Nitartha Digital Library
Tibetan
 
no previousཐེག་པ་ཆེན་པོ་བསྡུས་པ། ཐོགས་མེད།next

ཐེག་པ་ཆེན་པོ་བསྡུས་པ།
ཐོགས་མེད།


DTG134_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་སཾ་གྲ་ཧ། བོད་སྐད་དུ། ཐེག་པ་ཆེན་པོ་བསྡུས་པ། བམ་པོ་དང་པོ། བཅོམ་ལྡན་འདས་འཕགས་པ་འོད་དཔག་ཏུ་མེད་པ་དང༌། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོ་ལ་ཤིན་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔས། ཐེག་པ་ཆེན་པོའི་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདི་ལྟ་སྟེ། ཐེག་པ་ཆེན་པོ་ལས་བརྩམས་ནས། ཆོས་མངོན་པ་ཐེག་པ་ཆེན་པོའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཁྱད་པར་རྣམ་པ་བཅུས་ཁྱད་པར་དུ་འཕགས་པ་གསུངས་ཏེ། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཞེས་བྱ་བའི་གནས་ཀྱི་ཁྱད་པར་དུ་འཕགས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཞེས་བྱ་བའི་མཚན་ཉིད་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་དང༌། ཤེས་བྱའི་མཚན་ཉིད་དེ་ལ་འཇུག་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་དང༌། དེ་ལ་འཇུག་


DTG134_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེའི་རྒྱུ་དང་འབྲས་བུའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་དང༌། དེའི་རྒྱུ་དང་འབྲས་བུ་བསྒོམ་པ་རབ་ཏུ་དབྱེ་བའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུངས་དང༌། བསྒོམ་པ་རབ་ཏུ་དབྱེ་བ་དེ་ཉིད་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུངས་དང༌། ལྷག་པའི་སེམས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་དང༌། ལྷག་པའི་ཤེས་རབ་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་དང༌། དེའི་འབྲས་བུ་སྤངས་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་དང༌། དེའི་འབྲས་བུ་ཡེ་ཤེས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་ངོ༌། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མདོ་སྡེའི་ཚིག་བསྟན་པ་འདི་ནི་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཉིད་དུ་བརྗོད་པའོ། །ཇི་ལྟར་བརྗོད་ཅེ་ན། འདི་ལྟར་བསྟན་པ་འདིས། ཉན་ཐོས་ཀྱི་ཐེག་པར་གང་དག་མ་བསྟན་པའི་གནས་བཅུ་པོ་དག་ཐེག་པ་ཆེན་པོ་ལས་བསྟན་ཏེ། འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ནི་ཤེས་བྱའི་གནས་སུ་བསྟན་ཏོ། །ངོ་བོ་ཉིད་གསུམ་པོ་གཞན་གྱི་དབང་དང༌། ཀུན་བརྟགས་པ་དང༌། ཡོངས་སུ་གྲུབ་པ་དག་ནི་ཤེས་བྱའི་མཚན་ཉིད་དུ་བསྟན་ཏེ། །རྣམ་པར་


DTG134_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཙམ་ཉིད་ནི་ཤེས་བྱའི་མཚན་ཉིད་ལ་འཇུག་པར་བསྟན་ཏོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ནི་དེ་ལ་འཇུག་པའི་རྒྱུ་དང་འབྲས་བུར་བསྟན་ཏོ། །བྱང་ཆུབ་སེམས་དཔའི་ས་བཅུ་པོ་དག་ནི་དེའི་རྒྱུ་དང་འབྲས་བུ་བསྒོམ་པ་རབ་ཏུ་དབྱེ་བར་བསྟན་ཏོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་དེར་ལྷག་པའི་ཚུལ་ཁྲིམས་སུ་བསྟན་ཏོ། །དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་དག་ནི་དེར་ལྷག་པའི་སེམས་སུ་བསྟན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ལྷག་པའི་ཤེས་རབ་ཏུ་བསྟན་ཏོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི་དེའི་འབྲས་བུ་སྤངས་པར་བསྟན་ཏོ། །སངས་རྒྱས་ཀྱི་སྐུ་གསུམ་སྟེ། ངོ་བོ་ཉིད་དང༌།  ལོངསསྤྱོདརྫོགས next hit་དང༌། སྤྲུལ་པ་ནི་དེའི་འབྲས་བུ་ཡེ་ཤེས་སུ་བསྟན་ཏོ། །ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་པར་དུ་བྱས་པ་གནས་བཅུ་པོ་འདི་དག་ནི་གང་དག་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས། ཐེག་པ་ཆེན་པོ་ལས་ཁྱད་པར་དུ་འཕགས་པ་མཆོག་ཉིད་དུ་བསྟན་པ་དག་གོ །དེ་བས་ན་ཐེག་པ་ཆེན་པོ་ལས་བརྩམས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཁྱད་པར་རྣམ་པ་བཅུས་ཁྱད་པར་དུ་འཕགས་པར་ཤེས་པར་བྱའོ། །ཇི་ལྟར་ན་དེ་བཞིན་གཤེག་པའི་གསུང་ཁྱད་པར་རྣམ་པ་བཅུས་ཁྱད་པར་དུ་འཕགས་པ་འདིས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོར་མི་ཆུད་པར་བཀག་པ་ཡིན་ཏེ། འདི་ལྟར་གནས་བཅུ་པོ་འདི་དག་ཉན་ཐོས་ཀྱི་ཐེག་པ་ལ་ནི་བསྟན་པར་མི་སྣང་ལ། ཐེག་པ་ཆེན་པོ་ལ་ནི་སྣང་བའི་ཕྱིར་རོ་ཞེ་ན། གནས་བཅུ་པོ་འདི་དག་ནི་བྱང་ཆུབ་ཆེན་པོ་ཀུན་ཏུ་སྒྲུབ་པར་བྱེད་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་ཤིན་ཏུ་འཐད་པ་མཐུན་པ་འགལ་བ་མེད་པའོ། །འདིར་ཚིགས་སུ་བཅད་པ། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང། །དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང༌། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང༌། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །བསྟན་འདི་འདི་ལྟར་གཞན་ན་མ་མཐོང་ལ། །འདི་དག་བྱང་ཆུབ་མཆོག་གི་རྒྱུར་མཐོང་བས། །གནས་བཅུ་བསྟན་པས་ཁྱད་པར་ཞུགས་


DTG134_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ། །ཐེག་པ་ཆེན་པོ་སངས་རྒྱས་བཀར་འདོད་དོ། །ཅིའི་ཕྱིར་གནས་བཅུ་པོ་འདི་དག་གི་གོ་རིམས་འདི་ལྟར་བསྟན་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ཐོག་མ་ཉིད་དུ་རེ་ཞིག་ཆོས་རྣམས་ཀྱི་རྒྱུ་ལ་མཁས་པ་ལ་བརྟེན་ནས། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་བྱའོ། །དེའི་འོག་ཏུ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའི་ཉེས་པ་ཡོངས་སུ་སྤང་བ་ལ་མཁས་པ་ཉེ་བར་བཟུང་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་དེ་དག་གི་མཚན་ཉིད་ལ་མཁས་པར་བྱའོ། །དེ་ལྟར་རབ་ཏུ་སྦྱོར་བའི་བྱང་ཆུབ་སེམས་དཔས་མཚན་ཉིད་ཤིན་ཏུ་བཟུང་བ་དེ་རྟོགས་པར་བྱ་སྟེ། དེས་སྒྲིབ་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ། །དེའི་འོག་ཏུ་ཤེས་བྱའི་མཚན་ཉིད་རྟོགས་ནས་ལྷག་པའི་བསམ་པ་རྣམ་པར་དག་པ་ལ་བརྟེན་ཏེ། སྔོན་སྦྱོར་བ་ཅན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་རྟོགས་པར་བསྒྲུབ་པར་བྱའོ། །དེའི་འོག་ཏུ་ལྷག་པའི་བསམ་པ་རྣམ་པར་དག་པས་ཡོངས་སུ་བཟུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ས་བཅུ་དག་ཏུ་རབ་ཏུ་ཕྱེ་སྟེ། བསྐལ་པ་གྲངས་མེད་པ་གསུམ་དུ་བསྒོམ་པར་བྱའོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་བསླབ་པ་གསུམ་པོ་དག་ཡོངས་སུ་རྫོགས་པར་བྱའོ། །ཡོངས་སུ་རྫོགས་ནས་དེའི་འབྲས་བུ་མྱ་ངན་ལས་འདས་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་སྟེ། གནས་བཅུ་པོ་དེ་དག་གི་གོ་རིམས་ནི་དེ་ལྟར་བསྟན་ཏོ། །བསྟན་པ་འདིར་ནི་ཐེག་པ་ཆེན་པོ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལ་རེ་ཞིག་ཐོག་མ་ཁོ་ནར་ཀུན་གཞི་རྣམ་པར་ཤེས་པ་ནི་ཤེས་བྱའི་གནས་སོ་ཞེས་བརྗོད་པ་བཅོམ་ལྡན་འདས་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྟན་པས། ཀུན་གཞི་རྣམ་པར་ཤེས་པ་གང་དུ་བསྟན་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་མདོ་ལས་ཚིགས་སུ་བཅད་དེ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་འཐོབ་པར་འགྱུར། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་


DTG134_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞི་རྣམ་ཤེས་ཏེ། །དམ་པ་དག་ལ་ངས་བཤད་དོ། །ཞེས་གསུངས་ཏེ། འདི་ནི་རེ་ཞིག་ལུང་ངོ༌། །ཅིའི་ཕྱིར་དེ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། སྐྱེ་བ་ཅན་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་འབྲས་བུའི་དངོས་པོ་དེར་སྦྱོར་བའམ། དེ་ཡང་རྒྱུའི་དངོས་པོར་དེ་དག་ཏུ་སྦྱོར་བའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པའོ། །ཡང་ན་སེམས་ཅན་དག་དེའི་བདག་ཉིད་དུ་སྦྱོར་བས་ཀུན་གཞི་རྣམ་པར་ཤེས་པའོ། །དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འདི་ལ་ལུང་ནི་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཅིའི་ཕྱིར་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། དབང་པོ་གཟུགས་ཅན་ཐམས་ཅད་ཀྱི་རྒྱུ་ཡིན་པ་དང༌། ལུས་ཅན་ཉེ་བར་ལེན་པའི་གནས་སུ་གྱུར་པའི་ཕྱིར་ཏེ། འདི་ལྟར་ཚེ་ཇི་སྲིད་པར་རྗེས་སུ་འཇུག་གི་བར་དུ་དེས་དབང་པོ་གཟུགས་ཅན་ལྔ་པོ་དག་མ་ཞིག་པར་ཉེ་བར་བཟུང་བ་དང༌། ལུས་ཐམས་ཅད་ཉེ་བར་ལེན་པའི་གནས་སུ་འགྱུར་བའི་ཕྱིར། ཉིད་མཚམས་སྦྱོར་བ་སྤྲེལ་བ་ན་ཡང་དེ་མངོན་པར་འགྲུབ་པ་ཉེ་བར་འཛིན་པའི་ཕྱིར་ལུས་བཟུང་བ་ཡིན་ཏེ། དེ་ལྟ་བས་ན་དེ་ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ནི་སེམས་ཞེས་ཀྱང་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སེམས་དང༌། ཡིད་དང་རྣམ་པར་ཤེས་པ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལ་ཡིད་ནི་རྣམ་པ་གཉིས་ཏེ། དེ་མ་ཐག་པའི་རྐྱེན་བྱེད་པས་གནས་སུ་གྱུར་པའི་ཕྱིར། རྣམ་པར་ཤེས་པ་འགགས་མ་ཐག་པའི་ཡིད་ཅེས་བྱ་བ་རྣམ་པར་ཤེས་པ་སྐྱེ་བའི་གནས་དང༌། གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད་ཉོན་མོངས་པ་བཞི་པོ་འཇིག་ཚོགས་ལ་ལྟ་བ་དང༌། ངའོ་སྙམ་པའི་ང་རྒྱལ་དང༌། བདག་ལ་ཆགས་པ་དང༌། མ་རིག་པ་དང་རྟག་ཏུ་མཚུངས་པར་ལྡན་པ་སྟེ། དེ་ནི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་གནས་སོ། །རྣམ་པར་ཤེས་པ་ནི་གང་གནས་གཅིག་པོས་ནི་བསྐྱེད་ལ། གཉིས་པས་ནི་ཉོན་མོངས་པ་ཅན་དུ་བྱས་པ་སྟེ། ཡུལ་ལ་རྣམ་པར་རིག་པའི་


DTG134_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྣམ་པར་ཤེས་པའོ། །དེ་མ་ཐག་པ་དང༌། ངར་སེམས་པའི་ཕྱིར་ཡིད་ནི་རྣམ་པ་གཉིས་སོ། །ཉོན་མོངས་པ་ཅན་གྱི་ཡིད་དེ་ཡོད་པར་ཅི་མངོན་ཞེ་ན། དེ་མེད་དུ་ཟིན་ན་མ་རིག་པ་མ་འདྲེས་པ་མེད་པའི་སྐྱོན་དུ་འགྱུར་རོ། །ལྔ་པོ་དག་དང་འདྲ་བ་མེད་པའི་སྐྱོན་དུ་ཡང་འགྱུར་ཏེ། འདི་ལྟར་རྣམ་པར་ཤེས་པ་ལྔའི་ཚོགས་དག་གི་ལྷན་ཅིག་འབྱུང་བའི་གནས་ནི་མིག་ལ་སོགས་པའོ། །ངེས་པའི་ཚིག་མེད་པའི་སྐྱོན་དུ་ཡང་འགྱུར་རོ། །འདུ་ཤེས་མེད་པ་དང༌། འགོག་པའི་སྙོམས་པར་འཇུག་པ་བྱེ་བྲག་མེད་པའི་སྐྱོན་དུ་ཡང་འགྱུར་ཏེ། འདི་ལྟར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་གྱི། འགོག་པའི་སྙོམས་པར་འཇུག་པ་ནི་མ་ཡིན་ཏེ། གཞན་དུ་ན་འདི་གཉིས་བྱེ་བྲག་མེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་འདུ་ཤེས་མེད་པས་དེ་ན་ངར་འཛིན་པ་དང༌། ངའོ་སྙམ་པའི་ང་རྒྱལ་མེད་ན་འདུ་ཤེས་མེད་པར་སྐྱེ་བ་ཐོག་ཐག་ཏུ་ཉོན་མོངས་པ་ཅན་མ་ཡིན་པའི་སྐྱོན་དུ་ཡང་འགྱུར་རོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་རྣམས་ལ་ཡང་ངར་འཛིན་པ་དུས་ཐམས་ཅད་དུ་ཀུན་ཏུ་འབྱུང་བར་དམིགས་པའི་ཡང་ཕྱིར་རོ། །གཞན་དུ་ན་ནི་མི་དགེ་བའི་སེམས་ཁོ་ན་དང་དེ་མཚུངས་པར་ལྡན་པས་ངའོ་སྙམ་པའི་ཉོན་མོངས་པ་ཀུན་ཏུ་འབྱུང་གི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ལ་ནི་མ་ཡིན་ནོ། །དེའི་ཕྱིར་ལྷན་ཅིག་འབྱུང་བར་ཀུན་ཏུ་འབྱུང་བ་དང༌། མཚུངས་པར་ལྡན་པར་ཀུན་ཏུ་འབྱུང་བས་སྐྱོན་འདི་དག་ཏུ་མི་འགྱུར་རོ། །འདིར་ཚིགས་སུ་བཅད་པ། མ་འདྲེས་པ་ཡི་མ་རིག་དང༌། །ལྔ་པོ་དག་དང་འདྲ་བ་དང༌། །སྙོམས་པར་འཇུག་པའི་བྱེ་བྲག་དང༌། །ངེས་ཚིག་མེད་པའི་སྐྱོན་དུ་འགྱུར། །འདུ་ཤེས་མེད་པའི་སྐྱེ་བའི་རྒྱུན། །ངར་འཛིན་མེད་པའི་སྐྱོན་དུ་འགྱུར། །ངར་འཛིན་པ་དང་ལྡན་པར་ནི། །རྣམ་པ་ཀུན་ཏུ་མི་འཐད་དོ། །ཉོན་མོངས་ཅན་གྱི་ཡིད་མེད་ན། །གཉིས་མེད་གསུམ་པོ་འགལ་བར་འགྱུར། །དེ་མེད་ན་ནི་ངར་འཛིན་པ། །ཀུན་ན་ཡོད་པར་མི་འགྱུར་རོ། །ཡང་དག་དོན་ལ་འཇུག་པ་ཡི། །སེམས་ཀྱི་བགེགས་སུ་རྟག་འགྱུར་དང༌། །དུས་རྣམས་ཀུན་ཏུ་འབྱུང་བ་དེ། །མ་འདྲེས་པ་ཡི་མ་རིག་འདོད། །


DTG134_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ནི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། སྒྲིབ་པའི་ཉོན་མོངས་པ་རྣམ་པ་བཞི་དང་རྟག་ཏུ་མཚུངས་པར་ལྡན་ནོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་བཞིན་དུ་འདི་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཉིད་དོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཡིད་ནི་ཞི་གནས་ཀྱིས་ཁྱད་པ་ཡིན་ལ། ཡིད་ནི་དུས་ཐམས་ཅད་དུ་ལྡན་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་མ་གཏོགས་པར་སེམས་ཀྱི་ལུས་གསུམ་པ་མི་དམིགས་ཏེ། དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ནི་སེམས་ཉིད་ཡིན་པར་གྲུབ་བོ། །ས་བོན་ཐམས་ཅད་པ་དེ་ལས་ཡིད་དང་རྣམ་པར་ཤེས་པ་འབྱུང་ངོ༌། །དེ་ཡང་ཅིའི་ཕྱིར་སེམས་ཞེས་ཀྱང་བྱ་ཞེ་ན། ཆོས་ཀྱི་བག་ཆགས་ཀྱི་ས་བོན་སྣ་ཚོགས་རྣམས་ཀྱིས་ཀུན་ཏུ་བསྩགས་པའི་ཕྱིར་རོ། །ཅིའི་ཕྱིར་ཉན་ཐོས་ཀྱི་ཐེག་པར་སེམས་དེ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བར་རམ། ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བར་མ་བསྟན་ཞེ་ན། ཤེས་བྱ་ཕྲ་མོ་བསྡུ་བའི་ཕྱིར་ཏེ། ཉན་ཐོས་རྣམས་ནི་ཤེས་བྱ་ཐམས་ཅད་ལྷག་པར་ཤེས་པ་ལ་གཏོགས་པ་མ་ཡིན་ནོ། །དེའི་ཕྱིར་དེ་དག་ནི་དེ་བསྟན་པ་མེད་པར་ཡང་ཤེས་པར་རབ་ཏུ་གྲུབ་པས་རྣམ་པར་གྲོལ་བ་རབ་ཏུ་གྲུབ་པའི་ཕྱིར་མ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་བྱ་ཐམས་ཅད་ལྷག་པར་ཤེས་པ་ལ་གཏོགས་པ་ཡིན་ནོ། །དེའི་ཕྱིར་དེ་དག་ལ་དེ་བསྟན་ཏེ། དེ་ཤེས་པ་མེད་པར་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་སླ་བ་མ་ཡིན་ནོ། །ཡང་རྣམ་གྲངས་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ཉན་ཐོས་ཀྱི་ཐེག་པར་ཡང་བསྟན་ཏེ། གཅིག་ལས་འཕྲོས་པའི་ལུང་དེ་བཞིན་གཤེགས་པ་འབྱུང་བའི་ཕན་ཡོན་རྣམ་པ་བཞིའི་མདོ་ལས། སྐྱེ་དགུ་ཀུན་གཞི་ལ་ཀུན་ཏུ་དགའ་བ། ཀུན་གཞི་ལས་ཡང་དག་པར་བྱུང་བ་ཀུན་གཞི་ལ་མངོན་པར་དགའ་བ་ཅན་དག་ལ་ཀུན་གཞི་སྤང་བའི་ཕྱིར། ཆོས་བསྟན་ན་ཉན་འདོད་ལ། རྣ་བ་གཏོད་དེ། ཀུན་ཤེས་པར་བྱེད་པར་སེམས་ཉེ་བར་འཇོག་ཅིང་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འདི་ཡང་འཇིག་རྟེན་དུ་འབྱུང་ངོ་ཞེས་ཇི་སྐད་


DTG134_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟ་བུ་སྟེ། རྣམ་གྲངས་འདིས་ནི་ཀུན་གཞི་རྣམ་པར་ཤེས་པ་ཉན་ཐོས་ཀྱི་ཐེག་པར་ཡང་བསྟན་པ་ཡིན་ནོ། །དགེ་འདུན་ཕལ་ཆེན་སྡེའི་ལུང་ལས་ཀྱང་རྩ་བའི་རྣམ་པར་ཤེས་པ་ཞེས་འབྱུང་སྟེ། རྣམ་གྲངས་དེས་ཀྱང་དེ་ཉིད་བསྟན་ཏེ། རྩ་བ་དེ་ལ་བརྟེན་པའི་ཤིང་ལྗོན་པ་བཞིན་ནོ། །ས་སྟོན་གྱི་སྡེའི་ལུང་ལས་ཀྱང་འཁོར་བ་ཇི་སྲིད་པའི་ཕུང་པོ་རྣམས་ཞེས་འབྱུང་སྟེ། རྣམ་གྲངས་དེས་ཀྱང་དེ་ཉིད་བསྟན་ཏེ། ལ་ལར་རེས་འགའ་གཟུགས་དང་སེམས་རྒྱུན་ཆད་པར་སྣང་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ་དེའི་ས་བོན་ནི་རྒྱུན་མི་འཆད་པའི་ཕྱིར་རོ། །འཕགས་པ་གནས་བརྟན་པ་རྣམས་ཀྱི་ལུང་ལས་ཀྱང༌། སྲིད་པའི་ཡན་ལག་ལྟ་བ་དང༌། །ཤེས་པ་དང་ནི་གཏོང་བ་དང༌། །གཡོ་བ་དང་ནི་རྟོགས་པ་དང༌། བདུན་པ་འཇུག་པར་བྱེད་པ་ཡིན། །ཞེས་འབྱུང་ངོ༌། །དེའི་ཕྱིར་གང་ཤེས་བྱའི་གནས་ལ་ལེན་པའི་རྣམ་པར་ཤེས་པ་ཉིད་དང༌། སེམས་ཉིད་དང༌། ཀུན་གཞི་རྣམ་པར་ཤེས་པ་ཉིད་དང༌། རྩ་བའི་རྣམ་པར་ཤེས་པ་ཉིད་དང༌། འཁོར་བ་ཇི་སྲིད་པའི་ཕུང་པོ་དང༌། སྲིད་པའི་ཡན་ལག་ཏུ་བསྟན་པ་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ཀུན་གཞི་རྣམ་པར་ཤེས་པའི་ལམ་ཆེན་པོ་བཏོད་པ་ཁོ་ན་ཡིན་ནོ། །ཁ་ཅིག་འདི་སྙམ་དུ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ནི་དོན་གཅིག་ཁོ་ན་སྟེ། འདིར་ཚིག་འབྲུ་ཐ་དད་དོ་སྙམ་དུ་སེམས་པ་དེ་ཡང་མི་འཐད་དེ། ཡིད་དང་རྣམ་པར་ཤེས་པ་གཉིས་དོན་ཐ་དད་པར་དམིགས་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཀྱང་དོན་ཐ་དད་པར་འགྱུར་རོ། །ཡང་ཁ་ཅིག་ནི་བཅོམ་ལྡན་འདས་ཀྱིས་སྐྱེ་དགུ་ཀུན་གཞི་ལ་ཀུན་ཏུ་དགའ་བ་ཞེས་རྒྱ་ཆེར་གང་གསུངས་པ་དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ནི་ཀུན་གཞི་ཞེས་བྱའོ་སྙམ་དུ་སེམས་སོ། །གཞན་དག་ནི་བདེ་བའི་ཚོར་བ་འདོད་ཆགས་དང་བཅས་པ་ནི་ཀུན་གཞིའོ་སྙམ་དུ་སེམས་སོ། །གཞན་དག་ནི་འཇིག་ཚོགས་ལ་ལྟ་བ་ཀུན་གཞིའོ་སྙམ་དུ་སེམས་ཏེ། དེ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་རྨོངས་ནས་ལུང་དང་རྟོགས་པས་དེ་སྙམ་དུ་སེམས་སོ། །ཉན་ཐོས་ཀྱི་ཐེག་པར་རྣམ་པར་གཞག་པའི་ཚུལ་དུ་ན་ཡང་དེ་དག་གི་རྣམ་པར་


DTG134_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པ་དེ་མི་རུང་བ་མེད་མོད་ཀྱི། དེ་ལ་མ་རྨོངས་པ་རྣམས་ཀྱིས་ཀུན་གཞི་རྣམ་པར་གཞག་པ་དེ་ཀུན་གཞི་རྣམ་པར་ཤེས་པ་ཡིན་པར་ཡོངས་སུ་བཟུང་ནས་རྣམ་པར་འཇོག་པ་ནི་ཆེས་བཟང་ངོ༌། །ཇི་ལྟར་ཆེས་བཟང་ཞེ་ན། འདི་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་ཤིན་ཏུ་སྡུག་བསྔལ་བའི་ངན་འགྲོ་རྣམས་སུ་སྐྱེས་པ་དག་དང་མི་མཐུན་པ་ཡིན་ནོ། །དེས་ནི་ཤིན་ཏུ་འདོད་པ་མེད་པ་དེ་དག་ལ་སྦྱོར་བ་ནི་མི་རིགས་ཏེ། འདི་ལྟར་དེ་དག་ནི་དེ་དང་ནི་དེ་དང་འབྲལ་བ་ཉིད་དུ་འདོད་དོ། །བདེ་བའི་ཚོར་བ་འདོད་ཆགས་དང་བཅས་པ་ཡང་བསམ་གཏན་བཞི་པ་ཡན་ཆད་གོང་མ་ལ་མེད་དེ། དེ་དང་ལྡན་པའི་སེམས་ཅན་རྣམས་དང་མི་མཐུན་པ་ཡིན་པས་དེར་ཡང་དེ་དག་སྦྱོར་བ་མི་རིགས་སོ། །འཇིག་ཚོགས་ལ་ལྟ་བ་ཡང་ཆོས་འདི་པ་བདག་མེད་པ་ལ་མོས་པ་དག་དང་མི་མཐུན་པ་ཡིན་ཏེ། དེའི་ཕྱིར་དེ་ལ་ཡང་དེ་དག་སྦྱོར་བ་མི་རིགས་སོ། །ཀུན་གཞི་རྣམ་པར་ཤེས་པ་ལ་ནང་གི་བདག་གི་དངོས་པོར་ཁས་བླངས་པ་ནི་ཤིན་ཏུ་སྡུག་བསྔལ་བའི་འགྲོ་བ་རྣམས་སུ་སྐྱེས་པ་སྡུག་བསྔལ་གྱི་ཕུང་པོ་རྣམ་པར་ཞིག་པར་འདོད་ཀྱང༌། ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཏུ་ཆགས་པས་བཅིངས་པ་རྣམས་དེ་རྣམ་པར་ཞིག་པར་འདོད་པར་ནི་ནམ་ཡང་མི་འགྱུར་རོ། །བསམ་གཏན་བཞི་པ་ཡན་ཆད་གོང་མར་སྐྱེས་པ་རྣམས་འདོད་ཆགས་དང་བཅས་པའི་བདེ་བ་དང་མི་མཐུན་དུ་ཟིན་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་གི་དངོས་པོར་ཆགས་པའི་རྗེས་སུ་འབྲེལ་པ་ནི་ཡོད་པ་ཉིད་དོ། །དེ་བཞིན་དུ་ཆོས་འདི་བདག་མེད་པ་ལ་མོས་པ་རྣམས་བདག་ཏུ་ལྟ་བ་དང་མི་མཐུན་དུ་ཟིན་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་གི་དངོས་པོར་ཆགས་པའི་རྗེས་སུ་འབྲེལ་པ་ཡོད་པ་ཉིད་དེ། དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་ལ་ཀུན་གཞི་ཉིད་དུ་ཆེས་ལེགས་པར་རྣམ་པར་གཞག་པ་གྲུབ་བོ། །འདི་ནི་རེ་ཞིག་ཀུན་གཞི་རྣམ་པར་ཤེས་པའི་རྣམ་གྲངས་རྣམ་པར་གཞག་པའོ། །དེ་ནས་འདིའི་མཚན་ཉིད་རྣམ་པར་གཞག་པ་ཇི་ལྟར་བལྟ་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། རང་གི་མཚན་ཉིད་རྣམ་པར་གཞག་པ་དང༌། རྒྱུ་ཉིད་དུ་རྣམ་པར་གཞག་པ་དང༌། འབྲས་བུ་ཉིད་དུ་རྣམ་པར་གཞག་པའོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པའི་རང་གི་མཚན་


DTG134_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི། གང་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ལ་བརྟེན་ནས། ས་བོན་ཡོངས་སུ་འཛིན་པ་དང་ལྡན་པས། དེ་སྐྱེ་བའི་རྒྱུ་མཚན་ཉིད་དོ། །དེ་ལ་རྒྱུ་ཉིད་ཀྱི་མཚན་ཉིད་ནི་དེ་ལྟར་ཀུན་གཞི་རྣམ་པར་ཤེས་པའི་རང་གིས་བོན་ཐམས་ཅད་པ་དེ་ཀུན་ནས་ཉོན་མོངས་པའི་ཆོས་དེ་ཉིད་ཀྱི་རྒྱུ་ཉིད་དུ་དུས་ཐམས་ཅད་དུ་ཉེ་བར་གནས་པ་ཡིན་ནོ། །དེ་ལ་འབྲས་བུ་ཉིད་དུ་རྣམ་པར་གཞག་པ་ཉིད་ནི། གང་ཀུན་གཞི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལ་བརྟེན་ནས་བྱུང་བའོ། །བག་ཆགས་ཞེས་བྱ་བ་འདི་ཅི་ཞིག །བག་ཆགས་ཞེས་བརྗོད་པ་འདིའི་བརྗོད་པར་བྱ་བ་ནི་ཅི་ཞེ་ན། ཆོས་དེ་དང་ལྷན་ཅིག་འབྱུང་བ་དང༌། འགག་པ་ལ་བརྟེན་ནས་དེ་འབྱུང་བའི་རྒྱུ་མཚན་ཉིད་གང་ཡིན་པ་དེ་ནི་བརྗོད་པར་བྱ་བ་སྟེ། དཔེར་ན་ཏི་ལ་དག་ལ་མེ་ཏོག་གིས་བསྒོས་པ་ཏིལ་དང་མེ་ཏོག་ལྷན་ཅིག་འབྱུང་ཞིང་འགགས་ཀྱང་ཏིལ་རྣམས་དེའི་དྲི་གཞན་འབྱུང་བའི་རྒྱུ་མཚན་ཉིད་དུ་འབྱུང་བ་དང༌། འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་རྣམས་ཀྱི་འདོད་ཆགས་ལ་སོགས་པའི་བག་ཆགས་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་འབྱུང་ཞིང་འགགས་ཀྱང་སེམས་ནི་དེའི་རྒྱུ་མཚན་ཉིད་དུ་འབྱུང་བ་དང༌། མང་དུ་ཐོས་པ་རྣམས་ཀྱི་མང་དུ་ཐོས་པའི་བག་ཆགས་ཀྱང་ཐོས་པ་དེ་ཡིད་ལ་བྱེད་པ་དང་ལྷན་ཅིག་ཏུ་འབྱུང་ཞིང་འགགས་ཀྱང་སེམས་ནི་དེ་བརྗོད་པའི་རྒྱུ་མཚན་ཉིད་དུ་འབྱུང་སྟེ། བག་ཆགས་དེས་ཡོངས་སུ་ཟིན་པར་ཆོས་འཛིན་པ་ཞེས་བྱ་བ་ལྟར་ཀུན་གཞི་རྣམ་པར་ཤེས་པ་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་ལ་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་དེ་དག་ཅི་སོ་སོ་ཐ་དད་དམ། འོན་ཏེ་ཐ་དད་པ་མ་ཡིན་པར་གནས་ཤེ་ན། དེ་ལ་གནས་པ་དེ་དག་དང་རྫས་སུ་ཐ་དད་པ་ཡང་མ་ཡིན། ཐ་མི་དད་པ་ཡང་མ་ཡིན་མོད་ཀྱི། གང་དེ་འབྱུང་བའི་མཐུའི་ཁྱད་པར་ཅན་ཀུན་གཞི་རྣམ་པར་ཤེས་པ་དེ། དེ་བཞིན་དུ་བྱུང་བ་ལ་ས་བོན་ཐམས་ཅད་པ་ཞེས་བྱའོ། ཀུན་གཞི་རྣམ་པར་ཤེས་པ་དང༌། ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་དུས་མཉམ་དུ་གཅིག་གི་རྒྱུ་


DTG134_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་གཅིག་འགྱུར་བར་ཇི་ལྟར་བལྟ་ཞེ་ན། དཔེར་ན་མར་མེའི་མེ་ལྕེ་འབྱུང་བ་དང༌། སྙིང་པོ་ཚིག་པ་ཕན་ཚུན་དུས་མཉམ་པ་དང༌། མདུང་ཁྱིམ་ཡང་དུས་མཉམ་དུ་གཅིག་ལ་བརྟེན་ནས་མི་འགྱེལ་བ་དེ་བཞིན་དུ་འདིར་ཡང་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་བར་བལྟའོ། །ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱིས་རྒྱུ་ཡིན་པ་དེ་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞི་རྣམ་པར་ཤེས་པའི་རྒྱུའི་རྐྱེན་ཉིད་དུ་རྣམ་པར་གཞག་སྟེ། རྒྱུའི་རྐྱེན་གཞན་མི་དམིགས་པའི་ཕྱིར་རོ། །བག་ཆགས་ཐ་དད་པ་མ་ཡིན་ཞིང་སྣ་ཚོགས་མ་ཡིན་པ་ཆོས་ཐ་དད་པ་སྣ་ཚོགས་དག་གིས་རྒྱུར་ཅི་ལྟར་རུང་ཞེ་ན། དཔེར་ན་ཚིག་གུའི་རྩི་སྣ་ཚོགས་ཀྱིས་བསྒྱུར་བའི་རས་སྣ་ཚོགས་སུ་མི་སྣང་བ་གང་གི་ཚེ་ཚོན་གྱི་སྣོད་དུ་བཅུག་པ་དེའི་ཚེ་རས་ལ་ཚོན་རྣམས་ཀྱི་དབྱེ་བ་ཐ་དད་པ་རྣམ་པ་སྣ་ཚོགས་དུ་མ་སྟོན་པ་དེ་བཞིན་དུ། ཀུན་གཞི་རྣམ་པར་ཤེས་པ་བག་ཆགས་སྣ་ཚོགས་ཀྱིས་བསྒོས་པ་ཡང་བག་ཆགས་ཀྱི་དུས་ན་སྣ་ཚོགས་མ་ཡིན་ཡང་འབྲས་བུ་མངོན་པར་འགྲུབ་པའི་ཚོན་གྱི་སྣོད་དུ་མངོན་པར་ཕྱོགས་ན་ཆོས་སྣ་ཚོགས་ཚད་མེད་པ་དག་སྟོན་ཏེ། འདི་ནི་ཐེག་པ་ཆེན་པོ་ལ་ཕྲ་བ་མཆོག་ཏུ་ཟབ་པའི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །མདོར་བསྡུ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདི་གཉིས་ཏེ། ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་དང༌། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་ཅན་ནོ། །དེ་ལ་གང་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་ནས་ཆོས་རྣམས་འབྱུང་བ་དེ་ནི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་ཏེ། ངོ་བོ་ཉིད་སྣ་ཚོགས་རྣམ་པར་འབྱེད་པའི་རྐྱེན་གྱི་དངོས་པོར་འགྱུར་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་གང་ཡིན་པ་དེ་ནི་སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་ཅན་ཏེ། བདེ་འགྲོ་དང་ངན་འགྲོ་དག་ཏུ་སྡུག་པ་དང་མི་སྡུག་པའི་ལུས་རྣམ་པར་དབྱེ་བ་སྣ་ཚོགས་ཀྱི་རྐྱེན་གྱི་དངོས་པོར་འགྱུར་བའི་ཕྱིར་རོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ཀུན་གཞི་རྣམ་པར་ཤེས་པ་ལ་རྨོངས་པ་དག་ཁ་ཅིག་ནི་རང་བཞིན་གྱི་རྒྱུ་ལས་བྱུང་བ་ཉིད་དུ་རྟོག །ཁ་ཅིག་ནི་སྔོན་བྱས་


DTG134_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་རྒྱུ་ལས་བྱུང་བ་ཉིད་དུ་རྟོག །ཁ་ཅིག་ནི་དབང་ཕྱུག་གིས་སྤྲུལ་པའི་རྒྱུ་ལས་བྱུང་བ་ཉིད་དུ་རྟོག །ཁ་ཅིག་ནི་བདག་གི་རྒྱུ་ལས་བྱུང་བ་ཉིད་དུ་རྟོག །ཁ་ཅིག་ནི་རྒྱུ་མེད་པ་དང༌། རྐྱེན་མེད་པ་ཉིད་དུ་རྟོག་གོ །རྟེན་ཅིང་འབྲེལ་པར་འབྱུང་བ་གཉིས་པ་ལ་རྨོངས་པ་དག་ནི་བདག་ལ་བྱེད་པ་པོ་དང་ཟ་བ་པོར་རྟོག་སྟེ། དཔེར་ན་མི་དམུས་ལོང་མང་ཞིག་ཡོད་ལ། དེ་དག་ཀྱང་གླང་པོ་ཆེ་མ་མཐོང་བ་ཤ་སྟག་ཅིག་སྟེ། དེ་དག་ལ་ལ་ལ་ཞིག་གིས་གླང་པོ་ཆེ་བསྟན་ལ། དེ་དག་ལས་ཁ་ཅིག་གིས་ནི་གླང་པོ་ཆེ་དེའི་སྣ་ལ་རེག །ཁ་ཅིག་གིས་ནི་མཆེ་བ་ལ་རེག །ཁ་ཅིག་གིས་ནི་རྣ་བ་ལ་རེག །ཁ་ཅིག་གིས་ནི་རྐང་པ་ལ་རེག །ཁ་ཅིག་གིས་ནི་མཇུག་མ་ལ་རེག །ཁ་ཅིག་གིས་ནི་སྒལ་ཚིགས་ལ་རེག་ལ་དེ་དག་ལ་གླང་པོ་ཆེ་ཅི་འདྲ་ཞེས་དྲིས་པ་དང༌། ཁ་ཅིག་ན་རེ་གཤོལ་མདའ་ལྟ་བུ་ཞིག་གོ་ཞེས་ཟེར། ཁ་ཅིག་ན་རེ་གཏུན་ཤིང་ལྟ་བུ་ཞིག་གོ་ཞེས་ཟེར། ཁ་ཅིག་ན་རེ་ཞིབ་མ་ལྟ་བུ་ཞིག་གོ་ཞེས་ཟེར། ཁ་ཅིག་ན་རེ་གཏུན་གྱི་གཞི་ལྟ་བུ་ཞིག་གོ་ཞེས་ཟེར། ཁ་ཅིག་ན་རེ་ཕྱགས་མ་ལྟ་བུ་ཞིག་གོ་ཞེས་ཟེར། ཁ་ཅིག་ན་རེ་ཕ་བོང་ལྟ་བུ་ཞིག་གོ་ཞེས་ཟེར་བ་དེ་བཞིན་དུ། འདི་ན་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་གཉེས་པོ་འདི་མི་ཤེས་པ་མ་རིག་པས་དམུས་ལོང་བཞིན་དུ་གྱུར་པ། གླང་པོ་ཆེ་ལྟ་བུའི་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་དང༌། རྒྱུ་དང་འབྲས་བུ་མི་ཤེས་པ་དག་ཀྱང༌། ཁ་ཅིག་ནི་རང་བཞིན་རྒྱུ་ཉིད་དུ་སེམས། ཁ་ཅིག་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བར་སེམས། ཁ་ཅིག་ནི་དབང་ཕྱུག་ཡོད་པར་སེམས། ཁ་ཅིག་ནི་བདག་ཡོད་པར་སེམས། ཁ་ཅིག་ནི་རྒྱུ་མེད་པ་ལས་བྱུང་བར་སེམས། ཁ་ཅིག་ནི་བྱེད་པ་པོར་སེམས། ཁ་ཅིག་ནི་ཟ་བ་པོར་སེམས་སོ། །མདོར་བསྡུ་ན་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་སྟེ། དེས་ཁམས་གསུམ་པའི་ལུས་ཐམས་ཅད་དང༌། འགྲོ་བ་ཐམས་ཅད་བསྡུས་སོ། །འདིར་ཚིགས་སུ་བཅད་པ་ཕྱི་དང་ནང་དང་མི་གསལ་བ། །གཉིས་དང་ཀུན་རྫོབ་ཉིད་དང་ནི། །དམ་པའི་དོན་ཏེ་དེ་དག་ཀུན། །ས་བོན་རྣམ་པ་དྲུག་ཏུ་འདོད། །སྐད་


DTG134_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་པ་དང་ལྷན་ཅིག་བྱུང༌། །དེ་ནི་རྒྱུན་ཆགས་འབྱུང་བར་འདོད། །ངེས་དང་རྐྱེན་ལ་ལྟོས་པ་དང༌། །རང་གི་འབྲས་བུས་བསྒྲུབས་པའོ། །བརྟེན་ལུང་མ་བསྟན་བསྒོ་བྱ་བ། །སྒོ་བར་བྱེད་དང་འབྲེལ་པ་ལ། །སྒོ་བྱེད་དེ་ལས་གཞན་ནི་མིན། །དེ་ནི་བག་ཆགས་མཚན་ཉིད་དོ། །དྲུག་པོ་དག་ལ་འབྲེལ་མེད་དེ། །ཐ་དད་གསུམ་དང་འབྲེལ་བའི་ཕྱིར། །སྐད་ཅིག་ལྷན་ཅིག་མེད་པའི་ཕྱིར། །རིགས་ལ་བྱ་ན་གཞན་དུ་ཐལ། །ཕྱི་དང་ནང་གི་ས་བོན་དེ། །བསྐྱེད་པ་དང་ནི་འཕེན་པར་འདོད། །མ་བཏབ་ཤི་བ་འཕེན་པའི་ཕྱིར། །མདའ་ནི་བར་དུ་མི་ལྟུང་བཞིན། །ཕྱིར་རོལ་གྱི་ས་བོན་ཇི་ལྟ་བ་བཞིན་དུ་ནང་གི་རྣམས་ཀྱི་ས་བོན་ཉིད་ནི་དེ་ལྟ་མ་ཡིན་པའི་ཚིགས་སུ་བཅད་པ། ཕྱི་རོལ་ས་བོན་མ་བཏབ་བམ། །ནང་གི་འདོད་པ་མ་ཡིན་ཏེ། །ཐོས་སོགས་བག་ཆགས་མེད་ན་ནི། །དེ་འབྲས་སྐྱེ་བ་མི་རིགས་ཕྱིར། །བྱས་དང་མ་བྱས་འཇིགས་དང་ཕྲད། །ཉེས་པར་འགྱུར་བས་འགལ་ཕྱིར་རོ། །ནང་ནི་ཕྱི་རོལ་རྐྱེན་ཡིན་ཏེ། །འདི་ལྟར་དེ་ནི་བག་ཆགས་རྟེན། །ཡང་འཇུག་པའི་རྣམ་པར་ཤེས་པ་གཞན་གང་ཡིན་པ་དེ་ནི་ལུས་དང་འགྲོ་བ་ཐམས་ཅད་དུ་ཉེ་བར་སྤྱོད་པ་ཅན་དུ་བལྟ་སྟེ། དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིགས་སུ་བཅད་པ་ལས། གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། །གཉིས་པ་ཉེ་བར་སྤྱོད་པ་ཅན། །ཉེ་བར་སྤྱོད་དང་ཡོངས་གཅོད་དང༌། དེ་ཡི་འཇུག་བྱེད་སེམས་ལས་བྱུང༌། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །རྣམ་པར་ཤེས་པ་དེ་གཉིས་ནི་གཅིག་གི་རྐྱེན་གཅིག་ཡིན་ཏེ། ཆོས་མངོན་པའི་མདོ་ལས། ཆོས་ཀུན་རྣམ་པར་ཤེས་ལ་སྦྱོར། །དེ་དག་ལ་ཡང་དེ་དེ་བཞིན། །ཕན་ཚུན་འབྲས་བུའི་དངོས་པོ་དང༌། །རྒྱུ་ཡི་དངོས་པོར་རྟག་ཏུ་སྦྱོར། །ཞེས་ཚིགས་སུ་བཅད་པ་གསུངས་སོ། །གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ལ་རྣམ་པར་ཤེས་པ་དེ་དག་ཕན་དུ་རྒྱུའི་རྐྱེན་ཡིན་ན། འོ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་གཉིས་པ་ལ་གང་གི་རྐྱེན་ཞེས་བྱ་ཞེ་ན། བདག་པོའི་རྐྱེན་ཏོ། །ཡང་རྣམ་པར་ཤེས་པ་དྲུག་པོ་དག་རྐྱེན་དུ་ཞིག་གིས་སྐྱེ་ཞེ་ན། བདག་པོ་དང༌། དམིགས་པ་དང༌། དེ་མ་ཐག་པའི་རྐྱེན་རྣམས་ཀྱིས་སྐྱེའོ། །རྟེན་ཅིང་འབྲེལ་པར་


DTG134_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་རྣམ་པ་གསུམ་པོ་འཁོར་བ་པ་དང༌། འདོད་པ་དང་མི་འདོད་པའི་འགྲོ་བ་པ་དང༌། ཉེ་བར་སྤྱོད་པ་ཅན་གྱི་རྐྱེན་ནི་བཞི་པོ་འདི་དག་ཡིན་ནོ། །འདི་ནི་ཀུན་གཞི་རྣམ་པར་ཤེས་པ་རྣམ་གྲངས་དང་མཚན་ཉིད་ཀྱིས་རྣམ་པར་གཞག་པའོ། །ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ཉིད་རྣམ་གྲངས་འདི་དག་གིས་བསྟན་པ་དང༌། དེ་བཞིན་དུ་མཚན་ཉིད་ཀྱང་བསྟན་པ་ལྟར་འཇུག་པའི་རྣམ་པར་ཤེས་པ་ནི་མ་ཡིན་པར་དེ་ཅིས་མངོན་ཞེ་ན། དེ་ལྟར་རྣམ་པར་གཞག་པའི་ཀུན་གཞི་རྣམ་པར་ཤེས་པ་མེད་པར། འདི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་རུང་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཡང་མི་རུང་ངོ༌། །འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་ཡང་མི་རུང་ངོ༌། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཇི་ལྟར་མི་རུང་ཞེ་ན། འདི་ལྟར་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པས་བག་ཆགས་ས་བོན་ཉིད་དུ་བྱས་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ལ་མི་རུང་སྟེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་གང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་གང་དག་དང་ལྷན་ཅིག་སྐྱེས་ཤིང་འགགས་པ་དེ་ཉིད་ལ་དེ་དག་གི་ས་བོན་གྱི་དངོས་པོར་བག་ཆགས་བསྒོས་པར་འགྱུར་གྱི་གཞན་ལ་ནི་མ་ཡིན་ནོ། །མིག་གི་རྣམ་པར་ཤེས་པ་འགགས་པ་རྣམ་པར་ཤེས་པ་གཞན་གྱིས་བར་དུ་ཆོད་པ་དེ་ལ་ནི་བག་ཆགས་མེད་ཅིང་བག་ཆགས་ཀྱི་གནས་ཀྱང་མི་དམིགས་ཏེ། མིག་གི་རྣམ་པར་ཤེས་པ་སྔར་འགགས་པ་ནི་མེད་པ་རྣམ་པར་ཤེས་པ་གཞན་གྱིས་བར་དུ་ཆོད་པ་ཡིན་པས། མེད་པ་འདས་པ་དེ་ལས་འདོད་ཆགས་ལ་སོགས་པ་དང་བཅས་པ་འབྱུང་དུ་མི་རུང་སྟེ། འདས་པའི་ལས་ལས་རྣམ་པར་སྨིན་པའི་འབྲས་བུ་འབྱུང་བ་བཞིན་ནོ། །མིག་གི་རྣམ་པར་ཤེས་པ་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་འབྱུང་བ་དེ་ལ་ཡང་བག་ཆགས་མི་རུང་ངོ༌། །རེ་ཞིག་འདོད་ཆགས་ལ་ནི་མ་ཡིན་ཏེ། འདོད་ཆགས་ནི་དེ་ལ་བརྟེན་པའི་ཕྱིར་དང༌། མི་བརྟེན་པའི་ཕྱིར་རོ། །རྣམ་པར་ཤེས་པ་གཞན་དག་ལ་ཡང་མ་ཡིན་ཏེ། རྣམ་པར་


DTG134_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་རྣམས་ཀྱི་གནས་ཐ་དད་པའི་ཕྱིར་དང༌། ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱིར་རོ། །རང་གི་དངོས་པོ་ལ་ཡང་མ་ཡིན་ཏེ། རང་གི་དངོས་པོ་ནི་ལྷན་ཅིག་འབྱུང་བ་དང༌། འགག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བས་ན་མིག་གི་རྣམ་པར་ཤེས་པ་ལ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་བག་ཆགས་བསྒོས་པར་མི་རུང་ངོ༌། །རྣམ་པར་ཤེས་པ་དེ་ལ་རྣམ་པར་ཤེས་པས་བསྒོས་པར་ཡང་མི་རུང་ངོ་སྟེ། མིག་གི་རྣམ་པར་ཤེས་པ་ལ་ཇི་ལྟར་བ་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་ལྷག་མ་རྣམས་ལ་ཡང་ཅི་རིགས་སུ་རིག་པར་བྱའོ། །གང་ཡང་ས་གོང་མ་འདུ་ཤེས་མེད་པ་ནས་འཆི་འཕོས་ཏེ། འདིར་སྐྱེས་པ་རྣམས་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་ཉོན་མོངས་པར་གྱུར་པ་ཐོག་མ་ཉིད་དུ་སྐྱེ་བ་དེ་ཡང་ས་བོན་མེད་པར་སྐྱེ་བར་འགྱུར་ཏེ། བག་ཆགས་དེ་གནས་དང་བཅས་པར་འདས་པས་མེད་པའི་ཕྱིར་རོ། །ཉོན་མོངས་པའི་གཉེན་པོའི་རྣམ་པར་ཤེས་པ་བྱུང་ན་དེ་མ་ཡིན་པ་གཞན་འཇིག་རྟེན་པའི་རྣམ་པར་ཤེས་པ་ཐམས་ཅད་ནི་འགགས་ན། ཀུན་གཞི་རྣམ་པར་ཤེས་པ་མེད་པར་གཉེན་པོའི་རྣམ་པར་ཤེས་པ་དེ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ས་བོན་དང་བཅས་པར་མི་རུང་སྟེ། ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བ་དང་ཉོན་མོངས་པ་རྣམས་དང་ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་མེད་ན། དེའི་འོག་ཏུ་ཡང་འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་ན་བག་ཆགས་དེ་གནས་དང་བཅས་ཏེ་འདས་ནས་ཡུན་རིང་སྟེ། མེད་པའི་ཕྱིར་ས་བོན་མེད་པ་ལས་སྐྱེ་བར་འགྱུར་རོ། །དེ་ལྟ་བས་ན་ཀུན་གཞི་རྣམ་པར་ཤེས་པ་མེད་ན་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་མི་རུང་ངོ༌། །ལས་ཀྱི་ཀུན་ནས་ཉོན་མོངས་པ་ཇི་ལྟར་མི་རུང་ཞེ་ན། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མི་རུང་བའི་ཕྱིར་རོ། །དེ་མེད་ན་ལེན་པའི་རྐྱེན་གྱིས་སྲིད་པ་ཡང་མ་རུང་བའི་ཕྱིར་རོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཇི་ལྟར་མི་རུང་ཞེ་ན། ཉིད་མཚམས་སྦྱོར་བ་སྤྲེལ་བ་མི་རུང་བའི་ཕྱིར་རོ། །མཉམ་པར་མ་བཞག་པའི་ས་ནས་ཤི་འཕོས་པའི་ཡིད་བར་མ་དོའི་སྲིད་པ་ན་གནས་པའི་ཚེ། ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་གྱིས་


DTG134_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མཚམས་སྦྱོར་བ་སྤྲེལ་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་དེ་ནི་བར་མ་དོའི་སྲིད་པར་འགགས་ལ། རྣམ་པར་ཤེས་པ་ཡང་མའི་མངལ་དུ་ནུར་ནུར་པོ་ཉིད་དུ་བརྒྱལ་ལོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་བརྒྱལ་ན་ནི་བརྒྱལ་བ་དེ་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་འཇུག་པར་འགྱུར་ཏེ། དེས་ན་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ལྷན་ཅིག་ཏུ་མའི་མངལ་དུ་འཇུག་པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དུ་མི་རིགས་ཏེ། དུས་རྟག་ཏུ་ཉོན་མོངས་པ་ཅན་གནས་ཡིན་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ལ་མི་དམིགས་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་བརྒྱལ་བ་ཡིན་དུ་ཆུག་ན་ཡང་ཅི་ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བ་དེ་ས་བོན་ཐམས་ཅད་པ་ཡིན་ནམ། འོན་ཏེ་གང་དེ་ལ་བརྟེན་ནས་ཞུགས་པ་ཡིན། གལ་ཏེ་གང་བརྒྱལ་བ་དེ་ས་བོན་ཐམས་ཅད་པ་ཡིན་ན་ནི། དེས་ན་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཀྱི་རྣམ་གྲངས་ཀྱི་མིང་དུ་གཞག་པ་ཡིན་ནོ། །ཇི་སྟེ་དེ་ལ་བརྟེན་པ་ས་བོན་ཐམས་ཅད་པ་ཡིན་ན་ནི། །དེས་ན་གང་གནས་ཀྱི་དངོས་པོས་རྒྱུར་གྱུར་པའི་རྣམ་པར་ཤེས་པ་དེ་ཡང་ས་བོན་ཐམས་ཅད་པ་མ་ཡིན་ན། གང་རྟེན་པ་འབྲས་བུར་གྱུར་པ་དེ་ལྟ་ས་བོན་ཐམས་ཅད་པར་རུང་རེ་སྐན། དེའི་ཕྱིར་རྣམ་པར་ཤེས་པ་བརྒྱལ་བ་གང་ཡིན་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་གྱི། དེ་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་སྟེ་དེ་ས་བོན་ཐམས་ཅད་པའོ་ཞེས་བྱ་བ་དེར་གྲུབ་བོ། །ཉིད་མཚམས་སྦྱོར་བ་སྤྲེལ་ཟིན་པ་རྣམས་ཀྱི་དབང་པོ་གཟུགས་ཅན་འཛིན་པར་བྱེད་བ་ཡང་དེ་ལས་གཞན་རྣམ་པར་སྨིན་པའི་རྣམ་པར་ཤེས་པར་མི་འཐད་དེ། དེ་མ་ཡིན་པའི་རྣམ་པར་ཤེས་པ་གཞན་རྣམས་ནི་གནས་སོ་སོར་ངེས་པ་དང་མི་བརྟེན་པའི་ཕྱིར་རོ། །རྣམ་པར་ཤེས་པ་མེད་པའི་དབང་པོ་གཟུགས་ཅན་ནི་མི་རུང་ངོ༌། །རྣམ་པར་ཤེས་པ་དང༌། མིང་དང་གཟུགས་མདུང་ཁྱིམ་ལྟར་གཅིག་ལ་གཅིག་བརྟེན་པའི་ཚུལ་གྱིས་འདུག་པ་གང་ཡིན་པ་དེ་ཡང༌། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་ན་རི་རུང་ངོ༌། །རྣམ་པར་ཤེས་པ་གཞན་ནི་སེམས་ཅན་


DTG134_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་རྣམས་ཀྱི་ཟས་སུ་ཡང་མི་རུང་སྟེ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་ན། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དྲུག་པོ་རྣམས་ལས་གང་ཡང་རུང་བས། ཁམས་གསུམ་པའི་སེམས་ཅན་འབྱུང་པོ་རྣམས་ཀྱི་ཟས་བྱེད་པ་ནི་མི་དམིགས་སོ། །འདི་ནས་ཤི་འཕོས་ཏེ་མཉམ་པར་གཞག་པའི་སར་སྐྱེ་བ་ན། ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་མཉམ་པར་མ་བཞག་པས་ཉིད་མཚམས་སྦྱོར་ཞིང་སྤྲེལ་བ་ཡང་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་ན། དེའི་ས་བོན་མཉམ་པར་མ་བཞག་པའི་སེམས་ཉོན་མོངས་པ་ཅན་གྱི་ས་བོན་དང་ལྡན་པ་གཞན་དེ་མི་འཐད་དོ། །ཡང་གཟུགས་མེད་པའི་ཁམས་སུ་སྐྱེས་པའི་ཉོན་མོངས་པ་ཅན་གྱི་དགེ་བའི་སེམས་ཡོད་པ་རྣམས་ལ་ཉོན་མོངས་པ་ཅན་གྱི་དགེ་བའི་སེམས་ཀྱང༌། ས་བོན་ཐམས་ཅད་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་ན། ས་བོན་མེད་ཅིང་གཞི་མེད་པར་འགྱུར་རོ། །དེ་ཉིད་ན་འཇིག་རྟེན་ལས་འདས་པའི་སེམས་མངོན་པར་བྱེད་པའི་ཚེ་དེ་མ་ཡིན་པ་གཞན་འཇིག་རྟེན་པའི་སེམས་མེད་པར་འགྱུར་བས་དེའི་འགྲོ་བ་ལྡོག་པ་ཉིད་དུ་འགྱུར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྐྱེས་པ་རྣམས་ཀྱང་ཅི་ཡང་མེད་པའི་སྐྱེ་མཆེད་པའི་འཇིག་རྟེན་ལས་འདས་པའི་སེམས་མངོན་དུ་བྱེད་པ་ན། དེ་དག་གི་འགྲོ་བ་གཉི་ག་ལྡོག་པར་འགྱུར་ཏེ། འཇིག་རྟེན་ལས་འདས་པའི་རྣམ་པར་ཤེས་པ་དེའི་གནས་ནི། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེས་མཆེད་ཀྱི་འགྲོ་བ་ཡང་མ་ཡིན་ཞིང་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འགྲོ་བ་ཡང་གནས་མ་ཡིན་ལ། མྱ་ངན་ལས་འདས་པའི་འགྲོ་བ་ཡང་གནས་སུ་མི་རུང་ངོ༌། །ལེགས་པར་བྱ་བ་བྱེད་པའམ། ཉེས་པར་བྱ་བ་བྱེད་པ་འཆི་འཕོ་བ་ན་ལུས་སྨད་དམ་སྟོད་ནས་རིམ་གྱིས་དྲོད་ཡལ་བར་འགྱུར་བ་ཡང་ཀུན་གཞི་རྣམ་པར་ཤེས་པ་མེད་ན་མི་རུང་སྟེ། དེ་ལྟ་བས་ན་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཡང་ས་བོན་ཐམས་ཅད་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་ན་མི་རུང་ངོ༌། །ཇི་ལྟར་ན་འཇིག་རྟེན་པའི་རྣམ་པར་བྱང་བ་ཡང་མི་རུང་ཞེ་ན། འདི་ལྟར་འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བ་གཟུགས་ན་སྤྱོད་པའི་སེམས་མ་ཐོབ་པས་འདོད་པ་ན་སྤྱོད་པའི་དགེ་བའི་སེམས་ཉིད་ཀྱིས་འདོད་པའི་འདོད་ཆགས་དང་


DTG134_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བར་བྱ་བའི་ཕྱིར་རབ་ཏུ་སྦྱོར་བ་ན། འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སེམས་དེ་ཡང་གཟུགས་ན་སྤྱོད་པའི་སེམས་དང་ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱིར་དེས་བསྒོས་པ་མེད་པས་དེ་ས་བོན་དུ་མི་རུང་ངོ༌། །གཟུགས་ན་སྤྱོད་པའི་སེམས་འདས་པ་ཚེ་རབས་དུ་མར་སེམས་གཞན་གྱིས་བར་དུ་བཅད་པ་དེ་ཡང་མེད་པའི་ཕྱིར་མཉམ་པར་གཞག་པའི་སེམས་དེའི་ས་བོན་ཉིད་དུ་མི་རུང་ངོ༌། །དེ་བཞིན་དུ་འདོད་ཆགས་དང་བྲལ་བ་ཉིད་ཀྱི་ས་བོན་ཐམས་ཅད་ལ་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །དེ་ལྟ་བས་ན་གང་ས་བོན་ཐམས་ཅད་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་དེ་ནི་གཟུགས་ན་སྤྱོད་པའི་མཉམ་པར་གཞག་པའི་སེམས་དེའི་རྒྱུའི་རྐྱེན་ཡིན་ལ། སྦྱོར་བ་ལས་བྱུང་བའི་དགེ་བའི་སེམས་དེ་ནི་བདག་པོའི་རྐྱེན་ཡིན་པར་དེ་གྲུབ་བོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་ཡང་ས་བོན་ཐམས་ཅད་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་ན་མི་རུང་སྟེ། ཇི་ལྟར་ན་འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་མི་རུང་ཞེ་ན། གཞན་གྱི་སྒྲ་ལ་བརྟེན་པ་དང་སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས། དེའི་རྒྱུ་ལས་ཡང་དག་པའི་ལྟ་བ་འབྱུང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་གྱི་སྒྲ་ལས་ཡིད་ལ་བྱེད་པ་དེས་རྣ་བའི་རྣམ་པར་ཤེས་པའམ། ཡིད་ཀྱི་རྣམ་པར་ཤེས་པའམ། དེ་གཉི་ག་ལ་བག་ཆགས་སུ་བསྒོས་པར་འགྱུར་གྲང་ན། དེ་ལ་ཆོས་དེ་དག་ཚུལ་བཞིན་ཡིད་ལ་བྱེད་པ་ན་རྣ་བའི་རྣམ་པར་ཤེས་པ་ནི་རེ་ཞིག་མི་འབྱུང་ངོ༌། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་དེ་ལས་གཞན་པའི་རྣམ་པར་ཤེས་པ་རྣམ་པར་གཡེང་བས་བར་དུ་ཆོད་ལ། གང་གི་ཚེ་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་བྱུང་བ་དེའི་ཚེ། ཡིད་ཀྱི་རྣམ་པར་ཤེས་པ་ཐོས་པའི་བག་ཆགས་བསྒོས་པ་དེ་ནི་བག་ཆགས་དང་བཅས་ཏེ་འགགས་ཤིང་འདས་ནས་ཡུན་རིང་དུ་ལོན་ཏེ་མེད་ན། ཕྱིས་དེའི་ས་བོན་ཅན་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་གང་ལས་འབྱུང་བར་འགྱུར། གང་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་འཇིག་རྟེན་པའི་སེམས་དེ་ནི། ཡང་དག་


DTG134_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྟ་བ་དང་མཚུངས་པར་ལྡན་པའི་འཇིག་རྟེན་ལས་འདས་པའི་སེམས་དང་ནམ་ཡང་ལྷན་ཅིག་ཏུ་སྐྱེས་པ་དང་འགག་པ་མེད་དེ། དེའི་ཕྱིར་དེས་བསྒོས་པ་མ་ཡིན་ནོ། །མ་བསྒོས་པའི་ཕྱིར་ས་བོན་དུ་མི་རུང་སྟེ། དེ་ལྟ་བས་ན་འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་ཡང་ས་བོན་ཐམས་ཅད་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་ན་མི་རུང་སྟེ། དེ་ལ་ཐོས་པའི་བག་ཆགས་ཀྱིས་ནི་དེའི་ས་བོན་ཡོངས་སུ་འཛིན་པར་མི་རིགས་པའི་ཕྱིར་རོ། །ས་བོན་ཐམས་ཅད་པ་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ན་དེའི་གཉེན་པོ་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དུ་ཇི་ལྟར་རུང༌། འཇིག་རྟེན་ལས་འདས་པའི་སེམས་ནི་མ་འདྲེས་པ་སྟེ། དེ་བས་ན་དེའི་བག་ཆགས་ནི་མེད་པ་ཉིད་དོ། །བག་ཆགས་དེ་མེད་ན་ས་བོན་གང་ལས་འབྱུང་བ་བརྗོད་དགོས་སོ་ཞེ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ས་བོན་ལས་དེ་འབྱུང་ངོ༌། །ཐོས་པའི་བག་ཆགས་གང་ཡིན་པ་དེ་ཡང་ཅི་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ནམ། གལ་ཏེ་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ན་ནི། ཇི་ལྟར་དེའི་གཉེན་པོའི་ས་བོན་དུ་རུང༌། ཇི་སྟེ་དེའི་ངོ་བོ་ཉིད་མ་ཡིན་ན་ནི་དེས་ན་ཐོས་པའི་བག་ཆགས་ཀྱི་ས་བོན་དེའི་གནས་ཅི་ཞིག་ཡིན་པར་བལྟ་ཞེ་ན། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་པ་གང་ཡིན་པ་གནས་གང་ལ་འཇུག་པ་དེ་ལྷན་ཅིག་འདུག་པའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འཇུག་སྟེ། འོ་མ་དང་ཆུ་བཞིན་ནོ། །དེ་ནི་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་བག་ཆགས་ཆུང་ངུ་ལ་བརྟེན་ནས་བག་ཆགས་འབྲིང་པོར་འགྱུར་རོ། །བག་ཆགས་འབྲིང་པོ་ལ་བརྟེན་ནས་བག་ཆགས་ཆེན་པོར་འགྱུར་ཏེ། ཐོས་པ་དང་བསམ་པ་དང་བསྒོམ་པ་ལན་མང་དུ་བྱ་བ་དང་ལྡན་པའི་ཕྱིར་རོ། །དེ་ལ་ཐོས་པའི་བག་ཆགས་ཀྱི་ས་བོན་ཆུང་ངུ་དང་འབྲིང་པོ་དང་ཆེན་པོ་ཡང་ཆོས་ཀྱི་སྐུའི་ས་བོན་དུ་བལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོ་ཡིན་པས་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་པ་དང༌། འཇིག་རྟེན་པ་ཡིན་ཡང་འཇིག་རྟེན་ལས་


DTG134_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པས་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དུ་གྱུར་པའོ། །འདི་ནི་འཇིག་རྟེན་ལས་འདས་པའི་སེམས་མ་བྱུང་དུ་ཟིན་ཀྱང་ཉོན་མོངས་པས་ཀུན་ནས་དཀྲིས་པའི་གཉེན་པོ་དང༌། ངན་སོང་དུ་འགྲོ་བའི་གཉེན་པོ་དང༌། ཉེས་པར་བྱས་པ་ཐམས་ཅད་དེ་ངེས་པར་བྱེད་པའི་གཉེན་པོ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྲད་པའི་རྗེས་སུ་མཐུན་པའོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱི་འཇིག་རྟེན་པ་ཡིན་ཡང་ཆོས་ཀྱི་སྐུར་བསྡུས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པར་ཡང་བལྟའོ། །དེ་ནི་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་གྱི། ཆོས་ཀྱི་སྐུ་དང་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པ་སྟེ། ཆུང་ངུ་དང་འབྲིང་པོ་དང་ཆེན་པོ་ཇི་ལྟ་ཇི་ལྟ་བུར་རིམ་གྱིས་འཕེལ་བ་དེ་ལྟ་དེ་ལྟ་བུར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཡང་འབྲི་ཞིང་གནས་ཀྱང་འགྱུར་རོ། །གནས་རྣམ་པ་ཐམས་ཅད་དུ་གྱུར་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཡང་ས་བོན་མེད་པར་གྱུར་པ་དང་རྣམ་པར་ཐམས་ཅད་དུ་སྤངས་པ་ཡང་ཡིན་ནོ། །ཇི་ལྟར་ན་ཡང་ཀུན་གཞི་རྣམ་པར་ཤེས་པ་དང༌། ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པ་ཆུད་དང་འོ་མ་བཞིན་དུ་ལྷན་ཅིག་ཏུ་གནས་པ་རྣམས་རྣམ་པ་ཐམས་ཅད་དུ་འགྲིབ་པར་འགྱུར་ཞེ་ན། ངང་པས་ཆུ་ལས་འོ་མ་འཐུངས་པ་ལྟ་བུ་དང༌། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ན། མཉམ་པར་གཞག་པ་མ་ཡིན་པའི་སའི་བག་ཆགས་འགྲིབ་སྟེ། མཉམ་པར་གཞག་པའི་སའི་བག་ཆགས་འཕེལ་ནས་གནས་གྱུར་པ་བཞིན་ནོ། །འགོག་པ་ལ་སྙོམས་པར་འཇུག་པ་རྣམས་ཀྱང་རྣམ་པར་ཤེས་པ་དང་མི་འབྲལ་ལོ་ཞེས་གསུངས་པའི་ཡང་ཕྱིར་དེ་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང་མ་བྲལ་བར་རིགས་ཏེ། དེའི་གཉེན་པོར་འགོག་པའི་སྙོམས་པར་འཇུག་པ་སྐྱེ་བ་ནི་མ་ཡིན་ནོ། །དེ་ལས་ལངས་པ་རྣམས་ཀྱི་གདོད་འབྱུང་བ་ཡང་མ་ཡིན་ཏེ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་རྒྱུན་ཆད་ནས་ཉིད་མཚམས་སྦྱོར་བ་མ་གཏོགས་པར་གཞན་དུ་འབྱུང་བ་མེད་པའི་ཕྱིར་རོ། །གང་ཡང་འགོག་


DTG134_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙོམས་པར་འཇུག་པ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པས་སེམས་དང་བཅས་པ་སྙམ་དུ་སེམས་པ་དེའི་ལྟར་ན་ཡང་སེམས་དེ་མི་རུང་སྟེ། སྙོམས་པར་འཇུག་པ་མི་རུང་བའི་ཕྱིར་དང༌། དམིགས་པ་དང་རྣམ་པ་མི་དམིགས་པའི་ཕྱིར་དང༌། མི་དགེ་བ་དང་ལུང་དུ་མ་བསྟན་པར་མི་རིགས་པས། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པར་འགྱུར་བའི་ཕྱིར་དང༌། རེག་པ་དམིགས་པས་འདུ་ཤེས་པ་དང་ཚོར་བ་ཀུན་ཏུ་འབྱུང་བར་འགྱུར་བའི་ཕྱིར་དང༌། འདུ་ཤེས་རྒྱུན་ཆད་པ་ཙམ་དུ་འགྱུར་བས་དེའི་མཐུས་མཉམ་པར་གཞག་པར་འགྱུར་བའི་ཕྱིར་དང༌། སེམས་པ་དང་དད་པ་ལ་སོགས་པ་དགེ་བའི་རྩ་བ་ཀུན་ཏུ་འབྱུང་བར་འགྱུར་བའི་ཕྱིར་དང༌། རྟེན་ལས་བརྟེན་པ་དབྱེར་མི་རུང་བའི་ཕྱིར་དང༌། དཔེ་ཡོད་པའི་ཕྱིར་དང༌། ཀུན་ཏུ་འགྲོ་བ་ཉིད་ཡིན་པ་ལས་དེ་བཞིན་དུ་མེད་པའི་ཕྱིར་རོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པར་མི་འཐད་པའི་ཕྱིར་དེ་ཡང་མི་རུང་ངོ༌། །གང་ཡང་གཟུགས་དང་སེམས་ཀྱི་མཇུག་ཐོགས་སུ་འབྱུང་བ་ཆོས་རྣམས་ཀྱི་ས་བོན་ཉིད་དུ་རྟོག་པ་དེའི་ཡང་གོང་མ་བཞིན་དུ་མི་འཐད་ཀྱིས་སྟེང་དུ་གཟུགས་མེད་པ་དང་འདུ་ཤེས་མེད་པ་ནས་ཤི་འཕོས་པ་དང༌། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་པའི་དེ་ཡང་མི་རུང་ངོ༌། དེ་མ་ཐག་པའི་རྐྱེན་ཉིད་དུ་རུང་བ་མ་གཏོགས་པར་དགྲ་བཅོམ་པའི་ཐ་མའི་སེམས་ཀྱང་མི་རུང་བར་འགྱུར་རོ། །དེ་ལྟར་ན་ས་བོན་ཐམས་ཅད་བ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་རུང་ངོ༌། །དེ་ལྟ་བས་ན་དེ་ཡོད་པ་ཉིད་དང༌། ཇི་ལྟར་བཤད་པའི་མཚན་ཉིད་ཀྱང་འགྲུབ་བོ། །འདིར་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་བཟང་པོའི་སེམས། །རྣམ་པར་ཤེས་པ་ལྔ་སྤངས་པ། །བསྩལ་བ་དེ་ལས་གཞན་པ་ལ། །སེམས་ནི་ཇི་ལྟར་འགྱུར་བར་བྱེད། །གཉེན་པོ་གྱུར་བ་ཡིན་ཞེས་བྱར། །སྤངས་པ་མིན་ཕྱིར་མི་རུང་ངོ༌། །དེ་ནི་སྤངས་པ་ཡིན་ན་ཡང༌། །རྒྱུ་འབྲས་ཐ་དད་མེད་པར་འགྱུར། །གལ་ཏེ་ས་བོན་བྲལ་བའམ། །དངོས་པོ་མེད་པར་འགྱུར་འདོད་ན། །དེ་མེད་པར་ནི་གཉིས་མེད་དེ། །འགྱུར་བ་རུང་བ་མ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་འདིའི་རབ་ཏུ་དབྱེ་བ་གང་ཞེ་ན། །མདོར་བསྡུ་ན་རྣམ་པ་གསུམ་


DTG134_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་པ་བཞིར་བལྟ་བར་བྱའོ། །དེ་ལ་བག་ཆགས་རྣམ་པ་གསུམ་གྱི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། མངོན་པར་བརྗོད་པའི་བག་ཆགས་ཀྱི་བྱེ་བྲག་དང༌། བདག་ཏུ་ལྟ་བའི་བག་ཆགས་ཀྱི་བྱེ་བྲག་དང༌། སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་བྱེ་བྲག་གིས་སོ། །རྣམ་པ་བཞི་ནི་འཕེན་པས་རབ་ཏུ་དབྱེ་བ་དང༌། རྣམ་པར་སྨིན་པས་རབ་ཏུ་དབྱེ་བ་དང༌། རྒྱུ་ཉིད་དུ་རབ་ཏུ་དབྱེ་བ་དང༌། མཚན་ཉིད་ཁོ་ནས་རབ་ཏུ་དབྱེ་བས་སོ། །དེ་ལ་འཕེན་པས་རབ་ཏུ་དབྱེ་བ་ནི་གང་རྣམ་པར་སྨིན་པའི་བག་ཆགས་གསར་དུ་འབྱུང་བ་སྟེ། དེ་མེད་དུ་ཟིན་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པ་ཤེས་པ་དང༌། ལེན་པའི་རྐྱེན་གྱིས་སྲིད་པ་མི་རུང་ངོ༌། །དེ་ལ་རྣམ་པར་སྨིན་པས་རབ་ཏུ་དབྱེ་བ་ནི་གང་འདུ་བྱེད་དང་སྲིད་པའི་རྐྱེན་གྱིས་འགྲོ་བ་རྣམས་སུ་རྣམ་པར་སྨིན་པ་སྟེ། དེ་མེད་དུ་ཟིན་ན་ས་བོན་མེད་པས་ཡང་འབྱུང་བའི་ཆོས་རྣམས་སྐྱེ་བར་མི་རུང་ངོ༌། །དེ་ལ་རྒྱུ་ཉིད་དུ་རབ་ཏུ་དབྱེ་བ་ནི་གང་དེ་ཉིད་ལ་ཡིད་ཀྱིས་བདག་ཏུ་འཛིན་པའི་རྒྱུ་ཉིད་དེ་དེ་མེད་དུ་ཟིན་ན་ཡིད་ཀྱིས་བདག་ཏུ་འཛིན་པའི་དམིགས་པ་མི་རུང་ངོ༌། །དེ་ལ་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་ནི། གང་དེ་ཉིད་ཀྱི་ཐུན་མོང་གི་མཚན་ཉིད་དང༌། ཐུན་མོང་མ་ཡིན་པའི་མཚན་ཉིད་དང༌། ཚོར་བ་མེད་པ་འབྱུང་བའི་ས་བོན་གྱི་མཚན་ཉིད་དང༌། ཚོར་བ་དང་བཅས་པ་འབྱུང་བའི་ས་བོན་གྱི་མཚན་ཉིད་དེ་ཐུན་མོང་ནི་སྣོད་ཀྱི་འཇིག་རྟེན་གྱི་ས་བོན་གང་ཡིན་པའོ། །ཐུན་མོང་མ་ཡིན་པ་དེ་ནི་སོ་སོ་རང་གི་སྐྱེ་མཆེད་ཀྱི་ས་བོན་གང་ཡིན་པའོ། །ཐུན་མོང་གང་ཡིན་པ་དེ་ནི་ཚོར་བ་མེད་པ་འབྱུང་བའི་ས་བོན་ནོ། །གཉེན་པོ་བྱུང་ན་ཐུན་མོང་མ་ཡིན་པ་མི་མཐུན་པའི་ཕྱོགས་དག་གོ །ཐུན་མོང་པ་གཞན་གྱི་རྣམ་པར་རྟོག་པས་ཡོངས་སུ་ཟིན་པ་ལ་ནི་མཐོང་བ་རྣམ་པར་དག་པར་འགྱུར་ཏེ། རྣལ་འབྱོར་བ་རྣམས་ཀྱི་མོས་པ་ཐ་དད་པས་དངོས་པོ་གཅིག་ལ་བལྟ་བར་བྱ་བ་ཐ་དད་པ་དམིགས་པ་བཞིན་ནོ། །འདིར་ཚིགས་སུ་བཅད་པ། །ཐུན་མོང་འཆིང་བ་སྤང་དཀའ་དང༌། །ཡོངས་ཤེས་བྱ་བར་དཀའ་བར་འདོད། །ཕྱི་རོལ་མཚན་མ་ཆེན་པོ་ལས། །རྣལ་འབྱོར་བ་ཡི་ཐ་དད་སེམས། །དེ་ནི་འགགས་པར་མ་གྱུར་ཀྱང༌། །དག་པ་རྣམས་ཀྱི་མཐོང་བ་དག །སངས་རྒྱས་གཟིགས་པ་རྣམ་དག་ཕྱིར། །སངས་


DTG134_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཞིང་ནི་རྣམ་པར་དག །ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་དག་ནི་ཚོར་བ་དང་བཅས་པ་འབྱུང་བའི་ས་བོན་ཏེ། དེ་མེད་དུ་ཟིན་ན་སྣོད་ཀྱི་འཇིག་རྟེན་དང༌། སེམས་ཅན་གྱི་འཇིག་རྟེན་འབྱུང་བའི་བྱེ་བྲག་མི་རུང་ངོ༌། །ཡང་གནས་ངན་ལེན་གྱི་མཚན་ཉིད་དང༌། ཤིན་ཏུ་སྦྱངས་པའི་མཚན་ཉིད་དོ། །གནས་ངན་ལེན་གྱི་མཚན་ཉིད་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ས་བོན་གང་ཡིན་པའོ། །ཤིན་ཏུ་སྦྱངས་པའི་མཚན་ཉིད་ནི་ཟག་པ་དང་བཅས་པའི་དགེ་བའི་ཆོས་ཀྱི་ས་བོན་གང་ཡིན་པ་སྟེ། དེ་མེད་དུ་ཟིན་ན་རྣམ་པར་སྨིན་པས་གནས་ཀྱི་ལས་སུ་མི་རུང་བ་དང༌། ལས་སུ་རུང་བའི་བྱེ་བྲག་མི་རུང་བར་འགྱུར་རོ། །ཡང་སྤྱད་ཟིན་པ་དང༌། མ་སྤྱད་པའི་མཚན་ཉིད་དེ་སྤྱད་ཟིན་པའི་མཚན་ཉིད་ནི་གང་དགེ་བ་དང་མི་དགེ་བའི་ས་བོན་གྱི་རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པའོ། །མ་སྤྱད་པའི་མཚན་ཉིད་ནི་མངོན་པར་བརྗོད་པའི་བག་ཆགས་ཀྱི་ས་བོན་ཏེ། ཐོག་མ་མེད་པའི་དུས་ནས་སྤྲོས་པ་འབྱུང་བའི་ས་བོན་ཡིན་པའི་ཕྱིར་རོ། །དེ་མེད་དུ་ཟིན་ན་དགེ་བ་དང་སྡིག་པའི་ལས་བྱས་ཤིང་བྱས་པ་འབྲས་བུ་འབྱིན་པས་སྤྱད་ཟིན་པ་ཡང་མི་རུང་ལ། མངོན་པར་བརྗོད་པའི་བག་ཆགས་གསར་དུ་འབྱུང་བ་ཡང་མི་རུང་ངོ༌། །ཡང་ན་དཔེའི་མཚན་ཉིད་ནི་ཀུན་གཞི་རྣམ་པར་ཤེས་པ་དེ་སྒྱུ་མ་དང༌། སྨིག་རྒྱུ་དང་རྨི་ལམ་དང་རབ་རིབ་ལྟ་བུའི་ཕྱིར་རོ། །དེ་མེད་དུ་ཟིན་ན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའི་ས་བོན་གྱིས་ཕྱིན་ཅི་ལོག་གི་རྒྱུ་ཉིད་དུ་མི་རུང་ངོ༌། །ཡང་མཐའ་དག་ཉིད་དང༌། མཐའ་དག་ཉིད་མ་ཡིན་པའི་མཚན་ཉིད་དེ། བཅིངས་པ་མཐའ་དག་དང་ལྡན་པ་རྣམས་ཀྱི་ནི་མཐའ་དག་ཉིད་ཀྱི་མཚན་ཉིད་དོ། །འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ནི་ཉམས་པར་བྱས་པའི་མཚན་ཉིད་དོ། །ཉན་ཐོས་དང་བྱང་ཆུབ་སེམས་དཔའ་སློབ་པ་རྣམས་ཀྱི་ནི་ཕྱོགས་གཅིག་བཏོན་པའི་མཚན་ཉིད་དོ། །དགྲ་བཅོམ་པ་དང་རང་སངས་སངས་རྒྱས་དང་དེ་བཞིན་གཤེགས་པ་རྣམས་ཀྱི་ནི་ཉོན་མོངས་པའི་སྒྲིབ་པ་མཐའ་དག་བཏོན་པའི་མཚན་ཉིད་དོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་བཏོན་པའི་མཚན་ཉིད་དེ་ཅི་རིགས་སུ་སྦྱར་རོ། །དེ་མེད་དུ་ཟིན་ན་ཀུན་ནས་ཉོན་མོངས་པ་རིམ་གྱིས་ལྡོག་པར་མི་རུང་ངོ༌། །ཅིའི་ཕྱིར་དགེ་བ་དང་མི་


DTG134_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་ཞེས་བྱ་ཞེ་ན། འདི་ལྟར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་དགེ་བ་དང་མི་དགེ་བ་དང་འགལ་བ་མེད་དེ། དགེ་བ་དང་མི་དགེ་བ་ནི་ཕན་ཚུན་མི་མཐུན་ནོ། །རྣམ་པར་སྨིན་པ་ཡང་དགེ་བ་དང་མི་དགེ་བར་འགྱུར་ན་ནི་ཀུན་ནས་ཉོན་མོངས་པ་ལྡོག་པར་མི་རུང་ངོ༌། །དེ་ལྟ་བས་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཉིད་དོ། །ཤེས་བྱའི་གནས་བཤད་ཟིན་ཏོ།། །།བམ་པོ་གཉིས་པ། ཤེས་བྱའི་མཚན་ཉིད་ཇི་ལྟར་བལྟ་བར་བྱ་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། གཞན་གྱི་དབང་གི་མཚན་ཉིད་དང༌། ཀུན་བརྟགས་པའི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །དེ་ལ་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། གང་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་ཅན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པས་བསྡུས་པའི་རྣམ་པར་རིག་པའོ། །དེ་ཡང་གང་ཞེ་ན། ལུས་དང་ལུས་ཅན་དང༌། ཟབ་པོའི་རྣམ་པར་རིག་པ་དང༌། དེས་ཉེ་བར་སྤྱད་པར་བྱ་བའི་རྣམ་པར་རིག་པ་དང༌། དེ་ལ་ཉེ་བར་སྤྱོད་པའི་རྣམ་པར་རིག་པ་དང༌། དུས་ཀྱི་རྣམ་པར་རིག་པ་དང༌། གྲངས་ཀྱི་རྣམ་པར་རིག་པ་དང༌། ཡུལ་གྱི་རྣམ་པར་རིག་པ་དང༌། ཐ་སྙད་ཀྱི་རྣམ་པར་རིག་པ་དང༌། བདག་དང་གཞན་གྱི་བྱེ་བྲག་གི་རྣམ་པར་རིག་པ་དང༌། བདེ་འགྲོ་དང་ངན་འགྲོ་དང་འཆི་འཕོ་དང་སྐྱེ་བའི་རྣམ་པར་རིག་པའོ། །དེ་ལ་ལུས་དང་ལུས་ཅན་དང་ཟབ་པོའི་རྣམ་པར་རིག་པ་གང་ཡིན་པ་དང༌། དེས་ཉེ་བར་སྤྱད་པར་བྱ་བའི་རྣམ་པར་རིག་པ་གང་ཡིན་པ་དང༌། དེ་ལ་ཉེ་བར་སྤྱོད་པའི་རྣམ་པར་རིག་པ་གང་ཡིན་པ་དང༌། དུས་དང༌། གྲངས་དང༌། ཡུལ་དང༌། ཐ་སྙད་ཀྱི་རྣམ་པར་རིག་པ་གང་ཡིན་པ་དེ་ནི་མངོན་པ་བརྗོད་པའི་བག་ཆགས་ཀྱི་ས་བོན་ལས་བྱུང་བའི་ཕྱིར་རོ། །བདག་དང་གཞན་གྱི་བྱེ་བྲག་གི་རྣམ་པར་རིག་པ་གང་ཡིན་པ་དེ་ནི་བདག་ཏུ་ལྟ་བའི་བག་ཆགས་ཀྱི་ས་བོན་ལས་བྱུང་བའི་ཕྱིར་རོ། །བདེ་འགྲོ་དང་ངན་འགྲོ་དང་འཆི་འཕོ་དང་སྐྱེ་བའི་རྣམ་པར་རིག་པ་གང་ཡིན་པ་དེ་ནི། སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་ས་བོན་ལས་བྱུང་


DTG134_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ། །རྣམ་པར་རིག་པ་འདི་རྣམས་ཀྱིས་ཁམས་དང་འགྲོ་བ་དང་སྐྱེ་གནས་ཐམས་ཅད་བསྡུས་པ་གཞན་གྱི་དབང་གི་མཚན་ཉིད་ཀྱི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་བསྟན་པ་ཡིན་ནོ། །རྣམ་པར་རིག་པ་འདི་རྣམས་ཀྱི་རྣམ་པར་རིག་པ་ཙམ་ཉིད་ཡང་དག་པ་མ་ཡིན་པ་ཀུན་རྟོག་པས་བསྡུས་པ་ཡོད་པ་མ་ཡིན་པ་དང༌། ནོར་བའི་དོན་སྣང་བའི་གནས་གང་ཡིན་པ་འདི་ནི་གཞན་གྱི་དབང་གི་མཚན་ཉིད་དོ། །དེ་ལ་ཀུན་བརྟགས་པའི་མཚན་ཉིད་གང་ཞེ་ན། གང་དོན་མེད་ཀྱང་རྣམ་པར་རིག་པ་ཙམ་དེ་དོན་ཉིད་དུ་སྣང་བའོ། །དེ་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན། གང་གཞན་གྱི་དབང་གི་མཚན་ཉིད་དེ་ཉིད་ལ་དོན་གྱི་མཚན་ཉིད་དེ་གཏན་མེད་པ་ཉིད་དོ། །དེ་ལ་ལུས་དང་ལུས་ཅན་དང་ཟ་བ་པོའི་རྣམ་པར་རིག་པ་ནི་མིག་ལ་སོགས་པ་ནང་གི་ཁམས་དྲུག་ཏུ་རིག་པར་བྱའོ། །དེས་ཉེ་བར་སྤྱད་པར་བྱ་བའི་རྣམ་པར་རིག་པ་ནི་གཟུགས་ལ་སོགས་པ་ཕྱིའི་ཁམས་དྲུག་ཏུ་རིག་པར་བྱའོ། །དེ་ལ་ཉེ་བར་སྤྱོད་པའི་རྣམ་པར་རིག་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཁམས་དྲུག་ཏུ་རིག་པར་བྱའོ། །རྣམ་པར་རིག་པ་ལྷག་མ་རྣམས་ནི་རྣམ་པར་རིག་པ་འདི་དག་གི་རབ་ཏུ་དབྱེ་བར་རིག་པར་བྱའོ། །རྣམ་པར་རིག་པ་འདི་དག་ནི་དོན་མེད་པའི་ཕྱིར་རྣམ་པར་རིག་པ་ཙམ་མོ་ཞེས་བྱ་བ་འདི་ལ་དཔེ་ཅི་ཡོད་ཅེ་ན། རྨི་ལམ་ལ་སོགས་པ་ནི་དཔེར་བལྟ་བར་བྱའོ། །དཔེར་ན་རྨི་ལམ་ན་དོན་མེད་པར་ཡང་རྣམ་པར་ཤེས་པ་ཙམ་ཉིད་དུ་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཁང་ཁྱིམ་དང༌། ནགས་ཚལ་དང༌། ས་དང་རི་ལ་སོགས་པའི་དོན་སྣ་ཚོགས་ཀྱི་རྣམ་པར་སྣང་གི་དེ་ན་དོན་ནི་ཅི་ཡང་མེད་དོ། །དཔེ་འདིས་ནི་ཐམས་ཅད་དུ་ཡང་རྣམ་པར་རིག་པ་ཙམ་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །སོགས་པ་ཞེས་བྱ་བ་སྨོས་པས་ནི་སྒྱུ་མ་དང༌། སྨིག་རྒྱུ་དང༌། རབ་རིབ་རྣམས་དཔེར་རིག་པར་བྱའོ། །གལ་ཏེ་རྨི་ལམ་ལ་སོགས་པ་བཞིན་དུ་སད་པ་ན་ཡང་ཐམས་ཅད་དུ་ཡང་རྣམ་པར་རིག་པ་ཙམ་ཉིད་དུ་ཟད་ན། དཔེར་ན་རྨི་ལམ་ལ་རྣམ་པར་རིག་པ་ཙམ་ཉིད་ཀྱི་བློ་འབྱུང་བ་དེ་བཞིན་དུ་འདིར་ཡང་ཅིའི་ཕྱིར་མི་འབྱུང་ཞེ་ན། དེ་ཁོ་ན་ཤེས་པས་སད་པ་རྣམས་ལ་འབྱུང་སྟེ། དཔེར་ན་རྨི་ལམ་རྨི་ཞིང་མ་སད་པ་ལ་མི་འབྱུང་གི་སད་པ་


DTG134_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབྱུང་བ་དེ་བཞིན་དུ། དེ་ཁོ་ན་ཤེས་པས་མ་སད་པ་ལ་མི་འབྱུང་གི་དེ་ཁོ་ན་ཤེས་པས་སད་པ་ལ་འབྱུང་ངོ༌། །དེ་ཁོ་ན་ཤེས་པས་མ་སད་པས་རྣམ་པར་རིག་པ་ཙམ་ཉིད་དུ་ཇི་ལྟར་རྗེས་སུ་དཔག་པར་བྱ་ཞེ་ན། ལུང་དང་རིགས་པས་དཔག་པར་བྱ་སྟེ། དེ་ལ་ལུང་ནི་བཅོམ་ལྡན་འདས་ཀྱིས་ས་བཅུ་བ་ལས་འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་གསུངས་པ་དང༌། དགོངས་པ་ངེས་པར་འགྲེལ་པ་ལས་བྱང་ཆུབ་སེམས་དཔའ་བྱམས་པས་ཞུས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལྟ་བུ་སྟེ། བཅོམ་ལྡན་འདས་གང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་དེ་ཅི་སེམས་དེ་ལས་ཐ་དད་པ་ཞེས་བགྱིའམ་ཐ་དད་པ་མ་ལགས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ཐ་དད་པ་མ་ཡིན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཅན་ཡིན་ནོ་ཞེས་ངས་བཤད་དོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་དེ་གལ་ཏེ་སེམས་ལས་ཐ་དད་པ་མ་ལགས་ན། སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་ཇི་ལྟར་འཛིན་པ་ལགས། བྱམས་པ་ཆོས་གང་ཡང་ཆོས་གང་ལ་ཡང་མི་འཛིན་མོད་ཀྱི། འོན་ཀྱང་དེ་ལྟར་སྐྱེས་པའི་སེམས་གང་ཡིན་པ་དེ་ནི་དེ་ལྟར་སྣང་ངོ༌། །དཔེར་ན་གཟུགས་ཀྱིས་རྐྱེན་བྱས་ཏེ། གཟུགས་ཉིད་མཐོང་ཡང༌། གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་ཏེ། དེ་ལ་ནི་གཟུགས་དེ་དང་གཟུགས་བརྙན་སྣང་བ་དེ་དོན་ཐ་དད་པར་སྣང་ངོ༌། །དེ་བཞིན་དུ་དེ་ལྟར་སྐྱེས་པའི་སེམས་དེ་ཡང་དེ་ལས་དོན་ཐ་དད་པར་སྣང་ངོ་ཞེས་གསུངས་པ་སྟེ། ལུང་འདིས་རིགས་པ་ཡང་བསྟན་པ་ཡིན་ནོ། །འདི་ལྟར་སེམས་མཉམ་པར་གཞག་པ་ན་ཤེས་བྱའི་གཟུགས་བརྙན་རྣམ་པར་བསྔོས་པ་ལ་སོགས་པ་གང་དང་གང་མཐོང་བ་དེ་དང་དེ་ཉིད་སེམས་མཐོང་བ་སྟེ། རྣམ་པར་བསྔོས་པ་ལ་སོགས་པ་དོན་གཞན་མེད་དོ། །རིགས་པ་འདིས་བྱང་ཆུབ་སེམས་དཔའ་རྣམ་པར་རིག་པ་ཐམས་ཅད་ལ་རྣམ་པར་རིག་པ་ཙམ་ཉིད་དུ་རྗེས་སུ་དཔག་པར་བྱ་བར་འོས་སོ། །རྣམ་པར་བསྔོས་པ་ལ་སོགས་པ་ལ་དྲན་པའི་རྣམ་པར་ཤེས་པ་ཡང་མི་རུང་སྟེ། དམིགས་པ་དེ་མདུན་དུ་བཞག་ན་སྣང་བའི་ཕྱིར་རོ། །ཐོས་པ་དང་བསམས་པ་ལས་བྱུང་བ་


DTG134_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དྲན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཡང་འདས་པ་ལ་དམིགས་པའི་ཕྱིར། དེར་སྣང་བ་རྣམ་པར་རིག་པ་ཙམ་དུ་འགྱུར་རོ། །རྗེས་སུ་དཔག་པ་འདིས་བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཤེས་པས་མ་སད་པས་ཀྱང་རྣམ་པར་རིག་པ་ཙམ་དུ་རྗེས་སུ་དཔག་པར་བྱའོ། །གང་རྨི་ལམ་ལྟ་བུའི་རྣམ་པར་རིག་པ་སྣ་ཚོགས་བསྟན་པ་དེ་དག་ལས་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་རིག་པ་རྣམས་ནི་རྣམ་པར་རིག་པ་ཙམ་ཉིད་དུ་རིགས་ན། མིག་ལ་སོགས་པའི་རྣམ་པར་རིག་པ་གཟུགས་ཅན་རྣམས་ཇི་ལྟར་རྣམ་པར་རིག་པ་ཙམ་ཉིད་དུ་བལྟ་ཞེ་ན། དེ་དག་ཀྱང་ལུང་དང་རིགས་པས་བལྟ་བར་བྱ་སྟེ། སྔ་མ་བཞིན་ནོ། །གལ་ཏེ་དེ་དག་ཀྱང་རྣམ་པར་རིག་པ་ཙམ་ཉིད་ཡིན་ན། དེ་དག་ཅིའི་ཕྱིར་གཟུགས་ཉིད་དུ་སྣང་ཞིང་མཚུངས་ལ་བསྟན་པར་རྒྱུན་གྱིས་འཇུག་ཅེས་ན། ཕྱིན་ཅི་ལོག་ལ་སོགས་པའི་ཀུན་ནས་ཉོན་མོངས་པའི་གཞི་གནས་པ་ཡིན་པའི་ཕྱིར་རོ། །གཞན་དུ་ན་ནི་དོན་མེད་པ་ལ་དོན་དུ་ཕྱིན་ཅི་ལོག་ཏུ་མི་འགྱུར་ཏེ། དེ་མེད་དུ་ཟིན་ན་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའི་ཀུན་ནས་ཉོན་མོངས་པ་མེད་པར་འགྱུར་རོ། །དེ་མེད་དུ་ཟིན་ན་རྣམ་པར་བྱང་བ་ཡང་མེད་པར་འགྱུར་ཏེ། དེའི་ཕྱིར་དེ་ལྟར་འདི་དག་འབྱུང་དུ་ནི་མི་རུང་ངོ༌། །འདིར་ཚིགས་སུ་བཅད་པ། འཁྲུལ་པའི་རྒྱུ་དང་འཁྲུལ་པ་ནི། །གཟུགས་ཀྱི་རྣམ་པར་རིག་པར་འདོད། །རྣམ་པར་རིག་པ་མེད་ན་ནི། །གཟུགས་ཅན་མིན་དང་ཅིག་ཤོས་མེད། །ཅིའི་ཕྱིར་ལུས་དང་ལུས་ཅན་དང་ཟ་བ་པོའི་རྣམ་པར་རིག་པ་དང༌། དེས་སྤྱད་པར་བྱ་བའི་རྣམ་པར་རིག་པ་དང༌། དེ་ལ་ཉེ་བར་སྤྱོད་པའི་རྣམ་པར་རིག་པ་ལུས་ཐམས་ཅད་ལ་ལྷན་ཅིག་འབྱུང་ཞིང་འདུས་པར་འབྱུང་ཞེ་ན། སྐྱེ་བ་དང་ཉེ་བར་སྤྱོད་པ་ཡོངས་སུ་རྫོགས་པར་མངོན་པའི་ཕྱིར་རོ། །ཅིའི་ཕྱིར་དུས་ཀྱི་རྣམ་པར་རིག་པ་ལ་སོགས་པ་སྣ་ཚོགས་ཇི་སྐད་དུ་སྨོས་པ་རྣམས་འབྱུང་ཞེ་ན། ཐོག་མ་མེད་པའི་དུས་ཀྱི་འཁོར་བའི་རྒྱུན་མི་འཆད་པ་དང༌། སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་དང༌། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དང༌། ཕན་ཚུན་གྱི་བྱ་བ་བསྒྲུབ་པའི་ཐ་སྙད་དཔག་ཏུ་མེད་པ་དང༌། ཡོངས་སུ་གཟུང་བ་ཉེ་བར་སྤྱད་པའི་བྱེ་བྲག་དཔག་ཏུ་མེད་པ་དང༌། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདོད་པ་དང་མི་འདོད་པ་ལ་ཉེ་བར་སྤྱད་པའི་བྱེ་


DTG134_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་དཔག་ཏུ་མེད་པ་དང༌། སྐྱེ་བ་དང་རྒ་ཤི་མྱོང་བའི་རབ་ཏུ་དབྱེ་བ་དཔག་ཏུ་མེད་པའི་ཕྱིར་རོ། །ཇི་ལྟར་རྣམ་པར་རིག་པ་འདི་དག་རྣམ་པར་རིག་པ་ཙམ་ཉིད་དུ་གནས་པར་འགྱུར་ཞེ་ན། མདོར་བསྡུ་ན་རྣམ་པ་གསུམ་གྱིས་ཏེ། དེ་ཙམ་དུ་ཟད་པས་ནི་དོན་མེད་པ་དང༌། གཉིས་ཀྱིས་ནི་རྣམ་པར་རིག་པ་རྒྱུ་མཚན་དང་ལྟ་བ་དང་བཅས་པའི་ཕྱིར་རོ། །སྣ་ཚོགས་ཅིག་ཅར་འབྱུང་བས་ནི་སྣ་ཚོགས་ཀྱི་རྣམ་པར་འབྱུང་བའི་ཕྱིར་ཏེ། དེ་ལྟར་རྣམ་པར་རིག་པ་འདི་དག་ཐམས་ཅད་ནི་དོན་མེད་པས་དེ་ཙམ་ཡིན་ལ། མིག་ལ་སོགས་པའི་རྣམ་པར་རིག་པ་དག་ནི་གཟུགས་ལ་སོགས་པ་རྒྱུ་མཚན་ཡིན་པ་དང༌། དེ་དག་གི་རྣམ་པར་ཤེས་པ་ལྟ་བ་ཡིན་པ་ནས་ལུས་ཀྱི་རྣམ་པར་ཤེས་པ་ལྟ་བ་ཡིན་པའི་བར་དག་ནི་རྒྱུ་མཚན་དང་ལྟ་བ་དང་བཅས་པའོ། །ཡིད་ཀྱི་རྣམ་པར་རིག་པ་ནི་མིག་ལ་སོགས་པ་ནས་ཆོས་ལ་ཐུག་པའི་རྣམ་པར་རིག་པ་ཐམས་ཅད་ཀྱི་རྒྱུ་མཚན་དང་བཅས་ཤིང༌། ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་རིག་པས་ནི་ལྟ་བ་དང་བཅས་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་གང་ཡིན་པ་དང༌། རྣམ་པར་རིག་པ་སྣང་བ་ཐམས་ཅད་ཀྱིས་བསྐྱེད་པའི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ། དེ་ཙམ་གཉིས་དང་སྣ་ཚོགས་ཉིད། །རྣལ་འབྱོར་པ་རྣམས་རྟོགས་པར་འདོད། །སེམས་ཙམ་ལ་ནི་ཞུགས་གྱུར་པ། །དེ་དང་བྲལ་ན་དེ་ཕྱིར་ཡང༌། །ཁ་ཅིག་ནི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་རྟེན་དེ་དང་དེ་ནས་འབྱུང་བ་ན་དེ་དང་དེའི་མིང་འཐོབ་སྟེ། སེམས་པ་ལ་ལུས་དང་ངག་གི་ལས་ཞེས་བྱ་བ་བཞིན་ནོ་སྙམ་མོ། །རྟེན་ཐམས་ཅད་དུ་འབྱུང་བ་སྣ་ཚོགས་ཀྱི་རྣམ་པས་གཉིས་སུ་སྣ་བ་འབྱུང་སྟེ། དེ་ནི་དོན་ཙམ་དུ་སྣང་བ་དང༌། རྣམ་པར་རྟོག་པར་སྣང་བའི་ཕྱིར་རོ། །གཟུགས་ཅན་གྱི་ཁམས་ན་ཡིད་ཀྱི་རྣམ་པར་ཤེས་པ་ལུས་ལ་གནས་པའི་ཕྱིར། དེ་ལས་གཞན་པའི་དབང་པོ་གཟུགས་ཅན་ལུས་ལ་གནས་པ་བཞིན་དུ་གནས་ཐམས་ཅད་དུ་ཡང་རེག་བྱ་ལ་འཛིན་པར་སྣང་བ་ཡང་འབྱུང་ངོ༌། །འདིར་ཚིགས་སུ་བཅད་པ། གང་ཞིག་ལུས་མེད་ཕུག་གནས་ཤིང༌། །རིང་དུ་འགྲོ་ལ་གཅིག་པུ་རྒྱུ། །གདུལ་བར་དཀའ་བའི་སེམས་འདུལ་བྱེད། །དེ་ནི་བྲམ་ཟེར་ངས་བཤད་དོ། །ཡང་


DTG134_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལྔ་པོ་འདི་དག་གི་སྤྱོད་ཡུལ་གྱི་ཡུལ་ནི་ཡིད་ཀྱིས་མྱོང་སྟེ། ཡིད་ནི་འདི་དག་གི་སྟོན་པའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་སྐྱེ་མཆེད་བཅུ་གཉིས་བསྟན་པ་ལས་རྣམ་པར་ཤེས་པའི་ཚོགས་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་དོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གང་དུ་ཡང་ཀུན་གཞི་རྣམ་པར་ཤེས་པའི་རྣམ་པར་རིག་པ་ནི་དོན་གྱི་རྣམ་པར་རིག་པར་རྣམ་པར་འཇོག་པ་དེར་ཡང་དེ་ལས་གཞན་པའི་རྣམ་པར་རིག་པས་ཐམས་ཅད་ནི་དེའི་རྒྱུ་མཚན་གྱི་རྣམ་པར་རིག་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་རིག་པ་རྟེན་དང་བཅས་པ་ནི་དེའི་ལྟ་བ་ཡིན་པར་རིག་པར་བྱའོ། །རྣམ་པར་རིག་པ་རྒྱུ་མཚན་དུ་གྱུར་པ་དེ་དག་ཉིད་དེའི་ལྟ་བ་འབྱུང་བའི་རྒྱུ་མཚན་ཡིན་པའི་ཕྱིར་དོན་བཞིན་དུ་སྣང་བ་ན་དེ་འབྱུང་བའི་རྟེན་གྱི་བྱ་བ་བྱེད་དོ། །དེ་ལྟར་ན་རྣམ་པར་རིག་པ་འདི་དག་ནི་རྣམ་པར་རིག་པ་ཙམ་ཉིད་དུ་གནས་པ་ཡིན་ནོ། །ཇི་ལྟར་ན་དོན་སྣང་བཞིན་དུ་ཡང་མེད་པ་ཉིད་དུ་བལྟ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་རྣམ་པར་རིག་པ་ཐམས་ཅད་ཀྱི་དོན་མེད་པ་ཁོང་དུ་ཆུད་པར་འགྱུར་ཏེ། རྣམ་པར་ཤེས་པ་མི་མཐུན་པའི་རྒྱུ་མཚན་ཉིད་ཤེས་པས་ནི་དཔེར་ན་ཡི་དགས་དང༌། དུད་འགྲོ་དང༌། མི་དང་ལྷ་རྣམས་ཀྱིས་དངོས་པོ་གཅིག་ལ་རྣམ་པར་རིག་པ་ཐ་དད་པ་མཐོང་བ་ལྟ་བུ་དང༌། དམིགས་པ་མེད་པའི་རྣམ་པར་རིག་པ་དམིགས་པས་ནི། དཔེར་ན་འདས་པ་དང༌། མ་འོངས་པ་དང༌། རྨི་ལམ་དང༌། གཟུགས་བརྙན་དམིགས་པ་ལྟ་བུ་དང༌། འབད་པ་མེད་པར་ཡང་ཕྱིན་ཅི་ལོག་མེད་པར་འགྱུར་བ་ཤེས་པས་ནི་དོན་ཡོད་ན་དོན་དུ་དམིགས་པའི་རྣམ་པར་ཤེས་པ་འབད་པ་མེད་པར་དེ་ཁོ་ན་ཤེས་པའི་ཕྱིར་ཕྱིན་ཅི་ལོག་མེད་པར་འགྱུར་བ་དང༌། རྣམ་པར་ཤེས་པ་རྣམ་པ་གསུམ་གྱི་རྗེས་སུ་མཐུན་པར་ཤེས་པས་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་དང༌། བསམ་གཏན་པ་སེམས་ལ་དབང་ཐོབ་པ་རྣམས་ལ་མོས་པའི་དབང་གིས་དེ་ལྟ་དེ་ལྟར་དོན་དེ་དག་སྣང་བ་དང༌། ཞི་གནས་ཐོབ་པའི་རྣལ་འབྱོར་པ་ཆོས་ལ་ལྷག་མཐོང་ལ་བརྩོན་པ་རྣམས་ལ་ཡིད་ལ་བྱེད་པ་ཙམ་དུ་དོན་སྣང་བ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་དེ་ལ་གནས་པ་རྣམས་ལ་དོན་ཐམས་ཅད་མི་


DTG134_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་ན་དོན་ཤེས་པ་རྣམ་པས་གསུམ་གྱི་རྗེས་སུ་མཐུན་པ་དང༌། གཏན་ཚིགས་གོང་མ་རྣམས་ཀྱིས་དོན་མེད་པར་གྲུབ་པ་ཡིན་ནོ། །འདིར་ཚིགས་སུ་བཅད་པ། ཡི་དགས་དུད་འགྲོ་མི་རྣམས་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །འདས་སོགས་དེ་བཞིན་རྨི་ལམ་དང༌། །གཟུགས་བརྙན་རྣམས་པ་གཉིས་ལ་ཡང༌། །དམིགས་པ་ཡོད་པ་མ་ཡིན་པས། །དེ་ལ་དམིགས་པར་རུང་ཕྱིར་རོ། །དོན་ནི་དོན་དུ་གྲུབ་གྱུར་ན། །ཤེས་པ་རྟོག་པ་མེད་མི་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །འཐོབ་པར་འཐད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དབང་ཐོབ་དང༌། །རྣལ་འབྱོར་པ་ལ་འདི་ལྟར་ཡང༌། །མོས་པའི་དབང་གིས་ས་ལ་སོགས། །དངོས་པོ་དེ་ལྟར་དམིགས་པར་འགྱུར། །འདི་ལ་སུ་ཞིག་བློ་ལྡན་ཞིང༌། །ཞི་བ་གྲུབ་པ་ཐོབ་པ་ཡི། །ཆོས་ཀུན་ཡིད་ལ་བྱེད་པ་ལ། །དེ་ལྟར་དོན་རྣམས་སྣང་ཕྱིར་དང༌། །མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང༌། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །གལ་ཏེ་རྣམ་པར་རིག་པ་ཙམ་དོན་སྣང་བའི་གནས་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ན། དེ་ཇི་ལྟར་ན་གཞན་གྱི་དབང་ཡིན་ལ། ཅིའི་ཕྱིར་ན་གཞན་གྱི་དབང་ཞེས་བྱ་ཞེ་ན། རང་གི་བག་ཆགས་ཀྱི་ས་བོན་ལས་སྐྱེས་པ་ཡིན་པས་དེ་ལྟ་བས་ན་རྐྱེན་གྱི་གཞན་དབང་ཡིན་ནོ། །སྐྱེས་ནས་ཀྱང་སྐད་ཅིག་ལས་ལྷག་པར་བདག་ཉིད་གནས་པར་མི་ནུས་པས་ན་གཞན་གྱི་དབང་ཞེས་བྱའོ། །གལ་ཏེ་དེ་ལ་གནས་པའི་དོན་མེད་པ་སྣང་བ་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ན་དེ་ཇི་ལྟར་ན་ཀུན་བརྟགས་པ་ཡིན་ལ། ཅིའི་ཕྱིར་ཀུན་བརྟགས་པ་ཞེས་བྱ་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་རྟོག་པ་དཔག་ཏུ་མེད་པའི་རྣམ་པ་ཅན་གྱི་ཕྱིན་ཅི་ལོག་འབྱུང་བའི་རྒྱུ་མཚན་ཡིན་པས་ཀུན་བརྟགས་པའོ། །རང་གི་མཚན་ཉིད་མེད་པ་ལ་ཀུན་ཏུ་རྟོག་པ་ཙམ་དུ་དམིགས་པས་ཀུན་བརྟགས་པ་ཞེས་བྱའོ། །གལ་ཏེ་དེ་གཏན་མེད་པའི་མཚན་ཉིད་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ན། དེ་ཇི་ལྟར་ན་ཡོངས་སུ་གྲུབ་པ་ཉིད་ཡིན་ལ། ཅིའི་ཕྱིར་ན་ཡོངས་སུ་གྲུབ་པ་ཞེས་བྱ་ཞེ་ན། གཞན་དུ་མི་འགྱུར་བའི་ཕྱིར་ཡོངས་སུ་གྲུབ་


DTG134_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རྣམ་པར་དག་པའི་དམིགས་པ་ཡིན་པ་དང༌། དགེ་བའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་མཆོག་གི་དོན་གྱིས་ཡོངས་སུ་གྲུབ་པ་ཞེས་བྱའོ། །ཡང་ཀུན་ཏུ་རྟོག་པ་ཡོད་ཅིང་ཀུན་ཏུ་བརྟག་པར་བྱ་བ་ཡོད་ན་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །དེ་ལ་ཀུན་ཏུ་རྟོག་པ་ནི་གང་ཡིན། ཀུན་ཏུ་བརྟག་པ་ནི་ཅི་ཞིག །ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ནི་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཀུན་ཏུ་རྟོག་པ་སྟེ། རྣམ་པར་རྟོག་པ་ཅན་གྱིས་ཕྱིར་རོ། །དེ་ནི་རང་བརྗོད་པའི་བག་ཆགས་ཀྱི་ས་བོན་ལས་བྱུང་བ་དང༌། རྣམ་པར་རིག་པ་ཐམས་ཅད་ཀྱི་བརྗོད་པའི་བག་ཆགས་ཀྱི་ས་བོན་ལས་འབྱུང་བའོ། །དེ་ལྟ་བས་ན་རྣམ་པ་མཐའ་ཡས་པའི་རྣམ་པར་རྟོག་པ་དག་གིས་འབྱུང་སྟེ། ཐམས་ཅད་དུ་རྟོག་པས་ཀུན་ཏུ་རྟོག་པ་ཞེས་བྱ་བས་ན་ཀུན་ཏུ་རྟོག་པ་ཞེས་བྱའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཀུན་ཏུ་བརྟག་པར་བྱའོ། །རྣམ་པ་གང་དུ་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་ཏུ་བརྟག་པ་དེ་ནི་དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །རྣམ་པ་གང་དུ་ཞེས་བྱ་བ་ནི་ཇི་ལྟར་ན་ཞེས་བྱ་བའི་ཐ་ཚིག་གོ །ཀུན་ཏུ་རྟོག་པས་ཇི་ལྟར་ཀུན་ཏུ་རྟོག་ཅིང་དམིགས་པ་གང་དང༌། མཚན་མར་འཛིན་པ་གང་དང༌། མངོན་པར་ཞེན་པ་གང་དང༌། དག་ཀུན་ནས་སློང་བ་གང་དང༌། ཐ་སྙད་གང་དང༌། སྒྲོ་འདོགས་པ་གང་གིས་ཀུན་ཏུ་རྟོག་ཅེ་ན། མིང་གིས་དམིགས་པ་དང༌། གཞན་གྱི་དབང་གི་ངོ་བོ་ཉིད་ལ་དེར་མཚན་མར་འཛིན་པ་དང༌། ལྟ་བས་དེ་ལ་མངོན་པར་ཞེས་པ་དང༌། རྣམ་པར་རྟོག་པ་རྣམས་ཀྱིས་ངག་ཀུན་ནས་སློང་བ་དང༌། ལྟ་བ་ལ་སོགས་པ་ཐ་སྙད་བཞི་པོ་དག་གིས་ཐ་སྙད་འདོགས་པ་དང༌། མེད་པའི་དོན་ལ་ཡོད་དོ་ཞེས་སྒྲོ་འདོགས་པས་ཀུན་ཏུ་རྟོག་གོ །ངོ་བོ་ཉིད་གསུམ་པོ་འདི་དག་གི་ཚུལ་ཅི་ཐ་དད་པ་ཞིག་གམ། འོན་ཏེ་ཐ་དད་པ་མ་ཡིན་ཞེ་ན། ཐ་དད་པ་ཡང་མ་ཡིན་ལ། ཐ་དད་པ་མ་ཡིན་པ་ཡང་མ་ཡིན་པར་བརྗོད་པར་བྱའོ། །རྣམ་གྲངས་ཀྱིས་ན་གཞན་གྱི་དབང་གི་ངོ་བོ་ཉིད་ནི་གཞན་གྱི་དབང་ངོ༌། །རྣམ་གྲངས་ཀྱིས་ན་དེ་ཉིད་ཀུན་བརྟགས་པའོ། །རྣམ་གྲངས་ཀྱིས་ན་དེ་ཉིད་ཡོངས་སུ་གྲུབ་པའོ། །གང་གིས་ན་གཞན་གྱི་དབང་གི་ངོ་བོ་ཉིད་ལ་གཞན་གྱི་དབང་ཞེས་བྱ་བའི་རྣམ་གྲང་གང་ཞེ་ན། གཞན་གྱི་དབང་གི་བག་ཆགས་ཀྱི་ས་བོན་ལས་འབྱུང་བའི་


DTG134_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་དབང་གི་ཕྱིར་རོ། །གང་གིས་དེ་ཉིད་ཀུན་ཏུ་བརྟགས་པ་ཞེས་བྱ་བའི་རྣམ་གྲངས་གང་ཞེ་ན། ཀུན་ཏུ་རྟོག་པའི་རྒྱུ་མཚན་ཡིན་པ་དང༌། དེས་ཀུན་ཏུ་བརྟགས་པའི་ཕྱིར་རོ། །གང་གིས་དེ་ཉིད་ཡོངས་སུ་གྲུབ་པ་ཞེས་བྱ་བའི་རྣམ་གྲངས་གང་ཞེ་ན། ཇི་ལྟར་ཀུན་ཏུ་བརྟགས་པ་དེ་ལྟར་དེ་གཏན་མེད་པའི་ཕྱིར་རོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལ་རྣམ་པ་དུ་ཡོད་ཅེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ། བག་ཆགས་ཀྱི་ས་བོན་གྱི་གཞན་གྱི་དབང་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པ་གཞན་གྱི་དབང་སྟེ། གཞན་གྱི་དབང་རྣམ་པ་འདི་གཉིས་ཀྱིས་གཞན་གྱི་དབང་ངོ༌། །ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ཀྱང་རྣམ་པ་གཉིས་ཏེ། ངོ་བོ་ཉིད་དུ་ཀུན་ཏུ་རྟོག་པ་དང༌། ཁྱད་པར་དུ་ཀུན་ཏུ་རྟོག་པས་བརྟགས་པའི་ཕྱིར་རོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་རྣམ་པ་གཉིས་ཏེ། རང་བཞིན་གྱིས་ཡོངས་སུ་གྲུབ་པ་དང༌། རྣམ་པར་དག་པར་ཡོངས་སུ་གྲུབ་པའོ། །ཡང་ཀུན་ཏུ་རྟོག་པ་ནི་རྣམ་པ་བཞི་སྟེ། ངོ་བོ་ཉིད་དུ་ཀུན་ཏུ་རྟོག་པ་དང༌། ཁྱད་པར་དུ་ཀུན་ཏུ་རྟོག་པ་དང༌། བྱང་བ་དང་མ་བྱང་བའོ། །བྱང་བ་ནི་ཐ་སྙད་ལ་མཁས་པ་རྣམས་ཀྱི་ཀུན་ཏུ་རྟོག་པའོ། །མ་བྱང་བ་ནི་ཐ་སྙད་ལ་མི་མཁས་པ་རྣམས་ཀྱི་ཀུན་ཏུ་རྟོག་པའོ། །ཡང་རྣམ་པ་ལྔ་སྟེ། མིང་ལ་བརྟེན་ཏེ་དོན་གྱི་ངོ་བོ་ཉིད་ལ་ཀུན་ཏུ་རྟོག་པ་ནི་འདི་ལྟ་སྟེ། མིང་འདིའི་དོན་ནི་འདིའོ་ཞེས་བྱ་བའོ། །དོན་ལ་བརྟེན་ཏེ་མིང་གི་ངོ་བོ་ཉིད་ལ་ཀུན་ཏུ་རྟོག་པ་ནི་འདི་ལྟ་སྟེ། དོན་འདིའི་མིང་ནི་འདི་ཡིན་ནོ་ཞེས་བྱ་བའོ། །མིང་ལ་བརྟེན་ཏེ་མིང་གི་ངོ་བོ་ཉིད་ལ་ཀུན་ཏུ་རྟོག་པ་ནི་འདི་ལྟ་སྟེ། དོན་མ་རྟོགས་པའི་མིང་ལ་ཀུན་ཏུ་རྟོག་པའོ། །དོན་ལ་བརྟེན་ཏེ་དོན་གྱི་ངོ་བོ་ཉིད་ལ་ཀུན་ཏུ་རྟོག་པ་ནི་འདི་ལྟ་སྟེ། མིང་མ་རྟོགས་པའི་དོན་གྱི་ངོ་བོ་ཉིད་ལ་ཀུན་ཏུ་རྟོག་པའོ། །དེ་གཉི་ག་ལ་བརྟེན་ཏེ། དེ་གཉི་ག་ལ་ཀུན་ཏུ་རྟོག་པ་ནི་འདི་ལྟ་སྟེ། དོན་འདི་ལྟ་བུའི་བདག་ཉིད་འདིའི་མིང་ནི་འདིའོ་ཞེས་བྱ་བའོ། །ཐམས་ཅད་བསྡུ་ན་རྣམ་པར་རྟོག་པ་རྣམ་པ་བཅུ་སྟེ། རྩ་བའི་རྣམ་པར་རྟོག་པ་ནི་འདི་ལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པའོ། །མཚན་མའི་རྣམ་པར་རྟོག་པ་ནི་འདི་ལྟ་སྟེ། གཟུགས་ལ་སོགས་པའི་རྣམ་པར་རིག་པའོ། །མཚན་མར་སྣང་བའི་རྣམ་པར་རྟོག་པ་ནི་འདི་ལྟ་སྟེ།


DTG134_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་བཅས་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་རིག་པའོ། །མཚན་མ་འགྱུར་བའི་རྣམ་པར་རྟོག་པ་ནི་འདི་ལྟ་སྟེ། རྒ་བ་ལ་སོགས་པ་དང༌། བདེ་བའི་ཚོར་བ་ལ་སོགས་པ་དང༌། འདོད་ཆགས་ལ་སོགས་པ་དང༌། གནོད་པ་དང་དུས་ཀྱིས་ཡོངས་སུ་འགྱུར་བ་ལ་སོགས་པ་དང༌། སེམས་ཅན་དམྱལ་བའི་འགྲོ་བ་ལ་སོགས་པ་དང༌། འདོད་པའི་ཁམས་ལ་སོགས་པས་དེ་འགྱུར་བའོ། །མཚན་མར་སྣང་བ་འགྱུར་བའི་རྣམ་པར་རྟོག་པ་ནི་འདི་ལྟ་སྟེ། ཇི་སྐད་སྨོས་པའི་འགྱུར་བ་འདི་དག་ཉིད་ཀྱིས་དེ་འགྱུར་བའོ། །གཞན་གྱིས་བསྟན་པའི་རྣམ་པར་རྟོག་པ་ནི་འདི་ལྟ་སྟེ། དམ་པ་མ་ཡིན་པའི་ཆོས་མཉན་པའི་རྗེས་སུ་འགྲོ་བ་དང༌། དམ་པའི་ཆོས་མཉན་པའི་རྗེས་སུ་འགྲོ་བའི་རྣམ་པར་རྟོག་པ་གང་ཡིན་པའོ། །ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ནི་འདི་ལྟ་སྟེ། དམ་པ་མ་ཡིན་པའི་ཆོས་མཉན་པ་ལས་བྱུང་བ་སྟེ། འདི་ལས་ཕྱིར་རོལ་པ་རྣམས་ཀྱི་རྣམ་པར་རྟོག་པའོ། །ཚུལ་བཞིན་གྱི་རྣམ་པར་རྟོག་པ་ནི་འདི་ལྟ་སྟེ། དམ་པའི་ཆོས་མཉན་པ་ལས་བྱུང་བ་སྟེ། ཆོས་འདི་པ་རྣམས་ཀྱི་རྣམ་པར་རྟོག་པའོ། །མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི་འདི་ལྟ་སྟེ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལས་བྱུང་བའི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བ་ལྟར་སོང་བ་དྲུག་ཅུ་རྩ་གཉིས་དང་མཚུངས་པར་ལྡན་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །རྣམ་པར་གཡེང་བའི་རྣམ་པར་རྟོག་པ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པ་རྣམ་པ་བཅུ་སྟེ། དངོས་པོ་མེད་པའི་མཚན་མའི་རྣམ་པར་གཡེང་བ་དང༌། དངོས་པོའི་མཚན་མའི་རྣམ་པར་གཡེང་བ་དང༌། སྒྲོ་འདོགས་པའི་རྣམ་པར་གཡེང་བ་དང༌། སྐུར་པ་འདེབས་པའི་རྣམ་པར་གཡེང་བ་དང༌། གཅིག་པ་ཉིད་དུ་རྣམ་པར་གཡེང་བ་དང༌། ཐ་དད་པ་ཉིད་དུ་རྣམ་པར་གཡེང་བ་དང༌། ངོ་བོ་ཉིད་དུ་རྣམ་པར་གཡེང་བ་དང༌། ཁྱད་པར་དུ་རྣམ་པར་གཡེང་བ་དང༌། མིང་ཇི་ལྟ་བ་བཞིན་དུ་དོན་དུ་རྣམ་པར་གཡེང་བ་དང། དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་གཡེང་བའོ། །དེ་ལ་དངོས་པོ་མེད་པར་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཉིད་དུ་ཡོད་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོར་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། བྱང་ཆུབ་སེམས་


DTG134_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའོ། །སྒྲོ་འདོགས་པའི་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའི་མིང་ཡང་དག་པར་རྗེས་སུ་མི་མཐོང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང༌། སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང༌། གཟུགས་ཡང་དག་པར་རྗེས་སུ་མི་མཐོང༌། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པའོ། །སྐུར་བ་འདེབས་པའི་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བའོ། །གཅིག་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །ཐ་དད་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། གཟུགས་ནི་སྟོང་པ་ཉིད་ལས་གཞན་པ་ཡང་མ་ཡིན་ཏེ། གཟུགས་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་གཟུགས་སོ་ཞེས་བྱ་བའོ། །ངོ་བོ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། །རབ་འབྱོར་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། ངོ་བོ་ཉིད་ནི་མི་སྐྱེ་མི་འགག །ཀུན་ནས་ཉོན་མོངས་པ་མ་ཡིན། །རྣམ་པར་བྱང་བ་མ་ཡིན་ནོ་ཞེས་བྱ་བའོ། །མིང་ཇི་ལྟ་བ་བཞིན་དུ་དོན་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། མིང་བཅོས་མ་ལ་ཆོས་དེ་དག་སོ་སོར་རྟོག་ནས་མིང་གློ་བུར་གྱིས་རྗེས་སུ་ཐ་སྙད་འདོགས་ཏེ། ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་མངོན་པར་ཞེན་ཏོ་ཞེས་བྱ་བའོ། །དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་མིང་དེ་དག་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཡང་དག་པར་རྗེས་སུ་མིང་མཐོང་བས་མངོན་པར་ཞེན་པ་མེད་དོ་ཞེས་བྱ་བ་སྟེ། དོན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བར་དགོངས་པའོ། །གཟུགས་ལ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཡང་སྦྱར་བར་བྱའོ། །རྣམ་པར་གཡེང་བ་བཅུ་པོ་འདི་དག་གི་གཉེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྟན་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་


DTG134_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པའི་དོན་མཐའ་དག་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་བཅས་པར་རིག་པར་བྱའོ། །གལ་ཏེ་རྣམ་གྲངས་ཀྱིས་གཞན་གྱི་དབང་གི་ངོ་བོ་ཉིད་གསུམ་ཡིན་དུ་ཟིན་ན། འོ་ན་ཇི་ལྟར་ངོ་བོ་ཉིད་དུ་གསུམ་བྱེ་བྲག་མེད་པར་མི་འགྱུར་ཞེས་ན། རྣམ་གྲངས་གང་གིས་གཞན་གྱི་དབང་ཡིན་པས་དེས་ཀུན་ཏུ་བརྟགས་པ་མ་ཡིན། ཡོངས་སུ་གྲུབ་པ་མ་ཡིན་ནོ། །རྣམ་གྲངས་གང་གིས་ཀུན་ཏུ་བརྟགས་པ་ཡིན་པ་དེས་གཞན་གྱིས་དབང་མ་ཡིན་ཡོངས་སུ་གྲུབ་པ་མ་ཡིན་ནོ། །རྣམ་གྲངས་གང་གིས་ཡོངས་སུ་གྲུབ་པ་གང་ཡིན་པ་དེས་གཞན་གྱི་དང་མ་ཡིན། ཀུན་བརྟགས་པ་མ་ཡིན་ནོ། །གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་དུ་ཇི་ལྟར་སྣང་བ་དེའི་བདག་ཉིད་མ་ཡིན་པར་ཅིས་མངོན་ཞེ་ན། མིང་གི་སྔ་རོལ་ན་བློ་མེད་པས་དེའི་བདག་ཉིད་དུ་འགལ་བ་དང༌། མིང་མང་པོས་བདག་མང་པོར་བ་དང༌། མིང་ངེས་པ་མེད་པས་བདག་འདྲེས་པར་འགལ་བ་ཉིད་ཀྱི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ། མིང་གི་སྔ་རོལ་བློ་མེད་ཕྱིར། །མང་བའི་ཕྱིར་དང་མ་ངེས་ཕྱིར། །དེ་ཡི་བདག་ཉིད་བདག་མང་དང༌། །བདག་འདྲེས་འགལ་བས་གྲུབ་པར་འགྱུར། །ཆོས་རྣམས་མེད་ལ་དམིགས་པ་དང༌། །ཀུན་ནས་ཉོན་མོངས་མེད་རྣམ་དག །སྒྱུ་མ་ལ་སོགས་པ་མེད་འདྲ་དང༌། །དེ་བཞིན་མཁའ་འདྲར་ཤེས་པར་བྱ། །ཇི་ལྟར་སྣང་བ་དེ་བཞིན་དུ་མེད་དུ་ཟིན་ན། གཞན་གྱི་དབང་གི་ངོ་བོ་ཉིད་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་ཅིའི་ཕྱིར་མི་འགྱུར། དེ་མེད་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མེད་དེ་ཐམས་ཅད་མེད་པ་ཉིད་དུ་ཇི་ལྟར་མི་འགྱུར་ཞེ་ན། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མེད་དུ་ཟིན་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནི་དམིགས་སོ། །དེ་ལྟ་བས་ན་ཐམས་ཅད་མེད་པ་མ་ཡིན་ནོ། །འདིར་ཚིགས་སུ་བཅད་པ། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ། །རྣམ་པ་ཀུན་ཏུ་ཡོད་མིན་ན། །ཀུན་ནས་ཉོན་མོངས་རྣམ་པར་དག །དུས་ཀུན་ཏུ་ནི་མེད་པར་འགྱུར། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་བསྟན་པ་གང་ཡིན་པའི་བསྟན་པ་དེར་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ཇི་ལྟར་རིག་པར་བྱ་ཞེ་ན། མེད་པའི་རྣམ་གྲངས་


DTG134_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པས་རིག་པར་བྱའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ཇི་ལྟར་རིག་པར་བྱ་ཞེ་ན། སྒྱུ་མ་དང༌། སྨིག་རྒྱུ་དང༌། རྨི་ལམ་དང༌། མིག་ཡོར་དང༌། གཟུགས་བརྙན་དང༌། བྲག་ཅ་དང༌། ཆུ་ཟླ་དང༌། སྤྲུལ་པ་ལྟ་བུར་རིག་པར་བྱའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཇི་ལྟར་རིག་པར་བྱ་ཞེ་ན། རྣམ་པར་བྱང་བའི་ཆོས་རྣམ་པ་བཞི་བསྟན་པས་རིག་པར་བྱ་སྟེ། རྣམ་པར་བྱང་བའི་ཆོས་རྣམ་པ་བཞི་ལ། རང་བཞིན་གྱིས་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དང༌། སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པ་དང༌། དོན་དམ་པ་སྟེ། ཆོས་ཀྱི་དབྱིངས་ཀྱང་དེ་ཡིན་ནོ། །དྲི་མ་མེད་པར་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། དེ་ཉིད་སྒྲིབ་པ་ཐམས་ཅད་དང་མི་ལྡན་པའོ། །དེ་ཐོབ་པའི་ལམ་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་དང༌། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དེ་བསྐྱེད་པའི་ཕྱིར་དམིགས་པ་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོའི་དམ་པའི་ཆོས་བསྟན་པ་སྟེ། འདི་ལྟར་དེ་ནི་རྣམ་པར་བྱང་བའི་རྒྱུ་ཡིན་པའི་ཕྱིར་ཀུན་ཏུ་བརྟགས་པ་མ་ཡིན་ནོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པས་གཞན་གྱི་དབང་མ་ཡིན་ནོ། །རྣམ་པ་བཞི་པོ་འདི་དག་གིས་རྣམ་པར་བྱང་བའི་ཆོས་ཐམས་ཅད་བསྡུས་པ་ཡིན་ནོ། །འདིར་ཚིགས་སུ་བཅད་པ། བྱུང་རྟེན་སྒྱུ་མ་ལ་སོགས་བསྟན། །རྟགས་ལ་བརྟེན་ནས་མེད་པ་བསྟན། །རྣམ་པར་དག་པ་བཞི་བརྟེན་ནས། །ཡོངས་སུ་གྲུབ་པ་བསྟན་པ་ཡིན། །དག་པ་དེ་ནི་རང་བཞིན་དང༌། །དྲི་མ་མེད་པ་དང་ལམ་དང་དམིགས། །རྣམ་པར་དག་པའི་ཆོས་ཀྱི་རྣམས། །རྣམ་པ་བཞི་པོས་བསྡུས་པ་ཡིན། །གཞན་གྱི་དབང་གི་ངོ་བོ་ཉིད་ཅིའི་ཕྱིར་ཇི་སྐད་སྨོས་པའི་སྒྱུ་མ་ལ་སོགས་པ་ལྟ་བུར་བསྟན་ཞེ་ན། གཞན་གྱི་དབང་གི་ངོ་བོ་ཉིད་ལ་གཞན་དག་ནོར་བ་ཉིད་དུ་སོམ་ཉི་ཟ་བ་བཟློག་པའི་ཕྱིར་རོ། །གཞན་གྱི་དབང་གི་ངོ་བོ་ཉིད་ལ་གཞན་དག་ཇི་ལྟར་ནོར་བ་ཉིད་དུ་སོམ་ཉི་ཟ་བར་འགྱུར་ཞེ་ན། འདི་ལྟར་གཞན་དག་འདི་སྙམ་དུ་དོན་མེད་པ་ཇི་ལྟར་སྤྱོད་ཡུལ་དུ་འགྱུར་སྙམ་དུ་སེམས་པ་དེ་དག་གི་སོམ་ཉི་ཟ་བ་དེ་བཟློག་པའི་ཕྱིར་སྒྱུ་མ་ལྟ་བ་ཉིད་དོ། །སེམས་དང་སེམས་ལས་བྱུང་བ་དོན་མེད་པ་རྣམས་ཇི་


DTG134_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དབྱུང་སྙམ་དུ་སོམ་ཉི་ཟ་བ་བཟློག་པའི་ཕྱིར་སྨིག་རྒྱུ་ལྟ་བུ་ཉིད་དོ། །དོན་མེད་ན་འདོད་པ་དང་མི་འདོད་པའི་ཉེར་བར་སྤྱོད་པར་ཇི་ལྟར་འགྱུར་སྙམ་དུ་སོམ་ཉི་ཟ་བ་བཟློག་པའི་ཕྱིར་རྨི་ལམ་ལྟ་བུ་ཉིད་དོ། །དོན་མེད་ན་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་འབྲས་བུ་འདོད་པ་དང་མི་འདོད་པ་ཇི་ལྟར་མངོན་པར་འགྲུབ་པར་འགྱུར་སྙམ་དུ་སོམ་ཉི་ཟ་བ་བཟློག་པའི་ཕྱིར་གཟུགས་བརྙན་ལྟ་བུ་ཉིད་དོ། །དོན་མེད་ན་ཇི་ལྟར་རྣམ་པར་ཤེས་པ་སྣ་ཚོགས་འབྱུང་སྙམ་དུ་སོམ་ཉི་ཟ་བ་བཟློག་པའི་ཕྱིར་མིག་ཡོར་ལྟ་བུ་ཉིད་དོ། །དོན་མེད་ན་ཇི་ལྟར་ཐ་སྙད་བརྗོད་པ་སྣ་ཚོགས་འབྱུང་སྙམ་དུ་སོམ་ཉི་ཟ་བ་བཟློག་པའི་ཕྱིར་གྲག་ཅ་ལྟ་བུ་ཉིད་དོ། །དོན་མེད་ན་ཇི་ལྟར་ཡང་དག་པར་འཛིན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་འབྱུང་སྙམ་དུ་སོམ་ཉི་ཟ་བ་བཟློག་པའི་ཕྱིར་ཆུ་ཟླ་ལྟ་བུ་ཉིད་དོ། །དོན་མེད་ན་བྱང་ཆུབ་སེམས་དཔའ་སེམས་ཕྱིན་ཅི་མ་ལོག་པ་རྣམས་སེམས་ཅན་གྱི་བྱ་བ་སྒྲུབ་པའི་ཕྱིར་བསམས་བཞིན་དུ་ཇི་ལྟར་སྐྱེ་སྙམ་དུ་སོམ་ཉི་ཟ་བ་བཟློག་པའི་ཕྱིར་སྤྲུལ་པ་ལྟ་བུ་ཉིད་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ཏེ། ཚངས་པས་ཞུས་པ་ལས་དེ་བཞིན་གཤེགས་པས་འཁོར་བ་ཡང་མི་དམིགས། མྱ་ངན་ལས་འདས་པ་ཡང་མི་དམིགས་ཞེས་བསྟན་ཞེ་ན། གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་ཏུ་བརྟགས་པ་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་ཉིད་བྱེ་བྲག་མེད་པ་ལས་དགོངས་ནས་བསྟན་ཏེ། འདི་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ཉིད་ཀུན་ཏུ་བརྟགས་པའི་ཆོས་ནི་འཁོར་བའོ། །ཡོངས་སུ་གྲུབ་པའི་ཆོས་ནི་མྱ་ངན་ལས་འདས་པའོ། །ཆོས་མངོན་པའི་མདོ་ལས་ཆོས་ཉི་གསུམ་སྟེ། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌། དེ་གཉི་གའི་ཆར་གཏོགས་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་ཅི་ལས་དགོངས་ཏེ་གསུངས་ཤེ་ན། གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ཡོད་པ་ནི་ཀུན་ནས་ཉོན་མོངས་པའི་ཐར་གཏོགས་པའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡོད་པ་ནི་རྣམ་པར་བྱང་བའི་ཆར་གཏོགས་པའོ། །གཞན་གྱི་དབང་དེ་ཉིད་ནི་དེ་གཉི་གའི་ཆར་གཏོགས་པ་སྟེ། འདི་ལ་དགོངས་ནས་བཀའ་སྩལ་ཏོ། །དོན་འདི་ལ་དཔེ་ཅི་ཡོད་ཅེ་ན། དཔེ་ནི་ས་ཁོང་ན་གསེར་ཡོད་པ་སྟེ། དཔེར་ན་ས་ཁོང་ན་གསེར་ཡོད་པ་ལ་ནི་སའི་


DTG134_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་ས་དང་གསེར་དང་གསུམ་དམིགས་སོ། །དེ་ལ་སའི་ཁམས་ལ་ནི་མེད་པའི་ས་དམིགས་ལ། ཡོད་པའི་གསེར་ནི་མི་དམིགས་ཏེ། འདི་ལྟར་མེས་རེག་ནས་ནི་མི་སྣང་ལ་གསེར་ནི་སྣང་ངོ༌། །སའི་ཁམས་ནི་སར་སྣང་བ་ལ་ལོག་པར་སྣང་ངོ༌། །གསེར་དུ་སྣང་བ་ན་དེ་བཞིན་དུ་སྣང་ངོ༌། །དེ་བས་ན་སའི་ཁམས་ནི་གཉི་གའི་ཆར་གཏོགས་པའོ། །དེ་བཞིན་དུ་རྣམ་པར་རིག་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེས་མ་རེག་པ་ན། རྣམ་པར་རིག་པ་དེ་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་སྣང་གི །ཡང་དག་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་ནི་མི་སྣང་ལ། རྣམ་པར་ཤེས་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེས་རེག་པ་ན། རྣམ་པར་རིག་པ་དེ་ཡང་དག་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་སྣང་གི །ལོག་པར་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་དུ་ནི་མི་སྣང་ངོ༌། །དེ་ལྟ་བས་ན་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པའི་རྣམ་པར་རིག་པས་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ནི་གཉི་གའི་ཆར་གཏོགས་པ་ཡིན་ཏེ། ས་ཁོང་ན་གསེར་ཡོད་པ་ལ་སའི་ཁམས་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ལ་ལར་ནི་ཆོས་ཐམས་ཅད་རྟག་གོ་ཞེས་བསྟན། ལ་ལར་ནི་མི་རྟག་གོ་ཞེས་བསྟན། ལ་ལར་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ་ཞེས་བསྟན་པ་ཅི་ལས་དགོངས་ཏེ་རྟག་པ་ཞེས་བསྟན་ཞེ་ན། གཞན་གྱི་དབང་གི་ངོ་བོ་ཉིད་ཡོངས་སུ་གྲུབ་པའི་ཆས་རྟག་པའོ། །ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་ཀྱི་ཆས་མི་རྟག་པའོ། །གཉི་གའི་ཆས་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་འདི་ལས་དགོངས་ནས་བསྟན་ཏོ། །ཇི་ལྟར་རྟག་པ་དང་མི་རྟག་པ་དང་གཉིས་སུ་མེད་པ་དེ་བཞིན་དུ། བདེ་བ་དང་སྡུག་བསྔལ་བ་དག་ཀྱང་གཉིས་སུ་མེད་པ་དང༌། དགེ་བ་དང་མི་དགེ་བ་དག་ཀྱང་གཉིས་སུ་མེད་པ་དང༌། སྟོང་པ་དང་མི་སྟོང་པ་དང་གཉིས་སུ་མེད་པ་དང༌། བདག་དང་བདག་མེད་པ་དང་གཉིས་སུ་མེད་པ་དང༌། ཞི་བ་དང་མ་ཞི་བ་དང་གཉིས་སུ་མེད་པ་དང༌། ངོ་བོ་ཉིད་ཡོད་པ་དང་ངོ་བོ་ཉིད་མེད་པ་དང་གཉིས་སུ་མེད་པ་དང༌། སྐྱེས་པ་དང་མ་སྐྱེས་པ་དང་གཉིས་སུ་མེད་པ་དང༌། འགགས་པ་དང་མ་འགགས་པ་དང་གཉིས་སུ་མེད་པ་དང༌། གཟོད་མ་ནས་ཞི་བ་དང་གཟོད་མ་ནས་མ་ཞི་བ་དང་གཉིས་སུ་མེད་པ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང༌། རང་བཞིན་གྱིས་


DTG134_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་མ་འདས་པ་དང་གཉིས་སུ་མེད་པ་དང༌། འཁོར་བ་དང་མྱ་ངན་ལས་འདས་པ་དག་ཀྱང་གཉིས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་དབྱེ་བ་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལྡེམ་པོ་དག་ཐམས་ཅད་རྟག་པ་དང་མི་རྟག་པ་ལ་སོགས་པའི་རྣམ་གྲངས་སྟན་པ་བཞིན་དུ། ངོ་བོ་ཉིད་གསུམ་ཡིན་པ་དག་ཏུ་ཁོང་དུ་ཆུད་པར་བྱའོ། །འདིར་ཚིགས་སུ་བཅད་པ། ཇི་ལྟར་ཆོས་རྣམས་ཡོད་མིན་ཞིང༌། །ཇི་ལྟར་རྣམ་པ་དུ་མར་སྣང༌། །དེ་བཞིན་ཆོས་དང་ཆོས་མེད་པ། །གཉིས་སུ་མེད་པའི་དོན་དུ་བསྟན། །ཆ་རེས་དེ་དག་མེད་པ་དང༌། །ཡོད་པ་ཞེས་ནི་རབ་ཏུ་བསྟན། །གཉི་གའི་ཆས་ནི་ཡོད་མིན་ཞིང༌། །མེད་པའང་མིན་ཞེས་བརྗོད་པ་མཛད། །ཇི་ལྟར་སྣང་བ་དེ་བཞིན་མེད། །དེ་ཕྱིར་མེད་ཅེས་བརྗོད་པ་མཛད། །གང་ཕྱིར་དེ་ལྟར་སྣང་གྱུར་པ། །དེ་ཕྱིར་ཡོད་ཅེས་བརྗོད་པ་མཛད། །རང་དང་བདག་ཉིད་མེད་པའི་ཕྱིར། །རང་གི་དངོས་ལ་མི་གནས་ཕྱིར། །གཟུང་བ་བཞིན་དུ་དེ་མེད་ཕྱིར། །ངོ་བོ་ཉིད་མེད་དུ་བཞེད་པ། །ངོ་བོ་ཉིད་ནི་མེད་པ་ཡིས། །ཕྱི་མ་ཕྱི་མ་བརྟེན་བྱས་ཏེ། །སྐྱེ་མེད་འགག་མེད་གཟོད་ཞི་དང༌། །རང་བཞིན་མྱ་ངན་འདས་པར་གྲུབ། །ཡང་དགོངས་པ་བཞིན་དང་ལྡེམ་པོར་དགོངས་པ་བཞིས་སངས་རྒྱས་ཀྱི་གསུང་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །མཉམ་པ་ཉིད་ལ་དགོངས་པ་ནི་འདི་ལྟ་སྟེ། ད་ཉིད་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་བྱ་བ་ལྟ་བུའོ། །དུས་གཞན་ལ་དགོངས་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རིན་ཆེན་མང་གི་མཚན་བཟུང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་བྱ་བ་ལྟ་བུ་དང་སྨོན་ལམ་བཏབ་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་བདེ་བ་ཅད་དུ་སྐྱེ་བར་འགྱུར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དོན་གཞན་ལ་དགོངས་པ་ནི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་ལ་བསྙེན་བཀུར་བྱས་ན་ཐེག་པ་ཆེན་པོའི་ཆོས་ཀྱི་དོན་ཁོང་དུ་ཆུད་པར་འགྱུར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི་འདི་ལྟ་སྟེ། གང་ཟག་ཁ་ཅིག་ལ་སྦྱིན་པ་བསྔགས་ལ། དེ་ཉིད་ལ་བསྔགས་པ་མ་ཡིན་པའང་གསུངས་པ་དང༌། སྦྱིན་པ་ཇི་ལྟ་བར་ཚུལ་ཁྲིམས་དང་


DTG134_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ཁ་ཅིག་ཀྱང་དེ་བཞིན་དུ། འདི་ནི་དགོངས་པ་རྣམ་པ་བཞིའོ། །ཡང་ལྡེམ་པོར་དགོངས་པ་བཞི་སྟེ། གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའམ། ཐེག་པ་ཆེན་པོར་གང་ཟག་དང་ཚོས་ཀྱི་ངོ་བོ་ཉིད་དང་ཁྱད་པར་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ་བསྟན་པའོ། །མཚན་ཉིད་ལ་ལྡན་པོར་དགོངས་པ་ནི་གང་དུ་ཆོས་ཀྱི་མཚན་ཉིད་བསྟན་པས་ངོ་བོ་ཉིད་དུ་གསུམ་པོ་དག་སྟོན་པའོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། གང་དུ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་བསྟན་པའོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་གང་དུ་སྒྲས་དོན་གཞན་དུ་བརྗོད་ལ། དོན་ཉིད་གཞན་དུ་སྟོན་པ་སྟེ། འདིར་ཚིགས་སུ་བཅད་པ། སྙིང་པོ་མེད་པ་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཉོན་མོངས་ཀུན་ནས་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཐེག་པ་ཆེན་པོའི་ཆོས་འཆད་པར་འདོད་པས་མདོར་བསྡུ་ན་རྣམ་པ་གསུམ་གྱིས་བཤད་པར་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཀྱི་མཚན་ཉིད་བསྟན་པ་དང༌། བཤད་ཟིན་པའི་དོན་བསྟན་པས་བཤད་པར་བྱའོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་ནི། ཆོས་རྣམས་བརྗོད་པའི་བག་ཆགས་ལས་བྱུང་སྟེ་དེ་དག་ཉིད་ལས་དེ་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། རྣམ་པར་སྨིན་པ་དང་འཇུག་པའི་རྣམ་པར་ཤེས་པ་དག་ཕན་ཚུན་དུ་རྐྱེན་དུ་གྱུར་པས་འབྱུང་བའི་ཕྱིར་རོ། །འཇུག་པའི་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ཆོས་དེ་དག་ནི་རྒྱུ་མཚན་དང་ལྟ་བ་དང་བཅས་པའི་རྣམ་པར་རིག་པའི་ངོ་བོ་ཉིད་དོ། །དེ་དག་ཀྱང་གནས་ཀྱི་མཚན་ཉིད་དང༌། ཀུན་བརྟགས་པའི་མཚན་ཉིད་དང༌། ཆོས་ཉིད་ཀྱི་མཚན་ཉིད་དོ། །འདིས་ནི་ངོ་བོ་ཉིད་གསུམ་གྱི་མཚན་ཉིད་བསྟན་པ་ཡིན་ཏེ། རྒྱུ་མཚན་ལྟ་དང་བཅས་པ་ལས། །དེ་དག་མཚན་ཉིད་གསུམ་ཤེས་བྱ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་དག་གི་མཚན་ཉིད་ཇི་ལྟར་བཤད་པར་བྱ་ཞེ་ན། གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ནི་མེད་ལ། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་དེ་ན་ཡོད་ན། དེ་ཁོ་ན་མ་མཐོང་བ་དང་མཐོང་བས་དུས་གཅིག་ཏུ་དེ་གཉི་ག་ཡོད་པ་དང་མེད་པར་མི་དམིགས་པའམ་དམིགས་པའོ། །གཞན་གྱི་དབང་གི་ངོ་བོ་


DTG134_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ཀུན་བརྟགས་པ་མེད་པ་དང་ཡོངས་སུ་གྲུབ་པ་ཡོད་པའི་ཕྱིར་འབྱུང་སྟེ། དེ་དམིགས་པ་ན་དེ་མི་དམིགས་པའི་ཕྱིར་རོ། །དེ་མི་དམིགས་པ་ན་དེ་དམིགས་པའི་ཕྱིར་རོ། །གཞན་དབང་ལ་ནི་བརྟགས་པ་མེད། །ཡོངས་སུ་གྲུབ་པ་དེ་ན་ཡོད། །དེ་ཕྱིར་དེ་ལ་གཉི་ག་ཡང༌། །མི་དམིགས་དམིགས་པ་མཉམ་པ་ཡིན། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །བཤད་ཟིན་པ་དོན་བཤད་པ་གང་ཞེ་ན། འདི་ལྟ་སྟེ། ཚིག་སྔར་བཤད་ཟིན་པའི་ཚིག་ལྷག་མ་རྣམས་ཀྱིས་དེ་ཡོན་ཏན་གྱི་དབང་དུ་བྱ་བའོ། དོན་གྱི་དབང་དུ་བྱ་བས་རྣམ་པར་ཕྱེ་སྟེ་བསྟན་པའོ། །ཡོན་ཏན་གྱི་དབང་དུ་བྱ་བ་ནི། འདི་ལྟ་སྟེ། ཤིན་ཏུ་རྣམ་པར་དག་པའི་བློ་མངའ་བ་ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ། སངས་རྒྱས་ཀྱི་གནས་པས་གནས་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ། སྒྲིབ་པ་མི་མངའ་བས་རྟོགས་པར་ཐུགས་སུ་ཆུད་པ། ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ། སྤྱོད་ཡུལ་གྱིས་མི་འཕྲོགས་པ། རྣམ་པར་གཞག་པ་བསམ་གྱིས་མི་ཁྱབ་པ། དུས་གསུམ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་སྐུ་དང་ལྡན་པ། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའི་ཡེ་ཤེས་མངའ་བ། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ། ཆོས་མཁྱེན་པ་ལ་ནེམ་ནུར་མེད་པ། རྣམ་པར་མ་བརྟགས་པའི་སྐུ་མངའ་བ། ཡེ་ཤེས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡང་དག་པར་མོས་པ། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ། དེ་བཞིན་གཤེགས་པ་མ་འདྲེས་པའི་རྣམ་པར་ཐར་པར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ། མཐའ་དང་དཔུང་མེད་པའི་སངས་རྒྱས་ཀྱི་ས་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ། ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱིན་མའི་མཐའི་མུར་ཐུག་པ་ཞེས་སངས་རྒྱས་ཀྱི་ཡོན་ཏན་རྣམས་བསྟན་པའོ། ཤིན་ཏུ་རྣམ་པར་དག་པའི་བློ་མངའ་བ་ཞེས་བྱ་བའི་ཚིག་འདིའི་རྣམ་པར་དབྱེ་བ་ནི་ཚིག་ལྷག་མ་རྣམས་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་ན་ཆོས་ཉིད་ལེགས་པར་བཤད་པ་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པའི་བློ་མངའ་བ་ཞེས་བྱ་བ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བློ་ཤིན་ཏུ་རྣམ་པར་དག་པ་


DTG134_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཡོན་ཏན་བཅུ་དགུས་བསྡུས་པར་རིག་པར་བྱ་སྟེ། ཤེས་བྱ་ལ་ཤིན་ཏུ་སྒྲིབ་པ་མེད་པར་འཇུག་པའི་ཡོན་ཏན་དང༌། ཡོད་པ་དང་མེད་པ་གཉིས་སུ་མེད་པའི་མཚན་ཉིད་དེ་བཞིན་ཉིད་མཆོག་ཏུ་རྣམས་པར་དག་པ་ཤེས་པར་མཛད་པའི་ཡོན་ཏན་དང༌། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་རྒྱུན་མི་གཅོད་པར་གནས་པའི་ཡོན་ཏན་དང༌། ཆོས་ཀྱི་སྐུ་ལ་གནས་པ་དང་དགོངས་པ་དང༌། ཕྲིན་ལས་ཐ་དད་པ་མེད་པའི་ཡོན་ཏན་དང༌། སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བསྒོམས་པའི་ཡོན་ཏན་དང༌། མུ་སྟེགས་ཅན་ཐམས་ཅད་ཀྱིས་མི་ཐུབ་པའི་ཡོན་ཏན་དང༌། འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་པའི་ཆོས་ཀྱིས་མི་འཕྲོགས་པའི་ཡོན་ཏན་དང༌། ཆོས་རྣམ་པར་གཞག་པའི་ཡོན་ཏན་དང༌། ལུང་སྟོན་པའི་ཡོན་ཏན་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་previous hit ལོངསསྤྱོདརྫོགས next hit་དང་སྤྲུལ་པའི་སྐུ་སྟོན་པའི་ཡོན་ཏན་དང༌། ཐེ་ཚོམ་གཅོད་པའི་ཡོན་ཏན་དང༌། སྤྱོད་པ་སྣ་ཚོགས་ཀྱིས་འཇུག་པར་མཛད་པའི་ཡོན་ཏན་དང༌། ཕྱི་མ་ལ་ཆོས་འབྱུང་བ་མཁྱེན་པའི་ཡོན་ཏན་དང༌། མོས་པ་ཇི་ལྟ་བ་བཞིན་དུ་སྟོན་པའི་ཡོན་ཏན་དང༌། སྐུ་དཔག་ཏུ་མེད་པས་སེམས་ཅན་འདུལ་བར་སྦྱོར་བའི་ཡོན་ཏན་དང༌། ཆོས་ཀྱི་སྐུ་མཉམ་པ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་འགྲུབ་པའི་ཡོན་ཏན་དང། མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་མ་འདྲེས་པ་སྟོན་པའི་ཡོན་ཏན་དང༌། སངས་རྒྱས་ཀྱི་སྐུ་གསུམ་གྱི་ཡུལ་ཡོངས་སུ་མ་ཆད་པའི་ཡོན་ཏན་དང༌། འཁོར་བའི་མཐའ་ཇི་ཙམ་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བ་ཉེ་བར་གནས་པའི་ཡོན་ཏན་དང༌། མི་ཟད་པ་ཉིད་ཀྱི་ཡོན་ཏན་རྣམས་ཀྱིས་བསྡུས་སོ། །དོན་གྱི་དབང་དུ་བྱ་བ་ནི་ཡང་བྱང་ཆུབ་སེམས་དཔའ་ཆོས་སུམ་ཅུ་རྩ་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྟེ། སུམ་ཅུ་རྩ་གཉིས་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཛུད་པ་དང་བདག་ཅི་རི་ཞེས་ཡོངས་སུ་ཤེས་པ་དང༌། ང་རྒྱལ་བཅོམ་པ་དང༌། ལྷག་པའི་བསམ་པ་བརྟན་པ་དང༌། བཅོས་མ་མ་ཡིན་པར་བྱམས་པ་དང༌། མཛའ་བ་དང་མི་མཛའ་བ་ལ་སེམས་སྙོམས་པ་དང༌། མྱ་ངན་ལས་འདས་པའི་མཐོང་བར་དུ་གཏན་དུ་


DTG134_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

མཛའ་བ་དང༌། ཚིག་རན་པ་དང༌། འཛུམ་པའི་བཞིན་གྱིས་གསོང་པོར་སྨྲ་བ་དང༌། སྙིང་རྗེ་ཆེན་པོ་ཡོངས་སུ་མ་ཆད་པ་དང༌། ཁུར་བླངས་པ་རྣམས་ལ་སྐྱིད་ལུག་པ་མེད་པ་དང༌། ཡིད་ཡོངས་སུ་མི་སྐྱོ་བ་དང༌། ཐོས་པ་དང་དོན་གྱིས་ངོམས་མི་མྱོང་བ་དང༌། བདག་གི་འཁྲུལ་པ་རྣམས་ལ་ཉེས་པར་ལྟ་བ་དང༌། བཞིན་གྱི་འཁྲུལ་པ་རྣམས་ལ་མི་གཤེ་བར་བསྒོ་བ་དང༌། སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བར་བྱེད་པ་དང༌། རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་དང༌། སྲིད་པའི་འགྲོ་བར་སྐྱེ་བ་ཐམས་ཅད་ལ་མི་གནས་པའི་ཚུལ་ཁྲིམས་དང༌། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་དང༌། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་པའི་བརྩོན་འགྲུས་དང༌། གཟུགས་མེད་པའི་ཁམས་རྣམ་པར་བསྩལ་བའི་བསམ་གཏན་དང༌། ཐབས་དང་ལྡན་པའི་ཤེས་རབ་དང༌། བསྡུ་བའི་དངོས་པོ་བཞིས་ཟིན་པའི་ཐབས་དང༌། ཚུལ་ཁྲིམས་དང་ལྡན་པ་རྣམས་དང༌། ཚུལ་ཁྲིམས་འཆལ་པ་རྣམས་ལ་གཉིས་སུ་མེད་པའི་བྱམས་པ་དང༌། གུས་པར་བྱས་ཏེ་ཆོས་ཉན་པ་དང༌། གུས་པར་བྱས་ཏེ་དགོན་པར་གནས་པ་དང༌། འཇིག་རྟེན་གྱི་སྣ་ཚོགས་དག་ལ་མི་དགའ་བ་དང༌། ཐེག་པ་དམན་པ་མི་འདོད་པ་དང༌། ཐེག་པ་ཆེན་པོའི་ཕན་ཡོན་ལ་ལྟ་བ་དང༌། སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བ་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་བ་དང༌། ཚངས་པའི་གནས་པ་བཞིན་ཡོངས་སུ་སྤོངས་བ་དང༌། མངོན་པར་ཤེས་པ་ལྔས་རྣམ་པར་རྩེན་བ་དང༌། ཡེ་ཤེས་ལ་རྟོན་པ་དང༌། སྒྲུབ་པ་དང་ལོག་པར་སྒྲུབ་པ་ལ་གནས་པའི་སེམས་ཅན་རྣམས་མི་གཏོང་བ་དང༌། ཚིག་གཅིག་ཏུ་ཆད་པ་དང༌། བདེན་པ་གཅེས་སུ་བྱེད་པ་དང༌། བྱང་ཆུབ་ཀྱི་སེམས་དེ་སྔོན་དུ་འགྲོ་བ་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། ཚིག་འདི་རྣམས་ཀྱིས་ཀྱང་ཚིག་དང་པོ་རབ་ཏུ་དབྱེ་བར་རིག་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་ཞེས་བྱ་བ་ལ་ཕན་པ་དང༌། བདེ་བར་བྱ་བའི་ལྷག་པའི་བསམ་པའི་ཚིག་འདི་ནི་ལས་བཅུ་དྲུག་གིས་རབ་ཏུ་དབྱེ་བར་རིག་པར་བྱ་སྟེ། དེ་ལ་ལས་བཅུ་དྲུག་ནི་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྦྱོར་བའི་ལས་དང༌། ཕྱིན་ཅི་ལོག་མེད་པའི་ལས་དང༌། གཞན་གྱིས་བྱེད་དུ་མ་བཅུག་པར་བདག་ཉིད་སྦྱོར་བའི་ལས་དང༌། མི་འཁྲུགས་


DTG134_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་དང༌། ཟང་ཟིང་དང་མ་འདྲེས་པ་དང༌། ཕན་འདོགས་པ་དང༌། གནོད་པ་བྱེད་པ་ལ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་མེད་པ་དང༌། ཚེ་རབས་གཞན་དུ་ཡང་རྗེས་སུ་འཇུག་པ་དང༌། ཚིག་གསུམ་གྱིས་ཟང་ཟིང་མེད་པའི་ལས་དང༌། ཚིག་གཉིས་ཀྱིས་དེ་དང་མཐུན་པའི་ངག་དང༌། ལུས་ཀྱི་ལས་དང༌། བདེ་བ་དང༌། སྡུག་བསྔལ་གཉིས་སུ་མེད་པར་མཉམ་པ་ཉིད་ཀྱི་ལས་དང༌། མི་ཞུམ་པའི་ལས་དང༌། མི་བཟློག་པའི་ལས་དང༌། ཐབས་ཡོངས་སུ་འཛིན་པའི་ལས་དང༌། ཚིག་གཉིས་ཀྱིས་མི་མཐུན་པའི་ཕྱོགས་ལས་འདུན་པ་བཟློག་པའི་ལས་དང༌། རྒྱུན་མི་འཆད་པར་དེ་ཡིད་ལ་བྱེད་པའི་ལས་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་སྦྱོར་བ་དང༌། བསྡུ་བའི་དངོས་པོ་ལ་སྦྱོར་བ་དང༌། ཚིག་བདུན་གྱིས་ཁྱད་པར་དུ་འགྲོ་བའི་ལས་དང༌། སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། དམ་པའི་ཆོས་ཉན་པ་དང༌། དགོན་པ་ལ་གནས་པ་དང། རྣམ་པར་རྟོག་པ་བཟང་པོ་མ་ཡིན་པ་ཡོངས་སུ་སྤོང་བ་དང༌། གཉིས་ཀྱིས་ཡིད་ལ་བྱེད་པའི་ཡོན་ཏན་དང༌། གཉིས་ཀྱིས་གྲོགས་ཀྱི་ཡོན་ཏན་དང༌། ཚིག་དྲུག་གིས་གྲུབ་པར་སྦྱོར་བའི་ལས་དང༌། ཚད་མེད་པ་ཡོངས་སུ་དག་པ་དང༌། མཐུ་ཐོབ་པ་དང༌། རྟོགས་པའི་ཡོན་ཏན་དང༌། ཚིག་གསུམ་གྱིས་གྲུབ་པའི་ལས་དང༌། ཚོགས་ཡོངས་སུ་སྡུད་པའི་ཡོན་ཏན་དང༌། ཐེ་ཚོམ་མེད་པར་འདོམས་ཤིང་རྗེས་སུ་སྟོན་པ་དང༌། གཅིག་ནི་ཆོས་དང་ཟང་ཟིང་གིས་སྡུད་པ་དང༌། སེམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང༌། ཚིག་བཞིས་དེས་འཇོག་པའི་ལས་དང༌། ཚིག་འདི་རྣམས་ཀྱིས་ཚིག་དང་པོ་རབ་ཏུ་དབྱེ་བར་རིག་པར་བྱ་སྟེ། དང་པོའི་ཚིག་ནི་ཉེར་བཟུང་ནས། །ཚིག་དབྱེ་ཡོན་ཏན་རྗེས་སུ་འགྲོ། །དང་པོའི་ཚིག་ནི་ཉེར་བཟུང་ནས། །ཐ་དད་དོན་གྱིས་ཐ་དད་ཚིག །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །ཐེག་པ་ཆེན་པོ་བསྡུས་པ་ལས་ཤེས་བྱའི་མཚན་ཉིད་དེ་ལེའུ་གཉིས་པ་རྫོགས་སོ།། །།བམ་པོ་གསུམ་པ། ཤེས་བྱའི་མཚན་ཉིད་དེ་ལྟར་བཤད་པ་ལ་ཤེས་བྱའི་མཚན་ཉིད་ལ་འཇུག་པ་ཇི་ལྟར་བལྟ་ཞེ་ན། མང་དུ་ཐོས་པས་བསྒོས་པའི་གནས། ཀུན་གཞི་རྣམ་པར་ཤེས་པས་བསྡུས་པ་མ་ཡིན་ལ། ཀུན་གཞི་རྣམ་པར་ཤེས་པ་


DTG134_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པ་ཆོས་དང་དོན་སྣང་བ་འབྱུང་བའི་ཚུལ་ཅན་གཟུང་བའི་དངོས་པོའི་གནས་ལྟ་བུ་ལྟ་བ་དང་བཅས་པའི་ཡིད་ཀྱི་རྗོད་པ་རྣམས་ཀྱི་ས་བོན་ཡིན་པའོ། །འདི་ལ་ཤེས་བྱའི་མཚན་ཉིད་ལ་འཇུག་པ་སུ་ཞེ་ན། སེམས་ཀྱི་རྒྱུད་ཐེག་པ་ཆེན་པོའི་ཆོས་མང་དུ་ཐོས་པས་བསྒོས་པ། སངས་རྒྱས་འབྱུང་བ་ཚད་མེད་པ་མཉེས་པར་བྱ་བ་ཐོབ་པ་གཅིག་ཏུ་མོས་པ་ཅན་དགེ་བའི་རྩ་བ་ལེགས་པར་བསགས་པའི་ཕྱིར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་པའི་བྱང་ཆུབ་སེམས་དཔའོ། །གང་དུ་འཇུག་ཅེ་ན་ལྟ་བ་དང་བཅས་པའི་ཆོས་དང་དོན་སྣང་བའི་ཡིད་ཀྱི་བརྗོད་པ་ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱུ་ལས་བྱུང་བ་དེ་ཉིད་ལ་མོས་པས་སྤྱོད་པའི་ས་དང༌། མཐོང་བའི་ལམ་དང༌། བསྒོམ་པའི་ལམ་དང༌། མཐར་ཕྱིན་པའི་ལམ་ལ་འཇུག་སྟེ། ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་རྗེས་སུ་སྒྲོགས་པ་ལ་མོས་པ་དང༌། ཇི་ལྟ་བ་བཞིན་དུ་དེ་རབ་ཏུ་རྟོགས་པ་དང༌། སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་སྒོམ་པ་དང༌། སྒྲིབ་པ་མེད་པའི་ཕྱིར་རོ། །ཇི་ལྟར་གང་གིས་འཇུག་ཅེ་ན། དགེ་བའི་རྩ་བའི་སྟོབས་བསྐྱེད་པ་དང༌། རྣམ་པ་གསུམ་གྱིས་སེམས་སྦྱོང་བ་དང༌། གནས་བཞི་སྤོང་བ་དང༌། ཆོས་དང་དོན་ལ་དམིགས་པའི་ཞི་གནས་དང༌། ལྷག་མཐོང་བསྒོམ་པ་རྟག་ཏུ་དང་གུས་པར་བྱས་ཏེ་སྦྱོར་བ་ལ་དང་བག་ཡོད་པས་འཇུག་གོ །འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་ཀྱི་མིར་གྱུར་པའི་སེམས་ཅན་དཔག་ཏུ་མེད་པ་དག་སྐད་ཅིག་གཅིག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ་སྙམ་པ་ནི་སེམས་སྦྱོང་བ་དང་པོའོ། །བསམ་པ་གང་གིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཀུན་ཏུ་སྤྱོད་པའི་བསམ་པ་དེ་དག་གིས་ཐོབ་སྟེ། དེས་བདག་ཚེགས་ཆུང་ངུས་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་སྙམ་པ་ནི་སྦྱོང་བ་གཉིས་པའོ། །དགེ་བ་སྒྲིབ་པ་དང་བཅས་པ་ཡང་དགེ་བའི་ཆོས་རྣམས་དང་ལྡན་ན་འཕྲལ་དུ་ཤི་ལ། འབྲལ་དུ་འདོད་པ་བཞིན་དུ་ལུས་ཐམས་ཅད་ཕུན་སུམ་ཚོགས་པར་སྐྱེ་ན། བདག་དགེ་བ་སྒྲིབ་པ་མེད་པའི་དགེ་བ་དང་ཤིན་ཏུ་ལྡན་པ་ལྟ་འཕྲལ་དུ་ཐམས་ཅད་དུ་ཕུན་སུམ་ཚོགས་པར་ཅིའི་ཕྱིར་མི་འགྱུར་སྙམ་པ་ནི་སྦྱོང་བ་གསུམ་པའོ། །འདིར་


DTG134_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སུ་བཅས་པ། གང་ཕྱིར་སེམས་ཅན་དཔག་མེད་པ། །མིར་གྱུར་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་གྱུར་པ། །དེ་ཕྱིར་ཞུམ་པར་མི་བྱའོ། །བསམ་པ་གང་གིས་ལེགས་ཡིད་ཀྱིས། །སྦྱིན་པ་ལ་སོགས་བྱེད་པ་ཡི། །བསམ་པ་དེ་ཐོབ་བརྟན་རྣམས་ཀྱི། །སྦྱིན་པ་ལ་སོགས་ཉིད་དུ་བརྗོད། །དགེ་དང་ལྡན་པ་ཤི་མ་ཐག །འདོད་བཞིན་ཕུན་སུམ་ཚོགས་ལུས་འཐོབ། །སྤངས་པ་དགེ་ལྡན་འཕྲལ་དུ་ཡང༌། །ཕུན་སུམ་ཚོགས་དེ་ཅིས་མི་འཐོབ། །ཡིད་ལ་བྱེད་པ་སྤངས་པས་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་དང། ཡིད་གཉིས་དང་སོམ་ཉིད་སྤངས་པས་ཐེག་པ་ཆེན་པོ་ལ་ཐེ་ཚོམ་ཐམས་ཅད་ཐེ་ཚོམ་མེད་པ་དང༌། ཆོས་ལ་མངོན་པར་ཞེན་པ་སྤངས་པས་ཐོས་པ་དང་བསམ་པའི་ཆོས་ལ་ངར་འཛིན་པ་དང༌། ང་ཡིར་འཛིན་པར་མངོན་པར་ཞེན་པ་ཡོངས་སུ་སྤོང་བ་དང༌། རྣམ་པར་རྟོག་པ་སྤངས་པས་མདུན་ན་གནས་པ་དང༌། བཞག་པའི་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་ཅིང་རྣམ་པར་མི་རྟོག་པའི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ། མཚན་མ་གང་ཞིག་མདུན་བཞག་དང༌། །གང་ཡང་བདག་ཉིད་གནས་པ་རྣམས། །ཀུན་ལ་བློ་ལྡན་མི་རྟོག་ན། །བྱང་ཆུབ་དམ་པ་འཐོབ་པར་འགྱུར། །གང་གིས་ཇི་སྐད་འཇུག་ཅེ་ན། །ཐོས་པའི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ། ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པ། ཆོས་དང་དོན་སྣང་བ་ལྟ་བ་དང་བཅས་པའི་ཡིད་ཀྱི་བརྗོད་པ་དང༌། ཡོངས་སུ་ཚོལ་བ་བཞི་སྟེ། མིང་དང་དོན་དང༌། ངོ་བོ་ཉིད་དང༌། བྱེ་བྲག་ཏུ་བཏགས་པ་ཡོངས་སུ་ཚོལ་བ་རྣམས་དང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་སྟེ། མིང་དང༌། དངོས་པོ་དང༌། ངོ་བོ་ཉིད་དང༌། ཁྱད་པར་དུ་བཏགས་པ་དང༌། ངོ་བོ་ཉིད་དང༌། ཁྱད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་རྣམས་ཀྱིས་འཇུག་སྟེ། དེ་དག་མི་དམིགས་པའི་ཕྱིར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམ་པར་རིག་པ་ཙམ་ལ་འཇུག་པར་བརྩོན་པ་དེ་ལྟ་བུ་དེ་ལྟར་གྱུར་པ་དེ་ཡི་གེ་དང་དོན་སྣང་བའི་ཡིད་ཀྱི་རྗོད་པ་དེ་ལ་ཡི་གེའི་མིང་དེ་ཡང་ཡིད་ཀྱི་རྟོག་པ་ཙམ་དུ་ཟད་པར་ཡང་དག་པར་རྟོག་གོ །ཡིད་གེ་ལ་བརྟེན་པའི་དོན་དེ་ཡང་ཡིད་ཀྱི་བརྗོད་པ་ཙམ་དུ་ཟད་པ་དེ་ཉིད་དུ་ཡང་དག་པར་རྟོག་གོ །མིང་དེ་ཡང་


DTG134_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་དང༌། ཁྱད་པར་དུ་བརྟགས་པར་ཟད་པ་ཙམ་དུ་ཡང་དག་པར་རྟོག་གོ །དེའི་ཕྱིར་ཡིད་ཀྱི་རྗོད་པ་ཙམ་དུ་ཟད་པ་ཉིད་དུ་དམིགས་ཤིང་མིང་དང་བཅས་པའི་དོན་ངོ་བོ་ཉིད་དང༌། ཁྱད་པར་དུ་བཏགས་པ་དང་བཅས་ཤིང༌། ངོ་བོ་ཉིད་དང་ཁྱད་པར་དུ་བཅས་པ་དོན་གྱི་མཚན་ཉིད་དུ་མི་དམིགས་པ་ན། ཡོངས་སུ་ཚོལ་བ་བཞི་དང༌། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་པོ་དག་གིས་ཡི་གེ་དང་དོན་སྣང་བའི་ཡིད་ཀྱི་རྣམ་པར་རྟོག་པ་དེ་དག་ལ་རྣམ་པར་རིག་པ་ཙམ་ཉིད་དུ་འཇུག་གོ །རྣམ་པར་རིག་པ་ཙམ་ཉིད་དེ་ལ་འཇུག་ཅེས་ནི་ཇི་སྐད་བྱ། ཅི་འདྲ་བར་ནི་འཇུག་ཅེ་ན། དེ་ཙམ་ཉིད་དང༌། རྒྱུ་མཚན་དང་ལྟ་བ་དང་བཅས་པ་གཉིས་དང༌། སྣང་ཚོགས་ཀྱི་རྣམ་པ་གཉིས་ལ་འཇུག་སྟེ། མིང་དང་དོན་དང༌། ངོ་བོ་ཉིད་དང༌། ཁྱད་པར་དུ་བཏགས་པ་དང༌། ངོ་བོ་ཉིད་དང་ཁྱད་པར་གྱི་དོན་རྣམ་པ་དྲུག་དོན་མེད་པ་ཉིད་དང༌། དེ་དག་གཟུང་བ་དང་འཛིན་པའི་དངོས་པོར་ཉེ་བར་གནས་པ་དང༌། ལྷན་ཅིག་ཏུ་སྣ་ཚོགས་ཀྱི་དོན་སྣང་བ་འབྱུང་བའི་ཕྱིར་རོ། །མུན་ཁུང་ན་སྤྲུལ་དུ་སྣང་བའི་ཐག་པ་བཞིན་དུ་འཇུག་སྟེ། དཔེར་ན་མེད་པའི་ཕྱིར་ཐག་པ་ལ་སྦྲུལ་ནི་ནོར་པ་སྟེ། དེའི་དོན་རྟོགས་པ་རྣམས་ནི་མེད་པ་ལ་སྦྲུལ་གྱི་བློ་ལྡོག་ཅིང༌། ཐག་པའི་བློར་གནས་སོ། །དེ་ཡང་རྣམ་པ་ཕྲ་མོར་བྱ་ན་ནོར་པ་སྟེ། ཁ་དོག་དང༌། དྲི་དང༌། རོ་དང༌། རེག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ཁ་དོག་ལ་སོགས་པའི་བློ་ལ་བརྟེན་ཏེ། ཐག་པའི་བློ་ཡང་བཟློག་པར་བྱ་བ་དེ་བཞིན་དུ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་བློ་ལ་བརྟེན་ཏེ། ཡི་གེ་དང་དོན་རྣམ་པ་དྲུག་སྣང་བའི་ཡིད་ཀྱི་རྟོག་པ་དེ་དག་ལ། སྦྲུལ་གྱི་བློ་བཞིན་དུ་རྣམ་པ་དྲུག་ལ་ཡང་དག་པའི་དོན་བསལ་ན། རྣམ་པར་རིག་པ་ཙམ་གྱི་བློ་ཡང་རྣམ་པར་གཞིག་པར་བྱ་བ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ཀྱི་བརྗོད་པ་སྣང་བའི་དོན་གྱི་མཚན་ཉིད་ལ་འཇུག་པས། ཀུན་བརྟགས་པའི་ངོ་བོ་ཉིད་ལ་འཇུག་པ་ཡིན་ནོ། །རྣམ་པར་རིག་པ་ཙམ་ལ་འཇུག་པས་གཞན་གྱི་དབང་གི་ངོ་བོ་ཉིད་ལ་འཇུག་པ་ཡིན་ནོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཇི་ལྟར་འཇུག་ཅེ་ན། རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་ཀྱང་བཟློག་ནས་འཇུག་སྟེ། དེའི་ཚེ་བྱང་ཆུབ་སེམས་དཔའ་དོན་གྱི་འདུ་ཤེས་རྣམ་པར་བཤིག་པ་དེ་ལ་ཡིད་ཀྱི་


DTG134_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ཐོབ་པའི་ཆོས་ཀྱི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་དེ་དག་དོན་དུ་སྣང་བ་ཐམས་ཅད་འབྱུང་བའི་སྐབས་མེད་པ་ཡིན་ནོ། །དེས་ན་རྣམ་པར་རིག་པ་ཙམ་དུ་སྣང་བ་ཡང་མི་འབྱུང་སྟེ། གང་གི་ཚེ་དོན་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་མིང་ལ་གནས་ཤིང༌། ཆོས་ཀྱི་དབྱིངས་ལ་མངོན་སུམ་གྱི་ཚུལ་གྱིས་གནས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་དེའི་དམིགས་པར་བྱ་བ་དང༌། དམིགས་པར་བྱེད་པ་མཉམ་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་འབྱུང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་འདི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ། །འདིར་ཚིགས་སུ་བཅད་པ། ཆོས་དང་གང་ཟག་ཆོས་དང་དོན། །བསྡུས་པ་དང་ནི་རྒྱས་དང་རིགས། །མ་དག་པ་དང་དག་དང་མཐའ། །རབ་ཏུ་དབྱེ་བས་མིང་གི་ཡུལ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་འདི་ཤེས་བྱའི་མཚན་ཉིད་ལ་རྣམ་པར་རིག་པ་ཙམ་ཉིད་དུ་འཇུག་པས་ཞུགས་པ་ཡིན་ཏེ། དེར་ཞུགས་པས་ས་རབ་ཏུ་དགའ་བ་ལ་ཞུགས་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ལེགས་པར་རྟོགས་པ་ཡིན། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སེམས་མཉམ་པ་དང༌། སངས་རྒྱས་ཐམས་ཅད་ལ་སེམས་མཉམ་པ་ཐོབ་པ་ཡིན་ཏེ། དེ་ནི་དེའི་མཐོང་བའི་ལམ་ཡིན་ནོ། །ཅིའི་ཕྱིར་ཡང་རྣམ་པར་རིག་པ་ཙམ་དེ་ལ་འཇུག་ཅེ་ན། འདྲེས་པའི་ཆོས་ལ་དམིགས་པ་འཇིག་རྟེན་ལས་འདས་པའི་ཞི་གནས་གནས་དང༌། ལྷག་མཐོང་གི་ཤེས་པ་དེ་དང༌། །དེའི་རྗེས་ལས་ཐོབ་པ་སྣ་ཚོགས་ཀྱི་རྣམ་པར་རིག་པའི་ཤེས་པས་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་རྒྱུ་མཚན་དང་བཅས་པ་ཐམས་ཅད་སྤངས་ནས། ཆོས་ཀྱི་སྐུ་ལ་རེག་པའི་ས་བོན་སྤེལ་ཏེ། གནས་གྱུར་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པའི་སྒོ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་འཇུག་གོ །རྗེས་ལ་ཐོབ་པའི་ཤེས་པ་དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ཐམས་ཅད་རབ་ཏུ་སྐྱེ་བ་དང༌། རྣམ་པར་རིག་པའི་མཚན་མ་ཐམས་ཅད་ལ་སྒྱུ་མ་ལྟ་བུ་ཉིད་ལ་སོགས་པར་ཀུན་ཏུ་ལྟ་བས་རང་བཞིན་གྱིས་ཕྱིན་ཅི་ལོག་པར་འབྱུང་ངོ༌། །དེས་ན་བྱང་ཆུབ་སེམས་དཔའ་དེ་སྒྱུ་མ་བྱས་པའི་ཆོས་


DTG134_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྒྱུ་མ་མཁན་བཞིན་དུ་རྒྱུ་དང་འབྲས་བུར་བཅས་པ་སྟོན་ལ་ཡང་དུས་ཐམས་ཅད་དུ་ཕྱིན་ཅི་ལོག་མེད་པ་ཡིན་ནོ། །རྣམ་པར་རིག་པ་ཙམ་ཉིད་ལ་འཇུག་པ་དེ་ལ་ཏིང་ངེ་འཛིན་བཞི་ལ་གནས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་ཇི་ལྟར་བལྟ་ཞེ་ན། ཡོངས་སུ་ཚོལ་བ་བཞི་པོ་དེ་དག་གིས་དོན་མེད་པར་བཟོད་པ་ཆུང་ངུའི་ཚེ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དྲོ་བར་གྱུར་བའི་གནས་ཡིན་ནོ། །བཟོད་པ་ཆེན་པོའི་ཚེ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཏེ་རྩེ་མོའི་གནས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་བཞི་པོ་དག་ལ་རྣམ་པར་རིག་པ་ཙམ་ཉིད་དུ་ཞུགས་པ་དང༌། དོན་མེད་པ་ལ་ངེས་པ་ནི། དེ་ཁོ་ནའི་དོན་གྱི་ཕྱོགས་གཅིག་ལ་ཞུགས་པའི་རྗེས་སུ་སོང་བའི་ཏིང་ངེ་འཛིན་ཏེ། བདེན་པའི་རྗེས་སུ་མཐུན་པའི་བཟོད་པའི་གནས་སོ། །གང་གི་འོག་ཏུ་རྣམ་པར་རིག་པ་ཙམ་གྱི་འདུ་ཤེས་རྣམ་པར་འཇིག་པ་དེ་ནི་དེ་མ་ཐག་པའི་ཏིང་ངེ་འཛིན་ཏེ། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སུ་བལྟའོ། །ཏིང་ངེ་འཛིན་འདི་དག་ནི་མངོན་པར་རྟོགས་པ་དང༌། ཉེ་བ་པ་ཡིན་པར་བལྟ་བར་བྱའོ། །དེ་ལྟར་ས་ལ་ཞུགས་ཏེ་མཐོང་བའི་ལམ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམ་པར་རིག་པ་ཙམ་ཉིད་ལ་ཞུགས་པ་བསྒོམ་པའི་ལམ་ལ་ཇི་ལྟར་སྦྱོར་ཞེ་ན། ཇི་ལྟར་རྣམ་པར་གནས་པ་བསྟན་པ་བྱང་ཆུབ་སེམས་དཔའི་ས་བཅུ་པ་མདོ་སྡེ་ཐམས་ཅད་བསྡུས་པ་ཉིད་དུ་ཉེ་བར་གནས་པ་རྣམས་ལ་འདྲེས་པ་ལ་དམིགས་པ་འཇིག་རྟེན་ལས་འདས་པ་དང་དེའི་རྗེས་ལ་ཐོབ་པའི་ཞི་གནས་དང་ལྷག་མཐོང་གི་ཤེས་པས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོར་གོམས་པར་བྱས་པའི་ཕྱིར་དེ་གནས་གྱུར་ནས། སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་ཐོབ་པར་བྱ་བའི་ཕྱིར་སྦྱོར་རོ། །ཉན་ཐོབ་རྣམས་ཀྱི་མངོན་པར་རྟོགས་པ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་རྟོགས་པ་གང་ཡིན་པ་འདི་གཉིས་བྱེ་བྲག་ཅི་ཡོད་ཅེ་ན། ཉན་ཐོས་ཀྱི་མངོན་པར་རྟོགས་ལ་ལས་ཁྱད་པར་བཅུས། བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ཁྱད་པར་དུ་འཕགས་པར་བལྟ་བར་བྱ་སྟེ། དམིགས་པའི་ཁྱད་པར་ནི་ཐེག་པ་ཆེན་པོའི་ཆོས་ལ་དམིགས་པའི་ཕྱིར་རོ། །ཉེ་བར་བརྟེན་པའི་ཁྱད་པར་ནི་བསོད་ནམས་དང་ཡེ་ཤེས་ཀྱི་


DTG134_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཆེན་པོས་བརྟན་པའི་ཕྱིར་རོ། །རྟོགས་པའི་ཁྱད་པར་ནི་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་ཁྱད་པར་ནི། མི་གནས་པའི་མྱ་ངན་ལས་འདས་པ་ཡོངས་སུ་འཛིན་པའི་ཕྱིར་རོ། །སའི་ཁྱད་པར་ནི་ས་བཅུས་ངེས་པར་འབྱུང་བའི་ཕྱིར་རོ། །ཡོངས་སུ་དག་པའི་ཁྱད་པར་ནི། ཉོན་མོངས་པའི་བག་ཆགས་སྤོང་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་དང༌། བདག་སེམས་མཉམ་པ་ཉིད་ཐོབ་པའི་ཁྱད་པར་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་སྦྱོར་བ་རྒྱུན་མི་གཅོད་པའི་ཕྱིར་རོ། །སྐྱེ་བའི་ཁྱད་པར་ནི་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བའི་ཕྱིར་རོ། །སྐྱེ་འབྱུང་གི་ཁྱད་པར་ནི། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་དུས་ཐམས་ཅད་དུ་སྐྱེ་འབྱུང་ཡོངས་སུ་འཛིན་པའི་ཕྱིར་རོ། །འབྲས་བུའི་ཁྱད་པར་ནི་སྟོབས་བཅུ་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་འབྲས་བུ་ཡོན་ཏན་ཚད་མེད་པ་འགྲུབ་པའི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ། མིང་དང་དངོས་གཉིས་ཕན་ཚུན་དུ། །གློ་བུར་ཡིན་པར་ཡོངས་སུ་བཙལ། །བཏགས་པ་རྣམ་པ་གཉིས་པོ་ལ། །དེ་ཙམ་ཉིད་དུ་བཙལ་བར་བྱ། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །དོན་མེད་པར་ནི་རྟོག་གསུམ་དང༌། །དེ་མེད་ཕྱིར་ཡང་དེ་མེད་པར། །མཐོང་བ་གསུམ་ལ་འཇུག་པ་ཡིན། །འདི་ལྟ་སྟེ་ཡང་རྣལ་འབྱོར་གྱི་རྣམ་པར་དབྱེ་བ་ལས་གདམས་པའི་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །གཟུགས་བརྙན་ཡིད་དུ་མཐོང་བ་ནི། །དོན་གྱི་འདུ་ཤེས་བཟློག་ནས་སུ། །རང་གི་འདུ་ཤེས་ངེས་པར་གཟུང༌། །དེ་ལྟར་ནང་དུ་སེམས་གནས་སོ། །གཟུང་བ་མེད་པ་རབ་རྟོགས་བྱོས། །དེ་ཕྱིར་འཛིན་པ་མེད་རྟོགས་ཀྱིས། །དེས་ན་དམིགས་པ་མེད་ལ་རེག །འདི་ལྟ་སྟེ་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་ལས། གཞན་ཡང་མངོན་པར་རྟོགས་པའི་ཚིགས་སུ་བཅད་པ་དག་འབྱུང་བ། བྱང་ཆུབ་སེམས་དཔས་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་རྣམས་མཐའ་ཡས་ཕ་རོལ་མེད་བསགས་ཏེ། །ཆོས་ལ་སེམས་བ་ལེགས་པར་རྣམ་ངེས་ཕྱིར། །དོན་གྱི་རྣམ་པ་བརྗོད་པའི་རྒྱུས་བྱུང་རྟོགས། །བརྗོད་པ་ཙམ་དུ་དོན་ནི་ངེས་


DTG134_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས། །དེ་འདྲ་བ་ཡི་སེམས་ཙམ་ཉིད་ལ་གནས། །དེ་བས་གཉིས་ཀྱི་མཚན་ཉིད་བྲལ་བ་ཡི། །ཆོས་ཀྱི་དབྱིངས་ནི་མངོན་སུམ་ཉིད་དུ་འགྱུར། །སེམས་ལས་གཞན་མེད་པར་ནི་བློས་རྟོགས་ནས། །དེ་ཕྱིར་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རྟོགས་ནས། །དེ་དང་མི་ལྡན་ཆོས་ཀྱི་དབྱིངས་ལ་གནས། །རྟོགས་མེད་ཤེས་སྟོབས་མཉམ་པའི་རྗེས་སོང་བས། །བློ་དང་ལྡན་པས་ཀུན་ནས་རྟག་པར་ཡང༌། །དེའི་གནས་ཐིབས་པོ་ཉེས་པར་བསགས་པ་སེལ། །རྩི་སྨན་ཆེན་པོས་དུག་ནི་སེལ་བ་བཞིན། །ཐུབ་པས་གསུངས་པའི་ལེགས་ཆོས་ལེགས་བཞག་པ། །རྩ་བ་ཆོས་དབྱིངས་བཅས་ལ་དེས་བློ་བཞག །དྲན་རྒྱུད་ནི་རྟོག་པ་ཙམ་ཤེས་ནས། །ཡོན་ཏན་རྒྱ་མཚོའི་ཕ་རོལ་བརྟན་མྱུར་འགྲོ། །དེ་ལྟར་ཤེས་བྱའི་མཚན་ཉིད་ལ་འཇུག་པར་བསྟན་པ་ལ། དེའི་རྒྱུ་དང་འབྲས་བུ་བསྟན་པ་ཇི་ལྟར་བལྟ་ཞེ་ན། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དྲུག་གིས་འཇུག་གོ །ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྣམ་པར་རིག་པ་ཙམ་ཉིད་ལ་ནི་ཇི་ལྟར་འཇུག །ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་དེ་ལ་འཇུག་པའི་འབྲས་བུ་ཅི་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་རྣམས་ལ་ཀུན་ཏུ་མ་ཆགས་པ། ཚུལ་ཁྲིམས་རྣམས་ལ་ལྟུང་བ་མེད་པ། །སྡུག་བསྔལ་རྣམས་ལ་འཁྲུག་པ་མེད་པ། བསྒོམ་པ་ལ་ལེ་ལོ་མེད་པ། རྣམ་པར་གཡེང་བའི་རྒྱུ་འདི་དག་ལ་མི་འཇུག་པ། སེམས་རྩེ་གཅིག་ཏུ་བྱས་ནས། ཚུལ་བཞིན་དུ་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་ཅིང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས་རྣམ་པར་རིག་པ་ཙམ་ཉིད་ལ་འཇུག་གོ །རྣམ་པར་རིག་པ་ཙམ་ཉིད་ལ་ཞུགས་པའི་བྱང་ཆུབ་སེམས་དཔས་ནི་ལྷག་པའི་བསམ་པ་དག་པས་ཡོངས་སུ་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་འཐོབ་སྟེ། འདི་ལྟར་འདིའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཀུན་ཏུ་སྤྱོད་པའི་སྦྱོར་བ་མེད་ཀྱང༌། བསྟན་པ་ལ་མོས་པ་དང༌། རོ་མྱོང་བ་དང༌། རྗེས་སུ་ཡི་རང་བ་དང༌། མངོན་པར་དགའ་བ་ཡིད་ལ་བྱེད་པས་ཀྱང་རྟག་པར་རྒྱུན་དུ་རྒྱུན་མི་འཆད་པའི་ཚུལ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །འདིར་ཚིགས་སུ་


DTG134_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པ། བྱང་ཆུབ་སེམས་དཔའ་རྣམ་དག་གི །དཀར་པོའི་ཆོས་རྣམས་ཀུན་རྫོགས་དང༌། །བཟོད་རྣོན་ཐོབ་དང་རང་གི་ཐེག །ཟབ་ཅིང་རྒྱ་ཆེ་བསྟན་པ་ལ། །རྟོག་པ་ཙམ་དུ་རྟོགས་པའི་ཕྱིར། །མི་རྟོག་ཡེ་ཤེས་ཐོབ་པའི་ཕྱིར། །འདོད་པ་དང་ནི་མོས་པ་དག །དག་པ་བསམ་པ་དག་པ་ཉིད། །སྔ་ལོགས་སུ་ཡང་ཆོས་རྒྱུན་དེར། །སངས་རྒྱས་རྣམས་ནི་མཐོང་བས་ན། །བྱང་ཆུབ་ཉེ་བར་རྟོགས་གྱུར་ནས། །ཚེགས་མེད་པར་ནི་ཐོབ་ཕྱིར་རོ། །ཚིགས་སུ་བཅད་པ་འདི་དག་གིས་ནི་རྣམ་པ་བརྒྱད་ཀྱིས་ལྷག་པའི་བསམ་པ་དག་པའི་མཚན་ཉིད་མཐའ་དག་ཡོངས་སུ་བསྟན་པ་ཡིན་ཏེ། ཚོགས་དང༌། བཟོད་པ་དང༌། དམིགས་པ་དང༌། ཡིད་ལ་བྱེད་པ་དང༌། གཉེན་པོ་དང་རང་གི་མཚན་ཉིད་དང༌། རྟགས་དང༌། ཕན་ཡོན་གྱིས་ཏེ། ཚིགས་སུ་བཅད་པའི་རྩ་བ་རྣམས་དང་གོ་རིམས་བཞིན་དུ་སྦྱོར་བར་རིག་པར་བྱའོ། །དེ་དག་གྲངས་དང་དེ་ཡི་མཚན་ཉིད་དང༌། །གོ་རིམས་ངེས་ཚིག་གོམས་བྱས་ཡོན་ཏན་དང༌། །རབ་ཏུ་དབྱེ་དང་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ངེས་ཤེས་པར་བྱ། །ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཁོ་ན་ཞེ་ན། མི་མཐུན་པའི་ཕྱོགས་དང༌། གཉེན་པོ་རྣམ་པར་གཞག་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པའི་གཞིའི་གནས་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་མཐུན་པས་དྲུག་ཉིད་དོ། །མི་འཕགས་པའི་རྒྱུའི་གཉེན་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། མི་འཕགས་པའི་རྒྱུ་ནི་ལོངས་སྤྱོད་ལ་ཆགས་པ་དང༌། ཁྱིམ་ལ་ཆགས་པའོ། །སྤངས་པ་ལྡོག་པའི་རྒྱུའི་གཉེན་པོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ལྡོག་པའི་རྒྱུ་ནི་འཁོར་བའི་སེམས་ཅན་ལོག་པར་སྒྲུབ་པ་ལས་བྱུང་བའི་སྡུག་བསྔལ་དང༌། ཡུན་རིང་པོར་དཀར་པོའི་ཕྱོགས་ལ་སྦྱོར་བས་ཡོངས་སུ་སྐྱོ་བའོ། །སྤངས་ནས་མི་ལྡོག་པའི་ཆུད་ཟ་བའི་རྒྱུའི་གཉེན་པོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆུད་ཟ་བའི་རྒྱུ་ནི་རྣམ་པར་གཡེང་བ་དང་འཆལ་བའི་ཤེས་རབ་བོ། །དེ་ལྟར་མི་མཐུན་པའི་ཕྱོགས་དང་གཉེན་པོས་གྲངས་རྣམ་པར་གཞག་གོ །རྣམ་པར་མི་གཡེང་


DTG134_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུ་ལ་ཕ་རོལ་ཏུ་ཕྱིན་པ་བཞིས་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་གཡེང་བ་གཅིག་འགྲུབ་བོ། །རྣམ་པར་མི་གཡེང་བ་དེ་ལ་བརྟེན་ནས་ཆོས་ཀྱི་དེ་ཁོ་ན་ཇི་ལྟ་བ་བཞིན་དུ་མངོན་དུ་ཡང་དག་པར་རྟོགས་པའི་ཕྱིར། སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་བོ། །དེ་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པའི་གཞིའི་གནས་ཀྱིས་གྲངས་དྲུག་ཏུ་རྣམ་པར་གཞག་གོ །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ལ་ཕན་འདོད་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ལ་གནོད་པ་མི་བྱེད་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་གནོད་པ་ལ་ཇི་མི་སྙམ་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱ་བས་བྱེད་པར་འགྱུར་བའི་ཕྱིར། ཕན་འདོགས་པའི་རྒྱུ་འདི་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ལས་སུ་རུང་བར་འགྱུར་རོ། །དེའི་འོག་ཏུ་སེམས་མཉམ་པར་མ་བཞག་པ་དང༌། སེམས་མཉམ་པར་གཞག་པ་རྣམ་པར་ཐར་པར་བྱ་བའི་ཕྱིར་གདམས་པར་བྱ་བ་རྣམས་ཡོངས་སུ་སྨིན་པར་འགྱུར་ཏེ། དེ་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་མཐུན་པས་གྲངས་རྣམས་པར་གཞག་པར་བལྟའོ། །འོ་ན་འདི་དག་གི་མཚན་ཉིད་ཇི་ལྟར་བལྟ་ཞེན། །དམ་པ་དྲུག་གིས་བལྟ་བར་བྱ་སྟེ། གནས་དམ་པ་ནི་བྱང་ཆུབ་ཀྱི་སེམས་གནས་ཡིན་པའི་ཕྱིར་རོ། །དངོས་པོ་དམ་པ་ནི་མཐའ་དག་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །ཆེད་དུ་བྱ་བ་དམ་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཆེད་དུ་བྱ་བའི་ཕྱིར་རོ། །ཐབས་ལ་མཁས་པ་དམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཡོངས་སུ་བསྔོ་བ་དམ་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་རོ། །རྣམ་པར་དག་པ་དམ་པ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་སྒྲིབ་པ་མེད་པར་ཡང་དག་པར་འགྲུབ་པའི་ཕྱིར་རོ། །སྦྱིན་པ་གང་ཡིན་པ་དེ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ནམ། ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་སྦྱིན་པ་ཡང་ཡིན་ནམ་ཞེ་ན། སྦྱིན་པ་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་མུ་བཞིའོ། །སྦྱིན་པ་ལ་ཇི་ལྟ་བ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་ཡང་མུ་བཞི་ཅི་རིགས་སུ་བལྟ་བར་བྱའོ། །ཕ་རོལ་ཏུ་ཕྱིན་པ་འདི་དག་གི་གོ་རིམས་


DTG134_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཅིའི་ཕྱིར་བསྟན་ཞེ་ན། ཕ་རོལ་ཏུ་ཕྱིན་པ་སྔ་མ་རྣམས་དེའི་ཕྱི་མ་འབྱུང་བ་དང་མཐུན་པའི་ཕྱིར་རོ། །འདི་དག་གི་ངེས་པའི་ཚིག་ཇི་ལྟར་བལྟ་ཞེ་ན། འཇིག་རྟེན་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་སྦྱིན་པ་ལ་སོགས་པའི་དགེ་བ་ཐམས་ཅད་ལས་ཕུལ་དུ་བྱུང་བར་ཕ་རོལ་ཏུ་འགྲོ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །སེར་སྣ་དང་དབུལ་བ་འཇོམས་པ་དང༌། ལོངས་སྤྱོད་ཆེན་པོ་དང༌། བསོད་ནམས་ཀྱིས་ཚོགས་ཐོབ་པར་བྱེད་པས་སྦྱིན་པའོ། །འཆལ་བའི་ཚུལ་ཁྲིམས་དང༌། ངན་འགྲོ་ཞི་བར་བྱེད་པ་དང༌། བདེ་འགྲོ་དང༌། ཏིང་ངེ་འཛིན་ཐོབ་པར་བྱེད་པས་ཚུལ་ཁྲིམས་སོ། །ཁྲོ་བ་དང་འཁོན་པ་ཟད་པར་བྱེད་པ་དང༌། བདག་དང་གཞན་དག་ལ་བདེ་བར་བྱེད་པས་བཟོད་པའོ། །ལེ་ལོ་དང་སྡིག་པ་མི་དགེ་བའི་ཆོས་རྣམས་དང་བྲལ་བར་བྱེད་པ་དང༌། དགེ་བའི་ཆོས་ཚད་མེད་པ་རྣམ་པར་སྤེལ་བ་མཐར་ཕྱིན་པར་བྱེད་པས་བརྩོན་འགྲུས་སོ། །རྣམ་པར་གཡེང་བ་སེལ་བ་དང༌། ནང་དུ་སེམས་གནས་པ་སྒྲུབ་པར་བྱེད་པས་བསམ་གཏན་ནོ། །ལྟ་བར་གྱུར་བ་དང་འཆལ་བའི་ཤེས་རབ་ཐམས་ཅད་སེལ་བ་དང༌། ཡང་དག་པར་རྣམ་པ་ཐམས་ཅད་དུ་ཆོས་རྣམས་རབ་ཏུ་ཤེས་པས་ཤེས་རབ་བོ། །འདི་དག་སྒོམ་པ་ཇི་ལྟར་བལྟ་བར་བྱ་ཞེ་ན། མདོར་བསྡུ་ན་སྒོམ་པ་རྣམ་པ་ལྔར་བལྟ་བར་བྱ་སྟེ། ཀུན་ཏུ་སྤྱོད་པ་ལ་སྤྱོད་པ་ལ་སྦྱོར་བ་སྒོམ་པ་དང༌། མོས་པ་སྒོམ་པ་དང༌། ཡིད་ལ་བྱེད་པ་སྒོམ་པ་དང༌། ཐབས་ལ་མཁས་པ་སྒོམ་པ་དང༌། བྱ་བ་སྒྲུབ་པ་སྒོམ་པའོ། །དེ་ལ་སྒོམ་པ་བཞི་ནི་སྔ་མ་བཞིན་ནོ། །བྱ་བ་སྒྲུབ་པ་སྒོམ་པ་ནི། །གང་སངས་རྒྱས་རྣམས་ཀྱི་མཛད་པ་ལྷུན་གྱི་གྲུབ་པ་རྒྱུན་མི་གཅོད་པ་ན། ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་སྒོམ་པའོ། །ཡིད་ལ་བྱེད་པ་སྒོམ་པ་ནི། རོ་མྱོང་བ་དང༌། རྗེས་སུ་ཡི་རང་བ་དང༌། མངོན་པར་དགའ་བ་ཡིད་ལ་བྱེད་པ་དང༌། མི་ངོམས་པའི་བསམ་པ་དང༌། རྒྱུན་རིང་པོའི་བསམ་པ་དང༌། དགའ་བའི་བསམ་པ་དང༌། ཕན་འདོགས་པའི་བསམ་པ་དང༌། ཆེ་བའི་བདག་ཉིད་ཀྱི་བསམ་པ་དང༌། དགེ་བའི་བསམ་པ་དང༌། བསམ་པ་དྲུག་གིས་ཡོངས་སུ་ཟིན་པས་སྒོམ་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པ་ཇི་སྙེད་ཀྱིས། བླ་ན་མེད་པ་ཡང་དག་


DTG134_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་སྙེད་ཀྱི་དུས་སྐད་ཅིག་མ་གཅིག་ཏུ་བྱས་པའི་སྐད་ཅིག་རེ་རེ་ལ་བདག་གི་ལུས་ཐམས་ཅད་ཡོངས་སུ་གཏོང་བ་དང༌། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་སོ་སོར་བཀང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་དབུལ་བས། བྱང་ཆུབ་ཀྱིས་སྙིང་པོ་ལ་གནས་ཀྱི་བར་དུ་མི་ངོམས་པ་ཉིད་བྱང་ཆུབ་སེམས་དཔའི་སྦྱིན་པའི་བསམ་པར་འགྱུར་ལ། དུས་དེ་སྲིད་ཁོ་ནར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བར་སྐད་ཅིག་རེ་རེ་ལ་སྤྱོད་ལམ་བཞི་བྱེད་ཅིང༌། ཡོ་བྱད་ཐམས་ཅད་དང་མི་ལྡན་ཡང་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་སེམས་མངོན་དུ་བྱེད་དེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་མི་ངོམས་པ་ཉིད་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང། ཤེས་རབ་ཀྱི་བསམ་པར་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའི་མི་ངོམས་པའི་བསམ་པའོ། །གང་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་མི་ངོམས་པའི་བསམ་པ་དེ་མི་འདོར་བ་འདི་ནི་དེའི་རྒྱུན་རིང་པོའི་བསམ་པའོ། །གང་བྱང་ཆུབ་སེམས་དཔའ་དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་ལ་ཕན་བཏགས་པས་ཤིན་ཏུ་དགའ་བ་ཡིན་གྱི། ཕན་བཏགས་པ་དེས་སེམས་ཅན་རྣམས་ནི་དེ་ལྟ་མ་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་དགའ་བའི་བསམ་པའོ། །གང་བྱང་ཆུབ་སེམས་དཔའ་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཕན་བཏགས་པའི་སེམས་ཅན་དེ་དག་ཐམས་ཅད་ནི་བདག་ལ་ཤིན་ཏུ་ཕན་འདོགས་པ་ཡིན་པར་མཐོང་གི །བདག་ནི་སེམས་ཅན་དེ་དག་ལ་དེ་ལྟ་མ་ཡིན་པར་མཐོང་བ་འདི་ནི་བྱང་ཆུབ་སེམས་དཔའི་ཕན་འདོགས་པའི་བསམ་པའོ། །གང་བྱང་ཆུབ་སེམས་དཔའ་དེ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་དགེ་བའི་རྩ་བ་བསགས་པ་སེམས་ཅན་རྣམས་ལ་འདོད་པའི་འབྲས་བུ་རྣམས་པར་སྨིན་པར་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་ཀྱི་བསམ་པའོ། །གང་བྱང་ཆུབ་སེམས་དཔའ་དེ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ་བའི་རྩ་བ་བསགས་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་


DTG134_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི། བྱང་ཆུབ་སེམས་དཔའི་དགེ་བའི་བསམ་པ་སྟེ་བསམ་པ་དྲུག་པོ་འདི་དག་གིས་ཡོངས་སུ་ཟིན་པའི་རོ་མྱོང་བ་ཡིད་ལ་བྱེད་པ་སྒོམ་མོ། །གང་ཡང་བྱང་ཆུབ་སེམས་དཔའ་དེ་བསམ་པ་དྲུག་སྒོམ་པ་ལ་སོགས་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་གཞན་དཔག་ཏུ་མེད་པ་རྣམས་ཀྱི་དགེ་བའི་རྩ་བ་དེ་ལ་རྗེས་སུ་ཡི་རང་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་པ་བསམ་དྲུག་གིས་ཡོངས་སུ་ཟིན་པའི་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་སྒོམ་མོ། །གང་ཡང་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་པ་བསམ་པ་དྲུག་གིས་ཡོངས་སུ་ཟིན་པ་དང༌། བདག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་པ་ལ་བརྩོན་པ་བསམ་པ་དྲུག་གིས་ཡོངས་སུ་ཟིན་པ་ལ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་མངོན་པར་དགའ་བ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་བསམ་པ་དྲུག་གིས་ཡོངས་སུ་ཟིན་པའི་མངོན་པར་དགའ་བ་ཡིད་ལ་བྱེད་པ་སྒོམ་མོ། །གང་དག་བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་པའི་སྒོམ་པ་བསམ་པ་དྲུག་གིས་ཡོངས་སུ་ཟིན་པ་འདི་ཐོས་ནས། དང་བའི་སེམས་གཅིག་ཀྱང་སྐྱེད་པ་དེ་དག་བསོད་ནམས་ཚད་མེད་པ་སྐྱེ་བར་འགྱུར་ཞིང༌། ཉེས་པ་བྱས་པའི་སྒྲིབ་པ་ཐམས་ཅད་ཀྱང་བཤིག་པར་འགྱུར་ན། བྱང་ཆུབ་སེམས་དཔའ་ལྟ་སྨོས་ཀྱང་ཅི་དགོས། ཕ་རོལ་ཏུ་ཕྱིན་པ་འདི་དག་གི་རབ་ཏུ་དབྱེ་བ་ཇི་ལྟར་བལྟ་ཞེ་ན། དེ་ནི་རྣམ་པ་གསུམ་གསུམ་དུ་བལྟ་བར་བྱ་སྟེ། ཆོས་ཀྱི་སྦྱིན་པ་དང༌། ཟང་ཟིང་གི་སྦྱིན་པ་དང༌། མི་འཇིགས་པའི་སྦྱིན་པ་དང༌། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དང༌། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང༌། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང༌། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་དང༌། གོ་ཆའི་བརྩོན་འགྲུས་དང༌། སྦྱོར་བའི་བརྩོན་འགྲུས་དང༌། མི་ཞུམ་ཞིང་མི་འཁྲུགས་པ་ལ་ཆོག་པར་མི་འཛིན་པའི་བརྩོན་འགྲུས་དང༌། གནས་པ་དང༌། མངོན་པར་སྒྲུབ་པ་དང༌། བྱ་བ་སྒྲུབ་པའི་བསམ་གཏན་དང༌། རྣམ་པར་མི་རྟོག་པར་སྦྱོར་བ་དང༌། རྣམ་པར་མི་རྟོག་པ་དང༌། རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པའི་ཤེས་རབ་


DTG134_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པོ། འདི་དག་བསྡུས་པར་ཇི་ལྟར་བལྟ་ཞེ་ན། འདི་དག་གིས་དགེ་བའི་ཆོས་ཐམས་ཅད་དེའི་མཚན་ཉིད་དང༌། དེ་དང་མཐུན་པ་དང༌། དེའི་འབྲས་བུར་བསྡུས་པའི་ཕྱིར་རོ། །འདི་དག་གི་མི་མཐུན་པའི་ཕྱོགས་ཀྱིས་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཇི་ལྟར་བསྡུས་པར་བལྟ་ཞེ་ན། དེའི་མཚན་ཉིད་དང༌། དེའི་གཞི་དང༌། དེའི་འབྲས་བུས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་དག་གི་ཕན་ཡོན་ཇི་ལྟར་རིག་པར་བྱ་ཞེ་ན། འཁོར་བ་ན་འཁོར་བའི་ཚེ། དབང་ཕྱུག་བསྡུས་པ་དང༌། ཆེན་པོར་སྐྱེ་བ་བསྡུས་པ་དང༌། ཕྱོགས་གང་དང་གཡོག་འཁོར་ཆེན་པོ་བསྡུས་པ་དང༌། ལས་ཀྱི་མཐའ་ཆེན་པོ་ལ་སྦྱོར་བ་འགྲུབ་པས་ཡོངས་སུ་བཟུང་བ་དང༌། གནོད་པ་མེད་པ་དང༌། ཉོན་མོངས་པ་ཆུང་བ་ཡོངས་སུ་བཟུང་བ་དང༌། བཟོ་དང༌། བསྟན་བཅོས་དང༌། རིག་པའི་གནས་ཐམས་ཅད་ལ་མཁས་པ་ཡོངས་སུ་བཟུང་བ་དང༌། མངོན་པར་མཐོ་བ་ཁ་ན་མ་ཐོ་བ་མེད་པ་དང༌། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་ཉེ་བར་གནས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་ཡོན་ནོ། །འདི་དག་གི་ཕན་ཚུན་རྣམས་པར་ངེས་པ་ཇི་ལྟར་བལྟ་ཞེ་ན། བཅོམ་ལྡན་འདས་ཀྱིས་ལ་ལར་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྦྱིན་པའི་སྒྲར་བསྟན། ལ་ལར་ནི་ཚུལ་ཁྲིམས་ཀྱི་སྒྲ་བསྟན། །ལ་ལར་ནི་བཟོད་པའི་སྒྲར་བསྟན། ལ་ལར་ནི་བརྩོན་འགྲུས་ཀྱི་སྒྲར་བསྟན། ལ་ལར་ནི་བསམ་གཏན་གྱི་སྒྲར་བསྟན། ལ་ལར་ནི་ཤེས་རབ་ཀྱི་སྒྲར་བསྟན་པ་དེ་ལ་དགོངས་པ་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་སྦྱོར་བ་ན། འདི་དག་ཐམས་ཅད་ཀྱི་སྤྱོད་པ་འགྲོ་བ་ལས་དགོངས་པའོ། །དེ་ལྟར་ཤེས་བྱའི་མཚན་ཉིད་ལ་འཇུག་པའི་རྒྱུ་དང་འབྲས་བུ་བསྟན་ནས། དེ་སྒོམ་པའི་རབ་ཏུ་དབྱེ་བ་ཇི་ལྟར་བལྟ་ཞེ་ན། བྱང་ཆུབ་སེམས་དཔའི་ས་བཅུ་རྣམས་སུ་བལྟ་སྟེ། དེ་དག་ཀྱང་གང་ཞེ་ན། རབ་ཏུ་དགའ་བ་དང༌། དྲི་མ་མེད་པ་དང༌། འོད་བྱེད་པ་དང༌། འོད་འཕྲོ་བ་ཙན་དང༌། ཤིན་ཏུ་སྦྱོང་དཀའ་བ་དང༌། མངོན་དུ་གྱུར་པ་དང༌། རིང་དུ་སོང་བ་དང༌། མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྤྲིན་ནོ། །འདི་དག་བཅུ་ཉིད་དུ་རྣམ་པར་གཞག་པ་ཇི་ལྟར་བལྟ་ཞེ་ན། མི་མཐུན་པའི་ཕྱོགས་མ་རིགས་པ་རྣམ་པ་བཅུའི་གཉེན་པོའི་ཕྱིར་ཏེ། འདི་ལྟར་ཤེས་བྱ་ཆོས་ཀྱི་དབྱིངས་


DTG134_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཅུ་ལ་མི་མཐུན་པའི་ཕྱོགས་མ་རིག་པ་རྣམ་པ་བཅུ་ཉིད་གནས་སོ། །ཤེས་བྱ་ཆོས་ཀྱི་དབྱིངས་རྣམ་པ་བཅུ་ཇི་ལྟ་བུ་ཞེ་ན། ས་དང་པོ་ལ་ནི་ཀུན་ཏུ་འགྲོ་བའི་དོན་དུ་ཤེས་པར་བྱའོ། །གཉིས་པ་ལ་ནི་མཆོག་གི་དོན་དུའོ། །གསུམ་པ་ལ་ནི་རྒྱུ་མཐུན་པ་དོན་གྱི་མཆོག་ཏུའོ། །བཞི་པ་ལ་ནི་ཡོངས་སུ་བཟུང་བ་མ་ཡིན་པའི་དོན་དུའོ། །ལྔ་པ་ལ་ནི་རྒྱུད་ཐ་དད་པ་མེད་པའི་དོན་དུའོ། །དྲུག་པ་ལ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་དག་པ་མ་ཡིན་པའི་དོན་དུའོ། །བདུན་པ་ལ་ནི་ཆོས་སྣ་ཚོགས་ཐ་དད་པ་མེད་པའི་དོན་དུའོ། །བརྒྱད་པ་ལ་ནི་བྲི་བ་མེད་ཅིང་ལྷག་པ་མེད་པའི་དོན་དང༌། མཚན་མ་ལ་དབང་བའི་གནས་ཀྱི་དོན་དང༌། ཞིང་ལ་དབང་བའི་གནས་ཀྱི་དོན་དུའོ། །དགུ་པ་ལ་ནི་ཡེ་ཤེས་ལ་དབང་བའི་གནས་ཀྱི་དོན་དུའོ། །བཅུ་པ་ལ་ནི་ལས་ལ་དབང་བའི་གནས་ཀྱི་དོན་དང༌། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ལ་དབང་བའི་གནས་ཀྱི་དོན་དུ་ཤེས་པར་བྱའོ། །འདིར་ཚིགས་སུ་བཅད་པ། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང༌། །ཡོངས་སུ་འཛིན་པ་དོན་མེད་དང༌། །རྒྱུད་རྣམས་ཐ་དད་མེད་པ་དང༌། །ཉོན་མོངས་རྣམ་དག་མེད་དོན་དང༌། །ཐ་དད་མེད་པའི་དོན་ཉིད་དང༌། །བྲི་མེད་འཕེལ་བ་མེད་དོན་དང༌། །དབང་ནི་རྣམ་པ་བཞི་ཡི་གནས། །ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། །མ་རིག་པ་འདི་ཡང་ཉན་ཐོས་རྣམས་ཀྱི་ནི་ཉོན་མོངས་པ་ཅན་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཉོན་མོངས་པ་ཅན་དུ་རིག་པར་བྱའོ། །ཅིའི་ཕྱིར་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་ཞེ་ན། དེས་ཐོག་མ་ཁོ་ནར་བདག་དང་གཞན་གྱི་དོན་སྒྲུབ་ནུས་པ་ཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་ས་གཉིས་པ་དྲི་མ་མེད་པ་ཞེས་བྱ་ཞེ་ན། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་ཐག་བསྲིངས་པའི་ཕྱིར་རོ། །ཅིའི་ཕྱིར་ས་གསུམ་པ་འོད་བྱེད་པ་ཞེས་བྱ་ཞེ་ན། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་ཉམས་པ་མེད་པའི་གནས་ཡིན་པས་ཆོས་ཀྱི་སྣང་བ་ཆེན་པོའི་གནས་སུ་གྱུར་པའི་ཕྱིར་རོ། །ཅིའི་ཕྱིར་ས་བཞིན་པ་འོད་འཕྲོ་བ་ཅན་ཞེས་བྱ་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་སྒྲིབ་པ་ཐམས་ཅད་སྲེག་པའི་ཕྱིར་རོ། །ཅིའི་ཕྱིར་ས་


DTG134_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱ་ཞེ་ན། བདེན་པ་དང་འཇིག་རྟེན་པའི་ཤེས་པ་གཉིས་ཕན་ཚུན་མི་མཐུན་པས་དེ་བསྒྲུབ་དགའ་བའི་ཕྱིར་རོ། །ཅིའི་ཕྱིར་ས་དྲུག་པ་མངོན་དུ་གྱུར་ཞེས་བྱ་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའི་གནས་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མངོན་དུ་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་ས་བདུན་པ་ལ་རིང་དུ་སོང་བ་ཞེས་བྱ་ཞེ་ན། སྦྱོར་བ་ལས་བྱུང་བའི་སྤྱོད་པའི་མཐར་འགྲོ་བའི་ཕྱིར་རོ། །ཅིའི་ཕྱིར་ས་བརྒྱད་པ་མི་གཡོ་བ་ཞེས་བྱ་ཞེ་ན། མཚན་མ་དང་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱིས་མི་གཡོས་པའི་ཕྱིར་རོ། །ཅིའི་ཕྱིར་ས་དགུ་པ་ལེགས་པའི་བློ་གྲོས་ཞེས་བྱ་ཞེ་ན། སོ་སོ་ཡང་དག་པར་རིག་པའི་ཤེས་པ་དང་པོ་ཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ་ཞེ་ན། འདྲེས་པ་ལ་དམིགས་པའི་ཆོས་ཐམས་ཅད་ཤེས་པ་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཁོང་ན་ཡོད་པ་སྤྲིན་ལྟ་བུས་ནམ་མཁའ་ལྟར་རྒྱ་ཆེ་བའི་སྒྲིབ་པ་ཁེབས་པ་དང༌། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་བྱས་པའི་ཕྱིར་རོ། །ས་འདི་དག་ཐོབ་པ་ཇི་ལྟར་ཞེ་ན། རྣམ་པ་བཞིས་བལྟ་སྟེ། མོས་པ་ཐོབ་པས་ནི་ས་ལ་མོས་པ་ཉིད་ཀྱི་ཕྱིར་རོ། །སྤྱོད་པ་ཐོབ་པས་ནི་ས་དང་རབ་ཏུ་ལྡན་པའི་ཆོས་སྤྱོད་པ་བཅུ་ཐོབ་པའི་ཕྱིར་རོ། །རྟོགས་པ་ཐོབ་པས་ནི་ས་དང་པོ་ལ་ཆོས་ཀྱི་དབྱིངས་རྟོགས་ནས་ཐམས་ཅད་རྟོགས་པའི་ཕྱིར་རོ། །འགྲུབ་པར་ཐོབ་པས་ནི་ས་འདི་དག་གི་སྒོམ་པའི་མཐར་འགྲོ་བའི་ཕྱིར་རོ། །ས་འདི་དག་གི་སྒོམ་པ་ཇི་ལྟར་བལྟ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ས་དང་ས་ལ་ཞི་གནས་དང་ལྷག་མཐོང་སྒོམ་པ་ན། རྣམ་པ་ལྔས་སྒོམ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། འདྲེས་པར་སྒོམ་པ་དང༌། མཚན་མ་མེད་པར་སྒོམ་པ་དང༌། ལྷུན་གྱིས་གྲུབ་པར་སྒོམ་པ་དང༌། འབར་བར་སྒོམ་པ་དང༌། ཆོག་པར་མི་འཛིན་པར་སྒོམ་པས་སོ། །སྒོམ་པ་རྣམ་པ་ལྔ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྲས་བུ་ལྔ་མངོན་པར་འགྲུབ་པར་བྱེད་དེ། འདི་ལྟར་སྐད་ཅིག་རེ་རེ་ལ་གནས་ངན་ལེན་རྣམས་ཀྱིས་གནས་ཐམས་ཅད་འཇིག་པར་བྱེད་པ་དང༌། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་ཏེ། ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཐོབ་པ་དང༌། ཆོས་ཀྱི་སྣང་བ་ཐམས་ཅད་དུ་ཚད་མེད་ཅིང་རྣམ་པ་ཡོངས་སུ་མ་ཆད་པ་ཡང་དག་པར་ཤེས་པ་དང༌། རྣམ་པར་མ་བརྟགས་པར་རྣམ་


DTG134_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པའི་ཆ་དང་མཐུན་པའི་མཚན་མར་རྣམ་པར་བརྟགས་པ་མ་ཡིན་པ་རྣམས་དེ་ལ་ཀུན་ཏུ་འབྱུང་བ་དང༌། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང༌། ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་གོང་མ་བས་ཆེས་གོང་མའི་རྒྱུ་ཡོངས་སུ་འཛིན་པར་བྱེད་པའོ། །གཙོར་ན་ས་བཅུ་དག་ཏུ་ཕ་རོལ་ཏུ་ཕྱིན་པ་བཅུ་སྒོམ་པར་འགྱུར་ཏེ། དྲུག་ཏུ་ནི་དྲུག་ཇི་སྐད་དུ་བསྟན་པ་རྣམས་སོ། །ཕྱི་མ་བཞིར་ནི་བཞི་སྟེ། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་དགེ་བའི་རྩ་བ་བསགས་པ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་རོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི། ཕྱི་མ་ལ་སྨོན་ལམ་སྣ་ཚོགས་མངོན་པར་བསྒྲུབས་པས། ཕ་རོལ་ཏུ་ཕྱིན་པའི་རྐྱེན་སྡུད་པའི་ཕྱིར་རོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སོ་སོར་རྟོག་པ་དང་བསྒོམས་པའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་རྒྱུན་མི་འཆད་པར་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་རྣམ་པར་འཇོག་པ་སྟེ། ཡེ་ཤེས་ཀྱིས་ཆོས་ལ་ལོངས་སྤྱོད་པ་མྱོང་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །ཡང་ཕ་རོལ་ཏུ་ཕྱིན་པ་བཞི་པོ་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་པ་ཐམས་ཅད་སྒོམ་པར་མི་འགྱུར་བ་ཡང་མ་ཡིན་ཏེ། ཆོས་ཀྱི་ཤེས་ཀྱིས་བསྡུས་པར་བལྟའོ། །ས་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྒོམ་པར་མི་འགྱུར་བ་ཡང་མ་ཡིན་ཏེ། ཆོས་ཀྱི་རྣམ་གྲངས་དེ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་ཕྱིར་རོ། །དུས་ཇི་སྲིད་ཅིག་གིས་ས་བཅུ་པོ་འདི་དག་གི་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། གང་ཟག་ལྔ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་རྫོགས་པར་འགྱུར་ཏེ། མོས་པས་སྤྱོད་པའི་གང་ཟག་ནི་བསྐལ་པ་གྲངས་མེད་པ་དང་པོས་རྫོགས་པར་འགྱུར་རོ། །ལྷག་པའི་བསམ་པ་དག་པ་ལ་སྤྱོད་པ་མཚན་མ་ལ་སྤྱོད་པ་དང༌། མཚན་མ་མེད་པ་ལ་སྤྱོད་པ་དག་ནི་ས་དྲུག་པོ་དག་དང༌། བདུན་པ་ལ་བསྐལ་པ་གྲངས་མེད་པ་གཉིས་པས་རྫོགས་པར་འགྱུར་རོ། །དེ་ཉིད་མངོན་པར་འདུ་བྱེད་པར་སྤྱོད་པ་ནི། །དེ་ཡན་ཆད་ས་བཅུའི་བར་དུ་བསྐལ་པ་གྲངས་མེད་པ་གསུམ་པས་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །འདིར་ཚིགས་སུ་


DTG134_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པ། །བཟང་དང་སྨོན་པའི་སྟོབས་ཅན་དང༌། སེམས་བརྟན་ཁྱད་པར་འགྲོ་བ་ཡི། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་གསུམ། །ཀུན་ཏུ་རྩོམ་པ་མཛད་ཅེས་བརྗོད། །དེ་ལྟར་རྒྱུ་དང་འབྲས་བུ་སྒོམ་པའི་རབ་ཏུ་དབྱེ་བ་བསྟན་ནས། དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་ཁྱད་པར་ཇི་ལྟར་བལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ས་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་ལས་ཇི་སྐད་བཤད་པ་ལྟ་བུའོ། །མདོར་བསྡུ་ན་ཁྱད་པར་བཞིས་ཁྱད་པར་དུ་བལྟ་སྟེ། རབ་ཏུ་དབྱེ་བའི་ཁྱད་པར་དང༌། བསླབ་པ་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་ཁྱད་པར་དང༌། རྒྱ་ཆེ་བ་ཉིད་ཀྱི་ཁྱད་པར་དང༌། ཟབ་པ་ཉིད་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་བལྟའོ། །དེ་ལ་རབ་ཏུ་དབྱེ་བའི་ཁྱད་པར་ནི། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་ཕྱིར་རོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་གཉིས་ཀྱི་རྟེན་གྱི་དོན་དུ་རིག་པར་བྱའོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི། སངས་རྒྱས་ཀྱི་ཆོས་ཡང་དག་པར་འགྲུབ་པའི་རྟེན་གྱི་དོན་དུ་རིག་པར་བྱའོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྟེན་གྱི་དོན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཉན་ཐོས་རྣམས་དང་ཐུན་མོང་བ་ནི། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ཀུན་ཏུ་མི་སྤྱོད་པའི་ཕྱིར་རོ། །བསླབ་པ་ཐུན་མོང་མ་ཡིན་པ་ནི། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཀུན་ཏུ་སྤྱོད་པའི་ཕྱིར་ཏེ། བསླབ་པ་དེ་ལ་ནི་གང་དུ་ཉན་ཐོས་ཀྱི་ལྟུང་བར་འགྱུར་བ་དེ་ལ་བྱང་ཆུབ་སེམས་དཔའི་ལྟུང་བ་མེད་དོ། །གང་དུ་བྱང་ཆུབ་སེམས་དཔའི་ལྟུང་བར་འགྱུར་བ་དེ་ལ་ཉན་ཐོས་ཀྱི་ལྟུང་བ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ནི། ལུས་དང་ངག་དང་སེམས་ཀྱིའོ། །ཉན་ཐོས་རྣམས་ཀྱི་ནི་ལུས་དང་ངག་ཉིད་དོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱི་ལྟུང་བར་ཡང་འགྱུར་གྱི། ཉན་ཐོས་རྣམས་ཀྱི་ནི་མ་ཡིན་ནོ། །མདོར་བསྡུ་ན་གང་ཁ་ན་མ་ཐོ་བ་མེད་པར་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ལུས་དང༌། ངག་དང་ཡིད་ཀྱི་ལས་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྤྱད་པར་བྱའོ། །དེ་ལ་བསླབ་པར་བྱང་བྱ་སྟེ། དེ་ལྟར་ན་ཐུན་མོང་མ་ཡིན་པས་ཁྱད་པར་དུ་བལྟའོ།


DTG134_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེ་བ་ཉིད་ཀྱི་ཁྱད་པར་ནི་རྒྱ་ཆེ་བ་ཉིད་རྣམ་པ་བཞིའི་ཕྱིར་ཏེ། སྣ་ཚོགས་དང་ཚད་མེད་པའི་བསླབ་པ་རྒྱ་ཆེ་བ་ཉིད་དང༌། བསོད་ནམས་ཚད་མེད་པ་ཡོངས་སུ་འཛིན་པ་རྒྱ་ཆེ་བ་ཉིད་དང༌། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱ་བའི་བསམ་པ་ཡོངས་སུ་འཛིན་པ་རྒྱ་ཆེ་བ་ཉིད་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟེན་པ་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཟབ་པ་ཉིད་ནི་གང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་རྣམས་དེ་ལྟ་བུས་སྲོག་གཅོད་པ་ལ་པ་སོགས་པའི་ལས་རྣམ་པ་བཅུ་སྤྱོད་ཀྱང༌། དེས་ཁ་ན་མ་ཐོ་བར་ཡང་མི་འགྱུར་ལ། བསོད་ནམས་ཚད་མེད་པ་ཡང་སྐྱེད་ཅིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཡང་སྤྲུལ་པའི་ལུས་དང་ངག་གི་ལས་ཀྱང༌། བྱང་ཆུབ་སེམས་དཔའི་ཟབ་པའི་ཚུལ་ཁྲིམས་སུ་རིག་པར་བྱ་སྟེ། དེས་རྒྱལ་སྲིད་ཀྱང་བྱེད་ཅིང༌། སེམས་ཅན་རྣམས་ལ་གཙེ་བ་སྣ་ཚོགས་བསྟན་ནས། སེམས་ཅན་འདུལ་བའི་ཡོངས་སུ་སྨིན་པར་བྱ་བ་ཡང་འགྲུབ་པར་བྱེད་དེ། འདི་ནི་གཞན་ལ་གནོད་པ་བྱ་བས། དེ་ལས་གཞན་པའི་སེམས་ཅན་ལ་ཕན་འདོགས་པ་ཀུན་ཏུ་སྟོན་པས། གཞན་དག་སེམས་དང་པ་སྔོན་དུ་འགྲོ་བའི་ཡོངས་སུ་སྨིན་པར་བྱ་བ་ཡང་འགྲུས་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཟབ་པ་ཉིད་ཀྱི་ཁྱད་པར་རོ། །མདོར་བསྡུ་ན་ཁྱད་པར་རྣམ་པ་འདི་བཞིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཁྱད་པར་ཅན་དུ་རིག་པར་བྱའོ། །རབ་ཏུ་དབྱེ་བ་འདིས་ན་བྱང་ཆུབ་སེམས་དཔའི་བསླབ་པའི་རབ་ཏུ་དབྱེ་བ་ཚད་མེད་དེ། དཔེར་ན་འདུལ་བར་བསྙད་པ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལས་འབྱུང་བ་ལྟ་བུའོ།། །།བམ་པོ་བཞི་པ་སྟེ་ཐ་མའོ། །དེ་ལྟར་ལྷག་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཁྱད་པར་བསྟན་ནས། ལྷག་པའི་སེམས་ཀྱི་ཁྱད་པར་ཇི་ལྟར་བལྟ་ཞེ་ན། མདོར་བསྡུ་ན་རབ་ཏུ་དབྱེ་བ་དྲུག་གིས་བལྟ་བར་བྱ་སྟེ། དམིགས་པས་རབ་ཏུ་དབྱེ་བ་དང༌། སྣ་ཚོགས་ཉིད་ཀྱིས་རབ་ཏུ་དབྱེ་བ་དང༌། གཉེན་པོས་རབ་ཏུ་དབྱེ་བ་དང༌། ལས་སུ་རུང་བ་ཉིད་ཀྱིས་རབ་ཏུ་དབྱེ་བ་དང༌། མངོན་པར་སྒྲུབ་པས་རབ་ཏུ་དབྱེ་བ་དང༌། ལས་ཀྱིས་རབ་ཏུ་དབྱེ་བ་སྟེ། ཐེག་པ་ཆེན་པོའི་ཆོས་ལ་


DTG134_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་ཕྱིར་རོ། །ཐེག་པ་ཆེན་པོ་སྣང་བ་དང༌། བསོད་ནམས་ཐམས་ཅད་ཡང་དག་པར་བསགས་པ་དང༌། ཏིང་ངེ་འཛིན་གྱི་རྒྱལ་པོ་བཟང་སྐྱོང་དང༌། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་སྣ་ཚོགས་ཉིད་ཚད་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་འདྲེས་པ་ལ་དམིགས་པའི་ཡེ་ཤེས་ཀྱིས། ཁྱེའུ་ཁྱེའུ་དབྱུང་བའི་ཚུལ་དུ་ཀུན་གཞི་རྣམ་པར་ཤེས་པ་ལ་སྒྲིབ་པའི་གང་དུ་འདོད་པར་སྐྱེ་བ་ཡོངས་སུ་འཛིན་པའི་ཕྱིར་རོ། །འཛིན་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་ཡོངས་སུ་འཛིན་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པའི་མངོན་པར་ཤེས་པ་མངོན་པར་སྒྲུབ་པ་དང༌། གཡོ་བར་བྱེད་པ་དང༌། འབར་བར་བྱེད་པ་དང༌། ཁྱབ་པར་བྱེད་པ་དང༌། སྟོན་པ་དང༌། གཞན་གྱི་དངོས་པོར་བསྒྱུར་བ་དང༌། འགྲོ་བ་དང༌། འོང་བ་དང༌། སྡུད་པ་དང༌། རྒྱས་པར་བྱེད་པ་དང༌། གཟུགས་ཀྱི་ལུས་ཐམས་ཅད་འཇོག་པ་དང༌། སྐལ་བ་མཉམ་པས་འགྲོ་བ་དང༌། སྣང་བར་བྱེད་ཅིང་མི་སྣང་བར་ཡང་བྱེད་པ་དང༌། དབང་ཉིད་དུ་བྱེད་པ་དང༌། གཞན་གྱི་རྫུ་འཕྲུལ་རབ་ཏུ་འཇོག་པ་དང༌། སྤོབས་པ་དང༌། དྲན་པ་དང༌། བདེ་བ་སྦྱིན་པ་དང༌། འོད་ཟེར་གཏོང་བའི་རྒྱུ་འཕྲུལ་ཆེན་པོ་མངོན་པར་སྒྲུབ་པ་དང༌། དཀའ་བ་སྤྱོད་པ་ཐམས་ཅད་བསྡུས་པ་དཀའ་བ་སྤྱོད་པ་རྣམ་པ་བཅུ་མངོན་པར་སྒྲུབ་པའི་ཕྱིར་རོ། །དཀའ་བ་སྤྱོད་པ་རྣམ་པ་བཅུ་ནི་འདི་ལྟ་སྟེ། ཁས་བླང་བར་དཀའ་བ་སྤྱོད་པ་ནི། བྱང་ཆུབ་ཆེན་པོར་སྨོན་ལམ་འདེབས་པ་ཁས་ལེན་པའི་ཕྱིར་རོ། །མི་ལྡོག་པར་དཀའ་བ་སྤྱོད་པ་ནི་འཁོར་བའི་སྡུག་བསྔལ་རྣམས་ཀྱིས་མི་བཟློག་པའི་ཕྱིར་རོ། །ཕྱིར་མི་ཕྱོགས་པར་དཀའ་བ་སྤྱོད་པ་ནི། སེམས་ཅན་ཐམས་ཅད་ཀྱི་ལོག་པར་སྒྲུབ་པ་རྣམས་ཀྱིས་དེ་ལས་ཕྱིར་མི་ཕྱོགས་པའི་ཕྱིར་རོ། །མངོན་དུ་ཕྱོགས་པར་དཀའ་བ་སྤྱོད་པ་ནི། གནོད་པར་བྱེད་པའི་སེམས་ཅན་རྣམས་ཀྱི་དོན་ཐམས་ཅད་བྱ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །མི་གོས་པར་དཀའ་བ་སྤྱོད་པ་ནི། འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་པའི་ཆོས་ཀྱིས་མི་གོས་པའི་ཕྱིར་རོ། །མོས་པར་དཀའ་བ་སྤྱོད་པ་ནི། རྟོག་པ་མེད་པར་ཡང་ཐེག་པ་ཆེན་པོ་ལ་རྒྱ་ཆེ་བ་ཉིད་དང༌། ཟབ་པ་ཉིད་ཐམས་ཅད་ལ་མོས་པའི་ཕྱིར་རོ། །རྟོགས་པར་


DTG134_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བ་སྤྱོད་པ་ནི། གང་ཟག་དང་ཆོས་ལ་བདག་མེད་པ་རྟོགས་པའི་ཕྱིར་རོ། །ཁོང་དུ་ཆུད་པར་དཀའ་བ་སྤྱོད་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་ཏེ་གསུངས་པ་ཟབ་མོ་ཁོང་དུ་ཆུད་པའི་ཕྱིར་རོ། །མི་འབྱེད་པ་ཀུན་ནས་ཉོན་མོངས་པ་མེད་པར་དཀའ་བ་སྤྱོད་པ་ནི། འཁོར་བ་ཡོངས་སུ་མི་གཏོང་ཡང༌། དེས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །སྦྱོར་བར་དཀའ་བ་སྤྱོད་པ་ནི། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ལ་བཞུགས་པའི་སངས་རྒྱས་རྣམས་འཁོར་བའི་མཐའི་བར་དུ་ལྷུན་གྱིས་གྲུབ་པར་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་མཛད་པ་དག་ལ་སྦྱོར་བའི་ཕྱིར་རོ། །ཁོང་དུ་ཆུད་པར་དཀའ་བ་སྤྱོད་པ་ལ་སངས་རྒྱས་རྣམས་ཀྱིས་དགོངས་ཏེ་གསུངས་པ་ལ། དེ་དག་གིས་ཁོང་དུ་ཆུད་པ་ཅི་འདྲ་ཞེ་ན། དཔེར་ན་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྦྱིན་ཕོད་པ་ཡིན་ཞེ་ན། གལ་ཏེ་སྦྱིན་པ་ཅུང་ཟད་མི་སྦྱིན་ལ་དེ་ཕྱོགས་བཅུའི་འཇིག་རྟེན་སྦྱིན་པ་བྱ་བ་ཚད་མེད་པ་ལ་ཡང་འཇུག་གོ །ཇི་ལྟར་ན་སྦྱིན་པ་འདོད་པ་ཡིན་ཞེས་ན། གལ་ཏེ་སྦྱིན་པ་ཐམས་ཅད་ལ་འདོད་པར་མི་བྱེད་པའོ། །ཇི་ལྟར་ན་སྦྱིན་པ་ལ་མོས་པ་ཡིན་ཞེ་ན། གལ་ཏེ་དེ་བཞིན་གཤེགས་པ་རྣམས་ལ་དད་པས་མི་འགྲོ་བའོ། །ཇི་ལྟར་ན་སྦྱིན་པ་ལ་འཇུག་པར་བྱེད་པ་ཡིན་ཞེ་ན། གལ་ཏེ་བདག་སྦྱིན་པ་ལ་འཇུག་པར་མི་བྱེད་པ་སྟེ། རང་བཞིན་ཉིད་ཀྱིས་སྦྱིན་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ན་སྦྱིན་པ་ལ་མངོན་པར་དགའ་བ་ཡིན་ཞེ་ན། གལ་ཏེ་ལན་འགའ་སྦྱིན་པ་ཅི་ཡང་སྦྱིན་པར་མི་བྱེད་པའོ། །ཇི་ལྟར་ན་སྦྱིན་པ་ལ་ཆེ་བ་ཡིན་ཞེ་ན། གལ་ཏེ་སྦྱིན་པ་ལ་སྙིང་པོ་མེད་པའི་འདུ་ཤེས་སུ་གྱུར་པའོ། །ཇི་ལྟར་ན་སྦྱིན་པ་དག་པ་ཡིན་ཞེ་ན། གལ་ཏེ་སེར་སྣང་འབྱུང་བར་བྱེད་པའོ། །ཇི་ལྟར་ན་སྦྱིན་པ་མཐར་ཕྱིན་པ་ཡིན་ཞེ་ན། གལ་ཏེ་མཐའ་ལ་མི་གནས་པར་གྱུར་པའོ། །ཇི་ལྟར་ན་སྦྱིན་པ་ལ་བདག་པོ་ཡིན་ཞེ་ན། གལ་ཏེ་སྦྱིན་པ་ལ་དབང་བྱེད་པ་མ་ཡིན་པའོ། །ཇི་ལྟར་ན་སྦྱིན་པ་མི་ཟད་པ་ཡིན་ཞེ་ན། གལ་ཏེ་མི་ཟད་པ་ལ་མི་གནས་པར་གྱུར་པའོ། །སྦྱིན་པ་ལ་ཇི་ལྟ་བ་དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ཤེས་རབ་ལ་ཐུག་པ་རྣམས་ལ་ཡང་ཅི་རིགས་སུ་ཤེས་པར་བྱའོ། །ཇི་ལྟར་ན་སྲོག་གཅོད་པ་ཡིན་ཞེ་ན། གལ་ཏེ་སྲོག་ཆགས་


DTG134_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འཁོར་བ་ལས་ཤིན་ཏུ་བཟློག་པའོ། །ཇི་ལྟར་ན་མ་བྱིན་པར་ལེན་པ་ཡིན་ཞེ་ན། གལ་ཏེ་སུས་ཀྱང་མ་བྱིན་པར་བདག་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལེན་པའོ། །ཇི་ལྟར་ན་འདོད་པ་ལ་ལོག་པར་སྤྱོད་པ་ཡིན་ཞེ་ན། གལ་ཏེ་འདོད་པ་རྣམས་ལ་ལོག་པའོ་ཞེས་སྤྱོད་པའོ། །ཇི་ལྟར་ན་བརྫུན་དུ་སྨྲ་བ་ཡིན་ཞེ་ན། གལ་ཏེ་གང་བརྫུན་པ་དེ་ལ་བརྫུན་ནོ་ཞེས་སྨྲ་བའོ། །ཇི་ལྟར་ན་ལོག་པར་ལྟ་བ་ཅན་ཡིན་ཞེ་ན། གལ་ཏེ་གང་ཐམས་ཅད་ན་ཐམས་ཅད་ལ་འདུག་པའི་ལོག་པ་དེ་ཇི་ལྟ་བ་བཞིན་ལྟར་ན་ངག་རྩུབ་པོ་སྨྲ་བ་ཡིན་ཞེ་ན། གལ་ཏེ་ཤེས་བྱ་བའི་ཕ་རོལ་ཏུ་གནས་པའོ། །ཇི་ལྟར་ན་ཚིག་ཀྱལ་པ་སྨྲས་པ་ཡིན་ཞེ་ན། གལ་ཏེ་ཆོས་ཐམས་ཅད་ཡང་དག་པར་རྣམ་པར་ཕྱེ་སྟེ་སྨྲ་བའོ། །ཇི་ལྟར་ན་བརྣབ་སེམས་ཅན་ཡིན་ཞེ་ན། གལ་ཏེ་རྒྱུན་དུ་བདག་བླ་ན་མེད་པའི་བསམ་གཏན་ཐོབ་པར་བྱེད་པའོ། །ཇི་ལྟར་ན་གནོད་སེམས་ཀྱི་སེམས་དང་ལྡན་པ་ཡིན་ཞེ་ན། གལ་ཏེ་སེམས་ལ་ཉོན་མོངས་པར་བྱེད་པ་ཐམས་ཅད་ལ་འདིས་གནོད་པར་བྱས་པ་ཡིན་ནོ། །ཇི་ལྟར་ན་ལོག་པར་ལྟ་བ་ཅན་ཡིན་ཞེ་ན། གལ་ཏེ་གང་ཐམས་ཅད་ན་ཐམས་ཅད་ལ་འདུག་པའི་ལོག་པ་དེ་ཇི་ལྟ་བ་བཞིན་དུ་མཐོང་བའོ། །སངས་རྒྱས་ཀྱི་ཆོས་རྣམས་ཟབ་བོ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་རྣམས་ཟབ་པ་གང་ཞེ་ན། འདིར་བསྟན་པ་རྟག་པའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ། ཆོས་ཀྱི་སྐུ་རྟག་པའི་ཕྱིར་རོ། །ཆད་པའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ། སྒྲིབ་པ་ཐམས་ཅད་ཆད་པའི་ཕྱིར་རོ། །སྐྱེ་བའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ། སྤྲུལ་པའི་སྐུ་སྐྱེ་བའི་ཕྱིར་རོ། །དམིགས་པའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་དག་དང་བཅད་པ་དམིགས་པའི་ཕྱིར་རོ། །འདོད་ཆགས་དང་བཅས་པའི་ཆོས་རྣམས་ནི། སངས་རྒྱས་ཀྱི་ཆོས་རྣམས་ཏེ། འདོད་ཆགས་དང་བཅས་པའི་སེམས་ཅན་རྣམས་ཀྱིས་བདག་ཏུ་ཁས་བླངས་པའི་ཕྱིར་རོ། །དེ་བཞིན་དུ་ཞེ་སྡང་དང་བཅས་པའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཏེ། གཏི་མུག་དང་བཅས་པའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས། སོ་སོའི་སྐྱེ་བའོ་ཆོས་རྣམས་ནི། སངས་རྒྱས་ཀྱི་ཆོས་རྣམས་སུ་བལྟ་བར་བྱའོ། །མི་གོས་པའི་ཆོས་རྣམས་ནི་


DTG134_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱིས་ཆོས་རྣམས་ཏེ། གྲུབ་པའི་དེ་བཞིན་ཉིད་ལ་སྒྲིབ་པ་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར་རོ། །ཉེ་བར་གོས་པ་མེད་པའི་ཆོས་རྣམས་ནི། སངས་རྒྱས་ཀྱི་ཆོས་རྣམས་ཏེ། འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་པའི་ཆོས་རྣམས་ཀྱིས་ཉེ་བར་གོས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་སངས་རྒྱས་ཀྱིས་ཆོས་རྣམས་ནི་ཟབ་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དང༌། སེམས་ཅན་ཡོངས་སུ་སྨིན་བར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམས་ཀྱི་ལས་ཀྱི་རབ་ཏུ་དབྱེ་བར་བལྟའོ། །དེ་ལྟར་ལྷག་པའི་སེམས་ཀྱི་ཁྱད་པར་བསྟན་ནས། ལྷག་པའི་ཤེས་རབ་ཀྱི་ཁྱད་པར་ཇི་ལྟར་བལྟ་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང༌། གནས་དང༌། གཞི་དང༌། དམིགས་པ་དང༌། རྣམ་པ་དང༌། བརྒལ་བའི་ལན་དང༌། རྟེན་དང། གྲོགས་དང༌། རྣམ་པར་སྨིན་པ་དང༌། རྒྱུ་མཐུན་པ་དང༌། ངེས་པར་འབྱུང་བ་དང༌། མཐར་ཐུག་པར་འགྲོ་བ་དང༌། སྦྱོར་བ་ལས་བྱུང་བ་དང༌། རྣམ་པར་མི་རྟོག་པ་དང༌། རྗེས་ལས་ཐོབ་པའི་ཕན་ཡོན་དང༌། རབ་ཏུ་དབྱེ་བ་དང༌། །རྣམ་པར་མི་རྟོག་པ་དང༌། རྗེས་ལས་ཐོབ་པའི་དཔེ་དང༌། ལྷུན་གྱིས་གྲུབ་པར་བྱ་བ་སྒྲུབ་པ་དང༌། ཟབ་པ་ཉིད་ཀྱིས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི། ལྷག་པའི་ཤེས་རབ་ཀྱི་ཁྱད་པར་དུ་བལྟ་བར་བྱའོ། །དེ་ལ་རྣམ་པ་ལྔས་རྣམ་པར་སྤངས་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཅེས་བྱ་སྟེ། ཡིད་ལ་མི་བྱེད་པ་ཡོངས་སུ་སྤངས་པ་དང༌། རྟོག་པ་དང་བཅས་པ་དང༌། དཔྱོད་པ་དང་བཅས་པའི་ས་ལས་ཤིན་ཏུ་འདའ་བ་ཡོངས་སུ་སྤངས་པ་དང༌། འདུ་ཤེས་དང༌། ཚོར་བ་འགོག་པ་ཉེ་བར་ཞི་བ་ཡོངས་སུ་སྤངས་པ་དང༌། གཟུགས་ཀྱི་ངོ་བོ་ཉིད་ཡོངས་སུ་སྤངས་པ་དང༌། དེ་ཁོ་ནའི་དོན་ལ་བཀྲ་བར་འཛིན་པ་ཡོངས་སུ་སྤངས་པའི་ཕྱིར་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི། རྣམ་པ་འདི་ལྔ་ཡོངས་སུ་སྤངས་པར་རིག་པར་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམ་པར་གཞག་པ་ཇི་སྐད་བསྟན་པ་འདིར་ཚིགས་སུ་བཅས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །


DTG134_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་རྟོག་མེད་པའི་ངོ་བོ་ཉིད། །རྣམ་པ་ལྔ་ནི་རྣམ་སྤངས་ཤིང༌། །ཡང་དག་དོན་ལ་བཀྲར་འཛིན་མེད། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་པར་རྟོག་པ་མེད་པའི་གནས། །སེམས་མིན་སེམས་ནི་ཁོ་ན་སྟེ། །དོན་ལ་མི་སེམས་རྒྱུས་བྱུང་ཕྱིར། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་པར་རྟོག་པ་མེད་པའི་གཞི། །ཐོས་པའི་བག་ཆགས་རྗོད་བཅས་པའི། །ཡིད་བྱེད་དེ་ནི་ཚུལ་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་རྟོག་མེད་པའི་དམིགས་པ་ནི། ཆོས་རྣམས་བརྗོད་དུ་མེད་པ་ཉིད། །བདག་མེད་དེ་བཞིན་ཉིད་ཀྱང་དེ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་པར་མི་རྟོག་རྣམ་པ་ནི། །ཤེས་བྱ་དམིགས་པ་དེ་ཉིད་ལ། །མཚན་མ་མེད་པ་གང་ཡིན་པའོ། །སྦྱོར་ལས་བྱུང་བའི་རང་བཞིན་དེ། །རྣམ་བརྟགས་དེ་ལས་གཞན་དུ་མིན། །ཡི་གེ་ཕན་ཚུན་སྦྱོར་བས་ན། དོན་དེ་སྦྱོར་ལས་བྱུང་བ་ཡིན། །རྗོད་པ་མེད་པར་བརྗོད་བྱ་ལ། །ཤེས་པ་འཇུག་པ་མ་ཡིན་ནོ། །འགལ་བའི་ཕྱིར་ན་བརྗོད་ལ་མིན། །དེ་ཕྱིར་ཐམས་ཅད་བརྗོད་དུ་མེད། །རྣམ་པར་མི་རྟོག་ཡེ་ཤེས་ནི། །བྱང་ཆུབ་སེམས་དཔའི་དེ་རྗེས་ལ། །ཐོབ་པའི་སྤྱོད་པའི་རྟེན་ཡིན་ཏེ། །དེ་ནི་འཕེལ་བར་འགྱུར་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་པར་རྟོག་པ་མེད་པའི་གྲོགས། །ལམ་གཉིས་སུ་ནི་བརྗོད་པ་སྟེ། །ཕ་རོལ་ཕྱིན་ལྔའི་རང་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་རྟོག་མེད་པའི་རྣམ་སྨིན་ནི། །སངས་རྒྱས་དཀྱིལ་འཁོར་གཉིས་སུ་སྟེ། །སྦྱོར་བ་དང་ནི་ཐོབ་པས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་རྟོག་མེད་པའི་རྒྱུ་མཐུན་ནི། །ཕྱིན་མ་ཕྱིན་མའི་ཚེ་རྣམས་སུ། །ཁྱད་པར་དུ་ནི་འགྲོ་བར་འདོད། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་རྟོག་མེད་པའི་འབྱུང་བ་ནི། །ས་བཅུ་དག་ཏུ་ཤེས་བྱ་སྟེ། །ཐོབ་པ་དང་ནི་གྲུབ་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་རྟོག་མེད་པའི་མཐར་ཐུག་པ། །དག་པའི་སྐུ་གསུམ་ཐོབ་ཕྱིར་དང༌། །དབང་གི་མཆོག་ནི་ཐོབ་ཕྱིར་རོ། །རྣམ་རྟོག་མེད་པའི་ཡེ་ཤེས་དེ། །དད་པ་ཙམ་དང་མོས་པ་ཡིས། །སྡིག་པ་སྣ་ཚོགས་དྲག་རྣམས་ཀྱིས། །གོས་པ་མེད་དེ་ནམ་མཁའ་བཞིན། །


DTG134_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་མེད་པའི་ཡེ་ཤེས་དེ། །སྒྲིབ་པ་ཀུན་ལས་གྲོལ་བའི་ཕྱིར། །ཐོད་དང་གྲུབ་དང་ལྡན་པས་ན། །གོས་པ་མེད་དེ་ནམ་མཁའ་བཞིན། །རྣམ་རྟོག་མེད་པའི་ཡེ་ཤེས་དེ། །གོས་པ་མེད་དེ་ནམ་མཁའ་བཞིན། །འཇིག་རྟེན་དག་ན་རྣམ་རྒྱུ་ཡང༌། འཇིག་རྟེན་ཆོས་ཀྱིས་རྟག་མི་གོས། །ལྐུགས་པས་དོན་ནི་མྱོང་འདོད་དང༌། །ཇི་ལྟར་ལྐུགས་པས་དོན་མྱོང་བ་དང༌། །མ་ལྐུགས་པས་ནི་དོན་མྱོང་ལྟར། །ཡེ་ཤེས་གསུམ་ནི་བརྗོད་པ་ཡིན། །རྨོངས་པས་དོན་ནི་མྱོང་འདོད་དང༌། །ཇི་ལྟར་རྨོངས་པས་དོན་རྨོངས་དང༌། མ་རྨོངས་པས་ནི་དོན་རྨོངས་ལྟར། །ཡེ་ཤེས་གསུམ་ནི་བརྗོད་པ་ཡིན། །ལྔ་པོས་དོན་ནི་མྱོང་འདོད་དང༌། །ཇི་ལྟར་ལྔ་པོས་དོན་མྱོང་དང༌། །ཡིད་ཀྱིས་དོན་ནི་མྱོང་བ་ལྟར། །ཡེ་ཤེས་གསུམ་ནི་བརྗོད་པ་ཡིན། །བསྟན་བཅོས་མི་ཤེས་བསྟན་བཅོས་འདོད། །ཆོས་དང་དོན་མྱོང་གོ་རིམས་ལྟར། །སྦྱོར་བ་ལས་ནི་བྱུང་བ་སོགས། །ཡེ་ཤེས་གསུམ་དེ་བཞིན་གཤེགས་པར་བྱ། །མི་ཞིག་མིག་ནི་བཙུམས་པ་ལྟར། །རྣམ་རྟོག་མེད་པའི་ཤེས་དེ་འདྲ། །དེ་ཉིད་མིག་ནི་ཕྱེ་བ་ལྟར། །དེ་རྗེས་ཐོབ་པའི་ཤེས་དེ་འདྲ། །རྣམ་རྟོག་མེད་པའི་ཤེས་དེ་ནི། །ནམ་མཁའ་བཞིན་དུ་ཤེས་པར་བྱ། །དེ་ལ་གཟུགས་ནི་སྣང་བ་ལྟར། །དེ་ཡི་རྗེས་ཐོབ་ཤེས་དེ་འདྲ། །ཇི་ལྟར་ནོར་བུ་སིལ་སྙན་དག །རྟོག་པ་མེད་པ་རང་ལས་བྱུང༌། །དེ་ལྟར་རྟག་ཏུ་རྟོག་མེད་པར། །སངས་རྒྱས་ཕྲིན་ལས་སྣ་ཚོགས་འབྱུང༌། །དེ་ལ་མ་ཡིན་གཞན་ལ་མིན། །མི་ཤེས་པ་དང་ཤེས་པའང་མིན། །ཤེས་བྱ་དང་ནི་ཁྱད་མེད་པའི། །ཤེས་གང་དེ་ནི་མི་རྟོག་ཉིད། །རྣམ་པར་བརྟག་བྱ་མེད་པས་ན། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །རྣམ་རྟོག་མེད་པར་གང་ཕྱིར་བཞེད། །དེ་ཕྱིར་ཤེས་དེ་མི་རྟོག་ཉིད། །དེ་ལ་རྣམ་པར་མི་རྟོག་པ་ལ་སྦྱོར་བས་བྱུག་བའི་ཡེ་ཤེས་ནི་རྣམ་པ་གསུམ་སྟེ། རྒྱུ་དང་འཕེན་པ་དང༌། གོམས་པ་ལས་བྱུང་བས་རབ་ཏུ་དབྱེ་བའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་རྣམ་པ་གསུམ་སྟེ། ཆོག་ཤེས་པ་དང༌། ཕྱིན་ཅི་མ་ལོག་པ་དང༌། སྤྲོས་པ་མེད་པས་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེའི་རྗེས་ལས་ཐོབ་པ་ནི་རྣམ་པ་ལྔ་སྟེ། རྟོགས་པ་དང༌། རྗེས་སུ་དྲན་པ་དང༌། རྣམ་པར་


DTG134_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པ་དང༌། འདྲེས་པ་དང༌། འབྱོར་བ་ལ་དཔྱོད་པ་ཐ་དད་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་གྲུབ་པའི་ཚིགས་སུ་བཅད་པ་གཞན་དག་ནི། ཡི་དགས་དུད་འགྲོ་མི་རྣམས་དང༌། །ལྷ་རྣམས་ཇི་ལྟར་འོས་འོས་སུ། །དངོས་གཅིག་ཡིད་ནི་ཐ་དད་པས། །དོན་རྣམས་གྲུབ་པ་མེད་པར་འདོད། །འདས་སོགས་དེ་བཞིན་རྨི་ལམ་དང༌། །གཟུགས་བརྙན་རྣམ་པ་གཉིས་པོ་ལ། དམིགས་པ་ཡོད་པ་མ་ཡིན་ཕྱིར། །དེ་ལ་དམིགས་པ་ལྔ་པའི་ཕྱིར། །དོན་ནི་དོན་དུ་གྲུབ་ན་ནི། །ཡེ་ཤེས་རྟོག་པ་མེད་མི་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །འཐོབ་པར་འཐད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དབང་ཐོབ་དང༌། །བསམ་གཏན་པ་ཡིན་མོས་དབང་གིས། །འདི་ལྟར་ས་ལ་སོགས་པ་དག །དངོས་པོ་དེ་ལྟར་དམིགས་པར་འགྱུར། །འདི་ལ་རྣམ་པར་འབྱེད་འགྲུབ་པ། །བློ་ལྡན་ཞི་པ་ཐོབ་པ་ཡི། །ཆོས་ཀུན་ཡིད་ལ་བྱེད་པ་ལ། །དེ་ལྟར་དོན་དུ་སྣང་ཕྱིར་རོ། །ཡེ་ཤེས་རྒྱུ་བ་རྟོག་མེད་ལ། །དོན་རྣམས་ཐམས་ཅད་མི་སྣང་ཕྱིར། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པ་མི་རྟོག་པའི་ཡེ་ཤེས་ནི་ཁྱད་པར་མེད་དེ། ཇི་སྐད་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་པའི་ཚུལ་གྱིས་གནས་ནས་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམས་པས་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །ཇི་ལྟར་མི་གནས་པའི་ཚུལ་གྱིས་ཡོངས་སུ་རྫོགས་པར་བྱེད་ཅེ་ན། གནས་རྣམ་པ་ལྔ་ཡོངས་སུ་སྤོང་བའི་ཕྱིར་ཏེ། མུ་སྟེགས་ཅན་གྱི་ངར་འཛིན་པའི་གནས་ཡོངས་སུ་སྤོང་བ་དང༌། དེ་ཁོ་ན་མ་མཐོང་བའི་བྱང་ཆུབ་སེམས་དཔའི་རྣམ་པར་རྟོག་པའི་གནས་ཡོངས་སུ་སྤོང་བ་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ཀྱི་གནས་ཡོངས་སུ་སྤོང་བ་དང༌། ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཙམ་གྱིས་ཆོག་པར་འཛིན་པའི་གནས་ཡོངས་སུ་སྤོང་བ་དང༌། སེམས་ཅན་གྱི་དོན་ལ་མི་ལྟ་བ་ཕུང་པོའི་ཁ་མ་མེད་པའི་མྱ་ངལ་ལས་འདས་པའི་དབྱིངས་ཀྱི་གནས་ཡོངས་སུ་སྤོང་བའི་ཕྱིར་རོ། །ཉན་ཐོས་ཀྱི་ཡེ་ཤེས་དང༌། བྱང་ཆུབ་སེམས་དཔའི་ཡེ་ཤེས་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། རྣམ་པ་ལྔས་ཁྱད་པར་ཡོད་


DTG134_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་པར་བྱ་སྟེ། རྣམ་པར་མི་རྟོག་པའི་ཁྱད་པར་ནི་ཕུང་པོ་ལ་སོགས་པའི་ཆོས་ལ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཉི་ཚེ་བ་མ་ཡིན་པའི་ཁྱད་པར་ནི་དེ་ཁོ་ན་ཟད་པར་རྟོགས་པ་དང༌། ཤེས་བྱའི་རྣམ་པར་ཐམས་ཅད་ལ་འཇུག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱ་བའི་ཉི་ཚེ་བ་མ་ཡིན་པའི་ཕྱིར་རོ། །མི་གནས་པ་ཉིད་ཀྱི་ཁྱད་པར་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་རོ། །གཏན་དུ་བའི་ཁྱད་པར་ནི་མྱ་ངན་ལས་འདས་པའི་དབྱིངས་སུ་ཟད་པར་མི་འགྱུར་བའི་ཕྱིར་རོ། །གོང་ན་མེད་པའི་ཁྱད་པར་ནི་དེའི་གོང་ན་དེ་མ་ཡིན་པའི་ཐེག་པ་ཆེས་ཁྱད་པར་དུ་འཕགས་པ་གཞན་མེད་པའི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ། སྙིང་རྗེའི་བདག་ཉིད་ཡེ་ཤེས་ཀྱིས། །རྣམ་ལྔ་ཁྱད་པར་འཕགས་པ་རྣམས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕུན་སུམ་ཚོགས་དང་མི་རིང་བརྗོད། །གང་གི་ཚེ་བྱང་ཆུབ་སེམས་དཔའ་དེ་ལྟར་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་ཞིང་ནོར་ཐམས་ཅད་ལ་དབང་འབྱོར་བ་ཐོབ་པར་གྱུར་པ་དེའི་ཚེ། ཅིའི་ཕྱིར་སེམས་ཅན་བྲེལ་ཕོངས་ཅན་དག་སྣང་ཞེ་ན། སེམས་ཅན་དེ་དག་ལ་དེའི་བགེགས་སུ་གྱུར་བའི་ལས་མཐོང་བ་དང༌། ལོངས་སྤྱོད་དེ་ཉེ་བར་སྒྲུབ་ན་དགེ་བའི་ཆོས་སྐྱེ་བའི་བར་དུ་གཅོད་པ་ཉིད་དུ་མཐོང་བ་དང༌། །ཀུན་ཏུ་སྐྱེ་བ་མངོན་དུ་གྱུར་པར་མཐོང་བ་དང༌། ལོངས་སྤྱོད་དེ་ཉེ་བར་སྒྲུབ་ན་མི་དགེ་བའི་ཆོས་སོགས་པའི་རྒྱུ་ཉིད་དུ་མཐོང་བ་དང༌། ལོངས་སྤྱོད་དེ་ཉེ་བར་སྒྲུབ་པ་ཉིད་དེ་ལས་གཞན་པའི་སེམས་ཅན་ཆེས་མང་བ་དག་ལ་གནོད་པའི་རྒྱུ་ཉིད་དུ་མཐོང་བའི་ཕྱིར། སེམས་ཅན་བྲེལ་ཕོངས་ཅན་དག་སྣང་ངོ༌། །འདིར་ཚིགས་སུ་བཅད་པ། ལས་ཀྱི་སྒྲིབ་དང་མངོན་འགྱུར་དང༌། །སོགས་དང་གནོད་བྱེད་མཐོང་བའི་ཕྱིར། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །སེམས་ཅན་ལོངས་སྤྱོད་མི་འཐོབ་བརྗོད། །དེ་ལྟར་ལྷག་པའི་ཤེས་རབ་ཀྱི་ཁྱད་པར་བསྟན་ཏོ། །སྤོང་བའི་ཁྱད་པར་ཇི་ལྟར་བལྟ་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོང་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ནི་གང་ཡིན་པའོ། །དེའི་མཚན་ཉིད་ནི། གང་ཉོན་མོངས་པ་ཡོངས་སུ་བཏང་བ་དང་


DTG134_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་འཁོར་བ་ཡོངས་སུ་མི་གཏོང་བའི་གནས་ཏེ་གནས་གྱུར་པའོ། །དེ་ལ་འཁོར་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ཀུན་ནས་ཉོན་མོངས་པའི་ཆར་གཏོགས་པའོ། །མྱ་ངན་ལས་འདས་པ་ནི་དེ་ཉིད་རྣམ་པར་བྱང་བའི་ཆར་གཏོགས་པའོ། །གནས་ནི་དེ་ཉིད་གཉི་གའི་ཆར་གཏོགས་པ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་དོ། །གཞན་གྱུར་པ་ནི་གང་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ཉིད་ཀྱི་གཉེན་པོ་སྐྱེས་ནས་གང་ཀུན་ནས་ཉོན་མོངས་པའི་ཆ་ལྡོག་ཅིང་རྣམ་པར་བྱང་བའི་ཆར་གྱུར་པའོ། །གྱུར་པ་དེ་ཡང་མདོར་བསྡུ་ན་རྣམ་པ་དྲུག་སྟེ། ཉམ་ཆུང་བར་བྱེད་ཅིང་རྒྱས་པར་གྱུར་པ་ནི་མོས་པའི་དབང་གིས་ཐོས་པའི་བག་ཆགས་གནས་པ་དང༌། འཛེམ་པ་དང་བཅས་པ་ལ་ཉོན་མོངས་པ་ཆུང་ངུ་ཙམ་ཀུན་ཏུ་འབྱུང་བའམ། ཀུན་ཏུ་མི་འབྱུང་བའི་ཕྱིར་རོ། །རྟོགས་ནས་གྱུར་པ་ནི་སར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ་ས་དྲུག་པའི་བར་དུ་དེ་ཁོ་ན་དང་དེ་ཁོ་ན་མ་ཡིན་པ་སྣང་བ་ཉེ་བར་གནས་པའི་ཕྱིར་རོ། །བསྒོམ་པས་གྱུར་པ་ནི་སྒྲིབ་པ་དང་བཅས་པ་རྣམས་ཀྱི་སྟེ། ས་བཅུའི་བར་དུ་མཚན་མ་ཐམས་ཅད་མི་སྣང་བ་དང༌། དེ་ཁོ་ན་སྣང་བའི་ཕྱིར་རོ། །འབྲས་བུ་ཡོངས་སུ་རྫོགས་པའི་འགྱུར་བ་ནི་སྒྲིབ་པ་མེད་པ་རྣམས་ཀྱི་སྟེ། མཚན་མ་ཐམས་ཅད་མི་སྣང་བ་དང༌། ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་སྣང་བ་དང༌། མཚན་མ་ཐམས་ཅད་ལ་དབང་འབྱོར་བ་ཐོབ་པའི་ཕྱིར་རོ། །འགྱུར་པ་དམན་པ་ནི་ཉན་ཐོས་རྣམས་ཀྱི་སྟེ། གང་ཟག་ལ་བདག་མེད་པར་རྟོགས་པ་དང༌། འཁོར་བ་ལ་ཤིན་ཏུ་རྒྱབ་ཀྱིས་བལྟས་པས་འཁོར་བ་ཤིན་ཏུ་ཡོངས་སུ་གཏོང་བའི་ཕྱིར་རོ། །རྒྱུར་པ་རྒྱ་ཆེ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། ཆོས་ལ་བདག་མེད་པར་རྟོགས་པ་དང༌། དེ་ཉིད་ལ་ཞི་བར་མཐོང་བས་ཀུན་ནས་ཉོན་མོངས་པ་སྤོང་ཞིང་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །གྱུར་པ་དམན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ན་ཉེས་དམིགས་ཅིང་ཡོད་ཅེ་ན། སེམས་ཅན་གྱི་དོན་ལ་མི་ལྟ་བས་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལས་ཤིན་ཏུ་འདས་ཏེ། ཐེག་པ་དམན་པ་པ་རྣམས་དང་རྣམ་པར་ཐར་པ་མཚུངས་པའི་ཉེས་དམིགས་སུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྱུར་པ་རྒྱ་ཆེན་པོ་ལ་ཕན་ཡོན་ཅི་ཡོད་ཅེ་ན། རང་བཞིན་གནས་གྱུར་པའི་གཞིས་འཁོར་བའི་ཆོས་ཐམས་ཅད་ལ་དབང་འབྱོར་བ་ཐོབ་པའི་ཕྱིར་ཏེ། འགྲོ་བ་


DTG134_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་ལུས་སྟོན་པས་འདུལ་བའི་ཐབས་ལ་མཁས་པ་སྣ་ཚོགས་ཀྱིས་མངོན་པར་མ་ཐོབ་དང༌། ཐེག་པ་གསུམ་པོ་དག་ལ་འདུལ་ཞིང་འགོད་པ་ནི་ཕན་ཡོན་ནོ། །འདིར་ཚིགས་སུ་བཅས་པ། །བྱིས་པ་རྣམས་ལ་ཡང་དག་བསྒྲིབས། །ཡང་དག་མ་ཡིན་ཀུན་ཏུ་སྣད། །དེ་བསྩལ་ཡང་དག་ཐམས་ཅད་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྣང༌། །དོན་མེད་པ་དང་དོན་ཡོད་པ། །མི་སྣང་སྣང་བར་ཤེས་པར་བྱ། །གནས་ནི་གཞན་དུ་གྱུར་པ་དེ། །འདོད་དགུར་རྒྱུ་ཕྱིར་ཐར་པ་ཡིན། །འཁོར་བ་དང་ནི་མྱ་ངན་འདས། །མཚུངས་པར་ཤེས་པ་ནམ་སྐྱེ་བ། །དེ་ཚེ་དེ་ཕྱིར་དེ་ལ་ནི། །འཁོར་ཉིད་མྱ་ངན་འདས་པར་འགྱུར། །དེ་ཡི་ཕྱིར་ན་འཁོར་བ་ནི། །གཏོང་བ་མ་ཡིན་མི་གཏོང་མིན། །དེ་ཕྱིར་མྱ་ངན་འདས་པ་ཡང༌། །ཐོབ་པ་མ་ཡིན་མི་ཐོབ་མིན། །དེ་ལྟར་སྤོང་བའི་ཁྱད་པར་བསྟན་ནས། ཡེ་ཤེས་ཀྱི་ཁྱད་པར་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་ཀྱི་སྐུ་གསུམ་པོ་ངོ་བོ་ཉིད་དང༌། previous hit ལོངསསྤྱོདརྫོགས next hit་དང༌། སྤྲུལ་པའི་སྐུས་ཡེ་ཤེས་ཀྱི་ཁྱད་པར་དུ་བལྟ་བར་བྱའོ། །དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་གང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ། ཐམས་ཅད་ལ་དབང་སྒྱུར་བའི་གནས་ཡིན་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། གང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་ཀྱིས་རབ་ཏུ་ཕྱེ་བ་དང༌། ཆོས་ཀྱི་སྐུ་ལ་བརྟེན་པ་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། ཐེག་པ་ཆེན་པོ་ཆོས་ཀྱི་ལོངས་སྤྱོད་མྱོང་བར་མཛད་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ནི་གང་ཆོས་ཀྱི་སྐུ་ལ་བརྟེན་པ་ཉིད་དེ་དགའ་ལྡན་གྱི་གནས་ན་བཞུགས་པ་ནས་བཟུང་སྟེ། འཕོ་བ་དང༌། བལྟམས་པ་དང༌། འདོད་པ་ལ་སྤྱོད་པ་དང༌། མངོན་པར་འབྱུང་བ་དང༌། མུ་སྟེགས་ཅན་གྱི་གང་དུ་གཤེགས་པ་དང༌། དཀའ་པ་སྤྱོད་པ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པའི་ཕྱིར་རོ། །འདིར་སྡོམ་གྱི་ཚིགས་སུ་བཅད་པ། མཚན་ཉིད་དང་ནི་འཐོབ་པ་དང༌། །དབང་དང་གནས་དང་ཡོངས་སུ་བསྡུས་དང༌། །དབྱེ་དང་ཡོན་ཏན་ཟབ་པ་དང༌། །དྲན་དང་ཕྲིན་ལས་སངས་རྒྱས་ཉིད། །སངས་རྒྱས་རྣམས་ཀྱི་


DTG134_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཇི་ལྟ་བུ་ཞེ་ན། ཆོས་ཀྱི་སྐུའོ། །མདོར་བསྡུ་ན་མཚན་ཉིད་ལྔར་རིག་པར་བྱ་སྟེ། གནས་གྱུར་བའི་མཚན་ཉིད་ནི་སྒྲིབ་པ་ཐམས་ཅད་ལ་ཀུན་ནས་ཉོན་མོངས་པའི་ཆར་གཏོགས་པའི་གཞན་གྱི་དབང་གི་ངོ་བོ་ཉིད་རྣམས་པར་ལོག་ན་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཉེ་བར་གནས་པ་རྣམས་པར་བྱང་བའི་ཆར་གཏོགས་པ་གཞན་གྱི་དབང་གི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །དཀར་པོའི་ཆོས་ཀྱི་རང་བཞིན་གྱི་མཚན་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ནས། དབང་བཅུ་ཐོབ་པའི་ཕྱིར་ཏེ། དེ་ལ་ཚེ་ལ་དབང་བ་དང༌། སེམས་ལ་དབང་བ་དང༌། ཡོ་བྱད་ལ་དབང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ལས་ལ་དབང་བ་དང༌། སྐྱེ་བ་ལ་དབང་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །མོས་པ་ལ་དབང་བ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །སྨོན་ལམ་ལ་དབང་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །མངོན་པར་ཤེས་པ་ལྔས་བསྡུས་པའི་རྫུ་འཕྲུལ་ལ་དབང་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཡེ་ཤེས་ལ་དབང་བ་དང་ཆོས་ལ་དབང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །གཉིས་སུ་མེད་པའི་མཚན་ཉིད་ནི་ཡོད་པ་དང་མེད་པ་གཉིས་སུ་མེད་པའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་དངོས་པོ་མེད་པ་དང༌། སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་དངོས་པོ་ཡིན་པའི་ཕྱིར་རོ། །འདུས་བྱས་དང༌། འདུས་མ་བྱས་གཉིས་སུ་མེད་པའི་མཚན་ཉིད་ནི་ལས་དང་ཉོན་མོངས་པ་རྣམས་ཀྱིས་མངོན་པར་འདུས་མ་བྱས་པ་ཉིད་དང༌། འདུས་བྱས་སུ་སྣང་བ་ཀུན་ཏུ་སྟོན་པ་ལ་དབང་འབྱོར་བའི་ཕྱིར་རོ། །ཐ་དད་པ་དང་གཅིག་པ་གཉིས་སུ་མེད་པའི་མཚན་ཉིད་ནི། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་གནས་ཐ་དད་པ་མ་ཡིན་པ་དང༌། རྒྱུད་ཚད་མེད་པ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་པ་མ་ཡིན། །སྔོན་གྱི་རྗེས་སུ་འབྲང་བས་ན། །དེ་ལ་གདགས་པས་ཐ་དད་མེད། །ཐ་དད་རིགས་ཕྱིར་དོན་མེད་ཕྱིར། །ཀུན་ཕྱིར་ཐོག་མ་མེད་པའི་ཕྱིར། །དྲི་མ་མེད་པའི་གནས་ལ་ནི། །


DTG134_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་གཅིག་མིན་མང་པོའང་མིན། །རྟག་པའི་མཚན་ཉིད་ནི་དེ་བཞིན་ཉིད་རྣམ་པར་དག་པའི་མཚན་ཉིད་དང༌། སྔོན་གྱི་སྨོན་ལམ་གྱི་ཤུགས་དང༌། བྱ་བ་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའི་མཚན་ཉིད་ནི་དེ་བཞིན་ཉིད་རྣམ་པར་དག་པ་ད་སོ་སོ་རང་གིས་རིག་པར་བྱ་བ་དང༌། འཇིག་རྟེན་ན་དཔེ་མེད་པ་དང༌། རྟོག་གེ་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ཆོས་ཀྱི་སྐུ་འདི་རེག་པས་ཐོག་མ་ཉིད་དུ་ཐོབ་ཅེ་ན། ཐེག་པ་ཆེན་པོའི་ཆོས་འདྲེས་པ་ལ་དམིགས་པ་རྣམ་པར་མི་རྟོག་པ་དང༌། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་རྣམ་པ་ལྔ་ལེགས་པར་བསྒོམས་པས་ཐམས་ཅད་དུ་ཚོགས་ལེགས་པར་བསགས་པ་དང༌། སྒྲིབ་པ་སྲབ་མོ་གཞིག་པར་དཀའ་བ་ཤིགས་པའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དེའི་འཇུག་ཐོགས་སུ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར། དེ་དག་གིས་གནས་གྱུར་པས་ཐོབ་བོ། །ཡང་དབང་འབྱོར་བ་རྣམ་པ་དུས་ཆོས་ཀྱི་སྐུ་དབང་འབྱོར་བ་འཐོབ་ཅེ་ན། མདོར་བསྡུ་ན་རྣམ་པ་ལྔས་འཐོབ་སྟེ། གཟུགས་ཀྱི་ཕུང་པོ་གྱུར་བའི་ཕྱིར་ཞིང་དང༌། ལུས་དང༌། མཚན་དང༌། དཔེ་བྱད་བཟང་པོ་དང༌། དབྱངས་མཐའ་ཡས་པ་དང༌། སྤྱི་གཙུག་བལྟར་མི་མཐོང་བ་ལ་དབང་འབྱོར་བ་དང༌། ཚོར་བའི་ཕུང་པོ་གྱུར་བའི་ཕྱིར་ཁ་ན་མ་ཐོ་བ་མེད་ཅིང་ཚད་མེད་ལ་རྒྱ་ཆེ་བའི་བདེ་བར་གནས་པ་ལ་དབང་འབྱོར་པ་དང༌། འདུ་ཤེས་ཀྱི་ཕུང་པོ་གྱུར་བའི་ཕྱིར་མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡེ་གེའི་ཚོགས་ཐམས་ཅད་ཀྱིས་བསྟན་པ་ལ་དབང་འབྱོར་བ་དང༌། འདུ་བྱེད་ཀྱི་ཕུང་པོ་གྱུར་བའི་ཕྱིར། སྤྲུལ་པ་དང༌། བསྒྱུར་པ་དང༌། འཁོར་བསྡུ་བ་དང༌། དཀར་པོའི་ཆོས་བསྡུ་བ་ལ་དབང་འབྱོར་བ་དང༌། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་བའི་ཕྱིར། མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་སྒྲུབ་པའི་ཡེ་ཤེས་ལ་དབང་འབྱོར་བས་དབང་འབྱོར་བ་འཐོབ་བོ། །ཆོས་ཀྱི་སྐུ་གནས་ངུ་ཞིག་གི་གནས་ཉིད་དུ་རིག་པར་བྱ་ཞེ་ན། མདོར་བསྡུ་ན་གསུམ་གྱི་གནས་ཏེ། སངས་རྒྱས་ཀྱི་གནས་པ་སྣ་ཚོགས་ཀྱི་གནས་ནི། འདིར་ཚིགས་སུ་བཅད་པ། གང་ཕྱིར་སངས་རྒྱས་རང་གི་དབྱིངས་བརྙེས་ནས། །


DTG134_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ལྔ་ཡི་བདག་ཉིད་དགྱེས་བརྙེས་ལ། །དེ་མ་ཐོབ་པས་དགའ་དང་བྲལ་གྱུར་བ། །དེ་ཕྱིར་དེ་འདོད་པས་ན་དེ་ཐོབ་བྱོས། །མཐུ་དང་བྱ་བ་གྲུབ་དང་ཆོས་རོ་དང༌། །དོན་དང་ཡོན་ཏན་འབྱོར་བ་དཔག་མེད་དང༌། །རྟག་ཏུ་མི་ཟད་གཟིགས་པས་སངས་རྒྱས་རྣམས། །དགྱེས་མཆོག་ཁ་ན་མ་ཐོ་མེད་པ་བརྙེས། །ལོངས་སྤྱོད་རྫོགས་པའི་སྐུ་སྣ་ཚོགས་ཀྱི་གནས་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་རོ། སྤྲུལ་པའི་སྐུ་སྣ་ཚོགས་ཀྱི་གནས་ནི། ཕལ་ཆེར་ཉན་ཐོས་རྣམས་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་དུ་ཞིག་གིས་ཆོས་ཀྱི་སྐུ་བསྡུས་པར་རིག་པར་བྱ་ཞེ་ན། མདོར་བསྡུ་ན་རྣམ་པ་དྲུག་གིས་བསྡུས་ཏེ། སངས་རྒྱས་ཀྱི་ཆོས་རྣམ་པར་དག་པས་ནི་ཀུན་གཞི་རྣམ་པར་ཤེས་པར་གྱུར་ནས་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །རྣམ་པར་སྨིན་པ་བས་ནི་དབང་པོ་གཟུགས་ཅན་གྱུར་ནས་རྣམ་པར་སྨིན་པ་བའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། །གནས་པས་ནི་འདོད་པ་ལ་སྤྱོད་པ་ལ་སོགས་པ་ལ་གནས་པར་གྱུར་ནས་ཡེ་ཤེས་ཚད་མེད་པས་གནས་པ་ཐོབ་པའི་ཕྱིར་རོ། །དབང་འབྱོར་བ་བས་ནི་ཡོངས་སུ་འཛིན་པའི་ལས་སྣ་ཚོགས་གྱུར་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པའི་མངོན་པར་ཤེས་པའི་ཡེ་ཤེས་ལ་དབང་འབྱོར་བ་ཐོབ་པའི་ཕྱིར་རོ། །ཐ་སྙད་པས་ནི་མཐོང་བ་དང༌། ཐོས་པ་དང༌། བྱེ་བྲག་ཕྱེད་པ་དང༌། རྣམ་པར་ཤེས་པའི་ཐ་སྙད་བརྗོད་པར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ཚིམ་པར་བྱ་བའི་བསྟན་པ་མཁྱེན་པ་ལ་དབང་འབྱོར་བ་ཐོབ་པའི་ཕྱིར་རོ། །སེལ་བ་བས་ནི་གནོད་པ་དང༌། །ཉེས་པ་ཐམས་ཅད་སེལ་བར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་སེལ་བ་མཁྱེན་པ་བརྙེས་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཆོས་འདི་དྲུག་གིས། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་བསྡུས་པར་རིག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ཅི་ཐ་དད་པ་ཞེས་བྱ་བའམ། ཐ་དད་པ་མ་ཡིན་པ་ཞེས་བྱ་ཞེ་ན། གནས་དང༌། དགོངས་པ་དང༌། ཕྲིན་ལས་ཐ་དད་པ་མེད་པས་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །ལུས་ཚད་མེད་པ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་ཐ་དད་པ་ཞེས་བྱའོ། །ཆོས་ཀྱི་སྐུ་ཇི་ལྟ་བ་དེ་བཞིན་དུ། previous hit ལོངསསྤྱོདརྫོགས་པའི་སྐུ་


DTG134_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དགོངས་ next hit་དང་ཕྲིན་ལས་ཐ་དད་པ་མེད་པས་ཐ་དད་པ་མ་ཡིན་གྱི། གནས་ཐ་དད་པས་ཐ་དད་པ་མེད་previous hit ་ནི་མ་ཡིན་ཏེ། གནས་ཚད་མེད་པས་འབྱུང་བའི་ཕྱིར་རོ། །སྤྲུལ་པའི་སྐུ་ཡང་ལོངསསྤྱོདརྫོགས next hit་པའི་སྐུ་བཞིན་དུ་བལྟ་བར་བྱའོ། །ཆོས་ཀྱི་སྐུ་དེ་ཡོན་ཏན་དུ་ཞིག་དང་ལྡན་པར་རིག་པར་བྱ་ཞེ་ན། ཤིན་ཏུ་ཡོངས་སུ་དག་པའི་ཚད་མེད་པ་བཞིན་དང༌། རྣམ་པར་ཐར་པ་བརྒྱད་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང༌། ཟད་པར་གྱི་སྐྱེ་མཆེད་བཅུ་དང༌། ཉོན་མོངས་པ་མེད་པ་དང༌། སྨོན་ནས་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། མངོན་པར་ཤེས་པ་དྲུག་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། བསྲུང་བ་མེད་པ་གསུམ་དང༌། དྲན་པ་ཉེ་བར་གཞག་པ་གསུམ་དང༌། བག་ཆགས་ཡང་དག་པར་བཅོམ་པ་དང༌། བསྙེལ་བ་མེད་པའི་ཆོས་ཉིད་དང༌། ཐུགས་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པའི་མཆོག་ཐམས་ཅད་མཁྱེན་པ་ཉིད་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་ལྡན་ནོ། །འདིར་ཚིགས་སུ་བཅས་པ། སེམས་ཅན་རྣམས་ལ་ཐུགས་བརྩེ་བ། །ཕྲད་དང་བྲལ་བར་དགོངས་པ་ཅན། །མི་འབྲལ་དགོངས་ཤིང་བདེ་དང་ལྡན། །དགོངས་པ་ཁྱོད་ལ་ཕྱག་འཚལ་ལོ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །ཐུབ་པས་འཇིག་རྟེན་ཀུན་ཟིལ་མནན། །ཁྱད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །སེམས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་གྱི་ཉོན་མོངས་ཀུན། །མ་ལུས་པ་དག་འདུལ་མཛད་པ། །ཉོན་མོངས་སེལ་བ་སྙོན་རྨོངས་པ། །བརྩེར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་ཏུ་ཡང༌། མཉམ་པར་གཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །གནས་དང་གནས་པ་བཤད་བྱ་དང༌། །ཚིག་དང་ཤེས་པ་སྟོན་པ་ལ། །རྟག་ཏུ་བློ་གྲོས་མི་ཐོགས་པ། །སྟོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཆེད་དུ་བཞུད་དང་དེ་དག་གི །ཚིག་དང་སྤྱོད་མཁྱེན་འོངས་པ་དང༌། །


DTG134_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དང་ངེས་འབྱུང་སེམས་ཅན་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་མཆོག་ཏུ་རྟོགས་པར་འགྱུར། །མཐོང་བ་ཙམ་གྱིས་དད་འགྱུར་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ལེན་དང་གནས་དང་གཏོང་བ་དང༌། །སྤྲུལ་པ་དང་ནི་སྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཐབས་དང་སྐྱབས་དང་དག་པ་དང༌། །ངེས་འབྱུང་ཐེག་པ་ཆེན་པོ་ལ། །སེམས་ཅན་རྣམས་ལ་མི་སླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་དང་ནི་སྤངས་པ་དང༌། །ངེས་འབྱུང་བགེགས་བྱེད་སྟོན་མཛད་པ། །བདག་གཞན་དོན་ལ་མུ་སྟེགས་གཞན། །མི་ཚུགས་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་དུ་ཚར་གཅད་གསུང་མཛད་པ། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །བསྲུང་བ་མི་མངའ་བསྙེལ་མི་མངའ། །ཚོགས་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་བཞུགས་ཀུན་ཏུ་རྟག་པར་ཡང༌། །ཀུན་མཁྱེན་མ་ལགས་སྤྱོད་མི་མངའ། །ཁྱོད་ནི་ཡང་དག་དོན་དུ་ན། །ཀུན་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་གྱི་དོན་མཛད་ལ། །ཁྱོད་ནི་དུས་ལས་ཡུལ་མི་གདའ། །རྟག་ཏུ་འབྲས་བུ་ཡོད་མཛད་པ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཀུན་ཏུ་གདུགས་ཞག་གཅིག །ལན་དྲུག་ཏུ་ནི་གཟིགས་མཛད་པ། །ཐུགས་རྗེ་ཆེ་དང་ལྡན་པ་པོ། །ཕན་འདོགས་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་དང་ཐུགས་སུ་ཆུད་པ་དང༌། །མཁྱེན་པ་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་དང་ནི་རང་སངས་རྒྱས། ཀུན་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཆེན་པོ་རྣམ་པ་ཀུན། །སྐུ་གསུམ་དག་གིས་བརྙེས་གྱུར་པ། །ཀུན་ཏུ་སེམས་ཅན་ཐམས་ཅད་ཀྱི། །དོགས་གཅོད་ཁྱོད་ལ་ཕྱག་འཚལ་ལོ། །སྲི་བ་མི་མི་མངའ་སྐྱོན་མི་མངའ། །རྙོག་པ་མི་མངའ་བཞུགས་མི་མངའ། །གཡོ་བ་མི་མངའ་ཆོས་ཀུན་ལ། །མི་སྤྲོས་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱིས་ཆོས་སྐུ་ནི། །ཡོན་ཏན་འདི་དག་དང་ལྡན་ནོ། །གཞན་ཡང་ངོ་བོ་ཉིད་དང༌། རྒྱུ་དང༌། འབྲས་བུ་དང་ཕྲིན་ལས་དང་ལྡན་པ་དང༌། འཇུག་པའི་ཡོན་ཏན་རྣམས་དང་ཡང་ལྡན་ཏེ། དེ་ལྟ་བས་ན་སངས་རྒྱས་


DTG134_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་བླ་ན་མེད་པར་རིག་པར་བྱའོ། །འདིར་ཚིགས་སུ་བཅད་པ། ཁྱོད་ནི་དམ་པའི་དོན་གྲུབ་སྟེ། །ས་རྣམས་ཀུན་གྱིས་འབྱུང་བ་ལགས། །སེམས་ཅན་གྱི་ནི་མཆོག་ཉིད་བརྙེས། །སེམས་ཅན་ཐམས་ཅད་རྣམས་འགྲེལ་བ། །མི་བས་མཚུངས་པ་མ་མཆིས་པའི། །ཡོན་ཏན་ལྡན་ཞིང་འཇིག་རྟེན་དང༌། །འཁོར་ན་གདའ་ལ་རྣམ་ཀུན་ཏུ། །ལྷ་མིས་མཐོང་བ་ཡང་མ་ལགས། །ཡང་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ནི། ཟབ་པ་མཆོག་ཏུ་ཟབ་པ་སྟེ། དེའི་ཟབ་པ་ཇི་ལྟར་བལྟ་ཞེ་ན། འདིར་ཚིགས་སུ་བཅད་པ། སྐྱེ་མེད་སངས་རྒྱས་སྐྱེ་བ་སྟེ། །མི་གནས་པ་ལ་རབ་ཏུ་བཞུགས། །ལྷུན་གྱིས་གྲུབ་པར་ཐམས་ཅད་མཛད། །ཟས་བཞི་པོ་ནི་གསོལ་བ་ལགས། །ཐ་དད་མེད་ཅིང་དཔག་ཏུ་མེད། །ཕྲིན་ལས་དཔག་ཏུ་མེད་ཅིང་གཅིག །མི་བརྟན་པའི་ཕྲིན་ལས་ཅན། །སངས་རྒྱས་རྣམས་ནི་སྐུ་གསུམ་ལྡན། །གང་ཡང་མངོན་རྫོགས་སངས་རྒྱས་མེད། །ཐམས་ཅད་སངས་རྒྱས་མ་ཡིན་མིན། །སྐད་ཅིག་རེ་ལ་དཔག་ཏུ་མེད། །དངོས་པོའི་དངོས་མེད་རབ་ཏུ་ཕྱེ། །ཆགས་པ་མ་ཡིན་མི་ཆགས་མིན། །འདོད་ཆགས་ཉིད་ཀྱིས་བྱུང་བ་ཡིན། །འདོད་ཆགས་འདོད་ཆགས་མིན་མཁྱེན་ནས། །འདོད་ཆགས་ཆོས་ཉིད་ལ་ཡང་ཞུགས། །སངས་རྒྱས་ཕུང་པོ་རྣམས་ལས་འདས། །ཕུང་པོ་རྣམས་ལའང་རྣམ་པར་ཞུགས། །དེ་ལས་གཞན་མིན་གཞན་མིན་མིན། །དེ་མ་བཏང་བས་ལེགས་པར་འདས། །ཀུན་ཀྱང་འདྲེས་པའི་ཕྲིན་ལས་ཅན། །རྒྱ་མཚོར་ཆུ་འདྲ་རྒྱལ་བ་རྣམས། །བྱས་སོ་བྱེད་དོ་བྱའོ་ཞེས། །གཞན་གྱི་དོན་ལ་དགོངས་པ་མེད། །སེམས་ཅན་ཉེས་པས་མི་སྣང་སྟེ། །སྣོད་ཆག་པ་ཡི་ཟླ་བ་བཞིན། །འཇིག་རྟེན་ཀུན་ལ་ཉི་བཞིན་དུ། །དེ་དག་ཆོས་འོད་ཁྱབ་པར་མཛད། །ལ་ལར་རྫོགས་པར་བྱང་ཆུབ་སྟོན། །ལ་ལར་མེ་བཞིན་མྱ་ངན་འདས། །ནམ་ཡང་མེད་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ། །སངས་རྒྱས་འཕགས་པ་མིན་ཆོས་རྣམས་དང༌། །མི་དང་ངན་སོང་པ་རྣམས་དང༌། །ཚངས་སྤྱོད་མ་ཡིན་ཆོས་རྣམས་ལ། །བདག་ཉིད་དང་ནི་བཞུགས་པ་མཆོག །དེ་དག་ཀུན་ཏུ་རྣམ་པར་དཔྱོད། །གང་དུའང་རྣམ་པར་དཔྱོད་མི་མངའ། །གནས་རྣམས་ཀུན་ཏུ་མཐོང་མོད་ཀྱི། །དབང་པོ་དྲུག་གི་སྤྱོད་ཡུལ་མིན། །


DTG134_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་ཐུལ་ལ་སྤངས་པ་མེད། །སྔགས་ཀྱིས་བསད་པའི་དུག་དང་འདྲ། །སངས་རྒྱས་རྣམས་ནི་ཉོན་མོངས་ལས། །ཉོན་མོངས་ཟད་པ་ཀུན་མཁྱེན་བརྙེས། །ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་ཞི་བའི་བདག་ཉིད་དེ། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །འདི་དག་ནི་ཟབ་པ་རྣམ་པ་བཅུ་གཉིས་སུ་རིག་པར་བྱ་སྟེ། འདི་ལྟ་སྟེ། སྐྱེ་བ་དང༌། མྱ་ངན་ལས་འདས་པ་དང༌། ཕྲིན་ལས་དང༌། གནས་པ་ཟབ་པ་ཉིད་དང༌། རྣམ་པར་གནས་པ་དང༌། གྲངས་དང༌། ཕྲིན་ལས་ཟབ་པ་ཉིད་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་ཟབ་པ་ཉིད་དང༌། འདོད་ཆགས་དང་བྲལ་བ་ཟབ་པ་ཉིད་དང༌། ཕུང་པོ་སྤངས་པ་ཟབ་པ་ཉིད་དང༌། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཟབ་པ་ཉིད་དང༌། མཐོང་བ་ཟབ་པ་ཉིད་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་དང༌། མྱ་ངན་ལས་འདས་པ་ཀུན་ཏུ་སྟོན་པ་ཟབ་པ་ཉིད་དང༌། བཞུགས་པ་ཟབ་པ་ཉིད་དང༌། སྐུ་ཀུན་ཏུ་སྟོན་པ་ཟབ་པ་ཉིད་དང༌། ཉོན་མོངས་པ་སྤངས་པ་ཟབ་པ་ཉིད་དང༌། བསམ་གྱིས་མི་ཁྱབ་པ་ཟབ་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་སྐུར་སངས་རྒྱས་རྗེས་སུ་དྲན་ན། རྗེས་སུ་དྲན་པ་དུ་ཞིག་གིས་རྗེས་སུ་དྲན་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་བདུན་གྱིས་སངས་རྒྱས་རྗེས་སུ་དྲན་པ་སྒོམ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པའི་མངོན་པར་ཤེས་པ་བརྙེས་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ངང་ཅན་ནོ་ཞེས་སངས་རྒྱས་རྗེས་སུ་དྲན་པ་སྒོམ་མོ། །འདིར་ཚིགས་སུ་བཅད་པ། བསྒྲིབས་ཤིང་རྒྱུ་དང་མི་ལྡན་ལ། །ངེས་པ་གཉིས་དང་ལྡན་པ་ཡི། །སེམས་ཅན་ཁམས་ལ་ཀུན་ཏུ་ཡང༌། །སངས་རྒྱས་རྣམས་ལ་མངའ་དབང་བྱེད། །དེ་བཞིན་གཤེགས་པ་རྣམས་རྒྱུན་མི་འཆད་པར་དྲི་མ་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་རྟག་པའོ་ཞེས་བྱ་བ་དང༌། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་རྣམས་མཆོག་ཏུ་ཁ་ན་མ་ཐོ་བ་མི་མངའོ་ཞེས་བྱ་བ་དང༌། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ་པར་རྒྱུད་


DTG134_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཅོད་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལྷུན་གྱིས་གྲུབ་པའོ་ཞེས་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། ཆོས་ཀྱི་ལོངས་སྤྱོད་ཆེ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལོངས་སྤྱོད་ཆེན་པོ་མངའ་བའོ་ཞེས་བྱ་བ་དང༌། འཇིག་རྟེན་དུ་བྱུང་ཡང་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་གོས་པ་མེད་པའོ་ཞེས་བྱ་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཀུན་ཏུ་སྟོན་པས་ཡོངས་སུ་སྨིན་པར་མ་བྱས་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་པ་དང། ཡོངས་སུ་སྨིན་པར་བྱས་པ་རྣམས་རྣམ་པར་གྲོལ་བར་མཛད་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་དོན་ཆེན་པོའི་ཞེས་བྱ་བར་སངས་རྒྱས་རྗེས་སུ་དྲན་པ་སྒོམ་མོ། །འདིར་ཚིགས་སུ་བཅད་པ། རང་གི་སེམས་ལ་རག་ལས་དང༌། །རྟག་དང་དགེ་ལྡན་བསྩལ་མི་དགོས། །ཆོས་ཀྱི་ལོངས་སྤྱོད་ཆེན་པོ་རྣམས། །རྗེས་སུ་སྦྱིན་མཛད་ཕུན་སུམ་ཚོགས། །དབང་དུ་མ་གྱུར་རབ་ཏུ་རྒྱུ། །སྐྱེ་བོ་མང་པོར་དེ་འདོད་དོ། །སངས་རྒྱས་ཀུན་གྱི་འདི་དག་ཀུན། །བློ་ལྡན་རྣམས་ཀྱིས་རྗེས་དྲན་བྱ། །སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཇི་ལྟར་རིག་པར་བྱ་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་སྟོང་ཕྲག་བརྒྱ་བའི་མདོ་སྡེའི་གླེང་གཞི་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། བཅོམ་ལྡན་འདས་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་ཤིན་ཏུ་འབྱུང་བ། གནས་ཀྱི་བྱེ་བྲག་ཤིན་ཏུ་རྣམ་པར་ཕྱེ་བ་ཚད་མེད་པ་རྣམས་པར་གཞག་པ། དཀྱིལ་འཁོར་ཡོངས་སུ་མ་ཆད་པ། ཁམས་གསུམ་པ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བར་དབང་སྒྱུར་བའི་རྣམ་པར་རིག་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའ་ཆེན་པོའི་རྟེན། ལྷ་དང་ཀླུ་དང་གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང་མི་མ་ཡིན་པ་ཚད་མེད་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ།


DTG134_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་མཛད་པས་ཉེས་བར་གནས་པ། །ཉོན་མོངས་པའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བདོག་པ་ལས་ལྷག་པ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བཀོད་པ། །དྲན་པ་དང་བློ་གྲོས་དང༌། རྟོག་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་ཆེན་པོའི་ཐེག་པ། རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ནས་འཇུག་པ། ཡོན་ཏན་གྱི་ཚོགས་ཚད་མེད་པས་བརྒྱན་པ། རིན་པོ་ཆེའི་པདྨའི་རྒྱལ་པོ་ཆེན་པོ་བཀོད་པ་ལ་བརྟེན་པ་ན་བཞུགས་ཞེས་བྱ་བ་སྟེ། དེ་ལྟ་བས་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འདིའི་ཁ་དོག་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་བསྟན་ལ། དབྱིབས་ཕུན་སུམ་ཚོགས་པ་དང༌། ཚད་ཕུན་སུམ་ཚོགས་པ་དང༌། ཡུལ་ཕུན་སུམ་ཚོགས་པ་དང༌། རྒྱུ་ཕུན་སུམ་ཚོགས་པ་དང༌། འབྲས་བུ་ཕུན་སུམ་ཚོགས་པ་དང༌། བདག་པོ་ཕུན་སུམ་ཚོགས་པ་དང༌། ཕྱོགས་ཕུན་སུམ་ཚོགས་པ་དང༌། ཞ་འབྲིང་ཕུན་སུམ་ཚོགས་པ་དང༌། སྟོན་པ་ཕུན་སུམ་ཚོགས་པ་དང༌། ཕྲིན་ལས་ཕུན་སུམ་ཚོགས་པ་དང༌། ཕན་འདོགས་པ་ཕུན་སུམ་ཚོགས་པ་དང༌། འཇིགས་པ་མེད་པ་ཕུན་སུམ་ཚོགས་པ་དང༌། རྟེན་ཕུན་སུམ་ཚོགས་པ་དང༌། ལམ་ཕུན་སུམ་ཚོགས་པ་དང༌། བཞོན་པ་ཕུན་སུམ་ཚོགས་པ་དང༌། སྒོ་ཕུན་སུམ་ཚོགས་པ་དང༌། གཞི་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་བསྟན་ཏོ། །ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེའི་ལོངས་སྤྱོད་ནི་ཤིན་ཏུ་དག་པ། །ཤིན་ཏུ་བ་དང༌། ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཤིན་ཏུ་དབང་སྒྱུར་བའོ། །ཡང་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་དེ་ནི་དུས་ཐམས་ཅད་དུ་ཕྲིན་ལས་ལྔ་དང་ལྡན་པར་རིག་པར་བྱ་སྟེ། མཐོང་བ་ཙམ་གྱིས་ལོང་བ་དང༌། འོན་པ་དང༌། སྨྱོན་པ་ལ་སོགས་པའི་གནོད་པ་ལས་སྐྱོབ་པའི་ཕྱིར་སེམས་ཅན་རྣམས་ཀྱི་གནོད་པ་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཅན་དང༌། མི་དགེ་བའི་གནས་ནས་བླངས་ཏེ། དགེ་བའི་གནས་ལ་འཇུག་པའི་ཕྱིར་ངན་སོང་ལས་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཅན་དང༌། མུ་སྟེགས་ཅན་ཐབས་མ་ཡིན་པས་ཐར་པར་བྱ་བའི་ཕྱིར་བརྩོན་པ་རྣམས་ཀྱི་འདུན་པ་བཟློག་ནས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འགོད་པའི་ཕྱིར་ཐབས་མ་ཡིན་པ་ལས་ཡོངས་སུ་སྐྱོད་བའི་ཕྲིན་


DTG134_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཅན་དང༌། ཁམས་གསུམ་ལས་ཡང་དག་པར་འདས་པའི་ལམ་ཉེ་བར་སྒྲུབ་པའི་ཕྱིར་འཇིག་ཚོགས་ལས་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཅན་དང༌། མ་ངེས་པའི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་ཐེག་པ་གཞན་ལ་ཡང་དག་པར་ཞུགས་པ་རྣམས་དང༌། ཉན་ཐོས་རྣམས་ཐེག་པ་ཆེན་པོ་སྒྲུབ་པ་ལ་རབ་ཏུ་འགོད་པའི་ཕྱིར། ཐེག་པ་ལས་ཡོངས་སུ་སྐྱོབ་བའི་ཕྲིན་ལས་ཅན་ཏེ། སངས་རྒྱས་ཐམས་ཅད་ནི་ཕྲིན་ལས་ལྔ་པོ་འདི་དག་ལ་ཕྲིན་ལས་མཚུངས་པར་བལྟ་བར་བྱའོ། །འདིར་ཚིགས་སུ་བཅད་པ། རྒྱུ་དང་གནས་དང་བྱ་བ་དང་ནི་བསམ་པ་དང༌། །འདུ་བྱེད་ཐ་དད་ཕྱིར་ན་དེ་ཡི་དབང་གིས་ན། །འཇིག་རྟེན་རྣམས་ཀྱི་ལས་ནི་ཐ་དད་གྱུར་པར་འདོད། །དེ་མེད་པས་ན་འཇིག་རྟེན་འདྲེན་པའི་དེ་ལྟ་མིན། །གལ་ཏེ་དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་བ་མ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཡོན་ཏན་ཕུན་སུམ་ཚོགས་པ་འདི་ལྟ་བུ་འདི་དང་ལྡན་པ་ཡིན་ན། དགོངས་པ་གང་གིས་ཐེག་པ་གཅིག་བསྟན་ཅེ་ན། འདིར་ཚིགས་སུ་བཅད་པ། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །གཞན་ཡང་ཀུན་ཏུ་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་པ་གཅིག་བསྟན། །ཆོས་དང་བདག་མེད་གྲོལ་མཐུན་ཕྱིར། །རིགས་ནི་ཐ་དད་གྱུར་བའི་ཕྱིར། །བསམ་གཉིས་བརྙེས་ཕྱིར་སྤྲུལ་པའི་ཕྱིར། །མཐར་ཕྱིན་པས་ན་ཐེག་པ་གཅིག །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་མཐུན་པ་ཡིན་ན། ཅིའི་ཕྱིར་སངས་རྒྱས་མང་པོར་བལྟ་ཞེ་ན། འདིར་ཚིགས་སུ་བཅད་པ། ཁམས་གཅིག་ན་ནི་གཉིས་མེད་ཕྱིར། །དཔག་མེད་ལྷན་ཅིག་ཚོགས་བསགས་ཕྱིར། །རིམ་གྱིས་འབྱུང་བར་མི་རིགས་ཕྱིར། །སངས་རྒྱས་མང་པོར་རབ་ཏུ་གྲགས། །སངས་རྒྱས་རྣམས་ཆོས་ཀྱི་སྐུར་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་པར་ཇི་ལྟར་བལྟ་ཞེ་ན། འདིར་ཚིགས་སུ་བཅད་པ། སྒྲིབ་པ་ཀུན་ལས་ངེས་གྲོལ་ཕྱིར། །མཛད་པ་རྣམས་ཀྱང་མ་རྫོགས་ཕྱིར། །སངས་རྒྱས་གཏན་དུ་མྱ་ངན་འདས། །མྱ་ངན་འདས་པའང་མང་བར་འདོད། །ལོངས་སྤྱོད་རྫོགས་པའི་སྐུ་ཅིའི་ཕྱིར། །ངོ་བོ་ཉིད་ཀྱི་སྐུ་མ་ཡིན་ཞེ་ན། རྒྱུ་དྲུག་གི་ཕྱིར་ཏེ། དེ་གཟུགས་ཀྱི་སྐུར་སྣང་བ་དང༌། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཚད་མེད་པ་དག་ན་ཐ་དད་པར་སྣང་


DTG134_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང། མོས་པ་ཇི་ལྟ་བ་བཞིན་དུ་མཐོང་བས་མ་ངེས་པའི་ངོ་བོ་ཉིད་དུ་སྣང་བ་དང༌། གཞན་དང་གཞན་དུ་སྣང་བས། གཡོ་བའི་ངོ་བོ་ཉིད་དུ་སྣང་བ་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། ལྷག་ལ་སོགས་པ་འཁོར་སྣ་ཚོགས་དང༌། འདྲེས་པས་འདྲེས་པར་སྣང་བ་དང། ཀུན་གཞི་རྣམ་པར་ཤེས་པ་དང༌། འཇུག་པའི་རྣམ་པར་ཤེས་པ་གཉིས་གནས་གྱུར་པས་མི་རིགས་པར་སྣང་བའི་ཕྱིར་previous hit ལོངསསྤྱོདརྫོགས next hit་ཉིད་ངོ་བོ་ཉིད་ཀྱི་སྐུར་མི་རིགས་སོ། །སྤྲུལ་པའི་སྐུ་ནི་ཅིའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་ཞེ་ན། རྒྱུ་བརྒྱད་ཀྱི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ཡུན་རིང་པོ་ནས་མི་ཉམས་པའི་ཏིང་ངེ་འཛིན་ཐོབ་པ་རྣམས་དགའ་ལྡན་དང་མིའི་ནང་དུ་སྐྱེ་བར་མི་རིགས་སོ། །སྐྱེ་བ་དྲན་པ་རྣམས་ཡི་གེ་དང༌། རྩིས་དང༌། གྲངས་དང༌། ལག་རྩིས་དང༌། བཟོ་དང༌། བསྟན་བཅོས་དང༌། འདོད་པ་ལ་སྤྱོད་པ་དང༌། ལོངས་སྤྱོད་མི་མཁྱེན་པ་མི་རིགས་སོ། །ཉེས་པར་བཤད་པ་དང༌། ལེགས་པར་བཤད་པའི་ཆོས་བསྟན་པ་མི་མཁྱེན་པ་རྣམས། གཞན་མུ་སྟེགས་ཅན་གྱི་གན་དུ་བཞུད་པ་མི་རིགས་སོ། །ཐེག་པ་གསུམ་གྱི་ལམ་གྱི་ཆོས་བཟང་པོ་མཁྱེན་པ་རྣམས་དཀའ་བ་སྤྱོད་པ་མི་རིགས་སོ། །འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་བོར་ཏེ་གཅིག་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་མི་རིགས་སོ། །གལ་ཏེ་མངོན་པར་རྫོགས་པར་བྱང་ཆུབ་པ་བསྟན་པའི་ཐབས་མེད་པར་ཡང་ལྷག་མ་རྣམས་སུ་སྤྲུལ་པ་རྣམས་ཀྱིས་སངས་རྒྱས་ཀྱི་མཛད་པ་མཛད་དོ་ཞེ་ན། འོ་ན་དགའ་ལྡན་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ལ། འཛམ་བུ་གླིང་ཐམས་ཅད་མཚུངས་པར་སངས་རྒྱས་འབྱུང་བར་ཅིའི་ཕྱིར་མི་མངོན་ཞེ་ན། མི་མངོན་པ་ལས་ན་ལུང་དང་རིགས་པ་མེད་དོ། །སྤྲུལ་པ་མང་དུ་བྱུང་ན། འཇིག་རྟེན་ནི་གླིང་བཞི་པར་བསྡུས་པ་ཡིན་པས་དེ་བཞིན་གཤེགས་པ་གཉིས་འཇིག་རྟེན་དུ་འབྱུང་བའི་མདོ་དང་འགལ་བ་མེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་གཉིས་མི་འབྱུང་བ་བཞིན་ནོ། །འདིར་ཚིགས་སུ་བཅས་པ། སངས་རྒྱས་སྤྲུལ་པ་ཕྲ་བ་ནི། །རྣམ་ཀུན་མངོན་རྫོགས་བྱང་ཆུབ་པ། །ཀུན་ཏུ་བསྟན་པ་མཛད་པའི་ཕྱིར། །མཚུངས་པར་མང་པོ་མངལ་དུ་ཞུགས། །སེམས་ཅན་ཐམས་ཅད་


DTG134_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་དུ་སྨོན་ལམ་བཏབ་པ་དང༌། སྒྲུབ་པ་ཉིད་ཀྱིས་བྱང་ཆུབ་ཆེན་པོ་ཡང་དག་པར་སྒྲུབ་པས་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་མི་རུང་སྟེ། སྨོན་ལམ་བཏབ་པ་དང༌། སྒྲུབ་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་གཉིས་མི་རྟག་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་རྟག་པའོ་ཞེས་ཇི་སྐད་དུ་བྱ་ཞེ་ན། རྒྱུ་མཐུན་པ་དང་སྤྲུལ་པའི་སྐུར་ཆོས་ཀྱི་སྐུ་བརྟེན་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པ་རྒྱུན་མི་འཆད་པ་དང༌། སྤྲུལ་པ་ཡང་དང་ཡང་སྟོན་པས་རྟག་པ་ཉིད་དུ་རིག་པར་བྱ་སྟེ། རྟག་ཏུ་བདེ་བར་སྤྱོད་དོ་ཞེས་བྱ་བ་བཞིན་ནོ། །རྟག་ཏུ་ཟས་སྦྱིན་པ་ཞེས་བྱ་བ་བཞིན་ནོ། །རྒྱུ་དྲུག་གིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སྤྲུལ་པའི་སྐུས་གཏན་དུ་མི་བཞུགས་ཏེ། ཡོངས་སུ་སྨིན་པར་བྱ་བའི་སེམས་ཅན་རྣམས་པར་གྲོལ་བར་མཛད་པས། མཛད་པ་ཡོངས་སུ་རྫོགས་པ་དང༌། སངས་རྒྱས་ཀྱི་སྐུ་རྟག་པར་འདོད་པས་མྱ་ངན་ལས་འདས་པ་ལ་འདུན་པ་མེད་པ་བཟློག་པ་དང༌། ཆོས་ཟབ་མོ་བསྟན་པ་ཁོང་དུ་མ་ཆུད་པས་སངས་རྒྱས་ལ་བརྙས་པ་བཟློག་པ་དང༌། རྒྱུན་དུ་མཐོང་ན་ཁྱོད་དུ་བསད་པས་སྤྲོ་བ་སྐྱེད་པ་དང༌། སྟོན་པ་མི་དམིགས་པས་སོ་སོ་རང་གིས་བརྩོན་འགྲུས་བསྐྱེད་པར་བྱ་བ་དང༌། སོ་སོ་རང་བརྩོན་འགྲུས་མི་འདོར་བས་མྱུར་བ་ཉིད་དུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ། མཛད་པ་རྫོགས་པར་གྱུར་པའི་ཕྱིར། །ཞི་བ་མི་འདོད་བཟློག་པའི་ཕྱིར། །སངས་རྒྱས་བརྙེས་པ་བཟློག་པའི་ཕྱིར། །སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར། །སོ་སོ་རང་བརྩོན་བརྩམ་བྱའི་ཕྱིར། །མྱུར་དུ་ཡོངས་སུ་སྨིན་བྱའི་ཕྱིར། །སངས་རྒྱས་རྣམས་ནི་སྤྲུལ་པའི་སྐུས། །གཏན་དུ་བཞུགས་པར་མི་བཞེད་དོ། །སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ། །ཐོག་མ་མེད་པའི་དུས་ནས་དཔག་ཏུ་མེད་དུ་ཟིན་ཀྱང༌། དེའི་ཕྱིར་འབད་པར་མི་བྱའོ། །འདིར་ཚིགས་སུ་བཅད་པ། གལ་ཏེ་སངས་རྒྱས་བརྙེས་པ་ཁྱད་མེད་དཔག་མེད་པ། །སེམས་ཅན་རྣམས་ཀྱི་དེར་འབད་ཉམས་པའི་རྒྱུ་ཡིན་ན། །བརྙེས་པ་རྟག་ཏུ་རྒྱུ་མེད་ཉིད་དུ་གྱུར་པའམ། །རྒྱུ་ཡི་རྒྱུན་གཅོད་པ་ནི་རིགས་པའི་ཚུལ་མ་ཡིན། །ཐེག་པ་ཆེན་པོ་བསྡུས་པ། སློབ་དཔོན་ཆེན་པོ་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ། །པཎྜི་ཏ་ཛི་ན་མི་ཏྲ་དང་ཤཱི་ལེནྡྲ་བོ་དྷི་དང་བ་ན་དེ་ཡེ་ཤེས་སྡེས་བསྒྱུར་བའོ། །


no previousཐེག་པ་ཆེན་པོ་བསྡུས་པ། ཐོགས་མེད།next