ་རྣམས། ཕྱིན་ཅི་མ་ལོག་པའི་ཐུབ་པའི་རང་བཞིན་བསྟན་པའི་ཕྱིར། ཐུབ་པར་བྱ་བ་གསུམ་རྣམ་པར་གཞག་པར་རིག་པར་བྱ་སྟེ། དེ་ཡང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱིས་བསྡུས་པའི་ལུས་དང་ངག་གི་ལས་དང༌། ཟག་པ་མེད་པའི་སེམས་སོ། །ཆོས་གསུམ་པོ་འདི་དག་ནི་རབ་ཏུ་དབེན་པ་ན་གནས་པའི་རྟོག་པ་ངན་པ་ཀུན་དུ་འབྱུང་བ་སྤང་བར་འགྱུར་ཏེ། ཕ་རོལ་གྱིས་སྤྱད་པ་དང༌། བདག་ཉིད་སྨོད་པ་དང༌། དོན་ཆེན་པོ་ཉོན་མོངས་པར་འགྱུར་བའི་དབང་དུ་བྱས་ཏེ། ཁྲེལ་ཡོད་པ་དང༌། ངོ་ཚ་ཤེས་པ་དང༌། གཅེས་པར་འཛིན་ཅིང་གུས་པར་བྱེད་པའོ། །ལམ་དང་ལམ་གྱི་འབྲས་བུ་ལས་བརྩམས་ཏེ། དམ་པ་བླ་ན་མེད་པ་གསུམ་ཡོད་པར་རིག་པར་བྱ་སྟེ། མི་རྟག་པ་དང་སྡུག་
བསྔལ་ཤེས་པ་བས་བདག་མེད་པ་ཤེས་པ་དང་ལམ་བཞི་ལས་སླ་ལ་མངོན་པར་ཤེས་པ་མྱུར་བ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། །སློབ་པ་དང་མི་སློབ་པའི་དུས་ཀྱིས་རྣམ་པར་གྲོལ་བ་ཐམས་ཅད་ལས་སེམས་རྣམ་པར་གྲོལ་བ་མི་བསྐྱོད་པ་དམ་པ་བླ་ན་མེད་པ་ཡིན་ཏེ། རྣལ་འབྱོར་པས་ཐོག་མ་ཁོ་ནར་ཡེ་ཤེས་ཐོབ་པར་འགྱུར་རོ། །ཡེ་ཤེས་ཀྱི་ཉོན་མོངས་པ་སྤོང་བ་བསྒྲུབ་པའོ། །བསྒྲུབས་ན་སེམས་རྣམ་པར་གྲོལ་བར་འགྱུར་རོ། །སྔོན་དང་ཕྱི་མ་དང༌། དབུས་ཀྱི་མཐའ་རྣམས་ལ་རྟག་པ་དང༌། ཆད་པ་དང༌། མཐར་ཉེས་པ་འཛིན་ཅིང༌། ཚེ་འདི་ལ་མྱ་ངན་ལས་འདའ་བ་ལ་ཀུན་དུ་རྨོངས་པའི་དགེ་སྦྱོང་དང་བྲམ་ཟེ་རྣམས་མ་རིག་པ་ལ་གནས་པར་བསྟན་པའི་ཕྱིར་རིག་པ་གསུམ་རྣམ་པར་གཞག་པར་རིག་པར་བྱའོ། །སངས་རྒྱས་ཀྱི་བཀའི་ཤེས་བྱ་གནས་གསུམ་གསུམ་པ་རྫོགས་སོ།། །།ཆོས་བཞི་པོ་འདི་དག་ནི་ཤེས་བྱ་དང༌། ཤེས་པར་བསྡུ་བར་འགྱུར་བ་ཡིན་ཏེ། ལུས་དང༌། ཐོས་པ་དང༌། བསམ་པ་དང༌། བསྒོམ་པའི་དབང་དུ་བྱས་ནས། དྲན་པ་ཉེ་བར་གནས་པ་ལ་བརྟེན་ཏེ། ལུས་ལ་དམིགས་པའི་ཤེས་རབ་བོ། །ལུས་དང་ལུས་ལ་དམིགས་པའི་ཤེས་རབ་ཇི་ལྟ་བ་བཞིན་དུ། ཚོར་བ་དང༌། སེམས་དང༌། ཆོས་དང༌། དེ་དག་ལ་དམིགས་པའི་ཤེས་རབ་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །རྣམ་གྲངས་གཞན་ཡང་སེམས་ཀྱི་འཆིང་བ་ནི་བཞི་སྟེ། ཉེ་བར་ལེན་པའི་འཆིང་བ་དང༌། མྱོང་བའི་འཆིང་བ་དང༌། རྣམ་པར་རིག་པའི་འཆིང་བ་དང༌། དེར་མངོན་པར་ཞེན་པའི་འཆིང་བའོ། །དེ་ལ་ཉེ་བར་ལེན་པའི་འཆིང་བས་ནི་ལུས་ལ་སེམས་བཅིངས་སོ། །ནང་གི་མྱོང་བའི་འཆིང་བས་ནི་ཚོར་བ་རྣམས་ལ་བཅིངས་སོ། །རྣམ་པར་རིག་པའི་འཆིང་བས་ནི་གཟུགས་ལ་སོགས་པ་ཡུལ་གྱི་མཚན་མ་རྣམས་ལ་བཅིངས་སོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ནི། མངོན་པར་ཞེན་པའི་འཆིང་བས་ཇི་སྐད་དུ་བསྟན་པའི་ལུས་ལ་སོགས་པ་དེ་དག་ཉིད་ལ་བཅིངས་ཏེ། འཆིང་བ་བཞི་པོ་དག་གི་གཉེན་པོ་ནི་དྲན་པ་ཉེ་
བར་གཞག་པ་བཞི་ཡིན་པར་རིག་པར་བྱའོ། །བཞི་པོ་འདི་ནི་ཉེས་དམིགས་ལ་རྟོག་པ་དང༌། གཉེན་པོའི་གཞིར་གྱུར་ཅིང་འདུན་པ་དང༌། རྩོལ་བ་སྔོན་དུ་འགྲོ་བ་སྟེ། མི་དགེ་བའི་ཆོས་ཀུན་དུ་སྤྱོད་པར་འགྱུར་པ་སྤང་བའི་ཕྱིར་དང༌། དེ་དང་ལྡན་པ་སྤང་བའི་ཕྱིར་དང༌། དགེ་བའི་ཆོས་ཐོབ་པར་བྱ་བའི་ཕྱིར་དང༌། དེ་འཕེལ་པར་བྱ་བའི་ཕྱིར་རོ། །བཞི་པོ་འདི་དག་ནི་སེམས་གནས་པར་བྱ་བ་དང༌། ཏིང་ངེ་འཛིན་འཐོབ་པར་བྱ་བར་བརྩོན་པའི་སེམས་གནས་པར་འབྱོར་པར་འགྱུར་བའི་སྐྱེ་བའི་སྒོ་ཡིན་ཏེ། མངོན་པར་འབྱུང་བར་འདུན་པ་དང༌། ལུང་མནོད་པ་དང༌། ཁ་ཏོན་བྱ་བ་དང༌། སློབ་པ་ལ་བརྩོན་པ་དང༌། ཏིང་ངེ་འཛིན་བཟང་པོའི་མཚན་མ་འཛིན་པའི་སེམས་དང༌། དབེན་པ་ན་གནས་ཤིང་ཆོས་དཔྱོད་པའོ། །བཞི་པོ་འདི་དག་ནི་སེམས་མཉམ་པར་གཞག་པ། སེམས་གནས་པར་འགྱུར་བ་སྟེ། རྟོག་པ་དང་བཅས་དཔྱོད་པ་དང་བཅས། དགའ་བ་དང་བཅས་པའི་སེམས་གནས་པ་དང༌། རྟོག་པ་མེད་ཅིང་དཔྱོད་པ་མེད་པ་ལ་དགའ་བ་དང་བཅས་པ་དང༌། དགའ་བ་མེད་པ་དང༌། བཏང་སྙོམས་དང༌། དྲན་པ་ཡོངས་སུ་དག་པ་དང༌། བདེ་བ་དང་སྡུག་བསྔལ་ལས་ཡང་དག་པར་འདས་པའོ། །བཞི་པོ་འདི་དག་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཕྱོགས་ཀྱི་དེ་ཁོ་ན་ཤེས་པར་བྱ་བ་སྟེ། དེ་དག་ཤེས་ན་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་བར་འགྱུར་ཏེ། ཉོན་མོངས་པའི་ཕྱོགས་ཀྱང་འབྲས་བུའི་དེ་ཁོ་ན་དང༌། རྒྱུའི་དེ་ཁོ་ནའོ། །རྣམ་པར་བྱང་བའི་ཕྱོགས་ཀྱང་འབྲས་བུའི་དེ་ཁོ་ན་དང༌། རྒྱུའི་དེ་ཁོ་ནའོ། །བཞི་པོ་འདི་དག་ནི་འདུ་ཤེས་སྔོན་དུ་འགྲོ་བའི་སྤྲོས་པའི་འཆིང་བ་སྟེ། འདོད་པ་ཆུང་དུ་རྣམས་ལ་འདུ་ཤེས་སྔོན་དུ་འགྲོ་བའི་སྤྲོས་པའི་འཆིང་བ་དང༌། གཟུགས་ཆེན་པོར་གྱུར་པ་རྣམས་ལ་འདུ་ཤེས་སྔོན་དུ་འགྲོ་བའི་སྤྲོས་པའི་འཆིང་བ་དང༌། ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཚད་མེད་པ་ལ་འདུ་ཤེས་སྔོན་དུ་འགྲོ་བའི་སྤྲོས་པའི་འཆིང་བ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ལ། འདུ་ཤེས་
སྔོན་དུ་འགྲོ་བའི་སྤྲོས་པའི་འཆིང་བའོ། །ཆོས་བཞི་པོ་འདི་དག་ནི། སེམས་ཅན་རྣམས་ལ་གནོད་སེམས་དང༌། རྣམ་པར་འཚེ་བ་དང༌། མི་དགའ་བ་དང༌། འདོད་པ་ལ་འདུན་པའི་གཉེན་པོར་བསྒོམས་ན་བསོད་ནམས་ཆེན་པོ་འཕེལ་བ་དང༌། འདོད་པའི་འདོད་ཆགས་དང་བྲལ་བར་འགྲོ་བར་འགྱུར་བ་སྟེ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་སོ། །ཆོས་བཞི་པོ་འདི་དག་ནི་གཟུགས་ཀྱི་ཁམས་ལས་འདའ་ཞིང༌། རིང་དུ་འགྲོ་བར་འགྱུར་བ་སྟེ། ནམ་མཁའ་དང༌། རྣམ་པར་ཤེས་པ་དང༌། ཅི་ཡང་མེད་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྣམས་སོ། །བཞི་པོ་འདི་དག་ནི་རྣལ་འབྱོར་པ་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་བྱ་བར་བརྩོན་པའི་འཕགས་པའི་རྣམ་པར་གྲོལ་བའི་རྒྱུ་ གང་གི་རྟེན་ལྟ་བུའི་ཆོས་རྣམས་ཏེ། སྲེད་པ་བཞི་སྤང་བའི་དབང་དུ་བྱས ་ནས་དོན་ཉུང་བ་ཆོས་གོས་ཀྱི་ཕྱིར་དང༌། ཁ་ཟས་ཀྱི་ཕྱིར་དང༌། མལ་ཆ་དང༌། སྟན་གྱི་ཕྱིར་རྩོལ་བར་མི་བྱེད་ཅིང་གཡེང་བར་མི་བྱེད་པ་དང༌། དུས་སུ་སྦྱོར་བ་འབྲས་བུ་ཡོད་པར་བྱེད་ཅིང་སེམས་རྣམ་པར་གཡེང་བ་མེད་པའི་ཉོན་མོངས་པ་སྤོང་བའི་ལམ་བསྒོམ་པ་ལ་དགའ་བའོ།། བཞི་པོ་འདི་དག་ནི་ལམ་བསྒོམ་པའི་འབྲས་བུ་ཉོན་མོངས་པ་སྤོང་བ་ཡིན་ཏེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་བ་དང༌། བསྒོམ་པས་སྤང་བར་བྱ་བ་རྣམས་སྤོང་བ་དང༌། འོག་མའི་ཆ་དང་མཐུན་པ་ཆེན་པོ་དང༌། འབྲིང་རྣམས་དང༌། དེ་དག་ཉིད་མ་ལུས་པར་སྤོང་བ་དང༌། གོང་མའི་ཆ་དང་མཐུན་པ་རྣམས་མ་ལུས་པར་སྤོང་བའོ། །རྒྱུན་དུ་ཞུགས་པའི་ཡན་ལག་བཞི་པོ་འདི་དག་ནི། བསྟན་པ་འདི་དང༌། བདེ་འགྲོ་ལས་བསམ་གཏན་དུ་མི་གཡོ་བར་འགྱུར་བ་སྟེ། སྟོན་པ་དེ་ཁོ་ན་རྟོག་པ་ལས་བྱུང་བའི་སེམས་དང་བ་མི་གཡོ་བ་དང༌། སྟོན་པ་ལ་ཇི་ལྟ་བ་བཞིན་དུ་ཆོས་དང༌། ཆོས་དེ་གང་དག་གིས་རྟོགས་པ་དང༌། དེ་རྟོགས་པར་བྱ་བའི་ཕྱིར་ཞུགས་པ་རྣམས་ལ་ཡང་དེ་དང་འདྲ་སྟེ། འདི་གསུམ་ནི་སེམས་དང་པོའོ། །བཞི་པ་ནི་གཟུགས་དང་བ་སྟེ། འཕགས་པ་དགྱེས་པའི་ཚུལ་ཁྲིམས་སུ་གཏོགས་པའོ། །
དེ་ལ་གསུམ་ནི་བསྟན་པ་ལས་མི་གཡོ་བར་འགྱུར་བའོ། །ཐ་མ་གཅིག་ནི་བདེ་འགྲོ་ལས་མི་གཡོ་བར་འགྱུར་བའོ། །བཞི་པོ་འདི་དག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱ་བའི་ཡན་ལག་སྟེ། སྟོན་པ་པོ་དང༌། འདོམས་པ་མགུ་བར་བྱེད་པ་དང༌། ཕྱིན་ཅི་མ་ལོག་པའི་ཆོས་བསྟན་པ་དང༌། འདོམས་པ་ཉན་པ་དང༌། དེ་ཡང་དག་པའི་བསམ་པས་རྟོགས་པར་བྱེད་པ་དང༌། བསྒོམ་པས་བསྒྲུབ་པའོ། །ཤེས་པ་བཞི་པོ་འདི་དག་ནི་ཤེས་པ་ཐམས་ཅད་སྡུད་པར་འགྱུར་བ་སྟེ། གཅིག་ཏུ་ངེས་པར་ཟག་པ་མེད་པའི་ཆོས་རྣམས་ལ་མངོན་སུམ་གྱི་ཤེས་པ་དང༌། ལྐོག་ཏུ་གྱུར་པའི་ཤེས་པ་དང༌། གཅིག་ཏུ་ངེས་པར་ཟག་པ་དང་བཅས་པར་རིགས་པས་བསྐྱེད་པ་དང༌། རིགས་པས་བསྐྱེད་པ་མ་ཡིན་པ་དང༌། རིགས་པ་ཡང་མ་ཡིན་རིགས་པ་མ་ཡིན་པ་ཡང་མ་ཡིན་པས་བསྐྱེད་པའི་འཇིག་རྟེན་པའི་ཤེས་པ་དང༌། ཕ་རོལ་གྱི་སེམས་ཀྱི་རྣམ་གྲངས་ཤེས་པ་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའོ། །འཇུག་པ་དང་ལྡོག་པའི་ཕྱོགས་ཀྱི་དེ་ཁོ་ན་འཛིན་པའི་ཤེས་པ་བཞིན་འདི་དག་ནི་ཟག་པ་ཐམས་ཅད་སྤོང་བར་འགྱུར་བ་སྟེ། འཇུག་པའི་ཕྱོགས་ཀྱི་འབྲས་བུའི་དེ་ཁོ་ན་ཤེས་པ་དང༌། རྒྱུའི་དེ་ཁོ་ན་ཤེས་པ་དང༌། ལྡོག་པའི་ཕྱོགས་ཀྱི་འབྲས་བུའི་དེ་ཁོ་ན་ཤེས་པ་དང༌། རྒྱུའི་དེ་ཁོ་ན་ཤེས་པའོ། །ཆོས་བཞི་པོ་འདི་དག་ནི་དད་པ་ཅན་གྱི་ཉོན་མོངས་པ་སྤོང་བ་ལས་བརྩམས་ནས་ཡང་དག་པའི་སྦྱོར་བར་འགྱུར་བ་སྟེ། རྒྱུན་དུ་ཆུད་པ་དང༌། གུས་པར་བྱ་བའི་བརྩོན་འགྲུས་དང༌། ཤེས་བཞིན་དུ་སྤྱོད་པའི་དྲན་པ་དང༌། ཞིག་ནས་དང༌། ལྷག་མཐོང་ངོ༌། །བཞི་པོ་འདི་དག་ནི་ཆོས་སོ་སོར་རྟོག་པར་བྱེད་ཅིང༌། གོང་དུ་ཡང་ཟག་པ་ཟད་པར་འགྱུར་བའི་གནས་ཡིན་ཏེ། འཕགས་པའི་ལམ་ཐོབ་པར་བྱ་བའི་ཟག་པ་དང་བཅས་པའི་ཤེས་རབ་དང༌། ཐོབ་ནས་ཀྱང་ཉོན་མོངས་པ་འབྲི་བར་འགྱུར་བ་དང༌། དངོས་པོ་འབྲི་བར་འགྱུར་བ་དང༌། ཉོན་མོངས་པ་དང་དངོས་པོ་མ་ལུས་པར་སྤང་བའི་ཕྱིར་ལམ་ཐོབ་པ་ཇི་ལྟ་བ་བཞིན་དུ་གོམས་པར་བྱེད་པའོ། །ཆོས་བཞི་པོ་འདི་དག་ནི་
མཚུངས་པར་ལྡན་པ་དང༌། དམིགས་པ་དང་བཅས་པ་དང༌། འདྲེས་པར་འདུག་པ་དང༌། དམིགས་པ་གཅིག་ཏུ་འདུག་པ་སྟེ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའོ། ཀུན་ནས་བསྲུང་བ་རྣམ་པ་བཞི་ནི། བསྟན་པ་ལ་ཞུགས་པ་རྣམས་བསྟན་པ་ལ་མངོན་པར་དགའ་བར་འགྱུར་བ་སྟེ། སྲོག་ཀུན་ནས་བསྲུང་བ་དང༌། སྟོབས་ཀུན་ནས་བསྲུང་བ་དང༌། སེམས་ཀྱི་ཀུན་ནས་ཉོན་མོངས་པ་ཀུན་ནས་བསྲུང་བ་དང༌། ཡང་དག་པའི་སྦྱོར་བ་ཀུན་ནས་བསྲུང་བའོ། །བཞི་པོ་འདི་དག་ནི་ཡང་དག་པའི་ལྟ་བ་ཐོབ་པར་བྱ་བ་དང༌། རིག་པའི་དོན་ལ་དཔྱོད་པའི་གནས་ཡིན་ཏེ། རྣམ་པ་གསུམ་གྱིས་ནི་སྤྱོད་པ་དག་པར་འགྱུར་རོ། །གཅིག་གིས་ནི་གནས་པ་དག་པར་འགྱུར་ཏེ། དབང་པོའི་སྒོ་བསྲུངས་པས་ཡུལ་ལ་ངོ་མི་ཆོད་པར་ཡང་མི་བྱེད་པ་དང༌། ཞེ་འགྲས་པར་ཡང་མི་བྱེད་པ་དང༌། དབང་པོའི་སྒོ་བསྲུང་བའི་ཕྱིར་དྲན་པའི་དབང་དུ་བྱས་ཏེ། ཤེས་བཞིན་དུ་སྤྱོད་པ་དང༌། རབ་ཏུ་དབེན་པ་ན་གནས་པའི་སེམས་རྩེ་གཅིག་པ་ཀུན་ནས་ཉོན་མོངས་པ་མེད་པའོ། །རྣམ་པ་བཞིས་རིག་པ་དང༌། རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པར་རིག་པར་བྱ་སྟེ། དྲན་པ་དང༌། མིག་དང༌། ཤེས་རབ་ཀྱིས་ནི་རིག་པ་མངོན་སུམ་དུ་བྱེད་དོ། །ལུས་ཀྱིས་ནི་མི་བསྐྱོད་པའམ། དུས་ཀྱིས་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་དོ། །ཆོས་བཞི་པོ་འདི་དག་ནི་རྒྱུ་ལས་བྱུང་བའི་གཟུགས་ཆེན་པོ་རྣམ་པ་དུ་མ་འཇུག་པའི་རྟེན་དུ་འབྱུང་བ་སྟེ། སྲ་བ་ཉིད་དང༌། གཤེར་བ་ཉིད་དང༌། ཚ་བ་ཉིད་དང༌། ཡང་ཞིང་གཡོ་བ་ཉིད་དོ། །ཆོས་བཞི་པོ་འདི་དག་ནི་སེམས་ཅན་བྱུང་བ་རྣམས་གནས་པའི་གཞི་དང༌། འབྱུང་བར་འདོད་པ་རྣམས་ལ་ཕན་འདོགས་པ་སྟེ། འདི་ལྟ་སྟེ། གཞི་བསྡུ་བ་ལས་འབྱུང་བ་བཞིན་ནོ། །བཞི་པོ་འདི་དག་ནི་འཁོར་བ་ན་རྣམ་པར་ཤེས་པའི་རྒྱུན་འཇུག་པའི་གནས་ཡིན་ཏེ། གཟུགས་མཐོང་བས་ཉེ་བར་འགྲོ་བ་དང༌། སྲེད་པས་དམིགས་པར་འགྱུར་བ་དང༌། རྟེན་དུ་ཡུལ་འགྲོགས་པས་གནས་པ་དང༌། དེ་ལ་རྣམ་པར་ཤེས་པ་གནས་ནས་ཉོན་མོངས་པ་ཅན་གྱི་ཡིད་བདེ་བ་དང་ལྷན་ཅིག་ཏུ་འཇུག་སྟེ། དེས་ན་ཡང་སྲིད་
པར་འཛག་གོ །གཟུགས་ལ་ཇི་ལྟ་བ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དགེ་སློང་ནི་ཚེ་འདིའི་ལུས་དང་སྲོག་ལ་ལྟ་བ་ལ་བརྟེན་ནས་ཆོས་གོས་དང༌། མལ་ཆ་དང༌། སྟན་ལ་འདོད་པ་སྐྱེའོ། །ཚེ་ཕྱི་མའི་ལུས་དང་སྲོག་ལ་ལྟ་བ་ལ་བརྟེན་ནས། ཡང་སྲིད་པ་འདོད་དོ། །མྱ་ངན་ལས་འདས་པ་ལ་རྨོངས་པ་ལ་བརྟེན་ནས་འབྱོར་པ་འདོད་པ་སྐྱེའོ། །དེ་དག་ཀྱང་མདོར་བསྡུ་ན་འདོད་པ་རྣམ་པ་བཞིར་འགྱུར་ཏེ། ཆོས་གོས་དང༌། ཁ་ཟས་དང༌། མལ་ཆ་དང༌། སྟན་དང༌། སྲིད་པ་དང༌། འབྱོར་པ་ལའོ། ཆོས་བཞི་པོ་འདི་དག་ནི་སེམས་ཅན་རྣམས་བྱ་བ་མ་ཡིན་པ་ཀུན་དུ་སྤྱོད་པར་འགྱུར་བ་སྟེ། སྡུག་པའི་དངོས་པོའི་ངོ་མི་ཆོད་པ་དང༌། མི་སྡུག་པའི་དངོས་པོ་དང༌། ཞེ་འགྲས་པ་དང༌། ཕྱིར་རྒོལ་བ་སྟོབས་དང་ལྡན་པས་འཇིགས་པ་དང༌། སེམས་ཕྱིན་ཅི་ལོག་པས་ཚེ་འདི་དང་ཕྱི་མའི་འབྲས་བུ་ལ་རྨོངས་པའོ། །འདྲི་བ་ལ་ལུང་བསྟན་པ་བཞི་ནི། ཐེ་ཚོམ་བཅད་པ་དང༌། མ་རྟོགས་པ་རྟོགས་པར་བྱ་བ་དང༌། ངེས་པའི་སྟོབས་བསྐྱེད་པར་འགྱུར་བ་སྟེ། ཆོས་ཀྱི་མཚན་ཉིད་ལ་ནི་མགོ་གཅིག་གིས་སོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་ནི་ཕྱེ་བས་སོ། །དགོངས་ཏེ་གསུངས་ཤིང་ཁ་དུ་མར་འགྱུར་བ་ལ་ནི་ཡོངས་སུ་དྲི་བས་སོ། །ཚུལ་བཞིན་མ་ཡིན་པ་ལས་ནི་གཞག་པས་སོ། །འདི་ལ་ལུང་བསྟན་པ་ཞེས་ཇི་སྐད་བྱ་ཞེ་ན། འདི་ནི་བཅོམ་ལྡན་འདས་ཀྱིས་ལུང་མ་བསྟན་ཏོ་ཞེས་བྱ་བ་ཡོད་པས་ན་འདི་ཡང་འདིར་དྲི་བར་ལུང་བསྟན་པ་ཞེས་བྱའོ། །གཏོང་བ་རྣམ་པར་དག་པ་དང༌། རྣམ་པར་མ་དག་པ་ནི་རྣམ་པ་བཞིར་རིག་པར་བྱའོ། །དེ་ལ་རྣམ་པ་གསུམ་གྱིས་ནི་རྣམ་པར་དག་པ་སྟེ། བདག་གི་ཚུལ་ཁྲིམས་དང་ལྟ་བ་ཕུན་སུམ་ཚོགས་པ་དང༌། གཞན་དག་གི་ཚུལ་ཁྲིམས་དང་ལྟ་བ་ཕུན་སུམ་ཚོགས་པ་དང༌། གཉི་གའི་ཚུལ་ཁྲིམས་དང་ལྟ་བ་ཕུན་སུམ་ཚོགས་པའོ། །རྣམ་པ་གཅིག་གིས་རྣམ་པར་མ་དག་སྟེ། བདག་དང་གཞན་དག་གི་ཚུལ་ཁྲིམས་དང་ལྟ་བ་ཉམས་པའོ། །
དེ་ལ་རྣམ་པར་དག་པ་ནི་འདི་ཡིན་ཏེ། བདེ་འགྲོར་སྐྱེས་པའི་ཡོ་བྱད་ཕུན་སུམ་ཚོགས་པའོ། །རྣམ་པར་མ་དག་པ་ནི་ངན་འགྲོར་སྐྱེས་པའི་ཡོ་བྱད་ཀྱིས་ཕོངས་པ་མེད་པའོ། །ཐབས་རྣམ་པ་བཞི་པོ་འདི་དག་ནི་འཁོར་བསྡུ་བ་ན་འཁོར་ཡང་དག་པར་སྡུད་པར་འགྱུར་བ་སྟེ། ཕན་འདོགས་པ་དང༌། སྡུད་པ་དང༌། འཇུག་པར་བྱེད་པ་དང༌། ཡོངས་སུ་དག་པར་བྱེད་པའོ། །བཞི་པོ་འདི་དག་ནི་སེམས་ཅན་ལས་ཀྱི་སྐྱེ་གནས་པ་རྣམས་འགྲོ་བ་དེ་དང་དེ་དག་ཏུ་སྐྱེ་བའི་རྟེན་གྱི་སྒོ་ཡིན་ཏེ། ལས་ཀྱི་སྒོ་ང་དང༌། ལས་ཀྱི་མངལ་དང༌། ལས་ཀྱི་དྲོད་གཤེར་དང༌། ལས་ཉིད་དོ། །དེ་དང་དེ་དག་ཏུ་སེམས་ཅན་སྐྱེས་པ་རྣམས་ཀྱི་འཆི་བའི་དུས་བྱེད་པ་ནི་རྣམ་པ་བཞི་སྟེ། བདག་གི་ཁ་ན་ལས་པ་ནི་འདི་ལྟ་སྟེ། རྩེད་མོས་མྱོས་པ་དང༌། ཡིད་འཁྲུག་པར་བྱེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའོ། །གཞན་གྱི་ཁ་ན་ལས་པ་ནི་འདི་ལྟ་སྟེ། མར་མེར་པོ་དང༌། ནར་ནར་པོ་དང༌། གོར་གོར་པོ་མའི་ལྟོ་ན་འདུག་པའི་འོ། །གཉི་གའི་ཁ་ན་ལས་པ་ནི། དེ་ལས་གཞན་པའི་སེམས་ཅན་འདོད་པ་ན་སྤྱོད་པ་རྣམས་ཀྱིའོ། །བདག་གི་ཁ་ན་ལས་པ་ཡང་མ་ཡིན། གཞན་གྱི་ཁ་ན་ལས་པ་ཡང་མ་ཡིན་པ་ནི་འདི་ལྟ་སྟེ། སྲིད་པའི་རྩེ་མོར་གཏོགས་པ་མན་ཆད་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སེམས་ཅན་རྣམས་ཀྱིའོ། །བཞི་པོ་འདི་དག་ནི་རྣམ་པར་དག་པའི་ལམ་སྟེ། འབད་པའི་དབང་པོ་ཡང་མ་རྫོགས། མངོན་པར་དགའ་བ་ཡང་མ་རྫོགས་པ་དང༌། འབད་པའི་དབང་པོ་ནི་རྫོགས་ལ་མངོན་པར་དགའ་བ་ནི་མ་རྫོགས་པ་དང༌། མངོན་པར་དགའ་བ་ནི་རྫོགས་ལ་འབད་པའི་དབང་པོ་ནི་མ་རྫོགས་པ་དང༌། མངོན་པར་དགའ་བ་ཡང་རྫོགས་ལ་འབད་པའི་དབང་པོ་ཡང་རྫོགས་པའོ། །གཞན་ཡང་རྣམ་པར་དག་པའི་ལམ་བཞི་སྟེ། ཉེས་པར་བཤད་པའི་ཆོས་འདུལ་བ་ལ་མི་ཕྱོགས་པ་དང༌། ལེགས་པར་བཤད་པའི་ཆོས་འདུལ་བ་ལ་མངོན་དུ་ཕྱོགས་པ་དང༌། ཚོགས་ཀྱི་ལམ་དང༌། རྣམ་པར་དག་པའི་ལམ་མོ། །དེ་ལ་དང་པོ་ནི་འདི་ལྟར་འདི་ན་ཁ་ཅིག་ཕྱི་རོལ་པའི་ལྟ་བར་གྱུར་པ་རྣམས་དང༌། གནོད་
པ་དང་ལྡན་པའི་དཀའ་ཐུབ་དྲག་པོ་མི་འདོད་ཅིང་མི་བཟོད་པའོ། །གཉིས་པ་ནི། འདི་ལྟར་འདི་ན་ཁ་ཅིག་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་ཤིང་འདོད་པ་དང་བཟོད་པ་སྟེ། དེ་ཡང་གྲང་བ་ལ་སོགས་པ་བཟོད་ཅིང་དང་དུ་ལེན་པའི་རང་བཞིན་ཅན་ནོ། །གསུམ་པ་ནི་ཚུལ་ཁྲིམས་དང་དབང་པོའི་སྒོ་བསྲུངས་པ་ལ་སོགས་པ་དགེ་བའི་ཚོགས་སུ་གཏོགས་པའི་ཆོས་རྣམས་སོ། །བཞི་པ་ནི་ཉོན་མོངས་པ་སྤང་བ་དང༌། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ཞི་གནས་དང་ལྷག་མཐོང་ངོ༌། །བཞི་པོ་འདི་དག་ནི་སློབ་པའི་ལྷག་པའི་སེམས་ཀྱི་སྦྱོར་བ་སྟེ། འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་དང༌། མི་ལྕོགས་པ་མེད་པ་ལ་བརྟེན་ནས་ཕྱིར་མི་འོང་བས། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དང༌། གཞན་དག་གི་སྡིག་པ་སྤང་བར་བྱ་བ་དང་བདེ་འགྲོར་འགྲོ་བར་བྱ་བའི་ཕྱིར་དང༌། བདག་གི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་རོ། །ལས་གཉིས་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། འཇུག་པར་གཏོགས་པའི་ལས་རྣམ་པ་གསུམ་དང༌། ལྡོག་པར་གཏོགས་པའི་ལས་སོ། །དེ་ལ་གཅིག་ཏུ་ངེས་པར་མི་སྡུག་པའི་འབྲས་བུ་ནི་ངན་སོང་དུ་རྣམ་པར་སྨིན་པའོ། །གཅིག་ཏུ་ངེས་པར་སྡུག་པའི་འབྲས་བུ་ནི་གཟུགས་དང༌། གཟུགས་མེད་པར་རྣམ་པར་སྨིན་པའོ། །སྡུག་པ་དང་མི་སྡུག་པའི་འབྲས་བུ་ནི་འདོད་པ་ན་སྤྱོད་པའི་ལྷ་དང་མིར་རྣམ་པར་སྨིན་པའོ། །བཞི་པ་ནི་ལས་རྣམ་པ་གསུམ་ཆར་ཡང་སྤོང་བར་འགྱུར་བའོ། །བཞི་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་ལྷག་པར་ཆགས་པ་སྟེ། བདེ་ལ་མི་ཕན་པ་དང༌། ཕན་ལ་མི་བདེ་བ་དང༌། ཕན་ཡང་ཕན་ལ་བདེ་ཡང་བདེ་བ་དང༌། ཕན་པ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །སེམས་ཅན་རྣམས་ཀྱི་ཉོན་མོངས་པ་ནི་སྒོ་བཞི་ནས་འཇུག་ཅིང་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དང་ཕྲད་པར་འགྱུར་ཏེ། འདོད་པ་ལ་ལྷག་པར་ཆགས་པའི་སྒོ་དང༌། གཟུགས་དང་གཟུགས་
མེད་པའི་སྙོམས་པར་འཇུག་པ་ལ་ལྷག་པར་ཆགས་པའི་སྒོ་དང༌། འདི་ལས་ཕྱི་རོལ་པ་རྣམས་ཀྱི་ལྟ་བའི་སྒོ་དང༌། ཆོས་འདི་པ་ཆོས་ཀྱི་མིག་མ་ཐོབ་པ་རྣམས་ཀྱི་མི་ཤེས་པའི་སྒོའོ། །འཕགས་པའི་ལམ་བསྒོམ་པ་ནི་སྒོ་བཞི་པོ་དེ་ཉིད་ཀྱི་སྡུག་བསྔལ་དང་བྲལ་བར་འགྱུར་བའོ། །སྡུག་བསྔལ་དང་ཕྲད་པ་ཇི་ལྟ་བ་བཞིན་དུ། རྒྱུན་ཕྱོགས་སུ་འགྲོ་བ་དང༌། ཡང་སྲིད་པ་པའི་ལས་ཉེ་བར་ལེན་པ་དང༌། རྣམ་པར་དགྲོལ་དཀའ་བའི་ཕྱིར་ཡང་དེ་དང་འདྲ་བར་སྦྱར་རོ། །གང་ཟག་བཞི་པོ་འདི་དག་ནི་གང་ཟག་ཐམས་ཅད་འདུས་པར་རིག་པར་བྱ་སྟེ། སོ་སོའི་སྐྱེ་བོ་དང༌། སློབ་པར་འདོད་པའི་འདོད་ཆགས་དང་མ་བྲལ་བ་དང༌། སློབ་པར་འདོད་པའི་འདོད་ཆགས་དང་བྲལ་བ་དང༌། འཇིག་ཚོགས་ལས་ཡང་དག་པར་འདས་པའི་མི་སློབ་པའོ། །གཞན་ཡང་གང་ཟག་བཞི་སྟེ། བདག་ཉིད་སྡོམ་པ་ལ་གནས་ལ་གཞན་དག་ལ་ཆོས་མི་སྟོན་པ་དང༌། བདག་ཉིད་སྡོམ་པ་ལ་མི་གནས་ལ་གཞན་ལ་ཡང་ཆོས་སྟོན་པ་དང༌། གཉི་ག་བྱེད་པ་དང༌། གཉི་ག་མི་བྱེད་པའོ། །གང་ཟག་ནི་བཞི་ཡོད་དེ་རིགས་དམའ་ལ་ཆོས་དཀར་པོ་ཀུན་དུ་སྤྱོད་པ་དང༌། རིགས་བཟང་ལ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དང༌། རིགས་དམའ་ལ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དང༌། རིགས་བཟང་ལ་ཆོས་དཀར་པོ་ཀུན་དུ་སྤྱོད་པའོ། །དེ་ལ་དང་པོ་ནི་ཚེ་འདི་ལ་སྡུག་བསྔལ་ལ་ཚེ་ཕྱི་མ་ལ་མ་ཡིན་ནོ། །གཉིས་པ་ནི་ཚེ་ཕྱི་མ་ལ་སྡུག་བསྔལ་ལ། ཚེ་འདི་ལ་མ་ཡིན་ནོ། གསུམ་པ་ནི་གཉི་གར་སྡུག་བསྔལ་བའོ། །བཞི་པ་ནི་གཉི་གར་བདེ་བའོ། །ཡང་གང་ཟག་བཞི་ཡོད་དེ། བདག་ཉིད་སྡུག་བསྔལ་ལ་སྦྱོར་བར་བྱེད་ལ་ཕ་རོལ་ནི་མ་ཡིན་ཏེ། བསོད་ནམས་བསྐྱེད་པ་མ་ཡིན་པ་ནི་འདི་ལྟ་སྟེ་དཀའ་ཐུབ་དྲག་པོ་ཅན་ལྟ་བུའོ། །ཕ་རོལ་སྡུག་བསྔལ་ལ་སྦྱོར་བར་བྱེད་ལ། བདག་ནི་མ་ཡིན་ཏེ། བསོད་ནམས་མ་ཡིན་པ་ཡང་བསྐྱེད་པ་ནི་འདི་ལྟ་སྟེ། སྡོམ་པ་ཅན་མ་ཡིན་པ་རྣམས་ལས་གང་ཡང་རུང་བའོ། །གཉི་ག་སྡུག་བསྔལ་ལ་སྦྱོར་བར་བྱེད་དེ། བསོད་ནམས་མ་ཡིན་པ་ཡང་སྐྱེད་པ་ནི་འདི་ལྟ་སྟེ། །རྒྱལ་པོ་མཆོག་སྦྱིན་
གྱི་བདག་པོའི་རྟ་སྐྱེ་བའི་མཆོད་སྦྱིན་ལ་སོགས་པ་ལྟ་བུའོ། །བདག་དང་ཕ་རོལ་སྡུག་བསྔལ་ལ་སྦྱོར་བར་མི་བྱེད་དེ། བསོད་ནམས་ཀྱང་བསྐྱེད་པ་ནི་འདི་ལྟ་སྟེ། གང་ཟག་བསམ་གཏན་ལ་གནས་པ་སྡིག་པ་ཐམས་ཅད་སྤངས་པ་ལྟ་བུའོ། །ངག་གི་ཉེས་པ་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། ལོག་པ་དང༌། འབྱེད་པ་དང༌། ཡོན་ཏན་མེད་པ་དང༌། དོན་མེད་པའོ། དེ་ལས་བཟློག་པ་ནི་ཡོན་ཏན་དུ་རིག་པར་བྱའོ། །འཕགས་པ་མ་ཡིན་པའི་ལོག་པའི་ཚིག་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ་མ་མཐོང་བའམ། ཡང་ན་མ་མཐོང་ན་ཕྱིན་ཅི་ལོག་ཏུ་སྨྲ་བ་དང༌། ཐོས་པ་དང་བྱེ་བྲག་བྱེད་པ་དང༌། རྣམ་པར་ཤེས་པ་ལ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། དེ་ལས་བཟློག་པ་ནི་འཕགས་པའི་བདེན་པའི་ཚིག་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱི་བཀའི་ཤེས་བྱའི་གནས་བཞི་བཞི་པ་རྫོགས་སོ།། །། ལྔ་པོ་འདི་དག་ནི་འདུན་པ་དང༌། འདོད་ཆགས་ཀྱི་ཕྱོགས་གནས་ངན་ལེན་གྱི་རྗེས་སུ་འབྲངས་པས་འཇུག་པ་ཀུན་ནས་ཉོན་མོངས་པར་གཏོགས་པའི་འདུ་བྱེད་ཀྱི་ཚོགས་ཏེ། རྟེན་དང་ཡུལ་གྱི་ངོ་བོ་ཉིད་ཀྱི་འདུ་བྱེད་ཀྱི་ཚོགས་དང༌། མྱོང་བའི་ངོ་བོ་ཉིད་དང༌། ཐ་སྙད་ཀྱི་གནས་སྐབས་ཡོངས་སུ་བཅད་པའི་ཕྱིར། མཚན་མར་འཛིན་པའི་ངོ་བོ་ཉིད་དང༌། སྤྱོད་པའི་ངོ་བོ་ཉིད་དང༌། དམིགས་པའི་ངོ་བོ་ཉིད་ཀྱི་འདུ་བྱེད་ཀྱི་ཚོགས་སོ། །དེ་ལས་བཟློག་པ་ལྔ་ནི་འདུན་པ་དང་འདོད་ཆགས་ཀྱི་ཕྱོགས་གནས་ངན་ལེན་དང་བྲལ་བ། ལྡོག་པ་རྣམ་པར་བྱང་བར་གཏོགས་པའི་འདུ་བྱེད་ཀྱི་ཚོགས་ཡིན་པར་རིག་པར་བྱའོ། །ལྔ་པོ་འདི་དག་ནི་ཡོངས་སུ་བཙལ་ཞིང་ལོངས་པར་སྤྱོད་པའི་ཕྱིར། འདོད་པ་ཅན་རྣམས་ཀྱི་འདོད་པར་བྱ་བའི་ཡུལ་དང༌། འདོད་པ་ལ་མི་ཕྱོགས་པ་རྣམས་ཀྱི་ཡང་དག་པར་ཉེ་བར་བརྟག་པར་བྱ་བ་ཡིན་ཏེ། གཟུགས་རྣམས་དང༌། སྒྲ་རྣམས་དང༌། དྲི་རྣམས་དང༌། རོ་རྣམས་དང༌། རེག་བྱ་རྣམས་སོ། །དེ་ལ་བཙལ་བར་བྱ་བ་དང༌། བརྟག་པར་བྱ་བ་དང༌། ལྷག་པར་ཆགས་པར་བྱ་བའི་དངོས་པོ་ལས་བརྩམས་ཏེ། འདོད་པར་བྱ་བ་རྣམ་པ་བཞི་ཡོད་པར་རིག་པར་བྱའོ། །དེ་ལ་མ་འོངས་པ་
འདོད་པར་བྱ་བ་ནི་བཙལ་བའོ། །འདས་པ་ནི་རྟག་པའོ། །ད་ལྟར་བྱུང་བ་ནི་ལྷག་པར་ཆགས་པར་བྱ་བའོ། །དེ་ལ་ཡང་རྣམ་པ་གཉིས་ཏེ། དངོས་པོ་འདོད་པར་བྱ་བ་དང༌། དེ་ལས་སྐྱེས་པའི་ཚོར་བ་འདོད་པར་བྱ་བའོ། །ལྔ་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་སྡུག་པ་དང་མི་སྡུག་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཉེ་བར་སྤྱད་པའི་ཕྱིར་ལུས་ཐོབ་པར་འགྱུར་བ་སྟེ། ལྷ་དང་མི་དང༌། སེམས་ཅན་དམྱལ་བ་པ་དང༌། དུད་འགྲོ་དང༌། ཡི་དགས་ཀྱི་ཡུལ་པའོ། །རྙེད་པའི་རྒྱུ་སྒྲུབ་པ་དང༌། མྱ་ངན་ལས་འདས་པ་ལ་མི་ཕྱོགས་པ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། གང་དུ་ལོངས་སྤྱད་པ་དང༌། གང་ལས་རྙེད་པ་དང༌། གང་རྙེད་པ་དང༌། གང་གི་ཕྱིར་རྙེད་པ་དང༌། ཇི་ལྟ་བུས་རྙེད་པ་སྟེ། གནས་འདི་དག་ཏུ་སེམས་ཀུན་དུ་འཛིན་པ་གང་ཡིན་པའོ། །ཆོས་ལྔ་པོ་འདི་དག་ནི་རྣལ་འབྱོར་པའི་ཚུལ་ཁྲིམས་དང༌། ཐོས་པ་ལ་གནོད་པ་སྔོན་དུ་འགྲོ་བས་ཞི་གནས་དང༌། ལྷག་མཐོང་དང་མི་མཐུན་པ་སྟེ། འདོད་པ་རྣམས་ལ་ཆགས་པ་དང༌། སྐུལ་བ་དང༌། དྲན་པ་བྱེད་པ་དང༌། འདོམས་པ་དང༌། རྗེས་སུ་སྟོན་པ་རྣམས་ལ་ཀུན་ནས་མནར་སེམས་དང༌། ཁོང་ཁྲོ་བའི་སེམས་སུ་བྱེད་པ་སྟེ། ཚུལ་ཁྲིམས་ཡང་དག་པར་མ་བླངས་པ་ནི། ཡང་དག་པར་མི་ལེན་པའི་ཕྱིར་དང༌། ཡང་དག་པར་བླངས་པ་ནི་སྤོང་བའམ་ཉམས་པར་བྱེད་པའི་ཕྱིར་རོ། །གཉིད་དང༌། ཉལ་བ་དང༌། མངོན་པར་མ་ཞི་བ་དང༌། ཉོན་མོངས་པ་ཅན་གྱི་འགྱོད་པ་དང་ཆོས་རྣམས་ལ་སོམ་ཉི་བྱེད་དེ། ཐོས་པ་མ་བཟུང་བ་ནི་འཛིན་པར་མི་བྱེད་ལ། བཟུང་པ་ནི་བརྗེད་པར་འགྱུར་ཞིང༌། མ་བརྗེད་པ་ཡང་ངེས་པར་རྟོགས་པར་མི་འགྱུར་བའོ། །འོག་མའི་ཆ་ནི་གཉིས་ཏེ། མཐོང་བའི་ལམ་ནི་བསྒོམ་པའི་ལམ་གྱི་འོག་མའི་ཆའོ། །འདོད་པའི་ཁམས་ནི་གཟུགས་དང་གཟུགས་མེད་པའི་འོག་མའི་ཆའོ། །འོག་མའི་ཆ་འདི་གཉིས་ལ་བརྟེན་ནས་འོག་མའི་ཆ་ལྔ་ལ་ཀུན་དུ་སྦྱོར་བ་ཞེས་བྱ་སྟེ། འོག་མའི་ཆ་དང་པོ་ལས་བརྩམས་པ་ནི། འཇིག་ཚོགས་ལ་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་མོ། །གཉིས་པ་ལས་
བརྩམས་པ་ནི་འདོད་པ་ལ་འདུན་པ་དང༌། གནོད་པའི་སེམས་སོ། །འདི་གཉིས་ནི་གོང་མའི་ཆ་སྟེ། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སོ། །གོང་མའི་ཆ་འདི་གཉིས་ལ་བརྟེན་ནས། གོང་མའི་ཆ་ལྔ་ལ་ཀུན་དུ་སྦྱོར་བ་ཞེས་བྱ་བ་སྟེ། ཀུན་དུ་སྦྱོར་བ་བྱེ་བྲག་མེད་པ་ནི། གཟུགས་ཀྱི་འདོད་ཆགས་དང༌། གཟུགས་མེད་པའི་འདོད་ཆགས་སོ། །ཀུན་དུ་སྦྱོར་བ་བྱེ་བྲག་ཅན་ནི་སྲེད་པ་ཤས་ཆེ་བའི་བསམ་གཏན་པའི་རྒོད་པ་དང༌། ང་རྒྱལ་ཤས་ཆེ་བའི་བསམ་གཏན་པའི་ང་རྒྱལ་དང༌། མ་རིག་པ་ཤས་ཆེ་བའི་བསམ་གཏན་པའི་མ་རིག་པའོ། །མ་གུས་པ་རྣམ་པ་ལྔས་ཡོངས་སུ་ཟིན་ན། སེམས་ལས་སུ་མི་རུང་ཞིང༌། དགེ་བའི་རྩ་བ་སྐྱེ་བར་མི་འགྱུར་ཏེ། སྟོན་པ་པོ་དང༌། བསྟན་པ་དང༌། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་དང༌། ཡང་དག་པར་བསྐུལ་ཞིང་རྗེས་སུ་འདོམས་ལ་སྟོན་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པའོ། །ལྔ་པོ་འདི་དག་ནི་ཉོན་མོངས་པ་སྤང་བར་ཡང་དག་པའི་བརྩོན་འགྲུས་རྩོམ་པའི་བར་དུ་གཅོད་པ་སྟེ། སྙོམས་པར་འཇུག་པ་དང༌། སྐྱེ་བ་ལ་ལྷག་པར་ཆགས་པ་དང༌། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པ་དང༌། བག་མེད་པ་དང༌། འཆལ་བའི་ཤེས་རབ་དང༌། སེམས་ཞུམ་པ་དང༌། མངོན་པའི་ང་རྒྱལ་ལོ། །བཟོད་པ་མེད་པའི་སྐྱེས་བུ་གང་ཟག་ལ་ནི། ཕ་རོལ་ཕྱིར་རྒོལ་བ་ལ་ལོག་པར་སྒྲུབ་པ་རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། འདི་ལ་བཟོད་པ་མེད་པ་ནི། ཕ་རོལ་ཕྱིར་རྒོལ་བ་ལ་ལོག་པར་སྒྲུབ་པ་རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། འདི་ལ་བཟོད་པ་མེད་པ་ནི། ཕ་རོལ་ཕྱིར་རྒོལ་བ་ལ་ཐོག་མ་ཁོ་ནར་ཀུན་ནས་མནར་སེམས་ཀྱི་སེམས་དང་ལྡན་པར་འགྱུར་ཏེ། ཁོན་གྱི་བསམ་པ་དང༌། དེའི་མཛའ་བོའི་སྐྱེ་བོ་དང༌། ཡང་དབྱེ་བར་འདོད་ཅིང༌། འབྱེད་པ་དང༌། དེ་བཞིན་དུ་གནོད་པར་བྱ་བའི་ཕྱིར་ཞུགས་པས། དེ་ལ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཡང་སྒྲུབ་པ་དང༌། བདག་གིས་ཡང་དག་པར་བླངས་པའི་ཚུལ་ཁྲིམས་
ཀྱང་ཉམས་པར་བྱེད་པ་དང༌། ལུས་དང་ངག་དང་ཡིད་རྣམས་ཀྱིས་ཀྱང་ཉེས་པར་སྤྱོད་པ་ཀུན་དུ་སྤྱོད་པར་འགྱུར་ཏེ། ལོག་པར་བསྒྲུབ་པ་རྣམ་པ་ལྔ་པོ་དེ་དག་ནི་འདིར་སྐྱེས་ན་ཡང༌། འདི་རྒྱུ་མཐུན་པའི་ཉེས་དམིགས་གསུམ་ཡོད་པར་རིག་པར་བྱ་སྟེ། དགྲ་མང་བ་དང༌། མཛའ་པོ་དང༌། དབྱེ་བ་དང༌། ཕ་རོལ་པོས་སྡུག་བསྔལ་བ་དང༌། ཡིད་མི་བདེ་བར་གྱུར་པའི་མི་འདོད་པ་རྣམ་པ་སྣ་ཚོགས་ཀུན་དུ་སྤྱོད་པའོ། །གཅིག་ནི་ཚེ་འདིའི་སྟེ། འཆི་བའི་ཚེ་འགྱོད་པར་འགྱུར་བའོ། །གཅིག་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་ཚེ་ཕྱི་མའི་སྟེ། ཤི་ནས་ཀྱང་ངན་སོང་དུ་སྐྱེ་བར་འགྱུར་བའོ། །དེ་ལས་བཟློག་པ་ནི་བཟོད་པ་ཅན་རྣམས་ཀྱིས་ཕ་རོལ་ཕྱིར་རྒོལ་བ་ལ་ཡང་དག་པར་སྒྲུབ་པ་རྣམ་པ་ལྔར་འགྱུར་བ་སྟེ། དེ་ལྟར་བྱས་པའི་ཕན་ཡོན་ནི་ཅི་རིག་པར་བྱའོ། །ཆོས་ལྔ་པོ་འདི་དག་ནི་ཚེ་འདི་དང་ཚེ་ཕྱི་མ་ལ་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་འབྱུང་བར་འགྱུར་བ་སྟེ། ཉེ་དུ་རྣམས་ཕུང་སྟེ་འཆི་བའི་དུས་བྱེད་པ་དང༌། ལོངས་སྤྱོད་ཀྱི་གཞི་རྣམས་ཚུལ་མ་ཡིན་པར་ཆུད་ཟ་བ་དང༌། རང་གི་ལུས་ལ་ནད་བྱུང་བ་འདི་གསུམ་ནི་ཚེ་འདིའི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་འབྱུང་བར་འགྱུར་བའོ། །འཆལ་བའི་ཚུལ་ཁྲིམས་དང༌། ཐམས་ཅད་ལ་ཡང་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ནི་ཚེ་ཕྱི་མའོ། །དེ་ལས་བཟློག་པའི་ཆོས་ལྔ་པོ་རྣམས་ནི་ཚེ་འདི་དང་ཚེ་ཕྱི་མ་ལ་བདེ་བ་དང་ཡིད་བདེ་བ་འབྱུང་བར་འགྱུར་བ་ཡིན་པར་རིག་པར་བྱའོ། །རྣམ་པ་ལྔས་གཞན་དག་གི་དོན་བྱ་བར་འདོད་པའི་སྐུལ་བ་ཡོངས་སུ་དག་ཅིང་ཡོངས་སུ་བྱང་བར་འགྱུར་ཏེ། འགལ་བར་བྱས་པ་མ་ནོར་བར་སྨྲ་བ་དང༌། སེམས་དང་མཐུན་པར་སྨྲ་བ་དང༌། བྱ་བ་བྱེད་པ་སྨྲ་བ་དང༌། ངག་གི་ཉེས་པ་རྣམ་པར་སྤངས་ནས་སྨྲ་བ་དང༌། ཡིད་ཀྱི་ཉེས་པ་རྣམ་པར་སྤངས་ནས་སྨྲ་བའོ།། དགྲ་བཅོམ་པ་ནི་ལོངས་སྤྱོད་པ་ཚོལ་ཞིང་ལོངས་སྤྱོད་པར་སྣང་དུ་ཟིན་ཀྱང༌། ལོག་པར་ཚོལ་བ་རྣམ་པ་གསུམ་ལས་འདས་པ་དང༌། ལོག་པར་ལོངས་སྤྱོད་པ་རྣམ་པ་གཉིས་ལས་འདས་པར་རིག་པར་བྱ་སྟེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། བརྫུན་དུ་སྨྲ་བ་དང་ལྡན་
པའི་ལོག་པའི་ཚོལ་བ་ལས་ཀྱང་འདས་ལ། ཆུང་མ་འཆང་བ་དང༌། བག་མེད་པར་སོགས་པའི་ལོག་པར་ལོངས་སྤྱོད་པ་ལས་ཀྱང་འདས་སོ། །སྤོང་བ་པོ་ནི་ཆོས་རྣམ་པ་ལྔ་དང་ལྡན་ན་དགེ་བའི་ཕྱོགས་ལ་ཅི་དགར་སྦྱོར་བ་དང་མངོན་པར་ཤེས་པ་མྱུར་བ་ཡིན་ཏེ། ཇི་སྐད་བསྟན་པའི་སྤོང་བ་འདུན་པ་དྲག་པོ་དང༌། སྒྲུབ་པ་ཇི་ལྟ་བ་བཞིན་དུ་བདག་གི་བརྗོད་པ་དང༌། ལུས་ཀྱི་ཉམས་སྟོབས་དང༌། རྒྱུན་དུ་ཆུད་པ་དང༌། གུས་པར་སྦྱོར་བ་དང་ལྡན་པའི་སེམས་ཀྱི་སྤྲོ་བ་དང༌། ཞི་གནས་དང་རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་མཚན་མའི་དུས། སོ་སོར་རིག་པའི་ཤེས་པའོ། །ཆོས་ལྔ་པོ་འདི་དག་ནི་རྣམ་པར་གྲོལ་བ་ཡོངས་སུ་རྟོགས་པར་བྱེད་པ་སྐྱོ་བའི་མི་མཐུན་པའི་ཕྱོགས་ཡིན་པར་རིག་པར་བྱ་སྟེ། ཆོས་རྣམས་ལ་རྨོངས་པ་རྣམ་པ་གསུམ་ལ་བརྟེན་ནས། ཕྱིན་ཅི་ལོག་རྣམ་པ་གསུམ་སྟེ། དུས་ལ་རྨོངས་པ་དང་གནས་སྐབས་ལ་རྨོངས་པ་དང༌། ངོ་བོ་ཉིད་ལ་རྨོངས་པ་ལ་བརྟེན་ནས། མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པ་དང༌། སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པ་དང༌། བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པ་དང༌། རྙེད་པ་ལ་རབ་དང༌། སྲོག་ལ་རེ་བའོ། །མི་མཐུན་པའི་ཕྱོགས་རྣམ་པ་ལྔ་པོ་འདི་དག་གི་གཉེན་པོ་ལས་མཚན་མར་འཛིན་པ་རྣམ་པ་ལྔར་རིག་པར་བྱ་སྟེ། འདུ་བྱེད་ཐམས་ཅད་ལ་མི་རྟག་པ་དང༌། སྡུག་བསྔལ་བར་མཚན་མར་འཛིན་པ་དང༌། ཆོས་ཐམས་ཅད་ལ་བདག་མེད་པ་དང༌། ཟས་ལ་མི་མཐུན་པ་དང༌། སྲོག་གི་དབང་པོ་ལ་འགག་པར་མཚན་མར་འཛིན་པའོ། །ལྔ་པོ་འདི་དག་ནི་ཏིང་ངེ་འཛིན་དང༌། ཤེས་པས་རབ་ཏུ་ཕྱེ་བའི་རྣལ་འབྱོར་པ་གཉིས་ཀྱི་སེམས་རྣམ་པར་གྲོལ་བར་འགྱུར་བའི་སྐྱེ་བའི་སྒོ་ཡིན་ཏེ། རྣལ་འབྱོར་པ་ཏིང་ངེ་འཛིན་གཙོ་བོར་བྱེད་པ། བདེན་པའི་གནས་ཀྱི་གཏམ་ཐོས་ནས་ཆོས་དང་དོན་ལེགས་པར་རིག་པ་དང༌། ཇི་ལྟར་ཐོབ་པ་དེ་བཞིན་དུ་གོ་བར་བྱེད་པའི་སྒྲས་ཁ་ཏོན་བྱེད་པ་དང༌། གཞན་དག་ལ་དོན་ཡང་དག་པར་སྟོན་པ་དང༌། ལྐོག་ན་འདུག་ཅིང་སེམས་ཏེ་ཆོས་དང་དོན་ལེགས་པར་རིག་པ་དང༌།
རྣལ་འབྱོར་པ་ཤེས་པ་གཙོ་བོར་བྱེད་པའི་ཤས་ཆེར་རྣམ་པར་གཡེང་བར་བྱེད་པ་འདོད་པ་ལ་འདོད་ཆགས་ཀྱི་གཉེན་པོ་ལེགས་པར་ཡིད་ལ་བྱེད་པའོ། །རྣལ་འབྱོར་པའི་བསམ་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། མྱ་ངན་ལས་འདས་པ་དང༌། བྱང་ཆུབ་ལ་མངོན་པར་ཡིད་ཆེས་པ་དྲག་པོ་ནི་བསམ་པ་ཕུན་སུམ་ཚོགས་པའོ། །རྟག་ཏུ་གུས་པར་བྱེད་པ་དང༌། ཤེས་བཞིན་དུ་སྤྱོད་པ་དང༌། ཞི་གནས་དང་ལྷག་མཐོང་ནི་སྦྱོར་བ་ཕུན་སུམ་ཚོགས་པའོ། །ཆོས་ལྔ་ནི་སེམས་ཅན་རྣམས་ཀྱི་སྡུག་པ་དང་མི་སྡུག་པའི་ལས་བྱེད་པའི་འབྲས་བུ་ཉེ་བར་སྤྱད་པ་དང༌། ལུས་དང་སེམས་ཀུན་ནས་ཉོན་མོངས་པར་འགྱུར་བ་དང༌། སྡུག་བསྔལ་ཐམས་ཅད་སྡུད་པར་འགྱུར་བ་སྟེ། བདེ་བ་དང༌། སྡུག་བསྔལ་དང༌། ཡིད་བདེ་བ་དང༌། ཡིད་མི་བདེ་བ་དང༌། བཏང་སྙོམས་སོ། །སྔ་མ་བཞིན་དུ་རྣལ་འབྱོར་པ་བསམ་པ་དང༌། སྦྱོར་བའི་ཕྱིར་མི་ལྡོག་པ་རྣམ་པ་ལྔ་དང་ལྡན་པ་ནི་མྱུར་བ་མྱུར་བར་བདེན་པ་མངོན་པར་རྟོགས་པའི་སྐལ་བ་ཅན་དུ་འགྱུར་ཞིང༌། དགེ་བའི་ཕྱོགས་ལ་ཤིན་ཏུ་བསྟན་པར་འགྱུར་བའོ། །ལྔ་པོ་འདི་དག་ནི་སློབ་པའི་འདོད་པའི་འདོད་ཆགས་དང་བྲལ་ལ་ཀུན་དུ་སྦྱོར་བའི་ལྷག་མ་དང་བཅས་པའི་སྐྱེ་བའི་བྱེ་བྲག་སྟེ། ཡང་ན་ནི་བར་མ་དོའི་སྲིད་པ་ལ་གནས་པ་ཉིད་ཀྱི་ཚེ་མཐར་ཐུག་པས་ཡོངས་སུ་མྱ་ངན་ལས་འདའ་བའམ། ཡང་ན་ནི་བསམ་གཏན་དང་པོར་སྐྱེས་མ་ཐག་ཁོ་ནར་མཐར་ཐུག་པས་ཡོངས་སུ་མྱ་ངན་ལས་འདའ་འམ། ཡང་ན་ནི་སྐྱེས་ནས་ཚེགས་ཆུང་ངུས་ལམ་མངོན་སུམ་དུ་བྱས་པ་འམ། ཡང་ན་ནི་ཚེགས་མེད་པ་ལས་ལམ་མངོན་སུམ་དུ་བྱས་ནས་ཡོངས་སུ་མྱ་ངན་ལས་འདའ་འམ། ཡང་ན་ནི་གཟུགས་ཀྱི་མཐའ་འོག་མིན་མན་ཆད་དུ་སོང་བའམ། གཟུགས་མེད་པའི་མཐའ་སྲིད་པའི་རྩེ་མོ་མན་ཆད་དུ་སོང་ནས་མཐར་ཐུག་པས་ཡོངས་སུ་མྱ་ངན་ལས་འདའོ། །ལྔ་པོ་འདི་དག་ནི་བསམ་གཏན་བཞི་པ་སྤེལ་མར་བསྒོམས་པའི་འབྲས་བུ་ཕྱིར་མི་འོང་བ་རྣམས་ཀྱི་སྐྱེ་བའི་ས་སྟེ། བསམ་གཏན་ཆུང་དུ་བསྒོམས་པའི་འབྲས་བུའི་སྐྱེ་བའི་ས་དང༌། བསམ་གཏན་འབྲིང་དང༌།
ཆེན་པོ་དང༌། ཆེས་ཆེ་བ་དང༌། ཤིན་ཏུ་ཆེ་བའི་འབྲས་བུའི་སྐྱེ་བའི་སའོ། །རྣལ་འབྱོར་པ་རྣམས་ཀྱི་དཔྱོད་པ་ཡིད་ལ་བྱེད་པ་རྣམ་པ་ལྔ་ནི་ཁམས་གསུམ་པའི་ཉོན་མོངས་པ་སྤང་བར་ངེས་པར་མཐར་ཕྱིན་པར་བྱེད་པ་སྟེ། འདོད་པའི་རྣམ་པར་རྟོག་པ་དྲག་པོས་འདོད་པའི་མཚན་མ་ཡིད་ལ་བྱེད་ཀྱང༌། སེམས་རང་གི་ངང་གིས་བཏང་སྙོམས་སུ་གྱུར་པའི་འདོད་པ་རྣམས་ལས་གཞོལ་བར་མི་འགྱུར་བ་དང༌། རང་གི་ངང་གིས་མངོན་པར་འབྱུང་བའི་མཚན་མ་ཡིད་ལ་བྱེད་ཅིང་སེམས་གཞོལ་བར་མི་འགྱུར་བ་དང༌། འདོད་པ་དང༌། མངོན་པར་འབྱུང་བའི་མཚན་མ་ཇི་ལྟ་བ་བཞིན་དུ། གནོད་སེམས་ལ་གནོད་སེམས་མེད་པའི་མཚན་མ་དང༌། རྣམ་པར་འཚེ་བ་ལ་རྣམ་པར་འཚེ་བ་མེད་པའི་མཚན་མ་དང༌། གཟུགས་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྐྱེ་བའི་མཚན་མ་དང༌། མྱ་ངན་ལས་འདས་པའི་མཚན་མ་ཡང་དེ་དང་འདྲའོ། །སངས་རྒྱས་ཀྱི་བཀའ་ཤེས་བྱའི་གནས་ལྔ་ལྔ་པ་རྫོགས་སོ།། །།བམ་པོ་བཅུ་བདུན་པ། བདག་དང་སེམས་ཅན་དང་སྲོག་ཏུ་ལྟ་བར་གཏོགས་པའི་སེམས་ཅན་རྣམས། བདག་མེད་པ་ལ་འཇུག་པར་འགྱུར་བ། སེམས་ཅན་གྱི་དངོས་པོ་རབ་ཏུ་དབྱེ་བ་བརྒྱད་པོ་འདི་དག་ནི། རྣམ་པ་དྲུག་དྲུག་སྟེ། བདག་གི་རྟེན་གྱི་དངོས་པོ་རབ་ཏུ་དབྱེ་བ་དང༌། ཡུལ་གྱི་དངོས་པོ་རབ་ཏུ་དབྱེ་བ་དང༌། ངོ་བོ་ཉིད་ཀྱི་དངོས་པོ་རབ་ཏུ་དབྱེ་བ་དང༌། ཉེ་བར་སྤྱོད་པའི་མཚན་མའི་དངོས་པོ་རབ་ཏུ་དབྱེ་བ་དང༌། ཉེ་བར་སྤྱོད་པའི་དངོས་པོ་རབ་ཏུ་དབྱེ་བ་དང༌། རྗེས་སུ་ཐ་སྙད་འདོགས་པའི་དངོས་པོ་རབ་ཏུ་དབྱེ་བ་དང༌། སྤྱོད་པའི་དངོས་པོ་རབ་ཏུ་དབྱེ་བ་དང༌། འདོད་པའི་དངོས་པོ་རབ་ཏུ་དབྱེ་བའོ། །དངོས་པོ་རབ་ཏུ་དབྱེ་བ་འདི་དག་ལ་ཡོངས་སུ་བྱང་བར་བྱས་པའི་རྣལ་འབྱོར་པ་དེ་ལ། བདག་ནི་མིག་ལ་སོགས་པ་ལ་བརྟེན་ནས། གཟུགས་ལ་སོགས་པའི་ཡུལ་རྣམས་ལ། རེག་པ་དང་ཚོར་བ་རྣམས་ཀྱིས་ཉེ་བར་སྤྱོད་དོ། །དེ་བཞིན་དུ་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཅེས་བྱ་བ་ལ་
སོགས་པར། བདག་དང་ཕ་རོལ་ལ་རྗེས་སུ་ཐ་སྙད་འདོགས་ཤིང༌། ཆོས་དང་ཆོས་མ་ཡིན་པ་ཡང་བྱེད་ལ། སྡུག་པའི་དངོས་པོ་དང་ཕྲད་པ་དང༌། གནས་པ་དང་ཕྱིར་ཞིང་འབྱུང་བར་འདོད་པ་དང༌། མི་སྡུག་པའི་དངོས་པོ་དང་མི་ཕྲད་པ་དང༌། མི་གནས་པ་དང༌། མེད་པར་འགྱུར་བར་འདོད་པ་སྔོན་བྱུང་བ་གང་ཡིན་པ་དེ་དེའི་དུས་ན་འབྱུང་བར་མི་འགྱུར་རོ། །དཀོན་མཆོག་དང༌། བསླབ་པར་གཏོགས་པ་རྣམ་པ་དྲུག་ལ་ཁྱད་དུ་གསོད་བ་ནི་དགེ་བའི་ཆོས་མ་ཐོབ་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་ལ། ཐོབ་པ་ལས་ཀྱང་ཡོངས་སུ་ཉམས་པ་དང༌། བསྟན་པ་ཡང་ཡོངས་སུ་གཏོད་པ་དང༌། ཐ་ན་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་རྣམས་དང༌། ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་རྣམས་ལ་དད་པ་ཙམ་ཡང་ཉམས་པར་འགྱུར་བའོ། །དེ་ལ་སྡིག་པའི་གྲོགས་པོས་ནི་ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ལས་བརྩམས་ཏེ་འདོམས་ཤིང་སྟོན་པ་ལོག་པར་རྙེད་པར་འགྱུར་རོ། །བཀའ་བློ་མི་བདེ་བས་ནི་རྙེད་པར་ཡང་མི་འགྱུར་རོ། །དེ་ལོག་པར་གྱུར་པ་དང༌། རྙེད་པར་ཡང་མ་གྱུར་པས་དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ལས་བཟློག་པ་ནི་དགེ་བའི་ཕྱོགས་སུ་རིག་པར་བྱའོ། །དྲུག་པོ་འདི་དག་ནི་འདོད་ཆགས་ཀྱི་གཞི་ཡིན་ཞིང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་ལ། གཟུགས་ལ་སོགས་པའི་ཡུལ་རྣམས་ལ། སེམས་ཅན་རྣམས་ཀྱི་སེམས་བདེ་བར་འགྱུར་བའི་གནས་སྐབས་ཡིན་ནོ། །ཇི་ལྟར་འདོད་ཆགས་ཀྱི་གཞི་ཡིན་ཞིང༌། བདེ་བར་འགྱུར་བའི་གནས་སྐབས་ཡིན་པ་བཞིན་དུ། ཞེ་སྡང་གི་གཞི་ཡིན་ཞིང་མི་བདེ་བར་འགྱུར་བའི་གནས་སྐབས་དང༌། གཏི་མུག་གི་གཞི་ཡིན་ཞིང༌། བདེ་བ་ཡང་མ་ཡིན་མི་བདེ་བ་ཡང་མ་ཡིན་པར་འགྱུར་བའི་གནས་སྐབས་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །རྣམ་པ་དྲུག་གིས་ནི་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་ཅན་གནས་གྱུར་པ་འགྲོ་ཡང་རུང༌། གནས་ཀྱང་རུང་སྟེ། མིག་གིས་ཤེས་པར་བྱ་བ་གཟུགས་རྣམས་དང༌། ཡིད་ཀྱིས་ཤེས་པར་བྱ་བ་ཆོས་ཀྱི་བར་དག་ལ། ཤིན་ཏུ་བར་ཆད་མེད་
ཅིང༌། རྒྱུན་མི་འཆད་པ་ཀུན་ནས་ཉོན་མོངས་པ་མེད་པར་མཉམ་པ་ཉིད་དུ་གནས་པར་རིག་པར་བྱའོ། །ཆོས་དྲུག་པོ་འདི་དག་ནི་དབང་པོ་གཟུགས་ཅན་ལྔ་པོ་རྟེན་དང་བཅས་པ་རྣམས་ཀྱི་ཅི་རིགས་པར་རྟེན་བྱེད་པ་དང༌། མི་སྒྲིབ་པ་དང༌། ཁྲིད་པ་དང༌། ཡོངས་སུ་བ་སྲུང་བ་དང༌། སྐྱེས་སོ་ཅོག་གི་དབང་བྱེད་པར་འགྱུར་བ་སྟེ། འབྱུང་བ་ཆེན་པོ་བཞི་དང་ནམ་མཁའི་ཁམས་དང་རྣམ་པར་ཤེས་པའོ། །དེ་ལ་རྣམ་པར་ཤེས་པ་ནི་འདིར་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་བསྩགས་པ། ཚེ་ཕྱི་མ་ལ་དགེ་བ་དང༌། མི་དགེ་བའི་འབྲས་བུར་འགྱུར་བར་ཁྲིད་པའོ། །རྣམ་པར་ཤེས་པས་རྟེན་བྱས་ནས་དབང་པོ་ལྔ་པོ་རྟེན་དང་བཅས་པ་ཡང་འཇིག་པར་མི་འགྱུར་འདུལ་བར་མི་འགྱུར་རོ། །ཚེ་འདི་ཉིད་ལ་ཡང་རྣམ་པར་ཤེས་པ་སྐྱེས་སོ་ཅོག་གི་དབང་གིས་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་བྱ་བ་རྣམས་ལ་འཇུག་གོ །གནས་གསུམ་པོ་འདི་དག་ནི་རྣལ་འབྱོར་པ་རྣམས་ཀྱི་འདའ་བར་དཀའ་བ་སྟེ། འདོད་པའི་འདོད་ཆགས་དང༌། གནོད་སེམས་དང༌། རྣམ་པར་འཚེ་བ་དང༌། མི་དགའ་བས་ཡོངས་སུ་ཟིན་པའི་ཁམས་ངན་པ་ལས་ཡང་དག་པར་འདའ་བ་དང༌། འདུ་བྱེད་རྣམས་ཀྱི་མཚན་མ་ཀུན་དུ་འབྱུང་བ་ལས་ཡང་དག་པར་འདའ་བ་དང༌། སྲིད་པའི་རྩེ་མོ་ལས་ཡང་དག་པར་འདའ་བའོ། །འདའ་བར་དཀའ་བའི་གནས་གསུམ་པོ་འདི་དག་ལས་ཡང་དག་པར་འདའ་བར་བྱ་བའི་གཉེན་པོ་ནི། གོང་ན་མེད་པ་དག་ཡོད་པར་རིག་པར་བྱ་སྟེ། དང་པོའི་ནི་ཚད་མེད་པ་བཞིའོ། །གཉིས་པའི་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །གསུམ་པའི་ནི་ངའོ་སྙམ་པའི་ང་རྒྱལ་ཟད་པའོ། །ཏིང་ངེ་འཛིན་འདི་དག་ཀྱང་མི་མཐུན་པའི་ཕྱོགས་ངེས་པར་བཅོམ་ན། ཡོངས་སུ་གྲུབ་པར་འགྱུར་བར་རིག་པར་བྱའོ། །མི་མཐུན་པའི་ཕྱོགས་ངེས་པར་གཞོམ་པ་ཡང་གཉེན་པ་ལེགས་པར་བསྒོམས་པ་ལ། དེ་ཀུན་དུ་མི་འབྱུང་བའི་ཕྱིར་རོ། །ངའོ་སྙམ་པའི་ང་རྒྱལ་སྤངས་པ་ནི། བདག་མཐར་ཕྱིན་ཏམ་འོན་ཏེ་མ་ཕྱིན་ཞིག་གུ་སྙམ་དུ་ཐེ་ཚོམ་གྱི་སེམས་ཀྱིས་ཡོངས་སུ་ཟིན་ཅིང་འདུག་པར་
ནམ་ཡང་མི་འགྱུར་ཏེ། དེ་ལྟར་ན་གང་ལ་ཐེ་ཚོམ་ཡོད་པ་དེ་ལ་ནི་ངའོ་སྙམ་པའི་ང་རྒྱལ་དང་བྲལ་བ་མེད་དོ། །གང་ངའོ་སྙམ་པའི་ང་རྒྱལ་དང་བྲལ་བ་དེ་ལ་ནི་ཐེ་ཚོམ་མེད་པར་རིག་པར་བྱའོ། །དྲུག་པོ་འདི་དག་ནི་འགྱེད་པའི་རྩ་བའི་གཞི་ཡིན་ཏེ། ཕན་ཚུན་མི་མཐུན་པ་རྣམས་ཡིད་དུ་མི་འོང་བར་སྤྱོད་པ་དང༌། སྡིག་པ་འཆབ་པ་དང༌། མཚུངས་པ་རྣམས་ཀྱི་རྙེད་པ་དང༌། བཀུར་སྟི་ལྷག་པར་བདག་གིར་བྱེད་པ་དང༌། ཆོས་གོས་ལ་སོགས་པའི་རྙེད་པས་གཅིག་ལ་གཅིག་འདྲིད་པ་དང༌། བསླབ་པའི་གཞི་ལས་འགལ་བར་བྱེད་པ་དང༌། ཆོས་ཀྱི་དོན་ཕྱིན་ཅི་ལོག་ཏུ་འཛིན་པའོ། །དྲུག་པོ་འདི་དག་རྩོད་པའི་རྩ་བའི་གཞི་འདི་དག་སྤོང་བར་འགྱུར་བ་སྟེ། བྱམས་པའི་ལུས་དང༌། ངག་དང་ཡིད་ཀྱི་ལས་ནི་དང་པོ་དང་གཉིས་པའིའོ། །རྙེད་པ་ཐུན་མོང་དུ་ལོངས་སྤྱོད་པ་ནི། གསུམ་པ་དང་བཞི་པའི་འོ། །ཚུལ་ཁྲིམས་མཐུན་པར་བྱ་བ་ནི་ལྔ་པའིའོ། །ལྟ་བ་མཐུན་པར་བྱ་བ་ནི་དྲུག་པའིའོ། །ཆོས་དྲུག་པོ་འདི་དག་ནི་རྣལ་འབྱོར་པ་རྣམས་ཀྱི་མཐུ་ཐམས་ཅད་དང༌། མཐར་ཕྱིན་པ་སྡུད་པར་འགྱུར་བ་སྟེ། རྫུ་འཕྲུལ་གྱི་ཡུལ་དང་ལྷའི་རྣ་བ་དང༌། སྔོན་གྱི་གནས་དང༌། སེམས་ཀྱི་རྣམ་གྲངས་དང༌། འཆི་འཕོ་རྣམས་ནི་མཐུ་སྡུད་པ་ཡིན་ནོ། །ཟག་པ་ཟད་པ་ནི་མཐར་ཕྱིན་པ་སྡུད་པ་ཡིན་ནོ། །དྲུག་པོ་འདི་དག་ནི་གང་ཟག་བདེན་པ་མངོན་པར་མ་རྟོགས་པའི་བདེན་པ་མངོན་པར་རྟོགས་པར་བྱ་བ་ལ་བགེགས་སུ་གྱུར་པའི་ཆོས་ཡིན་ཏེ། སྔ་མ་བཞིན་དུ་རྨོངས་པ་རྣམ་པ་གསུམ་གྱི་དབང་དུ་བྱས་ནས་ཕྱིན་ཅི་ལོག་གསུམ་དང༌། རྙེད་པ་ལ་རེ་བ་དང༌། སྲོག་ལ་རེ་བའོ། །དེ་ལ་བྱེ་བྲག་ནི་འདི་ཡིན་ཏེ། ཉེས་པར་མཐོང་བ་དང༌། ཐོས་པ་དང༌། སྨྲས་པ་དང༌། བརྟགས་པ་དང༌། མཐུན་པའི་ཆོས་རྣམས་ལ་ཉེས་པར་མཐོང་བ་དང་ཉེས་པར་ཐོས་པ་དང༌། ཉེས་པར་སྨྲས་པ་དང༌། ཉེས་པར་བརྟགས་པ་ལ་མངོན་པར་དགའ་བའོ། །དེ་ཡང་སོ་སོའི་སྐྱེ་བོ་བདེན་པ་མངོན་པར་མ་རྟོགས་པའི་སེམས་ཤིན་ཏུ་འཕྲོགས་པ་དང༌། བར་དུ་གཅོད་པའི་གཙོ་བོར་འདུག་པ་ཡིན་ཏེ། འཕགས་པ་ནི་མ་ཡིན་ནོ། །དེ་བས་ན་རིགས་དང་མཐུན་
པ་རྣམས་ཀྱི་སྐབས་སུ་བསྟན་གྱི། རྣམ་པར་གྲོལ་བ་ཡོངས་སུ་སྨིན་པའི་སྐབས་སུ་ནི་མ་ཡིན་ནོ། །བགེགས་སུ་གྱུར་པའི་ཆོས་དེ་དག་གི་གཉེན་པོར་མཚན་མར་འཛིན་པ་རྣམ་པ་དྲུག་ཡང་དག་པར་རིག་པར་བྱ་སྟེ། སྔ་མ་བཞིན་དུ་རྣམ་པ་ལྔ་དང་འཇིག་རྟེན་ཐམས་ཅད་ལ་ཡང་མངོན་པར་མི་དགའ་བའི་མཚན་མར་འཛིན་པའོ། །ཕུན་སུམ་ཚོགས་པ་རྗེས་སུ་དྲན་པ་འདི་གཉིས་ནི་རྣམ་པ་དྲུག་སྟེ། རྣལ་འབྱོར་པ་སེམས་ཞུམ་པ་རྣམས་ལེགས་པར་རབ་ཏུ་འཛིན་ཅིང༌། མངོན་པར་དགའ་བར་བྱེད་པར་འགྱུར་ཏེ། སྐྱབས་ཕུན་སུམ་ཚོགས་པ་རྗེས་སུ་དྲན་པ་རྣམ་པ་གསུམ་འཐོབ་པ་ཕུན་སུམ་ཚོགས་པ་རྗེས་སུ་དྲན་པ་ཡང་རྣམ་པ་གསུམ་སྟེ། རྣམ་པ་གསུམ་ལས། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་རྗེས་སུ་དྲན་པ་ནི་སྐྱབས་རྗེས་སུ་དྲན་པ་ཞེས་བྱའོ། །མྱ་ངན་ལས་འདའ་བར་འགྲོ་བའི་ལམ་དང་ལོངས་སྤྱོད་དུ་འགྲོ་བ་དང༌། མཐོ་རིས་སུ་འགྲོ་བ་རྣམ་པ་ལས་རྗེས་སུ་དྲན་པ་ནི། ཐོབ་པ་རྗེས་སུ་དྲན་པ་ཞེས་བྱའོ། །ཆོས་དྲུག་པོ་འདི་དག་ནི། ལེགས་པར་གསུངས་པའི་ཆོས་འདུལ་བ་བླ་ན་མེད་པ་དང༌། འདི་ལས་ཕྱི་རོལ་པའི་མུ་སྟེགས་ཅན་རྣམས་དང་ཐུན་མོང་མ་ཡིན་པ་སྟེ། སྟོན་པ་ལ་ལྟ་བ་དང༌། དམ་པའི་ཆོས་ཉན་པ་དང༌། དད་པ་རྙེད་པ་དང༌། བསླབ་པའི་གཞི་རྣམས་ལ་རྗེས་སུ་སློབ་པ་དང༌། རྣམ་པ་ལས་སྟོན་པ་རྗེས་སུ་དྲན་པ་སྟེ། ཀྱེ་མ་བཅོམ་ལྡན་འདས་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། འདིས་ནི་ཆོས་ཐམས་ཅད་སངས་རྒྱས་སོ་ཞེས་བྱ་བ་ལ་སོགས་པ་དང༌། སྟོན་པ་དེ་ཉིད་ལ་ལུས་དང་ངག་དང༌། བསྒྲུབ་པས་བསྙེན་བཀུར་བྱའོ། །ཆོས་དྲུག་པོ་འདི་དག་ནི་སྲེད་པ་ཟད་པར་བྱ་བའི་ཕྱིར་བརྩོན་པ་རྣམས་བདག་ནི་ད་དུང་སྲེད་པ་དང་བཅས་པ་ཡིན་གྱི། སྲེད་པ་མེད་པ་ནི་མ་ཡིན་ནོ་སྙམ་དུ་ངེས་པར་རྟོགས་པར་འགྱུར་བ་སྟེ། གཟུགས་ལ་སོགས་པ་ནས། ཆོས་ལ་ཐུག་པའི་བར་གྱི་ཡུལ་རྣམས་དང་སེམས་འབྲེལ་པ་ཉིད་དོ། །རྣམ་པ་དྲུག་གིས་ནི་ལས་དང་བདེན་པ་ལ་རྟོན་གྱི། རིགས་དང་ཆོ་རིགས་དང༌། རུས་ལ་
རྟོན་པ་མ་ཡིན་པར་རིག་པར་བྱ་སྟེ། གང་གི་ཕྱིར་གང་ཟག་རིགས་དམའ་བ་ཡིན་དུ་ཟིན་ཀྱང༌། ངན་འགྲོར་འགྲོ་བའི་མི་དགེ་བ་ཡང་བསྐྱེད་ཅིང༌། བདེ་འགྲོར་འགྲོ་བའི་དགེ་བ་ཡང་བསྐྱེད་ལ། ཚེ་འདི་ཉིད་ལ་ཡང་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། རིགས་བཟང་པོ་ཡིན་དུ་ཟིན་ཀྱང་དེ་དང་འདྲའོ། །སངས་རྒྱས་ཀྱི་བཀའི་ཤེས་བྱའི་གནས་དྲུག་དྲུག་པ་རྫོགས་སོ།། །།ཆོས་བདུན་པོ་འདི་དག་ནི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་ཤིང་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ཏེ། ལྷག་མཐོང་གི་ཕྱོགས་གསུམ་སྟེ། ཆོས་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཞི་གནས་ཀྱི་ཕྱོགས་གསུམ་སྟེ། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་དང༌། གཅིག་ནི་ཞི་གནས་དང༌། ལྷག་མཐོང་གི་ཕྱོགས་ཏེ། འདི་ལྟ་སྟེ་དྲན་པའོ། །དབང་པོ་དང༌། འབྲས་བུ་དང༌། རྣམ་པར་ཐར་པ་ལས་གང་ཟག་བདུན་དུ་རྣམ་པར་གཞག་པར་རིག་པར་བྱ་སྟེ། ཞུགས་པའི་ལམ་ལ་དབང་པོ་རྟུལ་པོ་དང༌། དབང་པོ་རྣོན་པོ་དད་པ་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་དང༌། འབྲས་བུའི་ལམ་ལ། དེ་གཉིས་ཉིད་དང་པས་མོས་པ་དང༌། ལྟ་བས་ཐོབ་པ་དང༌། སྙོམས་པར་འཇུག་པའི་སྒྲིབ་པ་ལས་ནི་རྣམ་པར་གྲོལ་ལ། ཉོན་མོངས་པའི་སྒྲིབ་པ་ལས་ནི་རྣམ་པར་མ་གྲོལ་བ་སྟེ། ལུས་ཀྱི་མངོན་སུམ་དུ་བྱེད་པ་དང༌། ཉོན་མོངས་པའི་སྒྲིབ་པ་ལས་ནི་རྣམ་པར་གྲོལ་ལ། སྙོམས་པར་འཇུག་པའི་སྒྲིབ་པ་ལས་ནི་རྣམ་པར་གྲོལ་བ་སྟེ། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང༌། སྙོམས་པར་འཇུག་པ་དང༌། ཉོན་མོངས་པ་གཉི་གའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་སྟེ། གཉི་གའི་ཆ་ལས་རྣམ་པར་གྲོལ་བའོ། །རྒྱུ་གསུམ་པོ་རྣམ་པ་བདུན་པོ་འདི་དག་ནི་ནང་གི་སེམས་མཉམ་པར་འཇོག་ཅིང༌། ཡང་དག་པར་སེམས་རྩེ་གཅིག་ཏུ་བྱེད་པར་འགྱུར་བ་སྟེ། འཇུག་པར་བྱེད་པ་དང༌། གནས་པ་དང༌། མཐུན་པ་དང༌། སྡུད་པར་བྱེད་པའོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྦྱིན་པ་ཡོད་དོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་དང༌། དེ་དག་ཉིད་ལ་བརྟེན་ནས་ཁྱིམ་གྱི་གནས་ནི་ཀུན་དུ་གནོད་
པའོ། །ཁྱིམ་ནི་སྐྱོན་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་སྟེ། མངོན་པར་འབྱུང་བ་དང་ལྡན་པའི་ཡང་དག་པའི་རྟོག་པ་ནི་འཇུག་པར་བྱེད་པའོ། །ཞུགས་ཟིན་ནས་ཡང་དག་པའི་ངག་དང༌། ལས་དང་འཚོ་བ་ཡང་དག་པར་བླངས་པ་ནི་གནས་པ་དང་མཐུན་པའོ། །འཇུག་པར་བྱེད་པའི་རྒྱུ་དང༌། གནས་པ་དང་མཐུན་པའི་རྒྱུ་དེའི་འོག་ཏུ་ཚུལ་བཞིན་ཡིད་ལ་བྱེད་པ་དང་ལྡན་པ་ན་ཡང་དག་པའི་རྩོལ་བ་དང༌། དྲན་པ་གང་ཡིན་པ་དེ་ནི་སྡུད་པར་བྱེད་པའི་རྒྱུ་ཡིན་པར་རིག་པར་བྱའོ། །འདོད་པ་ལ་ཉེ་བར་སྤྱོད་པ་རྣམས་ནི་འདི་ལྟ་བུའི་ཕྱིར་ནོར་སོགས་པར་འདོད་དེ། འདི་ལྟར་བདེ་བ་འདོད་པ་ཁོ་ནའི་ཕྱིར་ཡིན་ལ། བདེ་བ་བདུན་པོ་འདི་དག་ནི་འཕགས་པའི་ནོར་བདུན་ལས་བྱུང་བ་སྟེ། དེ་དག་ནི་ཕལ་པའི་ནོར་ཀུན་དུ་བསགས་པ་ཐམས་ཅད་ཀྱིས་ཐོབ་པར་མི་འགྱུར་པ་སྟེ། དང་བ་དང་ལྡན་པའི་བདེ་བ་དང༌། བདེ་འགྲོར་སྐྱེ་བ་ལས་བྱུང་བ་དང༌། བདག་གི་ཆ་མ་ཡིན་པ་ལ་ལྟོས་ནས། ཁ་ན་མ་ཐོ་བ་ཀུན་དུ་མི་སྤྱོད་པས་འགྱོད་པ་མེད་པ་ལས་བྱུང་བ་དང༌། དེ་བཞིན་དུ་གཞན་གྱིས་སྨད་པ་ལ་ལྟོས་པ་དང༌། ཆོས་དང་དོན་ལེགས་པར་རྟོགས་པ་དང་ལྡན་པའི་བདེ་བ་དང༌། ཕྱི་མ་ལ་ཡོ་བྱད་དང་མི་ལྡན་པ་མེད་པ་ལས་བྱུང་བ་དང༌། དོན་དམ་པ་རྟོགས་པ་ལས་བྱུང་བའི་བདེ་བ་སྟེ། རྣམ་པ་དུ་མ་ཁ་ན་མ་ཐོ་བ་མེད་པའི་བདེ་བ་འདི་དག་ནི། འཇིག་རྟེན་པའི་ནོར་ཀུན་དུ་བསགས་པ་ལས་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཐོབ་པར་མི་འགྱུར་ཏེ། གཞན་དུ་ན་ཚེ་འདི་ཉིད་ལ་ཡོ་བྱད་ཀྱིས་མི་བྲེལ་བ་ལས་བྱུང་བ་ཙམ་དུ་ཟད་ལ་དེ་ཡང་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ། །བདུན་པོ་འདི་དག་ནི་བདུད་དང་ཉོན་མོངས་པའི་ཕྱོགས་ཀྱི་སྟོབས་ཡིན་ཏེ། བསྟན་པ་ལ་གནོད་པར་བྱེད་པ་དང༌། ངན་འགྲོར་འགྲོ་བའི་ཉེས་པར་སྤྱོད་པ་ཀུན་དུ་སྤྱོད་པ་དང༌། བདག་གི་ཆ་མ་ཡིན་པར་མི་ལྟ་སྟེ། བར་དུ་གཅོད་པའི་ཆོས་བསྟེན་པ་དང༌། གཞན་གྱིས་སྨད་པ་ལས་མི་ལྟ་སྟེ། བར་དུ་གཅོད་པའི་ཆོས་བསྟེན་པ་དང༌། དགེ་བ་དང༌། མི་དགེ་བ་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པ་དང༌། ངན་པ་དང༌། བཟང་པོ་དང༌། ནག་
པོ་དང༌། དཀར་པོའི་རབ་ཏུ་དབྱེ་བ་དང་བཅས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་མི་རྟོགས་པ་དང༌། སེར་སྣའི་དྲི་མས་ཟིལ་གྱིས་ནོན་པའི་སེམས་ཀྱིས། སྣོད་སྤྱད་དང༌། ཡོ་བྱད་མང་པོ་འཆང་བ་དང༌། བླུན་ཞིང་བློ་ཆུང་བ་ཤིན་ཏུ་རྨོངས་པའོ། །བདུད་དང་ཉོན་མོངས་པའི་ཕྱོགས་ཀྱི་སྟོབས་འདི་དག་ཟིལ་གྱིས་མནན་པ་དང༌། རྣམ་པར་བསྩལ་བའི་ཕྱིར་འཕགས་པའི་ཆོས་འདུལ་བ་ལ་དད་པ་ལ་སོགས་པའི་སྟོབས་བདུན་པོ་ཁོ་ན་ཡོད་པར་རིག་པར་བྱའོ། །དོན་དམ་པའི་ཆོས་མྱ་ངན་ལས་འདས་པའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་བདུན་པོ་འདི་དག་ནི་དམ་པའི་ཆོས་ཡོངས་སུ་འགྲིབ་ཅིང༌། ནུབ་བར་འགྱུར་བ་སྟེ། དེ་དག་ཀྱང་རྒུད་པ་རྣམ་པ་གསུམ་དུ་འདུས་ཏེ། ཉེ་བར་སྤྱད་པ་རྒུད་པ་དང་ལྷག་པའི་བསམ་པ་རྒུད་པ་དང༌། སྦྱོར་བ་རྒུད་པའོ། །དེ་ལ་ཆོས་གོས་ལ་སོགས་པ་བཟང་པོ་འདོད་པ་དང༌། མང་པོ་འདོད་པ་དང༌། དེ་ལས་བྱུང་བའི་ལོངས་སྤྱོད་ནི་ཉེ་བར་སྤྱད་པ་རྒུད་པའོ། །ལམ་དང་ལམ་གྱི་འབྲས་བུ་མྱ་ངན་ལས་འདས་པ་ལ། མངོན་པར་ཡིད་མི་ཆེས་པ་ནི་ལྷག་པའི་བསམ་པ་རྒུད་པའོ། །ལེ་ལོ་དང་བརྗེད་ངས་པ་དང༌། སེམས་རྣམ་པར་གཡེངས་པ་དང༌། འཆལ་བའི་ཤེས་རབ་ནི་སྦྱོར་བ་རྒུད་པའོ། །དེ་ལ་ཉེ་བར་སྤྱད་པ་རྒུད་པ་ནི། ཆགས་པ་མི་དགེ་བའི་རྩ་བའི་ཕྱོགས་སོ། །བསམ་པ་དང་སྦྱོར་བ་རྒུད་པ་ནི་གཏི་མུག་མི་དགེ་བའི་རྩ་བའི་ཕྱོགས་སོ། །དེ་དག་ལས་བཟློག་པ་ནི་དཀར་པོའི་ཕྱོགས་ཡིན་པར་རིག་པར་བྱའོ། །དོན་དམ་པའི་ཆོས་མྱ་ངན་ལས་འདས་པའི་ཕྱོགས་ཀྱི་ཆོས་བདུན་པོ་འདི་དག་ནི་དམ་པའི་ཆོས་ཡོངས་སུ་མི་འགྲིབ་ཅིང༌། ཡུན་རིང་དུ་གནས་པར་གྱུར་པ་སྟེ། ཐོས་པ་ལས་བྱུང་བའི་ཤེས་རབ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་དང༌། ལུས་ཀྱི་གནོད་པ་བསལ་བ་དང༌། ཟང་ཟིང་དང༌། ཆོས་ཡང་དག་པར་ཡོངས་སུ་ཚོལ་བ་དང༌། མངོན་པའི་ང་རྒྱལ་མེད་པ་དང༌། གང་ཟག་བཀུར་སྟི་བྱ་བར་འོས་པ་དང༌། བཀུར་སྟི་བྱ་བར་འོས་པ་མ་ཡིན་པ་རྣམས་ལ། བཀུར་སྟི་བྱ་བ་དང༌། བཀུར་སྟི་བྱ་བ་མ་ཡིན་
པའི་བྱེ་བྲག་ཕྱེད་པའོ། །དེ་ལ་ཐོས་པ་ནི་མ་རྟོགས་པའི་དོན་རྟོགས་པར་བྱེད་པའོ། །བསམ་པ་ནི་ལེགས་པར་ངེས་པར་བྱས་པའི་དོན་ལ་དཔྱོད་པའོ། །བསྒོམ་པ་ནི་ཉོན་མོངས་པ་སྤོང་བའོ། །ལུས་ཀྱི་གནོད་པ་བསལ་བ་ནི་སྤོང་བ་བཟོད་པར་ལས་སུ་རུང་བར་བྱེད་པའོ། །ཟང་ཟིང་དང༌། ཆོས་ཡང་དག་པར་ཡོངས་སུ་ཚོལ་བ་ནི་མངོན་པར་ཤེས་པ་མྱུར་བར་བྱེད་པའོ། །ང་རྒྱལ་མེད་པ་ནི་ངན་ངོན་ཙམ་ཐོབ་པས་ཆོག་མི་ཤེས་པར་བྱེད་པའོ། །གང་ཟག་གི་བྱེ་བྲག་ཕྱེད་པ་ནི། བསོད་ནམས་ཆེ་བར་གྲགས་པ་རྣམས་ལ་ཆགས་པ་མེད་པ་དང༌། འདོད་པ་ཆུང་བ་རྣམས་ལ་དགའ་བར་བྱེད་པའོ། །བདུན་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་སྐྱེ་བའི་གནས་ཡིན་ཏེ། དེ་དག་ཏུ་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་རྒྱུན་དུ་མངོན་དུ་གྱུར་པར་འཇུག་སྟེ། ངན་སོང་རྣམས་དང༌། འདུ་ཤེས་མེད་པའི་སེམས་ཅན་རྣམས་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་མ་གཏོགས་ཏེ། ངན་སོང་རྣམས་ནི་སྐྱོ་བའི་གཞིའི་གནས་སུ་གྱུར་པའི་ཕྱིར་རྣམ་པར་ཤེས་པ་གནས་པ་མ་ཡིན་ནོ། །འདུ་ཤེས་མེད་པའི་སེམས་ཅན་རྣམས་ནི་དེ་ན་གཅིག་ཏུ་ངེས་པར་རྣམ་པར་ཤེས་པ་ཀུན་དུ་འབྱུང་བ་མེད་པའི་ཕྱིར་ན་མ་ཡིན་ནོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་ཀུན་དུ་རྒྱུ་བ་དང༌། ཀུན་དུ་རྒྱུ་བ་མེད་པ་གཅིག་ཏུ་ངེས་པ་མེད་པའི་ཕྱིར་རོ། །དེ་ལ་ལུས་མི་འདྲ་བ་སྟེ། ལུས་སྣ་ཚོགས་དང༌། འདུ་ཤེས་མི་འདྲ་བ་སྟེ་འདུ་ཤེས་སྣ་ཚོགས་དང༌། དེ་ལས་བཟློག་པ་ནི་ལུས་འདྲ་བ་དང༌། འདུ་ཤེས་འདྲ་བར་རིག་པར་བྱའོ། །དེ་ལ་ཚངས་པའི་འཇིག་རྟེན་མན་ཆད་ནི་ལུས་མི་འདྲ་བ་སྟེ། ལུས་ཀྱི་རང་བཞིན་གྱི་ཚུལ་རྣམ་པ་སྣ་ཚོགས་སུ་སྐྱེ་བའི་ཕྱིར་རོ། །ཚངས་པའི་འཇིག་རྟེན་ན་ནི་དེར་ཐོག་མར་མངོན་པར་གྲུབ་པ་གང་ཡིན་པ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་ཚངས་པས་བསྐྱེད་དོ་སྙམ་མོ། །ཚངས་པ་ཡང་འདི་སྙམ་དུ་འདི་དག་ནི་བདག་གིས་བསྐྱེད་དོ་སྙམ་སྟེ། དེ་ལྟར་ན་དེ་དག་ནི་འདུ་ཤེས་འདྲའོ། །བསམ་གཏན་གཉིས་པ་ཡན་ཆད་ནི་ཐམས་ཅད་ཀྱང་ལུས་འོད་འདྲ་བ་
ཡིན་པས། ལུས་འདྲ་བ་ཞེས་བྱའོ། །འོད་གསལ་གྱི་ལྷའི་གནས་ནི་ན་སྔ་ཕྱིར་སྐྱེས་པ་རྣམས། ཚངས་པའི་འཇིག་རྟེན་ཚིག་པའི་མེ་ལྕེ་མཐོང་བ་ལས་འཇིགས་པ་དང༌། མི་འཇིགས་པའི་འདུ་ཤེས་སུ་འགྱུར་བས། དེ་དག་ནི་འདུ་ཤེས་མི་འདྲ་བར་རིག་པར་བྱའོ། །སེམས་ཅན་རྣམས་ཀྱི་གནས་ངན་ལེན་བདུན་གྱིས་ནི་ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅད་བསྡུས་པར་རིག་པར་བྱ་སྟེ། ཁམས་ངན་པའི་འདོད་ཆགས་དང༌། ཞེ་སྡང་གི་ཕྱོགས་དང༌། ཁམས་འབྲིང་བ་དང༌། གྱ་ནོམ་པའི་འདོད་ཆགས་ཀྱི་ཕྱོགས་དང༌། ཁམས་ངན་པ་དང༌། འབྲིང་དང༌། གྱ་ནོམ་པའི་ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་དང༌། ཐེ་ཚོམ་གྱི་ཕྱོགས་ཀྱི་གནས་ངན་ལེན་ཏོ། །རྣམ་པ་བདུན་གྱིས་ནི་འདི་ལ་ཕྱི་རོལ་པ་རྣམས་ཀྱི་ཉེས་པར་བཤད་པའི་ཆོས་འདུལ་བ་སྐྱོན་དང་བཅས་པར་རིག་པར་བྱ་སྟེ། རྟོགས་པའི་སྐྱོན་དང༌། སྤྱོད་པའི་སྐྱོན་དང༌། རྟེན་གྱི་སྐྱོན་དང༌། རྟོག་པའི་སྐྱོན་དང༌། འབད་པའི་སྐྱོན་དང༌། ལྷག་པའི་སེམས་ཀྱི་སྐྱོན་དང༌། ལྷག་པའི་ཤེས་རབ་ཀྱི་སྐྱོན་ནོ། །འདི་ལས་ཕྱི་རོལ་པ་རྣམས་ནི་ཐོས་པ་འཛིན་པར་བྱེད་དུ་ཟིན་ཀྱང༌། དེ་དག་ནི་ཕྱིན་ཅི་ལོག་རྣམ་པ་བཞི་དང་མཐུན་པའི་ཕྱིར་དང༌། ཀླན་ཀ་ཚོལ་བ་དང༌། དེ་ལྟ་བུ་སྨྲ་བ་ལས་ཐར་པའི་ཕན་ཡོན་གྱི་གཏན་ཙམ་དུ་ཉེ་བར་གནས་པའི་ཕྱིར། དེ་དག་གིས་བྱས་པ་རྟོགས་པ་ནི་སྐྱོན་དང་བཅས་པའོ། །ཚུལ་ཁྲིམས་ནི་ཆོ་ག་དང༌། འཚོ་བ་ཉམས་པས་ཡོངས་སུ་ཟིན་པ་དང༌། རང་གིས་ངེས་པར་འབྱིན་པ་མ་ཡིན་པའི་ཕྱིར་སྐྱོན་དང་བཅས་པའོ། །མཛའ་བཤེས་ནི་ཕྱིན་ཅི་ལོག་གི་ལམ་སྟོན་པའི་ཕྱིར་སྐྱོན་དང་བཅས་པའོ། །དབེན་པ་ནི་ལོག་པར་རྟོག་པས་སེམས་ཉམས་པའི་ཕྱིར་སྐྱོན་དང་བཅས་པའོ། །འབད་པ་ནི་ཐབས་མེད་པའི་ཕྱིར་སྐྱོན་དང་བཅས་པའོ། །ལྷག་པའི་སེམས་ནི་བརྗེད་ངས་པ་དང༌། སྲེད་པ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། །ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པ་ཡིན་པའི་ཕྱིར་སྐྱོན་དང་བཅས་པའོ། །ལྷག་པའི་ཤེས་རབ་ནི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ཀྱི་ཉམས་པའི་ཕྱིར་སྐྱོན་དང་བཅས་པའོ། །
དེ་དག་ལས་བཟློག་པ་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་གཞི་བདུན་པོ་འདི་དག་ཉིད་སྐྱོན་མེད་པར་རིག་པར་བྱའོ། །ཆོས་བདུན་པོ་འདི་དག་ནི་དགེ་སློང་རྣམས་ཀྱི་ལྟུང་བ་བྱུང་བའི་རྩོད་པ་ཞི་བར་བྱེད་པར་འགྱུར་བ་སྟེ། ལྷག་མ་ནི་འདི་ལྟ་སྟེ། གཞི་བསྡུ་བ་ལས་བྱུང་བ་ཡིན་ནོ། །དེ་ལ་བདུན་པོ་འདི་དག་ནི་ལྟུང་བའི་རྩོད་པ་སྟེ། ལྟུང་བ་མངོན་དུ་བསྒོ་བས་རྩོད་པ་དང༌། འདས་པ་བརྗེད་པའི་ལྟུང་བ་བསྒོ་བས་རྩོད་པ་དང༌། རང་དབང་མེད་པའི་ལྟུང་བ་བསྒོ་བས་རྩོད་པ་དང༌། ལྟུང་བ་བརྟགས་པས་རྩོད་པ་དང༌། ལྟུང་བ་གཏན་ལ་འབེབས་པས་རྩོད་པ་དང༌། བདག་ཉིད་ཀྱིས་ལྟུང་བ་ལ་འགྱོད་པ་རྩོད་པ་དང༌། ཕྱོགས་གཞན་གྱི་ཕྱོགས་སུ་གནས་པ་ཕན་ཚུན་ལྟུང་བ་གླེང་བ་མི་བཟོད་པས་རྩོད་པའོ། །སངས་རྒྱས་ཀྱི་བཀའི་ཤེས་བྱའི་གནས་བདུན་བདུན་པ་རྫོགས་སོ།། །།ཀུན་དུ་སྦྱོར་བ་མ་ལུས་པར་སྤང་བའི་ཕྱིར། དགེ་སློང་གིས་བསྒོམ་པ་ཡན་ལག་བརྒྱད་ཀྱིས་བསྡུས་པ་གསུམ་དུ་རིག་པར་བྱ་སྟེ། ཚུལ་ཁྲིམས་བསྒོམ་པ་དང༌། ཏིང་ངེ་འཛིན་བསྒོམ་པ་དང༌། ཤེས་རབ་བསྒོམ་པའོ། །ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་རྣམས་ཀྱིས་ནི་ཚུལ་ཁྲིམས་བསྒོམ་མོ།། ཡང་དག་པའི་དྲན་པ་དང༌། ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་བསྒོམ་མོ། །ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། རྩོལ་བ་རྣམས་ཀྱིས་ནི་ཤེས་རབ་བསྒོམ་མོ། །ཡང་དག་པའི་སྦྱོར་བ་འབྲས་བུ་དང་བཅས་པའི་དབང་དུ་བྱས་ནས་རྣམ་པར་བྱང་བའི་ཕྱོགས་ཀྱི་གང་ཟག་བརྒྱད་རྣམ་པར་གཞག་པར་རིག་པར་བྱ་སྟེ། ཞུགས་པ་བཞི་དང༌། འབྲས་བུ་ལ་གནས་པ་བཞིའོ། །སྐྱོན་དང་བཅས་པའི་སྦྱིན་པ་དང༌། སྐྱོན་མེད་པའི་སྦྱིན་པ་འདི་གཉིས་ནི་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། དེ་ལ་རྣམ་པ་བདུན་གྱི་སྐྱོན་དང་བཅས་པའོ། །རྣམ་པ་གཅིག་ནི་སྐྱོན་དང་བྲལ་བའོ། །སྦྱིན་པ་ལེ་ལོས་ཉམས་པར་གྱུར་པའི་ཕྱིར། སྐྱོན་དང་བཅས་པ་འང་ཡོད། ཟང་ཟིང་གི་སེམས་དབུལ་གྱིས་འཇིགས་པ་དང༌། དབང་ཕྱུག་འདོད་དེ་མི་འདོད་བཞིན་དུ་བྱེད་པས་སྐྱོན་དང་བཅས་པ་ཡང་ཡོད། འདས་པ་ལ་ལྟ་བའི་ཕྱིར་སྐྱོན་དང་བཅས་པ་ཡང་ཡོད།
མ་འོངས་པ་ལ་མངོན་པར་དགའ་བའི་ཕྱིར་སྐྱོན་དང་བཅས་པ་ཡང་ཡོད། བརྙས་པའི་སྐྱོན་གྱིས་སྐྱོན་དང་བཅས་པ་ཡང་ཡོད། གྲགས་པ་འདོད་པའི་སྐྱོན་གྱིས་སྐྱོན་དང་བཅས་པ་ཡང་ཡོད། ལོངས་སྤྱོད་འདོད་པའི་ཕྱིར་སྐྱོན་དང་བཅས་པ་ཡང་ཡོད། སྐྱོན་མེད་པའི་སྦྱིན་པ་ནི་ཟང་ཟིང་མེད་པའི་སེམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྔོས་ལ། དེའི་ཚོགས་སུ་ཡང་གྱུར་བཞིན་དུ་བདེ་འགྲོར་ཡང་འགྲོ་བ་དང༌། ལོངས་སྤྱོད་ཆེན་པོར་ཡང་འགྱུར་བའོ། །གནས་བཞི་ལ་བརྟེན་ནས། དུས་བརྒྱད་དུ་ལེ་ལོ་བྱད་པར་སྟོན་ཏེ། བརྩོན་འགྲུས་མི་རྩོམ་པ་ནི། གང་ཟག་འདི་ནི་ལེ་ལོའི་རང་བཞིན་ཅན་ཏེ། བརྩོན་འགྲུས་མི་རྩོམ་པའི་རང་བཞིན་ཅན་ཡིན་པར་རིག་པར་བྱ་སྟེ། བསོད་སྙོམས་ལ་བརྟེན་པ་དང༌། འདི་ལྟ་བུ་བྱ་བ་དང༌། རྒྱུ་ཞིང་འགྲོ་བ་དང༌། ཁམས་མི་མཉམ་པའོ། །གནས་བཞི་པོ་འདི་དག་ལ་བརྟེན་ནས། ཁ་ཟས་བསོད་པ་དང༌། མང་བ་ཟོས་པས་ལུས་ལྕི་བར་གྱུར་པའི་དུས་དང༌། ཁ་ཟས་ཉུང་ལ་ངན་པ་ཟོས་པས་ལུས་རྨྱ་བའི་དུས་དང༌། འདི་ལྟ་བུ་བྱ་བར་སྦྱོར་འདོད་དེ། ཉམས་སྟོབས་སྲི་བའི་དུས་དང༌། འདི་ལྟ་བུ་བྱ་བ་བྱས་ནས་ངལ་སོ་བའི་དུས་དང༌། རྒྱུ་ཞིང་འགྲོ་འདོད་དེ་ཉམས་སྟོབས་སྲི་བའི་དུས་དང༌། སླར་ལོག་ནས་ལམ་གྱིས་དུབ་པ་ངལ་སོ་བའི་དུས་དང༌། ནད་ཀྱིས་བཏབ་སྟེ། ནད་ཀྱི་སྡུག་བསྔལ་བ་དང་ཕྲད་པའི་དུས་དང༌། ནད་སོས་ནས་ཕྱིར་ལྟས་དོགས་པའི་དུས་ཏེ། དེ་ལྟར་གང་ཟག་ལེ་ལེའི་རང་བཞིན་ཅན་དེ་ནི་ལེ་ལོའི་རྐྱེན་དང་མ་ཕྲད་པའི་བར་དུ་ནི་དི་བརྩོན་འགྲུས་བྱེད་པ་ཙམ་དུ་སྣང་ལ་གང་གི་ཚེ་ཕྲད་པར་གྱུར་པ་དེའི་ཚེ་ནི་མྱུར་བ་མྱུར་བར་དེ་ལ་ལོ་སྟོན་པར་འགྱུར་ཏེ། དེ་ལྟ་བས་ན་ལེ་ལོའི་རང་བཞིན་ཅན་ཞེས་བྱའོ། །དེ་ལས་བཟློག་པ་ནི་གནས་བཞི་པོ་དེ་དག་ཉིད་ལ་བརྟེན་ནས། དུས་བརྒྱད་པོ་དེ་དག་ཉིད་ཀྱི་ཚེ་བརྩོན་འགྲུས་རྩོམ་ཞིང་ལེ་ལོ་ཟིལ་གྱིས་གནོན་པས། གང་ཟག་བརྩོན་འགྲུས་བརྩམས་པའི་རང་བཞིན་དུ་རིག་པར་བྱ་སྟེ། དེ་ནི་ལ་ལོའི་རྐྱེན་དང་ཕྲད་པའི་ཚེ་ཡང་བརྩོན་འགྲུས་རྩོམ་ན། མ་ཕྲད་པའི་ཚེ་ལྟ་ཅི་སྨོས་ཏེ། དེ་ལྟ་བས་ན་བརྩོན་འགྲུས་རྩོམ་པའི་རང་
བཞིན་ཅན་ཞེས་བྱའོ། །ཡིད་དུ་འོང་བར་སྐྱེ་བའི་རྒྱུ་ཡང་དག་པའི་སྨོན་ལམ་གྱིས་ཟིན་པ་བརྒྱད་པོ་འདི་དག་ནི་འདོད་པ་དག་ལ་མངོན་པར་མཐོ་བར་འདོད་ཅིང༌། འདོད་པ་ལས་དབེན་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འདོད་པ་རྣམས་ཡིད་དུ་འོང་བའི་གནས་རྣམ་པ་བརྒྱད་དུ་སྐྱེ་བར་བྱེད་པ་སྟེ། མི་སྐལ་བ་ངན་པར་སྨོན་ལམ་བཏབ་པ་ནི། སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་ཆུང་ངུ་ཡིན་ནོ། །དེ་བཞིན་དུ་མི་སྐལ་བ་བཟང་པོ་དང༌། རྒྱལ་ཆེན་བཞི་དང༌། སུམ་ཅུ་རྩ་གསུམ་པ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྨོན་ལམ་བཏབ་པ་ཡང༌། སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་ཆུང་ངུ་ཡིན་ནོ། །རྒྱུ་བཞིས་ནི་མི་རྣམས་ཀྱི་ནང་ན་དེ་བཞིན་གཤེགས་པའི་འཁོར་བཞིར་རྣམ་པར་གཞག་པར་རིག་པར་བྱའོ། །རྒྱུ་གསུམ་གྱིས་ལྷར་གྱུར་པ་རྣམས་ཀྱི་འཁོར་བཞིར་རྣམ་པར་གཞག་པར་རིག་པར་བྱ་སྟེ། བདག་པོའི་མཆོག་ཏུ་གྱུར་པ་དང༌། ཡོན་གནས་སུ་བཀུར་བ་དང༌། གཞན་ལ་རག་མ་ལས་པའི་ལོངས་སྤྱོད་ཀྱིས་འཚོ་བ་དང༌། ལོངས་སྤྱོད་ཡང་དག་པར་སྤངས་པས་འཚོ་བའི་རྒྱུ་འདི་བཞིས་ནི། མིར་གྱུར་པའི་ནང་ནས་འཁོར་བཞིར་རྣམ་པར་གཞག་པར་རིག་པར་བྱའོ། །ས་གཞི་ལ་བརྟེན་པའི་མཐར་གྱུར་པ་དང༌། འདོད་པའི་ཁམས་ཀྱི་མཐར་གྱུར་པ་དང༌། ངག་གི་འདུ་བྱེད་ཀྱི་མཐར་གྱུར་པའི་ཕྱིར་ནི་ལྷར་གྱུར་པ་རྣམས་ཀྱི་འཁོར་བཞིར་རྣམ་པར་གཞག་པར་རིག་པར་བྱའོ། །འཇིག་རྟེན་གནས་གསུམ་ལ་གནས་ན། འཇིག་རྟེན་དག་རྟག་ཏུ་རྒྱུན་མི་འཆད་པར་ཆོས་བརྒྱད་དང་ཕྲད་པར་འགྱུར་ཏེ། འདོད་པ་དང༌། འབད་པ་དང༌། རྐྱེན་རྣམས་ལའོ། །འདོད་པ་གནས་ན་ནི་རྙེད་པ་དང་ཡང་ཕྲད་ལ། མ་རྙེད་པ་དང་ཡང་ཕྲད་པར་འགྱུར་རོ། །ཕ་རོལ་འདོད་པའམ། མི་འདོད་པའི་འབད་པ་ལ་གནས་ན་ནི། ལྐོག་དང་ལྡན་པའམ། མངོན་པར་གྱུར་པ་དང་ལྡན་པའི་བསྔགས་པའམ། བསྔགས་པ་མ་ཡིན་པ་བརྗོད་པ་དང་ཕྲད་པར་འགྱུར་རོ། །རྐྱེན་ལ་གནས་ན་ནི་སྔོན་གྱིའམ་ཚེ་འདིའི་བདེ་བའི་རྐྱེན་ནས།
སྡུག་བསྔལ་གྱི་རྐྱེན་གྱི་བདེ་བ་དང་སྡུག་བསྔལ་དང་ཕྲད་པར་འགྱུར་རོ། །མོས་པ་བརྒྱད་པོ་འདི་དག་ནི་ཕྱིར་མི་འོང་བ་རྣམས་སམ། དགྲ་བཅོམ་པ་རྣམས་ཀྱི་འཕགས་པའི་མཐུ་དང་གནས་པ་ཆེན་པོ་སྒྲུབ་པར་བྱེད་པ་སྟེ། ནང་ལ་གཟུགས་སུ་འདུ་ཤེས་པ་ཟིལ་གྱིས་མནན་ནས། ཕྱི་རོལ་གྱི་གཟུགས་ལ་མོས་པ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང༌། གཉིས་པ་སྟེ་ནང་ན་གཟུགས་སུ་འདུ་ཤེས་པ་ཟིལ་གྱིས་མནན་པ་དང༌། སྡུག་པ་དང་མི་སྡུག་པ་གཉིས་སུ་མེད་པའི་གཟུགས་སུ་མཆོག་ཏུ་བཏང་སྙོམས་པ་ལ་མོས་པ་ཆ་ཕྲ་བ་སྟེ། རྣམ་པར་ཐར་པ་གསུམ་པོ་འདི་དག་ནི་གཟུགས་ཐམས་ཅད་ལ་དབང་བྱེད་པའི་ཕྱིར། འཕགས་པའི་རྫུ་འཕྲུལ་སྒྲུབ་པར་བྱེད་པ་སྟེ། རྫུ་འཕྲུལ་དེ་དག་ནི་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ། །ནམ་མཁའ་མཐའ་ཡས་པར་མོས་པ་དང༌། རྣམ་པར་ཤེས་པ་མཐའ་ཡས་པར་མོས་པ་དང༌། ཅི་ཡང་མེད་པར་མོས་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་དུ་མོས་པ་དང༌། སེམས་ཆ་ཕྲ་བ་ཡང་ཆ་ཕྲ་བ་རང་གི་ངང་གིས་འཇུག་པ་ལ་མོས་པ་དང༌། མོས་པ་ལྔ་པོ་འདི་དག་ནི་མཐར་གྱིས་ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་ན། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་མཆོག་གི་གནས་པ་སྒྲུབ་པར་བྱེད་དོ། །རྣམ་པར་ཐར་པ་དང་པོ་གསུམ་པོ་དག་ལ་བརྩོན་པ་ན་གཟུགས་གང་དག་མཐོང་བ་དང༌། ཇི་ལྟར་མཐོང་བ་དེ་བཞིན་དུ་རྣམ་པར་ཐར་པ་གསུམ་གྱི་སྦྱོར་བའི་ལམ་དུ་འདུས་པའི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱང་རིག་པར་བྱའོ། །དེ་ལ་གཟུགས་ཆུང་ངུ་རྣམས་དང༌། ཆེན་པོར་གྱུར་པ་རྣམས་ཁ་དོག་བཟང་པོ་དང༌། ཁ་དོག་ངན་པ་རྣམས་དང༌། ངན་པ་དང་བཟང་པོ་རྣམས་མཐོང་སྟེ། ཕྱི་རོལ་མཉམ་པར་མ་བཞག་པའི་སྤྱོད་ཡུལ་སྣང་བར་གྱུར་པ་རྣམས་མཐོང་སྟེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་དམིགས་པའི་ཡིད་ལ་བྱེད་པས་མི་སྣང་བའི་ཚུལ་དུ་ཟིལ་གྱིས་མནན་ནས། ཞི་གནས་ཀྱི་རྣམ་པས་ནི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེ་དག་ཤེས་སོ། །ལྷག་མཐོང་གི་རྣམ་པས་ནི་མཐོང་སྟེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེ་དག་ཇི་ལྟར་ཤེས་ཤིང་མཐོང་བ་དང༌། དེ་དག་ཇི་ལྟར་དེ་དག་དཔྱད་
ཅིང་བརྟགས་པ་དེ་བཞིན་དུ་ཕྱི་རོལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་མ་ཡིན་པ་དེ་དག་ལ་འདུ་ཤེས་པར་འགྱུར་ཏེ། དེ་ལྟར་གཟུགས་དེ་དག་མཐོང་ངོ༌། །སངས་རྒྱས་ཀྱི་བཀའི་ཤེས་བྱའི་གནས་བརྒྱད་བརྒྱད་པ་རྫོགས་སོ།། །།ཀུན་དུ་སྦྱོར་བ་དགུ་རྣམ་པར་གཞག་པ་ཡང་རིག་པར་བྱ་སྟེ། འདི་ལྟ་སྟེ། གཞི་བསྡུ་བ་ལས་འབྱུང་བ་བཞིན། དགུ་པོ་འདི་དག་ནི་སྐྱེ་བའི་གནས་ཡིན་ཏེ། དེ་དག་ཏུ་སྐྱེས་པའི་སེམས་ཅན་རྣམས་དེ་དག་དང་དེ་ན་མཚུངས་པར་གནས་པར་ཤེས་སོ། །ངན་སོང་རྣམས་ནི་མ་གཏོགས་ཏེ། སྔ་མ་བཞིན་དུ་སྐྱེ་བའི་གཞིའི་གནས་སུ་གྱུར་པའི་ཕྱིར་རོ། །སངས་རྒྱས་ཀྱི་བཀའི་ཤེས་བྱའི་གནས་དགུ་དགུ་པ་རྫོགས་སོ།། །།ཟད་པར་གྱི་སྐྱེ་མཆེད་བཅུ་པོ་དག་གིས་ནི། རྣམ་པར་ཐར་པ་རྣམས་ཀྱིས་དགོས་བ་ཡོངས་སུ་གྲུབ་པར་རིག་པར་བྱའོ། །རྣམ་པར་ཐར་པ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱི་ལྷག་མ་ནི། འདི་ལྟ་སྟེ། གཞི་བསྡུ་བ་ལས་འབྱུང་བ་བཞིན་ནོ། །མི་སློབ་པའི་ཡན་ལག་བཅུ་པོ་དག་གིས་ནི་མི་སློབ་པ་རྣམས་ཀྱི་ཕུང་པོ་ལྔ་པོ་དག་བསྡུ་བར་རིག་པར་བྱ་སྟེ། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་སོ། །སངས་རྒྱས་ཀྱི་བཀའི་ཤེས་བྱའི་གནས་བཅུ་བཅུ་པ་རྫོགས་སོ།། །།སངས་རྒྱས་ཀྱི་བཀའི་ཤེས་བྱའི་གནས་རྫོགས་སོ།། །།གསོ་བའི་རིག་པ་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། འདི་ལྟ་སྟེ། ནད་ལ་མཁས་པ་དང༌། ནད་ཅི་ལས་གྱུར་པ་ལ་མཁས་པ་དང༌། ནད་བྱུང་བ་བསྩལ་བ་ལ་མཁས་པ་དང༌། ནད་བསལ་ནས་ཕྱིས་མི་འབྱུང་བར་བྱ་བ་ལ་མཁས་པའོ། །མཁས་པ་འདི་དག་གི་རྣམ་པར་དབྱེ་བ་ནི་མདོ་ལས་ཇི་སྐད་འབྱུང་བ་ཁོ་ན་བཞིན་དུ་རིག་པར་བྱའོ། །གཏན་ཚིགས་ཀྱི་རིག་པ་གང་ཞེ་ན། བརྟག་པའི་དོན་དུ་ཡོད་པའི་དང་པོ་གང་ཡིན་པ་སྟེ། དེ་ཡང་གང་ཞེ་ན་འདི་ལྟ་སྟེ། སྨྲ་བ་དང༌། སྨྲ་བའི་ཞལ་ཅེ་བ་དང༌། སྨྲ་བའི་གཞི་དང༌། སྨྲ་བའི་རྒྱན་དང༌། སྨྲ་བ་ཆད་པས་
བཅད་པ་དང༌། སྨྲ་བ་ལས་འབྱུང་བ་དང༌། སྨྲ་བ་གཅེས་སྤྲས་ལ་དགོས་པའི་ཆོས་རྣམས་སོ། །སྨྲ་བ་གང་ཞེ་ན། དེ་ཡང་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། སྨྲ་བ་དང༌། རྨད་ཁྱེར་བ་སྨྲ་བ་དང༌། རྩོད་པ་སྨྲ་བ་དང༌། ཚིག་ངན་སྨྲ་བ་དང༌། མཐུན་པ་སྨྲ་བ་དང༌། གདམས་པར་སྨྲ་བའོ། །དེ་ལ་སྨྲ་བ་གང་ཞེ་ན། ངག་ཏུ་བརྗོད་པ་དང༌། ངག་ཏུ་བརྗོད་དེ། ངག་གི་ངེས་པའི་ངེས་ཚིག་ཐམས་ཅད་ནི་སྨྲ་བ་ཞེས་བྱའོ། །རྨད་ཁྱེར་བ་སྨྲ་བ་གང་ཞེ་ན། འཇིག་རྟེན་གྱི་གྲགས་པ་སྨྲ་བ་གང་ཡིན་པའོ། །རྩོད་པ་སྨྲ་བ་གང་ཞེ་ན། འདོད་པ་རྣམས་ལས་བརྩམས་ཏེ། རང་གིས་ཡོངས་སུ་གཟུང་བའི་འདོད་པ་རྣམས་ལ་གཞན་དག་འཕྲོགས་པའམ། གཞན་གྱིས་ཡོངས་སུ་གཟུང་བའི་འདོད་པ་རྣམས་གཞན་དག་ལས་དབྲོག་པར་འདོད་པའམ། སྡུག་པའི་སེམས་ཅན་གྱིས་ཡོངས་སུ་གཟུང་བའི་འདོད་པ་རྣམས་འཕྲོགས་པའམ། དབྲོག་པར་འདོད་པའམ། ཡོངས་སུ་གཟུང་བ་མ་ཡིན་པའི་འདོད་པ་རྣམས་ལ་འདི་ལྟ་སྟེ། ཟློས་གར་མཁན་དང༌། གར་མཁན་དང༌། སྒེག་པ་དང༌། བཞད་གད་པ་ལ་སོགས་པ་དང་ལྡན་པ་རྣམས་དང༌། བུད་མེད་སྨད་འཚོང་དང་ལྡན་པ་རྣམས་ལ་བལྟ་བའི་ཕྱིར་དང༌། ལོངས་སྤྱད་པའི་ཕྱིར་ཡང་རུང་སྟེ། དེ་ལྟ་བུའི་རྣམ་པའི་འདོད་པ་རྣམས་ལ་སེམས་ཅན་འདོད་ཆགས་དང་མ་བྲལ་བ་འདོད་པ་ལ་འདོད་ཆགས་ཀྱིས་ཆགས་པ་རྣམས་ལྷག་པར་ཞེན་པའི་ཕྱིར་དང༌། རྣམ་པར་བཅིངས་པའི་ཕྱིར་དང༌། ཡོངས་སུ་ཞེན་པའི་ཕྱིར་དང༌། ཀུན་དུ་འདོད་ཆགས་པའི་ཕྱིར་དང༌། ཉེས་པར་བརྩམས་ཤིང་འགྱེད་ལ་རྩོད་པ་ལ་ཞུགས་པ་རྣམས་རྣམ་པ་སྣ་ཚོགས་སུ་སྨྲ་ཞིང་རྩོད་ལ། མི་མཐུན་པ་སྨྲ་བ་དང༌། ཡང་ཉེས་པར་སྤྱོད་པ་ལས་བརྩམས་ཏེ། ལུས་ཀྱིས་ཉེས་པར་སྤྱོད་པ་དང༌། ངག་གིས་ཉེས་པར་སྤྱོད་པ་བདག་གིས་བྱས་པ་ལ། གཞན་དག་གིས་གླེང་བའམ། ལུས་ཀྱིས་ཉེས་པར་བྱེད་པ་དང༌། ངག་གིས་ཉེས་པར་སྤྱོད་པ་གཞན་གྱིས་བྱས་པ་ལ། གཞན་དག་ལ་གླེང་བ་དང༌། སྡུག་པའི་སེམས་ཅན་གྱི་ལུས་ཀྱིས་ཉེས་པར་སྤྱོད་པ་དང༌། ངག་གིས་ཉེས་པར་སྤྱོད་པ་བྱས་པ་ལ། གཞན་དག་གིས་གླེང་བ་
བའམ། གཞན་དག་གླེང་བ་དང༌། ལུས་ཀྱིས་ཉེས་པར་སྤྱོད་པ་དང༌། ངག་གིས་ཉེས་པར་སྤྱོད་པ་མ་བྱས་ལ། བྱ་བར་བསམས་པ་དེ་ལྟ་བུའི་རྣམ་པའི་ཉེས་པར་སྤྱོད་པ་ཀུན་དུ་སྤྱོད་པ་ལ། སེམས་ཅན་ཆགས་པ་དང་མ་བྲལ་བ། ཞེ་སྡང་དང་མ་བྲལ་བ། གཏི་མུག་དང་མ་བྲལ་བ། ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་གིས་ཟིལ་གྱིས་ནོན་པ་རྣམས་ལྷག་པར་ཞེན་པའི་ཕྱིར་དང༌། རྣམ་པར་བཅིངས་པའི་ཕྱིར་དང༌། ཡོངས་སུ་ཞེན་པའི་ཕྱིར་དང༌། ཀུན་དུ་འདོད་ཆགས་པའི་ཕྱིར་དང༌། གཅིག་ལ་གཅིག་ཉེས་པར་བརྩམས་ཏེ། ཀུན་ནས་ཉོན་མོངས་པའི་སེམས་སུ་གྱུར། འགྱེད་ལ་རྩོད་པ་ལ་ཞུགས་པ་རྣམས་རྣམ་པ་སྣ་ཚོགས་སུ་སྨྲ་ཞིང་རྩོད་ལ། མི་མཐུན་པར་སྨྲ་བ་དང༌། ཡང་ལྟ་བ་ལས་བརྩམས་ཏེ་འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང༌། ཆད་པར་ལྟ་བ་དང༌། རྒྱུ་མེད་པར་ལྟ་བ་དང༌། མི་མཐུན་པ་ལ་རྒྱུར་ལྟ་བ་དང༌། རྟག་པར་ལྟ་བ་དང༌། ཁྱུ་མཆོག་པའི་ཚོགས་ཀྱི་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ཡང་སྡིག་པ་ཅན་གྱི་ལྟ་བ་གང་ཅི་ཡང་རུང་བ་དེ་ལྟ་བུ་དང་མཐུན་པའི་ལྟ་བ་བདག་གིས་ཡོངས་སུ་གཟུང་བ་རྣམས་ལ་གཞན་དག་གིས་བཟློག་པའམ། གཞན་གྱིས་ཡོངས་སུ་གཟུང་བ་རྣམས་གཞན་དག་བཟློག་པའམ། སྡུག་པའི་སེམས་ཅན་གྱིས་ཡོངས་སུ་གཟུང་བ་ལ་གཞན་དག་གིས་བཟློག་པའམ། གཞན་དག་བཟློག་པའམ། ཡང་ཡོངས་སུ་མ་བཟུང་བ་རྣམས་ཡོངས་སུ་གཟུང་བར་འདོད་པའི་ཕྱིར། སེམས་ཅན་འདོད་ཆགས་དང་མ་བྲལ་པ་རྣམས་སྔ་མ་བཞིན་དུ་རྣམ་པ་སྣ་ཚོགས་སུ་སྨྲ་ཞིང་རྩོད་ལ། མི་མཐུན་པར་སྨྲ་བ་འདི་ནི་རྩོད་པ་སྨྲ་བ་ཞེས་བྱའོ། །ཚིག་ངན་པ་སྨྲ་བ་གང་ཞེ་ན། ཉེས་པ་རྩོམ་ཞིང་ཀུན་ནས་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པ་རྣམས་གཏམ་གྱི་འཕྲོ་བོར་ཏེ་ཕན་ཚུན་རྩུབ་པ་དང་ལྡན་པ་དང༌། ཚོགས་པར་བརྗོད་པར་མི་འོས་པ་དང་ལྡན་པ་དང༌། ཚིག་ཀྱལ་པ་དང་ལྡན་པ་གང་ཡིན་པ་དང༌། ཉེས་པར་བཤད་པའི་ཆོས་འདུལ་བའི་ཆོས་སྟོན་པ་དང༌། འབེལ་བའི་གཏམ་གཏན་ལ་དབབ་པ་དང༌། འདོམས་ཤིང་རྗེས་སུ་སྟོན་པ་གང་
ཡིན་པ་འདི་ནི་ཚིག་ངན་སྨྲ་བ་ཞེས་བྱ་བའོ། །མཐུན་པར་སྨྲ་བ་གང་ཞེ་ན། ལེགས་པར་གསུངས་པའི་ཆོས་འདུལ་བའི་ཆོས་སྟོན་པ་དང༌། འབེལ་བའི་གཏམ་རྣམ་པར་གཏན་ལ་འབེབས་པ་དང༌། རྗེས་སུ་སྟོན་པ་དང༌། ཐེ་ཚོམ་སྐྱེས་པ་བཅད་པའི་ཕྱིར་དང༌། ཟབ་མོའི་དོན་གྱི་ཚིག་རྟོགས་པར་བྱ་བ་དང༌། ཡེ་ཤེས་མཐོང་བ་རྣམ་པར་དག་པར་བྱ་བ་དང༌། ཐར་པ་དང་མཐུན་པའི་རྗེས་སུ་མཐུན་པར་སྨྲ་བ་སྟེ། ད་ལྟ་བས་ན་མཐུན་པར་སྨྲ་བ་ཞེས་བྱ་སྟེ། འདི་ནི་མཐུན་པར་སྨྲ་བ་ཞེས་བྱ་བའོ། །གདམས་པ་སྨྲ་བ་གང་ཞེ་ན། གང་ཟག་ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ལ་བརྩོན་པར་འདོད་པ་སེམས་མཉམ་པར་མ་བཞག་པ་མཉམ་པར་བཞག་པར་བྱ་བ་དང༌། སེམས་མཉམ་པར་བཞག་བ་ཐར་པར་བྱ་བ་སྨྲ་བ་དང༌། དེ་ཁོ་ན་ཤེས་པ་རྟོགས་པར་བྱ་བ་དང༌། དེ་ཁོ་ན་ཤེས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲ་བ་གང་ཡིན་པ་སྟེ། དེ་ལྟ་བས་ན་གདམས་པ་སྨྲ་བ་ཞེས་བྱ་སྟེ། འདི་ནི་གདམས་པ་སྨྲ་བ་ཞེས་བྱ་བའོ། །སྨྲ་བ་དྲུག་པོ་འདི་དག་ལས་སྨྲ་བ་དུ་ཞིག་ནི་ཡང་དག་པ་དང༌། དེ་ཁོ་ན་དང༌། དོན་དང་ལྡན་པ་དང༌། བསྟེན་པར་བྱ་བ་ཡིན། སྨྲ་བ་དུ་ཞིག་ནི་ཡང་དག་པ་མ་ཡིན་པ་དང༌། དེ་ཁོ་ན་མ་ཡིན་པ་དང༌། དོན་དང་ལྡན་པ་མ་ཡིན་པ་དང༌། ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་ན། སྨྲ་བ་ཐ་མ་གཉིས་ནི་ཡང་དག་པ་དང༌། དེ་ཁོ་ན་དང༌། དོན་དང་ལྡན་པ་དང༌། བསྟེན་པར་བྱ་བ་ཡིན་ནོ། །སྨྲ་བ་བར་མ་གཉིས་ནི་ཡང་དག་པ་མ་ཡིན་པ་དང༌། དེ་ཁོ་ན་མ་ཡིན་པ་དང༌། དོན་དང་ལྡན་པ་མ་ཡིན་པ་དང༌། ཡོངས་སུ་སྤང་བར་བྱ་བ་ཡིན་ནོ། །སྨྲ་བ་དང་པོ་གཉིས་ནི་གཉི་ག་ཡིན་ནོ། །སྨྲ་བའི་ཞལ་ཅེ་པ་གང་ཞེ་ན། དེ་ཡང་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། འདི་ལྟ་སྟེ། རྒྱལ་པོ་བཞུགས་པའི་ས་དང༌། བསྐོས་པ་འདུ་བའི་ས་དང༌། འཁོར་དང༌། འདུ་བ་དང༌། ཆོས་དང་དོན་ལ་མཁས་པའི་དགེ་སྦྱོང་དང་བྲམ་ཟེ་རྣམས་དང༌། ཆོས་དང་དོན་འདོད་པའི་སེམས་ཅན་རྣམས་སོ། །སྨྲ་བའི་གཞི་གང་ཞེ་ན། དེ་ནི་རྣམ་པ་བཅུར་བལྟ་བར་བྱ་སྟེ། བསྒྲུབ་པར་བྱ་བའི་དོན་རྣམ་པ་
གཉིས་དང༌། བསྒྲུབ་པ་རྣམ་པ་བརྒྱད་དོ། བསྒྲུབ་པར་བྱ་བའི་དོན་རྣམ་པ་གཉིས་གང་ཞེ་ན། ངོ་བོ་ཉིད་དང༌། བྱེ་བྲག་གོ །དེ་ལ་ངོ་བོ་ཉིད་བསྒྲུབ་པ་ནི། ཡོད་པ་ཡང་ཡོད་པར་བསྒྲུབ། མེད་པ་ཡང་མེད་པར་བསྒྲུབ་པའོ། །བྱེ་བྲག་བསྒྲུབ་པ་ནི། བླ་ན་ཡོད་པའང་བླ་ན་ཡོད་པར་བསྒྲུབ་པ་དང༌། བླ་ན་མེད་པ་ཡང་བླ་ན་མེད་པར་བསྒྲུབ་པ་དང༌། རྟག་པ་ཡང་རྟག་པར་མི་རྟག་པ་ཡང་མི་རྟག་པར། གཟུགས་ཅན་ཡང་གཟུགས་ཅན་དུ། གཟུགས་ཅན་མ་ཡིན་པ་ཡང་གཟུགས་ཅན་མ་ཡིན་པར་བསྒྲུབ་པ་དང༌། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་ཇི་ལྟ་བ་བཞིན་དུ། བསྟན་དུ་ཡོད་པ་དང༌། བསྟན་དུ་མེད་པ་དང༌། ཐོགས་པ་ཡོད་པ་དང༌། ཐོགས་པ་མེད་པ་དང༌། ཟག་པ་ཡོད་པ་དང༌། ཟག་པ་མེད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་ཀྱང་དེ་བཞིན་ཏེ། དེ་ལ་སོགས་པ་རབ་ཏུ་དབྱེ་བའི་ཚུལ་གྱིས་བྱེ་བྲག་བསྒྲུབ་པ་བལྟ་བར་བྱའོ། །བསྒྲུབ་པ་རྣམ་པ་བརྒྱད་གང་ཞེ་ན། དམ་བཅའ་བ་དང༌། གཏན་ཚིགས་དང༌། དཔེར་བརྗོད་པ་དང༌། མཐུན་པ་དང༌། མི་མཐུན་པ་དང༌། མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པའི་ལུང་ངོ༌། །དམ་བཅས་པ་གང་ཞེ་ན། བསྒྲུབ་པར་བྱ་བའི་ཆོས་དོན་རྣམ་པ་གཉིས་ལས་བརྩམས་ནས་ཕན་ཚུན་བདག་གིས་ཕྱོགས་ཡོངས་སུ་འཛིན་པ་སྟེ། བསྟན་བཅོས་ཡོངས་སུ་འཛིན་པའམ། བདག་གི་སྤོབས་པའམ། གཞན་ལ་བརྙས་པའམ། གཞན་ལས་ཐོས་པའམ། དེ་ཁོ་ན་མངོན་པར་རྟོགས་པའམ། བདག་གི་ཕྱོགས་སུ་གཟུགས་པའམ། གཞན་གྱི་ཕྱོགས་སུན་དབྱུང་བའམ། གཞན་ཟིལ་གྱིས་མནན་པའམ། གཞན་ཁྱད་དུ་གསད་པའམ། གཞན་ལ་སྙིང་བརྩེ་བའི་ཕྱིར་རོ། །གཏན་ཚིགས་གང་ཞེ་ན། དམ་བཅས་པའི་དོན་དེ་ཉིད་བསྒྲུབ་པའི་ཕྱིར་དཔེར་བརྗོད་པ་ལ་བརྟེན་ནས་མཐུན་པའམ། མི་མཐུན་པའམ། མངོན་སུམ་མམ། རྗེས་སུ་དཔག་པའམ། ཡིད་ཆེས་པའི་ལུང་གིས་བསྐྱེད་པའི་རིགས་པ་སྨྲ་བ་གང་ཡིན་པའོ། །དཔེར་བརྗོད་པ་གང་ཞེ་ན། དམ་བཅས་པའི་དོན་
དེ་ཉིད་བསྒྲུབ་པའི་ཕྱིར་གཏན་ཚིགས་ལ་བརྟེན་ནས། འཇིག་རྟེན་ན་འདྲེས་ཤིང་གྲགས་པའི་དངོས་པོ་དང༌། སྦྱོར་བ་དང་ལྡན་པ་སྨྲ་བ་གང་ཡིན་པའོ། །མཐུན་པ་གང་ཞེ་ན། ཆོས་ལ་ལ་འགའ་ཞིག་དང་འདྲ་བས་འགའ་ཞིག་དང་འདྲ་བ་གང་ཡིན་པའོ། །དེ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། རྟགས་འདྲ་བ་དང༌། ངོ་བོ་ཉིད་འདྲ་བ་དང༌། ཆོས་འདྲ་བ་དང༌། རྒྱུ་དང་འབྲས་བུ་འདྲ་བའོ། །རྟགས་འདྲ་བ་གང་ཞེ་ན། ད་ལྟར་གྱི་འམ། སྔོན་མཐོང་བའི་མངོན་མཚན་དང༌། མཚན་མས་འབྲེལ་པས་ཕན་ཚུན་མཐུན་པ་གང་ཡིན་པའོ། །ངོ་བོ་ཉིད་འདྲ་བ་གང་ཞེ་ན། ཕན་ཚུན་མཚན་ཉིད་འདྲ་བ་གང་ཡིན་པའོ། །ལས་འདྲ་བ་གང་ཞེ་ན། ཕན་ཚུན་བྱེད་པ་འདྲ་བ་གང་ཡིན་པའོ། །ཆོས་འདྲ་བ་གང་ཞེ་ན། ཕན་ཚུན་ཆོས་ཉིད་འདྲ་བ་གང་ཡིན་པ་སྟེ། འདི་ལྟ་སྟེ། མི་རྟག་པ་ནི་སྡུག་བསྔལ་བའི་ཆོས་ཉིད་དུ་འདྲའོ། །སྡུག་བསྔལ་བ་ནི་བདག་མེད་པའི་ཆོས་ཉིད་དུ་འདྲའོ། །བདག་མེད་པ་རྣམས་ནི་སྐྱེ་བའི་ཆོས་ཉིད་དུ་འདྲའོ། །སྐྱེ་བའི་ཆོས་ཅན་རྣམས་ནི་རྒ་བའི་ཆོས་ཉིད་དུ་འདྲའོ། །རྒ་བའི་ཆོས་ཅན་རྣམས་ནི་ཤི་བའི་ཆོས་ཉིད་དུ་འདྲའོ། །གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་དང༌། བསྟན་དུ་ཡོད་པ་དང༌། བསྟན་དུ་མེད་པ་དང༌། ཐོགས་པ་ཡོད་པ་དང༌། ཐོགས་པ་མེད་པ་དང༌། ཟག་པ་ཡོད་པ་དང༌། ཟག་པ་མེད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་པའི་ཆོས་ཉིད་དང༌། དེ་ལྟ་བུ་དང་མཐུན་པའི་ཆོས་ཉིད་དུ་འདྲ་བའོ། །རྒྱུ་དང་འབྲས་བུ་འདྲ་བ་གང་ཞེ་ན། ཕན་ཚུན་རྒྱུ་དང་འབྲས་བུ་འགྲུབ་པ་དང༌། བསྒྲུབ་པ་འདྲ་བ་གང་ཡིན་པ་སྟེ། འདི་ནི་མཐུན་པ་ཞེས་བྱ་བའོ། །མི་མཐུན་པ་གང་ཞེ་ན། ལ་ལ་འགའ་ཞིག་དང་མི་འདྲ་བས་འགའ་ཞིག་དང་མི་འདྲ་བ་གང་ཡིན་པ་སྟེ། དེ་ཡང་དེ་ལས་བཟློག་པ་ལས་རྣམ་པ་ལྔ་ཉིད་དུ་བལྟ་བར་བྱའོ། །མངོན་སུམ་གང་ཞེ་ན། ལྐོག་ཏུ་མ་གྱུར་པ་དང༌། མངོན་པར་བརྟགས་ཟིན་པ་མ་ཡིན་པ་དང༌། མངོན་པར་བརྟག་པར་བྱ་བ་མ་ཡིན་པ་དང༌། མ་འཁྲུལ་པ་གང་ཡིན་པའོ། །ལྐོག་ཏུ་མ་གྱུར་པ་གང་ཞེ་ན། དེ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། དབང་པོ་
ཡོངས་སུ་མ་ཉམས་ཤིང༌། ཡིད་ལ་བྱེད་པ་མངོན་དུ་གནས་པ་ན་མཐུན་པར་སྐྱེ་བ་དང༌། ཡང་དག་པར་འདས་ནས་སྐྱེ་བ་དང༌། སྒྲིབ་པ་མེད་པ་དང༌། ཐག་རིང་བ་མ་ཡིན་པའོ། །མཐུན་པར་སྐྱེ་བ་གང་ཞེ་ན། འདོད་པ་ལ་སྤྱོད་པའི་དབང་པོའི་ཡུལ་འདོད་པ་ན་སྤྱོད་པ་མ་ཡིན་པ་དང༌། གོང་མའི་ས་པའི་དབང་པོའི་ཡུལ། གོང་མའི་ས་པའི་སྐྱེས་པ་གང་ཡིན་པ་དེ། སྐྱེས་པ་དང༌། བྱུང་བ་དང༌། གྲུབ་པ་སྟེ། དེ་ནི་མཐུན་པར་སྐྱེ་བ་ཞེས་བྱའོ། །ཡང་དག་པར་འདས་ནས་སྐྱེས་པ་གང་ཞེ་ན། གོང་མའི་ས་པའི་དབང་པོའི་ཡུལ་འོག་མའི་ས་པའི་སྐྱེས་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་ནི། ཡང་དག་པར་འདས་ནས་སྐྱེས་པ་ཞེས་བྱའོ། །སྒྲིབ་པ་མེད་པ་གང་ཞེ་ན། དེ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ། སྒྲིབ་གཡོགས་ཀྱི་སྒྲིབ་པ་དང༌། མི་སྣང་བར་བྱེད་པ་དང༌། ཟིལ་གྱིས་གནོན་པ་དང༌། རྨོངས་པའི་སྒྲིབ་པས་མ་བསྒྲིབས་པ་གང་ཡིན་པ་དེ་ནི་མ་བསྒྲིབས་པ་ཞེས་བྱའོ། །སྒྲིབ་གཡོགས་ཀྱི་སྒྲིབ་པ་གང་ཞེ་ན། འདི་ལྟ་སྟེ། མུན་པ་མུན་ནག་དང༌། མ་རིག་པའི་མུན་པ་དང༌། གཟུགས་གཏན་མི་གསལ་བའོ། །མི་སྣང་བར་བྱེད་པའི་སྒྲིབ་པ་གང་ཞེ་ན། འདི་ལྟ་སྟེ། སྨན་གྱི་སྟོབས་སམ། སྔགས་ཀྱི་སྟོབས་སམ། རྫུ་འཕྲུལ་གྱི་མཐུའི་སྟོབས་སོ། །ཟིལ་གྱིས་གནོན་པའི་སྒྲིབ་པ་གང་ཞེ་ན། འདི་ལྟ་སྟེ། མང་པོས་ཉུང་དུ་ཟིལ་གྱིས་མནན་ནས་མི་སྣང་བ་སྟེ། བཟའ་བ་དང༌། བཏུང་བའི་ནང་དུ་འདུག་གམ། སྐྲ་རྩེའི་དུམ་བུ་ཡོད་དམ། གཞན་ཡང་དེ་ལྟ་བུ་དང་མཐུན་པ་འདི་ལྟ་སྟེ། དཔེར་ན། འོད་ཆེན་པོས་འོད་ཆུང་ངུ་ཟིལ་གྱིས་མནན་ནས་མི་སྣང་བ་དང༌། ཉི་མ་འམ་ཟླ་བས་སྐར་མའི་གཟུགས་རྣམས་ཟིལ་གྱིས་མནན་ནས་མི་སྣང་བ་དང༌། འདི་ལྟ་སྟེ། གཉེན་པོའི་མི་མཐུན་པའི་ཕྱོགས་ཟིལ་གྱིས་མནན་ནས་མི་སྣང་བ་སྟེ། མི་སྡུག་པ་ཡིད་ལ་བྱེད་པས་སྡུག་པ་ཟིལ་གྱིས་མནན་པའམ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་ཡིད་ལ་བྱེད་པས་བདེ་བ་ཟིལ་གྱིས་མནན་པའམ། མཚན་མ་མེད་པ་ཡིད་ལ་བྱེད་པས་མཚན་མ་
ཐམས་ཅད་ཟིལ་གྱིས་མནན་པའོ། །རྨོངས་པའི་སྒྲིབ་པ་གང་ཞེ་ན། འདི་ལྟ་སྟེ། སྒྱུ་མའི་ལས་སམ། གཟུགས་ཀྱི་མཚན་མའི་བྱེ་བྲག་དང༌། རྗེས་སུ་མཐུན་པ་དང༌། ནང་དང༌། སོ་སོའི་ནང་དང༌། རབ་རིབ་ཏུ་གྱུར་པ་དང༌། གཉིད་ལོག་པ་དང༌། བརྒྱལ་བ་དང༌། མྱོས་པ་དང༌། བག་མེད་པ་དང༌། སྨྱོས་པ་དང༌། གཞན་ཡང་དེ་ལྟ་བུ་དང་མཐུན་པའི་སྒྲིབ་པ་གང་ཡིན་པ་རྣམས་ནི་རྨོངས་པའི་སྒྲིབ་པ་ཞེས་བྱའོ། །ཐག་རིང་བ་མ་ཡིན་པ་གང་ཞེ་ན། ཐག་རིང་བ་རྣམ་པ་གསུམ་གྱིས་རིང་བ་མ་ཡིན་པ་གང་ཡིན་པ་སྟེ། ཡུལ་ཐག་རིང་བ་དང༌། དུས་ཐག་རིང་བ་དང༌། ཆ་ཕྲ་བས་ཐག་རིང་བ་སྟེ། ལྐོག་ཏུ་གྱུར་པ་མ་ཡིན་པ་དེ་དག་ཐམས་ཅད་མདོར་བསྡུས་པ་ནི། ལྐོག་ཏུ་མ་གྱུར་པས་མངོན་སུམ་གྱི་ཚད་མར་བལྟ་བར་བྱའོ། །མངོན་པར་བརྟགས་ཟིན་པ་མ་ཡིན་པ་དང༌། མངོན་པར་བརྟག་པར་བྱ་བ་མ་ཡིན་པའི་མངོན་སུམ་གང་ཞེ་ན། གཟུང་བ་ཙམ་དུ་གྲགས་པའི་དམིགས་པའི་རྟེན་གྱི་ཡུལ་གང་ཡིན་པ་དང༌། ཡུལ་ལ་གནས་པའི་དམིགས་པའི་རྟེན་གྱི་ཡུལ་གང་ཡིན་པའོ། །གཟུང་བ་ཙམ་དུ་གྲགས་པའི་དམིགས་པའི་རྟེན་གྱི་ཡུལ་གང་ཞེ་ན། ཡུལ་གང་གཟུང་བ་ཙམ་དུ་གྲགས་པའི་དམིགས་པའི་རྟེན་གྱི་བྱ་བ་བྱེད་པ་སྟེ། འདི་ལྟ་སྟེ། སྨན་པས་ནད་པ་ལ་སྨན་ཁ་དོག་དང༌། དྲི་དང༌། རོ་དང༌། རེག་ཕུན་སུམ་ཚོགས་པ་དང༌། ནུས་པ་དང༌། སྨིན་པ་དང༌། མཐུ་ཆེ་བ་བྱིན་པ་དང༌། དེའི་ཁ་དོག་དང༌། དྲི་དང༌། རོ་དང༌། རེག་རྣམས་ནི་གཟུང་བ་ཙམ་དུ་གྲགས་པའི་དམིགས་པའི་རྟེན་དུ་གྱུར་པ་ཡིན་པར་བལྟ་བར་བྱའོ། །ནུས་པ་དང༌། སྨན་པ་དང༌། མཐུ་ཆེ་བ་ནི་ནད་མེད་པར་མ་བྱས་ཀྱི་བར་དུ་མངོན་པར་བརྟག་པར་བྱ་བ་མ་ཡིན་ནོ། །བྱས་པའི་འོག་ཏུ་ནི་བརྟགས་ཟིན་པ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་ནི་གཟུང་བ་ཙམ་དུ་གྲགས་པའི་དམིགས་པའི་རྟེན་གྱི་ཡུལ་དུ་རིག་པར་བྱའོ། །ཡུལ་ལ་གནས་པའི་རྟེན་གྱི་ཡུལ་གང་ཞེ་ན། ཡུལ་གང་ཡུལ་ལ་གནས་པའི་དམིགས་པའི་རྟེན་གྱི་བྱ་བ་བྱེད་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། རྣལ་འབྱོར་སྤྱོད་པས། ས་དང༌། ཆུ་དང༌། མེ་དང༌། རླུང་གི་ཁམས་བརྟགས་
ནས། ཆུ་ལ་སར་མོས་པར་བྱེད་པ་ན། སའི་འདུ་ཤེས་ཁོ་ནས་གནས་ཏེ། ཆུའི་འདུ་ཤེས་ནི་ལྡོག་པར་འགྱུར་རོ། །མེ་དང་རླུང་ལ་སར་མོས་པ་ན། སའི་འདུ་ཤེས་ཁོ་ནས་གནས་ཏེ། མེ་དང་རླུང་གི་འདུ་ཤེས་ནི་ལྡོག་པར་འགྱུར་རོ། །དེའི་སའི་འདུ་ཤེས་གང་ཡིན་པ་དེ་ནི་ཡུལ་གནས་པའི་དམིགས་པའོ། །ས་གང་ཡིན་པ་དེ་ནི་ཡུལ་ལ་གནས་པའི་དམིགས་པའི་རྟེན་ཏོ། །ས་ལ་ཇི་ལྟ་བ་བཞིན་དུ། ཆུ་དང༌། མེ་དང་རླུང་ལ་ཡང་ཅི་རིགས་པར་བལྟ་བར་བྱ་སྟེ། འདི་ནི་ཡུལ་ལ་གནས་པའི་དམིགས་པའི་རྟེན་གྱི་ཡུལ་ཞེས་བྱའོ། །དེ་ལ་ཡུལ་ལ་གནས་པའི་དམིགས་པའི་རྟེན་གྱི་ཡུལ་གང་ཡིན་པ་དེ་ནི་མངོན་པར་བརྟགས་ཟིན་པ་ཡང་མ་ཡིན་ལ། མངོན་པར་བརྟག་པར་བྱ་བ་ཡང་མ་ཡིན་ནོ། །ཁམས་རྣམས་ནི་མོས་པ་མ་གྲུབ་པའི་ཚེ་ནི་མངོན་པར་བརྟག་པར་བྱ་བ་ཡོད་དོ། །གྲུབ་ནས་ནི་མངོན་པར་བརྟགས་ཟིན་པ་ཡིན་ཏེ། འདི་ནི་མངོན་པར་བརྟགས་ཟིན་པ་ཡང་མ་ཡིན། བརྟག་པར་བྱ་བ་ཡང་མ་ཡིན་པའི་མངོན་སུམ་གྱི་ཚད་མ་ཞེས་བྱའོ། །ཡུལ་མ་འཁྲུལ་པའི་མངོན་སུམ་གང་ཞེ་ན། དེ་ནི་རྣམ་པ་ལྔ་འམ། རྣམ་པ་བདུན་དུ་བལྟ་བར་བྱ་སྟེ། རྣམ་པ་ལྔ་གང་ཞེ་ན། རྣམ་པ་ལྔས་འཁྲུལ་པའོ། །རྣམ་པ་ལྔས་འཁྲུལ་པ་ཡང་གང་ཞེ་ན། འདུ་ཤེས་འཁྲུལ་པ་དང༌། གྲངས་འཁྲུལ་པ་དང༌། དབྱིབས་འཁྲུལ་པ་དང༌། ཁ་དོག་འཁྲུལ་པ་དང༌། ལས་འཁྲུལ་པའོ། །འཁྲུལ་པ་རྣམ་པ་བདུན་གང་ཞེ་ན། འཁྲུལ་པ་རྣམ་པ་ལྔ་པོ་འདི་དག་ཉིད་ཀྱི་ནང་དུ་ཀུན་དུ་འགྲོ་བའི་འཁྲུལ་པ་རྣམ་པ་གཉིས་བསྲེས་ནས་འཁྲུལ་པ་རྣམ་པ་བདུན་དུ་འགྱུར་རོ། །འཁྲུལ་པ་རྣམ་པ་གཉིས་གང་ཞེ་ན། སེམས་འཁྲུལ་པ་དང༌། ལྟ་བ་འཁྲུལ་པའོ། །འདུ་ཤེས་པ་འཁྲུལ་པ་གང་ཞེ་ན། དེའི་མཚན་ཉིད་མ་ཡིན་པ་ལ་དེར་འདུ་ཤེས་པ་གང་ཡིན་པ་སྟེ། དཔེར་ན་འོད་ཟེར་གྱི་མཚན་མ་ཅན་གྱི་སྨིག་རྒྱུ་བ་ལ་ཆུར་འདུ་ཤེས་པ་ལྟ་བུའོ། །གྲངས་འཁྲུལ་པ་གང་ཞེ་ན། ཉུང་ངུ་ལ་མང་པོར་མངོན་པའི་ང་རྒྱལ་བྱེད་པ་གང་ཡིན་པ་སྟེ།
དཔེར་ན་རབ་རིབ་ཅན་གྱིས་ཟླ་བ་གཅིག་པུ་ལ། ཟླ་བ་མང་པོ་མཐོང་བ་ལྟ་བུའོ། །དབྱིབས་འཁྲུལ་པ་གང་ཞེ་ན། དབྱིབས་གཞན་ལ་དེ་ལས་གཞན་པའི་དབྱིབས་སུ་མངོན་པའི་ང་རྒྱལ་བྱེད་པ་གང་ཡིན་པ་སྟེ། དཔེར་ན་མགལ་མེ་ལ་འཁོར་ལོའི་དབྱིབས་སུ་མཐོང་བ་ལྟ་བུའོ། །ཁ་དོག་འཁྲུལ་པ་གང་ཞེ་ན། ཁ་དོག་གཞན་ལ་དེ་ལས་གཞན་པའི་ཁ་དོག་ཏུ་མངོན་པའི་ང་རྒྱལ་བྱེད་པ་གང་ཡིན་པ་སྟེ། དཔེར་ན་མིག་སེར་གྱི་ནད་ཀྱིས་བཏབ་པའི་དབང་པོས་གཟུགས་སེར་པོ་མ་ཡིན་པ་རྣམས་ལ་གཟུགས་སེར་པོར་མཐོང་བ་ལྟ་བུའོ། །ལས་འཁྲུལ་པ་གང་ཞེ་ན། ལས་མེད་པ་ལ་ལས་ཡོད་པར་མངོན་པའི་ང་རྒྱལ་བྱེད་པ་གང་ཡིན་པ་སྟེ། དཔེར་ན་ཁུ་ཚུར་དམ་དུ་བཅངས་ཏེ་རྒྱུག་པས་ཤིང་ཕྱིར་འགྲོ་བར་མཐོང་བ་ལྟ་བུའོ། །སེམས་འཁྲུལ་པ་གང་ཞེ་ན། འཁྲུལ་པ་རྣམ་པ་ལྔ་པོ་དེ་དག་ཉིད་ཀྱིས་རྣམ་པར་འཁྲུལ་པའི་དོན་ལ་སེམས་མངོན་པར་དགའ་བ་གང་ཡིན་པའོ། །ལྟ་བ་འཁྲུལ་པ་གང་ཞེ་ན། འཁྲུལ་པ་རྣམ་པ་ལྔ་པོ་ཉིད་ཀྱིས་རྣམ་པར་འཁྲུལ་པའི་དོན་ལ་འདོད་པ་དང༌། གསལ་བར་བྱེད་པ་དང༌། རྣམ་པར་གཞོག་པ་དང༌། བཀྲ་ཤིས་པང་འདུ་ཤིས་པ་དང༌། མངོན་པར་ཞེན་པ་གང་ཡིན་པའོ། །མངོན་སུམ་དེ་སུའི་མངོན་སུམ་དུ་བརྗོད་པར་བྱ་ཞེ་ན། མདོར་བསྡུ་ན་བཞི་སྟེ། དབང་པོ་གཟུགས་ཅན་གྱི་མངོན་སུམ་དང༌། ཡིད་ཀྱིས་མྱོང་བའི་མངོན་སུམ་དང༌། འཇིག་རྟེན་གྱི་མངོན་སུམ་དང༌། དག་པའི་མངོན་སུམ་མོ། །དབང་པོ་གཟུགས་ཅན་གྱི་མངོན་སུམ་གང་ཞེ་ན། ཇི་སྐད་བསྟན་པའི་མངོན་སུམ་གྱི་མཚན་ཉིད་ཀྱིས་དབང་པོ་གཟུགས་ཅན་ལྔ་པོ་རྣམས་ཀྱི་སྤྱོད་ཡུལ་ཏེ་ཡུལ་གང་ཡིན་པའོ། །ཡིད་ཀྱིས་མྱོང་བའི་མངོན་སུམ་གང་ཞེ་ན། ཇི་སྐད་བསྟན་པའི་མངོན་སུམ་གྱི་མཚན་ཉིད་ཡིད་ཀྱི་སྤྱོད་ཡུལ་ཏེ་ཡུལ་གང་ཡིན་པའོ། །འཇིག་རྟེན་གྱི་མངོན་སུམ་གང་ཞེ་ན། དེ་གཉི་ག་གཅིག་ཏུ་བསྡུས་པ་ནི། འཇིག་རྟེན་གྱི་མངོན་སུམ་ཞེས་བྱའོ། །དག་པའི་མངོན་སུམ་གང་ཞེ་ན། འཇིག་རྟེན་གྱི་མངོན་སུམ་གང་ཡིན་པ་ནི་དག་པའི་མངོན་སུམ་ཡང་དེ་ཡིན་ནོ། །
ངག་དག་པའི་མངོན་སུམ་ཡིན་ལ་འཇིག་རྟེན་གྱི་མངོན་སུམ་མ་ཡིན་པ་ཡང་ཡོད་དེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ་ཡུལ་གང་ཡིན་པ་སྟེ། ཡོད་པ་ལ་ཡང་ཡོད་པར། མེད་པ་ལ་ཡང་མེད་པར། བླ་ན་ཡོད་པ་ལ་ཡང་བླ་ན་ཡོད་པར། བླ་ན་མེད་པ་ལ་ཡང་བླ་ན་མེད་པར་ཤེས་པ་ནི་འཇིག་རྟེན་པ་རྣམས་དང་ཐུན་མོང་མ་ཡིན་པ་སྟེ། འདི་ནི་མངོན་སུམ་གྱི་ཚད་མ་ཞེས་བྱའོ།། །།བམ་པོ་བཅོ་བརྒྱད་པ། རྗེས་སུ་དཔག་པ་གང་ཞེ་ན། མངོན་པར་བརྟགས་པ་དང་བཅས་པས་མངོན་པར་བརྟགས་པ་དང༌། མངོན་པར་བརྟག་པར་བྱ་བའི་ཡུལ་ལོ། །དེ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། རྟགས་དང༌། ངོ་བོ་ཉིད་དང༌། ལས་དང༌། ཆོས་དང༌། རྒྱུ་དང་འབྲས་བུའོ། །རྟགས་ལས་རྗེས་སུ་དཔག་པ་གང་ཞེ་ན། དེ་ལྟར་རམ་སྔོན་མཐོང་བའི་མངོན་མཚན་དང་མཚན་མ་འགའ་ཞིག་གིས་འབྲེལ་པ་ལས་ཡུལ་མངོན་པར་བརྟགས་པ་གང་ཡིན་པ་སྟེ། དཔེར་ན་རུ་མཚོན་ལས་ཤིང་རྟ་རྗེས་སུ་དཔག་པ་དང༌། དུད་པ་ལས་མེ་དང༌། རྒྱལ་པོ་ལས་ཡུལ་འཁོར་དང༌། ཁྱིམ་ཐབ་ལས་བུད་མེད་དང༌། ནོག་དང་རྭ་ལས་བ་ལང་དང༌། བྱིས་པ་དང༌། སྐྲ་གནག་པ་དང༌། ལང་ཚོ་གཞོན་པ་ལས་གཞོན་ནུ་དང༌། གཉེར་མ་དང༌། སྐྲ་དཀར་ལ་སོགས་པ་ལས་རྒན་པོ་དང༌། རང་གི་ཆ་ལུགས་འཛིན་པ་ལས་ཁྱིམ་པའམ། རབ་ཏུ་བྱུང་བ་དང༌། འཕགས་པ་རྣམས་ལ་ལྟ་བར་འདོད་པ་དང༌། དམ་པའི་ཆོས་ཉན་པ་དང༌། སེར་སྣ་དང་བྲལ་བ་ལས་དད་པ་ཅན་དང༌། ལེགས་པའི་བསམ་པ་སེམས་པ་དང༌། ལེགས་པའི་སྨྲ་བ་སྨྲ་བ་དང༌། ལེགས་པའི་བྱ་བའི་ལས་བྱེད་པ་ལ་མཁས་པ་དང༌། སྙིང་བརྩེ་བ་དང༌། སྙན་པར་སྨྲ་བ་དང༌། བརྟན་པ་དང༌། སྦར་མ་ཆུམས་པ་དང༌། ཟབ་མོའི་དོན་གྱི་དགོངས་པ་ངེས་པར་འགྲེལ་པ་ལས། བྱང་ཆུབ་སེམས་དཔའ་དང༌། རྒོད་པ་དང༌། འཕྱར་བ་དང༌། ཅོ་འདྲི་བ་དང༌། རྩེ་བ་དང༌། ཅ་ཅོ་ཆེ་བ་ལས་འདོད་ཆགས་དང་བྲལ་བ་མ་ཡིན་པ་དང༌། རྟག་ཏུ་སྤྱོད་ལམ་རབ་ཏུ་ཞི་བ་ལས་འདོད་ཆགས་དང་བྲལ་བ་དང༌། དེ་བཞིན་གཤེགས་
པའི་མཚན་རྣམས་དང༌། དཔེ་བྱད་བཟང་པོ་རྣམས་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་དང༌། ཉེ་བར་ཞི་བ་དང༌། སྒྲུབ་པ་དང༌། མཐུ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་དང༌། གཞོན་ནུའི་ཚེ་མཐོང་བའི་མཚན་མ་ལས་དེ་ཉིད་འདི་ཡིན་ནོ་སྙམ་དུ་རྒན་པོ་རྗེས་སུ་དཔག་པ་དང༌། དེ་ལྟ་བུ་དང་མཐུན་པ་ནི། རྟགས་ལས་རྗེས་སུ་དཔག་པ་ཡིན་པར་རིག་པར་བྱའོ། །ངོ་བོ་ཉིད་ལས་རྗེས་སུ་དཔག་པ་གང་ཞེ་ན། མངོན་སུམ་གྱི་ངོ་བོ་ཉིད་ཀྱིས་ལྐོག་ན་འདུག་པའི་ངོ་བོ་ཉིད་བརྟག་པའམ། ངོ་བོ་ཉིད་ཀྱི་ཕྱོགས་གཅིག་ལ་ཕྱོགས་གཅིག་བརྟགས་པ་གང་ཡིན་པ་སྟེ། དཔེར་ན་ད་ལྟར་ལས་འདས་པ་རྗེས་སུ་དཔག་པ་དང༌། འདས་པ་ལས་མ་འོངས་པ་དང༌། ད་ལྟར་བྱུང་པ་ཉེ་བ་ལས་ཐག་རིང་བ་དང༌། ད་ལྟར་བྱུང་བ་ལས་མ་འོངས་པ་རྗེས་སུ་དཔག་པ་དང༌། བཟའ་བ་དང༌། བཏུང་བ་དང༌། བཞོན་པ་དང༌། གོས་དང༌། རྒྱན་རྣམས་ཀྱི་ཕྱོགས་གཅིག་པ་དང༌། ཉུང་ཟད་དང༌། ཤས་ཤིག་དང༌། ཆུང་ངུ་བརྟག་པས་ཡོན་ཏན་དང༌། སྐྱོན་བརྟག་པ་ལས་བཟའ་བ་དང༌། བཏུང་བ་དང༌། བཞོན་པ་དང༌། གོས་དང༌། རྒྱན་གྱི་ཚོགས་མཐའ་དག་རྗེས་སུ་དཔག་པ་དང༌། ཕྱོགས་གཅིག་ཚོས་པས་ལྷག་མ་ཡང་ཚོས་པ་དང༌། དེ་ལྟ་བུ་དང་མཐུན་པ་ནི་ངོ་བོ་ཉིད་ལས་རྗེས་སུ་དཔག་པ་ཡིན་པར་རིག་པར་བྱའོ། །ལས་ལས་རྗེས་སུ་དཔག་པ་གང་ཞེ་ན། བྱེད་པས་ལས་ཀྱི་རྟེན་བརྟག་པ་གང་ཡིན་པ་སྟེ། དཔེན་ན་མི་འགུལ་བ་དང༌། བྱ་ཚང་ཡོད་པ་ལ་སོགས་པ་ལས་སྡོང་དུམ་དུ་རྗེས་སུ་དཔག་པ་དང༌། འགུལ་བ་དང༌། ཡན་ལག་བསྐྱོད་པ་ལ་སོགས་པ་ལས་མི་དང༌། རྐ་ལག་གི་རྗེས་ལས་གླང་པོ་ཆེ་དང༌། ལུས་ཀྱིས་འགྲོ་བའི་རྗེས་ལས་སྦྲུལ་དང༌། སྐད་ཙེ་རེ་རེ་ཟེར་བ་ལས་རྟ་དང༌། ང་རོ་སྒྲོགས་པ་ལས་སེང་གེ་དང༌། འབུ་ཞེས་ཟེར་བ་ལས་ཁྱུ་བ་དང༌། མཐོང་བ་ལས་མིག་དང༌། ཐོས་པ་ལས་རྣ་བ་དང༌། སྣོམ་པ་ལས་སྣ་དང༌། མྱང་བ་ལས་ལྕེ་དང༌། རེག་པ་ལས་ལུས་དང༌། རྣམ་པར་ཤེས་པ་ལས་ཡིད་
དང༌། ཆུའི་ནང་དུ་སྣང་བ་ལ་བགེགས་བྱེད་པ་ལས་ས་དང༌། སྣུམ་པ་དང་སྔོན་པོའི་ཕྱོགས་མཐོང་བ་ལས་ཆུ་དང༌། ཐལ་བ་ཚ་བ་མཐོང་བ་ལས་མེ་དང༌། ཤིང་གཡོ་བ་ལས་རླུང་དང༌། རྟག་ཏུ་མིག་འཛུམས་ཤིང་ཁར་བ་ཐོགས་པ་དང༌། གཞན་གྱིས་བཀྲི་བ་དང༌། སྟེག་འཆའ་བ་དང༌། ལམ་མ་ཡིན་པར་འགྲོ་བ་ལས་ལོང་བ་དང༌། སྐད་ཆེན་པོས་ཐོས་པ་ལས་འོན་པ་དང༌། དད་པ་ཅན་དང༌། མཁས་པ་དང༌། འདོད་ཆགས་དང༌། འདོད་ཆགས་དང་བྲལ་བ་མ་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པ་རྣམས་ལ་ལས་ལས་རྗེས་སུ་དཔག་པར་སྔ་མ་བཞིན་དུ་བལྟ་བར་བྱའོ། །ཆོས་ལས་རྗེས་སུ་དཔག་པ་གང་ཞེ་ན། མི་འབྲལ་བའི་ཆོས་དང༌། འབྲེལ་པ་ལས་དེ་དང་འབྲེལ་པའི་ཆོས་ཉིད་བརྟག་པ་གང་ཡིན་པ་སྟེ། དཔེར་ན་མི་རྟག་པ་དང་འབྲེལ་པ་ལས་སྡུག་བསྔལ་བ་རྗེས་སུ་དཔག་པ་དང༌། སྡུག་བསྔལ་བ་དང་འབྲེལ་པ་ལས་སྟོང་པ་དང་བདག་མེད་པ་དང༌། སྐྱེ་བ་དང་འབྲེལ་པ་ལས་རྒ་བའི་ཆོས་ཉིད་དང༌། རྒ་བ་དང་འབྲེལ་པ་ལས་འཆི་བའི་ཆོས་ཉིད་དང༌། གཟུགས་ཅན་བསྟན་དུ་ཡོད་པ་དང༌། ཐོགས་པ་ཡོད་པ་དང་འབྲེལ་པ་ལས་ཕྱོགས་དང༌། ལུས་ཡོད་པར་རྗེས་སུ་དཔག་པ་དང༌། ཟག་པ་དང་བཅས་པ་དང་འབྲེལ་པ་ལས། སྡུག་བསྔལ་བ་དང༌། ཟག་པ་མེད་པ་དང་འབྲེལ་པ་ལས། སྡུག་བསྔལ་བ་མེད་པ་དང༌། འདུས་བྱས་དང་འབྲེལ་པ་ལས་སྐྱེ་བ་དང་འཇིག་པ་དང༌། གནས་པ་གཞན་དུ་འགྱུར་བའི་ཆོས་ཉིད་དང༌། འདུས་མ་བྱས་དང་འབྲེལ་པ་ལས་སྐྱེ་བ་མེད་པ་དང༌། འཇིག་པ་མེད་པ་དང༌། གནས་པ་གཞན་དུ་འགྱུར་བ་མེད་པའི་ཆོས་ཉིད་དང༌། དེ་ལྟ་བུ་དང་མཐུན་པ་ནི་ཆོས་ལས་རྗེས་སུ་དཔག་པ་ཡིན་པར་རིག་པར་བྱའོ། །རྒྱུ་དང་འབྲས་བུ་ལས་རྗེས་སུ་དཔག་པ་གང་ཞེ་ན། རྒྱུ་ལས་འབྲས་བུའམ། འབྲས་བུ་ལས་རྒྱུ་བརྟག་པ་གང་ཡིན་པ་སྟེ། དཔེར་ན་འགྲོ་བ་ལས་ཡུལ་གཞན་དུ་ཕྱིན་པར་རྗེས་སུ་དཔག་པ་དང༌། ཡུལ་གཞན་དུ་ཕྱིན་པ་ལས་འགྲོ་བ་རྗེས་སུ་དཔག་པ་དང༌། རྒྱལ་པོ་མཉེས་པར་བྱས་པ་ལས། བྱ་དགའ་
ཆེན་པོ་འཐོབ་པ་དང༌། བྱ་དགའ་ཆེན་པོ་འཐོབ་པ་ལས་རྒྱལ་པོ་མཉེས་པར་བྱས་པ་དང༌། ལས་ལེགས་པར་བྱས་པ་གྲུབ་པ་ལས་ནོར་དང༌། འབྲུ་མང་པོ་འཐོབ་པ་དང༌། ནོར་དང་འབྲུ་མང་པོ་ཐོབ་པ་ལས་ལས་ལེགས་པར་བྱས་པ་གྲུབ་པ་དང༌། སྔོན་གྱི་ལེགས་པར་སྤྱོད་པ་དང༌། ཉེས་པར་སྤྱོད་པ་ལས་ཕུན་སུམ་ཚོགས་པ་དང༌། རྒུད་པ་དང༌། ཕུན་སུམ་ཚོགས་པ་དང༌། རྒུད་པ་ལས་སྔོན་གྱི་ལེགས་པར་སྤྱོད་པ་དང༌། ཉེས་པར་སྤྱོད་པ་དང༌། ཁ་ཟས་མང་པོ་ཟོས་པ་ལས་ཚིམ་པ་དང༌། ཚིམ་པ་ལས་ཁ་ཟས་མང་པོ་ཟོས་པ་དང༌། ཁ་ཟས་མི་མཐུན་པ་ཟོས་པ་ལས་ནད་དང༌། ནད་ལས་ཁ་ཟས་མི་མཐུན་པ་ཟོས་པ་དང༌། བསམ་གཏན་ལས་འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་དང་བྲལ་བ་ལས་བསམ་གཏན་དང༌། ལམ་ལས་དགེ་སྦྱོང་གི་འབྲས་བུ་དང༌། དགེ་སྦྱོང་གི་འབྲས་བུ་ལས་ལམ་དང༌། དེ་ལྟ་བུ་དང་མཐུན་པ་ན་རྒྱུ་དང་འབྲས་བུ་ལས་རྗེས་སུ་དཔག་པ་ཡིན་པར་རིག་པར་བྱ་སྟེ། འདི་ནི་རྗེས་སུ་དཔག་པ་ཞེས་བྱའོ། །ཡིད་ཆེས་པའི་ལུང་གང་ཞེ་ན། ཐམས་ཅད་མཁྱེན་པས་གསུངས་པའམ། དེ་ལ་ཐོས་པའམ། དེའི་རྗེས་སུ་མཐུན་པའི་ཆོས་གང་ཡིན་པའོ།། དེ་ཡང་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། གསུང་རབ་སྡུད་པ་དང༌། ཀུན་ནས་ཉོན་མོངས་པའི་གཉེན་པོ་དང༌། མཚན་ཉིད་དང་མི་འགལ་བའོ། །གསུང་རབ་སྡུད་པ་གང་ཞེ་ན། ཉན་ཐོས་ཀྱིས་བཤད་པའམ། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་གཅིག་ནས་གཅིག་ཏུ་བརྒྱུད་ནས་འོངས་པ་གང་ཡིན་པ་དེ་ནི་ནང་དུ་ཆོས་སྡུད་པ་དང༌། དོན་སྡུད་པ་གང་ཡིན་པའོ། །ཀུན་ནས་ཉོན་མོངས་པའི་གཉེན་པོ་གང་ཞེ་ན། ཆོས་གང་བསྒོམས་ནས་འདོད་ཆགས་འདུལ་བར་འགྱུར་བ་དང༌། ཞེ་སྡང་འདུལ་བ་དང༌། གཏི་མུག་འདུལ་བ་དང༌། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་འདུལ་བར་འགྱུར་རོ། །མཚན་ཉིད་དང་མི་འགལ་བ་གང་ཞེ་ན། མཚན་ཉིད་དང་འགལ་བ་ལས་བཟློག་པ་ནི་མཚན་ཉིད་དང་མི་འགལ་བ་ཡིན་པར་བལྟ་བར་བྱའོ། །མཚན་ཉིད་དང་འགལ་བ་གང་ཞེ་ན། འདི་ལྟར་མཚན་ཉིད་
མེད་པ་ལ་མཚན་ཉིད་དུ་སྒྲོ་འདོགས་པ་སྟེ། དཔེར་ན་བདག་གམ་སེམས་ཅན་ནམ། སྲོག་གམ་སྐྱེ་བ་པོ་ལ་སོགས་བརྟག་པའམ། ཆད་པའམ། གཟུགས་ཅན་ནམ། གཟུགས་མེད་པ་ལ་སོགས་པ་ལྟ་བུའོ། །མཚན་ཉིད་གཅིག་ཏུ་ངེས་པར་ཡོད་པ་ལས་ངེས་པ་མེད་པ་རྣམ་པར་འཇོག་སྟེ། དཔེར་ན་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་ཡིན་ན། འདི་ནི་ཁ་ཅིག་ནི་རྟག་པར་རྣམ་པར་འཇོག་པར་བྱེད། ཁ་ཅིག་ནི་མི་རྟག་པར་རྣམ་པར་འཇོག་པར་བྱེད། ཁ་ཅིག་ནི་སྡུག་བསྔལ་བར་རྣམ་པར་འཇོག་པར་བྱེད། ཁ་ཅིག་ནི་སྡུག་བསྔལ་བ་མ་ཡིན་པར་རྣམ་པར་འཇོག་པར་བྱེད། ཁ་ཅིག་ནི་བདག་མེད་པར་རྣམ་པར་འཇོག་པར་བྱེད། ཁ་ཅིག་ནི་བདག་ཏུ་རྣམ་པར་འཇོག་པར་བྱེད་པ་དང༌། དེ་བཞིན་དུ་ལུང་དུ་མ་བསྟན་པའི་གཞི་རྣམས། བཅོམ་ལྡན་འདས་ཀྱིས་རྣམ་པར་གཞག་པ་དེ་དག་ལ་གཅིག་ཏུ་ངེས་པར་ལུང་བསྟན་དུ་རུང་བར་ཡོངས་སུ་ཚོལ་ཞིང༌། ལུང་བསྟན་པར་རྣམ་པར་གཞག་པ་ཡང་ཡིད་ཆེས་པ་དང༌། མ་ངེས་པ་ལ་གཅིག་ཏུ་ངེས་པར་རྣམ་པར་འཇོག་པར་བྱེད་དེ། དཔེར་ན་བདེ་པའི་ཚོར་བ་ཐམས་ཅད་ལས་ནི་འདོད་ཆགས་རྒྱས་པར་འགྱུར་རོ་ཞེས་བྱ་བ་དང༌། སྡུག་བསྔལ་ཐམས་ཅད་ལས་ནི་ཞེ་སྡང་ངོ༌། །བདེ་བའི་ཚོར་བ་ཟག་པ་དང་བཅས་པ་ཐམས་ཅད་ནི་གཅིག་ཏུ་ངེས་པར་བདེ་བའོ་ཞེས་བྱ་བ་དང༌། ཆེད་དུ་བསམས་པའི་ལས་ཀྱིས་ནི་གཅིག་ཏུ་ངེས་པར་སྡུག་བསྔལ་གྱི་རྣམ་པར་སྨིན་པ་འབའ་ཞིག་མྱོང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་དང༌། མཚན་ཉིད་ཡོད་ལ་ཁྱད་པར་མེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་ཁྱད་པར་ཅན་དུ་རྣམ་པར་འཇོག་པའམ། ཁྱད་པར་ཅན་གྱི་མཚན་ཉིད་གང་ཡིན་པ་དེ་ནི་ཁྱད་པར་མེད་པར་རྣམ་པར་འཇོག་སྟེ། དཔེར་ན་འདུས་ བྱས་ལ་ཁྱད་པར་ཅན་གྱི་མཚན་ཉིད་གང་ཡིན་པ ་དེ་ཡང༌། འདུས་མ་ བྱས་སུ་རྣམ་པར་འཇོག་པར་བྱེད། འདུས་མ་བྱས་ལ་ཁྱད་པར་མེད་པའི་མཚན་ཉིད་གང་ཡིན་པ ་དེ་ཡང་འདུས་བྱས་སུ་རྣམ་
པར་འཇོག་པར་བྱེད་པ་ལྟ་བུའོ། །འདུས་བྱས་དང་འདུས་མ་བྱས་ལ་ཇི་ལྟ་བ་བཞིན་དུ་གཟུགས་ཅན་རྣམས་དང་གཟུགས་མེད་པ་རྣམས་དང༌། བསྟན་དུ་ཡོད་པ་རྣམས་དང༌། ཐོགས་པ་དང་བཅས་པ་རྣམས་དང༌། ཐོགས་པ་མེད་པ་རྣམས་དང༌། ཟག་པ་དང་བཅས་པ་རྣམས་དང༌། ཟག་པ་མེད་པ་རྣམས་ལ་སོགས་པ་ལ་ཡང་ཅི་རིགས་སུ་རིག་པར་བྱའོ། །མཚན་ཉིད་ཡོད་པ་ཁོ་ན་ལ་ཡང་རྒྱུ་དང༌། འབྲས་བུས་རིགས་པ་མ་ཡིན་པར་གཏོགས་པའི་མཚན་ཉིད་དུ་རྣམ་པར་འཇོག་སྟེ། དཔེར་ན་ལེགས་པར་སྤྱོད་པའི་འབྲས་བུ་མི་སྡུག་པར་འགྱུར་བ་དང༌། ཉེས་པར་སྤྱོད་པའི་སྡུག་བར་འགྱུར་བ་དང༌། ཉེས་པར་བཤད་པའི་ཆོས་འདུལ་བ་ལ་ལོག་པར་བསྒྲུབས་པས་རྣམ་པར་དག་པར་འགྱུར་བ་དང༌། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཡང་དག་པར་བསྒྲུབས་པས་ཀུན་ནས་ཉོན་མོངས་པར་འགྱུར་བར་རྣམ་པར་འཇོག་པ་དང༌། གདགས་པར་སྨྲ་བས་ཡོངས་སུ་མ་གྲུབ་པའི་མཚན་ཉིད་ལ། གདགས་པར་སྨ་བས་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་རྣམ་པར་འཇོག་པ་སྟེ། དཔེར་ན་བརྗོད་དུ་མེད་པའི་ཆོས་ཐམས་ཅད་ལ་བརྗོད་པར་དོན་དམ་པ་རྣམ་པར་འཇོག་པ་དང༌། དེ་ལྟ་བུ་དང་མཐུན་པ་ནི་མཚན་ཉིད་མི་མཐུན་པར་བལྟ་བར་བྱའོ། །དེ་ལས་བཟློག་པ་ནི་མཚན་ཉིད་མི་མཐུན་པ་མེད་པའོ། །དེ་ནི་མཚན་ཉིད་མི་མཐུན་པ་མེད་པ་ཞེས་བྱ་སྟེ། འདི་ནི་ཡིད་ཆེས་པའི་ལུང་ཞེས་བྱའོ། །གང་གི་ཚེ་ཆོས་ཐམས་ཅད་རང་རང་གི་ཆོས་ཉིད་ལ་གནས་པར་རང་གི་མཚན་ཉིད་ལ་གནས་ཀྱི་གྲུབ་པའི་ཚེ་ཅིའི་ཕྱིར་བསྒྲུབ་པར་བྱ་བའི་དོན་རྣམ་པ་གཉིས་བསྟན་ཞེ་ན། ཕ་རོལ་ཡིད་ཆེས་པ་བསྐྱེད་པའི་ཕྱིར་ཡིན་གྱི། མཚན་ཉིད་བསྐྱེད་པའི་ཕྱིར་ནི་མ་ཡིན་ནོ། །ཅིའི་ཕྱིར་བསྒྲུབ་པར་བྱ་བའི་དོན་བསྒྲུབ་པར་ཐོག་མར་དམ་བཅའ་བར་བྱེད་ཅེ་ན། འདི་ལྟར་འདོད་ཅིང་བསམས་པའི་དོན་ཡོངས་སུ་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་གཏན་ཚིགས་ཀྱིས་བསྒྲུབ་ཅེ་ན། འདི་ལྟར་མཐོང་བའི་དངོས་པོ་ལ་བརྟེན་པའི་རིགས་པས་དམ་བཅས་པའི་དོན་དེ་ཉིད་ཕ་རོལ་འཛིན་དུ་གཞུག་པའི་ཕྱིར་རོ། །ཅིའི་ཕྱིར་དཔེ་བསྒྲུབ་ཅེ་ན། འདི་ལྟར་མཐོང་བའི་དངོས་པོ་ནི། རིགས་པ་དེ་ཉིད་
ཀྱི་གནས་ཡིན་པར་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་མཐུན་པ་དང༌། མི་མཐུན་པ་དང༌། མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པའི་ལུང་བསྒྲུབ་ཅེ་ན། འདི་ལྟར་གཏན་ཚིགས་དང༌། དཔེར་བརྗོད་པ་དེ་གཉིས་ཀྱི་འགལ་བ་དང༌། མི་འགལ་བའི་ཤེས་པ་ཡོངས་སུ་བསྟན་པའི་ཕྱིར་རོ། །འགལ་བ་དེ་ཡང་རྣམ་པ་གཉིས་ཀྱིས་རིག་པར་བྱ་སྟེ། མ་ངེས་པ་དང༌། བསྒྲུབ་པར་བྱ་བ་དང་འདྲ་བས་སོ། །མི་འགལ་པ་ནི་རྣམ་པ་གཉིས་ཁོ་ནས་རིག་པར་བྱ་སྟེ། གཅིག་ཏུ་ངེས་པ་དང༌། བསྒྲུབ་པར་བྱ་བའི་ཁྱད་པར་གྱིས་སོ། །གང་ན་འགལ་བ་ཡོད་པ་དེ་ནི་དམ་བཅས་པར་བསྒྲུབ་པ་ཚད་མར་བྱ་བ་མ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ནོ། །གང་ལ་འགལ་བ་མེད་པ་དེ་ནི་དམ་བཅས་པ་བསྒྲུབ་པ་ལ་ཚད་མར་བྱ་བ་ཡིན་པའི་ཕྱིར་ཚད་མ་ཞེས་བྱ་སྟེ། འདི་ནི་སྨྲ་བའི་གནས་ཞེས་བྱ་བའོ། །སྨྲ་བའི་རྒྱན་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། འདི་ལྟ་སྟེ། བདག་དང་ཕ་རོལ་གྱི་ལུགས་ཤེས་པ་དང༌། ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པ་དང༌། མི་འཇིགས་པ་དང༌། བརྟེན་པ་དང༌། ངོ་མི་བཟློག་པའོ། །བདག་དང་ཕ་རོལ་གྱི་ལུགས་ཤེས་པ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་ཆོས་འདུལ་བ་ལ་མངོན་པར་དགའ་སྟེ། བསྟན་བཅོས་དང༌། ལུགས་དང༌། གྲུབ་པའི་མཐའ་དེ་ལ་འདོན་པ་དང༌། དགའ་བ་དང༌། ཉན་པ་དང༌། བསམས་པ་དང༌། ཡོངས་སུ་སྨིན་པར་བྱ་བ་དང༌། སྒྲུབ་པས་མཁས་པར་བྱས་ཤིང་ཚིག་གིས་གོམས་པར་བྱས་ཏེ། བྱང་བར་ བྱས་པ་གང ་ཡིན་པ་དང༌། གཞན་ཡང་ཆོས་འདུལ་བ་ལ་མངོན་པར་མི་འདོད་ཅིང༌། མངོན་པར་མི་དགའ་སྟེ། ཕ་རོལ་གྱི་བསྟན་བཅོས་དང༌། ཕ་རོལ་གྱི་ལུགས་དང༌། ཕ་རོལ་གྱི་གྲུབ་པའི་མཐའ་དེ་ལ་འདོན་པ་དང༌། དགའ་བ་དང༌། ཉན་པ་དང༌། བསམས་པ་དང༌། ཡོངས་སུ་སྨིན་པར་བྱེད་ལ། སྒྲུབ་པར་ནི་མི་བྱེད་དེ། མཁས་པར་བྱས་ཤིང་ཚིག་གིས་གོམས་པར་བྱས་ཏེ། བྱང་བར་ བྱས་པ་གང ་ཡིན་པ་འདི་ནི་བདག་དང་ཕ་རོལ་གྱི་ལུགས་ཤེས་པ་ཞེས་བྱའོ། །ཚིག་སྦྱོར་བ་ཕུན་སུམ་
ཚོགས་པ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་ཚིག་ཟུར་ཕྱིན་པས་སྨྲ་བ་པོ་ཡིན་གྱི། ཚིག་ཟུར་མི་ཕྱིན་པས་མ་ཡིན་པ་ལྟ་བུ་སྟེ། ཚིག་གང་ཞེ་ན། དེ་ནི་ཡོན་ཏན་རྣམ་པ་ལྔ་དང་ལྡན་པར་རིག་པར་བྱ་སྟེ། གྲོང་མིའི་སྐད་མ་ཡིན་པ་དང༌། ཡང་བ་དང༌། བརྗིད་པ་དང༌། འབྲེལ་པ་དང༌། དོན་བཟང་པོ་ཡིན་ནོ། །ཇི་ལྟར་གྲོང་མིའི་སྐད་མ་ཡིན་པ་ཡིན་ཞེ་ན། ཡུལ་ངན་པ་དང༌། ཡུལ་འཁོར་ངན་པ་དང༌། ཡུལ་མི་ངན་པའི་སྐད་མ་ཡིན་པའོ། །ཇི་ལྟར་ན་ཡང་བ་ཡིན་ཞེ་ན། འཇིག་རྟེན་ན་གྲགས་ཤིང་ཤིན་ཏུ་རིགས་པའི་ཚིག་སྦྱོར་བར་བྱེད་པའོ། །ཇི་ལྟར་ན་བརྗིད་པ་ཡིན་ཞེ་ན། དོན་གང་བརྗོད་པའི་སྐབས་སུ་བབ་པའི་དོན་དེ་བསྒྲུབ་པའི་ཕྱིར་ལེགས་པར་སྦྱར་ཞིང་མཐུ་ཡོད་པའོ། །ཇི་ལྟར་ན་འབྲེལ་པ་ཡིན་ཞེ་ན། ཆོས་དང་དོན་སྔ་མ་དང་ཕྱི་མ་མི་འབྲེལ་བ་མ་ཡིན་པའོ། །ཇི་ལྟར་ན་དོན་བཟང་པ་ཡིན་ཞེ་ན། མངོན་པར་མཐོ་བའམ། ངེས་པར་ལེགས་པ་ལས་བརྩམས་ཏེ། ཕྱིན་ཅི་མ་ལོག་པའོ། །ཚིག་ཟུར་ཕྱིན་པར་སྨྲ་བ་རྣམས་ཀྱི་ཚིག་སྦྱོར་བ་དེ་ཡང་འདི་ལྟར་རྣམ་པ་དགུ་ཕུན་སུམ་ཚོགས་པར་རིག་པར་བྱ་སྟེ། མ་འཚལ་བ་དང༌། ཉེས་པར་རྩོམ་པ་མ་ཡིན་པ་དང༌། བརྡ་ཕྲད་པ་དང༌། རན་པ་དང༌། དོན་དང་ལྡན་པ་དང༌། དུས་དང༌། སྦྱོར་བ་དང༌། བསྟན་པ་དང༌། གསལ་བ་དང༌། རྒྱུན་ཆགས་པའོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ཚིག་སྦྱོར་བ་ཕུན་སུམ་ཚོགས་པ་སྟེ། འདི་ནི་ཚིག་སྦྱོར་བ་ཕུན་སུམ་ཚོགས་པ་ཞེས་བྱའོ། །མི་འཇིགས་པ་གང་ཞེ་ན། འདི་ལྟར་འདི་ནི་ཁ་ཅིག་རིས་ཀྱི་འཁོར་མང་པོ་རྣམ་པ་སྣ་ཚོགས་ཀྱི་རིས་དང༌། རགས་པའི་རིས་དང༌། མངོན་པར་ཞེན་པའི་རིས་དང༌། ཚོགས་པའི་རིས་དང༌། མཁས་པའི་རིས་ཀྱི་ནང་དུ་ཡང་རུང་སྟེ། སེམས་ཞུམ་པ་མེད་པ་དང༌། སེམས་དམན་པ་མེད་པ་དང༌། སེམས་འཇིགས་པ་མེད་པ་དང༌། ལུས་མི་རྡུལ་བ་དང༌། བཞིན་མི་འགྱུར་བ་དང༌། སྐད་མི་འདར་བ་དང༌། གཅོམ་མི་ཆུང་བར་ཚིག་སྨྲ་བ་སྟེ། འདི་ནི་མི་འཇིགས་པ་ཞེས་བྱ་བའོ། །བརྟན་
པ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་དུས་ལ་བབ་པ་ན་ཚིག་དལ་བུས་སྨྲ་བར་བྱེད་ཀྱི་རིངས་པར་མི་སྨྲ་བ་ལྟ་བུ་སྟེ། འདི་ནི་བརྟན་པ་ཞེས་བྱའོ། །ངོ་མི་བཟློག་བ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་དེས་ཤིང་གཞན་དག་ལ་རྣམ་པར་ཐོ་མི་འཚམས་པའི་རང་བཞིན་ཅན་ཡིན་པས། དེ་དེས་པ་རྣམས་ཀྱི་དེས་པའི་ཚུལ་གང་ཡིན་པ་དེ་ལས་འགལ་བར་མི་བྱེད་པས། ཕ་རོལ་གྱི་སེམས་སྲུང་ཞིང་ཚིག་སྨྲ་བ་སྟེ། དེ་ཡང་དུས་ལ་བབ་པ་དང༌། བདེན་པ་དང༌། དོན་དང་ལྡན་པ་དང༌། འཇམ་པ་དང༌། མཛའ་བའི་ཚུལ་གྱིས་བྱེད་པ་ལྟ་བུ་སྟེ། འདི་ནི་ངོ་མི་བཟློག་པ་ཞེས་བྱའོ། །སྨྲ་བའི་རྒྱན་རྣམ་པ་ལྔ་པོའི་སྐབས་དེ་ལྟ་བུ་འདི་ལ་ཡང་ཕན་ཡོན་རྣམ་པ་ཉི་ཤུ་རྩ་བདུན་ཡོད་པར་རིག་པར་བྱ་སྟེ། ཉི་ཤུ་རྩ་བདུན་པོ་གང་ཞེ་ན། འཁོར་གྱི་ནང་དུ་ཤིན་ཏུ་བཀུར་བར་འགྱུར་ཞིང༌། ཤིན་ཏུ་ཚིག་བཙུན་པར་འགྱུར་ལ། ཤིན་ཏུ་འཇིགས་པ་མེད་པར་འགྱུར་བ་དང༌། གཞན་གྱི་གཞུང་ལུགས་ཀྱི་སྐྱོན་ཤེས་པར་འགྱུར་བ་དང༌། བདག་གི་གཞུང་ལུགས་ཀྱི་ཁྱད་པར་ཤེས་པར་འགྱུར་བ་དང༌། མངོན་པར་ཞེན་པ་མེད་པར་འགྱུར་བ་དང༌། བསྟན་བཅོས་ཡོངས་སུ་འཛིན་པ་ལ་ཕྱོགས་ལ་ཆགས་པ་མེད་པ་དང༌། བདག་གི་འདུལ་བ་ལས་མི་འགྱུར་བ་དང༌། གཞན་གྱིས་སྨྲས་པ་ཤིན་ཏུ་མྱུར་དུ་གོ་བ་དང༌། གཞན་གྱིས་སྨྲས་པ་ཤིན་ཏུ་མྱུར་བར་འཛིན་ནུས་པ་དང༌། གཞན་གྱིས་སྨྲས་པའི་ལན་ཤིན་ཏུ་མྱུར་བར་འདེབས་ནུས་པ་དང༌། ཚིག་གི་ཡོན་ཏན་གྱིས་འཁོར་དགའ་བར་བྱེད་པ་དང༌། རིག་པ་དེ་ལ་མོས་པ་རྣམས་མགུ་བར་བྱེད་པ་དང༌། དོན་གྱི་ངེས་པའི་ཚིག་བཟང་པོས། ཚིག་དང་ཡིག་བྱེད་པ་དང༌། ལུས་ཀྱིས་གནོད་པར་མི་འགྱུར་བ་དང༌། ཡིད་ཀྱིས་གནོད་པར་མི་འགྱུར་བ་དང༌། ཚིག་མི་ཐོགས་པར་སྨྲ་བ་དང༌། སྤོབས་པ་ཐུག་པ་མེད་པ་དང༌། ལུས་མི་ངལ་བ་དང༌། བརྗོད་པ་མེད་པ་དང༌། སེམས་ཉམས་པ་མེད་པ་དང༌། ལྐོག་མ་ཉམས་པར་མི་འགྱུར་བ་དང༌། དེའི་ཚིག་གསལ་ཞིང་བརྡ་ཕྲད་པ་དང༌། བདག་ཉིད་སྲུང་ཞིང་བདག་མི་འཁྲུག་པ་
དང༌། ཕ་རོལ་གྱི་སེམས་སྲུང་ཞིང་ཕ་རོལ་འཁྲུག་པར་མི་བྱེད་པ་དང༌། ཕྱིར་སྨྲ་བའི་སེམས་མངོན་པར་དང་བར་བྱེད་པ་དང༌། ཁོན་མེད་ཅིང་འགྲན་ཟླ་མེད་པར་འགྱུར་བའི་ལམ་ལ་ཞུགས་པ་དང༌། ཕྱོགས་དང་ཕྱོགས་མཚམས་སུ་བསྔགས་པ་དང༌། གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེར་གྲགས་པར་འགྱུར་བ་དང༌། སློབ་དཔོན་ཆེན་པོ་སློབ་དཔོན་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང༌། འཇིག་རྟེན་དུ་སྒྲ་གྲགས་པར་འགྱུར་བ་སྟེ། དཔེར་ན་འདོད་པ་ལ་ལོངས་སྤྱོད་པ་ནི། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་ལ་སོགས་པས་སྤྲས་པའི་མགུལ་གདུབ་དང༌། གདུ་བུ་དང༌། དཔུང་རྒྱན་ལ་སོགས་པའི་རྒྱན་བཏགས་པས་ཤིན་ཏུ་ལྷམ་མེ་ལྷན་ནེ། ལྷང་ངེར་འདུག་པ་དེ་བཞིན་དུ། སྨྲ་བ་པོ་ཡང་ཕན་ཡོན་ཉི་ཤུ་རྩ་བདུན་པོ་འདི་དག་གིས་སྨྲས་བའི་རྒྱན་རྣམ་པ་ལྔ་པོ་འདི་དག་གིས་བརྒྱན་ན་ཤིན་ཏུ་ལྷམ་མེ་ལྷན་ནེ་ལྷང་ངེར་འགྱུར་རོ། །དེ་བས་ན་སྨྲ་བའི་རྒྱན་ཞེས་བྱ་སྟེ། འདི་ནི་སྨྲ་བའི་རྒྱན་ཞེས་བྱའོ། །སྨྲ་བ་ཆད་པས་བཅད་པ་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། བརྗོད་པ་གཏོང་བ་དང༌། བརྗོད་པ་སྨ་དབབ་པ་དང༌། བརྗོད་པའི་ཉེས་པའོ། །བརྗོད་པ་གཏོང་བ་གང་ཞེ་ན། འདི་ལ་སྨྲ་བ་པོས་ངག་གི་རྣམ་པར་རིག་བྱེད་རྣམ་པ་བཅུ་གསུམ་གྱིས་ཕྱིར་སྨྲ་བ་ལ་རྣམ་པར་རིག་པར་བྱེད་ཅིང་བརྗོད་པ་ཡོངས་སུ་གཏོང་བར་བྱེད་པའོ། །ངག་གི་རྣམ་པར་རིག་བྱེད་རྣམ་པ་བཅུ་གསུམ་གང་ཞེ་ན། འདི་ལྟ་སྟེ། བདག་གི་ནི་མ་ལེགས་སོ། །ཁྱོད་ཀྱི་ནི་ལེགས་སོ། །བདག་གི་ནི་ལེགས་པར་བརྟགས་པ་མ་ཡིན་ནོ། །ཁྱོད་ཀྱི་ནི་ལེགས་པར་བརྟགས་པའོ། །བདག་གི་ནི་རིགས་པ་མ་ཡིན་ནོ། །ཁྱོད་ཀྱི་ནི་རིགས་པ་ཡིན་ནོ། །བདག་གི་ནི་འབྲེལ་པ་མ་ཡིན་ནོ། །ཁྱོད་ཀྱི་ནི་འབྲེལ་བ་ཡིན་ནོ། །བདག་གི་སྨྲ་བ་ནི་ཚར་ཆོད་པར་གྱུར་ཏོ། །ཁྱོད་ཀྱི་སྨྲ་བ་ནི་བརྟན་པོར་གྱུར་ཏོ། །འདིར་བདག་གི་སྤོབས་པ་ནི་འདི་ཙམ་དུ་ཟད་དོ། །ཕྱི་མ་ནི་བསམས་ཏེ་སྨྲ་བར་བྱའོ། །དེ་ཙམ་གྱིས་ཆོག་གི་ཡང་བརྗོད་པར་མི་བྱའོ་ཞེས་ཟེར་བ་སྟེ། ངག་གི་རྣམ་པར་རིག་བྱེད་རྣམ་པ་བཅུ་གསུམ་པོ་འདིས་ཕྱིར་སྨྲ་བ་ལ་རྣམ་པར་རིག་
པར་བྱེད་ཅིང་བརྗོད་པའི་སྐབས་ཡོངས་སུ་གཏོང་ངོ༌། །དེ་ཡོངས་སུ་བཏང་ནས་ཐུབ་ཅིང་རྡུགས་ལ་ཕམ་པར་གྱུར་ཏེ་རྒྱབ་ཀྱིས་བལྟས་པར་བྱས་ཤིང་ཚར་བཅད་པ་ཡིན་ནོ། །དེ་ལྟ་བས་ན་བརྗོད་པ་གཏོང་བ་ཆད་པས་བཅད་པའི་གནས་ཞེས་བྱའོ། །བརྗོད་པ་སྨ་དབབ་པ་གང་ཞེ་ན། འདི་ལྟ་སྟེ། སྨྲ་བ་པོ་ཕ་རོལ་སྨྲ་པས་ཟིལ་གྱིས་མནན་པས་གཞན་ནས་གཞན་དུ་འགྱུར་བ་དང༌། མ་གཏོགས་པའི་གཏམ་གླེང་བ་དང༌། ཁྲོ་བ་དང༌། ཞེ་སྡང་དང༌། ང་རྒྱལ་དང༌། འཆབ་པ་དང༌། ཀུན་ནས་མནར་སེམས་དང༌། མི་བཟོད་པ་དང༌། རྐྱེན་ངན་པ་སྟོན་པར་བྱེད་པ་དང༌། ཡང་ན་ཅང་མི་སྨྲ་བར་འདུག་པ་དང༌། ཡུལ་ཡུལ་པོར་གྱུར་པ་དང༌། ཕྲག་པ་བཅུམ་པ་དང༌། གདོང་སྨད་པ་དང༌། སེམས་ཁོང་དུ་ཆུད་པ་དང༌། སྤོབས་པ་མེད་པར་གྱུར་བའོ། །གཞན་ནས་གཞན་དུ་གྱུར་པ་ཇི་ལྟ་བུ་ཞེ་ན། དམ་བཅས་པ་སྔ་མ་བཏང་ནས། དམ་བཅས་པ་གཞན་ལ་འཆེལ་བ་དང༌། གཏན་ཚིགས་དང་དཔེར་བརྗོད་པ་དང༌། མཐུན་པ་དང༌། མི་མཐུན་པ་དང༌། མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། ཡིད་ཆེས་པའི་ལུང་སྔ་མ་བཏང་སྟེ། ཡིད་ཆེས་པའི་ལུང་གཞན་ལ་འཆེལ་བར་བྱེད་པའོ། །མ་གཏོགས་པའི་གཏམ་གླེང་བ་ཇི་ལྟ་བུ་ཞེ་ན། བརྗོད་པའི་སྐབས་བཏང་ནས་ཁ་ཟས་ཀྱི་གཏམ་དང༌། སྐོམ་གྱི་གཏམ་དང༌། རྒྱལ་པོའི་གཏམ་དང༌། ཆོམ་རྐུན་གྱི་གཏམ་དང༌། བར་སྲང་གི་གཏམ་དང༌། སྨད་འཚོང་མའི་གཏམ་དང༌། དེ་ལྟ་བུ་དང་མཐུན་པའི་གཏམ་གང་ཡིན་པ་རྣམས་བརྗོད་པ་ནི། བརྗོད་པའི་སྐབས་སུ་མ་གཏོགས་པའི་གཏམ་ཞེས་བྱ་སྟེ། ལན་བཏབ་པ་བཏང་ནས་དེ་དག་གླེང་བར་བྱེད་དོ། །ཁྲོ་བ་སྟོན་པ་ཇི་ལྟ་བུ་ཞེ་ན། ཚོགས་པའི་ནང་དུ་ཚིག་རྩུབ་པོ་བརྗོད་པར་མི་འོས་པ་སྨྲ་བས་ཕྱིར་སྨྲ་བ་འཇིལ་བར་བྱེད་པའོ། །ཞེ་སྡང་སྟོན་པ་ཇི་ལྟ་བུ་ཞེ་ན། ཡང་བྱེད་དམ་ཞེས་བྱ་བའི་ཚིག་གིས་ཕྱིར་སྨ་བ་ལ་རྒོལ་བའོ། །ང་རྒྱལ་སྟོན་པ་ཇི་ལྟ་བུ་ཞེ་ན། རིགས་དང༌། རུས་དང༌། ཆོ་འབྲང་དམའ་བ་ལ་སོགས་པའི་ཚིག་གིས་ཕྱིར་སྨྲ་བ་ལ་སྨོད་པའོ། །འཆབ་
པ་སྟོན་པ་གང་ཞེ་ན། ཉེས་པ་སྤྱོད་པ་བཅབས་པ་མོས་པའི་ཚིག་གིས་ཕྱིར་སྨྲ་བ་ལ་གླེང་བར་བྱེད་པའོ། །ཀུན་ནས་མནར་སེམས་སྟོན་པ་ཇི་ལྟ་བུ་ཞེ་ན། གསོད་པ་དང༌། ཕྱིར་རྒོལ་བ་དང༌། དགྲའི་ཚིག་གིས་ཕྱིར་སྨྲ་བ་ལ་སྨྲ་བའོ། །མི་བཟོད་པ་སྟོན་པ་ཇི་ལྟ་བུ་ཞེ་ན། ཁོན་དུ་གཟུང་བའི་ཚིག་གིས་ཕྱིར་སྨྲ་བ་ལ་བསྡིགས་པའོ། །རྐྱེན་ངན་པ་སྟོན་པ་ཇི་ལྟ་བུ་ཞེ་ན། སྤྱོད་པ་ཉམས་པའི་ཚིག་གིས་ཕྱིར་སྨྲ་བ་སྤྱོད་པའོ། །ཅང་མི་སྨྲ་བར་འདུག་པ་ཇི་ལྟ་བུ་ཞེ་ན། ངག་གི་ལས་ཞུམ་པར་གྱུར་པའོ། །ཡུལ་ཡུལ་པོར་གྱུར་པ་ཇི་ལྟ་བུ་ཞེ་ན། ཡིད་ཀྱི་ལས་ཞུམ་པར་གྱུར་པའོ། །ཕྲག་པ་བཅུམ་པ་དང༌། གདོང་སྨད་པ་ཇི་ལྟ་བུ་ཞེ་ན། ལུས་ཀྱི་ལས་དང༌། བརྟན་པ་ཞུམ་པའོ། །སེམས་ཁོང་དུ་ཆུད་པ་དང༌། སྤོབས་པ་མེད་པར་གྱུར་པ་ཇི་ལྟ་བུ་ཞེ་ན། སྤོབས་པ་ཞུམ་པའོ། །དེ་ལྟར་རྣམ་པ་བཅུ་གསུམ་པོ་འདི་ངག་གིས་བརྗོད་པ་སྨ་དབབ་པར་རིག་པར་བྱ་སྟེ། དང་པོ་གཉིས་ཀྱིས་ནི་རྣམ་པར་གཡེང་བར་སྒྲུབ་བོ། །བར་མ་བདུན་གྱིས་ནི་ལོག་པར་སྒྲུབ་བོ། །ཐ་མ་བཞིས་ནི་མི་སྒྲུབ་སྟེ་འདི་ནི་བརྗོད་པ་སྨ་དབབ་ཅིང་ཆད་པས་བཅད་པའི་གནས་ཞེས་བྱའོ། །བརྗོད་པའི་ཉེས་པ་གང་ཞེ་ན། ཉེས་པ་དགུས་སྐྱོན་ཆགས་པའི་བརྗོད་པ་ནི་བརྗོད་པའི་ཉེས་པ་ཞེས་བྱ་སྟེ། ཉེས་པ་དགུ་གང་ཞེ་ན། འདི་ལྟ་སྟེ། ཚིག་འཆལ་པ་དང༌། ཉེས་པ་རྩོམ་པ་དང༌། བརྡ་མ་ཕྲད་པ་དང༌། རན་པ་མ་ཡིན་པ་དང༌། དོན་དང་ལྡན་པ་མ་ཡིན་པ་དང༌། དུས་མ་ཡིན་པ་དང༌། མི་བརྟན་པ་དང༌། མི་གསལ་བ་དང༌། ཚིག་རྒྱུན་ཆགས་མ་ཡིན་པའོ། །ཚིག་འཆལ་བ་གང་ཞེ་ན། བརྗོད་པའི་སྐབས་བཏང་སྟེ། གཏམ་རྣམ་པ་སྣ་ཚོགས་སུ་འཕྲོ་བ་གང་ཡིན་པའོ། །ཉེས་པ་རྩོམ་པའི་ཚིག་གང་ཞེ་ན། ཁྲོ་བའི་རྒོད་པ་དང༌། དྲོད་མི་ཐུབ་པའི་རྒོད་པ་གང་ཡིན་པའོ། །བརྡ་མི་ཕྲད་པའི་ཚིག་གང་ཞེ་ན། ཆོས་དང་དོན་གྱི་སྒོ་ནས་འཁོར་བ་དང༌། ཕྱིར་སྨྲ་བ་གཉི་གས་མི་གོ་བ་གང་ཡིན་པའོ། །རན་པ་མ་ཡིན་པའི་ཚིག་གང་ཞེ་ན། ལྷག་པ་དང༌། དོན་ཟློས་པ་དང༌། དོན་མ་ཚང་བ་གང་ཡིན་པའོ། །དོན་དང་ལྡན་པ་
མ་ཡིན་པའི་ཚིག་གང་ཞེ་ན། རྣམ་པ་བཅུར་བལྟ་བར་བྱ་སྟེ། དགོས་པ་མེད་པ་དང༌། དོན་མེད་པ་དང༌། རིགས་པ་ལས་ཉམས་པ་དང༌། བསྒྲུབ་པར་བྱ་བ་དང༌། འདྲ་བ་དང༌། ལྟག་ཆོད་དང༌། ཚིག་དོར་དང་ལྡན་པ་རྣམས་དང༌། དོན་མི་དམིགས་པ་དང༌། དོན་དང་མི་འབྲེལ་བ་དང༌། མ་ངེས་པ་དང༌། སྒྲུབ་པ་ཡང་བསྒྲུབ་པར་བྱ་བ་ཡིན་པ་དང༌། ཚུལ་བཞིན་མ་ཡིན་ཞིང་ཚོགས་པའི་ནང་དུ་མི་འོས་པའི་སྨྲ་བ་ཐམས་ཅད་ཀྱི་རྗེས་སུ་འབྲང་བའོ། །དུས་མ་ཡིན་པའི་ཚིག་གང་ཞེ་ན། སྔར་སྨྲ་བར་བྱ་པ་ཕྱིས་བརྗོད་པ་དང༌། ཕྱིས་སྨྲ་བར་བྱ་བ་སྔར་བརྗོད་པ་གང་ཡིན་པའོ། །ཚིག་མི་བརྟན་པ་གང་ཞེ་ན། དམ་བཅས་པ་ལས་འདོར་བ་དང༌། བོར་བ་ལས་ཕྱིར་དམ་འཆའ་བ་དང༌། ཧ་ཅང་རིངས་ཐབས་སུ་མྱུར་ཆེས་པས་མྱུར་ཏེ། མི་གསལ་བ་གང་ཡིན་པའོ། །ཚིག་མི་གསལ་བ་གང་ཞེ་ན། ཚིག་བསྡེབ་པའི་མཚན་ཉིད་ལས་འགལ་བར་བྱས་ཏེ། ཕྱིར་མ་བཟླས་པར་ལན་འདེབས་པ་དང༌། ལེགས་པར་སྦྱར་བའི་སྐད་ལས་བརྩམས་ལ་ཕལ་པའི་སྐད་ཀྱིས་མཇུག་མཐུད་པ་དང༌། ཕལ་པའི་སྐད་ལས་བརྩམས་པ་ལེགས་པར་སྦྱར་བའི་སྐད་ཀྱིས་མཇུག་མཐུད་པ་གང་ཡིན་པའོ། །ཚིག་རྒྱུན་ཆགས་མ་ཡིན་པ་གང་ཞེ་ན། བར་སྐབས་སུ་རྒྱུན་ཆད་དེ། ཚིག་གི་སྤོབས་པ་ཆད་པ་གང་ཡིན་པའོ། །ཉེས་པ་དགུ་པོ་འདི་དག་གིས་སྐྱོན་ཆགས་པའི་ཚིག་ནི་བརྗོད་པའི་ཉེས་པ་ཞེས་བྱ་སྟེ། འདི་ནི་བརྗོད་པའི་ཉེས་པ་ཆད་པས་བཅད་པའི་གནས་ཞེས་བྱའོ། །སྨྲ་བ་ལས་ངེས་པར་འབྱུང་བ་གང་ཞེ་ན། བརྟག་པ་རྣམ་པ་གསུམ་གྱིས་ལེགས་བར་བརྟགས་ནས་སྨྲ་བར་མི་བྱེད་པའམ་ཡང་ན་བྱེད་པ་ནི་ངེས་པར་འབྱུང་བ་ཞེས་བྱའོ། །བརྟག་པ་རྣམ་པ་གསུམ་གང་ཞེ་ན། ཡོན་ཏན་དང༌། ཉེས་པ་བརྟག་པ་དང༌། འཁོར་བརྟག་པ་དང༌། མཁས་མི་མཁས་བརྟག་པའོ། །ཡོན་ཏན་དང་ཉེས་པ་བརྟག་པ་གང་ཞེ་ན། འདི་ལྟ་སྟེ། སྨྲ་བ་པོ་དང༌། སྨྲ་བ་རྩོམ་པ་ན། འདི་ལྟར་སོ་སོར་རྟོག་པར་བྱེད་དེ། ཅི་བདག་གི་སྨྲ་བར་བྱ་བ་འདི་བདག་ལ་གནོད་པ་དང༌།
ཕ་རོལ་ལ་གནོད་པ་དང༌། གཉི་ག་ལ་གནོད་པར་འགྱུར་བ་དང༌། ཚེ་འདི་དང༌། ཚེ་ཕྱི་མ་དང༌། ཚེ་འདི་དང༌། ཚེ་ཕྱི་མ་གཉི་གའི་ཁ་ནམ་ཐོ་བ་སྐྱེ་བ་དང་དེ་ལས་སྐྱེས་པའི་སེམས་ལས་བྱུང་བའི་སྡུག་བསྔལ་བ་དང༌། ཡིད་མི་བདེ་པ་སྐྱེ་བ་དང༌། མཚོན་ལེན་པ་དང༌། དབྱུག་པ་ལེན་པ་དང༌། འཐབ་པ་དང༌། མཚང་འབྲུ་བ་དང༌། འགྱེད་པ་དང༌། རྩོད་པ་དང༌། གཡོ་སྒྱུའི་ཚིག་དང༌། གནོད་པ་དང༌། བརྫུན་དུ་སྨྲ་བ་དང༌། སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་སྐྱེ་བར་འགྱུར་གྱི། བདག་ལ་ཕན་པ་མ་ཡིན་པ་དང༌། ཕ་རོལ་ལ་ཕན་པ་མ་ཡིན་པ་དང༌། སྐྱེ་བོ་མང་པོ་ལ་ཕན་པ་མ་ཡིན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བ་མ་ཡིན་པ་དང༌། འཇིག་རྟེན་ལ་སྙིང་བརྩེ་བ་མ་ཡིན་པ་དང༌། ལྷ་དང་མི་རྣམས་ཀྱི་དོན་དང༌། ཕན་པ་དང་བདེ་བ་མ་ཡིན་པ་ཞིག་ཏུ་མི་འགྱུར་གྲང་སྙམ་དུ་རྟོག་སྟེ། གལ་ཏེ་དེ་དེ་ལྟར་སོ་སོར་རྟོག་པ་ན་བདག་གིས་བརྩད་པར་བྱ་བ་འདི་ནི་བདག་ལ་གནོད་པར་འགྱུར་ཞེས་བྱ་བ་ནས་རྒྱས་པར་ལྷ་དང་མི་རྣམས་ཀྱི་དོན་དང༌། ཕན་པ་དང་བདེ་བ་མ་ཡིན་པའི་བར་དུ་འདུ་ཤེས་ན། སྨྲ་བ་པོ་དེས་སོ་སོར་བརྟགས་ཏེ་སྨྲ་བར་མི་བྱའོ། །གལ་ཏེ་དེ་འདི་ལྟར་སོ་སོར་རྟོག་པ་ན། བདག་གི་སྨྲ་བར་བྱ་བ་འདི་ནི་བདག་ལ་གནོད་པར་མི་འགྱུར་བ་ནས། རྒྱས་པར་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བ་ཡིན་ཞེས་བྱ་བའི་བར་དུ་ཤེས་ན། རྩོད་པ་པོ་དས་སོ་སོར་བརྟགས་ནས་བ་རྩོད་པར་བྱ་སྟེ། འདི་ནི་འདི་ལྟ་སྟེ། མི་བྱ་བ་དང༌། བྱ་བ་ལས་སྨྲ་བ་ལས་འབྱུང་བ་དང་པོའོ། །འཁོར་བརྟག་པ་གང་ཞེ་ན། འདི་ལྟ་སྟེ། སྨྲ་བ་པོ་འདི་ལྟར་སོ་སོར་རྟོག་སྟེ། ཅི་འཁོར་འདི་དག་མངོན་པར་ཞེན་པ་ཡིན་ནམ། མངོན་པར་ཞེན་པ་མ་ཡིན་ནམ། ཚོགས་པ་བཟང་པོ་ཡིན་ནམ། ཚོགས་པ་ངན་པ་ཡིན་ནམ། མཁས་པ་ཡིན་ནམ། མི་མཁས་པ་ཡིན་སྙམ་དུ་རྟོག་སྟེ། གལ་ཏེ་དེ་སོ་སོར་རྟོག་པ་ན་འཁོར་འདི་དག་ནི་མངོན་པར་ཞེན་པ་ཡིན་གྱི། མངོན་པར་ཞེན་པ་མ་ཡིན་པ་དང༌། ཚོགས་པ་བཟང་པོ་མ་ཡིན་གྱི། ཚོགས་པ་ངན་པ་ཡིན་པ་དང༌། མཁས་པ་མ་ཡིན་གྱི་མི་མཁས་པ་ཡིན་པར་ཤེས་ན། སྨྲ་
བ་པོ་དེས་སོ་སོར་བརྟགས་ཏེ་འཁོར་དེ་ལ་གཏམ་མི་བྱའོ། །གལ་ཏེ་སོ་སོར་རྟོག་པ་ན་འཁོར་འདི་དག་ནི་མངོན་པར་ཞེན་པ་མེད་པ་ཡིན་གྱི། མངོན་པར་ཞེན་པ་མ་ཡིན་པ་དང༌། ཚོགས་པ་བཟང་པོ་ཡིན་གྱི། ཚོགས་པ་ངན་པ་མ་ཡིན་པ་དང༌། མཁས་པ་ཡིན་གྱི་མི་མཁས་པ་མ་ཡིན་པར་ཤེས་ན་སྨྲ་བ་པོ་དེས་སོ་སོར་བརྟགས་ནས་འཁོར་དེ་ལ་གཏམ་བྱ་སྟེ། འདི་ནི་འདི་ལྟ་སྟེ། མི་བྱ་བ་དང༌། བྱ་བ་ལས་སྨྲ་བ་ལས་འབྱུར་བ་གཉིས་པའོ། །མཁས་མི་མཁས་བརྟག་པ་གང་ཞེ་ན། འདི་ལྟ་སྟེ། སྨྲ་བ་པོ་བདག་ཉིད་ལ་མཁས་མི་མཁས་སོ་སོར་རྟོག་པ་སྟེ། ཅི་བདག་སྨྲ་བ་དང༌། སྨྲ་བའི་ཞལ་ཅེ་བ་དང༌། སྨྲ་བའི་གཞི་དང༌། སྨྲ་བའི་རྒྱན་དང༌། སྨྲ་བའི་ཆད་པས་བཅད་པ་ལ་མཁས་སམ་འོན་ཏེ་མི་མཁས། ཅི་བདག་ལ་བདག་གི་སྨྲ་བའི་གཞུང་འཛུགས་པ་དང༌། ཆད་པས་བཅད་པའི་གནས་ནས་ཐར་པར་བྱ་བ་དང༌། སྨྲ་བའི་ཟླ་ཚར་བཅད་པའི་མཐུ་ཡོད་དམ་སྙམ་དུ་རྟོག་སྟེ། གལ་ཏེ་དེ་དེ་ལྟར་སོ་སོར་རྟོག་པ་ན། བདག་མཁས་པ་མ་ཡིན་གྱི་མི་མཁས་པ་དང༌། མཐུ་ཡོད་པ་མ་ཡིན་གྱི་མཐུ་མེད་པར་ཤེས་ན། སྨྲ་བ་པོ་དེས་སོ་སོར་བརྟགས་ཏེ་ཕྱིར་སྨྲ་བ་ལ་གཏམ་མི་བྱའོ། །གལ་ཏེ་འདི་ལྟར་སོ་སོར་རྟོག་པ་ན། བདག་ནི་མཁས་པ་ཡིན་གྱི། མི་མཁས་པ་མ་ཡིན་པ་དང༌། བདག་ནི་མཐུ་ཡོད་པ་ཡིན་གྱི། མཐུ་མེད་པ་མ་ཡིན་པར་ཤེས་ན། སྨྲ་བ་པོ་དེས་སོ་སོར་བརྟགས་ཏེ་ཕྱིར་སྨྲ་བ་ལ་གཏམ་བྱ་སྟེ། འདི་ནི་འདི་ལྟ་སྟེ། མི་བྱ་བ་དང༌། བྱ་བ་ལས་སྨྲ་བ་ལས་ངེས་པར་འབྱུང་བ་གསུམ་པ་སྟེ། འདི་ནི་སྨྲ་བ་ལས་འབྱུང་བ་ཞེས་བྱའོ། །སྨྲ་བ་ལ་གཅེས་སྤྲས་བྱེད་པའི་ཆོས་རྣམས་གང་ཞེ་ན། ཆོས་གསུམ་ནི་སྨྲ་བ་ལ་གཅེས་སྤྲས་བྱེད་པར་རིག་པར་བྱ་སྟེ། བདག་དང་ཕ་རོལ་གྱི་གཞུང་ལུགས་ཤེས་པ་དང༌། མི་འཇིགས་པ་དང༌། སྤོབས་པའོ། །ཅིའི་ཕྱིར་ཆོས་གསུམ་པོ་འདི་དག་སྨྲ་བ་ལ་གཅེས་སྤྲས་བྱེད་པ་ཞེས་བྱ་ཞེ་ན། འདི་ལྟར་སྨྲ་བ་པོས་བདག་དང་ཕ་རོལ་གྱི་གཞུང་ལུགས་ཤེས་ན། དངོས་པོ་ཐམས་ཅད་ལ་གཏམ་བྱེད་ནུས་སོ། །མི་འཇིགས་པས་ནི་འཁོར་
ཐམས་ཅད་ཀྱི་ནང་དུ་གཏམ་བྱེད་ནུས་སོ། །སྤོབས་པས་ནི་སྨྲ་བ་ཐམས་ཅད་ལ་ལན་འདེབས་ནུས་སོ། །དེ་བས་ན་ཆོས་གསུམ་པོ་འདི་དག་སྨྲ་བ་ལ་གཅེས་སྤྲས་བྱེད་པ་ཞེས་བྱ་སྟེ། འདི་དག་ནི་སྨྲ་བ་ལ་གཅེས་སྤྲས་བྱེད་པའི་ཆོས་རྣམས་ཞེས་བྱའོ། །སྡོམ་ལ། །སྨྲ་དང་དེ་ཡི་ཞལ་ཅེ་པ། །དེ་ཡི་གནས་དང་རྒྱན་རྣམས་དང༌། །དེ་ཡི་ཆད་པས་བཅད་པ་དང༌། །འབྱུང་དང་གཅེས་སྤྲས་བྱེད་པའོ། །སྒྲའི་རིག་པ་གང་ཞེ་ན། དེ་ནི་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། ཆོས་གདགས་པ་རྣམ་པར་གཞག་པ་དང༌། དོན་གདགས་པ་རྣམ་པར་གཞག་པ་དང༌། གང་ཟག་གདགས་པ་རྣམ་པར་གཞག་པ་དང༌། དུས་གདགས་པ་རྣམ་པར་གཞག་པ་དང༌། གྲངས་གདགས་པ་རྣམ་པར་གཞག་པ་དང༌། གཞི་ཡན་ལག་དང་བཅས་པ་གདགས་པ་རྣམ་པར་གཞག་པའོ། །སྡོམ་ལ། ཆོས་དང་དོན་དང་གང་ཟག་དུས། །གྲངས་དང་གཞི་ནི་ཡན་ལག་བཅས། །གང་ཡིན་དེ་དག་མདོར་ན་འདིར། །སྒྲ་རྣམས་ཀྱི་ནི་གནས་ཡིན་ནོ། །དེ་ལ་ཆོས་གདགས་པ་རྣམ་པར་གཞག་པ་ནི། མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་རྣམས་དང༌། ཡོན་ཏན་ལྔ་དང་ལྡན་པའི་སྒྲ་སྟེ། གྲོང་མིའི་སྐད་མ་ཡིན་པ་དང༌། ཡང་བ་དང༌། བརྗིད་པ་དང༌། འབྲེལ་པ་དང༌། དོན་བཟང་པོའོ། །དེ་ལ་དོན་གདགས་པ་རྣམ་པར་གཞག་པ་ནི། རྣམ་པ་བཅུར་རིག་པར་བྱ་སྟེ། དབང་པོ་རྣམ་པར་གཞག་པ་དང༌། འབྱུང་བ་ཆེན་པོ་རྣམ་པར་གཞག་པ་དག་ལས་རྣམ་པར་གཞག་པ་དང༌། ཡོངས་སུ་ཚོལ་བ་རྣམ་པར་གཞག་པ་དང༌། ཆོས་མ་ཡིན་པ་རྣམ་པར་གཞག་པ་དང༌། ཆོས་རྣམ་པར་གཞག་པ་དང༌། འབྱོར་པ་རྣམ་པར་གཞག་པ་དང༌། རྒུད་པ་རྣམ་པར་གཞག་པ་དང༌། ལོངས་སྤྱོད་རྣམ་པར་གཞག་པ་དང༌། རྗེས་སུ་སྲུང་བ་རྣམ་པར་གཞག་པའོ། །སྡོམ་ལ། མིག་ལ་སོགས་དང་ས་ལ་སོགས། །ལུས་ཀྱི་ལ་སོགས་ཚོལ་བ་དང༌། །ཆོས་མིན་ཆོས་དང་འབྱོར་པ་དང༌། །རྒུད་དང་ལོངས་སྤྱོད་རྗེས་སུ་བསྲུངས། །དེ་ལ་དབང་པོ་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། ལྟ་བའི་དོན་དང༌། ཉན་པའི་དོན་དང༌།
སྣོམ་པའི་དོན་དང༌། མྱང་བའི་དོན་དང༌། རེག་པའི་དོན་དང༌། རྣམ་པར་ཤེས་པའི་དོན་ཏོ། །དེ་ལ་འབྱུང་བ་ཆེན་པོ་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། རྟེན་ལ་སོགས་པའི་དོན་དང༌། བརླན་པ་ལ་སོགས་པའི་དོན་དང༌། སྣང་བ་ལ་སོགས་པའི་དོན་ཏོ། །དེ་ལ་ལས་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། འགྲོ་བ་ལ་སོགས་པའི་དོན་དང༌། སྨྲ་བ་ལ་སོགས་པའི་དོན་དང༌། སེམས་པ་དང༌། དྲན་པ་དང༌། བློ་ལ་སོགས་པའི་དོན་ཏོ། །དེ་ལ་ཚོལ་བ་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། གཉེར་བ་ལ་སོགས་པའི་དོན་ཏོ།། དེ་ལ་ཆོས་མ་ཡིན་པ་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། འཚེ་བ་དང༌། རྐུ་བ་ལ་སོགས་པའི་དོན་ཏོ། །དེ་ལ་ཆོས་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། སྦྱིན་པ་དང༌། ལེགས་པར་སྡོམ་པ་ལ་སོགས་པའི་དོན་ཏོ། །དེ་ལ་འབྱོར་པ་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། ཐོབ་པ་དང༌། དགའ་བ་དང༌། རངས་པ་ལ་སོགས་པའི་དོན་ཏོ། །དེ་ལ་རྒུད་པ་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། འཇིགས་པ་དང༌། མི་དགའ་བ་ལ་སོགས་པའི་དོན་ཏོ། །དེ་ལ་ལོངས་སྤྱོད་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། བཟའ་བ་དང༌། བཏུང་བ་དང༌། བགོ་བ་དང༌། འཁྱུད་པ་དང༌། བསྙེན་བཀུར་བྱ་བ་ལ་སོགས་པའི་དོན་ཏོ། །དེ་ལ་རྗེས་སུ་བསྲུང་བ་རྣམ་པར་གཞག་པ་ནི་འདི་ལྟ་སྟེ། བསྐྱང་བ་དང༌། གསོ་བ་དང༌། དགང་བ་ལ་སོགས་པའི་དོན་ཏོ། །ཡང་མདོར་བསྡུ་ན་དོན་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། ངོ་བོ་ཉིད་ཀྱི་དོན་དང༌། རྒྱུའི་དོན་དང༌། འབྲས་བུའི་དོན་དང༌། བྱ་བའི་དོན་དང༌། ཁྱད་པར་དུ་སྦྱོར་བའི་དོན་དང༌། འཇིགས་པའི་དོན་ཏོ། །སྡོམ་ལ། ངོ་བོ་ཉིད་དང་རྒྱུ་དང་འབྲས། །དེ་ཡི་བྱ་བ་སྦྱོར་དང་འཇིགས། །དེ་ལ་གང་ཟག་གདགས་པ་རྣམ་པར་གཞག་པ་ནི། སྐྱེས་པ་དང༌། བུད་མེད་དང༌། མ་ནིང་རྣམ་པར་གཞག་པ་དང༌། སྐྱེས་བུ་དང་པོ་དང༌། བར་མ་དང༌། མཆོག་རྣམ་པར་གཞག་པའོ། །དེ་ལ་དུས་གདགས་པ་རྣམ་པར་གཞག་པ་ནི། དུས་རྣམ་པ་གསུམ་སྟེ། འདས་པ་སྟེ་འདས་པའི་བྱེ་བྲག་དང༌། མ་འོངས་པ་སྟེ་མ་འོངས་པའི་བྱེ་བྲག་དང༌། ད་ལྟར་གྱི་སྟེ་ད་ལྟར་གྱི་བྱེ་བྲག་གོ །དེ་ལ་
གྲངས་གདགས་པ་རྣམ་པར་གཞག་པ་ནི། གྲངས་རྣམ་པ་གསུམ་སྟེ། གཅིག་གི་གྲངས་དང༌། གཉིས་ཀྱི་གྲངས་དང༌། མང་པོའི་གྲངས་སོ། །དེ་ལ་གཞི་རྣམ་པར་གཞག་པ་དང༌། ཡན་ལག་རྣམ་པར་གཞག་པ་ལ་གཞི་ནི་ལྔ་སྟེ། སྦྱར་བ་དང༌། མིང་དང༌། བསྡུ་བ་དང༌། དེ་ལ་ཕན་པ་དང༌། སྙད་པའོ། །ཡན་ལག་ནི་སྐད་ཀྱི་དབྱིངས་ལས་འབྱུང་བ་ལ་སོགས་པ་སྟེ། དེ་གཉི་ག་བསྡུས་པ་ལ་ནི་གཞི་ཡན་ལག་དང་བཅས་པ་ཞེས་བྱའོ། །དེ་ལ་བཟོའི་ལས་ཀྱི་གནས་ཀྱི་རིག་པ་གང་ཞེ་ན། བཟོ་ནི་མདོར་བསྡུ་ན་རྣམ་པ་བཅུ་གཉིས་ཏེ། དེ་དག་ཤེས་པ་གང་ཡིན་པ་དེ་དག་ནི་བཟོའི་ལས་ཀྱི་གནས་ཀྱི་རིག་པ་ཞེས་བྱའོ། །བཟོ་རྣམ་པ་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། སྣམས་སུ་བྱ་བའི་བཟོ་དང༌། ཉོ་ཚོང་གི་བཟོ་དང༌། རྒྱལ་པོའི་ཞམ་འབྲིང་བྱ་བའི་བཟོ་དང༌། ཡི་གེ་དང༌། རྩིས་དང༌། ཤོད་དགོད་པ་དང༌། གྲངས་དང༌། ལག་རྩིས་ཀྱི་བཟོ་དང༌། ལྟས་སུ་བལྟ་བའི་བཟོ་དང༌། བློ་གྲོས་ཀྱི་བཟོ་དང༌། འབུར་གྱི་བཟོ་དང༌། བསྐྱེད་པའི་བཟོ་དང༌། སྣམས་སུ་བྱ་བའི་བཟོ་དང༌། སྦྱོར་བའི་བཟོ་དང༌། གཡོས་སུ་བྱ་བའི་བཟོ་དང༌། རོལ་མོའི་བཟོའོ། །རྣལ་འབྱོར་སྤྱོད་པའི་ས་ལས། ཐོས་པ་ལས་བྱུང་བའི་ས་རྫོགས་སོ།། །།བསམས་པ་ལས་བྱུང་བའི་ས་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ངོ་བོ་ཉིད་རྣམ་པར་དག་པ་དང༌། ཤེས་བྱ་རབ་ཏུ་རྣམ་པར་འབྱེད་པ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དེ་ལ་ངོ་བོ་ཉིད་རྣམ་པར་དག་པ་གང་ཞེ་ན། དེ་ནི་རྣམ་པ་དགུར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཁ་ཅིག་ཇི་ལྟར་ཐོས་པ་དང༌། ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་གཅིག་པུ་དབེན་པ་ན་འདུག་ཅིང་སེམས་ཏེ། བསམ་པར་བྱ་བ་མ་ཡིན་པ་ཡོངས་སུ་སྤངས་ནས། བསམ་པར་བྱ་བ་སེམས་པ་དང༌། ནག་བོ་བསྟན་པ་དང༌། ཆེན་པོ་བསྟན་པ་ཡང་ཡོངས་སུ་ཤེས་པ་དང༌། དོན་ལ་རྟོན་ཅིང་སེམས་ཀྱི། ཚིག་འབྲུ་ལ་མི་རྟོན་པ་དང༌། ཁ་ཅིག་ལ་ནི་དད་པས་མོས་པར་བྱེད་པ་དང༌། ཁ་ཅིག་ལ་ནི་ཤེས་རབ་ཀྱིས་རྣམ་པར་དཔྱོད་པར་བྱེད་པ་དང༌། སྲན་ཐུབ་པར་སེམས་པ་དང༌། བརྟན་
པོར་སེམས་པ་དང༌། རྒྱས་པར་སེམས་པ་དང༌། བསམ་པ་དེ་ཡང་མཐར་ཕྱིན་པར་བྱེད་ཀྱི། བར་མ་དོར་སྒྱིད་ལུག་པར་མི་བྱེད་པ་སྟེ། དེ་ལྟར་རྣམ་པར་དག་པ་རྣམ་པ་དགུ་པོ་འདིས་བསམ་པ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་ཤེས་བྱ་རབ་ཏུ་རྣམ་པར་འབྱེད་པ་གང་ཞེ་ན། བརྟག་པར་བྱ་བའི་དོན་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ་སྟེ། བརྟག་པར་བྱ་བའི་དོན་གང་ཞེ་ན། ཡོད་པ་ལ་ཡང་ཡོད་པར། མེད་པ་ལ་ཡང་མེད་པར་བརྟག་པ་ནི། བརྟག་པར་བྱ་བའི་དོན་ཅེས་བྱའོ། །བརྟག་པར་བྱ་བ་ཡོད་པའི་དངོས་པོ་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། རང་གི་མཚན་ཉིད་ཀྱིས་ཡོད་པ་དང༌། སྤྱིའི་མཚན་ཉིད་ཀྱིས་ཡོད་པ་དང༌། བརྡའི་མཚན་ཉིད་ཀྱིས་ཡོད་པ་དང༌། རྒྱུའི་མཚན་ཉིད་ཀྱིས་ཡོད་པ་དང༌། འབྲས་བུའི་མཚན་ཉིད་ཀྱིས་ཡོད་པའོ། །རང་གི་མཚན་ཉིད་ཀྱིས་ཡོད་པ་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། དོན་དམ་པའི་མཚན་ཉིད་ཀྱིས་ཡོད་པ་དང༌། མཚན་མའི་མཚན་ཉིད་ཀྱིས་ཡོད་པ་དང༌། ད་ལྟར་གྱི་མཚན་ཉིད་ཀྱིས་ཡོད་པའོ། །དོན་དམ་པའི་མཚན་ཉིད་ཀྱིས་ཡོད་པ་གང་ཞེ་ན། ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པའི་དོན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་མཚན་ཉིད་རྣམ་པར་གཞག་ཏུ་མེད་པ་གང་ཡིན་པའོ། །མཚན་མས་ཡོད་པ་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། གང་ལ་མིང་ཡང་དམིགས་པ་དང༌། དངོས་པོ་ཡང་དམིགས་པ་དང༌། མིང་དེ་ཡང་དངོས་པོ་དེ་ལ་ནོར་བའི་འཁྲུལ་པ་དང༌། མི་རྟག་པའི་འཁྲུལ་པས་འཁྲུལ་པ་མེད་པ་དང༌། མིང་དེ་ཡང་དངོས་པོ་དེ་ཐོགས་པ་མེད་པར་འཇུག་སྟེ། གང་དུ་ཡང་མི་འཇུག་ལ་གང་ལས་ཀྱང་མི་ལྡོག་པའོ། །ད་ལྟར་ཡོད་པ་གང་ཞེ་ན། བྱུང་བ་རྒྱུ་དང་འབྲས་བུར་གྱུར་པ་གང་ཡིན་པ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ལ་ནི། རང་གི་མཚན་ཉིད་ཀྱིས་ཡོད་པ་ཞེས་བྱའོ། །སྤྱིའི་མཚན་ཉིད་ཀྱིས་ཡོད་པ་གང་ཞེ་ན། དེ་ཡང་རྣམ་པ་ལྔར་བལྟ་བར་བྱ་སྟེ། སྐྱེ་བའི་སྤྱིའི་མཚན་ཉིད་དང༌། བྱ་བ་བསྒྲུབ་པའི་སྤྱིའི་མཚན་ཉིད་དང༌། འདུ་བྱེད་
ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དང༌། ཟག་པ་དང་བཅས་པ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དང༌། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དོ། །སྐྱེ་བའི་སྤྱིའི་མཚན་ཉིད་གང་ཞེ་ན། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་ཀྱི་རང་རང་གི་སྐྱེ་བ་གང་ཡིན་པ་སྟེ། དེ་དག་གཅིག་ཏུ་བསྡུས་པ་ལ་ནི་སྐྱེ་བའི་སྤྱིའི་མཚན་ཉིད་ཅེས་བྱའོ། །བྱ་བ་སྒྲུབ་པའི་སྤྱིའི་མཚན་ཉིད་གང་ཞེ་ན། དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས་ནི་སྡུག་པའི་འབྲས་བུ་མངོན་པར་འགྲུབ་པ་ལ་བྱ་བ་སྒྲུབ་པའི་སྤྱིའི་མཚན་ཉིད་ཀྱིས་སྤྱིའི་མཚན་ཉིད་རྣམས་དང༌། དགེ་བའི་ཆོས་སྡུག་པའི་འབྲས་བུ་མངོན་པར་འགྲུབ་པ་ལ་ཇི་ལྟ་བ་བཞིན་དུ། མི་དགེ་བའི་ཆོས་རྣམས་ཀྱང་མི་སྡུག་པའི་འབྲས་བུ་མངོན་པར་འགྲུབ་པ་ལ་དེ་དེ་དང་འདྲ་བ་དང༌། དྲན་པ་ཉེ་བར་གཞག་པ་རྣམས་དང༌། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། ལམ་གྱི་ཡན་ལག་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་བྱང་ཆུབ་ཐོབ་པར་བྱ་བ་ལ་བྱ་བ་བསྒྲུབ་པའི་སྤྱིའི་མཚན་ཉིད་ཀྱིས་སྤྱིའི་མཚན་ཉིད་རྣམས་སོ། །འདུ་བྱེད་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་གང་ཞེ་ན། འདུ་བྱེད་ཐམས་ཅད་ཀྱི་མི་རྟག་པ་ཉིད་དོ། །ཟག་པ་དང་བཅས་པ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་གང་ཞེ་ན། ཟག་པ་དང་བཅས་པ་ཐམས་ཅད་ཀྱི་སྡུག་བསྔལ་བ་ཉིད་དོ། །ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་གང་ཞེ་ན། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དང༌། བདག་མེད་པ་སྟེ། འདི་ནི་སྤྱིའི་མཚན་ཉིད་ཅེས་བྱའོ། །བརྡའི་མཚན་ཉིད་གང་ཞེ་ན། གང་ལ་བརྗོད་པ་རྣམ་པ་དྲུག་འབྱུང་བ་དེ་ནི་བརྡའི་མཚན་ཉིད་དུ་རིག་པར་བྱའོ། །བརྗོད་པ་རྣམ་པ་དྲུག་གང་ཞེ་ན། བདག་པོ་དང་འབྲེལ་པར་ལྡན་པའི་བརྗོད་པ་དང༌། དེས་དེ་དང་གཞན་གྱིས་གཞན་སྤངས་པའི་བརྗོད་པ་དང༌། བརྡ་ལས་བྱུང་བའི་བརྗོད་པ་དང༌། མང་པོ་ལས་བྱུང་བའི་བརྗོད་པ་དང༌། ཀུན་དུ་འགྲོ་བ་མ་ཡིན་པའི་བརྗོད་པ་དང༌། མི་རྟག་པའི་བརྗོད་པའོ། །བདག་པོ་དང་འབྲེལ་པར་ལྡན་པའི་བརྗོད་པ་གང་ཞེ་ན།
བརྗོད་པ་གང༌། བདག་པོ་དང་འབྲེལ་པས་མཚན་ཉིད་སོ་སོར་རྟོགས་པར་འགྱུར་གྱི། བདག་པོ་དང་འབྲེལ་པ་མེད་པ་མ་ཡིན་པ་སྟེ། དཔེར་ན་སྐྱེ་བ་ཞེས་སྨྲས་ན། འདི་གང་གི་སྐྱེ་བ་ཞེས་བདག་པོ་དང་འབྲེལ་པ་ལ་ལྟོས་པའི་བརྗོད་པ་འབྱུང་སྟེ། གཟུགས་ཀྱི་སྐྱེ་བ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའི་སྐྱེ་བ་ཞེས་བྱའི་གཟུགས་ཞེས་སྨྲས་ན་འདི་སུའི་གཟུགས་ཞེས་བདག་པོ་དང་འབྲེལ་པ་ལ་ལྟོས་པའི་བརྗོད་པ་ནི་མེད་པ་ལྟ་བུའོ། །སྐྱེ་བ་ལ་ཇི་ལྟ་བ་བཞིན་དུ་རྒ་བ་དང༌། གནས་པ་དང༌། མི་རྟག་པ་དང༌། དེ་ལྟ་བུ་དང་མཐུན་པའི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ཀྱང་དེ་དང་འདྲ་བར་ཅི་རིགས་པར་རིག་པར་བྱའོ། །འདི་ནི་བདག་པོ་དང་འབྲེལ་པར་ལྡན་པའི་བརྗོད་པ་ཞེས་བྱ་སྟེ། དེ་གང་ལ་ཡོད་པ་དེ་ནི་བརྡའི་མཚན་ཉིད་དུ་རིག་པར་བྱའོ། དེས་དེ་དང་གཞན་གྱིས་གཞན་སྤངས་པའི་བརྗོད་པ་གང་ཞེ་ན། བརྗོད་པ་གང་ངེས་དེ་དང༌། གཞན་གྱིས་གཞན་བསྟན་པར་མི་འགྱུར་བ་དེ་ནི། དེས་དེ་དང་གཞན་གྱིས་གཞན་སྤངས་པ་ཞེས་བྱའོ། །དེ་ཉིད་ཀྱིས་དེ་བསྟན་པའི་བརྗོད་པ་གང་ཡིན་པ་དེ་ནི་རྫས་ཀྱི་མཚན་ཉིད་དང༌། བརྡའི་མཚན་ཉིད་ལ་ཡང་འཇུག་གོ །གཞན་གྱིས་གཞན་བསྟན་པའི་བརྗོད་པ་གང་ཡིན་པ་དེ་ཡང་རྫས་ཀྱི་མཚན་ཉིད་དང༌། བརྡའི་མཚན་ཉིད་ལ་ཡང་འཇུག་གོ །དེས་དེ་བསྟན་པ་མེད་པ་དང་གཞན་གྱིས་གཞན་བསྟན་པ་མེད་པའི་བརྗོད་པ་གང་ཡིན་པ་དེ་ནི་གཅིག་ཏུ་ངེས་པར་བརྡའི་མཚན་ཉིད་ཁོ་ན་ལ་འཇུག་གོ །དེས་དེ་ཉིད་བསྟན་པའི་བརྗོད་པ་རྫས་ཀྱི་མཚན་ཉིད་ལ་འཇུག་པ་གང་ཞེ་ན། འདི་ལྟ་སྟེ། སའི་མཁྲང་བ་བརྗོད་པ་གང་ཡིན་པ་ལྟ་བུའོ། །བརྡའི་མཚན་ཉིད་ལ་ཡང་འཇུག་པ་ཇི་ལྟ་བུ་ཞེ་ན། རྡོའི་ཟླུམ་པ་ཞེས་བྱ་བའི་བརྗོད་པ་གང་ཡིན་པ་ལྟ་བུའོ། །སའི་མཁྲང་བ་དང༌། རྡོའི་ཟླུམ་པ་ཇི་ལྟ་བ་བཞིན་དུ། ཆུའི་གཤེར་བ་དང༌། འབྲུ་མར་གྱི་ཐིགས་པ་དང༌། མེའི་ཚ་བ་དང༌། མེའི་མེ་ལྕེ་དང༌། རླུང་གི་ཡང་ཞིང་གཡོ་བ་དང༌། རླུང་གི་ཤུགས་ཀྱང་དེ་དང་འདྲའོ། །གཞན་གྱིས་གཞན་བསྟན་པའི་བརྗོད་པ་རྫས་སུ་ཡོད་པ་ལ་འཇུག་
པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང༌། ལུས་ཀྱི་རེག་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །བརྟགས་པའི་ཡོད་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བྱིན་ནམ། ཡོན་ཏན་བཤེས་གཉེན་གྱི་བཟའ་བ་དང༌། བཏུང་བ་དང༌། བཞོན་པ་དང༌། གོས་དང༌། རྒྱན་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེས་དེ་བསྟན་པ་མེད་པ་དང༌། གཞན་གྱིས་གཞན་བསྟན་པ་མེད་པའི་བརྗོད་པ། གཅིག་ཏུ་ངེས་པར་བརྡའི་མཚན་ཉིད་ཁོ་ན་ལ་འཇུག་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཁྱིམ་གྱི་སྒོ་དང༌། ཁྱིམ་གྱི་རྩིག་པ་དང༌། བུམ་པའི་ཁ་དང༌། བུམ་པའི་ངོས་དང༌། དམག་གི་ཤིང་རྟ་དང༌། ནགས་ཚལ་གྱི་ཤིང་དང༌། བརྒྱའི་བཅུ་དང༌། བཅུའི་གསུམ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། འདི་ནི་དེས་དེ་དང༌། གཞན་གྱིས་གཞན་སྤངས་པའི་བརྗོད་པ་ཞེས་བྱའོ། །བརྡ་ལས་བྱུང་བའི་བརྗོད་པ་གང་ཞེ་ན། མཚན་མའི་མཚན་ཉིད་རྣམ་པ་དྲུག་ལ་ཐ་སྙད་ལས་བྱུང་བའི་ངོ་བོ་ཉིད་གདགས་པའི་བརྗོད་པ་གང་ཡིན་པ་སྟེ། མཚན་མའི་མཚན་ཉིད་རྣམ་པ་དྲུག་པོ་གང་ཞེ་ན། དངོས་པོའི་མཚན་ཉིད་དང༌། རྣམ་པར་ཤེས་པར་བྱ་བའི་མཚན་ཉིད་དང༌། སྡུག་པ་ལ་སོགས་པའི་མཚན་ཉིད་དང༌། ཕན་འདོགས་པ་ལ་སོགས་པའི་མཚན་ཉིད་དང༌། ཐ་སྙད་ཀྱི་མཚན་མའི་མཚན་ཉིད་དང༌། ལོག་པར་བསྒྲུབ་པ་ལ་སོགས་པའི་མཚན་མའི་མཚན་ཉིད་དོ། །དངོས་པོའི་མཚན་ཉིད་གང་ཞེ་ན། རྣམ་པར་ཤེས་པས་གཟུང་བ་གང་ཡིན་པའོ། །རྣམ་པར་ཤེས་པར་བྱ་བའི་མཚན་ཉིད་གང་ཞེ་ན། ཡིད་ལ་བྱེད་པས་རྣམ་པར་ཤེས་པ་སྐྱེ་བར་བྱེད་པ་གང་ཡིན་པའོ། །སྡུག་པ་ལ་སོགས་པའི་མཚན་ཉིད་གང་ཞེ་ན། རེག་པས་གཟུང་བ་གང་ཡིན་པའོ། །ཕན་འདོགས་པ་ལ་སོགས་པའི་མཚན་ཉིད་གང་ཞེ་ན། ཚོར་བས་གཟུང་བ་གང་ཡིན་པའོ། །ཐ་སྙད་ཀྱི་མཚན་མའི་མཚན་ཉིད་གང་ཞེ་ན། འདུ་ཤེས་ཀྱིས་གཟུང་བ་གང་ཡིན་པའོ། །ལོག་པར་བསྒྲུབ་པ་ལ་སོགས་པའི་མཚན་མའི་མཚན་ཉིད་གང་ཞེ་ན། སེམས་ལས་གཟུང་བ་གང་ཡིན་པའོ། །མང་པོ་ལས་བྱུང་བའི་བརྗོད་པ་གང་ཞེ་ན། ཕལ་པོ་ཆེ་འདུས་ཤིང་ཚོགས་པ་རྣམས་ལ་ངོ་བོ་ཉིད་རྣམ་པར་
གཞག་པའི་བརྗོད་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། ནང་གི་གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་རྣམས་ལ། བདག་ལ་སོགས་པ་བརྗོད་པ་དང༌། ཕྱི་རོལ་གྱི་གཟུགས་དང༌། དྲི་དང༌། རོ་དང༌། རེག་བྱ་ཇི་ལྟ་ཇི་ལྟ་བུར་འདུག་པ་རྣམས་ལ་ཁྱིམ་དང༌། བུམ་པ་དང༌། དམག་དང༌། ནགས་ཚལ་ལ་སོགས་པར་བརྗོད་པའོ། །ཀུན་དུ་འགྲོ་བ་མ་ཡིན་པའི་བརྗོད་པ་གང་ཞེ་ན། བརྗོད་པ་གང་ཁ་ཅིག་ལ་ནི་འཇུག །ཁ་ཅིག་ལས་ནི་ལྡོག་པ་སྟེ། འདི་ལྟ་སྟེ། ཁྱིམ་ལ་ཁྱིམ་ཞེས་བརྗོད་པ་ནི་གྲོང་དང༌། གྲོང་ཁྱེར་དང༌། ཡུལ་འཁོར་ལ་སོགས་པ་ལས་ལྡོག་གོ །བུམ་པ་ལ་བུམ་པ་ཞེས་བརྗོད་པ་ནི། རྫ་མ་དང༌། རྫེའུ་དང༌། ཁམ་ཕོར་ལ་སོགས་པ་ལས་ལྡོག་གོ །དམག་ཅེས་བརྗོད་པ་ནི་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་ལ་སོགས་པ་རེ་རེ་ལས་ལྡོག་གོ །ནགས་ཚལ་ཞེས་བརྗོད་པ་ནི། ཤིང་དང༌། རྩ་བ་དང༌། སྡོང་བུ་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་ལ་སོགས་པ་རེ་རེ་པ་ལས་ལྡོག་གོ །མི་རྟག་པའི་བརྗོད་པ་གང་ཞེ་ན། འདི་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཐ་དད་པ་དང༌། ཐ་དད་པ་མ་ཡིན་པ་དང༌། མངོན་པར་བྱས་པ་དང༌། ཡོངས་སུ་གྱུར་པའོ། །དེ་ལ་ཐ་དད་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། བུམ་པ་ཆག་ན་བུམ་པ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་མེད་པར་འགྱུར་ལ། གྱོ་མོར་བརྗོད་པ་ནི་འབྱུང་བ་ལྟ་བུའོ། །ཐ་དད་པ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། རྫས་སྣ་ཚོགས་བསྡུས་པ་ལས་ཕྱེ་མའམ་བདུག་པར་སྦྱར་ན། རྫས་སྣ་ཚོགས་སུ་བརྗོད་པ་གང་ཡིན་པ་དེ་ནི་མེད་པར་འགྱུར་ལ། ཕྱེ་མའམ་བདུག་པར་བརྗོད་པ་ནི་འབྱུང་བ་ལྟ་བུའོ། །མངོན་པར་བྱས་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ལེགས་པར་བཅོས་པ་མ་ཡིན་པའི་གསེར་གྱི་གར་བུ་ལས། མགུལ་གདུབ་དང༌། གདུ་བུ་དང༌། དཔུང་རྒྱན་ལ་སོགས་པ་ལེགས་པར་བཅོས་ཤིང་བསྒྱུར་ན། གསེར་གྱི་གར་བུ་བརྗོད་པ་གང་ཡིན་པ་དེ་ནི་མེད་པར་འགྱུར་ལ། མགུལ་གདུབ་དང༌། གདུ་བུ་དང༌། དཔུང་རྒྱན་དུ་བརྗོད་པ་ནི་འབྱུང་བ་ལྟ་
བུའོ། །ཡོངས་སུ་གྱུར་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། བཟའ་བ་དང༌། བཏུང་བ་ཡོངས་སུ་སྨིན་ན། བཟའ་བ་དང་བཏུང་བ་བརྗོད་པ་གང་ཡིན་པ་དེ་ནི་མེད་པར་འགྱུར་ལ། ཕྱི་ས་དང༌། གཅིན་དུ་བརྗོད་པ་ནི་འབྱུང་བར་འགྱུར་ཏེ། དེ་ལྟ་བུ་དང་མཐུན་པ་ནི་མི་རྟག་པའི་བརྗོད་པ་མ་ཡིན་པར་རིག་པར་བྱའོ། །དེ་ལྟར་བརྗོད་པ་རྣམ་པ་དྲུག་པོ་འདི་གང་ལ་འཇུག་པ་དེ་ནི་བརྡའི་མཚན་ཉིད་དུ་རིག་པར་བྱ་སྟེ། འདི་ནི་བརྡའི་མཚན་ཉིད་ཅེས་བྱའོ།། །།བམ་པོ་བཅུ་དགུ་པ། རྒྱུའི་མཚན་ཉིད་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་ལྔར་བལྟ་བར་བྱ་སྟེ། སྡུག་པའི་རྒྱུ་དང༌། མི་སྡུག་པའི་རྒྱུ་དང༌། ལྟ་བའི་རྒྱུ་དང༌། འབྱུང་བའི་རྒྱུ་དང༌། ལྡོག་པའི་རྒྱུའོ། །སྡུག་པའི་རྒྱུ་གང་ཞེ་ན། དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས་སོ། །མི་སྡུག་པའི་རྒྱུ་གང་ཞེ་ན། མི་དགེ་བའི་ཆོས་རྣམས་སོ། །ལྟ་བའི་རྒྱུ་གང་ཞེ་ན། སྔར་སྐྱེས་པའི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་པ་རྣམས་ནི་ཕྱིས་སྐྱེས་པའི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་གོང་ནས་གོང་དུ་ཆེས་ལྟ་བ་དང༌། ཤིན་ཏུ་ལྟ་བ་རྣམས་ཀྱིས་ལྟ་བའི་རྒྱུ་ཞེས་བྱའོ། །འབྱུང་བའི་རྒྱུ་གང་ཞེ་ན། ས་བོན་གང་དང༌། བག་ཆགས་གང་དང༌། གྲོགས་གང་གིས་ཆོས་གང་དག་འབྱུང་བར་འགྱུར་བ་དེ་ནི་དེ་དག་གི་འབྱུང་བའི་རྒྱུ་ཞེས་བྱའོ། །ལྡོག་པའི་རྒྱུ་གང་ཞེ་ན། འདུ་བྱེད་ལྡོག་པ་དང༌། ཀུན་ནས་ཉོན་མོངས་པ་ལྡོག་པའི་རྒྱུ་ཞི་བ་ཐོབ་པར་བྱེད་པའི་ལམ་ཐམས་ཅད་དེ། ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བ་ཚོགས་ཀྱི་སྦྱོར་བ་དང་བཅས་པ། སྐྱེ་བ་དང་བཅས་པ། འགྲུབ་པ་དང་བཅས་པ་ནི་ལྡོག་པའི་རྒྱུ་ཞེས་བྱའོ། །འདི་དག་བསྡུས་པ་ནི་རྒྱུའི་མཚན་ཉིད་ཅེས་བྱ་སྟེ། རྒྱས་པར་རྣམ་པར་དབྱེ་བ་ནི། རྒྱུ་དང་འབྲས་བུ་བསྟན་པ་ལས་འབྱུང་བ་བཞིན་དུ་བལྟ་བར་བྱའོ། །འབྲས་བུའི་མཚན་ཉིད་གང་ཞེ་ན། རྒྱུ་རྣམ་པ་ལྔ་པོ་འདི་དག་ལས་སྐྱེས་པ་དང༌། ཐོབ་པ་དང༌། གྲུབ་པ་དང༌། རྫོགས་པ་དང༌། ཞུགས་པ་གང་ཡིན་པ་དེ་ནི་
འབྲས་བུའི་མཚན་ཉིད་དུ་རིག་པར་བྱའོ། །བརྟག་པར་བྱ་བ་མེད་པའི་དངོས་པོ་གང་ཞེ་ན། དེ་ཡང་མཚན་ཉིད་རྣམ་པ་ལྔར་བལྟ་བར་བྱ་སྟེ། མ་སྐྱེས་པས་མེད་པ་དང༌། འགགས་པས་མེད་པ་དང༌། གཅིག་ལ་གཅིག་མེད་པ་དང༌། དོན་དམ་པར་མེད་པ་དང༌། གཏན་མེད་པའོ། །མ་སྐྱེས་པས་མེད་པ་གང་ཞེ་ན། མ་འོངས་པའི་འདུ་བྱེད་རྣམས་སོ། །འགགས་པས་མེད་པ་གང་ཞེ་ན། འདས་པའི་འདུ་བྱེད་རྣམས་སོ། །གཅིག་ལ་གཅིག་མེད་པ་གང་ཞེ་ན། ཆོས་གཞན་རྣམས་གཞན་གྱི་མཚན་ཉིད་དང་བྲལ་ཞིང་མེད་པའམ། ཆོས་གཞན་དང་གཞན་རྣམས་དང་མི་འཕྲད་པ་གང་ཡིན་པའོ། །དོན་དམ་པར་མེད་པ་གང་ཞེ་ན། ཐ་སྙད་ཀྱིས་ངོ་བོ་ཉིད་དུ་འདོགས་པའི་བརྗོད་པས་ངོ་བོ་ཉིད་རྣམ་པར་གཞག་པ་གང་ཡིན་པའོ། །གཏན་མེད་པ་གང་ཞེ་ན། མོ་གཤམ་གྱི་བུ་ལ་སོགས་པ་དང༌། དེ་ལྟ་བུ་དང་མཐུན་པ་གང་ཅི་ཡང་རུང་བ་རྣམས་སོ། །གཞན་ཡང་ཆོས་རྣམ་པ་ལྔ་ནི་ཡོད་པ་ཉིད་དོ། །རྣམ་པ་ལྔ་ནི་མེད་པ་ཉིད་དོ། །དེ་ལ་རྣམ་པ་ལྔ་ཡོད་པ་ཉིད་གང་ཞེ་ན། ཡོངས་སུ་གྲུབ་པའི་མཚན་ཉིད་ཡོད་པ་ཉིད་དང༌། གཞན་གྱི་དབང་གི་མཚན་ཉིད་ཡོད་པ་ཉིད་དང༌། ཀུན་བརྟགས་པའི་མཚན་ཉིད་ཡོད་པ་ཉིད་དང༌། བྱེ་བྲག་གི་མཚན་ཉིད་ཡོད་པ་ཉིད་དང༌། བརྗོད་པར་བྱ་བ་མ་ཡིན་པའི་མཚན་ཉིད་ཡོད་པ་ཉིད་དོ། །དེ་ལ་དང་པོ་ནི་དོན་དམ་པའི་མཚན་ཉིད་དོ། །དེའི་འོག་མ་གཉིས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དོ། །དེའི་འོག་མ་གསུམ་པ་ནི་བརྡའི་མཚན་ཉིད་དོ། །དེའི་འོག་མ་བཞི་པ་ནི་དུས་ཀྱི་མཚན་ཉིད་དང༌། སྐྱེ་བའི་མཚན་ཉིད་དང༌། རྒ་བའི་མཚན་ཉིད་དང༌། གནས་པའི་མཚན་ཉིད་དང༌། མི་རྟག་པའི་མཚན་ཉིད་དང༌། སྡུག་བསྔལ་བའི་མཚན་ཉིད་དང༌། སྟོང་པ་ཉིད་ཀྱི་མཚན་ཉིད་དང༌། བདག་མེད་པའི་མཚན་ཉིད་དང༌། དངོས་པོའི་མཚན་ཉིད་དང༌། རྣམ་པར་ཤེས་པར་བྱ་བའི་མཚན་ཉིད་དང༌། གཟུང་བའི་མཚན་ཉིད་དང༌། སྡུག་པ་ལ་སོགས་པའི་མཚན་ཉིད་དང༌། ཕན་འདོགས་པ་ལ་སོགས་པའི་མཚན་ཉིད་དང༌། ཐ་སྙད་ཀྱི་མཚན་མའི་མཚན་ཉིད་དང༌། ལོག་
བར་བསྒྲུབ་པ་ལ་སོགས་པའི་མཚན་མའི་མཚན་ཉིད་དང༌། དེ་ལྟ་བུ་དང་མཐུན་པའི་མཚན་ཉིད་དེ། དེ་ནི་བྱེ་བྲག་གི་མཚན་ཉིད་དུ་རིག་པར་བྱའོ། །དེའི་འོག་མ་ལྔ་པ་ནི་བརྗོད་པར་བྱ་བ་མ་ཡིན་པ་རྣམ་པ་བཞིས་བརྗོད་པར་བྱ་བ་མ་ཡིན་པའི་མཚན་ཉིད་དེ། མེད་པའི་ཕྱིར་བ་ནི་འདི་ལྟ་སྟེ། གང་ཟག་ཕུང་པོ་རྣམས་ལས་གཞན་ནམ། གཞན་མ་ཡིན་ཞེས་བྱ་བའོ། །ཟབ་པའི་ཕྱིར་བ་ནི་འདི་ལྟ་སྟེ། ཆོས་ཉིད་དུ་བརྗོད་དུ་མེད་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་དང༌། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་དང༌། དེ་བཞིན་དུ་དེ་བཞིན་སོང་བ་ཤི་ཕན་ཆད་ཡོད་ཅེས་བྱ་བ་ལ་སོགས་པའོ། །དོན་དང་ལྡན་པ་མ་ཡིན་པའི་ཕྱིར་བ་ནི། འདི་ལྟ་སྟེ། ཆོས་གང་དག་ཆོས་དང་དོན་དང༌། ཚངས་པར་སྤྱོད་པ་དང་ལྡན་པ་མ་ཡིན་པ་དེ་དག་ནི་བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་དུ་ཟིན་ཀྱང་མ་གསུངས་སོ། །དེ་བཞིན་དུ་ཆོས་ཀྱི་མཚན་ཉིད་རྣམ་པར་གཞག་པའི་ཕྱིར་བ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་འདུ་བྱེད་རྣམས་ལས་གཞན་ནམ་གཞན་མ་ཡིན་པར་བརྗོད་པར་བྱ་བ་མ་ཡིན་པའོ། །རྣམ་པ་ལྔ་མེད་པ་ཉིད་གང་ཞེ་ན། དོན་དམ་པའི་མཚན་ཉིད་མེད་པ་དང༌། གཞན་གྱི་དབང་གི་མཚན་ཉིད་མེད་པ་ཉིད་དང༌། ཐམས་ཅད་ཀྱི་ཐམས་ཅད་དུ་རང་གི་མཚན་ཉིད་མེད་པ་ཉིད་དང༌། བྱེ་བྲག་མེད་པའི་མཚན་ཉིད་མེད་པ་ཉིད་དང༌། བརྗོད་པར་བྱ་བའི་མཚན་ཉིད་མེད་པ་ཉིད་དོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། མདོའི་དོན་རབ་ཏུ་རྣམ་པར་འབྱེད་པ་དང༌། ཚིགས་སུ་བཅད་པའི་དོན་རབ་ཏུ་རྣམ་པར་འབྱེད་པའོ། །དེ་ལ་མདོའི་དོན་རབ་ཏུ་རྣམ་པར་འབྱེད་པ་ནི། གཞི་བསྡུ་བ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་འདོམས་པ་ལས་རྒྱས་པར་བཤད་པར་བྱའོ། །ཚིགས་སུ་བཅད་པའི་དོན་རབ་ཏུ་རྣམ་པར་འབྱེད་པ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། དོན་དམ་པའི་ཚིགས་སུ་བཅད་པ་རྣམ་པར་གཞག་པ་དང༌། དགོངས་པའི་དོན་གྱི་ཚིགས་སུ་བཅད་པ་རྣམ་པར་གཞག་པ་དང༌། འདུས་པའི་དོན་གྱི་ཚིགས་སུ་བཅད་པ་རྣམ་པར་གཞག་པའོ། །དེ་ལ་དོན་དམ་
པའི་ཚིགས་སུ་བཅད་པ་རྣམ་པར་གཞག་པ་ནི། བདག་པོ་གང་ཡང་ཡོད་མ་ཡིན། །བྱེད་པོ་མེད་ཅིང་ཚོར་པོ་མེད། །ཆོས་རྣམས་ཀུན་ཀྱང་སྤྱོད་པ་མེད། །དེ་ལྟ་མོད་ཀྱི་བྱེད་པ་ཡོད། །སྲིད་པའི་ཡན་ལག་བཅུ་གཉིས་དང༌། །ཕུང་པོ་རྣམས་དང་སྐྱེ་མཆེད་ཁམས། །དེ་དག་ཐམས་ཅད་རྣམས་བརྟགས་ན། །གང་ཟག་དམིགས་པར་མི་འགྱུར་རོ། །ནང་གི་ཐམས་ཅད་སྟོང་པ་སྟེ། །ཕྱི་རོལ་གཏོགས་པ་འང་ཐམས་ཅད་སྟོང༌། །སྟོང་པ་ཉིད་བསྒོམ་གང་ཡིན་པ། །དེ་ཡང་སུ་ཡང་ཡོད་མ་ཡིན། །བདག་ཉིད་ཀྱིས་ནི་བདག་མེད་དེ། །ཕྱིན་ཅི་ལོག་ཏུ་རྟོག་པར་ཟད། །འདི་ན་བདག་གམ་སེམས་ཅན་མེད། །ཆོས་རྣམས་འདི་དག་རྒྱུ་དང་བཅས། །འདུ་བྱེད་ཐམས་ཅད་སྐད་ཅིག་པ། །མི་བརྟན་བྱེད་པ་ག་ལ་ཡོད། །གང་དག་སྐྱེ་བ་དེ་ཉིད་བྱེད། །དེ་ཉིད་བྱེད་པ་པོ་ཞེས་བྱ། །མིག་གིས་གཟུགས་རྣམས་མི་མཐོང་ལ། །རྣ་བས་སྒྲ་རྣམས་མི་ཐོས་ཏེ། །སྣ་ཡང་དྲི་རྣམས་མི་སྣོམ་ཞིང༌། །ལྕེ་ཡིས་རོ་རྣམས་མྱང་བ་མེད། །ལུས་ཀྱིས་རེག་རྣམས་རེག་མི་བྱེད། །ཡིད་ཀྱང་ཆོས་རྣམས་རྟོག་མི་བྱེད། །འདི་དག་བྱིན་གྱིས་རློབ་པ་མེད། །བྱེད་དུ་འཇུག་པ་འང་ཡོད་མ་ཡིན། །དེ་ནི་གཞན་གྱིས་བསྐྱེད་པ་ཡིན། །བདག་ཉིད་ཀྱང་ནི་མི་སྐྱེ་སྟེ། །དངོས་པོ་རྣམས་ནི་བརྟེན་ནས་སྐྱེ། །རྙིང་པ་མ་ཡིན་གསར་ཞིང་གསར། །འདི་ནི་གཞན་གྱིས་འཇིག་མི་བྱེད། །བདག་ཉིད་ཀྱང་ནི་འཇིག་པ་མིན། །རྐྱེན་ཡོད་ན་ནི་སྐྱེ་འགྱུར་ལ། །སྐྱེས་ནས་རང་གི་ངང་གིས་འཇིག ། ཕྱོགས་གཉིས་ལ་ནི་བརྟེན་པ་ཡི། །སྐྱེ་བོ་དག་ནི་དམིགས་འགྱུར་ཏེ། །ཡུལ་རྣམས་ལ་ནི་བག་མེད་དང༌། །ལོག་པར་འཇུག་པ་བྱེད་པའོ། །ཡུལ་རྣམས་ལ་ནི་བག་མེད་པ། །གང་ཡིན་དེ་དག་སྲེད་པས་ཕྲོགས། །ལོག་པར་ཞུགས་པ་གང་ཡིན་པ། །གཏི་མུག་གིས་ནི་དེ་དག་ཕྲོགས། །ཆོས་རྣམས་རྒྱུ་དང་བཅས་པ་སྟེ། །སྡུག་བསྔལ་ཡང་ནི་དེ་འདྲ་ཕྱིར། །ཉོན་མོངས་དངོས་གཞི་གཉིས་བྱས་ནས། །ཡན་ལག་བཅུ་གཉིས་རྣམ་གཉིས་བྱས། །བྱ་བ་བདག་གིས་བྱས་པ་མེད། །དེ་བཞིན་གཞན་གྱིས་བྱས་མ་ཡིན། །གཞན་གྱིས་བྱེད་དུ་བཅུག་པའང་
མིན། །འོན་ཀྱང་བྱ་བ་མེད་པ་མིན། །འདུ་བྱེད་སྐྱེས་པར་མ་གྱུར་པ། །ནམས་ཀྱང་དམིགས་པར་མི་འགྱུར་ཏེ། །ནང་ན་མ་ཡིན་ཕྱི་རོལ་མིན། །དེ་གཉིས་ནའང་མི་དམིགས་སོ། །འདུ་བྱེད་སྐྱེས་པར་གྱུར་པ་ཡང༌། །དེ་ཉིད་ཀྱིས་ནི་རྟོག་མི་བྱེད། །མ་འོངས་པ་ལ་མཚན་མ་མེད། །འདས་པ་ལ་ནི་རྣམ་པར་རྟོག །མྱོང་བ་ལ་ཡང་རྟོག་པ་མེད། །མ་མྱོང་བ་ཡང་རྟོག་པ་མེད། །འདུ་བྱེད་རྣམས་ནི་ཐོག་མ་མེད། །འོན་ཀྱང་ཐོག་མ་ཡོད་པར་སྣང༌། །གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་འདྲ། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །འདུ་བྱེད་རྣམས་ནི་སྐྱེ་བ་འདྲ། །གནས་པ་དང་ནི་འགག་པ་འདྲ། །གཏི་མུག་གཏི་མུག་རྨོངས་མི་བྱེད། །ཕ་རོལ་ལ་རྨོངས་རྨོངས་མི་བྱེད། །དེ་ལའང་ཕ་རོལ་རྨོངས་མི་བྱེད། །འོན་ཀྱང་གཏི་མུག་མེད་པ་མིན། །ཚུལ་བཞིན་མ་ཡིན་ཡིད་བྱེད་པས། །རྨོངས་པ་དེ་ནི་སྐྱེ་བར་འགྱུར། །ཚུལ་བཞིན་མ་ཡིན་ཡིད་བྱེད་པའང༌། །རྨོངས་པ་མེད་ལས་མི་འབྱུང་ངོ༌། །མི་གཡོ་བསོད་ནམས་བསོད་ནམས་མིན། །འདུ་བྱེད་རྣམ་པ་གསུམ་དུ་འདོད། །ལས་རྣམས་གསུམ་པོ་གང་ཡིན་པ། །དེ་དག་ཀུན་ཀྱང་འབྲེལ་པ་མེད། །ད་ལྟར་གྱི་ནི་རབ་ཏུ་འཇིག །འདས་པ་གང་ནའང་གནས་པ་མེད། །མ་སྐྱེས་པ་དག་རྐྱེན་ཁར་ལས། །སེམས་ནི་ཕྱི་བཞིན་འཕྲད་བ་ཡིན། །མཚུངས་པར་ལྡན་པ་གཅིག་ཏུ་ངེས། །མི་ལྡན་པ་ཡང་དེ་བཞིན་ཏེ། །ཐམས་ཅད་ཀུན་དང་ལྡན་པ་ཡིན། སེམས་ནི་ཉེ་བར་འགྲོ་ཞེས་བྱ། །རྒྱུན་ནི་འདྲ་དང་མི་འདྲ་བ། །རྒྱུན་ཆད་མ་གྱུར་དེ་ལ་ནི། །བདག་ལྟ་རྗེས་སུ་འབྲང་བ་ཡིས། །ཀུན་རྫོབ་འདི་ནི་བྱ་བ་ཡིན། །གཟུགས་ཀྱི་ལུས་ནི་འགྱེས་པར་འགྱུར། །མིང་གི་ལུས་ཀྱང་འཇིག་འགྱུར་ཏེ། །ཚེ་འདི་དང་ནི་ཕྱི་མ་ལ། །བདག་གིས་བྱས་ལ་སྤྱོད་ཅེས་བྱ། །སྔ་དང་ཕྱི་མས་ཐ་དད་ཅིང༌། །རང་གི་རྒྱུ་འབྲས་བསྡུས་པའི་ཕྱིར། །དེ་ཉིད་བྱེད་དང་ཚོར་བ་ཡིན། །ཐ་དད་པར་ནི་བརྗོད་མི་བྱ། །རྒྱུ་ཡི་ལམ་ནི་མི་འཆད་ཕྱིར། །ཚོགས་པར་གྱུར་ན་མེད་པ་འབྱུང༌། །རང་གི་
རྒྱུ་ལས་སྐྱེ་བ་ཡིན། །ཡོངས་སུ་འཛིན་པར་བྱེད་པར་འགྱུར། །སྤྲོས་ལ་མངོན་དགའ་རྒྱུ་ཡིན་ཏེ། །ལེགས་ཉེས་ལས་ཀྱང་དེ་བཞིན་ནོ། །ས་བོན་ཀུན་པ་རྣམ་སྨིན་དང༌། །སྡུག་དང་མི་སྡུག་འབྲས་བུ་ཡིན། །ས་བོན་ཀུན་པ་རྣམ་སྨིན་ལ། །བདག་ཏུ་ལྟ་བ་སྐྱེ་བར་འགྱུར། །དེ་ནི་སོ་སོ་རང་རིག་སྟེ། །གཟུགས་ཅན་མ་ཡིན་བསྟན་དུ་མེད། །དེ་ལ་མི་ཤེས་བྱིས་པ་རྣམས། །ནང་ལ་བདག་ཏུ་རྟོག་པར་བྱེད། །བདག་ཏུ་ལྟ་ལ་བརྟེན་ནས་ཀྱང༌། །དེ་བཞིན་ལྟ་བ་མང་པོ་འབྱུང༌། །རིལ་འཛིན་རང་གི་ས་བོན་དང༌། །སྔོན་ཆད་གོམས་དང་གྲོགས་གྱུར་དང༌། །དེ་དང་མཐུན་པ་ཐོས་པ་ལས། །བདག་ཏུ་ལྟ་བ་འབྱུང་བར་འགྱུར། །དེ་ཡི་རྐྱེན་གྱིས་ནང་ལ་ནི། །ཆགས་པ་ཤིན་ཏུ་སྐྱེ་བར་འགྱུར། །ཕན་གདགས་འདོད་པ་ཕྱི་རོལ་དུ། །བདག་གི་སྙམ་དུ་ཆགས་པར་འགྱུར། །འཇིག་རྟེན་འདི་ནི་གང་གིས་འཇིགས། །དེ་ནི་རྨོངས་པས་དེ་སྒྲུབ་བྱེད། །ཐོག་མ་ཉིད་དུ་གནས་ བྱས་ནས། །དེས་ན་སྤྲོས་པ་ཁས་ལེན་ཏོ། །གནས་བྱས་གང ་ཡིན་དེ་ལ་ནི། །འཕགས་པས་སྡུག་བསྔལ་ཡིན་པར་རྟོགས། །སྐད་ཅིག་ཙམ་ཡང་ཞི་བར་མི་འགྱུར་བས། །དེས་ན་བྱིས་པ་རྟག་ཏུ་སྡུག་བསྔལ་འགྱུར། །སེམས་ནི་མི་མཐུན་པ་ཡིས་ཡོངས་དཀྲིས་པས། །དེ་འདྲའི་སྡུག་བསྔལ་ཀུན་ནས་སྩོགས་པར་འགྱུར། །བྱིས་པ་རྣམས་ཀྱིས་དེ་ནི་ཀུན་བསྩགས་པས། །ང་རྒྱལ་དང་ནི་བདེ་དང་སྡུག་བསྔལ་རྐྱེན། །དེ་ལ་བྱིས་པ་ཐམས་ཅད་ཆགས་གྱུར་བ། འདམ་རྫབ་ཆེན་པོར་གླང་ཆེན་བྱིང་བ་བཞིན། །དེར་ནི་ལྷག་པར་ཀུན་ཏུ་རྨོངས་པར་འགྱུར། །ཀུན་དུ་འགྲོ་ཞིང་ཀུན་ལ་སྤྱོད་པར་བྱེད། །འཇིག་རྟེན་རྒྱུན་རྣམས་མི་བཟད་གང་ཡིན་པའི། །རྒྱུན་རྣམས་ཐམས་ཅད་མཚོ་དེ་དབྱེར་མེད་བྱེད། །དེ་ནི་ཆོས་ཀྱི་སྤྱོད་པ་མ་གཏོགས་པར། །མེ་དང་རླུང་དང་ཉི་མས་བསྐམ་མི་ནུས། །སྡུག་བསྔལ་བདག་ཉིད་བདག་ནི་སྡུག་བསྔལ་སྙམ། །ཡང་ན་བདེ་ནའང་བདེ་སྙམ་ངེས་པར་བྱེད། །ཡོངས་སུ་རྟོག་པ་ལྟ་བས་བསྐྱེད་པ་སྟེ། །དེས་ཀྱང་དེ་བསྐྱེད་དེ་ཡང་སྐྱེད་པར་བྱེད། །རྟག་ཏུ་ཉོན་མོངས་ཅན་གྱི་
ཡིད། །ཉོན་མོངས་ལྷན་ཅིག་སྐྱེ་ཞིང་འགག །དེ་ཕྱིར་དེ་ནི་ཉོན་མོངས་ལས། །ཐར་པར་མ་གྱུར་འགྱུར་བ་ཡིན། །དེ་ནི་ཕྱིས་སྐྱེ་མ་ཡིན་ཏེ། །གཞན་ཞིག་དག་པར་འགྱུར་བ་ཡིན། །དེ་ཡང་སྔ་ནས་ཉོན་མོངས་ཡིན། །ཉོན་མོངས་རྣམས་ལས་གྲོལ་ཞེས་བྱ། །ཉོན་མོངས་ཅན་གང་དེ་འདིར་གཞན། །དག་པ་དེ་ནི་རང་བཞིན་གསལ། །འདི་ལ་གང་ཡང་འདག་པ་མེད། །གང་ལས་ཀྱང་ནི་བདག་མི་འགྱུར། །ས་བོན་ཐམས་ཅད་ལེགས་གསལ་བས། །ཉོན་མོངས་ཐམས་ཅད་ཡོངས་ཟད་ཕྱིར། །དེ་ལ་ཀུན་ནས་ཉོན་མོངས་མེད། །དེ་ཕྱིར་ཐ་དད་རྣམ་གཉིས་བསྟན། །སོ་སོ་རང་གི་རིག་པ་དང༌། །སྡུག་བསྔལ་ཙམ་ཡང་ཡོངས་ཟད་ཕྱིད། །དེ་བཞིན་སྤྲོས་པ་མེད་པའི་ཕྱིར། །རྣམ་པ་ཀུན་དུ་སྤྲོས་མི་བྱེད། །རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །མཚན་ཉིད་ལ་ནི་ཆོས་ཤེས་བྱ། །འདི་ན་གང་ཡང་འཁོར་བ་མེད། །སུ་ཡང་མྱ་ངན་འདའ་བ་མེད། །སྒྲོ་བཏགས་པ་དང་སྐུར་འདེབས་པའི། །མཐའ་གཉིས་ཀྱི་ནི་གཉེན་པོའི་ཕྱིར། །གང་ཟག་ལ་བདག་མེད་པའི་དོན་དམ་པ་དེའི་སྐབས་ཀྱི་དོན་དམ་པའི་ཚིགས་སུ་བཅད་པ་རྣམས་ཏེ། དེ་ལ་བདག་པོ་ནི་ཡོངས་སུ་གཟུང་བའི་འོ། །བྱེད་པ་པོ་ནི་བྱ་བ་རྣམས་ཀྱིའོ། །ཚོར་བ་པོ་ནི་དེའི་འབྲས་བུ་རྣམས་ཀྱི་ཡིན་ཏེ། ཚིགས་སུ་བཅད་པ་ཕྱེད་པ་འདིས་ནི་དོན་ཐ་དད་པར་ཡོངས་སུ་བརྟགས་པའི་བདག་སེལ་ཏེ། ཆོས་རྣམས་ཀུན་ཀྱང་སྤྱོད་པ་མེད། །ཅེས་བྱ་བས་ནི་ཆོས་རྣམས་ཉིད་ལ་བདག་ཏུ་ལྟ་བ་སེལ་ཏེ། འདིས་ནི་སྒྲོ་བཏགས་པའི་མཐའ་ཡོངས་སུ་སྤོང་བར་བྱེད་དོ། །དེ་ལྟ་མོད་ཀྱི་བྱེད་པ་ཡོད་ཅེས་བྱ་བ་འདིས་ནི་ཆོས་ཡོད་པས་སྐུར་བའི་མཐའ་ཡོངས་སུ་སྤོང་བར་བྱེད་དོ། །དེ་ལ་བྱེད་པ་ནི་རྣམ་པ་གསུམ་སྟེ། བདག་པོའི་བྱེད་པ་དང༌། བྱེད་པ་པོའི་བྱེད་པ་དང༌། ཚོར་བ་པོའི་བྱེད་པ་སྟེ། བྱེད་པ་གང་གིས་བདག་པོ་འམ། བྱེད་པ་པོའམ། ཚོར་བ་པོར་འདོགས་པའོ། །ཆོས་དེ་དག་གང་ཡིན་པ་མ་བསྟན་ཏེ། དེའི་ཕྱིར་སྲིད་པའི་ཡན་ལག་ཅེས་གསུངས་ཏེ། ཚིགས་སུ་བཅད་པ་ཕྱེད་པོ་འདིས་ནི། སྲིད་པའི་ཡན་ལག་གི་གོ་རིམས་བཞིན་དུ་ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་
དག་ཡོངས་སུ་སྟོན་ཏོ། །ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་སྨོས་པ་ནི། བདག་པོ་དང༌། བྱེད་པ་པོ་དང༌། ཚོར་བ་པོར་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར་ཏེ། མིག་དང་གཟུགས་རྣམས་ལ་བརྟེན་ནས་འབྲས་བུ་མིག་གི་རྣམ་པར་ཤེས་པ་འབྱུང་གི་ཚོར་བ་ནི་གང་ཡང་མེད་དོ་ཞེས་ཁམས་བཅོ་བརྒྱད་ཀྱིས་ཚོར་བ་པོ་མེད་པར་ཡོངས་སུ་སྟོན་ཏོ། །བདག་པོ་མེད་དོ་ཞེས་བསྟན་པ་དེ་ཡང་ཇི་ལྟར་མེད་པ་ནི། དེ་དག་ཐམས་ཅད་རྣམས་བརྟགས་ནས། །གང་ཟག་དམིགས་པར་མི་འགྱུར་རོ། །ཞེས་བྱ་བས་དེ་སྟོན་ཏོ། །རྣམ་པར་བརྟགས་ན་ཞེས་བྱ་བ་ནི་ཚད་མ་གསུམ་བརྟག་པའོ། །དེ་མེད་དུ་ཟིན་ན། ནང་དང༌། ཕྱི་རོལ་རྣམ་པར་གཞག་པ་ཇི་ལྟར་འགྲུབ་སྙམ་པ་ལ། ནང་གི་ཐམས་ཅད་སྟོང་པ་སྟེ། །ཕྱི་རོལ་རྟོགས་པའང་ཐམས་ཅད་སྟོང༌། །ཞེས་བྱ་བ་གསུངས་ཏེ། དེ་ནི་རྣམ་པར་གཞག་པ་ཙམ་དུ་ཟད་དོ་ཞེས་བརྡ་སྤྲད་པ་ཡིན་ནོ། །འོ་ན་བརྟག་པར་བྱ་བ་ལ་རྟོག་པ་པོར་རྣམ་པར་གཞག་པ་ཇི་ལྟར་འགྲུབ་སྙམ་པ་ལ། སྟོང་པ་ཉིད་སྒོམ་གང་ཡིན་པ། །དེ་ཡང་སུ་ཡང་ཡོད་མ་ཡིན། །ཞེས་བྱ་བ་གསུངས་སོ། །འོ་ན་འཕགས་པ་དང་སོ་སོའི་སྐྱེ་བོ་རྣམ་པར་གཞག་པ་ཇི་ལྟར་འགྲུབ་སྙམ་པ་ལ། བདག་ཉིད་ཀྱིས་ནི་བདག་མེད་དེ། །ཕྱིན་ཅི་ལོག་ཏུ་རྟོག་པར་ཟད། །ཅེས་བྱ་བ་གསུངས་ཏེ། འཕགས་པ་དང་སོ་སོའི་སྐྱེ་བོའི་བདག་ཉིད་ནི། དེའི་བདག་ཉིད་ཀྱིས་ཡོངས་སུ་གྲུབ་པ་མེད་དེ། ཕྱིན་ཅི་ལོག་ཏུ་བརྟགས་པར་ཟད་དོ་ཞེས་བརྡ་སྤྲད་པ་ཡིན་ནོ། །འོ་ན་གཞན་དང་བདག་རྣམ་པར་གཞག་པ་ཇི་ལྟར་འགྲུབ་སྙམ་པ་ལ། འདི་ན་བདག་གམ་སེམས་ཅན་མེད། །ཅེས་བྱ་བ་གསུངས་སོ། །འོ་ན་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། རྣམ་པར་གཞག་པ་ཇི་ལྟར་འགྲུབ་སྙམ་པ་ལ། ཆོས་རྣམས་འདི་དག་རྒྱུ་དང་བཅས། །ཞེས་བྱ་བ་གསུངས་ཏེ། ཀུན་ནས་ཉོན་མོངས་པ་ཅན་ནམ། རྣམ་པར་བྱང་བ་ཅན་གང་ཡང་མེད་པའི་ཕྱིར་རོ། །ཆོས་རྣམས་ཀུན་ཀྱང་སྤྱོད་པ་མེད། ཅེས་གསུངས་ན། ཇི་ལྟར་སྤྱོད་པ་མེད་པ་མ་གསུངས་ཏེ། དེའི་ཕྱིར།
འདུ་བྱེད་ཐམས་ཅད་སྐད་ཅིག་ལ། །མི་བརྟན་བྱེད་པ་ག་ལ་ཡོད། །ཅེས་བྱ་བ་གསུངས་སོ། །དེ་ལྟ་མོད་ཀྱི་བྱེད་པ་ཡོད། །ཅེས་གསུངས་ན། བྱེད་པ་མེད་ན་ཇི་ལྟར་བྱེད་པ་འབྱུང་བར་འགྱུར་སྙམ་པ་ལ། གང་དག་སྐྱེ་བ་དེ་ཉིད་ཚེ། །དེ་ཉིད་བྱེད་པ་པོ་ཞེས་བྱ། །ཞེས་གསུངས་ཏེ། འབྲས་བུ་ཡིན་པའི་ཕྱིར་བྱེད་པའོ། །རྒྱུ་ཡིན་པའི་ཕྱིར་བྱེད་པ་པོའོ། །སྐྱེ་བ་དེ་ནི་སྐྱེ་མཆེད་རྣམས་ལས་རྣམ་པར་ཤེས་པ་འབྱུང་བས་སྟོན་ཏེ། དེ་འབྱུང་བ་ཡང་མིག་ལ་སོགས་པ་མེད་པར་དེ་མི་འགྲུབ་པའི་ཕྱིར་རོ། །ཆོས་རྣམས་ཀུན་ཀྱང་སྤྱོད་པ་མེད། །ཅེས་གསུངས་པ་ལ། སྤྱོད་པ་མེད་ཅིང་རྣམ་པ་དྲུག་ཏུ་སྟོན་ཏེ། བྱེད་པའི་སྦྱོར་བ་མེད་པ་ནི་མིག་གིས་གཟུགས་རྣམས་མི་མཐོང་ལ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །རྗེས་སུ་འཇུག་པའི་བྱེད་པའི་སྤྱོད་པ་མེད་པ་ནི། འདི་དག་བྱིན་གྱིས་རློབ་པར་བྱེད། །བྱེད་དུ་འཇུག་པའང་ཡོད་མ་ཡིན། །ཞེས་བྱ་བ་ཡིན་ཏེ། བདག་པོ་དང༌། །བྱེད་པ་པོ་མེད་པའི་ཕྱིར་གོ་རིམས་བཞིན་དུ། གང་གི་རྗེས་སུ་འཇུག་པར་བྱེད་པར་འགྱུར། སྐྱེད་པའི་སྤྱོད་པ་མེད་པ་ནི། །དེ་ནི་གཞན་གྱིས་སྐྱེད་པ་མིན། །ཞེས་བྱ་བ་ཡིན་ནོ། །སྐྱེ་བའི་སྤྱོད་པ་དེ་དག་ནི། །བདག་ཉིད་ཀྱང་མི་སྐྱེ་སྟེ། ཞེས་བྱ་བ་ཡིན་ནོ། །འཕོ་བའི་སྤྱོད་པ་མེད་པ་ནི། །དངོས་པོ་རྣམས་ནི་བརྟེན་ནས་སྐྱེ། །རྙིང་པ་མ་ཡིན་གསར་ཞིང་གསར། །ཞེས་བྱ་བ་ཡིན་ནོ། །འཇིག་པའི་སྤྱོད་པ་མེད་པ་ནི། །འདི་ནི་གཞན་གྱིས་འཇིག་མི་བྱེད། །ཅེས་བྱ་བ་ཡིན་ནོ། །ཞིག་པའི་སྤྱོད་པ་མེད་པ་ནི། །བདག་ཉིད་ཀྱང་ནི་འཇིག་པ་མེད། །ཅེས་བྱ་བ་ཡིན་ནོ། །ཅི་བརྟེན་ནས་སྐྱེ་བ་ཇི་ལྟ་བ་དེ་བཞིན་དུ། བརྟེན་ནས་རྣམ་པར་འཇིག་པར་འགྱུར་རམ་སྙམ་པ་ལ། རྐྱེན་ཡོད་ན་ནི་སྐྱེ་འགྱུར་ལ། །སྐྱེས་ནས་རང་གི་ངང་གིས་འཇིག །ཅེས་བྱ་བ་གསུངས་སོ། །ཆོས་རྣམས་འདི་དག་རྒྱུ་དང་བཅས། །ཞེས་གསུངས་པས་ན། དེའི་ཕྱིར། ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད། ཁྱིམ་པ་དང་རབ་ཏུ་བྱུང་བའི་ཆོས་དེ་དག་རྒྱུ་དང་བཅས་པར་སྟོན་ཏེ། ཕྱོགས་གཉིས་ལ་ནི་བརྟེན་པ་ཡི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་
ཀྱིས། མ་རིག་པ་དང༌། སྲེད་པ་རྒྱུ་ཡིན་པར་སྟོན་ཏོ། །དེ་མན་ཆད་ཚིགས་སུ་བཅད་པ་ལྔས་ནི་ཀུན་ནས་ཉོན་མོངས་པ་དེ་ཉིད་ཀྱི་རབ་ཏུ་དབྱེ་བ་དང༌། རྟེན་དང༌། རྒྱུ་དང༌། དུས་སྟོན་ཏོ། །དེ་ལ་ཆོས་རྣམས་རྒྱུ་དང་བཅས་པ་ནི་མ་རིག་པ་ནས་ཚོར་བ་ཡན་ཆད་དོ། །རྒྱུ་དང་བཅས་པའི་སྡུག་བསྔལ་ནི། །སྲེད་པ་ནས་རྒ་ཤི་ཡན་ཆད་དོ། །འདིས་ནི་ཉོན་མོངས་པ་དང༌། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་རྣམ་པ་གསུམ་སྟོན་ཏོ། །ཉོན་མོངས་དངོས་གཞི་གཉིས་བྱས་ནས། ཞེས་བྱ་བ་ནི། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལས། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་གཙོ་བོར་གཟུང་བ་སྟོན་ཏོ། །བྱ་བ་བདག་གིས་བྱས་པ་མེད། །ཅེས་བྱ་བ་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཡང་ལོགས་ཤིག་ཏུ་སྨོས་པ་ནི། དེས་སྣ་ཚོགས་བྱས་པའི་ཕྱིར་དང༌། དེའི་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་ལ་བྱ་བ་བདག་གིས་བྱས་པ་མེད་པ་ནི་སྡིག་པའི་གྲོགས་པོ་དང༌། །དགེ་བའི་བཤེས་གཉེན་ཕ་རོལ་གྱིས་བསྒྲུབ་པ་ལ་ལྟོས་པའི་ཕྱིར་རོ། །གཞན་གྱིས་བྱས་པ་ཁོ་ན་མ་ཡིན་ན། སྐྱེས་བུའི་བྱེད་པ་ལ་ལྟོས་པའི་ཕྱིར་རོ། །གཞན་ཁོ་ནས་བྱ་བ་བྱེད་དུ་བཅུག་པ་མ་ཡིན་ནོ། །སྔོན་གྱི་ཚེ་རབས་ཀྱི་རྒྱུ་ལ་ལྟོས་པའི་ཕྱིར་རོ། །འདུ་བྱེད་སྐྱེས་པར་མ་གྱུར་པ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདིས་ནི། མ་འོངས་པ་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་སྐྱེ་པ་མེད་དེ། ད་ལྟར་བྱུང་བ་དང༌། འདས་པའི་འདུ་བྱེད་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་སྟོན་ཏོ། །འདུ་བྱེད་སྐྱེས་པར་གྱུར་པ་ཡང༌། །དེ་ཉིད་ཀྱིས་ནི་རྟོག་མི་བྱེད། །མ་འོངས་པ་ལ་མཚན་མ་མེད་པའི་ཕྱིར་མི་རྟོག་སྟེ། གཞན་དུ་བརྟགས་ལ་ཇི་སྙེད་གཞན་དུ་འགྱུར་བ་ཡང་ཡོད་པས་འདི་དང་འདི་ལྟ་བུར་འགྱུར་རོ་ཞེས་ངེས་པར་བྱར་མེད་པའི་ཕྱིར་རོ། །འདས་པ་ལ་ནི་རྣམ་པར་རྟོག །ཅེས་བྱ་བ་ནི། འདི་དང་འདི་ལྟ་བུ་ཞིག་ཏུ་གྱུར་ཏོ་ཞེས་མཚན་མར་གཟུང་དུ་ཡོད་པའི་ཕྱིར་རོ། །མྱོང་བ་འབའ་ཞིག་ལ་རྟོག་པ་མ་ཡིན་ཏེ། མ་མྱོང་བ་མ་འོངས་པ་ལ་མཚན་མར་གཟུང་དུ་མེད་བཞིན་དུའང་
རྣམ་པར་རྟོག་པར་བྱེད་དོ། །འདིས་ནི་རྟོག་པའི་རྒྱུ་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་ད་ལྟར་བྱུང་བའི་འདུ་བྱེད་ལ་བརྟེན་པ་སྟོན་ཏོ། །འདུ་བྱེད་རྣམས་ནི་ཐོག་མ་མེད། །འོན་ཀྱང་ཐོག་མ་ཡོད་པར་སྣང༌། ཞེས་བྱ་བ་ནི། ཀུན་ནས་ཉོན་མོངས་པའི་དུས་ཏེ། ཐོག་མ་མེད་པའི་དུས་ནས་རྗེས་སུ་འབྲང་བའི་ཕྱིར་དང༌། གསར་དུ་སྐྱེ་བའི་ཕྱིར་རོ། །འདི་མན་ཆད་ཀྱིས་ནི་རྣམ་པར་བྱང་བའི་ཕྱོགས་སྟོན་ཏོ། །ཇི་ལྟར་གཟུགས་ལ་སོགས་པ་དབུ་པ་རྡོས་པ་ལ་སོགས་པ་ལྟ་བུར་རང་གི་མཚན་ཉིད་དང༌། སྐྱེ་བ་དང༌། གནས་པ་དང༌། འགག་པ་མཚུངས་པས་འདུས་བྱས་ཀྱི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར། སྤྱིའི་མཚན་ཉིད་དང༌། ཀུན་རྫོབ་དང༌། དོན་དམ་པའི་བདེན་པས་ཡོངས་སུ་བརྟགས་ན་རྣམ་པར་བྱང་བར་འགྱུར་ཏེ། འདི་ལྟར་གཏི་མུག་པར་བྱེད་པ་གང་ཡང་མེད་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་གཏི་མུག་ནི་མེད་པ་མ་ཡིན་ཏེ། ཀུན་རྫོབ་ཏུ་ན་གཏི་མུག་ནི་རྨོངས་པར་བྱེད་པའོ་ཞེས་བྱའོ། །གང་གི་ཕྱིར་རྨོངས་པ་མེད་པ་ལ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མེད་དེ། དེ་བས་ན་གཏི་མུག་དེ་རྨོངས་པར་མི་བྱེད་དོ་ཞེས་སྟོན་ཏོ། །དེ་བཞིན་དུ་རྣམ་པར་ཤེས་པ་ཡང་ཀུན་རྫོབ་ཏུ་ན། བསོད་ནམས་ལ་སོགས་པའི་འདུ་བྱེད་དུ་ཉེ་བར་འགྲོ་བ་ཞེས་བྱའི། དོན་དམ་པར་ནི་ཉེ་བར་འགྲོ་བ་མེད་དོ། །གསུམ་དུ་འདོད་ཅེས་བྱ་བ་ནི། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་རྣམས་སོ། །ལས་རྣམས་གསུམ་པོ་གང་ཡིན་པ། །ཞེས་བྱ་བ་ནི། ལུས་ལ་སོགས་པའི་ལས་སོ། །དེ་དག་ཀུན་ཀྱང་འབྲེལ་པ་མེད། །ཅེས་བྱ་བ་ནི། ཕན་ཚུན་འགྲོགས་པ་མེད་པའི་ཕྱིར་ཏེ། འདི་ལྟར་ད་ལྟར་གྱི་རྣམས་ནི་འཇིག་པའི་ངང་ཚུལ་ཅན་ཡིན་ལ། འདས་པ་རྣམས་ནི་གང་ན་ཡང་མི་གནས་པ་དང༌། མ་སྐྱེས་པ་རྣམས་ནི་རྐྱེན་ལ་རག་ལས་པའི་ཕྱིར་རོ། །སེམས་ནི་ཕྱི་བཞིན་འབྲང་བ་ཡིན། །ཞེས་བྱ་བ་ནི། དེ་དག་དང་མཚུངས་པར་ལྡན་པ་གང་ཡིན་པའོ། །དེ་ལྟ་ན། ཇི་ལྟར་བསོད་ནམས་ལ་སོགས་པའི་འདུ་བྱེད་རྣམས་འབྲེལ་པ་མེད་པ་དེ་བཞིན་དུ། དེ་དང་མཚུངས་པར་ལྡན་པའི་སེམས་ཀྱང་དེ་བཞིན་དུ།
འགྱུར་བའི་རིགས་ན། ཇི་ལྟར་དེ་ཉེ་བར་འགྲོ་བར་འགྱུར། གང་གི་ཕྱིར་སེམས་འདུ་བྱེད་གང་དང་མཚུངས་པར་ལྡན་པའམ། ཡང་ན་མི་ལྡན་པར་གྱུར་ན། དེ་ནི་དེ་དང་ནམས་ཀྱང་མཚུངས་པར་ལྡན་པ་མ་ཡིན་པའམ། ཡང་ན་མི་ལྡན་པ་ཡང་མ་ཡིན་པར་མི་འགྱུར་བའི་རིགས་སོ། །སེམས་ཐམས་ཅད་དང་མཚུངས་པར་ལྡན་པའམ། མི་ལྡན་པ་ཡང་མ་ཡིན་ཏེ། དེ་ལྟ་ན་ཡང་དག་པར་སེམས་ཀྱི་ཉེ་བར་འགྲོ་བ་མ་གྲུབ་པ་ཀུན་རྫོབ་ཏུ། སེམས་ནི་ཉེ་བར་འགྲོ་ཞེས་བྱ། །ཞེས་བྱ་སྟེ། གཏན་ཚིགས་གང་གིས་སྟོན་ཞེ་ན། །རྒྱུན་ནི་འདྲ་དང་མི་འདྲ་བ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་སྟོན་ཏོ། །ཀུན་རྫོབ་འདི་ནི་བྱ་བ་ཡིན། །ཞེས་བྱ་བ་ནི་དེ་ཉེ་བར་འགྲོ་བའོ། །ཇི་ལྟར་བྱེད་པ་པོ་དང༌། ཚོར་བ་པོ་ཡང་དག་པར་མེད་བཞིན་དུ་ཡང་ཞེ་ན། ཀུན་རྫོབ་ཏུ་བདག་གིས་བྱས་པ་ལ་ཉེ་བར་སྤྱད་པ་ཞེས་བྱ་བ་ཡང་བསྟན་ཏོ། །སྔ་དང་ཕྱི་མས་ཐ་དད་ཅིང༌། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི། ཇི་ལྟར་ཡང་དེས་བྱེད་ཅིང་དེས་མྱོང་ངམ། འོན་ཏེ་གཞན་གྱིས་ཞེས་བྱ་བ་ལུང་དུ་མི་བསྟན་པ་དེ་ཡོངས་སུ་སྟོན་ཏོ། །དེ་ལྟ་ན་བདག་པོའམ། བྱེད་པ་པོའམ། ཚོར་བ་པོ་ཡང་དག་པར་མེད་ཀྱི། རྒྱུ་དང་འབྲས་བུ་ཡོད་པ་ཙམ་ལས་རྒོལ་བའི་ལན་གདབ་པའམ། རྒྱུ་དང་འབྲས་བུའི་མཚན་ཉིད་དང༌། དེ་ཉིད་ལ་བདག་ཏུ་ཕྱིན་ཅི་ལོག་པ་ནི་ཚིགས་སུ་བཅད་པ་ལྔས་སྟོན་ཏོ། །དེ་ལ་ཇི་ལྟར་བདག་མེད་བཞིན་དུ་ཡང་སྲིད་པ་འབྱུང་ཞིང་རྒྱུན་མི་འཆད་པ་དང༌། ཇི་ལྟར་རྒྱུ་ལས་འབྲས་བུ་ཅིག་ཅར་མི་འབྱུང་བ་དང༌། ཇི་ལྟར་ཐམས་ཅད་ལས་ཐམས་ཅད་མི་འབྱུང་བ་དང༌། ཇི་ལྟར་རྒྱུའི་ལམ་དེ་རྒྱུན་ཆད་པར་མི་འགྱུར་བ་དེ་ནི་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ། རྩ་བ་བཞིས་རྒོལ་བ་བཞིའི་ལན་གོ་རིམས་བཞིན་དུ་འདེབས་སོ། །གཉིས་པས་ནི་རྒྱུ་དང་འབྲས་བུའི་མཚན་ཉིད་སྟོན་ཏོ། །ཕྱི་མ་གསུམ་གྱིས་ནི་རྒྱུ་དང་འབྲས་བུ་བདག་མེད་པ་དེ་ལ་ཇི་ལྟར་བདག་ཏུ་ལྟ་བར་ཕྱིན་ཅི་ལོག་པ་སྟོན་ཏོ། །དེ་ཡང་དམིགས་པ་དང༌། རྟེན་དང༌། འབྲས་བུ་དང༌། རྒྱུ་ལས་སྟོན་ཏེ། དེའི་
དམིགས་པ་ནི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །དེ་ཡང་གཟུགས་མེད་པ་དང༌། བསྟན་དུ་མེད་པ་གཉིས་ཀྱིས་སོ་སོ་རང་གིས་རིག་པར་སྒྲུབ་པར་བྱེད་དེ། གཟུགས་རྣམས་ནི་བརྟག་ཏུ་རུང་བའོ་ཞེས་མདོ་ལས་འབྱུང་བས་བརྟག་ཏུ་མེད་པའི་ཕྱིར་དང༌། གཞན་དག་ལ་བསྟན་དུ་མི་རུང་བས་བསྟན་དུ་མེད་པའི་ཕྱིར་རོ། །རྟེན་དང་འབྲས་བུ་ནི་གཉིས་པས་བསྟན་ཏོ། །བྱིས་པ་རྣམས་ནི་རྟེན་ཡིན་ནོ། །དེ་ལས་གཞན་པའི་ལྟ་བ་རྣམས་ནི་འབྲས་བུའོ། །རྒྱུ་ནི་གསུམ་པས་བསྟན་ཏེ། དེ་ལ་ལྷན་ཅིག་སྐྱེས་པའི་བདག་ཏུ་ལྟ་བ་ནི་རིལ་པོར་འཛིན་པ་དང༌། དེའི་བག་ལ་ཉལ་རང་གི་ས་བོན་ལས་བྱུང་ངོ༌། །མུ་སྟེགས་ཅན་གྱི་བདག་ཏུ་ལྟ་བ་ཡོངས་སུ་བརྟགས་པ་ནི་སྔོན་གོམས་པ་ལ་སོགས་པ་ལས་འབྱུང་སྟེ། མུ་སྟེགས་ཅན་གྱི་ལྟ་བ་དེ་ཡང་གོམས་པར་གྱུར་ལ། འདིར་ཡང་ཚུལ་བཞིན་མ་ཡིན་པ་ལ་རྟོག་ཅིང༌། དེ་དང་མཐུན་པའི་དམ་པའི་ཆོས་མ་ཡིན་པ་ཡང་ཕ་རོལ་ལས་ཐོས་ཏེ། དེ་ལྟར་རྟེན་དང༌། ཡིད་ལ་བྱེད་པ་དང༌། དམིགས་པའི་ཉེས་པ་རྣམས་ཀྱིས་ཡོངས་སུ་བརྟགས་པའི་བདག་ཏུ་ལྟ་བ་འབྱུང་བ་སྟོན་ཏོ། །དེའི་འོག་ཏུ་ཇི་ལྟར་བདག་ཏུ་ལྟ་བ་དེས་ཀུན་ནས་འབྱུང་བའི་གོ་རིམས་ཀྱིས་སྡུག་བསྔལ་འགྲུབ་པར་བྱེད་པ་དང༌། ཇི་ལྟར་སྡུག་བསྔལ་དེ་ང་རྒྱལ་དང་བཅས་པའི་སྡུག་བསྔལ་གཉིས་ཀྱི་རྒྱུར་འགྱུར་བ་དང༌། ཇི་ལྟར་ན་ཐར་པའི་བགེགས་སུ་འགྱུར་བ་དེ་ནི་ཚིགས་སུ་བཅད་པ་ལྔས་བསྟན་ཏེ། དེ་ལ་ཚིགས་སུ་བཅད་པ་དང་པོས་ཀུན་འབྱུང་བ་སྟོན་ཏོ། །གཉིས་པ་དང་གསུམ་པས་ནི་སྡུག་བསྔལ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་དུ་བསྡུས་པའི་ཀུན་གཞི་རྣམ་པར་ཤེས་པ་དེ་ལ་དེ་གནས་པར་བྱས་ནས། འགྱུར་རམ་མི་འགྱུར་ཞིག་གུ་སྙམ་པ་ལ་སོགས་པར་སྤྲོས་པ་ཁས་ལེན་ཏོ། །གནས་བྱས་ཞེས་བྱ་བ་ནི། ལུས་ཡོངས་སུ་འཛིན་པར་བྱེད་པའོ། །སྐད་ཅིག་ཙམ་ཡང་ཞི་བར་མི་འགྱུར་བ་ནི། སྡུག་བསྔལ་དེ་ཡང་དུས་ཐམས་ཅད་དུ་རྗེས་སུ་འབྲེལ་བའི་ཕྱིར་རོ། །བཞི་པས་ནི་ཇི་ལྟར་སྡུག་བསྔལ་བ་དེ་སྡུག་བསྔལ་གཞན་གཉིས་དང༌། ང་རྒྱལ་གྱི་རྐྱེན་ཡིན་པ་སྟོན་ཏོ། །ལྔ་པས་ནི་ཇི་ལྟར་ཐར་པའི་
བགེགས་སུ་འགྱུར་བ་སྟོན་ཏོ། །དེར་ནི་ལྷག་པར་ཀུན་དུ་རྨོངས་པར་འགྱུར་བ་ཞེས་བྱ་བ་ནི་སྡུག་བསྔལ་གཞན་གཉིས་ལས་ལྷག་པའོ། །ཀུན་དུ་འགྲོ་ཞེས་བྱ་བ་ནི། ཚོར་བ་ཐམས་ཅད་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ། །ཀུན་ལ་སྤྱོད་པར་བྱེད་ཅེས་བྱ་བ་ནི། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ལའོ། །ཀུན་གཞིའི་རྣམ་པར་ཤེས་པར་གཏོགས་པའི་སྡུག་བསྔལ་དེ་མཚོ་དང་འདྲ་བར་བསྟན་ནས། ད་ནི་སྐོམ་པར་འགྱུར་བ་སྟོན་ཏེ། ཆོས་སྤྱོད་པ་ཁོ་ནས་སྐོམ་པར་འགྱུར་བའི་ཕྱིར་རོ། །དེ་ལ་མི་བཟད་པའི་རྒྱུན་རྣམས་ནི། མིག་ལ་སོགས་པ་དྲུག་དང༌། འགྲོ་བ་ལྔ་དང༌། ཁམས་གསུམ་ལ་སོགས་པའོ། །ཆོས་སྤྱོད་པ་དེ་ཡང་འཆིང་བ་དང༌། ཐར་པ་ཡོངས་སུ་ཤེས་པར་བསྟན་ཏོ། །དེ་ལ་འཆིང་བ་ཡོངས་སུ་ཤེས་པ་ནི། འདི་ལྟར་ཡོངས་སུ་ཤེས་པ་སྟེ། སྡུག་བསྔལ་ལ་ཡང་སྡུག་བསྔལ་ལོ་སྙམ་དུ་འཛིན་པ་དང༌། བདེ་ན་ཡང་བདག་ཉིད་བདེའོ་སྙམ་དུ་འཛིན་པའོ། །ཡོངས་སུ་རྟོག་པ་དེ་ཡང་ལྟ་བ་སྐྱེད་པར་བྱེད་པ་ཡིན་ལ། ལྟ་བ་དེ་ཉིད་ལས་ཀྱང་དེ་འབྱུང་སྟེ། དེ་ནི་སྐྱེད་པ་ཡིན་ནོ། །ཐར་པ་ཡོངས་སུ་ཤེས་པ་ནི། ཚིགས་སུ་བཅད་པ་ལྷག་མ་དྲུག་གིས་བསྟན་ཏོ། །རྟག་ཏུ་ཉོན་མོངས་ཅན་གྱི་ཡིད། །ཉོན་མོངས་ལྷན་ཅིག་སྐྱེ་ཞིང་འགག །དེ་ཕྱིར་དེ་ནི་ཉོན་མོངས་ལས། །ཐར་པར་མ་གྱུར་ཅེས་བྱ་བ་ནི། གང་གི་ཚེ་ཉོན་མོངས་པ་རྣམས་དང་ལྷན་ཅིག་སྐྱེ་བ་ནའོ། །འགྱུར་བ་མིན་ཞེས་བྱ་བ་ནི། གང་གི་ཚེ་དེ་དག་དང་ལྷན་ཅིག་འགགས་པ་ནའོ། །གང་གི་ཚེ་ཐར་པ་ཞེས་བྱ་བ་དེ་སྟོན་ཏེ། །དེ་ཉིད་ཕྱིས་དག་པར་སྐྱེ་བ་ནི་མ་ཡིན་གྱི། ཡིད་གཞན་དག་པར་འགྱུར་ཏེ། །དེ་ནི་ཐོག་མ་ཉིད་ནས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་ན་འགྲོ་བ་ཞེས་བྱའོ། །ཉོན་མོངས་ཅན་གང་དེ་འདིར་གཞན།། ཞེས་བྱ་བ་ནི། ཚིགས་སུ་བཅད་པ་འདི་ནི། དོན་འདི་ཉིད་སྒྲུབ་པའོ། །ཐར་པ་དེ་ཡང་རྣམ་པ་གཉིས་སུ་བསྟན་ཏེ། །ཉོན་མོངས་པ་ལས་ཐར་པ་དང༌། །དངོས་པོ་ལས་ཐར་པའོ། །ཉོན་མོངས་པ་ལས་ཐར་པ་ནི། ས་བོན་ཐམས་ཅད་ལེགས་པར་བསྩལ་བས། ཉོན་
མོངས་པ་ཡོངས་སུ་ཟད་པའི་ཕྱིར་རོ། །དངོས་པོ་ལས་ཐར་པ་ནི་དེ་ཉིད་ལ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ཏེ། དགེ་སློང་དག་མིག་ལ་འདུན་པའི་འདོད་ཆགས་གང་ཡིན་པ་དེ་སྤངས་ན། དེ་ལྟ་བུས་ཁྱེད་ཀྱི་མིག་དེ་སྤོང་བར་འགྱུར་རོ་ཞེས་མདོ་ལས་འབྱུང་བའི་ཚིག་ལྟ་བུའོ། །དེ་ལྟར་ཕུང་པོའི་ལྷག་མ་དང་བཅས་པའི་ཐར་པ་བསྟན་ནས། སོ་སོར་གི་རིག་པས་ཕུང་པོའི་ལྷག་མ་མེད་པ་སྟན་ཏེ། མེད་པ་ཙམ་དུ་འཛིན་པ་ལ་བཙལ་བའི་ཕྱིར། དེ་བསམ་གྱིས་མི་ཁྱབ་པར་སྟོན་ཏོ། །ཕུང་པོའི་ལྷག་མ་མེད་པ་ནི། སྡུག་བསྔལ་ཙམ་ཟད་པས་བསྟན་ཏོ། །དེ་བས་ན་དེ་ལས་ཐ་དད་པའམ། ཐ་དད་པ་མ་ཡིན་པའམ། ཤི་བའི་འོག་ཏུ་ཡོད་པའམ། མེད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་རྣམ་པ་ཐམས་ཅད་དུ། སྤྲོས་པ་མེད་པའོ། །རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ། ཚིགས་སུ་བཅད་པ་འདིས་ནི་འཆིང་བ་དང་ཐར་པ་ཡོད་བཞིན་དུ། གང་ཟག་དང་ཆོས་འཁོར་བའམ། ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟར་མེད་པ་དེ་ཡོངས་སུ་སྟོན་ཏོ། །དོན་དམ་པའི་ཚིགས་སུ་བཅད་པ་རྣམས་ཀྱི་ཡིད་ཆེས་པའི་ལུང་རྣམ་པར་བཤད་པ་རྫོགས་སོ།། །།དེ་ལ་དགོངས་པའི་དོན་གྱི་ཚིགས་སུ་བཅད་པ་རྣམ་པར་གཞག་པ་ནི། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། །ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་མི་མཇེད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་བརྗོད་པས་ཞུ་བ་ཞུས་པ། བསླབ་པ་རྣམས་ལ་ཕ་རོལ་གཤེགས། །ཐེ་ཚོམ་ཐམས་ཅད་སེལ་མཛད་པ། །བསླབ་དང་བསླབ་རྣམས་བསླབ་བགྱི་བ། །གང་ལགས་ཞུ་ན་བདག་ལ་གསུངས། །གྲོགས་པོ་མདོར་ན་བསླབ་པ་གསུམ། །ལྷག་པའི་ཚུལ་ཁྲིམས་ལྷག་པའི་སེམས། །ལྷག་པའི་ཤེས་རབ་དེ་དག་ལ། །བསླབ་པ་གང་ཡིན་མཉན་པར་གྱིས། །ཡན་ལག་དྲུག་དང་ལྡན་པ་དང༌། གནས་བཞི་བདེ་དང་ལྡན་པ་དང༌། །བཞི་པོ་ཡི་ནི་རྣམ་པ་
བཞི། །རྟག་ཏུ་ཡེ་ཤེས་དག་པ་ཡིན། །རྩ་བ་ཤིན་ཏུ་བརྟན་པ་དང༌། །ཞི་བའི་སེམས་ལ་དགའ་བ་དང༌། །འཕགས་པའི་ལྷ་དང་སྡིག་པའི་ལྷ། །ལྡན་པར་བྱ་ཞིང་འབྲལ་བར་བྱ། །དང་པོ་དག་ཅིང་བསམ་གཏན་དགའ། །བདེན་པ་ལ་ཡང་མཁས་པར་བྱ། །བདེན་པ་ཉིད་ནི་བསྐྱེད་པ་དང༌། །སྤང་བར་བྱ་ཞིང་སྤེལ་བར་བྱ། །བསླབ་པ་གསུམ་གྱི་གཞི་རྣམས་ལ། །འགྲོ་བ་རྣམ་པ་བཞི་ཡོད་དེ། །འགྲོ་བ་རྣམ་པ་གཉིས་སྤངས་ལ། །འགྲོ་བ་གཉིས་ནི་བསྒྲུབ་པར་བྱ། །གཉིས་ནི་གཉིས་ལ་ཉེ་བར་གནས། །གཅིག་ནི་མྱ་ངན་འདའ་བར་འགྲོ། །གོ་རིམས་བཞིན་དུ་རྒྱུར་འགྱུར་ཏེ། །སོ་སོ་དང་མི་འདྲེན་མར་བསྒོམ། །གང་གི་ཐོག་མར་འགྱོད་མེད་ལ། །ཕྱི་ནས་བདེ་དང་ལྡན་འགྱུར་ལ། །མཁས་པ་གང་ལ་སློབ་པ་དེ། །བསླབ་པ་ཀུན་གྱི་ཐོག་མ་ཡིན། །གང་གིས་དགེ་བ་འབྱུང་ལྡན་པ། །ཡེ་ཤེས་རྣམ་པར་སྤྱོད་བྱེད་པ། །མཁས་པ་གང་ལ་བསླབ་པ་དེ། །བསླབ་པ་ཀུན་གྱི་བར་མ་ཡིན། །གང་གིས་སེམས་ནི་རྣམ་གྲོལ་ལ། །སྤྲོས་པ་ཡང་ནི་འགག་འགྱུར་བ། །མཁས་པ་གང་ལ་སློབ་པ་དེ། །བསླབ་པ་ཀུན་གྱི་གཙོ་བོ་ཡིན། །ལམ་གྱི་ཐོག་མར་བསྟན་པ་དེ། །མ་དག་འགྲོ་བར་འགྱུར་བའི་ལམ། །དེ་བཞིན་བདེ་འགྲོར་འགྲོ་བ་སྟེ། །དེ་ནི་གཅིག་པུས་འགྱུར་བར་འདོད། །ལམ་གྱི་བར་མར་བསྟན་པ་དེ། །རྣམ་པར་དག་པར་འགྲོ་བའི་ལམ། །ཐམས་ཅད་གཏན་དུ་འགྲོ་བ་མིན། །དེ་ནི་གཅིག་པུ་མ་ཡིན་འདོད། །ལམ་གྱི་གཙོ་བོ་བསྟན་པ་དེ། །རྣམ་པར་དག་པར་འགྲོ་བའི་ལམ། །ཐམས་ཅད་གཏན་དུ་འགྲོ་བ་སྟེ། །དེ་ཡང་གཅིག་པུ་མ་ཡིན་འདོད། །སློབ་དང་མི་སློབ་གང་ཡིན་དེ། །གཉི་ག་མཁས་པར་འདོད་པ་ཡིན། །སློབ་དང་མི་སློབ་གང་ཡིན་པ། །དེ་ནི་གཉི་ག་བྱིས་པར་འདོད། །ཡོངས་སུ་འཛིན་པ་སྤངས་པ་དང༌། །གནས་ངན་ལེན་དང་བྲལ་བ་དང༌། །དེ་བཞིན་ཤེས་བྱ་མངོན་སུམ་ཕྱིར། །བསླབ་པ་བླང་བ་རྣམ་གསུམ་གྱུར། །དམིགས་བཅས་དམིགས་པ་མེད་པ་དང༌། །ཕྲ་བ་དང་ནི་རགས་པར་ལྡན། །ཡང་དག་བླང་དང་རབ་དབེན་དང༌། །སྒྲ་དང་
བསྟོད་པས་ཡང་དག་བསྒྲུབས། །བསླབ་པ་གཅིག་ནི་གཅིག་པུ་འབྱུང༌། །ཕྱི་མ་ཟླ་དང་བཅས་པ་ཡིན། །གཅིག་ནི་ཟླ་དང་གསུམ་ཡིན་ཏེ། །དེ་དག་མཁས་པས་འདའ་བར་བྱེད། །བསླབ་ལས་ཚུལ་ཁྲིམས་མ་ཉམས་དང༌། །དམ་བཅས་དང་ཡང་ལྡན་པ་དང༌། །ཆོག་བཟང་པོ་མ་སྨད་དང༌། །གནས་ལྔ་དག་ཀྱང་རྣམ་པར་སྤངས། །འབྱིན་པས་འགྱོད་པ་མེད་པར་འགྱུར། །འགྱོད་པས་ཉེས་པ་མེད་པར་འགྱུར། །བསླབ་པ་ལ་ནི་བརྟེན་པར་བྱ། །དེ་ལ་སྙིང་ནས་ནན་ཏན་བྱ། །ཕྱིར་ནི་སྤང་བར་མི་བྱ་ཞིང༌། །སྲོག་གི་ཕྱིར་ཡང་གཞིག་མི་བྱ། །རྟག་ཏུ་ནན་ཏན་གནས་པར་བྱ། །འདུལ་བ་ལ་ནི་འཇུག་པར་བྱ། །དམ་བཅས་ཐོག་མར་དག་པར་བྱ། །འཚོ་བ་ཡང་ནི་དག་པར་བྱ། །མཐའ་གཉིས་པོ་ནི་སྤངས་ནས་ཀྱང༌། །སྨོན་པ་རྣམ་པར་སྤོང་བར་བྱ། །བར་ཆད་བྱེད་པའི་ཆོས་རྣམས་ལ། །ཇི་ལྟར་ཡང་ནི་ཆགས་མི་བྱ། །སེམས་ནི་འཁྲུག་པར་བྱེད་པའི་ཆོས། །བྱུང་བ་དང་དུ་བླང་མི་བྱ། །ཧ་ཅང་མི་ཞུམ་ཐལ་ཆེས་མིན། །རྟག་ཏུ་དྲན་པ་ཉེ་བར་གཞག །དངོས་གཞི་ཉེར་བསྡོགས་རྣམས་ཀྱིས་དང༌། །ཚངས་སྤྱོད་དག་པར་སྤྱད་པར་བྱ། །བརྩོན་འགྲུས་ཀྱང་ནི་བརྩམ་པར་བྱ། །རྟག་ཏུ་བརྟུན་པ་བརྟན་པོར་བྱ། །ཡན་ལག་ལྔ་པོ་རབ་བརྟན་པའི། །བག་ཡོད་པ་ནི་བརྟེན་པར་གྱིས། །དགེ་བ་སྤྱོམས་པར་མི་བྱ་སྟེ། །སྡིག་པ་རྣམས་ནི་བཤགས་པར་བྱ། །ཆོས་གོས་ལ་སོགས་ངན་པའམ། །བཟང་པོའང་རུང་སྟེ་ཆོག་ཤེས་བྱ། །ཉུང་དུས་ཀྱང་ནི་གནས་པར་བྱ།། རན་པས་ཀྱང་ནི་གནས་པར་བྱ། །ཉོན་མོངས་སྤངས་པས་ཞི་དོན་དུ། །སྦྱངས་པའི་ཡོན་ཏན་ཡང་དག་བླང༌། །སྤྱོད་ལམ་དག་དང་ལྡན་པར་བྱ། །ལེན་པ་ལ་ཡང་རན་པར་བྱ། །དེ་ཡི་ཆེད་དུ་སྤྱོད་ལམ་རྣམས། །བཅོས་པར་ནམས་ཀྱང་མི་བྱའོ། །བདག་གི་ཡོན་ཏན་བདེན་པ་ཡང༌། །བརྗོད་པར་མི་བྱ་བརྗོད་མི་གཞུག །ཡང་ན་ཡོན་ཏན་དེ་དག་དང༌། །འདོད་པའི་མཚན་མ་བསྟན་མི་བྱ། །གཞན་དག་ལ་ནི་ནན་གྱིས་སུ། །སློང་མོ་གདབ་པར་མི་བྱའོ། །ཆོས་བཞིན་ཐོབ་པའི་རྙེད་པ་ལ། །འདི་ལ་རྙེད་པ་སྨད་མི་བྱ། །རྙེད་པ་དང་ནི་བཀུར་སྟི་ལ། །ཅིས་
ཀྱང་མངོན་བར་ཆགས་མི་བྱ། །སྒྲོ་འདོགས་སྐུར་པའི་ལྟ་བ་ལ། །མངོན་པར་ཞེན་པར་ཡོད་མི་བྱ། །འཇིག་རྟེན་རྒྱང་པན་གསང་བའི་ཚིག །དོན་མེད་མཆོག་ཏུ་གཟུང་མི་བྱ། །ལྷུང་བཟེད་དང་ནི་ཆོས་སོགས་དང༌། །དགོས་མེད་ལྷག་པ་བཅད་མི་བྱ། །ཉོན་མོངས་འཕེལ་བར་འགྱུར་བ་ཡི། །ཁྱིམ་པ་རྣམས་ལ་བརྟེན་མི་བྱ། །ཡེ་ཤེས་རྣམ་པར་དག་བྱེད་པའི། །འཕགས་པ་རྣམས་དང་བསྟེན་པར་བྱ། །མྱ་ངན་རྣམ་པར་གཡེང་བྱེད་པ། །མཛའ་སྡེ་དག་ཀྱང་སྤོང་མི་བྱ། །སྡུག་བསྔལ་བསྐྱེད་པའི་ཉོན་མོངས་རྣམས། །བྱུང་བ་དང་དུ་བླང་མི་བྱ། །བརྟུལ་ཞུགས་ཉམས་པས་ཇི་ལྟར་ཡང༌། །དད་པས་བྱིན་པ་སྤྱད་མི་བྱ། །དམ་པའི་ཆོས་ནི་ཇི་ལྟར་ཡང༌། །ཡོངས་སུ་སྤང་བར་མི་བྱའོ། །ཕ་རོལ་དག་གི་འཁྲུལ་སྐྱོན་ལ། །མི་བསམ་བདེ་བར་འགྱུར་བར་བྱ། །བདག་གི་འཁྲུལ་པར་ཉེས་པ་ནི། །ཤེས་པར་བྱས་ནས་བསྒྲགས་པར་བྱ། །དེ་བཞིན་ཉེས་པ་བྱུང་བ་ལ། །ཆོས་བཞིན་དུ་ནི་རབ་ཏུ་བྱ། །དེ་བཞིན་ལས་སུ་བྱ་བ་རྣམས། །རང་གིས་བྱ་ཞིང་བསྒྲིམ་པར་བྱ། །སངས་རྒྱས་རྣམས་དང་ཉན་ཐོས་ཀྱི། །མཐུ་སྟོབས་དང་ནི་བསྟན་པ་ལ། །དད་ལྡན་ཁ་ན་མ་ཐོ་བ། །མཐོང་བར་སྐུར་བ་ཡང་མི་གདབ། །རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། །ཤིན་ཏུ་ཟབ་མོས་ཆོས་རྣམས་ལ། །སྔོན་གྱི་ལུང་རྙིང་ཡོངས་བཏང་སྟེ། །རང་ལྟ་མཆོག་ཏུ་གཟུང་མི་བྱ། །བས་མཐའ་ཡི་ནི་མལ་སྟན་དུ། །རྣམ་པར་དབེན་པར་གནས་པར་བྱ། །དགེ་བའི་ཆོས་རྣམས་བསྒོམ་པར་བྱ།། བརྩོན་འགྲུས་བརྟུན་པ་བརྟན་པོ་བྱ། །འདུན་པ་མེད་ཅིང་འདུན་པ་བསྐྱེད། །སྡང་བ་མེད་ཅིང་སུན་འབྱིན་ལ། །གཉིད་མི་ལོག་ཅིང་དུས་སུ་ཉལ། །ཞི་བར་ཡང་ནི་གནས་མི་བྱེད། །འགྱོད་པ་མེད་དང་འགྱོད་དང་བཅས། །སོམ་ཉི་བྱེད་ཅིང་འདོད་པར་བྱེད། །རྣམ་པ་ཀུན་དང་དུས་ཀུན་ལྡན། །ཡང་དག་སྦྱོར་དང་ལྡན་པ་ཡིན། །འཇུག་པར་བྱེད་དང་སད་བྱེད་དང༌། །གཞན་ཡང་དེ་བཞིན་ཀུན་དུ་སྦྱོར། །མཚན་མར་འཛིན་དང་ཆགས་པ་དང༌། །གཞན་ཡང་དེ་བཞིན་སྟེག་པར་བྱེད། །འཇུམས་པ་དང་ནི་མཆོག་ཏུ་ཆགས། །རྟོག་པ་ཞེས་
ནི་བྱ་བ་སྟེ། །འདོད་པའི་འདོད་ཆགས་སྐྱེད་པ་དེ། །མཁས་པས་ཡོངས་སུ་སྤང་བར་བྱ། །འདོད་པ་རྣམས་ནི་མི་ངོམས་བྱེད། །དེ་བཞིན་མང་པོའི་ཐུན་མོང་བ། །ཆོས་མ་ཡིན་པའི་རྒྱུར་གྱུར་དང༌། །དེ་བཞིན་སྲེད་པ་འཕེལ་བར་བྱེད། །དམ་པ་རྣམས་ཀྱིས་སྤང་བར་འོས། །མྱུར་དུ་འཇིག་པར་འགྱུར་བ་དང༌། །འདོད་རྣམས་རྐྱེན་ལ་བརྟེན་པ་དང༌། །བག་མེད་ཀྱི་ནི་ས་ཡང་ཡིན། །འདོད་པ་རྣམས་ནི་ཀེང་རུས་འདྲ། །དེ་བཞིན་ཤ་ཡི་ཁམ་ཚད་འདྲ། །རྩྭ་ཡི་སྒྲོན་མ་འདྲ་བ་ཡང༌། །དེ་བཞིན་མེ་ཡི་དོང་དང་འདྲ། །གདུག་པའི་སྦྲུལ་དང་འདྲ་བ་དང༌། །དེ་བཞིན་རྨི་ལམ་ལྟ་བུ་དང༌། །བརྙན་པོའི་རྒྱན་དང་འདྲ་བ་དང༌། །དེ་བཞིན་ཤིང་ཐོག་འདྲ་བ་ཡིན། །འདོད་རྣམས་དེ་ལྟར་ཤེས་ནས་ནི། །ཇི་ལྟ་བུར་ཡང་ཆགས་མི་བྱ། །དམ་པའི་ཆོས་ནི་རྟག་ཏུ་ཉོན། །བསམ་པ་དང་ནི་བསྒོམ་པར་གྱིས། །ཐོག་མར་ཞི་དང་རྒྱ་ཆེ་བ། །མཐོང་ནས་གཅིག་ཏུ་ངེས་པར་བསྒོམ། །ཉོན་མོངས་གནས་ངན་ལེན་སྤངས་ལ། །སྤོང་བ་ལ་ཡང་དགའ་བར་གྱིས། །མཚན་མ་ལ་ཡང་དཔྱད་པར་བྱ། །སྦྱོར་བ་ཉམས་སུ་བླང་བར་བྱ། །འདོད་པའི་འདོད་ཆགས་བྲལ་བ་དང༌། གཟུགས་ཀྱི་འདོད་ཆགས་བྲལ་བར་བྱ། །བདེན་པ་མངོན་པར་རྟོགས་པར་བྱ། །ཀུན་ནས་འདོད་ཆགས་བྲལ་བར་བྱ། །ཚེ་འདིར་མྱ་ངན་འདའ་བར་བྱེད། །དེ་བཞིན་ཕུང་པོ་ཟད་པར་བྱ། །བསླབ་པ་རྣམས་ལ་ཕ་རོལ་གཤེགས། །ཐེ་ཚོམ་ཐམས་ཅད་སེལ་མཛད་པ། །བསླབ་དང་བསླབ་རྣམས་བསླབ་བགྱི་བ། །གང་ལགས་ཞུ་ན་བདག་ལ་གསུངས། །ཞེས་བྱ་བའི་ཚིགས་སུ་བཅད་པ་ནི་བཅོམ་ལྡན་འདས་ལ་ཚངས་པས་བསླབ་པ་ཐམས་ཅད་ཀྱི་མཆོག་གི་ཕ་མཐར་བྱོན་པ། རང་གི་དོན་ཕུན་སུམ་ཚོགས་པ་ཐུན་མོང་མ་ཡིན་པ་ལས་ཀྱང་བརྩམས། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་སྐྱེས་སོ་ཅོག་གཅོད་པའི་སྒོ་ནས་ཕ་རོལ་གྱི་དོན་སྒྲུབ་པ་ཐུན་མོང་མ་ཡིན་པ་ལས་བརྩམས་ཏེ། བསྟོད་པ་སྔར་ བྱས་ནས། བསླབ་པ་རྣམས་གང ་ཡིན་པ་དང༌། དུ་ཡོད་པ་དང༌། དེ་དག་ལ་ཇི་ལྟར་བསླབ་པར་བགྱི་ཞེས་ཞུས་པའོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་བྱ་བ་མང་པོས་སྐྲག་པ་དང༌། །ལེ་ལོའི་རང་བཞིན་ཅན་རྣམས་སྤྲོ་བ་སྐྱེད་པར་དགོངས་ནས་བསླབ་པ་ཐམས་ཅད་བསྡུས་ཏེ། གྲོགས་པོ་མདོར་ན་བསླབ་པ་གསུམ། །ལྷག་པའི་ཚུལ་ཁྲིམས་ལྷག་པའི་སེམས། །ལྷག་པའི་ཤེས་རབ་དེ་དག་ལ། །བསླབ་པ་གང་ཡིན་མཉན་པར་གྱིས། །ཞེས་མདོར་བསླབ་པ་གསུམ་དུ་བསྟན་ཏོ། །དེ་ལ་ཚུལ་ཁྲིམས་དང༌། སེམས་དང༌། ཤེས་རབ་ཀྱི་དབང་དུ་བྱས་ནས། སེམས་རྣམ་པར་གཡེང་བ་ལ། རྣམ་པར་གཡེང་བ་མེད་པའི་སྦྱོར་བ་བསྟན་པའི་ཕྱིར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། སེམས་མཉམ་པར་གཞག་པ་ལ་མཉམ་པར་གཞག་པའི་སྦྱོར་བ་བསྟན་པའི་ཕྱིར། ལྷག་པའི་སེམས་ཀྱི་བསླབ་པ་དང༌། མཉམ་པར་གཞག་ཏུ་ཟིན་ཀྱང༌། སེམས་རྣམ་པར་མ་གྲོལ་བ་ལ། རྣམ་པར་གྲོལ་བའི་སྦྱོར་བ་བསྟན་པའི་ཕྱིར་ལྷག་པའི་ཤེས་རབ་ཀྱི་བསླབ་པའི་རྣལ་འབྱོར་པ་རྣམས་ཀྱི་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བས་ན། བསླབ་པ་ཐམས་ཅད་བསླབ་པ་གསུམ་པོ་འདི་དག་ནི་ནང་དུ་བསྡུ་བའི་དགོངས་པས། བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དེ་དག་ལ་བསླབ་པར་བྱ་བ་ནི། སྦྱོར་བ་གང་གིས་བསླབ་པ་དེ་དག་རྫོགས་པར་འགྱུར་བའོ། །དེ་ལ་ཡན་ལག་དྲུག་དང་ལྡན་པ་དང༌། གནས་བཞི་བདེ་དང་ལྡན་པ་དང༌། །བཞི་པོ་ཡི་ནི་རྣམ་པ་བཞི། །རྟག་ཏུ་ཡེ་ཤེས་དག་པ་ཡིན། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི་གོ་རིམས་བཞིན་དུ་བསླབ་པ་གསུམ་པོ་དེ་དག་ལ་བསླབ་པ་སྟོན་ཏེ། ཡན་ལག་དྲུག་དང་ལྡན་པ་ཞེས་བྱ་བ་ནི། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བྱས་ནས་བསླབ་པ་སྟེ། ཡན་ལག་དྲུག་ནི། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང༌། སོ་སོ་ཐར་པའི་སྡོམ་པས་བསྡམས་པ་དང༌། ཆོ་ག་དང་ལྡན་པ་དང༌། སྤྱོད་ཡུལ་དང་ལྡན་པ་དང༌། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་དང༌། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ནས་སློབ་པ་སྟེ། ཡན་ལག་དྲུག་པོ་དེ་དག་གིས་ཚུལ་ཁྲིམས་རྣམ་པར་དག་པ་བཞི་བསྟན་ཏོ། །དེ་ལ་ཚུལ་ཁྲིམས་དང་ལྡན་པར་
གནས་ཞེས་བྱ་བའི་དབང་དུ་བྱས་ནས། སོ་སོར་ཐར་བའི་སྡོམ་པས་བསྡམས་ཞེས་བྱ་བ་འདིས་ནི་ངེས་པར་འབྱིན་པའི་ཚུལ་ཁྲིམས་རྣམ་པར་དག་པར་བསྟན་ཏེ། ངེས་པར་འབྱིན་པ་ནི་ཐར་པའི་དབང་དུ་བྱས་པའོ། །ཆོ་ག་དང་སྤྱོད་ཡུལ་དང་ལྡན་པ་ཞེས་བྱ་བ་འདི་གཉིས་ཀྱིས་ནི་ཚུལ་ཁྲིམས་མ་སྨད་པ་རྣམ་པར་དག་པ་བསྟན་ཏོ། །ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བ་ཞེས་བྱ་བས་ནི། ཚུལ་ཁྲིམས་མ་ཉམས་པ་རྣམ་པར་དག་པ་བསྟན་ཏོ། །བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་ཅེས་བྱ་བས་ནི། ཚུལ་ཁྲིམས་ཕྱིན་ཅི་མ་ལོག་པ་རྣམ་པར་དག་པ་བསྟན་ཏོ། །དེ་ལྟར་ཡན་ལག་རྣམ་པ་དྲུག་དང་ལྡན་པས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་སྦྱོར་བ་ལ་བརྟེན་ནས། གནས་བཞི་བདེ་དང་ལྡན་པ་དང༌། །ཞེས་བྱ་བས་ནི་ལྷག་པའི་སེམས་ཀྱི་བསླབ་པའི་སྦྱོར་བ་སྟོན་ཏེ། སེམས་ཀྱི་གནས་པ་རྣམ་པ་བཞི་ནི་བསམ་གཏན་བཞི་ཡིན་ལ། དེ་ཡང་ཚེ་འདི་ཉིད་ལ་བདེ་བར་གནས་པ་ཡིན་པས་ན་བདེ་བ་ཞེས་བྱའོ། །བཞི་པོ་ཡི་ནི་རྣམ་པ་བཞི། །རྟག་ཏུ་ཡེ་ཤེས་དག་པ་ཡིན། །ཞེས་བྱ་བ་ནི། ལྷག་པའི་ཤེས་རབ་ཀྱི་བསླབ་པའི་སྦྱོར་བའི་དབང་དུ་བྱས་ནས་གསུངས་པ་ཡིན་ཏེ། སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་གྱི་བདེན་པ་བཞི་པོ་དག་ལས་རེ་རེ་ལ་ཡང་མི་རྟག་པ་ལ་སོགས་པའི་རྣམ་པར་ཤེས་པ་དག་པ་བཞི་བཞིས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་རབ་ཏུ་ཕྱེ་བའི་ཕྱིར་རོ།། །།བམ་པོ་ཉི་ཤུ་བ། རྩ་བ་ཤིན་ཏུ་བརྟན་པ་དང༌། །ཞི་བའི་སེམས་ལ་དགའ་བ་དང༌། །འཕགས་པའི་ལྷ་དང་སྡིག་པའི་ལྷ། །ལྡན་པར་བྱ་ཞིང་འབྲལ་བར་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི་བསླབ་པ་གསུམ་པོ་གོ་རིམས་བཞིན་དུ་སྐྱེ་བ་སྟོན་ཏོ། །བསླབ་པ་དང་པོ་ལྷག་པའི་ཚུལ་ཁྲིམས་ནི་རྩ་བ་ཡིན་ཏེ། ཕྱི་མ་གཉིས་དེའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །དེའི་འོག་ཏུ་ཚུལ་ཁྲིམས་དང་ལྡན་པ་འགྱོད་པ་མེད་པ་ལ་སོགས་པའི་གོ་རིམས་བཞིན་དུ་སེམས་མཉམ་པར་གཞག་པ་ལ་མངོན་པར་དགའ་བ་ནི་གཉིས་པའོ། །དེ་ནས་སེམས་མཉམ་པར་གཞག་པས་ཡང་དག་པ་
ཇི་ལྟ་བ་བཞིན་དུ་མཐོང་བའི་ཕྱིར་འཕགས་པའི་ལྟ་བ་དང་ལྡན་པ་དང༌། སྡིག་པའི་ལྟ་བ་དང་བྲལ་ན་ནི་གསུམ་པའོ། །དང་པོ་དག་ཅིང་བསམ་གཏན་དགའ། །བདེན་པ་ལ་ཡང་ཁས་པར་བྱ། །བདེན་པ་ཉིད་ནི་བསྐྱེད་པ་དང༌། །སྤང་བར་བྱ་ཞིང་སྤེལ་བར་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི། བསླབ་པ་གསུམ་པོ་དེ་དག་ཉིད་ཀྱི་དག་པའི་ཁྱད་པར་གོ་རིམས་བཞིན་དུ་སྟོན་ཏོ། །དེ་ལ་དང་པོ་དག་ཅིང་ཞེས་བྱ་བ་ནི། དང་པོའི་དག་པའི་ཁྱད་པར་བསྟན་པའོ། །བསམ་གཏན་དགའ་ཞེས་བྱ་བ་ནི་གཉིས་པའི་འོ།། བདེན་པ་ལ་མཁས་པ་ཞེས་བྱ་བ་ནི་གསུམ་པའི་འོ། །བདེན་པ་ལ་མཁས་པ་ཞེས་བྱ་བ་དེ་ལ་ཡང་བསྐྱེད་པར་བྱ་ཞེས་བྱ་བ་ནི་ལམ་གྱི་བདེན་པ་བསྐྱེད་པའི་ཕྱིར་རོ། །སྤང་བར་བྱ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་གཉིས་སྤོང་བའི་ཕྱིར་རོ། །སྤེལ་བར་བྱ་ཞེས་བྱ་བ་ནི། འགོག་པའི་བདེན་པ་ཡང་དང་ཡང་དུ་ཉོན་མོངས་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་སྤོང་ཞིང་འགོག་པས་འཕེལ་བར་བྱའོ། །བསླབ་པ་གསུམ་གྱི་གཞི་རྣམས་ལ། །འགྲོ་བ་རྣམ་པ་བཞི་ཡོད་དེ། །འགྲོ་བ་རྣམ་པ་གཉིས་སྤངས་ལ། །འགྲོ་བ་གཉིས་ནི་བསྒྲུབ་པར་བྱ། ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི་ཚུལ་ཁྲིམས་དང༌། སེམས་དང༌། ཤེས་རབ་ཅེས་བྱ་བའི་བསླབ་པའི་གནས་རྣམས་ཀྱི་བསླབ་པ་རྣམས་བསྒྲུབ་པ་དང་ཉམས་པར་བྱ་བ་ལས་མཐུན་མཐུན་དུ་སྦྱར་ཏེ། དེའི་འབྲས་བུར་གྱུར་བ་འགྲོ་བ་བཞི་གང་ཡིན་པ་འདོད་པའི་ཁམས་ཀྱི་ལྷ་དང༌། མིའི་འགྲོ་བར་གཏོགས་པའི་བདེ་འགྲོ་ལྷག་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་འབྲས་བུ་དང༌། འདོད་པའི་ཁམས་ཉིད་ན་དེ་ལས་གཞན་པའི་འགྲོ་བར་གཏོགས་པ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཉམས་པའི་འབྲས་བུ་ངན་འགྲོ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་ཀྱི་ལྷའི་འགྲོ་བར་གཏོགས་པ་ལྷག་པའི་སེམས་ཀྱི་འབྲས་བུ་གོང་མའི་འགྲོ་བ་དང༌། ཁམས་གསུམ་དུ་མ་གཏོགས་པ་ལྷག་པའི་ཤེས་རབ་ཀྱི་འབྲས་བུ་མྱ་ངན་ལས་འདས་པའི་འགྲོ་བ་གང་ཡིན་པ་སྟེ། འགྲོ་བ་དེ་དག་ལས་དང་པོའི་བདེ་འགྲོ་དང༌། ངན་འགྲོ་གཉིས་སྤངས་ལ།
ཕྱི་མའི་གོང་མའི་འགྲོ་བ་དང༌། མྱ་ངན་ལས་འདས་པའི་འགྲོ་བ་གཉིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱིས་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །གཉིས་ནི་གཉིས་ལ་ཉེ་བར་གནས། །གཅིག་ནི་མྱ་ངན་འདས་པར་འགྲོ། །གོ་རིམས་བཞིན་དུ་རྒྱུར་འགྱུར་ཏེ། །སོ་སོ་དང་ནི་འདྲེན་མར་བསྒོམ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི། ཇི་ལྟར་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་ཀྱི་བསླབ་པ་གཉིས་ལས། དང་པོས་རིམ་བཞིན་དུ་ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གཉིས་ལ་རྒྱུའི་དངོས་པོར་ཉེ་བར་གནས་པ་དང༌། །བར་མས་ལྷག་པའི་ཤེས་རབ་དང༌། བསམ་གཏན་གྱི་སྡོམ་པར་གཏོགས་པའི་ལྷག་པའི་ཚུལ་ཁྲིམས་བསླབ་པ་གཉིས་པ་རྒྱུའི་དངོས་པོར་ཉེ་བར་གནས་པ་དང༌། མཆོག་གཅིག་པུས་མྱ་ངན་ལས་འདས་པ་ལ་རྒྱུའི་དངོས་པོར་ཉེ་བར་གནས་པ་དང༌། སོ་སོ་དང་འདྲེན་མར་མཐུན་མཐུན་དུ་བསྒོམ་པ་དེ་སྟོན་ཏོ། །གང་གིས་ཐོག་མར་འགྱོད་མེད་ལ། །ཕྱི་ནས་བདེ་དང་ལྡན་འགྱུར་བ། །མཁས་པ་གང་ལ་སློབ་པ་དེ། །བསླབ་པ་ཀུན་གྱི་ཐོག་མ་ཡིན། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི། ཇི་ལྟར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་འགྱོད་པ་མེད་པ་ལ་སོགས་པའི་གོ་རིམས་བཞིན་དུ་ཕྱི་མའི་རྒྱུའི་དངོས་པོ་ཉེ་བར་གནས་པ་དེ་སྟོན་ཏོ། །གང་གིས་དགེ་བ་འབྱུང་ལྡན་པ། །ཡེ་ཤེས་རྣམ་པར་སྦྱོང་བྱེད་པ། །མཁས་པ་གང་ལ་སློབ་པ་དེ། །བསླབ་པ་ཀུན་གྱི་བར་མ་ཡིན། །ཞེས་བྱ་བ་ནི་ལྷག་པའི་སེམས་ཀྱི་བསླབ་པ་བསྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བ་ཁྱད་པར་དུ་འཕགས་པ་འབྱུང་བ་ལ་སོགས་པའི་གོ་རིམས་བཞིན་དུ་བསླབ་པ་མཆོག་གི་རྒྱུ་ཡིན་པར་སྟོན་ཏོ། །གང་གིས་སེམས་ནི་རྣམ་གྲོལ་ལ། །སྤྲོས་པ་ཡང་ནི་འགག་འགྱུར་བ། །མཁས་པས་གང་ལ་སློབ་པ་དེ། །བསླབ་པ་ཀུན་གྱི་གཙོ་བོ་ཡིན། །ཞེས་བྱ་བ་ནི། ལྷག་པའི་ཤེས་རབ་ཀྱི་བསླབ་པ་མྱ་ངན་ལས་འདས་པའི་རྒྱུ་ཡིན་པའི་ཕྱིར་གཙོ་བོར་སྟོན་ཏོ། །ལམ་གྱི་ཐོག་མ་བསྟན་པ་དེ། །མ་དག་འགྲོ་བར་འགྱུར་བའི་ལམ། །དེ་བཞིན་བདེ་འགྲོར་འགྲོ་བ་སྟེ། །དེ་ནི་གཅིག་པུས་འགྲོ་བར་
འདོད། །ཅེས་བྱ་བ་ནི་ཇི་ལྟར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཉམས་ན་ངན་འགྲོའི་རྒྱུར་འགྱུར་བ་དང༌། ཡང་དག་པར་བསྒྲུབས་ན་བདེ་འགྲོའི་རྒྱུར་འགྱུར་བ་དང༌། བསླབ་པ་ཕྱི་མ་གཉིས་མེད་པར་ཡང་འབའ་ཞིག་གིས་སྒྲུབ་ནུས་པ་དེ་སྟོན་ཏོ། །ལམ་གྱི་བར་མ་བསྟན་པ་དེ། །རྣམ་པར་དག་པར་འགྲོ་བའི་ལམ། །ཐམས་ཅད་གཏན་དུ་འགྲོ་བ་མིན། །དེ་ནི་གཅིག་པུ་མ་ཡིན་འདོད། །ཅེས་བྱ་བ་ནི་ཇི་ལྟར་ལམ་བར་མ་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པར་འགྲོ་བ་དང༌། ཁམས་གོང་མའི་འདོད་ཆགས་དང་མ་བྲལ་ཞིང༌། འདོད་པའི་འདོད་ཆགས་ཀྱི་བག་ལ་ཉལ་ཡང་གཏན་དུ་མ་ཡིན་པའི་ཕྱིར། ཐམས་ཅད་གཏན་དུ་རྣམ་པར་དག་པར་འགྲོ་བ་མ་ཡིན་པ་དང༌། ཇི་ལྟར་མཆོག་མེད་ཅིང་དང་པོ་མེད་པར་འབའ་ཞིག་གིས་འགྲུབ་པར་མི་འགྱུར་བ་སྟོན་ཏོ། །ལམ་གྱི་གཙོ་བོར་བསྟན་པ་དེ། །རྣམ་པར་དག་པར་འགྲོ་བའི་ལམ། །ཐམས་ཅད་གཏན་དུ་འགྲོ་བ་སྟེ། །དེ་ཡང་གཅིག་པུ་མ་ཡིན་འདོད། །ཅེས་བྱ་བས་ནི། ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ་དང༌། བག་ལ་ཉལ་ཡང་གཏན་གྱི་ཕྱིན་པ་དང༌། ཇི་ལྟར་མཆོག་དེ་ཐམས་ཅད་གཏན་དུ་འགྲོ་བ་ཡིན་ལ། སྔ་མ་གཉིས་མེད་པར་ཡང༌། གཅིག་པུས་འགྲུབ་པར་མི་འགྱུར་བ་དེ་སྟོན་ཏོ། །སློབ་དང་མི་སློབ་གང་ཡིན་དེ། གཉི་ག་མཁས་པར་འདོད་པ་ཡིན། །ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་བསླབ་པ་གསུམ་པོ་འདི་དག་ལ་བསླབ་པ་རྣམས་ཡང་དག་པར་སློབ་ཀྱི། ལོག་པར་མི་སློབ་པའི་ཕྱིར། མཁས་པའི་མཚན་ཉིད་དུ་སྟོན་ཏོ། །སློབ་དང་མི་སློབ་གང་ཡིན་པ། །དེ་ནི་གཉི་ག་ཡིན་པར་འདོད། །ཅེས་བྱ་བ་འོག་མ་ཕྱེད་ཀྱིས་ནི་ལོག་པར་སློབ་པ་དང༌། མི་སློབ་པའི་ཕྱིར་བྱིས་པའི་མཚན་ཉིད་དུ་སྟོན་ཏོ། །ཡོངས་སུ་འཛིན་པ་སྤངས་པ་དང༌། །གནས་ངན་ལེན་དང་བྲལ་བ་དང༌། །དེ་བཞིན་ཤེས་བྱ་མངོན་སུམ་ཕྱིར། །བསླབ་པ་བླང་བ་རྣམ་གསུམ་འགྱུར། །ཞེས་བྱ་བས། ཁྱིམ་དང་ཆུང་མ་ལ་སོགས་པ་ཡོངས་སུ་འཛིན་པ་ཡོངས་སུ་བཏང་བ་
གང་ཡིན་པ་དང༌། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་གནས་ངན་ལེན་སྤངས་པ་ གང་ཡིན་པ་དང༌། བདེན་པ་བཞིའི་མཚན་ཉིད་ཤེས་པར་བྱ་བའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས ་པས་གོ་རིམས་བཞིན་དུ་བསླབ་པ་གསུམ་འགྲུབ་པར་འགྱུར་བ་དེ་སྟོན་ཏོ། །དམིགས་བཅས་དམིགས་པ་མེད་པ་དང༌། །ཕྲ་བ་དང་རགས་པར་ལྡན། །ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་པ་འདིས་ནི། མཆོག་གཉིས་དང༌། དང་པོ་གོ་རིམས་བཞིན་དུ་དམིགས་པ་དང་བཅས་པ་དང༌། དམིགས་པ་མེད་པ་དང༌། ཕྲ་བ་དང༌། རགས་པས་རབ་ཏུ་བྱེ་བ་སྟོན་ཏོ། །ཡང་དག་བླང་དང་རབ་དབེན་དང༌། །སྒྲ་དང་བསྟོད་པས་ཡང་དག་བསྒྲུབས། །ཤེས་བྱ་འོག་མ་ཕྱེད་ཀྱིས་ནི། །དང་པོ་དང་བར་མ་དང་མཆོག་རྣམས་གོ་རིམས་བཞིན་དུ་དམ་བཅས་པས་མངོན་པར་བསྒྲུབས་པ་དང་ལུས་དང་སེམས་དབེན་པས་མངོན་པར་བསྒྲུབ་པ་དང༌། གཞན་གྱི་སྒྲ་དང་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པས་མངོན་པར་བསྒྲུབ་པ་སྟོན་ཏོ། །བསླབ་པ་གཅིག་ནི་གཅིག་པུས་འབྱུང༌། །ཕྱི་མ་ཟླ་དང་བཅས་པ་ཡིན། །གཅིག་ནི་ཟླ་དང་གསུམ་ཡིན་ཏེ། །དེ་དག་མཁས་པས་འདའ་བར་བྱེད། །ཅེས་བྱ་བས་ནི། དང་པོ་གཅིག་ནི་གཅིག་པུས་འབྱུང་བ་སྟོན་ཏོ། །བར་མ་ལ་ནི་དེ་མེད་དུ་མི་རུང་ངོ༌། །མཆོག་ལ་ནི་དེ་གཉི་ག་མེད་དུ་མི་རུང་ངོ༌། །དེ་དག་ལས་ཡང་དག་པར་འདའ་བ་ནི་མི་སློབ་པ་དགྲ་བཅོམ་པ་ཡིན་པར་རིག་པར་བྱའོ། །བསླབ་ལས་ཚུལ་ཁྲིམས་མ་ཉམས་དང༌། །དམ་བཅས་དང་ཡང་ལྡན་པ་དང༌། །ཆོ་ག་བཟང་པོ་མ་སྨད་དང༌། །གནས་ལྔ་དག་ཀྱང་རྣམ་པར་སྤངས། །ཞེས་བྱ་བ་ལ། བསླབས་ལས་ཚུལ་ཁྲིམས་མ་ཉམས་དང༌། །ཞེས་བྱ་བ་ནི། ཚུལ་ཁྲིམས་དང་ལྡན་པར་གནས་པ་ཞེས་བྱ་བ་དེ་སྟོན་ཏོ། །དམ་བཅས་དང་ཡང་ལྡན་པ་དང༌། །ཞེས་བྱ་བ་ནི། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་སྟོན་ཏོ། །ཆོ་ག་བཟང་པོ་མ་སྨད་དང༌། །ཞེས་བྱ་བས་ནི་ཆོ་ག་མ་ཉམས་པ་སྟོན་ཏོ། །གནས་ལྔ་དག་ཀྱང་རྣམ་པར་སྤངས། །ཞེས་བྱ་བས་ནི་སྤྱོད་ཡུལ་མ་ཉམས་པ་སྟོན་ཏོ། གནས་ལྔ་ནི། དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་སྟོན་ཏོ། རྒྱལ་པོའི་ཕོ་བྲང་དང༌། ཤ་འཚོང་གི་གནས་དང༌། ཆང་འཚོང་གི་ཁྱིམ་
དང༌། སྨད་འཚོང་གི་གནས་དང༌། གདོལ་པའི་གནས་སོ། །དེ་ལ་ཤ་འཚོང་གི་གནས་ནི་གསོད་པའི་གནས་ཡིན་པར་བལྟ་བར་བྱ་སྟེ། དེར་འབོད་ཅིང་ཤན་པ་བྱེད་པ་ལ་སོགས་པས་ཤིན་ཏུ་ཁ་ན་མ་ཐོ་བ་སྡིག་པའི་ལས་ལུག་ལ་སོགས་པ་གསོད་པར་བྱེད་པའོ། །འབྱིན་པས་འགྱོད་པ་མེད་པར་འགྱུར། །འགྱོད་པས་ཉེས་པ་མེད་པར་འགྱུར། །ཞེས་བྱ་བས་ནི། ཁ་ན་མ་ཐོ་བ་ཕྲ་རབ་དག་ལ་འཇིགས་པར་ལྟ་བ་སྟོན་ཏོ། །དེ་ལ་ཇི་ལྟར་ན་འབྱིན་པ་དེ་ལྟར་འགྱོད་པ་མེད་ལ། ཇི་ལྟར་འགྱོད་པ་དེ་ལྟར་ཉེས་པ་མི་བྱེད་དོ། །བསླབ་པ་ལ་ནི་བརྟེན་པར་བྱ། །དེ་ལ་སྙིང་ནས་ནན་ཏན་བྱ། །ཞེས་བྱ་བས་ནི། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པོ་ཞེས་བྱ་བ་དེ་སྟོན་ཏོ། །ཕྱིར་ནི་སྤང་བར་མི་བྱ་ཞིང༌། །སྲོག་གི་ཕྱིར་ཡང་གཞིག་མི་བྱ། །རྟག་ཏུ་ནན་ཏན་གནས་པར་བྱ། །འདུལ་བ་ལ་ནི་འཇུག་པར་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི། རྩ་བ་བཞིས་གོ་རིམས་བཞིན་དུ། ཚུལ་ཁྲིམས་རྟག་པ་དང༌། ཚུལ་ཁྲིམས་བརྟན་པ་དང༌། རྒྱུན་མི་འཆད་པར་བྱེད་པ་དང༌། རྒྱུན་དུ་གནས་པར་སྟོན་ཏོ། །དམ་བཅས་ཐོག་མར་དག་པར་བྱ། །འཚོ་བ་ཡང་ནི་དག་པར་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་པོ་འདིས་ནི་ཆོ་ག་དང༌། འཚོ་བ་རྣམ་པར་དག་པ་སྟོན་ཏེ། ཆོ་ག་ནི་སྔར་དམ་བཅས་པས་ག་དོད་སྤྱད་པས་ན། དམ་བཅས་པ་ཞེས་བྱའོ། །མཐའ་གཉིས་པོ་ནི་སྤངས་ནས་ཀྱང༌། །སྨོན་པ་རྣམ་པར་སྤང་བར་བྱ། །ཞེས་བྱ་བས་ནི། འདོད་པའི་བསོད་ནམས་ལ་སྦྱོར་བའི་མཐའ་དང༌། ལུས་ངལ་བར་འགྱུར་བ་ལ་སྦྱོར་བའི་མཐའ་གཉིས་དང༌། མཐོ་རིས་ལ་སོགས་པ་ལ་སྨོན་པ་རྣམ་པར་སྤོང་བས་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་སྟོན་ཏོ། །བར་ཆད་བྱེད་པའི་ཆོས་རྣམས་ལ། །ཇི་ལྟར་ཡང་ནི་ཆགས་མི་བྱ། །སེམས་ནི་འཁྲུལ་པར་བྱེད་པའི་ཆོས། །བྱུང་བ་དང་དུ་བླང་མི་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི་དབང་པོའི་སྒོ་མ་བསྲུངས་པ་ལ་སོགས་པ་བསླབ་པ་རྣམ་པར་དག་པའི་པར་དུ་གཅོད་པ་རྣམས་ལ་ཡོན་ཏན་མ་ཡིན་པར་མཐོང་ནས་མངོན་པར་མ་ཆགས་པ་དང༌། མི་དགེ་བ་འདོད་པ་དང༌། གནོད་སེམས་ཀྱི་རྟོག་པ་ལ་སོགས་
བ་ཡིད་ཀུན་དུ་འཁྲུག་པར་བྱེད་པ་སྐྱེས་པ་རྣམས་དང་དུ་མི་ལེན་པས་བསླབ་པ་རྣམ་པར་དག་པ་སྟོན་ཏོ། །ཧ་ཅང་མི་ཞུམ་ཐལ་ཆེས་མིན། །རྟག་ཏུ་དྲན་པ་ཉེ་བར་གཞག །དངོས་གཞི་ཉེར་བསྡོགས་རྣམས་ཀྱིས་ནི། །ཚངས་སྤྱོད་དག་པར་སྤྱོད་པར་བྱ། །ཞེས་བྱ་བས་ནི། ཆུད་ཟད་འགྱོད་པ་དང༌། གནས་མ་ཡིན་པ་འགྱོད་པ་རྣམ་པར་སྤངས་པ་དང༌། བརྗེད་ངས་པ་རྣམ་པར་སྤངས་ནས། མཐར་ཕྱིན་པའི་ཚེ་དང༌། སྦྱོར་བའི་ཚེ་ཚངས་པར་སྤྱོད་པ་དག་པར་སྟོན་ཏོ། །བརྩོན་འགྲུས་ཀྱང་ནི་བརྩམ་པར་བྱ། །རྟག་ཏུ་བརྟུན་པ་བརྟན་པོར་བྱ། །ལེགས་པར་གནས་པས་བག་ཡོད་པ། །ཡན་ལག་ལྔ་པས་བརྟན་པར་བྱ། །ཞེས་བྱ་བས་ནི། གོ་ཆ་དང༌། སྦྱོར་བ་མི་བཟློགས་པའི་བརྩོན་འགྲུས་དང༌། བག་ཡོད་པ་རྣམ་པ་ལྔ་ལ་བརྟེན་པས། བསླབ་པ་རྣམ་པར་དག་བའི་ཁྱད་པར་ཁོ་ན་སྟོན་ཏོ། །དེ་ལ་བག་ཡོད་པའི་ཡན་ལག་རྣམ་པ་ལྔ་ནི། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་དང༌། སྔ་ནས་བྱ་བ་དང༌། མཐུན་པར་སྤྱད་པའོ། །དགེ་བ་སྤྱོམས་པར་མི་བྱ་སྟེ། །སྡིག་པ་རྣམས་ནི་བ་ཤགས་པར་བྱ། །ཆོས་གོས་ལ་སོགས་ངན་པའམ། །བཟང་པོའང་རུང་སྟེ་ཆོག་ཤེས་བྱ། །ཉུང་དུས་ཀྱང་ནི་གནས་པར་བྱ། །ངན་པས་ཀྱང་ནི་གནས་པར་བྱ། །ཉོན་མོངས་སྤངས་པས་ཞི་དོན་དུ། །སྦྱངས་པའི་ཡོན་ཏན་ཡང་དག་བླང༌། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ཤེས་ཀྱི་ཁེ་འདོད་པ་ནི་འདོད་ཆེན་ཆེ་བ་དང༌། ཆོག་མི་ཤེས་པའི་རྒྱུར་གྱུར་པ་སྟེ། འདོད་ཆེན་ཆེ་བ་དང༌། ཆོག་མི་ཤེས་པ་བསླབ་པ་རྣམ་པར་དག་པ་ལ་བགེགས་བྱེད་པའི་རྒྱུར་གྱུར་པ་དེ་གཉིས་ཡོངས་སུ་སྤངས་ནས། །བསླབ་པ་རྣམ་པར་དག་པ་སྟོན་ཏོ། །སྤྱོད་ལམ་དག་དང་ལྡན་པར་བྱ། །ལེན་པ་ལ་ཡང་རན་པར་བྱ། །དེ་ཡི་ཆེད་དུ་སྤྱོད་ལམ་རྣམས། །བཅོས་པར་ནམས་ཀྱང་མི་བྱའོ། །ཞེས་བྱ་བས་ནི་སྤྱོད་ལམ་ཕུན་སུམ་ཚོགས་པ་གཞན་དག་ལ་ཚུལ་འཆོས་པའི་དོན་དུ་བྱ་བ་མ་ཡིན་པ་དང༌། ལན་པ་ལ་ཚོད་ཤེས་པས་ཇི་ཙམ་གྱིས་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་སྲོག་གནས་པར་བྱ་བའི་ཡོ་བྱད་ལེན་པ་ལས་བསླབ་བ་རྣམ་པར་དག་པ་ཁོ་ན་སྟོན་ཏོ། །བདག་
གི་ཡོན་ཏན་བདེན་པ་ཡང༌། །བརྗོད་པར་མི་བྱ་བརྗོད་མི་གཞུག །ཡང་ན་ཡོན་ཏན་དེ་དག་དང༌། །འདོད་པའི་མཚན་མ་བསྟན་མི་བྱ། །གཞན་དག་ལ་ནི་ནན་གྱིས་སུ། །སློང་མོས་གདབ་པར་མི་བྱའོ། །ཆོས་བཞིན་ཐོབ་པའི་རྙེད་པ་ལ། །འདི་ལ་རྙེད་པ་སྨད་མི་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི། ཁ་གསག་དང༌། གཞོགས་སློང་དང༌། ཐོབ་ཀྱིས་འཇལ་བ་དང༌། རྙེད་པས་རྙེད་པར་བྱེད་འདོད་པ་ཡོངས་སུ་སྤངས་པས། བསླབ་པ་རྣམ་པར་དག་པའི་ཁྱད་པར་སྟོན་ཏོ། །རྙེད་པ་དང་ནི་བཀུར་སྟི་ལ། །ཅིས་ཀྱང་མངོན་པར་ཆགས་མི་བྱ། །སྒྲོ་འདོགས་སྐུར་བའི་ལྟ་བ་ལ། །མངོན་པར་ཞེན་པར་ཡོད་མི་བྱ། །ཞེས་བྱ་བས་ནི། རྙེད་པ་དང་བཀུར་སྟི་ལ་མ་ཆགས་པ་དང༌། ལྟ་བ་ངན་པ་རྣམ་པ་ལྔ་ལ་མངོན་པར་ཞེན་པ་མེད་པས། རྣམ་པར་དག་པའི་ཁྱད་པར་སྟོན་ཏོ། །འཇིག་རྟེན་རྒྱང་པན་གསང་བའི་ཚིག །དོན་མེད་མཆོག་ཏུ་གཟུང་མི་བྱ། །ལྷུང་བཟེད་དང་ནི་ཆོས་གོས་ཀྱང༌། །དགོས་མེད་ལྷག་པར་བཅང་མི་བྱ། །ཞེས་བྱ་བས་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་ལས། ཐར་པའི་བགེགས་བྱ་བའི་ཕྱིར། །འདི་ལ་ཕྱི་རོལ་པའི་བསྟན་བཅོས་ངན་པ་ལྟ་བ་ངན་བའི་རྒྱུད་འཇིག་རྟེན་རྒྱང་པན་པས་བྱས་པ་རྣམས་ལ་མཆོག་ཏུ་མི་འཛིན་པ་དང༌། རྙེད་པ་དང་བཀུར་སྟི་ལ་ཆགས་པའི་རྒྱུ་ལྟུང་བཟེད་དང༌། ཆོས་གོས་ལ་ལྷག་པར་འཆང་བ་ཡོངས་སུ་སྤངས་པས། རྒྱུ་རྣམ་པར་དག་པས་བསླབ་པ་རྣམ་པར་དག་པ་སྟོན་ཏོ། །ཉོན་མོངས་འཕེལ་བར་འགྱུར་བ་ཡི། །ཁྱིམ་པ་རྣམས་དང་བསྟེན་མི་བྱ། །ཡེ་ཤེས་རྣམ་པར་དག་བྱེད་པའི། །འཕགས་པ་རྣམས་དང་བསྟེན་པར་བྱ། །ཞེས་བྱ་བས་ནི། མི་མཐུན་པའི་ཕྱོགས་ཀྱི་རྒྱུ་དང༌། །གཉེན་པོའི་རྒྱུ་སྤང་བ་དང༌། བསྟེན་པས་རྣམ་པར་དག་པ་སྟོན་ཏོ། །མྱ་ངན་རྣམ་པར་གཡེང་བྱེད་པ། །མཛའ་སྡེ་དག་ཀྱང་ཡོང་མི་བྱ། །སྡུག་བསྔལ་སྐྱེད་པའི་ཉོན་མོངས་རྣམས། །བྱུང་བ་དང་དུ་བླང་མི་བྱ། །ཞེས་བྱ་བས་ནི། ཇི་ལྟར་ཁྱིམ་པ་རྣམས་དང་ལྷན་ཅིག་འདྲེ་བ་མྱ་ངན་དང༌། རྣམ་པར་གཡེང་བ་བྱས་བས་ཉོན་མོངས་པ་རྣམ་པར་འཕེལ་བས་སྡུག་བསྔལ་གྱི་རྒྱུ་ཡིན་པ་དང༌། །
ཇི་ལྟར་འཕགས་པ་དང་འདྲེ་བ་སྡུག་བསྔལ་བསྐྱེད་པའི་ཉོན་མོངས་པ་སྐྱེས་པ་དང་དུ་ལེན་པར་མི་བྱེད་པས་གཉེན་པོའི་རྒྱུར་འགྱུར་བ་དེ་སྟོན་ཏོ། །བརྟུལ་ཞུགས་ཉམས་པས་ཇི་ལྟར་ཡང༌། །དད་པས་བྱིན་པས་སྤྱད་མི་བྱ། །དམ་པའི་ཆོས་རྣམས་ཇི་ལྟར་ཡང༌། །ཡོངས་སུ་སྤང་བར་མི་བྱའོ། །ཞེས་བྱ་བས་ནི། རྙེད་པ་དང་བཀུར་སྟི་ལ་མངོན་བར་ཆགས་པ་མེད་པ་དང༌། ལྟ་བ་ངན་བ་མངོན་པར་ཞེན་པ་མེད་པ་ནི། དད་པས་བྱིན་པ་ཆུད་མི་གཟོན་པ་དང༌། དམ་པའི་ཆོས་མི་སྤོང་བས། ཕྱི་མ་ལ་ཡང་འདོད་པ་ལ་ལྷག་པར་ཆགས་པ་དང༌། ལྟ་བ་ངན་པའི་སྐྱེ་པའི་རྒྱུ་ཡོངས་སུ་སྤོང་པས་རྣམ་པར་དག་བའི་ཁྱད་པར་སྟོན་ཏོ། །ཕ་རོལ་དག་གི་འཁྲུལ་སྐྱོན་ལ། །མི་བསམ་བདེ་བར་འགྱུར་བར་བྱ། །བདག་གི་འཁྲུལ་པའི་ཉེས་པ་ནི། །ཤེས་པར་བྱས་ནས་བསྒྲགས་པར་བྱ། །ཞེས་བྱ་བས་ནི། གཞན་གྱི་ཉེས་པ་མཐོང་ནས་བསམ་པ་རྣམ་པར་སྤངས་པ་དང༌། རང་གི་དགེ་བའི་ཕྱོགས་མི་འདོར་བས་ཡིད་བདེ་བ་སྐྱེས་པའི་ཕྱིར་བདག་གི་ཉེས་པ་ཡོངས་སུ་ཤེས་ནས་སྒྲོགས་པས་ང་རྒྱལ་མེད་པའི་ཕྱིར། བསླབ་པ་རྣམ་པར་དག་པ་སྟོན་ཏོ། །དེ་བཞིན་ཉེས་པ་བྱུང་བ་ལ། །ཆོས་བཞིན་དུ་ནི་རབ་ཏུ་བྱ། །དེ་བཞིན་ལས་སུ་བྱ་བ་རྣམས། །རང་གིས་བྱ་ཞིང་གྲིམས་པར་བྱ། །ཞེས་བྱ་བས་ནི། ཉེས་པ་ལས་དབྱུང་བ་དང༌། གཞན་དག་ལ་རིམ་གྲོ་དང༌། བསྙེན་བཀུར་བྱ་བ་བདག་གིར་བྱ་བར་འདོད་པ་ཡོངས་སུ་སྤངས་པས་ཀྱང༌། རྣམ་པར་དག་པ་སྟོན་ཏོ། །སངས་རྒྱས་རྣམས་དང་ཉན་ཐོས་ཀྱི། །མཐུ་སྟོབས་དང་ནི་བསྟན་པ་ལ། །དད་ལྡན་ཁ་ན་མ་ཐོ་བ། །མཐོང་བས་སྐུར་པ་ཡང་མི་གདབ། །ཅེས་བྱ་བས་ནི། དད་པ་དང་ལྡན་པ་དང༌། སྐུར་པ་འདེབས་པ་ལ་ཁ་ན་མ་ཐོ་བ་ཡིན་པར་ལྟ་བས་རྣམ་པར་དག་པ་བསྟན་ཏོ། །རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། །ཤིན་ཏུ་ཟབ་མོའི་ཆོས་རྣམས་ལ། །སྔོན་གྱི་ལུང་རྙིང་ཡོངས་བཏང་སྟེ། །རང་ལྟ་མཆོག་ཏུ་གཟུང་མི་བྱ། །ཞེས་བྱ་བས་ནི། རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་ཡོངས་སུ་སྤངས་པས་ཀྱང༌། རྣམ་པར་དག་པའི་ཁྱད་པར་བསྟན་ཏོ། །བས་མཐའ་ཡི་ནི་མལ་སྟན་དུ། །རྣམ་པར་དབེན་པར་གནས་པར་བྱ། །དགེ་
བའི་ཆོས་རྣམས་བསྒོམ་པར་བྱ། །བརྩོན་འགྲུས་བརྟུན་བ་བརྟེན་པོར་བྱ། །ཞེས་བྱ་བས་ནི། ལུས་དང་སེམས་རྣམ་པར་དབེན་པ་དང༌། ཏིང་ངེ་འཛིན་དང་མཐུན་པའི་མལ་སྟན་བསྟེན་པ་དང༌། མི་དགེ་བ་ལ་རྟོག་པ་སྤོང་ཞིང་གཅིག་ཏུ་ངེས་པར་དཀར་པོའི་ཆོས་སྒོམ་པ་དང༌། །བྱིང་བ་དང་རྒོད་པ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཟིལ་གྱིས་མི་ནོན་པས། སྦྱོར་བ་ཡོངས་སུ་རྫོགས་པའི་ཕྱིར་ལྷག་པའི་སེམས་ལ་བསླབ་པའི་ཐབས་ཀྱི་ཁྱད་པར་སྟོན་ཏོ། །འདུན་པ་མེད་ཅིང་འདུན་བསྐྱེད། །སྡང་བ་མེད་ཅིང་སུན་འབྱིན་པ། །གཉིད་མི་ལོག་ཅིང་དུས་སུ་ཉལ། །ཞི་བར་ཡང་ནི་གནས་མི་བྱེད། །འགྱོད་པ་མེད་ལ་འགྱོད་དང་བཅས། །སོམ་ཉི་མེད་ཅིང་འདོད་པར་བྱེད། །རྣམ་པ་ཀུན་དང་དུས་ཀུན་ལྡན། །ཡང་དག་སྦྱོར་དང་ལྡན་པ་ཡིན། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་གྱི་སྒྲིབ་པ་ཡོངས་སུ་སྤངས་པས། དགེ་བའི་ཆོས་ལ་འདུན་པ་དང༌། འདོད་པ་ལ་སུན་འབྱིན་པ་དང༌། དགེ་བའི་ཕྱོགས་ལ་སྦྱོར་བ་ལ། ཉམས་བདེ་བར་བྱ་བའི་རྒྱུས་དུས་སུ་གཉིད་ལ་བརྟེན་པ་དང༌། སེམས་ཞི་བར་བྱེད་པ་ན་བྱིང་བར་གྱུར་ཏམ། བྱིང་བར་འགྱུར་དུ་དོགས་ན། དད་པར་བྱ་བའི་མཚན་མ་ཡིད་ལ་བྱེད་པས་ཞི་བར་མི་གནས་པ་དང༌། རྒྱུ་ཞིང་འགྲོ་བ་ན་ཉེས་པ་མ་བྱུང་བའི་སྔ་རོལ་ནས། དེ་མི་བྱེད་པས་འགྱེད་པ་མེད་པ་དང༌། གོང་ནས་གོང་དུ་ཁྱད་པར་འགྲོ་བ་དང༌། གུས་པར་བྱེད་པ་དང༌། རྟག་ཏུ་བྱེད་པས་ཡང་དག་པར་སྦྱོར་བའི་ལྷག་པའི་སེམས་ཀྱིས་བསླབ་པ་རྣམས་ཡང་དག་པར་སྟོན་ཏོ། །འཇུག་པར་བྱེད་པས་སད་བྱེད་དང༌། །གཞན་ཡང་དེ་བཞིན་ཀུན་དུ་སྦྱོར། །མཚན་མར་འཛིན་དང་ཆགས་པ་དང༌། །གཞན་ཡང་དེ་བཞིན་སྟེག་བར་བྱེད། །འཇུམས་པ་དང་ནི་མཆོག་ཏུ་ཆགས། རྟོག་བ་ཞེས་ནི་བྱ་བ་སྟེ། །འདོད་པའི་འདོད་ཆགས་བསྐྱེད་པ་དེ། །མཁས་པས་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་འདི་ལ་འཁྲིག་པའི་འདོད་ཆགས་སྐྱེད་པའི་རྟོག་པ་རྣམ་པ་བརྒྱད་དང་པོ་ནས་བརྩམས་ཏེ། མཇུག་ཏུ་
ཕྱིན་གྱི་བར་དུ་གོ་རིམས་བཞིན་དུ་སྐྱེ་བ་ཡོངས་སུ་སྤངས་པར་བསླབ་པ་རྣམ་པར་དག་པའི་ཁྱད་པར་སྟོན་ཏོ། །དེ་ལ་འཇུག་པར་བྱེད་པའི་རྣམ་པར་རྟོག་པའི་ཆགས་པར་བྱ་བའི་གཞི་དེ་ཉིད་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་སེམས་འཇུག་པར་བྱེད་པ་གང་ཡིན་པའོ། །སད་པར་བྱེད་པ་ནི་གཞི་དེ་ཉིད་ལ་འདོད་ཆགས་ཀྱི་ཀུན་ནས་དཀྲིས་བ་སད་པ་དང་ལྡན་པ་གང་ཡིན་པའོ། །ཀུན་དུ་སྦྱོར་བ་ནི་གཞི་དེ་ཉིད་ཚོལ་བའོ། །མཚན་མར་འཛིན་པ་ནི་གཞི་དེ་ཉིད་ལས་སྡུག་པའི་མཚན་མ་རྣམ་པ་སྣ་ཚོགས་འཛིན་པའོ། །ཆགས་པ་ནི་གཞི་ཐོབ་པ་དེ་ཉིད་ལ་ལྷག་པར་ཆགས་པ་དང་ལྡན་པའོ། །སྟེག་པ་ནི་གཞི་དེ་ཉིད་ལ་རྣམ་པ་སྣ་ཚོགས་སུ་ལོངས་སྤྱོད་པར་འདོད་པ་སྒོ་དུ་མར་འཇུག་པ་གང་ཡིན་པའོ། །འཇུམས་པ་ནི་གཉིས་ཀྱི་དབང་པོ་གཉིས་ཕྲད་བའི་དུས་གང་ཡིན་པའོ། །མཆོག་ཏུ་ཆགས་པ་ནི་ཁུ་བ་འབྱུང་བའི་དུས་གང་ཡིན་པའོ། །འདོད་བ་རྣམས་ནི་མི་ངོམས་བྱེད། །དེ་བཞིན་མང་པོ་ཐུན་མོང་ཡིན། །ཆོས་མ་ཡིན་པའི་རྒྱུར་གྱུར་དང༌། །དེ་བཞིན་སྲེད་པ་འཕེལ་བར་བྱེད། །དམ་པ་རྣམས་ཀྱིས་སྟོང་བའི་འོས། །མྱུར་དུ་འཇིག་པར་འགྱུར་བ་དང༌། །འདོད་རྣམས་རྐྱེན་ལ་བརྟེན་པ་དང༌། །བག་མེད་གྱི་ནི་ས་ཡང་ཡིན། །ཞེས་བྱ་བ་རྣམ་པ་བརྒྱད་ཀྱིས་ནི་ཅི་རིགས་པར་ཚེ་འདི་ཉིད་དང༌། ཚེ་ཕྱི་མའི་འདོད་པ་རྣམས་ཀྱི་ཉེས་དམིགས་བསྟན་པས་འདོད་པ་ལ་འདུན་པ་སྤོང་བའི་ཐབས་སྟོན་ཏོ། །འདོད་པ་རྣམས་ནི་ཀེང་རུས་འདྲ། །དེ་བཞིན་ཤ་ཡི་ཁ་མཚད་འདྲ། །རྩྭ་ཡི་སྒྲོན་མ་འདྲ་བ་དང༌། །དེ་བཞིན་མེ་ཡི་དོང་དང་འདྲ། གདུག་པའི་སྤྲུལ་དང་འདྲ་པ་དང༌། །དེ་བཞིན་རྨི་ལམ་ལྟ་བུ་དང༌། །བརྙན་པོའི་རྒྱན་དང་འདྲ་བ་དང༌། །དེ་བཞིན་ཤིང་ཐོག་འདྲ་བ་ཡིན། །འདོད་རྣམས་དེ་ལྟར་ཤེས་ནས་ནི། །ཇི་ལྟ་བུར་ཡང་ཆགས་མི་བྱ། །ཞེས་བྱ་བ་འདི་ལ་འདོད་པ་རྣམས་ངོམས་པར་མི་བྱེད་པ་ལ་སོགས་པ་རྣམ་པ་བརྒྱད་པོ་སྔར་བསྟན་པའི་ཉེས་དམིགས་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་དཔེར་གཞག་པ་རྣམས་ཀྱིས་ཉེས་དམིགས་སུ་སྟོན་ཏེ། དེ་ཁོ་ན་ལྟར་ཉེས་དམིགས་མང་པོ་བསྟན་ན། དེ་དག་ལ་མཁས་པ་ག་ལ་ཞིག་མངོན་པར་ཆགས་པར་བྱེད་ཅེས་བསྟན་པའི་ཕྱིར་རོ། །
དེ་ལ་ངོམས་པར་མི་བྱེད་པ་ནི་ཀེང་རུས་དང་འདྲ་བའི་ཕྱིར་རོ། །མང་པོ་དང་ཐུན་མོང་བ་ནི། ཤའི་ཁམ་ཚད་དང་འདྲ་བའི་ཕྱིར་རོ། །ཆོས་མ་ཡིན་པའི་རྒྱུར་འགྱུར་བ་ནི། །རྩྭའི་སྒྲོན་མ་དང་འདྲ་སྟེ། མ་བོར་ན་ཚིག་པར་འགྱུར་བ་ཉེ་བར་གནས་པའི་ཕྱིར་རོ། །སྲེད་པ་འཕེལ་བར་བྱེད་པ་ནི་མེ་དོང་ལྟ་བུ་སྟེ། སྐོམ་པར་བྱེད་པ་དང་ཚུལ་འདྲ་བའི་ཕྱིར་རོ། །དམ་པ་རྣམས་ཀྱིས་སྤོང་བའི་འོས་སུ་གྱུར་པ་ནི། སྦྲུལ་གདུག་པ་དང་འདྲ་བའི་ཕྱིར་རོ། །མྱུར་དུ་འཇིག་པར་འགྱུར་བ་ནི་རྨི་ལམ་དང་འདྲ་བའི་ཕྱིར་རོ། །རྐྱེན་ལ་བརྟེན་པ་ནི་བརྙན་པོའི་རྒྱན་དང་འདྲ་བའི་ཕྱིར་རོ། །བག་མེད་པའི་ས་ནི་ཤིང་ཁའི་འབྲས་བུ་དང་འདྲ་བའི་ཕྱིར་རོ། །དམ་པའི་ཆོས་ནི་རྟག་ཏུ་ཉོན། །བསམ་པ་དང་ནི་བསྒོམ་པར་གྱིས། །ཐོག་མར་ཞི་དང་རྒྱ་ཆེ་བ། །མཐོང་ན་གཅིག་ཏུ་ངེས་པར་བསྒོམ། །ཉོན་མོངས་གནས་ངན་ལེན་སྤོངས་ལ། །སྤོང་བ་ལ་ཡང་དགའ་བར་གྱིས། །མཚན་མ་ལ་ཡང་དཔྱད་པར་བྱ། །སྦྱོར་བ་ཉམས་སུ་བླང་བར་བྱ། །འདོད་པའི་འདོད་ཆགས་བྲལ་བ་དང༌། །གཟུགས་ཀྱི་འདོད་ཆགས་བྲལ་བར་བྱ། །བདེན་པ་མངོན་པར་རྟོགས་པར་བྱ། །ཀུན་ལས་འདོད་ཆགས་བྲལ་བར་བྱ། །ཚེ་འདིར་མྱ་ངན་འདའ་བར་བྱ། །དེ་བཞིན་ཕུང་པོ་ཟད་པར་བྱ། །ཞེས་བྱ་བ་འདི་ལ། མཚན་ཉིད་སོ་སོར་རིག་པ་ལ་སོགས་པ་ཡིད་ལ་བྱེད་པ་བདུན་པོ་འདི་དག་གིས། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་རྣམ་པར་དག་པས་ཕུང་པོ་དང་བཅས་པ་དང༌། ཕུང་པོ་མེད་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཅན་ལྷག་པའི་ཤེས་རབ་ཀྱི་བསླབ་པ་རྣམ་པར་དག་པ་བསྟན་ཏོ། །དེ་ལ་མཚན་ཉིད་སོ་སོར་རིག་པ་ནི། དམ་པའི་ཆོས་ཉན་པ་དང༌། བསམ་པའི་ཚིག་གིས་བསྟན་ཏོ། །མོས་པ་ལས་བྱུང་བ་ནི་བསྒོམ་པའི་ཚིག་གིས་བསྟན་ཏེ། དེར་མོས་པས་བསྒོམ་པའི་ཕྱིར་རོ། །ཐོག་མར་ཞི་དང་རྒྱ་ཆེ་དང༌། མཐོང་ནས་ཞེས་བྱ་བ་ནི་རབ་ཏུ་དབེན་པའོ། །གཅིག་ཏུ་ངེས་པར་བསྒོམ་ཞེས་བྱ་བ་ནི། དགའ་བ་སྡུད་བའོ། །མཚན་མ་ལ་ཡང་སྤྱད་པར་བྱ། །ཞེས་བྱ་བ་ནི་སྤྱོད་པའི་ཡིད་ལ་བྱེད་པའོ། །སྦྱོར་བ་ཉམས་སུ་བླང་བར་བྱ། །ཞེས་བྱ་བ་ནི་སྦྱོར་བའི་མཐར་ཐུག་པའོ། །འདོད་པའི་འདོད་
ཆགས་བྲལ་བ་དང༌། །གཟུགས་ཀྱི་འདོད་ཆགས་བྲལ་བར་བྱ། །བདེན་པ་མངོན་པར་རྟོགས་པར་བྱ། །ཀུན་ལས་འདོད་ཆགས་བྲལ་བར་བྱ། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྦྱོར་བ་མཐར་ཐུག་པའི་འབྲས་བུའོ། །དགོངས་པའི་དོན་གྱི་ཚིགས་སུ་བཅད་པ་བསྟན་པ་རྫོགས་སོ།། །།དེ་ལ་འདུས་པའི་དོན་གྱི་ཚིགས་སུ་བཅད་པ་རྣམ་པར་གཞག་པ་ནི། འཇིག་རྟེན་ཀུན་དུ་ཡིད་དང་ངག་རྣམས་དང༌། །ལུས་ཀྱི་སྡིག་པ་ཅི་ཡང་མི་བྱ་སྟེ། །འོ་དང་རྣམས་བྲལ་ཞིང་དྲན་ལྡན་ཤེས་བཞིན་ཅན། །གནོད་པར་ལྡན་པའི་སྡུག་བསྔལ་བསྟེན་མི་བྱ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། དེ་ལ་སྡིག་པ་ཞེས་བྱ་བ་ནི་ཉེས་པ་སྤྱོད་པའོ། །ཉེས་པ་སྤྱོད་པ་དེ་ཡང་རྣམ་པ་ཐམས་ཅད་དང༌། གཞི་ཐམས་ཅད་དང༌། གནས་ཐམས་ཅད་དུ་མི་བྱེད་པའོ། །རྣམ་པ་ཐམས་ཅད་དུ་ཇི་ལྟར་མི་བྱེད་ཅེ་ན། འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་མི་བྱེད་དོ། །གཞི་ཐམས་ཅད་ཀྱིས་ཇི་ལྟར་མི་བྱེད་ཅེ་ན། འདི་ལྟ་སྟེ། ཆགས་པ་ལས་བྱུང་བ་དང༌། ཞེ་སྡང་ལས་བྱུང་བ་དང༌། གཏི་མུག་ལས་བྱུང་བའོ། །གནས་ཐམས་ཅད་དུ་ཇི་ལྟར་མི་བྱེད་ཅེ་ན། འདི་ལྟ་སྟེ། སེམས་ཅན་གྱི་དངོས་པོའི་གནས་དང༌། སེམས་ཅན་མ་ཡིན་པ་དངོས་པོའི་གནས་སུའོ། །འདོད་བ་རྣམས་དང་ཇི་ལྟར་བྲལ་ཞེ་ན། དངོས་པོའི་འདོད་པ་སྤངས་པ་དང༌། །ཉོན་མོངས་པའི་འདོད་པ་སྤངས་པའི་ཕྱིར་རོ། །དངོས་པོའི་འདོད་པ་སྤངས་པ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་རྙེད་ནས། ཁྱིམ་ན་གནས་པ་ནི་གནོད་པའོ་སྙམ་སྟེ། ངེས་པར་འབྱུང་བར་སེམས་སོ་ཞེས་བྱ་བ་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་འབྱུང་བའི་བར་དུ་སྟེ། དེ་ཡང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ནི་མ་ཡིན་ཏེ། འདི་ནི་དངོས་པོའི་འདོད་པ་སྤངས་པ་ཞེས་བྱའོ། །ཉོན་མོངས་པའི་འདོད་ཆགས་སྤངས་པ་གང་ཞེ་ན། དེ་དེ་ལྟར་རབ་ཏུ་བྱུང་ནས། འདོད་པའི་འདོད་ཆགས་མ་ལུས་པར་སྤངས་པའི་ཕྱིར། དགོན་བ་དང༌། ནགས་འདབ་དང༌། བས་མཐར་གནས་འཆའ་བར་བྱེད་དེ། དེ་དགོན་པ་
ན་གནས་པ་ན། ཁྱིམ་གྱིས་སྟོང་གི་བར་དུ་གནས་པ་ན། དངོས་པོའི་འདོད་པ་དེ་དག་ལ་ཀུན་ཏུ་རྟོག་པའི་འདོད་ཆགས་ཉོན་མོངས་པའི་འདོད་པར་གཏོགས་པ་གང་ཡིན་པ་དེའི་གཉེན་པོར་དྲན་བ་ཉེ་བར་གཞག་བ་བཞི་སྒོམ་ལ། དེ་ལས་ལངས་ན་ཡང་དེ་གྲོང་ངམ་གྲོང་རྡལ་གང་ལ་བརྟེན་ཞིང་གནས་པ་ན། དེ་ལུས་ཤིན་ཏུ་བསྲུངས་པ་དང༌། དབང་པོ་རྣམས་ཤིན་ཏུ་བསྡམས་པ་དང༌། དྲན་པས་ཤིན་ཏུ་གནས་པས་གྲོང་ངམ་གྲོང་རྡལ་དེ་ཉིད་དུ་འཇུག་པ་དང༌། རྒྱུ་བ་དང་ཕྱིར་འབྱུང་བར་བྱེད་དོ། །དེ་དེར་འགྲོ་བ་དང༌། ལྡོག་པ་དང༌། གཉིད་ཀྱིས་སྙོམ་པ་བསལ་བའི་བར་དུ་ཤེས་བཞིན་གྱིས་གནས་ཏེ། དེ་དྲན་པ་ཉེ་བར་གཞག་པ་བཞི་པོ་རྣམས་ལ་དྲན་པས་ཤིན་ཏུ་གནས་པ་དེ་ལ་བརྟེན་ནས། འདོད་པའི་འདོད་ཆགས་ཀྱི་བག་ལ་ཉལ་བའི་ཕྱིར་གཉེན་པོ་སྒོམ་པར་བྱེད་དོ། །ཤེས་བཞིན་དུ་གནས་པ་དེ་ཉིད་ལ་བརྟེན་ནས། སྒྲིབ་པ་དང་བྲལ་བར་འགྱུར་ཞིང༌། བརྟུན་པར་བྱ་བ་དང༌། བརྩོན་པར་བྱ་བ་དང༌། སྤང་བར་བྱ་བ་དང༌། ནང་དུ་ཡང་དག་གཞག་པར་བྱ་བའི་ཕྱིར། ལུས་ལས་སུ་རུང་བ་དང༌། སེམས་ལས་སུ་རུང་བར་འགྱུར་རོ། །དེ་ལྟར་དེ་དྲན་པ་དང༌། ཤེས་བཞིན་ལ་བརྟེན་པས། ཉོན་མོངས་པའི་འདོད་པ་སྤོང་བ་མངོན་སུམ་དུ་བྱེད་ཅིང༌། འདོད་པ་རྣམས་ལས་དབེན་བ་ནས། བསམ་གཏན་དང་པོའི་བར་དུ་བསྒྲུབས་ཏེ་གནས་སོ། །དེ་དེ་ལྟར་ན་དེའི་འདོད་པ་ལ་བསོད་ཉམས་སུ་སྦྱོར་བའི་མཐའ་ངན་པ་གྲོང་པ། ཕལ་པ་སོ་སོའི་སྐྱེ་བོ་པ་སྤངས་ཤིང་ཡོངས་སུ་ཤེས་པ་ཡིན་ནོ། །གནོད་པ་དང་ལྡན་པའི་སྡུག་བསྔལ་གང་ཞེ་ན། འདི་ལྟར་འདི་ན་དགེ་སྦྱོང་ངམ། བྲམ་ཟེ་ལ་ལ་བདག་ཉིད་ཀྱིས་དཀའ་ཐུབ་དྲག་པོ་བྱས་ཏེ། ཚེ་འདི་ལ་སྡུག་བསྔལ་གྱི་རྣམ་གྲངས་དུ་མ་ཉམས་སུ་ལེན་པས་བདག་ཉིད་ཀུན་དུ་གདུང་ཞིང་རབ་ཏུ་གདུང་ལ་ཡོངས་སུ་གདུང་བར་བྱེད་དེ། ཚེ་འདི་ལ་སྡུག་བསྔལ་ཉམས་སུ་བླངས་པ་འདིས་བདག་སྡུག་བསྔལ་ལས་ཡོངས་སུ་ཐར་པར་འགྱུར་རོ་སྙམ་པ་ལས། དེ་གང་གི་དོན་དུ་ཡོངས་སུ་གདུང་བར་བྱེད་པའི་དོན་དེ་ཡང་མ་ཐོབ་ལ། ཕོངས་པ་ཆེན་པོའི་སྐལ་བ་ཅན་དུ་འགྱུར་བ་དེ་ནི་གནོད་པ་དང་ལྡན་པའི་
སྡུག་བསྔལ་ཞེས་བྱ་སྟེ། འཕགས་པ་ཉན་ཐོས་དེས་དེ་ལྟར་བདག་ཉིད་ངལ་བར་བྱེད་པའི་མཐའ། སྡུག་བསྔལ་བ་འཕགས་པའི་མ་ཡིན་པ་གནོད་པ་དང་ལྡན་པ་དེ་རྟོགས་ནས་རིང་དུ་ཡོངས་སུ་སྤོང་བར་བྱེད་དེ། མི་བསྟེན་མི་བསྙེན་ཅིང་འགྲོགས་པར་མི་བྱེད་དོ། །བཤད་པ་འདིའི་མདོར་བསྟན་པ་ནི་འདི་ཡིན་ཏེ། མདོར་བསྟན་པ་ནི་གང་ཞེ་ན། སེམས་ཅན་རྣམས་ཀྱི་འབྱོར་པ་ནི་རྣམ་པ་གཉིས་ཏེ། མངོན་པར་མཐོ་བའི་འབྱོར་བ་དང༌། ངེས་པར་ལེགས་པའི་འབྱོར་པའོ། །དེ་ལ་མངོན་པར་མཐོ་བའི་འབྱོར་པ་ནི་བདེ་འགྲོར་འགྲོ་བའོ། །ངེས་པར་ལེགས་པའི་འབྱོར་པ་ནི་སྲེད་པ་ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། མྱ་ངན་ལས་འདས་པ་ཞེས་བྱ་སྟེ། འབྱོར་པ་འདི་གཉིས་ནི་བགེགས་བྱེད་པ་སྤོང་བས་འཐོབ་པར་འགྱུར་རོ། །དེ་ལ་རྣམ་པ་ཐམས་ཅད་དང༌། གཞི་ཐམས་ཅད་དང༌། གནས་ཐམས་ཅད་དུ་ཐབས་ཀྱི་ཉེས་པར་སྤྱོད་པར་མི་བྱེད་པ་གང་ཡིན་པ་དེ་མངོན་པར་མཐོ་བའི་འབྱོར་པ་ལ་བགེགས་བྱེད་པ་སྤོང་བ་སྟེ། མངོན་པར་མཐོ་བའི་འབྱོར་པ་ཐོབ་པར་འགྱུར་རོ། །དེ་ལ་འདོད་པ་བསོད་ཉམས་ལ་སྦྱོར་བའི་མཐའ་དང༌། བདག་ཉིད་ངལ་བར་བྱེད་པ་ལ་སྦྱོར་བའི་མཐའ་ཡོངས་སུ་སྤོང་བ་གང་ཡིན་པ་དེ་ནི། ངེས་པར་ལེགས་པའི་འབྱོར་པ་ལ་བགེགས་བྱེད་པ་སྤོང་བ་སྟེ། ངེས་པར་ལེགས་པའི་འབྱོར་པ་ཐོབ་པར་འགྱུར་བ་སྟེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །སེམས་ཅན་བརྗོད་བྱའི་འདུ་ཤེས་ཅན། །བརྗོད་བྱ་ལ་ནི་གནས་པ་རྣམས། །བརྗོད་བྱ་ཡོངས་སུ་མི་ཤེས་པས། །འཆི་བ་དང་ནི་ཕྲད་པར་འགྱུར། །བརྗོད་བྱ་ཡོངས་སུ་ཤེས་ན་ནི། །གང་གིས་དེ་ལ་གཞན་དག་གིས། །བརྗོད་པ་དེ་ནི་དེ་ལ་མེད། །བརྗོད་པ་པོར་ནི་སེམས་པ་མེད། །མཚུངས་སམ་ཁྱད་ཞུགས་འོན་ཏེ་དམའོ་ཞེས། །གང་འཛིན་དེ་ནི་དེས་ན་རྩོད་པར་འགྱུར། །གང་ཞིག་རྣམ་པ་གསུམ་ལ་མི་གཡོ་བ། །དེ་ལ་མཚུངས་དང་ཁྱད་པར་ཞུགས་པ་མེད། །འདིར་ནི་མིང་དང་གཟུགས་ལ་སྲེད་བཅད་ཅིང༌། །ང་རྒྱལ་སྤངས་ནས་ཆགས་པ་མེད་པ་དེ། །དུད་པ་སངས་ཤིང་འཇོམས་མེད་རེ་བ་མེད། །ལྷ་མིའི་འཇིག་རྟེན་དག་ན་
དེ་མི་སྣང༌། །ཚེ་འདི་དང་ཚེ་ཕྱི་མ་ལ་ཞེས་བྱ་སྟེ། ཚིགས་སུ་བཅད་པ་བཞི་ཡོད་དོ། །བརྗོད་བྱ་ཞེས་བྱ་བ་ནི། འདུས་བྱས་ཐམས་ཅད་དེ། འདི་ལྟར་འདུས་བྱས་ཐམས་ཅད་ནི་ཐ་སྙད་ཀྱི་གཞི་གསུམ་དུ་འདུས་སོ། །དོན་གྱི་སྐབས་འདིར་ནི། འདོད་པའི་ཡོན་ཏན་ལྔ་པོ་དག་ལ་བརྗོད་བྱ་ཞེས་བྱའོ། །གཞན་ཡང་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ནི། དགེ་སྦྱོང་དང་བྲམ་ཟེ་གཞན་དག་གིས་སྦྱིན་དུ་འཇུག་པ་དང༌། སྦྱིན་བདག་རྣམས་ལས་ཡོངས་སུ་བཙལ་བར་བྱ་བ་ཡིན་ཞིང༌། རྗེ་བོ་དག་གིས་བྲན་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བར་བྱེད་པ་རྣམས་ལ་བསྒོ་ནས། ལོངས་སྤྱད་པར་བྱ་བ་ཡིན་ཏེ། རྒྱུ་འདིས་ནི་དེ་དག་ནི་བརྗོད་བྱ་ཞེས་བྱའོ། །གཞན་ཡང་འདོད་པ་ཅན་རྣམས་ཀྱིས་ནི། བདག་ཉིད་ཀྱི་འདོད་པ་རྣམས་ཀྱི་ཉེས་དམིགས་བདེ་བླག་ཏུ་མི་ཤེས་ཏེ། སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཉི་ཚེས་བརྗོད་བྱ་དེ་དག་ཉེས་དམིགས་ཀྱི་སྒོ་ནས་བརྗོད་པར་མཛད་པའི་ཕྱིར། རྒྱུ་འདིས་ཀྱང་བརྗོད་བྱ་ཞེས་བྱའོ། །འདོད་པ་ཅན་འདོད་པ་དེ་དག་ལ་ཚུལ་བཞིན་མ་ཡིན་པས་མཚན་མར་འཛིན་ཅིང་མངོན་རྟགས་སུ་འཛིན་པ་དེ་དག་ནི་འདོད་པ་དེ་དག་ལ་ཆགས་ཤིང་ཞེན་པ་ནས་ལྷག་པར་ཆགས་པའི་བར་དུ་གྱུར་ནས་ཡོངས་སུ་སྤྱོད་དེ། དེ་དག་དེ་ལྟར་ལྷག་པར་ཆགས་པར་གྱུར་པས། འདོད་པ་རྣམས་ལ་ཉེས་དམིགས་ཡོད་བཞིན་དུ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཏེ། འདོད་པ་འདི་དག་ནི་མི་རྟག་པ། གསོབ། གསོབ། །བརྫུན་བ་སླུ་བའི་ཆོས་ཅན། སྒྱུ་མ་ལྟ་བུ། བྱིས་པ། འདྲིད་པ། མནོག་ཆུང་ཞིང་ཉེས་དམིགས་ཆེ་བ་སྟེ། དེ་དག་མནོག་ནི་ཆུང་ལ་ཉེས་དམིགས་ནི་ཆེས་ཆེའོ་ཞེས་འདོད་པ་རྣམས་ལས་ངེས་པར་འབྱུང་བའི་ཐབས་ཡོད་བཞིན་དུ། ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་སོ། །དེ་དག་ཏུ་འདུན་པའི་འདོད་ཆགས་འདུལ་བ་ནས། ཡང་དག་པར་འདའ་བའི་བར་གང་ཡིན་པ་དེ་ནི་དེ་དག་ལས་ངེས་པར་འབྱུང་བའོ། །དེ་དག་དེ་ལྟར་ཉེས་དམིགས་མ་མཐོང་བ་དང༌། ངེས་པར་འབྱུང་བ་མི་ཤེས་པས། འདོད་པ་རྣམས་ལ་ཡོངས་སུ་སྤྱོད་དེ། དེ་དག་གཞི་དེ་ལས་འདོད་པའི་ཁམས་སུ་སྐྱེ་བའི་རྩ་བའི་
འདུ་བྱེད་རྣམས་ལ་མངོན་པར་དགའ་ཞིང༌། སྐྱེ་བའི་རྩ་བའི་ལས་རྣམས་ཀྱང་བྱས་ནས་འདོད་པའི་ཁམས་སུ་སྐྱེའོ། །སྐྱེས་ནས་ཀྱང་འཆིའོ། །སྐྱེས་ནས་འཆི་དུས་བྱེད་དོ། །དེ་ལྟར་ན། སེམས་ཅན་བརྗོད་བྱའི་འདུ་ཤེས་ཅན། །བརྗོད་བྱ་ལ་ནི་གནས་པ་རྣམས། །བརྗོད་བྱ་ཡོངས་སུ་མི་ཤེས་པས། །འཆི་བ་དང་ནི་ཕྲད་པར་འགྱུར། །ཞེས་བྱའོ། །གང་དག་སྐྱེས་བུ་དམ་པ་ལ་ཡང་དག་པར་བརྟེན་པ་ལ་བརྟེན་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས། འདོད་པ་དེ་དག་ཉིད་ལ། དེ་ལྟར་ཉེས་དམིགས་ཡིན་པ་དང༌། ངེས་པར་འབྱུང་བ་ཡང་དག་པར་ཤེས་ཏེ། འདོད་པ་འདི་དག་ནི་མི་རྟག་པའོ་ཞེས་བྱ་བ་ནས། འདུན་པའི་འདོད་ཆགས་ལས་འདས་པའི་བར་དུ་རྒྱས་པར་སྦྱར་རོ། །དེ་དག་དེ་བཞིན་གཤེགས་པས་གསུངས་བའི་ཆོས་འདུལ་བ་ལ་དད་པ་རྙེད་ནས། འདོད་པ་རྣམས་ཀྱི་ཉེས་དམིགས་མཐོང་བ་དེ་ཉིད་རྗེས་སུ་འཕེལ་བར་བྱེད་དེ། ལོངས་སྤྱད་པར་བྱ་བའི་ཚོགས་ཉུང་ཡང་རུང་མང་ཡང་རུང་བ་དང༌། ཉེ་དུའི་ཚོགས་ཀྱང་སྤངས་ནས། འདི་ལྟ་སྟེ། རྒ་བ་དང༌། འཆི་བ་ཐམས་ཅད་ཀྱི་ཐམས་ཅད་དུ་འགག་པར་བྱ་བའི་ཕྱིར། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་འབྱུང་སྟེ། དེ་དག་དེ་ལྟར་རབ་ཏུ་བྱུང་ནས། བདག་ཚུལ་ཁྲིམས་དང༌། དཀའ་ཐུབ་དང༌། ཚངས་པར་སྤྱོད་པ་ལ་གནས་པ་འདིས། ལྷ་འམ། ལྷ་གང་ཡང་རུང་བ་ཞིག་ཏུ་གྱུར་ཅིག་ཅེས་སྨོན་ནས་ཚངས་པར་སྤྱོད་པ་མ་ཡིན་ཏེ། དེ་དག་ལ་ལོག་པར་སྨོན་པ་མེད་དོ། །མེད་པས། གང་གིས་དེ་དག་ལ་གཞན་དག་གིས་བཞིན་བཟངས་ཁྱོད་དང་པོ་ལང་ཚོལ་བབ་པ་དང་ལྡན་ལ་ཉེ་དུ་རྣམས་ཀྱང་མི་དགའ་བཞིན་དུ་ཅིའི་ཕྱིར་ཚེ་འདིའི་འདོད་པ་རྣམས་སྤངས་ཏེ། ཚེ་གཞན་གྱི་འདོད་པ་རྣམས་ཀྱི་དོན་དུ་ཚངས་པར་སྤྱོད་པ་ལ་གནས་པ་ཁས་བླངས་ཞེས་དེ་ལྟར་མངོན་པར་སྨྲ་བས་མངོན་པར་སྨྲ་ཞིང༌། ཀླན་ཀ་བཙལ་བས་ཀླན་ཀ་ཚོལ་ལ། གླེང་གཞི་དྲན་པར་བྱེད་ཀྱང༌། གཞན་གྱིས་བདག་ལ་ཀླན་ཀ་ཚོལ་བར་མི་མཐོང་ཞིང་མི་སེམས་ལ་དོགས་པ་མེད་དེ། དེ་ལྟར་ན། བརྗོད་བྱ་ཡོངས་སུ་ཤེས་ན་ནི། །གང་གིས་དེ་ལ་གཞན་དག་
གིས། །བརྗོད་པ་དེ་ནི་དེ་ལ་མེད། །བརྗོད་པ་པོར་ནི་སེམས་པ་མེད། །ཅེས་བྱ་སྟེ། འདི་ནི་དེའི་ཚུལ་ཁྲིམས་རྣམ་པར་དག་པའོ། །དེ་ནི་ལྟ་བ་རྣམ་པར་དག་པ་དང་ཡང་ལྡན་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་ཏུ་ལྟ་བ་ནི་ང་རྒྱལ་སྐྱེད་པར་བྱེད་ལ། ང་རྒྱལ་གྱིས་མངོན་པར་ཟིན་ནས། དགེ་སྦྱོང་དང་བྲམ་ཟེ་གཞན་དག་དང་ལྷན་ཅིག་ཏུ་རྩོད་པ་ཡོངས་སུ་འཛིན་ཅིང་འདུག་སྟེ། དེ་ལྟར་ན་ལྟ་བ་འདི་ནི་རྣམ་གྲངས་དེས་ན་རྩོད་པའི་རྩ་བ་ཡིན་ཏེ། དེ་ལ་དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལ་རྩོད་པའི་རྩ་བ་ལྟ་བ་ལ་བརྟེན་ནས་མཚུངས་པའམ་ཁྱད་པར་དུ་འཕགས་པའམ། ཆུང་བར་སེམས་ཁེངས་པར་སྟོན་ཏོ། །རྒྱུ་དེ་དང་རྐྱེན་དེས་འདི་ལྟ་སྟེ། བདག་ཉིད་ཆེ་བ་དང༌། མཚུངས་པ་དང༌། ཆུང་བར་བསྒྲུབ་པའི་ཕྱིར། བདག་ཆེའོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་དང༌། བདག་མཚུངས་སོ་ཞེས་བྱ་བ་དང༌། ཆུང་ངོ་ཞེས་བྱ་བའི་ང་རྒྱལ་གྱི་རྣམ་པ་ལས་བརྩམས་ནས། དགེ་སྦྱོང་དང་བྲམ་ཟེ་གཞན་དག་དང་ལྷན་ཅིག་རྩོད་པ་ཡོངས་སུ་བཟུང་སྟེ་འདུག་གོ །འཕགས་པ་ཉན་ཐོས་དེ་དག་ནི་བདག་གོ་སྙམ་དུ་མི་གཡོ་སྟེ། བདག་ཡིན་ནོ་ཞེས་བྱ་བ་ནས། བདག་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་དུ་མི་འགྱུར་རོ་ཞེས་བྱ་བའི་བར་དུ་མི་གཡོའོ། །དེས་ནི་འདུ་བྱེད་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བར་རྟོགས་པས། འདུ་བྱེད་རྣམས་ལ་ཆོས་ཙམ་དུ་མཐོང་བའི་ཕྱིར་གཞན་དག་ལས་བདག་ཆེའམ། མཚུངས་སོ་སྙམ་དུ་བདག་ཉིད་ཡོངས་སུ་འཇལ་བར་མི་བྱེད་ན། རློམ་སེམས་སུ་བྱེད་པའམ་རྩོད་པ་ཡོངས་སུ་འཛིན་ཅིང་འདུག་པར་ལྟ་ག་ལ་འགྱུར། འཕགས་པ་ཉན་ཐོས་དེ་དག་གཞན་དག་ལ་བདག་གི་སྨྲ་བ་སྟོན་ལ། ཕ་རོལ་སྨྲ་བ་ཚར་གཅོད་པར་བྱེད་པ་དེ་ནི་ཆོས་ཀྱི་ཆོས་ཉིད་བཟང་པོ་ཁོ་ན་ལ་བརྟེན་ནས་སྙིང་བརྩེ་ཞིང༌། སྙིང་རྗེ་སྟེ། ཇི་ལྟར་གཞན་དག་གིས་ལེགས་པར་གསུངས་པ་ཚིག་གཅིག་གི་དོན་ཙམ་རྟོགས་ན་ཡང༌། ཇི་ཙམ་དུ་ཁོང་དུ་ཆུད་པ་དེ་ཙམ་དུ། དེ་དག་གི་ཡུན་རིང་པོའི་དོན་དང༌། ཕན་པ་དང་བདེ་བར་འགྱུར་ཞིང༌། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་འགྱུར་བའི་ཕྱིར་ཡིན་གྱི། ང་རྒྱལ་ལ་བརྟེན་པའམ། རྙེད་པ་དང་བཀུར་
སྟིའི་ཕྱིར་རྩོད་པར་འདོད་པ་ནི་མ་ཡིན་ཏེ། དེ་ལྟར་ན་དེ་ནི་ཚེ་འདིའི་འདོད་པ་རྣམས་ཀྱི་དོན་དུ་ཚངས་པར་སྤྱོད་པ་ལ་གནས་པར་ཁས་བླངས་པ་མ་ཡིན་ཏེ། དེའི་ཚངས་པར་སྤྱོད་པ་ལ་གནས་པ་ནི་འདི་ལྟར་ལོག་པར་སྨོན་པ་དང་བྲལ་ཞིང་ལོག་པར་ལྟ་བ་དང་བྲལ་ལ། རྙེད་པ་དང་བཀུར་སྟི་ལ་ཆགས་པ་བྲལ་བ་དང༌། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་ལ་ལམ་མེ་ལྷན་ནེ་ལྷང་ངེ་སྟེ། ལྷ་དང་མི་རྣམས་ཀྱིས་བསྔགས་པར་འོས་པ་ཡིན་གྱི། སྨད་པར་འོས་པ་མ་ཡིན་ཏེ། རྒ་པ་དང༌། འཆི་བ་ལས་འདའ་བར་འགྱུར་བ་ཡང་ཡིན་ནོ། །དེ་ལྟར་ན། མཚུངས་སམ་ཁྱད་ཞུགས་འོན་ཏེ་དམའོ་ཞེས། །གང་འཛིན་དེ་ནི་ངེས་ན་རྩོད་པར་འགྱུར། །གང་ཞིག་རྣམ་པ་གསུམ་ལ་མི་གཡོ་བ། །དེ་ལ་མཚུངས་དང་ཁྱད་པར་ཞུགས་པ་མེད། །ཅེས་བྱའོ། །མིང་དང་གཟུགས་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། དེ་དག་ལ་གང་གིས་སྡུག་བསྔལ་བར་མཐོང་ཞིང་མངོན་པར་རྟོགས་པར་གྱུར་ན། དེས་བདེན་པ་མངོན་པར་རྟོགས་པའི་མདོ་ལས། ཉེ་བར་ལེན་པའི་ཕུང་པོ་མ་ལུས་པར་སྡུག་བསྔལ་བའོ་སྙམ་ནས། བསམ་པ་ཐག་པ་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་སྲེད་པ་ཡང་དག་པར་ཆད་པར་འགྱུར་ཏེ། བག་ལ་ཉལ་གྱིས་ནི་མ་ཡིན་ནོ། །དེས་ལམ་ཇི་ལྟར་ཐོབ་པ་དེ་ཉིད་བསྒོམས་ཏེ། ངའོ་སྙམ་པའི་ང་རྒྱལ་མ་ལུས་པར་སྤངས་ནས་ཟག་པ་ཐམས་ཅད་རབ་ཏུ་ཟད་པའི་དགྲ་བཅོམ་པར་འགྱུར་རོ། །དེས་དེ་ལྟར་དགྲ་བཅོམ་པ་ཉིད་ཐོབ་ནས། སེམས་ཤིན་ཏུ་རྣམ་པར་གྲོལ་བར་འགྱུར་ཏེ། ལུས་དང་ལུས་ཀྱི་ཡོ་བྱད་རྣམས་ལ། ཀུན་ནས་དཀྲིས་པ་དང༌། བག་ལ་ཉལ་གྱི་སྒོ་ནས་ཆགས་པ་མེད་ཅིང༌། རྒྱགས་པ་མེད་ལ། བག་མེད་པ་མེད་པར་འགྱུར་རོ། །དེ་དེ་ལྟར་ཆགས་པ་མེད་ཅིང༌། རྒྱགས་པ་མེད་ལ་བག་མེད་པར་གྱུར་པས། དུད་པ་སངས་ཤིང་འཇོམས་པ་མེད་པ་དང༌། རེ་བ་མེད་པར་འགྱུར་རོ། །ཇི་ལྟར་དུད་པ་སངས་པར་འགྱུར་ཞེ་ན། དུད་པ་ཞེས་བྱ་བ་ནི་སྲེད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དཔེར་ན། དུད་པ་ནི་མེའི་ཁམས་ཀྱི་སྔོན་དུ་འགྲོ་བ་ཡིན་ཏེ། མིག་ལ་ཡང་གནོད་ལ། ཐ་མལ་པར་འདུག་ཏུ་མི་སྟེར་བའི་སྒོ་ནས་རྣམ་པར་འཁྲུགས་པར་བྱེད་དོ། །དེས་སྲེད་པ་དེ་སྤངས་པར་
གྱུར་ཏེ། དེ་བཞིན་དུ། སྲེད་པ་ཡང་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་སྔོན་དུ་འགྲོ་བ་ཡིན་ཏེ། ཤེས་རབ་ཀྱི་མིག་ལ་ཡང་གནོད་ལ། འདི་ལྟར་གནོད་པ་དང་ལྡན་པའི་རྟོག་པ་རྣམས་ཀྱིས། སེམས་ཀྱི་རྒྱུད་རྣམ་པར་འཁྲུགས་པར་བྱེད་དོ། །དེས་སྲེད་པ་དེ་སྤངས་པར་གྱུར་ཏེ། ཡོངས་སུ་ཤེས་པས་ཕྱི་མའི་བར་དུ་ཡང་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་ཏེ། དེ་ལྟར་ན། དུད་པ་སངས་པ་ཡིན་ནོ། །དེ་དེ་ལྟར་དུད་པ་སངས་ཤིང་ཆགས་པ་དང་བྲལ་ཡང༌། འཚོ་བའི་ཡོ་བྱད་རྣམས་ཡོངས་སུ་ཚོལ་ཏེ། མི་ཚོལ་བ་མ་ཡིན་མོད་ཀྱི། སྲེད་པ་དེས་ཡོངས་སུ་ཚོལ་བའི་ཀུན་ནས་ཉོན་མོངས་པ་ལས་རྣམ་པར་གྲོལ་བཞིན་དུ་ཡོངས་སུ་ཚོལ་ལོ། །ཇི་ལྟར་ན་འཇོམས་པ་མེད་པར་འགྱུར་ཞེ་ན། དེ་འདི་ལྟར་ཡོངས་སུ་ཚོལ་བ་ལ་ཞུགས་པ་ན། གལ་ཏེ་གཞན་དག་གིས་བྱིན་ནམ་སྦྱིན་དུ་བཅུག་ཀྱང་རུང་སྟེ། གུས་པར་བྱིན་གྱི་མ་གུས་པར་མ་ཡིན་པ་དང༌། བཟང་པོ་ཡིན་གྱི་ངན་པ་མ་ཡིན་པ་དང༌། མང་པོ་ཡིན་གྱི། ཉུང་དུ་མ་ཡིན་པ་དང༌། མྱུར་ཏེ་བྱིན་གྱི་བགྱོང་བར་མི་བྱེད་ན་ཡང༌། དེ་དེ་དག་ལ་ཆགས་པ་མེད་དེ། རྙེད་པ་དེ་དག་ཀྱང་ཆགས་པ་དང༌། ལེན་པ་དང༌། འཆུམས་པ་ནས། ལྷག་པར་ཆགས་པའི་བར་དག་གིས་ཡོངས་སུ་སྤྱོད་པར་མི་བྱེད་དེ། དེ་ལྟར་ན་དེ་ནི་འདི་ལྟ་སྟེ། འཚོ་བའི་ཡོ་བྱད་ལོངས་སྤྱོད་པ་ལ་འདོད་ཆགས་ཀྱི་འཇོམས་པས་མི་ཆོམས་པ་ཡིན་ནོ། །གལ་ཏེ་ཕ་རོལ་དག་གིས་སྦྱིན་པ་མ་བྱིན་ནམ། གེགས་བྱེད་དམ། མ་གུས་པས་བྱིན་གྱི་གུས་པས་མ་ཡིན་པ་ནས། བགྱངས་ཏེ་བྱིན་གྱི། མྱུར་ཏེ་མ་བྱིན་པར་གྱུར་ན་ཡང༌། དེས་དེ་ཡི་ཆད་པར་མི་འགྱུར་ཞིང༌། དེའི་གཞིལ་ཞུམ་པ་དང༌། འགོང་བར་མི་འགྱུར་ལ། རྙེད་པའི་ལོངས་སྤྱོད་དེས་འགྱོད་པར་ཡང་མི་བྱེད། གདུང་བར་ཡང་མི་འགྱུར། ཀུན་ནས་མནར་སེམས་ཀྱང་མི་བྱེད། ཁོང་ཁྲོ་བར་ཡང་མི་འགྱུར་རོ། །དེ་ལྟར་ན་ཞེ་སྡང་གི་འཇོམས་པས་མི་ཆོམས་པ་ཡིན་ནོ། །དེས་རྙེད་པ་དེ་བཟང་ཡང་རུང༌། ངན་ཀྱང་རུང་བའི་ཉེས་དམིགས་མཐོང་བ་དང༌། ངེས་པར་འབྱུང་བར་ཤེས་པ་དང༌། དྲན་པས་ཉེ་བར་གནས་པ་དང༌། རྨོངས་པ་མེད་པས་ཡོངས་སུ་སྤྱོད་
པས་ན་དེ་གཏི་མུག་གི་འཇོམས་པ་དེས་མི་ཆོམས་པ་ཡིན་ནོ། །ཇི་ལྟར་རེ་བ་མེད་ཅེ་ན། རེ་བ་ཞེས་བྱ་བ་ནི་ལྟོས་ཤིང་སེམས་ཀྱིས་འཛིན་པ་ཡིན་ལ། དེ་འདི་སྙམ་དུ་བདག་གིས་འདི་ལས་བཟའ་བ་དང་བཅའ་བ་བཟང་པོ་དང༌། ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། སྟན་དང༌། ན་བའི་གསོས་སྨན་དང༌། ཡོ་བྱད་ཅི་དགོས་པ་རྙེད་པར་འགྱུར་རོ་སྙམ་ནས་མགོ་འཕང་བསྟོད་དེ། འདི་ལྟ་སྟེ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་རྣམས་སམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱི་ཁྱིམ་ངག་ཏུ་འགྲོ་བར་མི་བྱེད་དོ། །དེ་ལྟར་ན་དེ་གང་ཡོངས་སུ་ཚོལ་བ་དང༌། གང་སྤྱོད་པའི་རྙེད་པ་དེ་ལ་རེ་བ་མེད་དེ། དེ་མཚན་མོ་འདས་ཏེ། ཉིན་མོ་བྱུང་ངམ། ཉིན་མོ་འདས་ཏེ་མཚན་མོ་བྱུང་ཡང་རུང༌། རྟག་ཏུ་རྒྱུན་མི་འཆད་པར་འཆི་བའི་འདུ་ཤེས་ཀྱིས་ཉེ་བར་གནས་ཤིང༌། བདག་འཆི་བར་འགྱུར་བའི་རྐྱེན་ནི་མང་སྟེ། བདག་གི་རླུང་འཁྲུག་པར་གྱུར་ཏམ་ཞེས་བྱ་བ་ནས། བདག་ནི་མི་མ་ཡིན་པས་ཀྱང་འཇིགས་སོ་ཞེས་བྱ་བའི་བར་དུ། མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་སྦྱར་རོ། །དེ་ལྟར་ན། དེ་ནི་རྙེད་པ་དེ་གང་གི་ཕྱིར་ཡོངས་སུ་ཚོལ་བ་དང༌། གང་གི་ཕྱིར་སྤྱོད་པའི་སྲོག་དེ་ལ་ཡང་རེ་བ་མེད་དེ། དེ་ལྟར་ན་ཆགས་པ་དང་བྲལ་ཞིང་དུད་པ་སངས་ལ་མི་ཆོམས་ཤིང་རེ་བ་མེད་པ་དེ་ནི་དབང་པོ་དང་བཅས་པ་དང༌། དབང་བདག་དང་བཅས་པ་དང༌། སྐྱེ་དགུའི་བདག་པོ་དང་བཅས་པའི་ལྷ་རྣམས་ཀྱིས། འདིར་ཡང་ལྷ་དང་མིར་སྐྱེ་བའི་རྒྱུ་ཡོད་པར་མ་མཐོང་ལ། ཕྱི་མ་ལ་ཡང་ལྷ་དང་མིའི་རྒྱུ་དང་འབྲས་བུར་མ་མཐོང་ངོ༌། །གླིང་བཞི་པ་འདིའི་ལྷ་དང་མིའི་འཇིག་རྟེན་གང་ཡིན་པའམ། གཞན་གྱིའམ། འཇིག་རྟེན་གྱི་ཁམས་འདིའམ། གཞན་གྱི་ལྷ་དང་མིའི་འཇིག་རྟེན་གང་ཡིན་པ་དེར་ཡང་མ་མཐོང་ངོ༌། །དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་དུས་གཞན་གྱི་འདོད་པ་རྣམས་དང༌། འདོད་པ་རྣམས་ལ་ལོག་པར་བསྒྲུབ་པ་དང༌། ལོག་པར་བསྒྲུབས་པའི་འབྲས་བུ་བསྟན་ཏོ། །ཚིགས་སུ་བཅད་པ་གཉིས་པས་ནི། འདོད་པ་ཡོངས་སུ་སྤངས་པའི་རིགས་པའི་ངོ་བོ་ཡིན་པ་དང༌། ཚངས་པར་སྤྱད་
པ་ལ་གནས་པ་ཡོངས་སུ་དག་པ་ལ་ཀླན་ཀ་ཚོལ་བ་མི་རིགས་པའི་ངོ་བོ་ཡིན་པ་དང༌། འདོད་པ་རྣམས་ཉིད་དུས་གཞན་གྱི་ཡིན་པར་བསྟན་ཏོ། །གཉིས་པ་ཇི་ལྟ་བ་བཞིན་དུ། གསུམ་པའང་དེ་དང་འདྲའོ། །ཚིགས་སུ་བཅད་པ་བཞི་པས་ནི། བཅོམ་ལྡན་འདས་ཀྱིས་ཆོས་ཚེ་འདི་དང༌། ནད་མེད་པ་ནས། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པའི་བར་བསྟན་ཏོ། །དེ་ལ་འདོད་པ་རྣམས་གཞན་ན་འགྲུབ་པ་ནི། ཚིགས་སུ་བཅད་པ་དང་པོ་ལས། འདོད་པ་རྣམས་ཀྱི་བརྗོད་པར་བྱ་བའི་མཚན་ཉིད་ཀྱི་སྒོ་ནས་བསྟན་པ་ཡིན་ཏེ། དེ་དག་ཀྱང་འདོད་པ་ཙམ་གྱིས་འགྲུབ་པ་ནི་མ་ཡིན་ཏེ། ཡོངས་སུ་ཚོལ་བ་དང་ལོངས་སྤྱད་པ་ཡང་བརྗོད་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །འདུ་ཞེས་དང༌། གནས་པ་དང༌། ཡོངས་སུ་མ་ཤེས་བས་ནི་དེ་དག་ལ་ལོག་པར་བསྒྲུབ་པ་བསྟན་ཏོ། །འཆི་བོ་དང་ཕྲད་པས་ནི་ལོག་པར་བསྒྲུབ་པའི་འབྲས་བུ་བསྟན་ཏོ། །འདོད་པ་ཡོངས་སུ་ཤེས་པ་དང༌། ལོག་པར་སྨོན་པ་རྣམ་པར་སྤངས་པ་དང༌། ཚངས་པར་སྤྱོད་པ་ལ་གནས་པ་དང༌། ལྟ་བ་རྣམ་པར་སྤངས་པ་དང༌། ལྟ་བའི་རྩ་བ་ལས་བྱུང་བའི་ང་རྒྱལ་རྣམ་པར་སྤངས་པ་དང༌། རྙེད་པ་དང་བཀུར་སྟི་ལ་ཞེན་པ་རྣམ་པར་སྤངས་པ་ནི། འདོད་པ་ཡོངས་སུ་སྤངས་པའི་རིགས་པའི་ངོ་བོ་ཡིན་པར་བསྟན་ཏེ། དེས་ཀྱང་ཕ་རོལ་གྱི་ཀླན་ཀ་བཙལ་བར་མི་རིགས་པའི་ངོ་བོ་ཡིན་པ་དང༌། འདོད་པ་རྣམས་དུས་གཞན་ན་འབྱུང་བ་བསྟན་ཏེ། འདི་ལྟར་སྔོན་བསོད་ནམས་མ་བྱས་པ་ལ་ནི་སྐྱེས་བུའི་རྩལ་དང་ལྡན་དུ་ཟིན་ཀྱང་འདོད་པ་འགྲུབ་པར་མི་འགྱུར་རོ། །ཚེ་འདི་ཉིད་ལ་བསོད་ནམས་བྱས་ན་ཡང༌། ཚེ་འདི་ཉིད་ལ་འདོད་པ་འགྲུབ་པར་མི་འགྱུར་ཏེ། དེའི་གཞི་ལས་ཕྱི་མ་ལ་འགྲུབ་པར་འགྱུར་རོ། །རྣམ་གྲངས་དེས་ན་འདོད་པ་རྣམས་དུས་གཞན་ན་འགྲུབ་པར་བསྟན་པ་ཡིན་ནོ།། ཚིགས་སུ་བཅད་པ་བཞི་པས་ནི། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པས། ཚེ་འདི་ཉིད་ལ་དགེ་སྦྱོང་གི་ཚུལ་དང༌། དགེ་སྦྱོང་གི་འབྲས་བུ་དང་པོ་བསྟན་ཏོ། །བསྒོམ་པས་སྤང་བར་བྱ་བ་རྣམས་སྤངས་པས་ནི། ཚེ་འདི་ཉིད་ལ་དགེ་སྦྱོང་གི་ཚུལ་དང་དགེ་སྦྱོང་གི་
འབྲས་བུ་ཕྱི་མ་བསྟན་ཏོ། །སྲེད་པ་བཅས་པ་དང༌། ངའོ་སྙམ་པའི་ང་རྒྱལ་སྤངས་པས་ནི། དེ་ལྟར་ཚེ་འདི་པའི་ཆོས་བསྟན་པ་ཡིན་ནོ། །ཆགས་པ་དང་བྲལ་བ་དང༌། དུད་པ་སངས་པས་ནི། ནད་མེད་པ་དང༌། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པའི་བར་བསྟན་ཏོ། །དེ་དེ་ལྟར་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་ཐོབ་པར་ཕ་རོལ་དག་གིས་ཇི་ལྟར་རིག་པར་བྱ་ཞེ་ན། མི་ཆོམས་པ་དང༌། རེ་བ་མེད་པའི་རྟགས་ཀྱིས་རིག་པར་བྱའོ། །དེ་ལ་ཚིགས་སུ་བཅད་པ་གསུམ་གྱིས་ནི་བཅོམ་ལྡན་འདས་ཀྱིས་ལྷའི་ཡིད་ལ་དགེ་སློང་འདིས་ནི་བསྟན་པའི་དོན་བཤད་པར་མི་ནུས་ཀྱི། བཤད་ན་བདག་གིས་ནི་བརྡ་ཕྲད་པར་ནུས་སོ་སྙམ་དུ་དགེ་སློང་ལ་བརྙས་པའི་སེམས་སྐྱེས་པ་དང༌། བདག་ཉིད་ང་རྒྱལ་གྱི་སེམས་བསྩལ་ཏོ། །ཚིགས་སུ་བཅད་པ་བཞི་པས་ནི་བསྟན་པའི་དོན་རྒྱས་པར་བསྟན་ཏོ།། །།བམ་པོ་ཉི་ཤུ་གཅིག་པ། འདོད་པའི་ཆགས་པས་ཟིལ་མནན་པས། །བདག་གི་སེམས་ནི་ཡོངས་སུ་བསྲེགས། །ཀྱེ་ཀྱེ་གཽ་ཏ་མ་ཐུགས་བརྩེ་བ། །ཁྱོད་ཀྱིས་ཞི་འགྱུར་བདག་ལ་གསུངས། །འདུ་ཤེས་ཕྱིན་ཅི་ལོག་པ་ཡིས། །ཁྱོད་ཀྱི་སེམས་ནི་ཡོངས་སུ་བསྲེགས། །དེ་ཕྱིར་འདོད་ཆགས་ལྡན་པ་ཡི། །སྡུག་པའི་མཚན་མ་སྤང་བར་གྱིས། །ཁྱོད་ཀྱིས་རྩེ་གཅིག་མཉམ་གཞག་པས། །མི་སྡུག་རྟག་ཏུ་བསྒོམ་པར་གྱིས། །འདོད་ཆགས་མེ་ནི་མྱུར་དུ་སོད། །ཕྱི་ཕྱིར་ཞིང་ནི་བསྲེགས་ས་རེ། །སྡུག་བསྔལ་དེ་བཞིན་བདག་མེད་པས། །འདུ་བྱེད་ཐམས་ཅད་ཉིད་ལ་ལྟོས། །ལུས་ལ་དྲན་པ་གནས་བྱོས་ལ། །ཤས་ཆེར་ཡང་ནི་སྐྱོ་བར་གྱིས། །ང་རྒྱལ་བག་ཉལ་སེལ་བ་ཡི། །མཚན་མ་མེད་པའང་བསྒོམ་པར་གྱིས། །དེས་ན་ང་རྒྱལ་མངོན་རྟོགས་པས། །སྡུག་བསྔལ་མཐར་ནི་འབྱིན་པར་འགྱུར། །ཞེས་བྱ་བ་འདི་ནི་ཚིགས་སུ་བཅད་པ་ཡིན་ནོ། །འདུ་ཤེས་ཕྱིན་ཅི་ལོག་པ་གང་ཞེ་ན། མི་སྡུག་པའི་དངོས་པོ་ལ། མི་སྡུག་པའི་མཚན་མ་སྤངས་ནས། སྡུག་པའི་སྒོ་ནས་ཚུལ་བཞིན་མ་ཡིན་པའི་མཚན་མ་དང༌། མངོན་རྟགས་སུ་འཛིན་པའོ། །མཚན་མ་ཡོངས་སུ་སྤངས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་
བུད་མེད་གཞོན་ནུ་ཁ་དོག་བཟང་ཞིང་ཆགས་སུ་རུང་བ་མཐོང་ན། དབང་པོ་རྣམས་གཡེང་བར་མི་བྱེད་ཅིང་གཏོད་པར་མི་བྱེད་པ་ལྟ་བུའོ། །རྩེ་གཅིག་ཏུ་མཉམ་པར་གཞག་པས་ཇི་ལྟར་མི་སྡུག་པ་བསྒོམ་ཞེ་ན། འདི་ལྟར་འདི་ན་ལ་ལ་ཏིང་ངེ་འཛིན་བཟང་པོའི་མཚན་མ་འདི་ལྟ་སྟེ། རྣམ་པར་བསྔོས་པ་ནས། རུས་གོང་དང་རུས་པའི་ཀེང་རུས་ཀྱི་བར་དུ་སྔ་ནས། ལེགས་པར་བཟུང་བས། ཆགས་སུ་རུང་བའི་དངོས་པོ་དེ་ཉིད་སྣང་བ་ན། མཚན་མ་དེ་ཉིད་སྔར་ཇི་ལྟ་བ་དེ་བཞིན་དུ་ཕྱིས་ཀྱང་ཡིད་ལ་བྱེད་པ་དེ་ལྟ་བུའོ། །ཡང་ན་བདག་གམ་ཕ་རོལ་གྱི་ནང་གི་ལུས་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་རྟོག་སྟེ། ལུས་འདི་ལ་སྐྲ་མན་ཆད་ནས་གཅིན་གྱི་བར་རྣམས་ཡོད་དོ་སྙམ་པའོ། །སྡུག་བསྔལ་བའི་ཕྱིར་འདུ་བྱེད་ཇི་ལྟར་ཐ་ཆད་དུ་མཐོང་ཞེ་ན། འདི་ལྟར་འདི་ན་ལ་ལ་འདི་སྙམ་དུ་སེམས་ཏེ། བུད་མེད་གཞོན་ནུ་ཁ་དོག་བཟང་ཞིང་ཆགས་སུ་རུང་བ་མཐོང་ན། སྲེག་པ་དང་ལོངས་སྤྱད་པར་འདོད་པ་སྐྱེ་བ་གང་ཡིན་པ་དེ་ནི་ཀུན་འབྱུང་བའི་བདེན་པ་སྡུག་བསྔལ་གྱི་རྒྱུ་སྟེ། གང་གིས་སྐྱེ་བར་འགྱུར་བ་དང༌། སྐྱེས་ནས་ཀྱང་རྒ་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འབྱུང་ངོ་སྙམ་པ་ལྟ་བུའོ། །བདག་མེད་པའི་ཕྱིར་འདུ་བྱེད་ཇི་ལྟར་ཐ་ཆད་མཐོང་ཞེ་ན། འདི་ལྟར་འདི་ན་ལ་ལ་འདི་སྙམ་དུ་སེམས་ཏེ། བདག་གི་ལུས་དང་བདག་གི་གཟུགས་འདི་དང༌། བུད་མེད་ཀྱི་ལུས་དང༌། བུད་མེད་ཀྱི་གཟུགས་དེ་ལ་བདག་གམ། སེམས་ཅན་ནམ། ལོངས་སྤྱོད་པར་བྱེད་པའམ། ལོངས་སྤྱད་པར་བྱ་བ་དེ་གང་ཡང་མེད་དེ། འདི་ནི་འདུ་བྱེད་ཙམ་དུ་ཟད་དོ། །འདི་ནི་ཆོས་ཙམ་དུ་ཟད་དོ། །འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ནོ་སྙམ་པ་ལྟ་བུའོ། །ལུས་ལ་དྲན་པ་གནས་པར་བྱས་ནས་ཤས་ཆེར་སྐྱོ་བར་བྱེད་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་འདི་ན་ལ་ལ་རང་བཞིན་གྱིས་འདོད་ཆགས་ཤས་ཆེ་བའི་ངང་ཅན་ཡིན་ཏེ། དེ་འདོད་ཆགས་ཤས་ཆེ་བའི་ངང་ཅན་དེས་དབང་པོ་རྣམས་གཡེངས་ཀྱང༌། འདོད་ཆགས་ཀྱིས་སེམས་མ་རུང་བར་བྱེད་ལ། མི་སྡུག་པ་ཡིད་ལ་
བྱེད་ཅིང༌། སྡུག་བསྔལ་བ་དང་བདག་མེད་པར་ཡིད་ལ་བྱེད་དུ་ཟིན་ཀྱང༌། འདོད་ཆགས་ཀྱིས་སེམས་མ་རུང་བར་བྱེད་དེ། དེས་མི་སྡུག་པ་ཡིད་ལ་བྱེད་པའམ། སྡུག་བསྔལ་བ་དང༌། བདག་མེད་པ་ཡིད་ལ་བྱེད་པ་ལ་བརྟེན་ནས། རེ་ཞིག་སྐྱོ་བ་དང༌། སྨོད་པ་དང༌། ལྡོག་པ་དང༌། ཞེ་འགྲས་པ་དེ་ཐོབ་ནས་དྲན་པ་དེ་ཉིད་ལུས་དྲན་པ་ཉེ་བར་གནས་པ་ལས་གཞག་སྟེ། ཀུན་ཏུ་རྟེན་ཅིང་བསྒོམ་པ་ལེན་མང་དུ་བྱེད་ན། དེ་དེ་ལྟར་ཞུགས་ཤིང་དེ་ལ་ཤས་ཆེར་གནས་པས་འདོད་ཆགས་ཤས་ཆེ་བ་གང་ཡིན་པ་དེ་འབྲི་བར་འགྱུར་ཏེ། དེའི་དབང་པོ་རྣམས་གཡེངས་པས་ཀྱང༌། འདོད་ཆགས་ཀྱིས་སེམས་མ་རུང་བར་མི་བྱེད་ལ། མི་སྡུག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་ཡིད་ལ་བྱེད་པས་ཀྱང༌། འདོད་ཆགས་ཀྱིས་སེམས་མ་རུང་བར་མི་བྱེད་དོ། །དེ་ལྟར་རྣམ་པ་དེ་དག་གིས་ཀྱང༌། དེའི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་དེ་ཀུན་དུ་སྤྱོད་པའི་སྒོ་ནས་སྤང་བར་འགྱུར་གྱི། བག་ལ་ཉལ་གྱི་སྒོ་ནས་ནི་མ་ཡིན་ནོ། །འདོད་པའི་འདོད་ཆགས་དེ་ཡང་སོ་སོའི་སྐྱེ་བོའི་རྒྱུད་དང༌། སློབ་པའི་རྒྱུད་དེ་གང་ཟག་གཉིས་ཀྱི་རྒྱུད་ལ་བག་ལ་ཉལ་དང་ཀུན་ནས་དཀྲིས་པའི་ཚུལ་གྱིས་འཇུག་པར་དམིགས་ཏེ། དེ་ལས་ཀྱང་སློབ་པ་ཁ་ཅིག་ལ་ནི་མི་དམིགས་མོད་ཀྱི། དེ་ཡང་འོག་མའི་འདོད་ཆགས་དང་བྲལ་བས་གྲུབ་པ་དང་བདེ་བ་ཐོབ་ཏུ་ཟིན་གྱིས་ཀྱང༌། གོང་མའི་འདོད་ཆགས་དང་མ་བྲལ་བས་གྲུབ་པ་དང་བདེ་བ་མ་ཐོབ་པའོ། །མི་སློབ་པའི་རྒྱུད་ལ་ནི་བར་མ་དང༌། གྱ་ནོམ་པའི་ཁམས་ཀྱི་འདོད་ཆགས་ཀྱང་མི་དམིགས་ན་ཁམས་ངན་པའི་ལྟ་ཅི་སྨོས། མི་སློབ་པ་དང་འོག་མ་དང་གོང་མའི་འདོད་ཆགས་སྤངས་པས་ཐམས་ཅད་དུ་གྲུབ་པ་བདེ་བ་རྗེས་སུ་ཐོབ་བོ་སྙམ་དུ་རིག་ནས། དེས་ན་འདི་ན་འདོད་པའི་འདོད་ཆགས་དང་བྲལ་བའི་སློབ་པ་ཁ་ཅིག་ཕྱིས་མི་སློབ་པ་ཉིད་དུ་འགྱུར་བར་བྱ་བའི་ཕྱིར། ཡིད་ཀྱིས་སྨོན་ནས་མྱ་ངན་ལས་འདས་པ་ལ་ཞི་བར་མཐོང་སྟེ། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང༌། མཚན་མ་མེད་པའི་དབྱིངས་ཀྱང་ཡིད་ལ་བྱེད་པས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་སློབ་ཅིང༌། དེ་ཉིད་ལན་མང་དུ་བྱས་པས་ཁམས་གསུམ་ན་སྤྱོད་པའི་
བསྒོམ་པས་སྤང་བར་བྱ་བའི་ངའོ་སྙམ་པའི་ང་རྒྱལ་སྤོང་བར་འགྱུར་རོ། །དེ་སྤངས་པའི་ཕྱིར་སྟེང་མ་དང༌། འོག་མའི་འདོད་ཆགས་སྤངས་པས་གྲུབ་པ་དང༌། བདེ་བ་ཐོབ་པའི་སྒོ་ནས་མི་སློབ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་འགྱུར་ཏེ། སྡུག་བསྔལ་ཐམས་ཅད་གྱི་རྒྱུ་ཡོངས་སུ་སྤངས་པས་སྡུག་བསྔལ་ཐམས་ཅད་ཀྱི་མཐའ་རྗེས་སུ་ཐོབ་པ་ཡིན་ནོ། །དེ་ལྟར་ང་རྒྱལ་གྱི་བག་ལ་ཉལ་སེལ་བ་མཚན་མ་མེད་པ་བསྒོམ་པ་དང༌། ང་རྒྱལ་མངོན་པར་རྟོགས་པའི་ཕྱིར་ཡང་སྡུག་བསྔལ་གྱི་མཐའ་རྗེས་སུ་ཐོབ་པ་ཡིན་ནོ། །བཤང་པ་འདིའི་མདོར་བསྟན་པ་ནི་འདི་ཡིན་ཏེ། འདོད་པའི་འདོད་ཆགས་ཇི་ལྟར་སྐྱེ་བར་འགྱུར་བ་དང༌། ཇི་ལྟར་རྣམ་པར་ཞི་བར་འགྱུར་བ་དང༌། གང་རྣམ་པར་ཞི་བར་འགྱུར་བ་དེ་བསྟན་པ་འདི་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །འདོད་པའི་འདོད་ཆགས་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། དེ་ནི་རྒྱུ་རྣམ་པ་ལྔས་སྐྱེ་བར་འགྱུར་ཏེ། སྡུག་པར་འདུ་ཤེས་པ་དང༌། བདེ་བ་ལ་མངོན་པར་དགའ་བ་དང༌། སེམས་ཅན་དུ་འདུ་ཤེས་པ་དང༌། འདོད་ཆགས་ཤས་ཆེ་བ་དང༌། བག་ལ་ཉལ་ལུས་པའོ། །དེ་ལ་འདོད་པའི་འདོད་ཆགས་སྐྱེས་པ་ཇི་ལྟར་རྣམ་པར་ཞི་བར་འགྱུར་ཞེ་ན། དེ་ནི་རྒྱུ་རྣམ་པ་ལྔས་རྣམ་པར་ཞི་བར་འགྱུར་ཏེ། མི་སྡུག་པ་ཡིད་ལ་བྱེད་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཤས་ཆེར་སྐྱོ་བ་དང༌། བག་ལ་ཉལ་ལེགས་པར་བཅོམ་པའོ། །དེ་ལ་རྣམ་པར་ཞི་བ་གང་ཞེ་ན། རྣམ་པར་ཞི་བ་ནི་རྣམ་པ་གཉིས་ཏེ། ཀུན་དུ་མི་སྤྱོད་པས་རྣམ་པར་ཞི་བ་དང༌། བག་ལ་ཉལ་སྤངས་པས་ཕྱིས་མི་སྐྱེའོ། །དེ་ལ་འདོད་པའི་འདོད་ཆགས་རྣམ་པར་ཞི་བའི་རྒྱུ་བཞིས་ནི་རྣམ་པར་ཞི་བ་དང་པོ་འགྲུབ་པར་འགྱུར་རོ། །ལྔ་པས་ནི་གཉིས་པའོ། །ཇི་ལྟར་དགེ་སློང་ཕལ་ཆེར་གནས་གྱུར་ན། །ཆུ་བོ་ལྔ་རྒལ་འདི་ལ་དྲུག་པ་རྒལ། །ཇི་ལྟར་གཉའ་དག་མ་ཐོབ་བསམ་གཏན་པ། །འདོད་པའི་སྲེད་པ་ཆེན་པོ་རྒལ་བར་འགྱུར། །ཚོགས་སྦྱངས་སེམས་ནི་ཤིན་ཏུ་རྣམ་པར་གྲོལ། །འདུ་བྱེད་མེད་ཅིང་དྲན་ལྡན་འཁྲུག་པ་མེད། །ཆོས་ཀུན་ཤེས་ཤིང་རྟོག་མེད་བསམ་གཏན་པ། །འཁྲུག་པ་
ཆགས་དང་རྨུགས་པའི་ཉེས་པ་མེད། །དེ་ལྟར་དགེ་སློང་ཕལ་ཆེར་གནས་གྱུར་ན། །ཆུ་བོ་ལྔ་རྒལ་འདི་ལ་དྲུག་པ་རྒལ། །དེ་ལྟར་གཉའ་དག་མ་ཐོབ་བསམ་གཏན་པ། །འདོད་པའི་སྲེད་པ་ཆེན་པོ་རྒལ་བར་འགྱུར། །ཞེས་བྱ་བ་ནི་གཞོན་ནུ་མས་ཞུས་པའི་ཚིགས་སུ་བཅད་པ་ཡིན་ནོ། །ཆུ་བོ་དྲུག་ནི་འདི་དག་ཡིན་ཏེ། མིག་ནི་གཟུགས་ལ་ལྟ་བའི་ཕྱིར་ཆུ་བོ་ཡིན་པ་ནས། ཡིད་ནི་ཆོས་རྣམས་རྣམ་པར་ཤེས་པའི་ཕྱིར་ཆུ་བོ་ཡིན་པའི་བར་དུའོ། །དེ་ལ་འཕགས་པ་ཉན་ཐོས་སློབ་པའི་གཞི་མཐོང་བ་ནི་མིག་གིས་ཤེས་པར་བྱ་བའི་གཟུགས་ཡིད་བདེ་བ་དང་ལྡན་པ་རྣམས་ལ་རྗེས་སུ་ཆགས་པ་མེད་པར་གནས་ལ། ཡིད་མི་བདེ་བ་དང་མཐུན་པ་རྣམས་ལ་ཁོང་ཁྲོ་བ་མེད་པ་དང༌། བཏང་སྙོམས་དང་མཐུན་པ་རྣམས་ལ་སོ་སོར་བརྟགས་ཤིང་བཏང་སྙོམས་སུ་གནས་སོ། །དེ་འདི་ལྟ་སྟེ། ཡིད་བདེ་བའི་ཚོགས་དང༌། ཡིད་མི་བདེ་བའི་ཚོགས་དང༌། བཏང་སྙོམས་ཀྱི་ཚོགས་དེ་གསུམ་ལ་བརྟེན་ནས་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པའམ། ཞེ་སྡང་དང་གཏི་མུག་གི་ཀུན་ནས་དཀྲིས་པ་སྐྱེས་པ་དེ་དང་དུ་ལེན་པར་མི་བྱེད་ཅིང་སེལ་བའི་བར་དུ་བྱེད་དོ། །དེ་ལྟར་ན་དེས་ཚོགས་གསུམ་པོ་དེ་དག །དེ་དང་འབྲེལ་བའི་ཉོན་མོངས་པ་ཀུན་ནས་དཀྲིས་པ་ཀུན་དུ་མི་སྤྱོད་པས་ཤིན་ཏུ་སྦྱངས་པར་འགྱུར་རོ། །དེ་ལྟ་བུའི་ཚོགས་ཤིན་ཏུ་སྦྱངས་པ་ཡིན་གྱི། བག་ལ་ཉལ་མ་སྤངས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི་མ་ཡིན་ནོ། །དེ་དུས་གཞན་ན་དེ་དང་འབྲེལ་པའི་བག་ལ་ཉལ་ཡང་སྤངས་ན། དེ་དང་འབྲེལ་པའི་ཉོན་མོངས་པ་དང་འབྲེལ་བ་མེད་པར་འགྱུར་ཏེ། དེ་ལྟར་ན་ཚོགས་གསུམ་པོ་དེ་དག་ལ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམས་ལས་སེམས་ཤིན་ཏུ་རྣམ་པར་གྲོལ་བར་འགྱུར་རོ། །མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་ཇི་ལྟ་བ་བཞིན་དུ། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའི་རེག་བྱ་རྣམས་ཀྱི་བར་དུ་ཡང་དེ་དང་འདྲའོ། །དེ་ལྟར་ན་དེ་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ནས། ཆུ་བོ་ལྔ་ལས་རྒལ་བ་ཡིན་ནོ། །གཟུགས་རྣམས་ལ་ལྟ་བའི་ཕྱིར་མིག་གི་ཆུ་བོ་དེ་ལས་རྒལ་བ་ཡིན་པ་ནས། རེག་བྱ་རྣམས་ལ་རེག་པའི་
ཕྱིར་ལུས་ཀྱི་ཆུ་བོའི་བར་དུ་དེ་ལས་རྒལ་བ་ཡིན་ནོ། །དེ་ལྟར་ཆུ་བོ་ལྔ་ལས་རྒལ་ནས། ལྷག་མ་དྲུག་པ་སྟེ། ཡིད་ཀྱི་ཆུ་བོ་ལས་རྒལ་བར་བྱ་བའི་ཕྱིར་མངོན་པར་འདུ་མི་བྱེད་ཅིང་མི་འཁྲུག་ལ་དྲན་པ་དང་ལྡན་པར་བྱེད་དོ། །ཇི་ལྟར་མངོན་པར་འདུ་མི་བྱེད་ཅེ་ན། མྱ་ངན་ལས་འདས་པ་ལ་ཡིད་གཏང་ནས་ངའོ་སྙམ་དུ་གཡོ་བར་མི་འགྱུར། མི་སེམས། མངོན་པར་འདུ་མི་བྱེད་དེ། འདི་ནི་བདག་གི་བདག་ཡིན་ནོ་ཞེས་བྱ་བ་ནས། བདག་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བར་དུ་འགྱུར་རོ་སྙམ་དུ་གཡོ་བར་མི་འགྱུར། མི་སེམས། མངོན་པར་འདུ་མི་བྱེད་དོ། །ཇི་ལྟར་མི་འཁྲུག་ཅེ་ན། གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་དེའི་སེམས་ལ་ཡོངས་སུ་འཛིན་ཅིང་མི་འདུག་འཁྲུག་པར་མི་བྱེད། ཡོངས་སུ་འགྱུར་བར་མི་བྱེད། སེམས་གཞན་དུ་སྒྱུར་བར་མི་བྱེད་དོ། །དེ་ཞི་བ་ལ་སྙོམས་པར་འཇུག་པ་གང་ཡང་རུང་བའི་རོ་མྱོང་བར་མི་བྱེད། ཇི་ལྟར་མི་འཁྲུག །སྒྲུབ་པ་དང༌། ལྷག་པར་ཞེན་པ་དང༌། ལྷག་པར་ཞེན་ཅིང་འདུག་པར་མི་བྱེད་དོ། །ཇི་ལྟར་དྲན་པ་དང་ལྡན་པ་ཡིན་ཞེ་ན། གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་སྤང་བར་བྱ་བའི་ཕྱིར། །ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རྒྱས་པར་དྲན་པ་ཉེ་བར་གཞག་པ་རྣམས་དང་སྦྱར་རོ། །དེ་དེ་ལྟར་མངོན་པར་འདུ་མི་བྱེད་པས་སྐྱེ་བའི་སྲེད་པ་སྤངས་ཏེ་འཁྲུག་པ་མེད་པར་གྱུར་ནས། ཀུན་དུ་སྤྱོད་པས་སྙོམས་པར་འཇུག་པའི་སྲེད་པ་སྤངས་ཏེ། དྲན་པ་དང་ལྡན་ཞིང་གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ཐམས་ཅད་མ་ལུས་པར་སྤངས་པའི་ཕྱིར་གཉེན་པོ་སྒོམ་པར་བྱེད་དོ། །དེ་དེ་ལྟར་མངོན་པར་འདུ་མི་བྱེད་ཅིང་དྲན་པ་དང་ལྡན་པ་ལ་འཁྲུག་པ་མེད་དོ། གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་མ་ལུས་པར་སྤངས་པས་ཆུ་བོ་དྲུག་བ་སྟེ་ཆོས་རྣམས་རྣམ་པར་ཤེས་པའི་ཕྱིར་ཡིད་ཀྱི་ཆུ་བོ་ལས་རྒལ་ལོ། །རྣམ་གྲངས་གཞན་ཡང་ཇི་ལྟར་མི་འཁྲུག་ཅེ་ན། མི་འཁྲུག་པ་ཞེས་བྱ་བ་ནི་བྱམས་པ་དགེ་བའི་རྩ་བ་སྟེ། གནོད་སེམས་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་རྣམ་གྲངས་འདིས་འཕགས་པ་ཉན་ཐོས་
དེ་འཇིག་ཚོགས་ལ་ལོག་པར་སྨོན་པ་སྤངས་ནས། ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་དོ། །བྱམས་པས་ནི་ཞི་གནས་བསྒོམ་མོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ནི་ལྷག་མཐོང་བསྒོམ་མོ། །དེ་ལྟར་ཡང་དག་པར་བརྩོན་པ་དེའི་གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་སྤོང་བ་དང་མཐུན་པའི་སེམས་གསུམ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། གསུམ་ནི་གོང་མའི་འཇིག་ཚོགས་ལ་སྦྱོར་བ་མེད་པའི་སེམས་དང༌། འོག་མའི་སེམས་ཅན་རྣམས་ལ་གནོད་སེམས་མེད་པའི་སེམས་དང༌། གོང་མ་དང་འོག་མའི་ཡུལ་ཐམས་ཅད་ལ་བག་ཡོད་པས་ཀུན་ནས་ཉོན་མོངས་པ་མ་ཡིན་པའི་སེམས་སོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ལྟར་ན་དེ་ཆུ་བོ་ལྔ་རྒལ་ནས་ཆུ་བོ་དྲུག་པ་རྒལ་ལོ། །ཇི་ལྟར་ན་ཆོས་ཀུན་ཤེས་པ་ཡིན་ཞེ་ན། དེ་སྡུག་བསྔལ་གྱི་ཆོས་ཀུན་དུ་ཤེས་ཤིང་མངོན་པར་རྟོགས་ལ། དེས་ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་གྱི་ཆོས་ཀུན་དུ་ཤེས་ཤིང་མངོན་བར་རྟོགས་པའོ། །ཇི་ལྟར་ན་རྟོག་པ་མེད་པའི་བསམ་གཏན་པ་ཡིན་ཞེ་ན། དེ་ལྟར་ཆོས་ཀུན་དུ་ཤེས་ནས་ཁྱིམ་གྱི་འདོད་པའི་རྫས་རྣམས་སྤོང་བ་དང༌། འདོར་བ་ལ་གནས་ཏེ། དགོན་པ་ན་འདུག་གམ། ཤིང་དྲུང་ན་འདྲུག་གམ། ཁྱིམ་སྟོང་པ་ན་འདུག་ཀྱང་རུང༌། མིག་གིས་ཤེས་པར་བྱ་བའི་གཟུགས་ཡིད་བདེ་བ་དང་མཐུན་པ་རྣམས་ལ་ཡིད་བདེ་བའི་ཚོགས་དང༌། ཡིད་མི་བདེ་བ་དང་མཐུན་པ་རྣམས་ལ་ཡིད་མི་བདེ་བའི་ཚོགས་དང༌། བཏང་སྙོམས་དང་མཐུན་པ་རྣམས་པ་བཏང་སྙོམས་པ་ཚོགས་གང་ཡིན་པ་དེ་ལ་དམིགས་ཤིང་འདོད་པའི་རྟོག་པས་ཀུན་ནས་དཀྲིས་པའི་སེམས་ཀྱིས་ལན་མང་དུ་གནས་པར་མི་བྱེད་པ་ནས། ཁྱིམ་གྱི་འབྱོར་པ་དང་ལྡན་པའི་རྟོག་པས་ཀུན་ནས་དཀྲིས་པའི་སེམས་ཀྱི་བར་གྱིས་ལན་མང་དུ་གནས་པར་མི་བྱེད་ལ། འདོད་པའི་རྟོག་པ་ནས་ཁྱིམ་གྱི་འབྱོར་པ་དང་ལྡན་པའི་རྟོག་པའི་བར་དག་བྱུང་ན་ཡང༌། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་འདོད་པའི་རྟོག་པ་ཁོ་ན་ལ་དམིགས་ཏེ། རྟོག་པར་བྱེད་པ་དང༌། རབ་ཏུ་རྟོག་པར་བྱེད་པ་དང༌། ཤིན་ཏུ་རྟོག་པར་བྱེད་པ་མེད་པ་ནས། ཁྱིམ་གྱི་འབྱོར་བ་དང༌།
ལྡན་པའི་རྟོག་པའི་བར་ལ་དམིགས་པར་མི་བྱེད་དེ། དེ་ཐབས་དེ་དང་ལམ་བསྒོམ་པ་དེས་ཡིད་བདེ་བའི་ཚོགས་ལས་ཆགས་པའི་ཉེས་པ་སྤོང་བར་བྱེད་ཅིང༌། ཡིད་མི་བདེ་བའི་ཚོགས་ལས་འཁྲུག་པའི་ཉེས་པ་དང༌། བཏང་སྙོམས་ཀྱི་ཚོགས་ལས་རྨུགས་པའི་ཉེས་པ་ཀུན་ནས་དཀྲིས་པའི་སྒོ་ནས་སྤོང་ཞིང་ཚོགས་ཤིན་ཏུ་སྦྱངས་པར་འགྱུར་ལ། བག་ལ་ཉལ་གྱི་སྒོ་ནས་སྤངས་པའི་ཚོགས་གསུམ་པོ་ཉོན་མོངས་པ་ཅན་འདོད་པ་དང་མཚུངས་པར་ལྡན་པ་དེ་དག་ལས་སེམས་ཤིན་ཏུ་རྣམ་པར་གྲོལ་བར་འགྱུར་རོ། །དེ་དེའི་ཚེ་སྲེད་པ་གང་གཟུགས་རྣམས་ནས་རེག་བྱ་རྣམས་ཀྱི་བར་དུ་འཕྲོས་པས་འཕྲད་པའི་སྲེད་པ་དང༌། ཡང་དང་ཡང་དུ་འདོད་པའི་སྲེད་པ་དང༌། བྲལ་བར་མི་འདོད་པའི་སྲེད་པ་དང༌། ཕྲད་པར་མི་འདོད་པའི་སྲེད་པ་དང༌། འབྲི་བར་འདོད་པའི་སྲེད་པ་དང༌། བྲལ་བར་འདོད་པའི་སྲེད་པ་དང༌། འདོད་པའི་ཁམས་སུ་ཡང་སྐྱེ་བར་འདོད་པའི་སྲེད་པ་སྟེ། འདོད་པའི་སྲེད་པ་རྒྱས་པ་དེ་དག་ལས་རྒལ་བར་འགྱུར་རོ། །རྣམ་གྲངས་གཞན་ཡང་ཇི་ལྟར་རྟོག་པ་མེད་པའི་བསམ་གཏན་པ་ཡིན་ཞེ་ན། རྟོག་པ་མེད་པ་དང༌། དཔྱོད་པ་མེད་པའི་བསམ་གཏན་ཐོབ་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །བཤད་པ་འདིའི་མདོར་བསྟན་པ་ནི་འདི་ཡིན་ཏེ་མདོར་བསྡུས་ན། ལྷ་མོ་དེས་དགོས་པ་གསུམ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཏེ། ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་སྤང་བ་དང༌། གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་སྤང་བའི་ཐབས་དང༌། ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་དེ་དག་ཉིད་སྤང་བའི་ཐབས་ཏེ། ཇི་ལྟར་དེ་དག་ལེགས་པར་སྤོང་བར་འགྱུར་བ་ཞུས་སོ། །དེ་སྐད་ཞུས་ནས། བཅོམ་ལྡན་འདས་ཀྱིས་ཀྱང༌། དེའི་རྐྱེན་དང་འཚམ་པ་ཁོ་ནར་ལན་བཏབ་སྟེ། དེ་ལ་ཚོགས་ཤིན་ཏུ་སྦྱངས་པ་དང༌། སེམས་ཤིན་ཏུ་རྣམ་པར་གྲོལ་བས་ནི། ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་སྤངས་པ་ཁོ་ནའི་ལན་བཏབ་པ་ཡིན་གྱི། སྤང་བའི་ཐབས་ནི་མ་ཡིན་ནོ། །མངོན་པར་འདུ་བྱེད་པ་མེད་པ་དང༌། དྲན་པ་དང༌། འཁྲུག་པ་མེད་པ་རྣམས་ཀྱི་ནི། གོང་མའི་ཆ་དང་
མཐུན་པའི་ཀུན་དུ་སྦྱོར་བ་རྣམས་སྤང་བའི་ཐབས་ཀྱི་ལན་བཏབ་པ་ཡིན་གྱི། སྤང་བའི་ནི་མ་ཡིན་ཏེ། དེ་དག་སྤང་བ་ནི་ལྷ་མོ་དེས་སྔ་མའི་རྗེས་སུ་དཔག་པས་ཤེས་པའི་ཕྱིར་རོ། །ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་སྤང་བའི་ཐབས་དང༌། ཇི་ལྟར་དེ་དག་ལེགས་པར་སྤོང་བར་འགྱུར་བ་ལུས་ཏེ། དེ་ལ་རྟོག་པ་མེད་པའི་བསམ་གཏན་པའི་རྣམ་གྲངས་དང་པོས་ནི་བཅོམ་ལྡན་འདས་ཀྱིས་སུས་སྤོང་བར་བྱེད་པ་དང༌། ཇི་ལྟར་སྤོང་བ་དང༌། གང་སྤང་པར་བྱ་བ་དང༌། སྤང་བའི་ཐབས་རྒྱས་པར་ལན་བཏབ་སྟེ། དེ་ལ་ཆོས་ཀུན་དུ་ཤེས་པ་ནི་སྤོང་བར་བྱེད་པའོ། །རྟོག་པ་མེད་པའི་བསམ་གཏན་པས་ནི་སྤོང་ངོ༌། །ཞེན་པའི་ཕྱོགས་འཁྲུག་པའི་ཉེས་པ་དང༌། འདོད་ཆགས་ཀྱི་ཕྱོགས་འདོད་པའི་ཉེས་པ་དང༌། གཏི་མུག་གི་ཕྱོགས་རྨུགས་པའི་ཉེས་པ་ནི་གང་སྤང་བར་བྱ་བ་སྟེ། དེ་ལྟར་ན་སུས་དང༌། ཇི་ལྟར་གང་སྤང་བར་བྱ་བ་དེའི་ལན་བཏབ་པ་ཡིན་ཏེ། དེ་ལྟར་སྤང་བའི་ཐབས་རྒྱས་པར་ལན་བཏབ་པོ། །ཇི་ལྟར་ལེགས་པར་སྤོང་བར་འགྱུར་བ་དེ་ལུས་ཏེ། རྟོག་བ་མེད་པའི་བསམ་གཏན་པ་རྣམ་གྲངས་གཉིས་པས་ནི་ལེགས་པར་སྤོང་བའི་ལན་བཏབ་བོ། །དེ་ལ་ལེགས་པར་སྤོང་བ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། གཏན་དུ་སྤོང་བ་དང༌། རྒྱང་རིང་པོར་སྤོང་བ་དང༌། ཉོན་མོངས་པ་ཐམས་ཅད་སྤོང་བའོ། །དེ་ལ་ཆོས་ཀུན་དུ་ཤེས་པས་ནི། གཏན་དུ་སྤོང་བའི་ལན་བཏབ་བོ། །རྟོག་པ་མེད་པའི་བསམ་གཏན་པས་ནི་རྒྱང་རིང་པོར་སྤོང་བའོ། །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཀུན་ནས་དཀྲིས་པ་དང༌། བག་ལ་ཉལ་བ་ཅན་དུ་སྤངས་པས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བའི་ལན་བཏབ་སྟེ། དེ་ནི་འདིར་མདོར་བསྟན་པ་ཡིན་བར་རིག་པར་བྱའོ། །ལྷ་མོ་དེས་ཀྱང་སློབ་པ་ཡིད་མ་ཐོབ་བ། འདོད་བ་རྣམས་ལ་འདོད་ཆགས་དང་མ་བྲལ་བ་དང༌། གོང་མའི་འདོད་ཆགས་དང་མ་བྲལ་བ་གཉིས་ལས་བརྩམས་ཏེ། ཞུ་བ་ཞུས་པ་ཡིན་ནོ། །གཉའ་དག་ཅེས་བྱ་བ་ནི་ཡིད་ཡིན་ཏེ། དཔེར་ན། ངོ་ཚ་གཤོལ་མདའ་གཉའ་དག་ཡིད། །ཅེས་གསུངས་པ་ལྟ་བུ་སྟེ། གཉའ་དག་དེ་གང་གིས་མ་ཐོབ་པ་དེ་ལས་ནི་གཉའ་དག་མ་ཐོབ་པ་ཞེས་བྱའོ། །དེ་ཡང་གང་ཞེ་ན། ཀུན་དུ་སྦྱོར་བ་ཐམས་ཅད་ལས་སེམས་
ཤིན་ཏུ་རྣམ་པར་གྲོལ་བ་གང་ཡིན་པའོ། །སྡུག་བསྔལ་དག་ནི་མ་སྐྱེས་དང༌། །ཡང་ན་སྐྱེས་པར་གྱུར་པ་ན། །འཇིག་རྟེན་འདི་དག་རྟག་ཏུ་འཇིགས། །སྐྱེ་དགུ་འདི་དག་རྟག་ཏུ་སྐྱོ། །གལ་ཏེ་འཇིགས་མེད་འགའ་མཆིས་ན། །ཞུས་པའི་ལེན་ནི་བདག་ལ་གསུངས། །ཤེས་དང་དཀའ་ཐུབ་མ་གཏོགས་དང༌། །དབང་པོ་བཅིལ་བ་མ་གཏོགས་དང༌། །ལྷ་མོ་ཀུན་སྤངས་མ་གཏོགས་པར། །ཐར་པར་འགྱུར་བ་མ་མཐོང་ངོ༌། །བྲམ་ཟེ་མྱ་ངན་ཡོངས་འདས་པ། །ཁོན་དང་འཇིགས་པ་ཀུན་འདས་ཤིང༌། །འཇིག་རྟེན་དག་ན་སྲེད་རྒལ་བ། །ཀྱེ་མ་ཡུན་རིངས་གདོད་མཐོང་ངོ༌། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། འདོད་པའི་ཁམས་ཡན་ཆད་སྲིད་པའི་རྩེ་མོ་མན་ཆད་ཀྱི་འཇིག་ཚོགས་ཐམས་ཅད་ལ་ནི་འཇིག་རྟེན་ཞེས་བྱའོ། །དོན་གྱི་སྐབས་འདིར་ནི། འདོད་པའི་ཁམས་ཀྱི་སྐྱིད་པ་དང༌། སྡུག་པ་ཐམས་ཅད་སེམས་ཅན་གྱི་འཇིག་རྟེན་དུ་འདོད་དེ། སེམས་ཅན་གང་དག་ལུས་ཀྱི་ཡོ་བྱད་རྣམ་པ་བཅུས་ཡོངས་སུ་ཟིན་ཅིང་ཕོངས་པ་མེད་པ་དང༌། ནད་མེད་པ་དང༌། དར་མ་ཡོལ་བ་དེ་དག་ནི་སེམས་ཅན་གྱི་འཇིག་རྟེན་སྐྱིད་པ་ཞེས་བྱའོ། །དེ་ལས་བཟློག་པ་ནི་སེམས་ཅན་གྱི་འཇིག་རྟེན་སྡུག་པ་ཡིན་པར་རིག་པར་བྱའོ། །སེམས་ཅན་གྱི་འཇིག་རྟེན་སྐྱིད་པ་གང་ཡིན་པ་དེ་ནི་ཉུང་ལ། སྐྱེ་དགུ་སྡུག་པ་གང་ཡིན་པ་དེ་ནི་མང་ངོ༌། །སེམས་ཅན་གྱི་འཇིག་རྟེན་སྐྱིད་པ་གང་ཡིན་པ་དེ་ཡང༌། བདག་གི་ལོངས་སྤྱོད་དུ་བྱ་བ་རྣམས་རྒྱལ་པོས་མི་འཕྲོགས་གྲང་ཞེས་བྱ་བ་ནས། རྒྱས་པར་མི་རིགས་པར་སྡུག་བསྔལ་བར་མི་འགྱུར་གྲང་ཞེས་བྱ་བའི་བར་དང༌། བདག་གི་རླུང་ངམ་མཁྲིས་པ་འཁྲུགས་པ་ནས། མི་འམ་མི་མ་ཡིན་པས་བདག་ལ་གཙེ་བར་མི་འགྱུར་གྲང་ཞེས་བྱ་བའི་བར་དུ་མ་འོངས་པ་ན་ལོངས་སྤྱོད་དུ་བྱ་བ་འགྱུར་བའི་སྡུག་བསྔལ་དང༌། ལུས་འགྱུར་བའི་སྡུག་བསྔལ་འབྱུང་དུ་དོགས་ཤིང༌། བག་ཚ་ནས་འཇིགས་ཤིང་སྐྲག་པའི་ཡིད་ཀྱིས་གནས་སོ། །སྡུག་པའི་སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དེ་ཡང་ད་ལྟར་བྱུང་བའི་སྡུག་བསྔལ་ཉིད་ཀྱིས་ལུས་དང་སེམས་གཟིར་བའི་སྡུག་
བསྔལ་ཞིང་ཡིད་མི་བདེ་ལ། མྱ་ངན་དང་བཅས། ཟུག་རྡུ་དང་བཅས་པས་གནས་ཏེ། དེ་ལྟར་ན་སྡུག་བསྔལ་མ་སྐྱེས་པ་རྣམས་དང༌། སྐྱེས་པ་རྣམས་ལ་འཇིག་རྟེན་རྟག་ཏུ་འཇིགས་ཤིང་སྐྱེ་དགུ་རྟག་ཏུ་སྐྱོ་བ་ཡིན་ནོ། །དེ་ནས་ལྷ་མོ་དེས་སེམས་ཅན་གྱི་འཇིག་རྟེན་སྐྱིད་པའི་བདེ་བ་ལ་ངེས་པ་མེད་པར་ཁོང་དུ་ཆུད་ནས་བདེ་བ་ཡང་ཡིན་ལ་འཇིགས་པ་ཡང་མེད་པའི་གནས་དེ་གང་ཡིན་པ་ཞུས་ནས། བཅོམ་ལྡན་འདས་ཀྱིས་ཀྱང་ལྷ་མོ་དེ་ལ། གནས་དེ་ནི་བསྟན་པ་འདི་ཉིད་ལ་ཡོད་ཀྱི། འདི་ལས་ཕྱི་རོལ་པ་རྣམས་ལ་མེད་པར་རྣམ་གྲངས་ཀྱིས་སྟོན་པར་མཛད་དེ། འདི་ལྟ་སྟེ། འདི་ལས་ཕྱི་རོལ་པའི་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ། ཚེ་འདི་དང་ཚེ་ཕྱི་མའི་འདོད་པ་རྣམས་ཀྱི་ཉེས་དམིགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ལ། དེས་དེ་ལྟར་མ་ཤེས་པས་མ་འོངས་པའི་འདོད་པའི་ཁྱད་པར་འདོད་པའི་ཕྱིར། ཚེ་འདིའི་འདོད་པ་རྣམས་སྤངས་ནས། ཚེ་ཕྱི་མའི་འདོད་པ་རྣམས་ཀྱི་དོན་དུ་དཀའ་ཐུབ་དང་བརྟུལ་ཞུགས་ཡང་དག་པར་བླང་བ་ཡང་དག་པར་ལེན་ཏོ། །དེ་ཤེས་པ་མེད་པར་དཀའ་ཐུབ་དང་བརྟུལ་ཞུགས་ཡང་དག་པར་བླངས་པ་དེ་ལ་གནས་ཏེ། དབང་པོའི་སྒོ་མི་སྲུང་བར་གནས་ཤིང༌། དྲན་པ་མི་སྲུང་བ་དང༌། དྲན་པ་ལ་རྟག་འགྲུས་མི་བྱེད་ཅེས་པའི་བར་དུ་རྒྱས་པར་བྱ་སྟེ། དེ་དེ་ལྟར་དབང་པོ་རྣམས་མ་བཅིལ་བས་རྙེད་པ་དང༌། བཀུར་སྟི་ཆུང་དུ་ཡང་ཕ་རོལ་ལས་ཉམས་སུ་མྱོང་བར་བྱེད་ཅིང༌། དེ་ལ་རྗེས་སུ་ཆགས་ན། མང་པོ་ལྟ་ལ་ཅི་སྨོས་ཏེ། དེ་ལྟར་དེའི་དཀའ་ཐུབ་དང་བརྟུལ་ཞུགས་ཡང་དག་པར་བླངས་པ་དེ་ཤེས་པ་དང༌། དབང་པོ་བཅིལ་བ་མེད་པས་ཚེ་འདིའི་འདོད་པ་ཡང་སྤོང་བར་མི་འགྱུར་ན། ཚེ་ཕྱི་མའི་ལྟ་ག་ལ་ཞིག་སྤོང༌། དེ་ནས་དགེ་སྦྱོང་དང་བྲམ་ཟེ་དེ་དག་གི་ནང་ནས། ཁ་ཅིག་ནི་འདོད་པ་རྣམས་ཀྱི་ཉེས་དམིགས་རྟོགས་ནས། ཚེ་འདི་དང་ཚེ་ཕྱི་མའི་འདོད་པ་རྣམས་ལས་ཡང་དག་པར་འདས་ནས། འདོད་ཆགས་དང་བྲལ་བའི་གོང་མ་འདོད་དེ། ཐར་པ་མ་ཡིན་པ་ལ་ཐར་པར་འདུ་ཤེས་ཤིང་འདོད་པ་རྣམས་སྤངས་ཏེ། མངོན་པར་འབྱུང་ཞིང་རབ་ཏུ་དབེན་པ་ལ་བརྟེན་ཏེ། དེ་དག་བརྟུན་བའི་རྒྱུ་དང༌། ལན་མང་དུ་བྱས་པའི་རྒྱུ་དང༌།
ཡང་དག་པར་ཡིད་ལ་བྱས་པའི་རྒྱུས། འདོད་པའི་འདོད་ཆགས་དང་བྲལ་བ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་བ་ཐོབ་ཏུ་ཟིན་ཀྱང༌། གཞི་དེ་ལས་འོག་མའི་ལུས་ཡོངས་སུ་སྤངས་ནས། གོང་མའི་ལུས་ལ་སྦྱོར་བར་འགྱུར་རོ། །དེ་དག་དེ་ལ་སྦྱོར་བས་ཕྱི་མ་ལ་འོག་མའི་ལུས་ལས་ཀྱང་ཡོངས་སུ་ཐར་བར་མི་འགྱུར་ན། གོང་མ་ལས་ལྟ་ཅི་སྨོས་ཏེ། དེ་ལྟར་དེ་དག་གི་ལོངས་སྤྱད་པར་བྱ་བ་དང༌། ལུས་སྤང་བའི་ལམ་ནོར་བས་བརྩོན་འགྲུས་བརྩམས་པ་ལ་གནས་སུ་ཟིན་ཀྱང་གཅིག་ཏུ་ངེས་པར་བདེ་ཞིང་འཇིགས་པ་མེད་པ་ཐོབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གི་སྟོན་པ་གང་ཡིན་པ་དེས་ཀྱང་དེའི་གནས་མི་མཐོང་ན། སློབ་མ་རྣམས་ཀྱིས་ལྷ་རྒྱས་པར་བསྟན་པར་ག་ལ་ནུས་ཏེ། དེ་ལྟར་ན་སྟོན་པ་དང་སློབ་མར་བཅས་པ་དེ་དག་གི་ཚིག་ལ་ནི་སྡུག་བསྔལ་མཐར་ཕྱིན་པ་མེད་པ་ཁོ་ནའོ། །དེ་ལས་བཟློག་པ་ལ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ནི་སྡུག་བསྔལ་གྱི་མཐར་ཕྱིན་པའི་བར་དུ་ཐམས་ཅད་ཡོད་པ་ཁོ་ནར་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་དེ་ལས་དགོངས་ནས། ཤེས་དང་དཀའ་ཐུབ་མ་རྟོགས་དང༌། །དབང་པོ་བཅིལ་བ་མ་རྟོགས་དང༌། །ལྷ་མོ་ཀུན་སྤངས་མ་རྟོགས་པར། །ཐར་པར་འགྱུར་བ་མ་མཐོང་ངོ༌། །ཞེས་ལྷ་མོ་ལ་ལན་བཏབ་བོ། །བཤད་པ་འདི་ལ་མདོར་ལན་བཏབ་པ་ནི་ཉེས་པར་སྨྲས་པའི་ཆོས་འདུལ་བ་ལ་སྟོན་པ་ལོག་པར་ཞུགས་པ་དང༌། སློང་མ་ལོག་པར་ཞུགས་པ་དང༌། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་སྟོན་པ་ཕུན་སུམ་ཚོགས་པ་དང༌། ཉན་ཐོས་ཕུན་སུམ་ཚོགས་པ་དང༌། སྡུག་བསྔལ་ཐམས་ཅད་མཐར་ཕྱིན་པར་བྱེད་པ་ཡོད་པ་བསྟན་ཏེ། དེ་ནི་འདིར་མདོར་ལན་བཏབ་པ་ཡིན་ནོ། །དེ་ནས་ལྷ་མོ་དེས། བཅོམ་ལྡན་འདས་ལ་ཞུས་པའི་ལན་གྱིས་ཡི་རངས་ནས། སངས་རྒྱས་བཅོམ་ལྡན་འདས་ལ་ཡང་དག་པའི་ཡོན་ཏན་བླ་ན་མེད་པ་བཞིས་བསྟོད་དེ། འབྱུང་བར་དཀའ་བ་དང༌། བྱུང་ནས་ཀྱང་གཞན་ལ་ཕན་པར་ཞུགས་པ་དང༌། བདག་ལ་ཕན་པ་སྒྲུབ་པ་དང༌། འདི་ལྟ་སྟེ། བདག་ལ་ཕན་པ་དང༌། གཞན་ལ་ཕན་པ་
སྒྲུབ་པ་དེ་ལ། དེ་ལ་ཟང་ཟིང་མེད་པའི་ཐུགས་སོ། །བྲམ་ཟེ་མྱ་ངན་ཡོངས་འདས་པ། །ཀྱེ་མ་ཡུན་རིང་གདོད་མཐོང་ངོ༌། །ཞེས་བྱ་བ་འདིས་ན། འབྱུང་བར་དཀའ་བ་བསྟན་ཏོ། །འཁོར་བ་ཐམས་ཅད་ལས་འདས་པས་ན་གཞན་ལ་ཕན་པ་བསྒྲུབ་པ་བསྟན་ཏོ། །འཇིགས་པ་ཐམས་ཅད་ལས་འདས་པས་ནི་བདག་ལ་ཕན་པ་བསྒྲུབ་པ་བསྟན་ཏོ། །སྲེད་པ་ལས་རྒལ་བས་ནི་བདག་དང་གཞན་ལ་ཕན་པ་བསྒྲུབ་པ་ལ་ཟང་ཟིང་མེད་པའི་ཐུགས་དང་ལྡན་པར་བསྟན་ཏོ། །རྣམ་གྲངས་བཞི་པོ་འདི་དག་གིས་ནི་རྣམ་གྲངས་གཞན་གསུམ་ཡང་བསྟན་པར་རིག་པར་བྱ་སྟེ། འབྱུང་བར་དཀའ་བའི་ཕྱིར་མཐོང་བར་དཀའ་བ་དང༌། བདག་དང་གཞན་ལ་ཕན་པ་བསྒྲུབ་པའི་ཕྱིར་མཐོང་བ་དོན་ཆེ་བ་དང༌། དོན་ཆེ་ཞིང་ཟང་ཟིང་མེད་པའི་ཐུགས་དང་ལྡན་པའི་ཕྱིར། སྐྱེ་བོ་ཀུན་ལ་ཕན་པ་དང༌། ཁ་ན་མཐོ་བ་མེད་པ་སྟེ། རྣམ་པ་འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟོད་པའི་མཆོག་ཡིན་ནོ། །གང་གིས་རིགས་ལྷགས་སྐྱེ་བོ་བསྟན་གྱུར་ཅིང༌། །ལམ་དང་ངེས་པར་འབྱུང་ལ་བཙུད་པ་ལགས། །གང་ལ་གནས་ཤིང་གང་ལ་བསླབས་བགྱིས་ན། །མི་འདི་འཇིག་རྟེན་ཕ་རོལ་འཇིགས་མེད་འགྱུར། །གང་ཞིག་ཁྲིམས་ལྡན་ཤེས་ལྡན་བདག་ཉིད་བསྒོམས། །མཉམ་གཞག་དྲན་ལྡན་དྲང་པོར་སོང་བ་དང༌། གང་གིས་མྱ་ངན་རིམས་ནད་ཐམས་ཅད་སྤངས། །ཡང་དག་དྲན་ལྡན་སེམས་ནི་རྣམ་གྲོལ་གང༌། །དེ་ཡིས་རིགས་ལྷགས་སྐྱེ་བོ་བསྟན་གྱུར་ཅིང༌། །ལམ་དང་ངེས་པར་འབྱུང་ལའང་བཙུད་པ་ཡིན།། དེ་ལ་གནས་ཤིང་དེ་ལ་བསླབས་པ་ན། །མི་འདི་འཇིག་རྟེན་ཕ་རོལ་འཇིགས་མེད་འགྱུར། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། རིགས་བཞི་པོ་བྲམ་ཟེ་དང༌། རྒྱལ་རིགས་དང༌། རྗེའུ་རིགས་དང༌། དམངས་རིགས་དང༌། མངོན་པར་ལྷགས་པ་རྣམས་ཆོས་དང་མཐུན་པར་འདུལ་ཞིང་སྦྱོང་ལ། ཡང་དག་པར་སྟོན་པ་ནི་རིགས་བཞིའི་སྐྱེ་བོ་བསྟན་པ་ཞེས་བྱ་སྟེ། སྐྱེ་བོ་དེ་དག་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་དང་མཐུན་པས་བཏུལ་ཞིང་སྦྱངས་ལ་ཡང་དག་པར་བསྟན་ཏོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་བདག་ཉིད་སྟོན་པ་པོ་ཡིན་པར་རྣམ་གྲངས་
ཀྱིས་ལྷ་མོ་དེ་ལ་བསྟན་པའི་ཕྱིར་འདི་སྐད་དུ། གང་ཞིག་ཁྲིམས་ལྡན་ཤེས་ལྡན་བདག་ཉིད་བསྒོམས། །ཞེས་གསུངས་སོ། །རིགས་བཞི་པོ་དེ་དག་སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱུང་པར་བྱ་བའི་ཕྱིར་ཡང༌། བཅོམ་ལྡན་འདས་ཀྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྟན་ཏེ། འདིར་ཡང་བཅོམ་ལྡན་འདས་ཀྱིས་བདག་ཉིད་རྣམ་གྲངས་ཀྱིས་བསྟན་ཏོ། །དེ་ལ་ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ན། འདོད་པ་མཆོག་དང་རབ་མཆོག་ཏུ་གྱུར་པ་རྣམས་སྤངས་ཤིང་ཁྱིམ་ཡོངས་སུ་བཏང་ནས། ལུས་དང་ངག་གི་སྡོམ་པ་ཡང་དག་པར་བླང་བ་མཛད་པའོ། །ཇི་ལྟར་ན་ཡེ་ཤེས་དང་ལྡན་པ་ཡིན་ཞེ་ན། དེ་ལུས་དང་ངག་གི་སྡོམ་པ་ཡང་དག་པར་བླངས་པ་དེ་ལ་གནས་པ་ན། བདག་ཉིད་ལ་ཚུལ་བཞིན་དུ་སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེ་སྟེ། ཀྱེ་མ་འཇིག་རྟེན་འདི་དག་ནི་དཀའ་བ་ལ་ཞུགས་པ་སྟེ། འདི་ལྟ་སྟེ། སྐྱེ་བར་ཡང་འགྱུར་རྒ་བར་ཡང་འགྱུར་རོ་ཞེས་བྱ་བ་ནས། མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་སྦྱར་པར་བྱའོ། །ཇི་ལྟར་ན་བདག་ཉིད་བསྒོམས་པ་ཡིན་ནོ་ཞེ་ན། སྔོན་གྱི་ཚེ་རབས་གཞན་དུ་བསྐལ་པ་གྲངས་མེད་པ་གསུམ་པོ་དག་ཏུ་དེས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམས་ཤིང་ཤིན་ཏུ་བསྒོམས་ཏེ། རྒྱུ་དེ་དང་རྐྱེན་དེས་ད་ལྟར་སློབ་དཔོན་མེད་པར་མངོན་པར་འབྱུང་བའི་སེམས་སྐྱེ་ཞིང༌། འདུ་བྱེད་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡང་ཡེ་ཤེས་ཀྱིས་འཇུག་པའོ། །ཇི་ལྟར་མཉམ་པར་གཞག་པ་ཡིན་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་འདོད་ཆགས་དང་བྲལ་བར་གྱུར་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཐོབ་པའོ། །ཇི་ལྟར་ན་དྲན་པ་དང་ལྡན་པ་ཡིན་ཞེ་ན། དེ་དེ་ལྟར་མཉམ་པར་གཞག་ནས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་སྟེ། དྲན་པ་ཉེ་བར་གཞག་པ་དེ་དག་ཉིད་དང་པོར་བྱས་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དུ་བསྒོམ་པའོ། །ཇི་ལྟར་ན་དྲང་བོར་སོང་བ་ཡིན་ཞེ་ན། རྒྱུན་ལས་བཟློག་པའི་ཕྱོགས་སུ་འགྲོ་བའི་འཕགས་པའི་ལམ་ཡན་ལག་
བརྒྱད་པ་སྐྱེ་ཞིང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཀྱང་སྤོང་ལ། དེ་རྒྱུན་ལས་བཟློག་པའི་ཕྱོགས་སུ་འགྲོ་བའི་ལམ་དེར་ཡང་ཞུགས་ཤིང་སོང་བའོ། །ཇི་ལྟར་ན་དེའི་མྱ་ངན་དང་རིམས་ནད་ཐམས་ཅད་སྤངས་པ་ཡིན་ཞེ་ན། བདེན་པ་མངོན་པར་རྟོགས་མ་ཐག་ཏུ་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་ཡང་སྤངས་པ་ཡིན་ཏེ། མྱ་ངན་ལྟ་བུའི་གནོད་སེམས་དང༌། རིམས་ནད་ལྟ་བུའི་འདོད་པའི་འདུན་པ་སྤངས་པའོ། །ཇི་ལྟར་ན་ཡང་དག་པའི་དྲན་པ་དང་ལྡན་པ་ཡིན་ཞེ་ན། གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་སྤང་བའི་ཕྱིར་ཡང་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དུ་བསྒོམ་པའོ། །ཇི་ལྟར་ན་དེའི་སེམས་རྣམ་པར་གྲོལ་བ་ཡིན་ཞེ་ན། གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་དེ་དག་སྤངས་པས་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་སྟེ། སྒྲིབ་པ་རྣམ་པ་གཉིས་ལས་སེམས་རྣམ་པར་གྲོལ་བའོ། །དེ་དེ་ལྟར་སེམས་ཤིན་ཏུ་རྣམ་པར་གྲོལ་བས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། རྒྱས་པར་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་སྦྱར་ཏེ། དེ་ཡིས་རིགས་ལྷགས་སྐྱེ་བོ་བསྟན་གྱུར་ཅིང༌། །ལམ་དང་ངེས་པར་འབྱུང་བ་ལའང་བཙུད་པ་ཡིན། །རིགས་བཞིའི་ནང་ནས་གང་ཡང་རུང་བ་ལ་ལ་ཞིག །དེའི་བསྟན་པ་དགའ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྟོགས་པར་བྱ་བའི་ཕྱིར་ཡང་དག་པར་སྒྲུབ་ཅིང༌། བསླབ་པ་གསུམ་ལ་ལེགས་པར་སློབ་ན། དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། དེའི་འབྲས་བུ་མྱ་ངན་ལས་འདས་པ་ཡང་ཐོབ་པར་འགྱུར་ཏེ། དེ་ཐོབ་པས་ཕྱི་མ་ལ་ན་བ་དང༌། རྒ་བ་དང༌། འཆི་བས་མི་འཇིགས་སོ། །བསྟན་པ་འདི་མདོར་ལན་བཏབ་པ་ལ་ནི། མདོར་བསྟན་ན་བཅོམ་ལྡན་འདས་ཀྱིས་རིགས་བཞི་རྣམ་པར་དག་པར་བསྟན་པ་དང༌། དེ་ལ་ཞུགས་པ་དེ་དག་ལ་སླུ་བ་མེད་པས་རང་གི་བསྟན་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ཡིན་པ་དང༌། སྟོན་པ་བླ་ན་མེད་པ་ཡིན་པར་བསྟན་ཏེ། དེ་ནི་འདིར་མདོར་ལན་བཏབ་པ་ཡིན་པར་
རིག་པར་བྱའོ། །ཇི་ལྟར་གྲགས་དང་ལྡན་པར་འགྱུར། །ཇི་ལྟར་ལོངས་སྤྱོད་ཅན་དུ་འགྱུར། །ཇི་ལྟར་སྙན་པ་ཐོབ་པར་འགྱུར། །ཇི་ལྟར་མཛའ་བོ་རྙེད་པར་འགྱུར། །ཚུལ་ཁྲིམས་ཀྱིས་ནི་གྲགས་ལྡན་འགྱུར། །སྦྱིན་པས་ལོངས་སྤྱོད་ཅན་དུ་འགྱུར། །བདེན་པས་སྙན་པ་ཐོབ་པར་འགྱུར། །བྱིན་ན་མཛའ་བོ་རྙེད་པར་འགྱུར། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། ཇི་ལྟར་ན་ཚུལ་ཁྲིམས་ལས་གྲགས་པ་དང་ལྡན་པར་འགྱུར་བ་ཡིན་ཞེ་ན། འདི་ལྟར་འདི་ན་སྐྱེས་པའམ་བུད་མེད་ལ་ལ་ཚུལ་ཁྲིམས་དང་ལྡན་ཞིང་དགེ་བའི་ཆོས་ཅན་ཡིན་ཏེ། །ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ནས། སྲོག་གཅོད་པ་ལས་ཕྱིར་ལོག་པ་ནས། མདོ་ལས་འབྱུང་བ་བཞིན་དུ་ཕྱོགས་དང་ཕྱོགས་མཚམས་དག་ན། དགེ་སྦྱོང་དང་བྲམ་ཟེ་འཁོད་པ་རྣམས་དེའི་བསྔགས་པ་བརྗོད་པར་འགྱུར་བའི་བར་དུ་རྒྱས་པར་སྦྱར་ཏེ། དེ་གཞི་དེ་ལས་རྒྱལ་པོ་རྣམས་དང༌། བློན་པོ་རྣམས་དང༌། གྲོང་རྡལ་བ་དང༌། ཡུལ་གྱི་མི་རྣམས་ཀྱི་མི་དག་གིས་བསྙེན་བཀུར་བྱེད་པར་འགྱུར་བ་ལྟ་བུའོ། །ཇི་ལྟར་སྦྱིན་པ་ལས་ལོངས་སྤྱོད་ཅན་དུ་འགྱུར་བ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་སྔོན་གྱི་ཚེ་རབས་གཞན་དག་ཏུ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བྱས་ཤིང་བསགས་པར་གྱུར་ཏེ། དེ་ད་ལྟར་ཕྱུག་པའི་ཁྱིམ་དང༌། ནོར་ཆེ་བ་ནས་མཛོད་དང༌། བང་མཛོད་ཀྱི་ཚོགས་མང་བའི་བར་གྱི་ཁྱིམ་དུ་སྐྱེ་བར་འགྱུར་བ་ལྟ་བུའོ། །ཇི་ལྟར་ན་བདེན་པ་ལས་སྙན་པ་ཐོབ་པར་འགྱུར་བ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་གཞལ་བླུགས་ལ་སྒྱུ་བྱེད་པ་དང༌། སྲང་ལ་སྒྱུ་བྱེད་པ་དང༌། གཞལ་བ་ལ་སྒྱུ་བྱེད་པ་དང༌། གཡོ་སྒྱུ་དང༌། འདྲིད་པ་དང༌། སྡིག་པའི་ལས་དང༌། བརྫུན་དུ་སྨྲ་བ་ལས་ལོངས་སྤྱོད་མི་ཚོལ་གྱི། ཆོས་ཅན་གྱི་ལས་ཀྱི་ཡོན་ཏན་དང༌། ཆོས་དང་མཐུན་པ་དང༌། གཟུ་ལུམས་མེད་པས་ལོངས་སྤྱོད་སྒྲུབ་པར་བྱེད་དེ། དེ་ལ་གཞན་དག་ན་རེ། ཀྱེ་མ་མི་འདི་ནི་དགེ་བ་ཡིན་ཏེ། ཆོས་ཅན་གྱི་ལས་ཀྱི་ཡོན་ཏན་གྱིས་ལོངས་སྤྱོད་སྒྲུབ་པར་བྱེད་དེ་ཞེས་ཟེར་བ་ལྟ་བུའོ། །ཇི་ལྟར་ན་བྱིན་པས་མཛའ་བོ་རྙེད་པར་འགྱུར་ཞེ་ན། འདི་ལྟར་འདི་ན་ལ་ལ་ལོངས་སྤྱོད་ཡོད་
ཅིང་བདོག་ལ། དྲི་མ་དང༌། སེར་སྣ་དང་བྲལ་ཞིང་ཡོ་བྱད་ཡོངས་སུ་འཛིན་པ་མེད་པས། བདག་ཉིད་ཡང་དག་པའི་བདེན་པས་ཡོངས་སུ་ཚིམ་པར་བྱེད་པ་ནས་མཛའ་བཤེས་དང༌། བློན་པོ་དང༌། ཉེ་དུ་དང༌། རྒན་རབས་ཀྱི་བར་དེ་དག་དེའི་ལོངས་སྤྱོད་པ་བསྒྲུབ་པ་དང༌། བསྲུང་བ་དང༌། འཕེལ་བར་བྱ་བའི་ཕྱིར་དེའི་གྲོགས་བྱེད་པ་ལྟ་བུའོ། །བཤད་པ་འདི་མདོར་ལན་བཏབ་པ་ནི། མདོར་བསྡུ་ན་བསྙེན་བཀུར་གྱི་རྒྱུ་དང༌། རྙེད་པའི་རྒྱུ་དེ་བསྟན་ཏེ། ཚུལ་ཁྲིམས་ལས་གྲགས་པ་དང་ལྡན་པར་འགྱུར་བ་ནི་བསྙེན་བཀུར་གྱི་རྒྱུར་བསྟན་ཏོ། །ཚིག་ལྷག་མ་རྣམས་ནི་རྒྱུའི་སྟོབས་དང༌། སྐྱེས་བུའི་མཐུ་སྟོབས་དང༌། གྲོགས་བྱེད་པའི་སྟོབས་ལས་རྙེད་པའི་རྒྱུར་བསྟན་ཏེ། འདི་ནི་འདིར་མདོར་ལན་བཏབ་པ་ཡིན་པར་རིག་པར་བྱའོ། །མཚོ་ནི་གང་ལས་ལྡོག་པར་འགྱུར། །ལམ་ནི་གང་ལས་ལྡོག་པ་ལགས། །གང་དུ་འཇིག་རྟེན་སྡུག་བསྔལ་དང༌། །བདེ་བ་མ་ལུས་འགག་པར་འགྱུར། །མིག་དང་རྣ་བ་དེ་བཞིན་སྣ། །ལྕེ་དང་ལུས་དང་དེ་བཞིན་ཡིད། །མིང་དང་གཟུགས་ནི་གང་ཞིག་ཏུ། །མ་ལུས་པར་ནི་འགག་འགྱུར་བ། །དེ་ལས་མཚོ་ནི་ལྡོག་འགྱུར་ཞིང༌། །ལམ་ནི་དེ་ལས་ལྡོག་པ་ཡིན། །འདིར་ནི་འཇིག་རྟེན་སྡུག་བསྔལ་དང༌། །བདེ་བ་མ་ལུས་འགག་པར་འགྱུར། །མཚོ་གང་ཞེ་ན། རེག་པའི་སྐྱེ་མཆེད་དྲུག་སྟེ། དེ་ཅིའི་ཕྱིར་ཞེ་ན། དཔེར་ན་མཚོ་ཆུ་དང་ལྡན་ཞིང་ཆུ་ཡོད་ལ་རེག་ན་བདེ་བ་ནི་ནན་ཏན་དུ་ཡོངས་སུ་ཟད་པར་མ་གྱུར་ཅིང༌། མཐར་ཐུག་པར་མ་གྱུར་གྱི་བར་དུ་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང་བུ་མོ་མན་ཆད་ནས་ཐ་ན་རི་དགས་དང་བྱ་ཡན་ཆད་ཀྱི་ཉེ་བར་འཚོ་བ་ཡིན་པ་བཞིན་དུ་རེག་པའི་སྐྱེ་མཆེད་དྲུག་ཀྱང་ནམ་སྲེད་པའི་རླན་གྱི་ཆུ་དེ་དག་གཏན་དུ་ཡོངས་སུ་ཟད་པར་མ་གྱུར་ཅིང༌། མཐར་ཐུག་པར་མ་གྱུར་གྱི་བར་དུ་བྱིས་པ་རྣམས་སུ་ཡུལ་དྲུག་གི་རེག་པ་རེག་ན་བདེ་བ་རྣམས་ཀྱིས་ཉེ་བར་འཚོའོ། །ལམ་གང་ཞེ་ན། ལམ་ནི་ཉོན་མོངས་པའི་ལམ་དང༌། ལས་ཀྱི་ལམ་རྣམ་པ་གཉིས་ཏེ། དོན་གྱི་སྐབས་འདིར་ནི་རྒྱུ་ལ་ལམ་ཞེས་བྱའོ། །བདེ་བ་དང་སྡུག་བསྔལ་གང་ཞེ་ན། ཚེ་འདིའི་སྐྱེ་མཆེད་དྲུག་པོ་ལ་བརྟེན་ཏེ་སྐྱེས་པའི་ཚོར་བའི་རྣམ་པ་
བདེ་བར་ཚོར་བ་དང༌། ཚོར་བའི་རྣམ་པ་མི་བདེ་བར་ཚོར་བའམ། ཚེ་ཕྱི་མའི་ཉོན་མོངས་པར་གཏོགས་པའི་ལེགས་པར་སྤྱོད་པ་དང༌། ཉེས་པར་སྤྱོད་པ་ལ་བརྟེན་ཏེ་སྐྱེས་པའི་ཚོར་བའི་རྣམ་པ་བདེ་བར་ཚོར་བ་དང༌། ཚོར་བའི་རྣམ་པ་མི་བདེ་བར་ཚོར་བའོ། །སྐྱེ་མཆེད་དྲུག་མིང་དང་གཟུགས་དང་བཅས་པ་མ་ལུས་པར་གང་དུ་འགག་པར་འགྱུར་ཞེ་ན། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུའོ། །དེ་ལ་སོ་སོའི་སྐྱེ་བོའི་མཚོ་དང༌། ལམ་དང༌། བདེ་བ་དང༌། སྡུག་བསྔལ་ཐམས་ཅད་ནི་བྲི་བ་མ་ཡིན་ཞིང་ཟད་པ་མ་ཡིན་ནོ། །སློབ་པའི་ནི་བྲི་བར་གྱུར་ལ་ཟད་པ་མ་ཡིན་ནོ། །མི་སློབ་པའི་ཚེ་ཕྱི་མའི་ལམ་དང༌། བདེ་བ་དང༌། སྡུག་བསྔལ་བ་ནི་བྲི་བ་ཡང་ཡིན། ཟད་པ་ཡང་ཡིན་ལ་ཀུན་དུ་སྤྱོད་པ་ཡང་མ་ཡིན་ནོ། །ཚེ་འདིའི་མཚོ་དང་བདེ་བ་དང༌། སྡུག་བསྔལ་བ་ཡང་བྲི་ཞིང་ཟད་དེ། ལུས་ཀྱི་ལྷག་མ་ཙམ་ཞིག་ཡོད་པའི་ཕྱིར་ནི་ཀུན་དུ་སྤྱོད་པ་ཡོད་དོ། །དེབས་[*DE BAS?] ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་དེ་དག་ཐམས་ཅད་འགག་ཅེས་བྱའོ། །བཤད་པ་འདིའི་མདོར་ལན་བཏབ་པ་ནི། ཚེ་འདིའི་བདེ་བ་དང༌། སྡུག་བསྔལ་བ་རྒྱུ་དང་བཅས་པ་དང༌། ཚེ་ཕྱི་མའི་བདེ་བ་དང་སྡུག་བསྔལ་བ་རྒྱུ་དང་བཅས་པ་རྣམས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འགག་པར་འགྱུར་བ་དེ་བསྟན་ཏེ། དེ་ནི་འདིར་མདོར་ལན་བཏབ་པ་ཡིན་པར་རིག་པར་བྱའོ། །གང་གིས་ཆུ་བོ་རྒལ་བར་འགྱུར། །གང་གིས་རྒྱ་མཚོ་གལ་བར་འགྱུར། །གང་གིས་སྡུག་བསྔལ་སྤོང་བར་འགྱུར། །གང་གིས་ཡོངས་སུ་དག་པར་འགྱུར། །དད་པས་ཆུ་བོ་རྒལ་བར་འགྱུར། །བག་ཡོད་པས་ནི་རྒྱ་མཚོ་རྒལ། །བརྩོན་འགྲུས་ཀྱིས་ནི་སྡུག་བསྔལ་སྤོང༌། །ཤེས་རབ་ཀྱིས་ནི་ཡོངས་སུ་དག །ཅེས་བྱ་བའི་ཚིགས་སུ་བཅད་པའོ། །ཇི་ལྟར་ན་དད་པས་ཆུ་བོ་རྒལ་བར་འགྱུར་བ་ཡིན་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་འདོད་པ་རྣམས་ཀྱི་ཉེས་དམིགས་ལས་བརྩམས་ནས། ཉན་ཐོས་ཀྱིས་བཤད་པའམ། །སངས་རྒྱས་ཀྱིས་གསུངས་པའི་ཆོས་ཉན་པར་བྱེད་དེ། དེས་ཆོས་དེ་ཐོས་པས་དད་པ་རྙེད་པར་འགྱུར་ཏེ། དངོས་པོའི་འདོད་
པ་སྤང་བའི་ཕྱིར་དང༌། ཉོན་མོངས་པའི་འདོད་པ་སྤང་བའི་ཕྱིར་འདུན་པ་བསྐྱེད་དོ། །དེས་ཁྱིམ་གྱི་འདོད་པ་རྣམས་དངོས་པོའི་སྒོ་ནས་སྤངས་ནས། ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ༌། །དེ་ལྟར་རབ་ཏུ་བྱུང་ནས་ཀྱང་ཉོན་མོངས་པའི་འདོད་པ་སྤང་བའི་ཕྱིར་རབ་ཏུ་དབེན་པ་ལ་གནས་པར་བྱེད་དོ། །དེ་བརྟུན་པའི་རྒྱུ་ནས་ཡང་དག་པར་ཡིད་ལ་བྱེད་པའི་རྒྱུའི་བར་གྱིས་ཉོན་མོངས་པའི་འདོད་པ་རྣམས་སྤངས་ནས། འདོད་ཆགས་དང་བྲལ་བའི་ས་མཉམ་པར་གཞག་པ་ཐོབ་པར་འགྱུར་ཏེ། དེ་ལྟར་ན་དེ་དད་པ་ལ་བརྟེན་ཅིང་དད་པ་སྔོན་དུ་འགྲོ་བར་བྱས་ནས་འདོད་པའི་ཆུ་བོ་ལས་རྒལ་བར་འགྱུར་བ་ལྟ་བུའོ། །ཇི་ལྟར་ན་བག་ཡོད་པས་རྒྱ་མཚོ་ལས་རྒལ་བར་འགྱུར་བ་ཡིན་ཞེ་ན། དེ་གལ་ཏེ་ཏིང་ངེ་འཛིན་དེ་རོ་མྱོང་བར་མི་བྱེད་པ་ནས། ལྷག་པར་ཞེན་ཅིང་མི་འདུག་གི །ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་བྱ་བ་འབའ་ཞིག་གི་ཕྱིར་སེམས་གཏད་ནས་དེ་ལྟར་མཉམ་པར་གཞག་པའི་སེམས་ཡོངས་སུ་དག་ཅིང་ཡོངས་སུ་བྱུང་ལ། དྲང་པོར་གྱུར་ཅིང་ལས་སུ་རུང་བས། འཕགས་པའི་བདེན་པ་བཞི་རྟོགས་པ་ནས་ཟག་པ་ཟད་པ་རྗེས་སུ་ཐོབ་པའི་བར་འགྱུར་ཏེ། དེ་ལྟར་ན་དེས་བག་ཡོད་པ་ལ་བརྟེན་ཅིང་བག་ཡོད་པ་སྔོན་དུ་འགྲོ་བར་བྱས་ནས་གཟུགས་སུ་གཏོགས་པའི་སྲིད་པའི་ཆུ་བོ་དང༌། གཟུགས་མེད་པར་གཏོགས་པའི་སྲིད་པའི་ཆུ་བོ་དང༌། ལྟ་བའི་ཆུ་བོ་དང༌། མ་རིག་པའི་ཆུ་བོ་མ་ལུས་པར་སྤངས་ནས་རྒྱ་མཚོ་རྒལ་བར་འགྱུར་རོ། །ཇི་ལྟར་ན་བརྩོན་འགྲུས་ཀྱིས་སྡུག་བསྔལ་སྤོང་བར་འགྱུར་བ་ཡིན་ཞེ་ན། འདི་ལྟར་འདི་ན་སློབ་པ་བཞི་མཐོང་བ་ལ་ཁམས་གསུམ་པའི་འདོད་ཆགས་དང་མ་བྲལ་ཏེ། དེ་ཀུན་དུ་སྦྱོར་པ་ཐམས་ཅད་མ་ལུས་པར་ཡོངས་སུ་ཟད་པ་མངོན་སུམ་དུ་བྱའོ་སྙམ་ནས། རབ་ཏུ་དབེན་པ་ལ་བརྟེན་ཏོ། །བརྩོན་འགྲུས་བརྩམས་པ་དེ་ལ་གནས་པས་འདོད་པ་ལ་འདུན་པའི་ཀུན་ནས་དཀྲིས་པའི་སེམས་ཀྱིས་ཤས་ཆེར་གནས་པར་མི་བྱེད་ལ། འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་བྱུང་ན་ཡང༌། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། དེས་འདོད་པ་ལ་འདུན་པའི་སྒྲིབ་པ་ལས་སེམས་ཡོངས་སུ་དག་པར་བྱས་
ནས། དེའི་འདོད་པ་ལ་འདུན་པའི་ཀུན་ནས་དཀྲིས་པའི་རྐྱེན་དེ་ལས་སྐྱེས་པའི་སེམས་ལས་བྱུང་བའི་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་གང་ཡིན་པ་དེ་ཡང་འདོད་པ་ལ་འདུན་པའི་ཀུན་ནས་དཀྲིས་པ་དང་མགོ་མཉམ་དུ་སྤོང་བར་འགྱུར་རོ། །འདོད་པ་ལ་འདུན་པ་ཇི་ལྟ་བ་བཞིན་དུ་ཐེ་ཚོམ་གྱི་སྒྲིབ་པའི་ཀུན་ནས་དཀྲིས་པའི་རྐྱེན་དེ་ལས་བར་དུ་ཡང་དེ་དང་འདྲ་བར་རིག་པར་བྱ་སྟེ། དེ་ལྟར་ན་བརྩོན་འགྲུས་ལ་བརྟེན་ཅིང༌། བརྩོན་འགྲུས་སྔོན་དུ་འགྲོ་བར་བྱས་ནས་སྡུག་བསྔལ་སྤོང་བར་འགྱུར་བ་ལྟ་བུའོ། །དེ་ལ་ཇི་ལྟར་ན་ཤེས་རབ་ཀྱིས་ཡོངས་སུ་དག་པར་འགྱུར་བ་ཡིན་ཞེ་ན། དེས་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ནས། མྱ་ངན་ལས་འདས་པའི་བར་དུ་མི་འགྱུར་བ་རྣམས་སྤངས་ནས་མི་ལྕོགས་པ་མེད་པ་འབའ་ཞིག་ལ་བརྟེན་ཅིང༌། མི་ལྕོག་སྤ་མེད་པ་ལ་གནས་པས་སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ཤེས་པ་ཇི་ལྟར་ཐོབ་པ་དེས། སྡུག་བསྔལ་ལ་སྡུག་བསྔལ་བ་ནས། ལམ་ལ་ལམ་དུ་ཡིད་ལ་བྱེད་ཅིང༌། ཟག་པ་ཐམས་ཅད་ཟད་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་པར་འགྱུར་ཏེ། དེ་ལྟར་ན་དེས་སྔར་ཐོབ་པའི་ཤེས་རབ་དེ་ཉིད་ལ་བརྟེན་ཅིང་ཤེས་རབ་སྔོན་དུ་འགྲོ་བར་བྱས་ནས་ཡོངས་སུ་དག་པར་འགྱུར་རོ། །བཤད་པ་འདིའི་མདོར་ལན་བཏབ་པ་ནི་མདོར་བསྡུ་ན་བཅོམ་ལྡན་འདས་ཀྱིས་སོ་སོའི་སྐྱེ་བོའི་ནི་འདོད་ཆགས་དང་བྲལ་བ་སྔར་བྱས་ནས་བདེན་པ་མངོན་པར་རྟོགས་པར་རྣམ་པར་དག་པར་འགྱུར་ལ། སློབ་བའི་བདེན་པ་མངོན་པར་རྟོགས་པ་སྔར་བྱས་ནས་འདོད་ཆགས་དང་བྲལ་བ་རྣམ་པར་དག་པར་འགྱུར་བར་བསྟན་ཏེ། དེ་ནི་འདིར་མདོར་ལན་བཏབ་པ་ཡིན་པར་རིག་པར་བྱའོ། །སུ་ཞིག་གདུགས་མཚན་མི་གཡེལ་བར། །ཆུ་བོ་འདི་ལས་རྒལ་བར་གྱིས། །མི་དམིགས་མི་གནས་ཟབ་མོ་ལ། །སུ་ཞིག་སྒྱིད་ལུག་མི་འགྱུར་ལགས། །རྣམ་པ་ཀུན་དང་ཚུལ་ཁྲིམས་ལྡན། །ཤེས་རབ་ལྡན་ཞིག་མཉམ་གཞག་ལ། །ནང་དུ་སེམས་ཤིང་དྲན་ལྡན་པ། །ཤིན་ཏུ་རྒལ་དཀའ་འདི་ལས་རྒལ། །འདོད་པའི་འདུ་ཤེས་ཆགས་པ་མེད། །གཟུགས་གྱི་ཀུན་དུ་སྦྱོར་ལས་
འདས། །མི་དམིགས་མི་གནས་ཟབ་མོ་ལ། །དེ་ནི་སྒྱིད་ལུག་མི་འགྱུར་རོ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། ཆུ་བོ་གང་ཞེ་ན། ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་ནས་མ་རིག་པའི་ཆུ་བོའི་བར་རྣམས་སོ། །མི་དམིགས་པ་དང་མི་གནས་པ་གང་ཞེ་ན། སྲེད་པ་ཟད་པར་འདོད་ཆགས་དང་བྲལ་བ་འགོག་པ་མྱ་ངན་ལས་འདས་པ་དང༌། འགོག་པའི་སྙོམས་པར་འཇུག་པའོ། །དེ་ཅིའི་ཕྱིར་ཞི་ན། དམིགས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཡིན་ལ། གནས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ལ་ཉལ་བ་ཡིན་ཏེ། དེ་གཉིས་ཀ་གང་ལ་མེད་པ་དེ་ནི་མི་དམིགས་པ་དང་མི་གནས་པ་ཞེས་བྱ་སྟེ། རྣམ་གྲངས་མེད་ན་མྱ་ངན་ལས་འདས་པ་ལ་མི་དམིགས་པ་དང་མི་གནས་པ་ཞེས་བྱའོ། །གཞན་ཡང་དམིགས་པ་ཞེས་བྱ་བ་ནི་འདུ་ཤེས་ཡིན་ལ། གནས་པ་ཞེས་བྱ་བ་ནི་ཚོར་བ་ཡིན་ཏེ། དེ་གཉིས་གང་ལ་མེད་པ་དེ་ནི་མི་དམིགས་པ་དང་མི་གནས་པ་ཡིན་ཏེ། རྣམ་གྲངས་དེས་ན་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་མི་དམིགས་པ་དང་མི་གནས་པ་ཞེས་བྱ་སྟེ། དོན་གྱི་སྐབས་འདིར་ནི་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་བྱ་བར་དགོངས་སོ། །ཇི་ལྟར་ན་རྣམ་པ་ཐམས་ཅད་དུ་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ལུས་དང་ངག་གིས་བསྡམས་པ་དང༌། འཚོ་བ་ཡོངས་སུ་དག་པར་བྱེད་པའོ། །ཇི་ལྟར་ན་ཤེས་རབ་དང་ལྡན་པ་ཡིན་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་ནས། འཕགས་པའི་ལམ་གྱི་བདེན་པའི་བར་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཇི་ལྟར་ན་ཤིན་ཏུ་མཉམ་པར་གཞག་པ་ཡིན་ཞེ་ན། འདོད་པ་རྣམས་ལས་དབེན་པ་ནས། བསམ་གཏན་བཞི་པའམ། སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པའི་བར་དུ་བསྒྲུབས་ཏེ་གནས་པའོ། །ཇི་ལྟར་ན་ནང་དུ་སེམས་པ་ཡིན་ཞེ་ན། གནས་ཉི་ཤུ་རྩ་གཉིས་པོ་རྣམས་ལ་རྒྱུན་མི་འཆད་པར་སོ་སོར་རྟོག་པ་སྟེ། བདག་ནི་ཁྱིམ་པའི་མཚན་རྟགས་པོར་བས་མི་སྡུག་པའོ་ཞེས་བྱ་བ་ནས། རྒྱས་པར་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་སྦྱར་བར་བྱའོ། །ཇི་ལྟར་ན་དྲན་པ་དང་ལྡན་པ་ཡིན་ཞེ་ན། གནས་ཉི་ཤུ་རྩ་གཉིས་པོ་རྣམས་ལ་སོ་སོར་
རྟོགས་པ་དེ་ནི་དགེ་སྦྱོང་གི་འདུ་ཤེས་ལ་བརྟེན་ནས་རྟག་ཏུ་བྱེད་ཅིང་རྟག་ཏུ་འཇུག་པས་ཉེ་བར་གནས་ཏེ། དེས་ཀུན་དུ་སྦྱོར་བ་ལྷག་མ་སྤང་བར་བྱ་བའི་ཕྱིར། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པའོ། །ཇི་ལྟར་ན་ཤིན་ཏུ་རྒལ་བར་དཀའ་བ་ལས་རྒལ་བ་ཡིན་ཞེ་ན། ཀུན་དུ་སྦྱོར་བ་མ་ལུས་པ་སྤངས་པས། སྲིད་པའི་རྩེ་མོ་ཤིན་ཏུ་རྒལ་དཀའ་བ་ལས་རྒལ་བ་སྟེ། དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་རྒལ་བར་སླ་བ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་འདོད་པའི་འདུ་ཤེས་རྣམས་ལ་ཆགས་པ་དང་བྲལ་བ་ཡིན་ཞེ་ན། དེའི་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་ཡོངས་སུ་ཤེས་ནས་སྤངས་པར་གྱུར་པའི་ཕྱིར་རོ། །ཇི་ལྟར་ན་གཟུགས་ཀྱི་ཀུན་དུ་སྦྱོར་བ་ལས་འདས་པ་ཡིན་ཞེ་ན། དེའི་གཟུགས་དང་ལྡན་པ་གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་ཡོངས་སུ་ཤེས་ནས་སྤངས་པར་གྱུར་པའི་ཕྱིར་རོ། །འཇི་ལྟར་ན་ཟབ་མོ་མི་དམིགས་པ་དང༌། མི་གནས་པ་ལ་སྒྱིད་ལུག་པར་མི་འགྱུར་པ་ཡིན་ཞེ་ན། གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའམ། ཡང་ན་འདོད་ཆགས་དང་བྲལ་བ་མ་ཡིན་པ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཐོབ་པ་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པའི་སྐལ་བ་དང་ལྡན་ཞིང་མཐུ་ཡོད་པ་སྟེ། འདི་ལ་ནི་སློབ་པ་ཡང་ཡོད་ལ། མི་སློབ་པ་ཡང་ཡོད་དེ། གང་གི་ཕྱིར་གཟུགས་མེད་པའི་ཀུན་དུ་སྦྱོར་བ་རྣམས་ལས་འདས་པ་ཞེས་གཅིག་ཏུ་ངེས་པར་མ་གསུངས་པའི་ཕྱིར་རོ། །བཤད་པ་འདིའི་མདོར་ལན་བཏབ་པ་ནི། མདོར་བསྡུ་ན་བཅོམ་ལྡན་འདས་ཀྱིས། མཆོག་གི་མཐར་ཐུག་པའི་རྗེས་སུ་ཐོབ་པར་བྱ་བ་དང༌། མཆོག་གི་གནས་པ་རྟོགས་པར་འགྱུར་བའི་ལམ་བསྟན་པ་ཡིན་ཏེ། དེ་ནི་འདིར་མདོར་ལན་བཏབ་པ་ཡིན་པར་རིག་པར་བྱའོ།། །།བམ་པོ་ཉི་ཤུ་གཉིས་པ། བཅོམ་ལྡན་བྱིས་པ་མ་མ་དག་ལ་བརྟེན་པ་ལྟར། །འདོད་ཆགས་ཞེ་སྡང་གཉིས་ཀྱི་གཞི་ནི་གང་ཞིག་ལགས། །དགའ་དང་མི་དགའ་སྤུ་ཟིང་བགྱིད་པ་གང་ལས་བྱུང༌། །ཡིད་ཀྱི་རྟོག་པ་རྣམས་ཀྱང་གང་ལས་བྱུང་བ་ལགས། །ནྱ་གྲོ་དྷ་ཡི་སྡོང་པོ་ལྟར། །རླན་ལས་སྐྱེས་ཤིང་བདག་ལས་བྱུང༌། །ནགས་
ལ་མ་ལུས་འཁྲི་ཤིང་ལྟར། །འདོད་པ་རྣམས་ལ་སོ་སོར་འཕྲོ། །བྱིས་པ་དག་ནི་མ་མ་དག་ལ་བརྟེན་པ་ལྟར། །འདོད་ཆགས་ཞེ་སྡང་གཉིས་ཀྱི་གཞི་ནི་དེ་ལས་བྱུང༌། །དགའ་དང་མི་དགའ་སྤུ་ཟིང་བྱེད་པ་དེ་ལས་བྱུང༌། །ཡིད་ཀྱི་རྟོག་པ་རྣམས་ཀྱང་དེ་ལས་བྱུང་བ་ཡིན། །གནོད་སྦྱིན་དེ་དག་གང་ལས་བྱུང་བའི་གཞི་ཤེས་པའི། །སྐྱེ་བོ་གང་ཡིན་དེ་རྣམས་དེ་དག་སྤང་གྱུར་ཞིང༌། །དེ་དག་འདིར་ནི་ཡང་སྲིད་མེད་པར་བྱ་བའི་ཕྱིར། །སྔོན་ཆད་མ་རྒལ་རྒྱ་མཚོ་ཆུ་བོ་རྒལ་བར་འགྱུར། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། འདོད་ཆགས་དང་ཞེ་སྡང་གང་ཞེ་ན། འདི་ལྟར་འདི་ན་ཁྱིམ་ན་གནས་པ་ཁ་ཅིག །ཡུལ་ཡིད་དུ་འོང་བ་རྣམས་སམ། སེམས་ཅན་ཡིད་དུ་འོང་བ་དང་འགྲོགས་ན་ལྷག་པར་ཞེན་པ་སྐྱེ་བར་འགྱུར་ལ། ཡུལ་ལ་ཡིད་དུ་མི་འོང་བ་རྣམས་སམ། སེམས་ཅན་ཡིད་དུ་མི་འོང་བ་རྣམས་དང་འགྲོགས་ན་ཁོང་ཁྲོ་བ་སྐྱེ་བར་འགྱུར་བ་ལྟ་བུའོ།། མི་དགའ་བ་དང་དགའ་བ་གང་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་འཕྲལ་ལ་སྐྱེས་པ་ཐང་ཅིག་ཙམ་གྱིས་དད་པ་ཐོབ་ནས། ཐོག་མ་དང་ཐ་མའི་ཡོན་ཏན་དང༌། ཉེས་པ་ལེགས་པར་མ་བརྟགས་པར་གྱ་ཚོམ་དུ་ནན་གྱིས་ལོངས་སྤྱོད་སྤངས་ཏེ་རབ་ཏུ་བྱུང་ལ། དེ་ལྟར་ན་རབ་ཏུ་བྱུང་ནས་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་དང་འདྲེ་བར་གནས་ཏེ། དེ་འདས་པ་དང་མ་འོངས་པའི་ལོངས་སྤྱོད་དང༌། སེམས་ཅན་དང་འགྲོགས་པ་རྗེས་སུ་དྲན་ནས་གདུང་ཞིང་ཡིད་མི་བདེ་ལ། ཡིད་ལ་གཅགས་པའི་སེམས་ཀྱིས་ཡོངས་སུ་འཛིན་ཅིང་འདུག་པ་དང༌། ཁ་ཅིག་ནི་དད་པས་རབ་ཏུ་བྱུང་བ་ཡང་མ་ཡིན། གྱ་ཚོམ་དུ་རབ་ཏུ་བྱུང་བ་ཡང་མ་ཡིན་མོད་ཀྱི། རྒྱལ་པོའི་བཀའ་ནན་ནམ། འཚོ་བ་མེད་པའི་བར་གྱི་འཇིགས་པས་སྐྲག་པའི་ཕྱིར་རབ་ཏུ་བྱུང་སྟེ། དེ་དེ་ལྟར་རབ་ཏུ་བྱུང་ནས་བྲམ་ཟེ་དང༌། ཁྱིམ་བདག་དད་པ་དག་ལས་དུས་དུས་སུ་རྙེད་པ་དང༌། བཀུར་སྟི་བྱུང་བའི་རོ་མྱོང་བར་བྱེད་དེ། ཀྱེ་མ་ཞིང་རྨོ་ཡང་མི་དགོས་ལ། ཚོང་བྱ་ཡང་མི་དགོས་པར་ཚེགས་ཆུང་དུས་འཚོ་བ་འགྲུབ་པ་འདི་ནི་ལེགས་པ་ཡིན་ནོ། །ཀྱེ་མ་འདི་ནི་རབ་ཡིན་ནོ་སྙམ་སྟེ། དེས་རྙེད་པ་དང་བཀུར་སྟི་དེ་ཉིད་རྒྱུར་ བྱས་ནས་མངོན་པར་
དགའ་བ་ལྟ་བུའོ། །སྤུ་ཟིང་ཞེས་བྱེད་པ་དང༌། རྟོག་པ་གང ་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་ནན་གྱིས་རབ་ཏུ་བྱུང་བ་ཉིད་ཀྱང་མ་ཡིན་ལ། འཚོ་བའི་ཕྱིར་རབ་ཏུ་བྱུང་བ་ཡང་མ་ཡིན་ཏེ། དེ་ལྟར་དེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ནས་ཀྱང༌། ཁྱིམ་པ་དང༌། རབ་ཏུ་བྱུང་བ་རྣམས་དང་འདྲེ་ཞིང་མི་གནས་པར་རབ་ཏུ་དབེན་པར་གནས་ལ། དེ་རབ་ཏུ་དབེན་པ་ན་གནས་པ་ན་མཚན་མོ་མུན་ནག་ལྟ་བུ་མཐོང་ངམ། འབྲུག་སྒྲ་ཆེན་པོའམ་སེར་པ་དྲག་པོ་འབབ་པའི་སྒྲའམ། སེང་གེའམ། སྟག་གམ། གཟིག་གི་སྒྲ་ཐོས་སམ། གཡོ་ཅན་ནམ། ཆོམ་རྐུན་ནམ། མི་མ་ཡིན་པ་བྱུང་བ་མཐོང་ན། འཇིགས་པ་འམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བ་དང༌། ཡང་ཉིན་པར་ནི་འདས་པ་དང༌། མ་འོངས་པའི་འདོད་པ་རྣམས་དང༌། འདས་པ་དང༌། མ་འོངས་པའི་སེམས་ཅན་ལ་བརྟེན་ནས། ཞེན་པ་ལ་བརྟེན་པའི་རྟོག་པ་འདི་ལྟ་སྟེ། འདོད་པ་ལ་རྟོག་པ་ནས་རྒྱས་པར་ཁྱིམ་གྱི་འབྱོར་པ་དང་ལྡན་པའི་བར་གྱི་རྟོག་པ་འབྱུང་བའོ། །དེ་ལྟར་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཇི་ལྟར་བསྟན་པ་དེ་དག་ནྱ་གྲོ་དྷའི་སྡོང་པོ་བཞིན་དུ་རླན་ལས་སྐྱེས་པ་ནི་ཇི་ལྟ་བུ། བདག་ལས་འབྱུང་བ་ཇི་ལྟ་བུ་ཞེ་ན། རླན་པ་ཞེས་བྱ་བ་ནི་ཆུ་དང་འདྲ་བའི་སྲེད་པ་གང་གི་རྐྱེན་གྱིས་ལེན་པ་ཐམས་ཅད་སྐྱེ་བ་ལ་བྱ་སྟེ། དེ་ལ་ཡང་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ནས། རྟོག་པ་ལ་ཐུག་པ་ཡན་ཆད་ཐམས་ཅད་ཀྱི་སྤྱིའི་རྒྱུ་ཡིན་ནོ། །བདག་ཅེས་བྱ་བས་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ནས། རྟོག་པ་ལ་ཐུག་པའི་བར་དེ་དག་ཉིད་གྱི་རང་རང་གི་ས་བོན་དང༌། ཁམས་དང༌། རང་བཞིན་ནོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ནས། རྟོག་པ་ལ་ཐུག་པའི་བར་དེ་དག་ཉིད་ནགས་ཚལ་ལ་འཁྲི་ཞིང་མ་ལུ་ང་རྒྱས་པ་བཞིན་དུ་འདོད་པ་ཅན་རྣམས་ལ་ཇི་ལྟར་སོ་སོར་འཕྲོ་ཞེ་ན། མདོར་བསྡུ་ན། སོ་སོའི་འདོད་པ་ནི་རྣམ་པ་དྲུག་སྟེ། འདི་ལྟ་སྟེ། གཞི་གང་དང༌། དམིགས་པ་གང་ལས་ཁྱིམ་ན་གནས་པ་རྣམས་ཀྱི་འདོད་ཆགས་དང་ཞེ་སྡང་སྐྱེ་བར་འགྱུར་བ་ད་ལྟར་བྱུང་བའི་དངོས་པོའི་འདོད་པ་རང་གི་ཞོ་ཤས་བསྒྲུབས་
པ་རྣམས་དང༌། འདི་ལྟ་སྟེ། གཞི་གང་དང༌། དམིགས་པ་གང་ལས་རབ་ཏུ་བྱུང་བ་དེ་དག་གི་འཚོ་བའི་ཕྱིར་དགའ་བ་སྐྱེ་བར་འགྱུར་བ། ད་ལྟར་ཉིད་ཀྱི་དངོས་པོའི་འདོད་པ་ཕ་རོལ་ལས་ཐོབ་པ་རྣམས་དང༌། འདི་ལྟ་སྟེ། གཞི་གང་དང༌། དམིགས་པ་གང་ལས་ནན་གྱིས་རབ་ཏུ་བྱུང་བ་དེ་དག་མི་དགའ་བ་སྐྱེ་བར་འགྱུར་བ་འདས་པ་དང༌། མ་འོངས་པའི་དངོས་པོའི་འདོད་པ་ཉིད་དང༌། ལྷག་མ་རྣམས་ནི་ཉོན་མོངས་པའི་འདོད་པ་སྟེ། དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། དད་པས་རབ་ཏུ་བྱུང་ནས་དབེན་པར་གནས་པ་དང༌། །མཚན་མོ་གཞི་གང་དང༌། དམིགས་པ་གང་ལས་དེ་འཇིགས་པའམ། བག་ཚབ་འམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་འདོད་པ་ན་སྤྱོད་པ་བདག་ཉིད་ཀྱི་ལུས་དང་སྲོག་ལ་ཀུན་དུ་རྟོག་པའི་འདོད་ཆགས་མ་སྤངས་པ་དང༌། ཡང་ན་གཞི་གང་དང་དམིགས་པ་གང་ལས་ཉིན་པར་དེའི་རྟོག་པ་འབྱུང་བར་འགྱུར་བ་གང་ཟག་དེ་ཉིད་ཀྱི་ཕྱི་རོལ་གྱི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ལ་ཀུན་དུ་རྟོག་པའི་འདོད་ཆགས་མ་སྤངས་པའོ། །དགེ་སྦྱོང་དང་བྲམ་ཟེ་གང་དག་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཇི་སྐད་བསྟན་པ་དེ་དག་གཞི་ཅི་ལས་བྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། མི་རྟག་པ་ཉིད་ཁོང་དུ་ཆུད་པས། སྐྱེས་པ་རྣམས་ནི་དང་དུ་མི་ལེན་ཅིང་སྤོང་ལ་སེལ་ཅིང་མེད་པར་བྱེད་དེ། སྤངས་ནས་ཀྱང་གཟུགས་དང་གཟུགས་མེད་པའི་འདོད་ཆགས་དང་བྲལ་བ་དང༌། འདོད་པའི་འདོད་ཆགས་དང་བྲལ་བས་སྲིད་པའི་རྒྱ་མཚོ་དང་འདོད་པའི་ཆུ་བོ་གང་དེ་དག་གིས་སྔོན་མ་རྒལ་བ་ཡང་རྒལ་བར་འགྱུར་ལ། རྒལ་བ་དེ་དག་ལས་ཀྱང་ཕྱིར་ཡོངས་སུ་ཉམས་པར་མི་འགྱུར་རོ། །བཤད་པ་འདི་མདོར་ལན་བཏབ་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་གནས་སྐབས་གསུམ་སྟེ། ཁྱིམ་ན་གནས་པའི་གནས་སྐབས་དང༌། རབ་ཏུ་བྱུང་བའི་གནས་སྐབས་དང༌། རབ་ཏུ་དབེན་པ་ན་གནས་པའི་གནས་སྐབས་ན། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའི་རྒྱུས། རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་གྲུབ་པ་དང༌། འདོད་པ་རྣམས་ལ་སོ་སོར་
འཕྲོ་བའི་སྤང་བའི་ཐབས་དང༌། སྤང་བའི་ཕན་ཡོན་བསྟན་ཏེ། དེ་ནི་འདིར་མདོར་ལན་བཏབ་པ་ཡིན་པར་རིག་པར་བྱའོ། །དེ་ལ་འདོད་ཆགས་གང་ཡིན་པ་དང༌། དགའ་བ་གང་ཡིན་པ་དང༌། ཞེན་པ་ལ་བརྟེན་པའི་རྟོག་པ་གང་ཡིན་པ་དེ་དག་ནི། འདོད་ཆགས་ཀྱི་ཕྱོགས་ཡིན་པར་རིག་པར་བྱའོ། །ཞེ་སྡང་གང་ཡིན་པ་དང༌། མི་དགའ་བ་གང་ཡིན་པ་དང༌། འཇིགས་པ་གང་ཡིན་པ་དེ་ནི་ཁོང་ཁྲོ་བའི་ཕྱོགས་ཡིན་པར་རིག་པར་བྱའོ། །དེ་ནི་སྲིད་པ་མི་འཚལ་བས། །འདོད་པ་རྣམས་ནི་སྤངས་སླད་དུ། །བྲམ་ཟེ་ངལ་བ་མ་མཆིས་པས། །སྤང་བ་དེ་ནི་བགྱི་བ་ལགས། །དོན་བྱས་བྲམ་ཟེ་འདོད་པའི་ཕྱིར། །བྲམ་ཟེ་ལ་ནི་བྱ་བ་མེད། །ཇི་སྲིད་གཏིང་དང་འགྲམ་དུ་མ་ཕྱིན་པ། །དེ་སྲིད་དེ་ནི་ལུས་རྣམས་ཀུན་གྱིས་རྩོལ། །རྒལ་ནས་དེ་ནི་འདི་ན་ཐང་ལ་གནས། །རྩོལ་བ་མེད་པ་ཕ་རོལ་ཕྱིན་ཅེས་བྱ། །གང་ཞིག་ཟག་ཟད་རྟག་འགྲུས་བསམ་གཏན་ཐོབ། །དེ་ཡིས་རིམས་ནད་མྱ་ངན་ཀུན་སྤངས་ཤིང༌། །གང་ཞིག་ཡང་དག་དྲན་སེམས་གྲོལ་པ་ཡི། །བྲམ་ཟེའི་དཔེར་བྱ་བ་ནི་འདི་ཡིན་ལྷ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་འདི་ཡིན་ཏེ། ལྷ་མོ་དེས་ཀུན་རྫོབ་ཀྱི་བྲམ་ཟེ་ལས་བསམས་ནས། རུས་དང་རིས་སྨོས་པའི་བྲམ་ཟེ་གང་དག་ནི་བྲམ་ཟེའོ་སྙམ་དུ་འཛིན་པ་དེ་དག་ནི་ཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པར་བྱེད་ཅིང༌། ཚངས་པའི་འཇིག་རྟེན་འདོད་པས་གནས་ཏེ། བརྩོན་འགྲུས་བརྩམས་ཤིང་ཡིད་ཡོངས་སུ་སྐྱོ་བ་མེད་པ་ལ། རབ་ཏུ་དབེན་པར་གནས་པ་དེ་དག་གིས་དངོས་པོའི་འདོད་པ་སྤངས་པ་དང༌། ཉོན་མོངས་པའི་འདོད་པ་སྤངས་པའི་ཕྱིར་སྤོང་བའི་དོན་ལ་བསྒྲིམ་པར་བྱའོ་ཞེས། བཅོམ་ལྡན་འདས་ལ་གསོལ་ཏེ། འདི་ལྟར་དེ་དག་ནི་ཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པར་བྱེད་ཅིང༌། ཚངས་པའི་འཇིག་རྟེན་དོན་གྱི་འདོད་པའི་སྲིད་པ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པས་ནི་དོན་དམ་པའི་བྲམ་ཟེ་ལ་དགོངས་པས་ལྷ་མོ་ལ་ལན་འདེབས་པར་མཛད་དེ། གང་ཞིག་བྱས་ཟིན་ཀྱང༌། ཡང་དང་ཡང་དུ་བྱ་དགོས་པ ་དང༌། གོང་ནས་གོང་དུ་བྱ་དགོས་པ་དེ་ནི་བྲམ་ཟེ་མ་ཡིན་གྱི། གང་ཞིག་བྲམ་ཟེར་
བྱེད་པ་དང༌། བྲམ་ཟེར་བྱེད་པའི་དོན་རྟོགས་པས་འཇིག་རྟེན་ཐམས་ཅད་ཀྱི་ཕ་རོལ་དུ་རྒལ་ནས། ཐང་ལ་གནས་པ་དེ་ནི་བྲམ་ཟེ་ཡིན་ཏེ། རྣམ་གྲངས་དེས་ན་སློབ་པ་དང་མི་སློབ་པ་གཉིས་ཀ་ཡང་བྲམ་ཟེ་ཡིན་ནོ། །དེ་ལ་ཡང་སློབ་པ་ལ་རྣམ་པ་གཉིས་ཏེ། འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བ་དང༌། འདོད་ཆགས་དང་བྲལ་བའོ། །དེ་ལ་འདོད་ཆགས་དང་མ་བྲལ་བ་གང་ཡིན་པ་དེ་ནི་གཏིང་སླེབ་པ་མ་ཡིན་ལ། འགྲམ་དུ་ཕྱིན་པ་ཡང་མ་ཡིན་ནོ། །རྣམ་པ་གཉིས་དང་མི་ལྡན་པ་ཡང་མ་ཡིན་ཏེ། ནང་གི་སེམས་ཀྱི་ཞི་གནས་ཀྱང་མ་ཐོབ་ལ། ལྷག་པའི་ཤེས་རབ་ཆོས་ཀྱི་ལྷག་མཐོང་ཐོབ་པ་ཡང་ནང་གི་སེམས་ཀྱི་ཞི་གནས་མེད་པས་ཤིན་ཏུ་རྣམ་པར་དག་པ་མ་ཡིན་ནོ། །ལམ་གྱི་གྲུ་ཇི་ལྟར་ཐོབ་པ་ལ་ཞུགས་ནས་རྐང་པ་ལྟ་བུའི་ནང་གི་སེམས་ཀྱི་ཞི་གནས་ཐོབ་པར་བྱ་བའི་ཕྱིར་ཡང་བརྩོན་འགྲུས་བརྩམས་པས་འབད་པར་བྱེད་ལ། ལག་པ་ལྟ་བུའི་ལྷག་པའི་ཤེས་རབ་ཆོས་ཀྱི་ལྷག་མཐོང་རྣམ་པར་དག་པར་བྱ་བའི་ཕྱིར་ཡང་བརྩོན་འགྲུས་བརྩམས་པས་འབད་དེ་འབད་པར་བྱེད་པ་ན། གཏིང་ལྟ་བུའི་འདོད་པའི་འདོད་ཆགས་དང་བྲལ་བ་དང༌། འགྲམ་ལྟ་བུའི་དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་འགྱུར་རོ། །སློབ་པ་འདོད་པའི་འདོད་ཆགས་དང་བྲལ་བ་ནི། ནང་གི་ཞི་གནས་ཀྱང་ཐོབ་ལ། རྣམ་པར་དག་པའི་ལྷག་མཐོང་ཡང་འཐོབ་སྟེ། དེ་ནི་གོང་མའི་ཆ་དང་ཡང་མཐུན་པ་ཁོ་ནའི་ཀུན་དུ་སྦྱོར་བ་རྣམས་སྤང་བ་ཙམ་གྱི་དོན་དུ་འབད་པ་ཡིན་གྱི། ལུས་ཐམས་ཅད་ཀྱི་ནི་མ་ཡིན་ནོ། །འགྲམ་དུ་ཕྱིན་པ་ནི་དགྲ་བཅོམ་པ་བྱ་བ་བྱས་པ། འབད་པ་མེད་པ། ཕ་རོལ་ཏུ་སོན་ནས་གནས་པ་ཡིན་ཏེ། རྣམ་གྲངས་དེས་ན་གསུམ་པོ་འདི་དག་ཐམས་ཅད་ནི་དོན་དམ་པའི་བྲམ་ཟེ་ཡིན་ཏེ། སློབ་པ་གཉིས་དང༌། མི་སློབ་པའོ། །དེ་ལ་འགྲམ་དུ་སོན་པའི་བྲམ་ཟེ་གང་ཡིན་པ་དེ་ནི་ཟག་པ་ཟད་པའོ། །དེ་ལ་སློབ་པ་འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་ཞིང་ལུས་ཐམས་ཅད་ཀྱིས་འབད་པ་གང་ཡིན་པ་དེ་ནི་རྟག་འགྲུས་ཅན་ནོ། །དེ་ལ་སློབ་པ་འདོད་ཆགས་དང་བྲལ་བ་གཏིང་སླེབ་པ་གང་ཡིན་པ་དེ་ནི་བསམ་གཏན་ཐོབ་པ་ཡིན་ནོ། །བསམ་གཏན་ཐོབ་པ་གང་ཡིན་པ་དེ་ནི་ཐ་མའི་ཆ་དང་
མཐུན་པའི་ཀུན་དུ་སྦྱོར་བའི་སྤངས་པས་ནི་འདོད་པའི་འདུན་པ་དང༌། གནོད་སེམས་ཀྱི་ཕྱོགས་ཀྱི་མྱ་ངན་དང༌། རིམས་ནད་ཐམས་ཅད་སྤངས་སོ། །ཟག་པ་ཟད་པ་གང་ཡིན་པ་དེ་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་ནས། ཡང་དག་པའི་དྲན་པའི་སེམས་རྣམ་པར་གྲོལ་བར་འགྱུར་ཏེ། དེ་ནི་བྱ་བ་བྱས་ནས་ཡང་དང་ཡང་དུ་བྱ་དགོས་པ་ཡང་མེད་ལ། གོང་ནས་གོང་དུ་བྱ་དགོས་པ་ཡང་མེད་དོ། །དེ་བས་ན་དེ་ནི་དོན་དམ་པའི་བྲམ་ཟེ་ཡིན་ནོ། །དགེ་སློང་ཁྱོད་ཆུ་བོ་ལས་རྒལ་ཏམ། ལྷ་མོ་དེ་ལྟ་ཡིན་ནོ། །དམིགས་པ་མེད་པ་དང༌། གནས་པ་མེད་པར་ཆུ་བོ་ལས་རྒལ་ཏམ། ལྷ་མོ་དེ་ལྟ་བུ་ཡིན་ནོ། །དགེ་སློང་ཁྱོད་ཇི་ལྟ་བུར་དམིགས་པ་མེད་པ་དང༌། གནས་པ་མེད་པ་ཆུ་བོ་ལས་བརྒལ། ལྷ་མོ་ང་ནི་ཇི་ལྟ་ཇི་ལྟར་འཛིན་པ་དེ་ལྟ་དེ་ལྟར་འབྱིང་ངོ༌། །ཇི་ལྟ་ཇི་ལྟར་འབྱིང་བ་དེ་ལྟ་དེ་ལྟར་འདུག་གོ །ཇི་ལྟ་ཇི་ལྟར་འདུག་པ་དེ་ལྟ་དེ་ལྟར་ཁྱེར་རོ། །ལྷ་མོ་ང་ནི་ཇི་ལྟ་ཇི་ལྟར་འཛིན་པ་མེད་པ་དེ་ལྟ་དེ་ལྟར་འབྱིང་བ་མེད་དོ་ཞེས་བྱ་བ་ནས། རྒྱས་པར་དཀར་པོའི་ཕྱོགས་ཀྱང་རིག་པར་བྱའོ། །དེ་ལ་དམིགས་པ་མེད་པ་དང་གནས་པ་མེད་པ་ཞེས་བྱ་བ་དེ་ནི་མྱ་ངན་ལས་འདས་པ་དང༌། འགོག་པའི་སྙོམས་པར་འཇུག་པ་ཡིན་ཏེ། སྔ་མ་བཞིན་ནོ། །བྱང་ཆུབ་སེམས་དཔའི་སྔོན་གྱི་སྤྱོད་པ་དཀའ་བ་སྤྱོད་པ་ན། ཐབས་མ་ཡིན་པས་ཡོངས་སུ་ཟིན་པའི་བརྩོན་འགྲུས་དང༌། བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་པ་ན། ཐབས་མ་ཡིན་པས་ཡོངས་སུ་ཟིན་པའི་བརྩོན་འགྲུས་རྩོམ་པ་སྤང་བ་ཡོངས་སུ་ཤེས་པ་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས། ལྷ་མོ་ང་ནི་ཇི་ལྟ་ཇི་ལྟར་འཛིན་པ་དེ་ལྟ་དེ་ལྟར་འབྱིང་ངོ༌། །ཇི་ལྟ་ཇི་ལྟར་འབྱིང་བ་དེ་ལྟ་དེ་ལྟར་འདུག་གོ །ཇི་ལྟ་ཇི་ལྟར་འདུག་པ་དེ་ལྟ་དེ་ལྟར་ཁྱེར་རོ་ཞེས་གསུངས་ཏེ། དེ་ལས་བཟློག་པ་ནི་དཀར་པོའི་ཕྱོགས་སུ་རིག་པར་བྱའོ། །དེ་ལ་དཀའ་བ་སྤྱོད་པ་ན། ཐབས་མ་ཡིན་པས་ཡོངས་སུ་ཟིན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་འཛིན་པ་ཞེས་བྱའོ། །ལོག་པར་བརྩོན་པ་ན་དགེ་བའི་ཆོས་ཡོངས་སུ་ཉམས་པ་གང་ཡིན་པ་དེ་ནི་འབྱིང་བ་ཞེས་བྱའོ། །དགེ་བའི་ཆོས་
ཡོངས་སུ་ཉམས་པར་ཤེས་བཞིན་དུ་ལོག་པར་བརྩོན་པ་ལས་མི་བཟློགས་པ་གང་ཡིན་པ་དེ་ནི་འདུག་པ་ཞེས་བྱའོ། །དཀའ་བ་སྤྱོད་པ་བཏང་ནས་སློབ་དཔོན་ཡོངས་སུ་ཚོལ་ཞིང༌། ལྷག་སྤྱོད་དང༌། རིང་འཕུར་ལ་སོགས་པ་མུ་སྟེགས་ཅན་གྱི་གནས་རྣམས་སུ་རྒྱུ་བ་ནི་ཁྱེར་བའོ། །བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པས་ཀྱང༌། ཐབས་མ་ཡིན་པས་ཡོངས་སུ་ཟིན་པའི་བརྩོན་འགྲུས་སྤངས་ནས། དགེ་བའི་ཆོས་རྣམས་ཀྱིས་འབོགས་ལ། ཇི་ལྟ་ཇི་ལྟར་འབོགས་པ་དེ་ལྟ་དེ་ལྟར་དགེ་བའི་ཆོས་ལ་ཆོག་མི་ཤེས་པར་གནས་ཏེ། སྤོང་བ་ལས་ཕྱིར་མི་ནུར་ཞིང་ཆེས་གོང་ནས་གོང་དང༌། ཆེས་བཟང་བ་བས་ཀྱང་བཟང་བ་འདོད་ལ། དེ་དེ་ལྟར་ཆོག་མི་ཤེས་པས་སློབ་དཔོན་གཞན་མི་ཚོལ་ཏེ། སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དོན་རྣམ་པ་བཞི་པོ་འདི་དག་འཛིན་པ་མེད་པ་ལ་སོགས་པའི་ཚིག་བཞི་དང་གོ་རིམས་བཞིན་དུ་སྦྱར་བར་རིག་པར་བྱའོ། །མྱ་ངན་ལས་འདས་པ་དམིགས་པ་མེད་པ་གནས་པ་མེད་པ་ལས་བརྩམས་པའི་རྣམ་གྲངས་གཞན་ཡང༌། བག་ལ་ཉལ་བ་དང་བཅས་པའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཆུ་བོ་ལྟ་བུ་མི་རྒལ་བ་ཇི་ལྟ་བུ་ཞེ་ན། མདོར་བསྡུ་ན། རྣམ་པ་བཞི་ནི་རྒལ་ཏེ། རྣམ་པ་བཞི་གང་ཞེ་ན། ཐོག་མ་ཁོ་ནར་ནི་ཞེན་པ་ལ་བརྟེན་པའི་རྟོག་པའོ། །ཞེན་པ་ལ་བརྟེན་པའི་རྟོག་པ་ལ་བརྟེན་ནས་ལེ་ལོ་འབྱུང་ངོ༌། །ལེ་ལོ་ལ་བརྟེན་ནས་སོ་སོ་སྐྱེ་བོའི་དངོས་པོ་ལ་གནས་སོ། །སོ་སོ་སྐྱེ་བོའི་དངོས་པོ་ལ་གནས་པ་ལ་བརྟེན་ནས་འཁོར་བའི་རྒྱུན་གྱི་རྗེས་སུ་འགྲོ་བའི་སྲེད་པས། འགྲོ་བ་ལྔའི་འཁོར་བའི་རྒྱུན་ཕྱོགས་སུ་འགྲོ་བའོ། །དེ་ལས་བཟློག་པ་རྣམ་པ་བཞིས་ནི་ཆུ་བོ་ལས་བརྒལ་བར་རིག་པར་བྱའོ། །འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལས་བརྩམས་པའི་རྣམ་གྲངས་གཞན་ཡང༌། འདི་ལྟར་འདི་ན་ལ་ལ་འགོག་པའི་སྙོམས་པར་འཇུག་པ་དང་པོར་ཐོབ་ལ། དེ་བག་མེད་པར་གནས་ཤིང་འདུ་ཤེས་དང་ཚོར་བ་དེ་ལ་ཤས་ཆེར་གནས་ལ། འདུ་ཤེས་དང་ཚོར་བ་འགོག་པ་དེ་ནི་ཤས་ཆེར་མི་གནས་ཏེ། གཞི་དེས་འགོག་པའི་སྙོམས་
པར་འཇུག་པ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ཉམས་ནས་ཀྱང་ས་འོག་མར་སྐྱེ་བའི་རྒྱུ་ལ་གནས་སོ། །རྒྱུ་ལ་གནས་ནས་ཀྱང་དེའི་འབྲས་བུ་ལ་སེམས་གཞོལ་བར་འགྱུར་རོ། །དེ་ལས་བཟློག་པ་ནི་དཀར་པོའི་ཕྱོགས་སུ་རིག་པར་བྱའོ། །ཁྱོད་ནི་གཅིག་པུ་དགོན་པར་བསམ་གཏན་རྩོམ། །ནོར་མེད་གྱུར་ཏམ་འོན་ཏེ་སྒྲུབ་པ་ཡོད། །གྲོང་དུ་ཉེས་པ་འབའ་ཞིག་བྱས་གྱུར་ཏམ། །ཅིའི་ཕྱིར་སྐྱེ་བོ་དག་དང་བཤེས་མི་བྱེད། །ཁྱོད་ནི་སུ་དག་དང་ཡང་བཤེས་པ་མེད། །འདི་ན་དགའ་བདེའི་ངོ་བོའི་སྡེ་བཏུལ་ནས། །དོན་ཐོབ་པས་ན་འདི་ན་སྙིང་ཞི་གྱུར། །ང་ནི་གཅིག་པུ་བསམ་གཏན་བདེ་བ་མྱོང༌། །དེ་ཕྱིར་སྐྱེ་བོ་དག་དང་བཤེས་མི་བྱེད། །ང་ནི་སུ་དག་དང་ཡང་བཤེས་པ་མེད། །ཞེས་བྱ་བ་ནི་གཞོན་ནུ་མས་ཞུས་པའི་ཚིགས་སུ་བཅད་པ་ཡིན་ནོ། །དོན་ཐོབ་པ་ནི་རྣམ་པ་གཉིས་ཏེ། དགེ་སྦྱོང་གི་ཚུལ་གྱི་དོན་ཐོབ་པ་དང༌། འཕགས་པའི་རྫུ་འཕྲུལ་གྱི་དོན་ཐོབ་པའོ། །དེ་ལ་དོན་ཐོབ་པ་ནི་གཅིག་ནི་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་བ་ཡིན་ནོ། །ཅིག་ཤོས་ནི་རྣམ་པར་ཐར་པ་བརྒྱད་བསམ་གཏན་དུ་བྱེད་པས་ཚེ་འདི་ཉིད་ལ་བདེ་བར་གནས་པར་བྱ་བ་ཡིན་ནོ། །དེ་ལ་ཡང་གཅིག་ནི་དགའ་བ་དང་བདེ་བའི་ངོ་བོའི་བདུད་ཀྱི་སྡེ་ཕམ་པར་འགྱུར་བ་ཡིན་ནོ། །ཅིག་ཤོས་ནི་གཅིག་པུ་བསམ་གཏན་བྱེད་པས་བདེ་བའི་མཆོག་ལ་ལོངས་སྤྱོད་པར་འགྱུར་བ་ཡིན་ཏེ། དོན་གྱི་སྐབས་འདིར་འཕགས་པའི་རྫུ་འཕྲུལ་ལ་བྱ་བར་བཞེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ན་ཁ་ཅིག་འཕགས་པའི་རྫུ་འཕྲུལ་དོན་དུ་བསྒྲུབ་པའི་ཕྱིར། ཟད་པར་གྱི་སྐྱེ་མཆེད་བཅུ་ལ་བརྟེན་ནས་རྣམ་པར་ཐར་པ་ཡོངས་སུ་དག་པར་བྱ་བ་ལ་བརྩོན་པར་བྱེད་དེ། འདི་ལྟར་ཟད་པར་གྱི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཡོངས་སུ་རྫོགས་ཤིང་ཡོངས་སུ་དག་ན་རྣམ་པར་ཐར་པ་ཡང་ཡོངས་སུ་དག་ཅིང་ཡོངས་སུ་བྱང་བར་འགྱུར་ལ། འཕགས་པའི་རྫུ་འཕྲུལ་གྱི་དོན་ཡང་འགྲུབ་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་དེ་ཡོངས་སུ་གྲུབ་པར་ཤེས་ཏེ། བདག་གི་དོན་ནི་ཡོངས་སུ་གྲུབ་པོ་སྙམ་དུ་དེ་ལྟར་ཤེས་ནས། དེ་དགེ་སྦྱོང་ཚུལ་གྱི་
དོན་དང་ལྡན་པའི་དགེ་སྦྱོང་དུ་འགྱུར་ཏེ། ནོར་འདོད་པ་དེ་དང༌། ཉེས་པ་དེ་དག་དང༌། ཡུལ་གྱི་མི་དང་བཤེས་པའི་ཐོག་མ་ཡང་ཤེས། ཉེས་དམིགས་དང་ངེས་པར་འབྱུང་བ་དང༌། ངེས་པར་འབྱུང་བར་འགྲོ་བའི་ལམ་ཡང་ཤེས་སོ། །དེ་ལ་ཐོག་མ་ཞེས་བྱ་བ་ནི། དེ་དག་སྐྱེ་བའི་གཞི་ཡིན་ནོ། །ཉེས་དམིགས་ནི་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། འགྱུར་བའི་ཆོས་ཅན་ཡིན་ནོ། །ངེས་པར་བྱུང་བ་ནི་འདུན་པའི་འདོད་ཆགས་འདུལ་བ་དང༌། སྤོང་བ་ཡང་དག་པར་འདའ་བ་ཡིན་ནོ། །ངེས་པར་འབྱུང་བ་ལ་འགྲོ་བའི་ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་ནོ། །དེའི་ཕྱིར་ཐོག་མ་མཐོང་བ་ནས། ངེས་པར་འབྱུང་བར་འགྲོ་བའི་ལམ་གྱི་བར་དུ་མཐོང་བའི་ཕྱིར། སེམས་ཅན་ནོར་དང་ལྡན་པ་གང་ཡིན་པ་དེ་དག་ཉེས་པ་མེད་པ་དང༌། ཡུལ་གྱི་མི་དང་བཤེས་པར་བྱེད་པ་དེས་སྙིང་ཞི་བར་འཛིན་ཅིང༌། ཁྱིམ་ན་གནས་པ་ལས་མངོན་པར་བྱུང་བ་རྣམ་པར་ཐར་པ་བརྒྱད་བསམ་གཏན་བྱེད་པ་རྣམས་ཀྱི་སྙིང་ཞི་བ་ལ་སྐུར་པ་འདེབས་པ་དེ་དག་གི་སྙིང་ཞི་བ་གང་ཡིན་པ་དེ་ལེགས་པར་མ་མཐོང་སྟེ། ལེགས་པར་མ་རིག་ལེགས་པར་མ་བརྟེན། ལེགས་པར་མ་རྟོགས་སོ། །དེས་ནི་ཡང་དག་པར་སྙིང་ཞི་བ་གང་ཡིན་པ་དེ་འདི་ལས་བཟློག་པ་ལས་ལེགས་པར་མཐོང་བས་ན། ལེགས་པར་རྟོགས་པའི་བར་དུ་སྦྱར་རོ། །བཤད་པ་འདིའི་མདོར་ལན་བཏབ་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་འདོད་པ་ལ་ལོངས་སྤྱོད་ཅིང༌། འདྲེ་བར་གནས་པ་རྣམས་ཀྱི་སྙིང་ནི་ཡང་དག་པར་རབ་ཏུ་མ་ཞི་བ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་རྣམས་ཀྱི་ཟང་ཟིང་མེད་པའི་སྙིང་ནི་ཡང་དག་པར་ཞི་བར་བསྟན་ཏེ། འདི་ནི་མདོར་ལན་བཏབ་པ་ཡིན་པར་རིག་པར་བྱའོ། །ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་དང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འགག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། ཕུང་པོ་རྣམས་དང༌། ཉེ་བར་ལེན་པའི་ཕུང་པོ་རྣམས་ནི་འདུ་བྱེད་རྣམས་ཞེས་བྱའོ། །དོན་གྱི་སྐབས་འདི་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཁོ་ན་ལ་བྱ་བར་བཞེད་དོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཀྱང་མདོར་བསྡུ་ན་
རྣམ་པ་གསུམ་སྟེ། འདས་པ་རྣམས་དང༌། མ་འོངས་པ་རྣམས་དང༌། ད་ལྟར་བྱུང་བ་རྣམས་སོ། །དེ་ལ་འདུ་བྱེད་མི་རྟག་པ་ནི་འདུ་བྱེད་དེ་དག་ཉིད་སྔ་ན་མེད་པ་ལས་འབྱུང་བ་དང༌། སྔར་འབྱུང་བ་ལས་འཇིག་པ་གང་ཡིན་པའོ། །དེ་ལ་འདས་པའི་ཚེ་རབས་དག་ཏུ་འདས་པའི་ལུས་ཐོབ་པ་རྣམས་ཀྱི་ཕུང་པོ་མངོན་པར་འདས་ཤིང་འགགས་པ་གང་ཡིན་པ་དེ་དག་བྱུང་ནས་མེད་པར་གྱུར་པས་ན་མི་རྟག་པའོ། །མ་འོངས་པའི་ཚེ་རབས་དག་ཏུ་མ་འོངས་པའི་ལུས་ཐོབ་པ་རྣམས་ཀྱི་ཕུང་པོ་མ་སྐྱེས་ཤིང་མ་བྱུང་ལ། མེད་པར་མ་གྱུར་ཏེ། སྐྱེ་བར་འགྱུར་བའི་སྐལ་བ་ཅན་གང་ཡིན་པ་དེ་དག་ནི་སྐྱེ་བའི་ཆོས་ཅན་ཡིན་ནོ། །ད་ལྟར་བྱུང་བའི་ཚེ་རབས་དག་ཏུ་ད་ལྟར་བྱུང་བའི་ལུས་ཐོབ་པ་རྣམས། གནས་ཤིང་འཚོ་ལ་སྡོད་པའི་སེམས་ཅན་རྣམས་ཀྱི་ཕུང་པོ་འཆི་བའི་ཆོས་ཅན་འཆི་འཕོ་བའི་འགག་པས་འགག་པར་འགྱུར་བའི་སྐལ་བ་ཅན་གང་ཡིན་པ་དེ་དག་ནི་འཇིག་པའི་ཆོས་ཅན་ནོ། །དེ་ལ་མ་འོངས་པ་དག་ན་ཕུང་པོའི་ལུས་འཐོབ་པར་འགྱུར་བ་སྐྱེ་བའི་ཆོས་ཅན་གང་ཡིན་པ་དེ་དག་ལ་ཡང་ལུས་འཐོབ་པ་གང་རྟག་པ་དང༌། བརྟན་པ་ནས། ཡང་དག་པ་དེ་ཁོ་ན་བཞིན་དུ་གནས་པའི་བར་དེ་ནི་མེད་ཀྱི། སྐྱེས་ཤིང་སྐྱེས་ཤིང་འགག་པ་ཁོ་ནར་ཟད་དོ། །དེ་ལ་ཚེ་འདི་ཉིད་ལ་མ་འོངས་པའི་ཕུང་པོའི་རྒྱུ་ཡོངས་སུ་ཟད་པར་གྱུར་པའི་སེམས་ཅན་རྣམས་ཀྱི་མ་འོངས་པའི་ལུས་ཀྱི་ཕུང་པོ་ཐམས་ཅད་དུ་མངོན་བར་མི་འགྲུབ་པ་གང་ཡིན་པ་དེ་ནི་དེ་དག་ཉེ་བར་ཞི་བའོ། །ཉེ་བར་ཞི་བ་དེ་ཡང་རྣམ་པ་གཉིས་ཀྱི་བདེ་བ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་ཐམས་ཅད་འགགས་པས་གནས་ངན་ལེན་ཐམས་ཅད་རྒྱུན་ཆད་པའི་ཕྱིར་ཚེ་འདི་ཉིད་ལ་བདེ་བར་གནས་པས་བདེ་བ་དང༌། ཕྱི་མ་ལ་ཡང་སྐྱེ་བ་དང༌། རྒ་བ་དང༌། ན་བ་ལ་སོགས་པའི་སྡུག་བསྔལ་ལས་རྣམ་པར་ཐར་པའི་ཕྱིར་བདེ་བའོ། །བཤད་པ་འདིའི་མདོར་བསྟན་པ་ནི་མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་ཡང་དག་པའི་ལྟ་བའི་གནས་དང༌། ཡང་དག་པའི་ལྟ་བའི་འབྲས་བུ་བསྟན་ཏོ། །རྣམ་གྲངས་གཞན་ཡང་ཡོངས་སུ་ཤེས་པའི་གནས་དང༌། སྤོང་བ་ཡང་བསྟན་ཏོ། །ཡང་ཡོངས་སུ་ཤེས་
པར་བྱ་བའི་ཆོས་རྣམས་དང༌། ཡོངས་སུ་ཤེས་པ་ཡང་མ་ཡིན་ནོ། །ཡང་དུས་གསུམ་གྱི་འདུ་བྱེད་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། དེ་རྣམ་པར་ཞི་བས་རྣམ་པར་བྱང་བ་ཡང་བསྟན་ཏོ། །ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་འགག་པ་ཡང་བསྟན་ཏོ། །ཡང་སྡུག་བསྔལ་གྱི་བདེན་པ་དང༌། འགོག་པའི་བདེན་པ་ཡང་བསྟན་ཏོ། །ཡང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། སྨོན་པ་མེད་པའི་གནས་དང༌། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་གནས་ཀྱང་བསྟན་ཏོ། །ཡང་བདེན་པ་མངོན་པར་རྟོགས་པ་དང༌། མི་མཐུན་པའི་ཆོས་གཉིས་ཏེ། སྤྲོས་པ་ལ་འཇུག་པ་དང༌། སྤྲོས་པ་མེད་པས་སྐྲག་པ་སྤོང་བའི་གནས་ཀྱང་བསྟན་ཏོ། །ཡང་འདི་ལས་ཕྱི་རོལ་པའི་གཉེན་པོའི་ཆོས་འདི་ལ་ཕྱི་རོལ་པ་དག་དང་ཐུན་མོང་མ་ཡིན་པ་གཉིས་ལ་འདི་ལྟ་སྟེ། ཤེས་པར་བྱ་བ་ཕྱིན་ཅི་ལོག་པ་དང༌། ཕྱིན་ཅི་མ་ལོག་པ་ཉིད་ཀྱང་བསྟན་ཏེ། །བག་ཡོད་པ་ནི་འཆི་མེ་དག་ནས། །བག་མེད་པ་ནི་འཆི་བའི་གནས། །བག་ཡོད་རྣམས་ནི་འཆི་བ་མེད། །བག་མེད་རྣམས་ནི་རྟག་ཏུ་འཆི། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། བག་ཡོད་པ་ཇི་ལྟར་འཆི་བ་མེད་པའི་གནས་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་རྟེན་བཞི་ལ་བརྟེན་ནས་ཀུན་དུ་བསྲུང་བ་རྣམ་པ་བཞི་ལ་གནས་ཏེ། སྲོག་ཀུན་དུ་བསྲུང་བ་དང༌། ཉམས་སྟོབས་ཀུན་དུ་བསྲུང་བ་དང༌། སེམས་ཀྱི་ཀུན་ནས་ཉོན་མོངས་པ་ཀུན་དུ་བསྲུང་བ་དང༌། ཡང་དག་པའི་སྦྱོར་བ་ཀུན་དུ་བསྲུང་བའོ། །འདི་ནི་བག་ཡོད་པ་ཞེས་བྱ་སྟེ། དེ་བག་ཡོད་པ་དེ་ལ་རྟེན་ཅིང་གནས་ནས། མྱ་ངན་ལས་འདས་པའི་ཚོགས་ཡོངས་སུ་མ་རྫོགས་པ་ནི་ཡོངས་སུ་རྫོགས་པར་བྱེད་ལ། མྱ་ངན་ལས་འདའ་བའི་ཚོགས་ཡོངས་སུ་རྫོགས་པ་ནི་ཚེ་འདི་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ལྟ་བུའོ། །བག་མེད་པ་ཇི་ལྟར་འཆི་བའི་གནས་ཡིན་ཞེ་ན། འདི་ལྟར་འདི་ན་ཁྱིམ་པ་གོས་དཀར་པོ་ཅན་ལ་ལ་ལྷག་པར་ཞེན་པས་འདོད་པ་ལ་ཡོངས་སུ་སྤྱོད་ཅིང༌། མི་དགེ་བའི་ལས་དག་ཀྱང་བྱེད་པའམ། རབ་ཏུ་བྱུང་བ་ཀུན་དུ་བསྲུང་བ་རྣམ་པ་བཞི་པོ་ཡང་དག་པའི་སྦྱོར་བ་ཀུན་དུ་བསྲུང་བའི་བར་རྣམས་ལ་མི་སྣང་བར་ཡང་
རུང་སྟེ། ཁྱིམ་པའི་ཕྱོགས་སུ་གཏོགས་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པའི་ཕྱོགས་དེ་གཉི་ག་ནི་བག་མེད་པ་ཞེས་བྱ་སྟེ། དེས་བག་མེད་པ་དེ་ལ་བརྟེན་ཅིང་གནས་ནས། སྐྱེ་བའི་རྩ་བ་ཅན་གྱི་འདུ་བྱེད་རྣམས་ལ་མངོན་པར་དགའ་ཞིང༌། སྐྱེ་བའི་རྩ་བ་ཅན་གྱི་ལས་རྣམས་ཀྱང་བྱེད་དོ། །དེའི་རྒྱུས་སྐྱེ་བར་འགྱུར་རོ། །སྐྱེས་ནས་ཀྱང་འཆི་བའི་དུས་བྱེད་པ་ལྟ་བུའོ། །བག་ཡོད་པ་རྣམས་ནི་ཇི་ལྟར་མི་འཆི་ལ། བག་མེད་པ་རྣམས་ནི་ཇི་ལྟར་རྟག་ཏུ་ཤི་ཞེ་ན། འཆི་བ་ནི་རྣམ་པ་ལྔ་སྟེ། དུལ་བའི་འཆི་བ་དང༌། མ་དུལ་བའི་འཆི་བ་བ་དང༌། འདས་པ་དང༌། ད་ལྟར་བྱུང་བ་དང༌། མ་འོངས་པའི་འཆི་བ་རྣམས་སོ། །དེ་ལྟར་བག་ཡོད་པ་ཤིན་ཏུ་བསྒོམས་པའི་གང་ཟག་ནི་ད་ལྟར་བྱུང་བའི་དུས་ན་དུལ་བས་འཆི་བས་འཆི་བ་ན། འདས་པ་ལ་བརྟེན་ནས། འདས་པའི་འཆི་བས་ཤི་བ་ཡིན་ཞིང༌། མ་དུལ་བའི་འཆི་བས་ཤི་བ་ཡང་ཡིན་ནོ། །ད་ལྟར་བྱུང་བའི་དུས་ན་ནི་མ་དུལ་བའི་འཆི་བས་འཆི་བ་མ་ཡིན་ནོ། །མ་འོངས་པའི་དུས་ན་ནི་དུལ་བའི་འཆི་བས་འཆི་བ་ཡང་མེད། མ་དུལ་བའི་འཆི་བས་འཆི་བ་ཡང་མེད་དེ། དེ་བས་ན་འཆི་བ་མེད་པ་ཞེས་བྱ་བའོ། །བག་མེད་པའི་གང་ཟག་ནི་ད་ལྟར་བྱུང་བའི་དུས་ན་མ་དུལ་བའི་འཆི་བས་འཆི་བ་ན་འདས་བའི་དུས་ན་ཡང་མ་དུལ་བའི་འཆི་བས་ཤི་བར་གྱུར་ལ། ད་ལྟར་བྱུང་བའི་དུས་ན་ཡང་མ་དུལ་བའི་འཆི་བ་ཉིད་ཀྱིས་འཆི་ཞིང༌། མ་འོངས་པའི་དུས་ན་ཡང་མ་དུལ་བའི་འཆི་བ་ཉིད་ཀྱིས་འཆི་བར་འགྱུར་ཏེ། དེ་བས་ན་རྟག་ཏུ་ཤི་བ་ཞེས་བྱའོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན་བཅོམ་ལྡན་འདས་ཀྱིས་བག་ཡོད་པའི་གང་ཟག་གི་ལམ་གྱི་བདེན་པ་དང༌། འགོག་པའི་བདེན་པ་དང༌། བག་མེད་པའི་གང་ཟག་གི་ཀུན་འབྱུང་བའི་བདེན་པ་དང༌། སྡུག་བསྔལ་གྱི་བདེན་པ་བསྟན་ཏོ། །ཡང་གནས་དང་གནས་མ་ཡིན་པ་དང༌། ལས་བདག་གིར་བྱ་བ་བསྟན་ཏེ། ཕྱེད་གོང་མས་ནི་གནས་དང་གནས་མ་ཡིན་པ་བསྟན་ཏོ། །ཕྱེད་འོག་མས་ནི་ལས་བདག་གིར་བྱ་བ་བསྟན་ཏོ། །ཡང་ཕྱེད་གོང་མ་ས་ནི་ཉན་པ་རྣམས་ལ་སྟོན་པའི་བྱ་བ་བསྟན་ཏོ། །ཕྱེད་འོག་མས་ནི་ཉན་པ་རྣམས་ཀྱི་རང་གི་དོན་གྱི་བྱ་བ་བསྟན་ཏོ།།
རྟོག་པས་རབ་ཏུ་བཅོམ་པའི་སྐྱེ་བ་བོ། །འདོད་ཆགས་ཤས་ཆེར་སྡུག་པར་ལྟ་བ་ནི། །སྲེད་པ་ཕྱིར་ཞིང་རྣམ་པར་འཕེལ་འགྱུར་ཏེ། །དེས་ནི་དེ་ཡི་འཆིང་བ་དམ་པར་བྱེད། །ཅེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། ཇི་ལྟར་ན་རྟོག་པས་རབ་ཏུ་བཅོམ་པ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་སྔོན་ཐོབ་ཅིང་སྔོན་ཡོངས་སུ་སྤྱད་པའི་འདོད་པ་རྣམས་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ན་མི་དགེ་བའི་རྟོག་པ་སྡིག་པ་ཅན་ཞེན་པ་ལ་བརྟེན་པ་ལ་རྟོག་པར་བྱེད་པ་ལྟ་བུའོ། །ཇི་ལྟར་ན་འདོད་ཆགས་ཤས་ཆེ་བ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་སྔོན་གྱི་ཚེ་རབས་གཞན་དག་ཏུ་འདོད་པའི་འདོད་ཆགས་ཀུན་དུ་བརྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེའི་རྒྱུས། དེ་ད་ལྟར་སྔོན་ཐོས་པ་དང༌། སྔོན་ཡོངས་སུ་སྤྱད་པའི་འདོད་པ་རྣམས་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས། འདོད་པའི་འདོད་ཆགས་ཀྱིས་སེམས་འཇོམས་པར་བྱེད་པ་ལྟ་བུའོ། །ཇི་ལྟར་ན་སྡུག་པར་ལྟ་བ་ཡིན་ཞེ་ན། འདི་ལྟར་འདི་ན་ལ་ལ་ལུས་མ་བསྲུངས་ཤིང་དབང་པོ་ཡང་དག་པར་མ་བསྡམས་ལ་དྲན་པ་ཉེ་བར་མ་བཞག་པས་གྲོང་དུ་རྒྱུ་བ་ན། བུད་མེད་གཞོན་ནུ་ཁ་དོག་རྒྱས་ཤིང་ཆགས་སུ་རུང་བ་མཐོང་ལ་ཚུལ་བཞིན་མ་ཡིན་པའི་སྡུག་པའི་མཚན་མ་འཛིན་པར་བྱེད་ཅིང༌། དེའི་རྒྱུས་ཡོངས་སུ་གདུང་བར་འགྱུར་ཏེ། ལུས་དང་སེམས་ཀྱིས་ཡོངས་སུ་གདུང་བར་འགྱུར་བ་ལྟ་བུའོ། །སྲེད་པ་འཕེལ་བར་ཇི་ལྟར་རིག་པར་བྱ་ཞེ་ན། རྟགས་དང་མཚན་མ་རྣམ་པ་ལྔས་སྲེད་པ་འཕེལ་བར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་འདོད་པའི་དངོས་པོ་ངན་པ་ལ་ཡང་འདོད་པའི་འདོད་ཆགས་དྲག་པོའི་ཀུན་ནས་དཀྲིས་པས་ལྷག་པར་ཞེན་ན་བཟང་པོ་ལྟ་ལ་ཅི་སྨོས་ཆོས་མ་ཡིན་པས་བབ་ཅོལ་དུ་ཕལ་ཆེར་ལོངས་སྤྱོད་སྒྲུབ་པར་བྱེད་ཀྱི། ཆོས་ཀྱིས་ནི་མ་ཡིན་ཏེ། ཡོ་བྱད་ཀྱང་ཤས་ཆེར་ཀུན་དུ་འཛིན་ཏོ། །དེ་དངོས་པོ་མི་གཅེས་ཤིང་མི་འཁོལ་བ་ཡང་ཡོངས་སུ་གཏོང་བར་མི་འདོད་ན། གཅེས་པ་ལྟ་ཅི་སྨོས། ལོངས་སྤྱོད་ཉུང་ངུ་དང་ཐ་ཆད་དག་གི་ཕྱིར་ཡང་ལུས་དང་ངག་གི་ཉེས་པར་སྤྱོད་པ་མང་པོ་བྱེད་ན་མང་པོ་དང་མཆོག་རྣམས་ཀྱི་ཕྱིར་ལྟ་ཅི་སྨོས། ལེགས་པར་སྤྱད་པ་ཡང་དག་པར་བླངས་པ་ཆུང་ངུ་ལ་ཡང་དེའི་
སེམས་མི་འཇུག་ཅིང་མི་དགའ་ན། མང་པོ་ལྟ་ཅི་སྨོས་ཏེ། མྱ་ངན་ལས་འདས་པ་ནི་ཐོས་པར་ཡང་མི་འདོད་ན། ཐོབ་པར་ལྟ་ག་ལ་འདོད་པ་ལྟ་བུའོ། །འཆིང་བ་དམ་པོ་གང་ཞེ་ན། རྣམ་པ་གསུམ་གྱིས་འཆིང་བ་དམ་པོར་འགྱུར་བར་རིག་པར་བྱ་སྟེ། བརྟན་པ་དང༌། སྡུག་བསྔལ་གྱི་འདུས་ཏེ་རེག་པ་དང༌། ཡུན་རིང་པོར་རྗེས་སུ་འབྲེལ་པའོ། །དེ་ལ་ཚེ་འདིའི་ཉེས་པར་སྤྱོད་པའི་རྩ་བ་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་རྣམས་ཀྱིས་ནི་འཆིང་བ་བརྟན་པར་རིག་པར་བྱའོ། །སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང་ཡི་དགས་སུ་སྐྱེ་བས་ནི། སྡུག་བསྔལ་གྱི་འདུས་ཏེ་རེག་པ་དང༌། རྒྱུན་མི་འཆད་པར་འབྱུང་བས་ནི་ཡུན་རིང་བ་རྗེས་སུ་འབྲེལ་པར་རིག་པར་བྱའོ། །བཤད་པ་འདིའི་མདོར་བསྟན་པ་ནི་རྣམ་པར་འཇིག་པའི་རྒྱུ་རྣམ་པ་གཉིས་ལ་བརྟེན་ནས་འཇིག་པ་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། རྣམ་པར་འཇིག་པའི་རྒྱུ་གཉིས་གང་ཞེ་ན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་སྟོབས་དང༌། རྒྱུའི་སྟོབས་སོ། །རྣམ་པར་འཇིག་པའི་རྣམ་པ་གཉིས་གང་ཞེ་ན། ཡོངས་སུ་ཚོལ་བ་རྣམ་པར་འཇིག་པ་དང༌། ལོངས་སྤྱོད་རྣམ་པར་འཇིག་པའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་སྟོབས་གང་ཞེ་ན། སྤྱད་ཟིན་པའི་ཡུལ་རྗེས་སུ་དྲན་པའི་རྒྱུ་ལས་བྱུང་བ་རྣམ་པར་རྟོག་པ་ངན་པ་དང༌། ཡུལ་མངོན་སུམ་དུ་གྱུར་པའི་རྒྱུ་ལས་བྱུང་བའི་མཚན་མ་ངན་པ་འཛིན་པ་སྟེ། དེ་ཡང་གནས་པ་དང༌། རྒྱུ་ཞིང་འགྲོ་བའི་ཚེའོ། །རྒྱུའི་སྟོབས་གང་ཞེ་ན། ཆགས་སུ་རུང་བའི་ཡུལ་རྣམས་ལ་སྔ་ནས་འདོད་ཆགས་ལ་གོམས་པའོ། །ཡོངས་སུ་ཚོལ་བའི་རྣམ་པར་འཇིག་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་རྣམ་པར་འཇིག་པའི་རྒྱུ་འདི་གཉིས་དང་ལྡན་པས་ཆོས་མ་ཡིན་པས་བབ་ཅོལ་དུ་ལོག་པའི་ལོངས་སྤྱོད་རྣམས་ལ་སོགས་པའི་ཕྱིར་ཡོངས་སུ་ཚོལ་བར་བྱེད་པ་ལྟ་བུའོ། །ལོངས་སྤྱོད་རྣམ་པར་འཇིག་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་བདེ་བ་དང་མཐུན་པ་དང༌། སྡུག་བསྔལ་བ་དང་མཐུན་པ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དང་མཐུན་པའི་ཡུལ་ཐོབ་པ་རྣམས་ལས། ཁ་ཅིག་ལ་ནི་ཆགས་པ་དང་ཞེན་པར་འགྱུར་བ་ནས། རྒྱས་
པར་ངེས་པར་འབྱུང་བ་མི་ཤེས་པས་ལོངས་སྤྱོད་པའི་བར་དུ་སྦྱར་རོ། །ཁ་ཅིག་ལ་ནི་ཞེ་སྡང་ཞིང༌། ཞེ་སྡང་གིས་ཟིལ་གྱིས་ནོན་པར་འགྱུར་རོ། །ཁ་ཅིག་ལ་ནི་རྨོངས་ཤིང་གཏི་མུག་གིས་ཟིལ་གྱིས་ནོན་པར་འགྱུར་རོ། །དེ་དེ་ལྟར་ཆགས་ཤིང་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པ་ནས། གཏི་མུག་གི་བར་གྱིས་ཟིལ་གྱིས་ནོན་པ་དང༌། ལུས་དང་ངག་དང༌། ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་དེ། དེས་ནི་འདོད་ཆགས་ཀྱི་འཆིང་བ་ཡང་དམ་པོར་བྱེད་ལ། ཞེ་སྡང་གི་འཆིང་བ་དང༌། གཏི་མུག་གི་འཆང་བ་དང༌། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་ཀྱི་འཆིང་བ་ཡང་དམ་པོར་བྱེད་དོ། །རྣམ་གྲངས་གཞན་ཡང་སྲེད་པའི་ཀུན་དུ་སྦྱོར་བ་དང་ལྡན་པའི་སྐྱེས་བུའི་གང་ཟག་ལ་ནི་མདོར་བསྡུ་ན། ཀུན་ནས་ཉོན་མོངས་པ་རྣམ་པ་བདུན་ནི་སྲེད་པར་བྱ་བར་རིག་པར་བྱ་སྟེ། རྗེས་སུ་དྲན་པའི་ཀུན་ནས་ཉོན་མོངས་པ་དང༌། རང་དབང་མེད་པའི་ཀུན་ནས་ཉོན་མོངས་པ་དང༌། ཡུལ་གྱི་ཀུན་ནས་ཉོན་མོངས་པ་དང༌། ཡོངས་སུ་གདུང་བའི་ཀུན་ནས་ཉོན་མོངས་པ་དང༌། བདེ་འགྲོ་དང་ལྡན་པའི་ཀུན་ནས་ཉོན་མོངས་པ་དང༌། ངན་འགྲོ་དང་ལྡན་པའི་ཀུན་ནས་ཉོན་མོངས་པ་དང༌། ལྟ་བའི་ཀུན་ནས་ཉོན་མོངས་པའོ། །རྗེས་སུ་དྲན་པའི་ཀུན་ནས་ཉོན་མོངས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་སྔོན་ལོངས་སྤྱོད་ཅིང་ཆགས་སུ་རུང་བ་རྣམས་ཚུལ་བཞིན་མ་ཡིན་པ་ཡིད་ལ་དྲན་པས། འདོད་པ་དང༌། སྲེད་པ་དང༌། དོན་དུ་གཉེར་བས་སེམས་འཇོམས་པར་བྱེད་པ་ལྟ་བུའོ། །རང་དབང་མེད་པའི་ཀུན་ནས་ཉོན་མོངས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་སྔོན་འདོད་ཆགས་ཀྱི་ཆོས་ཀུན་དུ་བསྟེན་པས། ད་ལྟར་རང་བཞིན་གྱིས་འདོད་ཆགས་ཤས་ཆེ་བ་ཡིན་ཏེ། ཆགས་སུ་རུང་བའི་ཡུལ་ལ་ཚུལ་བཞིན་དུ་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་དུ་ཟིན་ཀྱང༌། འདོད་པ་ནས་སེམས་འཇོམས་པར་བྱེད་པའི་བར་དུ་སྟེ། འདི་ལྟར་འདོད་ཆགས་ཤས་ཆེ་བ་དེས་སེམས་རང་དབང་མེད་པར་ བྱས་པ་ལྟ་བུའོ། །ཡུལ་གྱི་ཀུན་ནས་ཉོན་མོངས་པ་གང ་ཞེ་ན། འདི་ལྟར་འདི་ན་ལ་ལ་གྲོང་ངམ་གྲོང་རྡལ་དུ་རྒྱུ་བ་ན། ཁ་དོག་རྒྱས་ཤིང་ཆགས་སུ་རུང་བའི་ཡུལ་མངོན་སུམ་དུ་གྱུར་པའི་ཚེ།
ཡུལ་རྒྱས་པའི་ཕྱིར་དེའི་རྣམ་པར་ཤེས་པ་ཡུལ་གྱི་སྡུག་པའི་མཚན་མའི་རྗེས་སུ་འབྲང་བས་སེམས་ཀུན་ནས་དཀྲིས་ཤིང་འདུག་སྟེ། དེའི་རྒྱུས་དེའི་འདོད་པ་དང༌། སྲེད་པ་དང༌། དོན་དུ་གཉེར་བ་སྐྱེ་བར་འགྱུར་བ་ལྟ་བུའོ། །ཡོངས་སུ་གདུང་བའི་ཀུན་ནས་ཉོན་མོངས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་སྲེད་པ་འཕེལ་བར་བྱེད་པའི་ཀུན་ནས་ཉོན་མོངས་པ་གསུམ་པོ་དེ་དག་གིས་བདག་གི་སྲེད་པ་བསྐྱེད་ནས་ལོངས་སྤྱད་ཟིན་པའི་ཡུལ་རྣམས་ལ་ཡང་ལྟ་བ་དང༌། མ་འོངས་པ་རྣམས་ཀྱི་ཆེད་དང༌། ད་ལྟར་བྱུང་བ་རྣམས་ལོངས་སྤྱད་པར་བྱ་བའི་ཕྱིར་ཡོངས་སུ་གདུང་བར་འགྱུར་ཏེ། ལུས་དང་སེམས་ཀྱིས་ཡོངས་སུ་གདུང་བར་འགྱུར་བ་ལྟ་བུའོ། །བདེ་འགྲོ་དང་ལྡན་པའི་ཀུན་ནས་ཉོན་མོངས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་སྲེད་པ་དེ་ཉིད་ཀྱི་ཀུན་འབྱུང་བའི་བདེན་པའི་དབང་དུ་བྱས་ནས། གལ་ཏེ་ལུས་ཀྱིས་ལེགས་པར་སྤྱོད་པ་སྤྱད་ཅིང༌། ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་སྤྱད་ནས། ལྷ་རྣམས་སམ་མི་རྣམས་ཀྱི་ནང་དུ་བདེ་འགྲོར་སྐྱེས་ནས། དེ་བདེ་བའི་ཚོར་བ་ལ་མངོན་པར་ཞེན་ནས་ཤིན་ཏུ་བག་མེད་པར་གནས་ཤིང་ཤིན་ཏུ་བག་མེད་པར་ཞུགས་པའོ། །ངན་འགྲོ་དང་ལྡན་པའི་ཀུན་ནས་ཉོན་མོངས་པ་གང་ཞེ་ན། དེ་སྲེད་པ་དེ་ཉིད་ཅེས་བྱ་བ་ནས། རྒྱས་པར་གལ་ཏེ་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་སྤྱད་ནས། དེ་བདེ་བའི་ཚོར་བ་ལུས་ཞིག་པའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དེར་སྐྱེས་ནས་ཤིན་ཏུ་སྡུག་ཅིང་ཡིད་མི་བདེ་བ་དང༌། སྡང་བའི་སེམས་སུ་འགྱུར་ཏེ། སེམས་ཉམས་པར་འགྱུར་རོ། །ལྟ་བའི་ཀུན་ནས་ཉོན་མོངས་པ་ གང་ཞེ་ན། དེ་སྲེད་པ་དེ་ཉིད་ཀྱི་ཀུན་འབྱུང་བའི་བདེན་པའི་དབང་དུ་བྱས ་ནས། གལ་ཏེ་ཀུན་ནས་ཉོན་མོངས་པ་ལ་རྣམ་པར་ཐར་པ་འདོད་པ་དེ་ལ། ཀུན་ནས་ཉོན་མོངས་པ་ལས་རྣམ་པར་ཐར་པའི་ཆོས་ཕྱིན་ཅི་ལོག་ཏུ་སྟོན་པའི་སྡིག་པའི་གྲོགས་པོ་གང་ཡིན་པ་ལ་བརྟེན་ན་དེ་ཕྱིན་ཅི་ལོག་གི་ཆོས་བསྟན་པ་དེ་ལ་བརྟེན་ནས། ཐར་བ་ཡང་ཉམས་སུ་མི་ལེན་ལ། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ལས་གང་
ཡང་རུང་བའི་ལྟ་བ་རྣམ་པར་འཕེལ་བར་བྱེད་དེ། དེ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྨོངས་པའི་དབང་དུ་བྱས་ནས། དེ་ལྟ་བུའི་ཀུན་དུ་སྦྱོར་བ་དང་དེ་དང་ལྡན་པས་འགྲོ་བ་ལྔའི་འཁོར་བ་ནས་ཡོངས་སུ་གྲོལ་བར་མི་འགྱུར་བའོ། །ཆོས་ལ་གནས་ཤིང་ཚུལ་ཁྲིམས་ལྡན། །ངོ་ཚ་ཤེས་ལྡན་བདེན་པར་སྨྲ། །བདག་ཉིད་ཀྱང་ནི་དགའ་བར་བྱེད། །དེ་ལ་སྐྱེ་བོ་དགའ་བར་འཛིན། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ནོ། །ཇི་ལྟར་ན་ཆོས་ལ་གནས་པ་ཡིན་ཞེ་ན། དེ་བཞིན་གཤེགས་པས་གསུངས་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་དགའ་བཞིན་དུ་ཚངས་པར་སྤྱད་པ་སྤྱོད་པའོ། །ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། དེ་ལྟར་རབ་ཏུ་བྱུང་ཞིང་དེ་ལྟར་དགའ་བཞིན་དུ་ཚུལ་ཁྲིམས་རྣམས་ལ་མ་ཉམས་པར་བྱེད་པ་ནས། འདྲེན་མར་མི་བྱེད་པ་དང༌། རྟག་ཏུ་བྱེད་པ་དང༌། རྟག་ཏུ་གནས་པ་དང༌། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པའོ། །ཇི་ལྟར་ན་ངོ་ཚ་ཤེས་པ་དང་ལྡན་པ་ཡིན་ཞེ་ན། གདགས་པར་བྱ་བས་འདོགས་པ་སྟེ། སྡིག་པ་མི་དགེ་བའི་ཆོས་འདི་ལྟ་སྟེ། འཆལ་བའི་ཚུལ་ཁྲིམས་དང་མཐུན་པ་རྣམས་དང༌། ཚུལ་ཁྲིམས་ཉམས་པར་འགྱུར་བའི་གཞི་རྣམས་དང༌། འདི་ལྟ་སྟེ། མཚན་མ་ངན་པ་རྣམས་དང༌། རྟོག་པ་ངན་པ་རྣམས་དང༌། ཉོན་མོངས་པ་རྣམས་དང༌། ཉེ་བའི་ཉོན་མོངས་པ་རྣམས་འབྱུང་བས་འདོགས་པའོ། །ཇི་ལྟར་ན་བདེན་པ་སྨྲ་བ་ཡིན་ཞེ་ན། སྡིག་པ་སྒྲོགས་ཤིང་སྡིག་པ་མི་འཆབ་པ་ཡིན་ཏེ། ཉེས་པ་བྱུང་ན་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བདག་ཉིད་འཆགས་པར་བྱེད་ཅིང༌། ཆོས་བཞིན་དུ་ཕྱིར་ཡང་གསོ་བར་བྱེད་པའོ། །བཤད་པ་འདིའི་མདོར་བསྟན་པ་ནི་མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་རྣམ་པ་བཞིས་ཡོངས་སུ་ཟིན་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཡོངས་སུ་བསྟན་ཏེ། ལེགས་པར་ཡང་དག་པར་བླངས་པ་དང༌། ཡང་དག་པར་བླངས་ནས་ཀྱང་ཉམས་པར་མི་འགྱུར་བར་བྱ་བ་དང༌། ཉམས་པར་འགྱུར་བའི་རྒྱུ་ཡོངས་སུ་སྤང་བ་དང༌། མ་ཤེས་པ་དང་བག་མེད་པས་ཉམས་པར་གྱུར་ན་ཡང་ཆོས་བཞིན་དུ་
ཕྱིར་གསོ་བར་བྱེད་པ་སྟེ། དེ་ནི་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །འདི་ན་གཞན་གྱི་སྡིག་པའི་ལས། །མཐོང་ནས་ངེས་པར་སེམས་བྱེད་པ། །ལས་ཀྱི་འཆིང་བ་སྡིག་ཡིན་ཏེ། །དེ་ནི་བདག་གིས་ཡོང་མི་བྱ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ནོ། །ཇི་ལྟར་ན་གཞན་དག་གི་སྡིག་པའི་ལས་མཐོང་ནས་ངེས་པར་སེམས་པ་ཡིན་ཞེ་ན། འདི་ལྟར་འདི་ནི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཤེས་རབ་ཅན་ཚུལ་བཞིན་དུ་ཆོས་ལ་རྟོག་ནུས་པ་ལས། ཕ་རོལ་ཉེས་པར་སྤྱོད་པ་ཀུན་དུ་སྤྱོད་པའི་ཕྱིར་སུན་པར་གྱུར་བ་གནོད་པ་བྱེད་པ་ཞིག་རྒྱལ་པོ་ལ་ཞོ་ཤས་འཚོ་བ་རྣམས་ཀྱིས་བཟུང་ནས། རྒྱལ་པོ་ལ་ཕུལ་བ་ནས། རྒྱས་པར་མདོ་ལས་འབྱུང་བ་བཞིན་དུ་བསད་པའི་བར་དུ་མཐོང་ལ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཚེ་འདིའི་སྡིག་པ་མི་དགེ་བའི་ལས་ཀྱིས་ཚེ་འདི་ཉིད་ལ་མི་བཟད་པའི་འབྲས་བུ་རྣམ་པར་སྨིན་པ་ཉམས་སུ་མྱོང་བ་དག་སྣང་བ་ལས་ན། སྡིག་པ་མི་དགེ་བའི་ལས་ནི་མ་བྱས་ཤིང་མི་བྱེད་ལ། མ་བརྩམས་ཤིང་མ་སྤྱད་ན་ལེགས་སོ་སྙམ་མོ། །ཡང་དེ་ཉིད་ཀྱིས་ལུག་གསོད་པའམ། བྱ་གག་གསོད་པའམ། ཕག་གསོད་པ་ནས། རྒྱས་པར་སྡོམ་པ་མ་ཡིན་པའི་ཚོགས་ཀྱི་བར་དུ་རིག་པར་བྱ་སྟེ། དེ་ལས་དེ་དང༌། བཟོ་དེ་དང༌། འཚོ་བ་དེས་གླང་པོ་ཆེ་ལ་ཞོན་པའམ། རྟ་འམ། ཤིང་རྟའམ། ཁྱོགས་ལ་ཞོན་པ་ཡང་མེད་ལ། རྒྱུ་དེས་ནོར་གྱི་ཕུང་པོ་ཆེན་པོ་བསྒྲུབས་ཏེ་གནས་པ་ཡང་མེད་ན། འཇིག་རྟེན་ན་ཡང་རྣམ་པར་སྨད་པ་དང༌། རྣམ་པར་བཤད་པ་ཡིན་ལ། འཇིག་རྟེན་པ་རྣམས་ཀྱིས་ཀྱང༌། ལུས་ཀྱི་རེག་པའི་ལོངས་སྤྱོད་ཙམ་གྱི་སླར་ཡང་མི་འདོད་ན། དམ་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པ་དག་ཀྱང་མཐོང་ན། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །ཡང་དེ་ཉིད་ཀྱིས་ཕ་རོལ་ཕྱུག་ལ་ནོར་མང་ཞིང་ལོངས་སྤྱོད་ཆེ་ལ། དེ་ཡང་ལེ་ལོ་ཅན་བག་མེད་པར་གནས་ཏེ། དེ་དེ་ལྟར་གནས་པས་ཉིན་མཚན་དེ་དང་དེ་དག་འདས་ཤིང་ལོངས་སྤྱོད་རྣམས་ཡོངས་སུ་ཉམས་པ་དང༌། འཁོར་དང་ལས་ཀྱི་མཐའ་རྣམས་དང༌། དགེ་བའི་ཆོས་
རྣམས་ཀྱང་ཡོངས་སུ་ཉམས་པ་དག་མཐོང་ལ། མཐོང་ནས་ཀྱང་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །ཡང་དེ་ཉིད་ཀྱིས་སེམས་ཅན་གྱི་ལུས་ཀྱི་བྱེ་བྲག་རྣམ་པ་སྣ་ཚོགས་མཐོང་སྟེ། སེམས་ཅན་ཁ་ཅིག་ནི་དམུས་ལོང་དང༌། བཙས་ནས་འོན་པ་དང༌། བཙས་ནས་ལྐུགས་པ་དང༌། ཞར་བ་དང༌། ལག་རྡུམ་དང༌། ཤུ་བ་ཅན་ནམ། མཛེ་ཅན་ནམ། ཚེ་ཐུང་བའམ། མདོག་ངན་པའམ། གནོད་པ་མང་བའམ། རིགས་ངན་ནམ། དབུལ་པོའི་ཁྱིམ་དུ་སྐྱེས་པའམ། དབང་ཆུང་བར་གྲགས་པའམ། ཤེས་རབ་འཆལ་བའམ། མ་ནིང་དང༌། ཟ་མ་དང༌། བྱད་མི་སྡུག་པར་འདུག་ལ། ཁ་ཅིག་ནི་དེ་ལྟ་བུ་མ་ཡིན་པར་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། སྔོན་གྱི་སྡིག་པ་མི་དགེ་བའི་ལས་ཀྱིས་ཚེ་འདི་ལ་སྡིག་པ་མི་བཟད་པའི་འབྲས་བུ་རྣམ་པར་སྨིན་པ་ཉམས་སུ་མྱོང་བ་ཡང་སྣང་བ་ལས། སྡིག་པ་ནི་བཏང་ན་ལེགས་སོ་སྙམ་པའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །ཡང་དེ་ཉིད་ཀྱིས་ཕ་རོལ་བཤེས་གཉེན་ཅན་ལེ་ལོ་མེད་ཅིང་བསྒྲུབ་ཕོད་པ་འདི་ལྟ་སྟེ། ཞིང་ལས་དང༌། ཚོང་བྱེད་པ་དང༌། གྲུ་སྤྱོད་པའི་ལས་དང༌། འཕྲལ་དུ་སྤྱད་པའི་ལས་ཀྱི་མཐའ་རྣམས་ལེགས་པར་བྱེད་པ་སྟེ། དེ་ལྟར་བསྒྲུབ་ཕོད་དུ་ཟིན་ཀྱང༌། ལས་སུ་བྱ་བ་དེ་དག་བྱས་ཤིང་རབ་ཏུ་འཇིག་ལ་མི་གྲུབ་པར་མཐོང་སྟེ། མཐོང་ནས་ཀྱང་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །ཡང་དེ་ཉིད་ཀྱིས་ཁ་ཅིག་ནི་འདིར་རབ་ཏུ་བྱུང་སྟེ། ཁྱིམ་གྱི་གནས་ལས་ངེས་པར་འབྱུང་ལ། ཚུལ་དང་ཡང་དག་པར་སྤྱོད་པ་མཚུངས་སུ་ཟིན་ཀྱང༌། འདི་ལྟ་སྟེ། ཆོས་གོས་དང༌། བསོད་སྙོམས་ལ་སོགས་པའི་རྙེད་པས་ཕོངས་པ་དག་མཐོང་ལ། ཁ་ཅིག་ནི་དེ་ལྟར་མི་འདུག་པ་དག་མཐོང་ནས་ཀྱང་དེ་འདི་སྙམ་དུ་སྔ་མ་བཞིན་དུ་སྦྱར་རོ། །ཡང་དེ་ཉིད་ཀྱིས་རྒྱལ་པོའམ། བློན་པོས་ཆེན་པོའི་སྟེང་དུ་མངོན་པར་བརྟུལ་ཏེ། འདུག་པ་དེ་ལ་ཡང་བདག་གི་ལུས་གཅིག་པུ་ཙམ་གྱི་ཕྱིར་དང༌། ཚེ་འདིའི་བདེ་བ་ཆུང་ངུ་ཕྲན་ཚེགས་ཙམ་གྱི་ཕྱིར་ཚེ་རབས་མང་པོའི་ལུས་མ་རུང་བར་བྱེད་པ་དང༌། སྡུག་བསྔལ་མང་པོ་འབྱུང་བར་འགྱུར་བའི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་མང་པོ་ཀུན་དུ་སྤྱོད་པ་མཐོང་ལ།
མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་རྒྱལ་པོའམ་བློན་པོ་གང༌། ཚེ་གཅིག་གི་ལུས་ལ་ནི་གཅེས་སུ་འཛིན་ལ། ཚེ་རབས་དུ་མའི་ལུས་ལ་གཅེས་སུ་མི་འཛིན་པ་དང༌། ཚེ་འདིའི་བདེ་བ་ཕྲན་ཚེགས་ལ་གཅེས་སུ་འཛིན་ལ། ཚེ་རབས་དུ་མའི་སྡུག་བསྔལ་དྲག་པོ་ལ་ནི་མི་དགའ་བར་མི་འཛིན་པ་དེ་ནི་བྱིས་པ་ཡིན་ནོ་སྙམ་པ་ནས། སྡིག་པ་མི་དགེ་བའི་ལས་ནི་མ་བྱས་ན་ལེགས་པ་ནས། མ་སྤྱད་ན་ལེགས་པའི་བར་དུ་སྦྱར་རོ། །གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཅན་དེས་ལྷའི་མིག་ཐོབ་པར་གྱུར་ལ། དེས་ལྷའི་མིག་དེས་སེམས་ཅན་འཆི་འཕོ་བ་དང༌། སྐྱེ་བ་དག་མཐོང་བ་ནས། རྒྱས་པར་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་སྦྱར་ཏེ། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བའི་བར་དུ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། ཚེ་འདིའི་སྡིག་པ་མི་དགེ་བའི་ལས་ཀྱིས་ཚེ་ཕྱི་མའི་སྡིག་པ་མི་བཟད་པའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བ་དག་སྣང་བ་ནས། སྡིག་པའི་ལས་ནི་བཏང་ན་ལེགས་སོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །དེ་ལྟར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེས་ཕ་རོལ་དག་གི་སྡིག་པའི་ལས་མཐོང་ནས། རྣམ་པ་བཞིའི་ཚུལ་གྱིས་ངེས་པར་སེམས་ཤིང་ཤིན་ཏུ་ངེས་པར་སེམས་ཏེ། བཞི་གང་ཞེ་ན། འགལ་བའམ། ལོག་པར་འཚོ་བའམ། བག་མེད་ཅིང་ལེ་ལོ་བྱེད་པ་ལ་བརྟེན་ནས། ཚེ་འདིའི་སྡིག་པ་མི་དགེ་བའི་ལས་ཀྱིས་ཚེ་འདི་ཉིད་ཀྱི་མི་སྡུག་པའི་འབྲས་བུ་རྣམ་པར་སྨིན་པ་ཡང་དག་པར་མཐོང་བ་དང༌། སེམས་ཅན་རྣམས་ཀྱི་ལུས་ཀྱི་བྱེ་བྲག་གམ། བརྩམས་པ་དོན་མེད་པའམ། ཡོངས་སུ་ཚོལ་བ་དོན་མེད་པ་ལ་བརྟེན་ནས། སྔོན་སྡིག་པ་མི་དགེ་བའི་ལས་བྱས་པས་ཚེ་འདི་ལ་མི་སྡུག་པའི་འབྲས་བུ་རྣམ་པར་སྨིན་པ་ཡང་དག་པར་མཐོང་བ་དང༌། རྒྱལ་པོ་དང༌། བློན་པོ་རྣམས་ཀྱིས་བསྒྲུབ་པ་སྣ་ཚོགས་ལ་བརྟེན་ནས། ཚེ་འདིའི་སྡིག་པའི་ལས་ཀྱིས། ཚེ་ཕྱི་མའི་མི་སྡུག་པའི་འབྲས་བུ་རྣམ་པར་སྨིན་པ་རྗེས་སུ་དཔག་པ་དང༌། སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་ལ་བརྟེན་ནས། ཚེ་འདིའི་སྡིག་པའི་ལས་ཀྱིས་ཚེ་ཕྱི་མའི་མི་སྡུག་པའི་
འབྲས་བུ་རྣམ་པར་སྨིན་པ་མངོན་སུམ་དུ་གྱུར་པ་སྟེ། དེས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ནས། བདག་ཉིད་ཀྱིས་མི་བྱེད་པ་ལྟ་བུའོ། །ལས་ཀྱི་འཆིང་བ་གང་ཞེ་ན། ལས་ལ་ཀུན་དུ་དགའ་བ་དང༌། ལས་ལྕི་བ་དང༌། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་རང་དབང་མེད་པ་གང་ཡིན་པའོ། །དེ་ལ་ལས་ལ་ཀུན་དུ་དགའ་བ་ནི། འདི་ལྟར་འདི་ན་ལ་ལ་སྡིག་པ་ལ་གོམས་པས་སྡིག་པ་ལ་མངོན་པར་དགའ་བ་སྟེ། དེས་དེའི་སེམས་དགེ་བའི་ཆོས་ལ་འཇུག་པར་མི་འགྱུར་བ་ལྟ་བུ་སྟེ། འདི་ནི་ལས་ཀྱི་འཆིང་བ་དང་པོ་ཡིན་ནོ། །དེ་ལ་ལས་ལྕི་བ་ནི་འདི་ལྟར་འདི་ན་ལ་ལས་མཚམས་མེད་པའི་ལས་རྣམས་རིལ་གྱིས་བྱས་སམ། ཁ་ཅིག་བྱས་ནས་གཞི་དེས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བར་འདོད་དུ་ཟིན་ཀྱང༌། ཐོབ་པར་མི་འགྱུར་ན་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་པར་འགྱུར་བ་ལྟ་ག་ལ་འགྱུར་བ་ལྟ་བུ་སྟེ། དེ་ནི་ལས་ཀྱི་འཆིང་བ་གཉིས་པ་ཡིན་ནོ། །དེ་ལ་ལས་ཀྱི་རྣམ་པར་སྨིན་པ་ལ་རང་དབང་མེད་པ་ནི། འདི་ལྟར་འདི་ན་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པའི་རྒྱུས་ངན་སོང་དག་ཏུ་སྐྱེས་ལ། དེ་དེར་རང་དབང་མེད་པ་དང༌། དབང་མེད་པར་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པའམ། གང་ན་འཁོར་བཞི་པོ་དགེ་སློང་རྣམས་ནས་དགེ་བསྙེན་མ་རྣམས་ཀྱི་བར་དག་འགྲོ་བ་མེད་པའི་ཡུལ་མཐའ་འཁོབ་དག་ཏུ་སྐྱེས་པ་སྟེ། དེ་ནི་ལས་ཀྱི་འཆིང་བ་གསུམ་པ་ཡིན་ནོ། །བཤད་པ་འདིའི་མདོར་བསྟན་པ་ནི་མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བརྩམས་ཏེ། ཚུལ་བཞིན་ཡིད་ལ་བྱེད་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བའི་ཆོས་དང་མཐུན་པའི་ཆོས་སྒྲུབ་པ་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ།། །།བམ་པོ་ཉི་ཤུ་གསུམ་པ། འཕགས་པ་རྣམས་ནི་ལེགས་པར་སྨྲས་པ་མཆོག་ཅེས་གསུང༌། །སྙན་སྨྲ་མི་སྙན་མ་ཡིན་དེ་ནི་གཉིས་པ་ཡིན། །བདེན་སྨྲ་མི་བརྟེན་མ་ཡིན་དེ་ནི་གསུམ་པ་ཡིན། ཆོས་སྨྲ་ཆོས་མིན་མ་ཡིན་དེ་ནི་བཞི་པ་ཡིན། །ཞེས་བྱ་བ་
འདི་ནི་ཚིགས་སུ་བཅད་པ་ཡིན་ཏེ། ལེགས་པར་སྨྲས་པ་ཞེས་བྱ་བ་ནི། ལེགས་པར་བརྗོད་པ་དང༌། ལེགས་པར་བསྙད་པ་དང༌། ལེགས་པར་བཤད་པའོ། །དེའི་མཚན་ཉིད་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཡིད་དུ་འོང་བ་དང༌། ཉོན་མོངས་པ་ཅན་མ་ཡིན་པ་དང༌། དགེ་བའོ། །དེ་ལ་དང་པོས་ནི་ཕ་རོལ་ཀུན་དུ་དགའ་བར་བྱེད་པའོ། །གཉིས་པས་ནི་རང་གི་ཚུལ་ཁྲིམས་མི་ཉམས་པར་བྱེད་དོ། །གསུམ་པས་ནི་ཕ་རོལ་མི་དགེ་བའི་གནས་ལས་བསླང་སྟེ། དགེ་བའི་གནས་སུ་འཇོག་ཅིང་ཕན་པ་དང་བདེ་བ་སྒྲུབ་པར་བྱེད་པའོ། །དེ་ལ་ཚིག་སྙན་པ་བདེན་པ་ཡང་མ་ཡིན་ཆོས་དང་ལྡན་པ་མ་ཡིན་པ་ཡང་ཡོད་དེ། འདི་ལྟར་འདི་ན་ལ་ལ་ཡོད་པ་མ་ཡིན་པའི་ཡོན་ཏན་རྣམས་ཀྱིས་ཚིག་འཇམ་པོར་ཕ་རོལ་སྤྲོ་བ་སྐྱེད་པ་ལྟ་བུའོ། །ཚིག་བདེན་པ་ལ་སྙན་པ་ཡང་མ་ཡིན། ཆོས་དང་ལྡན་པ་ཡང་མ་ཡིན་པ་ཡང་ཡོད་དེ། འདི་ལྟར་འདི་ན་ལ་ལ་ཡང་དག་བའི་སྐྱོན་དག་གིས་ཚིག་རྩུབ་པོས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཕ་རོལ་ལ་སྨོད་པ་ལྟ་བུའོ། །ཆོས་དང་ལྡན་པའི་ཚིག་ཡིན་ལ། སྙན་པ་དང་བདེ་བ་ཡང་ཡོད་དེ། འདི་ལྟར་འདི་ན་ལ་ལ་སྤྲོ་བ་བསྐྱེད་པ་དང༌། སྨོད་པ་ཡང་ཤེས་ལ། སྤྲོ་བ་བསྐྱེད་པ་དང༌། སྨོད་པ་ཤེས་བཞིན་དུ་སྤྲོ་བ་སྐྱེད་པར་ཡང་མི་བྱེད། སྨོད་པ་ཡང་མི་བྱེད་པར། མི་དགེ་བའི་གནས་ལས་བསླང་སྟེ། དགེ་བའི་གནས་སུ་གཞག་པའི་ཕྱིར་ཆོས་ཁོ་ན་འཆད་པ་ལྟ་བུའོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་ལེགས་པར་སྨྲས་པའི་བསྟན་པ་དང༌། བཤད་པ་བསྟན་ཏེ། དེ་ནི་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །དད་དང་ངོ་ཚ་ཤེས་དང་ཚུལ་ཁྲིམས་སྦྱིན། །ཆོས་འདི་དག་ནི་སྐྱེས་བུ་དམ་པས་བསྔགས། །ལམ་འདི་ལྟ་ཡུལ་འགྲོ་བ་ཡིན་ཞེས་གསུངས། །འདིས་ནི་ལྷ་ཡི་འཇིག་རྟེན་འགྲོ་བར་འགྱུར། །ཞེས་བྱ་བ་འདི་ནི་ཚིགས་སུ་བཅད་པ་ཡིན་ཏེ། འདི་ལྟར་འདི་ན་གང་ཟག་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་རྙེད་ནས། ཁྱིམ་ནག་ནས་པས་འཛེམས་ཏེ། ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་ལ།
ཡང་དག་པར་བླངས་ནས་ཀྱང༌། ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། སྟན་ངན་དོན་ཙམ་གྱིས་ཆོག་པར་འཛིན་ཅིང༌། སྣོད་བྱད་ཉུང་ལ་ཡོ་བྱད་ཉུང་སྟེ། ཆོས་དང་ལྡན་པའི་རྙེད་པ་རྣམས་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང་ཐུན་མོང་དུ་སྤྱོད་ཀྱི། སྦེད་ཅིང་མི་སྤྱོད་ལ། ཆོས་ཚངས་པར་སྤྱོད་པ་ཐོག་མ་དང༌། བར་དང༌། ཐ་མས་དགེ་བ་གང་ཡིན་པ་དེ་དག་གིས་སྨྲ་བས་སྨྲ་བར་བྱེད་དེ། འདི་ལྟ་སྟེ། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ནས། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང༌། གཏན་ལ་ཕབ་པར་བསྟན་པའི་སྡེའི་བར་དེ་དག་བཟུང་ཞིང་ཀུན་ཆུབ་པར་བྱས་ནས། ཕ་རོལ་དག་ལ་ལུང་འབོགས་ཤིང་རྒྱ་ཆེར་ཡང་དག་པར་སྟོན་ཏོ། །དགེ་བའི་ཆོས་དེ་དག་དང་ལྡན་པ་དེ་ལ་ཕན་ཡོན་གསུམ་ཡོད་པར་རིག་པར་བྱ་སྟེ། སྐྱེས་བུ་དམ་པ་རྣམས་དང༌། སངས་རྒྱས་རྣམས་དང༌། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བསྔགས་པར་འགྱུར་བ་དང༌། གལ་ཏེ་ཚུལ་ཁྲིམས་དང༌། ཟང་ཟིང་གི་སྦྱིན་པས་བསྡུས་པའི་བསོད་ནམས་ཀྱི་ཚོགས་དང༌། ཆོས་ཀྱི་སྦྱིན་པས་བསྡུས་པའི་ཡེ་ཤེས་ཀྱི་ཚོགས་ཀྱིས། ཚོགས་ལེགས་པར་བསགས་པ་ཞིག་ཡིན་ན་ནི། དེ་རྣམ་པར་གྲོལ་བའི་སྐྱེ་པའི་གནས་དེ་ཉིད་ལ་བརྟེན་ནས། རྣམ་པར་དག་པའི་ལྷ་རྣམས་དང་སྐལ་བ་མཉམ་པར་གཏོགས་པར་འགྱུར་བ་དང༌། གལ་ཏེ་ཚོགས་ལེགས་པར་བསགས་པ་མ་ཡིན་ན་ཡང༌། དེ་ཕྱིན་ཆད་བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དེ། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བའོ། །རྣམ་གྲངས་གཞན་ཡང་འདི་ལྟར་འདི་ན་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་རྙེད་ནས་འཆལ་པའི་ཚུལ་ཁྲིམས་ཀྱིས་ཕྱི་མ་ལ་ངན་འགྲོར་འགྲོ་བར་འགྱུར་བ་དང༌། སེར་སྣས་དབུལ་པོར་འགྱུར་བའི་འབྲས་བུ་ལ་མངོན་པར་ཡིད་ཆེས་པ་སྟེ། མངོན་པར་ཡིད་ཆེས་པས། ཚེ་འདི་ལ་འཆལ་པའི་ཚུལ་ཁྲིམས་དང༌། སེར་སྣས་འཛེམས་ཏེ། འཛེམས་པས་འཆལ་བའི་ཚུལ་ཁྲིམས་སྤངས་ནས། ཚུལ་ཁྲིམས་ཡང་དག་
པར་ལེན་པ་དང༌། སེར་སྣ་ཡང་སྤངས་ནས། དྲི་མ་དང་སེར་སྣ་དང་བྲལ་བའི་སེམས་ཀྱིས་ཁྱིམ་ན་གནས་པའི་ནས། རྒྱས་པར་སྦྱིན་པའི་བགོ་བཤའ་ལ་དགའ་བས། ཚེ་འདི་ཉིད་ལ་ཡང་འཕགས་པས་བསྔགས་པར་འགྱུར་ལ། ལུས་ཞིག་ནས་ཀྱང་གཞི་དེས་ལྷ་རྣམས་ཀྱི་ནང་གི་བར་དུ་སྐྱེ་བར་འགྱུར་བ་ལྟ་བུའོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་ཁྱིམ་པ་དང༌། རབ་ཏུ་བྱུང་བའི་ཡང་དག་པར་བསྒྲུབ་པ་དང༌། ཡང་དག་པར་བསྒྲུབས་པའི་འབྲས་བུའི་ཕན་ཡོན་བསྟན་ཏེ། དེ་ནི་འདི་ལྟར་མདོར་བསྟན་པ་ཡིན་བར་རིག་བར་བྱའོ། །ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་གནོད་པ་སྦོང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། འདི་ལྟར་འདི་ན་ལ་ལ་སྔ་ལོགས་སུ་བྱ་བ་སྦྱིན་པའི་གཏམ་དང༌། མཐོ་རིས་ཀྱི་གཏམ་ལས་བརྩམས་ནས་ཕྱིན་ཅི་མ་ལོག་པའི་ཆོས་བསྟན་པ་ཉན་ཅིང་ཐོས་ནས་ཀྱང༌། དོན་གྱིས་ཀྱང་འདི་ལྟ་སྟེ། ཚེ་འདི་ཉིད་ལ་སྡིག་པ་ཉེས་པར་སྤྱད་པ་ནི་ཕྱི་མ་ལ་ངན་སོང་གི་སྡུག་བསྔལ་གྱི་གནོད་པའི་རྒྱུ་ཡིན་ལ། སྡིག་པ་ཉེས་པར་སྤྱོད་པ་ལས་ལྡོག་པ་ནི་བདེ་འགྲོར་འགྲོ་ཞིང་སྐྱེ་བས་ངན་སོང་གི་སྡུག་བསྔལ་གྱི་གནོད་པ་ཡོངས་སུ་སྤོང་བའི་རྒྱུ་ཡིན་པར་ཤེས་པ་ལྟ་བུ་སྟེ། དེ་དེ་ལྟར་དོན་གྱིས་ཆོས་ཤེས་ནས་ཆོས་དང་མཐུན་པའི་ཆོས་སྒྲུབ་ཅིང༌། སྡུག་བསྔལ་གྱི་རྒྱུ་ལས་ནི་ལྡོག །བདེ་བའི་རྒྱུ་ནི་ཡང་དག་པར་བླངས་ནས་གནས་ཏེ། དེ་གཞི་དེས་བདེ་བ་ཐོབ་པས་སྡུག་བསྔལ་གྱི་གནོད་པ་སྤང་བར་འགྱུར་རོ། །གལ་ཏེ་འཕགས་པའི་བདེན་པ་བཞི་དང་ལྡན་པའི་ཆོས་ཀྱི་གཏམ་ཡང་དག་ཕུལ་ཉན་ཅིང་དེས་ཐོས་ནས་ཀྱང་དེ་ལྟར་དོན་གྱིས་སྲིད་པ་མངོན་པར་འགྲུབ་པ་ཐམས་ཅད་ནི་སྡུག་བསྔལ་ཡིན་པ་དང༌། ཞི་བ་ནི་མྱ་ངན་ལས་འདས་པ་ཡིན་པར་ཤེས་ཏེ། དེ་ལྟར་དོན་གྱིས་ཆོས་ཤེས་ནས། གལ་ཏེ་དབང་པོ་ཡང་ཡོངས་སུ་སྨིན་ལ། ཚོགས་ཀྱང་ཡོངས་སུ་རྫོགས་པ་ཞིག་ཡིན་ན་ནི། བསམ་པ་དག་པའི་དེས་དེའི་རྒྱུ་ལས་བྱུང་བའི་དོན་ཤེས་པར་འཐོབ་
བོ། །ཆོས་ཇི་ལྟར་ཐོས་པ་ཁོ་ན་ཙམ་གྱིས་བདེན་པ་དག་མངོན་པར་རྟོགས་པས་ན་བདེན་པ་མངོན་པར་རྟོགས་པར་འགྱུར་རོ། །བདེན་པ་མངོན་པར་རྟོགས་པ་ནི་ཟག་པ་ཟད་པ་ཐོབ་པར་འགྱུར་རོ། །གལ་ཏེ་དབང་པོ་ཡོངས་སུ་སྨིན་པ་ཡང་མ་ཡིན་ལ། ཚོགས་ཡོངས་སུ་རྫོགས་པ་ཡང་མ་ཡིན་ན་ནི། དེ་སྡག་པ་དེ་ཉིད་ལས་ལྡོག་ཅིང་ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ཏེ། ལྷག་པའི་སེམས་སྐྱེད་པར་བྱེད་དོ། །ལྷག་པའི་སེམས་ལ་བརྟེན་ནས། ལྷག་པའི་ཤེས་རབ་སྐྱེད་པར་བྱེད་དོ། །དེས་སྡུག་བསྔལ་གྱི་རྩ་བ་ཉོན་མོངས་པའི་གནོད་པ་ཐམས་ཅད་ཡོངས་སུ་སྤོང་ཞིང༌། མྱ་ངན་ལས་འདས་པ་ཡང་འཐོབ་པར་འགྱུར་རོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་མཉན་པ་སྔོན་དུ་འགྲོ་བའི་ཚུལ་བཞིན་ཡིད་ལ་བྱེད་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་སྔོན་དུ་འགྲོ་བ་དེའི་འབྲས་བུའི་ཕན་ཡོན་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །ནམ་མཁའ་འདྲ་བ་གོས་པ་མེད། །ཐེམ་པ་འདྲ་བ་གཡོ་མི་འགྱུར། །མཚོ་བྲན་འདམ་རྫབ་ལྡན་འདྲ་བའི། །འཁོར་བ་ལ་ནི་མཁས་མི་དགའ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། དགེ་སློང་དགྲ་བཅོམ་པ་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སྤྲོས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ནི་ནམ་མཁའ་དང་མཚུངས་པ་ཞེས་བྱ་སྟེ། དཔེར་ན་ནམ་མཁའ་ལ་ནི་སྤྲོས་པ་མེད་དེ། གཙང་བས་ཀྱང་མི་གོས་ལ། མི་གཙང་བས་ཀྱང་མི་གོས་སོ། །དེ་བཞིན་དུ་ནམ་མཁའ་དང་མཚུངས་པའི་དགྲ་བཅོམ་པ་ཡང༌། འཇིག་རྟེན་གྱི་ཆོས་མཐུན་པ་དང༌། མི་མཐུན་པ་འདི་ལྟ་སྟེ། རྙེད་པའམ་མ་རྙེད་པ་ནས་བདེ་བའམ། སྡུག་བསྔལ་གྱི་བར་ཐམས་ཅད་ཀྱིས་མི་གོས་སོ། །སློབ་པར་འདོད་པའི་འདོད་ཆགས་དང་བྲལ་བ། དགྲ་བཅོམ་པ་ཉིད་ལ་ཞུགས་པ། དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལ་སེམས་གནས་པ། ན་ཚན་མ་མེད་པའི་སེམས་ཀྱིས་ཏིང་ངེ་འཛིན་ལ་ཀུན་དུ་བརྟེན་པ་ནི། གཡོ་བར་བྱེད་པ་
དང༌། རློམ་སེམས་སུ་བྱེད་པ་དང༌། སྤྲོས་པ་དང༌། མངོན་པར་འདུ་བྱེད་ཐམས་ཅད་ཀྱིས་སྲེད་པར་འགྱུར་བ་སྐྱེ་བར་སྨོན་པ་དང་ལྡན་པ་རྣམས་ཀྱིས་སྒོའི་ཐེམ་པ་བཞིན་དུ་གཡོ་བར་མི་འགྱུར་རོ། །སློབ་པར་འདོད་པ་འདོད་ཆགས་དང་བྲལ་བ་ཉིད། གོང་མའི་རྣམ་པར་ཐར་པ་ལ་འདུན་བ་སྐྱེས་པ་དེ་ནི་ཕྱིར་མི་འོང་བའི་འབྲས་བུ་བསིལ་བར་གྱུར་པ། མཚོ་དང་འདྲ་བའི་ནང་དུ་ཞུགས་ནས་སྙོམས་པར་འཇུག་པའི་རོ་མྱང་བ་དང༌། གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་འདམ་རྫབ་ལྟ་བུ་ལ་མི་དགའ་སྟེ། དེ་ལ་མངོན་པར་མི་དགའ་པས་འཁོར་བ་ལ་མངོན་པར་མི་དགའ་བར་འགྱུར་རོ། །རྣམ་གྲངས་གཞན་ཡང་དགྲ་བཅོམ་པ་ཁ་ཟས་དང༌། ཐ་སྙད་ཀྱི་རྒྱུ་བ་དང༌། མཚན་མ་མེད་པར་གནས་པ་དང༌། ཕུང་པོའི་ལྷག་མའི་སྡུག་བསྔལ་དང་རྗེས་སུ་འབྲེལ་པ་ནི། གནས་གསུམ་པོ་འདི་དག་དང༌། གོ་རིམས་བཞིན་དུ་སྦྱར་བར་རིག་པར་བྱའོ། །རྣམ་གྲངས་གཞན་ཡང༌། དགྲ་བཅོམ་པ་ཤེས་རབ་ཀྱིས་རྣམ་པར་གྲོལ་བ། སློབ་པ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང༌། དགྲ་བཅོམ་པ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ནི་གནས་འདི་གསུམ་དང་གོ་རིམས་བཞིན་དུ་སྦྱར་བར་རིག་པར་བྱའོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བས་ཀུན་ཤེས་པ་དང་ཕུང་པོའི་ལྷག་མ་དང་བཅས་པ་དང༌། འདོད་པའི་འདོད་ཆགས་དང་བྲལ་བས་ཁྱད་པར་དང་བཅས་པའི་ལམ་གྱིས་བསྡུས་པའི་ཕྱིར་མི་འོང་བ་ཉིད་བསྟན་ཏོ། །གཞན་ཡང་རྣམ་པར་གྲོལ་བའི་ཕན་ཡོན་དང༌། ཏིང་ངེ་འཛིན་གྱི་ཕན་ཡོན་དང༌། ཤེས་པའི་ཕན་ཡོན་བསྟན་ཏོ། །གཞན་ཡང་ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ཀྱི་འབྲས་བུ་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །གང་དག་གཟུགས་ཀྱིས་ངེས་པར་འཛིན། །ང་ལ་སྒྲ་ཡིས་རྗེས་སུ་འབྲང༌། །འདུན་པའི་འདོད་ཆགས་དབང་གྱུར་པ། །སྐྱེ་བོ་དེ་དག་ང་མི་ཤེས། །ནང་ནི་རྣམ་པར་ཤེས་གྱུར་ལ། །ཕ་རོལ་མཐོང་བ་མ་ཡིན་ཞིང༌། །ནང་གི་
འབྲས་བུ་མཐོང་བ་གང༌། །དེ་ནི་སྒྲ་ཡིས་བཀྲི་བ་ཡིན། །ནང་ནི་ཤེས་བ་མ་ཡིན་ལ། །ཕྱི་རོལ་མཐོང་བར་གྱུར་པ་ལ། །ཕྱི་རོལ་འབྲས་བུ་མཐོང་བ་གང༌། །དེ་ཡང་སྒྲ་ཡིས་བཀྲི་བ་ཡིན། །ནང་ཡང་ཤེས་པ་མ་ཡིན་ལ། །ཕྱི་རོལ་མཐོང་བའང་མ་ཡིན་ཞིང༌། །བྱིས་པ་ཀུན་ནས་བསྒྲིབས་གྱུར་བ། །དེ་ཡང་སྒྲ་ཡིས་བཀྲི་བ་ཡིན། །ནང་ཡང་རྣམ་པར་ཤེས་གྱུར་ལ། །ཕྱི་རོལ་ཡང་ནི་མཐོང་གྱུར་ཅིང༌། །བསྟན་པ་ངེས་པར་འབྱུང་ཤེས་པ། །དེ་ནི་སྒྲ་ཡིས་བཀྲི་བ་ཡིན། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། འདི་ལྟར་འདི་ན་སོ་སོའི་སྐྱེ་བོའི་འདུན་པའི་འདོད་ཆགས་རིལ་གྱིས་མ་སྤངས་པ་ལ་ལས་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་མཐོང་བ་ན། ཀྱེ་མ་བཅོམ་ལྡན་འདས་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ། །དེའི་ཆོས་ནི་ལེགས་པར་གསུངས་པ་ཡིན་ནོ། །ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཡིན་ནོ་སྙམ་དུ་ངེས་པར་འཛིན་ཏེ། དེ་ཕྱིས་སྐྱེས་བུ་དམ་པ་མ་ཡིན་པ་བསྟེན་པ་དང༌། དམ་པའི་ཆོས་མ་ཡིན་པ་ཐོས་པ་ལ་བརྟེན་ནས་ཕ་རོལ་སྨྲ་བ་དང༌། ཕ་རོལ་གྱི་སྒྲ་ལས་གཞན་གྱི་དྲིང་འཇོག་ཅིང་གཞན་གྱིས་བཀྲི་བར་གྱུར་ལ། དེ་བཞིན་གྱིས་ཁྲིད་པས་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་ཡང་སྐུར་པ་འདེབས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་པའི་ཕྱིར་དེ་ལྟར་མི་འགྱུར་རོ། །དེ་ལ་སོ་སོའི་སྐྱེ་བོས་ནང་གི་བསམ་གཏན་གྱི་འབྲས་བུ་ལྷའི་མིག་གིས་རྒྱང་ནས་མཐོང་ནས། ཀྱེ་མ་བཅོམ་ལྡན་འདས་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ་སྙམ་དུ་འཛིན་ཅེས་བྱ་བ་གང་ཡིན་པ་ཡང་སྔ་མ་བཞིན་ནོ། །ཕྱི་རོལ་གྱི་འདོད་པ་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཤའི་མིག་གིས་མཐོང་ནས། ངེས་པར་འཛིན་པ་གང་ཡིན་པ་དེ་ཡང་གཞན་གྱི་སྒྲ་དང༌། གཞན་གྱིས་སྨྲས་བས་གཞན་གྱི་དྲིང་འཇོག་ཅིང་གཞན་གྱིས་བཀྲི་བ་ཡིན་ནོ། །སོ་སོའི་སྐྱེ་བོ་དེ་ཙམ་མཐོང་བ་ཡང་མེད་པ་གང་ཡིན་པ་དེ་ནི་ཀུན་ནས་བསྒྲིབས་ཤིང་ཡུན་རིང་པོ་ནས་སྒྲས་ཁྲིད་པ་ཁོ་ན་ཡིན་ནོ། །འཕགས་པ་འདུན་པའི་འདོད་ཆགས་སྤང་བ་དང༌།
འདུལ་བ་དང་ཡང་དག་པར་འདའ་བར་བྱ་བའི་ཕྱིར། འཕགས་པའི་ཤེས་རབ་ཀྱི་མིག་ཐོབ་པར་གྱུར་པ་གང་ཡིན་པ་དེ་ནི། འཕགས་པའི་ཤེས་རབ་ཀྱི་མིག་དེས། དེ་བཞིན་གཤེགས་པ་ནང་གི་ཆོས་ཀྱི་སྐུ་ཉིད་དུ་རྣམ་པར་ཤེས་ཤིང་དམིགས་ལ། དེ་ཡང་གཟུགས་ཀྱི་སྐུའམ། ཡང་ན་མཆོད་རྟེན་དུ་གྱུར་པའམ། ཡང་ན་རི་མོ་བྲིས་པ་ཕྱི་རོལ་གྱུར་པ་མཐོང་ན། ཀྱེ་མ་འདི་ནི་དོན་དམ་པར་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་ནོ་སྙམ་སྟེ། དེས་དེ་ལྟར་ནང་ཡང་རྣམ་པར་ཤེས་ཤིང༌། ཕྱི་རོལ་ཡང་མཐོང་བས། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་རྣམས་ལ་གཅིག་ཏུ་ངེས་པར་གྱུར་པའི་ཕྱིར། ཕ་རོལ་གྱི་སྒྲ་དང༌། ཕ་རོལ་གྱི་སྨྲ་བ་དག་ལས་གཞན་གྱི་དྲིང་མི་འཇོག་ཅིང་གཞན་གྱི་བཀྲི་བ་མེད་དེ། འདི་ལྟར་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་དེ་ལྟ་བུར་འགྱུར་རོ། །བཤད་པ་འདིའི་མདོར་བསྟན་པ་ནི་མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་བརྡ་ལས་བྱུང་བའི་དེ་བཞིན་གཤེགས་པ་མཐོང་བ་ལ་ངེས་པ་མེད་པ་དང༌། དོན་དམ་པ་ལས་བྱུང་བའི་དེ་བཞིན་གཤེགས་པ་མཐོང་བ་ལ་ངེས་པ་ནོད་པར་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །དྲུག་པ་བདག་པོ་རྒྱལ་པོ་ནི། །ཆགས་པར་གྱུར་ན་ཆགས་ཅན་ཡིན། །ཆགས་པ་མེད་ན་ཆགས་མེད་འགྱུར། །ཆགས་པ་བྱིས་པ་ཞེས་བྱའོ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ནོ། །དྲུག་པ་བདག་པོ་ནི་སེམས་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ལ་གང་ལ་ལ་ཆུ་བོ་ལྔ་ནི་རྒལ་ལ། དྲུག་པ་སྟེ་ཡིད་ཀྱི་ཆུ་བོ་ནི་མ་རྒལ་བ་དེའི་སེམས་ཏེ། སྙོམས་པར་འཇུག་པའི་རོ་མྱང་བའི་རྗེས་སུ་འབྲང་བ་ལ་ནི་ཆགས་པར་གྱུར་པ་ཞེས་བྱའོ། །གང་ཟག་ གང་ཡུན་རིང་པོ་ནས་ཆགས་པ་བདག་གིར་བྱས ་ལ། ཆགས་སུ་རུང་བའི་ཆོས་རྣམས་ལ་འཆུམས་པ་ནི་ཆགས་པ་ཅན་ཞེས་བྱའོ། །དེ་ལ་འདོད་ཆགས་ཀྱང་ཆགས་པ་ཡིན་ལ། འདོད་ཆགས་ཀྱི་རྒྱུ་ལས་བྱུང་བ་ཁྱིམ་པའི་སྡུག་བསྔལ་ཡང་ཆགས་པ་ཡིན་ཏེ། གལ་ཏེ་ཆགས་པ་ཅན་དེས་གཉེན་པོ་ཡིད་ལ་བྱེད་པ་ལ་བརྟེན་ནས། ཆགས་པའི་སེམས་
དེའི་སྐབས་མི་འབྱེད་ཅིང༌། ཡིད་ཕྱིར་འཇིལ་ལ། ཟློག་པར་བྱེད་ན་ནི་དེ་ལྟ་བུས་སེམས་དེ། ཚེ་འདི་ཉིད་ལ་ཆགས་པ་མེད་པར་འགྱུར་ཏེ། སེམས་ཆགས་པ་མེད་པར་གྱུར་པས། ཆགས་པ་ཅན་དེ་ཡང་ཕྱི་མ་ལ། དེའི་རྒྱུ་ལས་བྱུང་བའི་དེའི་སྡུག་བསྔལ་གྱིས་ཆགས་པ་མེད་པ་ཞེས་བྱའོ། །གལ་ཏེ་སྐབས་འབྱེད་པར་བྱེད་ཅིང་གཉེན་པོ་ཡིད་ལ་བྱེད་པ་ལ་བརྟེན་ནས། ཡིད་ཕྱིར་འཇིལ་བར་མི་བྱེད་ཅིང་ཟློག་པར་མི་བྱེད་ན་ནི། སྡུག་བསྔལ་གྱི་རྒྱུ་དེས་ཡུན་རིང་པོ་ནས་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པའི་སྡུག་བསྔལ་གྱི་རྒྱུ་དེ་ཡོངས་སུ་མི་སྤོང་བ་ནི་བྱིས་པ་ཞེས་བྱའོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་རྒྱུ་བསལ་བ་བྱས་པའི་ཕན་ཡོན་དང༌། བྱིས་པ་སྡུག་བསྔལ་གྱི་རྒྱུས་བདག་ཉིད་ཀྱི་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་པ་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །གྲོང་ཁྱེར་རུས་པའི་ར་བ་ཅན། །རྒྱུས་དང་ཤ་ཡི་ཞལ་ཞལ་ཅན། །དེ་ནི་འདོད་ཆགས་ཞེ་སྡང་དང༌། །ང་རྒྱལ་དང་ནི་འཆབ་པ་འཇུག །ཅེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ནོ། །གྲོང་ཁྱེར་ཞེས་བྱ་བ་ནི་སེམས་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པའོ།། གྲོང་ཁྱེར་དེ་ཡང་རྡོ་ལྟ་བུའི་རུས་པ་རྣམས་དང༌། གྲེས་མ་ལྟ་བུའི་རྒྱུས་པ་རྣམས་དང༌། ཞལ་ཞལ་ལྟ་བུའི་ཤའི་ཞལ་ཞལ་ཁོག་པའི་ར་བས་ཡོངས་སུ་བསྐོར་བའོ། །དེ་ཡང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་བརྩམས་ཏེ། དགེ་བའི་ཆོས་དང་མི་མཐུན་ཞིང་ཕྱིར་རྒོལ་བའི་ཆོས་བཞི་གནས་ཏེ། ཆགས་པ་ཅན་ཁྱིམ་ན་གནས་པ་རྣམས་ཀྱི་འདི་ལྟ་སྟེ། འདོད་ཆགས་དང༌། ཞེ་སྡང་གཉིས་དང༌། ཉེས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་རྣམས་ཀྱི་འདི་ལྟ་སྟེ། ང་རྒྱལ་དང༌། འཆབ་པ་གཉིས་གནས་སོ། །དེ་ལ་འདོད་པ་ལ་མངོན་པར་ཞེན་པ་ཆགས་པ་ཅན་བསོད་སྙོམས་དང༌། ང་རྒྱལ་གྱི་སྤྱོད་པ་དང་མི་མཐུན་པ་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ཡང་ཁོང་དུ་མི་ཆུད་ན། དགེ་བ་བསྒོམ་པར་ལྟ་ག་ལ་འགྱུར། ང་རྒྱལ་གྱིས་ཁེངས་པ་ཉེས་པར་བཤད་པའི་ཆོས་ཅན་ནི། བདག་ཉིད་
ཀྱང་སངས་རྒྱས་སམ། སངས་རྒྱས་ཀྱི་ཉན་ཐོས་ཀྱི་ཐད་དུ་མི་འགྲོ་ལ། སངས་རྒྱས་སམ། སངས་རྒྱས་ཀྱི་ཉན་ཐོས་ཉིད་ཐུགས་བརྩེ་བས་བྱོན་ན་ཡང༌། འཆབ་པའི་ཉེ་བའི་ཉོན་མོངས་པས་སྙོན་རྨོངས་པའི་སེམས་ཀྱིས་བདག་ཉིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗོད་པར་མི་བྱེད་ན། ཁོང་དུ་ཆུད་པའམ། དགེ་བ་བསྒོམ་པ་ལྟ་ག་ལ་འགྱུར་ཏེ། དེ་ལྟར་ལེགས་པར་གསུངས་པའི་ཆོས་འདུལ་བ་དང་ལྡན་པའི་དགེ་བའི་ཆོས་དེ་དག་ནི་སེམས་ཀྱི་གྲོང་ཁྱེར་རྣམ་པ་གཉིས་ལ་འཇུག་པར་ཡང་མི་འགྱུར་ན། བདག་གིར་བྱེད་པ་ལྟ་ག་ལ་འགྱུར། བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་ཀུན་ནས་ཉོན་མོངས་པའི་གཞི་རྣམ་པ་བཞིས། ཁྱིམ་པ་དང༌། རབ་ཏུ་བྱུང་བའི་རྣམས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་ཆུད་ཟ་བར་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །རུས་སྦལ་བདག་ལུས་ཁོག་པར་སྦས་པ་ལྟར། །དགེ་སློང་ཡིད་ཀྱི་རྟོག་རྣམས་སྦས་ནས་ནི། །རྟེན་པ་མེད་ཅིང་གཞན་ལ་མི་འཚེ་ན། །མྱ་ངན་འདས་ཤིང་གང་ལ་འང་སྐུར་པ་མེད། །ཅེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། འདི་ལྟར་འདི་ན་ལ་ལ་བསམ་གཏན་དང་པོ་ལ་བརྟེན་ནས་སྡིག་པ་ཅན་གྱི་རྟོག་པ་གསུམ་པོ་འདོད་པ་དང༌། གནོད་སེམས་དང༌། རྣམ་པར་འཚེ་བའི་རྟོག་པ་སྤོང་ཞིང་བསམ་གཏན་དང་པོའི་ས་པའི་དགེ་བའི་རྟོག་པ་རྣམས་ཀྱང་སྤངས་ནས། ལུས་ལྟ་བུའི་རྟོག་པ་རྣམས་རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན། རུས་སྦལ་གྱི་ཁོག་པ་ལྟ་བུའི་ནང་དུ་སྡུད་ཅིང་འཇུག་པར་བྱེད་དོ། །དེའི་རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་དེ་ཡང་དེ་ཡན་ཆད་སྲིད་པའི་རྩེ་མོ་ལ་ཐུག་པའི་བར་དུ་ཡིན་པར་རིག་པར་བྱའོ། །དེ་སྙོམས་པར་ཞུགས་པ་དང་ལངས་པ་ན་ཡང་ཏིང་ངེ་འཛིན་དེའི་རོ་མྱོང་བར་མི་བྱེད་ལ། ཡང་དག་པར་དགའ་བར་འགྱུར་བའི་ཆོས་རྣམས་ཀྱིས་ངེས་པ་ཡིན་ཏེ། རྣམ་པར་འཚེ་བ་མེད་པའི་རང་བཞིན་ཅན་ཡིན་པས་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང་འགྲོགས་ན་བདེ་བ་ཡིན་ཏེ། ཚངས་པ་མཚུངས་པར་
སྤྱོད་པ་མཁས་པ་དག་ཀྱང་དེ་དང་ལྷན་ཅིག་འཁོད་པར་དགའོ། །རྩོད་པར་མི་བྱེད་པའི་ཆོས་རྣམས་དང་ཡང་ལྡན་པ་ཡིན་ཏེ། དེ་དེ་ལྟར་ཡང་དག་པའི་སྦྱོར་བ་ལ་བརྟེན་ནས། བདེན་པ་རྣམས་མངོན་པར་རྟོགས་པར་བྱེད་ཅིང་ཟག་པ་ཟད་པ་ཡང་ཐོབ་པར་འགྱུར་རོ། །དེ་ཆོས་རྣམས་ལ་གཞན་གྱི་དྲིང་མི་འཇོག་ཅིང་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ཡང་ཐོབ་ནས། ཆོས་ལ་ཡང་ཆོས་སུ་འདུལ་བ་ལ་ཡང་འདུལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་དེ་ལྟར་རབ་ཏུ་ཤེས་པས་ལྟ་བ་ཕྱིན་ཅི་ལོག་ལ་བརྟེན་ཏེ། ཆོས་ལ་ཆོས་ཀྱི་སྒོ་ནས་སྐུར་པ་མི་འདེབས། ཆོས་མ་ཡིན་པ་ལ་ཡང་ཆོས་མ་ཡིན་པའི་སྒོ་ནས་སྐུར་པ་མི་འདེབས། ཆོས་མ་ཡིན་པ་ལ་ཡང་ཆོས་སུ་མི་སྟོན། ཆོས་ལ་ཡང་ཆོས་མ་ཡིན་པར་མི་སྟོན། འདུལ་བ་མ་ཡིན་པ་ལ་ཡང་འདུལ་བར་མི་སྟོན། འདུལ་བ་ལ་ཡང་འདུལ་བ་མ་ཡིན་པར་མི་སྟོན་ཏོ། །བཤད་པ་འདིའི་མདོར་བསྟན་པ་ནི་མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་ཅན་རྣམས་ཀྱི་ཀུན་དུ་འཁྲུག་པ་རྣམ་པ་བཞི་པོ་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་རྟོག་པའི་ཀུན་དུ་འཁྲུག་པ་དང༌། རོ་མྱང་བའི་ཀུན་དུ་འཁྲུག་པ་དང༌། རྩོད་པ་སྨྲ་བའི་ཀུན་དུ་འཁྲུག་པ་དང༌། ལམ་ལ་སྐུར་པ་འདེབས་པའི་ཀུན་དུ་འཁྲུག་པ་སྤང་བའི་ལམ་བསྟན་ཏེ། །དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །མཚུངས་དང་མཚུངས་པ་མ་ཡིན་འབྱུང་བ་དང༌། །ནང་དུ་དགྱེས་པར་མཛད་ཅིང་མཉམ་གཞག་ནས། །ཐུབ་པས་སྲིད་པའི་འདུ་བྱེད་སྤངས་མཛད་དོ། །སྒོ་ངར་སྐྱེས་པས་སྦུབས་ནི་བརྟོལ་བ་བཞིན། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། དེ་བཞིན་གཤེགས་པ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔར་གྱུར་པ་ན། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དག་གིས་བརྒྱན་པའི་གཟུགས་ཀྱི་སྐུ་འབྱུང་བ་བརྙེས་པ་དེ་ནི། ཕྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པར་གྱུར་པ་ན་ཡང༌། དེའི་གཟུགས་ཀྱི་སྐུ་བྱུང་བ་དེ་ནི་མཚུངས་སོ། །མིང་གི་སྐུ་བྱུང་བ་དེ་དག་
ནི་ཟག་པ་མེད་པས་མི་འདྲ་བའི་ཕྱིར་མཚུངས་པ་མ་ཡིན་ནོ། །གང་གི་ཚེ་དེ་བཞིན་གཤེགས་པ་ནང་དུ་དགྱེས་པར་མཛད་ཅིང་དགེ་སྦྱོང་དུ་འགྱུར་བ་ལ་བརྟེན་ནས། ཏིང་ངེ་འཛིན་དེ་ལ་མངའ་བརྙེས་པས་ན། ཇི་ལྟར་ཐུགས་མཉམ་པར་གཞག་པ་ཡིན་བཞིན་དུ། སྐུ་ཚེའི་འདུ་བྱེད་རྣམས་ཞེས་བྱ་བ་སྲིད་པའི་འདུ་བྱེད་རྣམས་སྤངས་ཏེ། དེ་དག་སྤངས་པས་མཚུངས་པའི་གཟུགས་ཀྱི་སྐུ་འབྱུང་བ་དེ་དག་མཚུངས་པ་མ་ཡིན་པའི་མིང་གི་སྐུ་འབྱུང་བ་བཤིག་སྟེ། དཔེར་ན་བྱ་གག་སྒོ་ང་ལས་སྐྱེ་བའི་ཕྲུ་གུ་ཆེར་སྐྱེས་པའི་རྒྱུས་སྒོ་ང་གང་ལ་བརྟེན་ཏེ་སྐྱེས་ཤིང་བྱུང་བ་དེ་ཉིད་བརྟོལ་ནས་ཕྱིར་འབྱུང་བ་བཞིན་དུ་དེ་བཞིན་གཤེགས་པས་གཟུགས་ཀྱི་སྐུ་དང༌། མིང་གི་སྐུ་བཤིག་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ལ་བཤིག་པ་ནི་འདི་ལྟ་བུ་ཡིན་ཏེ། དེ་བཞིན་གཤེགས་པ་སྐུ་ཚེའི་འདུ་བྱེད་རྣམས་མ་སྤངས་པར་སྐུ་ཚེའི་མཐར་ཕྱིན་ནས། མྱ་ངན་ལས་འདའ་བའི་དུས་མཛད་པ་གང་ཡིན་པ་དེ། སྐུ་ཚེའི་མཐར་མ་ཕྱིན་པར་སྤངས་ཏེ། ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པས་ཡོངས་སུ་མྱ་ངན་ལས་འདས་པའོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་ཚེའི་འདུ་བྱེད་སྤངས་པས། སྤོང་བའི་རྒྱུ་བཞི་དང་བཅས་པ་ལ་བརྟེན་ནས། གཟུགས་ཀྱི་སྐུ་དང༌། མིང་གི་སྐུ་བཤིག་པ་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །འདོད་པ་ལྟ་བུའི་འདམ་མེད་དེ། །ཞེ་སྡང་འདྲ་བའི་གདོན་ཡང་མེད། །གཏི་མུག་འདྲ་བའི་དྲ་བ་མེད། །སྲེད་པ་འདྲ་བའི་ཆུ་ཀླུང་མེད། །ཅེས་པ་ནི་ཚིགས་སུ་བཅད་པ་ཡིན་ཏེ། རང་དབང་མེད་པར་བྱེད་པའི་ཆོས་བཞི་པོ་འདི་དག་ནི། བརྡར་བཏགས་པས་འཇིག་རྟེན་ན་ཡོད་པ་དག་སྟེ། དེ་དག་ནི་སེམས་ཅན་རྣམས་རང་དབང་མེད་པར་བྱེད་པ་སྟེ། འདམ་དུ་ཐོགས་པ་དང༌། འབྱུང་བོའི་གདོན་བབས་པ་དང༌། དྲ་བར་ཞུགས་པ་དང༌། ཆུ་ཀླུང་གི་རྒྱུན་དྲག་པོས་རྒྱུན་ཕྱོགས་སུ་ཁྱེར་བའོ། །དེ་བཞིན་དུ་སེམས་ཅན་རྣམས་རང་དབང་མེད་པར་བྱེད་པའི་ཆོས་ཡང་དག་པ་མ་ཡིན་པ་བཞི་པོ་འདི་དག་ནི་རང་ལ་དབང་མེད་པར་བྱེད་པ་ཡིན་པར་རིག་པར་བྱའོ། །བཞི་གང་ཞེ་ན།
འདི་ལྟར་འདི་ན་འདོད་པའི་ཁམས་སུ་སྐྱེས་པ་ལ་ལ་འདོད་པའི་མི་གཙང་ལ་དྲི་མ་ཞིམ་ལ་དྲི་ང་བ་འདམ་ལྟ་བུ་དག་ལ་ཆགས་པ་ནི། དགེ་བའི་ཆོས་རྣམས་བསྒྲུབ་པ་དང༌། བསྲུང་བ་དང༌། རྣམ་པར་འཕེལ་བར་བྱ་བ་ལ་རང་དབང་མེད་པ་ཡིན་ནོ། །གཞན་ཡང་ལ་ལ་འདི་ན་འདོད་པ་རྣམས་སྤངས་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ན་ཡང་དེ་ཁྲོ་ཞིང་ཁྲོ་བའི་བསམ་པ་ཅན་བཀའ་བློ་མི་བདེ་བའི་རང་བཞིན་ཅན་ཡིན་ཏེ། རྒྱུ་དེས་ཁྲོ་བས་རང་དབང་མེད་པར་བསླབ་པ་ལས་འགལ་བ་ཡང་གྲངས་སུ་མི་རྩི་བས། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཚིག་གི་སྨྱུང་བུ་དག་གིས་འཛུགས་ཤིང་ཞེར་འདེབས་ལ། རྣམ་པར་འཚེ་ཞིང་སུན་འབྱིན་པར་བྱེད་དོ། །གཞན་ཡང་འདི་ན་ལ་ལ་འདོད་པ་རྣམས་སྤངས་ནས། ཉེས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། དེ་བདུད་སྡིག་ཅན་གྱི་གཏི་མུག་ཆེན་པོ་སྟོན་པའི་ལྟ་བའི་དྲ་བར་ཞུགས་པ་ཡིན་ཏེ། དེ་དེ་ལྟར་ཞུགས་པས་འཁོར་བ་ལས་ངེས་པར་འབྱུང་བ་ལ་རང་དབང་མེད་པར་འགྱུར་རོ། །གཞན་ཡང་འདི་ན་ལ་ལ་འདོད་ཆགས་དང་བྲལ་བའི་ས་གོང་མ་དག་ཏུ་སྐྱེས་ཤིང་བྱུང་ལ། དེས་སྲེད་པའི་ཀུན་དུ་སྦྱོར་བ་མ་སྦངས་ཤིང་ཡོངས་སུ་མ་ཤེས་པས་ཡང་འོག་མའི་ཁམས་སུ་འབབ་པའི་ཕྱིར་དེར་གཏན་དུ་གནས་པའི་རང་དབང་མེད་པར་འགྱུར་རོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་བྱིས་པའི་འཆིང་བ་ཁམས་ཐམས་ཅད་དང༌། ཕྱོགས་ཐམས་ཅད་དུ་གཏོགས་པ་བསྟན་ཏོ། །རྣམ་གྲངས་གཞན་ཡང་འདི་ལྟར་འདི་ན་ལ་ལ་འདོད་པའི་འདམ་དུ་ཐོགས་པས། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་མི་ནུས་སོ། །གཞན་ཡང་ལ་ལ་ནི་ཁྲོ་ཞིང་ཁྲོ་བའི་ཟིལ་གྱིས་ནོན་ལ། སེམས་ཡོངས་སུ་ཟིན་པས་བདག་ཉིད་ལ་ཡང་རྣམ་པར་འཚེ་ཞིང་གསོད་པར་བྱེད་ན། གཞན་དག་ལ་ལྟ་ཅི་སྨོས། གཞན་ཡང་ལ་ལ་ནི་གཏི་མུག་གི་ཕྱོགས་ཀྱི་ལོག་པར་ལྟ་བ་དང་ལྡན་ཏེ། ཕ་མེད་དོ་མ་མེད་དོ་ཞེས་ཕ་མ་ལ་སྐུར་པ་བཏབ་ནས། དེ་གཉིས་ཀྱི་བསྙེན་བཀུར་དང༌། གཡོག་བྱ་བར་འདོད་ཀྱི་ཕྱིར་ཏེ་ཕ་མ་ལ་ལྟ་ག་ལ་ཞིག་བྱེད། གཞན་ཡང་
ལ་ལ་ནི་འདོད་པ་ལ་སོགས་པའི་སྲེད་པས་བདས་ནས་བདག་ཉིད་ཀྱང་སྤྱོད་པར་མི་བྱེད་ན། གཞན་ལ་སྟེང་བ་ལྟ་ཅི་སྨོས་ཏེ། ཆོས་བཞི་པོ་དེ་དག་ནི་མཁས་པས་རྟོགས་པའི་ཆོས་བཞི་པོ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང༌། མི་འཚེ་བ་དང༌། ཕ་མ་ལ་བསྙེན་བཀུར་བྱ་བ་དང༌། སྦྱིན་པ་བགེགས་བྱེད་པ་ཡིན་པར་རིག་པར་བྱའོ། །ནམ་མཁའ་ལ་ནི་གནས་མེད་ལྟར། །ཕྱི་རོལ་པ་ལ་དགེ་སྦྱོང་མེད། །བྱིས་པ་རྣམས་ནི་སྤྲོས་ལ་དགའ། །དེ་བཞིན་གཤེགས་རྣམས་སྤྲོས་མི་མདའ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། སེམས་ཅན་གང་དག་འདོད་པ་ཁྱད་པར་ཅན་འདོད་ནས་འདོད་པ་ཚོལ་བར་བྱེད་པ་དག་ཀྱང་ཡོད། གང་དག་ལུས་ཁྱད་པར་ཅན་འདོད་ན་སྲིད་པ་ཚོལ་བར་བྱེད་པ་དག་ཀྱང་ཡོད། གང་དག་དགེ་སྤྱོད་དུ་འགྱུར་བ་དང༌། ཚངས་པར་འགྱུར་བའི་ཐར་པ་འདོད་ནས་ཚངས་པར་སྤྱོད་པ་ཚོལ་བ་དག་ཀྱང་ཡོད་དོ། །དེ་ལ་འདོད་པ་ཚོལ་བ་དང༌། སྲིད་པ་ཚོལ་བར་བྱེད་པ་གང་ཡིན་པ་དེ་དག་ནི་སྦྱིན་པ་ལས་བྱུང་བ་ཆུང་དུ་དང༌། ཚུལ་ཁྲིམས་ལས་བྱུང་བ་ཆུང་དུས། བདག་ཕྱི་མ་ལས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། འདོད་པའི་ཡོན་ཏན་ལྔ་པོ་དག་ལ་འབྱོར་ཅིང་ལྡན་པར་གྱུར་ལ་རྩེ་ཡང་ཅི་མ་རུང་སྙམ་སྟེ། དེ་ལྟར་སྨོན་ལམ་བཏབ་ནས་འདོད་པ་ཁྱད་པར་ཅན་རྣམས་དང༌། ལུས་ཁྱད་པར་ཅན་རྣམས་ཐོབ་པར་འགྱུར་ཏེ། དེ་དག་ནི་དཔེར་ན་བྱ་རྣམས་ནམ་མཁའ་ལ་རྒྱུ་མོད་ཀྱི། ནམ་མཁའ་ལ་གནས་པར་མི་འགྱུར་བ་དེ་བཞིན་དུ། དེ་དག་ཀྱང་འདོད་པ་དང་ལུས་ཐོབ་པ་མི་རྟག་པ་ཐམས་ཅད་ལ་དེ་བཞིན་དུ་གནས་པར་མི་འགྱུར་རོ། །དེ་ལ་གང་དག་དགེ་སྦྱོང་དུ་འགྱུར་བར་འདོད་པས་ཚངས་པར་སྤྱོད་པ་ཚོལ་བར་བྱེད་པ་དེ་དག་ནི་ལེགས་པར་གསུངས་པའི་ཆོས་ཅན་རྣམས་དང༌། ཉེས་པར་བཤད་པའི་ཆོས་ཅན་རྣམས་སོ། །དེ་ལས་ཉེས་པར་བཤད་པའི་ཆོས་ཅན་ཕྱི་རོལ་པ་རྣམས་ལ་ནི་གཅིག་ཏུ་ངེས་པར་དགེ་སྦྱོང་མེད་དོ། །ལེགས་པར་གསུངས་པའི་ཆོས་ཅན་རྣམས་ལ་ནི་གང་དག་ལོག་པར་ཚངས་པར་སྤྱོད་པ་ཚོལ་བར་བྱེད་པ་དེ་དག་ལ་མེད་དོ། །གང་དག་ཡང་དག་པར་
བྱེད་པ་དེ་དག་ལ་ནི་ཡོད་དོ། །འདི་དག་ཐམས་ཅད་ཀྱང་སྒོ་གསུམ་གྱིས་སྤྲོས་པ་ལ་དགའ་བར་འགྱུར་ཏེ། འདོད་པ་ཚོལ་བའི་སྒོ་དང༌། སྲིད་པ་ཚོལ་བའི་སྒོ་དང༌། ལོག་པར་ཚངས་པར་སྤྱོད་པ་ཚོལ་བའི་སྒོའོ། །ཚོལ་བ་ཐམས་ཅད་ཡང་དག་པར་སྤངས་པའི་དེ་བཞིན་གཤེགས་པ་རྣམས་ནི་སྤྲོས་པ་མེད་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་ཉན་ཐོས་ཡང་དག་པར་ཚངས་པར་སྤྱོད་པ་ཚོལ་བར་བྱེད་པ་གང་ཡིན་པ་དེ་དག་ཀྱང་དོན་གྱིས་སྤྲོས་པ་མེད་པ་ཡིན་པར་ངེས་སོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་མེད་པ་རྣམས་ཀྱི་བརྩམས་པ་ཐམས་ཅད་དོན་མེད་པར་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །གང་ལ་གནས་པ་དང་ནི་སྤྲོས་མེད་ཅིང༌། །གང་ཞིག་འཆིང་དང་འོབས་ལས་འདས་གྱུར་པ། །ཐུབ་པ་སྲེད་དང་བྲལ་བ་རྒྱུ་བདེ། །ལྷར་བཅས་འཇིག་རྟེན་དག་གིས་ཡོངས་མི་ཤེས། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། དགེ་སློང་དགྲ་བཅོམ་པ་སྲེད་པ་མེད་པ་ནི་རྣམ་པ་བཞིས་བདུད་ཕྱིར་རྒོལ་བ་བྱིས་པ་ཐམས་ཅད་ཀྱི་རྗེ་བོ་ལྟ་བུར་གྱུར་པ་ལས་རྣམ་པར་གྲོལ་ནས་རང་དབང་ཐོབ་པར་གྱུར་ཏེ། དེ་གྲོང་དམ་དགོན་པ་ན་རྒྱུ་བ་མཐོང་ན་བྱིས་པ་ཁ་ཅིག །དགྲ་བཅོམ་བ་དེའི་ཤིན་ཏུ་མཐར་ཕྱིན་པ་དེ་དང༌། རང་དབང་ཐོབ་བ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ནས་གནས་གཉིས་ཀྱིས་བརྙས་པར་བྱེད་དེ། རིགས་ཀྱི་བུ་འདི་ཅིའི་ཕྱིར་རང་ལ་དབང་ཡོད་པའི་སྤྱོད་པས་འཚོ་བ་ཡོངས་སུ་སྤངས་ནས། གཞན་ལ་རག་ལུས་པའི་སྤྱོད་པས་འཚོ་བ་ཁས་བླངས་ཞེས་བྱ་བ་དང༌། མཐོ་རིས་ཀྱི་འཇིག་རྟེན་དུ་སྦྱོར་བ་ཡོངས་སུ་སྤངས་ནས། སྲིད་པ་ཆད་པར་བྱ་བའི་ཕྱིར་བརྩོན་པར་བྱེད་ཅེས་བརྙས་པར་བྱེད་དོ། །དེ་ལ་བྱིས་པ་མཐོ་རིས་ཀྱི་འཇིག་རྟེན་དང༌། །བྱིམ་[*PHYI MA] གྱི་སྤྱོད་པ་ལ་ཡོན་ཏན་དུ་ལྟ་བ་གང་ཡིན་པ་དེ་དག་ནི་ཐུབ་པ་དེ་ལ་བརྙས་པར་བྱེད་དོ། །ལྷ་གང་དག་ལ་དེ་དག་འདོད་པའི་ཚུལ་གྱིས་གནས་པའི་ལྷ་དེ་དག་གིས་ཀྱང་ཐུབ་པ་དེའི་ཆེ་བ་ཉིད་ནི་མི་ཤེས་ན། དེ་དག་གིས་ལྟ་ག་ལ་ཤེས། དགྲ་བཅོམ་པ་སྲེད་པ་མེད་པ་རྣམ་པ་བཞིས་བདུད་ཕྱིར་རྒོལ་བ་བྱིས་པའི་སྐྱེ་བོ་
ཐམས་ཅད་ཀྱི་རྗེ་བོ་ལྟ་བུར་གྱུར་པ་ལས་ཇི་ལྟར་རྣམ་པར་གྲོལ་ཞིང་རང་དབང་དུ་གྱུར་ཅེ་ན། འདི་ལྟར་རྣམ་པར་ཤེས་པའི་གནས་བཞིས་བདུད་ཕྱིར་རྒོལ་བ་རྗེ་བོ་ལྟ་བུར་གྱུར་པའི་བྱིས་པ་དེ་དག་འགྲོ་བ་ལྔའི་འཁོར་བར་འོད་བ་དང་འགྲོར་འཇུག་པར་བྱེད་ཀྱི། དགྲ་བཅོམ་པ་ནི་དེ་ལྟ་མ་ཡིན་ནོ། །འདི་ལྟར་བྱིས་པ་བྲན་ཉེས་པ་རྔམས་པོ་ཆེ་བྱུང་བ་ལྟར་སྒྲོ་བཏགས་པའམ། སྐུར་པ་འདེབས་པའི་ལྟ་བ་ངན་པ་དང༌། དབྱིག་པ་ཐོགས་པ་དང༌། མཚོན་ཆ་ཐོགས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱིས་སྤྲོས་པར་ལྟུང་བ་ངན་སོང་གི་འགྲོ་བ་དག་ཏུ་སྐྱེས་པ་དེ་དག་ལ་ནི་བདུད་ཕྱིར་རྒོལ་བ་རྗེ་བོ་ལྟ་བུས་ལས་ཀྱི་གནོད་པ་རྣམ་པ་སྣ་ཚོགས་ཀྱིས་གནོད་པ་བྱེད་དེ། དགྲ་བཅོམ་པ་ནི་དེ་ལྟ་མ་ཡིན་ནོ། །འདི་ལྟར་བྱིས་པ་བྲན་ཉེས་པ་འབྲིང་བྱུང་བ་ལྟར། བདུད་ཕྱིར་རྒོལ་བརྗེ་བོ་ལྟ་བུར་གྱུར་པས། འདོད་པའི་སྲེད་པའི་འཆིང་བས་བཅིངས་པ་རྣམས་ནི་འདོད་པའི་ཁམས་ན་སྐྱེས་པའི་སྡུག་བསྔལ་ལས་ངེས་པར་འབྱུང་བ་མི་འཐོབ་ཀྱི་དགྲ་བཅོམ་པ་ནི་དེ་ལྟ་མ་ཡིན་ནོ། འདི་ལྟར་བྱིས་པ་བྲན་ཉེས་པ་ཆུང་དུ་བྱུང་བ་ལྟ་བུར་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་པ་བདུད་ཕྱིར་རྒོལ་བ་ཇོ་བོ་ལྟ་བུར་གྱུར་པས། མ་རིག་པའི་འོབས་ཀྱིས་བསྐོར་ཞིང་འཁོར་བའི་བཙོན་རར་ཆུད་པ་རྣམས་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས་ངེས་པར་འབྱུང་བ་མི་འཐོབ་ཀྱི། དགྲ་བཅོམ་པ་ནི་དེ་ལྟ་མ་ཡིན་ནོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་བྱིས་པ་རྣམས་ངོ་ཚ་བར་བྱ་བ་མ་ཡིན་པས་ནི་ངོ་ཚ་ལ། ངོ་ཚ་བར་བྱ་བས་ནི་ངོ་མི་ཚ་བ་དང༌། འཇིགས་པར་བྱ་བ་མ་ཡིན་པས་ནི་འཇིགས་པར་ལྟ་ལ། འཇིགས་པར་བྱ་བ་ལ་ནི་འཇིགས་པར་མི་ལྟ་བར་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །གང་གི་རྟོག་པ་བསལ་བ་དང༌། །ནང་གི་མ་ལུས་རྟོག་མེད་པ། །དེ་ཆགས་གཟུགས་ཀྱི་འདུ་ཤེས་འདས། །སྦྱོར་བཞི་བྲལ་བ་སྐྱེ་མི་འགྱུར། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། འདི་ལྟར་འདི་ན་སློབ་པར་འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བ་ལ་ལ་བསམ་གཏན་དང་པོ་ལ་བརྟེན་ནས་འདོད་
པ་ན་སྤྱོད་པའི་སྡིག་པའི་རྟོག་པ་རྣམས་སྤངས་ཏེ་བསལ་ལ་བསམ་གཏན་གཉིས་པ་ལ་བརྟེན་ནས། ནང་ཡོངས་སུ་དང་ཞིང་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། བསམ་གཏན་དང་པོའི་ས་པའི་རྣམ་པར་རྟོག་པ་མ་ལུས་པ་རྣམས་ལ་རྣམ་པར་མི་རྟོག་གོ །བསམ་གཏན་གསུམ་པ་ལ་བརྟེན་ནས། ཡང་བསམ་གཏན་གཉིས་པའི་ས་པའི་དགའ་བ་ལ་ཆགས་པ་ལས་ཡང་དག་པར་འདའ་པར་བྱེད་དོ། །བསམ་གཏན་བཞི་པ་ལ་བརྟེན་ནས་ཡང་བསམ་གཏན་གསུམ་པའི་ས་པའི་བདེ་བ་ལ་ཆགས་པ་ལས་ཡང་དག་པར་འདའ་བར་བྱེད་དེ། །གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས། གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདའ་བར་བྱེད་དོ། །དེ་དེ་ལྟར་རིམ་གྱིས་སྙོམས་པར་འཇུག་པ་ལ་བརྟེན་ནས། སྲིད་པའི་རྩེ་མོའི་པར་དུ་སྙོམས་པར་ཞུགས་པའམ། སྐྱེས་པ་སྦྱོར་བ་བཞི་དང་བྲལ་བ། ཉོན་མོངས་པ་ཅན་གྱི་རྟོག་པའི་སྦྱོར་བ་དང་བྲལ་བ་ཉོན་མོངས་པ་ཅན་མ་ཡིན་པའི་རྟོག་པའི་སྦྱོར་བ་དང་བྲལ་བ་དགའ་བ་དང༌། བདེ་བའི་སྦྱོར་བ་དང་བྲལ་བ་གཟུགས་ཀྱི་འདུ་ཤེས་ཀྱི་སྦྱོར་བ་དང་བྲལ་བ་ནི་ཕྱིན་ཆད་ས་འོག་མ་རྣམས་སུ་སྐྱེ་བར་མི་འགྱུར་རོ། །སོ་སོའི་སྐྱེ་བོ་སྦྱོར་བ་བཞི་དང་ལྡན་པ། སྲིད་པའི་རྩེ་མོར་སྙོམས་པར་ཞུགས་པའམ། སྐྱེས་པ་ནི་ས་འོག་མ་རྣམས་སུ་སྐྱེ་བར་འགྱུར་བར་རིག་པར་བྱའོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་སྲིད་པའི་མཐའ་ལ་གནས་པའི་སློབ་པ་དང༌། སོ་སོའི་སྐྱེ་བོའི་བྱེ་བྲག་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །བྱིན་པའི་བསོད་ནམས་རབ་ཏུ་འཕེལ། །ཡང་དག་སྡོམ་ལ་ཁོན་མི་སྐྱེ། །དགེ་ལྡན་སྡིག་པ་རབ་ཏུ་སྤང༌། །ཉོན་མོངས་རྣམས་ཟད་མྱ་ངན་འདས། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། འདི་ལྟར་འདི་ན་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་རྙེད་ནས། སེར་སྣའི་དྲི་མའི་ཀུན་ནས་དཀྲིས་པ་དང་བྲལ་བའི་སེམས་ཀྱིས་ཁྱིམ་ན་གནས་ཤིང་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་ཡང་དག་པར་བླངས་ཏེ། གནས་ན་
དེ་དག་གིས་དེའི་འགྲོ་ཡང་རུང༌། འདུག་ཀྱང་རུང་བ་ནས་རྒྱས་པར་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་བསོད་ནམས་ཁོ་ན་འཕེལ་བར་འགྱུར་བའི་བར་དུ་སྦྱར་རོ། །གལ་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ན། དེ་རབ་ཏུ་བྱུང་བ་རྣམས་ནི་བཟོད་པའི་སྟོབས་ཅན་ཡིན་ནོ་སྙམ་པ་དང༌། ཚུལ་ཁྲིམས་རྗེས་སུ་བསྲུང་བས་གཞན་དག་གིས་སྨད་ཀྱང་རུང༌། སྤྱོས་ཀྱང་རུང༌། ལག་པ་དང༌། བོང་བ་དང༌། དབྱུག་པ་དང་མཚོན་ཆའི་རེག་པ་རྣམས་ཀྱིས་བསྣུན་ཀྱང་རུང་སྟེ། བདག་ལ་བར་ཆད་དུ་གྱུར་ན་མི་རུང་ངོ་སྙམ་ནས། སེམས་སྡང་བར་མི་བྱེད་ཅིང་སྡིག་པའི་ཚིག་མི་འབྱིན་ཏེ། དེ་ཉིད་ལ་དམིགས་ནས་བྱམས་པ་དང་ལྡན་པའི་སེམས་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་པར་བྱས་ཏེ་གནས་སོ། །དེ་གཞི་དེས་ཚེ་འདི་ལ་བདག་དང་གཞན་གྱི་རྒྱུད་ལ་ཡོད་པའི་ཁོན་རབ་ཏུ་ཞི་བར་འགྱུར་རོ།། ཕྱི་མ་ལ་ཡང་གནོད་པ་མེད་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ལ། ཁོན་མང་བར་མི་འགྱུར་ཞིང་དགྲ་ཟླ་མང་བར་མི་འགྱུར་ཏེ། འཇིག་རྟེན་གྱིས་མཐོང་ན་དགའ་བ་དང༌། མངོན་པར་དགའ་བར་འགྱུར་རོ། །དེ་ལྟར་ཡང་དག་པར་བརྩོན་པ་དེ། ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ནས་ལྷག་པའི་སེམས་སྐྱེད་པར་བྱེད་ཅིང༌། ལྷག་པའི་སེམས་ལ་བརྟེན་ནས། ལྷག་པའི་ཤེས་རབ་བསྐྱེད་དེ། བདེན་པ་མངོན་པར་རྟོགས་པའི་མདོ་ལས་ཡང་ངན་སོང་དུ་འགྲོ་བའི་སྡིག་པའི་ལས་དང༌། ངན་སོང་དུ་འགྲོ་བའི་སྡིག་པ་སྤོང་བར་འགྱུར་རོ། །དེ་ལྟར་ཐོབ་པའི་ལམ་ལ་ཡང་བསྒོམ་ཞིང༌། ཀུན་ཏུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པས་ཕུང་པོའི་ལྷག་མ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་དད་པ་ཅན་གྱི་ལམ་རྣམ་པ་བཞི་བསྟན་པ་སྟེ། ལོངས་སྤྱོད་དུ་འགྱུར་བ་དང༌། བདེ་འགྲོར་འགྱུར་བ་དང༌། ངན་སོང་གི་སྡུག་བསྔལ་བཟློག་པས་རབ་ཏུ་ཕྱེ་བ་དང༌། སྡུག་བསྔལ་ཐམས་ཅད་བཟློག་པས་རབ་ཏུ་ཕྱེ་བ་སྟེ། དེ་ནི་འདིའི་མདོར་བསྟན་པ་ཡིན་
པར་རིག་པར་བྱའོ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། འདི་ལྟར་འདི་ན་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་རྙེད་ནས། རྣམ་པ་ཐམས་ཅད་དང༌། གཞི་ཐམས་ཅད་དང༌། གནས་ཐམས་ཅད་དུ་ཉེས་པར་སྤྱོད་པ་སྤངས་ཏེ། ལེགས་པར་བཤད་པའི་ཆོས་འདུལ་བ་ལ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་བར་ལེན་པར་བྱེད་ལ། དེ་རྣམ་པ་གསུམ་གྱིས་དགེ་བ་རྫོགས་པར་བྱེད་དེ། ཚུལ་ཁྲིམས་དང་ལྡན་པར་གནས་ཤིང༌། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ནས། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པ་དང༌། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དེ་ལ་བརྟེན་ནས་ཀྱང༌། ལྷག་པའི་སེམས་ཀྱི་བསླབ་པ་མངོན་པར་བསྒྲུབ་པ་དང༌། ལྷག་པའི་སེམས་ཀྱི་བསླབ་པ་ལ་བརྟེན་ནས། ལྷག་པའི་ཤེས་རབ་ཀྱི་བསླབ་པ་མངོན་པར་བསྒྲུབ་པའོ། །དེ་དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ཤེས་ཤིང༌། མཐོང་བར་བྱ་བ་མཐོང་ངོ༌། །དེ་ལྟར་དགེ་བ་ཕུན་སུམ་ཚོགས་པ་དེ་རྣམ་པ་གཞན་གསུམ་གྱིས་བདག་གི་སེམས་དུལ་བར་བྱེད་དེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ནས་སྐྱོ་བར་འགྱུར་བ་དང༌། སྐྱོ་བ་མི་ཆགས་པ་དང༌། མ་ཆགས་པས་རྣམ་པར་གྲོལ་བར་འགྱུར་རོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་བསླབ་པ་གསུམ་དང༌། བསླབ་པའི་འབྲས་བུས་རང་གི་བསྟན་པ་གཞན་དག་དང་ཐུན་མོང་མ་ཡིན་པར་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །ཚར་གཅད་དཀའ་ཞིང་མྱུར་བ་དང༌། །གང་དུ་འདོད་པར་ལྟུང་བ་ཡིན། །སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བདེ་བ་བསྒྲུབ་པ་ཡིན། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཡུན་རིང་པོ་ནས་འདུ་འཛི་ལ་དགའ་ལ། འདི་ལྟར་འདུ་འཛི་ལས་བྲལ་བར་དཀའ་ཞིང་ཚར་གཅད་པ་དཀའ་བ་ཡིན་ཏེ། དགེ་བའི་ཆོས་
རྣམས་བསྒོམ་པ་རྒྱུན་དུ་ཆུད་པར་བྱ་བ་ལ། སྦྱོར་དུ་བཅུག་ན། གཅིག་ཏུ་ངེས་པར་འདོད་ཆགས་དང་བྲལ་བ་དང༌། ཞེ་སྡང་དང་བྲལ་བ་དང༌། གཏི་མུག་དང་བྲལ་བ་ཡང་མ་ཡིན། གཅིག་ཏུ་ངེས་པར་རབ་ཏུ་གཟུང་བ་དང༌། རྒོད་པ་མེད་པ་དང༌། རྣམ་པར་ཞི་བར་གནས་པ་ཡང་མ་ཡིན་གྱི། མྱུར་བ་མྱུར་བར་ལྡོག་ཅིང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས། ཞུམ་པ་དང༌། རྒོད་པ་དང༌། རྣམ་པར་མ་ཞི་བ་དང་བཅས་པར་སྐྱེའོ། །རྩེ་གཅིག་ཏུ་ནང་དུ་ཡང་དག་འཇོག་པ་ལ་སྦྱོར་དུ་བཅུག་ན་ཡང༌། ཡུན་རིང་པོ་ནས་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ལ་མངོན་པར་དགའ་བའི་ཕྱིར། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ལ་རྣམ་པར་རྒྱུག་ཅིང་འཕྲོ་ལ་ལྟུང་བར་འགྱུར་རོ། །དེ་ལ་འཕགས་པ་ཉན་ཐོས་ནི་དེ་ལྟ་བུའི་ཀུན་ནས་ཉོན་མོངས་པ་ལ་མངོན་པར་དགའ་བའི་སེམས་སྡུག་བསྔལ་བསྐྱེད་པའི་དབང་དུ་མི་འགྱུར་ཞིང༌། རྗེས་སུ་མི་སྒྲུབ་ཀྱི། བརྟགས་ཤིང་བརྟགས་ཤིང་རབ་ཏུ་དབེན་པར་བྱ་བ་དང༌། དགེ་བའི་ཆོས་རྣམས་རྒྱུན་དུ་བསྒོམ་པ་དང༌། སེམས་རྩེ་གཅིག་ཏུ་བྱ་བ་སྒྲུབ་པར་བྱེད། དེ་དེ་ལྟར་སེམས་མཉམ་པར་གཞག་པས། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ནས་སྐྱོ་བར་འགྱུར་རོ། །སྐྱོ་བ་ནི་མི་འཆགས་པར་འགྱུར་རོ། །མི་འཆགས་བ་ནི་རྣམ་པར་གྲོལ་བར་འགྱུར་རོ། །དེ་དེ་ལྟར་སེམས་དུལ་བ་དང༌། སྡུག་བསྔལ་གྱི་རྒྱུ་ཟད་བས་ཚེ་འདི་ལ་ཡང་བདེ་བར་གནས་ལ་ཕྱི་མ་ལ་ཡང་སྡུག་བསྔལ་ཐམས་ཅད་ཟད་པ་ཐོབ་པར་འགྱུར་རོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་ཡུན་རིང་པོ་ནས་ལོག་པར་འཇུག་པའི་སེམས་ཀྱི་རྗེས་སུ་མི་སྒྲུབ་པ་དང༌། རྗེས་སུ་མི་སྒྲུབ་པ་བྱས་པའི་ཕན་ཡོན་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །སེམས་ཀྱི་མཚན་མ་མཁས་པ་དང༌། །རབ་ཏུ་དབེན་པའི་ཉམས་ཐོབ་དང༌། །རྟག་འགྲུས་དྲན་ལྡན་བསམ་གཏན་པ། །དགའ་བདེ་ཟང་ཟིང་མེད་པ་སྤྱོད། །ཅེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། འདི་ལྟར་འདི་ན་སློབ་པ་
གཞི་མཐོང་བ་ལ་ལ་ཞི་གནས་ཀྱི་མཚན་མ་དང༌། རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་མཚན་མ་ལ་མཁས་པ་ཡིན་ལ། གཞི་དེ་ལས་དེའི་ཕན་ཡོན་བཞིར་འགྱུར་ཏེ། སེམས་རྩེ་གཅིག་ཏུ་འགྱུར་པ་དང༌། གནས་ངན་ལེན་རྣམས་དང་བྲལ་བར་འགྱུར་བ་དང༌། ལུས་དང་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཉམས་སུ་མྱོང་བར་འགྱུར་བ་འདི་ནི་ཕན་ཡོན་དང་པོ་ཡིན་ནོ། །གཞན་ཡང་སེམས་མཉམ་པར་གཞག་སྟེ། ཇི་སྙེད་ཡོད་པ་དང༌། ཇི་ལྟར་ཡོད་པའི་ཡང་དག་པའི་ཆོས་བརྟགས་ནས། ནང་གི་ཆོས་ཀྱི་ལྷག་མཐོང་ཐོབ་པ་འདི་ནི་ཕན་ཡོན་གཉིས་པ་ཡིན་ནོ། །དེ་དེ་ལྟར་ཞི་གནས་དང༌། ལྷག་མཐོང་རྣམ་པར་དག་པ་ལ་བརྟེན་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་བརྩོན་པ་དང༌། རྟག་ཏུ་བྱེད་པ་དང༌། རྒྱུན་དུ་བྱེད་པ་དང༌། མཁས་པར་བྱེད་པས་ཡོངས་སུ་སྐྱོ་བར་མི་འགྱུར་ཞིང༌། ཡོངས་སུ་ཡི་འཆད་པར་མི་འགྱུར་བ་འདི་ནི་ཕན་ཡོན་གསུམ་པ་ཡིན་ནོ། །དེ་དེ་ལྟར་ཡིད་ཡོངས་སུ་མི་སྐྱོ་བས་དྲན་པ་དང་ཤེས་བཞིན་དམ་པ་ཐོབ་ནས། སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་དགའ་བ་དང༌། བདེ་བ་མྱོང་སྟེ། ཟང་ཟིང་མེད་པའི་བདེ་བས་ཚེ་འདི་ལ་བདེ་བ་ལ་རེག་པར་གནས་པ་འདི་ནི་ཕན་ཡོན་བཞི་པ་ཡིན་ནོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་མཚན་མ་ལ་མཁས་པའི་ཕན་ཡོན་བཞི་བསྟན་ཏེ། ཞི་གནས་ཀྱིས་བྱས་པ་དང༌། ལྷག་མཐོང་གིས་བྱས་པ་དང༌། མི་སྐྱོ་བས་བྱས་པ་དང༌། མཐར་ཕྱིན་པས་བྱས་པ་སྟེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ།། །།བམ་པོ་ཉི་ཤུ་རྩ་བཞི་པ། བཟོས་མི་འཚོ་དང་ཡང་དང་བདག་ལ་ལེགས་འདོད་དང༌། །དབང་པོ་ཐུལ་དང་ཀུན་ལས་རྣམ་པར་གྲོལ་བ་དང༌། །ཁྱིམ་ན་མི་གནས་བདག་གིར་མི་འཛིན་རེ་བ་མེད། །འདོད་སྤངས་གཅིག་པུ་རྒྱུ་བ་དེ་ནི་དགེ་སློང་ཡིན། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། ཡན་ལག་ལྔ་དང་ལྡན་ལ། ཡན་ལག་ལྔ་སྤངས་པ་ནི་དགེ་སློང་ཡང་དག་པ་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ཚུལ་འཆོས་པ་ལ་སོགས་པ་ལོག་པར་འཚོ་བར་བྱེད་པའི་ཆོས་རྣམས་ལ་མི་བརྟེན་པ་སྟེ།
ཁྱིམ་རྣམས་སུ་སྤྱི་རྟོལ་གྱི་ཁར་འདོར་བའམ། ཞལ་ཏ་བྱེད་པའམ། མིང་དང༌། རུས་ནས་སྨོས་པའམ། ཉན་ཐོས་ཀྱི་བཤད་པ་ཡང་རུང༌། སངས་རྒྱས་ཀྱི་བཤད་པ་ཡང་རུང་བའི་བཟོའི་གནས་ལ་བརྟེན་ནས། ཆོས་མ་ཡིན་པས་ཆོས་གོས་དང་ཁ་ཟས་ལ་སོགས་པ་ཚོལ་བར་མི་བྱེད་པ་འདི་ནི་ཡན་ལག་དང་པོ་ཡིན་ནོ། །གཞན་ཡང་སྣོད་སྤྱད་ཉུང་བ་དང༌། ཡོ་བྱད་ཉུང་བ་དང༌། ཤིན་ཏུ་ཡོ་བྱད་བསྙུངས་པའི་ཚུལ་ཅན་དང༌། ལུས་ལ་བགོ་བའི་གོས་དང༌། ལྟོ་དགང་བའི་ཟས་ལ་ཆོག་ཤེས་ཤིང་ཡོངས་སུ་ཆོག་ཤེས་ཏེ། གང་དང་གང་དུ་འགྲོ་བར་ལྷུང་བཟེད་དང༌། ཆོས་གོས་དང་ཆས་པ་འདི་ནི་ཡན་ལག་གཉིས་པ་ཡིན་ནོ། །དགེ་སྦྱོང་དུ་འགྱུར་བ་ལ་གུས་ཤིང༌། དགེ་སྦྱོང་དུ་འགྱུར་བ་ལ་མངོན་པར་དགའ་ལ། བསླབ་པ་འདོད་ཅིང་བསླབ་པ་ལ་མངོན་པར་དགའ་ནས། སྲོག་གི་ཕྱིར་ཡང་བསླབ་པ་ལས་འགལ་བར་མི་ཤེས་ན། ཟང་ཟིང་ཆུང་ཟད་ཙམ་གྱི་ཕྱིར་ལྟ་ཅི་སྨོས་ཏེ། འདི་ནི་ཡན་ལག་གསུམ་པ་ཡིན་ནོ། །དེ་དེ་ལྟར་ཡང་དག་པ་ལ་བརྩོན་ཞིང་འཚོ་བ་ཡོངས་སུ་དག་ལ་ཆོག་ཤེས་ཤིང་བསླབ་པ་འདོད་པ་བདེན་པ་མངོན་པར་མ་རྟོགས་པ་རྣམས་མངོན་པར་རྟོགས་པར་འགྱུར་ཞིང་ལྟ་བ་རྣམ་པར་དག་པ་ཐོབ་པར་འགྱུར་ལ། དེ་གལ་ཏེ་བརྒྱ་ལ་བརྗེད་ངས་པས་སྡིག་པ་མི་དགེ་བའི་རྟོག་པ་འདུན་པ་དང༌། ཞེ་སྡང་དང༌། གཏི་མུག་དང་ལྡན་པ་དག་སྐྱེ་ཞིང༌། དེ་བརྗེད་ངས་པ་དང༌། ཡིད་རྟུལ་བར་གྱུར་ན་ཡང་སླར་མྱུར་བ་ཁོ་ནར་མེད་པར་འགྱུར་བ་འདི་ནི་ཡན་ལག་བཞི་པ་ཡིན་ནོ། །དེས་ལམ་ཇི་ལྟར་ཐོབ་པ་ཉིད་སྒོམ་པས་ཀུན་དུ་སྦྱོར་བ་དང༌། འཆིང་བ་དང༌། བག་ལ་ཉལ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཀུན་ནས་དཀྲིས་པ་ཐམས་ཅད་ལས་སེམས་རྣམ་པར་གྲོལ་བར་འགྱུར་བ་འདི་ནི་ཡན་ལག་ལྔ་པ་སྟེ། དེ་ལྟར་ན་ཡན་ལག་ལྔ་དང་ལྡན་པ་ཡིན་ནོ། །ཡན་ལག་ལྔ་རྣམ་པར་སྤངས་པ་ཇི་ལྟ་བུ་ཞེ་ན། གནས་ལྔ་ནི་དགེ་སློང་དགྲ་བཅོམ་པས་བྱས་པའི་ཆ་མ་ཡིན་ཏེ། བསླབ་པ་ཕུལ་ནས་ཉམས་པར་བྱ་བ་ལ་འཇུག་པའི་ཆ་མ་ཡིན་པ་དང༌། བདག་གིར་ཡོངས་སུ་འཛིན་པས་སོགས་ཤིང་ཡོངས་སུ་སྤྱོད་པས་འདོད་
པ་རྣམས་ཡོངས་སུ་ལོངས་སྤྱོད་པའི་ཆ་མ་ཡིན་པ་དང༌། གནག་གི་རྙེད་པའི་ཕྱིར་རམ་སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་དུ་སྨྲ་བའི་ཆ་མ་ཡིན་པ་དང༌། འདོད་པ་རྣམས་སྤངས་པ་ལས་ཡང་མ་བྱིན་པར་ལེན་པའི་ཆ་མ་ཡིན་པ་དང༌། སྲད་པ་མེད་པས་གཅིག་པུ་གནས་ཤིང་གཅིག་པུ་རྒྱུ་ལ། གཉིས་ཀྱིས་གཉིས་སྤྲོད་པ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་ལ་བརྟེན་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་བདག་གིས་བྱས་པའམ། ཕ་རོལ་གྱིས་བྱས་པར་འཛིན་པ་དང༌། བདག་དང་གཞན་གཉི་གས་བྱས་པའམ། བདག་གིས་ཀྱང་མ་བྱས། གཞན་གྱིས་ཀྱང་མ་བྱས་པ་བདེ་བ་དང༌། སྡུག་བསྔལ་རྒྱུ་མེད་པར་འབྱུང་ངོ་སྙམ་དུ་འཛིན་པའི་ཆ་མ་ཡིན་པ་སྟེ། དེ་ལྟར་ཡན་ལག་ལྔ་རྣམ་པར་སྤངས་པ་ཡིན་ནོ། །རིང་དུ་འགྲོ་ཞིང་གཅིག་པུ་རྒྱུ། །ལུས་ཡོངས་མ་ཡིན་ཕུག་གནས་པ། །གདུལ་དཀའི་སེམས་ནི་འདུལ་བ་དེ། །བྲམ་ཟེ་ཡིན་ཞེས་ང་སྨྲའོ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། གང་འདི་སྐད་དུ་བྱིས་པ་རྣམས་ཀྱི་སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་འདས་པའི་དུས་ནས་བཟུང་སྟེ། ལུས་སྣ་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་དང༌། རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པས། བྱེད་པ་པོ་མེད་པར་རིང་དུ་བྱིས་པ་རྣམས་ཀྱི་རིང་དུ་སོང་བ་ཞེས་བྱ་སྟེ། དེ་ནི་འཁོར་བའི་ཕྱིར་སྔོན་གྱི་མཐའ་མི་མངོན་ནོ། །དེ་ཡང་ད་ལྟར་གྱི་དུས་ལ་བརྟེན་ཏེ། སེམས་ཀྱི་ཟླ་གཉིས་པ་མེད་པ་དང༌། སེམས་ཐམས་ཅད་ཅིག་ཅར་དུ་མི་འབྱུང་བའི་ཕྱིར་རེ་རེ་ནས་འཇུག་གོ །དེ་ཡང་ད་ལྟར་གྱི་དུས་ཁོ་ན་ལ་བརྟེན་ཏེ། འདོད་ཆགས་ཀྱི་བདག་ཉིད་དམ། ཞེ་སྡང་གི་བདག་ཉིད་དམ། གཏི་མུག་གི་བདག་ཉིད་དམ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བའི་བདག་ཉིད་དུ་ཡང་རུང་སྟེ། གང་གི་ངོ་བོ་ཉིད་དུ་ཉེ་བར་གནས་པ་དེའི་ངོ་བོ་ཉིད་དུ་གཏན་དུ་རྗེས་སུ་འཇུག་པ་ནི་མ་ཡིན་ཏེ། དཔེར་ན་དབང་པོ་གཟུགས་ཅན་ལྔ་པོ་དག་མཐུན་པ་དང༌། མི་མཐུན་པ་དང༌། ངན་པ་དང༌། བཟང་པོར་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་ཉེ་བར་གནས་ཏེ། དེ་ཁོ་ན་བཞིན་དུ་གཏན་དུ་རྗེས་སུ་འཇུག་
གོ །སེམས་ནི་དེ་ལྟ་མ་ཡིན་ཏེ། སེམས་ནི་ཉིན་མཚན་དང༌། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་དང་དེ་དག་འདས་པ་རྣམ་པ་དུ་མ་མང་པོ་སྣ་ཚོགས་གཞན་སྐྱེ་བ་ནི་སྐྱེ་ལ། གཞན་འགག་པ་ནི་འགག་སྟེ། དེ་ལྟར་ན་སེམས་ཀྱི་ངོ་བོ་ཉིད་ཀྱི་ལུས་ནི་ཉོན་མོངས་པ་ཅན་གྱི་བདག་ཉིད་ཡིན་པས་ཡོངས་སུ་གྲུབ་པ་མ་ཡིན་ནོ། །དེ་ཡང་མ་འོངས་པའི་དུས་ལ་བརྟེན་ནས་བག་ལ་ཉལ་དང་བཅས་པར་རྣམ་པར་ཤེས་པའི་གནས་བཞི་པོ་དེ་དག་ལ་གནས་ཏེ། ཡང་སྐྱེ་ཞིང་འགྲོ་བ་དང༌། ཕྱིར་འོང་བའི་སྐལ་བ་ཅན་ཡིན་ནོ། །དེ་ལ་གལ་ཏེ་མཁས་པ་མཚན་ཉིད་བཞི་པོ་འདི་དག་གིས་འདས་པ་དང༌། ད་ལྟར་བྱུང་བ་དང༌། མ་འོངས་པའི་དུས་ལ་བརྟེན་ཏེ། སེམས་ཡང་དག་པ་ཅི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ནས། སྐྱོ་བར་བྱ་བ་དང༌། འདོད་ཆགས་དང་བྲལ་བར་བྱ་བ་དང༌། དགག་པར་བྱ་བའི་ཕྱིར་སྒྲུབ་ཅིང༌། སེམས་ཀྱང་གྲོལ་བར་བྱེད་པ་དེ་ནི་འཇིག་ཚོགས་ཐམས་ཅད་ལས་རྒལ་ཏེ། ཕ་རོལ་དུ་སོན་ནས་ཐང་ལ་གནས་པའི་བྲམ་ཟེ་ཡིན་ནོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་འདས་པའི་དུས་ཡུན་རིང་པོ་ནས་སེམས་ཅན་ཀུན་ནས་ཉོན་མོངས་པ་ཅན་བྱེད་པ་པོ་མེད་པ་ཡིན་པར་བསྟན་པ་དང༌། ད་ལྟར་བྱུང་བའི་དུས་ན་སྐད་ཅིག་པ་དང༌། རང་བཞིན་གྱིས་འོད་གསལ་བ་ཡིན་ལ། མ་འོངས་པའི་དུས་ན་བག་མེད་པ་དང༌། བག་ཡོད་པས་བྱས་པའི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །འཇིག་རྟེན་འདི་ནི་གང་གིས་བསྒྲིབས། །འདི་ནི་གང་གིས་མི་གསལ་བགྱིས། །བསྒོས་ཞེས་བགྱིས་བ་ཅི་ལ་བགྱི། །དེ་ཡི་འཇིགས་ཆེན་གང་ཞིག་ལགས། །མ་རིག་པས་ནི་འཇིག་རྟེན་བསྒྲིབས། །བག་མེད་ཕྱིར་ནི་གསལ་མ་ཡིན། །རྟོག་པས་བསྒོས་ཞེས་ང་སྨྲ་སྟེ། །དེ་ཡི་འཇིག་རྟེན་སྡུག་བསྔལ་ཡིན། །རྒྱུན་རྣམས་ཀུན་ནས་འཛག་པ་ཡི། །རྒྱུན་རྣམས་བཟློག་པ་གང་ཞིག་ལགས། །རྒྱུན་རྣམས་སྡོམ་པ་བཀའ་སྩོལ་ཅིག །རྒྱུན་ནི་གང་གིས་དགག་པར་བགྱི། །འཇིག་རྟེན་རྒྱུན་ནི་གང་ཡིན་པ། །དེ་དག་
བཟློག་པར་དྲན་པ་སྟེ། །རྒྱུན་རྣམས་སྡོམ་པར་བཤད་བྱ་ན། །ཤེས་རབ་ཀྱིས་ནི་དགག་པར་བྱ། །ཤེས་རབ་དང་ནི་དྲན་པ་དང༌། །མིང་དང་གཟུགས་ནི་རྣམ་ཀུན་དུ། །དེ་ནི་གང་དུ་འགག་འགྱུར་བ། །ཞུ་ན་དེ་ནི་བདག་ལ་གསུངས། །ཤེས་རབ་དང་ནི་དྲན་པ་དང༌། །མིང་དང་གཟུགས་ནི་རྣམ་ཀུན་དུ། །རྣམ་པར་ཤེས་པ་འགགས་གྱུར་ན། །དེར་ནི་དེ་ཡང་འགག་པར་འགྱུར། །དྲན་པ་སྤྱོད་པའི་རྣམ་པར་ཤེས། །ཇི་ལྟར་འཇུག་འགྱུར་ཞུ་ལགས་ན། །ཇི་བཞིན་ཐེ་ཚོམ་མ་མཆིས་པར། །དེ་ནི་བདག་ལ་བཤད་དུ་གསོལ། །ནང་དང་ཕྱི་ཡི་ཚོར་བ་ལ། །མངོན་པར་དགའ་བར་མི་བྱེད་ན། །དེ་ལྟར་དྲན་པ་སྤྱོད་པ་ཡི། །རྣམ་པར་ཤེས་པ་འཇུག་པར་འགྱུར། །གང་དག་ལེགས་གསུངས་ཆོས་ཅན་དང༌། །གང་དག་སློབ་པ་ཐ་དད་པ། །དེ་དག་ནང་ནས་འགྲུས་པའི་སྤྱོད། །ཞུ་ན་བཟོད་ལྡན་བདག་ལ་གསུངས། །འདོད་པ་རྣམས་ལ་ཆགས་མེད་ཅིང༌། །ཡིད་ཀྱིས་རྙོག་པ་མེད་པར་བྱེད། །ཆོས་རྣམས་ཀུན་ལ་མཁས་པ་དང༌། །དྲན་པས་དགེ་སློང་ཀུན་དུ་རྒྱུ། །ཞེས་བྱ་བ་ནི་ཕ་རོལ་དུ་སྒྲོལ་བ་ལས་མ་ཕམ་པས་ཞུས་པ་ཡིན་ནོ། །འཇིག་རྟེན་ནི་གསུམ་སྟེ། འདོད་པའི་འཇིག་རྟེན་དང༌། གཟུགས་ཀྱི་འཇིག་རྟེན་དང༌། གཟུགས་མེད་པའི་འཇིག་རྟེན་ནོ། །དོན་གྱི་སྐབས་འདི་ནི་རབ་ཏུ་བྱུང་བའི་འཇིག་རྟེན་དང༌། ཁྱིམ་པའི་འཇིག་རྟེན་ལས་དགོངས་སོ། །དེ་ལ་རབ་ཏུ་བྱུང་བའི་འཇིག་རྟེན་ལ་ཡང་རྣམ་པ་གཉིས་ཏེ། ཉེས་པར་བཤད་པའི་ཆོས་ཅན་རྣམས་དང༌། ལེགས་པར་གསུངས་པའི་ཆོས་ཅན་རྣམས་སོ། །དེ་ལ་ཉེས་པར་བཤད་པའི་ཆོས་ཅན་གང་ཡིན་པ་དེ་དག་ནི་མ་རིག་པས་བསྒྲིབས་སོ། །ལེགས་པར་གསུངས་པའི་ཆོས་ཅན་གང་ཡིན་པ་དེ་དག་ནི་རིག་པའི་གསལ་བའི་སྐབས་ཡོད་མོད་ཀྱི་བག་མེད་པས་མི་གསལ་ལོ། །ཁྱིམ་པ་གོས་དཀར་པོ་གྱོན་པ་ཐ་དད་པ་རྣམས་ནི་རྟོག་པས་བསྒོས་པ་ཡིན་ནོ། །རྟོག་པ་དེ་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། བསྙད་པའི་གཞི་གསུམ་པོ་དག་ལ་ཡང་རྟོག་པ་ཞེས་བྱའོ། །ཐ་སྙད་བཞི་བརྗོད་པ་ལ་ཡང་རྟོག་པ་ཞེས་བྱའོ། །ཚིག་འབྱུང་བར་བྱེད་པའི་རྟོག་པ་ལ་ཡང་
རྟོག་པ་ཞེས་བྱའོ། །དེ་ལ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་བསྙད་པའི་གཞི་རྣམས་ལས། ཐ་སྙད་གཞི་ལས་བརྩམས་ཏེ། རྣམ་པར་རྟོག་པ་ཐ་དད་པ་དག་ལ་རྣམ་པར་རྟོག་པ་རྣམས་ཀྱི་མཐུན་པའམ་མི་མཐུན་པར་འགྱུར་ཏེ། དེ་ནི་དེ་དག་གི་སྒོ་བར་བྱེད་པ་ཞེས་བྱའོ། །དེ་ལྟར་སྔ་མའི་རྟོག་པ་དང༌། ཕྱི་མའི་བསྒོ་བ་ནི་ཕལ་ཆེར་ཁྱིམ་པ་རྣམས་ལ་སྣང་སྟེ། དེ་ལྟ་བས་ན་དེ་དག་ནི་རྟོག་པས་བསྒོས་པ་ཞེས་བྱའོ། །དེ་ལ་ཉེས་པར་བཤད་པའི་ཆོས་ཅན་མ་རིག་པས་བསྒྲིབས་པ་གང་དག་ཡིན་པ་དང༌། ལེགས་པར་གསུངས་པའི་ཆོས་ཅན་བག་མེད་པ་གང་དག་ཡིན་པ་དང༌། ཁྱིམ་པ་རྟོག་པས་བསྒོས་པ་གང་དག་ཡིན་པ་དེ་དག་ནི་ཚེ་འདི་ལ་སྡུག་བསྔལ་གྱི་རྒྱུ་ཡིན་བཞིན་དུ། སྡུག་བསྔལ་གྱི་རྒྱུ་ལས་སྡུག་བསྔལ་གྱི་རྒྱུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཅི་ཡང་མི་ཤེས་བས་སྡུག་བསྔལ་གྱི་རྒྱུ་ལ་མངོན་པར་དགའ་བའི་ངོ་བོར་གནས་ཏེ། རྒྱུ་དེས་ཕྱི་མ་ལ་དེ་དག་གི་སྡུག་བསྔལ་སྐྱེ་བ་གང་ཡིན་པ་དེ་ནི། ཤིན་ཏུ་འཇིགས་པ་ཆེན་པོ་མི་བཟད་པ་ཡིན་ནོ། །དེ་ལ་སེམས་ཅན་ཉེས་པར་བཤད་པའི་ཆོས་ཅན་རྣམས་ཀྱི་སྐྱེ་མཆེད་དྲུག་གི་རྒྱུན་ནི་མ་རིག་པའི་སྒྲིབ་པའི་སྲོལ་ནས་སྡུག་བསྔལ་གྱི་ཕྱིར་འབབ་པོ། །ཁྱིམ་པ་རྣམས་ཀྱི་ནི་རྟོག་པའི་སྲོལ་ནས་སོ། །ལེགས་པར་གསུངས་པའི་ཆོས་ཅན་རྣམས་ཀྱི་སྐྱེ་མཆེད་དྲུག་གི་རྒྱུ་ནི་བག་མེད་པའི་སྲོལ་ནས་སྡུག་བསྔལ་གྱི་ཕྱིར་འབབ་སྟེ། མ་རིག་པའི་སྒྲིབ་པ་དང༌། རྟོག་པ་དང༌། བག་མེད་པའི་སྲོལ་གྱི་རྒྱུན་དེ་དག་གི་རྒྱུན་འཇུག་པ་དེ་ཟློག་པ་ནི། གཞན་གྱི་སྒྲའི་རྒྱུན་ལས་བྱུང་བ་དང༌། སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བས། འདུ་བྱེད་ཐམས་ཅད་ལ་ཉེས་དམིགས་སུ་འཛིན་པ་དང་ལྡན་པའི་དྲན་པ་ཡིན་ཏེ། རྣམ་པར་གནོན་པའི་གཉེན་པོའི་ཚུལ་གྱིས་སོ། །འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྷ་བས་བསྡུས་པའི་ཤེས་རབ་ཀྱིས་ནི་རྒྱུན་དེ་དག་གསུམ་ཆར་ཡང་འཇུག་པའི་རྒྱུན་གཅོད་པའི་ཚུལ་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་གཅོད་པར་བྱེད་དེ། རྒྱུན་དེ་རྣམ་པར་གནོན་པས་སྤོང་བ་ཡང་སྡོམ་པ་ཡིན་ལ། གཏན་སྤོང་བ་ཡང་
སྡོམ་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཉེས་པར་བཤད་པའི་ཆོས་ཅན་རྣམས་དང༌། ཁྱིམ་པ་རྣམས་ནི་གཅིག་ཏུ་ངེས་པར་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་གཏོགས་པ་ཡིན་ནོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ནི་གཉིས་དམིགས་ཏེ། བག་མེད་པ་རྣམས་ནི་ཀུན་ནས་ཉོན་མོངས་པ་ཅན་ཡིན་ནོ། །བག་ཡོད་པ་རྣམས་ནི་རྣམ་པར་བྱང་བའི་གསལ་བ་ཅན་ཡིན་ནོ། །དེ་ལ་གསལ་བར་ བྱས་པ་གང ་ཡིན་པ་དག་དང༌། གསལ་བར་བྱེད་པ་གང་ཡིན་པ་དེ་དག་ཀྱང་བག་ཡོད་པ་ཡིན་པར་རིག་པར་བྱའོ། །དེ་ལ་དགྲ་བཅོམ་པ་གསལ་བར་བྱས་པ་དེ་དག་ནི་དྲན་པ་ཉེ་བར་གཞག་པ་བཞི་པོ་དེ་དག་ལ་དྲན་པ་དང་ཤེས་རབ་ཤིན་ཏུ་བསྒོམས་པའི་ཕྱིར་དང༌། ཤེས་བཞིན་དུ་རྣམ་པར་དག་པ་ཐོབ་པའི་ཕྱིར་བག་ཡོད་པ་ལ་བག་ཡོད་པར་བྱེད་པ་མེད་ཀྱི། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཤེས་པ་ཤིན་ཏུ་རྣམ་པར་དག་པ་དེ་འགགས་པས་དེའི་དྲན་པ་དང༌། ཤེས་རབ་ཀྱང་འགག་པར་འགྱུར་བ་ནི་མེད་པ་མ་ཡིན་ནོ། །དེའི་དེ་ལས་གཞན་པ་སྔོན་གྱི་ལས་ཀྱིས་འཕངས་པའི་མིང་དང་གཟུགས་ཀྱི་ལྷག་མ་ཆེན་པོར་གཏོགས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་འགག་པར་འགྱུར་རོ། །ཇི་སྲིད་དུ་འགག་པར་མ་གྱུར་པ་དེ་སྲིད་དུ་ཡང་རྟག་ཏུ་གནས་པར་བྱ་བ་དྲུག་གིས་གནས་ཤིང་ནང་གི་འདོད་ཆགས་དང་བྲལ་བའི་ས་པའི་ཚོར་བ་དང༌། ཕྱི་རོལ་གྱི་འདོད་པར་གཏོགས་པའི་ཚོར་བ་ལ་ཡང་མངོན་པར་དགའ་བ་མེད་དེ། དེ་ལྟར་དྲན་པ་དང་ལྡན་པའི་དགྲ་བཅོམ་པ་ནི་ཚེ་ཇི་སྲིད་པར་རྣམ་པར་རྒྱུ་བ་ན་རྣམ་པར་ཤེས་པ་དེ་འཇུག་པར་འགྱུར་རོ། །དེ་ལ་སློབ་པ་གང་ཡིན་པ་དེ་དག་ལ་ནི་བག་ཡོད་པར་བྱེད་པ་ཡོད་དེ། དེ་དག་ལ་ནི་གསལ་བར་བྱེད་པའོ། །བག་ཡོད་པ་ལ་བག་ཡོད་པར་བྱེད་པ་དེ་དག་ཀྱང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། སློབ་པ་ཐ་དད་པ་རེ་ལྟར་ཐོགས་ན་ལན་བདུན་པ་དང༌། རིགས་ནས་རིགས་སུ་སྐྱེ་བ་དང༌། ལན་ཅིག་ཕྱིར་འོང་བ་ལ་སོགས་པ་དག་གི་ནང་ནས་གང་རྟག་ཏུ་བྱེད་ཅིང་བྱང་བར་བྱེད་པའི་སློབ་པ། གང་ཚེ་འདི་ལ་ཡོངས་སུ་མྱ་ངན་ལས་འདས་པའི་སྐལ་བ་ཡོད་པའི་འོག་མའི་ཆ་དང་མཐུན་པ་དང༌། གོང་མའི་ཆ་དང་
མཐུན་པའི་ཀུན་དུ་སྦྱོར་བ་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་བ་དང༌། དེ་དག་ཉིད་སྤང་བའི་ཕྱིར་གཉེན་པོ་སྒོམ་པར་བྱེད་པའོ། །དེ་ལ་འདོད་པ་རྣམས་ལ་མངོན་པར་ཞེན་པ་མེད་པས་ནི་འོག་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་ལ། ཡིད་ཀྱི་རྙོག་པ་མེད་པར་བྱེད་པས་ནི་གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་རོ། །སྡུག་བསྔལ་གྱི་ཆོས་ཐམས་ཅད་དང༌། ཀུན་འབྱུང་བ་ནས་ངེས་པར་འབྱུང་བའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། དན་པ་ཉེ་བར་གཞག་པ་བཞི་ལ་ཤིན་ཏུ་གནས་པའི་སེམས་ཀྱིས་གནས་ན་མཐར་ཕྱིན་པར་བྱ་བའི་ཕྱིར། ལམ་ཇི་ལྟར་ཐོབ་པ་ཉིད་ཀྱི་རྗེས་སུ་འགྲོ་བར་འགྱུར་ཏེ། དེ་ལྟར་གཉེན་པོ་སྒོམ་པར་བྱེད་དོ། །དེ་ཙམ་གྱིས་ན་དེའི་བག་ཡོད་ལ། བག་ཡོད་པར་བྱེད་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་ཁྱིམ་པ་རྣམས་དང༌། འདི་ལས་ཕྱི་རོལ་པ་རྣམས་ནི་གཅིག་ཏུ་ངེས་པར་ཀུན་ནས་ཉོན་མོངས་པར་འགྱུར་བ་དང༌། ཆོས་འདི་པ་རྣམས་ལས་ཀྱང་བག་མེད་པ་རྣམས་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་དང༌། བག་ཡོད་པ་རྣམས་ནི་རྣམ་པར་བྱང་བར་འགྱུར་བར་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །འདོད་པ་རྣམས་ནི་འདོད་པ་དང༌། །གལ་ཏེ་དེ་ཡི་དེ་གྲུབ་ཅིང༌། །མིང་ནི་ཅི་དགར་ཐོབ་གྱུར་ན། །ཡིད་ནི་མཆོག་ཏུ་དགའ་བར་འགྱུར།། སྐྱེ་བོ་འདུན་པ་སྐྱེས་གྱུར་ལ། །ཚོར་བ་དེ་ཡི་འདོད་དེ་དག །གལ་ཏེ་ཡོངས་སུ་ཉམས་གྱུར་ན། །ཟུག་རྔུ་ཟུག་བཞིན་གནོད་པར་འགྱུར། །སྦྲུལ་མགོ་ལས་ནི་རྐང་པ་བཞིན། །འདོད་རྣམས་སྤོང་བ་གང་ཡིན་དེ། །འཇིག་རྟེན་དག་ན་སྲེད་འདི་ལས། །དྲན་བཞིན་དུ་ནི་འདའ་བར་འགྱུར། །ཞིང་དངོས་དབྱིག་དང་བ་ལང་དང༌། །རྟ་དང་ནོར་བུ་རྣ་ཆ་དང༌། །བུད་མེད་བྲན་གྱི་འདོད་རྒྱས་ལ། །མི་ནི་མངོན་པར་ཞེན་པ་གང༌། །སྟོབས་ཆེན་ཉམ་ཆུང་བབ་པ་བཞིན། །དེ་ནི་ཉེས་འཛག་རྣམས་ཀྱིས་བཅོམ། །དེ་ཕྱིར་ཆུར་ནི་གྲུ་ཞིག་ལྟར། །དེ་ལྟར་སྡུག་
བསྔལ་འབྱུང་བར་འགྱུར། །ཏ་ལ་གཏན་ནས་གཅད་པ་ལྟར། །གང་གིས་དེ་ནི་བཅད་བྱས་པ། །དེ་ནི་མྱ་ངན་ལྡོག་འགྱུར་ཏེ། །པདྨ་ལ་ནི་ཆུ་ཐིགས་བཞིན། །ཞེས་བྱ་བ་ནི་དོན་གྱི་སྡེ་ཚན་ལས་འདོད་པ་རྣམས་ལས་བརྩམས་པའི་ཚིགས་སུ་བཅད་པ་ཡིན་ཏེ། འདི་ལྟར་འདི་ན་ལ་ལ་མ་འོངས་པའི་འདོད་པ་རྣམས་ཐོབ་པར་བྱ་བའི་ཕྱིར་དོན་དུ་གཉེར་བ་དང༌། ཐོབ་པ་རྣམས་ལ་ད་ལྟར་སོ་སོར་རྟེན་པར་བྱེད་དེ། དེ་དེ་ལྟར་དོན་དུ་གཉེར་བར་གྱུར་ཅིང་སོ་སོར་རྟེན་པར་བྱེད་པ་དང༌། རྙེད་པ་དང་ལོངས་སྤྱོད་དེ་འགྲུབ་པར་འགྱུར་ཏེ། གཞི་དེས་དེའི་བདེ་བ་ཡང་སྐྱེ་བར་འགྱུར་ལ། ཡིད་བདེ་བ་ཡང་སྐྱེ་བར་འགྱུར་བ་འདི་ནི་འདོད་པ་རྣམས་ཀྱི་རོ་མྱང་བ་ཞེས་བྱའོ། །གལ་ཏེ་དེ་དོན་དུ་གཉེར་བར་གྱུར་ཅིང༌། འདོད་པ་དེ་དག་རྙེད་པ་དང་ལོངས་སྤྱོད་ལས་ཡོངས་སུ་ཉམས་པར་གྱུར་ན། དེ་འདོད་པའི་རོ་མྱོང་བ་དང་ལྡན་པའི་སྲེད་པ་ཟུག་རྔུ་སེམས་ལ་ཞུགས་པ་དེས། མི་ཟུག་རྡུས་ཟུག་པ་བཞིན་དུ་ཤིན་ཏུ་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང་ཕྲད་པར་འགྱུར་ཏེ། འདི་ནི་འདོད་པ་རྣམས་ཀྱི་ཉེས་དམིགས་ཞེས་བྱའོ། །དེ་ལ་འདོད་པ་རྣམས་ནི་སྤྲུལ་ལྟ་བུ་ཡིན་ལ། འདོད་པ་རྣམས་ཀྱི་རོ་མྱང་བ་ནི་སྤྲུལ་གྱི་མགོ་བོ་ལྟ་བུ་ཡིན་ཏེ། འདོད་པའི་སྦྲུལ་གྱིས་འདོད་པའི་རོ་མྱང་བ་ལ་ཀུན་དུ་ཆགས་ཤིང་མངོན་པར་ཞེན་པའི་དུག་དེས་བྱིས་པ་རྣམས་ཟིན་ཏོ། །འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དེ་ནི་སྦྲུལ་མགོ་ལོག་ནས་སོང་བ་བཞིན་དུ་འདོད་པ་རྣམས་ཀྱི་རོ་མྱང་བ་ལ་ཀུན་དུ་ཆགས་པ་སྤངས་ནས། ཆགས་པ་མེད་པ་ནས་རྒྱས་པར་མངོན་པར་ཞེན་པ་མེད་པར་གྱུར་པའི་བར་གྱིས་ལོངས་སྤྱོད་པར་བྱེད་དེ། དེ་གཟུགས་རྣམས་ལ་ཆགས་པ་ནས། རེག་བྱ་རྣམས་ལ་འདོད་པའི་སྲེད་པའི་བར་གང་ཡིན་པའི་ཆགས་པ་དེ་ལས། འདུན་པའི་འདོད་ཆགས་འདུལ་ཞིང་སྤོང་ལ། ཡང་དག་པར་འདའ་བས་རྒལ་བར་འགྱུར་བ་འདི་ནི་འདོད་པ་རྣམས་ལས་ངེས་པར་འབྱུང་བའོ། །མདོར་བསྡུ་ན། འདོད་པ་རྣམས་ནི་ངོ་བོ་ཉིད་རྣམ་པ་གཉིས་ཏེ། དངོས་པོའི་འདོད་པ་རྣམས་དང༌། ཉོན་མོངས་པའི་འདོད་པ་རྣམས་སོ། །དེ་ལ་དངོས་པོའི་འདོད་པ་རྣམས་ནི་གང་གི་གཞི་ཞིང་གི་དངོས་པོ་ཡིན་པའི་འབྲུ་
དང༌། གང་གི་གཞི་དབྱིག་གི་དངོས་པོ་ཡིན་པའི་ནོར་ཡིན་ཏེ། འདི་ལྟར་འབྲུ་ནི་ཞིང་ལས་བཙལ་བར་བྱ་བ་ཡིན་ལ། དབྱིག་ནི་རྒྱལ་པོ་ལ་ཞོ་ཤས་འཚོ་བ་དང༌། ཚོང་གཉིས་ལས་བཙལ་བར་བྱ་བའི་ཕྱིར་རོ། །ཞིང་ལས་འབྲུ་བཙལ་བའི་ཐབས་ནི་བ་ལང་ངོ༌། །རྒྱལ་པོ་ལ་ཞོ་ཤས་འཚོ་བ་ལས་དབྱིག་བཙལ་པའི་ཐབས་ནི་རྟའོ། །ཚོང་ལས་དབྱིག་བཙལ་བའི་ཐབས་ནི་དབྱིག་དང་ནོར་བུས་སྤྲས་པ་ཐ་དད་པ་དག་དང༌། དབྱིག་གིས་སྤྲས་པའི་རྣ་ཆ་གདུབ་འཁོར་ལ་སོགས་པའོ། །འདི་ལྟར་ཐབས་ཀྱི་མཆོག་འདི་དག་ལ་སོགས་པ་དང༌། འདི་ལྟ་སྟེ། ཉོ་ཚོང་བྱ་བའི་ཕྱིར་ཚོང་འཕྲུལ་གྱི་ཐབས་གཞན་དག་ཀྱང་རིག་པར་བྱའོ། །ནོར་དང་འབྲུ་བསགས་ནས་རྩེ་ཞིང་དགའ་ལ། ལོངས་སྤྱོད་པའི་གྲོགས་ནི་བུད་མེད་རྣམས་སོ། །མ་བསགས་པའི་ཚེ་བསྒྲུབ་པ་དང༌། བསྲུང་བ་དང༌། སྤེལ་བའི་གྲོགས་ནི་བྲན་རྣམས་སོ། །ནོར་དང་འབྲུའི་ཕུང་པོ་མང་པོ་བསགས་ནས། རྒུད་པ་བསལ་བའི་ཕྱིར་གཏེར་དུ་སྦེད་དེ། དེ་དག་ནི་དངོས་པོའི་འདོད་པའི་རྣམ་པ་ཐམས་ཅད་ཅེས་བྱའོ། །ཉོན་མོངས་པའི་འདོད་པ་རྣམས་གང་ཞེ་ན། དངོས་པོའི་འདོད་པའི་རོ་མྱང་བའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་ལ་མངོན་པར་ཞེན་པ་གང་ཡིན་པ་དང༌། ཀུན་དུ་རྟོག་པའི་འདོད་ཆགས་གང་ཡིན་པ་སྟེ། དེ་དངོས་པོའི་འདོད་པ་དེ་དག་ལ་ཉོན་མོངས་པའི་འདོད་པོའི་སེམས་ཉམས་སྨད་ནས། དངོས་པོའི་འདོད་པ་དེ་དག་འགྱུར་ཞིང་གཞན་དུ་འགྱུར་བས། ཉེས་འཛག་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་སྐྱེ་བར་འགྱུར་ཏེ། སྐྱེས་ནས་ཀྱང་སེམས་ཀུན་ཏུ་བརྡུང་སྟེ་གནས་སོ། །དེ་ལྟར་ཚེ་འདི་ལ་ཉེས་འཛག་གིས་ཟིལ་གྱིས་ནོན་ཏེ། གཉེན་པོ་མེད་པར་གྱུར་པ་དེ་ནི་ཆུའི་ནང་དུ་གྲུ་ཞིག་པ་དང་འདྲ་བར་ཕྱི་མ་ལ་སྐྱེ་བ་དང༌། རྒ་བ་དང༌། ན་བ་ལ་སོགས་པའི་སྡུག་བསྔལ་གྱི་བྱེ་བྲག་རྣམས་རྗེས་སུ་འོང་བར་འགྱུར་རོ། །འདོད་པ་རྣམས་ལས་ངེས་པར་འབྱུང་བ་གང་ཡིན་པ་དེའི་འདོད་པའི་རོ་མྱང་བའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་ཞེན་པ་དང་ལྡན་པ་དེ་ནི་ཏ་ལ་གཏན་ནས་
དྲུང་ནས་བཅད་ན་མི་སྐྱེ་བའི་ཆོས་ཅན་ཡིན་པ་བཞིན་དུ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆད་པར་འགྱུར་ཏེ། དེའི་དངོས་པོའི་འདོད་པ་སྡུག་པ་ནས་ཡིད་དུ་འོང་བའི་བར་དེ་དག་འགྱུར་ཞིང་གཞན་དུ་འགྱུར་བས། པདྨའི་འདབ་མ་ལ་ཆུའི་ཐིགས་པ་མི་ཆགས་པ་བཞིན་དུ། རྣམ་པར་ཤེས་པ་རྣམ་པར་དག་པ་དེ་ལ་མྱ་ངན་ལ་སོགས་པས་གནས་མི་ཐོད་དོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་འདོད་པ་རྣམས་ཀྱི་རོ་མྱང་བ་དང༌། ཉེས་དམིགས་དང༌། ངེས་པར་འབྱུང་བ་དང༌། ངོ་བོ་ཉིད་དང༌། རོ་མྱང་བས་བྱས་པའི་ཉེས་དམིགས་དང༌། ངེས་པར་འབྱུང་བས་བྱས་པའི་ཕན་ཡོན་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །འདས་ལ་རྗེས་སུ་འགྲོ་མི་བྱེད། །མ་འོངས་པ་ལ་རེ་བ་མེད། །ད་ལྟར་བྱུང་ཆོས་གང་ཡིན་པ། །དེ་དང་དེ་ལ་རྣམ་ལྟ་ལ། །མི་འཕྲོགས་ཀུན་དུ་མི་འཁྲུགས་པ། །དེ་ནི་མཁས་པས་འཕེལ་བར་བྱེད། །ཅེས་བྱ་བ་ནི་མཚན་མོ་བཟང་པོའི་ཚིགས་སུ་བཅད་པ་ཡིན་ཏེ། འདི་ན་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་རྙེད་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ལ། དེ་རྣམ་པ་ལྔས་ཚངས་པར་སྤྱོད་པ་ཤིན་ཏུ་ཡོངས་སུ་དག་པར་སྤྱོད་དེ། དེས་ཁྱིམ་གྱི་འདུ་བྱེད་གང་ངག་ཡོངས་སུ་བཏང་བ་དེ་དག་ལ་མི་ལྟ་ཞིང༌། དེ་དག་སྐྱེད་པར་ཡང་མི་སེམས། ཕྱིར་ལེན་པར་ཡང་མི་བྱེད་པ་འདི་ནི་རྣམ་པ་དང་པོའོ། །གཞན་ཡང་ཚེ་འདི་ལ་རྙེད་པ་དང༌། བཀུར་སྟི་དང་ལྡན་པའི་མ་འོངས་པའི་འདུ་བྱེད་རྣམས་ཀྱང་མི་འདོད་ལ། ཕྱི་མའི་ལྷ་དང་མི་རྣམས་ཀྱི་འདུ་བྱེད་རྣམས་ཀྱི་ཕྱིར་ཡང་སྨོན་ལམ་འདེབས་ཤིང་ཚངས་པར་སྤྱོད་པར་མི་བྱེད་པ་འདི་ནི་རྣམ་པ་གཉིས་པའོ། །གཞན་ཡང་གང་དེའི་ཉེ་བར་ལེན་པའི་ཕུང་པོར་གཏོགས་པ་གཟུགས་ལ་སོགས་པའི་ཆོས་ད་ལྟར་བྱུང་བ་གང་དག་ཡིན་པ་དེ་དག་ལ་དེ་གནས་ནས་འདི་ལྟར་ཡང་དག་པར་རྣམ་པར་ལྟ་བ་པོར་འགྱུར་ཏེ། ལུས་ཀྱིས་ཉེས་པར་སྤྱོད་པ་ནི་ཚེ་འདི་དང་ཕྱི་མ་ལ་ཡང་སྡིག་པའི་རྣམ་པར་སྨིན་པར་འགྱུར་བས། གལ་ཏེ་བདག་གི་ལུས་ཀྱིས་ཉེས་པར་
སྤྱོད་པ་སྤྱད་ན་ནི་ཞེས་བྱ་བ་ནས། ལུས་ཀྱིས་ཉེས་པར་སྤྱོད་པ་སྤངས་ནས། ལུས་ཀྱིས་ལེགས་པར་སྤྱོད་པ་བསྒོམ་པའི་བར་དུ་རྒྱས་པར་མདོ་ལས་བྱུང་བ་བཞིན་དུ་སྦྱར་ཏེ། ངག་དང༌། ཡིད་ཀྱིས་ལེགས་པར་སྤྱོད་པ་ཡང་དེ་དང་འདྲ་བར་རིག་པར་བྱ་བ་དང༌། གཟུགས་ལ་སོགས་པའི་ཕུང་པོ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་རྣམས་མི་རྟག་པར་ཡང་དག་པར་མཐོང་སྟེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ། །གང་སྡུག་བསྔལ་བ་དེ་ནི་བདག་མེད་པའོ། །གང་ལ་བདག་མེད་པ་དེ་དག་ཐམས་ཅད་ནི་བདག་གི་མ་ཡིན་པ་དང༌། དེ་ནི་བདག་མ་ཡིན་པ་དང༌། དེ་ནི་བདག་གི་བདག་མ་ཡིན་པར་དེ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བ་འདི་ནི་རྣམ་པ་གསུམ་པའོ། །གཞན་ཡང་ཆོས་ལ་རྣམ་པར་ལྟ་བ་དང་པོ་ལ་བརྟེན་ནས། ཕྱི་མ་ལ་མངོན་པར་སྐྱོ་བར་བྱ་བའི་ཕྱིར། དབང་པོ་ཡོངས་སུ་སྨིན་པས། རྒྱལ་པོ་ལ་སོགས་པས་དབྲོག་ཏུ་མེད་པའི་བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་འཕེལ་བར་བྱེད་པ་དེ་ནི་རྣམ་པ་བཞི་པའོ། །གཞན་ཡང་དེ་ཆོས་ལ་རྣམ་པར་ལྟ་བ་ཅིག་ཤོས་ལ་བརྟེན་ནས་ཚེ་འདི་ཉིད་ལ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཀུན་དུ་མི་འཁྲུགས་པའི་མྱ་ངན་ལས་འདས་པ་འཕེལ་བར་བྱེད་པ་འདི་ནི་རྣམ་པ་ལྔ་པ་སྟེ། དེ་རྣམ་པ་ལྔས་ཤིན་ཏུ་ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་ལ་གནས་པ་དེ་ནི། མཚན་གཅིག་ཙམ་གནས་ན་ཡང་བཟང་ཞིང་མཆོག་ཏུ་བཟང་བ་ཡིན་ཏེ། ཚངས་པར་སྤྱོད་པ་ལ་གནས་པ་ཐམས་ཅད་ལས་ཡང་དག་པར་འཕགས་པར་རིག་པར་བྱའོ། །བཤད་པ་འདིའི་མདོར་བསྟན་པ་ནི། མདོར་བསྡུ་ན། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཚངས་པར་སྤྱོད་པ་ལ་གནས་པ་ཐུན་མོང་མ་ཡིན་པ་རྣམ་པ་ཐམས་ཅད་དང་ལྡན་པ། ཤིན་ཏུ་ཡོངས་སུ་དག་པ་བསྟན་ཏེ། དེ་ནི་འདིར་མདོར་བསྟན་པ་ཡིན་པར་རིག་པར་བྱའོ། །སྡོམ་ལ། སྡིག་དང་བརྗོད་བྱ་འདོད་ཆགས་དང༌། །ཆུ་བོ་དང་ནི་འཇིགས་དང་རིགས། །གྲགས་ལྡན་མཚོ་དང་ཆུ་བོ་གཉིས། །འདོད་ཆགས་ཞེ་སྡང་བྱ་བ་
དང༌། །འཛིན་པ་དང་ནི་དོན་ཐོབ་དང༌། །མི་རྟག་པ་དང་བག་ཡོད་དང༌། །འདོད་ཆགས་ཤས་ཆེ་ཆོས་ལ་གནས། །ངེས་རྟག་ལེགས་པར་སྨྲས་པ་དང༌། །དད་པ་དང་ནི་ཐོས་པ་དང༌། །ནམ་མཁའ་མཚུངས་དང་གཟུགས་དང་རྒྱལ། །རུས་པའི་ར་བ་རུས་སྦལ་དང༌།། མཚུངས་དང་འདམ་དང་གནས་གཉིས་དང༌། །བརྩལ་གྱུར་དང་ནི་བྱིན་པ་དང༌། །སྡིག་པ་ཀུན་དང་ལྟུང་བ་དང༌། །མཁས་དང་བཟོ་དང་རིང་དུ་འགྲོ། །བསྒྲིབས་དང་འདོད་དང་བཟང་པོ་ཡིན། །རྣལ་འབྱོར་སྤྱོད་པའི་ས་ལས། བསམས་པ་ལས་བྱུང་བའི་ས་རྫོགས་སོ།། །། བསྒོམས་པ་ལས་བྱུང་བའི་ས་གང་ཞེ་ན། མདོར་བསྡུ་ན། བསྒོམས་པ་ལས་བྱུང་བའི་ས་ནི་གནས་བཞིས་བསྡུས་པར་རིག་པར་བྱ་སྟེ། གནས་བཞི་གང་ཞེ་ན། བསྒོམ་བའི་གཞི་དང༌། བསྒོམ་པའི་རྒྱུ་དང༌། རྣལ་འབྱོར་དུ་བསྒོམ་པ་ཉིད་དང༌། བསྒོམས་པའི་འབྲས་བུའོ། །གནས་བཞི་པོ་འདི་དག་ཀྱང་ཡན་ལག་བདུན་གྱིས་བསྡུས་པར་རིག་པར་བྱ་སྟེ། ཡན་ལག་བདུན་གང་ཞེ་ན། མངོན་པར་འགྲུབ་པ་ཕུན་སུམ་ཚོགས་པ་དང༌། དམ་པའི་ཆོས་ཉན་པ་ཕུན་སུམ་ཚོགས་པ་དང༌། མྱ་ངན་ལས་འདས་པ་གཙོ་བོར་བྱེད་པ་དང༌། རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་ཡོངས་སུ་སྨིན་པ་དང༌། གཉེན་པོ་བསྒོམ་པ་དང༌། རྣམ་པ་ཐམས་ཅད་དུ་འཇིག་རྟེན་པ་རྣམ་པར་དག་པ་དང༌། རྣམ་པ་ཐམས་ཅད་དུ་འཇིག་རྟེན་ལས་འདས་པ་རྣམ་པར་དག་པ་སྟེ། ཡན་ལག་བདུན་གྱིས་བསྡུས་པའི་གནས་བཞི་པོ་འདི་དག་གིས་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་བསླབ་པའི་གཞི་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལས་བརྩམས་ཏེ། བསྟན་པའི་དོན་མཐའ་དག་རྒྱས་པར་བྱེད་པར་རིག་པར་བྱའོ། །དེ་ལ་མངོན་པར་འགྲུབ་པ་ཕུན་སུམ་ཚོགས་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན། རྣམ་པ་བཅུར་བལྟ་བར་བྱ་སྟེ། ནང་ལ་བརྟེན་ཏེ་རྣམ་པ་ལྔ་དང༌། ཕྱི་རོལ་ལ་བརྟེན་ཏེ་རྣམ་པ་ལྔ་སྟེ། ནང་དང་ཕྱི་རོལ་ལ་བརྟེན་ནས་རྣམ་པ་བཅུར་འགྱུར་རོ། །ནང་ལ་བརྟེན་ཏེ་མངོན་པར་འགྲུབ་པ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་པོ་གང་ཞེ་ན། རིས་མཐུན་པ་ཕུན་སུམ་ཚོགས་པ་
དང༌། ཡུལ་ཕུན་སུམ་ཚོགས་པ་དང༌། ལུས་ཕུན་སུམ་ཚོགས་པ་དང༌། ལས་ཀྱི་སྒྲིབ་པ་མེད་པ་ཕུན་སུམ་ཚོགས་པ་དང༌། མོས་པ་སྒྲིབ་པ་མེད་པ་ཕུན་སུམ་ཚོགས་པའོ། །རིས་མཐུན་པ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་མི་རྣམས་ཀྱི་ནང་དུ་སྐྱེས་པར་འགྱུར་ཏེ། སྐྱེས་པ་ཡང་ཡིན་ལ། སྐྱེས་པའི་དབང་པོ་དང་ཡང་ལྡན་པའོ། །ཡུལ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་མི་རྣམས་ཀྱི་ནང་དུ་སྐྱེས་ལ། དབུས་ཀྱི་ཡུལ་དུ་ཡང་སྐྱེས་པར་འགྱུར་ཏེ། མཐའ་འཁོབ་གང་དུ་འཁོར་བཞི་པོ་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་མི་འགྲོ་བ་དེར་ནི་མི་སྐྱེའི། གང་དུ་འཁོར་བཞི་པོ་རྣམས་འགྲོ་བ་དང༌། རྐུན་མ་མ་ཡིན་པ་དང༌། ཀླ་ཀློ་མ་ཡིན་པ་དང༌། གང་དུ་འཕགས་པ་རྣམས་དང༌། ཡང་དག་པར་སོང་བ་རྣམས་དང༌། ཡང་དག་པར་ཞུགས་པ་རྣམས་དང༌། སྐྱེས་བུ་དམ་པ་རྣམས་འགྲོ་བ་དེ་དང་དེར་སྐྱེས་པ་ཡིན་ནོ། །ལུས་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་དབུས་ཀྱི་ཡུལ་དུ་ཡང་སྐྱེས་ལ། མིག་མ་ཚང་བ་ཡང་མེད། རྣ་བ་མ་ཚང་བ་ཡང་མེད། ཡན་ལག་དང་ཉིང་ལག་གང་ཡང་རུང་བ་མ་ཚང་བ་ཡང་མེད། བླུན་པོ་ཡང་མ་ཡིན། དིག་པ་དང༌། ལྐུགས་པ་ཡང་མ་ཡིན་ཞིང༌། ལེགས་པར་བཤད་པ་དང༌། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་རྟོགས་པར་བྱ་བའི་མཐུ་ཡང་ཡོད་པའོ། །ལས་ཀྱི་སྒྲིབ་པ་མེད་པ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་ལུས་ཕུན་སུམ་ཚོགས་པར་ཡང་འགྱུར་ལ། མཚམས་མེད་པ་ལྔ་ལས་མཚམས་མེད་ པ་གང་ཡང་རུང་བ་གང་བྱས ་ན་དེ་ཕུང་པོ་འདི་དག་ཉིད་ཀྱིས་འཕགས་པའི་ཆོས་འཐོབ་པའི་སྣོད་དུ་མི་རུང་བ་ཁོ་ནར་འགྱུར་བ་མ་ བྱས་ལ་བྱེད་དུ་ཡང་མ་བཅུག་བའོ། །མོས་པ་སྒྲིབ་པ་མེད་པ་ཕུན་སུམ་ཚོགས་པ་གང ་ཞེ་ན། འདི་ལྟར་འདི་ན་ལ་ལ་མཚམས་མེད་པའི་ལས་རྣམས་དང་ཡང་མི་ལྡན་ལ། འདི་ལྟ་སྟེ། ལྷའི་གནས་རྣམ་པ་སྣ་ཚོགས་དང༌། མུ་སྟེགས་ཅན་གྱི་གནས་རྣམ་པ་སྣ་ཚོགས་ཀྱི་གནས་ངན་པར་མོས་པ་མེད་ཅིང་གནས་ངན་པར་
མངོན་པར་དད་པ་མེད་ཀྱི། དེ་བཞིན་གཤེགས་པའི་བསྟན་པ་གནས་བཟང་པོ་ལ་དད་པས་སྔོན་གྱི་ཚེ་རབས་ནས་དེའི་རྒྱུས་ཡོངས་སུ་བསྒོས་པས། རྒྱུ་དེ་དང་རྐྱེན་དེས་ད་ལྟར་དེའི་མོས་པ་དང་བ་དང་ལྡན་པ་འཕགས་པའི་གནས་དེ་ཉིད་ལ་གནས་པའོ། །ཕྱི་རོལ་ལ་བརྟེན་ཏེ། མངོན་པར་འགྲུབ་པ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་པོ་གང་ཞེ་ན། སྟོན་པ་ཕུན་སུམ་ཚོགས་པ་དང༌། བརྡ་ལས་བྱུང་བའི་ཆོས་གདགས་པ་ཕུན་སུམ་ཚོགས་པ་དང༌། དོན་དམ་པའི་ཆོས་ཀྱི་རྗེས་སུ་འཇུག་པ་ཕུན་སུམ་ཚོགས་པ་དང༌། བསྒྲུབ་པ་མེད་པར་མི་འགྱུར་བ་ཕུན་སུམ་ཚོགས་པ་དང༌། མཐུན་པའི་ཡོ་བྱད་ཕུན་སུམ་ཚོགས་པའོ། །དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལྟར་གང་ཟག་དེ་དེ་ལྟར་ནང་ལ་བརྟེན་ཏེ། མངོན་བར་འགྲུབ་པ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ལ་ཡང་གནས་ལ། སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མི་མངའ་བའི་མཁྱེན་པ་བརྙེས་པ་ཡང་འཇིག་རྟེན་དུ་བྱུང་བའོ། །བརྡ་ལས་བྱུང་བའི་ཆོས་གདགས་པ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་དེ་ཉིད་འཇིག་རྟེན་དུ་བྱུང་བ་དེ་ཉིད་ཀྱིས། དགེ་བ་དང་མི་དགེ་བའི་ཆོས་རྣམས་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཁ་ན་མ་ཐོ་བ་མེད་པ་རྣམས་ནས་རྒྱས་པར་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ཀྱི་བར་དུ་གཉེན་པོ་དང་བཅས་པ་ཡང་དག་བར་རབ་ཏུ་སྟོན་ཏེ། འདི་ལྟ་སྟེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་བསྟན་པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། གླེང་གཞིའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང༌། གཏན་ལ་ཕབ་པ་བསྟན་པའི་སྡེའི་ཆོས་དགེ་བ་དང༌། མི་དགེ་བ་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཁ་ན་མ་ཐོ་བ་མེད་པ་རྣམས་ནས། རྒྱས་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ཆ་དང་བཅས་པ་རྣམས་ཀྱི་བར་དུ་ཡང་དག་
པར་སྟོན་པའོ། །དོན་དམ་པའི་ཆོས་ཀྱི་རྗེས་སུ་འཇུག་པ་གང་ཞེ་ན། སྟོན་པས་དེ་ལྟར་བརྡ་ལས་བྱུང་བའི་དམ་པའི་ཆོས་ལེགས་པར་གསུངས་པ་ལ་ཉན་པ་པོས་བརྡ་ལས་བྱུང་བའི་དམ་པའི་ཆོས་དེ་ཉིད་ལ་ཡང་བརྟེན། གཞན་གྱི་གདམས་ངག་རྗེས་སུ་བསྟན་པ་དང་མཐུན་པ་ལ་ཡང་བརྟེན་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ཏེ། དགེ་སྦྱོང་གི་འབྲས་བུ་དང༌། དགེ་སྦྱོང་གི་འབྲས་བུ་ཡོངས་སུ་རྫོགས་པར་ཡང་འཐོབ་པར་འགྱུར་ལ། དེའི་འོག་ཏུ་གོང་ནས་གོང་དུ་རྟོགས་པ་རྒྱ་ཆེ་ཞིང་འཕེལ་ལ་སྤངས་པ་ཡང་ཡོད་པའོ།། བསྒྲུབ་པ་མེད་པར་མི་འགྱུར་བ་གང་ཞེ་ན། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང༌། བཞུགས་ཀྱང་རུང་སྟེ། བརྡ་ལས་བྱུང་བའི་དམ་པའི་ཆོས་ལ། དོན་དམ་པའི་ཆོས་མེད་པར་མི་འགྱུར་ཞིང་རྒྱུན་མི་འཆད་པ་གང་ཡིན་པའོ། །མཐུན་པའི་ཡོ་བྱད་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལྟར་ཆོས་ཀྱི་ལོངས་སྤྱོད་ཀྱི་རྒྱུར་ཉེ་བར་གནས་པ་བཞི་པོ་འདི་དག་གིས་ཆོས་ཀྱི་ལོངས་སྤྱོད་ལ་ཞུགས་པར་བྲམ་ཟེ་དང༌། ཁྱིམ་བདག་དད་པ་རྣམས་ཀྱིས་རྟོགས་ནས། ཆོས་ཀྱི་ལོངས་སྤྱོད་ལ་བརྩོན་པ་འདི། ཟང་ཟིང་གི་ལོངས་སྤྱོད་དང་མི་ལྡན་པས། ཆོས་ཀྱི་ལོངས་སྤྱོད་ཉམས་པར་གྱུར་ན་མི་རུང་ངོ་སྙམ་ནས་དེ་དག་ལ་ཆོས་གོས་དང༌། བསོད་སྙོམས་དང༌། མལ་སྟན་དང༌། ན་བའི་གསོས་སྨན་དང༌། ཡོ་བྱད་རྣམས་ཀྱིས་ཤིན་ཏུ་སྟོབས་པར་བྱེད་པ་སྟེ། འདི་ནི་ནང་དང་ཕྱི་རོལ་ལ་བརྟེན་ཏེ། མངོན་པར་གྲུབ་པ་ཕུན་སུམ་ཚོགས་པ་རྣམ་པ་བཅུ་ཞེས་བྱའོ། །མངོན་པར་གྲུབ་པ་ཕུན་སུམ་ཚོགས་པ་བཅུ་པོ་དེ་དག་ལ་ནི་རྣལ་འབྱོར་བསྒོམ་པའི་གཞི་དང༌། རྟེན་དང༌། གནས་ཞེས་བྱ་སྟེ། དེ་ལ་བརྟེན་ཅིང་གནས་ན། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་འཕགས་པའི་ཆོས་རྣམས་ཐོབ་པར་འགྱུར་རོ། །དེ་ལ་འཕགས་པའི་ཆོས་རྣམས་ནི་མདོར་བསྡུ་ན། སློབ་པའི་ཆོས་རྣམས་དང༌། མི་སློབ་པའི་ཆོས་རྣམས་ཏེ། དོན་གྱི་སྐབས་འདིར་ནི་མི་སློབ་པའི་ཆོས་རྣམས་ལ་འཕགས་པའི་ཆོས་རྣམས་ཞེས་བྱ་བར་དགོངས་ཏེ། འདི་ལྟ་སྟེ། མི་སློབ་པའི་ཡང་དག་པར་ལྟ་བ་
ནས། རྒྱས་པར་ཡང་དག་པའི་ཤེས་པའི་བར་དུའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སློབ་པའི་ཆོས་རྣམས་ཀྱང་འཕགས་བའི་ཆོས་རྣམས་ཡིན་མོད་ཀྱི། འཕགས་པའི་མ་ཡིན་པའི་ཉོན་མོངས་པ་དང་ཡང་འབྲེལ་པར་རྣམ་པར་སྣང་བའི་ཕྱིར་རོ། །འདི་ལྟ་སྟེ། ཡན་ལག་དང་པོ་མངོན་པར་འགྲུབ་པ་ཕུན་སུམ་ཚོགས་པ་འདི་ནི་བསྟན་པའི་དོན་དུ་གྱུར་པ། རྒྱས་པར་བྱེད་པ་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། རྣམ་པ་བཅུའོ། །མངོན་པར་འགྲུབ་པ་ཕུན་སུམ་ཚོགས་པ་ནི་འདི་ལས་གོང་ན་ཡང་མེད། འདི་ལས་ལྷག་པ་ཡང་མེད་དོ། །དམ་པའི་ཆོས་ཉན་པ་ཕུན་སུམ་ཚོགས་པ་གང་ཞེ་ན། ཡང་དག་པར་བསྟན་པ་གང་ཡིན་པ་དང༌། ཡང་དག་པར་མཉན་པ་དེ་གཉིས་གཅིག་ཏུ་བསྡུས་པ་ལ་ནི་དམ་པའི་ཆོས་ཉན་པ་ཞེས་བྱའོ། །ཡང་དག་པར་བསྟན་པ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། མཐུན་པ་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ཡང་རྒྱས་པར་ནི་རྣམ་པ་ཉི་ཤུར་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་ལས་འབྱུང་ངོ༌། །ཡང་དག་པར་ཉན་པ་ཡང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཁེངས་པ་མེད་པ་དང༌། བརྙས་པ་མེད་པ་དང༌། བག་འཁུམས་པ་མེད་པ་དང༌། རྣམ་པར་གཡེང་བ་མེད་པ་སྟེ། ཉེས་པ་རྣམ་པ་བཞི་པོ་འདི་དག་སྤངས་ནས་ཉན་པ་གང་ཡིན་པ་དེ་ནི། ཡང་དག་པར་ཉན་པ་ཞེས་བྱའོ། །དེ་ཡང་རྒྱས་པར་ནི་རྣམ་པ་བཅུ་དྲུག་ཏུ་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ས་དེ་ཉིད་ལས་འབྱུང་ངོ༌། །མྱ་ངན་ལས་འདས་པའི་གཙོ་བོར་བྱེད་པ་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པའི་ཉན་ཐོས་དེ་མངོན་པར་འགྲུབ་པ་ཕུན་སུམ་ཚོགས་པ་དེ་ལ་གནས་པ་ན། ཇི་སྐད་དུ་བསྟན་པའི་རྣམ་པ་ལྟ་བུར་ཆོས་ཉན་ཏེ། མྱ་ངན་ལས་འདས་པ་ཁོ་ནར་གཙོ་བོར་བྱས་ཤིང༌། མྱ་ངན་ལས་འདས་པ་ཁོ་ན་དོན་དུ་གཉེར་ལ། མྱ་ངན་ལས་འདས་པ་ཁོ་ན་ལས་དམིགས་པ་བྱས་ནས་ཉན་པར་བྱེད་ཀྱི། ཕ་རོལ་འདུན་པར་བྱ་བ་དང༌། དགའ་བར་བྱ་བ་དང༌། རྙེད་པ་དང༌། བཀུར་སྟི་དང༌། གྲགས་པ་དང༌། སྒྲ་དང༌། ཚིགས་སུ་བཅད་པའི་
ཕྱིར་ནི་མ་ཡིན་ནོ། །དེ་མྱ་ངན་ལས་འདས་པ་འདི་ལྟ་སྟེ། ཕུང་པོའི་ལྷག་མ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལས་བརྩམས་ཏེ། དམིགས་པ་དང་བཅས་པས་ཆོས་ཉན་ན། མྱ་ངན་ལས་འདས་པ་གཙོ་བོར་བྱེད་པའི་ཕྱིའི་ཆོས་བཅུ་འབྱུང་བར་འགྱུར་ཏེ། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བརྩམས་ནས་ནི། མྱ་ངན་ལས་འདས་པའི་གཙོ་བོར་བྱེད་པའི་ཆོས་དགུར་རིག་པར་བྱའོ། །ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལས་བརྩམས་ནས་ནི། མྱ་ངན་ལས་འདས་པ་གཙོ་བོར་བྱེད་པའི་ཆོས་གཅིག་ཏུ་རིག་པར་བྱ་སྟེ། ཐོས་པ་ལས་བྱུང་བའི་ཤེས་རབ་དེ་ཉིད་ལ་བརྟེན་ནས། ལམ་དང་ལམ་གྱི་འབྲས་བུ་མྱ་ངན་ལས་འདས་པ་ལས་མངོན་པར་ཡིད་ཆེས་པ་རྣམ་པ་གསུམ་འབྱུང་བར་འགྱུར་ཏེ། ཡོད་པ་ཉིད་དུ་ཡིད་ཆེས་པ་དང༌། ཡོན་ཏན་ཅན་ཡིན་པར་ཡིད་ཆེས་པ་དང༌། བདག་གིས་ཐོབ་པར་ནུས་པ་དང་ཐབས་སླ་བ་ཡིན་པར་ཡིད་ཆེས་པར་འགྱུར་རོ། །བསམས་པ་ལས་བྱུང་བའི་ཤེས་པ་ཡོངས་སུ་བསྒྲུབ་པའི་ཕྱིར་དེ་ལྟར་ཡིད་ཆེས་པར་གྱུར་པ་ནི། ལུས་དང་སེམས་དབེན་པར་གནས་ཤིང་སྒྲིབ་པ་དང༌། རྟོག་པ་ལས་དབེན་པར་འགྱུར་རོ། །དེ་ལ་བརྟེན་ནས་ཀྱང་དོན་ཤིན་ཏུ་རྣམ་པར་ངེས་པ་དང༌། བསམས་པ་ལས་བྱུང་བའི་ཤེས་པའི་རྗེས་སུ་འགྲུབ་པར་འགྱུར་རོ། །དེ་ལ་བརྟེན་ནས་ཀྱང་སྒོམ་པ་རྟག་ཏུ་བྱེད་པ་དང༌། གུས་པར་བྱེད་པའི་སྦྱོར་བ་ལ་འཇུག་པར་འགྱུར་ཏེ། གོ་རིམས་འདིས་བསྒོམས་པ་ལས་བྱུང་བའི་ཤེས་པའི་བར་དུ་ཐོབ་ལ། དེ་ལ་བརྟེན་ནས་ཀྱང་འཁོར་བ་ལ་ཡང་ཉེས་པར་ལྟ་བའི་མོས་པ་རྩོམ་ལ་མྱ་ངན་ལས་འདས་པ་ལ་ཡང་ཡོན་ཏན་དུ་ལྟ་བའི་མོས་པ་རྩོམ་མོ། །དེ་ལ་གོམས་ནས་ཀྱང་བདེན་པ་མངོན་པར་རྟོགས་པ་མངོན་དུ་འགྲོ་བའི་མཐོང་བའི་ལམ་སློབ་པའི་རྣམ་པར་གྲོལ་བ་འཐོབ་ཅིང་གཞི་མཐོང་བར་འགྱུར་ལ། དེའི་གོང་དུ་བསྒོམ་པའི་ལམ་གོམས་པས་མི་སློབ་པའི་རྣམ་པར་གྲོལ་བ་ཐོབ་པས། རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལ་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པ་ནི་འདི་ཡིན་ཏེ། ཕུང་
པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཁོ་ནའོ། །དེ་ལ་དང་པོའི་ཆོས་དགུ་ནི་མྱ་ངན་ལས་འདས་པ་དེ་བསྒྲུབ་པའི་ཕྱིར་གཙོ་བོར་གོ་རིམས་བཞིན་དུ་འབྱུང་ངོ༌། །རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དེའི་གཙོ་བོ་ཡིན་པར་རིག་པར་བྱའོ། །དེ་ལྟར་མྱ་ངན་ལས་འདས་པ་གཙོ་བོར་བྱེད་པའི་ཆོས་ཉན་པ་དེ་ལ་ཕན་ཡོན་རྣམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ཉན་པའི་ཚེ་ཕ་རོལ་ལ་ཕན་འདོགས་པ་དང༌། བདག་ལ་ཕན་འདོགས་པ་དང༌། སྒྲུབ་པའི་ཚེ་ཕ་རོལ་ལ་ཕན་འདོགས་པ་དང༌། བདག་ལ་ཕན་འདོགས་པ་དང༌། སྡུག་བསྔལ་ཐམས་ཅད་མཐར་བྱེད་པ་འཐོབ་པའོ། །ཆོས་སྨྲ་བ་པོས་གང་གི་དོན་དུ་ཆོས་སྟོན་པ་དེ་ཉིད་ཀྱི་བསམ་པས་ཉན་པར་བྱེད་པ་ནི། ཉན་པའི་ཚེ་ཕ་རོལ་ལ་ཕན་འདོགས་པ་ཡིན་ལ། དགེ་བའི་བསམ་པས་ཉན་པས་ནི་བརྗོད་པའི་ཆོས་ཀྱི་དོན་རྒྱ་ཆེན་པོ་རྟོགས་པར་འགྱུར་ཏེ། དེས་ན་དགའ་བ་དང༌། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་དགེ་ཞིང་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་པར་འགྱུར་ཏེ། དེ་ལྟར་ན་ཉན་པའི་ཚེ་བདག་ལ་ཕན་འདོགས་པ་ཡིན་ནོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་སྦྱོར་བ་གང་གི་ཆེད་དུ་སྟོན་པས་ཆོས་བཤད་ཅིང་ཡང་དག་པར་བསྟན་ལ། མངོན་པར་རྫོགས་པར་སངས་རྒྱས་པའི་ཡང་དག་པར་སྒྲུབ་པ་དེ་ལ་གནས་ན། བསྒྲུབ་པའི་ཚེ་ཆོས་ཉིད་ཀྱིས་སྟོན་པ་ལ་བསྙེན་བཀུར་བྱེད་པས་ཕ་རོལ་ལ་ཕན་འདོགས་སོ། །ཡང་དག་པར་བསྒྲུབ་པ་དེ་ཉིད་ལ་བརྟེན་ནས། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་མཆོག་ཏུ་བསིལ་བར་གྱུར་པ་ཐོབ་པ་ནི་སྒྲུབ་པའི་ཚེ་བདག་ཉིད་ལ་ཕན་འདོགས་སོ། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་སྡུག་བསྔལ་ཐམས་ཅད་ཀྱི་མཐར་ཕྱིན་པ་ཐོབ་པར་འགྱུར་ཏེ། འདི་ནི་མྱ་ངན་ལས་འདས་པ་གཙོ་བོར་བྱེད་པ་ཕན་ཡོན་དང་བཅས་པ་ཞེས་བྱའོ། །འདི་ནི་མྱ་ངན་ལས་འདས་པ་གཙོ་བོར་བྱེད་པའི་དོན་རྒྱས་པ་ཡིན་ཏེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་
མེད་དོ། །རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་ཡོངས་སུ་སྨིན་པ་གང་ཞེ་ན། ལྷག་མཐོང་གི་ཡན་ལག་ཡོངས་སུ་སྨིན་པས་ཀྱང་ཤེས་རབ་ཡོངས་སུ་སྨིན་པར་འགྱུར་ལ། ཞི་གནས་ཀྱི་ཡན་ལག་ཡོངས་སུ་སྨིན་པས་ཀྱང་ཤེས་རབ་ཡོངས་སུ་སྨིན་པར་འགྱུར་ཏེ། འདི་ལྟར་སེམས་མཉམ་པར་གཞག་ན་ཤེས་རབ་ཤེས་བྱ་ལ་འཇུག་པ་རྣམ་པར་དག་པར་འགྱུར་བའི་ཕྱིར་རོ། །དེ་ལ་ལྷག་མཐོང་གི་ཡན་ལག་ནི་ཐོག་མ་ཁོ་ནར་བཤེས་གཉེན་དམ་པ་ལ་ཡང་དག་པར་བརྟེན་པའོ། །ཞི་གནས་ཀྱི་ཡན་ལག་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པའོ། །དེ་ལ་བཤེས་གཉེན་དམ་པ་ཡོངས་སུ་འཛིན་པ་བརྩམས་པས་ནི་ཤེས་བྱའི་དེ་ཁོ་ན་རྟོགས་པར་བྱ་བ་ལ་འདུན་པར་འགྱུར་བའོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་བརྩམས་པས་ནི་ལྷག་པའི་ཚུལ་ཁྲིམས་ལས་ཚུལ་ཁྲིམས་ཉམས་པ་དང༌། དེ་བཞིན་དུ་ཆོ་ག་ལས་ཆོ་ག་ཉམས་པ་ཚངས་པ་མཚུངས་པར་སྤྱོད་པ་ཤེས་པ་རྣམས་ཀྱིས་མཐོང་བ་དང༌། ཐོས་པ་དང༌། དོགས་པ་ལས་གླེང་བའམ། དྲན་པར་བྱེད་པའམ། རྗེས་སུ་སློབ་པར་བྱེད་པའི་ཚིག་བཟོད་པའོ། །ཤེས་བྱའི་དེ་ཁོ་ན་རྟོགས་པར་བྱ་བ་ལ་འདུན་པ་དེ་ལ་བརྟེན་པས་ནི་ཉན་འདོད་པར་འགྱུར་རོ། །ཉན་འདོད་པ་དེ་ལ་བརྟེན་པས་ནི་འདྲི་བར་འགྱུར་རོ། །འདྲི་བ་དེ་ལ་བརྟེན་པས་ནི་སྔོན་མ་ཐོས་པའི་དོན་ཉན་པར་འགྱུར་རོ། །ཡང་དང་ཡང་དུ་རྟག་ཏུ་མཉན་པས་ནི་དེ་ཉིད་རྣམ་པར་བྱང་བ་དང༌། ཐེ་ཚོམ་སྐྱེས་པ་ལས་ལྡོག་པར་འགྱུར་རོ། །དེ་ལྟར་བློ་རྣམ་པར་བྱང་བས་ནི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཉེས་དམིགས་མཐོང་ནས་སེམས་སྐྱོ་བར་འགྱུར་རོ། །དེ་ལྟར་སེམས་སྐྱོ་ཞིང་དགེ་བ་ཡིད་ལ་བྱེད་པ་ནི་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་ལ་སྨོན་པར་མི་འགྱུར་རོ། །དེ་དེ་ལྟར་འཇིག་རྟེན་པའི་མངོན་པར་མཐོང་བའི་ལམ་ཐམས་ཅད་ལ་ཡིད་ཀྱིས་སྨོན་པ་མེད་པས། ངན་སོང་བའི་ཆོས་ཐམས་ཅད་སྤང་བའི་ཕྱིར་ཡང་སེམས་ཀྱིས་སྨོན་པར་བྱེད་ལ། དེའི་གཉེན་པོ་དགེ་བའི་ཆོས་ཡང་དག་པར་བླངས་པ་དང༌། ཉོན་མོངས་པ་ཐམས་
ཅད་ཀྱི་གཉེན་པོ་དགེ་བའི་ཆོས་ཡང་དག་པར་བླང་བ་དང༌། དེའི་གཉེན་པོའི་འབྲས་བུ་ཐོབ་པས་རང་གི་སེམས་རྣམ་པར་བྱང་བར་བྱ་བའི་ཕྱིར་ཡང་སེམས་ཀྱིས་སྨོན་པར་བྱེད་དོ། །རྣམ་པ་བཅུ་པོ་འདི་དག་གིས་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་ཡོངས་སུ་སྨིན་པར་གྱུར་པ་ནས། ཇི་ལྟར་བསྟན་པའི་གོ་རིམས་བཞིན་དུ་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཡན་ལག་གསུམ་པོ་གོ་རིམས་བཞིན་དུ་བསྟན་པ་གང་ཡིན་པ་འདི་ལྟ་སྟེ། དམ་པའི་ཆོས་ཉན་པ་ཕུན་སུམ་ཚོགས་པ་དང༌། མྱ་ངན་ལས་འདས་པ་གཙོ་བོར་བྱེད་པ་དང༌། རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་ཡོངས་སུ་སྨིན་པར་བྱེད་པའི་ཡན་ལག་གསུམ་པོ་བསྟན་པའི་དོན་དུ་གྱུར་པ་འདི་དག་རྒྱས་པར་བྱེད་པ་ནི་འདི་ལྟ་སྟེ། རྣམ་པ་བཅུ་པོ་དེ་དག་ཡིན་པར་རིག་པར་བྱ་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །ཡན་ལག་གསུམ་པོ་འདི་དག་ཉིད་ནི་བསྒོམ་པའི་རྒྱུ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གོ་རིམས་ལ་བརྟེན་ནས་རྒྱུ་དེ་དང་རྐྱེན་དེས་རྣལ་འབྱོར་བསྒོམ་པར་འགྲུབ་པར་འགྱུར་བའི་ཕྱིར་ཏེ། འདི་ལྟ་སྟེ། དམ་པའི་ཆོས་ཉན་པ་ཕུན་སུམ་ཚོགས་པ་དང༌། མྱ་ངན་ལས་འདས་པ་གཙོ་བོར་བྱེད་པ་དང༌། རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་ཡོངས་སུ་སྨིན་པར་བྱེད་པའོ།། །།བམ་པོ་ཉི་ཤུ་རྩ་ལྔ་པ། གཉེན་པོ་བསྒོམ་པ་གང་ཞེ་ན། མདོར་བསྡུ་ན་གནས་སྐབས་གསུམ་ལ་རྣལ་འབྱོར་བསྒོམ་པའི་མི་མཐུན་པའི་ཕྱོགས་རྣམ་པ་བཅུ་པོ་འདི་ཡོད་པར་རིག་པར་བྱ་སྟེ། གནས་སྐབས་གསུམ་གང་ཞེ་ན། ཁྱིམ་པའི་གནས་སྐབས་དང་རབ་ཏུ་བྱུང་བའི་གནས་སྐབས་དང༌། རབ་ཏུ་དབེན་པར་ནང་དུ་ཡང་དག་པར་འཇོག་པའི་རྣལ་འབྱོར་བསྒོམ་པའི་གནས་སྐབས་སོ། །རྣལ་འབྱོར་བསྒོམ་པའི་མི་མཐུན་པའི་ཕྱོགས་བཅུ་པོ་གང་ཞེ་ན། ཁྱིམ་པའི་གནས་སྐབས་སུ་བདག་གི་ཆུང་མ་ལ་འཁྲིག་པའི་རྟོག་པ་དང་ལྡན་པའི་འདོད་ཆགས་དང༌། དེ་མ་ཡིན་པའི་གཡོག་འཁོར་གྱི་ལོངས་སྤྱོད་དང་ལྡན་པའི་ཆགས་པ་འདི་ནི། ཁྱིམ་པའི་གནས་སྐབས་སུ་གཏོགས་པའི་
མི་མཐུན་པའི་ཕྱོགས་ཡིན་ཏེ། མངོན་པར་འབྱུང་བ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་གེགས་བྱེད་པའོ། །ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བ་ཡང་རྟོག་པའི་ཀུན་དུ་འཁྲུག་པའི་མངོན་པར་དགའ་བའི་གེགས་བྱེད་དེ། དེ་ལྟར་མི་མཐུན་པའི་ཕྱོགས་འདི་གཉིས་ཀྱི་གཉེན་པོ་བསྒོམ་པ་ནི་གོ་རིམས་བཞིན་དུ། མི་སྡུག་པའི་འདུ་ཤེས་བསྒོམ་པ་དང༌། མི་རྟག་པའི་འདུ་ཤེས་བསྒོམ་པ་ཡིན་པར་རིག་པར་བྱའོ། །རབ་ཏུ་བྱུང་བ་ནི་རབ་ཏུ་བྱུང་བའི་གནས་སྐབས་ལ་གནས་པ་ན། མདོར་བསྡུ་ན། དུས་དུས་སུ་བྱ་བ་རྣམ་པ་བཞི་ཡོད་དེ། ཅི་བདག་དགེ་བའི་ཆོས་བསྒོམ་པ་ལ་རྟག་ཏུ་བརྩོན་པ་ལ་བརྟེན་ནས། རྣམ་པར་ཤེས་པ་བདེ་བའི་རོ་མྱང་བ་རྗེས་སུ་འབྲང་བའི་ལས་ལྡོག་ཅིང༌། སྡུག་བསྔལ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པར་འགྱུར་རམ་ཞེས་དགེ་བའི་ཆོས་བསྒོམ་པ་ལ་རྟག་ཏུ་བརྩོན་པར་བྱ་བ་དང༌། ཅི་བདག་ཡོངས་སུ་ཡི་ཆད་པའི་ཕྱིར་མྱ་ངན་ལས་འདས་པ་སྤྲོས་པ་མེད་པ་ལས་བདག་གི་ཡིད་ཕྱིར་ལྡོག་པར་མི་འགྱུར་ཞིང༌། བདག་གི་བདག་གང་ཡང་མེད་དོ་ཞེས་མྱ་ངན་ལས་འདས་པ་སྤྲོས་པ་མེད་པ་ལ་མོས་ཤིང་མངོན་པར་དགའ་བར་བྱ་བ་དང༌། ཅི་ནས་ཀྱང་བདག་བསོད་སྙོམས་ཡོངས་སུ་སྤྱོད་པ་ལ་བརྟེན་ནས་ལུས་གནས་པ་དང༌། ཉམས་སྟོབས་སྐྱེ་བ་དང༌། དགེ་བའི་ཆོས་བསྒོམ་པ་ལ་རྟག་ཏུ་བརྩོན་པར་བྱ་བ་ལ་ཉམས་བདེ་བར་འགྱུར་བར་བྱའོ་ཞེས་དུས་དུས་སུ་གྲོང་དང་གྲོང་རྡལ་དག་ཏུ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བར་བྱ་བ་དང༌། ཅི་ནས་ཀྱང་བདག་ཁྱིམ་པ་དང༌། རབ་ཏུ་བྱུང་བའི་འདུ་འཛི་སྣ་ཚོགས་ལ་མངོན་པར་དགའ་བ་དང༌། འཇིག་རྟེན་སྣ་ཚོགས་དང་ལྡན་པའི་ཉན་པ་དང༌། ལྟ་བ་དང༌། བཀུར་སྟི་བྱ་བ་རྣམས་ཀྱིས་ཡང་དག་པར་ངེས་པར་རྟོག་པའི་སེམས་རྩེ་གཅིག་གི་གནས་སྐབས་ཀྱི་བར་ཆད་བྱེད་པར་མི་འགྱུར་བར་བྱའོ་ཞེས་རབ་ཏུ་དབེན་པའི་གནས་སུ་གནས་པ་ནི་དེའི་བྱ་བ་བཞི་པ་ཡིན་ནོ། །བྱ་བ་རྣམ་པ་བཞི་པོ་འདི་དག་གི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་ཀྱང་རྣམ་པ་བཞི་ཁོ་ནར་རིག་པར་བྱ་སྟེ། བྱ་བ་དང་པོའི་སྙོམ་ལས་དང་ལེ་ལོའོ། །བྱ་བ་གཉིས་པའི་ནི་འཇིག་
ཚོགས་ལ་ལྟ་བའོ། །བྱ་བ་གསུམ་པ་ནི་རོལ་འདོད་ཆགས་པའོ། །བྱ་བ་བཞི་པ་ནི་འཇིག་རྟེན་པ་རྣམ་པ་སྣ་ཚོགས་ལ་འདུན་པའི་འདོད་ཆགས་དང་རྗེས་སུ་ཆགས་པའོ། །མི་མཐུན་པའི་ཕྱོགས་རྣམ་པ་བཞི་པོ་དེ་དག་གི་གོ་རིམས་བཞིན་དུ་གཉེན་པོ་བསྒོམ་པ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་བསྒོམ་པ་དང༌། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་བསྒོམ་པ་དང༌། ཟས་ལ་མི་མཐུན་པའི་འདུ་ཤེས་བསྒོམ་པ་དང༌། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྒོམ་པར་བྱའོ།། དེ་ལ་རབ་ཏུ་དབེན་པར་ནང་དུ་ཡང་དག་པར་འཇོག་པའི་རྣལ་འབྱོར་ཡིད་ལ་འཇོག་པའི་གནས་སྐབས་ལ་ནི་མདོར་བསྡུ་ན། མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་རྣམ་པ་བཞི་ཡོད་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཞི་གནས་དང་ལྷག་མཐོང་གི་ཕྱོགས་ལ་སེམས་མུན་པར་གྱུར་པ་དང༌། སྙོམས་པར་འཇུག་པ་ལ་རོ་མྱང་བའི་རྗེས་སུ་འབྲང་བའི་སྲེད་པ་དང༌། སྐྱེ་བ་ལ་གཡོ་བའི་མཚན་མའི་རྗེས་སུ་འབྲང་བའི་སེམས་དང༌། སང་ནས་སང་དུ་བཤོལ་ཏེ་དུས་གཞན་ལ་ལྟོས་ཤིང་མི་འཆི་བའི་རྟོག་པ་དང་ལྡན་པའི་བརྟུན་པར་སྦྱོར་བར་མི་བྱེད་པའོ། །མི་མཐུན་པའི་ཕྱོགས་བཞི་པོ་དེ་དག་ལ་ཡང་གཉེན་པོ་བསྒོམ་པ་རྣམ་པ་བཞི་ཡོད་པར་རིག་པར་བྱ་སྟེ། སྣང་བའི་འདུ་ཤེས་བསྒོམ་པ་དང༌། འདོད་ཆགས་དང་བྲལ་བའི་འདུ་ཤེས་བསྒོམ་པ་དང༌། འགོག་པའི་འདུ་ཤེས་བསྒོམ་པ་དང༌། འཆི་བའི་འདུ་ཤེས་བསྒོམ་པའོ། །དེ་ལ་མི་སྡུག་པའི་འདུ་ཤེས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། སོ་སོར་བརྟགས་པའི་སྟོབས་ཀྱིས་བསྡུས་པ་དང༌། བསྒོམ་པའི་སྟོབས་ཀྱིས་བསྡུས་པའོ། །དེ་ལ་སོ་སོར་བརྟགས་པའི་སྟོབས་ཀྱིས་བསྡུས་པའི་མི་སྡུག་བའི་འདུ་ཤེས་ནི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ངོན་མཐོན་དུ་བུད་མེད་དང་ཉེ་བར་གནས་པ་དང༌། བརྗེད་ངས་པ་དང༌། ལྐོག་ཏུ་བག་མེད་པར་གནས་པ་དང༌། ལྐོག་ཏུ་ཡང་རུང༌། ངོན་མཐོན་དུ་ཡང་རུང་སྟེ། སྔོན་གོམས་པའི་སྟོབས་དང༌། མི་སྡུག་པ་བསྒོམ་པ་ལ་བརྩོན་ན་ཡང་
ཡིད་ལ་བྱེད་པ་འཁྲུལ་པའོ། །དེ་ལ་ཡིད་ལ་བྱེད་པ་འཁྲུལ་པ་ནི་འདི་ཡིན་ཏེ། མི་སྡུག་པ་དེ་ལ་སོ་སོར་མ་བརྟགས་པས་སྡུག་པའི་མཚན་མའི་རྗེས་སུ་འབྲང་ངོ༌། །བསྒོམ་པའི་སྟོབས་ཀྱིས་བསྡུས་པའི་མི་སྡུག་པ་བསྒོམ་པའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ནི་རྣམ་པ་བདུན་དུ་རིག་པར་བྱ་སྟེ། བདུན་གང་ཞེ་ན། བྱ་བ་ངན་པས་སེམས་རྣམ་པར་གཡེངས་པ་དང༌། བྱ་བ་ངན་པ་བྱེད་པ་ལ་འཇུག་པ་དང༌། སྲི་ཞུ་མེད་ཅིང་འདྲི་བ་མེད་པ་ལ་བརྟེན་པས། རྣལ་འབྱོར་ཡིད་ལ་བྱེད་པ་ལ་མི་མཁས་པ་དང༌། དབང་པོའི་སྒོ་མ་བསྡམས་པ་ལ་བརྟེན་པས་དབེན་པ་ན་གནས་ཀྱང་ཉོན་མོངས་པ་ཅན་གྱི་རྟོག་པས་སེམས་དཀྲུགས་པ་དང༌། ཁ་ཟས་ཀྱི་ཚོད་མ་ཟིན་པ་ལ་བརྟེན་པས་ལུས་ལས་སུ་མི་རུང་བ་དང༌། རྟོག་པས་དཀྲུགས་པ་དེ་ཉིད་ལ་བརྟེན་པས་ནང་གི་སེམས་ཀྱི་ཞི་གནས་རབ་ཏུ་དབེན་པ་ལ་མངོན་པར་མི་དགའ་བ་དང༌། ལུས་ལས་སུ་མི་རུང་བ་དེ་ཉིད་ལ་བརྟེན་པས་ལྷག་མཐོང་ལ་ཉམས་བདེ་བ་མེད་པའི་ཕྱིར། ཤེས་བྱ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་མི་ནུས་པའོ། །མི་མཐུན་པའི་ཕྱོགས་ཀྱི་ཆོས་དེ་དག་ཐམས་ཅད་བསྡུས་ནས། རྣམ་གྲངས་བཅུ་གཉིས་སུ་ཡང་འགྱུར་རོ། །རྣམ་གྲངས་བཅུ་བཞིར་ཡང་འགྱུར་རོ། །མི་མཐུན་པའི་ཕྱོགས་ཀྱི་ཆོས་དེ་དག་གི་གཉེན་པོར་དཀར་པོའི་ཕྱོགས་ཀྱི་ཆོས་ཀྱང་དེ་ཁོ་ན་རྙེད་ཡོད་དེ། མི་སྡུག་པའི་འདུ་ཤེས་བསྒོམ་པ་རྣམ་པ་གཉིས་པའི་གཅེས་སྤྲས་བྱེད་པ་ཡིན་པར་རིག་པར་བྱའོ། །དེ་ལ་མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་རྣམས་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། དྲུག་གང་ཞེ་ན། དགེ་བའི་ཆོས་མ་སྐྱེས་པ་རྣམས་ཐོག་མ་བསྐྱེད་པ་ལ་སྙོམ་ལས་བྱེད་པ་དང༌། དགེ་བའི་ཆོས་སྐྱེས་པ་རྣམ་པ་གནས་པར་བྱ་བ་དང༌། ཉམས་པར་མི་འགྱུར་བ་དང༌། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བ་དང༌། ཕྱིར་ཞིང་འཕེལ་བར་བྱ་བ་དང༌། རྒྱས་པར་བྱ་བ་ལ་ལེ་ལོ་བྱེད་པ་དང༌། བླ་མ་ལ་སྲི་ཞུ་བྱེད་དུ་འགྲོ་བ་དང༌། ཡོངས་སུ་དྲི་བ་དག་ལ་རྟག་འགྲུས་སུ་མི་བྱེད་པ་དང༌། དགེ་བའི་ཆོས་རྟག་ཏུ་བསྒོམ་པ་ལ་རྟག་འགྲུས་
མི་བྱེད་པ་དང༌། བླ་མ་ལ་ཡིད་མི་ཆེས་ཤིང་ཡིད་མི་ཆེས་པ་དེ་ལ་བརྟེན་པས་རྟག་འགྲུས་མི་བྱེད་པ་དང༌། ནང་ལ་བག་མེད་ཅིང་བག་མེད་པ་དེ་ལ་བརྟེན་པས་དགེ་བའི་ཆོས་རྟག་ཏུ་བསྒོམ་པ་ལ་རྟག་འགྲུས་སུ་མི་བྱེད་པའོ། །མི་མཐུན་པའི་ཕྱོགས་སུ་གྱུར་བའི་ཆོས་དེ་དག་གི་གཉེན་པོར་དེ་དག་ལས་བཟློག་པ་ཉིད་ཀྱི་ཆོས་དྲུག་ནི་གཅེས་སྤྲས་བྱེད་པ་ཡིན་པར་རིག་པར་བྱའོ། །སྣང་བའི་འདུ་ཤེས་ནི། སྣང་བ་རྣམ་པ་དུ་མ་ལ་དམིགས་པ་སྟེ། འདི་ལྟ་སྟེ། མཉམ་པར་གཞག་པའི་ས་ལས་འབྱུང་བ་བཞིན་ནོ། །དོན་གྱི་སྐབས་འདིར་ནི་ཆོས་སྣང་བ་ལ་དམིགས་པ་ལ་སྣང་བའི་འདུ་ཤེས་ཞེས་བྱ་བར་དགོངས་སོ། །དེ་ལ་ཇི་ལྟར་ཐོས་པ་དང༌། ཀུན་ཆུབ་པར་བྱས་པ་དང༌། ཁོང་དུ་ཆུད་པ་རྣམས་ལ་བརྗེད་ངས་པ་མེད་པ་ནི་ཆོས་རྣམས་ཀྱི་ཆོས་ཀྱི་སྣང་བ་ཞེས་བྱའོ། །དེ་དང་འགྲོགས་པ་དང༌། དེ་དང་ལྡན་པའི་འདུ་ཤེས་གང་ཡིན་པ་དེ་ནི་སྣང་བའི་འདུ་ཤེས་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཞི་གནས་ཀྱི་ཕྱོགས་ལ་བརྩོན་པའམ། ལྷག་མཐོང་གི་ཕྱོགས་ལ་བརྩོན་པའི་ཆོས་ཀྱི་རྒྱུ་ལས་བྱུང་བའི་དྲན་པ་ཉམས་པ་དེ་ནི་སེམས་ཀྱི་མུན་པ་ཡང་དག་པ་ཡིན་ལ། དེ་ལས་བཟློག་པ་ནི་མི་སྣང་བ་ཡང་དག་པ་ཡིན་པར་རིག་པར་བྱ་བའི་ཕྱིར་རོ། །དེ་ལ་བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པའི་སྣང་བའི་འདུ་ཤེས་དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་ནི་རྣམ་པ་བཅུ་གཅིག་སྟེ། བཅུ་གཅིག་གང་ཞེ་ན། བསམས་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པའི་སྣང་བའི་འདུ་ཤེས་ཀྱི་ནི་བཞིའོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པའི་སྣང་བའི་འདུ་ཤེས་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་ནི་བདུན་ཏེ། བསམ་པའི་ནི་ཤིན་ཏུ་མ་བརྟགས་པ་དང༌། གཏན་ལ་མ་ཕབ་པའི་ཕྱིར་ཐེ་ཚོམ་དང་འབྲེལ་པ་དང༌། མཚན་མོ་གནས་པར་ཁས་འཆེས་ལ། སྙོམ་ལས་དང་ལེ་ལོས་ཧ་ཀྱང་གཉིད་ལ་བརྟེན་པས་དུས་དུས་སུ་བྱ་བ་དོན་མེད་པར་འགྱུར་བ་དང༌། ཉིན་པར་གནས་པར་ཁས་འཆེས་ལ། ཁ་ཟས་ལ་བརྟེན་ཉེས་པས་ཆོས་ལ་ངེས་པར་རྟོག་པ་དང་མི་མཐུན་
པ་ལུས་ལས་སུ་མི་རུང་བ་དང༌། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་དང་འདྲེས་པར་གྱུར་པས། ཇི་ལྟར་གནས་པ་དང༌། ཀུན་ཆུབ་པར་བྱས་པ་དང༌། ཁོང་དུ་ཆུད་པའི་ཆོས་རྣམས་ཡིད་ལ་མི་བྱེད་པ་སྟེ། དེ་ལྟར་ཐེ་ཚོམ་དང་འབྲེལ་པ་དང་ཐེ་ཚོམ་བསལ་བའི་རྒྱུ་ལ་བགེགས་བྱེད་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་བཞི་པ་འདི་དག་ནི་བསམས་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པའི་སྣང་བའི་འདུ་ཤེས་དེ་ལས་བྱུང་བའི་ཡེ་ཤེས་མཐོང་བ་རྣམ་པར་མ་དག་པར་བྱེད་པའོ། །རབ་ཏུ་འཛིན་པའི་མཚན་མ་བསྒོམས་པ་ལས་བརྩམས་ཏེ། ཧ་ཅང་བརྩོན་འགྲུས་བརྩམས་པ་མི་མཐུན་པའི་ཕྱོགས་སུ་གྱུར་པ་དང༌། ཞི་གནས་ཀྱི་མཆན་མལ་བསྒོམས་པ་ལས་བརྩམས་ཏེ། བརྩོན་འགྲུས་ཧ་ཅང་ཞུམ་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དང༌། བཏང་སྙོམས་ཀྱི་མཚན་མ་བསྒོམས་པ་ལས་བརྩམས་ཏེ་སྙོམས་པར་འཇུག་པའི་རོ་མྱང་བའི་རོས་ཕྲོགས་པས་རྗེས་སུ་ཆགས་པ་དང་ལྡན་པའི་ཤིན་ཏུ་དགའ་བ་དང༌། མྱ་ངན་ལས་འདས་པས་སྐྲག་པའི་ཡིད་ཀྱིས་དེ་ལ་གནོད་པ་དང་ལྡན་པའི་སེམས་བག་ཚ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་གཉིས་དང༌། རྣལ་འབྱོར་ཡིད་ལ་བྱེད་པ་དེ་ཉིད་ལས་བརྩམས་ཏེ། འབེལ་བའི་ཆོས་ཀྱི་གཏམ་གཏན་ལ་འབེབས་པ་ལ་ཞུགས་པའི་རྩོད་པ་དང༌། རྒྱུན་དུ་ཧ་ཅང་སྨྲ་བ་མངས་པ་དེ་ཡང་ནང་དུ་ཡང་དག་པར་འཇོག་པའི་ཚེ་བགེགས་བྱེད་པ་དང༌། རྟོག་པ་ངན་པ་དག་གིས་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ལ་ཚུལ་བཞིན་མ་ཡིན་པ་མཚན་མ་དང་མངོན་རྟགས་སུ་འཛིན་ཅིང༌། སེམས་རྣམ་པར་གཡེང་བར་བྱེད་པ་དང༌། བསམ་གྱིས་མི་ཁྱབ་པའི་གནས་ལ་རྟོག་པས་ཆོས་རྣམས་ལ་ཧ་ཅང་བརྟགས་པ་སྟེ། ཆོས་བདུན་པོ་འདི་དག་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པའི་སྣང་བའི་འདུ་ཤེས་ཀྱི་བགེགས་སུ་གྱུར་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་དེ་དག་གིས་བསྒོམས་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པའི་སྣང་བའི་འདུ་ཤེས་དེ་ལས་བྱུང་བའི་ཡེ་ཤེས་མཐོང་བ་རྣམ་པར་མ་དག་པར་བྱེད་དོ། །མི་མཐུན་པའི་ཕྱོགས་དེ་དག་
གི་གཉེན་པོར་དེ་ལས་བཟློག་པ་མི་མཐུན་པའི་ཕྱོགས་སྤོང་བའི་ཆོས་ཀྱང་བཅུ་གཅིག་ཁོ་ན་ཡོད་དེ། དེ་ལས་བྱུང་བའི་ཡེ་ཤེས་མཐོང་བ་རྣམ་པར་དག་པར་བྱེད་པ་ཡིན་པར་རིག་པར་བྱའོ། །འདུ་ཤེས་ཐམས་ཅད་བསྒོམ་པ་ལ་ཞུགས་པ་ལ་ནི་མི་མཐུན་པའི་ཕྱོགས་སྤང་བ་ལ་འདུན་པ་དང༌། མི་མཐུན་པའི་ཕྱོགས་ཀུན་དུ་སྤྱོད་པ་དང་དུ་མི་ལེན་ཅིང་སྤོང་བ་དང༌། མི་མཐུན་པའི་ཕྱོགས་ཡང་དག་པར་གཞོམ་པའི་ཕྱིར་དེའི་གཉེན་པོ་ལ་ཤས་ཆེར་གནས་པ་སྟེ། ཆོས་གསུམ་པོ་འདི་དག་ནི་གཉེན་པོ་བསྒོམ་པ་ཐམས་ཅད་དང་མཐུན་པའི་ཕྱིར་གཅེས་སྤྲས་བྱེད་པ་ཞེས་བྱ་སྟེ། འདི་ནི་གཉེན་པོ་བསྒོམ་པ་ཞེས་བྱའོ། །གཉེན་པོར་བསྒོམ་པ་གང་ཡིན་པ་དེ་ཉིད་རྣལ་འབྱོར་བསྒོམ་པ་ཡང་ཡིན་པར་བལྟ་བར་བྱ་སྟེ། ཡན་ལག་ལྔ་པ་འདི་ལྟ་སྟེ། གཉེན་པོ་བསྒོམ་པ་བསྟན་པའི་དོན་དུ་གྱུར་པ་དེའི་རྒྱས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། རྣམ་པ་བཅུ་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །རྣམ་པ་ཐམས་ཅད་དུ་འཇིག་རྟེན་པ་རྣམ་པར་དག་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། འདི་ལྟ་སྟེ། ཏིང་ངེ་འཛིན་ཐོབ་པ་དང༌། ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་དང༌། ཏིང་ངེ་འཛིན་ལ་དབང་བའོ། །དེ་ལ་ཐོག་མ་ཁོ་ནར་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་རྣམ་པ་ཉི་ཤུ་པོ་འདི་དག་ནི་ཏིང་ངེ་འཛིན་མི་འཐོབ་པར་བྱེད་པ་ཡིན་ཏེ། ཉི་ཤུ་གང་ཞེ་ན། སློང་བ་ལས་འདུན་པ་ཟློག་པར་བྱེད་པ་ཚངས་པ་མཚུངས་པར་སྤྱོད་པ་གྲོགས་པོའི་ཉེས་པ་དང༌། གྲོགས་པོའི་ཡོན་ཏན་ཡོད་དུ་ཟིན་ཀྱང༌། ཏིང་ངེ་འཛིན་གྱི་ཐབས་སྟོན་པའི་སློབ་དཔོན་གྱི་ཉེས་པ་གང་དེ་ལ་ཏིང་ངེ་འཛིན་གྱི་ཐབས་ལོག་པར་སྟོན་པ་དང༌། སློབ་དཔོན་གྱི་ཡོན་ཏན་ཡོད་དུ་ཟིན་ཀྱང་ཏིང་ངེ་འཛིན་གྱི་ཐབས་འདོད་པ་ལས་བརྩམས་ཏེ། འདུན་པ་ཆུང་བའི་སེམས་རྣམ་པར་གཡེང་བར་བྱེད་པས་འཛིན་མི་ནུས་པའི་ཉེས་པ་དང༌། ཉན་པ་ལ་རྣ་བ་བླགས་པ་ཡོད་དུ་ཟིན་ཀྱང༌། བླུན་ཞིང་བློ་ཞན་པའི་ཕྱིར་འཛིན་མི་ནུས་པའི་ཉེས་པ་དང༌། ཤེས་པའི་ཡོན་ཏན་ཡོད་དུ་ཟིན་ཀྱང་སེར་སྣ་སྤྱོད་པས། རྙེད་པ་དང་བཀུར་སྟི་འདོད་པའི་ཤས་ཆེ་བའི་ཉེས་པ་དང༌། མྱ་
ངན་དུ་བྱ་བ་མང་བ་གསོ་དཀའ་ཞིང་དགང་དཀའ་བས་ཆོག་མི་ཤེས་པའི་ཉེས་པ་དང༌། དེ་ཉིད་དབང་དུ་བྱས་ཏེ། བྱ་བ་རྣམ་པ་སྣ་ཚོགས་ཀྱི་ཉེས་པ་དང༌། ཉེས་པ་དེ་མེད་དུ་ཟིན་ཀྱང་སྙོམ་ལས་དང་ལེ་ལོས་སྦྱོར་བ་ཁྱད་དུ་གསོད་པའི་ཉེས་པ་དང༌། ཉེས་པ་དེ་མེད་དུ་ཟིན་ཀྱང༌། གཞན་ལས་བགེགས་རྣམ་པ་སྣ་ཚོགས་འབྱུང་བའི་ཉེས་པ་དང༌། ཉེས་པ་མེད་དུ་ཟིན་ཀྱང་གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་མི་བཟོད་པའི་ཉེས་པ་དང༌། ཉེས་པ་མེད་དུ་ཟིན་ཀྱང་ང་རྒྱལ་དང་ཀུན་ནས་མནར་སེམས་ཀྱི་ཉེས་པས་མན་ངག་ནོད་པར་མི་བྱེད་པའི་ཉེས་པ་དང༌། ཉེས་པ་དེ་མེད་དུ་ཟིན་ཀྱང་མན་ངག་ལ་ལོག་པར་རྟོག་པའི་ཉེས་པ་དང༌། ཉེས་པ་དེ་མེད་དེ་མན་ངག་མནོས་སུ་ཟིན་ཀྱང་བརྗེད་པའི་ཉེས་པ་དང༌། ཉེས་པ་དེ་མེད་དུ་ཟིན་ཀྱང༌། ཁྱིམ་པ་དང༌། རབ་ཏུ་བྱུང་བའི་དག་དང་འདྲེ་བར་གནས་པའི་ཉེས་པ་དང༌། ཉེས་པ་དེ་མེད་དུ་ཟིན་ཀྱང་ཉེས་པ་ལྔ་དང་ལྡན་པའི་གནས་མལ་ན་གནས་པའི་ཉེས་པ་སྟེ། གནས་མལ་གྱི་ཉེས་པ་ལྔ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཉེས་པ་མེད་དེ་རབ་ཏུ་དབེན་པ་ན་གནས་སུ་ཟིན་ཀྱང་དབང་པོ་མ་བརྟགས་པ་ལ་བརྟེན་ནས་རྟོག་པ་ངན་པ་འབྱུང་བའི་ཉེས་པ་དང༌། ཉེས་པ་དེ་མེད་དུ་ཟིན་ཀྱང་ཟས་མི་མཐུན་པའི་རྒྱུ་ལས་བྱུང་བ་ལུས་ལྕི་ཞིང་ལས་སུ་མི་རུང་བའི་ཉེས་པ་དང༌། ཉེས་པ་དེ་མེད་དུ་ཟིན་ཀྱང་རང་བཞིན་གྱིས་གཉིད་ཆེ་བས་དུས་མ་ཡིན་པར་གཉིད་ཀྱི་ཉེས་པའི་ཉོན་མོངས་པ་ཤེས་ཆེར་ཀུན་དུ་སྤྱོད་པའི་ཉེས་པ་དང༌། ཉེས་པ་དེ་མེད་དུ་ཟིན་ཀྱང་སྔོན་ཞི་གནས་མ་ཡིན་པའི་ཕྱོགས་སྤྱོད་སྤྱོད་པས། ནང་གི་སེམས་ཞི་གནས་རབ་ཏུ་དབེན་པ་ལ་མངོན་པར་མི་དགའ་བའི་ཉེས་པ་དང༌། ཉེས་པ་དེ་མེད་དུ་ཟིན་ཀྱང་སྔོན་ལྷག་མཐོང་མ་ཡིན་པར་སྤྱོད་སྤྱོད་པས། ལྷག་པའི་ཤེས་རབ་ཆོས་ལ་རྣམ་པར་ལྟ་བ་ལས་བརྩམས་ཏེ། ཆོས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟག་པ་ལ་མངོན་པར་མི་དགའ་བའི་ཉེས་པ་སྟེ། ཆོས་ཉི་ཤུ་པོ་འདི་དག་ནི་ཞི་གནས་དང་ལྷག་མཐོང་གི་ཕྱོགས་ཀྱི་སེམས་རྩེ་གཅིག་པ་འཐོབ་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་
ཡིན་ནོ། །མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་རྣམ་པ་ཉི་ཤུ་པོ་འདི་དག་ཀྱང་མདོར་བསྡུ་ན། རྣམ་པ་བཞིས་ཏིང་ངེ་འཛིན་སྐྱེ་བ་ལ་བར་དུ་གཅོད་པར་བྱེད་དེ། བཞི་གང་ཞེ་ན། ཏིང་ངེ་འཛིན་གྱི་ཐབས་མི་མཁས་པ་དང༌། ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱོར་བར་མི་བྱེད་པ་དང༌། ལོག་པར་སྦྱོར་བར་བྱེད་པ་དང༌། སྦྱོར་བ་ལྷོད་པའོ། །ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཀྱི་ཆོས་འདི་དག་གི་གཉེན་པོར་གྱུར་པའི་ཆོས་ཀྱང་ཉི་ཤུ་ཁོ་ན་ཡོད་དེ། དེ་ལ་བཟློག་པ་ལས་དཀར་པོའི་ཕྱོགས་སུ་རིག་པར་བྱ་སྟེ། དེ་དག་ནི་མི་མཐུན་པའི་ཕྱོགས་སྤོང་པ་ལ་གཅེས་སྤྲས་བྱེད་པའི་ཕྱིར་མྱུར་བ་མྱུར་བར་ཡང་དག་པར་སེམས་གནས་པའི་ཏིང་ངེ་འཛིན་ཐོབ་པར་བྱེད་པའོ། །ཏིང་ངེ་འཛིན་ཐོབ་པ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཐོབ་པ་ལ་བྱ་སྟེ། མི་ལྕོགས་པ་མེད་པའི་གནས་སྐབས་ཀྱིས་བསྡུས་པར་རིག་པར་བྱའོ། །ཏིང་ངེ་འཛིན་འཐོབ་པ་དང་མི་མཐུན་པ་དང༌། ཏིང་ངེ་འཛིན་འཐོབ་པ་དང་མཐུན་པའི་དོན་འདིའི་རྒྱས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། རྣམ་པ་ཉི་ཤུ་ཡིན་པར་རིག་པར་བྱ་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །འདིས་ནི་ཐོག་མར་འཇིག་རྟེན་པའི་རྣམ་པ་ཐམས་ཅད་རྣམ་པར་དག་པ་ལས་བརྩམས་ཏེ། ཆོས་འདི་པའི་གང་ཟག་གི་ཏིང་ངེ་འཛིན་ཐོབ་པ་ཀུན་བཤད་ཅིང་ལེགས་པར་བསྟན་པ་ཡིན་ནོ། །དེས་དེ་ལྟར་ཏིང་ངེ་འཛིན་ཐོབ་ནས་བྱེ་བྲག་ཆུང་ངུ་ངན་དོན་ཙམ་གྱིས་ཆོག་པར་མི་འཛིན་ཏེ། གོང་དུ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་འདོད་པ་དང༌། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་དང༌། གང་དོན་དུ་གཉེར་བ་དང༌། གང་ལ་ཡོན་ཏན་དུ་ལྟ་ཞིང་འདོད་པ་དེའི་དོན་དུ་བརྩོན་འགྲུས་བརྩམས་ཏེ་གནས་པ་དང༌། གཟུགས་དང་ལྡན་པའི་རོ་མྱང་བ་དང་ལྡན་པའི་ཉོན་མོངས་པ་དེ་དག་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤྱོད་པས་ཕམ་པར་བྱས་པ་མ་ཡིན་པ་དང༌། དགེ་བ་ལ་མངོན་པར་བརྩོན་པའི་ཕྱིར་དེ་དག་གི་ཕྱིར་ཕམ་པར་བྱེད་མི་ནུས་པ་དང༌། རྣམ་པར་དག་པའི་ལྷར་སྐྱེ་བའི་གནས་རྒྱ་ཆེན་པོ་རྣམས་ལ་ཀུན་དུ་སྦྱོར་བ་མི་བྱེད་པ་དང༌། དམན་པ་ལ་མོས་པའི་དབང་དུ་བྱས་ཏེ། བདག་གིས་
མི་ནུས་སོ་སྙམ་དུ་འཛིན་པའི་ཞུམ་པ་མེད་ཅིང༌། དེ་དེ་ལྟར་ཏིང་ངེ་འཛིན་གྱིས་དམིགས་པའི་ཆོས་རྣམས་ལ་སེམས་ཞུམ་པ་མེད་པས། སྔོན་ཐོས་པའི་ཞི་གནས་ཀྱི་མཚན་མ་དང༌། རབ་ཏུ་འཛིན་པའི་མཚན་མ་དང༌། བཏང་སྙོམས་ཀྱི་མཚན་མ་དེ་ཉིད་རྟག་ཏུ་བྱེད་ཅིང་གུས་པར་བྱེད་པའི་སྦྱོར་བ་དེས་རྗེས་སུ་འཇུག་པར་འགྱུར་བ་དང༌། དེ་དེ་ལྟར་ཆོས་ཀྱི་མཚན་མའི་རྗེས་སུ་འཇུག་པས་སྙོམས་པར་འཇུག་པ་དང་ལྡན་ཞིང་ལྡང་བ་ན་མངོན་པར་ཤེས་པ་མྱུར་བར་བྱ་བའི་ཕྱིར་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱ་བ་ལས་བརྩམས་ཏེ་དམ་པའི་ཆོས་ཉན་པར་འདོད་པ་དང༌། དེ་ལ་བརྟེན་ནས་དུས་དུས་སུ་འདྲི་ཞིང་ཡོངས་སུ་འདྲི་བར་བྱེད་པ་དང༌། དེ་ལྟར་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱ་བ་ལས་བརྩམས་ཏེ། ཡང་དག་པར་བརྩོན་པས་དངོས་གཞིའི་ཏིང་ངེ་འཛིན་དུ་རྟོགས་པའི་ནང་གི་སེམས་ཀྱི་ཞི་གནས་རབ་ཏུ་དབེན་པ་ལ་མངོན་པར་དགའ་བ་ཐོབ་པ་དང༌། ཆོས་ཀྱི་ལྷག་མཐོང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་པས་གསལ་ཞིང་ཆེས་འོད་གསལ་བ་ཐོབ་པར་འགྱུར་ཏེ། དེ་ཙམ་གྱིས་ན་དངོས་གཞིའི་བསམ་གཏན་ལ་སྙོམས་པར་ཞུགས་པ་ཡིན་པར་རིག་པར་བྱ་སྟེ། འདི་ནི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཞེས་བྱའོ། །ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་དོན་འདིའི་རྒྱས་པ་ནི་འདི་ལྟ་སྟེ། རྣམ་པ་བཅུ་གཅིག་པོ་འདི་དག་ཡིན་པར་རིག་པར་བྱ་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །དེའི་དངོས་གཞིའི་ཏིང་ངེ་འཛིན་ཐོབ་སྟེ། ཏིང་ངེ་འཛིན་ཡོངས་སུ་རྫོགས་སུ་ཟིན་ཀྱང་དེའི་སེམས་དེ་ཏིང་ངེ་འཛིན་སྐྱེ་བའི་རོ་མྱང་བའི་སྲེད་པ་དང༌། ང་རྒྱལ་དང༌། ལྟ་བ་དང༌། ཐེ་ཚོམ་དང༌། མ་རིག་པའི་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་ཅིང་ཡོངས་སུ་མ་དག་ཡོངས་སུ་མ་བྱང་སྟེ། དེ་ཉེ་བའི་ཉོན་མོངས་པ་དེ་དག་ཀུན་དུ་སྤྱད་པར་མི་བྱ་བའི་ཕྱིར་སེམས་ཚར་གཅད་པ་དང༌། སེམས་ཡོངས་སུ་གདུལ་བའི་དོན་དུ་སེམས་ལ་དབང་ཡོད་པ་དང༌། ཏིང་ངེ་འཛིན་ལ་དབང་ཐོབ་པར་བྱའོ་སྙམ་ནས་གནས་བཞི་ལ་རྣམ་པ་ཉི་ཤུ་རྩ་གཉིས་ཀྱིས་སོ་སོར་
རྟོག་སྟེ། ཆ་ལུགས་དང༌། སྤྱོད་ལམ་དང༌། ཚུལ་ངན་པ་ཁས་ལེན་པ་དང༌། ཚུལ་ཁྲིམས་དང༌། ཚུལ་ཁྲིམས་དམ་པོ་ཁས་ལེན་པ་དང༌། དགེ་བ་བསྒོམ་པ་ལ་རྟག་ཏུ་བརྩོན་པར་བྱ་བར་ཁས་ལེན་པ་དང༌། སྡུག་བསྔལ་གང་སྤང་བའི་ཕྱིར། གནས་གསུམ་པོ་འདི་དག་ཁས་ལེན་པའི་སྡུག་བསྔལ་དེ་ཉིད་འབྲེལ་པར་སོ་སོར་རྟོག་པ་སྟེ། སྐྲ་དང་ཁ་སྤུ་བྲེགས་ཤིང་སྐྲ་ལ་སོགས་པ་ཁྱིམ་པའི་མཚན་མ་རྣམས་སྤངས་པ་དང༌། བདག་ཉིད་ཀྱི་གོས་ཁ་དོག་བསྒྱུར་བ་བགོས་པའི་ཕྱིར་གཟུགས་ངན་པར་སོ་སོར་རྟོག་པ་གང་ཡིན་པ་འདི་ནི་ཆ་ལུགས་ངན་པ་ཁས་ལེན་པ་ལ་སོ་སོར་རྟོག་པའོ། །འགྲོ་བ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དང༌། སྨྲ་བ་རྣམས་ལ་དགའ་དགུར་སྤྱོད་དུ་མེད་པ་དང༌། ང་རྒྱལ་བཅོམ་པ་དང༌། གཞན་གྱི་ཁྱིམ་དུ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ལ་སོ་སོར་རྟོག་པ་འདི་ནི་སྤྱོད་ལམ་ངན་པ་ཁས་ལེན་པ་ལ་སོ་སོར་རྟོག་པའོ། །ཕ་རོལ་ལས་རྙེད་པ་ལ་སོགས་པར་མི་བྱེད་པས་སྲོག་གཟུངས་ལ་སོ་སོར་རྟོག་པ་འདི་ནི། ཚུལ་ཁྲིམས་ངན་པ་ཁས་ལེན་པ་ལ་སོ་སོར་རྟོག་པ་སྟེ། རྣམ་པ་ལྔ་པོ་དེ་དག་གིས་ནི་གནས་དང་པོ་ལ་སོ་སོར་རྟོག་པར་རིག་པར་བྱའོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བའི་ཚུལ་ཁྲིམས་ཡང་དག་པར་བླང་བ་འདི་ནི་མདོར་བསྡུ་ན་དངོས་པོ་རྣམ་པ་གཉིས་ཡོངས་སུ་བཏང་བས་རབ་ཏུ་ཕྱེ་བ་སྟེ། ཕ་མ་དང༌། བུ་དང༌། ཆུང་མ་དང༌། བྲན་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དང༌། མཛའ་བཤེས་དང༌། བློན་པོ་དང༌། ཉེ་དུ་དང༌། རྒན་རབས་དང༌། ནོར་དང༌། འབྲུ་དང༌། དབྱིག་ལ་སོགས་པ་འདོད་པ་རྣམས་ཡོངས་སུ་གཏང་བས་རབ་ཏུ་ཕྱེ་བ་དང༌། གར་དང༌། གླུ་དང༌། རོལ་མོའི་སྒྲ་དང༌། བགད་པ་དང༌། རྩེས་པ་དང༌། དགའ་དགུར་སྤྱད་པ་དང༌། དགོད་པ་དང༌། འཕྱས་འདོགས་པ་དང༌། ལུས་བསྒྱུར་བ་དང༌། ཀུན་དུ་རྩེས་པ་དང༌། ཀུན་དུ་ཅ་ཅོ་བཏོན་པ་དང༌། རྩེད་མོའི་དགའ་བ་རྣམ་པ་སྣ་ཚོགས་ཡོངས་སུ་བཏང་བས་རབ་ཏུ་ཕྱེ་བའོ། །དེ་དེ་ལྟར་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པ་ན། ཚུལ་ཁྲིམས་ཉམས་པ་ལས་བརྩམས་ཏེ། ལྐོག་ཏུ་བདག་
ཉིད་ལ་སྨོད་པ་མེད་པ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཀྱང་འདི་ལྟར་འདི་ནི་ཚུལ་ཁྲིམས་ཉམས་པ་ཡིན་ནོ་ཞེས་ཆོས་ཉིད་ཀྱིས་རྣམ་པར་སྨོད་པར་མི་བྱེད་ཅིང་དེ་ལ་གླེང་བར་ཡང་མི་བྱེད་དོ། །གལ་ཏེ་དེས་ཚུལ་ཁྲིམས་ཉམས་པར་བྱས་ན་ཡང་གཞི་དེ་ལས་དེ་བདག་ཉིད་ཀྱང་སྨོད་པར་བྱེད་ལ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཀྱང་ཆོས་ཉིད་ཀྱིས་རྣམ་པར་སྨོད་པར་བྱེད་དོ། །དེ་ནས་ཉེས་པ་དེ་ལས་ཆོས་བཞིན་དུ་གཉེན་པོ་བྱ་བ་དང༌། ཚངས་པ་མཚུངས་པར་སྤྱོད་པ་གླེང་བར་བྱེད་པ་དེ་དག་ལ་ཡང་ཀུན་ནས་མནར་སེམས་མེད་པས་བདག་ཉིད་མ་སྣད་མ་སྨས་པར་ཡོངས་སུ་འདྲེན་པར་བྱེད་དོ། །རྣམ་པ་ལྔ་པོ་འདི་དག་གིས་ནི་གནས་གཉིས་པ་ལ་སོ་སོར་རྟོག་གོ །དེ་དེ་ལྟར་ཚུལ་ཁྲིམས་དང་ལྡན་པར་གྱུར་ན། དགེ་བའི་ཕྱོགས་ཀྱི་སྦྱོར་བ་རྣམ་པ་ལྔ་ཁོ་ན་ལ་བརྩོན་པར་རིག་པར་བྱ་སྟེ། དུས་དུས་སུ་མན་ངག་ནོད་པ་དང༌། ཁ་ཐོན་བྱེད་པ་དང༌། འབེལ་བའི་གཏམ་གཏན་ལ་འབེབས་པའི་དགེ་བའི་ཕྱོགས་ལ་བརྩོན་པས་ཕ་རོལ་དད་པས་བྱིན་པ་ལ་ལོངས་སྤྱོད་པར་བྱེད་བ་དང༌། རབ་ཏུ་དབེན་པ་ལ་མངོན་པར་དགའ་ཞིང་རྣལ་འབྱོར་ཡིད་ལ་བྱེད་པ་ལ་གོམས་པ་དང་ཉིན་མཚན་དུ་ཉམས་པར་འགྱུར་བའི་ཆ་དང་མཐུན་པ་དང༌། ཁྱད་པར་དུ་འགྱུར་བའི་ཆ་དང་མཐུན་པའི་ཆོས་གཉིས་ཡོངས་སུ་ཤེས་ནས་སྤོང་ཞིང་སོ་སོར་བསྟེན་པ་དང༌། འཁོར་བ་ལ་ཉེས་པར་ལྟ་བ་དང༌། མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟ་བ་སྟེ། རྣམ་པ་ལྔ་པོ་འདི་དག་གིས་ནི་གནས་གསུམ་པ་ལ་སོ་སོར་རྟོག་གོ །གལ་ཏེ་དེ་ལྟར་བརྩོན་དུ་ཟིན་ཀྱང༌། མདོར་བསྡུ་ན། སྡུག་བསྔལ་རྣམ་པ་བཞི་དང་འབྲེལ་ཏེ། དགེ་སྦྱོང་གི་འབྲས་བུ་བཞི་ལས་གང་ཡང་རུང་བ་མ་ཐོབ་པས་ངན་སོང་གི་སྡུག་བསྔལ་དང་འབྲེལ་པ་དང༌། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བའི་ཆོས་ཅན་ཡིན་པས། ནང་རྣམ་པར་འགྱུར་བའི་སྡུག་བསྔལ་དང་འབྲེལ་པ་དང༌། སྡུག་པ་ཐམས་ཅད་དང་བྲལ་བའི་ཆོས་ཅན་ཡིན་པས་སྡུག་པ་རྣམ་པར་འགྱུར་བའི་སྡུག་བསྔལ་དང་འབྲེལ་པ་དང༌། ལས་བདག་གིར་བྱ་བ་ཡིན་པར་སྡུག་
བསྔལ་ཐམས་ཅད་ཀྱི་རྒྱུ་དང་འབྲེལ་པ་སྟེ། དེ་དེ་ལྟར་སྡུག་བསྔལ་རྣམ་པ་བཞི་དང་འབྲེལ་པ་ལ། རྣམ་པ་བདུན་གྱིས་སོ་སོར་རྟོག་སྟེ། རྣམ་པ་བདུན་པོ་འདི་དག་གིས་གནས་བཞི་པ་དེ་ལ་སོ་སོར་རྟོག་གོ །དེ་གནས་བཞི་པོ་དེ་དག་ལ་རྣམ་པ་ཉི་ཤུ་རྩ་གཉིས་པོ་དེ་དག་གིས་སོ་སོར་རྟོག་པ་ན། ཚུལ་བཞིན་ཡིད་ལ་བྱེད་པ་འདི་ལྟར་སྐྱེ་བར་འགྱུར་ཏེ། ཇི་ལྟར་ན་བདག་སྡུག་བསྔལ་རྣམ་པ་བཞི་པོ་འདི་དག་ལས་ཡོངས་སུ་ཐར་བར་འགྱུར་ཞིག་གུ་སྙམ་སྟེ། དེའི་ཕྱིར་བདག་གི་ཆ་བྱད་དང༌། སྤྱོད་ལམ་དང་ཚུལ་ངན་པ་ཡང་ཁས་བླངས་ལ། ཚུལ་ཁྲིམས་དང༌། ཚུལ་དང་པོ་ཡང་ཁས་བླངས། དགེ་བའི་ཆོས་བསྒོམས་པ་ལ་རྟག་ཏུ་བརྩོན་པར་བྱ་བ་ལ་ཡང་ཁས་བླངས་ན། བདག་གིས་སོ་སོར་བརྟགས་ཤིང་བརྟགས་ཤིང་གནས་གསུམ་པོ་འདི་དག་ཁས་བླངས་བཞིན་དུ་སྡུག་བསྔལ་རྣམ་པ་བཞི་པོ་འདི་དག་དང་འབྲེལ་པ་ཁོ་ནར་འགྱུར་ལ། ཡོངས་སུ་མ་གྲོལ་ཏེ། བདག་འདི་ལྟར་ཏིང་ངེ་འཛིན་ལ་དབང་མ་ཐོབ་པས་སྡུག་བསྔལ་དང་འབྲེལ་པ་ཁོ་ནར་འགྱུར་ཏེ། བར་མ་དོར་ཞུམ་པ་གང་ཡིན་པ་འདི་ནི་བདག་གི་ཆ་མ་ཡིན་ནོ་སྙམ་སྟེ། དེ་ལྟར་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་བརྩོན་པ་དེའི་རབ་ཏུ་བྱུང་བའི་འདུ་ཤེས་གང་ཡིན་པ་དེ་ནི་དགེ་སྦྱོང་གི་འདུ་ཤེས་ཞེས་བྱ་སྟེ། དེའི་འདུ་ཤེས་དེ་ནི་བསྒོམ་པ་ཤས་ཆེར་བྱེད་པའི་ཚུལ་གྱིས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་དེ་ལ་བརྟེན་ནས་དེས་འཇིག་རྟེན་པའི་ལམ་གྱིས་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཐོབ་པ་དེས། ཉོན་མོངས་པ་སྤོང་བ་མངོན་སུམ་དུ་མ་བྱས་པ་དེ་ལ། སྤོང་བ་ལ་ཀུན་དུ་དགའ་བ་ལས་བརྩམས་ནས་རྟག་ཏུ་བྱེད་པར་འགྱུར་རོ། །ཏིང་ངེ་འཛིན་ལ་དབང་ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་ལ་ཀུན་དུ་དགའ་བ་ལས་བརྩམས་ཏེ། འཇིག་རྟེན་པའི་ལམ་དགེ་བ་ཐོབ་པ་དེ་ཉིད་ལ་ཡང་དང་ཡང་རྟག་ཏུ་འཇུག་པར་འགྱུར་རོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་རྣམས་ཀྱིས་བསྙེན་བཀུར་བྱེད་ཅིང༌། རྙེད་པ་ཆེན་པོ་དག་བསྟབས་ན་ཡང༌། རྙེད་པ་དང༌། བཀུར་སྟི་དེ་དག་ལས་བརྩམས་ཏེ། བརྣབ་སེམས་མི་བསྐྱེད་ལ། གཞན་དག་གི་རྙེད་པ་དང་བཀུར་སྟི་ལ་ཡང་
བརྣབ་སེམས་མི་བསྐྱེད་དོ། །ཕ་རོལ་མ་དད་པ་རྣམས་ཀྱིས་མངོན་སུམ་དུ་ཡང་རུང༌། ལྐོག་ཏུ་ཡང་རུང་སྟེ། ལུས་ཀྱི་ལས་མི་སྡུག་པ་དང༌། ངག་གི་ལས་མི་སྡུག་པ་ཀུན་དུ་སྤྱད་པ་ན་ཡང༌། སེམས་ཀྱིས་སྡང་བར་མི་བྱེད་ཅིང༌། སེམས་ཀྱི་གནོད་སེམས་དང་ལྡན་པར་མི་བྱེད་དོ། །སྲེད་པ་དང༌། ང་རྒྱལ་དང༌། ལྟ་བ་དང༌། མ་རིག་པ་དང༌། ཐེ་ཚོམ་དང༌། སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་རྣམ་པ་སྣ་ཚོགས་ཀུན་དུ་མི་སྤྱད་པར་བྱ་བའི་ཕྱིར་ཡང་དྲན་པ་ཤིན་ཏུ་བརྟན་པར་གནས་སོ། །ཞི་གནས་རྒྱ་ཆེན་པོ་ཐོབ་ཏུ་ཟིན་ཀྱང༌། ཞི་གནས་དེ་ཁོ་ན་ཙམ་གྱིས་བདག་ཉིད་བྱ་བ་བྱས་པར་མི་འཛིན་ལ་ཕ་རོལ་དག་ལ་ཡང་ཤེས་པ་བརྡ་སྤྲོད་པར་མི་བྱེད་དོ། །དེ་དེ་ལྟར་སྤོང་བ་ལ་དགའ་ཞིང་བསྒོམ་པ་ལ་དགའ་བས། བརྣབ་སེམས་མེད་ཅིང་སེམས་གནོད་སེམས་དང་ལྡན་པ་མེད་དེ། ཡང་དག་པའི་དྲན་པ་དང་ལྡན་ཞིང་ང་རྒྱལ་མེད་ལ། ཆོས་གོས་ངན་ངོན་ཅམ་གྱིས་ཆོག་ཤེས་ཏེ། ཆོས་གོས་ལ་ཇི་ལྟ་བ་བཞིན་དུ་བསོད་སྙོམས་དང༌། མལ་ཆ་དང༌། སྟན་ལ་ཡང་དེ་དང་འདྲའོ། །དེ་ལྟར་མགུ་ཞིང་ཆོག་ཤེས་པ་དེ་འདི་ལྟར་ཡང་དག་པར་ཞུགས་པས་ཏིང་ངེ་འཛིན་ལ་འཚོ་བའི་ཡོ་བྱད་འདི་དག་ནི་ལུས་གནས་པར་བྱ་བ་དང༌། སྲོག་གཟུངས་དང༌། བཀྲེས་པ་ཞི་བར་བྱ་བ་དང༌། ཚངས་པར་སྤྱོད་པ་ལ་ཕན་པར་འགྱུར་བའི་བར་གྱི་ཕྱིར་ཤེས་བཞིན་དུ་ལོངས་སྤྱད་པ་ནས། རྒྱས་པར་འདི་ལྟ་སྟེ། ཁ་ཟས་ཀྱི་ཚོད་རིག་པའི་སྐབས་ནས་འབྱུང་བ་བཞིན་ནོ། །དེ་དེ་ལྟར་ཡང་དག་པར་ཞུགས་པས་ཏིང་ངེ་འཛིན་ལ་དབང་ཐོབ་པར་འགྱུར་ཏེ། དེ་ལ་གནས་པས་དེ་བཞིན་དུ་སེམས་ཡོངས་སུ་དག་པ་དང༌། ཡོངས་སུ་བྱང་བ་དང༌། སྐྱོན་མེད་པ་དང༌། ཉེ་བའི་ཉོན་མོངས་པ་དང་བྲལ་བ་ནས་རྒྱས་པར་མི་གཡོ་བའི་བར་དུ་ཐོབ་ན། དེ་མ་ཐག་ཏུ་མངོན་པར་ཤེས་པ་ལྔ་བསྒྲུབ་པ་དང༌། ཟག་པ་ཟད་པ་བསྒྲུབ་པ་ལ་མཐུ་ཡོད་པར་འགྱུར་ཏེ། འདི་ནི་ཏིང་ངེ་འཛིན་ལ་དབང་བ་ཞེས་བྱའོ། །ཏིང་ངེ་འཛིན་ལ་དབང་བའི་དོན་འདིའི་རྒྱས་པར་ནི་འདི་ལྟ་སྟེ། ཇི་སྐད་བསྟན་པའི་རྣམ་པ་ཁོ་ན་ཡིན་པར་རིག་པར་བྱ་སྟེ། འདི་ལས་གོང་ན་ཡང་མེད་དོ།།
འདི་ལས་ལྷག་པ་ཡང་མེད་དོ། །དང་པོའི་ཏིང་ངེ་འཛིན་ཐོབ་པ་གང་ཡིན་པ་དང༌། བར་གྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་གང་ཡིན་པ་དང༌། ཏིང་ངེ་འཛིན་ལ་དབང་བ་གང་ཡིན་པ་དེ་ལ་ནི། རྣམ་པ་ཐམས་ཅད་དུ་འཇིག་རྟེན་པའི་དག་པ་བླ་ན་མེད་པ་ཞེས་བྱ་སྟེ། དེ་ཡང་ཆོས་འདི་པའི་ཡིན་པར་བལྟའི། འདི་ལས་ཕྱི་རོལ་པ་རྣམས་ཀྱི་ནི་མ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་འཇིག་རྟེན་ལས་འདས་པ་རྣམ་པར་དག་པ་གང་ཞེ་ན། དེ་ནི་མདོར་བསྡུ་ན། རྣམ་པ་ལྔར་རིག་པར་བྱ་སྟེ། རྣམ་པ་ལྔ་གང་ཞེ་ན། བདེན་པ་མངོན་པར་རྟོགས་པར་བྱ་བ་དང༌། བདེན་པ་མངོན་པར་རྟོགས་པའི་དོན་དུ་སྤྱོད་པ་རྣམ་པར་སྤང་བ་དང༌། མངོན་པར་ཤེས་པ་མྱུར་བར་བྱ་བའི་ཕྱིར། མཆོག་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱ་བ་དང༌། བསྒོམ་པའི་ལམ་བསྟན་པ་དང༌། ཤིན་ཏུ་རྣམ་པར་དག་པའི་ལམ་འབྲས་བུ་དང་ཕན་ཡོན་དུ་བཅས་པ་འཐོབ་པའོ། །དེ་ལ་བདེན་པ་མངོན་པར་རྟོགས་པར་བྱ་བ་གང་ཞེ་ན། དེ་བཞིན་གཤེགས་པའི་ཉན་ཐོས་འཇིག་རྟེན་པའི་རྣམ་པ་དག་ལ་བརྩོན་ཞིང༌། ཡུན་རིང་པོ་ནས་འདོད་པ་ལྔའི་ཡོན་ཏན་གྱི་ཁ་ཟས་ཀྱིས་ཉེ་བར་སྟོན་པའི་ཚུལ་དུ་སེམས་གསོས་ལ། དེ་དག་ཉིད་ལ་མངོན་པར་དགའ་བའི་ཚུལ་གྱིས་བལྟས་པར་བྱས་པ་ལས་འདོད་པ་རྣམས་ལ་ཉེས་དམིགས་སུ་ལྟ་ཞིང༌། གོང་དུ་ཞི་བར་ལྟ་བས་འདི་ལྟ་སྟེ། རྣམ་པ་ཐམས་ཅད་དུ་འཇིག་རྟེན་པའི་རྣམ་པར་དག་པ་ལ་སྤྲོ་བ་དང་བཅས་པའི་ཁམས་སུ་རྣམ་པར་གཞག་པ་ནི་སླའི། །འཇིག་རྟེན་ལས་འདས་པ་སྤྲོས་པ་མེད་པའི་ཁམས་སུ་རྣམ་པར་གཞག་པ་ནི་དཀའོ། །དེ་ཡང་སྐྱོ་བཞིན་དུ་གནས་ཀྱི། སྐྱོ་བ་མེད་པས་ནི་མ་ཡིན་ཏེ། དེ་ལ་ཆོས་འདི་པ་མྱ་ངན་ལས་འདས་པ་སྤྲོས་པ་མེད་པ་ལ་སེམས་རྣམ་པར་གཞག་པར་འདོད་ཅིང༌། མོས་པར་འདོད་པ་དེ་ནི། དགེ་སྦྱོང་གི་འབྲས་བུ་ཐོབ་པ་མེད་པའི་དབང་དུ་བྱས་ནས། བདག་ཉིད་ཀྱི་ཀུན་ནས་ཉོན་མོངས་པ་དང་ལྡན་པའི་ཕྱིར་ཡང་སེམས་སྐྱོ་བ་སྐྱེ་ཞིང༌། རྣམ་པར་བྱང་བ་དང་བྲལ་བའི་ཕྱིར་ཡང་སེམས་སྐྱོ་བ་སྐྱེ་ལ། ཀུན་ནས་ཉོན་མོངས་པ་དང་ལྡན་པའི་ཉེས་དམིགས་དང༌། རྣམ་པར་བྱང་བ་དང་བྲལ་
བའི་ཉེས་དམིགས་དང༌། རྣམ་པར་བྱང་བ་བསྒྲུབ་པ་དཀའ་བར་མཐོང་བའི་ཕྱིར་ཡང་སྐྱོ་བ་སྐྱེ་བར་འགྱུར་རོ། །དེ་ལ་ཀུན་ནས་ཉོན་མོངས་པ་དང་ལྡན་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། མ་བྱང་བ་དང༌། མ་དུལ་བ་འཆི་བའི་ཀུན་ནས་ཉོན་མོངས་པ་དང་ལྡན་པ་དང༌། དེ་བཞིན་དུ་ཤི་ནས་ཀྱང་ཕྱི་མ་ལ་ཡང་ཉོན་མོངས་པའི་གཡངས་ཆེན་པོར་ལྟུང་བའི་ཀུན་ནས་ཉོན་མོངས་པ་དང༌། དེ་བཞིན་དུ་ཉོན་མོངས་པའི་དབང་དུ་གྱུར་པས་ནི་མི་དགེ་བའི་ཆོས་ཀུན་དུ་སྤྱོད་པའི་ཕྱིར། འཇིགས་པ་དང་བཅས་པའི་ཕྱོགས་སུ་འགྲོ་བའི་ཀུན་ནས་ཉོན་མོངས་པའོ། །བདག་ཉིད་དགེ་སྦྱོང་གི་འབྲས་བུ་ཐོབ་པ་མེད་པར་ཡང་དག་པར་མཐོང་ལ། དེ་མེད་པས་ཀུན་ནས་ཉོན་མོངས་པ་དང་ལྡན་པ་རྣམ་པ་དེ་གསུམ་ཡང་དག་པར་མཐོང་བས་ཡིད་སྐྱོ་བར་འགྱུར་རོ། །དེ་ལ་རྣམ་པར་བྱང་བ་དང་བྲལ་བ་ནི་རྣམ་པ་གསུམ་ཁོ་ནར་རིག་པར་བྱ་སྟེ། ཉོན་མོངས་པ་སྤོང་བའི་མྱ་ངན་ལས་འདས་པ་འཇིགས་པ་མེད་པའི་ཕྱོགས་ཞེས་བྱ་བ་གང་ཡིན་པ་དང༌། དེ་ཐོབ་པར་བྱ་བའི་ཕྱིར་ལྷག་པའི་སེམས་ཀྱི་བསླབ་པ་ལས་བརྩམས་ཏེ་དགེ་བའི་སེམས་ཀྱི་ཏིང་ངེ་འཛིན་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལས་བརྩམས་ནས་ཡང་དག་པའི་ལྟ་བར་གཏོགས་པའི་ལམ་གྱི་མཆོག་སྟེ། དེ་ལྟར་བདག་ཉིད་རྣམ་པར་བྱང་བ་རྣམ་པ་དེ་གསུམ་དང་བྲལ་བར་ཡང་དག་པར་མཐོང་ནས་ཡིད་སྐྱེ་བར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་དང་ལྡན་པའི་ཉེས་དམིགས་ཀྱང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། སྐྱེ་བ་ནི་རྒ་བ་དང་ན་བའི་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར་རང་བཞིན་གྱིས་སྡུག་བསྔལ་བ་དང༌། མི་ཁོམ་པར་སྐྱེ་བ་དང༌། སྐྱེ་བ་ཐམས་ཅད་ཀྱང་མི་རྟག་པ་ཉིད་དང་འབྲེལ་པ་སྟེ། ཀུན་ནས་ཉོན་མོངས་པ་དང་ལྡན་པའི་ཉེས་པ་རིགས་གསུམ་པོ་འདི་དག་གིས་བདག་ཉིད་ཡིད་སྐྱོ་བར་འགྱུར་རོ། །རྣམ་པར་བྱང་བ་དང་བྲལ་བའི་ཉེས་དམིགས་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། ཡུལ་མཐའ་འཁོབ་ཏུ་སྐྱེ་བའི་སྒྲིབ་པ་དང༌། ངན་སོང་དུ་སྐྱེ་བའི་སྒྲིབ་པ་དང༌། ཁྱིམ་པའི་ཕྱོགས་ཀྱི་མཚམས་མེད་པའི་ལས་ཀྱི་ཆུ་ལོན་མི་བྱེད་པ་དང༌། རབ་ཏུ་བྱུང་བའི་ཕྱོགས་ཀྱི་ལྟ་བར་གྱུར་པ་ཚད་མེད་པ་དང་
མ་བྲལ་བ་དང༌། འཇིག་རྟེན་པའི་ལམ་གྱིས་སྲིད་པའི་རྩེ་མོ་མན་ཆད་དུ་སྙོམས་པར་ཞུགས་ཤིང་སྐྱེས་ཀྱང་ཐོག་མ་མེད་པའི་སྐྱེ་བའི་འཁོར་བའི་མཐར་ཐུག་པར་བྱེད་མི་ནུས་པ་སྟེ། རྣམ་པར་བྱང་བ་དང་བྲལ་བའི་ཉེས་དམིགས་རྣམ་པ་ལྔ་པོ་འདི་དག་ལྟ་བུར་ཡང་དག་པར་མཐོང་ནས་བདག་ཉིད་ཡིད་སྐྱོ་བར་འགྱུར་རོ། །དེ་ལ་རྣམ་པར་བྱང་བ་བསྒྲུབ་པར་དཀའ་བ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། མི་བྱེད་ཅིང་ཡལ་བར་བོར་བས་བྱེད་མི་ནུས་པ་དང༌། གཞན་གྱི་དོན་ལ་གཞན་གྱིས་གཞན་ལ་བཅོལ་བ་ལ་བརྟེན་པས་བསྒྲུབ་ཏུ་མི་རུང་བ་དང༌། གང་གི་ཕྱིར་དེ་མ་བྱས་ཀྱི་བར་དུ་བདག་གི་སེམས་ཀྱི་རྣམ་པར་བྱང་བ་དེ་ལ་སྡུག་བསྔལ་ལས་གྲོལ་བར་འགྱུར་བའི་བདེ་ལེགས་ཀྱི་རང་བཞིན་མེད་པའི་ཕྱིར་དེ་མི་བྱར་མི་རུང་བ་དང༌། སྡིག་པའི་ལས་རྣམས་ཚེ་འདི་ལ་མ་ བྱས་པ་གང ་ཡིན་པ་དེ་ཙམ་གྱིས་རྣམ་པར་བྱང་བ་དེ་བྱས་པར་མི་ཆུད་དེ། ཚེ་འདི་ལ་དེའི་གཉེན་པོའི་ལམ་རིམས་ནད་མེད་པ་ཐོབ་པར་མ་གྱུར་གྱི་བར་དུ་སྔོན་བྱས་པའི་མི་དགེ་བའི་ལས་རྣམ་པར་བྱང་བར་མི་འགྱུར་བ་དང༌། རྣམ་པར་བྱང་བ་ནི་སློབ་པ་དང་མི་སློབ་པའི་ལམ་ཐོབ་པས་རབ་ཏུ་ཕྱེ་བ་ཡིན་ཏེ། དེས་རྣམ་པ་ལྔ་པོ་འདི་དག་ལྟ་བུར་རྣམ་པར་བྱད་བ་བསྒྲུབ་དཀའ་བར་ཡང་དག་པར་མཐོང་ནས་ཡིད་སྐྱོ་བ་སྐྱེ་ཞིང་ཡང་དག་པར་བསྒྲུབ་པའི་ཕྱིར་བརྩོན་འགྲུས་བརྟན་པོར་རྩོམ་པར་བྱེད་དོ། །དེས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང་ལྡན་པ་དང་བྲལ་བ་མཐོང་བས་ཡིད་དེ་སྐྱོ་བར་བྱེད་ཅིང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང་བྲལ་བའི་ཉེས་དམིགས་མཐོང་བས་སྐྲག་ལ། རྣམ་པར་བྱང་བ་ཡང་དག་པར་བསྒྲུབ་པ་དང༌། ཀུན་ནས་ཉོན་མོངས་པ་སྤང་བ་ལ་སྙོམ་ལས་དང་ལེ་ལོ་ལས་ཕྱིར་ལྡོག་པར་བྱེད་དོ། །ཡིད་ལ་བྱེད་པའི་རྣམ་པ་དེས་ནི་ཡིད་དེ་སྐྱོ་བར་བྱེད་ལ་རྣམ་པར་བྱས་པ་དེ་ལན་མང་དུ་བྱས་པས་ནི་ཤིན་ཏུ་སྐྱོ་བར་བྱེད་དོ། །སྐྱོ་བར་བྱེད་པ་དང༌། ཤིན་ཏུ་སྐྱོ་བར་བྱེད་པ་ཇི་ལྟ་བ་བཞིན་དུ། སྐྲག་པ་དང༌། ཤིན་ཏུ་སྐྲག་པ་དང༌། ཕྱིར་ལྡོག་པ་དང༌། ཤིན་ཏུ་ཕྱིར་ལྡོག་པ་ཡང་དེ་དང་འདྲའོ། །དེ་ལྟར་དེའི་སེམས་དེ་སྐྱོ་བ་དང་ལྡན་པའི་འདུ་ཤེས་
ཡིད་ལ་བྱེད་པའི་གནས་ལྔར་གཏོགས་པ་དང༌། རྣམ་པ་ཉི་ཤུ་པོ་དེ་དག་གིས་ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་ནས། རྣམ་པ་ཉི་ཤུས་ཡོངས་སུ་ཟིན་པའི་རྒྱུ་རྣམ་པ་ལྔ་པོ་གཞན་དག་གིས་སྲེད་པ་ཟད་པ་འགོག་པ་མྱ་ངན་ལས་འདས་པ་ལ་མྱུར་བ་མྱུར་བར་སེམས་ཡང་དག་པར་གནས་ཤིང་ཡོངས་སུ་ཡི་ཆད་བའི་ཕྱིར་ཡིད་ཕྱིར་ལྡོག་པར་མི་འགྱུར་ལ། བདག་གི་བདག་གང་ཡང་མེད་དོ་སྙམ་དུ་སེམས་སོ། །རྒྱུ་རྣམ་པ་ལྔ་པོ་གང་ཞེ་ན། ཡིད་ལ་བྱེད་པ་རྟོགས་པ་སྟེ། ཡིད་ལ་བྱེད་པ་རྟོགས་པ་དེའི་མཇུག་ཐོགས་སུ་ཡང་དག་པ་ཉིད་དུ་སྐྱོན་མེད་པར་འཇུག་ཅིང༌། བདེན་པ་རྣམས་མངོན་པར་རྟོགས་ལ། འཕགས་པའི་ཡེ་ཤེས་མཐོང་བ་ལ་རེག་པ་དང་བཞི་སྟེ། གཞི་དེ་ལ་བརྟེན་པའི་མཇུག་ཐོགས་སུ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དམིགས་པ་ལ་འཇུག་པའི་སྒོ་སྟེ། དམིགས་པ་ལ་འཇུག་པའི་སྒོ་དེ་ལ་དམིགས་ན་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་འཇུག་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །ཚོགས་ཡོངས་སུ་འཛིན་པ་སྟེ། ཚོགས་ཡོངས་སུ་བཟུང་བ་དེ་ལ་བརྟེན་ནས། ཡང་དག་པའི་སྐྱོན་མེད་པ་ལ་འཇུག་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །ཐབས་ཡོངས་སུ་བཟུང་བ་སྟེ། ཐབས་ཡོངས་སུ་བཟུང་བ་དེ་ལ་བརྟེན་ནས། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་འཇུག་ཅིང་ཞེས་བྱ་བ་ཡང་རྒྱས་པར་སྔ་མ་བཞིན་ནོ། །རྒྱུ་ལྔ་པོ་འདི་དག་ནི་བདེན་བ་མངོན་པར་རྟོགས་པ་དང༌། རྗེས་སུ་མཐུན་པ་མ་ཡིན་པའི་རྒྱུ་ལས་བརྩམས་པར་རིག་པར་བྱའི། རྗེས་སུ་མཐུན་པའི་རྒྱུ་ལས་བརྩམས་པ་ནི་མ་ཡིན་ཏེ། རྒྱུ་དེའི་གཙོ་བོ་ཇི་ལྟ་བ་བཞིན་དུ་སྔར་བསྟན་པའི་ཕྱིར་རྗེས་སུ་མཐུན་པ་མ་ཡིན་པའི་རྒྱུ་མཐུན་པར་བལྟ་བར་བྱའོ། །སྟོང་པ་ཉིད་དང༌། སྨོན་པ་མེད་པ་དང༌། མཚན་མ་མེད་པ་ལ་སྦྱོར་བའི་ཡིད་ལ་བྱེད་པའི་རྗེས་སུ་ཞུགས་པ། ཆ་ཕྲ་མོ་ཀུན་དུ་སྦྱོར་བ། བར་ཆད་དང་བཅས་པ་དང༌། བར་ཆད་མེད་པར་འབྱུང་བ་ངའོ་སྙམ་པའི་ང་རྒྱལ་དང་ལྡན་པའི་སེམས་ཀྱི་མཚན་མ་མངོན་པར་རྟོགས་པའི་བར་ཆད་བྱེད་པ་ཡང་དག་པར་རྟོགས་པར་ཡིད་ལ་བྱེད་དོ། །རྟོགས་ནས་ཀྱང་ཡིད་ལ་བྱེད་པ་དེ་དང་ལྡན་པའི་སེམས་རང་གི་ངང་
གིས་འཇུག་པ་ལེགས་པར་སྤངས་ནས། སེམས་འགགས་མ་ཐག་གོ་ཅོག་ལ་གསར་དུ་སྐྱེས་སོ་ཅོག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་རྟག་པ་ལ་སོགས་པའི་རྣམ་པར་ཡིད་ལ་བྱེད་དེ། །ཡིད་ལ་བྱེད་པ་དེ་ལ་ཀུན་དུ་བསྟེན་པའི་རྒྱུ་དང༌། བསྒོམས་པའི་རྒྱུ་དང༌། ལན་མང་དུ་བྱས་པའི་རྒྱུས་དམིགས་པར་བྱ་བ་དང༌། དམིགས་པ་མེད་པ་མཚུངས་བའི་ཤེས་པ་སྐྱེ་བར་འགྱུར་ལ། མངོན་པར་རྟོགས་པའི་བགེགས་བྱེད་པ་ངའོ་སྙམ་པའི་ང་རྒྱལ་སེམས་རྣམ་པར་གཡེང་བར་བྱེད་པ་དེ་སྤངས་པས་སེམས་རྩེ་གཅིག་པ་ལ་རེག་པར་འགྱུར་ཏེ། བདག་ནི་སེམས་རྩེ་གཅིག་པ་ལ་རེག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་ཡིད་ལ་བྱེད་དེ། དེ་ལྟར་ན་འདི་ནི་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཡིད་ལ་བྱེད་པ་རྟོགས་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་སྔར་འཇིག་རྟེན་པའི་ལམ་གྱིས་ཏིང་ངེ་འཛིན་ཡང་ཐོབ་པར་གྱུར་ལ། ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་དང༌། ཏིང་ངེ་འཛིན་ལ་དབང་ཡང་ཐོབ་པར་གྱུར་ན་ནི། དེའི་ཏིང་ངེ་འཛིན་གྱི་མཚན་མ་གང་གིས་སྙོམས་པར་འཇུག་པ་དང༌། ཏིང་ངེ་འཛིན་ལ་གནས་པའི་མཚན་མ་གང་གིས་སྙོམས་པར་ཞུགས་ནས་གནས་པ་དང༌། ཏིང་ངེ་འཛིན་ལས་ལྡང་བའི་མཚན་མ་གང་གིས་ཏིང་ངེ་འཛིན་ལས་ལྡང་བར་འགྱུར་བའི་མཚན་མ་དེ་དག་ཡིད་ལ་བྱེད་ཅིང་དེའི་སེམས་གནས་ལ། བདེན་པ་རྣམས་ཀྱང་མངོན་པར་རྟོགས་པར་འགྱུར་རོ། །གལ་ཏེ་ཏིང་ངེ་འཛིན་ཐོབ་ལ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཡང་མ་ཡིན། ཏིང་ངེ་འཛིན་ལ་དབང་ཐོབ་པ་ཡང་མ་ཡིན་ན་ནི། དེ་ཞི་གནས་ཀྱི་མཚན་མ་ཡིད་ལ་བྱེད་པའམ། རབ་ཏུ་འཛིན་པའི་མཚན་མའམ། བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་ཅིང༌། སེམས་ལེགས་པར་གནས་ལ། བདེན་པ་རྣམས་ཀྱང་མངོན་པར་རྟོགས་པར་འགྱུར་ཏེ། དེ་ལྟར་ན་གཞིའི་སྒོ་ནས་སེམས་གནས་པ་ཡིན་པར་རིག་པར་བྱའོ། །ཆོས་འདི་གཉིས་ནི་བདེན་པ་མངོན་པར་རྟོགས་པ་ལ་བརྩོན་པ་ལ་ཤིན་ཏུ་བར་ཆད་བྱེད་པ་ཡིན་ཏེ། གཉིས་གང་ཞེ་ན། རྟོག་པ་ངན་པས་སེམས་དཀྲུགས་ཤིང་སེམས་མ་ཞི་བ་དང༌། ཤེས་བྱའི་དངོས་པོ་ལ་ཕྱིན་ཅི་ལོག་པའོ། །བར་ཆད་བྱེད་
པ་དེའི་གཉེན་པོར་སེམས་ཀྱི་དམིགས་པ་ལ་ལེགས་པར་འཇུག་པ་ཡང་རྣམ་པ་གཉིས་ཁོ་ནར་རིག་པར་བྱ་སྟེ། དང་པོའི་གཉེན་པོ་ནི་དབུགས་འབྱུང་བ་དང་དབུགས་རྔུབ་པ་དྲན་པའོ། །ཅིག་ཤོས་ཀྱི་གཉེན་པོ་ནི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་སྟེ། དེ་ལྟར་ན་དམིགས་པ་ལ་བཀུར་སྟི་གནས་པར་རིག་པར་བྱའོ། །འཕགས་པའི་ཆོས་འདུལ་བ་ལ་དེ་ལྟར་བརྩོན་པ་ལ་ནི། འདོད་པའི་ཡོན་ཏན་ལྔ་སྤྱོད་ཡུལ་དུ་མི་འགྱུར་ཏེ། གལ་ཏེ་ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། སྟན་ངན་ངོན་ཙམ་གྱིས་ཆོག་ཤེས་ཤིང༌། རྙེད་པ་དང་བཀུར་སྟི་བྱུང་ངོ་ཅོག་ཟིལ་གྱིས་གནོན་ཅིང་འདི་ལྟ་སྟེ། འདོད་པའི་ཡོན་ཏན་ལྔ་ལ་བརྟེན་ནས་རྙེད་པ་དང༌། བཀུར་སྟི་བྱུང་བས། དེའི་སེམས་ཀུན་ནས་ཟིན་ཅིང་འདུག་པར་མི་འགྱུར་ཏེ། དེ་ཙམ་གྱིས་ན་སྤྱོད་ཡུལ་མ་ཡིན་པ་ཡོངས་སུ་སྤངས་པ་ཡིན་ནོ། དེ་ལྟར་སྤྱོད་ཡུལ་མ་ཡིན་པ་སྤངས་ནས། དྲན་པ་ཉེ་བར་གཞག་པ་དེ་དག་ཉིད་ལས་བརྩམས་ཏེ། ཉིན་མཚན་སུ་སྤོང་བ་ལ་དགའ་བ་དང༌། བསྒོམ་པ་ལ་དགའ་བར་བྱེད་པ་དང༌། སེམས་ཀུན་དུ་སྐྱོ་བ་བསྐྱེད་པའི་ཕྱིར་དུས་དུས་སུ་བདག་ཉིད་ལ་སོགས་པའི་རྒུད་པ་དང༌། འབྱོར་པ་ཡིད་ལ་བྱེད་པ་དང༌། སེམས་མངོན་པར་དགའ་བར་བྱ་བའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པར་བྱེད་པ་སྟེ། དེ་ལྟར་ན་འཕགས་པའི་རིགས་ལ་གནས་པ་ཡིན་ཏེ། འདི་ནི་སེམས་གནས་པའི་གཙོ་བོའི་ཚོགས་ཀྱི་ལམ་གྱི་སྐབས་ལས་ཚོགས་པ་ཡིན་པར་རིག་པར་བྱའོ།། །།བམ་པོ་ཉི་ཤུ་རྩ་དྲུག་པ། དེ་ལྟར་དེ་ཚོགས་ལ་གནས་པ་ན། རྣལ་འབྱོར་ཡིད་ལ་བྱེད་པ་ལ་སྤྱོད་པའི་སྦྱོར་བའི་ཐབས་གཉིས་ཡོད་དེ། གཉིས་གང་ཞེ་ན། བདག་ཉིད་མདོ་སྡེ་ལ་སོགས་པའི་ཆོས་ཀྱི་ལུང་མནོད་པ་ལ་བརྟེན་ནས། ཡང་དག་པར་ཡིད་ལ་བྱེད་པའི་རྒྱུས། ཕུང་པོ་ལ་སོགས་པའི་དངོས་པོ་ལ་མཁས་པ་དང༌། ཕ་རོལ་བླ་མ་འདི་ལྟ་སྟེ། སྟོན་པའམ། སློབ་དཔོན་ནམ། མཁན་པོའི་མན་ངག་ལ་བརྟེན་ནས། དུས་དུས་སུ་གདམས་ངག་དང་རྗེས་སུ་བསྟན་པ་ཡོངས་སུ་བླང་བའི་ཕྱིར། བླ་མ་ལ་བརྟེན་པའོ།།
ཡང་དག་པའི་སྦྱོར་བ་ཡིད་ལ་བྱེད་པ་ཡང་ཐབས་གསུམ་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཡང་དག་པའི་སྦྱོར་བ་ཡིད་ལ་བྱེད་པ་ནི་འདི་ཡིན་ཏེ། ཡང་དག་པའི་སྦྱོར་བ་ཞེས་བྱ་བ་ནི་དོན་གྱི་སྐབས་འདིར་ཚུལ་ཁྲིམས་རྣམ་པར་དག་པ་ལ་བྱ་སྟེ། དེ་ཡིད་ལ་བྱེད་པ་ནི་ཡང་དག་པའི་སྦྱོར་བ་ཡིད་ལ་བྱེད་པ་ཡིན་ནོ། །དེ་བདག་གི་ཚུལ་ཁྲིམས་རྣམ་པར་དག་པ་ཡིད་ལ་བྱེད་པ་ན་འགྱོད་པ་མེད་དོ། །འགྱོད་པ་མེད་པས་མཆོག་ཏུ་དགའ་བར་འགྱུར་བ་ནས། རྒྱས་པར་སེམས་ཀྱི་ཏིང་ངེ་འཛིན་གྱི་བར་དུ་སྦྱར་ཏེ། དེ་བས་ན་ཡང་དག་པར་སྦྱོར་བ་ཡིད་ལ་བྱེད་པ་ཡང་སེམས་གནས་པར་བྱེད་པའི་ཐབས་ཞེས་བྱ་སྟེ། ཐབས་དེ་ལྟ་བུས་མྱུར་དུ་སེམས་གནས་པར་འགྱུར་བར་རིག་པར་བྱའོ། །གང་གི་ཚེ་དེ་རྒྱུ་རྣམ་པ་ལྔ་པོ། རྣམ་པ་ཉི་ཤུས་བསྡུས་པ་དེ་དག་གི་སྲེད་པ་ཟད་པ། འགོག་པ་མྱ་ངན་ལས་འདས་པ་ལ་སེམས་ལེགས་པར་གནས་པར་གྱུར་པ་ན། ཡོངས་སུ་ཡི་ཆད་པའི་ཕྱིར། དེའི་ཡིད་ཕྱིར་ལྡོག་པར་མི་འགྱུར་ཞིང༌། བདག་གི་བདག་གང་ཡང་མེད་དོ་ཞེས། སེམས་གནས་པར་གྱུར་པའི་མོད་ལ་བདེན་པ་རྟོགས་པ་ཞེས་བྱ་སྟེ། འདི་ནི་བདེན་པ་རྟོགས་པ་ཞེས་བྱའོ། །བདེན་པ་རྟོགས་པའི་དོན་འདིའི་རྒྱས་པ་ནི་འདི་ལྟ་སྟེ། སེམས་སྐྱོ་བར་བྱ་བའི་རྣམ་པ་ཉི་ཤུ་དང༌། སེམས་གནས་པའི་རྣམ་པ་ཉི་ཤུ་པོ་འདི་དག་ཡིན་པར་རིག་པར་བྱ་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །དེ་ལ་བར་དུ་གཅོད་པ་ཡོངས་སུ་སྤོང་བ་གང་ཞེ་ན། མདོར་བསྡུ་ན། བར་དུ་གཅོད་པ་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། རྒྱུ་བ་དང་གནས་པའོ། །དེ་ལ་རྒྱུ་བའི་བར་དུ་གཅོད་པ་ནི། འདི་ལྟར་འཕགས་པ་ཉན་ཐོས་ཀྱི་ཚོགས་ཀྱི་ནང་ན་གནས་ཤིང༌། དགེ་འདུན་གྱི་བྱ་བ་བྱུང་ངོ་ཅོག་ལ་དགེ་བའི་ཕྱོགས་འདོར་ཞིང་རྒྱུན་དུ་ཚོགས་ཀྱི་ནང་དུ་འདུ་བ་དང༌། བསོད་སྙོམས་པ་ཉིད་དུ་གནས་ཤིང་ཁ་ཟས་ལ་གཅེས་པར་འཛིན་པ་དང༌། གཉི་གར་ཡང་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་འཕྲལ་གྱི་བྱ་བའི་ལས་ལ་བརྩོན་ཞིང་དེ་ལ་དགའ་བ་དང༌། ཁ་ཏོན་ལ་བརྩོན་པའི་སྨྲ་བ་ལ་དགའ་བ་དང༌། མཚན་མོ་གནས་པ་ན་གཉིད་ལ་དགའ་བ་དང༌། ཉིན་པར་གནས་པ་ན་རྒྱལ་པོ་དང་
ཆོམ་རྐུན་ལ་སོགས་པའི་གཏམ་ཀུན་ནས་ཉོན་མོངས་པ་ཅན་ལ་དགའ་བ་དང༌། ཡུལ་གང་ན་ཉེ་དུ་དང༌། ཕེབས་པར་སྨྲ་བ་དང༌། གྲོགས་བཤེས་དང༌། སྨོན་འགྲིན་དང༌། བྱམས་པ་རྣམས་གནས་པའི་ཡུལ་དེ་དང་མི་འབྲལ་བར་དགའ་ཞིང༌། འདི་ལྟ་སྟེ། དེ་དག་དང་འགྲོགས་པ་འགའ་ཞིག་གི་དབང་དུ་བྱས་ནས་ཡུན་རིང་པོ་ནས་གོམས་པའི་ཤུགས་ཀྱིས་ཟླ་དང་བཅས་པར་གནས་པར་དགའ་བ་སྟེ། འདི་ནི་རྒྱུའི་བར་དུ་གཅོད་པ་ཞེས་བྱའོ། །གནས་པའི་བར་དུ་གཅོད་པ་གང་ཞེ་ན། མདོར་བསྡུ་ན། དབེན་པ་ན་འདུག་ཅིང་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ནི་གནས་པ་ཞེས་བྱའོ། །དེ་ལ་ཞི་གནས་དང་ལྷག་མཐོང་ལ་བརྩམས་ནས། བར་དུ་གཅོད་པ་རྣམ་པ་བཞི་ཡོད་པར་རིག་པར་བྱ་སྟེ། ལྷག་མཐོང་གི་ཡན་ལག་དང་མི་མཐུན་པ་དང༌། ཞི་གནས་ཀྱི་ཡན་ལག་དང་མི་མཐུན་པ་དང༌། དེ་གཉི་གའི་ཕྱོགས་ཀྱི་དྲན་པ་དང་མི་མཐུན་པ་དང༌། གནས་དང་མི་མཐུན་པའོ། །བདག་ཉིད་མཁས་པར་འཛིན་པས་གཞན་ལ་ལྷག་མཐོང་དང་མཐུན་པའི་དམ་པའི་ཆོས་མི་ཉན་པ་ནི་ལྷག་མཐོང་གི་ཡན་ལག་མི་མཐུན་པའོ། །ལུས་དང༌། ངག་དང༌། ཡིད་ཀྱི་སྤྱོད་པ་མི་བརྟན་ཞིང་གཡོ་བས། ཡང་དང་ཡང་དུ་ཚུལ་ཁྲིམས་ཉམས་པར་བྱེད་པའི་ཕྱིར། འགྱོད་པ་ལ་སོགས་པས་སེམས་གནས་པའི་བར་དུ་ཐོབ་པར་མི་འགྱུར་བ་ནི་ཞི་གནས་ཀྱི་ཡན་ལག་དང་མི་མཐུན་པ་ཡིན་པར་རིག་པར་བྱའོ། །བརྗེད་ངས་པའི་དབང་དུ་བྱས་ནས་རྒོད་པ་དང༌། བྱིང་བ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམས་ལས་སེམས་ཀུན་དུ་མི་སྲུང་བ་ནི་དེ་གཉི་གའི་ཕྱོགས་ཀྱི་དྲན་པ་དང་མི་མཐུན་པ་ཡིན་པར་རིག་པར་བྱའོ། །ཉེས་པ་རྣམ་པ་ལྔ་དང་ལྡན་པའི་གནས་མལ་ལ་བརྟེན་པ་ནི་གནས་དང་མི་མཐུན་པ་ཡིན་པར་རིག་པར་བྱ་སྟེ། ཉིན་པར་ལྗན་ལྗིན་མང་བ་དང༌། མཚན་མོ་ཤ་སྦྲང་དང༌། སྦྲང་བུ་ལ་སོགས་པའི་སྡུག་བསྔལ་གྱིས་གཙེ་བ་དང༌། འཇིགས་པ་མང་ཞིང་གནོད་པ་མང་བ་དང༌། ཡོ་བྱད་མེད་ཅིང་ཉམས་མི་དགའ་བ་དང༌། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་ཅིང་དགེ་བའི་བཤེས་གཉེན་མེད་པ་སྟེ། འདི་ནི་གནས་པའི་བར་དུ་གཅོད་པ་ཞེས་བྱའོ། །བར་དུ་གཅོད་པ་རྣམ་པ་འདི་གཉིས་ཀྱང་མདོར་བསྡུ་ན། རྒྱུ་རྣམ་བ་གཉིས་
ཀྱིས་ཡོངས་སུ་སྤོང་བར་རིག་པར་བྱ་སྟེ། ཏིང་ངེ་འཛིན་ལ་དགའ་བ་མང་དུ་བྱེད་པ་དང༌། སོ་སོར་བརྟགས་པ་མང་དུ་བྱེད་པའོ། །དེ་ལ་ཏིང་ངེ་འཛིན་ལ་དགའ་བ་མང་དུ་བྱེད་པ་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། གལ་ཏེ་ཏིང་ངེ་འཛིན་ཡོངས་སུ་ཐོབ་ལ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་མ་ཡིན་ཏིང་ངེ་འཛིན་ལ་དབང་ཐོབ་པ་ཡང་མ་ཡིན་ན་ནི་དེ་ཞི་གནས་ལ་མཁས་པ་དང༌། རབ་ཏུ་འཛིན་པ་ལ་མཁས་པ་དང༌། བཏང་སྙོམས་ལ་མཁས་པར་བྱེད་ཅིང་ཏིང་ངེ་འཛིན་ལ་དགའ་བ་ཤས་ཆེར་སྐྱེ་བར་འགྱུར་རོ། །གལ་ཏེ་ཏིང་ངེ་འཛིན་ཡོངས་སུ་རྫོགས་ལ། ཏིང་ངེ་འཛིན་ལ་དབང་ཐོབ་ན་ནི་ཏིང་ངེ་འཛིན་ལ་མཁས་པ་དང༌། ཏིང་ངེ་འཛིན་ལ་གནས་པ་ལ་མཁས་པ་དང༌། ཏིང་ངེ་འཛིན་ལས་ལྡང་བ་ལ་མཁས་པར་བྱེད་ཅིང་ཏིང་ངེ་འཛིན་ལ་དགའ་བ་ཤས་ཆེར་སྐྱེ་བར་འགྱུར་རོ། །དེ་ལ་སོ་སོར་བརྟགས་པ་མང་དུ་བྱེད་པ་གང་ཞེ་ན། ཤེས་རབ་དགེ་བ་ལ་ནི་སོ་སོར་བརྟགས་པ་ཞེས་བྱ་སྟེ། དེ་ཤེས་རབ་དེས་ཉིན་མཚན་དུ་བདག་གི་དགེ་བའི་ཆོས་མངོན་པར་འཕེལ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། མི་དགེ་བའི་ཆོས་མངོན་པར་འཕེལ་བ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། དགེ་བའི་ཆོས་འབྲི་བ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། མི་དགེ་བའི་ཆོས་འབྲི་བ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། ཉིན་མཚན་དུ་རྒྱུ་བ་དང་གནས་པ་ན། ཆོས་གོས་དང་བསོད་སྙོམས་ལ་སོགས་པ་འཚོ་བ་བསྒྲུབ་པ་རྣམས་ལ་ས་སོར་བརྟེན་པ་ན། མི་དགེ་བའི་ཆོས་རྣམས་ནི་མངོན་པར་འཕེལ་བར་འགྱུར་ལ། དགེ་བའི་ཆོས་རྣམས་ནི་ཡོངས་སུ་ཉམས་པར་འགྱུར་བའམ། ཡང་ན་དགེ་བའི་ཆོས་རྣམས་ནི་མངོན་པར་འཕེལ་བར་འགྱུར་ལ། མི་དགེ་བའི་ཆོས་རྣམས་ནི་ཡོངས་སུ་ཉམས་པར་འགྱུར་བ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། སོ་སོར་བརྟགས་པ་དེ་ཉིད་ལ་བརྟེན་ན་མི་དགེ་བའི་ཆོས་དེ་དག་སྐྱེས་སོ་ཅོག་ནི་དང་དུ་མི་ལེན་པའི་ཚུལ་གྱིས་སེལ་ཞིང་ཉམས་སྨོད་ཅིང་ངེས་པར་སྤོང་བར་བྱེད་ལ། དགེ་བའི་ཆོས་རྣམས་ནི་སྒོམ་པར་བྱེད་པ་སྟེ། གནས་གཉིས་སུ་གཏོགས་པའི་མཁས་པ་རྣམ་པ་བཅུ་པོ་དེ་དག་གིས་གནས་གཉིས་སུ་གཏོགས་པའི་བར་དུ་གཅོད་པ་
རྣམ་པ་བཅུ་གཅིག་པོ་སྤོང་ཞིང༌། བྱུང་ངོ་ཅོག་ཡོངས་སུ་སྤོང་བར་བྱེད་པ་གང་ཡིན་པ་འདི་ནི་བར་དུ་གཅོད་པ་ཡོངས་སུ་སྤོང་བཞེས་བྱའོ། །བར་དུ་གཅོད་པ་ཡོངས་སུ་སྤང་བའི་དོན་འདིའི་རྒྱས་པར་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཇི་སྐད་བསྟན་པའི་རྣམ་པ་དག་ཏུ་རིག་པར་བྱ་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །མངོན་པར་རྟོགས་པར་གྱུར་པའི་མངོན་པར་ཤེས་པ་མྱུར་བར་བྱ་བའི་ཕྱིར་མཆོག་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པ་གང་ཞེ་ན། དེ་ལྟར་འཕགས་པ་ཉན་ཐོས་བདེན་པ་མཐོང་བ་དེས་ཤེས་ནས་དད་པ་ཐོབ་པར་གྱུར་ཅིང་དེ་ཤེས་ནས་དད་པ་དེ་ཉིད་ལ་བརྟེན་ནས་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ཡོན་ཏན་གྱི་ཞིང་ཡིན་པར་ཡིད་ལ་བྱེད་པའི་སྒོ་ནས་ཀྱང་མཆོག་ཏུ་དགའ་བ་བསྐྱེད་པ་དང༌། བདག་ཉིད་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པ་ལ་བརྟེན་ནས། ལུས་དང༌། ལོངས་སྤྱོད་པ་དང༌། རྟོགས་པའི་ཕུན་སུམ་ཚོགས་པ་ཡིད་ལ་བྱེད་པས་ཀྱང་མཆོག་ཏུ་དགའ་བ་བསྐྱེད་པ་དང༌། ཕྲག་དོག་མེད་པ་ལ་བརྟེན་ནས། བདག་ལ་ཇི་ལྟ་བ་བཞིན་དུ་གཞན་དག་གི་འབྱོར་པ་ལ་ཡང་མཆོག་ཏུ་དགའ་བ་བསྐྱེད་པ་དང༌། བྱས་པ་གཟོ་བ་ལ་བརྟེན་ནས་འདི་ལྟ་སྟེ། སྡུག་བསྔལ་རྒྱུ་དང་བཅས་པ་བསལ་བ་དང༌། བདེ་བ་རྒྱུ་དང་བཅས་པར་བསྒྲུབ་པ་ལས་བརྩམས་ཏེ། སྟོན་པ་ཕན་འདོགས་པའི་ཕན་བཏགས་པ་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པས་ཀྱང་མཆོག་ཏུ་དགའ་བ་བསྐྱེད་པ་སྟེ། དེ་ལྟར་འདི་ནི་བསྒོམ་པའི་ལམ་དང་མཐུན་པས་མཆོག་ཏུ་དགའ་བར་བྱེད་པའི་དངོས་པོ་ཡིད་ལ་བྱེད་པ་མངོན་པར་ཤེས་པ་མྱུར་བར་འགྱུར་བ་ཡིན་ནོ། །བསྒོམ་པའི་ལམ་དང་མཐུན་པ་མཆོག་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པར་དོན་འདིའི་རྒྱས་པར་ནི་འདི་ཡིན་པར་རིག་པར་བྱ་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །ཇི་ལྟར་ཐོབ་པའི་ལམ་བསྒོམ་པ་གང་ཞེ་ན། དེ་དེ་ལྟར་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཁ་ན་མ་ཐོ་བ་མེད་པས་སེམས་བརླན་པ་མཐར་ཐུག་པར་འགྲོ་བ་ལས་བརྩམས་ནས། ཚེ་འདི་ལ་སེམས་ཀྱིས་ཤིན་ཏུ་དགའ་བར་འགྱུར་ཏེ། དེ་ལྟར་དགའ་བ་དང་ལྡན་པ་དེ་བདག་ནམ་ཞིག་འཕགས་པ་དགྲ་བཅོམ་པས་བསྒྲུབས་ཏེ།
གནས་པ་གང་ཡིན་པའི་གནས་དེ་ལ་བསྒྲུབས་ཏེ་གནས་པར་འགྱུར་ཞིག་གུ་སྙམ་ནས། ངེས་པར་འབྱུང་བ་ལ་འདུན་པ་རྒྱུན་མི་འཆད་པར་ཡང་དག་པར་སྤྱོད་པ་དང༌། དེ་ལྟར་འདུན་པ་སྐྱེས་ན་རྟག་ཏུ་འགྲུབ་པར་བྱེད་པ་ལ་བརྩོན་པར་འགྱུར་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པའི་སྦྱོར་བ་ལ་བརྩོན་པར་བྱེད་པ་དང༌། དེ་དེ་ལྟར་བརྩོན་འགྲུས་བརྩམས་ཤིང་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་བར་གནས་ལ། བས་མཐའི་གནས་མལ་དག་ལ་བརྟེན་ཅིང་དབེན་པར་འདུག་བ་དང༌། དེ་དེ་ལྟར་འདུན་པ་སྐྱེས་ཤིང་བརྩོན་འགྲུས་བརྩམས་ལ། རབ་ཏུ་དབེན་པར་གྱུར་ནས། ཁྱད་པར་ཐོབ་པ་ཆུང་ངུ་ཙམ་གྱིས་ཆོག་མི་ཤེས་ཤིང༌། དགེ་པའི་ཆོས་རྣམས་ཀྱིས་ཆོག་མི་ཤེས་པས། གོང་ནས་གོང་དུ་བཟང་བ་བས་ཀྱང་ཆེས་བཟང་བའི་གནས་འདོད་པ་པའི་ཚུལ་གྱིས་གནས་ཏེ། དེའི་བསྒོམ་པའི་ལམ་ནི་ཆོས་བཞི་བོ་འདི་དག་གིས་བསྡུས་ཤིང་ལེགས་པར་བསྡུས་སོ། །དེ་བསྒོམ་པའི་ལམ་རྣམ་པ་བཞི་པོ་དེ་དག་ཉིད་ལ་བརྟེན་ནས་ཇི་སྐད་བསྟན་པའི་མཆོག་ཏུ་དགའ་བའི་དངོས་པོ་བསྐྱེད་པ་གང་ཡིན་པའི་མཆོག་ཏུ་དགའ་བ་དེ་ལ་དེའི་ཚེ་ཁྱད་ཞུགས་པར་འགྲོ་བའི་ཚུལ་གྱིས་དེའི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དང༌། ཉོན་མོངས་པ་སྤང་བའི་ཐོབ་པའི་ཁྱད་པར་རྟོགས་པས་ཀྱང་དེའི་དགའ་བ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དང༌། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བས་ཀྱང་དེའི་ཤིན་ཏུ་སྦྱངས་པ་དང༌། ཤིན་ཏུ་སྦྱངས་པས་བསྐྱེད་པའི་ལུས་དང་སེམས་ཀྱི་ཕན་པ་བསིལ་བར་གྱུར་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དང༌། དེའི་སློབ་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་རྡོ་རྗེ་ལྟ་བུའི་མཐར་ཐུག་པར་འགྲོ་བས་ཀྱང་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་སྟེ། འདི་ནི་ཇི་ལྟར་ཐོབ་པའི་ལམ་བསྒོམ་པ་ཞེས་བྱའོ། །ཇི་ལྟར་ཐོབ་པའི་ལམ་བསྒོམ་པའི་དོན་འདིའི་རྒྱས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་ཆོས་བཞི་ལ་བརྟེན་ནས་ཆོས་ལྔ་བསྒོམ་པ་ཡོངས་སུ་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། །འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །ཤིན་ཏུ་རྣམ་པར་དག་པའི་ལམ་ཐོབ་པ་འབྲས་བུ་དང་ཕན་ཡོན་དང་
བཅས་པ་གང་ཞེ་ན། གནས་སྐབས་གསུམ་པོ་བདེ་བ་དང༌། སྡུག་བསྔལ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་སྐབས་རྣམས་སུ་ཉོན་མོངས་པ་བག་ལ་ཉལ་གང་ཟག་གཉིས་པོ་འདི་ལྟ་སྟེ། སོ་སོ་སྐྱེ་བོ་དང༌། སླབ་པ་གཉིས་ལ་ཤས་ཆེར་འབྱུང་བར་འགྱུར་བ། ཀུན་ནས་ཉོན་མོངས་པའི་ཕྱོགས་གཉིས་པོ་འདི་ལྟ་སྟེ། ལེན་པའི་ཀུན་ནས་ཉོན་མོངས་པའི་ཕྱོགས་དང༌། འདུ་བྱེད་ཀྱི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀུན་ནས་སློང་བར་བྱེད་པ་ཀུན་ནས་ཉོན་མོངས་པའི་ཕྱོགས་རྣམ་པ་དེ་གཉིས་སྤོང་བར་བྱ་བ་དང༌། ཆོས་འདུལ་བ་འདི་ལ་འཇུག་པའི་གེགས་བྱེད་པའི་ཉོན་མོངས་པ་ཡིད་ལ་ཤིན་ཏུ་རིང་དུ་ཞུགས་ཤིང་བག་ལ་ཉལ་དུ་འདུག་ལ། སྡུག་བསྔལ་རྣམ་པ་སྣ་ཚོགས་སྐྱེད་པར་བྱེད་པའི་ཉོན་མོངས་པ་གང་ཡིན་པ་དེ་དག་མ་ལུས་པར་སྤོང་བ་གང་ཡིན་པ་དེ་དག་ཤིན་ཏུ་རྣམ་པར་དག་པའི་ལམ་གྱི་འབྲས་བུ་ཞེས་བྱའོ། །མི་སློབ་པའི་ཡན་ལག་བཅུས་བསྡུས་པའི་མི་སློབ་པའི་ཕུང་པོ་ལྔ་པོ་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་ནི་ཤིན་ཏུ་རྣམ་པར་དག་པའི་ལམ་ཞེས་བྱའོ། །ཤིན་ཏུ་རྣམ་པར་དག་པའི་ལམ་དེ་ཐོབ་ན། ཉེས་པ་རྣམ་པ་བཅུ་དང་བྲལ་བའི་འཕགས་པའི་གནས་ལ་གནས་པར་འགྱུར་ཏེ། ཉེས་པ་རྣམ་པ་བཅུ་གང་ཞེ་ན། ཕྱི་རོལ་གྱི་འདོད་པ་རྣམས་ལ་བརྟེན་ཏེ། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་དང་ཕྲད་པའི་ཉེས་པ་དང༌། ནང་ལ་བརྟེན་ནས་དབང་པོ་མ་བསྡམས་པའི་ཉེས་པ་སྟེ། དེ་ལྟར་དབང་པོ་མ་བསྡམས་ན་མྱ་ངན་ལ་སོགས་པ་དེ་དག་སྐྱེ་བར་འགྱུར་བ་དང༌། བདེ་བར་གནས་པའི་རོ་མྱང་བའི་ཉེས་པ་དང༌། རྒྱུ་བ་དང༌། གནས་པ་ལ་བག་མེད་པའི་ཉེས་པ་དང༌། ཕྱི་རོལ་པའི་མུ་སྟེགས་ཅན་རྣམས་ཀྱི་ལྟ་བ་ངན་པས་ཀུན་ནས་བསྐྱེད་པ་ཐུན་མོང་མ་ཡིན་པ་དེ་དག་ཉིད་ཀྱི་ཡིན་པ་མ་འདྲེས་པ། ངག་དང༌། རྟོག་པ་དང༌། ཚོལ་བའི་ཉེས་པ་དང༌། བསམ་གཏན་ལ་བརྟེན་པ་གསུམ་གྱི་མཐར་གྱུར་པའི་ཉེས་པ་དང༌། རྟེན་
ཅིང་འབྲེལ་པར་འབྱུང་བར་གཏོགས་པའི་ལེན་པའི་ཀུན་ནས་ཉོན་མོངས་པའི་ཕྱོགས་སྐྱེད་པར་བྱེད་པའི་ཉེས་པ་དང༌། འདུ་བྱེད་ཀྱི་ཀུན་ནས་ཉོན་མོངས་པའི་ཕྱོགས་སྐྱེད་པར་བྱེད་པའི་ཉེས་པ་སྟེ། དེ་ལྟར་ཉེས་པ་རྣམ་པ་བཅུ་པོ་འདི་དག་དང་བྲལ་ན་ཐ་མའི་ལུས་འཛིན་ཅིང༌། ཕྱི་མའི་ལུས་གཞན་མངོན་པར་འགྲུབ་པ་མེད་ལ། མཆོག་ཏུ་རབ་ཏུ་ཞི་པའི་མྱ་ངན་ལས་འདས་པ་ལ་གཏན་དུ་ཡང་དག་པར་གནས་ཤིང༌། སྲིད་པའི་རྩེ་མོ་མན་ཆད་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་བརྟེན་ཏེ། སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་ཉིད་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་འཕགས་པའི་གནས་ལ་གནས་པ་ཞེས་བྱའོ། །ཉེས་པ་བཅུ་དང་བྲལ་བའི་འཕགས་པའི་གནས་ལ་གནས་པ་གང་ཡིན་པ་དེ་ལ་ནི་ལམ་གྱི་ཕན་ཡོན་ཞེས་བྱ་སྟེ། འབྲས་བུ་གང་ཡིན་པ་དང༌། ཤིན་ཏུ་རྣམ་པར་དག་པའི་ལམ་གང་ཡིན་པ་དེ་དང༌། ཕན་ཡོན་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ལམ་ཐོབ་པ་འབྲས་བུ་དང་ཕན་ཡོན་དུ་བཅས་པ་ཞེས་བྱའོ། །ཤིན་ཏུ་རྣམ་པར་དག་པར་ལམ་འབྲས་བུ་དང་ཕན་ཡོན་དུ་བཅས་པའི་དོན་འདིའི་རྒྱས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཇི་སྐད་བསྟན་པ་ཁོ་ན་བཞིན་དུ་རིག་པར་བྱ་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །དེ་ལྟར་མི་སློབ་པའི་འཕགས་པའི་ཆོས་དམ་པ་ཐོབ་པར་གྱུར་པ་དེའི་འཕགས་པའི་ཆོས་དང་མཚུངས་པར་ལྡན་པའི་སེམས་གང་ཡིན་པ་དེ་ནི། འདོད་པའི་ཡོན་ཏན་ལྔ་ལ་ཤིན་ཏུ་མི་ཕྱོགས་ལ། དེའི་སེམས་ཀྱི་རྣམ་པར་སྨིན་པ་མེད་པའི་ཕྱིར། ཕྱི་མ་ལ་ཉིང་མཚམས་སྦྱོར་བ་མེད་དོ། །འཇིག་རྟེན་པའི་སེམས་སྤངས་ཀྱང་ཀུན་དུ་སྤྱོད་པ་གང་ཡིན་པ་དེ་ནི་རང་གི་ངང་ཉིད་ཀྱིས་འགག་པར་འགྱུར་རོ། །དེའི་ཉོན་མོངས་པའི་ལམ་དང༌། ཡང་སྲིད་པར་སྐྱེ་བའི་ལས་ཀྱི་ལམ་ཡང་ཚེ་འདི་ཉིད་ལ་རྒྱུན་ཆད་པར་འགྱུར་ཏེ། དེ་ཆད་པས་སྡུག་བསྔལ་གྱི་ལམ་ཡང་རྒྱུ་འགགས་པ་དང༌། འབྲས་བུ་འགགས་པའི་ཕྱིར། ཕྱི་མ་ལ་འབྱུང་བར་མི་འགྱུར་ཏེ། སྡུག་བསྔལ་གྱི་མཐའ་དེ་ནི་འདི་ལས་གུད་ན་ཡང་མེད་དོ། །འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །དེ་ལ་བདེན་པ་
མངོན་པར་རྟོགས་པ་གང་ཡིན་པ་དང༌། བར་དུ་གཅོད་པ་རྣམ་པར་སྤངས་པ་གང་ཡིན་པ་དང༌། མངོན་པར་རྟོགས་པར་གྱུར་བའི་མངོན་པར་ཤེས་པ་མྱུར་བ་མཆོག་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པ་གང་ཡིན་པ་དང༌། ཇི་ལྟར་ཐོབ་པའི་ལམ་བསྒོམ་པ་གང་ཡིན་པ་དང༌། ཤིན་ཏུ་རྣམ་པར་དག་པའི་ལམ་ཐོབ་པ་འབྲས་བུ་དང་ཕན་ཡོན་དང་བཅས་པ་འདི་ནི་འཇིག་རྟེན་ལས་འདས་པའི་རྣམ་པ་ཐམས་ཅད་རྣམ་པར་དག་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་རྣམ་པ་ཐམས་ཅད་རྣམ་པར་དག་པའི་དོན་འདིའི་རྒྱས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཇི་སྐད་བསྟན་པའི་རྣམ་པ་དེ་དག་ཏུ་རིག་པར་བྱ་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །དེ་ལྟར་ན་སྔར་བསྟན་པའི་འཇིག་རྟེན་པའི་རྣམ་པ་ཐམས་ཅད་རྣམ་པར་དག་པ་གང་ཡིན་པ་དེ་དང༌། འཇིག་རྟེན་ལས་འདས་པའི་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པ་གང་ཡིན་པ་དེ་གཉིས་གཅིག་ཏུ་བསྡུས་པ་ནི་བསྒོམས་པའི་འབྲས་བུ་ཞེས་བྱའོ། །དེ་ལྟར་ན་ཇི་སྐད་བསྟན་པའི་བསྒོམ་པའི་གཞི་གང་ཡིན་པ་དེ་དང༌། ཇི་སྐད་བསྟན་པའི་བསྒོམ་པའི་རྒྱུ་གང་ཡིན་པ་དེ་དང༌། ཇི་སྐད་བསྟན་པའི་རྣལ་འབྱོར་དུ་བསྒོམ་པ་ཉིད་གང་ཡིན་པ་དེ་དང༌། ཇི་སྐད་བསྟན་པའི་བསྒོམས་པའི་འབྲས་བུ་གང་ཡིན་པ་དེ་ནི་བསྒོམས་པ་ལས་བྱུང་བའི་ས་ཞེས་བྱའོ། །རྣལ་འབྱོར་སྤྱོད་པའི་ས་ལས་བསྒོམས་པ་ལས་བྱུང་བའི་ས་རྫོགས་སོ།། །།དེའི་འོག་མ་ཉན་ཐོས་ཀྱི་ས་ནི་གླེགས་བམ་ལོགས་ཤིག་ན་ཡོད་དོ། །རང་སངས་རྒྱས་ཀྱི་ས་གང་ཞེ་ན། དེ་ནི་རྣམ་པ་ལྔར་རིག་པར་བྱའོ། །རིགས་དང༌། ལམ་དང༌། ཡང་དག་པར་འགྲུབ་པ་དང༌། གནས་པ་དང༌། རྒྱུ་བའོ། །རང་སངས་རྒྱས་ཀྱི་རིགས་གང་ཞེ་ན། དེ་ནི་མཚན་ཉིད་གསུམ་དུ་རིག་པར་བྱ་སྟེ། རང་སངས་རྒྱས་རྣམས་ནི་མངོན་པར་བྱང་ཆུབ་པའི་སྔ་རོལ་ཉིད་ནས། རང་བཞིན་གྱིས་ཉོན་མོངས་པ་ཆུང་བའི་རིགས་ཡིན་ཏེ། དེས་ན་དེ་དག་གི་སེམས་འདུ་འཛི་ལ་མི་འཇུག་གི །གཅིག་པུ་དགའ་བ་ལ་འཇུག་གོ །རང་སངས་རྒྱས་རྣམས་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྔ་རོལ་ཉིད་ནས། རང་བཞིན་གྱིས་སྙིང་རྗེ་ཆུང་བ་ཡིན་ཏེ། དེས་ན་དེ་དག་གི་སེམས་
ཆོས་སྟོན་པ་དང༌། སེམས་ཅན་གྱི་དོན་བྱ་བ་ལ་སེམས་མི་འཇུག་གི །སེམས་ལས་ཆུང་ངུར་གནས་པ་ལ་སེམས་འཇུག་གོ །རང་སངས་རྒྱས་རྣམས་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྔ་རོལ་ཉིད་ནས། རང་བཞིན་གྱིས་དབང་པོ་འབྲིང་དང༌། ང་རྒྱལ་སྤྱད་པའི་རང་བཞིན་ཅན་ཡིན་ཏེ། དེས་ན་སློབ་དཔོན་མེད་པ་དང༌། འགྲན་ཟླ་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་དོ། །དེ་ལྟར་རང་སངས་རྒྱས་ཀྱི་ལམ་ཡང་མཚན་ཉིད་གསུམ་དུ་རིག་པར་བྱ་སྟེ། འདི་ལྟར་འདི་ན་ལ་ལ་རང་སངས་རྒྱས་ཀྱི་རིགས་ལ་གནས་ལ། བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱེད་དེ། དེར་ཡང་འདི་ལྟ་སྟེ། རང་བྱང་ཆུབ་ཏུ་རྒྱུད་ཡོངས་སུ་སྨིན་པར་བྱེད་ཅིང༌། འདི་ལྟར་ཕྱིས་རང་བྱང་ཆུབ་པར་བྱ་བའི་ཕྱིར། ཕུང་པོ་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང༌། བདེན་པ་ལ་མཁས་པར་བྱེད་དེ། དེ་ནི་རང་སངས་རྒྱས་ཀྱི་ལམ་དང་པོའོ། །གཞན་ཡང་འདི་ན་ལ་ལ་སངས་རྒྱས་འབྱུང་བ་མཉེས་པར་བྱས་ནས། སྐྱེས་བུ་དམ་པ་ལ་ཡང་དག་པར་བརྟེན་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་ངེས་པར་འབྱེད་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྔོན་མ་བསྐྱེད་པ་འདི་ལྟ་སྟེ། དྲོ་བར་གྱུར་པ་དང་རྩེ་མོ་དང་བཟོད་པ་རྣམས་བསྐྱེད་ཅིང་མངོན་པར་བསྒྲུབ་ལ་ཚེ་དེ་ཉིད་ལ་ཆོས་མངོན་པར་རྟོགས་པར་བྱས་པའམ། དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱེད་ནི་མི་ནུས་ཏེ། འདི་ལྟར་ཕྱིས་མངོན་པར་རྟོགས་པར་བྱ་བ་དང༌། དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཕུང་པོ་ལ་མཁས་པ་དང་སྐྱེ་མཆེད་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང༌། བདེན་པ་ལ་མཁས་པ་ཡིན་ཏེ། དེ་ནི་རང་སངས་རྒྱས་ཀྱི་ལམ་གཉིས་པའོ། །གཞན་ཡང་འདི་ན་ལ་ལ་སངས་རྒྱས་འབྱུང་བ་མཉེས་པར་བྱས་ནས་སྐྱེས་བུ་དམ་པ་ལ་ཡང་དག་པར་བརྟེན་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་བརྟེན་
ནས་ཆོས་མངོན་པར་རྟོགས་པར་བྱེད་ཅིང་དགེ་སྦྱོང་གི་འབྲས་བུ་འཐོབ་པར་འགྱུར་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ཤིན་ཏུ་མཐར་ཕྱིན་པ་དང༌། ཤིན་ཏུ་དྲི་མ་མེད་པ་དང་ཤིན་ཏུ་ཚངས་པར་སྤྱོད་པའི་མཐར་གྱུར་པའི་དགྲ་བཅོམ་པ་ཉིད་ཐོབ་པར་ནི་མི་ནུས་ཏེ། འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཕྱིས་ཤིན་ཏུ་མཐར་ཕྱིན་པ་དང༌། ཤིན་ཏུ་དྲི་མ་མེད་པ་དང་ཤིན་ཏུ་ཚངས་པར་སྤྱོད་པའི་མཐར་གྱུར་པའི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཕུང་པོ་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང༌། བདེན་པ་ལ་མཁས་པ་ཡིན་ཏེ། དེ་ནི་རང་སངས་རྒྱས་ཀྱི་ལམ་གསུམ་པའོ། །དེ་ལ་ཡང་དག་པར་འགྲུབ་པ་ནི་འདི་ལྟར་འདི་ན་ལ་ལ་རང་སངས་རྒྱས་ཀྱི་ལམ་དང་པོས་བསྐལ་པ་བརྒྱ་ཚང་བར་ཚོགས་བསགས་ནས་བསྐལ་པ་བརྒྱ་འདས་པའི་འོག་ཏུ་སངས་རྒྱས་རྣམས་འབྱུང་བ་མེད་པ་ན་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ནས་རང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཉོན་མོངས་པ་ཐམས་ཅད་སྤོང་བའི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དོ། །འདི་ལྟར་འདི་ན་ལ་ལ་རང་སངས་རྒྱས་ཀྱི་ལམ་གཉིས་བ་དང༌། གསུམ་པས་རྒྱུ་དེ་དང་རྐྱེན་དེས་སངས་རྒྱས་རྣམས་འབྱུང་བ་མེད་པ་ཁོ་ནའི་ཚེ་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ནས་ཆོས་མངོན་པར་རྟོགས་པར་བྱེད་ཅིང་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཡང་ཐོབ་པར་འགྱུར་རོ། །ཡང་ན་ནི་དགེ་སྦྱོང་གི་འབྲས་བུ་ཐོབ་ནས་ཤིན་ཏུ་མཐར་ཕྱིན་པ་དང༌། ཤིན་ཏུ་དྲི་མ་མེད་པ་དང་ཤིན་ཏུ་ཚངས་པར་སྤྱོད་པའི་མཐར་གྱུར་པའི་འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ། །དེ་ལ་ཡང་དགེ་བར་འགྲུབ་པ་དང་པོས་ནི་བསེ་རུ་ལྟར་སྤྱོད་པའི་རང་སངས་རྒྱས་སུ་འགྱུར་རོ། །ཡང་དག་པར་འགྲུབ་པ་གཉིས་པ་དང་གསུམ་པས་ནི་ཚོགས་དང་སྤྱོད་པའི་རང་རྒྱལ་བར་འགྱུར་ཏེ། བསེ་རུ་ལྟ་བུ་སྤྱོད་པར་མི་འགྱུར་རོ། །དེ་ལ་ཡང་གནས་པ་ནི་བསེ་རུ་ལྟར་སྤྱོད་པའི་རང་སངས་རྒྱས་གང་ཡིན་པ་དེ་ནི་གཅིག་པུ་འདུག་པ་དགའ་
ཞིང་གཅིག་པུ་གནས་ལ་ཟབ་མོ་ལ་མོས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ལ་སོ་སོར་རྟོག་པ་ལྷུར་ལེན་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཡིད་ལ་བྱེད་ཅིང་གནས་པར་འགྱུར་རོ། །དེ་ལ་ཡང་དག་པར་འགྲུབ་པ་གཉིས་པ་དང་གསུམ་པས་ནི་གཅིག་ཏུ་ངེས་པར་གཅིག་པུ་འདུག་པ་ལ་དགའ་ཞིང་གཅིག་པུ་གནས་པའི་རང་རྒྱལ་བར་འགྱུར་བ་མ་ཡིན་གྱི་ཚོགས་དང་གནས་པར་འགྱུར་རོ། །གནས་པ་ལྷག་མ་ནི་དེ་ཡང་བསེ་རུ་ལྟར་སྤྱད་པ་ཇི་ལྟ་བ་བཞིན་ནོ། །དེ་ལ་རྒྱུ་བ་ནི་དེ་དག་ཐམས་ཅད་གྲོང་ངམ་གྲོང་རྡལ་གང་དུ་རྟེན་ཅིང་གནས་ཀྱང་སྟེ་དེ་དག་ལུས་ཤིན་ཏུ་བསྲུངས་པ་དང་དབང་པོ་རྣམས་ཤིན་ཏུ་བསྡམས་པ་དང༌། དྲན་པ་ལ་ཤིན་ཏུ་གནས་པས་གྲོང་ངམ་གྲོང་རྡལ་དེ་ཉིད་དུ་བསོད་སྙོམས་ལ་འཇུག་སྟེ། ཕ་རོལ་དམའ་བ་དང་སྨན་པ་རྣམས་ལ་སྙིང་བརྩེ་བར་བྱེད་པས་ཡང་ལུས་ཀྱིས་སྙིང་བརྩེ་བར་བྱེད་ཀྱི་ངག་གིས་ནི་མ་ཡིན་ཏེ། འདི་ལྟར་དེ་དག་ནི་ལུས་ཀྱིས་ཆོས་སྟོན་པ་ཡིན་གྱི་ངག་གིས་ནི་མ་ཡིན་པའི་ཕྱིར་ཏེ། འདི་ལྟ་སྟེ། ཞེ་འགྲས་པ་རྣམས་བཟློག་པའི་ཕྱིར་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་སྟོན་པར་བྱེད་དོ། །དེ་དག་ཐམས་ཅད་ནི་ཉོན་མོངས་པ་ཞི་བར་བྱེད་པའི་བགྲོད་པ་གཅིག་པུ་པ་ཡིན་པར་རིག་པར་བྱའོ། རྣལ་འབྱོར་སྤྱོད་པའི་ས་ལས་རང་སངས་རྒྱས་ཀྱིས་རྫོགས་སོ།། །།དེའི་འོག་མ་བྱང་ཆུབ་སེམས་དཔའི་ས་ནི་གླེགས་བམ་ལོགས་ཤིག་ན་ཡོད་དོ། །ཕུང་པོ་དང་བཅས་པའི་ས་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། སར་གདགས་པ་རྣམ་པར་གཞག་པ་དང༌། ཉེ་བར་ཞི་བར་གདགས་པ་རྣམ་པར་གཞག་པ་དང༌། ཕུང་པོར་གདགས་པ་རྣམ་པར་གཞག་པའོ། །སར་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། ཕུང་པོ་དང་བཅས་པའི་ས་ནི་ས་ལྔ་པོ་འདི་ལྟ་སྟེ། སེམས་མེད་པའི་ས་དང་བསྒོམས་པ་ལས་བྱུང་བའི་ས་དང༌། ཉན་ཐོས་ཀྱིས་དང༌། བྱང་ཆུབ་སེམས་དཔའི་ས་རྣམས་ལས་ཕྱོགས་གཅིག་མ་གཏོགས་པ་དང་འདི་ལྟ་སྟེ། ཕུང་པོ་མེད་པའི་ས་གཅིག་རིལ་གྱིས་མ་གཏོགས་པའི་ས་ལྷག་མ་རྣམས་ནི་ཕུང་པོ་དང་བཅས་པའི་ས་ཞེས་བྱ་སྟེ། འདི་ནི་སར་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །ཉེ་བར་ཞི་བར་གདགས་པ་རྣམ་པར་གཞག་པ་གང་ཞེ་ན།
ཕུང་པོ་དང་བཅས་པའི་ས་ནི་ཉེ་བར་ཞིབ་རྣམ་པ་བཞིས་རྣམ་པར་གཞག་སྟེ། སྡུག་བསྔལ་ཉེ་བར་ཞི་བ་དང༌། ཉོན་མོངས་ལ་ཉེ་བར་ཞི་བ་དང༌། སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་ཉེ་བར་ཞི་བ་དང༌། བཏང་སྙོམས་ཉེ་བར་ཞི་བའོ། །དེ་ལ་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པའི་ཕྱི་མ་ལ་སྲིད་པ་འབྱུང་བར་བྱེད་པའི་སྡུག་བསྔལ་ལ་གང་ཡིན་པ་དེ་ཏ་ལའི་མགོ་བཅད་པ་བཞིན་དུ་ཡོངས་སུ་ཤེས་ནས་སྤངས་ཤིང་རྩ་ནས་བཅད་དེ་ཕྱི་མ་ལ་མི་སྐྱེ་བའི་ཆོས་ཉིད་ཀྱིས་མི་སྣང་བར་གྱུར་པ་དེ་ནི་དེའི་སྡུག་བསྔལ་ཉེ་བར་ཞི་བའོ། །དགེ་སློང་དགྲ་བཅོམ་པའི་གཏན་མི་སྐྱེ་བའི་ཆོས་ཉིད་ཀྱིས་འདོད་ཆགས་མ་ལུས་པར་སྤངས་པ་དང༌། ཞེ་སྡང་མ་ལུས་པ་དང༌། གཏི་མུག་མ་ལུས་པ་དང༌། ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་པ་དེ་ནི་དེའི་ཉོན་མོངས་པ་ཉེ་བར་ཞི་བའོ། །དེ་ནི་འདོད་ཆགས་ཟད་པ་དང༌། ཞེ་སྡང་ཟད་པ་དང༌། གཏི་མུག་ཟད་པ་དང༌། ཉོན་མོངས་པ་ཐམས་ཅད་ཟད་པས། སྡིག་པ་གང་ཡིན་པ་དེ་མི་བྱེད་ལ། དགེ་བ་ལ་རྟེན་པར་བྱེད་པ་དེ་ནི་ཉོན་མོངས་ལ་རྣམ་པར་འཚེ་བ་ཉེ་བར་ཞི་བའོ། །དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་ནི་བདེ་བར་གནས་པ་རྣམ་པ་དྲུག་པོ་འདི་དག་གིས་རྟག་པར་རྒྱུན་དུ་ཤས་ཆེར་གནས་ཏེ། དེ་མིག་གིས་གཟུགས་རྣམས་མཐོང་ན། ཡིད་བདེ་བར་ཡང་མི་འགྱུར། ཡིད་མི་བདེ་བར་ཡང་མི་འགྱུར་བར་དྲན་པ་དང་ཤེས་བཞིན་གྱིས་བཏང་སྟོམས་སུ་གནས་པ་དང༌། དེ་རྣ་བས་སྒྲ་རྣམས་ཐོས་པ་དང༌། སྣས་དྲི་རྣམས་བསྣམས་པ་དང༌། ལྕེས་རོ་རྣམས་མྱངས་པ་དང༌། ལུས་ཀྱིས་རེག་བྱ་རྣམས་ལ་རེག་པ་དང༌། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པ་ན་ཡིད་བདེ་བར་ཡང་མི་འགྱུར། ཡིད་མི་བདེ་བར་ཡང་མི་འགྱུར་བར་དྲན་པ་དང་ཤེས་བཞིན་གྱིས་བཏང་སྙོམས་སུ་གནས་པ་དེ་ནི་དེའི་བཏང་སྙོམས་ཉེ་བར་ཞི་བའོ། །ཉེ་བར་ཞི་བ་རྣམ་པ་བཞི་པ་དེ་དག་ལས་བརྩམས་ནས་ཕུང་པོ་དང་བཅས་པའི་ས་ལ་མཆོག་ཏུ་ཞི་བ་དང་མཆོག་ཏུ་བསིལ་བར་གྱུར་པ་ཞེས་བྱ་སྟེ། དེ་ནི་ཉེ་བར་ཞི་བ་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །ཕུང་པོ་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། ཕུང་པོ་ནི་བརྒྱད་པོ་འདི་དག་ཡིན་ཏེ། གདགས་པའི་ཕུང་པོ་
དང༌། ཡོངས་སུ་གཟུང་བའི་ཕུང་པོ་དང༌། གནས་པའི་ཕུང་པོ་དང༌། འཇུག་པའི་ཕུང་པོ་དང༌། བར་དུ་གཅོད་པའི་ཕུང་པོ་དང༌། སྡུག་བསྔལ་གྱི་ཕུང་པོ་དང༌། དགའ་བའི་ཕུང་པོ་དང༌། ཐ་མའི་ཕུང་པོའོ། །གདགས་པའི་ཕུང་པོ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ཏེ། གང་ལ་བརྟེན་ན་བདག་ཅེས་བྱ་བའམ། སེམས་ཅན་ནམ། སྲོག་གམ། སྐྱེ་བའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ། ཤེད་ལས་སྐྱེས་སམ། ཤེད་བུ་ཞེས་བྱ་བར་མིང་དང་བརྡ་དང༌། གདགས་པ་དང༌། ཐ་སྙད་དུ་འདོགས་པ་དང༌། གང་ལ་བརྟེན་ནས་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང༌། ཚེ་ནི་འདི་ལྟར་རིང༌། ཡུན་ནི་འདི་སྲིད་ཅིག་གནས་གནས། ཚེ་ནི་འདི་ཙམ་ཞིག་ཐུབ་ཅེས་བྱ་བར་མིང་དང༌། བརྡ་དང༌། གདགས་པ་དང་ཐ་སྙད་དུ་འདོགས་པའོ། །ཡོངས་སུ་གཟུང་བའི་ཕུང་པོ་གང་ཞེ་ན། ཡོངས་སུ་གཟུང་བའི་དངོས་པོ་བདུན་ཏེ། བདག་དང༌། ཕ་མ་དང༌། བུ་དང༌། ཆུང་མ་དང༌། ཟན་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དང༌། མཛའ་བཤེས་དང༌། གྲོགས་པོ་དང༌། བློན་པོ་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་ནས་རྒྱས་པར་ཡོངས་སུ་གཟུང་བའི་དངོས་པོ་བདུན་པོ་འདི་ལྟ་སྟེ། ཡིད་ཀྱིས་ལས་འབྱུང་བ་བཞིན་ཏེ། གང་དག་ལ་བརྟེན་ནས་སེམས་ཅན་རྣམས་ཡོངས་སུ་འཛིན་པ་དང་ལྡན་པར་ཤེས་པའོ། །གནས་པའི་ཕུང་པོ་གང་ཞེ་ན། ཟས་བཞི་སྟེ། ཁམ་དང༌། རེག་པ་དང༌། ཡིད་ལ་སེམས་པ་དང༌། རྣམ་པར་ཤེས་པའི་ཟས་ཏེ། གང་ལ་བརྟེན་ན་སེམས་ཅན་བྱུང་བ་རྣམས་གནས་ཤིང་འཚོ་བར་འགྱུར་བ་དང༌། འབྱུང་བར་འདོད་པ་རྣམས་ལ་ཕན་འདོགས་པའོ། །འཇུག་པའི་ཕུང་པོ་གང་ཞེ་ན། རྣམ་པར་ཤེས་པའི་གནས་བཞི་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཏེ། འདི་ལྟ་སྟེ། གཟུགས་སུ་གཏོགས་པའི་རྣམ་པར་ཤེས་པའི་གནས་དང༌། ཚོར་བར་གཏོགས་པ་དང༌། འདུ་ཤེས་སུ་གཏོགས་པ་དང༌། འདུ་བྱེད་དུ་གཏོགས་པའི་རྣམ་པར་ཤེས་པའི་གནས་དང༌། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང༌། འདུ་
བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ནས་རྒྱས་པར་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དུ་སྦྱར་ཏེ། གང་ལ་བརྟེན་ན་སེམས་རྣམས་འགྲོ་བ་ལྔའི་འཁོར་བར་རྗེས་སུ་འཇུག་པའོ། །བར་དུ་གཅོད་པའི་ཕུང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ། ལྷའི་བུའི་བདུད་དེ་དགེ་བ་དེ་དང་དེ་དག་ལ་བརྩོན་པ་རྣམས་ལ་བགེགས་བྱེད་པའི་ཕྱིར་ཉེ་བར་གནས་པ་གང་ཡིན་པའོ། །སྡུག་བསྔལ་གྱི་ཕུང་པོ་གང་ཞེ་ན། འདོད་པའི་ཁམས་ཐམས་ཅད་ནི་སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་སྟེ། གང་ལ་བརྟེན་ན་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་ཉམས་སུ་མྱོང་བར་འགྱུར་བའོ། །དགའ་བའི་ཕུང་པོ་གང་ཞེ་ན། བསམ་གཏན་ལ་སྙོམས་པར་འཇུག་པའི་བདེ་བ་ལ་ནི་དགའ་བའི་ཕུང་པོ་ཞེས་བྱ་སྟེ། གང་ལ་བརྟེན་ན་སེམས་རྣམས་འདིར་ཡང་སྙོམས་པར་ཞུགས་ཤིང༌། དེར་ཡང་སྐྱེས་ནས་ཡུན་རིང་པོར་བསམ་གཏན་ལ་སྙོམས་པར་འཇུག་པའི་དགའ་བ་སོ་སོར་ཉམས་སུ་མྱོང་བར་འགྱུར་བའོ། །ཐ་མའི་ཕུང་པོ་གང་ཞེ་ན། དགྲ་བཅོམ་པའི་རྒྱུན་གྱི་ཕུང་པོ་རྣམས་ཏེ། གང་ལ་བརྟེན་ན་དགྲ་བཅོམ་པ་ལ་ཐ་མའི་ལུས་འཛིན་པ་ཞེས་བྱའོ། །དེ་ལ་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་ཕུང་པོ་དང་བཅས་པའི་ས་ལ་གནས་པ། ཕུང་པོ་དུ་དང་ནི་ལྡན་ཞེས་བྱ། ངུ་དང་ནི་མི་ལྡན་ཞེས་བྱ་ཞེ་ན། འདི་ལྟ་སྟེ། ཐ་མའི་ཕུང་པོ་གཅིག་དང་ནི་གཅིག་ཏུ་ངེས་པར་ལྡན་ནོ། །ཡོངས་སུ་གཟུང་བའི་དངོས་པོ་དྲུག་དང་ནི་གཅིག་ཏུ་ངེས་པར་མི་ལྡན་ནོ། །འཇུག་པའི་དངོས་པོ་ཐམས་ཅད་ནི་གཅིག་ཏུ་ངེས་པར་མི་ལྡན་ནོ། །བར་དུ་གཅོད་པའི་ཕུང་པོ་ཐམས་ཅད་དང་ཡང་གཅིག་ཏུ་ངེས་པར་མི་ལྡན་ནོ། །ཕུང་པོ་ལྷག་མ་རྣམས་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་སྟེ། འདི་ནི་ཕུང་པོར་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །རྣལ་འབྱོར་སྤྱོད་པའི་ས་ལས་ཕུང་པོ་དང་བཅས་པའི་ས་རྫོགས་སོ།། །།ཕུང་པོ་མེད་བའི་ས་གང་ཞེ་ན། དེ་ཡང་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། སར་གདགས་པ་རྣམ་པར་གཞག་པ་དང༌། མྱ་ངན་ལས་འདས་པར་གདགས་པ་རྣམ་པར་གཞག་པ་དང༌། མྱ་ངན་ལས་འདས་པའི་རྣམ་གྲངས་སུ་གདགས་པ་རྣམ་པར་གཞག་པའོ། །སར་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། ཕུང་པོ་མེད་པའི་ས་ནི་ས་ལྔ་པོ་འདི་ལྟ་སྟེ། སེམས་མེད་པའི་སི་དང་
བསྒོམས་པ་ལས་བྱུང་བའི་ས་དང༌། ཉན་ཐོས་ཀྱིས་དང༌། རང་སངས་རྒྱས་ཀྱིས་དང༌། བྱང་ཆུབ་སེམས་དཔའི་ས་རྣམས་ཀྱི་ཆ་རེ་རེ་གཞག་པ་བསྡུས་པར་བལྟ་བར་བྱའོ། །མྱ་ངན་ལས་འདས་པར་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། ཕུང་པོ་མེད་པའི་ས་ནི་མྱ་ངན་ལས་འདས་པ་རྣམ་པ་གཉིས་པོ་ཉེ་བར་ཞི་བའི་མྱ་ངན་ལས་འདས་པ་དང༌། གནོད་པ་མེད་པའི་མྱ་ངན་ལས་འདས་པས་རྣམ་པར་གཞག་སྟེ། ཉེ་བར་ཞི་བའི་མྱ་ངན་ལས་འདས་པ་གང་ཞེ་ན། དེས་སྔོན་ཕུང་པོ་དང་བཅས་པའི་ས་ལ་ཉེ་བར་ཞི་བ་རྣམ་པ་བཞི་རྟོགས་ཤིང་ཐོབ་ལ་རེག་ཅིང་མངོན་སུམ་དུ་བྱས་བས། ད་ལྟར་དེའི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་ཡང་ཉེ་བར་ཞི་བ་རྣམ་པ་བཞི་པོ་རྣམ་གྲངས་སུ་འགྲོ་བའི་ཉེ་བར་ཞི་བ་དང༌། ཕུང་པོ་ཐམས་ཅད་ཉེ་བར་ཞི་བ་དང༌། ཕུང་པོ་ལ་བརྟེན་པའི་སྡུག་བསྔལ་ཉེ་བར་ཞི་བ་དང༌། ཕུང་པོ་ལ་བརྟེན་བའི་སྡུག་བསྔལ་སྐྱེར་དོགས་པ་ཉེ་བར་ཞི་བ་སྟེ། ཇི་སྐད་དུ། ཞུམ་བ་མེད་པའི་སེམས་ཀྱིས་ནི། །ཚོར་བ་དང་དུ་ལེན་པ་ན། །མར་མེ་ཤི་བར་གྱུར་པ་ལྟར། །དེ་ཡི་སེམས་ནི་རྣམ་པར་གྲོལ། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ནི་ཉེ་བར་ཞི་བའི་མྱ་ངན་ལས་འདས་པ་ཞེས་བྱའོ། །གནོད་པ་མེད་པའི་མྱ་ངན་ལས་འདས་པ་གང་ཞེ་ན། ཕུང་པོ་ཐམས་ཅད་དང་མི་ལྡན་པ་དང༌། ཉོན་མོངས་པ་དང༌། སྡུག་བསྔལ་འཇུག་པ་ཐམས་ཅད་དང་མི་མཐུན་པ་དང༌། གནས་ཡོངས་སུ་གྱུར་པས་བྱེ་བ་དང༌། ཟག་པ་མེད་པའི་དབྱིངས་གང་ཡིན་པ་སྟེ། ཇི་སྐད་དུ། དགེ་སློང་བདེ་བ་ལ་གནས་པ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའོ། །ཡང་ཇི་སྐད་དུ་མ་སྐྱེས་པ་དང༌། མ་བྱུང་བ་དང༌། མ་བྱས་པ་དང༌། འདུས་མ་བྱས་པ་དང༌། ཡང་དག་པར་མ་བྱུང་བ་ནི་ཡོད་དོ། །སྐྱེས་པ་དང༌། བྱུང་བ་དང༌། བྱས་པ་དང༌། འདུས་བྱས་པ་དང༌། ཡང་དག་པར་འབྱུང་བ་ནི་ཡོད་དོ། །གལ་ཏེ་མ་སྐྱེས་པ་དང༌། མ་བྱུང་བ་དང༌། མ་བྱས་པ་དང༌། འདུས་མ་བྱས་པ་དང༌། ཡང་དག་པར་མ་བྱུང་བ་མེད་དུ་ཟིན་ན། སྐྱེས་པ་དང༌། བྱུང་བ་དང༌། བྱས་པ་དང༌། འདུས་བྱས་པ་དང༌། ཡང་དག་པར་འབྱུང་བ་ལས་ངེས་པར་འབྱུང་བ་ཡོད་དོ་ཞེས་ང་མི་ཟེར་བ་ཞིག་ན། གང་གི་ཕྱིར་མ་སྐྱེས་པ་དང༌། མ་བྱུང་བ་དང༌། མ་བྱས ་པ་དང༌། འདུས་མ་བྱས་པ་དང༌། ཡང་དག་པར་མ་བྱུང་བ་དེ་ཡོད་པས་དེའི་ཕྱིར་སྐྱེས་པ་དང༌། བྱུང་བ་དང༌། བྱས་པ་དང༌། འདུས་བྱས་པ་དང༌། ཡང་དག་པར་འབྱུང་བ་ལས་ངེས་པར་འབྱུང་བ་ཡོད་དོ་ཞེས་ང་ཟེར་རོ་ཞེས་གསུངས་
པ་ལྟ་བུའོ། །ཟབ་ཅིང་རྒྱ་ཆེ་ལ་དཔག་ཏུ་མེད་པ་མྱ་ངན་ལས་འདས་པ་ནི་གྲངས་སུ་གཏོགས་པ་མེད་དོ་ཞེས་བྱ་བ་དེ་ཡང་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་གསུངས་པ་ཡིན་ནོ། །དེ་ལ་རྟོགས་པར་དཀའ་བས་ན་ཟབ་པོ། །ཡོན་ཏན་དང་ལྡན་ཞིང་སྤངས་པས་ན་རྒྱ་ཆེ་བའོ། །ཟད་མི་ཤེས་པས་ན་དཔག་ཏུ་མེད་དོ། །གྲངས་སུ་གཏོགས་པ་མེད་དོ་ཞེས་བྱ་བ་ནི་གཉིས་སུ་བསྟན་དུ་མེད་པའི་ཕྱིར་གྲངས་སུ་གཏོགས་པ་མེད་དོ། །ཇི་ལྟར་གྲངས་སུ་གཏོགས་པ་མེད་ཅེ་ན། ཡོད་ཅེའམ། མེད་ཅེས་བསྟན་དུ་མེད་པའི་ཕྱིར་དང༌། གཟུགས་སམ། གཟུགས་ལས་ཐ་དད་པའམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པའམ། རྣམ་པར་ཤེས་པ་ལས་ཐ་དད་པ་བསྟན་དུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་དེ་བཞིན་ཉིད་རྣམ་པར་དག་པས་ཕྱེ་ཞིང་གཅིག་ཏུ་ངེས་པར་དྲི་མ་མེད་པའི་ཕྱིར་ཏེ། དེ་ནི་གནོད་པ་མེད་པའི་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་གཉིས་གཅིག་ཏུ་བསྡུས་པ་ལ་ནི་མྱ་ངན་ལས་འདས་པར་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །མྱ་ངན་ལས་འདས་པའི་རྣམ་གྲངས་སུ་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། དེ་ལ་མྱ་ངན་ལས་འདས་པའི་རྣམ་གྲངས་ནི་འདི་རྣམས་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། རྟག་པ་དང༌། བརྟན་པ་དང༌། ཐེར་ཟུག་པ་དང༌། མི་འགྱུར་བའི་ཆོས་ཅན་དང༌། གནས་དང༌། གླིང་དང༌། སྐྱོབ་པ་དང༌། སྐྱབས་དང༌། དཔུང་གཉེན་དང༌། བདེ་བ་དང༌། ཞི་བ་དང༌། ལེགས་བའི་གཞི་དང༌། བདེ་ལེགས་སུ་འགྱུར་བ་དང༌། མི་གཡོ་བ་དང༌། མི་གཞོལ་བ་དང༌། བལྟ་དཀའ་བ་དང༌། འཆི་བ་མེད་པ་དང༌། མྱ་ངན་མེད་པ་དང༌། འཆི་འཕོ་མེད་པ་དང༌། རིམས་ནད་མེད་པ་དང༌། ཡོངས་སུ་གདུང་བ་མེད་པ་དང༌། ནད་མེད་པ་དང༌། གཡོ་བ་མེད་པ་དང༌། མྱ་ངན་ལས་འདས་པ་དང༌། སྤྲོས་པ་མེད་པ་ཞེས་བྱ་སྟེ། དེ་ལྟ་བུ་དང་མཐུན་པ་རྣམས་ནི་མྱ་ངན་ལས་འདས་པའི་རྣམ་གྲངས་སུ་རིག་པར་བྱ་སྟེ། དེ་ནི་མྱ་ངན་ལས་འདས་པའི་རྣམ་གྲངས་སུ་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །འདི་ནི་རྣལ་འབྱོར་སྤྱོད་པའི་ས་ལས་ཕུང་པོ་མེད་པའི་ས་རྫོགས་ཏེ་ས་མང་པོ་རྫོགས་སོ།། །།འདི་ལ་ཤློཀ་ནི་བརྒྱད་སྟོང་དགུ་བརྒྱ་བརྒྱད་ཅུ་རྩ་བཞི་ཡོད་དོ།། །།