རྣམ་པར་བཤད་པའི་རིགས་པ།
དབྱིག་གཉེན།
རྒྱ་གར་སྐད་དུ། བྱཱ་ཁྱཱ་ཡུཀྟི། བོད་སྐད་དུ། རྣམ་པར་བཤད་པའི་རིགས་པ། བམ་པོ་དང་པོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བློ་ལྡན་རྣམས་ཀྱི་སྤྱི་ལ་བཞུགས། །གཏི་མུག་གཉིད་གཉིས་ཟད་ཕྱིར་དང༌། །བློ་རྒྱས་ཕྱིར་ན་སངས་རྒྱས་པ། །ཐུབ་ལ་སྤྱི་བོས་ཕྱག་འཚལ་ཏེ། །གང་དག་བདག་པས་བློ་ཆུང་བ། །མདོ་རྣམས་འཆད་འདོད་དེ་དག་ལ། །དེ་ལ་ཕན་པར་བྱ་བའི་ཕྱིར། །མན་ངག་ཅུང་ཟད་བསྟན་པར་བྱ། མདོ་རྣམ་པར་འཆད་པར་འདོད་པས་ཐོག་མཁོ་ནར་ཐོས་པ་མང་བ་དང༌། ཐོས་པའི་གཞི་ཅན་དང༌། ཐོས་པ་བསགས་པར་བྱའོ། །ཇི་ལྟར་ན་ཐོས་པ་མང་བ་དང༌། ཐོས་པའི་གཞི་ཅན་དང༌། ཐོས་པ་བསགས་པ་ཡིན་ཞེ་ན། ཆོས་གང་དག་ཐོག་མར་དགེ་བ་ཞེས་བྱ་བ་མདོ་ལས་རྒྱ་ཆེར་ཇི་སྐད་བསྟན་པ་ལྟ་བུའོ། །དེ་ལ་ཆོས་ནི་མདོ་ལ་སོགས་པ་སྟེ། རིགས་པ་སྟོན་པའི་དོན་དང༌། དོན་ཕྱིན་ཅི་མ་ལོག་པར་ངེས་པར་འཛིན་པའི་དོན་གྱིས་སོ། །ཚངས་པར་སྤྱོད་པ་ནི་མྱ་ངན་ལས་འདས་པའི་ལམ་ཡིན་ནོ། །མྱ་ངན་ལས་འདས་པ་ནི་མཆོག་ཏུ་གཙོ་བོ་ཡིན་པའི་དོན་གྱིས་ཚངས་པ་ཡིན་ཏེ། ཞི་བ་དང་བསིལ་བར་གྱུར་པ་དང་ཚངས་པར་གྱུར་པ་ཞེས་གསུངས་པའི་ཕྱིར་རོ། །དེར་གང་གིས་སྤྱོད་པར་བྱེད་པ་དང༌། འགྲོ་བར་བྱེད་པ་དང༌། ཐོབ་པར་བྱེད་པ་དེ་ནི་ཚངས་པར་སྤྱོད་པ་ཡིན་ཏེ། འདིས་མྱོས་པར་འགྱུར་བས་ཆང་ཞེས་བྱ་བ་བཞིན་ནོ། །དེའི་ཐོག་མ་དང་བར་དང་ཐམ་དག་ནི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་ཕུང་པོ་དག་ཡིན་ཏེ། འདི་ལྟར་འོད་སྲུང་བའི་སྡེ་བ་དག་གི་མདོ་ལས། དགེ་སློང་དག་ཁྱེད་ལ་ངས་ཆོས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་དག་བསྟན་པ་ཡིན་ཏེ་ཚངས་
པར་སྤྱོད་པའི་ཐོག་མ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་ཞེས་རྒྱ་ཆེ་ར་འབྱུང་བ་དང༌། ཚངས་པར་སྤྱོད་པའི་བར་གང་ཞེ་ན། འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ནས་རྒྱས་པར་བསམ་གཏན་བཞི་པའི་བར་དུ་རྫོགས་པར་བྱས་ཏེ་གནས་པ་ཡིན་ནོ་ཞེས་འབྱུང་བ་དང༌། ཚངས་པར་སྤྱོད་པའི་ཐ་མ་གང་ཞེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནས། རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་ལོ་སྙམ་དུ་ཡེ་ཤེས་མཐོང་བ་འབྱུང་བ་ཡིན་ནོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བ་ཡིན་ནོ། །དགེ་བ་ཡང་ཡོངས་སུ་ཉམས་པ་མེད་པས་མི་སླུ་བའི་ཕྱིར་རོ། །དོན་བཟང་པོ་ཚིག་འབྲུ་བཟང་པོ་ནི་གོ་རིམས་བཞིན་དུ་ཕྱིན་ཅི་མ་ལོག་པ་དང་གོ་བར་བྱེད་པ་གཉིས་ཀྱིས་བརྗོད་པར་བྱ་བ་དང༌། རྗོད་པ་ཕུན་སུམ་ཚོགས་པའི་ཕྱིར་རོ། །མ་འདྲེས་པ་ལ་སོགས་པ་ནི་ཐུན་མོང་པ་མ་ཡིན་པའི་ཕྱིར་དང༌། ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོའི་ཕྱིར་དང༌། ངོ་བོ་ཉིད་དང་རྒྱུད་རྣམ་པར་གྲོལ་བ་གཉིས་ཀྱིས་རྣམ་པར་གྲོལ་བའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །གཞན་ཡང་ཐོག་མ་དང་བར་དང༌། ཐ་མར་དགེ་བ་ནི་དོན་བཟང་པོ་དང་ཚིག་འབྲུ་བཟང་པོ་དང༌། མ་འདྲེས་པ་ལ་སོགས་པ་ཡིན་པའི་ཕྱིར་རོ། །གཞན་ཡང་ཕྱི་རོལ་བའི་ཆོས་ཀྱི་གཉེན་པོར་འདི་པའི་ཆོས་རྣམས་ཀྱི་ཆེ་བའི་བདག་ཉིད་ཡོངས་སུ་བསྟན་པ་ཡིན་ཏེ། ཕྱི་རོལ་བ་དག་གི་ཆོས་རྣམས་ནི་ཐོག་མ་དང་བར་དང་ཐ་མ་དག་ཏུ་ཚངས་པར་སྤྱོད་པ་རབ་ཏུ་མི་སྟོན་ཏེ། སྔ་ཕྱི་འགལ་བའི་ཕྱིར་རོ། །དགེ་བ་ཡང་མ་ཡིན་ཏེ། དོན་དང་ཚིག་འབྲུ་སྐྱོན་དང་ལྡན་པའི་ཕྱིར་རོ། མ་འདྲེས་པ་ཡང་མ་ཡིན་ཏེ། གཞན་དང་ཐུན་མོང་ཡིན་པའི་ཕྱིར་རོ། །ཡོང་སུ་རྫོགས་པ་ཡང་མ་ཡིན་ཏེ། ཉི་ཚེའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཡོངས་སུ་དག་པ་ཡང་མ་ཡིན་ཏེ། རང་གིས་པའི་ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་རྟེན་དུ་གྱུར་པའི་ཕྱིར་རོ། །ཡོངས་སུ་བྱང་བ་ཡང་མ་ཡིན་ཏེ། ས་གཞན་པའི་ཉོན་མོངས་པའི་བག་ལ་ཉལ་དང་ལྡན་པའི་ཕྱིར་རོ། །འདི་པའི་ཆོས་རྣམས་ནི་དེ་ལས་བཟློག་པ་ཡིན་ནོ། །ཁ་ཅིག་ནི་དོན་དང་ལྡན་པ་དང༌།
ཚིག་འབྲུ་དང་ལྡན་བ་ཞེས་འདོན་ཏེ། དེ་ལས་ནི་དོན་དང་བཅས་པ་དང༌། ཚིག་འབྲུ་དང་བཅས་པ་དགེ་བ་ཡིན་པར་སྟོན་ཏོ། །མངོན་པར་བརྗོད་པས་མངོན་པར་རྗོད་པར་བྱེད་པ་ཞེས་བྱ་བ་ནི་རྟོགས་པར་བྱེད་པ་ཡིན་ཏ། འདི་དག་གིས་ནི་བཤད་པའི་ཆོས་བསྟན་པ་ཡིན་ནོ། །དེ་ཀུན་ནས་སློང་བར་བྱེད་པའི་ཆོས་རྣམས་ནི་ངག་གི་རང་བཞིན་མ་ཡིན་པའི་ཕྱིར་རང་གིས་དོན་གོ་བར་མི་ནུས་ཀྱིས་བརྒྱུད་པས་གོ་བར་བྱེད་དོ། །གཞན་ཡང་གང་དག་དེའི་རང་བཞིན་ཡིན་པའི་ཕྱིར་མངོན་པར་བརྗོད་པས་མངོན་པར་བརྗོད་པ་ཡིན་གྱི་ཡི་གེ་བསྒྱུར་ཏེ་རྣམ་པར་བཤད་པས་མངོན་པར་བརྗོད་པས་ནི་མ་ཡིན་ཏེ། ཧ་ཅང་ཡང་ཐལ་བར་གྱུར་ན་ནི་མི་རུང་བའི་ཕྱིར་རོ། །གང་དག་མངོན་པར་བརྗོད་པ་ན་མངོན་པར་རྗོད་པར་བྱེད་པ་ཞེས་དེ་སྐད་དུ་འདོན་པ་དེའི་དོན་ནི་ཚིག་གི་དོན་གྲགས་པས་བདག་ཉིད་བརྗོད་པ་ན་ཡིན་གྱི། ཡི་གེ་བསྒྱུར་ཏེ། རྣམ་པར་བཤད་པས་མངོན་པར་བརྗོད་པ་ན་ནམ་ཡིན་ཏེ། ཇི་ལྟར་བདུད་ཀྱིས་སྨྲས་པའི་ཚིགས་སུ་བཅད་པ་ལས། མི་རྣམས་ཚེ་ནི་རིང་བ་སྟེ། །སྐྱེས་བུ་དམ་པ་སླུ་མི་བྱེད། །འདིར་ནི་འཆི་བདག་འོང་བ་མེད། །འཕྱར་བ་དང་ནི་བག་མེད་སྤྱོད། །ཅེས་བྱ་བ། མི་རྣམས་ཚེ་ནི་མི་རིང་བས། །སྐྱེས་བུ་དམ་པ་རྣམས་ལ་བསླུ། །འདིར་ནི་འཆི་བདག་འོད་ཡོད་པས། །འཕྱིར་དང་བག་མེད་སྤྱད་མི་བྱ། །ཞེས་ཡི་གེ་རྣམས་བསྒྱུར་ནས་རྣམ་པ་གཞན་དུ་རྣམ་པར་བཤད་པར་ནུས་པ་ལྟ་བུའོ་ཞེས་བྱ་བ་འདི་ཡིན་ནོ། །གཞན་ཡང་ཚངས་པར་སྤྱོད་པ་མངོན་པར་བརྗོད་པ་ན་མངོན་པར་རྗོད་པར་བྱེད་པ་ཞེས་བྱ་བ་ནི་གཞན་མ་ཡིན་པར་བརྗོད་པ་ཉིད་དུ་བསྟན་པ་ཡིན་ནོ། །ཐོས་པ་ཞེས་བྱ་བ་ནས། མཐོང་བས་ཤིན་ཏུ་རྟོགས་པ་ཡིན་ནོ་ཞེས་བྱ་བའི་བར་ནི་ཉན་པ་དང༌། འཛིན་པ་དང༌། འཇུག་པར་བྱེད་པ་དང༌། དོན་སེམས་པ་དང༌། དེ་དམིགས་ཀྱིས་ཕྱེད་པའི་སྒོ་ནས་ཏེ་གོ་རིམས་བཞིན་ནོ། །དེ་ལ་གཉིས་ཀྱིས་ནི་མང་དུ་ཐོས་པ་དང་ཐོས་པའི་གཞི་ཅན་ཡིན་ནོ། །ལྷག་མ་རྣམས་ཀྱིས་ནི་ཐོས་པ་བསགས་པ་ཡིན་ཏེ། བསྟན་པར་བྱེད་པའི་ཕྱིར་རོ། །ལུང་ལས་ནི་བསྟན་པར་འཛིན་པ་དང༌། ཀློག་པ་དང༌།
འདོན་པ་དང༌། སེམས་དང་བ་དང་ལྡན་པ་དང༌། གཙུག་ལ་གཉིད་དུ་དམིགས་ཀྱིས་ཕྱེད་པའི་སྒོ་ནས་ཐོབ་པ་ནས་མཐོང་བས་ཤིན་ཏུ་རྟོགས་པའི་བར་ཡིན་ནོ་ཞེས་འབྱུང་ངོ༌། །བཤད་པ་འདི་ནི་གང་ལས་ཇི་ལྟར་ན་མང་དུ་ཐོས་པ་ལ་སོགས་པ་ཡིན་པ་དེ་ཡོངས་སུ་སྟོན་པ་ཡིན་པར་རིགས་པར་བྱའོ། །དེ་ལྟ་བུར་གྱུར་པ་དེས་ཇི་ལྟར་མདོ་སྡེ་རྣམ་པར་བཤད་པར་བྱ་ཞེ་ན། རྣམ་པ་ལྔ་དག་གིས་ཏེ། མདོ་སྡེའི་དགོས་པ་དང༌། བསྡུས་པའི་དོན་དང༌། ཚིག་གི་དོན་དང༌། མཚམས་སྦྱར་བ་དང༌། བརྒལ་བ་དང༌། ལན་གཉིས་བརྗོད་པར་བྱའོ། །འདིར་སྨྲས་པ། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པར་བསྙད་པར་བྱ། །བརྒལ་བ་དང་ལན་གཉིས་གཅིག་ཏུ་བྱ་བ་ནི་བརྒལ་བའི་ལན་གདབ་པའི་དོན་གྱི་ཕྱིར་རོ། ཅིའི་ཕྱིར་འདི་དག་བརྗོད་པར་བྱ་ཞེ་ན། མདོ་སྡེའི་དོན་གྱི་ཆེ་བ་ཉིད་ཐོས་ན་ཉན་པ་དང་འཛིན་པ་ལ་འབད་པར་བྱེད་པས་དགོས་པ་བརྗོད་པར་བྱའོ། །དགོས་པ་དེའང་མདོ་སྡེའི་བསྡུས་པའི་དོན་ལས་རྟོགས་པར་འགྱུར་རོ། །བསྡུས་པའི་དོན་ཡང་ཚིག་གི་དོན་ལས་སོ། །ཚིག་གི་དོན་གྱི་གོ་རིམས་མི་འགལ་བ་ནི་མཚམས་སྤྱར་བ་ལས་སོ། །རིགས་པ་དང་མི་འགལ་བ་དང༌། སྔ་ཕྱི་མི་འགལ་བ་ནི་བརྒལ་བ་དང་ལན་ལས་ཡིན་པས་ན་བསྡུས་པའི་དོན་ལ་སོགས་པ་ཡང་བརྗོད་པར་བྱའོ། །འདིར་སྨྲས་པ། མདོ་དོན་ཆེ་བ་ཉིད་ཐོས་ན། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་ནི་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དེ་འགྲུབ་དེ་ཡི་བསྡུས་དོན་ལས། །བསྡུས་པའི་དོན་ནི་ཚིག་དོན་ལས། །གོ་རིམས་རིགས་པ་སྔ་ཕྱི་དག །མི་འགལ་བ་ནི་གཉིས་ལས་སོ། །གཞན་ཡང་དགོས་པ་བརྗོད་པ་ལས་ནི་མདོ་སྡེའི་འབྲས་བུ་ཕུན་སུམ་སོགས་པ་ཤེས་པར་འགྱུར་ཞིང༌། བསྡུས་པའི་དོན་བརྗོད་པ་ལས་ནི་དོན་གྱི་དབང་དུ་བྱས་པ་ཡིན་ལ། ཚིག་གི་དོན་བརྗོད་པ་ལས་ནི་བསྡུས་པའི་དོན་དང༌། ཆོས་ཀྱི་མཚན་ཉིད་དང༌། དགོངས་པའི་མཚན་ཡིན་ལ། མཚམས་སྦྱར་བ་བརྗོད་པ་
ལས་ནི་ཚིག་རྣམས་ཀྱི་གོ་རིམས་འབྲེལ་པའོ། །བརྒལ་བ་དང་ལན་བརྗོད་པ་ལས་ནི་རིགས་པ་དང་སྔ་ཕྱི་མི་འགལ་བའོ། །འདིར་སྨྲས་པ། ལྔ་པོ་བསྟན་པ་བྱས་པ་ལས། །འབྲས་བུ་ཕུན་སུམ་དབང་བྱས་དང༌། །དེ་བཞིན་བསྡུས་དོན་ལ་སོགས་གསུམ། །འབྲེལ་དང་མི་འགལ་ཤེས་པར་འགྱུར། །དེ་ལ་ཆོས་ཀྱི་མཚན་ཉིད་ནི་ཇི་ལྟར་གཟུགས་ནི་མི་རྟག་པའོ་ཞེས་བྱ་བ་ལྟ་བུའོ། །ཚིག་འདིས་རང་དང་སྤྱིའི་མཚན་ཉིད་ཀྱི་དོན་བསྟན་པ་ན་དགོས་པའི་མཚན་ཉིད་ནི་ཇི་ལྟར་མི་རྟག་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ལྟ་བུ་སྟེ། ཟག་པ་དང་བཅས་པ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ལ་དགོངས་པ་ཡིན་ནོ། །དེ་བཞིན་དུ་རྙེད་པ་དང་བཀུར་སྟི་ནི་པགས་པ་ནས་རྐང་གི་བར་དུ་འཆད་དོ་ཞེས་བྱ་བ་ལྟ་བུ་ནི་འདིར་དབང་པོ་ལྔ་པོ་དག་ཏུ་དགོངས་པ་སྟེ། དད་པ་ལ་སོགས་པ་ནི་པགས་པ་ལ་སོགས་པ་བཞིན་དུ་འོག་མ་འོག་མ་ནང་དུ་གྱུར་པའི་ཕྱིར་དང༌། གཅེས་རིམ་ཡིན་པའི་ཕྱིར་རོ། །ལུང་ལས་ཀྱང་དད་པ་ཙམ་ནི་པགས་པ་ལྟ་བུ་ཡིན་ཏེ། སྲབ་པའི་ཕྱིར་རོ། །བརྩོན་འགྲུས་ནི་ཤ་ལྟ་བུ་ཡིན་ཏེ། རྟག་ཏུ་རྩོམ་པས་སྡུག་པའི་ཕྱིར་རོ། །དྲན་པ་ནི་རྒྱུས་པ་ལྟ་བུ་ཡིན་ཏེ། ཐོས་པ་དང་བསམ་པའི་དོན་འབྲེལ་བར་བྱེད་པའི་ཕྱིར་རོ། །ཏིང་དེ་འཛིན་ནི་རུས་པ་ལྟ་བུ་ཡིན་ཏེ། རྟོག་པ་ངན་པས་ཕྱེད་པར་དཀའ་བའི་ཕྱིར་རོ། །ཤེས་རབ་ནི་རྐང་ལྟ་བུ་ཡིན་ཏེ། མཉམ་པར་གཞག་པའི་སེམས་ལ་གནས་པའི་ཕྱིར་རོ་ཞེས་འབྱུང་ངོ༌། །དེ་ལ་མདོ་སྡེའི་དགོས་པ་ནི་བསྡུ་ན་རྣམ་པ་བཞིར་རིག་པར་བྱ་སྟེ། ཀུན་ཏུ་རྨོངས་པ་རྣམས་ལ་ཡང་དག་པར་བསྟན་པ་དང༌། བག་མེད་པ་རྣམས་ལ་ཡང་དག་པར་ལེན་དུ་གཞུག་པ་དང༌། ཀུན་ཏུ་ཞུམ་པ་རྣམས་ལ་ཡང་དག་པར་གཟེངས་བསྟོད་པ་དང༌། ཡང་དག་པར་ཞུགས་པ་རྣམས་ལ་ཡང་དག་པར་དགའ་བར་བྱ་སྟེ། ཇི་ལྟར་རིགས་པར་ཁ་ཅིག་ཏུ་ནི་གཅིག་ཡིན་པ་ནས་ཁ་ཅིག་ཏུ་ནི་བཞི་ཡིན་པའི་བར་དུ་སྦྱར་བར་བྱའོ། །དེའི་ཕྱིར་དེ་དང་དེ་ལས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་ལེན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་དགའ་བར་མཛད་ཅེས་བྱ་བ་སྨོས་སོ། །གང་ཟག་ཁ་ཅིག་གཅིག་པུ་ཡིན་ཡང་དོན་ཁ་ཅིག་ལ་ཀུན་
ཏུ་རྨོངས་ལ། ཁ་ཅིག་ལ་ཞེས་བྱ་བ་ནས་ཡང་དག་པར་ཞུགས་པའི་བར་དུ་ཡིན་པས་གཅིག་ལ་ཡང་བཞི་འཐད་དོ། །དེ་ལ་ཀུན་ཏུ་རྨོངས་པ་རྣམས་ནི་མི་ཤེས་པ་དང་ཐེ་ཚོམ་དང་ལོག་པར་ཤེས་པ་དང་ལྡན་པའི་ཕྱིར་རོ། །བག་མེད་པ་རྣམས་ནི་ལེ་ལོ་དང་འདུན་པ་མེད་པ་དང་གཡོན་སྦྱོར་བ་དང་ལྡན་པའི་ཕྱིར་རོ། །ཀུན་ཏུ་ཞུམ་པ་རྣམས་ནི་དམན་པ་ལ་མོས་པ་དང་བདག་ཉིད་མི་ནུས་པར་སེམས་པ་དང་འགྱོད་པ་དང་བྱ་བ་མང་པོས་འཇིགས་པ་དང་ལྡན་པའི་ཕྱིར་རོ། །ཡང་དག་པར་ཞུགས་པ་རྣམས་ནི་ཕྱིན་ཅི་མ་ལོག་པ་དང་མཉམ་པ་དང་ཆོག་མི་ཤེས་པའི་བརྩོན་འགྲུས་བསྒྲུབ་པ་དང་ལྡན་པའི་ཕྱིར་རོ། །ནག་པོའི་ཕྱོགས་ལས་འདུན་པ་བཟློག་པ་ཡང་དགོས་པ་ཡིན་ནོ། །ཡང་ན་དེ་ཡང་ཡང་དག་བར་ལན་དུ་འཇུག་པ་ཉིད་ཡིན་ཏེ། དེ་བཟློག་པ་ལ་འཛུད་པའི་ཕྱིར་རོ། །ཡང་དག་པར་བསྟན་པ་ལ་སོགས་པ་དེ་དག་ཀྱང་ཡོན་ཏན་གྱི་ཁྱད་པར་གྱི་དོན་ནམ། ཡོངས་སུ་སྤོང་བར་བྱེད་པའི་དོན་ནམ། རྟེན་པར་བྱེད་པའི་དོན་ནམ། སྐྱོ་བའི་དོན་ནམ། དད་པའི་དོན་ནམ། དེ་ལྟ་བུ་ལ་སོགས་པ་ཡིན་པར་ཅི་རིགས་པར་བྱའོ། །མདོ་ལས་མ་དད་པ་གཉིས་ནི་དད་པ་ཕུན་སུམ་ཚོགས་པ་ལ་ཡང་དག་པར་ལེན་དུ་འཇུག །འདུལ་བར་བྱེད། འཛུད་པར་བྱེད། རབ་ཏུ་འཇོག་པར་བྱེད་ཅེས་འབྱུང་བ་གང་ཡིན་པ་དེ་ཅི་དོན་གཅིག་པ་ཞིག་ཡིན་ནམ་འོན་ཏེ་དོན་ཐ་དད་པ་ཡིན། དེ་ལས་ཅིར་འགྱུར་གལ་ཏེ་དོན་གཅིག་པ་ཞིག་ཡིན་ན་ནི་དོན་ཟློས་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ། །འོན་ཏེ་དོན་ཐ་དད་པ་ཞིག་ཡིན་ན་ནི་ཇི་ལྟར་ན་ཡང་དག་པར་བསྟན་པ་ལ་སོགས་པ་ཁོ་ན་མདོ་སྡེའི་དགོས་པ་དག་ཏུ་འགྱུར་ཞེ་ན། རེ་ཞིག་དོན་གཅིག་པ་ཞིག་ཡིན་ཏེ་མདོ་དོན་ཟློས་ན་སྐྱོན་ཅིར་འགྱུར། དེ་ནི་དོན་མེད་པར་འགྱུར་ཏེ། ཚིག་འཇུག་པ་དོན་མེད་པ་ཡིན་ན་ནི་ཅིའི་ཕྱིར་བཟློག་པར་འགྱུར་ལ། ཅིའི་ཕྱིར་རྣམ་གྲངས་རྣམས་ཀྱིས་བསྟན་གྱི། དེ་ཉིད་ཀྱིས་མ་ཡིན་ཞེ་ན། གལ་ཏེ་སངས་རྒྱས་རྣམས་ཀྱིས་རྣམ་གྲངས་གསུངས་པ་དགོས་པ་མེད་པ་ཞིག་ཡིན་ན་ནི་སྐྱོན་དེར་འགྱུར་རོ། །འདིར་དགོས་པ་གང་ཡིན་ཞེ་ན། དགོས་པ་དག་ནི་བརྒྱད་དེ་རྣམ་གྲངས་གསུངས་པ་ནི་འདུལ་བ་ཐ་དད་པའི་ཕྱིར་ཏེ། དེའི་ཚེ་དང་ཕྱི་མའི་ཚེ་ཁ་ཅིག་ལ་ལ་ལས་ཁོང་དུ་ཆུད་
པར་བྱ་བའི་ཕྱིར་དང༌། དེའི་ཚེ་རྣམ་པར་གཡེངས་པ་རྣམས་ལ་བརྗོད་པ་དེ་ཉིད་ཀྱི་ནི་གཞན་དག་གིས་སྨད་པར་འགྱུར་བས་རྣམ་གྲངས་ཀྱིས་དེའི་དོན་བསྟན་པར་བྱ་བའི་ཕྱིར་དང༌། ཡིད་མི་གཞུངས་པ་རྣམས་ལ་ཡང་དང་ཡང་དུ་དེའི་དོན་ཡང་དག་པར་མཚོན་པས་མི་བརྗེད་པར་བྱ་བའི་ཕྱིར་དང༌། ཚིག་གཅིག་ལ་དོན་དུ་མ་བྱུང་བས་དོན་གཞན་དུ་རྟོག་པ་བསལ་བའི་ཕྱིར་དང༌། གཞན་དུ་མིང་དེ་རྣམས་ཀྱིས་དེའི་དོན་ཡང་དག་པར་བསྒྲུབ་པའི་ཕྱིར་སྒྲ་ངེས་པར་སྦྱོར་བ་ལྟ་བུ་དང༌། ཆོས་སྒྲོགས་པ་རྣམས་དོན་གྱི་བཤད་སྦྱར་དང་གོ་བར་བྱེད་པ་གཉིས་ལ་ཐབས་མཁས་པ་ཉིད་དུ་བསྒྲུབ་པའི་ཕྱིར་དང༌། ཉིད་ལ་ཆོས་སོ་སོར་ཡང་དག་པར་རིག་པ་མངའ་བར་བསྟན་པའི་ཕྱིར་དང༌། གཞན་དག་ལ་དེའི་ས་བོན་བསྐྱེད་པའི་ཕྱིར་ཏེ། རྣམ་པར་བཤད་པ་བྱེད་པ་ཐམས་ཅད་ཀྱང་རྣམ་གྲངས་བཤད་པ་དག་གིས་སློབ་མ་རྣམས་ལ་གོ་བར་བྱེད་པས་ན་དེ་ལྟ་བུའི་རང་བཞིན་ཅན་ལ་ཟློས་པའི་སྐྱོན་དུ་མི་འགྱུར་རོ། །ཡང་ན་དོན་ཐ་དད་པ་ཡིན་དུ་ཆུག་སྟེ། འདི་ལྟར་བྱོས་ཤིག་ཅེས་བྱ་བ་ནི་ཡང་དག་བར་ལེན་དུ་འཇུག་པའོ། །འདུལ་བར་བྱེད་པ་ནི་གུས་པར་བྱེད་པ་ཉིད་དུ་བསྒྲུབ་པའི་ཕྱིར་རོ། །འཛུད་པར་བྱེད་པ་ནི་སྒྲུབ་པ་ལ་འཇོག་པར་བྱེད་པའི་ཕྱིར་རོ། །རབ་ཏུ་འཇོག་པར་བྱེད་པ་ནི་མི་འཕྲོགས་པ་ཉིད་ཀྱིས་རྣམ་པར་མི་གཡོ་བར་བྱ་བའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་འདུལ་བར་བྱེད་པ་ནི་བགེགས་སེལ་བའི་ཕྱིར་རོ། །ཇི་ལྟར་ན་མདོ་སྡེ་ལས་དགོས་པ་མང་པོ་མི་འབྱུང་ཞེ་ན། མི་འབྱུང་སྟེ། འདུལ་བར་བྱེད་པ་ལ་སོགས་པ་རྣམས་ཀྱི་འབྲས་བུ་ནི་ཉེ་བར་འདུན་པར་བྱེད་པ་ཡིན་པའི་ཕྱིར་རོ། །འོ་ན་རྣམ་གྲངས་ཀྱིས་ཉེ་བར་འདུན་པར་བྱེད་པའམ། འདུན་པར་ཟློག་པར་བྱེད་པ་འདི་ལྟ་སྟེ། སྦྱོར་བར་བྱ་བ་ནི་རིགས་སོ། །བག་ཡོད་པར་བྱ་བ་ནི་རིགས་སོ། །སྟོན་པའི་བསྟན་པ་ལ་རྣལ་འབྱོར་དུ་བྱ་བ་ནི་རིགས་སོ་ཞེས་བྱ་བ་དང༌། ཀུན་དགའ་བོ་དགེ་སློང་འདུ་འཛི་ལ་ཀུན་དགའ་བ་དང༌། འདུ་འཛི་ལ་དགའ་བ་དང༌། འདུ་འཛི་ལ་ཀུན་དགའ་བའི་སྦྱོར་བ་ལ་མངོན་པར་བརྩོན་ཞིང་གནས་པ་ནི་ལེགས་པ་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་ཇི་ལྟ་བུ་ཞེ་ན། དེ་དག་ཀྱང་འདུལ་བ་
བག་མེད་པའི་རང་བཞིན་ཅན་གྱི་དབང་དུ་མཛད་ནས་ནི་ཡང་དག་པར་ལེན་དུ་འཇུག་པ་ཡིན་ནོ། །ཀུན་ཏུ་རྨོངས་པའི་དབང་དུ་མཛད་ནས་ནི་ཡང་དག་པར་བསྟན་པ་ཡིན་ཏེ། རིགས་པ་དང་རིགས་པ་མ་ཡིན་པ་ཉིད་གཉིས་ཡང་དག་པར་སྟོན་པའི་ཕྱིར་རོ། །དེ་ལ་མདོ་སྡེའི་དུམ་བུ་དང་པོ་འདི་ནི་གང་ལ་བརྟེན་ནས་གང་བྱ་བ་དེ་ལ་ཉེ་བར་འདུན་པར་བྱེད་པ་ཡིན་ཏེ། ཅི་ལ་བརྟེན་ནས་ཤེ་ན། བརྩོན་འགྲུས་བརྩམས་པ་ལའོ། །ཅི་ཞིག་བྱ་ཞེ་ན། མི་མཐུན་པའི་ཕྱོགས་སྤང་བ་དང༌། གཉེན་པོའི་ཕྱོགས་བསྟེན་པར་བྱའོ། །གཞན་ཡང་འདུལ་བ་ལེ་ལོ་ཅན་གྱི་དབང་དང༌། རྙེད་པ་དང་བཀུར་སྟིའི་དོན་དུ་ཐོས་པ་དང༌། བསམ་པ་ལ་བརྩོན་པ་དང༌། ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་འཛིན་པའི་རང་བཞིན་ཅན་ལས་བརྩམས་ནས་ཉེ་བར་འདུན་པར་བྱེད་པ་འདི་ཡིན་པར་རིག་པར་བྱའོ། །གཞན་ཡང་ཏིང་ངེ་འཛིན་དང་དེ་ལ་རོ་མྱང་བ་མེད་པ་དང་དེ་ཙམ་གྱིས་ཆོག་མི་ཤེས་པར་ཉེ་བར་འདུན་པར་བྱེད་པ་ཡིན་ནོ། །ལུང་ལས་ནི་གོ་རིམས་བཞིན་དུ་བསླབ་པ་གསུམ་ལ་བརྩམས་ནས་ཞེས་འབྱུང་ངོ༌། །ཨ་ལམ་ཞེས་བྱ་བའི་སྒྲ་འདི་ནི་ནུས་པ་ལ་ཡང་མཐོང་སྟེ། ལམ་འདི་ཡང་ཤེས་པར་ནུས་པ་མ་ཡིན་མཐོང་བར་ནུས་པ་མ་ཡིན་ཞེས་བྱ་བ་སྟེ། མི་ཕོད་ཅིང་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ །བཟློག་པའི་དོན་ལ་ཡང་མཐོང་སྟེ། རྒྱལ་པོ་ཆེན་པོ་རེ་ཞིག་བདག་ལ་བྱས་པ་ནི་ཞེས་བྱ་བ་ནས་སེམས་རབ་ཏུ་དང་བས་ནི་ཆོག་གོ །འདུ་བྱེད་ཐམས་ཅད་ཀྱིས་ནི་ཆོག་གོ་ཞེས་བྱའོ། །རྒྱན་གྱི་དོན་ལ་ཡང་མཐོང་སྟེ། རུལ་བའི་ལུས་ནི་མངོན་པར་བརྒྱན་བྱས་ཤིང༌། །མིག་སྨན་བསྐུས་པ་ཇི་ལྟར་གསར་བྲིས་བཞིན། །ཞེས་བྱ་བའོ། །རིགས་པའི་དོན་ལ་ཡང་མཐོང་སྟེ། དམག་ལྡན་པ་ཁྱོད་སོམ་ཉི་ཟ་བ་ནི་རིགས་པ་ཡིན་ནོ། །ཐེ་ཚོམ་ཟ་བ་ནི་རིགས་པ་ཡིན་ནོ་ཞེས་བྱ་བ་སྟེ། ཐེ་ཚོམ་ཟ་བར་བྱ་བའི་གནས་ལ་ཐེ་ཚོམ་སྐྱེས་པ་ཡིན་པས་སོ། །སྐྱོ་བར་རིགས་པ་ཡིན་ནོ། །འདོད་ཆགས་དང་བྲལ་བར་རིགས་པ་ཡིན་ནོ། །རྣམ་པར་གྲོལ་བར་བྱ་བ་ནི་རིགས་པ་ཡིན་ནོ་ཞེས་བྱ་བ་ནི་རུང་བ་ཞེས་བྱ་བའི་ཐ་ཚིག་གོ །འདིར་ཡང་སྦྱོར་བར་བྱ་བ་ནི་རིགས་སོ་ཞེས་བྱ་བ་ནི་རུང་བའི་དོན་དུ་བལྟ་
བར་བྱའོ། །མདོ་སྡེའི་དུམ་བུ་གཉིས་པ་ལས་འབྱུང་བ་ནི་ད་ལྟར་བྱུང་བ་དང༌། འདས་པ་དང་མ་འོངས་པའི་འདུ་འཛི་ལས་བརྩམས་ནས་ཚིག་གསུམ་པོ་དག་རིག་པར་བྱ་སྟེ། དེ་ལ་དགའ་བ་དང་རོ་མྱོང་བར་བྱེད་པ་དང་མངོན་པར་དགའ་བའི་ཕྱིར་རོ། །སྤང་བ་ལ་ཀུན་དགའ་བ་ཞེས་བྱ་བ་དེ་ལ་ཡང་དེ་བཞིན་ནོ། །དགོས་པ་བཤད་ཟིན་ཏོ། །བསྡུས་པའི་དོན་ནི་མདོ་སྡེའི་ལུས་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པར་ལྡན་པའི་ལུང་ལས། དགེ་སློང་དག་གཟུགས་ཡོད་པ་འདི་ལ་ཞེས་བྱ་བ་ལ་སོགས་པའི་མདོ་སྡེ་ལྟ་བུ་སྟེ། དེ་ལས་ནི་བསྡུ་ན་གང་ཞིག་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བ་དང༌། ཡོངས་སུ་ཤེས་པ་གང་ཡིན་པ་དང༌། ཡོངས་སུ་ཤེས་པའི་འབྲས་བུ་གང་ཡིན་པ་དང༌། དེ་རྗོད་པར་བྱེད་པ་གང་ཡིན་པ་དེ་ལ་བསྟན་པ་ནི་བསྡུས་པའི་དོན་ཏོ། །ཅི་ཞིག་ཡོངས་སུ་ཤེས་པར་བྱ་ཞེ་ན། གཟུགས་ལ་སོགས་པ་སྡུག་བསྔལ་གྱི་བདེན་པས་བསྡུས་པའོ། །ཇི་ལྟར་ཡོངས་སུ་ཤེས་པར་བྱ་ཞེ་ན། མི་རྟག་པར་རོ། །ཡོངས་སུ་ཤེས་པ་གང་ཞེ་ན། ཡང་དག་པའི་ལྟ་བའོ། །ཡོངས་སུ་ཤེས་པའི་འབྲས་བུ་གང་ཞེ་ན། སྐྱོ་བ་ལ་སོགས་པའི་རིམ་གྱིས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་དོ། །དེ་རྗོད་པར་བྱེད་པ་གང་ཡིན་ཞེ་ན། བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །གཞན་ཡང་བསྡུས་པའི་དོན་ནི་བསྡུ་ན་འདིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དང༌། སྐྱོ་བ་དང༌། འདོད་ཆགས་དང་བྲལ་བ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡིན་པར་བསྟན་ཏོ། །དེ་ལྟ་བུའི་རང་བཞིན་ཅན་ནི་མདོ་སྡེ་རྣམས་ཀྱི་བསྡུས་པའི་དོན་དུ་རིག་པར་བྱའོ། །ཚིག་གི་དོན་ནི་རྗོད་པ་གང་གི་བརྗོད་པར་བྱ་བ་གང་ཡིན་པ་སྟེ། དེ་ཡང་ཁ་ཅིག་ནི་གཅིག་ལ་དུ་མ་འབྱུང་བ་དང༌། ཁ་ཅིག་ནི་དུམ་ལ་གཅིག་འབྱུང་བ་སྟེ། རེ་ཞིག་ཅིག་ལ་དུ་མ་འབྱུང་བ་ནི་དཔེར་ན། མ་ཟླ་བའི་བུ་མོའི་བུའི་མདོ་ལས། དེའི་སེམས་དེ་འདོད་ཆགས་དང་བྲལ་བ་དང༌། ཞེ་སྡང་དང་བྲལ་བ་དང༌། གཏི་མུག་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་འབྱུང་བ་ལྟ་བུ་ནི་དེ་དག་དང་མི་ལྡན་པར་ཤེས་པར་བྱ་སྟེ། ཀུན་ཏུ་ཆགས་པ་མ་ཡིན་པའི་ཆོས་ཅན་ཞེས་བྱ་བ་ལ་
སོགས་པ་གསུངས་པའི་ཕྱིར་དང༌། ཕྱིར་མི་ལྡོག་པའི་ཆོས་ཅན་ཞེས་གསུངས་པའི་ཕྱིར་ཏེ། ཡོངས་སུ་ཉམས་པ་མེད་པ་དང༌། ཕྱིར་ལྡོག་པ་མེད་པས་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་དང་ཆོས་མི་མཐུན་པའི་ཕྱིར་རོ། །ཡན་ལག་ལྔ་པའི་ཕྱ་མཁན་གྱི་མདོ་ལས། དགེ་བའི་ཚུལ་ཁྲིམས་འདི་དག་ནི་སེམས་ཀྱིས་ཀུན་ནས་བསླང་བ་དག་སྟེ། སེམས་དེ་གང་ཞེ་ན། འདོད་ཆགས་དང་བྲལ་བ་དང་ཞེ་སྡང་དང་བྲལ་བ་དང་གཏི་མུག་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་མ་ཆགས་པ་ལ་སོགས་པ་དག་དང་མཚུངས་པར་ལྡན་པར་ཤེས་པར་བྱའོ། །འདོད་ཆགས་ལ་སོགས་པ་དག་དང་མི་ལྡན་པ་ཡང་མ་ཡིན་ལ། ལུང་དུ་མ་བསྟན་པ་ཡང་མ་ཡིན་ཏེ། སོ་སོ་ཐར་པའི་སྡོམ་པའི་དབང་དུ་མཛད་པའི་ཕྱིར་རོ། །སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པ་བསྟན་པ་ལས། སེམས་འདོད་ཆགས་དང་བྲལ་ན་སེམས་འདོད་ཆགས་དང་བྲལ་ལོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང༌། ཞེ་སྡང་དང་བྲལ་བ་དང་གཏི་མུག་དང་བྲལ་བ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་དག་དང་མཚུངས་པར་ལྡན་པ་མ་ཡིན་པར་ཤེས་པར་བྱའོ། མི་ལྡན་པ་ཡང་མ་ཡིན་ལ། །གདོན་མི་ཟ་བར་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་མི་ལྡན་པ་མ་ཡིན་ཞེ་ན། འདོད་ཆགས་ལ་སོགས་པ་དང་བྲལ་བ་ཉིད་རྣམ་པར་གྲོལ་བ་ཉིད་དུ་འགྱུར་བས་སོ། །ཅིར་འགྱུར་ཞེ་ན། དེ་ལོགས་ཤིག་ཏུ་བསྟན་པར་མི་འགྱུར་ལ། མངོན་པར་ཤེས་པ་སྤྱི་བོ་དག་ལ་ཡང་འདོད་ཆགས་ལ་སོགས་པ་དང་བྲལ་བར་སྨོས་པར་མི་འགྱུར་ཏེ། རྣམ་པར་གྲོལ་བ་བཞིན་ནོ། །གལ་ཏེ་འདོད་ཆགས་ལ་སོགས་པ་དང་བྲལ་བ་དེ་དང་མི་ལྡན་པ་ཡིན་ན། འོ་ན་ནི་འདོད་ཆགས་ལ་སོགས་པ་དང་བཅས་པ་ཡང་དེ་དང་ལྡན་པ་ཡིན་གྱི་དེ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །ཅིར་འགྱུར་ཞེ་ན། ཐ་དད་པ་སྨོས་པར་མི་འགྱུར་ཏེ། གཅིག་ལ་ཡང་གསུམ་ཆར་དང་ལྡན་པའི་ཕྱིར་རོ། །རྣམ་པར་མ་གྲོལ་བ་ཡང་ལོགས་ཤིག་ཏུ་སྨོས་པར་མི་འགྱུར་རོ། །གལ་ཏེ་འདོད་ཆགས་དང་བྲལ་བ་མི་ལྡན་པ་ཡིན་ཡང་འདོད་ཆགས་དང་བཅས་པ་ལྡན་པ་ཙམ་ལ་མི་བརྗོད་པར་
མཚུངས་པར་ལྡན་པ་ལ་བྱའོ་ཞེས་པ་ནི་གལ་ཏེ་ནག་པོའི་ཕྱོགས་དང་མཐུན་པ་དེ་དང་མཚུངས་པར་ལྡན་པ་ཡིན་ལ། དཀར་པོའི་ཕྱོགས་དང་མཐུན་པ་ནི་དེ་དང་མི་ལྡན་པ་ཡིན་ན་ཅིར་འགྱུར་ཞེ་ན། རྣམ་པར་གྲོལ་བ་ལོགས་ཤིག་ཏུ་སྨོས་པར་མི་འགྱུར་ཞིང༌། འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པའི་དགེ་བ་ཟག་པ་དང་བཅས་པ་དང༌། ལུང་དུ་མ་བསྟན་པ་གང་ཡིན་པ་དེ་ཡང་སྨོས་པར་མི་འགྱུར་རོ། །རེ་ཞིག་ཉོན་མོངས་པ་གཞན་དང་ཉེ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་ཀྱང་ཇི་ལྟར་སྨོས་པར་འགྱུར་ཏེ། དེ་ལ་ཡང་དེ་བཞིན་དུ་འགྱུར་རོ་ཞེ་ན། ཚོར་བ་རྣམ་པ་གསུམ་ལ་གནས་པའི་སེམས་ཀྱི་དབང་དུ་བྱས་ནས་དེ་དང་མཚུངས་པར་ལྡན་པའི་ཉོན་མོངས་པའི་རྩ་བ་གསུམ་པོ་དག་སྨོས་པའི་ཕྱིར། དེ་ལ་གནས་པའི་སེམས་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དེའི་ཕྱོགས་དང་མཐུན་པ་གཞན་རྣམས་ཀྱང་སྨོས་པ་ཁོ་ན་ཡིན་པས་དེ་དང་མཚུངས་པར་ལྡན་པའི་སེམས་མ་སྨོས་པ་མ་ཡིན་ནོ། །གལ་ཏེ་འོ་ན་འདོད་ཆགས་དང་མཚུངས་པར་ལྡན་པ་མ་ཡིན་པ་འདོད་ཆགས་དང་བྲལ་བ་ཡིན་ན། ཞེ་སྡང་དང་མཚུངས་པར་ལྡན་པ་ཡང་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེ་ན། དེ་ལ་དེ་ལྟར་བཟུང་བ་གོ་བ་མ་ཡིན་ཏེ། དེ་ལ་ནི་ཞེ་སྡང་དང་བཅས་པ་ཉིད་དུ་བཟུང་སྟེ། ཇི་ལྟ་བུ་དང་མཚུངས་པར་ལྡན་པར་བཟུང་བའི་ཕྱིར་དེ་ཁོ་ན་བཞིན་དུ་བསྟན་ཏོ། །འདོད་ཆགས་ལ་སོགས་པ་དང་བྲལ་བ་ནི་ཐ་དད་པར་ཡང་བཟུང་སྟེ། གང་དང་མཚུངས་པར་ལྡན་པ་དེ་དང་བྲལ་བ་དང༌། གཞན་དང་ཡང་མཚུངས་པར་ལྡན་པ་མ་ཡིན་པ་ལས་སོ། །ཐ་དད་པ་མ་ཡིན་པར་ཡང་ཡིན་ཏེ། ཐམས་ཅད་དང་མཚུངས་པར་མི་ལྡན་པའི་ལས་སོ། །གང་ཞིག་འདི་སྐད་དུ། གལ་ཏེ་འདོད་ཆགས་དང་ལྡན་པ་འདོད་ཆགས་དང་བཅས་པ་ཡིན་ན་དེ་ནི་ཕ་རོལ་གྱི་སེམས་ཤེས་པས་འཛིན་པར་མི་འཐད་དེ། ཅིའི་ཕྱིར་ཞེ་ན། འདོད་ཆགས་དང་ལྡན་པ་ནི་དེས་དམིགས་པའམ་དེའི་ཐོབ་པའི་སྒོ་ནས་ཡིན་གྲང་ན། དེ་གཉིས་ཀྱང་དེས་མི་འཛིན་ཏེ། ཕ་རོལ་གྱི་སེམས་ཤེས་
བས་དེ་ལ་དམིགས་པ་ཅན་དང༌། སེམས་དང་མི་ལྡན་པ་ལ་དམིགས་པ་ཅན་དུ་གྱུར་ན་མི་རུང་བས་སོ་ཞེས་ཟེར་བ་དེ་ལ་འདི་སྐད་ཅེས་རེ་ཞིག་ཇི་ལྟར་ན་ཕ་རོལ་གྱི་སེམས་ཤེས་པས་སེམས་རྣམ་པར་གྲོལ་བ་འཛིན་པར་འགྱུར་ཏེ། དེ་ལ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བརྗོད་པར་བྱའོ། །དེ་ཡང་ཇི་ལྟར་འཛིན་པར་འགྱུར་ཞེ་ན། འདི་ནི་བསམ་གྱིས་མི་ཁྱབ་པ་སེམས་པ་སྟེ། བཅོམ་ལྡན་འདས་ཀྱིས་བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་གསུངས་སོ། །འོན་ཀྱང་འདོད་ཆགས་ལ་སོགས་པའི་བག་ཆགས་དང་བཅས་པའི་སེམས་ཁྱད་པར་ཅན་ལ་འཛིན་ཏོ། །དེ་ལྟར་ན་ཚིག་གཅིག་ལ་དོན་དུ་མ་བྱུང་བ་ཡིན་ནོ། །ཡང་དཔེར་བརྗོད་པར་བྱ་སྟེ། དཔེར་ན། གཟུགས་ཞེས་བྱ་བ་གཟུགས་ཕུང་དང༌། །ཁ་དོག་བསམ་གཏན་རྣམ་པར་འདྲེན། །གཟུགས་ཞེས་བྱ་བ་གཟུགས་ཀྱི་ཕུང་པོ་ལ་ནི་གཟུགས་ལ་བདག་ཏུ་རྗེས་སུ་ལྟ་ཞིང་རྣམ་པར་ཤེས་པའི་བར་དུ་ཞེས་འབྱུང་བ་ལྟ་བུའོ། །ཁ་དོག་ལ་ནི་མིག་གིས་གཟུགས་རྣམས་མཐོང་ནས་ཞེས་འབྱུང་བ་ལྟ་བུའོ། །བསམ་གཏན་རྣམས་ལ་ནི་གཟུགས་ཀྱི་འདོད་ཆགས་དང༌། གཟུགས་མེད་པའི་འདོད་ཆགས་ཞེས་འབྱུང་བ་ལྟ་བུའོ། །རྣམ་པ་ལ་ནི་གཟུགས་རྣམས་ཀྱི་སྡུག་པའི་གཟུགས་དག་ལ་ཀུན་ཏུ་ཆགས་ཞེས་འབྱུང་བ་ལྟ་བུའོ། །མཐའ་ནི་ཟད་དང་འཇུག་ཆ་དང༌། །ཉེ་དང་ཕྱོགས་དང་སྨད་པ་ལའོ། །མཐའི་སྒྲ་ཟད་པ་ལ་ནི་སྡུག་བསྔལ་གྱི་མཐར་འབྱིན་ཞེས་འབྱུང་བ་ལྟ་བུའོ། །མཇུག་ལ་ནི། འཚོ་བའི་མཐའ་ནི་འཆི་བ་ཡིན་ཞེས་འབྱུང་བ་དང༌། འདིར་ནི་འགྲོ་བས་འཇིག་རྟེན་མཐར། །ནམ་ཡང་ཕྱིན་པར་མི་འགྱུར་རོ་ཞེས་འབྱུང་བ་ལྟ་བུའོ། །ཆ་ལ་ནི་མཐའ་གསུམ་སྟེ། འཇིག་ཚོགས་ཀྱི་མཐའ་དང༌། འཇིག་ཚོགས་ཀུན་འབྱུང་བའི་མཐའ་དང༌། འཇིག་ཚོགས་འགོག་པའི་མཐའོ་ཞེས་འབྱུང་བ་ལྟ་བུའོ། །ཉེ་བ་ལ་ནི་ས་བླངས་ནས་ཆུའི་མཐར་འགྲོའོ་ཞེས་འབྱུང་བ་ལྟ་བུའོ། །ཕྱོགས་ལ་ནི་མཐའ་གང་དུ་ཕྱིན་ཞེས་འབྱུང་བ་དང༌། མཐའ་གཅིག་ཏུ་འདུག་གོ་ཞེས་འབྱུང་བ་ལྟ་བུའོ། །སྨད་པ་ལ་ནི་འདི་ནི་འཚོ་བ་རྣམས་ཀྱི་མཐའ་སྟེ།
འདི་ལྟ་སྟེ། སློང་མོའི་ཞེས་བྱ་བ་ལྟ་བུ་སྟེ་ཐ་ཆད་དོ་ཞེས་བྱ་བར་མངོན་ནོ། །མཆོག་གི་སྒྲ་ནི་གཙོ་བོ་དང༌། །དང་པོ་རྩེ་མོ་མདུན་དོན་དང༌། །ཚིག་དང་མང་པོ་དག་དང་ནི། །དམིགས་པ་ལ་ཡང་ཡོད་པར་མཐོང༌། །གཙོ་བོ་ལ་ནི་སེམས་ཅན་གང་སུ་དག་ཡོད་པ་དེ་རྣམས་ཀྱི་མཆོག་ནི་དེ་བཞིན་གཤེགས་པ་ཡིན་པར་བཤད་ཅེས་འབྱུང་བ་ལྟ་བུའོ། །དང་པོ་ལ་ནི་སྟན་གྱི་ཐོག་མ་དང༌། ཆུའི་ཐོག་མ་དང༌། བསོད་སྙོམས་ཀྱི་ཐོག་མ་ཞེས་འབྱུང་བ་ལྟ་བུའོ། །རྩེ་མོ་ལ་ནི་སྐྲའི་རྩེ་མོས་སམ། རྩྭའི་མཆོག་མས་སམ་ཞེས་འབྱུང་བ་ལྟ་བུའོ། །མདུན་གྱི་དོན་ལ་ནི་མདུན་དུ་འགྲོའོ་ཞེས་འབྱུང་བ་ལྟ་བུའོ། །ཚིག་ལ་ནི་ཚིགས་ཀྱི་ས་བོན་ཞེས་འབྱུང་བ་ལྟ་བུའོ། །མང་པོ་ལ་ནི་ཁྲོམ་གྱི་རུ་ཞེས་འབྱུང་བ་ལྟ་བུའོ། །དམིགས་པ་ལ་ནི་སེམས་རྩེ་གཅིག་པ་ཉིད་དང༌། སེམས་མི་འབྲེལ་བ་ཞེས་འབྱུང་བ་ལྟ་བུའོ། །ཉེ་བར་སྒྱུར་བ་དང་བཅས་པ་དང་ཡིད་བདེ་བ་ལ་ཡང་མཐོང་སྟེ། མགུ་བ་ཉིད་དུ་གྱུར་ཡི་རངས་པ་ཉིད་དུ་གྱུར་ཞེས་འབྱུང་བ་ལྟ་བུའོ། །བློ་གཅིག་པ་ཉིད་ལ་ཡང་ཡོད་དེ། ཉན་ཐོས་ཀྱི་དགེ་འདུན་རྣམས་མཐུན་པ་རྣམས་ལ་ལྟོས་ཞེས་འབྱུང་བ་ལྟ་བུའོ། །མཐའ་དག་ཉིད་ལ་ཡང་ཡོད་དེ། རྐྱེན་རྣམས་ཚོགས་པ་ཞེས་འབྱུང་བ་ལྟ་བུའོ། །གཞོན་པ་ཉིད་ལ་ཡང་ཡོད་དེ། ལང་ཚོ་གཞོན་ནུ་དང་ལྡན་པ་ཞེས་འབྱུང་བ་ལྟ་བུའོ། །འཇིག་རྟེན་ཞེས་བྱ་སེམས་ཅན་དང༌། །སྣོད་དང་སྡུག་བསྔལ་འགྲོ་འདོད་ལའོ། །སེམས་ཅན་དག་ལ་ནི་ཆོས་གསུམ་པོ་འདི་དག་ནི་འཇིག་རྟེན་གྱི་མི་འདོད་པ་དང༌། མི་སྡུག་པ་དང༌། མི་དགའ་བ་དང༌། ཡིད་དུ་མི་འོང་བའོ་ཞེས་འབྱུང་བ་ལྟ་བུའོ། །སྣོད་ལ་ནི་འཇིག་རྟེན་གྱི་བར་གྱི་འཇིག་རྟེན་དག་ཡོད་དོ་ཞེས་འབྱུང་བ་ལྟ་བུའོ། །སྡུག་བསྔལ་གྱི་བདེན་པ་ལ་ནི་འཇིག་རྟེན་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་སོ་ཞེས་འབྱུང་བ་ལྟ་བུའོ། །འགྲོ་བ་ལ་ནི་ལན་ཅིག་འཇིག་རྟེན་འདིར་འོངས་ན་སྡུག་བསྔལ་གྱི་མཐར་འབྱིན་ཏོ་ཞེས་འབྱུང་བ་ལྟ་བུའོ། །འདོད་པ་རྣམས་ལ་ནི་ཀུན་ཏུ་རྒྱུ་དག་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ནི་འཕགས་པའི་ཆོས་འདུལ་བ་ལ་ནི་འཇིག་རྟེན་ཞེས་བྱའོ་
འབྱུང་བ་ལྟ་བུའོ། །ཟང་ཟིང་ཞེས་བྱ་རྙེད་པ་དང༌། །འདོད་ཡོན་གཟུགས་དང་ཟད་ལ་ཡོད། །རྙེད་པ་ལ་ནི་དགེ་སློང་དག་ང་ནི་ཆོས་ཀྱི་བགོ་སྐལ་ལ་སྤྱོད་ཅིང་གནས་བ་ཡིན་གྱི། ཟང་ཟིང་གི་བགོ་སྐལ་ལ་སྤྱོད་པ་ནི་མ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །འདོད་པའི་ཡོན་ཏན་རྣམས་ལ་ནི་གང་ལ་སོ་སོའི་སྐྱེ་བོ་རྣམས་ཆགས་པ་འདི་ནི་འཇིག་རྟེན་གྱི་ཟང་ཟིང་དྲག་པོ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །གཟུགས་ལ་ནི་ཟང་ཟིང་དང་བཅས་པའི་རྣམ་པར་ཐར་པ་གང་ཞེ་ན། གཟུགས་དང་ལྡན་པ་གང་ཡིན་པའོ་ཞེས་འབྱུང་བ་ལྟ་བུའོ། །ཟས་ལ་ནི་ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་ཞེས་འབྱུང་བ་ལྟ་བུའོ། །འཇིག་རྟེན་ན་ཟང་ཟིང་གི་སྒྲ་ནི་ཤ་ལ་ཡང་ཡོད་དོ། །ཤ་མེད་པའི་ཟས་དང་ཞེས་འབྱུང་བ་ལྟ་བུའོ། །འབྱུང་བ་ཞེས་བྱ་སྐྱེས་བདེན་དང༌། །ས་ཁམས་སོགས་དང་འདུས་བྱས་དང༌། །ཡོད་དང་སེམས་ཅན་རྣམས་དང་ནི། །མི་མ་ཡིན་པ་རྣམས་ལ་ཡོད། །སྐྱེས་པ་ལ་ནི་ཟས་བཞི་ནི་སེམས་ཅན་འབྱུང་བ་རྣམས་གནས་པའི་ཕྱིར་རོ་ཞེས་འབྱུང་བ་ལྟ་བུ་སྟེ། སྐྱེས་པ་རྣམས་ཞེས་བྱ་བར་ཤེས་སོ། །བདེན་པ་ལ་ནི་དེ་ཡང་དུས་བཞིན་དུ་སྨྲ་བ་དང༌། ཡང་དག་པར་སྨྲ་བ་ཡིན་ཞེས་འབྱུང་བ་ལྟ་བུའོ། །སའི་ཁམས་ལ་སོགས་པ་ལ་ནི་འབྱུང་བ་ཆེན་པོ་བཞི་དག་ཅེས་འབྱུང་བ་ལྟ་བུའོ། །འདུས་བྱས་ལ་ནི་དགེ་སློང་བྱུང་བ་ལ་སྐྱོ་བར་བྱ་བའི་ཕྱིར་དང༌། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དང༌། འགོག་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །ཡོད་པ་ལ་ནི་བདག་ཉིད་ལ་ཇི་ལྟར་ཡོད་པ་བཞིན་དུ་སྨྲ་བ་ཡིན་ཞེས་འབྱུང་བ་ལྟ་བུའོ། །སེམས་ཅན་རྣམས་ལ་ནི་འབྱུང་པོ་ཐམས་ཅད་ལ་དབྱུག་པ་སྤངས་ནས་ཞེས་འབྱུང་བ་ལྟ་བུའོ། །མི་མ་ཡིན་པ་རྣམས་ལ་ནི། འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཅིང༌། །སའམ་འོན་ཏེ་བར་སྣང་འཁོད་པ་དག །ཅེས་འབྱུང་བ་དང༌། འབྱུང་པོས་ཟིན་པ་དང༌། འབྱུང་པོའི་སྨན་པ་ཞེས་འབྱུང་བ་ལྟ་བུའོ། །པ་ད་ཞེས་བྱ་མྱ་ངན་འདས། །རྐང་པ་ཆ་དང་ཡུད་ཙམ་དང༌། །བཞི་དང་བདེན་གཉིས་རྐང་པའི་ཕྱོགས། །རྗེས་དང་ཚིག་ལ་ཡོད་པ་ཡིན། །མྱ་ངན་ལས་འདས་པ་ལ་ནི་ཞི་བའི་གོ་འཕང་བླ་ན་མེད་པ་ཞེས་འབྱུང་བ་ལྟ་བུའོ། །རྐང་
པ་ལ་ནི་སེམས་ཅན་གང་དག་རྐང་པ་མེད་པའམ། རྐང་གཉིས་སམ། རྐང་མངས་སམ་ཞེས་འབྱུང་བ་ལྟ་བུའོ། །ཆ་ལ་ནི་ཆོས་ཀྱི་རྣམ་གྲངས་ཚིག་བཞི་བ་ཞེས་འབྱུང་བ་ལྟ་བུའོ། །ཡུད་ཙམ་ལ་ནི་སེམས་ཡུད་ཙམ་ཡུད་ཙམ་ལ་ནི་ཡི་ཆད་ཅིང་རྣམ་པར་རྟོག་པ་རྣམས་ཀྱི་དབང་དུ་སོང་ཞེས་འབྱུང་བ་ལྟ་བུའོ། །གཞི་ལ་ནི་བག་ཡོད་པ་ནི་མི་འཆི་བའི་གཞི་ཡིན་ཏེ། བག་མེད་པ་ནི་འཆི་བའི་གཞི་ཡིན་ཞེས་འབྱུང་བ་ལྟ་བུའོ། །བདེན་པ་རྣམས་ལ་ནི་སློབ་པའི་གཞི་མཐོང་བ་ཞེས་འབྱུང་བ་ལྟ་བུའོ། །རྐང་པའི་ཕྱོགས་ལ་ནི་བྲམ་ཟེ་བྲེ་བོ་དང་རུས་གཅིག་པས་བཅོམ་ལྡན་འདས་ཀྱི་གོམ་གནས་སུ་ཞབས་ལ་འཁོར་ལོ་དག་མཐོང་ངོ་ཞེས་འབྱུང་བ་ལྟ་བུའོ། །རྗེས་ལ་ནི། མཁའ་ལ་བྱ་ཡི་རྗེས་བཞིན་དུ། །དེ་དག་རྟོགས་པར་དཀའ་བ་ཡིན། ཞེས་འབྱུང་བ་ལྟ་བུའོ། །ཚིག་ལ་ནི་ལེགས་པར་བཤད་པའི་ཚིག་གཅིག་གི་དོན་ཀྱང་ཤེས་པར་བྱས་ནས་ཞེས་འབྱུང་བ་ལྟ་བུའོ། །ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང༌། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཆོས་ཀྱི་སྒྲ་ཞེས་བྱ་བ་ལ་ནི་ཆོས་གང་ལ་ལ་འདུས་བྱས་སམ་འདུས་མ་བྱས་སམ་དེ་རྣམས་ཀྱི་མཆོག་ནི་འདོད་ཆགས་དང་བྲལ་བ་ཡིན་པར་བཤད་དོ་ཞེས་འབྱུང་བ་ལྟ་བུའོ། །ལམ་ལ་ནི་དགེ་སློང་དག་ལོག་པའི་ལྟ་བ་ནི་ཆོས་མ་ཡིན་ལ་ཡང་དག་པའི་ལྟ་བ་ནི་ཆོས་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ལྟ་བུའོ། །མྱ་ངན་ལས་འདས་པ་ལ་ནི་ཆོས་ལ་སྐྱབས་སུ་སོང་བ་ཞེས་འབྱུང་བ་ལྟ་བུའོ། །ཡིད་ཀྱི་ཡུལ་ལ་ནི་ཆོས་ཀྱི་སྐྱེ་མཆེད་ཅེས་འབྱུང་བ་ལྟ་བུ་སྟེ། དེ་ནི་ཡིད་ཁོ་ནའི་ཡུལ་ཡིན་ཞིང་ཡུལ་ཁོ་ན་ཡིན་གྱི་རྟེན་ནི་མ་ཡིན་ནོ། །བསོད་ནམས་ལ་ནི་བཙུན་མོའི་འཁོར་དང་གཞོན་ནུ་མ་རྣམས་དང་ལྷན་ཅིག་ཏུ་ཆོས་སྤྱོད་ཅེས་རྒྱས་པར་འབྱུང་བ་ལྟ་བུའོ། །ཚེ་འདི་ལ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང༌། བྱིས་པ་ནི་མཐོང་བའི་ཆོས་གཅེས་པར་འཛིན་པ་ཡིན་ཞེས་འབྱུང་བ་ལྟ་བུའོ། །གསུང་རབ་ལ་ནི་འདི་ལ་དགེ་སློང་ཆོས་ཤེས་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང་ཞེས་རྒྱ་ཆེར་འབྱུང་བ་ལྟ་བུའོ། །
འབྱུང་བར་འགྱུར་བ་ལ་ནི་འདུ་བྱེད་ཀྱི་རྫས་རྣམས་ནི་དེའི་ཆོས་སོ་ཞེས་འབྱུང་བ་དང༌། དེ་ལྟར་འདི་ལྟ་སྟེ། ལུས་འདི་ནི་རྒ་བའི་ཆོས་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །ངེས་པ་ལ་ནི་དགེ་སློང་གི་ཆོས་བཞི་རྣམས་ཞེས་འབྱུང་བ་ལྟ་བུ་དང༌། དེ་བཞིན་དུ་དགེ་སློང་དག་སྲོག་གཅོད་པ་ནི་ཆོས་མ་ཡིན་ལ་སྲོག་གཅོད་པ་སྤངས་པ་ནི་ཆོས་ཡིན་ནོ་ཞེས་རྒྱ་ཆེར་འབྱུང་བ་ལྟ་བུའོ། །ཆོས་ལུགས་ལ་ནི་ཡུལ་ཆོས་དང་རིགས་ཆོས་ཞེས་འབྱུང་བ་ལྟ་བུའོ། །སྤངས་པ་ཞེས་བྱ་བཏང་བ་དང༌། །བྲལ་དང་གནོད་དང་བག་ལ་ཉལ། །བཏོན་པའོ་སྤངས་པ་ལ་སོགས་པའི། །སྤངས་པ་ཞེས་བྱ་གཉིས་སུ་བཞེད། །སྤངས་པ་ཞེས་བྱ་བ་བཏང་བ་ལ་ནི་ལོངས་སྤྱོད་ཀྱི་ཕུང་པོ་ཆེ་བའམ། ཆུང་བ་ཡང་སྤངས་ནས་ཞེས་འབྱུང་བ་ལྟ་བུའོ། །རྒྱུན་དང་བྲལ་བ་ལ་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤངས་ནས་ཞེས་འབྱུང་བ་ལྟ་བུའོ། །འཇིག་རྟེན་པའི་ལམ་གྱིས་གནོན་པ་ལ་ནི། འདོད་པ་རྣམས་ལ་འདོད་པའི་འདུན་པ་སྤངས་ནས་དེས་ལན་མང་དུ་གནས་ཤིང༌། ཚངས་པའི་འཇིག་རྟེན་དང་སྐལ་བ་མཉམ་པར་སྐྱེས་ཞེས་འབྱུང་བ་ལྟ་བུའོ། །བག་ལ་ཉལ་ཡང་དག་པར་བཅོམ་པ་ལ་ནི་ཀུན་ཏུ་སྦྱོར་བ་གསུམ་སྤངས་པ་ལས། རྒྱུན་ཏུ་ཞུགས་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །དེ་བཞིན་དུ་སྤངས་པར་མཐོང་བ་དང༌། སྡོམ་པས་སྤོང་བ་དང༌། རྗེས་སུ་སྲུང་བས་སྤོང་བ་དང༌། བསྒོམ་པས་སྤོང་བ་སྟེ། ཉན་ཐོས་ལ་བཤད་པའི་མདོ་སྡེ་གཉིས་ལས་རྣམ་པ་གཉིས་སུ་རྣམ་པར་ཕྱེའོ། །ཚུལ་གྱི་སྒྲ་ནི་བདེན་པ་དང༌། །ལམ་དང་འབྲེལ་འབྱུང་རིག་པ་དང༌། །ངེས་འབྱེད་ཆ་དང་མྱ་ངན་འདའ། །ཐབས་དང་རིགས་པ་ཉིད་ལ་ཡོད། །སྡོམ་གྱི་ཚིགས་སུ་བཅད་པ། བདེན་དང་ཡན་ལག་བརྒྱད་དང་འབྱུང༌། །ཞེས་བྱ་བ་འདི་ལས། འཕགས་པའི་ཚུལ་གྱི་སྒྲ་ནི་བདེན་པ་རྣམས་དང༌། ལམ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡང་མཐོང་ངོ༌། །རིག་པ་རྣམས་ལ་ཡང་མཐོང་སྟེ། བྲམ་ཟེ་ང་ནི་འཕགས་པའི་ཆོས་འདུལ་བ་འདི་ལ་འཕགས་པའི་ཚུལ་གྱིས་གསུམ་རིག་པ་ཡིན་པར་སྨྲའོ་ཞེས་འབྱུང་བ་ལྟ་བུ་སྟེ་འདི་ལས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ལ་ཡང་མཐོང་
སྟེ། གང་སུ་དག་དྲན་པ་ཉེ་བར་གཞག་པ་བཞི་རྣམས་དང་མི་མཐུན་པར་བྱེད་པ་དེ་དག་ནི་འཕགས་པའི་ཚུལ་ལ་དེ་དག་གིས་མི་མཐུན་པར་བྱས་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །ཚུལ་གྱི་སྒྲ་ནི་མྱ་ངན་ལས་འདས་པ་ལ་ཡང་མཐོང་སྟེ། ཁྱིམ་པའམ་རབ་ཏུ་བྱུང་བའམ། གང་ཞིག་ཡང་དག་གྲུབ་བྱེད་པ། །དེས་ནི་བླ་མེད་ཚུལ་ཉིད་ཀྱི། །ཆོས་ནི་ཀུན་ཏུ་ཐོབ་པར་འགྱུར། །ཞེས་འབྱུང་བ་ལྟ་བུའོ། །ཐབས་ལ་ཡང་མཐོང་སྟེ། ཚུལ་གྱི་བརྩོན་འགྲུས་བརྩམས་པ་ལ། །བྱ་བར་དཀའ་བ་ཅི་ཡང་མེད། །ཅེས་འབྱུང་བ་ལྟ་བུའོ། །རིགས་པ་ལ་ནི་ཚུལ་བཞིན་བྱེད་དོ་ཞེས་འབྱུང་བ་ལྟ་བུའོ། །ལས་མཐའ་ཞེས་བྱ་ནོར་ཚོལ་དང༌། །གསུམ་བདུན་སྤངས་པ་རྣམས་ལའང་ཡོད། །ལས་ཀྱི་མཐའ་ཞེས་བྱ་བ་ནོར་ཚོལ་བ་ལ་ནི་དེས་གལ་ཏེ་ཞིང་དང༌། གལ་ཏེ་ཚོང་གི་ལས་ཀྱི་མཐའ་དེ་དང་དེ་བྱེད་དོ་ཞེས་རྒྱས་པར་འབྱུང་བ་ལྟ་བུའོ། །གསུམ་པ་སྤངས་པ་ལ་ཡང་ཡོད་དེ། འཇིག་རྟེན་པའི་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན་ཞེས་རྒྱས་པར་འབྱུང་བ་ནས། སྲོག་གཅོད་པའི་བར་དུ་སྤངས་ནས་སྲོག་གཅོད་པ་ལས་ཕྱིར་ལྡོག་པ་ཡིན། དེ་བཞིན་དུ་འདོད་པ་ལས་ལོག་པར་གཡེམ་པ་ལས་ཞེས་བྱ་བའི་བར་དུ་འབྱུང་བ་ལྟ་བུའོ། །བདུན་སྤངས་པ་ལ་ཡང་ཡོད་དེ། ལས་ཀྱི་མཐའ་ཕུན་སུམ་ཚོགས་པ་གང་ཞེ་ན། སྲོག་གཅོད་པ་སྤངས་པ་ནས་སྲོག་གཅོད་པ་ལས་ཕྱིར་ལོག་པ་ཡིན་ཞེས་བྱ་བའི་བར་དང༌། དེ་བཞིན་དུ་ཚིག་འཁྱལ་པ་སྨྲ་བ་ལས་ཞེས་བྱ་བའི་བར་དུ་འབྱུང་བ་ལྟ་བུའོ། །ལས་ཀྱི་མཐའི་སྒྲ་ནི་མཚམས་མེད་པ་ལ་ཡང་ཡོད་དེ། ལོག་པའི་ལས་ཀྱི་མཐའ་མེད་པ་ཉིད་ཅེས་གསུངས་པའི་ཕྱིར་ཏེ། ཆོས་འདུལ་བ་འདི་ལས་ལོག་ཅིང་དྲང་དུ་མི་རུང་བ་རྣམས་ནི་གང་ཟག་ལྔ་དག་སྟེ། མ་གསོད་པ་དང་ཞེས་མདོ་ལས་རྒྱས་པར་གསུངས་པ་ལས་སོ། །ལོག་པ་དེ་རྣམས་ཀྱི་ལས་ཀྱི་མཐའ་ནི་ལོག་པའི་ལས་ཀྱི་མཐའ་སྟེ། མཚམས་མེད་པ་ལྔ་པོ་དག་གོ །འདི་ལ་ལོག་པའི་ལས་ཀྱི་མཐའ་མེད་པས་ན་ལོག་པའི་ལས་ཀྱི་མཐའ་མེད་པ་སྟེ། དེ་དངོས་པོ་ནི་ལོག་པའི་ལས་ཀྱི་མཐའ་མེད་པ་ཉིད་དོ། །ཕུང་པོ་ཞེས་བྱ་བ་
སྤུངས་པ་དང༌། །ཕྲག་པ་སྡོང་པོ་ཆ་ཉིད་ལའོ། །ཕུང་པོ་ཞེས་བྱ་བ་སྤུངས་པ་ལ་ནི་དེ་ཐམས་ཅད་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་དང༌། དེ་བཞིན་དུ་ནོར་གྱི་ཕུང་པོ་ཆེན་པོ་བསྒྲུབས་ནས་གནས་སོ་ཞེས་འབྱུང་བ་ལྟ་བུའོ། །ཕྲག་པ་ལ་ནི་དཔེར་ན་མི་ཞིག་ས་ལས་ཁྲིའུའི་སྟེང་དུ་འཇོག་ནས་རྟའི་སྟེང་ནས་གླང་པོ་ཆེའི་ཕྲག་པ་ལ་ཞོན་ནོ་ཞེས་བྱ་བའི་བར་དུ་འབྱུང་བ་ལྟ་བུའོ། །སྡོང་པོ་ལ་ནི་ཤིང་ལྗོན་པ་རྩ་བ་དང་ལྡན་པ་དང༌། སྤོམ་པ་དང་ལྡན་པ་ཆེན་པོའོ་ཞེས་འབྱུང་བ་ལྟ་བུའོ། །ཆ་ལ་ནི་སྦྱིན་པར་བྱ་བ་ཕུང་པོ་གསུམ་དག་ཏུ་སྦྱིན་ནོ་ཞེས་འབྱུང་བ་ལྟ་བུའོ།། བསྡུ་བ་ཞེས་བྱ་རང་བཞིན་དང༌། །རྗེས་སུ་མཐུན་དང་དགའ་བ་དང༌། །ཉམས་མེད་ཁོང་སུ་གཏོགས་པ་དང༌། །འཛིན་པར་བྱེད་དང་དོན་དྲུག་གོ །རང་བཞིན་ལ་ནི་གཟུགས་ཀྱི་ཕུང་པོ་ནི་སྐྱེ་མཆེད་བཅུ་དང་གཅིག་གི་ཕྱོགས་ཀྱིས་བསྡུས་སོ་ཞེས་འབྱུང་བ་ལྟ་བུའོ། །རང་བཞིན་དང་རྗེས་སུ་མཐུན་པ་ལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ནི་ཕུང་པོ་གསུམ་དག་གིས་བསྡུས་སོ་ཞེས་འབྱུང་བ་ལྟ་བུའོ། །དགའ་བལ་ནི་བསྡུ་བའི་དངོས་པོ་བཞི་པོ་དག་ཅེས་འབྱུང་བ་ལྟ་བུའོ། །ཡོངས་སུ་ཉམས་པ་མེད་པ་ལ་ནི་འདི་ནི་དབང་པོ་ལྔ་པོ་དེ་དག་སྡུད་པར་བྱེད་པ་ཡིན་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་དབང་པོ་ཞེས་འབྱུང་བ་ལྟ་བུའོ། །ཁོངས་སུ་གཏོགས་པ་ལ་ནི་འགྲོ་བ་དུད་འགྲོའི་སྐྱེས་གནས་སུ་སོང་བའི་སྲོག་ཆགས་གང་སུ་ཡང་རུང་བ་དེ་ཐམས་ཅད་ཀྱི་རྗེས་ནི་གླང་པོ་ཆེའི་རྗེས་སུ་འདུས་ཤིང་འདུ་བ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །འཛིན་པར་བྱེད་པ་ལ་ནི་ཁང་པ་བརྩེགས་པའི་ཕྱམ་དགུ་པོ་གང་དག་ཡིན་པ་དེ་དག་གི་མཆོག་ནི་སྤྱི་རྟེན་ཡིན་ཏེ། འདི་ལྟ་སྟེ། སྡུད་པའི་ཕྱིར་རོ་ཞེས་འབྱུང་བ་ལྟ་བུ་སྟེ། དེ་ལྟ་བུ་ནི་དཔེར་བརྗོད་པ་ཙམ་དུ་ཟད་དོ། །དེ་ལྟར་ཚིག་གཅིག་ལ་དོན་དུ་མ་བྱུང་བ་ཡིན་ཏེ། གང་ལ་གང་རིགས་པ་དེ་ལ་དེ་བརྗོད་པར་བྱའོ། །ཚིག་དུ་མ་ལ་དོན་གཅིག་པ་ནི་དཔེར་ན་རྣམ་གྲངས་ཀྱི་ཚིག་ལྟ་བུའོ། །གཞན་ཡང་དོན་རྣམ་པ་གསུམ་སྟེ། སོ་སོ་རེ་རེ་ལ་བརྗོད་པར་བྱ་བའི་དོན་དང༌། བསྡུས་པའི་དོན་དང༌། དགོས་པའི་དོན་ནོ། །དེ་ལ་སོ་སོ་རེ་རེ་ལ་བརྗོད་པར་བྱ་བའི་དོན་ནི་རྗོད་པ་གང་གི་བརྗོད་པར་བྱ་བ་ཡང་ཡིན་ཏེ། དཔེར་ན་མ་རིག་པའི་
རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལམ་རིག་པ་གང་ཞེ་ན། ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཤད་པ་གང་ཡིན་པའོ། །བསྡུས་པའི་དོན་ནི་དོན་ཐ་དད་པའི་ཚིག་རྣམས་ཀྱི་དོན་བསྡུས་པ་གང་ཡིན་པ་སྟེ། ཇི་ལྟ་བུར་སྲིད་པའི་ཡན་ལག་བཅུ་གཉིས་པའི་ཚིག་རྣམས་ཀྱིས་མདོར་ཀུན་ནས་ཉོན་མོངས་པ་གསུམ་པོ་ཉོན་མོངས་པ་དང༌། ལས་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་བསྟན་པ་ལྟ་བུ་དང༌། དེ་བཞིན་དུ་མ་དད་པ་ནི་དད་པ་ཕུན་སུམ་ཚོགས་པ་ལ་ཡང་དག་པར་ལེན་དུ་འཇུག་པ་ནས། ཤེས་རབ་འཆལ་བ་ནི་ཤེས་རབ་ཕུན་སུམ་ཚོགས་པའི་བར་ཚིག་འདི་རྣམས་ཀྱིས་ནི་མདོར་ན་འཇུག་པ་དང་བཅས་པའི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་ཡང་དག་པར་ལེན་དུ་འཇུག་པ་ཡོངས་སུ་བསྟན་པ་ཡིན་ཏེ། འདི་ལྟར་དད་པས་ཚུལ་ཁྲིམས་ལ་སོགས་པ་ལ་འཇུག་ལ། ཚུལ་ཁྲིམས་དང་གཏོང་བ་གཉིས་ཀྱིས་ནི་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པས་བསྡུས་པའི་མངོན་པར་མཐོ་བ་འཐོབ་བོ། །ཤེས་རབ་ཀྱིས་ནི་ངེས་པར་ལེགས་པ་འཐོབ་བོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །དགོས་པའི་དོན་ནི་རྣམ་གྲངས་གསུངས་པ་རྣམས་ཀྱི་དོན་བརྗོད་པ་གང་ཡིན་པ་སྟེ། དེ་དག་ལ་ནི་སོ་སོ་རེ་རེ་ལ་བརྗོད་པར་བྱ་བའི་དོན་ཀྱང་མེད་ལ། བསྡུས་པའི་དོན་ཀྱང་མེད་དེ། བརྗོད་པར་བྱ་བ་གཅིག་ཏུ་ཟད་པའི་ཕྱིར་དང༌། དེ་བཞིན་དུ་བསྟན་པའི་ཚིག་རྣམས་ཀྱང་བཤད་པ་ལས་བརྗོད་པར་བྱ་བའི་དོན་ཐ་དད་པ་མེད་པའི་ཕྱིར་ཅིའི་ཕྱིར་བསྟན་པ་བྱས་ཞེས་དགོས་པའི་དོན་བརྗོད་དགོས་ཏེ། ཇི་ལྟར་དགེ་སློང་མའི་དོན་མདོ་སྡེ་ལས་ཀུན་དགའ་བོ་ཡིད་ཕྱི་རོལ་དུ་བཞག་ནས་ཡིད་ཕྱི་རོལ་དུ་བཞག་གོ་སྙམ་པ་དང༌། དེའི་འོག་ཏུ་སྔ་མ་བཞིན་དུ་མངོན་པར་བསྡུས་ནས་བདག་གི་ཡིད་ཕྱི་རོལ་དུ་བཞག་ཅིང་རྣམ་པར་གྲོལ་ལོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་བཤད་པའོ། །དེ་བཞིན་དུ་དགེ་སློང་དག་ང་ནི་ཤིན་ཏུ་གཞོན་ནུར་རབ་ཏུ་བྱུང་ངོ་ཞེས་བྱ་བ་ནི་བསྟན་པའོ། །མཆོག་ཏུ་གཞོན་ནུ་དང་རབ་ཏུ་གཞོན་ནུ་ཞེས་བྱ་བ་ནི་བཤད་པ་ཡིན་ཏེ། རང་བཞིན་དང་དུས་ཀྱི་ཁྱད་པར་གཉིས་ཀྱིས་ཤིན་ཏུ་གཞོན་པ་ཉིད་རྫོགས་པར་བཤད་པའི་ཕྱིར་རོ། །ལྷག་མ་བདེ་
བ་ཕུན་སུམ་ཚོགས་པ་ཡང་དག་པ་བསྔགས་པ་ནི་རྒྱས་པར་བཤད་པ་ཡིན་ཏེ། མཆོག་ཏུ་རབ་ཏུ་ཤིན་ཏུ་གཞོན་པ་དེ་ཉིད་རྒྱས་པར་བཤད་པའི་ཕྱིར་རོ། །དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་བྱ་བ་ནི་བསྟན་པའོ། །འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་རྒྱས་པར་འབྱུང་བ་ནི་བཤད་པའོ། །དེ་བཞིན་དུ་ཚེ་དང་ལྡན་པ་དག་བཅུ་གཉིས་པོ་འདི་དག་ནི་ཁོམ་པར་གྱུར་པ་ཡིན་ནོ་ཞེས་འབྱུང་བ་འདི་ལས་བདག་དང་གཞན་ཕུན་སུམ་ཚོགས་པ་ཞེས་འབྱུང་བ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པ་ཡིན་ཏེ། བསྟན་པ་དང་བཤད་པ་གཉིས་ཀྱིས་བཅུ་གཉིས་སུ་འགྱུར་ཏེ། དེ་ལྟ་བུ་ལ་སོགས་པ་བསྟན་པའི་ཚིག་རྣམས་ཀྱི་དགོས་པའི་དོན་ཡང་བརྗོད་དགོས་སོ། །ཇི་སྐད་དུ་ཕུང་པོ་ལྔ་རྣམས་དང༌། ནང་གི་སྐྱེ་མཆེད་དྲུག་རྣམས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གྲངས་གསུངས་པ་ལྟ་བུ་དག་ཀྱང་དེ་དག་གི་བརྗོད་པར་བྱ་བའི་དོན་མི་གོ་བ་ནི་མ་ཡིན་ན། ཅིའི་ཕྱིར་གྲངས་གསུངས་པའི་དགོས་པའི་དོན་ཡང་བརྗོད་དགོས་སོ། །དེ་བཞིན་དུ་ཚིག་གཞན་གང་དག་གི་བརྗོད་པར་བྱ་བའི་དོན་ནི་གྲགས་ན། དེའི་དོན་གྱི་ནུས་པ་ཉིད་མ་ཡིན་པས་དེ་དག་གི་དགོས་པའི་དོན་ཡང་བརྗོད་དགོས་ཏེ། དཔེར་ན་མཉན་ཡོད་ག་ལ་བ་དེར་རྒྱུ་ཞིང་གཤེགས་སོ་ཞེས་བྱ་བའི་བརྗོད་པར་བྱ་བའི་དོན་ནི་འཇིག་རྟེན་ན་གྲགས་ན། ཅིའི་ཕྱིར་སངས་རྒྱས་སམ་ཉན་ཐོས་ལྗོངས་རྒྱུ་ཞིང་གཤེགས་པ་དང༌། དེ་བཞིན་དུ་ཅིའི་ཕྱིར་བཅོམ་ལྡན་འདས་ཟླ་བ་ཕྱེད་དང་གསུམ་ནང་དུ་ཡང་དག་པར་འཇོག་པར་མཛད་པ་དང༌། ཅིའི་ཕྱིར་ཚེ་དང་ལྡན་པ་གསུས་པོ་ཆེ་ཆེན་པོ་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་ངོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་དགོས་པ་ཡང་བརྗོད་དགོས་སོ་ཞེ་ན། །དེ་ལ་རྣམ་གྲངས་གསུངས་པ་དག་གི་དགོས་པའི་དོན་ནི་སྔར་བཤད་པར་ཟད་ཀྱི་ལྷག་མ་རྣམས་བརྗོད་པར་བྱ་སྟེ། རེ་ཞིག་བསྟན་པའི་ཚིག་ནི་མདོས་འགྲེལ་པའི་དོན་འཛིན་པར་བྱེད་པ་བཞིན་དུ་བསྟན་པ་ཙམ་གྱིས་དེ་བཤད་པའི་དོན་འཛིན་པར་བྱ་བའི་ཕྱིར་དང༌། གདུལ་བྱ་མགོ་སྨོས་པས་གོ་བ་རྣམས་རྗེས་སུ་གཟུང་བའི་ཕྱིར་དང༌། དེ་ལས་གཞན་པ་རྣམས་
ལ་ཕྱི་མ་ལ་མགོ་སྨོས་པས་གོ་བ་ཉིད་ཀྱིས་བསགས་པའི་ཕྱིར་དང༌། བསྡུ་བ་དང་རྒྱས་པར་བཤད་པ་ལ་མངའ་བ་དང་ལྡན་པ་ཡང་དག་པར་བསྟན་པའི་ཕྱིར་དང༌། གཞན་རྣམས་དེ་ལྟ་བུ་ལ་གོམས་བ་ལས་དེའི་ས་བོན་བསྐྱེད་པའི་ཕྱིར་རོ། །ལུང་ལས་བསྟན་པ་ཙམ་ལ་ནི་རྣལ་འབྱོར་པ་རྣམས་ཀྱི་སེམས་མཉམ་པར་གཞག་པ་ཡིན་ན། ཇི་ལྟར་ན་དེ་རྒྱས་པའི་དོན་ཐམས་ཅད་ལ་མཉམ་པར་གཞག་པར་འགྱུར་ཞིག་གུ། ཞེས་དེའི་དོན་དུ་བསྟན་པ་དང་བཤད་པ་གཉིས་ཀྱིས་བསྟན་ཏོ་ཞེས་འབྱུང་ངོ༌། །གྲངས་གསུངས་པ་ནི། ཁ་ཅིག་ནི་བགྲང་བར་བྱ་བ་ངེས་པར་གཟུང་བའི་ཕྱིར་ཏེ། དཔེར་ན་ཕུང་པོ་ལྔ་རྣམས་དང༌། ནང་གི་སྐྱེ་མཆེད་དྲུག་རྣམས་ཞེས་འབྱུང་བ་ལྟ་བུའོ། །གྲངས་སྨོས་པས་མི་བརྗེད་པའི་ཕྱིར་ཁ་ཅིག་ནི་བདེ་བླག་ཏུ་བཟུང་བའི་ཕྱིར་ཏེ། དཔེར་ན་གང་ལ་ལའི་སེམས་ཉེ་བའི་ཉོན་མོངས་པ་ཉི་ཤུ་རྩ་གཅིག་གིས་ཉེ་བར་ཉོན་མོངས་པ་ཅན་ཡིན་ན་ཞེས་འབྱུང་བ་དང༌། བཅུར་བསྐྱེད་པ་ལས་ཀྱང༌། ཆོས་གཅིག་ནི་གཅེས་སྤྲས་སུ་བྱེད་པ་ཡིན་ཏེ་ཞེས་བྱ་བ་ནས་ས་བཅུའི་བར་དུ་འབྱུང་བ་ལྟ་བུའོ། །ཁ་ཅིག་ནི་གང་དག་རྒྱས་པར་བཤད་པར་དགོས་པས་ཉན་པར་མི་བྱེད་པ་མང་དུ་མཉན་པ་དང༌། གཟུང་བས་འཇིགས་པ་ཉན་དུ་གཞུག་པའི་ཕྱིར་ཏེ། དཔེར་ན་འདི་དག་ནི་དབང་པོ་གསུམ་པོ་དག་སྟེ། མོའི་དབང་པོ་དང་ཕོའི་དབང་པོ་དང་སྲོག་གི་དབང་པོ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ནི་བྱ་བ་མང་པོས་འཇིགས་པ་དག་སྤྲོ་བ་བསྐྱེད་པའི་ཕྱིར་ཏེ། དཔེར་ན་དགེ་སློང་དག་ཆོས་གཅིག་སྤོངས་ཤིག་དང་ཁྱེད་ཕྱིར་མི་འོང་བར་འགྱུར་བར་ངས་ཁས་ལེན་ཏེ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ནི་གཅིག་གིས་གཅིག་བསྡུ་བ་བསྟན་པའི་ཕྱིར་ཏེ། དཔེར་ན་འདི་དག་ནི་ལྔ་དག་ཏུ་གྱུར་ན་གསུམ་དག་ཏུ་འགྱུར་ལ་གསུམ་དག་ཏུ་གྱུར་ན་ལྔ་དག་ཏུ་འགྱུར་རོ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ནི་ཚད་ཤེས་པར་བྱ་བའི་ཕྱིར་ཏེ། དཔེར་ན་བཟང་པོའི་སྡེ་པ་དྲུག་ཅུ་དག་གི་ཚོགས་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ནི་དངོས་པོ་གཅིག་ཏུ་ཤེས་པར་བྱ་བའི་ཕྱིར་ཏེ། ཆོས་གཉིས་ཀྱི་བྱ་བ་དང་ཟས་དང་གཉེན་པོ་མཚུངས་པའི་ཕྱིར་ན། དཔེར་ན་སྒྲིབ་པ་ལྔ་རྣམས་འབྱུང་བ་ལྟ་བུའོ། །ཁ་ཅིག་ནི་
ཉིད་ལ་ལྔ་ནས་སོ་སོ་ཡང་དག་པར་རིག་པར་གྱུར་པའི་དོན་གསུང་བ་ཉིད་དུ་ཡང་དག་པར་བསྟན་པའི་ཕྱིར་ཏེ། ཇི་སྐད་དུ་བཤད་པའམ་གཞན་ལས་ཀྱང་རུང་ཏེ་གར་རིགས་པའོ། །དེ་ལྟ་བུ་ལ་སོགས་པ་ནི་གྲངས་གསུངས་པའི་དགོས་པ་ཡིན་ནོ། །སངས་རྒྱས་རྣམས་རྒྱུ་ཞིང་གཤེགས་པ་ནི་རྒྱུ་བདུན་དག་གིས་རིག་པར་བྱ་སྟེ། ཡུལ་གཞན་ན་འཁོད་པ་རྣམས་འདུལ་བའི་ཕྱིར་དང༌། དེ་ན་འཁོད་པ་རྣམས་སྐོམ་པར་བྱ་བའི་ཕྱིར་དང༌། ཉན་ཐོས་རྣམས་གཅིག་ན་ཧ་ཅང་ཡུན་རིང་དུ་གནས་བ་སྤང་བའི་ཕྱིར་དང༌། ཉིད་དེ་ལ་ཆགས་པ་མི་མངའ་བར་ཡང་དག་པར་བསྟན་པའི་ཕྱིར་དང༌། ཡུལ་རྣམས་མཆོད་རྟེན་དུ་འགྱུར་བའི་ཕྱིར་དང༌། སྲོག་ཆགས་མང་པོ་རྣམས་དེའི་དྲུང་དུ་བལྟ་བ་དང་འགྲོ་བ་ལ་སོགས་པས་བསོད་ནམས་བསྐྱེད་པའི་ཕྱིར་དང༌། ཡམས་ཀྱི་ནད་དང་ཐན་པ་ལ་སོགས་པའི་སྐྱོན་རབ་ཏུ་ཞི་བར་བྱ་བའི་ཕྱིར་རོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། ཡུལ་གཞན་འདུལ་བར་བྱ་ཕྱིར་དང༌། །དེ་ན་འཁོད་པ་བསྒོམ་བྱའི་ཕྱིར། །ཉན་ཐོས་དུ་མ་གནས་བྱའི་ཕྱིར། །ཆགས་པ་མི་མངའ་བསྟན་ཕྱིར་དང༌། །ཡུལ་རྣམས་མཆོག་རྟེན་འགྱུར་ཕྱིར་དང༌། །ལུས་ཅན་རྣམས་ཀྱི་བསོད་ནམས་ཕྱིར། །ཡམས་ནད་ལ་སོགས་ཞི་བྱའི་ཕྱིར། །སངས་རྒྱས་རྒྱུ་ཞིང་གཤེགས་པར་མཛད། །ཉན་ཐོས་དག་ནི་རྒྱུ་བཅོ་ལྔ་དག་གིས་རྒྱུ་བར་རིག་པར་བྱ་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཉེས་དམིགས་ལྔ་དག་སྟེ། ཧ་ཅང་ཡུན་རིང་དུ་གནས་ན་བྱ་བ་མང་ཞིང་བྱེད་པ་མང་བ་ཡིན་བ་དང༌། སྣོད་སྤྱད་མང་ཞིང་འཚོག་ཆས་མང་བ་ཡིན་པ་དང༌། གནས་ལ་སེར་སྣ་བྱེད་ཅིང་གནས་ལ་ཞེན་པ་ཡིན་པ་དང༌། ཁྱིམ་ལ་སེར་སྣ་བྱེད་ཅིང་ཁྱིམ་ལ་ཞེན་པ་ཡིན་པ་དང༌། ཆགས་པ་དང་བཅས་པ་བཞིན་དུ་གནས་དེ་ནས་འགྲོ་བར་བྱེད་དོ་ཞེས་འབྱུང་བའི་ཉེས་དམིགས་ལྔ་བསྟན་པའི་ཕྱིར་དང༌། དེ་བཞིན་དུ་ཆོས་གོས་ལ་སོགས་པ་དང་མི་ལྡན་པའི་ཕྱིར་དང༌། མི་དགའ་བས་གནོད་པའི་ཕྱིར་དང༌། ནད་ཀྱིས་གཟིར་བའི་ཕྱིར་དང༌། འདོད་ཆགས་ཀྱིས་གཟིར་བའི་ཕྱིར་དང༌། མི་དང་མི་མ་ཡིན་པས་བྱས་པས་གཞན་གྱི་ལུས་དང་སེམས་ལ་གནོད་པ་བྱེད་པའི་ཕྱིར་དང༌། རྙེད་པ་ལ་སོགས་པ་འདོད་
པའི་ཕྱིར་དང༌། གཞན་ལ་དགའ་བའི་ཕྱིར་དང༌། གཞན་ལ་སྙིང་བརྩེ་བའི་ཕྱིར་དང༌། བླ་མ་ལ་ཞེས་བྱ་བའི་ཕྱིར་དང༌། ཡུལ་ལ་སོགས་པ་ལ་ལྟད་མོ་ལྟ་བའི་ཕྱིར་དང༌། དགེ་བའི་ཕྱོགས་ཁྱད་པར་དུ་བྱ་བའི་ཕྱིར་དང༌། ལྟུང་བ་བཤགས་པའི་ཕྱིར་དང༌། དཀོན་མཆོག་གསུམ་ལ་བཀུར་སྟི་བྱ་བའི་ཕྱིར་དང༌། མཆོད་རྟེན་ལ་ཕྱག་བྱ་བའི་ཕྱིར་རོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། །ཉེས་དམིགས་ལྔ་དང་མི་ལྡན་དང༌། །མི་དགའ་ནད་ཆགས་གནོད་པའི་ཕྱིར། །རྙེད་སོགས་སྲེད་དང་དགའ་བ་དང༌། །སྙིང་བརྩེ་བླ་མ་ཞེ་ས་དང་།ལྟད་མོ་ཁྱད་པར་བྱ་ཕྱིར་དང༌། །བཏུང་བ་དཀོན་མཆོག་བཀུར་སྟིའི་ཕྱིར། །མཆོད་རྟེན་ཕྱག་ནི་བྱ་བའི་ཕྱིར། །དགེ་སློང་རྒྱུ་ཞིང་འགྲོ་བར་བྱེད། །བཅོམ་ལྡན་འདས་ཟླ་བ་ཕྱེད་དང་གསུམ་ནང་དུ་ཡང་དག་པར་འཇོག་པར་མཛད་པ་ནི་ཉན་ཐོས་རྣམས་སྐོམ་པར་བྱ་བའི་ཕྱིར་ཏེ། འདིར། དེ་ལྟར་ང་ནི་སྙིང་བརྩེ་བ། །མི་ཆུང་ཆོས་ལའང་སེར་སྣ་མེད། །དཔེ་མཁྱུད་མེད་ཅིང་མི་ནུས་མེད། །ང་ནི་སྡུག་བསྔལ་རང་བཞིན་མིན། །ང་ཡི་བསྟན་པ་མ་ཟད་ལ། །ཁྱེད་ལས་རེ་བའང་ཡོད་མིན་ཏེ། །འདུལ་བས་ངའི་ཤེས་མི་ནུས་ཤིང༌། །གུས་དང་བཅས་པའང་མེད་པས་ན། །དེས་ན་བསྟན་པར་མི་བྱ་བར། །མཁྱེན་ཅིང་སྐོམ་པར་བྱ་བའི་ཕྱིར། །ཟླ་བ་ཕྱེད་དང་གསུམ་དག་ཏུ། །བཅོམ་ལྡན་ནང་དུ་ཡང་དག་འཇོག །ཅེས་གསུངས་པ་ལྟ་བུའོ། །བསོད་ནམས་ཡེ་ཤེས་ཟང་ཟིང་སྐྱབས། །དགའ་དང་གླན་ཀ་བཙལ་བ་དང༌། །ཤེས་དང་བྱས་གཟོ་ཡོན་གནས་དང༌། །དེ་དང་གཞན་དང་གཉིས་བརྩེ་དང༌། །འཇིགས་དང་ལྟད་མོ་གཉིས་དང་ནི། །གཞན་གྱི་རྗེས་སུ་འབྲང་བའི་ཕྱིར། །རྒྱུ་ནི་བཅུ་དང་ལྔ་རྣམས་ཀྱིས། །སོང་བ་ཡིན་པར་རབ་ཏུ་འདོད། །དེ་ནི་ཅི་རིགས་པར་རིག་པར་བྱའོ། །རྣམ་པར་བཤད་པའི་རིགས་པ་ལས། ལེའུར་བྱས་པ་དང་པོའོ།། །།བམ་པོ་གཉིས་པ། །འདི་མན་ཆད་ནི་གཞན་དག་ལ་ཚིག་གི་དོན་བཤད་པ་ལ་མཁས་པ་ཉིད་བསྐྱེད་པའི་ཕྱིར་མདོ་སྡེའི་དུ་མ་བུ་ཁ་ཅིག་ནི་ཚིག་གི་དོན་བཤད་པའི་ཕྱིར་ཕྱོགས་ཕལ་ཆེར་བསྟན་པར་བྱ་སྟེ། སངས་རྒྱས་ཀྱི་བསྔགས་པ་ལས་
བརྩམས་ནས་ནི་འདི་ལྟར་ཡང་བཅོམ་ལྡན་འདས་དེ་ནི་ཞེས་རྒྱས་པར་འབྱུང་བ་དང༌། དེའི་ཚེ་ལྷ་དང་བཅས་པ་དང་ཞེས་རྒྱ་ཆེར་འབྱུང་བ་དང༌། མ་དུལ་བ་རྣམས་དུལ་བར་མཛད་པ་ཞེས་རྒྱས་པར་འབྱུང་བ་དང༌། དེ་བཞིན་གཤེགས་པ་ནི་ལམ་མཁྱེན་པ་ལམ་ཐུགས་སུ་ཆུད་པ་ཞེས་རྒྱས་པར་འབྱུང་བ་མདོ་སྡེའི་དུམ་བུ་བཞི་དག་སྟེ། དེ་ལ་མདོ་སྡེའི་དུམ་བུ་དང་པོ་ལས་འབྱུང་བའི་ཚིག་རྣམས་ཀྱི་བསྡུས་པའི་དོན་ནི། བགེགས་བཅོམ་ནས་སྟོན་པ་ཉིད་ཕུན་སུམ་ཚོགས་པ་གང་དུ། གང་གིས། ཇི་ལྟར་གཤེགས་པ་དང༌། སྟོན་པའི་ཕྲིན་ལས་གང་ཡིན་པ་དང༌། གང་དག་གིས་ཡོངས་སུ་གཟུང་བ་ཞེས་བྱ་བ་འདི་ཡོངས་སུ་བསྟན་ཏོ། །དེ་ལ་བགེགས་ནི་བདུད་སྡིག་ཅན་དུ་འདོད་དེ། དེ་བཅོམ་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཞེས་བྱའོ། །སྟོན་པ་ཉིད་ཕུན་སུམ་ཚོགས་པ་ནི་ཇི་ལྟ་བ་བཞིན་དུ་གསུང་བ་ཉིད་དང་གྲུབ་པ་ཉིད་དེ། གོ་རིམས་བཞིན་དུ་མ་ནོར་བར་གསུང་བའི་ཕྱིར་དང༌། སྤངས་པ་དང་མཁྱེན་པ་ཕུན་སུམ་ཚོགས་པའི་ཕྱིར་ཏེ་ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །གཞན་ཡང་མ་ནོར་བ་དང༌། ཉོན་མོངས་པ་ཅན་མ་ཡིན་པ་དང༌། ཇི་ཙམ་དུ་གསུང་བར་བྱ་བ་གསུངས་པ་ཉིད་སྟོན་པ་ཉིད་ཕུན་སུམ་ཚོགས་པ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ཉིད་ཀྱིས་རྣམ་པ་གཉིས་ཀ་ཡང་ཡིན་པར་བསྟན་ཏོ། །གང་གིས་གཤེགས་པ་ཞེས་བྱ་བ་ནི་རིག་པ་དང་ཞབས་སུ་ལྡན་པ་ཉིད་ཀྱིས་ཏེ། དེ་ལ་རིག་པ་ནི་ཡང་དག་པའི་ལྟ་བ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟ་བའི་ཕྱིར་རོ། །ཞབས་ནི་ལམ་གྱི་ཡན་ལག་ལྷག་མ་དག་སྟེ། དེ་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་གཤེགས་པ་ཡིན་པར་བསྟན་པ་ཡིན་ཏེ། མི་མཐོང་བའམ། རྐང་པ་མེད་པ་ནི་འགྲོ་བར་མི་ནུས་པས་སོ། །གཞན་ཡང་རིག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཡིན་ལ། དེའི་ཞབས་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཡིན་ཏེ། དེ་ལྟར་ན་བསླབ་པ་གསུམ་པོ་དག་གིས་གཤེགས་པ་ཡིན་པར་བསྟན་པ་ཡིན་ནོ། །ཤེས་རབ་སྔར་སྨོས་པ་ནི་གཙོ་
པོ་ཉིད་ཡིན་པའི་ཕྱིར་ཏེ། དེའི་དབང་གིས་ཚུལ་ཁྲིམས་ལ་སོགས་པ་རྩོམ་པ་རྣམ་པར་དག་པའི་ཕྱིར་ལ། རིག་པ་མིག་དང་འདྲ་བས་མཐོང་སྟེ། ཞབས་རྐང་པ་ལྟ་བུས་གཤེགས་པའི་ཕྱིར་རོ། །གཞན་ཡང་མི་སློབ་པའི་རིག་པ་གསུམ་དག་ནི་རིག་པ་ཞེས་བྱ་བ་ལ། ཞབས་ནི་ཚུལ་ཁྲིམས་ནས་གཟུང་ནས། མངོན་པར་ཤེས་པ་གསུམ་པོའི་བར་དག་སྟེ། དེ་ལྟར་ན་རིག་པ་གསུམ་ཚོགས་དང་བཅས་པ་རྣམས་ཀྱིས་སྟོན་པ་ཉིད་ཕུན་སུམ་ཚོགས་པ་མཉེས་པར་བསྟན་པ་ཡིན་ནོ། །ཇི་ལྟར་གཤེགས་པ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པ་དང༌། ཇི་ཙམ་དུ་གཤེགས་པར་བྱ་བར་ཏེ། དེས་ན་བདེ་བར་གཤེགས་པ་ཞེས་བྱ་བ་སྟེ། ཕྱིར་རོལ་པའི་འདོད་ཆགས་དང་བྲལ་བ་དག་དང༌། དེ་ལས་གཞན་པ་དགྲ་བཅོམ་པ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །སྟོན་པ་ཉིད་ཀྱི་ཕྲིན་ལས་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་སྐལ་བ་དང་ལྡན་པ་དང་སྐལ་བ་དང་མི་ལྡན་པ་ལ་གཟིགས་པར་མཛད་པ་སྟེ། དེས་ན་འཇིག་རྟེན་མཁྱེན་པ་ཞེས་བྱའོ། །གདུལ་བ་འདུལ་བ་ཡང་ཡིན་ཏེ། དེས་ན་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱ་སྟེ། སྐྱེས་བུ་འདུལ་བ་ཆུ་ཀླུང་འོད་སྲུངས་དང༌། དགའ་བོ་དང༌། སོར་མོའི་ཕྲེང་བ་ལ་སོགས་པ་གདུལ་དགའ་བ་རྣམས་ཀྱང་ཐབས་སླ་བ་དང་ཁ་ན་མ་ཐོ་བ་མེད་པས་འདུལ་བའི་ཕྱིར་དང༌། གཏན་དུ་དོན་གྱི་མཆོག་མྱ་ངན་ལས་འདས་པར་འདུལ་བའི་ཕྱིར་རོ། །གང་དག་གིས་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་ལྷ་དང་མི་རྣམས་ཀྱིས་བསྟན་པ་ཉིད་ཡོངས་སུ་བཟུང་བ་བསྟན་ཏོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་གསུངས་པའི་ཕྱིར་རོ། །དེ་ནི་ཞེས་གསུངས་པ་དེ་གང་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་བྱ་བ་གསུངས་ཏེ། གང་ཞིག་སངས་རྒྱས་སོ་ཞེས་དེ་ལྟར་གྲགས་པ་སྟེ། གྲགས་པ་དང་བཅོམ་པ་ནི་རྣམ་གྲངས་ཡིན་པའི་ཕྱིར་རོ། །འདིར་བཤད་པ། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །གྲགས་དང་དཔལ་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ལྡན་པ་ཡི། །དྲུག་པོ་དག་ལ་བཅོམ་ཞེས་བཤད། །གཞན་ཡང་བསྡུས་པའི་དོན་ནི་དེ་ནི་རྒྱས་པ་དང་མདོར་བསྟན་པའི་ཡོན་
ཏན་བསྔགས་པ་ཡིན་ཏེ། རྒྱས་པ་ནི་ཚིག་དགུ་པོ་དག་གིས་ཇི་སྐད་གསུངས་པ་ལྟ་བུའོ། །མདོར་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ཤེས་པ་བྱ་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་དང༌། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་རབ་ཏུ་འཇོམས་པའི་ཕྱིར་རོ། །མདོ་སྡེའི་དུམ་བུ་གཉིས་པ་ལས་མདོར་བསྟན་པ་དང་བཤད་པ་གཉིས་ཀྱིས་ཉིད་ཀྱི་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཁྱད་པར་སྟོན་པར་མཛད་དེ། དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནི་བསྟན་པ་ཡིན་ནོ། །དེ་ལ་རྣམ་པར་གྲོལ་བའི་ཁྱད་པར་ནི་ལྷ་དང་མིའི་གཙོ་བོ་དང༌། གཙོ་བོ་མ་ཡིན་པ་རྣམས་ལ་རྣམ་པར་གྲོལ་བ་ལ་སོགས་པས་སྟོན་ཏེ། ལྷ་གཙོ་བོ་རྣམས་ནི་འདོད་པའི་དབང་ཕྱུག་བདུད་རྣམས་དང༌། རྣལ་འབྱོར་གྱི་དབང་ཕྱུག་ཚངས་པ་རྣམས་སོ། །མིའི་གཙོ་བོ་རྣམས་ནི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཏེ། རྒྱལ་པོས་ཀྱང་མཆོད་པའི་ཕྱིར་རོ། །ལྷ་དང་མིའི་གཙོ་བོ་མ་ཡིན་པ་རྣམས་ནི་དེ་ལས་གཞན་པའི་ལྷ་དང་མི་རྣམས་དང་བཅས་པའི་སྐྱེ་དགུ་སྟེ། ལྷ་དང་བཅས་པའི་འཇིག་རྟེན་དེ་ལས་སོ། །སོ་སོའི་སྐྱེ་བོ་འདོད་ཆགས་དང་མ་བྲལ་བ་རྣམས་ནི་མ་གྲོལ་བ་དག་ཡིན་ལ། འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་མཐོང་བའི་ཆོས་ལས་ཡོངས་སུ་ཉམས་པའི་ཆོས་ཅན་རྣམས་ནི་གྲོལ་བ་ནི་ཡིན་ན། ངེས་པར་འབྱུང་བ་དག་ནི་མ་ཡིན་ཞིང་ཡོངས་སུ་མི་ཉམས་པའི་ཆོས་ཅན་རྣམས་ནི་གྲོལ་བ་དང་ངེས་པར་འབྱུང་བ་དག་ནི་ཡིན་ན་བྲལ་བ་དག་ནི་མ་ཡིན་ཏེ། རུས་སྦལ་གྱི་ཕྲུ་གུ་རྙིས་ཟིན་པ་བཞིན་དུ་བག་ལ་ཉལ་རྗེས་སུ་འབྲང་བའི་ཕྱིར་རོ། །རབ་ཏུ་རྣམ་པར་གྲོལ་བ་དག་ཀྱང་མ་ཡིན་ཏེ། སླར་འོང་བའི་ཕྱིར་ལ་སླར་འོང་བ་དང་བྲལ་བར་འགྲོ་བ་ནི་རབ་ཏུ་རྣམ་པར་གྲོལ་བ་དག་ཡིན་པས་སོ། །དེ་དག་དང་ཆོས་མི་མཐུན་པས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་རྣམ་པར་གྲོལ་བ་ལ་སོགས་པ་ཉིད་སྟོན་པར་མཛད་དོ། །རྣམ་གྲངས་གཞན་ཡང་འདི་ལས་ཕྱི་རོལ་པ་རྣམས་ནི་ཚངས་པ་དང་བཅས་པའི་འཇིག་རྟེན་གྱིས་ས་དེའི་ཉོན་མོངས་པ་ཀུན་ནས་དཀྲིས་པའི་འཆིང་བ་ཆད་པ་ལས་གྲོལ་བ་ཡང་ཡིན། ས་དེའི་བཙོན་ར་ནས་ངེས་པར་འབྱུང་བ་ཡང་ཡིན་མོད་ཀྱི། ཕྱི་བཞིན་འབྲང་བའི་མི་ལྟ་བུའི་
ཀུན་ཏུ་སྦྱོར་བ་གསུམ་རྣམས་ཀྱིས་བྲལ་བ་མ་ཡིན་པ་ཉིད་དོ། །དེས་ནས་འོག་མ་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པའི་འཆིང་བ་དང༌། སྐྱེ་བོའི་བཙོན་ར་ནས་རབ་ཏུ་རྣམ་པར་མ་གྲོལ་བ་ཡང་ཡིན་ཏེ། ཡང་སླར་ལྡོག་པའི་ཕྱིར་རོ། །དེ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་རྣམ་པར་གྲོལ་བ་རྣམ་པ་བཞི་སྟོན་པར་མཛད་དོ། །རྣམ་གྲངས་གཞན་ཡང་འདི་ལས་ཕྱི་རོལ་པ་རྣམས་ནི་ས་འོག་མ་པའི་ཉོན་མོངས་པའི་འཆིང་བ་ལས་གྲོལ་བ་དག་ཀྱང་ཡིན། སྡུག་བསྔལ་གྱི་བཙོན་ར་ནས་ངེས་པར་འབྱུང་བ་དག་ཀྱང་ཡིན་མོད་ཀྱི། ས་གཞན་པའི་ཉོན་མོངས་པ་དང་ཡང་མ་བྲལ་བ་ཡིན་ལ། སྡུག་བསྔལ་ལས་ཀྱང་རབ་ཏུ་རྣམ་པར་མ་གྲོལ་བ་དག་ཡིན་ཏེ། དེ་དག་ལས་ཀྱང་ཁྱད་པར་དུ་བྱ་བའི་ཕྱིར་སྔ་མ་བཞིན་ནོ། །འདི་ལྟར་ཡང་ཡིན་ཏེ། འདི་ལས་ཕྱི་རོལ་པ་དག་ནི་འདི་ལྟར་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཞིང་སྐྱེ་བའི་བཙོན་ར་ནས་ངེས་པར་འབྱུང་བ་ཡིན་ལ། དེ་ལས་བྲལ་བ་ནི་མ་ཡིན་ཏེ། པད་མའི་རྩ་བ་བཅག་པ་རྩ་རྒྱུས་ཀྱིས་འབྲེལ་པ་བཞིན་དུ་བག་ལ་ཉལ་དང་འབྲེལ་པའི་ཕྱིར་རོ། །རབ་ཏུ་རྣམ་པར་མ་གྲོལ་བ་དག་ཀྱང་ཡིན་ཏེ། ཡང་ས་དེར་སླར་འོང་བའི་ཕྱིར་རོ། །དེ་དག་ལས་ཀྱང་ཁྱད་པར་དུ་བྱ་བའི་ཕྱིར་སྔ་མ་བཞིན་ནོ། །དེ་དག་ནི་གནས་སྐབས་དེ་དག་ན་བདག་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ནས་གྲོལ་བ་ལ་སོགས་པར་མངོན་པའི་ང་རྒྱལ་གྱི་སེམས་ཕྱིན་ཅི་ལོག་དང་ལྡན་པས་ལན་མང་དུ་གནས་པ་ཡིན་གྱི། བཅོམ་ལྡན་འདས་ལ་ནི་དེ་མི་མངའ་བའི་ཕྱིར་སེམས་ཕྱིན་ཅི་མ་ལོག་པས་སོ། །དེ་ལྟར་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཁྱད་པར་བསྟན་ནས། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བའི་ཁྱད་པར་ནི་དེའི་ཚེ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་ཤེས་སོ་ཞེས་བྱ་བ་སྟོན་ཏེ། ཐུགས་སུ་ཆུད་པས་མཁྱེན་པའི་ཕྱིར་རོ། །མདོ་སྡེའི་དུམ་བུ་གསུམ་པ་ལས་འདུལ་བར་མཛད་པ་ནི་ཉོན་མོངས་པ་སྤངས་པ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །ཞི་བར་མཛད་པ་ནི་ཞི་བའི་སྙོམས་པར་འཇུག་པའི་བདེ་བར་གནས་པ་ལ་
རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །དེ་གཉིས་དང་ལྡན་པའི་ཕྱིར་མདོ་སྡེ་གཞན་ལས་ཐུགས་དུལ་བ་དང༌། རྣམ་པར་ཞི་བ་མཆོག་དང་ལྡན་པ་ཞེས་གསུངས་སོ། །དབུགས་འབྱིན་པར་མཛད་པ་ནི་ངན་འགྲོ་ལས་ཡང་དག་པར་འདས་པ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདས་པར་མཛད་པ་ནི་ཡང་སྲིད་པ་ལས་ཡང་དག་པར་འདས་པ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །མདོར་ན་ནི་དུལ་བ་དང་དུལ་བའི་ཕན་ཡོན་ལ་རབ་ཏུ་འཇོག་པར་མཛད་པ་ཉིད་དུ་བསྟན་པ་ཡིན་ཏེ། དུལ་བ་ནི་ཉོན་མོངས་པ་སྤངས་པའོ། །དུལ་བའི་ཕན་ཡོན་ནི་མཐོང་བའི་ཆོས་ལ་ཞི་བའི་བདེ་བར་གནས་པ་དང་ཚེ་ཕྱི་མ་ལ་ངན་སོང་དང་ཡང་སྲིད་པ་མི་འབྱུང་བའོ། །གཞན་ཡང་གོ་རིམས་བཞིན་དུ། ཉོན་མོངས་པ་དང་སྡུག་བསྔལ་ལས། །གཏན་དང་མ་ལུས་གྲོལ་མཛད་ཕྱིར། །ཕྱི་རོལ་པ་ནི་གཏན་དུའང་མིན། །མ་ལུས་ལས་ཀྱང་གྲོལ་བྱེད་མིན། །གཞན་ཡང༌། ལུས་ངག་དབང་པོ་དུལ་བ་དང༌། །བསམ་གཏན་བདེན་མཐོང་ཟད་པ་ལ། །འཇོག་ཕྱིར་འདུལ་མཛད་ལ་སོགས་ཉིད། །རིག་བྱ་ནྱ་གྲོ་དྷའི་མདོ་བཞིན། །དེ་ལ་བསམ་གཏན་ནི་ཤེས་བཞིན་དུ་གནས་པ་ལས་གཟུང་ནས་བསམ་གཏན་བཞི་དག་གི་བར་དག་ཡིན་པར་རིག་པར་བྱ་སྟེ། སྦྱོར་བ་དང་བཅས་བར་བཟུང་བའི་ཕྱིར་རོ། །ལུང་ལས་ནི་འདུལ་བར་མཛད་པ་ནི་དབང་པོ་དུལ་བས་ཚུལ་ཁྲིམས་རྣམ་པར་དག་པ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །ཞི་བར་མཛད་པ་ནི་ཏིང་ངེ་འཛིན་རྣམ་པར་དག་པ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །དབུགས་འབྱིན་པར་མཛད་པ་ནི། ཤེས་རབ་རྣམ་པར་དག་པས་དབུགས་འབྱིན་པ་དང༌། དབུགས་མཆོག་ཏུ་ཕྱིན་པ་གཉིས་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་འདས་པར་མཛད་པ་ནི་དེ་ཉིད་ཀྱིས་བསིལ་བར་གྱུར་པ་དང༌། མཆོག་ཏུ་བསིལ་བར་གྱུར་པ་གཉིས་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ་ཞེས་འབྱུང་ངོ༌། །འདིས་ནི་མདོར་ན་རྒྱུ་དང་བཅས་པའི་བསླབ་པ་གསུམ་ཡོངས་སུ་རྫོགས་པ་ལ་རབ་ཏུ་འཇོག་པར་མཛད་པ་ཉིད་དུ་བསྟན་པ་ཡིན་ནོ། །མདོ་སྡེའི་དུམ་བུ་བཞི་པ་ལས་ནི་མདོར་ཚིག་དང་པོ་གཉིས་དང་གསུམ་གྱིས་
བཅོམ་ལྡན་འདས་ཀྱིས་རང་གི་དོན་ཕུན་སུམ་ཚོགས་པ་དང༌། གཞན་གྱི་དོན་གྲུབ་པ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་ཏོ། །དེ་ལ་ལམ་མཁྱེན་པ་ལམ་ཐུགས་སུ་ཆུད་པ་ནི་ལམ་དང༌། ལམ་མ་ཡིན་པ་གཉིས་མཁྱེན་པའི་ཕྱིར་རོ། །ལམ་སྟོན་པ་ལམ་གསུང་བ་ནི་ལམ་དང་ལམ་མ་ཡིན་པ་གཉིས་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་རོ། །གཞན་ཡང་འཇིག་ཚོགས་ཀུན་འབྱུང་བ་དང༌། འགོག་པར་འགྱུར་བ་གཉིས་ཀྱིས་སྒྲུབ་པ་གཉིས་ཡོངས་སུ་མཁྱེན་པའི་ཕྱིར་དང༌། ཐུགས་སུ་ཆུད་པའི་ཕྱིར་དང༌། ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་ཏེ། གོ་རིམས་བཞིན་ནོ། །ལམ་ཡོངས་སུ་འདྲེན་པ་ནི་ལམ་མཐོང་བ་རྣམས་ལམ་གྱི་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བས་ལམ་གྱི་མཐར་ཐུག་པར་འདྲེན་པའི་ཕྱིར་རོ། །གཞན་ཡང་ལམ་མཁྱེན་པས་ན་ལམ་མཁྱེན་པའོ། །ལམ་ཉིད་ཐུགས་སུ་ཆུད་པས་ན་ལམ་ཐུགས་སུ་ཆུད་པའོ། །བསམ་པ་ཡོངས་སུ་སྨིན་པ་རྣམས་ལ་ལམ་སྟོན་པར་མཛད་པས་ན་ལམ་སྟོན་པའོ། །ལམ་ཉིད་དུ་གསུང་པའི་དང་ཚུལ་ཅན་ཡིན་པས་ན་ལམ་གསུང་བའོ། །ལམ་ཡོངས་སུ་འདྲེན་པ་ནི་བསམ་པ་ཡོངས་སུ་མ་སྨིན་པ་རྣམས་ལ་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་རོ། །གཞན་ཡང་ལམ་མཁྱེན་པ་ནི་དེ་མཁྱེན་པའི་ཕྱིར་རོ། །ལམ་ཐུགས་སུ་ཆུད་པ་ནི་དེ་བརྙེས་པའི་ཕྱིར་ཏེ། ཐུགས་སུ་ཆུད་པ་ནི་རྙེད་པའི་དོན་ཡིན་པའི་ཕྱིར། །ལམ་སྟོན་པ་ནི་དེའི་དུས་ན་འགྲོ་བ་རྣམས་ལའོ། །ལམ་གསུང་བ་ནི་དུས་གཞན་ན་འགྲོ་བ་རྣམས་ལའོ། །ལམ་ཡོངས་སུ་འདྲེན་པ་ནི་དེ་ནས་འགྲོ་བའི་བར་དུ་གཅོད་པ་སེལ་བའི་ཕྱིར་རོ། །ཆོས་ཀྱི་བསྔགས་པ་ལས་བརྩམས་ན་ནི་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ་ཡང་དག་པར་མཐོང་བ་ཞེས་རྒྱས་པར་འབྱུང་བ་དང༌། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་ལེགས་པར་བསྟན་པ་ཞེས་རྒྱས་པར་འབྱུང་བ་དང༌། དགེ་སློང་དག་ངའི་ཆོས་ནི་ལེགས་པར་གསུངས་པ་གསལ་བ་ཆེ་བ་ཞེས་རྒྱས་པར་འབྱུང་བ་མདོ་སྡེའི་དུམ་བུ་གསུམ་པ་དག་སྟེ། དེ་ལ་མདོ་སྡེའི་དུམ་བུ་དང་པོ་ལས་འབྱུང་བའི་བསྡུས་
པའི་དོན་གྱི་ཕྱི་རོལ་པ་དག་གི་ཆོས་ལས་སངས་རྒྱས་པའི་ཆོས་ཁྱད་པར་ཡོད་པ་ཡོངས་སུ་བསྟན་ཏེ། དེ་ལ་ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པའི་ཕྱིར་ལེགས་པར་གསུངས་པའོ། །དོན་མཐོང་པའི་ཕྱིར་ཡང་དག་པར་མཐོང་བ་ཡིན་གྱི་དད་བ་ཙམ་ཁོང་དུ་ཆུད་པར་བྱ་བ་ནི་མ་ཡིན་ཏེ། ཇི་སྐད་དུས་རིའི་མདོ་ལས་དགེ་སློང་དག་ཁྱེད་ཀྱིས་གང་དང་གང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བ་ནི་ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །ཉོན་མོངས་པའི་བག་ལ་ཉལ་གྱི་གཉེན་པོར་གྱུར་པའི་ཕྱིར་ནད་མེད་པའོ། །ཡོངས་སུ་ཉམས་པ་མེད་པས་དུས་ཆད་པ་མེད་པ་སྟེ། དུས་ངེས་པ་མེད་པའི་ཕྱིར་རོ། །སྡུག་བསྔལ་མ་ལུས་པ་ལས་ངེས་པར་འབྱུང་བ་ལ་ཉེ་བར་གཏོད་པའི་ཕྱིར་ཉེ་བར་གཏོད་པའོ། །ཐུན་མོང་མ་ཡིན་པའི་ཕྱིར་འདི་མཐོང་བ་ལ་ཡོད་པ་སྟེ། འདི་མཐོང་བ་རྣམས་ལ་ཡོད་པའི་ཕྱིར་རོ། །བརྟག་མི་ནུས་པའི་ཕྱིར་མཁས་པ་རྣམས་ཀྱི་རང་གིས་རིག་པར་བྱ་བའོ། །ཕྱི་རོལ་པ་རྣམས་ཀྱི་ཆོས་ནི་དེ་ལས་བཟློག་པའི་ཕྱིར་རོ། །གཞན་ཡང་དུས་ཐམས་ཅད་དུ་བྱ་སླ་བའི་ཕྱིར་དུས་ཆད་པ་མེད་པ་སྟེ། ཇི་སྐད་དུ་སངས་རྒྱས་ཀྱི་གསུང་ནི་འགྲོ་བ་ན་ཡང་བྱ་སླ་བ་ཡིན་ལ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ། །སློབ་དཔོན་གྱི་དཔེ་མཁྱུད་དང་བྲལ་བའི་ཕྱིར་ཚུར་ཤོག་ལྟོས་ཤིག་པ་ཡང་ཡིན་ཏེ། ཚུར་ཤོག་ལྟོས་ཤིག་ཅེས་བྱ་བའི་སྐབས་དབྱེ་བ་དང་ལྡན་པའི་ཕྱིར་ཏེ། །ཇི་སྐད་དུ་ངའི་ཉན་ཐོས་ཀྱི་དགེ་སློང་ཚུར་ཤོག་ཤིག་དང་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །འདིར་བཤད་པ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་ནི། ཡང་དག་དོན་དང་དོན་ནི་མཐོང་བ་དང༌། །གཉེན་པོ་དང་ནི་གཏན་དང་མ་ལུས་དང༌། །ཐུན་མོང་མིན་དང་རྟོག་གེའི་ཡུལ་མིན་དང༌། །གཞན་ཡང་དེ་ནི་དུས་ཆད་མེད་པའི་ཕྱིར། །བྱ་སླ་བ་དང་ཚུར་ཤོག་ལྟོས་ཤིག་ཅེས། །སློབ་དཔོན་དཔེ་མཁྱུད་བྲལ་བ་ཤེས་བྱ་ཞིང༌། །ལྷག་མ་སྔ་མ་བཞིན་དུ་ཤེས་པར་བྱ། །ལུང་ལས་ནི་ལེགས་པར་གསུངས་པ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པ་ཡིན་ནོ། དེ་ལ་གཞན་གྱི་རྐྱེན་གྱིས་ཁ་ན་མ་ལུས་པའི་ཕྱིར་ཡང་ཡང་དག་པར་མཐོང་ངོ༌། །ཟག་པ་མེད་པ་
ཡིན་པའི་ཕྱིར་ནད་མེད་པའོ། །དུས་ཡོངས་སུ་ཆད་པ་མེད་པའི་ཕྱིར་དུས་ཆད་པ་མེད་པ་སྟེ། ཡོངས་སུ་ཉམས་པ་མི་སྲིད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ལ་ཉེ་བར་གཏོད་པའི་ཕྱིར་ཉེ་བར་གཏོད་པའོ། །ཐུན་མོང་མ་ཡིན་པའི་ཕྱིར་འདི་མཐོང་བ་ལ་དོན་ཡོད་པའོ། །བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་མཁས་པ་རྣམས་ཀྱི་རང་གིས་རིག་པར་བྱའོ་ཞེས་འབྱུང་བའོ། །མདོ་སྡེའི་དུམ་བུ་གཉིས་པ་ལས་ནི་ཕྱི་རོལ་པ་དང་ཆོས་མི་མཐུན་པས་ཆོས་འདུལ་བ་འདིའི་ཡོན་ཏན་ཡང་དག་པར་བསྟན་པ་ཡིན་ཏེ། ཕྱི་རོལ་པ་དག་གི་ཆོས་འདུལ་བ་ནི་ཉེ་བར་བསྟན་པ་ཉིད་ཀྱིས་ཉེས་པར་བཤད་པ་ཡིན་ནོ། །རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་མི་འགྱུར་བ་ཉིད་ཀྱིས་ངེས་པར་མི་འབྱུང་བ་ཡིན་ནོ། །འདུས་པ་དང་མི་ལྡན་པ་ཉིད་ཀྱིས་མི་མཐུན་པ་ཡིན་ཏེ། འདུས་པ་དང་ལྡན་པ་ནི་ཚོགས་པ་ཡིན་པའི་ཕྱིར་རོ། །སྟོན་པ་དེ་བཞིན་གཤེགས་པ་ལ་སོགས་པ་མ་ཡིན་པ་ཉིད་ཀྱིས་རྟེན་པ་མེད་པ་ཡིན། མདོར་ན་སྐྱོན་རྣམ་པ་འདི་བཞི་བསྟན་པ་ཡིན་ཏེ། །བསྟན་པའི་ཆོས་ལ་དོན་ཕྱིན་ཅི་ལོག་པ་ཉིད་ཀྱི་སྐྱོན་དང༌། སྒྲུབ་པའི་ཆོས་ལ་མྱ་ངན་ལས་འདས་པར་མི་འགྲོ་བ་ཉིད་ཀྱི་སྐྱོན་དང༌། ཉན་པ་པོ་རྣམས་ལ་བློ་དུ་མ་དང་ལྡན་པ་ཉིད་ཀྱི་སྐྱོན་དང༌། སྟོན་པ་ལ་ཐེ་ཚོམ་ཐམས་ཅད་གཅོད་མི་ནུས་པའི་སྐྱོན་ནོ། །རྣམ་གྲངས་གཞན་ཡང༌། ཚིག་འབྲུ་བཟང་མིན་དོན་བཟང་མིན། །གྲོལ་དང་རིགས་པའི་ཐབས་མ་ཡིན། །སྔ་མ་ཕྱི་མ་འགལ་བ་ཡིན། །དེ་བཞིན་བསྡུ་བ་བཞིན་དང་ནི། །བསྟན་པ་བཞི་དག་སྤངས་པ་དང༌། །སྟོན་པའང་སྟོན་པའི་མཚན་ཉིད་མེད། །དེ་ལྟར་གཞན་གྱི་བསྟན་བཅོས་དང༌། །སློབ་མ་བསྟན་པ་སྐྱོན་ཅན་ཡིན། །ཆོས་འདུལ་བ་འདི་ནི་དེ་ལས་བཟློག་པས་སྐྱོན་མེད་པ་ཡིན་ནོ། །དོན་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་རིགས་པ་ཡིན་པའི་ཕྱིར་ཆོས་སོ། །ཉོན་མོངས་པ་འདུལ་བའི་ཕྱིར་འདུལ་བའོ། །དེ་ལྟར་ན་སངས་རྒྱས་ཀྱི་བསྟན་པ་ནི་ཡང་དག་པའི་ཡེ་ཤེས་དང་སྤངས་པ་འདྲེན་པ་ཉིད་ཡིན་པར་བསྟན་པ་ཡིན་ནོ། །མདོ་སྡེའི་དུམ་བུ་གསུམ་པ་ལས་འབྱུང་བ་ནི་རྣམ་པ་དྲུག་དག་གིས་ཆོས་ཀྱི་ཡོན་ཏན་ཡོངས་སུ་བསྟན་པ་ཡིན་ཏེ། དོན་ཕྱིན་ཅི་མ་ལོག་པ་ཉིད་དང༌།
བདེ་བར་འཇུག་པ་ཉིད་དང༌། གོང་ན་མེད་པ་ཉིད་དང༌། ལྷ་དང་མིས་ཡང་དག་པར་བཟུང་བ་ཉིད་དང༌། ཇི་ལྟར་འོས་པའི་གདུལ་བ་ལ་བསྟན་པ་ཉིད་དང༌། སློབ་དཔོན་གྱི་དཔེ་མཁྱུད་མེད་པར་རྒྱུན་དུ་བསྟན་པ་ཉིད་ཀྱིས་སོ། །དེ་ལ་བདེ་བར་འཇུག་པ་ཉིད་ནི་གསལ་བ་ཉིད་ཀྱིས་ཏེ། ཚིག་དང་ཡིག་འབྲུ་གསལ་བའི་ཕྱིར་རོ། །ཕྱེ་བ་ཉིད་ཀྱིས་ཀྱང་ཡིན་ཏེ། དོན་ཤིན་ཏུ་རྣམ་པར་ཕྱེ་བའི་ཕྱིར་རོ། །གོང་ན་མེད་པ་ཉིད་ནི་རྒྱུ་བ་བཅད་པ་ཉིད་ཀྱིས་ཏེ། ཆེས་ཤིན་ཏུ་མཆོག་ཏུ་འགྲོ་བ་ནི་རྒྱུ་བའོ། །དེ་འདིར་ཡང་དག་པར་ཆད་པས་ན་རྒྱུ་བ་བཅད་པའོ། །ལྷག་མ་གསུམ་ནི་གོ་རིམས་བཞིན་དུ་ལྷ་དང་མིའི་བར་དག་ལ་ཡང་དག་པར་ཤིན་ཏུ་བསྟན་པ་ལས་རེག་པར་བྱའོ། །བསྡུས་པའི་ཚིགས་སུ་བཅད་པ། དེ་ཉིད་དོན་ནི་ལེགས་གསུངས་ཕྱིར། །བདེ་བར་འཇུག་ཕྱིར་བླ་མེད་ཕྱིར། །རབ་ཏུ་གཟུང་ཕྱིར་ཇི་ལྟར་འོས། །མ་ལུས་པར་ནི་བསྟན་ཕྱིར་རོ། །ཕྱི་རོལ་པའི་ཆོས་ནི་འདི་ལས་བཟློག་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་ཆོས་ཀྱི་ཡོན་ཏན་ཐུན་མོང་མ་ཡིན་པ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ནོ། དགེ་འདུན་གྱི་བསྔགས་པ་ལས་བརྩམས་ནས་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཞེས་བྱ་བའི་མདོ་སྡེའི་དུམ་བུ་སྟེ་འདིས་ནི་ཉན་ཐོས་ཀྱི་དགེ་འདུན་ནི་དགེ་སྦྱོང་གི་ཚུལ་གྱི་དོན་དང༌། དགེ་སྦྱོང་གི་ཚུལ་དང༌། དགེ་སྤྱོང་དང༌། དགེ་སྤྱོང་གི་ཚུལ་བསྟན་པ་ལས་བརྩམས་ནས་ལེགས་པར་ཞུགས་པ་ཉིད་དུ་སྟོན་ཏོ། །དགེ་སྤྱོང་གི་ཚུལ་གྱི་དོན་ནི་མྱ་ངན་ལས་འདས་པ་སྟེ། དེར་ཞུགས་པ་ནི་རིགས་པར་ཞུགས་པ་སྟེ། དེའི་རིགས་པའི་ཆོས་ནི་བླ་ན་མེད་པ་ཀུན་ཏུ་འཐོབ་པར་འགྱུར་བ་ཉིད་ཡིན་ལ་ཞེས་བྱ་བ་གསུངས་པའི་ཕྱིར་རོ། །ངེས་པའི་ཚིག་ཏུ་ན་གནས་པར་བྱ་བ་ནི་གནས་ཏེ། རྟག་ཏུ་གནས་སུ་གྱུར་པས་ན་རིགས་པའོ། །དགེ་སྤྱོང་གི་ཚུལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དེ། དེར་ཞུགས་པ་ནི་དྲང་པོར་ཞུགས་པ་སྟེ། བདུད་རྩིའི་སྒོ་ནི་ཕྱེ་མཛད་ཅིང༌། །དྲང་པོའི་ལམ་ནི་རབ་ཏུ་བསྟན། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་དྲང་པོ་ཅི་ཞེ་ན། འཕགས་པའི་ལམ་མོ། །གྱ་གྱུ་བ་ཅི་ཞེ་ན། ལྟ་བ་སྡིག་བ་ཅན་ནོ་ཞེས་འབྱུང་བ་ལྟ་
བུའོ། །དགེ་སྦྱོང་རྣམས་ལ་ཡང་དག་པའི་རང་བཞིན་དུ་ཞུགས་པ་ནི་མཐུན་པར་ཞུགས་པ་སྟེ། ཡང་དག་པའི་རང་བཞིན་ཡང་བྱམས་པའི་ལུས་ལ་སོགས་པའི་ལས་ཀྱིས་མཐུན་པར་གྱུར་པ་ཉིད་དང༌། ལོངས་སྤྱོད་དང༌། ཚུལ་ཁྲིམས་དང་ལྟ་བ་མཐུན་པ་ཉིད་ཀྱིས་སོ། །དགེ་སྤྱོང་གི་ཚུལ་བསྟན་པ་ནི་ཆོས་ཡིན་ཏེ། དེ་ལ་ཇི་སྐད་བསྟན་པ་བཞིན་དུ་སྤྱོད་པར་བྱེད་པས་ན་ཆོས་དང༌། རྗེས་སུ་མཐུན་པར་སྤྱོད་པའོ། །རྣམ་གྲངས་གཞན་ཡང་དོན་གྱི་མཆོག་བསྒྲུབ་པ་དང༌། ཕྱིན་ཅི་མ་ལོག་པ་སྒྲུབ་པ་དང༌། ཐ་མི་དད་པ་སྒྲུབ་པ་དང༌། ཇི་ལྟར་རྗེས་སུ་བསྟན་པ་བཞིན་དུ་བསྒྲུབ་པ་ལ་བརྩམས་ནས་ལེགས་པར་ཞུགས་པ་ཉིད་དུ་སྟོན་ཏོ། །ལུང་ལས་ནི་མུ་སྟེགས་ཅན་གྱི་འཁོར་རྣམས་ལ་ནི་ལོག་པར་བསྒྲུབ་པ་རྣམ་བཞི་ཡོད་དེ། ཆོས་འདུལ་བ་ཉས་པར་བཤད་པ་ལ་ཞུགས་པ་ཉིད་དོ། །ཚུལ་འཆོས་པ་ཉིད་དང༌། བདག་གི་ལྟ་བ་མཆོག་ཏུ་འཛིན་པ་ཉིད་དང༌། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པ་ཉིད་དོ། །དེ་མེད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་རིགས་པར་ཞུགས་པ་ནས། ཆོས་དང་རྗེས་སུ་མཐུན་པར་སྤྱོད་པའོ་ཞེས་བྱ་བའི་བར་དུ་འབྱུང་ངོ༌། །ཀུན་ནས་ཉོན་མོངས་པའི་ཕྱོགས་ལས་བརྩམས་ནས་ནི་དགེ་སློང་གང་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། དེ་ལ་ཚུལ་ཁྲིམས་འཆལ་བ་ནི་རྩ་བའི་ལྟུང་བ་ལྷག་པར་སྤྱོད་པའི་ཕྱིར་རོ། །སྡིག་པའི་ཆོས་ཅན་ནི་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་ཆུད་གསོན་པའི་ཕྱིར་རོ། །ཁོང་མྱགས་པ་ནི་ཁ་ན་མ་ཐོ་བ་དེ་འཆབ་པའི་ཕྱིར་རོ། །འཛག་པ་ནི་ཀུན་ཏུ་སྤྱོད་པ་མི་སྤོང་པ་ཉིད་ཀྱི་ཕྱིར་རོ། །ཤིང་རུལ་པ་ལྟ་བུ་ནི་དམ་པའི་ཆོས་མི་སྐྱེ་བའི་ཕྱིར་རོ། །བོང་བུ་ལྟར་ཀུན་ཏུ་སྤྱོད་པ་ནི་ལུང་བོང་ལྟར་ཀུན་ཏུ་སྤྱོད་པའི་ཕྱིར་ཏེ། ཇི་སྐད་དུ་ལུང་བོང་གི་མདོ་ལས་གསུངས་པ་ལྟ་བུ་སྟེ། ཇི་ལྟར། དུང་གི་ཁ་ཅན་སྐད་པོ་ཆེ། །ཞེས་ཚིགས་སུ་བཅད་པ་ལྟ་བུའོ། །དེ་ཡང་རྒྱུན་རྣམ་པ་གཉིས་ཀྱིས་ཏེ། སྡིག་པ་འདོད་པ་ལ་བསྟན་ནས་དོན་མེད་པའི་དགེ་སྤྱོང་གི་ཚུལ་ཁས་འཆེ་བའི་ཕྱིར་རམ། འཁྲིག་པ་སྤོང་བར་ཁས་འཆེ་བའི་ཕྱིར་རོ། །མདོར་
ན་དགེ་སློང་ཚུལ་ཁྲིམས་ལོག་པར་བསྒྲུབ་པ་ལ་སྐྱོན་རྣམ་པ་དྲུག་ཡོངས་སུ་བསྟན་པ་ཡིན་ཏེ། སྦྱོར་བ་ལོག་པའི་སྐྱོན་དང༌། བསམ་པ་ལོག་པའི་སྐྱོན་དང༌། ཁ་ན་མ་ཐོ་བ་དེ་ལས་མི་ལྡོང་བའི་སྐྱོན་དང༌། ཐལ་བའི་སྐྱོན་དང༌། རྟོགས་པའི་སྐལ་པ་མེད་པ་ཉིད་ཀྱི་སྐྱོན་དང༌། ལོག་པར་འཚོ་བའི་སྐྱོན་ནོ། །གཞན་ཡང་ཁོང་མྱགས་པ་ནི་རྟོག་པ་མི་བཟད་པ་སྤང་རྒྱག་ལ་གནས་པར་བྱེད་པའི་ཕྱིར་རོ། །འཛག་པ་ནི་དབང་པོ་དྲུག་གི་རྨ་མི་སྦེད་པའི་ཕྱིར་རོ། །རྣམ་གྲངས་འདིས་ནི་ལོག་པ་རྣམ་པ་དྲུག་ཡོངས་སུ་བསྟན་པ་ཡིན་ཏེ། སྦྱོར་བ་ལོག་པ་དང༌། བསམ་པ་ལོག་པ་དང༌། གནས་པ་ལོག་པ་དང༌། རྒྱུ་བ་ལོག་པ་དང༌། སྐལ་བ་ཉིད་ལོག་པ་དང༌། འཚོ་བ་ལོག་པའོ། །གཽ་ཏ་མ་དག་ཁྱེད་ནི་སྐྱེ་དགུ་ཉོན་མོངས་པ་ཅན། སྡུག་བསྔལ་ཅན། མྱ་ངན་ཅན། འཁྲུག་པ་ཅན་ཡིན་ན། ཁྱེད་ཅག་ལ་རྙེད་པ་དག་ནི་ཅི་དག་ཡོད། ལེགས་པར་རྙེད་པ་དག་ནི་ཅི་དག་ཡོད་ཅེས་བྱ་བ་འབྱུང་བ་ནི་མདོ་སྡེའི་དུམ་བུ་སྟེ། དེ་ལ་རྙེད་པ་དག་ནི་ཅི་དག་ཡོད་ཅེས་བྱ་བ་ནི་དགེ་བའི་ཆོས་དང་མི་ལྡན་པ་ཉིད་དུ་སྟོན་ཏོ། །ལེགས་པར་རྙེད་པ་དག་ནི་ཅི་ཡོད་ཅེས་བྱ་བ་ནི་དེ་དང་མི་ལྡན་པ་ཉིད་ཀྱི་ཕྱིར་སྔོན་གྱི་དགེ་བའི་འབྲས་བུ་མི་ལ་སོགས་པ་རྙེད་པ་ལེགས་པར་རྙེད་པ་མ་ཡིན་པ་ཉིད་དུ་སྟོན་ཏོ། །ཉོན་མོངས་པ་ལ་སོགས་པ་ཅན་ཉིད་ཀྱིས་ནི་སྡུག་བསྔལ་གྱི་རྒྱུ་དང༌། སྡུག་བསྔལ་རྣམ་པ་མང་པོ་ལ་སྐྱེ་དགུ་གནས་པར་སྟོན་ཏོ། །དེ་ལ་ཉོན་མོངས་པ་མང་བ་ཉིད་ཀྱི་ཕྱིར་ཉོན་མོངས་པ་ཅན་ཏེ། ཇི་ལྟར་ཕལ་ཆེར་ཐམས་ཅད་ཆོམ་རྐུན་དུ་གྱུར་ཏོ་ཞེས་བྱ་བ་ལྟ་བུའོ། །སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ཕལ་ཆེ་བ་ཉིད་ཀྱི་ཕྱིར་སྡུག་བསྔལ་ཅན་ནོ། །སྡུག་པ་དང་བྲལ་བས་མྱ་ངན་མང་བ་ཉིད་ཀྱི་ཕྱིར་མྱ་ངན་ཅན་ནོ། །ཡོངས་སུ་ཚོར་བ་ན་འདོད་པ་མི་རྙེད་པ་མང་བ་ཉིད་ཀྱི་ཕྱིར་འཁྲུག་པ་ཅན་ནོ། །དེ་ནི་དུས་གསུམ་དག་ཏུ་སྡུག་བསྔལ་ལ་སོགས་པ་ཅན་ཡིན་ཏེ། མི་སྡུག་པའི་དངོས་པོ་དང་ཕྲད་པ་དང༌། སྡུག་པའི་དངོས་པོ་དང་བྲལ་བ་དང༌། སྡུག་པའི་དངོས་པོ་དང་མི་ལྡན་པས་ཚོལ་བ་ནའོ། །ཉོན་མོངས་པ་ཅན་དེ་དག་གསུམ་ཆར་ལ་ཁོང་ཁྲོ་
བ་དང༌། སྡུག་པའི་དངོས་པོ་དང་ཕྲད་པ་ལ་འདོད་ཆགས་པས་སོ། །གཞན་ཡང་དབུལ་བ་དང༌། ཕྱུག་པ་དང༌། འབྲིང་ནི་སྡུག་བསྔལ་ལ་སོགས་པ་ཅན་དང་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། འཚོ་བས་ཕོངས་པ་དང༌། རྒུད་པ་དང༌། དེས་དགོས་པ་དང༌། ཚེགས་ཆེན་པོས་འཚོ་བ་འབྱོར་པས་གོ་རིམས་བཞིན་ནོ། །དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་མིག་གི་རོ་མྱོང་བར་བྱེད་པ་ནི་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་ཕྱིར་ནི་བདུད་ཀྱི་དབང་དུ་ཤས་ཀྱིས་སོང་བ་ཡིན་པར་རིག་པར་བྱ་སྟེ། ཤས་ཞེས་བྱ་བ་ནི་ཅུང་ཟད་ཀྱི་དོན་ཡིན་པའི་ཕྱིར་ཤས་ཀྱིས་སེར་སྐྱ་ཞེས་བྱ་བ་བཞིན་ནོ། །དེ་དང་དུ་ལེན་པའི་ཕྱིར་ནི་དབང་དུ་སོང་བའོ། །དེའི་དབང་གིས་ལས་ཀུན་ནས་སློང་བར་བྱེད་པའི་ཕྱིར་ནི་ལག་ཏུ་སོང་བའོ། །དེས་མི་འཛེམ་པའི་ཕྱིར་ནི་ཅི་འདོད་དགུར་བྱ་བའོ། །བདུད་ཀྱི་བཅིང་བ་དག་གིས་ནི་གནས་སྐབས་དེ་ཐམས་ཅད་དུ་བཅིང་བའོ། །བདུད་ཀྱི་ཞགས་པ་དག་ལས་ནི་མངོན་སུམ་དུ་མ་གྱུར་པ་ཡིན་ཡང་མ་སྤངས་པ་དག་ཡིན་པས་རབ་ཏུ་མ་གྲོལ་བའོ། །ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་འབྱུང་བ་མ་ཡིན་གྱི། རོ་མྱོང་བར་བྱེད་པ་དག་ལ་དེ་འབྱུང་བའི་ཕྱིར་གང་ལ་ལ་ཞེས་བྱ་བ་གསུངས་སོ། །དགེ་སྦྱོང་དང་བྲམ་ཟེ་སྨོས་པའི་ཐར་པ་ནི་དེ་དག་གི་དབང་དུ་བྱས་པ་ཡིན་པས་བཅིངས་པ་ཉིད་ཀྱིས་སྐྱོ་བར་བྱ་བའི་ཕྱིར་རོ། །མདོར་ན་འདིར་ཉོན་མོངས་པའི་རྟེན་དང༌། དམིགས་པ་དང༌། རང་བཞིན་དང༌། གནས་སྐབས་ཀྱི་དབྱེ་བ་ལས་ཉེས་དམིགས་བསྟན་པ་ཡིན་ཏེ། དགེ་སྦྱོང་དང་བྲམ་ཟེ་ནི་རྟེན་ཡིན་ནོ། །དམིགས་པ་ལ་སོགས་པ་ནི་དམིགས་པ་ཡིན་ནོ། །རོ་མྱོང་བར་བྱེད་པ་ནི་རང་བཞིན་ཡིན་ནོ། །དེ་ཡང་སྲེད་པ་ཡིན་པར་རིག་པར་བྱའོ། །གནས་སྐབས་ཀྱི་དབྱེ་བས་ནི་རྣམ་པ་དྲུག་སྟེ། ཀུན་ཏུ་སྤྱོད་པ་དང༌། དང་དུ་ལེན་པ་དང༌། ཟིལ་གྱིས་གནོན་པ་དང༌། ཡོན་ཏན་དུ་བལྟ་བ་དང༌། མངོན་དུ་གྱུར་པ་དང༌། མ་སྤངས་པའི་གནས་སྐབས་ཀྱི་དབྱེ་བ་ལས་སོ། །མི་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱུས་མཐོང་བའི་ཆོས་ཉིད་ལ་སྡུག་བསྔལ་བར་གནས་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་
བུའོ། །དེ་ལ་སྡུག་བསྔལ་བ་ཞེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་བཤད་པའོ། །དེ་ལ་སྡུག་བསྔལ་དང་བཅས་པ་ནི་ཡོངས་སུ་ཚོལ་བའི་ཚེ་གྲང་བ་ན་ལྷགས་པས་སྦྲེབས་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བས་སོ། །ཕོངས་པ་དང་བཅས་པས་ནི་འདོད་པས་ཕོངས་པ་དང་ལྡན་པའི་ཕྱིར་འབྱོར་པ་མེད་པའི་ཚེ་ནའོ། །གནོད་པ་དང་བཅས་པ་ནི་རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པའི་གནོད་པ་དང་ལྡན་པའི་ཕྱིར་ཀུན་ཏུ་སྲུང་བའི་ཚེ་དབྱུག་པ་དང་མཚོན་ཆའི་གནོད་པ་ལ་སོགས་པས་སོ། །ཡོངས་སུ་གདུང་བ་དང་བཅས་པ་ནི་མྱ་ངན་དང༌། མི་ཚིམ་པ་དང་ཡིད་ལ་གཅགས་པའི་ཡོངས་སུ་གདུང་བ་དང་ལྡན་པའི་ཕྱིར་ཏེ། རྒུད་པ་དང༌། ལོངས་སྤྱོད་པ་དང༌། འཆི་བའི་དུས་དག་ཏུ་སྟེ་གོ་རིམས་བཞིན་ནོ། །སྲོག་གཅོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པས་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཀུན་ཏུ་བསྟེན་ཅིང་ཞེས་བྱ་བ་ནི་བྱས་པ་ཉིད་དུ་སྟོན་ལ། བསྒོམས་ལ་ལན་མང་དུ་བྱས་པས་ཞེས་བྱ་བ་ནི་བསགས་པ་ཉིད་དེ་བརྩོན་པ་དང༌། ཕྱིར་ཞིང་བྱེད་པ་གཉིས་བསམ་པ་དང་སྦྱོར་བས་དེ་བརྟས་པར་བྱ་བའི་ཕྱིར་རོ། །འདི་ལ་བསྒོམ་པ་བྱས་པའམ། བསྒོམ་པ་བྱུང་བས་སམ་ངེས་པའི་ཚིག་གིས་ན་བསྒོམས་པར་གྱུར་པས་ན་བསྒོམ་པ་སྟེ། བསམ་པ་ཉིད་ཀྱིས་ཏེ། ཇི་སྐད་དུ། སྡིག་པ་བྱས་པར་གྱུར་ན་ཡང༌། །དེ་ལ་ཡང་དང་ཡང་མི་བྱ། །སྡིག་པ་ཀུན་བསགས་སྡུག་བསྔལ་བས། །འདི་ལ་འདུན་པ་མི་བྱའོ། །ཞེས་གསུངས་པ་ལྟ་བུའོ། །འདིར་འདུན་པས་ནི་བརྩོན་པ་སྟོན་ཏོ། །ཡང་དང་ཡང་དུ་བྱེད་པ་དང༌། འདུན་པར་བྱེད་པས་ནི་བསགས་པ་ཡིན་ཏེ། ཀུན་དུ་བསགས་པའི་རྣམ་གྲངས་ཀྱིས་ཡིན་ནོ། །བསགས་པའི་ལས་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་ངེས་པར་འགྱུར་རོ། །ཁ་ཅིག་ལ་ནི་བྱས་པར་ཡང་འགྱུར་ཏེ། སྐལ་པ་ཆུང་བའི་ཕྱིར་རམ། ཞིང་དང་སེམས་པའི་ཁྱད་པར་ལས་སོ། །གལ་ཏེ་ཀུན་ཏུ་བསྟེན་པ་ལ་སོགས་པས་བྱས་པ་དང་བསགས་པ་ཉིད་དུ་སྟོན་ན། མི་སྡུག་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པས་ནི་འབྲས་བུ་ཆེན་པོར་འགྱུར་རོ་ཞེས་བྱ་བར་ཇི་ལྟར་རུང་ཞེ་ན། དེ་ལ་ཡང་བརྩོན་པ་དང༌། ལན་མང་དུ་བྱ་བ་བྱ་
དགོས་སོ། །འདི་ལྟར་ཡང་ཡིན་ཏེ། དེ་ལ་སྐྱེ་བ་དང་གནས་པ་དང་འཕེལ་བ་དང་ལྡན་པར་ཡང་སྟོན་ཏོ། །གཞན་ཡང་སྦྱོར་བ་དང༌། རྙེད་པ་དང༌། འགྲུབ་པའི་གནས་སྐབས་སོ། །གཞན་ཡང་སྟོབས་དང་སྐབས་དང་བཅས་པ་དང༌། སྐབས་མེད་པ་འབྱུང་བའི་ཡིད་ལ་བྱེད་པའི་གནས་སྐབས་ཏེ། ཏིང་ངེ་འཛིན་ལ་མ་ཐོབ་པ་དང༌། ཐོབ་པ་དང༌། གོམས་པ་ནའོ། །ཡང་རྣལ་འབྱོར་སྤྱོད་པ་རྣམ་པ་གསུམ་གྱི་གནས་སྐབས་ཡིན་ཏེ། རྣལ་འབྱོར་སྤྱོད་པ་རྣམ་པ་གསུམ་ནི་ལས་དང་པོ་པ་དང༌། ཡོངས་སུ་སྦྱང་བ་བྱས་པ་དང༌། ཡིད་ལ་བྱེད་པ་ལས་འདས་པའོ། །རྣམ་གྲངས་གཞན་ཡང་མངོན་སུམ་དུ་བྱེད་པའི་ཕྱིར་དང༌། སེམས་ལ་དེའི་ས་བོན་བརྟས་པར་བྱེད་པའི་ཕྱིར་དང༌། བརྟས་པ་དེ་ཕྱིར་ཞིང་མངོན་དུ་གྱུར་པ་ཉིད་ཀྱི་ཕྱིར་ཀུན་ཏུ་བསྟེན་པ་ལ་སོགས་པ་གསུམ་ཡིན་ནོ། །བརྗོད་པར་བྱ་བ་རྣམ་པ་དུ་མ་ཡིན་ཀྱང་རྗོད་པ་ནི་གཅིག་ཡིན་ནོ་ཞེས་བྱ་བ་དེ་ནི་བསྒྲུབས་ཟིན་ཏོ། །སྒྲིབ་པ་ལྔ་པོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ལྔ་ཁོ་ནའི་དགོས་པ་ནི་ཏིང་ངེ་འཛིན་ལ་སྦྱོར་བ་ལ་སྒྲིབ་པ་ནི་སྒྲིབ་པ་གཉིས་ཡིན་ནོ། །ཏིང་ངེ་འཛིན་དུ་ཞུགས་པའི་སྒྲིབ་པ་ནི་གསུམ་ཡིན་ཏེ། སེམས་ནང་དུ་སྡུད་པའི་ཕྱིར་དང༌། ཕྱི་རོལ་དུ་རྣམ་པར་གཡེང་བའི་ཕྱིར་དང༌། ཡང་དག་པར་སྦྱོར་བ་ལ་ངེས་པ་ནི་མི་རྙེད་བའི་ཕྱིར་རོ། །གཞན་ཡང་ཞི་གནས་དང་ལྷག་མཐོང་ལ་སྦྱོར་བའི་སྒྲིབ་པ་ནི་སྒྲིབ་པ་གཉིས་ཡིན་ལ། ཞི་གནས་ལ་ཞུགས་པའི་ནི་ཞུམ་པའི་སྐྱོན་ཡོད་པའི་ཕྱིར་ཞི་གནས་ཀྱི་སྒྲིབ་པ་ནི་གཅིག་ཡིན་ཞིང༌། ལྷག་མཐོང་ལ་ཞུགས་པ་ཡིན་ན་ནི་རྣམ་པར་མ་ཞི་བ་དང༌། མ་ངེས་པའི་སྐྱོན་ཡོད་པའི་ཕྱིར་ལྷག་མཐོང་གི་སྒྲིབ་པ་ནི་གཉིས་སོ། །གཞན་ཡང་ཚུལ་ཁྲིམས་ཀྱི་སྒྲིབ་པ་ནི་གཉིས་ཏེ། འདོད་ཆགས་དང༌། ཞེ་སྡང་གཉིས་ཀྱིས་འཆལ་བའི་ཚུལ་ཁྲིམས་ཀུན་ནས་སློང་བར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་སྒྲིབ་པ་ཡང་གཉིས་ཏེ། སེམས་ནང་དུ་སྡུད་པའི་ཕྱིར་དང༌། ཕྱི་རོལ་དུ་རྣམ་པར་གཡེང་བའི་ཕྱིར་རོ། །ཤེས་རབ་ཀྱི་སྒྲིབ་པ་ནི་གཅིག་སྟེ། ཡང་དག་པར་ངེས་པ་མི་རྙེད་པའི་ཕྱིར་རོ། །ལུང་ལས་ཚུལ་ཁྲིམས་ཀྱི་སྒྲིབ་པ་ནི་གཅིག་སྟེ།
ཚངས་པར་སྤྱོད་པ་ལས་ཉམས་པར་བྱེད་པའི་ཕྱིར་རོ། །གདམས་ངག་གི་སྒྲིབ་པ་ཡང་གཅིག་སྟེ། དེས་ཚིག་མི་བཟོད་པའི་ཕྱིར་རོ། །ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་དུས་དག་ཏུ་སྟེ་འགྲུབ་པའི་སྒྲིབ་པ་གསུམ་མོ་ཞེས་འབྱུང་ངོ༌། །སྒྱུ་རྩལ་ཤེས་དག་གསུམ་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་དང་ཀུན་འབྱུང་བ་དག་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ལས་ཀྱི་གཞི་དང་ཀུན་འབྱུང་བ་དག་ཅེས་བྱ་བ་ནི་རབ་ཏུ་འཇུག་པར་བྱེད་པ་དང༌། རྗེས་སུ་འཇུག་པར་བྱེད་པའི་རྒྱུ་སྟོན་པ་ཡིན་ཏེ། ཆགས་པ་ལ་སོགས་པ་གང་དང་དུ་ལེན་པ་ན་ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པ་དང༌། གང་གིས་མི་འཛེམ་པ་ན་ཉེས་པར་སྤྱོད་པ་ལས་མི་ལྡོག་པ་ཡིན་ནོ། །དེ་ལྟར་ན་དེ་བྱས་པ་དང་བསགས་པའི་ཡིན་ནོ། །གཞན་ཡང་ཆགས་པ་ལ་སོགས་པ་ནི་ཀུན་ཏུ་སྤྱོད་པའི་གནས་སྐབས་དང་ཟིལ་གྱིས་གནོན་པའི་གནས་སྐབས་ཀྱང་ཡིན་པར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་ཆགས་པ་དང་ཆགས་པས་ཟིལ་གྱིས་གནོན་པ་ཞེས་བྱ་བ་གསུངས་ཏེ། ཟིལ་གྱིས་མ་ནོན་ན་ནི་དེས་དེ་ལས་སྐྱེས་པའི་ལས་སློང་བར་མི་བྱེད་དོ། །གཞན་ཡང་སྦྱོར་བའི་གནས་སྐབས་དང་མཐར་ཐུག་པའི་གནས་སྐབས་ཀྱང་ཡིན་ནོ། །ཡིད་ཀྱིས་ཉེས་པར་སྤྱོད་པ་ལ་སྦྱོར་བའི་གནས་སྐབས་གང་ཡིན་ཞེ་ན། ཆགས་པ་ལ་སོགས་པ་གང་གིས་གཞན་གྱི་རྫས་བདག་གིར་བྱ་བ་ལ་སོགས་པ་ཕྱིས་ངེས་པ་རྙེད་པའོ། །གཞན་ཡང་ཆགས་པ་ལ་སོགས་པ་ནི་ལུས་དང་ངག་དང་ཡིད་ལ་བྱེད་པ་དང་སྨྲ་བ་དང་རྟོག་པའི་གཞི་སེམས་ཀྱི་ཀུན་འབྱུང་བ་དག་གོ །དེ་ལྟ་ན་ནི་དཀར་པོའི་ཕྱོགས་ལ་ཡང་ཀུན་འབྱུང་བ་སྨོས་པར་འགྱུར་རོ། །རྣམ་གྲངས་དང་པོ་དག་ཏུ་ནི་གཞི་ཟད་པ་ཞེས་འབྱུང་བ་ཉིད་ཀྱིས་ཀུན་འབྱུང་བ་ཟད་པ་ཡང་རབ་ཏུ་གྲུབ་པའི་ཕྱིར་ན་མི་འགྱུར་ལ། བཙུན་པ་འོད་སྲུངས་པའི་གཞུང་ལས། གཞི་གསུམ་དག་ནི་ལས་ཀུན་འབྱུང་བར་བྱ་བའི་ཕྱིར་ཞེས་འདོན་པ་དེ་དག་གི་ལྟར་ན་ཟློས་པའི་སྐྱོན་ཡང་མེད་པ་ཁོ་ན་ཡིན་ནོ། །མ་ཆགས་པ་ལ་སོགས་པ་ཡང་དགེ་བའི་རྩ་བ་ཡིན་པའི་ཕྱིར་ལས་ཀྱི་གཞི་དང༌། ཀུན་འབྱུང་བ་དག་ཅེས་ཅིའི་ཕྱིར་མི་སྨོས་ཤེ་ན། ཆགས་པ་ལ་སོགས་པའི་གཉེན་པོ་
ཉིད་དུ་ཡང་དག་པར་བསྟན་པའི་ཕྱིར་ཏེ། གཞན་དུ་ན་ནི་དེ་དག་གི་གཉེན་པོ་ཡང་དག་པར་མ་བསྟན་པར་འགྱུར་རོ། །དེ་ལྟར་ན་རྣམ་པར་རྟོག་པ་འདི་དག་ནི་མི་དགེ་བ་རྣམས་དང༌། སྡུག་བསྔལ་བ་རྣམས་དང༌། འཕགས་པ་མ་ཡིན་པ་རྣམས་དང༌། དོན་མེད་པ་དང་ལྡན་པ་རྣམས་སོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་མི་དགེ་བ་རྣམས་ནི་འབྲས་བུ་མི་སྡུག་པའི་ཕྱིར་རོ། །སྡུག་བསྔལ་བ་རྣམས་ནི་མཐོང་བའི་ཆོས་ལ་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །འཕགས་པ་མ་ཡིན་པ་རྣམས་ནི་དགེ་བའི་ཆོས་ཡོངས་སུ་ཉམས་པར་འགྱུར་བ་ཉིད་ཀྱིས་རྣམ་པར་བྱང་བ་དང་འགལ་བ་ཅན་ཉིད་ཡིན་པའི་ཕྱིར་རོ། །དོན་མེད་པ་དང་ལྡན་པ་རྣམས་ནི་ཀུན་ནས་ཉོན་མོངས་པ་དང་མཐུན་པའི་ཕྱིར་རོ། །མི་དག་གི་འདོད་པ་རྣམས་ནི་མི་གཙང་བ་རྣམས་དང༌། དྲི་མི་ཞིམ་པ་རྣམས་དང༌། དྲིང་བ་རྣམས་དང༌། དྲི་མི་མཐུན་པ་རྣམས་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་འཁྲིག་པའི་གཞིའི་འདོད་པ་རྣམས་ནི་མི་གཙང་བ་རྣམས་ཏེ། ལུས་དྲི་མ་ཅན་དུ་འགྱུར་བ་ཉིད་ཀྱིས་བཀྲུ་དགོས་པའི་ཕྱིར་རོ། །དྲི་མི་ཞིམ་པ་རྣམས་ནི་གཅིན་དང་ཕྱི་ས་འཛག་པའི་ཕྱིར་རོ། །དྲི་ང་བ་རྣམས་ནི་རང་བཞིན་གྱི་ཤ་དང་ཁྲག་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །མི་མཐུན་པ་རྣམས་ནི་རྫས་རེ་རེ་ཡང་སྐྱུག་བྲོ་བའི་གཞི་ཡིན་པའི་ཕྱིར་དང༌། འཁྲིག་པ་བསྟེན་པའི་མཇུག་ཏུ་མི་མཐུན་པ་སྐྱེ་བའི་ཕྱིར་རོ། །དེ་ལྟར་ན་ཚིག་གཅིག་དང་གཅིག་དང་གཉིས་ཀྱིས་འདོད་པ་རྣམས་ཀྱི་འབྲེལ་བ་དང༌། འཛག་པ་དང༌། རང་གི་མཚན་ཉིད་ཀྱི་སྐྱོན་ཡོངས་སུ་བསྟན་པ་ཡིན་ནོ། །འདིར་ཡང༌། འདི་ལྟར་འདོད་པ་མི་གཙང་རྣམས། །དྲི་མར་འགྱུར་ནས་བཀྲུ་བྱ་དང༌། །ཆུ་སེར་གཅིན་རྒྱགས་དྲི་མི་ཞིམ། །དྲི་ང་རྣམས་ནི་རང་བཞིན་གྱིས། །མི་མཐུན་རྣམས་ནི་རྫས་རེ་ཡང༌། །གང་ཕྱིར་དེ་དག་སྨད་པ་དང༌། །འཁྲིག་པ་བསྟེན་པའི་མཇུག་ཏུ་ཡང༌། །མི་མཐུན་པ་ནི་སྐྱེ་ཕྱིར་རོ། །ཞེས་བྱ་བ་སྨོས་སོ། །གཞན་ཡང་མི་གཙང་བ་ཉིད་རྣམ་པ་གཉིས་ཏེ། རྣག་མི་གཙང་བ་ཉིད་དང༌། ཉོན་མོངས་པ་མི་གཙང་བ་ཉིད་དེ། ཇི་སྐད་དུ། ལུས་འདི་ཉིད་མི་གཙང་བ་རྣམ་པ་སྣ་
ཚོགས་ཀྱིས་གང་བར་སོ་སོར་རྟོག་གོ་ཞེས་གསུངས་པ་ལྟ་བུའོ། །ཉོན་མོངས་པ་མི་གཙང་བ་ཉིད་ནི་ཇི་སྐད་དུ། མི་གང་ཅུང་མི་གཙང་བར་བྱེད་པ་ཞེས་འབྱུང་བ་ལྟ་བུའོ། །དེའི་ཕྱིར་རང་མི་གཙང་བ་ཉིད་ཡང་དག་པར་བསྟན་པའི་ཕྱིར་དྲི་མི་ཞིམ་པ་རྣམས་ཞེས་བྱ་བ་གསུངས་སོ། །དྲི་མི་ཞིམ་པ་ཉིད་ཀྱི་རྣམ་པའི་ཁྱད་པར་བསྟན་པའི་ཕྱིར་དྲི་ང་བ་རྣམས་ཞེས་བྱ་བ་གསུངས་སོ། །མི་མཐུན་པ་རྣམས་ནི་སྔ་མ་བཞིན་ནོ། །མི་གཙང་བ་མ་བརྗོད་ན་ནི་རྣག་མི་གཙང་བ་ཉིད་ཀྱིས་དྲི་མི་ཞིམ་པའི་མཚན་ཉིད་མ་བསྟན་པར་འགྱུར་བས་སོ། །དྲི་མི་ཞིམ་པ་མ་བརྗོད་ན་ནི་དྲི་ང་བ་སྨད་པ་ཉིད་དུ་མ་བསྟན་པར་འགྱུར་བས་སོ། །ལུང་ལས་ནི་མི་གཙང་བ་རྣམས་ནི་བསྟན་པ་ཡིན་ལ། །ལྷག་མ་ནི་བཤད་པ་ཡིན་ནོ། །དེ་ལ་མདོར་ན་འདོད་པ་དག་ནི་རྣམ་པ་གཉིས་དག་སྟེ། ཁ་ཟས་ཀྱི་འདོད་པ་རྣམས་དང༌། འཁྲིག་པའི་འདོད་པ་རྣམས་ཏེ། ཇི་སྐད་དུ་རལ་པ་ཅན་གྱི་མདོ་སྡེ་ལས། ཟས་རྣམས་དང་ནི་སྐོམ་རྣམས་དང་ཡང་དེ་བཞིན་རོ་རྣམས་དང༌། །བུད་མེད་རྣམས་ནི་འདོད་རྣམས་ཡིན་ཞེས་འདི་ན་ཁ་ཅིག་འཆི། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཁ་ཟས་ཀྱི་འདོད་པ་རྣམས་ནི་ཡོངས་སུ་འགྱུར་བ་ཉིད་ཀྱིས་དྲི་མི་ཞིམ་པ་རྣམས་དང༌། དྲི་ང་བ་རྣམས་ཏེ། གཅིན་དང་ཕྱི་སའི་དངོས་པོ་དང༌། ཤ་ལ་སོགས་པའི་དངོས་པོར་ཡོངས་སུ་འགྱུར་བའི་ཕྱིར་རོ། །འཁྲིག་པའི་འདོད་པ་རྣམས་ནི་ཡོངས་སུ་འགྱུར་བ་ཉིད་ཀྱིས་མི་མཐུན་པ་རྣམས་ཏེ། ཡོངས་སུ་གདུང་བ་དང་བྲལ་ན་མི་མཐུན་པ་སྐྱེ་བའི་ཕྱིར་རོ་ཞེས་འབྱུང་ངོ༌། །འདོད་པའི་རྒྱུ་དང་འདོད་པའི་གཞི་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཉོན་མོངས་པའི་འདོད་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། འདུན་པ་དང་འདོད་ཆགས་སོ། །གཞིའི་འདོད་པ་ཡང་རྣམ་པ་གཉིས་ཏེ། ཐོབ་པ་དང༌། མ་ཐོབ་པའོ། །དེ་ལ་འདོད་པའི་རྒྱུ་དང་འདོད་པའི་གཞི་ཉོན་མོངས་པའི་འདོད་པ་རྣམ་པ་གཉིས་ཀྱིས་སོ། །འདོད་པའི་དབང་དུ་བྱ་བ་དང༌། འདོད་པ་རྣམས་ཁོ་ནའི་རྒྱུས་ཞེས་བྱ་བ་ནི་གཞིའི་འདོད་པ་རྣམ་པ་གཉིས་ཀྱི་དོན་དུ་སྟེ། དེ་ལྟར་ན་རྒྱུ་གང་གིས་གང་གི་དོན་དུ་རྩོད་པ་དེ་ཡོངས་སུ་བསྟན་པ་ཡིན་ནོ། །ཆགས་པ་དང༌། ཞེན་པ་དང༌། འཆུམས་པ་དང༌། མདུད་བ་བོར་
བ་དང༌། བརྒྱལ་བ་དང༌། ལྷག་པར་ཆགས་པ་དང༌། ལྷག་པར་ཞེན་པར་གྱུར་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་སྐྱེས་པའི་ཕྱིར་དང༌། སྐྱེས་པ་དང་དུ་ལེན་པའི་ཕྱིར་དང༌། ཐོབ་པ་དང་ལོངས་སྤྱོད་འདོད་པའི་ཕྱིར་དང༌། དེའི་ཐབས་ལ་ལན་མང་དུ་རྗེས་སུ་རྣམ་པར་རྟོག་པའི་ཕྱིར་དང༌། ཉེས་དམིགས་མི་མཐོང་བའི་ཕྱིར་དང༌། ཡོངས་སུ་བཟུང་བ་ལ་ཀུན་ཏུ་འཛིན་པ་སྐྱེ་བའི་ཕྱིར་དང༌། མི་ཚིམ་པ་ཉིད་ཀྱི་རྒྱུས་དེ་བསྟེན་པ་ལ་སེམས་གཞོལ་བས་ལན་མང་དུ་གནས་པའི་ཕྱིར་གོ་རིམས་བཞིན་དུ་རིག་པར་བྱའོ། །འདོད་པ་ལ་འདོད་ཆགས་དང༌། ལྷག་པར་ཞེན་པ་དང༌། རྣམ་པར་བཅིངས་པ་དང༌། ཡོངས་སུ་ཞེན་པ་དང༌། ཀུན་ཏུ་འདོད་ཆགས་ཀྱི་རྒྱུས་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། ཀུན་ཏུ་སྤྱོད་པ་དང༌། དང་དུ་ལེན་པ་དང༌། ཟིལ་གྱིས་གནོན་པ་དང༌། དེས་མི་འཛེམ་པ་དང༌། དེ་ལ་ཀུན་ཏུ་དགའ་བ་ཉིད་དང་གོ་རིམས་བཞིན་ནོ། །གཞན་ཡང་རང་གི་འདོད་པ་ལ་མངོན་པར་དགའ་བ་དང༌། ཡོངས་སུ་བཟུང་བ་དང༌། མི་འབྲལ་བར་འདོད་པ་དང༌། གཞན་གྱི་འདོད་པ་ལ་མངོན་པར་དགའ་བར་བྱེད་པ་དང༌། ཀུན་ཏུ་འདོད་ཆགས་པ་གཉིས་ཏེ། འདོད་པ་ལ་འདོད་ཆགས་དང༌། ལྷག་པར་ཞེན་པ་དང༌། རྣམ་པར་བཅིངས་པ་དང༌། ཡོངས་སུ་ཞེན་པ་དང༌། ཀུན་ཏུ་འདོད་ཆགས་དང་གོ་རིམས་བཞིན་ནོ། །ལྟ་བ་རྣམས་ལ་ཡང་ལྟ་བ་ལ་འདོད་ཆགས་པ་དང༌། ལྷག་པར་ཞེན་པ་དང༌། རྣམ་པར་བཅིངས་པ་ནི་དེ་བཞིན་ནོ། །ལྟ་བ་ནི་མི་མཐུན་པ་རྣམས་ཡིན་ན་ནི་རང་གི་ལྟ་བར་མངོན་པར་དགའ་བར་བྱེད་པས་ཡོངས་སུ་ཞེན་པའོ། །ལྟ་བ་མཐུན་པ་དག་ཡིན་ན་ནི་དེའི་ལྟ་བ་ལ་རྗེས་སུ་ཆགས་པས་ཀུན་ཏུ་འདོད་ཆགས་སུ་རིག་པར་བྱའོ། །དེ་ལྟ་བུའི་ཚིག་རྣམས་ནི་རྣམ་གྲངས་སུ་གསུངས་པ་ཡིན་ཀྱང་ཉེས་པ་མེད་དེ། དགོས་པ་དང་བཅས་པ་ཡིན་པའི་ཕྱིར་སྔར་ཇི་སྐད་བཤད་པ་ལྟ་བུའོ། །དགེ་སློང་དག་སེམས་ཅན་དེ་དག་ལ་ནི་དོན་སྤྱོད་པ་མེད། ཆོས་སྤྱོད་པ་མེད། བསོད་ནམས་སྤྱོད་པ་མེད། དགེ་བ་སྤྱོད་པ་མེད། དགེ་ལེགས་སྤྱོད་པ་མེད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །མདོ་སྡེའི་དོན་ཚོལ་བ་དང༌། ཉན་
པ་དང༌། སེམས་པ་དང༌། རབ་ཏུ་སྟོན་པ་དག་ནི་དོན་སྤྱོད་པའོ། །ཆོས་ཚོལ་བ་དང་ཉན་པ་དང་ཀློག་པ་དང་འདོན་པ་དང་སྟོན་པ་ནི་ཆོས་སྤྱོད་པའོ། །དེ་གཉིས་ཀ་ལ་བརྟེན་ནས་མངོན་པར་མཐོ་བ་ལས་བརྩམས་ཏེ། བསོད་ནམས་ཀྱི་ལས་བྱེད་པ་ནི་བསོད་ནམས་སྤྱོད་པའོ། །མི་གཡོ་བའི་ལས་བྱེད་པ་ནི་དགེ་བ་སྤྱོད་པ་སྟེ་མི་དགེ་བ་སྤངས་པའི་ཕྱིར་རོ། །ངེས་པར་ལེགས་པ་ལས་བརྩམས་ཏེ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ནི་དགེ་ལེགས་སྤྱོད་པ་སྟེ། དྲི་མ་མེད་པའི་ཕྱིར་དང༌། ཡོངས་སུ་ཉམས་པ་མེད་པ་ཉིད་ཀྱིས་འགྱུར་བ་མེད་པའི་ཕྱིར་རོ། །གཞན་ཡང་སྦྱིན་པ་ནི་བསོད་ནམས་སྤྱོད་པའོ། །ཚུལ་ཁྲིམས་ནི་དགེ་བ་སྤྱོད་པ་སྟེ། བདེ་བའི་དོན་གྱིས་ན་གཞན་ལ་མི་གནོད་པའི་ཕྱིར་རོ། །སྒོམ་པ་ནི་དགེ་ལེགས་སྤྱོད་པའོ། །དགེ་སློང་དག་དེ་ནི་ཆུ་གཏེར་ཆེན་པོ་ཞེས་བྱ་བའི་མདོ་སྡེའི་དུམ་བུའོ། །དེ་ལ་སྣོད་ཆེ་བ་ཉིད་ཀྱི་ཕྱིར་ཆུ་གཏེར་ཆེན་པོའོ། །ཡེ་ནས་ཆུ་ཆེ་བ་ཉིད་ཀྱི་ཕྱིར་ཆུའི་ཆུ་བོ་ཆེན་པོའོ། །ཆུ་ཀླུང་སྣ་ཚོགས་ནས་གློ་བུར་དུ་འབབ་པའི་ཕྱིར་ཆུའི་ཚོགས་ཆེན་པོའོ། །སྐབས་པར་མི་འགྱུར་བ་ཉིད་ཀྱི་ཕྱིར་ཆུའི་ཆུ་ཆེན་པོ་སྟེ། རྟག་ཏུ་ཆུར་འདུག་པའི་ཕྱིར་རོ། །ལུང་ལས་ནི་ཆུ་ཆེན་པོ་སྡུད་པའི་དོན་དང༌། མི་སྐྱེ་བའི་དོན་དང༌། གཅིག་ཏུ་འགྱུར་བའི་དོན་དང༌། མི་ཟད་པའི་དོན་གྱིས་ཆུ་གཏེར་ཆེན་པོ་དང༌། ཆུའི་ཆུ་ཆེན་པོའི་བར་དག་ཡིན་ནོ་ཞེས་འབྱུང་ངོ༌། །ཐགས་འཁྲུགས་པ་ལྟ་བུ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ནོར་དང་ཁྱིམ་དང་བུ་དང་ཆུང་མ་ལ་སོགས་པ་ལ་སྲེད་པས་ཕན་ཚུན་དུ་སེམས་འཕྲོག་པ་ཉིད་ཀྱི་ཕྱིར་ཐགས་འཁྲུགས་པ་ལྟ་བུའོ། །དེ་དང་འབྲེལ་པའི་རྣམ་པར་རྟོག་པ་མང་དུ་བྱེད་པའི་ཕྱིར་རྣམ་པར་གྲོལ་བ་དཀའ་བ་ཉིད་ཀྱིས་གྲུ་བུ་འཛིངས་པ་ལྟ་བུའོ། །དེ་ཡོངས་སུ་བཟུང་བ་ལ་ཀུན་ཏུ་འཛིན་པས་སྡུག་བསྔལ་མང་པོས་གཟིར་བའི་རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་རྩྭ་མུན་ཛ་དང༌། བལ་བ་ཛ་ལྟ་བུར་གྱུར་པའོ། །ལྟ་བུ་དང་གྱུར་པའི་སྒྲ་གཉིས་ནི་རྣམ་པའི་དོན་ནམ། དཔེའི་དོན་གཉིས་སུ་རིག་པར་བྱའོ། །དེ་ལྟར་ན་འདུན་པ་དང་རྣམ་པར་རྟོག་པ་དང༌། ལྷག་པར་ཞེན་པ་དང་ལྡན་པའི་ཕྱིར་གོ་རིམས་བཞིན་དུ་ཐགས་འཁྲུགས་པ་ལྟ་
བུ་ལ་སོགས་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་ཕྲད་པ་དང་མི་འབྲལ་བ་ལ་སྲེད་པ་དང༌། ཉེས་དམིགས་ཀྱི་གནོད་པ་དང་ལྡན་པའི་ཕྱིར་ཡང་གོ་རིམས་བཞིན་ནོ། །སྡུག་བསྔལ་བ་མི་བཟད་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སྡུག་བསྔལ་བ་ནི་རང་བཞིན་གྱིས་མི་མཐུན་པ་ཉིད་ཀྱིས་སོ། །མི་ཟད་པ་ནི་ཆེ་བ་ཉིད་ཀྱིས་སོ། །རྩུབ་པ་ནི་རྟག་ཏུ་རྩེ་མི་འཇིལ་བའི་རྒྱུན་ཉིད་ཀྱིས་སོ། །ཚ་བ་ནི་ཕྲད་པའི་དུས་ན་མི་བཟོད་པ་ཉིད་ཀྱིས་སོ། །ཡིད་དུ་མི་འོང་བ་ནི་དྲན་པའི་དུས་ན་བརྗོད་དུ་མི་སྟོང་བ་ཉིད་ཀྱིས་སོ། །སྲོག་འཕྲོག་པ་ནི་སྲོག་གི་དབང་པོ་དང་འགལ་བ་ཉིད་ཀྱིས་སོ། །མདོར་ན་རང་བཞིན་དང༌། རྣམ་པ་དང༌། གནས་པ་དང༌། ལས་ཀྱི་ཁྱད་པར་གྱིས་ཚོར་བའི་ཁྱད་པར་སྟོན་པར་བྱེད་དོ། །དེ་ལ་ལས་ཀྱི་ཁྱད་པར་ནི་ལུས་དང་སེམས་དང་སྲོག་ལ་གནོད་པ་ཉིད་ཀྱིས་རིག་པར་བྱའོ། །གང་ལས་དྲག་པ་སྡུག་བསྔལ་བ་ཞེས་འབྱུང་བ་དེར་ནི་རང་བཞིན་ལ་སོགས་པའི་ཁྱད་པར་གྱིས་དྲག་པ་ཉིད་ཁྱད་པར་དུ་བྱེད་དོ། །འབྲལ་ཞིང་མི་སྐྱེ་ལ་ཞེས་བྱ་བ་ནི་འབྲལ་བའམ་མི་ལྡན་པ་འདྲི་བ་ཡིན་ནོ། །དེ་འབྲལ་ཞིང་མི་སྐྱེ་བར་མངོན་པ་ཡིན་ནམ་ཞེས་བྱ་བ་ནི་སྐབས་སྐབས་སུ་དེ་ཡོད་པར་འདྲི་བའོ། །ཡང་ན་མ་ལུས་པར་བྲལ་བ་དང་མི་ལྡན་པའི་སྐབས་འདྲི་བའོ། །སྡུག་བསྔལ་ཉིད་གསུམ་སྟེ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་མི་མཐུན་པ་ཉིད་ཀྱིས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དོ། །གཞན་དུ་འགྱུར་བའི་མཚན་ཉིད་མི་མཐུན་པ་ཉིད་ཀྱིས་འགྱུར་བའི་སྡུག་བསྔལ་ཉིད་ཡིན་ནོ། །ཇི་སྐད་དུ། འདུ་བྱེད་སྡུག་བསྔལ་ཉིད་དང་ནི། །འགྱུར་བ་ཉིད་དུ་མཁྱེན་ནས་ནི། །རྫོགས་སངས་རབ་ཏུ་མཁྱེན་པ་ཡིས། །ཚོར་བ་སྡུག་བསྔལ་ཉིད་དུ་གསུངས། །ཞེས་བྱ་བ་ནི་གང་ཞིག་སྡུག་བསྔལ་ཉིད་དགོངས་པ་ཅན་ཡིན་པ་དེའི་དགོངས་པ་སྟོན་པ་ཡིན་ནོ། །ལུང་ལས་ནི་རང་དང་སྤྱིའི་མཚན་ཉིད་གཉིས་ཀྱིས་རང་བཞིན་གྱིས་སྡུག་བསྔལ་ཉིད་ཀྱི་དབང་དུ་མཛད་དེ། སྡུག་བསྔལ་དང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་གཉིས་གསུངས་ལ། འགྱུར་བའི་སྡུག་བསྔལ་ཉིད་ཀྱི་དབང་དུ་
མཛད་ནས་ནི། འགྱུར་བའི་སྡུག་བསྔལ་ཉིད་གསུངས་སོ་ཞེས་འབྱུང་ངོ༌། །སྲོག་གཅོད་པ་དང་དྲག་ཤུལ་ཅན་དང་ལག་པ་ཁྲག་དམར་བ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་བསད་པའི་བསམ་པ་ཉིད་དང༌། བསད་པར་སྦྱོར་བ་ཉིད་དང༌། དེ་གཉིས་ཀ་ལ་མངོན་པར་དགའ་བ་ཉིད་དང༌། དེའི་གཞི་ཉིད་དང༌། དེ་དང་རྗེས་སུ་འབྲེལ་པ་ཉིད་ཀྱིས་སྲོག་གཅོད་པ་ཡོངས་སུ་བསྟན་ཏོ། །དེའི་གཞི་ཡང་ཁ་ན་མ་ཐོ་བ་དེ་ལ་ངོ་ཚ་བ་མེད་པ་དང༌། སྙིང་མི་བརྩེ་བ་ཡང་ཡིན་ཏེ། སྲོག་ཆགས་ཕྲ་མོ་སྡུག་བསྔལ་བ་མི་མཁོ་བ་རྣམས་ལ་ཡང་ངོ༌། །དེ་དང་རྗེས་སུ་འབྲེལ་པ་ཉིད་ནི་ཇི་སྲིད་དུ་མི་སྤོང་བའོ། །གསོད་པ་ནི་གསོད་པར་བྱེད་པ་སྟེ་འཆི་བར་བྱེད་པ་ཞེས་བྱའོ། །རབ་ཏུ་གསོད་པ་ནི་རྣམ་པ་ནས་གསོད་པ་སྟེ། རྣམ་པ་རེ་རེ་ནས་འཆི་བར་བྱེད་པའོ། །རྣམ་གྲངས་གཞན་ཡང་དྲག་ཤུལ་ཅན་ཉིད་ཀྱིས་ནི་ཤན་པ་ལ་སོགས་པའི་སྲོག་གཅོད་པ་ཉིད་ཁྱད་པར་དུ་བྱེད་པ་ཡིན་ནོ། །དྲག་ཤུལ་ཅན་ཉིད་ཀྱང་ལུས་དྲག་ཤུལ་ཅན་ཉིད་དང༌། སེམས་དྲག་ཤུལ་ཅན་ཉིད་དང༌། དེར་གཅིག་ཏུ་ངེས་པ་ཉིད་དང༌། དེར་གཏན་དུ་བ་ཉིད་ཀྱིས་སྟོན་པར་བྱེད་དོ། །དེ་ལ་ངོ་ཚ་བ་མེད་པ་ཉིད་དང༌། སྙིང་མི་བརྩེ་བ་དང་ལྡན་པ་ཉིད་ཀྱིས་ནི་དེར་གཅིག་ཏུ་ངེས་པ་ཉིད་ཡིན་ལ། མི་སྤོང་བ་ཉིད་ཀྱིས་ནི་དེར་བསྟན་དུ་བ་ཉིད་ཡིན་པར་རིག་པར་བྱའོ། །དགེ་སློང་དག་གསོན་པ་རྣམས་ལས་གཉིད་ལོག་པ་ནི་སྟོང་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །གསོན་པ་རྣམས་ལས་གཉིད་ལོག་པར་སྟོང་པ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྟག་མ་རྣམས་ནི་བཤད་པ་ཡིན་ནོ། །དེ་ལ་གང་དག་ལ་གཉིད་མི་འབྱུང་བ་གསོན་པའི་བྱ་བ་དག་ནི་རྣམ་པ་བཞི་སྟེ། གསོན་པ་དག་ནི་བརྩོན་འགྲུས་རྩོམ། །དེ་ལས་ཕྱི་མར་འབྲས་བུ་དང༌། །དགེ་སྦྱོང་ཚུལ་དོན་རྣམས་གཞན་ཡང༌། །འདི་ཡི་ལོངས་སྤྱོད་བདེ་བ་འབྱུང༌། །དེ་དག་ཕྱིར་གཉིད་ལོག་པ་ཡི། །སྲོག་ནི་གསོག་དང་འབྲས་མེད་དང༌། །དོན་མེད་པ་དང་དེ་བཞིན་དུ། །ཕན་ཡོན་མེད་པ་ཉིད་དུ་འདོད། །གཞན་ཡང་སྐྱེས་བུའི་རྩལ་མེད་པའི་ཕྱིར་གསོག་ཡིན་ན། ཕལ་ཆེར་རྣམ་པར་སྨིན་པར་མི་འགྱུར་བའི་ཕྱིར་འབྲས་བུ་མེད་པའོ། །ཡང་དག་པ་ཡུལ་དུ་མ་གྱུར་པ་ཉིད་ཀྱི་ཕྱིར་དོན་མེད་པའོ། །
དུས་མ་ཡིན་པར་གཉིད་ལོག་པ་ནི་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་འདུ་བྱེད་པའི་ཕྱིར་ཕན་ཡོན་མེད་པའོ། །རྣམ་གྲངས་གཞན་ཡང་གཉིད་ཀྱི་གནས་སྐབས་སེམས་མེད་པ་ནི་སྟོང་པ་ཡིན་ལ། གཉིད་ཀྱི་གནས་སྐབས་སེམས་དང་བཅས་པ་ནི་ལྷག་མ་སྟེ་སྔ་མ་བཞིན་ནོ། །བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་བྱིས་པ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་བཤད་པ་ཡིན་ཏེ། མི་ཤེས་པ་དང༌། ཐེ་ཚོམ་དང༌། ལོག་པའི་ཤེས་པ་དང་ལྡན་པའི་ཕྱིར་རོ། །ཚུལ་བཞིན་ཡིན་པ་ལ་མཁས་པ་ནི་མི་མཁས་པའོ། །རྣམ་གྲངས་གཞན་ཡང་གཉིས་ཏེ། བྱིས་པ་ནི་ཉེས་པར་བསམས་པ་སེམས་པ་ལ་སོགས་པས་སོ། །རྨོངས་པ་དང་མི་གསལ་བ་དང་མི་མཁས་པ་ནི་ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་རྣམས་དང་མི་ལྡན་པའི་ཕྱིར་གོ་རིམས་བཞིན་ནོ། །ལྷན་ཅིག་སྐྱེས་པ་དང༌། ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་ལ་བྱུང་བའི་ཤེས་རབ་རྣམས་དང་མི་ལྡན་པའི་ཕྱིར་ཡང་བྱིས་པ་ནས་མི་མཁས་པའི་བར་རོ། །བྱིས་པའི་རང་བཞིན་ཅན། རྨོངས་པའི་རང་བཞིན་ཅན། ཤེས་རབ་འཆལ་པའི་རང་བཞིན་ཅན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། དེ་ནི་གོ་རིམས་བཞིན་དུ་མི་ཤེས་པ་དང༌། ཐེ་ཚོམ་དང༌། ལོག་པའི་ཤེས་པ་དང་ལྡན་པ་ལས་རིག་པར་བྱའོ། །གཞན་ཡང་ཤེས་རབ་མ་བྱང་བ་དང༌། ཞན་པ་དང༌། ལོག་པ་རྣམས་དང་གོ་རིམས་བཞིན་ནོ། །གཞན་ཡང་རང་གིས་ལེགས་པར་བཤད་པ་དང༌། ཉེས་པར་བཤད་པའི་ཆོས་རྣམས་ཀྱི་དོན་ཤེས་བར་མི་ནུས་པ་ཉིད་ཀྱི་ཕྱིར་བྱིས་པའི་རང་བཞིན་ཅན་ནོ། །ཐོས་ཀྱང་མི་ནུས་པ་ཉིད་ཀྱི་ཕྱིར་རྨོངས་པའི་རང་བཞིན་ཅན་ནོ། །ཕྱིན་ཅི་ལོག་ཏུ་མངོན་དུ་ཞེན་པའི་ཕྱིར་ཤེས་རབ་འཆལ་བའི་རང་བཞིན་ཅན་ནོ། །གྲོ་བཞིན་སྐྱེས་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་དག་གཟུགས་མི་རྟག་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་གཟུགས་མི་རྟག་པ་ནས་རྣམ་པར་ཤེས་པ་མི་རྟག་པ་ཉིད་ཀྱི་བར་གྱིས་ནི་ལུས་སྐྱེ་བ་དང་འཇིག་པ་ཉིད་སྟོན་པར་བྱེད་ལ། མི་བརྟན་པས་ནི་དུས་ཡུན་མི་རིང་བར་འཇིག་པ་ཉིད་དོ། །ཡང་
ཡིད་བརྟན་དུ་མི་རུང་བ་ལས་ནི་དུས་མ་ངེས་པར་འཇིག་པ་ཉིད་དོ། །འགྱུར་བའི་ཆོས་ཅན་གྱིས་ནི་གནས་སྐབས་མི་འདྲ་བ་ཉིད་ཀྱིས་འཇིག་པ་ཉིད་ཡིན་ཏེ། གནས་སྐབས་མི་འདོད་པ་ཉིད་དུ་འགྲོ་བའི་ཕྱིར་རོ། །གཅིག་གིས་ནི་འདུས་བྱས་ཀྱི་མཚན་ཉིད་གཉིས་དང་ལྡན་པར་སྟན་པར་བྱེད་ལ། གཉིས་ཀྱིས་ནི་གནས་པའི་ཁྱད་པར་ཏེ། རྒྱུན་ནི་ཡུན་མི་རིང་བ་དང༌། དུས་མ་ངེས་པ་ཉིད་ཀྱི་ཕྱིར་རོ། །བཞི་པས་ནི་གནས་པ་དེ་ཉིད་གཞན་དུ་འགྱུར་བ་ཉིད་དོ། །གཞན་ཡང་གཅིག་གིས་ནི་ལུས་མི་འཇིག་པར་འགོག་པར་བྱེད་ལ། གཉིས་པས་ནི་ཡུན་རིང་པོ་ནས་འཇིག་པའོ། །གསུམ་པས་ནི་དུས་ངེས་པར་འཇིག་པའོ། །བཞི་པས་ནི་འགྱུར་བ་མེད་པར་འཇིག་པའོ། །གཞན་ཡང་གཅིག་གིས་ནི་སྐད་ཅིག་མར་འཇིག་པའི་མི་རྟག་པ་ཉིད་སྟོན་པར་བྱེད་ལ། གཉིས་ཀྱིས་ནི་རྒྱུན་གྱི་འཇིག་པའི་མི་རྟག་པ་ཉིད་དེ་རིས་མཐུན་པ་ལས་ཡུན་རིང་དུ་མི་གནས་པ་ཉིད་ཀྱི་ཕྱིར་དང༌། དུས་མ་ཡིན་པར་འཆི་སྲིད་པའི་ཕྱིར་རོ། །བཞི་པས་ནི་འགྱུར་བའི་མི་རྟག་པ་ཉིད་དོ། །དང་པོ་ནི་རང་གི་སྒྲས་བསྟན་པ་ཡིན་ཏེ། དོན་དམ་པ་པ་ཡིན་པའི་ཕྱིར་རོ། །འདིར་སྨྲས་པ། མི་འཇིག་ཡུན་རིང་འཇིག་པ་དང༌། །དུས་དང་འགྱུར་བ་མེད་པ་བཀག །སྐད་ཅིག་དང་ནི་ཚེ་དང་ནི། །འགྱུར་ཟད་རྣམ་པ་གསུམ་ཡང་བསྟན།། །།བམ་པོ་གསུམ་པ། གཟུགས་གང་རྟག་པ་དང༌། བརྟན་པ་དང་ཐེར་ཟུག་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་རྟག་པ་ནི་མི་རྟག་པ་ཉིད་མེད་པའི་ཕྱིར་རོ། །བརྟན་པ་ནི་སྐད་ཅིག་མར་འཇིག་པ་མེད་པའི་ཕྱིར་ཏེ་དུས་གཞན་དུ་གནས་པ་ཉིད་ཀྱིས་སོ། །ཐེར་ཟུག་ནི་རྒྱུད་འཇིག་པ་མེད་པའི་ཕྱིར་རོ། །མི་འགྱུར་བའི་ཆོས་ཅན་ནི་འགྱུར་བ་མེད་པའི་ཕྱིར་རོ། །ཡང་དག་པར་དེ་བཞིན་དུ་གནས་པར་འགྱུར་བ་ཞེས་བྱ་བ་ནི་ཇི་ལྟར་འདོད་པ་སྟེ། རྣམ་པ་སྔ་མ་མི་སྲིད་ན་ཕྱི་མ་འདྲི་བ་ཡིན་ནོ། །རྣམ་གྲངས་གཞན་ཡང་སྐད་ཅིག་མར་འཇིག་པ་ལ་སོགས་པ་མེད་པའི་ཕྱིར་ཡང་བརྟན་པ་ལ་སོགས་པར་རྟག་པ་ཉིད་འདྲི་བར་བྱེད་པ་ཡིན་ནོ། །རྣམ་གྲངས་གཞན་ཡང་རྟག་པ་ནི་ཐེར་ཟུག་གི་དོན་གྱིས་ཡིན་ལ། བརྟན་
པ་ནི་མི་འགྱུར་བའི་དོན་གྱིས་ཡིན་ཏེ། ཚིག་གཉིས་ནི་ཚིག་གཉིས་ཀྱིས་རྣམ་པར་བཤད་པ་ཡིན་པར་ཡང་འོག་ནས་བསྟན་པར་བྱའོ། །འཕགས་པ་ཉན་ཐོས་ཤེས་ནས་དད་པ་གཞི་དག་དང་ལྡན་པ་ནི་འཚོ་བ་དག་གིས་དབུལ་པ་མ་ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་འཕགས་པའི་ནོར་བདུན་དང་ལྡན་པའི་ཕྱིར་འཚོ་བ་དག་གིས་དབུལ་བ་མ་ཡིན་ནོ། །འཚོ་བ་མེད་པའི་འཇིགས་པ་སྤངས་པའི་ཕྱིར་བཀྲེན་པ་མ་ཡིན་ནོ། །ལོག་པའི་འཚོ་བ་སྤངས་པའི་ཕྱིར་ཕོངས་པ་མ་ཡིན་ནོ། །ནོར་དང་སེམས་དང་འཚོ་བ་ངན་པ་དང་ལྡན་པའི་ཕྱིར་ནི་དབུལ་བ་དང༌། བཀྲེན་པ་དང༌། ཕོངས་པ་ཉིད་དུ་རིག་པར་བྱའོ། །གལ་ཏེ་ཏིང་ངེ་འཛིན་འདུ་བྱེད་པས་ཟིན་ཞིང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདུ་བྱེད་པས་ཟིན་པ་ནི་ཡུན་རིང་པོ་ནས་མངོན་སུམ་འགྱུར་བའི་ཕྱིར་རོ། །ཆུ་བཞིན་དུ་འཚོར་བ་ནི་མྱུར་བར་འབྲལ་བའི་ཕྱིར་རོ། །ཆོས་ཉིད་ཀྱིས་ཟིན་པ་ནི་རྟག་ཏུ་བག་ཡོད་པས་བསྲུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཞི་བ་མ་ཡིན་པ་ནི་དེའི་མི་མཐུན་པའི་ཕྱོགས་ས་འོག་མ་པའི་ཉོན་མོངས་པ་ཤིན་ཏུ་མ་ཐུལ་བའི་ཕྱིར་རོ། །གྱ་ནོམ་པ་མ་ཡིན་པ་ནི་རང་གི་ས་པའི་ཉོན་མོངས་པ་དང་འདྲེས་པ་ཉིད་ཀྱི་ཕྱིར་རོ། །ལམ་བག་ཡངས་སུ་གྱུར་པ་ཐོབ་པ་མ་ཡིན་པ་ནི་ཤིན་ཏུ་མ་གོམས་པ་ཉིད་ཀྱི་རྒྱུས་རང་གི་ངང་གིས་མི་འབྱུང་བའི་ཕྱིར་རོ། །སེམས་རྒྱུད་གཅིག་ཏུ་གྱུར་པ་རྟོགས་པ་མ་ཡིན་པ་ནི་གཡོ་བ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་རྟག་ཏུ་བག་ཡོད་པས་བསྲུང་བར་བྱ་བ་ཉིད་ནི་མ་ཞི་བ་ལ་སོགས་པའི་རྒྱུས་རིག་པར་བྱའོ། །དཀར་པོའི་ཕྱོགས་ནི་དེ་ལས་བཟློག་པར་རིག་པར་བྱའོ། །འདིར་སྨྲས་པ། མྱུར་དུ་མངོན་དུ་འགྱུར་བ་དང༌། །མྱུར་དུ་འབྲལ་བར་མི་འགྱུར་དང༌། །རྟག་ཏུ་བག་ཡོད་བསྲུང་བྱ་མིན། །དེ་ཡི་མི་མཐུན་ཕྱོགས་བཅོམ་ཕྱིར། །རང་གི་ཉོན་མོངས་མ་འདྲེས་ཕྱིར། །ཤིན་ཏུ་གོམས་འབད་མེད་འབྱུང་ཕྱིར། །འདུ་བྱེད་ཟིན་ལ་སོགས་པ་མིན། །རྒྱུད་གཅིག་ཡིན་ཏེ་མི་གཡོའི་ཕྱིར། །ལུང་ལས་ནི། མྱུར་བར་མངོན་གྱུར་ཉིད་ཀྱི་ཕྱིར། །མི་ཉམས་ཕྱིར་དང་རྟག་བསྲུང་ཕྱིར། །ཉོན་མོངས་མིན་ཕྱིར་དགེ་ཉིད་ཕྱིར། །ངང་གིས་
འབྱུང་ཕྱིར་ཡོངས་རྫོགས་ཕྱིར། །གོ་རིམས་བཞིན་དུ་འདུ་བྱེད་བས་མ་ཟིན་པ་ནས་རྒྱུད་གཅིག་ཏུ་གྱུར་པ་རྟོགས་པའི་བར་དུ་ཡིན་ནོ་ཞེས་འབྱུང་ངོ༌། །དེ་དེ་ལྟར་སེམས་མཉམ་པར་གཞན་པ་ཡོངས་སུ་དག་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སེམས་ཡོངས་སུ་དག་པ་ནི་ཡོངས་སུ་བྱང་བའི་དོན་གྱིས་ཏེ། དེའི་མི་མཐུན་པའི་ཕྱོགས་ས་འོག་མ་པའི་དྲི་མ་སྤངས་པའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ནི་ཉེ་བའི་ཉོན་མོངས་པ་དང་བྲལ་བའི་དོན་གྱིས་ཏེ། རང་གི་ས་པའི་ཉོན་མོངས་པས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རོ། །དྲང་པོར་གྱུར་པ་ནི་ལས་སུ་རུང་བའི་དོན་གྱིས་ཏེ། འབད་པ་མེད་པར་འབྱུང་བ་ཉིད་ཀྱི་ཕྱིར་རོ། །གནས་པ་ནི་མི་གཡོ་བ་ཐོབ་པའི་དོན་གྱིས་ཏེ། བསམ་གཏན་བཞི་པ་ན་གཡོ་བ་མེད་པའི་ཕྱིར་རོ། །དེ་ལྟར་ཏིང་ངེ་འཛིན་དེ་ནི་དགེ་བ་ཉིད་དང༌། ཇི་ལྟར་ན་དེ་དག་དགེ་བ་ཉིད་དང་དབང་དུ་བྱ་བ་ཉིད་དང༌། ཡོངས་སུ་གྲུབ་པ་ཉིད་རྣམ་གྲངས་ཀྱི་མཚན་ཉིད་དང་བཅས་པ་ཡོངས་སུ་བསྟན་པ་ཡིན་ནོ། །རེས་འགའ་ཚིག་གཉིས་ནི་གཞན་གཉིས་ཀྱི་རྣམ་པར་འཆད་དེ། དཔེར་ན་སེམས་མགུ་བ་དང་སེམས་ཉམས་བདེ་བ་ཞེས་བྱ་བ་ནི་སེམས་དགའ་བ་དང༌། སེམས་སྒྲིབ་པ་མེད་པ་ཞེས་བྱ་བ་འདིས་སོ་ཞེས་འབྱུང་བ་ལྟ་བུའོ། །རེས་འགའ་ཚིག་གཅིག་གཞན་གཅིག་གིས་ཡིན་ཏེ། དཔེར་ན་ཡང་དག་ཕུལ་གྱི་ཆོས་བསྟན་པ་ཀུན་ཏུ་ཤེས་པར་སྐལ་བ་ཡོད་ཅིང་ནུས་པ་ཡིན་ཞེས་འབྱུང་བ་ལྟ་བུ་སྟེ། འདི་ནི་དཔེར་བརྗོད་པ་ཙམ་དུ་ཟད་དོ། །འདིར་ཡང་སྨྲས་པ། མི་མཐུན་ཕྱོགས་དྲི་གྲོལ་ཕྱིར་དང༌། །ཉོན་མོངས་མེད་སྒྲིབ་མེད་འབྱུང་ཕྱིར། །གཡོ་བ་མེད་ཕྱིར་གཉིས་པོས་ནི། །ཡོངས་དག་ལ་སོགས་རིག་པར་བྱའོ། །གཉིས་དང་གཉིས་ཀྱི་ཏིང་འཛིན་གྱིས། །དགེ་བ་ཉིད་དང་དེ་ཇི་ལྟ། །དབང་བྱ་ཉིད་དང་གྲུབ་པ་ཉིད། །མཚན་ཉིད་བཅས་པར་རབ་ཏུ་བསྟན། །རྣམ་གྲངས་གཞན་ཡང་ཡོངས་སུ་དག་པ་ནི་ཉོན་མོངས་པ་མེད་པ་དང༌། ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་ཏེ། གོ་རིམས་བཞིན་དུ་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དང་ལྡན་པའི་འདོད་པ་རྒྱུ་བདག་དང༌། སྲེད་པ་དང༌། ལྟ་བ་
དང༌། ང་རྒྱལ་དང༌། ཐེ་ཚོམ་གྱི་ཉེ་པའི་ཉོན་མོངས་པ་དག་དང་བྲལ་བའི་ཕྱིར་རོ། །ཡོངས་སུ་བྱང་བ་ནི་དྲང་པོར་གྱུར་པ་ལ་སོགས་པ་ཉིད་ཀྱིས་ཏེ། དེ་ལ་དྲང་པོར་གྱུར་པ་ནི་འབད་པ་མེད་པར་འབྱུང་བ་ཉིད་ཀྱིས་ཤིན་ཏུ་ཐུལ་པའི་ཕྱིར་རོ། །ལས་སུ་རུང་བ་ནི་མངོན་པར་ཤེས་པ་བསྒྲུབ་པར་རུང་བ་ཉིད་ཀྱི་ཕྱིར་རོ། །གནས་པ་ནི་ཡོངས་སུ་ཉམས་པར་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ། །མི་གཡོ་བ་ཐོབ་པ་ནི་བསམ་གཏན་བཞི་པ་ནི་གཡོ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འདྲི་ཡང་སྨྲས་པ། གཉིས་ཀྱིས་ཡང་དག་ཡིན་ལ་ཚིག ། གཞན་དག་གིས་ནི་ཡོངས་བྱང་ཉིད། །རྙེད་འདོད་ལ་སོགས་སྲེད་ལ་སོགས། །བྲལ་ཕྱིར་ཤིན་ཏུ་ཐུལ་བའི་ཕྱིར། །མངོན་ཤེས་ཡོན་ཏན་རང་ཉིད་ཕྱིར། །ཉམས་མེད་ཕྱིར་གཡོ་ཟད་པའི་ཕྱིར། །དོན་གྲུབ་དག་གིས་གོ་རིམས་བཞིན། །ཉོན་མོངས་མེད་སོགས་ཉིད་ཤེས་བྱ། རྣམ་གྲངས་གཞན་ཡང་ཡོངས་སུ་དག་པ་ནི་དེའི་མི་མཐུན་བའི་ཕྱོགས་སུ་འོག་མ་པ་སྤངས་པའི་ཕྱིར་རོ། །ཡོངས་སུ་བྱང་བ་ནི་དེ་ཐག་རིང་དུ་བྱས་པའི་ཕྱིར་རོ། །ཉོན་མོངས་པ་མེད་པ་ནི་རང་གིས་པའི་ཕྱོགས་ཉོན་མོངས་པ་དང་མ་འདྲེས་པའི་ཕྱིར་རོ། །ཉེ་བའི་ཉོན་མོངས་པ་དང་བྲལ་བ་ནི་དེ་ཀུན་ཏུ་རྒྱུ་བ་ཐག་རིང་དུ་བྱས་པའི་ཕྱིར་རོ། །དྲང་པོར་གྱུར་པ་ནི་འབད་པ་མེད་པ་དང་ཇི་ལྟར་འདོད་པར་འབྱུང་བའི་ཕྱིར་རོ། །ལས་སུ་རུང་བ་ནི་མངོན་པར་ཤེས་པ་རུང་པ་ཉིད་ཀྱི་ཕྱིར་རོ། །གནས་པ་ནི་མི་ཉམས་པའི་ཆ་དང་མཐུན་པའི་ཕྱིར་རོ། །མི་གཡོ་བ་ཐོབ་པ་ནི་སྔ་མ་བཞིན་ནོ། །ཏིང་ངེ་འཛིན་དང་གནས་དང་ལྡན། །ཞེས་བྱ་བ་ནི་སྡོམ་གྱི་ཚིགས་སུ་བཅད་པ་སྟེ། དེ་ལ་གནས་པ་ནི་ཇི་སྲིད་འདོད་པར་རྗེས་སུ་འཇུག་པ་ཡིན་ནོ། །ལྡང་བ་ནི་མཉམ་པར་མ་བཞག་པའི་སེམས་མངོན་དུ་གྱུར་པའམ་ས་གཞན་པའོ། །ཉམས་བདེ་བ་ནི་ལས་སུ་རུང་བ་ཉིད་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཉིད་དོ། །སྤྱོད་ཡུལ་ནི་དམིགས་པ་ཡིན་ནོ། །མངོན་པར་སྒྲུབ་པ་ནི་སྐྱེད་པ་ཡིན་ནོ། །འཕྲོད་པ་ནི་རྙེད་པ་དང་མཐུན་པ་ཡིན་ནོ། །མི་འཕྲོད་པ་ནི་དེ་དང་མི་མཐུན་པ་ཡིན་ནོ། །གཉིས་ཀ་ནི་དེ་གཉིས་ཀ་དང་བཅས་པའོ། །སྐྱེ་བ་ནི་འཕེལ་བ་
ཡིན་ནོ། །འབྲི་བ་ནི་འགྲིབ་པ་ཡིན་ནོ། །ཐབས་ནི་དེ་གཉིས་ཀའི་གཞི་ཡིན་ནོ། །སྲེད་པ་ཡང་སྲིད་བར་འབྱུང་བར་བྱེད་པ་དགའ་བའི་འདོད་ཆགས་དང་ལྡན་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་མ་ལུས་པར་སྤང་བ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ་ལྷག་མ་ནི་བཤད་པ་ཡིན་ཏེ། གནས་སྐབས་ཐམས་ཅད་ཀྱི་སྤོང་བ་ཀུན་ཏུ་བསྟན་པའི་ཕྱིར་རོ། །གནས་སྐབས་ཐམས་ཅད་ཀྱི་སྤོང་བ་ནི་སེལ་བའི་གནས་སྐབས་དང༌། རྣམ་པར་གནོན་པའི་གནས་སྐབས་དང༌། མཐོང་བའི་ལམ་གྱི་གནས་སྐབས་དང༌། བསྒོམ་པའི་ལམ་གྱི་གནས་སྐབས་དང༌། མི་སློབ་པའི་ལམ་གྱི་གནས་སྐབས་དང༌། ཀུན་ནས་དཀྲིས་པ་དང་བྲལ་བའི་གནས་སྐབས་དང༌། བག་ལ་ཉལ་བ་དང་བྲལ་བའི་གནས་སྐབས་སོ། །སྲེད་པ་ལངས་པ་ནི་ཀུན་ནས་དཀྲིས་པ་ཡིན་ཏེ། དེས་སེམས་རྣམ་པར་མ་ཞི་བར་འདུག་གོ །དེའི་ཕྱིར་དེ་དང་བྲལ་བ་ནི་རྣམ་པར་ཞི་བ་ཡིན་ནོ། །སྲེད་པ་ཉལ་བ་ནི་ས་བོན་གྱི་གནས་སྐབས་བག་ལ་ཉལ་བ་ཡིན་ཏེ། དེ་ཡང་རྟག་ཏུ་རྒྱུད་ལས་གནས་སོ། །དེའི་ཕྱིར་དེ་དང་བྲལ་བ་ནི་ནུབ་པ་ཡིན་ནོ། །རྣམ་པ་གཅིག་ཀྱང་མ་བརྗོད་ན་སྲིད་པའི་གནས་སྐབས་ཐམས་ཅད་སྤོང་བའི་རབ་ཏུ་དབྱེ་བ་ཀུན་ཏུ་མ་བསྟན་པར་འགྱུར་བས་སོ། །དེ་ལྟ་བུའི་ཚིག་རྣམས་ནི་རྣམ་གྲངས་སུ་བརྗོད་པ་ཡིན་ཀྱང་སྐྱོན་མེད་པར་སྔར་ཇི་སྐད་བསྟན་པ་ལྟ་བུ་ཡིན་ནོ། །རྟོག་གེ་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་རྣམ་པ་གཉིས་ཀྱིས་རྟོག་གེ་པ་ཡིན་ཏེ། མངོན་པར་རྟོགས་པ་ཉིད་དང༌། དེའི་སྤྱོད་ཡུལ་ལས་མི་འདའ་བ་ཉིད་ཀྱིས་སོ། །དེས་ན་སྤྱོད་པ་དང༌། རྟོག་གེ་ལ་ཞུགས་པའི་ས་ལ་གནས་པ་ཞེས་བྱ་བ་སྨོས་སོ། །རྟོག་གེ་ལ་ཞུགས་པའི་ས་གང་ཞེ་ན། རང་གི་སྤོབས་པ་དང་ལྡན་པ་རྣམས་དང༌། སོ་སོའི་སྐྱེ་བོ་རྣམས་ཀྱིས་མངོན་པར་རྟོགས་པ་དང་ལྡན་པ་གང་ཡིན་པ་སྟེ། དེ་ཁོ་ནའི་ལུང་དང་ལྡན་པ་ཡིན་ནོ། །ས་ནི་ཡུལ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་ཚིག་གཅིག་ནི་བསྟན་པ་ཡིན་ལ་གཉིས་ནི་བཤད་པ་ཡིན་ཞིང༌། ཚིག་གསུམ་ནི་བསྟན་བ་ཡིན་ལ། གསུམ་པ་ནི་བཤད་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་ཏོག་གེ་པ་ནི་
རྣམ་གྲངས་ཉིད་དང༌། མཚན་ཉིད་ཉིད་ཀྱིས་ཀུན་ཏུ་བསྟན་པ་ཡིན་ནོ། །དཔྱོད་པ་བ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ཏེ། ཁྱད་པར་དུ་བྱ་བའི་ཕྱིར་ཏེ་དོན་དུ་གཉེར་བ་དེ་གང་ཡིན་པ་ཡང་རྟོག་པར་བྱེད་ཅེས་བྱ་བ་ཡིན་པས་དེར་ཐལ་བར་གྱུར་ན་མི་རུང་བས་སོ། །རྟོག་གེ་ལ་ཞུགས་པའི་ས་ལ་གནས་པ་ཞེས་བྱ་བ་ནི་མཚན་ཉིད་ཡིན་ཏེ། དེ་ཡང་ཚེ་རབས་སྔ་མ་ལ་རྟོག་གེ་ལ་གོམས་པས་བསྒོམས་པའི་རྒྱུ་དང༌། དེ་ཁོ་ན་མཐོང་བ་དང་བྲལ་བ་དང༌། རྟོག་གེ་ལ་འདྲིས་པར་བྱས་པ་ཐོག་མ་མེད་པ་ནས་ཞུགས་པའོ། །གཞན་ཡང་ལུང་ལས་ནི་རྟོག་གེ་བ་སྔར་རིག་པར་བྱ་སྟེ། དེའང་ཕྱིར་བརྟག་རྟོག་ཕྱིར་དང༌། །སྔོན་གོམས་ཕྱིར་མངོན་མ་བྱས་ཕྱིར། །ལུང་ལ་མི་བརྟེན་ཉིད་ཕྱིར་དང༌། །བརྩོན་ཕྱིར་ཡིད་ལ་བྱེད་ཕྱིར་དང༌། །སྔོན་ཕངས་ཕྱིར་དང་ཡོངས་གཟུང་ཕྱིར། །ཡོངས་སུ་བྱ་བ་བྱས་པའི་ཕྱིར། །རྟོག་གེ་ཕུན་སུམ་རྣམ་ལྔར་འདོད། །དེ་དེ་དང་ལྡན་པ་ནི་རྟོག་གེ་པ་ཡིན་ནོ་ཞེས་འབྱུང་ངོ༌། །དེ་ལ་ཡིད་ལ་བྱེད་ཕྱིར་ཞེས་བྱ་བ་ནི་བརྟག་པར་བྱ་བའི་གནས་ཡིད་ལ་བྱེད་པའི་ཕྱིར་རོ། །ཡོངས་གཟུང་ཕྱིར་ཞེས་བྱ་བ་ནི་ཚད་མའི་རིག་པ་རྣམ་པ་གསུམ་ཡོངས་སུ་གཟུང་བའི་ཕྱིར་རོ། །དེ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡིན་ནོ། །འཆི་བ་ནི་བཟང་པོ་མ་ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སེམས་ཉམས་པ་དང་རྨོངས་པས་འཆི་བའི་ཕྱིར་དང༌། བསོད་ནམས་མ་བྱས་པར་འཆི་འཕོ་བའི་ཕྱིར་དང༌། འགྲོ་བ་མི་འདོད་པར་འགྲོ་བའི་ཕྱིར་གོ་རིམས་བཞིན་དུ་འཆི་བ་ནི་བཟང་པོ་མ་ཡིན། དུས་བྱེད་པ་ནི་བཟང་པོ་མ་ཡིན། ཚེ་ཕྱི་མ་ནི་བཟང་པོ་མ་ཡིན་ཞེས་བྱ་བར་རིག་པར་བྱའོ། །བཟློག་པའི་ཕྱིར་དགྲ་བཅོམ་པ་ནི་བཟློག་པ་སྟེ། སེམས་མ་ཉམས་པ་དང༌། མ་རྨོངས་པ་འཆི་བའི་ཕྱིར་དང༌། བསོད་ནམས་བྱས་ནས་འཆི་འཕོ་བའི་ཕྱིར་དང༌། ཕུང་པོ་ལྷག་མ་མེད་པ་མྱ་ངན་ལས་འདས་པའི་ཕྱིར་བཟང་པོ་གསུམ་ཡིན་ནོ། །ཚེར་མ་ཕྱུང་བ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སོ་སོར་རྟོག་པའི་སྟོབས་ལ་བརྟེན་ནས་ཉོན་མོངས་པའི་ཀུན་ནས་དཀྲིས་པ་བསལ་བའི་ཕྱིར་ཚེར་མ་ཕྱུང་པ་རྣམས་ཡིན་ནོ། །
བསྒོམས་པའི་སྟོབས་ལ་བ་རྟེན་ནས་འཇིག་རྟེན་པའི་ལམ་གྱི་ཉོན་མོངས་པའི་བག་ལ་ཉལ་འཇོམས་པའི་ཕྱིར་ཚེར་མ་དཀྲུགས་པ་རྣམས་ཡིན་ནོ། །མཐོང་བའི་ལམ་གྱིས་བག་ལ་ཉལ་གྱི་ཕྱོགས་ཡང་དག་པར་བཅོམ་པའི་ཕྱིར་ཚེར་མ་དང་བྲལ་བ་རྣམས་ཡིན་ནོ། །བསྒོམ་པའི་ལམ་གྱིས་བག་ལ་ཉལ་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་ཚེར་མ་མེད་པ་རྣམས་ཡིན་ནོ། །གཞན་ཡང་འབྲས་བུ་དང་པོ་ལ་མཐོང་བས་སྤངས་བར་བྱ་བའི་བག་ལ་ཉལ་ཡང་དག་པར་བཅོམ་པའི་ཕྱིར་ཚེར་མ་ཕྱུང་བ་རྣམས་ཡིན་ནོ། །གཉིས་པ་ལ་འདོད་པ་ན་སྤྱོད་པའི་བསྒོམས་པས་སྤང་བར་བྱ་བ་ཉུང་ཟད་ཅིག་ལུས་པའི་ཕྱིར་ཚེར་མ་དཀྲུགས་པ་རྣམས་ཡིན་ནོ། །གསུམ་པ་ལ་དེ་མཐའ་དག་སྤང་བའི་ཕྱིར་ཚེར་མ་དང་བྲལ་བ་རྣམས་ཡིན་ནོ། །བཞི་པ་ལ་ཁམས་གསུམ་པའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་ཚེར་མ་མེད་པ་རྣམས་ཡིན་ནོ། །དད་པ་སྐྱེས་ནས་འགྲོ་བར་བྱེད། །སོང་ན་ཆོས་ཉན་པར་བྱེད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཉན་པར་བྱེད་དོ་ཞེས་བྱ་བ་ནི་ཚིག་འབྲུ་དང་དོན་གྱིས་སོ། །སེམས་པར་བྱེད་པ་ནི་ཇི་ལྟར་ཐོས་པའི་དོན་ངེས་པར་སེམས་བའི་ཕྱིར་རོ། །འཇལ་བར་བྱེད་བ་ནི་རིགས་པ་སྟེ། ལེགས་པར་གསུངས་པ་ཉིད་ཀྱིས་ཁྱད་པར་དམིགས་ཀྱིས་འབྱེད་པའི་ཕྱིར་རོ། །ཉེ་བར་རྟོག་པར་བྱེད་པ་ནི་བསྒོམ་པའི་རྣམ་པ་སྟེ། ཇི་ལྟར་གཟུང་བའི་དོན་སོ་སོར་རྟོག་པའི་ཕྱིར་རོ། །བདེན་པ་དེ་ཡང་ལུས་ཀྱིས་མངོན་སུམ་དུ་འདུ་བྱེད་པ་ནི་གནས་གྱུར་པའི་ཚེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པའི་ཕྱིར་རོ། །ཤེས་རབ་ཀྱིས་སོ་སོར་འབིགས་པར་བྱེད་པ་ནི་བདག་གིས་མངོན་སུམ་དུ་བྱས་སོ་ཞེས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ངེས་པར་འཛིན་པའི་ཕྱིར་རོ། །གཞན་ཡང་ཉན་པས་ནི་ཐོས་པ་ལས་བྱུང་བའི་ཡེ་ཤེས་སྟོན་པར་བྱེད་དོ། །སེམས་པས་ནི་བསམས་པ་ལས་བྱུང་བའོ། །འཇལ་བ་དང་ཉེ་བར་རྟོག་པ་གཉིས་ཀྱིས་ནི་མཐོང་བ་དང༌། བསྒོམ་པའི་ལམ་གྱི་བསྒོམས་པ་ལས་བྱུང་བ་སྟེ། མཐོང་བའི་ལམ་གྱིས་ནི་དེ་བཞིན་ཉིད་སོ་
སོར་རྟོག་པའི་ཕྱིར་སྒྲོ་འདོགས་པ་མེད་པ་དང་སྐུར་པ་འདེབས་པ་མེད་པ་གཉིས་ཀྱིས་མཉམ་པ་ལ་འཇོག་པར་བྱེད་པའི་ཕྱིར་འཇལ་བར་བྱེད་པ་ཡིན་ནོ། །བསྒོམ་པའི་ལམ་གྱིས་ནི་ཇི་ལྟར་འཇལ་བ་ལ་ཡང་དང་ཡང་དུ་རྟོག་པར་བྱེད་པའི་ཕྱིར་ཉེ་བར་རྟོག་པར་བྱེད་པ་ཡིན་ནོ། །བདེན་པ་དེ་ཡང་ཞེས་བྱ་བ་ནི་གང་གི་དབང་དུ་མཛད་ནས་ཆོས་བསྟན་པའི་མྱ་ངན་ལས་འདས་ཕ་ཡིན་ནོ། །ལུས་ཀྱིས་མངོན་སུམ་དུ་བྱེད་ཅིང་ཞེས་བྱ་བ་ནི་གནས་གྱུར་བ་ཉིད་ཀྱིས་ཏེ། རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་རོ། །ཤེས་རབ་ཀྱིས་སོ་སོར་འབིགས་པར་བྱེད་དོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱིས་སོ། །དེ་ལྟར་ན་དད་པ་ལ་བརྟེན་ནས་ཚོགས་དང་བཅས་པའི་ལམ་དང༌། ལམ་གྱི་འབྲས་བུ་རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་ཀུན་ཏུ་སྟོན་པར་བྱེད་དོ། །གཞི་དེ་ལས་སྦྱིན་པ་པོ་དང་སྦྱིན་བདག་གི་བསོད་ནམས་རྒྱུན་རྒྱས་བ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སྦྱིན་པ་པོ་ནི་གཞན་གྱི་ནོར་ཡང་བདག་གིས་སྦྱིན་པར་བྱེད་པའོ། །སྦྱིན་བདག་ནི་གང་གིས་ནོར་སྦྱིན་པར་བྱེད་པའོ། །བསོད་ནམས་ཀྱི་ལས་བྱེད་པ་ན་རྒྱུད་ལ་བག་ཆགས་རྣམ་པ་གཉིས་གནས་ཏེ། འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བ་འགྲུབ་པར་བྱེད་པ་དང༌། དད་པ་ལ་སོགས་པ་དགེ་བའི་ཆོས་ཀྱི་རྒྱུ་མཐུན་པའི་འབྲས་བུ་འགྲུབ་པར་བྱེད་པ་སྟེ། ཡོན་གནས་ཀྱི་ཁྱད་པར་གྱི་སྡེའི་སྤྱིན་པར་བྱ་བའི་དངོས་པོ་ཡོངས་སུ་སྤྱད་པའི་ཕྱིར་རོ། །དེ་གཉིས་བརྟས་པའི་ཁྱད་པར་དུ་འགྲོ་བ་ནི་གོ་རིམས་བཞིན་དུ་བསོད་ནམས་རྒྱུན་རྒྱས་པ་དང༌། དགེ་བ་རྒྱུན་རྒྱས་བ་ཚད་མེད་པ་རིག་པར་བྱའོ། །དེ་རྒྱུན་རྒྱས་པ་ཡང་བདེ་བའི་རྒྱུན་ཡིན་པའི་ཕྱིར་བདེ་བ་འདྲེན་པ་ཞེས་བྱ་བ་ནི་ཕན་ཡོན་ཡོངས་སུ་སྟོན་པར་བྱེད་པ་ཡིན་ནོ། །གཞན་ཡང་སྦྱིན་པ་ལས་བྱུང་བའི་བསོད་ནམས་གང་ཡིན་པ་དང༌། དེ་རབ་ཏུ་འཇུག་པར་བྱེད་པའི་དགེ་བ་ཡང་དག་པའི་ལྟ་བ་གང་ཡིན་པ་དེ་གཉིས་ཀྱིས་ཁམས་བརྟས་པ་ནི་གོ་རིམས་བཞིན་དུ་བསོད་ནམས་རྒྱུན་རྒྱས་པ་དང༌། དགེ་བ་རྒྱུན་རྒྱས་པ་ཡིན་ནོ། །དེ་གཉིས་ཀྱི་འབྲས་བུ་ཡིད་དུ་འོང་བའི་ས་བོན་བརྟས་པ་ནི་བདེ་བ་འདྲེན་པ་ཡིན་ནོ། །
གཞན་ཡང་སྦྱིན་པ་ལས་བྱུང་བའི་བསོད་ནམས་རྒྱུན་རྒྱས་པ་དེ་ཉིད་དགེ་བ་རྒྱུན་རྒྱས་པ་ཡིན་ཏེ། དགེ་བའི་རྒྱུ་མཐུན་པའི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་རོ། །བདེ་བ་འདྲེན་པ་ཡང་ཡིན་ཏེ། འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བའི་རྒྱུ་ཡིན་པའི་ཕྱིར་རོ། །རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ཏེ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པ་ཡིན་ནོ། །དབང་རྣམ་པ་ལྔ་ཐོབ་པས་དེ་ཉམས་སུ་མྱོང་བར་སྟོན་ཏེ། དབང་རྣམ་པ་ལྔ་ནི་རྫུ་འཕྲུལ་ལ་དབང་བ་ནི་དེ་རྒྱས་པར་བྱེད་པ་དང་བསྡུས་པའི་ཕྱིར་རོ། །སྟོན་པ་དང་མི་སྟོན་པ་ལ་དབང་བ་ནི་ལུས་སྣང་བར་བྱེད་པ་དང་སྣང་བར་མི་བྱེད་པའི་ཕྱིར་རོ། །འགྲོ་བ་ལ་དབང་བ་ནི་ཐད་ཀ་དང་བླ་དང་འོག་ཐོགས་པ་ཅན་ལ་ཡང་འགྲོ་བའི་ཕྱིར་རོ། །གནས་པ་ལ་དབང་བ་ནི་ཐོགས་པ་མེད་པ་ལས་ཀྱང་མི་ལྟུང་བའི་ཕྱིར་རོ། །འགྲོ་བ་དང་ཁམས་ཁྱད་པར་དུ་འཕགས་པ་གཉིས་སུ་རང་གི་ལུས་འཇུག་པ་ལ་དབང་བའོ། །རྩིག་པ་དང་རི་དང་ར་བ་སྨོས་པ་ནི་གཙུག་ལག་ཁང་དང༌། རི་དང༌། གྲོང་ན་གནས་པ་ན་རིག་པར་བྱའོ། །འཇིག་ཚོགས་འགོག་པ་མྱ་ངན་ལས་འདས་པ་ལ་སེམས་འཇུག་པར་བྱེད་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ། མི་སྐྲག་ཕྱིར་དང་མངོན་དགའི་ཕྱིར། །རྩེ་གཅིག་མ་ཆགས་འབྱུང་བའི་ཕྱིར། །སེམས་ནི་འཇུག་པར་བྱེད་པས་ན། །གྲོལ་བྱེད་རབ་ཏུ་ཤེས་པར་བྱ། །བཟློག་པའི་ཕྱིར་ནི་བཟློག་པ་ཡིན་ནོ། །གཞན་དག་ན་རེ་འཇུག་པར་བྱེད་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ། །དད་པར་བྱེད་པ་ནི་བསམས་པ་ལས་བྱུང་བས་སོ། །ཀུན་ཏུ་གནས་པར་བྱེད་པ་ནི་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བས་སོ། །རྣམ་པར་གྲོལ་བར་བྱེད་པ་ནི་འཇིག་རྟེན་ལས་འདས་པས་སོ་ཞེས་ཟེར་རོ། །དེ་ལྟ་ན་ནི་རྒྱུ་བསྟན་པ་ཡིན་གྱི་དོན་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་འདུན་པས་ཀྱང་འོན་ཀྱང་བདག་འདུ་བྱེད་ཐམས་ཅད་ཞི་བར་གནས་པ་དང༌། སྟོང་པ་ཉིད་དུ་དམིགས་པ་དང༌། སྲེད་པ་ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། མྱ་ངན་ལས་འདས་
བ་ལ་སེམས་འཇུག་པར་མི་བྱེད། དད་པར་མི་བྱེད་དོ་ཞེས་སྨྲས་པ་ནི་དེ་ལ་ཐོས་པ་ལས་བྱུང་བ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ཀྱང་མེད་པ་ནི་མ་ཡིན་ཏེ། གནས་བརྟན་བདག་ཀྱང་འདི་སྙམ་དུ་འདུ་བྱེད་ཐམས་ཅད་ནི་མི་རྟག་པ། ཆོས་ཐམས་ཅད་ནི་བདག་མེད་པ། ཞི་བ་ནི་མྱ་ངན་ལས་འདས་པའོ་སྙམ་དུ་སེམས་སོ་ཞེས་ཀྱང་འབྱུང་བའི་ཕྱིར་ཏེ། མང་དུ་ཐོས་པ་ཉིད་ཀྱི་ཕྱིར་དང༌། རྒྱུད་ཡོངས་སུ་སྨིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བས་ན་ཤེས་རབ་རྣམ་པ་གསུམ་ཆར་དང་ལྡན་པ་དག་ཡིན་ཡང༌། ནམ་ཡང་མྱ་ངན་ལས་འདས་པ་ལ་སེམས་མི་འཇུག་སྟེ། ངའོ་སྙམ་པའི་ང་རྒྱལ་རགས་པ་བར་ཆད་དང་བཅས་པ་དང༌། བར་ཆད་མེད་པར་ཀུན་ཏུ་རྒྱུ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འོ་ན་ང་དང་ངའི་བདག་གང་ཡིན་སྙམ་དུ་ཡོངས་སུ་ཡི་ཆད་བའི་རྒྱུས་ཡིད་ཕྱིར་ལྡོག་གོ །གང་གི་ཚེ་ན་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ངའོ་སྙམ་པའི་ང་རྒྱལ་ཀུན་ཏུ་རྒྱུ་བ་དེ་གཉེན་པོས་བསལ་བ་དེའི་ཚེ་དེ་ལ་མི་སྐྲག་པ་ལ་སོགས་པ་དང་ལྡན་པའི་ཕྱིར་འཇུག་པར་བྱེད་པ་ནས་རྣམ་པར་གྲོལ་བར་བྱེད་པའི་བར་དུ་ཡིན་ནོ། །མིག་གི་དབང་པོ་བསྲུང་བའི་ཕྱིར་དང༌། སྤ་བའི་ཕྱིར་དང༌། དུལ་བར་གནས་པར་བྱའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ལ་བརྟེན་ནས་གོ་རིམས་བཞིན་དུ་མིག་གི་དབང་པོ་བསྲུང་བའི་ཕྱིར་དང༌། སྦ་བའི་ཕྱིར་དང༌། དུལ་བར་གནས་པར་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ནོ། །གཞན་ཡང་ཡུལ་གང་ལ་འཇུག་པར་བྱ་བ་དེ་ལ་བསྲུང་བར་བྱ་བའི་ཕྱིར་ཏེ། དྲན་པས་བྱིན་གྱིས་བརླབ་པའི་ཕྱིར་རོ། །གང་ལ་འཇུག་པར་བྱ་བ་མ་ཡིན་པ་དེ་ལས་ནི་སྦ་བའི་ཕྱིར་ཏེ། དེ་མི་འཇུག་པའི་ཕྱིར་རོ། །དེའི་སྒོ་ནས་ཉོན་མོངས་པས་ཀུན་ཏུ་རྒྱུའི་བག་ལ་ཉལ་ཡང་དག་པར་གཞོམ་པའི་ཕྱིར་གཉེན་པོ་བསྒོམས་པས་ན་དུལ་པར་གནས་པར་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་པར་རིག་པར་བྱའོ། །དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་དང༌། ཤིན་ཏུ་སྦས་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཉོན་མོངས་པའི་བག་ལ་ཉལ་ཐམས་ཅད་
ཡང་དག་པར་བཅོམ་པའི་ཕྱིར་ཤིན་ཏུ་དུལ་བ་ཡིན་ནོ། །སོ་སོར་རྟོག་པའི་སྟོབས་ལ་བརྟན་ནས་དྲན་པ་དང་ཤེས་བཞིན་གཉིས་ཀྱིས་ཉོན་མོངས་པའི་ཀུན་ནས་དཀྲིས་པ་མི་སྐྱེད་པའི་ཕྱིར་ཤིན་ཏུ་སྦས་པ་ཡིན་ལ། སྐྱེས་པ་དང་དུ་མི་ལེན་པའི་ཕྱིར་ཤིན་ཏུ་བསྲུངས་པ་ཡིན་ནོ། །འཇིག་རྟེན་པའི་བསྒོམ་པའི་སྟོབས་ལ་བརྟན་ནས་ཤིན་ཏུ་བསྡམས་པ་ཡིན་ནོ། །འཇིག་རྟེན་ལས་འདས་པ་ལ་བརྟན་ནས་ཤིན་ཏུ་བསྒོམས་པ་ཡིན་ནོ། །དེ་ལྟར་ན་སེམས་དུལ་བ་ཐབས་དང་བཅས་པ་ཡོངས་སུ་བརྟན་པ་ཡིན་ནོ། །འདིར་ཡང་སྨྲས་པ། དྲན་པས་མ་སྐྱེས་ཕྱིར་སྦས་ཤིང༌། །ཤེས་བཞིན་གྱིས་ནི་སྐྱེས་ལས་བསྲུངས། །གནོན་དང་རྩ་བ་བཅོམ་གཉིས་ཀྱིས། །བསྡམས་དང་བསྒོམས་པ་ཡིན་པར་འདོད། །ལུང་ལས་ནི་འཇུག་པར་བྱ་བ་མ་ཡིན་པ་ལ་མི་འཇུག་པའི་ཕྱིར་ཤིན་ཏུ་སྦས་པ་ཡིན་ནོ། །འཇུག་པར་བྱ་བ་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་པས་འཇུག་པའི་ཕྱིར་ཤིན་ཏུ་བསྲུངས་པ་ཡིན་ནོ། །རང་ཉིད་ཡུལ་ལ་མི་རྒྱུག་པའི་ཕྱིར་ཤིན་ཏུ་བསྡམས་པ་ཡིན་ནོ། །རང་ཉིད་ཀུན་ནས་ཉོན་མོངས་པར་མི་འགྱུར་བའི་ཕྱིར་ཤིན་ཏུ་བསྒོམས་པ་ཡིན་ནོ། །དེ་ལྟར་ན་ཤིན་ཏུ་དུལ་བ་ཡིན་ནོ་ཞེས་འབྱུང་ངོ༌། །དེ་བྱམས་པ་དང་ལྡན་པའི་སེམས་ཁོན་མེད་པ་འགྲན་ཟླ་མེད་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སེམས་ཅན་ཕ་རོལ་དག་ལ་ཕན་པ་དང་བདེ་བའི་བསམ་པ་ནི་བྱམས་པའོ། །དེ་དང་མཚུངས་པར་ལྡན་པའི་སེམས་ནི་བྱམས་པ་དང་ལྡན་པའོ། །དེ་ནི་ཉེ་བའི་ཉོན་མོངས་པ་རྣམ་པ་གསུམ་གྱི་གཉེན་པོ་ཡིན་པའི་ཕྱིར་ཁོ་ན་མེད་པ་དང་འགྲན་ཟླ་མེད་པ་དང༌། གནོད་པ་མེད་པའོ། །ཉེ་བའི་ཉོན་མོངས་པ་རྣམ་པ་གསུམ་ནི་སེམས་ཅན་མཉམ་པ་དང་ཁྱད་པར་དུ་འཕགས་པ་གནོད་པ་བྱེད་པ་དག་ལ་ཁོན་དུ་འཛིན་པ་དང༌། གནོད་པ་མི་བྱེད་པ་དག་ལ་ཕྲག་དོག་དང༌། དེ་གཉིས་དང་ལྡན་པའི་དམན་པ་དག་ལ་ནི་གནག་གིས་ན་དེ་དག་ལ་གནོད་པར་འགྱུར་བའི་ཞེ་སྡང་ངོ༌། །འབྲས་བུ་ཆེ་བ་ཉིད་ཡིན་པའི་ཕྱིར་ཡངས་པའོ། །གཟུགས་ན་སྤྱོད་པ་ཉིད་ཡིན་པའི་ཕྱིར་རྒྱ་ཆེན་པོར་གྱུར་པའོ། །སེམས་ཅན་དཔག་ཏུ་མེད་པ་ལ་དམིགས་པ་ཉིད་ཡིན་པའི་ཕྱིར་ཚད་མེད་
པའོ། །མི་མཐུན་པའི་ཕྱོགས་ཤིན་ཏུ་ཐུལ་བའི་ཕྱིར་ཤིན་ཏུ་བསྒོམས་པའོ། །དེ་ལྟར་ན་གཉེན་པོ་ཉིད་དང༌། འབྲས་བུ་ཉིད་དང༌། ས་ཉིད་དང༌། དམིགས་པ་ཉིད་དང༌། རྣམ་པར་དག་པ་ཉིད་ཀྱི་སེམས་དེ་ཡོངས་སུ་བསྟན་པ་ཡིན་ནོ། །ཕྱོགས་གཅིག་ཏུ་ཞེས་བྱ་བ་ནི་གནས་ཀྱི་གནས་པ་པོ་བསྟན་པ་ཡིན་ཏེ། དཔེར་ན་ཁྲི་དག་འབོད་དོ། །རི་དགས་ཚིག་གོ་ཞེས་བྱ་བ་ལྟ་བུའོ། །མོས་ཏེ་ཞེས་བྱ་བ་ནི་མོས་པ་ཡིད་ལ་བྱེད་པ་ཉིད་སྟོན་པ་ཡིན་ནོ། །ཁྱབ་པར་བྱས་ནས་ཞེས་བྱ་བ་ནི་ཁྱབ་པར་སྟོན་པ་ཡིན་ཏེ། ཅིག་ཅར་དུ་མཐའ་དག་ལ་མོས་པའི་ཕྱིར་རོ། །རྫོགས་པར་བྱས་ཏེ་ཞེས་བྱ་བ་ནི་དངོས་གཞིའི་སྙོམས་པར་འཇུག་པ་མངོན་དུ་གྱུར་པ་ཡིན་པར་དེ་སྟོན་པ་ཡིན་ནོ། །གནས་སོ་ཞེས་བྱ་བ་ནི་དུས་གཞན་དུ་ཡང་རྗེས་སུ་འཇུག་པར་སྟོན་པ་ཡིན་ནོ། །བརྩོན་འགྲུས་བརྩམས་ཤིང་ཞུམ་པ་མེད་པ་ཡིན། ལུས་ཤིན་ཏུ་སྦྱངས་ཤིང་ཉེས་པར་བརྩམས་པ་མེད་པ་ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུ་མ་བུའོ། །དེ་ལ་ཚིག་ཕྱི་མས་རྣམ་པར་བཤད་པ་དང་བཅས་པའི་ཚིག་བཞི་པོ་དག་ནི་གོ་རིམས་བཞིན་དུ་སེམས་རྣམ་པ་བཞིའི་གཉེན་པོར་རིག་པར་བྱའོ། །སེམས་རྣམ་པ་བཞི་ནི་ཧ་ཅང་ཞུམ་པ་དང༌། ཧ་ཅང་རབ་ཏུ་བཟུང་བ་དང༌། ནང་དུ་བསྡུས་པ་དང༌། ཕྱི་རོལ་དུ་རྣམ་པར་གཡེངས་པ་སྟེ། དེ་ཁོ་ནའི་གཉེན་པོར་སྤོང་བའི་འདུ་བྱེད་རྣམ་པ་གཉིས་གཉིས་ཡིན་ནོ། །གཞན་ཡང་ཞི་གནས་དང་རབ་ཏུ་འཛིན་པའི་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཚིག་གཉིས་ཏེ། ཞུམ་པ་དང༌། རྒོད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །བཏང་སྙོམས་ཀྱི་ཉེ་བའི་ཉོན་མོངས་པའི་གཉེན་པོ་ཡང་ཚིག་གཉིས་ཡིན་ནོ། །དེ་གཉིས་ཀྱང་གང་གིས་ན་དྲན་པ་ཀུན་ཏུ་རྨོངས་པར་འགྱུར་བའི་མ་རིག་པ་དང༌། གང་གིས་ན་རོ་མྱང་བ་ལ་སེམས་རྣམ་པར་གཡེངས་པར་འགྱུར་བའི་སྲེད་པའོ། །གཞན་ཡང་སྐྱོན་རྣམ་པ་བཞིའི་གཉེན་པོར་ཚིག་བཞི་དག་ཡིན་ནོ། སྐྱོན་རྣམ་པ་བཞི་ནི་བརྩོན་འགྲུས་མ་བརྩམས་ན་སེམས་ཞུམ་པར་འགྱུར་བ་དང༌། ཧ་ཅང་བརྩམས་ན་ལུས་དུབ་བར་འགྱུར་བ་དང༌། བརྗོད་ངས་བ་
དང་སེམས་ཉམས་པ་སྟེ་གང་གིས་ན་ལུས་ཉེས་པར་བརྩམས་པ་དང༌། དྲན་པ་ཀུན་ཏུ་རྨོངས་པ་དང་སེམས་རྩེ་གཅིག་པ་མ་ཡིན་པ་སྟེ་ཡུལ་རྣམ་པར་གཡེངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེའི་གཉེན་པོ་ཉིད་ཡང་དག་པར་བསྟན་པའི་ཕྱིར་བརྩོན་འགྲུས་ལ་སོགས་པ་ཚིག་ཕྱི་མས་ཁྱད་པར་དུ་བྱེད་པ་ཡིན་པར་རིག་པར་བྱའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་མིག་སྐྱེས་ཤིང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དོན་མངོན་སུམ་དུ་གྱུར་པའི་ཕྱིར་ཟག་པ་མེད་པའི་ཤེས་རབ་ནི་མིག་གོ །ཐེ་ཚོམ་མེད་པའི་ཕྱིར་ཤེས་པའོ། །ཡང་དག་པ་མངོན་དུ་གྱུར་པའི་ཕྱིར་རིག་པའོ། །རྣམ་པར་དག་པའི་ཕྱིར་བློ་སྟེ། ངེས་པའི་ཚིག་གི་ཆོས་ཉིད་ཀྱི་རྒྱུས་ན་རྣམ་པར་དག་པའི་ཕྱིར་བློ་ཡིན་ནོ། །མིག་ལ་ཞན་པ་དང༌། ནོར་བ་དང༌། རྙོག་བ་ཉིད་མེད་པར་ཡང་དག་པར་བསྟན་པའི་ཕྱིར་རྣམ་པ་གསུམ་གྱི་ཁྱད་པར་དུ་བྱེད་པ་ཡིན་ནོ། །གཞན་ཡང་ཕྱི་རོལ་པ་རྣམས་ཀྱི་ལྟ་བ་ནི་བདེན་པ་རྣམས་ལ་ངན་པར་ལྟ་བ་དང༌། ཐེ་ཚོམ་དང༌། མ་རིག་པ་རྣམས་ཀྱི་གཉེན་པོ་མ་ཡིན་པ་དང༌། ཟག་པ་དང་བཅས་པ་ཡིན་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་མིག་ལ་སོགས་པ་སྨོས་སོ། །གཞན་ཡང་བཟླས་པ་གསུམ་དག་ལ་ཐོག་མར་མཐོང་བ་ནི་མིག་གོ །ཇི་ལྟར་མཐོང་བལ་རྣམ་པར་དཔྱོད་པ་ནི་ཤེས་པའོ། །གཉིས་པོ་དེ་ཉིད་ཇི་སྙེད་ཡོད་པ་ཅན་ཉིད་ལ་བརྟེན་ནས་རིག་པ་སྟེ། ཇི་སྙེད་ཡོད་པ་ལ་འཛིན་པའི་ཕྱིར་རོ། །ཇི་ལྟར་ཡོད་པ་ཅན་ཉིད་ལ་བརྟེན་ནས་བློ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་བའི་ཕྱིར་རོ། །གཞན་ཡང་ཆོས་མ་ཐོས་པ་རྣམས་ལ་རྗེས་སུ་དཔག་པ་དགག་པའི་ཕྱིར་མིག་ཅེས་བྱ་བ་གསུངས་སོ། །མོས་པ་ལས་བྱུང་བའི་མཐོང་བ་དགག་པའི་ཕྱིར་ཤེས་པས་སོ། །མངོན་པའི་ང་རྒྱལ་དགག་པའི་ཕྱིར་རིག་པའོ། །ཟག་པ་དང་བཅས་པ་ཉིད་དགག་པའི་ཕྱིར་བློ་སྟེ། རྣམ་པར་དག་པའི་དོན་གྱིས་སོ། །ཁ་ཅིག་ན་རེ་བཟོད་པ་ནི་མཐོང་བ་ཉིད་ཡིན་པའི་ཕྱིར་མིག་ཡིན་ལ། ཤེས་པ་ནི་ཤེས་པ་ཉིད་ཡིན་ནོ་ཞེས་ཟེར་ཏེ། དེ་ནི་བཟླས་པ་གསུམ་དག་ལ་འཐད་པ་མ་ཡིན་ཏེ། དེ་དག་ནི་མཐོང་བ་དང༌། བསྒོམ་པ་དང༌། མི་སློབ་བའི་ལམ་གྱིས་
བསྡུས་པའི་ཕྱིར་རོ། །དགེ་སློང་དག་འདི་ནི་ཁྱེད་ལ་ཕན་པའི་ཕྱིར་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །ཕན་པའི་ཕྱིར་ནི་འདོད་པ་བསོད་ཉམས་ཀྱི་རྗེས་སུ་སྦྱོར་བའི་མཐའ་ཡོངས་སུ་སྤང་པ་ཡིན་ནོ། །བདེ་བའི་ཕྱིར་ནི་བདག་ཉིད་དུབ་པར་གནས་པའི་རྗེས་སུ་སྦྱོར་བའི་མཐའ་ཡོངས་སུ་སྤོང་བ་ཡིན་ནོ། །ཕན་པ་དང་བདེ་བའི་ཕྱིར་ནི་གཉིས་ཀའི་མཐའ་སྤངས་ནས་དབུ་མ་བའི་ལམ་བསྒོམ་པ་ཡིན་ནོ། །གཞན་ཡང་ཕན་པའི་ཕྱིར་ནི་སྡུག་བསྔལ་དང་བཅས་པའི་ཉེ་བའི་ཉོན་མོངས་པའི་གཉེན་པོ་བསྟེན་པ་ཡིན་ནོ། །བདེ་བའི་ཕྱིར་ནི་ཉོན་མོངས་པ་རྣམས་མེད་པར་སྡུག་བསྔལ་གྱི་གཉེན་པོ་བསྟེན་པ་ཡིན་ནོ། །ཕན་པ་དང་བདེ་བའི་ཕྱིར་ནི་བདེ་བ་དང་བཅས་བའི་ཉོན་མོངས་པའི་གཉེན་པོ་བསྟེན་པ་ཡིན་ནོ། །གཞན་ཡང་ཕན་པའི་ཕྱིར་ནི་ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམས་མ་རྟོགས་པར་ཉོན་མོངས་པ་ཟད་པའི་ལམ་མོ། །བདེ་བའི་ཕྱིར་ནི་འདིར་ཉོན་མོངས་པ་ཟད་པའི་ལམ་མ་གཏོགས་པའི་ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་མོ། །ཕན་པ་དང་བདེ་བའི་ཕྱིར་ནི་ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམས་དང་བཅས་པའི་ཉོན་མོངས་པ་ཟད་པའི་ལམ་མོ། །གཞན་ཡང་ཕན་པའི་ཕྱིར་ནི་སློབ་པ་རྣམས་ཀྱི་དཀའ་བའི་ལམ་མོ། །བདེ་བའི་ཕྱིར་ནི་མི་སློབ་པ་རྣམས་ཀྱི་སླ་བའི་ལམ་ཡིན་ནོ། །ཕན་པ་དང་བདེ་བའི་ཕྱིར་ནི་སློབ་པ་རྣམས་ཀྱི་སླ་བའི་ལམ་ཡིན་ཏེ་གོ་རིམས་བཞིན་ནོ། །ཤིང་ཐགས་བཙུགས་པ་ནི་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཟབས་རིང་བ་ནི་ཟབས་རིང་དུ་བཙུགས་པ་ཡིན་པའི་ཕྱིར་རོ། །ལེགས་པར་བཙུགས་པ་ནི་བློ་ནས་ལེགས་པར་བརྟན་པོར་བྱས་པའི་ཕྱིར་རོ། སྲ་བ་ནི་མི་འདྲུལ་བའི་ཕྱིར་རོ། །བརྟན་པ་ནི་ཡུན་རིང་དུ་གནས་པའི་ཤིང་ཡིན་པའི་ཕྱིར་རོ། །མཁྲེགས་པ་དང་ལྡན་པ་ནི་ཤུན་པ་མེད་པ་དང༌། ཁོང་ན་ལུང་མེད་པའི་ཕྱིར་རོ། །མི་གཡོ་བ་ནི་མི་འགུལ་བའི་ཕྱིར་ལ། མི་འཆག་པ་ནི་མི་ཆོགས་པའི་ཕྱིར་ཏེ། ཟབས་རིང་བ་དང་ལེགས་པར་བཙུགས་པའི་གཞིའི་ཁྱད་པར་གྱིས་ནི་མི་གཡོ་བ་ཡིན་ལ། སྲ་བ་དང་བརྟན་
པ་དང་མཁྲེགས་པ་དང་ལྡན་པའི་རང་བཞིན་གྱི་ཁྱད་པར་གྱིས་མི་འཆག་པ་ཡིན་པས་གཞི་དང་རང་བཞིན་གྱི་ཁྱད་པར་དེ་གཉིས་དང་གོ་རིམས་བཞིན་ནོ། །དེ་ལྟར་ན་དེ་དག་ནི་རྣམ་པ་གཉིས་དང༌། གསུམ་དང༌། གཉིས་ཀྱི་གཞི་ཉིད་དང༌། རང་བཞིན་ཉིད་དང༌། དེས་བྱས། པའི་ཕན་ཡོན་གྱི་ཕྱིར་ཕུན་སུམ་ཚོགས་པ་ནི་ཕྱི་རོལ་པ་རྣམས་ཀྱི་གནས་མི་ཐོད་པ་ཡིན་ནོ། །ལོངས་སྤྱོད་བསྐྱོད་པ་དང་བརྩོན་འགྲུས་ཀྱིས་ཐོབ་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་པ་སྐྱོད་པ་དང་བརྩོན་འགྲུས་ཀྱིས་ཐོབ་པ་ཞེས་བྱ་བ་ནི་སེམས་ཀྱི་རྩལ་གྱིས་བསྒྲུབས་པ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ཏེ། གཉིད་ཀྱི་བདེ་བ་དང༌། གློས་འབེབས་པ་དང༌། ཉལ་བའི་བདེ་བ་གཉིས་ཀྱི་གཉེན་པོར་གོ་རིམས་བཞིན་ནོ། །ལག་མཐུས་བསྒྲུབས་པ་ཞེས་བྱ་བ་ནི་ལུས་ཀྱི་རྩལ་གྱིས་བསྒྲུབས་པ་ཉིད་ཡིན་ནོ། །རྡུལ་མེད་མེད་དྲི་མ་ཆགས་ཆགས་སུ་བསྒྲུབས་པ་ཞེས་བྱ་བ་ནི་ངལ་བས་བསྒྲུབས་པ་ཡིན་ནོ། །ཆོས་དང་ལྡན་ཞིང་ཆོས་ཀྱིས་ཐོབ་པ་ཞེས་བྱ་བ་ནི་རིགས་པས་བསྒྲུབས་པ་ཉིད་ཡིན་ཏེ། ཡང་དག་པའི་འཚོ་བ་དང་མ་བྲལ་བ་ཉིད་ཀྱི་ཕྱིར་ཆོས་དང་ལྡན་ཞིང་ངོ༌། །བསོད་ནམས་ཀྱིས་ཐོབ་པའི་ཕྱིར་ཆོས་ཀྱིས་ཐོབ་པའོ།། གཞན་ཡང་སངས་རྒྱས་ལ་སོགས་པར་གཏོགས་པ་ཉིད་མ་ཡིན་པའི་ཕྱིར་ཆོས་དང་ལྡན་ཞིང་ངོ༌། །ལོག་པའི་འཚོ་བས་ཐོབ་པ་མ་ཡིན་པའི་ཕྱིར་ཆོས་ཀྱིས་ཐོབ་པའོ། །ཕན་ཡོན་ཚེ་ཕྱི་མ་ལ་འགྲོ་བ་གང་མར་འགྱུར་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་འགྲོ་བ་འོག་མ་ནི་ངན་སོང་རྣམས་ཡིན་ནོ། །དེའི་འགྲོ་བ་གོང་མར་གྱུར་པ་ནི་མི་རྣམས་ཏེ། དེར་འགྲོ་བར་བྱེད་པའི་ཕན་ཡོན་ནི་འགྲོ་བ་གང་མར་འགྱུར་བའོ། །དེ་ལས་ཀྱང་གང་ཞིག་མིའི་སྐལ་བ་བཟང་པོའི་འབྲས་བུ་སྨིན་པར་བྱེད་པ་དེ་ནི་སྐལ་བ་བཟང་པོར་འགྱུར་བའོ། །དེ་ལས་ཀྱང་གང་ཞིག་ལུས་དང་ལོངས་སྤྱོད་ཡིད་དུ་འོང་བའི་འབྲས་བུ་སྨིན་པར་བྱེད་པ་དེ་ནི་རྣམ་པར་སྨིན་པ་བདེ་བར་འགྱུར་བའོ། །གང་ཞིག་ལྷར་སྐྱེ་བར་བྱེད་པ་དེ་ནི་མཐོ་རིས་འགྲུབ་པར་བྱེད་པའོ། །གཞན་ཡང་འགྲོ་བ་གོང་མར་འགྱུར་བ་དེ་ཉིད་ལྷག་མས་གསལ་བར་བྱེད་པ་ཡིན་ནོ། །སྐྱེས་བུ་དམ་
པའི་འགྲོ་བ་བདུན་དག་གང་ཞེ་ན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདིར་འགྲོ་བ་ཅི་ཞེ་ན་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་སྐྱེ་བ་གཞན་གྱི་གནས་སྐབས་སོ། །བདུན་ཉིད་ནི་མྱ་ངན་ལས་འདས་པ་འཐོབ་པའི་དུས་ཀྱིས་དབྱེ་བ་ལས་སོ། །འཕགས་པ་མ་ཡིན་པ་ཡང་སྲིད་པ་བདུན་དག་གིས་སམ། ལན་ཅིག་ཕྱིར་འོང་བས་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་ལ། བར་མདོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མ་ཡིན་པ་ནས་གོང་དུ་འཕོ་བའི་བར་དུ་ཡང་མི་འགྱུར་བས་འདི་དག་ཁོ་ན་སྐྱེས་བུ་དམ་པའི་འགྲོ་བ་བདུན་དག་ཡིན་ནོ། །མྱ་ངན་ལས་འདས་པའི་ཡང་འགྲོ་བ་ཀུན་ཏུ་གཅོད་པ་ཡིན་པའི་ཕྱིར་འགྲོ་བ་མ་ཡིན་ནོ། །འོ་ན་ཚིགས་སུ་བཅད་པ་ལས། དགྲ་བཅོམ་འགྲོ་བ་མྱ་ངན་འདས། །ཞེས་གང་གསུངས་པ་ཇི་ལྟ་བུ་ཞེ་ན། དེ་ལས་ནི་རྟོན་པ་ལ་འགྲོ་བ་ཞེས་བྱ་བར་བསྟན་པ་ཡིན་ནོ། །བདག་མ་བྱུང་ཡང་རུང་བདག་གི་ཡང་སྲིད་པ་མ་བྱུང་ཡང་རུང་ཞེས་བྱ་བ་རྣམ་པ་འདི་གཉིས་ཀྱིས་ནི་མྱ་ལས་འདས་པ་ལ་འདོད་པའི་ཕྱིར་མཚན་མ་མེད་པ་ལ་སྦྱོར་བ་ཡིན་ནོ། །བདག་མི་འབྱུང་བར་འགྱུར། བདག་གི་ལུས་འདི་མི་འབྱུང་བར་འགྱུར་རོ་ཞེས་བྱ་བ་ཡིན་ཏེ། མི་རྟག་པའི་རྣམ་པ་གཉིས་ཀྱིས་སྐྱེ་བ་སུན་འབྱིན་པའི་ཕྱིར་སྨོན་པ་མེད་པ་ལ་སྦྱོར་བ་ཡིན་ནོ། །རྣམ་གྲངས་གཞན་ཡང་སྨོན་པ་དང་ངེས་པའི་དུས་གཉིས་སུ་མྱ་ངན་ལས་འདས་པ་ལ་སེམས་རབ་ཏུ་འཇུག་པར་བྱེད་པའི་ཕྱིར་གཉིས་ཀ་ཡང་མཚན་མ་མེད་པ་ལ་སྦྱོར་བ་ཁོ་ན་ཡིན་ནོ། །དེ་ལྟར་ན་གང་ཡོད་པ་ཞེས་བྱ་བ་ནི་ཕུང་པོ་ཙམ་མོ། །གང་འབྱུང་བ་ཞེས་བྱ་བ་ནི་འདུས་བྱས་སོ། །དེ་སྤོང་ངོ་ཞེས་བྱ་བ་ནི་འདུས་བྱས་མི་རྟག་པ་ཙམ་འགོག་པར་མཐོང་བའི་ཕྱིར་བཏང་སྙོམས་འཐོབ་ཀྱི་བདག་མི་འབྱུང་བར་འགྱུར་རོ་སྙམ་དུ་དངང་བར་མི་འགྱུར་རོ། །ལེན་པ་མེད་པར་མྱ་ངན་ལས་འདས་པ་ནི་ཁ་ཅིག་ལས་ནི་ཕུང་པོའི་ལྷག་མ་མེད་པ་ཡིན་པར་འབྱུང་སྟེ། དཔེར་ན་རྣམ་པར་གྲོལ་བའི་རྒྱུས་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ལས་ནི་ཕུང་པོའི་ལྷག་མ་དང་བཅས་པ་ཡིན་པར་འབྱུང་སྟེ། དཔེར་ན་ཀྱེ་མ་དགེ་སློང་ཉེ་བར་ཞི་བ་ཟག་
པ་མེད་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ་མི་ལྡན་པར་གྱུར་པ། ལེན་པ་མེད་པར་མྱ་ངན་ལས་འདས་པ་འདི་ནི་ལེགས་སོ་ཞེས་འབྱུང་བ་ལྟ་བུའོ། །འདི་ནི་ཕུང་པོའི་ལྷག་མ་མེད་པ་ལ་བྱ་བར་མངོན་ཏེ། ཚེ་ཕྱི་མའི་འགྲོ་བའི་དབང་དུ་མཛད་པའི་ཕྱིར་དང༌། ཤར་ཕྱོགས་སུ་འགྲོ་བར་མི་སྨྲ་ཞིང་ཞེས་བྱ་བ་རྒྱས་པར་གསུངས་པའི་ཕྱིར་རོ། །ཡོད་པ་ལ་ཡོད་པ་ཉིད་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ། སྟོང་པ་ཉིད་ཀྱིས་ཡོད་པ་ལ། །ཡོད་ཉིད་མེད་ལ་མེད་ཉིད་རིག །དེ་ནས་ཇི་ལྟར་གང་ཡོད་ལ། །གཉིས་ཀྱིས་བླ་བཅས་བླ་མེད་རིག །གཉིས་ཀྱིས་ཞེས་བྱ་བ་ནི་མཚན་མ་མེད་པ་དང་སྨོན་པ་མེད་པ་གཉིས་ཀྱིས་སོ། །སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ཀྱི་གོ་རིམས་ཀྱང་དེ་ཉིད་ཀྱི་ཕྱིར་རོ། །ཡོད་པ་དང་མེད་པའི་དངོས་པོ་ཤེས་བ་ནི་ཡོད་པ་ལ་བླ་མ་དང་བཅས་པ་དང་བླ་མ་མེད་བ་གཉིས་སུ་ཤེས་པར་ནུས་ཀྱི། གྱིན་ནི་མ་ཡིན་ལ། ཤེས་ན་ཡོད་པ་བླ་མ་དང་བཅས་པ་ཡིན་ན་ནི་ཡིད་ཀྱིས་སྨོན་པར་མི་བྱེད་ལ། བླ་ན་མེད་པ་ཡིན་ན་ནི་སྨོན་པར་བྱེད་དོ། །གཞན་ཡང་སྨྲས་པ། བདག་འཛིན་ཕྱིར་དང་སྲིད་ལ་སྲིད། །དེས་ན་སྲེད་ཟད་མི་འདོད་དེ། །གསུམ་པོ་དེ་ཡི་གཉེན་པོར་ནི། །སྟོང་ཉིད་ལ་སོགས་ཏིང་འཛིན་རྣམས། །གཅིག་གིས་ཡོད་དང་མེད་པ་དང༌། གཉིས་ཀྱིས་ཡོད་ལ་སྐྱོན་ཡོན་རིག །དེ་ཕྱིར་གསུམ་སྟེ་དེ་དག་གི །རིམ་པ་སྔ་མས་ཕྱིར་མ་དྲངས། །དེ་ལྟར་ན་ཡོད་པ་ལ་སྐྱོན་ཡོན་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ལ་སྟེ་གོ་རིམས་བཞིན་ནོ། །ལུང་ལས་ནི། མེད་དང་དེ་བཞིན་སྐྱོན་ལྡན་དང༌། །དེ་བཞིན་ཡོན་ཏན་ལྡན་དངོས་ལ། །ཡོད་འཛིན་ཡོན་ཏན་ལྡན་འཛིན་དང༌། །ཡོན་ཏན་མི་ལྡན་འཛིན་གཞོམ་ཕྱིར། །གོ་རིམས་བཞིན་དུ་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་སོ་ཞེས་འབྱུང་ངོ༌། །ལེགས་པར་མཐོང་བ་ལེགས་པར་རིག་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ལེགས་པར་མཐོང་བ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པ་ཡིན་ནོ། །དེ་ལ་ལེགས་པར་རིག་པ་ནི་ཐོས་བ་ལས་བྱུང་བའི་ཤེས་རབ་ཀྱིས་སོ། །ལེགས་པར་ཡིད་ལ་བྱས་པ་
ནི་བསམས་པ་ལས་བྱུང་བས་སོ། །ལེགས་པར་བསྟེན་པ་ནི་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བ་སྟེ། དགའ་བ་དང་བཅས་པ་ཡིན་པའི་ཕྱིར་རོ། །ལེགས་པར་རྟོགས་པ་ནི་འཇིག་རྟེན་ལས་འདས་པ་སྟེ་དོན་དམ་པ་ལ་འཇུག་པའི་ཕྱིར་རོ། །དེ་ལྟར་ན་ལེགས་པར་མཐོང་བ་ཡིན་ནོ། །འདུན་པ་སྐྱེད་པར་བྱེད་རྩོལ་བར་བྱེད་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །མཉམ་པར་མ་བཞག་པའི་སྦྱོར་བ་སྤང་བ་ལ་སོགས་པར་འདོད་པ་ཉིད་ཀྱི་ཕྱིར་དང༌། དེའི་ཐབས་ཡོངས་སུ་བཟུང་བ་ཉིད་ཀྱི་ཕྱིར་དང༌། དེ་ལན་མང་དུ་བྱ་བ་དང༌། བརྟན་པོར་བྱ་བ་ཉིད་ཀྱི་ཕྱིར་དང༌། མཉམ་པར་གཞག་པའི་སྦྱོར་བ་ཞུམ་པ་དང༌། རྒོད་པའི་གཉེན་པོའི་བསྒོམ་པ་ཉིད་ཀྱི་ཕྱིར་དེ་དག་གོ་རིམས་བཞིན་དུ་རིག་པར་བྱའོ། །གཞན་ཡང་སྤང་པ་ལ་སོགས་པར་འདོད་པ་ཉིད་ཀྱི་ཕྱིར་དང༌། དེ་དག་ལ་སྦྱོར་བ་ཉིད་ཀྱི་ཕྱིར་དང༌། དེ་ལ་བརྩོན་པའི་ལུས་དང་སེམས་དུབ་པར་གྱུར་ན་བརྩོན་འགྲུས་རྒྱུན་མི་ཆད་པ་ཉིད་ཀྱི་ཕྱིར་དང༌། ཞི་གནས་དང་ལྷག་མཐོང་གི་ཉེ་བའི་ཉོན་མོངས་པ་སྤངས་པ་ཉིད་ཀྱི་ཕྱིར་ཡང་གོ་རིམས་བཞིན་ནོ། །གཞན་ཡང་རྩོལ་བར་བྱེད་པ་ནི་སོ་སོར་རྟོགས་པའི་དུས་ན་བརྩོན་འགྲུས་བརྩམས་པ་ལ་བརྟེན་པ་ཉིད་ཀྱི་ཕྱིར་དང༌། བསྒོམ་པའི་དུས་ན་ཏིང་ངེ་འཛིན་ལ་བརྟེན་པ་ཉིད་ཀྱི་ཕྱིར་ཏེ། སེམས་ཞུམ་པ་རབ་ཏུ་བཟུང་ནས་ནང་དུ་རབ་ཏུ་འཇོག་པའི་ཕྱིར་ན་དགེ་སློག་མའི་མདོ་སྡེ་ལས་འབྱུང་བ་བཞིན་ནོ། །འདུས་པ་དན་ལྡན་པ་ཚོགས་དང་ལྡན་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འཁོར་དང༌། བློ་དང༌། ཡིད་ཆེས་པ་དང༌། མཆོད་པ་ཕུན་སུམ་ཚོགས་པ་ཉིད་དུ་སྟོན་ཏོ། །འདུས་པ་དང་ལྡན་པ་ཚོགས་དང་ལྡན་པ་ཞེས་བྱ་བ་ནི་འཁོར་ཕུན་སུམ་ཚོགས་པ་ཉིད་ཡིན་ཏེ། ཉན་པ་པོའི་ཚོགས་འདུས་པ་དང་འཁོད་པ་དང་གོ་རིམས་བཞིན་ནོ། །ཚོགས་ཀྱི་སློབ་དཔོན་ཞེས་བྱ་བ་ནི་བློ་ཕུན་སུམ་ཚོགས་པ་ཉིད་ཡིན་ཏེ། དེ་རྣམས་ལ་རང་གི་བསྟན་བཅོས་ཀྱི་རྗེས་སུ་སྟོན་པའི་ཕྱིར་རོ། །སྐྱེ་བོ་མང་པོས་དགེ་བའི་རང་བཞིན་དུ་ཀུན་ཏུ་ཤེས་པ་ཞེས་བྱ་བ་ནི་ཡིད་ཆེས་པ་ཕུན་སུམ་ཚོགས་པ་ཡིན་ཏེ། མང་པོ་རྣམས་ཀྱིས་རྟོགས་པ་ལ་ཡིད་
ཆེས་པ་ཉིད་ཡིན་པའི་ཕྱིར་རོ། །ཚོགས་ཆེན་པོས་མདུན་གྱིས་བདར་བ་ཞེས་བྱ་བ་ནི་མཆོད་པ་ཕུན་སུམ་ཚོགས་པ་ཉིད་ཡིན་ནོ། །དམག་ལྡན་ཆོས་འདི་ནི་ཟབ་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། དེ་ཡང་དེ་ལས་བཅོམ་ལྡན་འདས་ཀྱིས་ཆོས་བདག་མེད་པ་ཐུགས་སུ་ཆུད་པ་གང་ཡིན་པ་དེའི་དབང་དུ་མཛད་པ་ཡིན་པའི་ཕྱིར་རོ། །དེ་ནི་སྔོན་ཤེས་རབ་མ་སྦྱངས་བས་རང་གིས་མཐོང་བར་དཀའ་བ་ཡིན་ཏེ་དེས་ན་ཟབ་པའོ། །སྟོན་པ་ན་ཁོང་དུ་ཆུད་པར་དཀའ་བ་ཡིན་ཏེ། དེས་ན་ཟབ་པར་སྣང་བའོ། །རང་གི་རྟག་པར་མི་ནུས་པ་ཡིན་ཏེ། དེས་ན་མཐོང་བར་དཀའ་བའོ། །སྟོན་པ་ན་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཏེ། དེས་ན་ཁོང་དུ་ཆུད་པར་དཀའ་བ་སྟེ། དེ་ནི་རྟོག་གེ་ལ་མ་གྲགས་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་འདིར་བདག་མེད་པ་སྟོན་པ་ཁོ་ན་ཆོས་ཡིན་ཏེ། དོན་དམ་པར་མཐོང་བར་དཀའ་བ་ཉིད་ཀྱི་ཕྱིར་ཟབ་པའོ། །ཀུན་རྫོབ་ཀྱི་དོན་དུ་ཁོང་དུ་ཆུད་པར་དཀའ་བ་ཉིད་ཀྱི་ཕྱིར་ཟབ་པར་སྣང་བའོ། །དོན་དམ་པར་བརྟག་པར་མི་ནུས་པ་ཉིད་ཀྱི་ཕྱིར་མཐོང་བར་དཀའ་བའོ། །ཀུན་རྫོབ་ཀྱི་དོན་དུ་རྟོག་གེ་སྤྱོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཁོང་དུ་ཆུད་པར་དཀའ་བ་སྟེ། དོན་དམ་པའི་དབང་དུ་མཛད་པས་དེའི་རྟོག་གེ་ལ་རྒྱུ་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཇི་ལྟར་ན་ཟབ་པ་ཟབ་པར་སྣང་བ་དང༌། རྒྱུ་གང་གི་ཡིན་པ་དེ་ཚིག་གཉིས་དང་གཉིས་ཀྱིས་ཡོངས་སུ་བསྟན་པ་ཡིན་ནོ། །ད་ནི་དེ་ལྟ་བུའི་ཆོས་དེ་སུས་རིག་པར་ནུས་ཤེ་ན། ཞིབ་མོར་བརྟགས་པའི་མཁས་པ་དང་མཛངས་པས་རིག་པར་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཞིབ་མོ་ནི་དེ་ཁོ་ནའི་དོན་ལ་འཇུག་པའི་ཕྱིར་ལ། བརྟགས་པ་ནི་དོན་མཐའ་དག་ལ་འཇུག་པའི་ཕྱིར་ཏེ། ཇི་ལྟ་བ་བཞིན་དང་ཇི་སྙེད་ཡོད་པ་ཉིད་ཅན་གྱི་རྒྱུས་སོ། །དེ་གཉིས་ཀྱང་རྣམ་པ་གཉིས་ཏེ། མཁས་པ་རྣམས་ཏེ་སོ་སོའི་སྐྱེ་བོ་གང་དག་སྔོན་བློ་ཡོངས་སུ་སྨིན་པར་བྱས་པ་སྐྱེ་བས་ཐོབ་པ་དེ་གཉི་གའི་དོན་ལ་འཇུག་ནུས་པའི་ཤེས་རབ་དང་ལྡན་པ་རྣམས་དང༌། མཛངས་པ་རྣམས་ཏེ་བདེན་པ་མཐོང་བ་རྣམས་སོ། །དེ་རྣམས་ནི་དེ་གཉིས་ཀའི་དོན་ལ་ཞུགས་པའི་ཤེས་རབ་ཅན་ཉིད་ཡིན་
པའི་ཕྱིར་མཛངས་པ་རྣམས་སོ། །དེ་བཞིན་གཤེགས་པས་ཕན་ཡོན་བཅུ་གཟིགས་ནས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་མཛད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་བསླབ་པ་ནི་གང་ཡིན། བསླབ་པའི་གཞི་ནི་གང་ཡིན་ཞེ་ན། ཡང་དག་པར་བླང་བ་དང༌། རྗེས་སུ་བསྲུང་བ་དང༌། སོར་ཞུགས་པ་རྣམས་ནི་བསླབ་པ་ཡིན་ནོ། །བྱ་བ་མ་ཡིན་པ་དང༌། བྱ་བ་ཡང་དག་པར་བླང་བར་བྱ་བ་དང༌། རྗེས་སུ་བསྲུང་བར་བྱ་བ་དང༌། སོར་གཞུག་པར་བྱ་བ་ནི་བསླབ་པའི་གཞི་ཡིན་ནོ། །གཞན་ཡང་སྤང་པ་དང༌། བླང་བ་དང༌། སོ་སོར་བཤགས་པ་དང༌། ཉིན་དང་མཚན་དུ་སློབ་པ་ནི་བསླབ་པ་ཡིན་ཏེ། །སྒྲ་གཅན་ཟིན་གྱི་མདོ་སྡེ་ལས་འབྱུང་བ་བཞིན་ནོ། །ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་ནི་བསླབ་པའི་གཞི་ཡིན་ནོ། །གཞན་ཡང་བསླབ་པ་ཉིད་གཞི་ཡིན་ཏེ། བསླབ་པ་འདོད་པ་རྣམས་ཁྱད་པར་དུ་འགྱུར་བའི་ཕྱིར་རོ། །དགེ་འདུན་བསྡུ་བའི་ཕྱིར་ནི་བསླབ་པ་དང་མཐུན་པ་ཉིད་ཀྱིས་སོ། །དགེ་འདུན་ལེགས་པར་བྱ་བའི་ཕྱིར་ནི་མཛེས་པ་ཉིད་ཀྱིས་སོ། །དགེ་འདུན་བདེ་བར་བྱ་བའི་ཕྱིར་ནི་ཡང་དག་པར་བླང་བ་སྒྲུབ་པ་མཆོག་ཏུ་དགའ་བ་མང་བ་ཉིད་ཀྱིས་སོ། །མངོན་པར་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་ནི་མཛེས་པ་ཉིད་ཀྱིས་དད་པ་སྐྱེས་པས་སོ། །མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་ནི་དེ་ཉིད་ཀྱིས་དེ་འཕེལ་བར་བྱེད་པ་ཉིད་ཀྱིས་སོ། །གང་ཟག་གནང་མི་བཀུར་བ་རྣམས་ཚར་གཅད་པའི་ཕྱིར་བསླབ་པ་ལས་འདའ་བས་མི་མཛེས་པ་རྣམས་ཏེ། བསླབ་པ་ནི་འདོད་པ་རྣམས་གནས་ནས་དབྱུང་བ་དང་བསྐྲད་པ་ཉིད་ཀྱིས་སོ། །ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་ནི་བསླབ་པ་འདོད་པ་རྣམས་ཚུལ་ཁྲིམས་མཚུངས་པ་ཉིད་ཀྱིས་བསྐྱོད་པ་མེད་པར་འགྲོགས་ན་བདེ་བ་ཉིད་ཀྱིས་སོ། །མཐོང་བའི་ཆོས་ཀྱི་ཟག་པ་རྣམས་བསྡམས་པའི་ཕྱིར་ནི། དེ་ལྟར་བྱུང་བའི་ཟག་པ་རྣམས་བཟློག་པའི་ཕྱིར་བསླབ་པའི་གཞི་འཆའ་བའོ། །ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པའི་ཕྱིར་ནི་མ་འོངས་པའི་གང་ཟག་ལ་མི་འཇུག་པར་
བྱ་བའི་ཕྱིར་བསླབ་པའི་གཞི་འཆའ་བའོ། །ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་དང༌། ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཏེ། ངའི་ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་འགྱུར་བ་ནི་ཚངས་པར་སྤྱོད་པ་བརྡ་ཅན་དང་དོན་དམ་པའི་རྗེས་སུ་འཇུག་པ་སྟེ། རབ་ཏུ་བྱུང་བ་དང་རྟོག་པར་བརྒྱུད་པ་གཉིས་སོ། །དེ་རྣམས་ལས་གཅིག་ནི་བསྟན་པ་མི་ཕྱེད་པར་བྱ་བའི་དབང་དུ་མཛད་ནས་སོ། །གཅིག་ནི་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིའོ། །གཅིག་ནི་རྒྱུ་ཕུན་སུམ་ཚོགས་པའིའོ། །གཉིས་ནི་ཟང་ཟིང་གི་ལོངས་སྤྱོད་ཕུན་སུམ་ཚོགས་པའིའོ།། གཉིས་ནི་ཆོས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པའིའོ། །གཉིས་ནི་མྱ་ངན་ལས་འདས་པ་འཐོབ་པ་ཕུན་སུམ་ཚོགས་པའིའོ། །གཅིག་ནི་བསྟན་པའི་དོན་ཆེ་བ་ཉིད་ཕུན་སུམ་ཚོགས་པའིའོ། །དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པའི་སྡུག་བསྔལ་གང་ཡིན་པ་དེ་འགག་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཡང་འབྱུང་བ་པའི་སྡུག་བསྔལ་གང་ཡིན་པ་དེ་འགགས་པ་སྟེ། འཇུག་པའི་གགས་སུ་གྱུར་པའི་ཕྱིར་རོ། །དེ་ཉེ་བར་ཞི་བ་ནི་གཏན་དུ་མི་སྐྱེ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །འཇིག་རྟེན་པའི་འགོག་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཉེ་བར་ཞི་བ་སྨོས་ཏེ། བསྲབས་པའི་དངོས་པོར་ཉེ་བར་ཞི་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་འགོག་པ་སྨོས་སོ། །ཚེ་འདི་པའི་གང་ཡིན་པ་དེ་ནི་བསིལ་བར་གྱུར་པ་སྟེ། ཉོན་མོངས་པའི་བག་ལ་ཉལ་གྱི་དྲོད་དང་བྲལ་བའི་ཕྱིར་ན་བུམ་པའི་གྱོ་མོ་ཚ་བ་བསིལ་བར་གྱུར་པ་བཞིན་ནོ།། དེ་ནུབ་བ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་རོ། །གཞན་ཡང་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་ནི་ས་འོག་མ་པའི་སྡུག་བསྔལ་འགག་པ་ཡིན་གྱི་ཉེ་བར་ཞི་བ་ནི་མ་ཡིན་ཏེ། ཕྱིས་སྐྱེ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །བསིལ་བར་གྱུར་པ་ཡང་མ་ཡིན་ཏེ། བག་ལ་ཉལ་ལུས་པའི་ཕྱིར་རོ། །ས་གོང་མ་པ་ཡང་མ་ནུབ་པ་ཡིན་ནོ། །དགྲ་བཅོམ་པའི་ནི་དེ་ལས་བཟློག་ནས་ཉེ་བར་ཞི་བ་དང་ནུབ་པའི་བར་དུ་ཡིན་ནོ། །གཞན་ཡང་འཇིག་རྟེན་པ་རྣམས་ཀྱི་འགོག་པ་ནི་ཞི་བ་མ་ཡིན་ཏེ། ས་འོག་མའི་སྡུག་བསྔལ་
གྱི་སྡུག་བསྔལ་དང་བཅས་པ་ཡིན་པའི་ཕྱིར་རོ། །བག་ལ་ཉལ་མ་སྤངས་པས་གྱ་ནོམ་པ་ཡང་མ་ཡིན་ནོ། །ཡང་འཇུག་པ་ཉིད་ཀྱིས་ངེས་པར་འབྱུང་བ་ཡང་མ་ཡིན་ནོ། །དེ་ལས་བཟློག་ནས་འཕགས་པ་རྣམས་ཀྱི་སྡུག་བསྔལ་འགོག་པའི་ཞི་བ་དང༌། གྱ་ནོམ་པ་དང༌། ངེས་པར་འབྱུང་བ་ཡིན་ནོ། །དེའི་རྣམ་པ་དང་མཐུན་པར་དགྲ་བཅོམ་པའི་སྡུག་བསྔལ་འགགས་པ་དང་ནུབ་པ་ཞེས་བྱ་བའི་བར་ཡིན་པར་བསྟན་ཏོ། །བྲམ་ཟེ་ནི་འདི་ལྟ་སྟེ་སོམ་ཉི་མེད་ཅིང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདི་ལས་ནི་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པས་དོན་དམ་པའི་བྲམ་ཟེའི་མཚན་ཉིད་བསྟན་ཏོ། །སོམ་ཉི་མེད་པ་ཉིད་ཀྱིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ། དོན་དམ་པ་དང་རང་གིས་ཐོབ་པ་ལས་སོམ་ཉི་མེད་པའི་ཕྱིར་རོ། །ལྷག་མས་ནི་སྤངས་པ་ཕུན་སུམ་ཚོགས་པ་སྟེ། ངན་སོང་པ་དང་ཡང་འབྱུང་བ་པའི་ཀུན་ནས་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །འགྱོད་པ་ཆད་པ་ཉིད་ཀྱིས་ནི་ཉོན་མོངས་པར་འགྱུར་བའི་ལས་སྤངས་པའི་ཕྱིར་ངན་སོང་བའི་ཀུན་ནས་ཉོན་མོངས་པ་སྤངས་པར་ཡོངས་སུ་སྟོན་ཏོ། །ལྷག་མས་ནི་ཡང་འབྱུང་བ་བའི་ཀུན་ནས་ཉོན་མོངས་པ་སྤངས་པ་ཡིན་ཏེ། འདུན་པ་དང་འདོད་ཆགས་སྤངས་པར་ཡོངས་སུ་བསྟན་པའི་ཕྱིར་རོ། །འབྱུང་བ་དང་འཇིག་པ་ལ་སྲེད་པ་ནི་འབྱུང་བར་འགྱུར་བར་བྱའོ། །མི་འབྱུང་བར་འགྱུར་བར་བྱའོ་སྙམ་དུ་འདུན་པའོ། །ཆགས་པ་ནི་དེ་ཉིད་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་འདོད་ཆགས་རྣམས་སོ། །སྲེད་པ་ཐམས་ཅད་རྣམ་སྤངས་ནས། །འདུ་བྱེད་ཐམས་ཅད་ཟད་ཕྱིར་དང༌། །ཕུང་པོ་ཐམས་ཅད་ཡོངས་ཤེས་ན། །ཡང་སྲེད་པར་ནི་འདོད་མི་འགྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་དང༌། ལས་དང་སྲིད་དང་དེ་བཞིན་མ་རིག་པ། །ཚེ་རབས་ཕྱི་མའི་འདུ་བྱེད་རྣམས་ཀྱི་རྒྱུ། །ཞེས་བྱ་བ་འདི་དང་ཡང་སྦྱར་བར་བྱ་སྟེ། གོ་རིམས་ཐ་དད་པ་ཙམ་ཞིག་ཁྱད་པར་ཡོད་དོ། །གཞན་ཡང་སོམ་ཉི་མེད་པ་ཉིད་ཀྱིས་ནི་ཤེས་ནས་ཐ་དད་པ་གསུམ་འཐོབ་པར་སྟོན་ལ། འགྱོད་པ་ཆད་པ་ཉིད་ཀྱིས་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་འཐོབ་པར་སྟོན་ཏེ།
དེ་ལྟར་ན་མཐོང་བའི་ལམ་གྱིས་བྲམ་ཟེའི་ཚུལ་གྱིས་ནི་སློབ་པའི་བྲམ་ཟེའི་མཚན་ཉིད་ཡོངས་སུ་བསྟན་ཏོ། །ལྷག་མས་ནི་མི་སློབ་པའི་བྲམ་ཟེའི་མཚན་ཉིད་ཡོངས་སུ་བསྟན་ཏེ། འདུན་པ་དང་འདོད་ཆགས་སྤངས་པར་ཡོངས་སུ་བསྟན་པའི་ཕྱིར་རོ། །འབྱུང་བ་དང་འཇིག་པ་ལ་སྲེད་པ་དང་བྲལ་བ་ཞེས་བྱ་བ་ནི་གསོན་པ་དང་འཆི་བ་ལ་མངོན་པར་མི་དགའ་བའི་ཕྱིར་འདུན་པ་སྤངས་པ་ཡིན་ཏེ། ཇི་སྐད་དུ། འཆི་ལ་མངོན་པར་མི་དགའ་ལ། །གསོན་ལའང་མངོན་པར་མི་དགའོ། །ཞེས་ཚིགས་སུ་བཅད་པ་འདི་གསུངས་པ་ལྟ་བུའོ། །ཆགས་པ་རྒྱས་པར་མི་འགྱུར་བ། །ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་འདོད་ཆགས་སྤངས་པ་ཡིན་ནོ། །རྣམ་གྲངས་གཞན་ཡང་མངོན་པའི་ང་རྒྱལ་ཅན་གྱི་ཉེ་བའི་ཉོན་མོངས་པའི་གཉེན་པོར་བྲམ་ཟེ་ཉིད་ལ་མངོན་པའི་ང་རྒྱལ་མེད་པ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ནོ། །མངོན་པའི་ང་རྒྱལ་ཅན་ནི་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་འདི་པ་ཉིད་དང་མཐུན་པའི་གཏམ་བརྗོད་པ་ན་སོམ་ཉི་ཟལ། ཕྱིས་ཀྱང་ཡིད་ལ་གཅགས་པར་འགྱུར་ཏེ། ཇི་སྐད་དུ་ལྷའི་མདོ་ལས་གསུངས་པ་ལྟ་བུ་ཡིན་ཞིང༌། ལུས་སམ་སྙོམས་པར་འཇུག་པ་ལ་སྲེད་པ་ཀུན་ཏུ་རྒྱུ་ལ། འདོད་ཆགས་ཀྱི་བག་ལ་ཉལ་ཡང་རྟག་ཏུ་རྗེས་སུ་འབྲང་བ་ཁོ་ན་ཡིན་ནོ། །མི་རྟག་བའི་འདུ་ཤེས་ཞིང་པ་ལ་སོགས་པའི་དཔེ་དང་བཅས་པ་ནི་མདོ་སྡེའི་དུམ་བུའོ། །འདིར་ཞིང་པའི་དཔེས་ནི་མི་རྟག་པའི་འདུ་ཤེས་བག་ལ་ཉལ་གྱི་གཉེན་པོ་ཉིད་དུ་ཡོངས་སུ་བསྟན་ལ། རྩ་བལ་བ་ཛའི་དཔེས་ནི་ཀུན་ནས་དཀྲིས་པའི་གཉེན་པོ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ཏེ། ཉོན་མོངས་པ་མ་བྱུང་པ་དང༌། བྱུང་བའི་དབང་དུ་བྱས་པའི་ཕྱིར་རོ། །ཨ་མྲའི་དོག་པའི་དཔེས་ནི་དེ་ལས་གཞན་བག་ལ་ཉལ་གྱི་གཉེན་པོ་སྨོན་པ་མེད་པ་དང༌། མཚན་མ་མེད་པའི་འདུ་ཤེས་དག་འདྲེན་པར་བྱེད་པ་ཉིད་ཡིན་ནོ། །སྤྱི་རྟེན་གྱི་ནི་དེ་ལས་གཞན་པ་ཀུན་ནས་དཀྲིས་པའི་གཉེན་པོ་མི་སྡུག་པ་ལ་སོགས་པའི་འདུ་ཤེས་དག་ཏུ་ཀུན་ཏུ་འཛིན་པར་བྱེད་པ་ཉིད་ཡིན་ཏེ། ཡོངས་སུ་མི་ཉམས་པར་འགྱུར་བའི་ཕྱིར་
རོ། །གླང་པོ་ཆེའི་རྗེས་ཀྱིས་ནི་དེ་དག་མི་རྟག་པའི་འདུ་ཤེས་ཀྱིས་སྤྱོད་ཡུལ་གྱི་ནང་དུ་ཆུད་པ་ཉིད་ཡིན་ཏེ། མི་རྟག་པ་ཉིད་དུ་ཡོངས་སུ་རྟག་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །འབབ་ཆུ་རྣམས་ཀྱིས་ནི་དེ་ལས་གཞན་པ་སུན་འབྱིན་པའི་རྣམ་པ་དག་དེར་ཐུག་པ་ཉིད་ཡིན་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་འཇུག་པ་ཉིད་ཡིན་པའི་ཕྱིར་རོ། །ཉི་མ་དང་ཁམས་ཀྱི་རྒྱལ་པོས་ནི་མི་སློབ་པའི་གནས་སྐབས་ན་གོ་རིམས་བཞིན་དུ་མི་བརྗེད་པའི་ཆོས་ཉིད་དུ་བྱེད་པ་དང༌། འཇིག་རྟེན་པའི་འདུ་ཤེས་གཞན་ལ་དབང་སྒྱུར་བ་ཉིད་ཡིན་ནོ། །དེ་ལྟར་ན་ཇི་ལྟར་མི་རྟག་པའི་འདུ་ཤེས་ནི་མཐའ་དག་གི་གཉེན་པོ་ཡིན་པ་ཡང་ཡིན་ཏེ། བག་ལ་ཉལ་བ་དང༌། ཀུན་ནས་དཀྲིས་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་གཉེན་པོའི་རྩ་བ་ཡིན་པ་ཡང་ཡིན་ཏེ། གཉེན་པོ་གཞན་འདྲེན་པའི་ཕྱིར་རོ། །ཇི་ལྟར་ན་ཀུན་ནས་དཀྲིས་པའི་གཉེན་པོ་གཞན་ལས་ཁྱད་པར་རྣམ་པ་གསུམ་དག་གིས་ཁྱད་པར་དུ་འཕགས་པ་ཡིན་པ་ཡང་ཡིན་ནོ། །ཇི་ལྟར་ན་གཉེན་པོ་བླ་ན་མེད་པ་ཉིད་ཡིན་པ་དེ་ཡང་ཡོངས་སུ་བསྟན་པ་ཡང་ཡིན་ཏེ། མ་རིག་པ་དང་རིག་པ་གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རོ། །རྣམ་པ་ཉི་ཤུ་པོ་འདི་དག་དང་ལྡན་པས་གཏམ་བྱའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དུས་སུ་ཞེས་བྱ་བ་ནི་ཉན་འདོད་པ་ཉིད་དང་བཤད་པའི་འོས་སུ་གྱུར་པ་ཉིད་དུ་ཤེས་ནས་ཏེ། །ཀཏྱའི་བུ་མོ་སྨྱུག་མ་ཅན་བཞིན་ནོ། །བསྒྲིམ་པ་ཞེས་བྱ་བ་ནི་བརྙས་པ་མེད་པ་སྟེ། སེང་གེ་མཆོང་བ་བཞིན་ནོ། །གོ་རིམས་ཞེས་བྱ་བ་ནི་དུས་སྔར་བྱ་བ་སྦྱིན་པ་ལ་སོགས་པ་དང༌། ཡང་དག་ཕུལ་ཅན་གྱི་གཏམ་ལས་བརྩམས་ནས་སོ། །མཚམས་སྦྱར་བ་ཞེས་བྱ་བ་ནི་མདོ་སྡེ་རྣམ་པར་བཤད་པ་ལས་བརྩམས་ནས་སོ། །རྗེས་སུ་མཐུན་པ་ཞེས་བྱ་བ་ནི་དྲི་བ་ལུང་བསྟན་པ་ལས་བརྩམས་ནས་ཏེ། མགོ་གཅིག་ཏུ་ལུང་བསྟན་པ་ལ་སོགས་པ་རྣམས་ལ་དེ་བཞིན་དུ་ལུང་སྟོན་པའི་ཕྱིར་རོ། །དགའ་བར་བྱ་བ་ནི་དད་པ་ཅན་རྣམས་ལའོ། །འདོད་པར་བྱ་བ་ནི་སྔར་གནས་པ་དང་ཞེ་འགྲས་པ་རྣམས་ལའོ། །སྤྲོ་བ་མི་བསྐྱེད་པ་དང་
མི་སྨད་པ་ནི་གང་སུ་དག་འདི་འདྲ་བ་ཐམས་ཅད་ནི་ཡང་དག་པ་ལ་ཞུགས་པ་དག་གོ་ཞེའམ། ལོག་པ་ལ་ཞུགས་པ་དག་གོ་ཞེས་བྱ་བ་ལྟ་བུ་སྟེ། ཇི་སྐད་དུ་ཉོན་མོངས་པ་མེད་པའི་མདོ་ལས་གཟུངས་པ་ལྟ་བུའོ། །གདུལ་བའི་ཁྱད་པར་མངོན་པར་མི་ཤེས་པ་དེ་ལྟ་བུར་བྱེད་པ་ནི་དེ་ས་གདུལ་བ་མ་ཡིན་པ་རྣམས་སྙིང་ན་བར་འགྱུར་རོ། །རིགས་པ་ནི་ཚད་མ་དང་མི་འགལ་བའི་ཕྱིར་རོ། །འབྲེལ་པ་ནི་སྔ་ཕྱི་འབྲེལ་བའི་ཕྱིར་རོ། །མ་འདྲེས་པ་ནི་གཏམ་གཞན་དུ་འཕྲོ་བ་སྤངས་པའི་ཕྱིར་རོ། །ཆོས་དང་ལྡན་པ་ནི་དགེ་བ་དང་མཐུན་པའི་ཕྱིར་རོ། །འཁོར་ཇི་ལྟ་བ་བཞིན་ནི་གདུལ་བ་དང་འཚམ་པའི་ཕྱིར་རོ། །བྱམས་པའི་སེམས་ནི་ཉན་པ་པོ་བདེ་བར་སྨོན་པས་སོ། །ཕན་པའི་སེམས་ནི་དེ་ལ་ཉོན་མོངས་པ་མེད་པར་སྨོན་པས་སོ། །སྙིང་བརྩེ་བའི་སེམས་ནི་དེ་ལ་སྡུག་བསྔལ་མེད་པར་སྨོན་པས་སོ།། གཞན་ཡང་དགེ་བ་དང་མི་དགེ་བ་ལ་སོགས་པ་དང༌། ཐ་མལ་པ་དག་ལ་བྱམས་པ་ལ་སོགས་པའི་སེམས་ཀྱིས་ཏེ་གོ་རིམས་བཞིན་ནོ། །རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་བརྟེན་པ་ནི་དེ་འདོད་པ་ཉིད་སྤངས་པས་སོ། །བདག་ལ་བསྟོད་པར་མི་བྱ་ཞིང་གཞན་ལ་སྨད་པར་མི་བྱ་བ་ནི་སྨྲ་བ་པོ་ཉིད་ཀྱིས་བདག་ལ་ལྷག་པར་ཡིད་ཆེས་པར་བྱེད་འདོད་པ་ཉིད་སྤངས་པས་སོ། །དེ་ལྟར་ན་ཇི་ལྟ་བུར་དང༌། གང་གི་དོན་དུ་དང༌། གང་འདྲ་བ་དང༌། གང་འདྲ་བས་གཏམ་བྱ་བ་དེ་ལྔ་ལྔ་དག་གིས་ཡོངས་སུ་བསྟན་ཏོ། །ལུང་ལས་ནི་སྐྱོན་བཅུ་གཅིག་གི་གཉེན་པོར་གཏམ་རྣམ་པ་ཉི་ཤུ་དང་ལྡན་པའོ་ཞེས་འབྱུང་ངོ༌། །སྐྱོན་བཅུ་གཅིག་ནི་སྣོད་མ་ཡིན་པ་ལ་བརྗོད་པའི་སྐྱོན་དང༌། བརྗོད་པ་ཡོངས་སུ་མ་རྫོགས་པའི་སྐྱོན་དང༌། བརྗོད་པ་བར་ཆད་པའི་སྐྱོན་དང༌། བརྗོད་པ་གོ་བར་མི་བྱེད་པའི་སྐྱོན་དང༌། བརྗོད་པ་མཆོད་པར་མི་འགྱུར་བའི་སྐྱོན་དང༌། དོན་འཐད་པ་མེད་པར་བརྗོད་པའི་སྐྱོན་དང༌། སྤྱོད་ཡུལ་མ་ཡིན་པ་བརྗོད་པའི་སྐྱོན་དང༌། རྣམ་པར་གཡེངས་ནས་བརྗོད་པའི་སྐྱོན་དང༌། དོན་མེད་པ་དང་ལྡན་པ་བརྗོད་པའི་སྐྱོན་དང༌། མི་འཚམ་པར་བརྗོད་པའི་སྐྱོན་དང༌། ཉོན་མོངས་
པ་ཅན་གྱི་བསམ་པས་བརྗོད་པའི་སྐྱོན་ནོ། །དེ་ལ་སྣོད་མ་ཡིན་པ་ནི་སྤྱོད་ལམ་མི་སྡུག་པར་འདུག་པའོ། །བརྗོད་པ་བར་ཆད་པའི་སྐྱོན་གྱི་གཉེན་པོར་ནི་གོ་རིམས་ལ་སོགས་པ་རྣམ་པ་གསུམ་པོ་དག་ཡིན་པར་རིག་པར་བྱ་སྟེ། བསྟན་པ་དང་རྒོལ་བའི་ཚིག་དང། ལན་གྱི་ཚིག་གིས་དབང་དུ་མཛད་ནས་སོ། །བརྗོད་པ་གོ་བར་མི་བྱེད་པའི་སྐྱོན་གྱི་གཉེན་པོར་དྲུག་པ་དང༌། བདུན་པ་དང་བརྒྱད་པ་དག་སྟེ། དད་པ་ཅན་དང༌། ཞེ་འགྲས་པ་དང༌། བར་ན་གནས་པའི་དབང་དུ་མཛད་ནས་སོ། །བརྗོད་པ་མཆོད་པར་མི་འགྱུར་བའི་སྐྱོན་གྱི་གཉེན་པོར་དགུ་པ་དང་བཅུ་པ་གཉིས་ཏེ། སྡིག་པའི་ལས་ཅན་ལ་ནི་སྤྲོ་བ་བསྐྱེད་པར་འོས་པ་མ་ཡིན་ལ། སྨད་ན་ཡང་མཆོད་པར་མི་འགྱུར་བའི་སྐྱོན་དུ་འགྱུར་བས་སོ། །སྤྱོད་ཡུལ་མ་ཡིན་པས་ནི་དོན་ཟབ་མོ་སྟེ། དབང་པོ་ཐ་མ་ལའོ། །ཉོན་མོངས་པ་ཅན་གྱི་བསམ་པ་ནི་རྣམ་པ་གསུམ་སྟེ། ཡིད་ཆེས་པར་བྱ་བའི་བསམ་པ་དང༌། དད་ནས་བཀུར་སྟི་བྱེད་པའི་བསམ་པ་དང༌། ཕྲག་དོག་གི་བསམ་པའོ། །དང་པོའི་གཉེན་པོར་བྱམས་པ་དང༌། ཕན་པ་དང༌། སྙིང་བརྩེ་བའི་སེམས་ཀྱི་རྣམ་པ་དག་སྟེ། མྱ་ངན་ལས་འདས་པ་དང། དེའི་ལམ་རྟོགས་པར་བྱ་བའི་བསམ་པ་ཉིད་དང༌། བཤད་པའི་དོན་ཁོང་དུ་ཆུང་པར་བྱ་བའི་བསམ་པ་ཉིད་ཀྱིས་སོ། །གཞན་ཡང་མདོར་ན་འདི་ལས་གཏམ་གྱི་སྦྱོར་བ་དང༌། གཏམ་གྱི་ལས་དང༌། གཏམ་གྱི་ཡོན་ཏན་དང༌། སྨྲ་བ་པོའི་ཡོན་ཏན་ལས་བརྩམས་ནས་རྣམ་པ་ལྔ་ལྔ་དག་ཏུ་རིག་པར་བྱའོ།། །།བམ་པོ་བཞི་པ། རྣམ་པ་བཅུ་དྲུག་པོ་འདི་དག་དང་ལྡན་པས་ཆོས་མཉན་པར་བྱའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་རྣམ་པ་བཅུ་དྲུག་པོ་དག་ནི་སྐྱོན་རྣམ་པ་བཅུ་གསུམ་གྱི་གཉེན་པོ་ཡིན་པར་རིག་པར་བྱའོ། །སྐྱོན་རྣམ་པ་བཅུ་གསུམ་ནི་སྨྲ་བ་པོ་ལ་བདག་ཉིད་ཀྱིས་བསྐྱོད་པ་དང་སྤྱོད་ལམ་གྱི་སྐྱོན་དང༌། འགྱིང་བའི་སྐྱོན་དང༌། དོན་དུ་མི་གཉེར་བའི་སྐྱོན་དང༌། གཞན་གྱི་ཕྱོགས་བྱེད་པས་སྙིང་ན་བའི་སྐྱོན་དང༌། མཆོད་པར་མི་འགྱུར་བས་སྨྲ་བ་པོ་རབ་ཏུ་མི་འཛིན་པའི་སྐྱོན་དང༌། སུན་ཕྱིན་ཅི་ལོག་
དུ་བརྒལ་བའི་བསམ་པའི་སྐྱོན་དང༌། ཆོས་དང་ཆོས་སྨྲ་བ་ལ་ཡིད་ལ་མི་བྱེད་པའི་ཕྱིར་རིམ་གྲོ་མི་བྱེད་པའི་སྐྱོན་དང༌། སྐྱོན་ཡིད་ལ་བྱེད་པའི་ཕྱིར་བརྙས་པའི་སྐྱོན་དང༌། སྨོན་པའི་སྐྱོན་དང༌། རྙེད་པ་དང་བཀུར་སྟི་འདོད་པ་ཉིད་ཀྱི་སྐྱོན་དང༌། རྣམ་པར་གཡེངས་པ་དང་བསྡུས་པ་གཉིས་ཀྱིས་མི་ཉན་པའི་སྐྱོན་དང༌། ལེགས་པར་ཡིད་ལ་མི་བྱེད་པའི་སྐྱོན་དང༌། རབ་ཏུ་ཡིད་ལ་མི་བྱེད་པའི་སྐྱོན་དང༌། དེ་ལ་ནང་དུ་ཡང་དག་འཇོག་པའི་ཚེ་སྤྱོད་ལམ་གྱི་མི་སྡུག་པའི་ཕྱིར་སྐྱོན་དང་པོ་ཡིན་ནོ། །རིགས་མཐོན་པོ་ཉིད་ལ་སོགས་པར་ང་རྒྱལ་འབྱུང་བའི་ཕྱིར་འགྱིང་བའི་སྐྱོན་དང༌། ཆོས་ལ་ནི་ཡོན་ཏན་དང་ལེགས་པར་གསུངས་པ་དང་འབྲས་བུ་ཆེན་པོ་ཉིད་དུའོ། །ཆོས་སྨྲ་བ་ལ་ནི་དགེ་བའི་བཤེས་གཉེན་ཉིད་དུའོ། །ཆོས་ལ་སྐྱོན་ནི་ཚིག་དང་ཡིག་འབྲུ་མ་འབྲེལ་པ་ཉིད་དུའོ། །ཆོས་སྨྲ་བ་ལ་ནི་ཚུལ་ཁྲིམས་དང༌། རིགས་དང༌། བྱད་གཟུགས་དང༌། ཚིག་དང༌། ཚིག་འབྱིན་པ་མ་ཚང་བ་ཉིད་དུའོ། །རྣམ་པར་གཡེངས་པ་ནི་སེམས་གཞན་དུ་འཕྲོས་པའོ། །བསྡུས་པ་ནི་རྨུགས་པ་དང༌། གཉིད་ཀྱིས་སེམས་ཞུམ་པ་ཉིད་དུའོ། །ལེགས་པར་ཡིད་ལ་མི་བྱེད་པ་ནི་དགོངས་པ་དང་ཆོས་ཉིད་ལ་ཕྱིན་ཅི་ལོག་པ་ཉིད་ཀྱིས་སོ། །རབ་ཏུ་ཡིད་ལ་མི་བྱེད་པ་ནི་འདུན་པ་དང་འཇུག་པ་ཞན་པ་ཉིད་ཀྱིས་སོ། །ལུང་ལས་ནི་སྐྱོན་རྣམ་པ་དྲུག་གི་གཉེན་པོར་རྣམ་པ་བཅུ་དྲུག་དག་ཡིན་ནོ་ཞེས་འབྱུང་སྟེ། སྐྱོན་དྲུག་ནི་ལས་ཀྱི་སྐྱོན་དང༌། མོས་པ་མེད་པའི་སྐྱོན་དང༌། མཆོད་པར་མི་འགྱུར་བའི་སྐྱོན་དང༌། བསམ་པའི་སྐྱོན་དང༌། མི་མཐུན་པ་ཉིད་ཀྱི་སྐྱོན་དང༌། འཛིན་པའི་སྐྱོན་ནོ། །དེ་ལ་ལས་ཀྱི་སྐྱོན་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་ལས་ཀྱི་སྐྱོན་ནི་སྤྱོད་ལམ་མི་སྡུག་པར་འདུག་པའི་ཕྱིར་རོ། །ལུས་དང་ངག་གི་སྐྱོན་ནི་དེ་ཉིད་ཀྱིས་སྐུལ་བར་མི་བྱེད་པའི་ཕྱིར་རོ། །ཡིད་ཀྱི་ལས་ཀྱི་སྐྱོན་ནི་ཉན་པར་མི་འདོད་པ་ཉིད་ཀྱིས་སོ། །བསམ་པའི་སྐྱོན་ནི་གཞན་ལ་ཀླན་ཀ་བཙལ་བ་དང༌། འདི་ལྟ་བུ་ཞིག་ཏུ་རྒོལ་བ་ལས་ཐར་བར་བྱ་བའི་བསམ་པ་ཉིད་ཀྱིས་སོ། །མི་མཐུན་པ་ཉིད་ཀྱི་སྐྱོན་ནི་རྣམ་པ་ལྔ་དག་སྟེ། དེ་ལ་ཆོས་ལ་ནི་ངེས་པར་འབྱིན་
པ་མ་ཡིན་པར་གོ་བ་ཉིད་ཀྱིས་གུས་པ་མེད་པ་དང༌། ཚིག་དང་ཡི་གེ་མ་འབྲེལ་བ་ཉིད་ཀྱིས་བརྙས་པའོ། །གང་ཟག་ལ་ནི་ཚུལ་ཁྲིམས་དང༌། ཚིག་དང༌། ཚིག་འབྱིན་པའི་སྐྱོན་གྱིས་གུས་པ་མེད་པ་དང༌། རིགས་ཀྱི་སྐྱོན་གྱིས་བརྙས་པའོ། །ཁོང་དུ་ཆུད་པ་དང༌། སྒྲུབ་པའི་ནུས་པ་མི་འབྱུང་སྙམ་པའི་བདག་ཉིད་ལ་བརྙས་པའོ། །འཛིན་པའི་སྐྱོན་ཡང་རྣམ་པ་ལྔ་སྟེ། ལོག་པར་འཛིན་པ་དང༌། དོན་མི་འཛིན་པ་དང༌། ཚིག་འབྲུ་མི་འཛིན་པ་དང༌། བརྡ་མ་སྤྲད་པར་འཛིན་པ་དང༌། མ་ལུས་པར་མི་འཛིན་པའོ། །ལྷག་མ་ནི་གོ་སླ་བའི་ཕྱིར་རྣམ་པར་མ་ཕྱེའོ། །གསུང་གྲོང་ཁྱེར་བ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། འདིས་ནི་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་གསུང་ཡོན་ཏན་དྲུག་དག་དང་ལྡན་པར་ཡོངས་སུ་སྟོན་པ་ཡིན་ནོ། །གསུང་སྙན་པ་ཉིད་དང་ཚིག་འབྲུ་བཟང་པོ་ཉིད་དང༌། དོན་བཟང་པོ་ཉིད་དང༌། ཟང་ཟིང་མེད་པ་ཉིད་དང༌། ཇི་ལྟར་འོས་པ་ཉིད་དང༌། རྒྱ་ཆེ་བ་ཉིད་དོ། །དེ་ལ་རྣམ་པ་གཉིས་ཀྱིས་ན་གསུང་སྙན་པ་ཉིད་དུ་རིག་པར་བྱའོ། །གསུང་རྒྱ་ཆེ་བ་ཉིད་ཀྱིས་ཏེ། འཁོར་ལ་ཆུན་པར་མཛད་པའི་ཕྱིར་དང༌། གསུང་འཇམ་པ་ཉིད་ཀྱིས་སོ། །གཉིས་ཀྱིས་ན་ཚིག་འབྲུ་བཟང་པོ་ཉིད་ཡིན་ཏེ། ཚིག་འབྲུའི་ངེས་པའི་ཚིག་ལེགས་པ་ཉིད་དང༌། བརྗོད་པ་གོ་བར་མཛད་པ་ཉིད་ཀྱིས་སོ། །ལྷག་མ་རྣམས་ནི་རེ་རེས་ཏེ་རིགས་པའི་དོན་དང་ལྡན་པ་ཉིད་ཀྱིས་ཏེ། མཉན་པར་འོས་པའི་ཕྱིར་དང༌། རྙེད་པ་ལ་སོགས་པའི་བཞེད་པ་དང་མི་ལྡན་པ་ཉིད་ཀྱིས་དང༌། འཁོར་ཇི་ལྟ་བ་བཞིན་དུ་སྦྱོར་བ་ཉིད་ཀྱིས་དང༌། སྤོབས་པ་དཔག་ཏུ་མེད་པ་དང་ལྡན་པ་ཉིད་ཀྱིས་སོ། །ལུང་ལས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་མཛད་པ་ཉིད་དང༌། གསུང་འཇམ་པ་ཉིད་དང༌། ཚིག་འབྲུའི་ངེས་པའི་ཚིག་ལེགས་པ་ཉིད་དང༌། གོ་བར་མཛད་པ་ཉིད་དང༌། ཆོས་དང་དོན་དང་ལྡན་པ་ཉིད་དང༌། དད་ནས་བཀུར་སྟི་བྱེད་པ་ལ་མི་བརྟེན་པ་ཉིད་དང༌། རན་པར་གསུང་བ་ཉིད་དང༌། རྒྱ་ཆེ་ཞིང་ཐབས་མཁས་པ་ཉིད་ཀྱི་རྒྱུས་ན་གསུང་གྲོང་ཁྱེར་གསལ་བ་ནས་ཡོངས་སུ་
གཏུགས་བ་མེད་པའི་བར་ཡིན་པར་འབྱུང་སྟེ། གསུང་རྣམ་པ་བརྒྱད་དང་ལྡན་པ་འདི་ནི་མདོར་ན་ཡོན་ཏན་གསུམ་དང་ལྡན་པར་རིག་པར་བྱ་སྟེ། དབང་དུ་མཛད་པ་ཉིད་ནི་རྣམ་པ་གཅིག་གིས་སོ། །རང་བཞིན་ཉིད་ནི་གཉིས་ཀྱིས་སོ། །སྦྱོར་བ་ཉིད་ནི་ལྷག་མ་རྣམས་ཀྱིས་སོ་ཞེས་འབྱུང་ངོ༌། །དེ་ནས་ཚེ་དང་ལྡན་པ་ས་ག་དགེ་སློང་རབ་ཏུ་མང་པོ་དག་རིམ་གྲོའི་གནས་སུ་ཚོགས་ཤིང་འདུས་པར་གྱུར་པ་དག་ལ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་བཀུར་སྟི་བྱས་ཞེས་བྱ་བ་ནི་བསྟན་པའོ། །བླ་མར་བྱས་པ་ནས་སེམས་ཐམས་ཅད་ཀྱིས་བསམས་ནས་ཞེས་བྱ་བའི་བར་ནི་བཤད་པའོ། །འདིས་ནི་བཀུར་སྟི་བྱས་ནས་ཉན་པ་སྐྱོན་དྲུག་དང་བྲལ་བར་བསྟན་པ་ཡིན་ནོ། །སྐྱོན་དྲུག་ནི་ང་རྒྱལ་གྱི་སྐྱོན་དང༌། མ་དད་པའི་སྐྱོན་དང༌། མ་མོས་པའི་སྐྱོན་དང༌། ཕྱི་རོལ་དུ་རྣམ་པར་གཡེངས་པའི་སྐྱོན་དང༌། ནང་དུ་བསྡུས་པའི་སྐྱོན་དང༌། སྐྱོ་བའི་སྐྱོན་ནོ། །འདིར་ཡང་སྨྲས་པ། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེངས་ནང་བསྡུས་དང༌། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཆོས་མངོན་པ་དང་འདུལ་བ་དྲི་བ་དྲིས་པ་ཡང་ཤེས་ཚིག་དང་ཡིག་འབྲུ་རིགས་པ་དང་འབྲེལ་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདི་ལས་ནི་འདྲི་བ་རྣམ་པ་གསུམ་ལ་ལན་གདབ་པ་ཡོན་ཏན་བརྒྱད་དང་ལྡན་པར་ཡོངས་སུ་བསྟན་པ་ཡིན་ནོ། །དོན་དང་མཚམས་སྦྱར་བའི་དབང་དུ་བྱས་ནས་མི་ཤེས་ནས་འདྲི་བ་ལ་ནི་དོན་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་དང༌། མཚམས་སྦྱར་བ་འབྲེལ་པར་བྱ་བ་ཉིད་ཀྱིས་སོ། །ཆོས་ཉིད་དང་སྔ་ཕྱིའི་དབང་དུ་བྱས་ནས་འགལ་བའི་འདྲི་བ་ལ་ཆོས་ཉིད་ཀྱི་རྗེས་སུ་མཐུན་པ་ཉིད་ཀྱིས་དང༌། དགོངས་པ་བསྟན་པ་ཉིད་ཀྱིས་སོ། །འདྲི་བ་གཉིས་ཀ་ལ་ཡང་གོ་བར་བྱེད་པ་ཉིད་ཀྱིས་དང༌། གདུལ་བ་ཇི་ལྟ་བ་བཞིན་དུ་འཆད་པ་ཉིད་ཀྱིས་སོ། །རྟོགས་པའི་དབང་དུ་བྱས་ནས་གདམས་ངག་འདྲི་བ་ལ་ནི་འཇིག་རྟེན་པའི་ཡོན་ཏན་མངོན་པར་བསྒྲུབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་དང༌། འཇིག་རྟེན་ལས་འདས་པའི་ཡོན་ཏན་མངོན་པར་བསྒྲུབ་པ་དང་རྗེས་སུ་མཐུན་པ་
ཉིད་ཀྱིས་ཏེ། རྟག་འགྲུས་སྐྱོང་གི་འཕགས་པའི་ལམ་གྱི་ཡན་ལག་གི་ཚོགས་ཡིན་པའི་ཕྱིར་རོ། །རྟག་པ་དང་འགྲུས་པར་སྐྱོང་བ་ནི་རྟག་འགྲུས་སྐྱོང་སྟེ། རྟག་ཏུ་དང་བསྒྲིབས་པས་ཟག་བ་རྣམས་ལས་སེམས་སྲུང་བའི་ཕྱིར་རོ། །གཞན་ཡང་རིགས་པ་ཉིད་ནི་འབྲེལ་པ་ཉིད་ཀྱིས་གསལ་བར་བྱེད་པ་ཡིན་ཏེ། སྔ་ཕྱི་མ་འབྲེལ་བ་མེད་པ་ཉིད་ཀྱིས་སོ། །རྗེས་སུ་མཐུན་པ་ཉིད་ནི་སྦྱོར་བ་ཉིད་ཀྱིས་ཏེ། ཆོས་ཉིད་དང་མི་མཐུན་པ་མེད་པ་ཉིད་ཀྱིས་སོ། །ཐབས་དང་ལྡན་པ་ཉིད་ནི་འཚམ་པ་ཉིད་ཀྱིས་ཏེ། གདུལ་བ་དང་རྗེས་སུ་མཐུན་པར་འཆད་པ་ཉིད་ཀྱིས་སོ། །མཐུན་པ་ཉིད་ནི་རྟག་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཉིད་ཀྱིས་ཏེ། ཚངས་པར་སྤྱོད་པའི་རྗེས་སུ་མཐུན་པ་ཉིད་ཀྱིས་སོ། །ཇི་ལྟར་གསུང་དབྱངས་ཡན་ལག་ལྔ་དང་ལྡན་པ་བཤད་པ་ལས་འབྱུང་བ་ལྟ་བུ་སྟེ། ཚིག་སྔ་མ་ཕྱི་མས་གསལ་བར་བྱེད་པ་ཡིན་ནོ། །ཚིག་ཕྱི་མ་རྣམ་པར་བཤད་པ་དང་བཅས་པ་བཞི་པོ་འདི་རྣམས་ཀྱིས་ནི་འདྲི་བ་ཐམས་ཅད་ལ་ལན་གདབ་པ་ཡོན་ཏན་བཞི་དང་ལྡན་པར་བསྟན་པ་ཡིན་ཏེ། སྔ་ཕྱི་མི་འགལ་བ་དང༌། ཆོས་ཉིད་དང་མཐུན་པ་དང༌། གདུལ་བ་དང་མཐུན་པ་དང། དོན་གྱི་མཆོག་དང་མཐུན་པའོ། །ལུང་ལས་ནི་ཚིག་བརྒྱད་པོ་དག་གིས་ལན་གདབ་པ་ཡོན་ཏན་བརྒྱད་དང་ལྡན་པར་ཡོངས་སུ་བསྟན་པ་ཡིན་ནོ་ཞེས་འབྱུང་ངོ༌། །ཡོན་ཏན་བརྒྱད་དག་ནི་དོན་ལ་འཇུག་པ་ངེས་པར་འཛིན་པ་ཉིད་དང༌། འཇིག་རྟེན་ལ་གྲགས་པའི་ཚིག་དང་ཡིག་འབྲུ་དང་འབྲེལ་པ་ཉིད་དང་རྒོལ་བ་འགལ་བའི་རྗེས་སུ་མཐུན་པ་ཉིད་དང༌། ཚིག་ཟབ་མོའི་དོན་ངེས་པར་བྱས་པ་ཉིད་དང༌། ཉན་པ་པོ་ལ་ཕན་འདོགས་པའི་ཚིག་དང་ཡིག་འབྲུ་རྣམ་པར་གཡེང་བ་མེད་པའི་གཞིར་གནས་པ་ཉིད་དང༌། གདུལ་བའི་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་ཕྱེ་བ་ཉིད་དང༌། ལུང་འབོགས་པ་དང༌། ཁ་དོན་བྱེད་པ་དང༌། མོས་པ་དང་སེམས་པ་དང་བསྒོམ་པ་དང་མཐུན་པ་ཉིད་དང༌། སྒྲ་ཇི་ལྟ་བ་བཞིན་དུ་མངོན་པར་མི་ཞེན་པར་གཏན་ལ་དབབ་པར་བསྟན་པ་ཉིད་དོ། དགེ་སློང་དག་གཏམ་ལ་
འཇུག་པར་བྱ་བ་ན་འདུན་པ་དང་ཞེ་སྡང་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། །འདི་ལས་ནི་ཉོན་མོངས་པ་ཅན་གྱི་གཏམ་གཞི་དང་བཅས་པ་སྤངས་ནས་གཏམ་གང་བྱ་བ་དང༌། གང་གི་དོན་དུ་བྱ་བ་དེ་ཡོངས་སུ་བསྟན་ཏོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་གཏམ་གྱི་གཞི་ནི་རྣམ་པ་དགུ་སྟེ། རང་གི་ཕྱོགས་རྒྱལ་བར་འདོད་པ་དང༌། རང་ཕམ་ན་ཕྱིར་རྒོལ་བ་ལ་ཁོང་ཁྲོ་བ་ཉིད་དང༌། རང་གི་ཕྱོགས་གྲུབ་ན་སེམས་ཁེངས་པ་ཉིད་དང༌། ཕྱིར་རྒོལ་བས་སྐྱོན་བྱུང་བ་གླེངས་ན་དེ་བཅས་པར་འདོད་པ་ཉིད་དང༌། སྐྱོན་མ་བྱུང་བ་གླེངས་ན་ཁྲོ་བ་དང༌། ཁྲོས་ནས་ཤ་གླན་པའི་ཕྱིར་ཁོན་དུ་འཛིན་པ་དང༌། ཕམ་ན་ཡིད་མི་བདེ་བའི་མཚན་ཉིད་སེམས་མི་གསལ་བ་ཉིད་དོ། །འདི་ཐམས་ཅད་ཀྱི་རྩོད་པའི་རྩ་བའི་སྔོན་དུ་འགྲོ་བ་ནི་གཉིས་ཡིན་ཏེ། རབ་ཏུ་བྱུང་བའི་ཡང་སེམས་ཀྱི་ཐ་བ་དང༌། འཆབ་པའི་གཞི་ནི་ཟག་པའི་གནས་དང་མཐུན་པ་རྙེད་པ་དང་བཀུར་སྟི་དང་ལྡན་པའི་ཡུལ་རྣམས་ཡིན་ཏེ། དེ་ལ་ལྟོས་པ་དང་བཅས་པ་ནི་དེའི་དགྲ་བོར་གྱུར་པ་དག་ལ་ཞེ་སྡང་སྐྱེད་པའི་ཕྱིར་དང༌། བདག་ཉིད་ཀྱི་སྐྱོན་འཆབ་པར་བྱེད་པའི་ཕྱིར་རོ། །དེ་ལ་མི་ལྟོས་པ་ཉིད་ཀྱིས་ནི་དེ་སྤངས་པས་ན་རྩོད་པའི་རྩ་བ་དང་པོ་ཡོངས་སུ་སྤངས་པ་ཡིན་ནོ། །གཉིས་པ་ནི་ལྟ་བའི་ཡོངས་སུ་གདུང་བ་བསལ་བའི་ཕྱིར་རོ། །ལྟ་བ་ངན་པའི་སེམས་ཡོངས་སུ་གདུང་བ་ཡིན་ཏེ། རབ་ཏུ་མ་ཞི་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདིར་ཡང་སྨྲས་པ། རྒྱལ་དང་ཕམ་བྱེད་འདོད་གྲུབ་དང༌། །བྱུང་དང་མ་བྱུང་གླེངས་པ་དང༌། །མ་བྱུང་གླེངས་ན་ཁྲོ་བ་ལས། །ཁོ་ན་དུ་འཛིན་པ་འབྱུང་བ་དང༌། །ཕམ་ན་གདུག་པ་ལ་སོགས་པ། །བདུན་ནི་སྤངས་ནས་གཏམ་གཏན་བྱ། །རྩོད་པའི་གཞི་གཉིས་སྔ་མ་སྟེ། །གང་ལས་སྐྱོན་འདི་འབྱུང་བའོ། །དེ་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་གཏམ་ནི་རྣམ་པ་གསུམ་དག་གིས་ཡོངས་སུ་བསྟན་པ་ཡིན་ཏེ། མ་ཞི་ཞིང་ཚོད་མི་འཛིན་པར་སྨྲ་བ་ཉིད་ཀྱི་ཕྱིར་དང༌། གྲུབ་པའི་མཐའ་ལས་འདས་པར་བྱེད་པ་ཉིད་ཀྱི་ཕྱིར་དང༌། གཞན་ལ་སྨོད་པ་ཉིད་ཀྱི་ཕྱིར་རོ། །གཏམ་རྒྱུ་
དང་བཅས་པ་འདི་ལྟ་བུ་སྤངས་ནས་གཏམ་ཅི་ཞིག་སྨྲ་བར་བྱ་ཞེ་ན། དོན་དང་ཆོས་ཏེ་གང་ཞིག་གང་དོན་དུ་གཉེར་བའམ། ཆོས་དང་དོན་གང་གི་ཡུལ་ལ་འབབ་པའོ། །ཅིའི་ཕྱིར་གཏམ་སྨྲ་བར་བྱ་ཞེན། གཞན་དག་ལ་ཤེས་རབ་རྣམ་པ་གསུམ་ཉེ་བར་བསྒྲུབས་པས་བཟོད་པ་ཆུང་དུ་དང་འབྲིང་དང་ཆེན་པོ་བསྐྱེད་པའི་ཕྱིར་དང༌། བདག་དང་གཞན་གཉིས་དད་པ་བསྐྱེད་པའི་ཕྱིར་རོ། །འཕགས་པ་རྣམས་ནི་དེ་ལྟར་བརྗོད་ཅིང་ཞེས་བྱ་བ་ནི་གཞན་དག་མ་ཡིན་པའོ། །འཕགས་པ་རྣམས་ཀྱི་བརྗོད་བ་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་གཞན་དུམ་ཡིན་ནོ། །འདི་ནི་གང་ཟག་ངེས་པར་བཟུང་བ་དང༌། གཏམ་ངེས་པར་བཟུང་བ་ཡིན་པར་རིག་པར་བྱའོ། །གཞན་ཡང་འདོད་ཆགས་དང་མ་བྲལ་བ་རྣམས་ནི་སོ་སོར་བརྟགས་ནས་དེ་ལྟར་བརྗོད་ལ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་རང་བཞིན་བརྗོད་པ་ནི་དེ་ལྟ་བུ་ཡིན་ནོ། །འདིས་ནི་གང་ཟག་སོ་སོར་རྟོག་པ་དང༌། བསྒོམ་པའི་སྟོབས་ཅན་གཉིས་ངེས་པར་བཟུང་བ་ཡིན་ནོ། །གཞན་ཡང་ད་ལྟར་བྱུང་བ་དང་ལྐོག་ཏུ་གྱུར་པ་འདས་པ་དང༌། མ་འོངས་པའི་དུས་ལའོ། །གཞན་ཡང་དེ་དག་ཇི་ལྟར་བརྗོད་པ་དང༌། འབྲས་བུ་བརྗོད་པ་དེ་ཇི་ལྟ་བུ་ཡིན་པ་ཡོངས་སུ་བསྟན་པ་ཡིན་ཏེ། གང་ཟག་དང་འབྲས་བུ་ཁྱད་པར་ཅན་དང་ལྡན་པས་གཏམ་རབ་ཏུ་བསྔགས་པར་བྱ་བའི་ཕྱིར་རོ། །ལུང་ལས་ནི་གཏམ་ལ་འཇུག་པ་རྣམ་པ་གསུམ་དང་བཅས་པ་ཡིན་ཏེ། ཕྱིར་རྒོལ་བ་དང༌། བར་ན་གནས་པ་དང༌། ཆོས་མཐུན་པ་དང་ངོ་ཞེས་འབྱུང་སྟེ། དེ་ལས་ནི་མདོ་སྡེའི་དུམ་བུ་འདིས་དགེ་སློང་གི་སེམས་ཡོངས་སུ་དག་པ་དང༌། ངག་ཡོངས་སུ་དག་པ་ཡོངས་སུ་སྟོན་པ་ཡིན་ནོ། །ཕྱིར་རྒོལ་བ་ནི་རྒོལ་བ་ལ་སྦྱོར་བ་རྣམ་པ་གསུམ་གྱིས་ཉེ་བར་གནས་པ་ཡིན་ཏེ། ཕྱིར་རྒོལ་བའི་སྦྱོར་བ་དང༌། བཀུར་སྟི་མ་ཡིན་པའི་སྦྱོར་བ་དང༌། ཚིག་རྩུབ་པོའི་སྦྱོར་བས་སོ། །དེ་ལ་དགེ་སློང་གིས་ནི་ཕྱིར་རྒོལ་བའི་སྦྱོར་བ་བྱུང་ན། དེ་ཕམ་པར་འདུན་པ་སྤངས་ཤིང་ཕྱིར་རྒོལ་བ་དེ་ཉིད་ལ་ཡང་ཞེ་སྡང་སྤངས་ལ་གཏམ་བྱའོ། །མ་བྱུང་བ་དང་བྱུང་བའི་སྐུར་
པ་གཉིས་ཀྱིས་བཀུར་སྟི་མ་ཡིན་པའི་སྦྱོར་བ་བྱུང་ན་ང་རྒྱལ་དང་འཆབ་བ་སྤངས་ནས་སོ། །ཚིག་རྩུབ་པོའི་སྦྱོར་བ་བྱུང་ན་ཀུན་ནས་མནར་སེམས་ཏེ་སེམས་འཁྲུགས་པ་དང༌། མི་བཟོད་པ་སྟེ་སླར་གཤེ་བ་དང༌། ཁྲོ་བ་ལ་སོགས་པ་འདོད་པ་ཉིད་དང༌། ཡིད་མི་ཆེས་པ་སྟེ་རང་གི་སེམས་ཀྱི་ཡང་དག་བར་སྡོམ་པ་མ་ངེས་པ་ཡང་སྤངས་པའོ། །བར་ན་གནས་པ་དང་ལྷན་གཅིག་གཏམ་ལ་འཇུག་པ་ན་སེམས་ཀྱི་ཐ་བ་དང་འཆབ་པའི་གཞི་སྟེ། འདི་ལྟ་སྟེ། སློབ་དཔོན་གྱི་དཔེ་མཁྱུད་ལས་བྱུང་བ་བར་ཆད་དང་བཅས་པར་བསྟན་པའི་བསམ་པ་དང༌། དད་པ་ནས་བཀུར་སྟི་བྱེད་འདོད་པ་ལ་ཡང་བོར་ཏེའོ། །ལྟ་བའི་ཡོངས་སུ་གདུང་བ་སྟེ་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ཡང་བསལ་ནས་སོ། །འདི་ནི་དེའི་སེམས་ཡོངས་སུ་དག་པ་ཡིན་ནོ། །ཧ་ཅང་བརྗོད་པ་ཡང་མི་བྱ་ཞིང་འགལ་བར་ཡང་མི་བྱ་ལ། ཚིག་རྩུབ་པོ་སྨྲ་བར་ཡང་མི་བྱ་སྟེ་ཞེས་བྱ་བ་ནི་ཕྱིར་རྒོལ་བ་དང་ལྷན་ཅིག་གཏམ་ལ་ཞུགས་པ་ན་ཉེས་རྩོམ་གྱི་ཚིག་དང༌། མི་རིགས་པ་དང་ལྡན་པའི་ཚིག་དང༌། ཁ་ན་མ་ཐོ་བ་དང་བཅས་པའི་ཚིག་ལས་ཟློག་པར་བྱེད་པའོ། །བར་ན་གནས་པ་དང་ལྷན་ཅིག་གཏམ་ལ་འཇུག་པ་ན་ཐེ་ཚོམ་ཅན་དང༌། བྱེ་བྲག་མི་ཕྱེད་པ་ལས་བརྩམས་ནས་དོན་དང་ཆོས་བསྟན་པར་བྱའོ། །བྱེ་བྲག་ཕྱེད་པ་ལ་ནི་ཀུན་དུ་ཤེས་པར་བྱ་བ་ནས་ཡོངས་སུ་མགུ་བར་བྱ་བའི་བར་དུ་དྲུག་བྱའོ། །འདི་ནི་དེའི་དག་ཡོངས་སུ་དག་པ་ཡིན་ནོ། །དེ་ལ་བསམ་གྱིས་མི་ཁྱབ་པའི་གནས་ལ་སེམས་པ་ལ་ནི་ཀུན་དུ་ཤེས་བར་བྱ། བསམ་གྱིས་མི་ཁྱབ་པའི་གནས་ལ་ཐེ་ཚོམ་ཟོས་པ་ལ་ནི་ཡང་དག་པར་ཤེས་པར་བྱ། རྟོགས་པར་བྱ་བའི་ཕྱིར་བསྒོམ་པ་ལ་ནི་ངེས་པར་སེམས་སུ་གཞུག་པར་བྱའོ། །དེ་དག་ཁོ་ནས་མཆོག་ཏུ་དགའ་བ་རྣམ་པ་གསུམ་བསྐྱེད་པའི་ཕྱིར་ན་མགུ་བར་བྱ། ཡང་དག་པར་མགུ་བར་བྱ། ཡོངས་སུ་མགུ་བར་བྱ་བ་ཡིན་ནོ། །མཆོག་ཏུ་དགའ་བ་རྣམ་པ་གསུམ་ནི་སེམས་གཡེངས་པ་སྤོང་བའི་མཆོག་ཏུ་དགའ་བ་དང༌། ཐེ་ཚོམ་གཅོད་པའི་མཆོག་ཏུ་དགའ་བ་དང༌། འབྲས་བུ་ཡོངས་སུ་འཛིན་པའི་མཆོག་ཏུ་དགའ་བའོ། །ཆོས་མཐུན་པ་
དང་ལྷན་ཅིག་གཏམ་ལ་འཇུག་པ་ན་དད་པར་བྱ་བ་ནི་སེམས་ཡོངས་སུ་དག་བ་སྟེ་ལེགས་པར་ཡོངས་སུ་འདྲི་བའི་ཕྱིར་རོ། །དད་པ་བསྐྱེད་པར་བྱ་བ་ནི་ངག་ཡོངས་སུ་དག་པ་ཡིན་ཏེ། ལེགས་པར་ལུང་སྟོན་པའི་ཕྱིར་རོ། དགེ་སྦྱོང་དག་བདག་ཉིད་གླིང་དུ་གྱུར་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །ཇི་ལྟར་ན་བདག་ཉིད་གླིང་དུ་འགྱུར་བ་དང༌། བདག་ཉིད་སྐྱབས་སུ་འགྱུར་བར་གནས་ཤེ་ན། ནང་གི་སེམས་ཀྱི་ཞི་གནས་ལ་བརྩོན་པའི་ཕྱིར་རོ། །ཇི་ལྟར་ན་ཆོས་གླིང་དང་ཆོས་སྐྱབས་སུ་འགྱུར་བ་ཡིན་ཞེ་ན། ལྷག་པའི་ཤེས་རབ་ཆོས་ཀྱི་ལྷག་མཐོང་ལ་བརྩོན་བའི་ཕྱིར་རོ། །ཇི་ལྟར་ན་གླིང་གཞན་མ་ཡིན་པ་དང༌། སྐྱབས་གཞན་མ་ཡིན་པ་ཡིན་ཞེ་ན། དེའི་མི་མཐུན་པའི་ཕྱོགས་འདོད་པའི་བསོད་སྙོམས་དང་བདག་ཉིད་དུབ་པར་གནས་པ་ལ་བརྩོན་པ་གཉིས་ཡོངས་སུ་སྤངས་པའི་ཕྱིར་རོ། །དེ་ལྟར་ན་སྲེད་པ་དང་མ་རིག་པའི་གཉེན་པོ་ཞི་གནས་དང་ལྷག་མཐོང་གཉིས་སོ་སོར་བསྟེན་པའི་ཕྱིར་དང༌། དེའི་མི་མཐུན་པའི་ཕྱོགས་མཐའ་གཉིས་ཡོངས་སུ་སྤངས་པའི་ཕྱིར་བདག་ཉིད་ལ་སོགས་པ་གླིང་དང་སྐྱབས་སུ་གྱུར་པ་ཉིད་དུ་ཡོངས་སུ་སྟོན་པ་ཡིན་ནོ། །གཞན་ཡང་རང་གི་སྐྱེས་བུའི་རྩ་བ་དཔུང་གཉེན་ཉིད་ཡིན་པའི་ཕྱིར་ནི་བདག་ཉིད་གླིང་དུ་འགྱུར་བ་ཡིན་ཏེ། འདིས་ནི་བརྩོན་འགྲུས་བརྩམས་པ་ཉིད་ལ་སྦྱོར་བར་མཛད་པ་ཡིན་ནོ། །ལུང་དང་རྟོགས་པའི་ཆོས་དབུང་གཉེན་ཉིད་ཡིན་པའི་ཕྱིར་ནི་ཆོས་གླིང་དུ་འགྱུར་བ་ཡིན་ཏེ། འདིས་ནི་ཐབས་ཤེས་པར་བྱ་བ་ལ་སྦྱོར་བར་མཛད་པ་ཡིན་ནོ། །དེ་དག་ལ་གཅིག་ཏུ་ངེས་པ་ཉིད་ཀྱི་ཕྱིར་ནི་གླིང་གཞན་མ་ཡིན་པ་སྟེ། འདིས་ནི་གཉིས་ལ་སྐྱོན་མི་འབྱུང་བ་ཉིད་དུ་སྦྱོར་བར་མཛད་པ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་བསྒོམས་པས་དེ་ལྟར་གནས་པར་འགྱུར་རོ་ཞེས་ཡང་དག་པར་སྟོན་པ་ཡིན་ཏེ། འདི་ལ་དགེ་སློང་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་རྒྱས་པར་གསུངས་པའི་ཕྱིར་རོ། །སྡུད་པའི་ཚིགས་སུ་བཅད་པ་ནི། བརྩོན་འགྲུས་ལྡན་དང་ཐབས་ཤེས་དང༌། །རྟག་ཏུ་དེ་ལ་དགའ་བ་གང༌། །དེ་ནི་བདག་ལ་སོགས་
པ་གསུམ། །གླིང་འགྱུར་གོ་རིམས་བཞིན་ཤེས་བྱ། རྣམ་གྲངས་གཞན་ཡང༌། རང་གི་ཚུལ་བཞིན་ཡིད་བྱེད་དང༌། །གཞན་གྱི་སྒྲ་ལ་བརྟན་པ་དང༌། །བསྒོམ་ལ་གཅིག་ཏུ་ངེས་པ་འདི། །བདག་སོགས་གླིང་འགྱུར་ཤེས་པར་བྱ། །འདི་གསུམ་དོན་གང་གིས་ན་གླིང་དུ་འགྱུར། དོན་གང་གིས་ན་སྐྱབས་སུ་འགྱུར་ཞེ་ན། ཆུ་བོ་བཞིས་དེད་པ་ལས་ཡོངས་སུ་སྐྱོབ་པའི་དོན་གྱིས་ན་གླིང་དུ་འགྱུར་བ་ཡིན་ལ། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པའི་དོན་གྱིས་ན་སྐྱབས་སུ་འགྱུར་བ་ཡིན་ནོ། །གཞན་ཡང་གོ་རིམས་བཞིན་དུ་ཉོན་མོངས་པ་སྐྱེས་པ་དང༌། མ་སྐྱེས་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། དེ་དག་ཆུ་དང་ཐང་འདྲ་བའི། །ཉོན་མོངས་སྡུག་བསྔལ་སྐྱོབ་ཕྱིར་དང༌། །ཉོན་མོངས་སྐྱེས་དང་མ་སྐྱེས་དང༌། །འདི་ཡི་གཉེན་པོ་ཡིན་ཕྱིར་རོ། །ཡང་གཞན་དག་ན་རེ། བདག་ཉིད་སྐྱབས་མིན་འདོད་པ་རྣམས་ལ་བརྟེན། །ཆོས་སྐྱབས་འགྱུར་མིན་སྡུག་བསྔལ་རྣམས་ལ་སྟེ། །བདག་ལ་རག་ལས་མཁས་དང་དེ་གཉི་ག །སྐྱབས་སུ་འགྱུར་བྱེད་པ་ནི་ཞི་བར་འགྱུར། །ཞེས་འཆད་དེ། དེ་དག་ནི་མཐའ་གཉིས་ཀྱི་གཉེན་པོ་ལ་བརྟེན་པའི་ཕྱིར་དང༌། སྲིད་པ་གཞན་ཉེ་བར་མི་ལེན་པའི་ཕྱིར་བདག་ཉིད་ལ་སོགས་པ་གླིང་དུ་འགྱུར་བ་ཉིད་དུ་ཡོངས་སུ་སྟོན་པ་ཡིན་ནོ། །ལུང་ལས་ནི་གྲོགས་ལ་སྲེད་པ་དང༌། རྙེད་པ་ལ་སྲེད་པ་དང༌། ཡང་སྲིད་པ་ལ་སྲིད་པའི་གཉེན་པོར་གོ་རིམས་བཞིན་དུ་བདག་ཉིད་དང་ཆོས་དང་གླིང་གཞན་མ་ཡིན་པ་ཉིད་དུ་བསྟན་ཏོ། དགེ་སློང་དག་ལོག་པར་ལྟ་བ་སྤོངས་ཤིག་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། དེ་ལ་ལོག་པར་ལྟ་བ་སྤོངས་ཤིག་ཅེས་བྱ་བ་ནི་བཀའ་ཡིན་ནོ། ལྷག་མས་ནི་བཀའ་བཞིན་དུ་བསྒྲུབ་པའི་རྒྱུ་རྣམ་པ་གསུམ་སྟོན་པ་ཡིན་ཏེ། ནུས་པ་ཉིད་དང༌། སྐྱོན་མེད་པ་ཉིད་དང༌། ཡོན་ཏན་མང་བ་ཉིད་དོ། །སྐྱོན་མེད་པ་ཉིད་ནི་དོན་མེད་པ་ལ་སོགས་པ་མི་འགྲུབ་པ་ཡིན་བའི་ཕྱིར་རོ། །ཡོན་ཏན་མང་བ་ཉིད་ནི་དོན་ལ་སོགས་པ་འགྲུབ་པའི་ཕྱིར་རོ། །མི་སྒྲུབ་ན་ཡང་སྐྱོན་མང་
བ་ཉིད་ཀྱི་རྒྱུ་རྣམ་པ་བཞི་པ་གླེངས་པ་ཡིན་ཏེ། མ་སྤངས་ན་དོན་མེད་པ་ལ་སོགས་པ་འགྲུབ་པར་གླེངས་པའི་ཕྱིར་རོ། །དེ་ལ་དོན་ནི་དགེ་བའི་ཆོས་འབྱུང་བ་སྟེ། ཇི་ལྟར་ཡང་དག་པར་སྤང་བ་ཕྱི་མ་གཉིས་ལྟ་བུ་སྟེ། རྒྱན་ཅན་གྱི་བུའི་མདོ་སྡེ་ལས་གསུངས་པ་ལྟ་བུའོ། །ཕན་པ་ནི་མི་དགེ་བའི་ཆོས་དང་འབྲལ་བ་སྟེ། ཇི་ལྟར་ཡང་དག་པར་སྤོང་བ་སྔ་མ་གཉིས་ལྟ་བུས་སོ། །བདེ་བ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཡིན་ཏེ། ལུས་དང་སེམས་ཤིན་ཏུ་སྦྱང་བའི་ཁྱད་པར་དང་ལྡན་པའི་ཕྱིར་རམ། རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་མྱོང་བའི་ཕྱིར་རོ། །དོན་ནི་དགེ་སྦྱོང་གི་དོན་ནི་ཚུལ་གྱི་དོན་ཏེ། གང་གི་དོན་དུ་རབ་ཏུ་བྱུང་བ་རྣམས་ཡིན་ནོ། །ཕན་པ་ནི་དེ་འདྲེན་པར་བྱེད་པ་དགེ་སྦྱོང་གི་ཚུལ་ཡིན་ནོ། །བདེ་བ་ནི་སྔ་མ་བཞིན་ནོ། །གཞན་ཡང་དོན་ནི་བསྟན་པ་ཡིན་ལ། ཕན་པ་དང་བདེ་བ་ཞེས་བྱ་བ་ནི་བཤད་པ་ཡིན་ཏེ་དེ་ལ་དགེ་བའི་དོན་གྱིས་དེ་ལ་ཕན་པ་ཡིན་ལ། རྗེས་སུ་འཛིན་པའི་དོན་གྱིས་ན་བདེ་བ་ཡིན་ཏེ། དེ་དག་ལ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཉེར་བར་བྱེད་པ་ཡིན་པས་དེའི་ཕྱིར་འདི་གཉིས་ཁོ་ན་དོན་ཡིན་ནོ། །རྣམ་གྲངས་གཉིས་ཀ་ཡང་ལུང་ཡིན་ནོ། །དགེ་སློང་དག་གང་ཟག་གིས་གང་ཟག་ལ་ཚོད་མ་བཟུང་ཤིག་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཡོན་ཏན་ཡོད་པ་དང༌། མེད་པ་ཉིད་ཀྱི་གང་ཟག་ལ་ཚོད་འཛིན་པ་ཡིན་ལ། ཡོན་ཏན་གྱི་ཚད་འཛིན་པས་ནི་གང་ཟག་ལ་ཚད་འཛིན་པ་ཡིན་ནོ། །གཞན་ཡང་འདི་ནི་འདི་ཇི་ལྟ་བ་དེ་ལྟ་བུ་ཡིན་ནོ་ཞེས་གཞན་ལ་བརྟེན་ནས་གང་ཟག་ལ་ཚོད་འཛིན་པ་ཡིན་ལ། གཞན་ལ་མི་བརྟེན་པར་འདི་ལ་ཡོན་ཏན་འདི་སྙེད་ཅིག་ཡོད་དོ་ཞེས་གང་ཟག་ལ་ཚོད་འཛིན་པའོ། །དེ་འདི་སྙམ་དུ་ཀྱེ་མ་བདག་གི་འདི་ལྟ་སྟེ། ལུས་དང་ངག་དང༌། ཡིད་ཀྱིས་སྡིག་པ་བྱས་ཤིང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སྡིག་པ་ནི་ཐ་ཆད་ཀྱི་དོན་གྱིས་ན་ཉེས་པར་སྤྱད་པ་ཡིན་ཏེ། ཇི་སྐད་དུ། ལུས་ཀྱིས་ཉེས་བར་སྤྱད་པའི་རྣམ་པར་སྨིན་པ་སྡིག་པ་ཞེས་བྱ་བ་དང༌། ཆེ་གེ་མོ་ང་ནི་ཁྱེད་ལ་མི་འཇིགས་ཀྱི་གཉིས་ན་ཁྱོད་དང་རེག་
སྡིག་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་ཡིན་པས་ཐ་ཆད་ཡིན་པར་མངོན་ནོ། །ཉེས་པར་སྤྱད་པ་དེ་ཉིད་དྲག་ཤུལ་ཡིན་ཏེ། གཞན་ལ་གནོད་པ་བྱེད་པའི་དོན་གྱིས་སོ། །དེ་ཉིད་གདུག་པ་ཡིན་ཏེ། ཚེ་ཕྱི་མ་ལ་རང་གི་ལུས་ལ་གནོད་བ་བྱེད་པའི་དོན་གྱིས་སོ། །བསོད་ནམས་ནི་བཀྲ་ཤིས་པའི་དོན་གྱིས་ན་ལེགས་པར་སྤྱད་པ་ཡིན་ཏེ། ཇི་སྐད་དུ་དྲི་ནི་བསོད་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་ཉིད་ནི་དགེ་བ་ཡིན་ཏེ། ཚེ་ཕྱི་མ་ལ་འབྲས་བུ་ཡིད་དུ་འོང་བའི་དོན་གྱིས་སོ། །དེ་ཉིད་འཇིགས་པས་བག་ཚ་བ་རྣམས་ལས་སྐྱོབ་པ་ཡིན་ཏེ་ངན་འགྲོ་འཇིགས་པས་བག་ཚ་བ་ལས་ཡོངས་སུ་སྐྱོབ་པའི་དོན་གྱིས་སོ། །འདི་ནི་དོན་ཐ་དད་པས་དེ་སྐད་གསུངས་པ་ཡིན་གྱི། གཞི་ཐ་དད་པས་ནི་མ་ཡིན་ནོ། །འདི་ཇི་ལྟར་ཤེས་ཤེ་ན། ཀྱེ་མ་བདག་གིས་འདི་ལྟ་སྟེ། ལུས་དང༌། ངག་དང༌། ཡིད་ཀྱིས་སྡིག་པ་བྱས་ཤིང༌། ཀྱེ་མ་བདག་གི་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་བསོད་ནམས་མ་བྱས་པས་ཞེས་ཐོག་མར་སྡིག་པ་དང་བསོད་ནམས་གཉིས་ཁོ་ན་སྨོས་པའི་ཕྱིར་རོ། །འཐབ་མོ་དང་མཚང་འདྲུ་བ་དང་རྩོད་པ་དང་འགྱེད་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཉེས་པར་རྩོམ་པ་རྣམས་ཀྱིས་སྨྲ་བ་དང༌། སླར་སྨྲ་བ་ཙམ་ནི་འཐབ་མོ་ཡིན་ནོ། །གཅིག་ལ་གཅིག་སྐྱོན་སྨྲ་བ་ནི་མཚང་འདྲུ་བ་ཡིན་ནོ། །དེ་མི་བཟོད་པ་ནི་རྩོད་པ་ཡིན་ནོ། །རྩོད་པ་རྣམས་ཕལ་ཆེར་གྲར་ཕན་ཚུན་མི་མཐུན་པར་སྨྲ་བ་ནི་འགྱེད་པ་ཡིན་ནོ། །གཤེ་ཡང་སླར་མི་གཤེ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཁྲོས་བས་ཚོགས་པར་མི་དབྱུང་བའི་སྐུར་པ་གླེང་བ་ནི་འདིར་གཤེ་བ་ཡིན་ནོ། །ཁྲོ་བ་བསྐྱེད་པའི་བསམ་པས་ངག་དང་བྱེད་པ་ཡིན་དུ་མི་འོང་བ་ནི་ཁྲོ་བ་ཡིན་ནོ། །སྡུག་བསྔལ་བར་བྱ་བའི་བསམ་པས་སྣུར་བར་བྱེད་པ་ནི་རྡེག་པ་ཡིན་ནོ། །མ་ཚང་འདྲུ་བ་ནི་སྔ་མ་བཞིན་ནོ། །ཚུལ་ཁྲིམས་འདི་དག་ནི་མ་ཉམས་པ་སྐྱོན་མེད་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་མ་ཉམས་པ་ནི་བསླབ་པ་ལས་མི་འདའ་བའི་ཕྱིར་རོ། །སྐྱོན་མེད་པ་ནི་བར་བར་དུ་ཡང་ཡོངས་སུ་མི་གཏང་བའི་ཕྱིར་རོ། །འདྲེན་མར་མ་གྱུར་པ་ནི་འཆབ་
པའི་ཚུལ་ཁྲིམས་དང་མ་འདྲེས་པ་ཉིད་ཀྱི་ཕྱིར་རོ། །ཐུན་ཚགས་མ་ཡིན་པ་ནི་དེའི་རྒྱུ་རྣམ་པར་རྟོག་པ་དང་མ་འདྲེས་པ་ཉིད་ཀྱི་ཕྱིར་རོ། །རང་དབང་ཅན་ནི་དེའི་གཉེན་པོ་ཡོངས་སུ་བཟུང་བས་བདག་གིས་དབང་ཉིད་དུ་གྱུར་པའི་ཕྱིར་ཏེ། རྐྱེན་གྱིས་མི་འཕྲོགས་པ་ཉིད་ཀྱི་རྒྱུས་སོ། །ནོག་ནོག་པོར་མ་གྱུར་པ་ནི་ལྟ་བ་ངན་པ་དང་སྨོན་ལམ་གཉིས་ཀྱིས་ཏེ། ངེས་པར་འབྱིན་པ་ཉིད་ཀྱི་རྒྱུས་སོ། །འདིས་ནི་ཚུལ་ཁྲིམས་ཡོན་ཏན་བཞི་དང་ལྡན་པར་སྟོན་ཏེ། ཚུལ་ཁྲིམས་དེའི་རྒྱུས་མི་ཐུབ་དང༌། དེའི་གཉེན་པོ་ལ་བརྟེན་པ་སྟེ། ཚིག་གསུམ་དག་གིས་དང་ལྷག་མ་རྣམས་ཀྱིས་ནི་རེ་རེ་དང་གོ་རིམས་བཞིན་དུ་སྦྱར་རོ། །རྣམ་པ་དང་པོ་གསུམ་པོ་དག་གིས་ནི་ལེགས་པར་ཆུབ་པ་ཡིན་ཏེ། ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །གསུམ་པོ་གཞན་དག་གིས་ནི་ལེགས་པར་བརྩམས་པ་ཡིན་ཏེ། ལེགས་པར་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་རོ། །མཁས་པ་རྣམས་ཀྱིས་བསྔགས་པ་ནི་འཕགས་པ་རྣམས་ཀྱིས་བསྔགས་པ་ཉིད་ཀྱི་ཕྱིར་ཏེ། དགེ་བ་ཉིད་ཀྱི་རྒྱུས་སོ། །མཁས་པ་རྣམས་ཀྱིས་མ་སྨད་པ་ནི་རྣམ་གྲངས་ཀྱིས་ཀྱང་མ་སྨད་པ་ཉིད་ཀྱི་ཕྱིར་ཏེ། ཟག་པ་མེད་པ་ཉིད་ཀྱི་རྒྱུས་སོ། །གང་ཟག་བདེན་པ་མཐོང་བ་འབྲས་བུ་ཐོབ་པ་མངོན་པར་རྟོགས་པ་དང་ལྡན་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་སྟེ། འདི་ལས་ནི་དམིགས་པ་དང༌། ལས་དང་རང་བཞིན་གྱིས་ལྟ་བ་ཕུན་སུམ་ཚོགས་པར་ཡོངས་སུ་བརྟན་པ་ཡིན་ཏེ། བདེན་པ་ལ་དམིགས་པ་དང༌། འབྲས་བུ་ཐོབ་པར་བྱེད་པ་དང་མངོན་པར་རྟོགས་པའི་མཚན་ཉིད་ཀྱི་ལྟ་བ་ཕུན་སུམ་ཚོགས་པ་ནི་ལྟ་བ་ཕུན་སུམ་ཚོགས་པའོ། །དེ་ལ་མངོན་པར་རྟོགས་པ་ནི་བདག་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་པར་རིག་པར་བྱའོ། ཡིད་ཆེས་པ་ལས་ནི། མངོན་སུམ་ཉིད་ཀྱིས་དོན་གྱིས་སུ། །ཤེས་བྱ་ཤེས་པར་བྱེད་པ་སྟེ། །དེས་ན་མངོན་པར་རྟོགས་པར་འདོད། །ཅེས་འབྱུང་སྟེ། དེ་ཡང་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡིན་ནོ། །དགེ་སློང་དག་གསུམ་པོ་འདི་དག་ནི་ནང་གི་དྲི་མ་ཡིན། ནང་གི་འགྲན་ཟླ་དང་བཅས་པ་
ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ནི་ནང་གི་སེམས་སྐྱེ་བ་ན་སྐྱོན་རྣམ་པ་བཞི་དག་བྱེད་དེ། སེམས་དྲི་མ་ཅན་དུ་བྱེད་པ་སྟེ་ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར་དང༌། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེ་བའི་གེགས་བྱེད་པ་དང༌། དགེ་བའི་ཆོས་སྐྱེད་པ་རྣམས་ལས་ཡོངས་སུ་ཉམས་པར་བྱེད་པ་དང༌། གང་གིས་ངན་སོང་རྣམས་སུ་ཡུན་རིང་པོར་འགྲོ་བར་གྱུར་པ་དེ་འདྲ་བའི་མི་དགེ་བའི་ལས་ཀུན་ནས་སློང་བར་བྱེད་པའོ། །དེའི་ཕྱིར་ནང་གི་དྲི་མ་ཡིན། ནང་གི་འགྲན་ཟླ་དང་བཅས་པ་ཡིན། ནང་གི་ཕྱིར་རྒོལ་བ་ཡིན། ནང་གི་དགྲ་བོ་ཡིན་ནོ་ཞེས་བྱ་བ་སྟེ། གོ་རིམས་བཞིན་ནོ། དེ་ནི་མིག་གི་རྒྱ་མཚོ་དབའ་རླབས་དང་བཅས་པ་གློང་དང་བཅས་པ་འཛིན་ཁྲི་དང་བཅས་པ་སྲིན་པོ་དང་བཅས་པ་ལས་བརྒལ་བ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དབའ་རླབས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཉོན་མོངས་པ་ཅན་ཡིན་ཏེ། སེམས་ཀུན་ཏུ་འཁྲུགས་པར་བྱེད་པའི་ཕྱིར་རོ། །གློང་ནི་ཉོན་མོངས་པ་གང་གིས་བསླབས་པ་བཏང་ནས་ཉམས་པར་བྱ་བའི་ཕྱིར་གནས་པའོ། །འཛིན་ཁྲི་ནི་ཉོན་མོངས་པ་གང་གིས་རྙེད་པ་དང་བཀུར་སྟི་ལ་བྱིང་བར་བྱེད་པའོ། །སྲིན་པོ་ནི་གང་གིས་འཆལ་པའི་ཚུལ་ཁྲིམས་བསྐྱེད་ནས་ངན་སོང་རྣམས་སུ་སྐྱེ་བར་འགྱུར་བའོ། །དེ་ལྟར་ན་བསྟན་པ་འདི་ལ་རབ་ཏུ་བྱུང་བའི་མིག་གིས་བདག་པོ་བྱས་ན་ཆུད་ཟ་བ་གཞི་དང་བཅས་པ་རྣམ་པ་གཉིས་ཡང་དག་པར་བསྟན་པ་ཡིན་ཏེ། བསླབ་པ་གཏང་བ་དང་ཉམས་བར་བྱེད་པ་ཡིན་ནོ། །ཤེས་རབ་མྱུར་བ་ཤེས་རབ་མགྱོགས་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དོན་མྱུར་བ་དང༌། མང་པོ་དང༌། ཕྲ་བ་ལ་འཇུག་པའི་ཕྱིར་ཤེས་རབ་མྱུར་བ་དང་མགྱོགས་པ་དང་རྣོ་བ་ཡིན་ཏེ་གོ་རིམས་བཞིན་ནོ། །མང་པོ་དག་ཏུ་འགྲོ་བ་ལ་ནི་མགྱོགས་པ་ཞེས་བྱའོ། །འདི་ལ་ཤེས་རབ་འཁོར་བ་ལས་ངེས་པར་འབྱུང་བ་དང་དེ་ཁོ་ན་ངེས་པར་འབྱེད་པ་ཡོད་པས་ངེས་པར་འབྱུང་བའི་ཤེས་
ཤེས་རབ་ཅན་ཡིན་ནོ། །འདི་ལ་ཤེས་རབ་ཆེན་པོ་ཡོད་དེ། འདྲི་བ་དང་ལན་གདབ་པ་དག་ལ་ཕུགས་ཐུག་པར་མི་འགྱུར་བའི་ཕྱིར་རོ། །ཡངས་པ་ཡང་ཡིན་ཏེ། མངོན་པར་ཤེས་པ་ལྔ་རྒྱ་ཆེ་བ་དང་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཟབ་པ་ཡང་ཡིན་ཏེ། གཞན་དག་གིས་རྟོགས་པར་དཀའ་བའི་ཕྱིར་རོ། །མཉམ་པ་མེད་པ་ཡང་ཡིན་ཏེ། འཇིག་རྟེན་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །རིན་པོ་ཆེ་ལྟ་བུ་ཡང་ཡིན་ཏེ། རྙེད་པར་དཀའ་བའི་ཕྱིར་དང༌། དོན་ཆེན་པོ་ཡང་དག་པར་སྒྲུབ་པའི་ཕྱིར་དང༌། དགའ་བར་བྱེད་པའི་ཕྱིར་ཏེ། རང་དང་གཞན་གྱི་རྒྱུད་དག་ལ་རྣམ་པར་གྲོལ་བ་དང་དགའ་བ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཡིན་ཏེ་གོ་རིམས་བཞིན་ནོ། །འདིར་གཉི་གའི་དོན་གྱི་དབང་དུ་མཛད་པའི་ཆོས་ཀྱི་དོན་ལ་བརྩམས་ནས་ཤེས་རབ་ཀྱི་ཡོན་ཏན་གསུམ་དག་ཏུ་རིག་པར་བྱའོ། །གཉིས་ནི་རང་གི་དོན་སྟེ། འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར་རོ། །ལྷག་མ་རྣམས་ནི་གཞན་གྱི་དོན་ཡིན་ཏེ། ཐེ་ཚོམ་གཅོད་པའི་ཕྱིར་དང༌། འདུད་པའི་ཕྱིར་དང༌། རི་མོའི་ཁྱད་པར་སྐྱེད་པའི་ཕྱིར་དང༌། དོན་གྱི་མཆོག་ཐོབ་པར་བྱེད་པའི་ཕྱིར་རོ། །ཟབ་པ་དང་མཉམ་པ་མེད་པ་གཉིས་ཀྱི་ནི་རི་མོའི་ཁྱད་པར་སྐྱེད་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་འཕགས་པ་ཤཱ་རིའི་བུའི་དབང་དུ་མཛད་ནས་ཚིག་འདི་དག་གསུངས་པ་ཡིན་ཏེ། དེ་ལ་ཤེས་རབ་མྱུར་བ་ནི་ཚེ་དང་ལྡན་པ་རྟ་ཐུལ་ལས་ལན་ཅིག་ཚིགས་སུ་བཅད་པ་ཐོས་པས་དོན་ལ་ཞུགས་བའི་ཕྱིར་རོ། །ཤེས་རབ་མགྱོགས་པ་ནི་དེ་ཐོས་པ་ན་དོན་མང་པོ་ལ་ཞུགས་པའི་ཕྱིར་རོ། །ཤེས་རབ་རྣོ་བ་ནི་དོན་ཕྲ་བ་ལ་ཞུགས་པའི་ཕྱིར་རོ། །ངེས་པར་འབྱུང་བའི་ཤེས་རབ་ཅན་ངེས་པར་འབྱེད་པའི་ཤེས་རབ་ཅན་ནི་དེ་ཉིད་ལས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པའི་ཕྱིར་ཏེ། ཉོན་ཉོན་མོངས་པ་སྤངས་པ་དང་དེ་ཁོ་ན་རྟོགས་པའི་ཕྱིར་རོ། །ཤེས་རབ་ཆེ་
བ་ནི་ཇི་སྐད་དུ་བདག་ནི་དྲི་བ་དྲིས་ན་དོན་འདི་ཁོ་ན་ཡང་ཉིན་མཚན་བདུན་དུ་ཚིག་གཞན་དང་ཡིག་འབྲུ་གཞན་དག་གིས་ལན་འདེབས་སོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །ཤེས་རབ་ཡངས་པ་ནི་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་བྱེད་པའི་ཕྱིར་ཏེ། ཇི་སྐད་བུ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པས་སྐྱེས་བུ་གདུལ་བ་ཐུལ་བ་ན་ཕྱོགས་ཐམས་ཅད་དུ་རྣམ་པར་རྒྱུག་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །འོ་ན་མདོ་སྡེ་ལས་འདི་ལ་དགེ་སློང་འདོད་པ་དག་ལས་དབེན་པ་ནས། བསམ་གཏན་བཞི་པའི་བར་ལ་སྙོམས་པར་ཞུགས་ཏེ་གནས་ན་འདི་ཙམ་གྱིས། དགེ་སློང་མཁས་པ་ཡིད་གཞུངས་པ་ཤེས་རབ་ཡངས་པ་ཞེས་བྱའོ་ཞེས་གང་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། དེ་ཡང་བསམ་གཏན་རྣམས་ལ་མངོན་པར་ཤེས་པ་དང་རྣམ་པར་ཐར་པ་རྟེན་པ་ཉིད་ཀྱི་ཕྱིར་རིག་པར་བྱའོ། །ཤེས་རབ་ཟབ་པ་ནི་ཇི་སྐད་དུ། ཁྱོད་ནི་ཅི་ལ་གནས་ཏེ་བསམ་གཏན་པ། །ཁྱོད་ལ་མངོན་པར་རྟོགས་པར་མི་འགྱུར་བས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་ཕྱག་འཚལ་ལོ། །སྐྱེས་བུ་དམ་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟ་བུའོ། །ཤེས་རབ་མཉམ་པ་མེད་པ་ནི་ཇི་སྐད་དུ། དེ་བཞིན་གཤེགས་པ་མ་གཏོགས་པ། །འཇིག་རྟེན་ཀུན་གྱི་ཤེས་རབ་གང༌། །ཤཱ་རིའི་བུ་ཡི་ཤེས་རབ་ཀྱི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟ་བུའོ། །ཤེས་རབ་རིན་པོ་ཆེ་དང་ལྡན་པ་ནི་དེའི་ཤེས་རབ་རིན་པོ་ཆེ་ལྟ་བུ་ཡིན་པའི་ཕྱིར་ཏེ་སྔ་མ་བཞིན་དུ་སྦྱར་རོ། །འདི་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་བདག་ནི་སྐྱེ་དགུ་སེར་སྣའི་དྲི་མས་ཀུན་ནས་དཀྲིས་པ་རྣམས་ལས་སེམས་དྲི་མའི་སེར་སྣ་དང་བྲལ་བས་ལྷུག་པར་གཏོང་བ་དང་ལག་པ་བརྐྱང་བ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དྲི་མ་གང་ལས་སེར་སྣ་འབྱུང་བ་དེའི་རྒྱུ་དེ་ནི་སེར་སྣའི་དྲི་མ་ཞེས་བྱ་སྟེ། སྦྱིན་པ་དང་འགལ་བ་ཆགས་པའི་རྣམ་པ་ཡིན་པས་འབྲས་བུའི་ཤིང་ལྟ་བུ་དང་སེར་བའི་སྤྲིན་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་སེམས་དྲི་མའི་སེར་སྣ་དང་བྲལ་བ་ཞེས་བཟློག་ནས་གསུངས་པ་ཡིན་ཏེ། སེར་སྣའི་རྒྱུ་ཆགས་པ་དང་སྡར་བྲལ་བའི་
ཕྱིར་རོ། །དེ་ལྟར་ན་སེར་སྣ་སྔར་དང་ཕྱི་ནས་སྨོས་པ་ནི་ཁྱད་པར་དུ་བྱ་བའི་ཕྱིར་དང༌། ལྡོག་པའི་གོ་རིམས་ཡང་དག་པར་བསྟན་པའི་ཕྱིར་རོ། །ལྷུག་པར་གཏོང་བ་དང༌། ལག་པ་བརྐྱང་བ་དང༌། རྣམ་པར་གཏོང་བ་ལ་དགའ་བ་དང༌། སྦྱིན་པ་རྒྱུན་མི་འཆད་པ་དང༌། གཏོང་བ་ཕུན་སུམ་ཚོགས་པ་དང༌། སྦྱིན་པ་ལ་འགེད་པར་དགའ་བ་དང་ཞེས་བྱ་བ་འདིས་ནི་མི་གནས་པར་སྦྱིན་པ་བྱེད་པ་ཉིད་དང༌། རྒྱ་ཆེར་སྦྱིན་པ་བྱེད་པ་ཉིད་དང༌། དགའ་བས་སྦྱིན་པ་བྱེད་པ་ཉིད་དང༌། ཡང་དང་ཡང་དུ་སྦྱིན་པ་བྱེད་པ་ཉིད་དང༌། ལོག་པར་འཚོ་བ་མེད་པར་སྦྱིན་པ་བྱེད་པ་ཉིད་དང༌། ཕྱོགས་མེད་པར་སྦྱིན་པ་བྱེད་པ་ཉིད་སྟོན་ཏོ། །མི་གནས་པར་སྦྱིན་པ་ཉིད་ནི་ལན་དང་རྣམ་པར་སྨིན་པ་མི་འདོད་པ་ཉིད་ཡིན་པར་རིག་པར་བྱའོ། །ཕྱོགས་མེད་པར་བྱེད་པ་ཉིད་ནི་དགེ་སྦྱོང་རྣམས་ལས་སློང་མོ་པ་རྣམས་ཀྱི་བར་དག་ལ་ཀུན་ཏུ་འགེད་པའི་ཕྱིར་རོ། །དེ་ལ་རིགས་ཀྱི་བུ་དགའ་བོའི་ཟས་ལ་ཚོད་ཟིན་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །སོ་སོར་བརྟགས་ནས་ཟས་ཟའོ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། ལྷག་མ་ནི་བཤད་པ་ཡིན་ནོ། །དེ་ལ་ཁ་ཅིག་ན་རེ་ད་ནི་ལོངས་པའི་ཕྱིར་མ་ཡིན་པ་ནི་གཞོན་ནུ་རྣམས་ལྟ་བུ་སྟེ། དེ་རྣམས་ནི་དགོད་པ་དང་རྩེད་མོའི་བསམ་པ་ཉིད་ཀྱིས་ལོངས་པའི་ཕྱིར་ཟའོ། །རྒྱགས་པའི་ཕྱིར་མ་ཡིན་པ་ནི་གྱད་རྣམས་ལྟ་བུ་སྟེ། དེ་རྣམས་ནི་ལུས་ཀྱི་སྟོབས་བརྟས་པར་བྱ་བ་དང༌། ཡེང་ཡེང་པོར་བྱ་བའི་བསམ་པ་ཉིད་ཀྱིས་རྒྱགས་པའི་ཕྱིར་ཟའོ། །ཆ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་པ་ནི་འདོད་པ་ལ་ལོངས་སྤྱོད་པ་རྣམས་ལྟ་བུ་སྟེ། དེ་རྣམས་ནི་མཛེས་པར་བྱ་བའི་བསམ་པ་ཉིད་ཀྱིས་ཆ་བའི་ཕྱིར་དང༌། བརྒྱན་པའི་ཕྱིར་ཟའོ། །དེ་ལ་ཁྲུས་དང་བྱི་དོར་བྱེད་པ་དང་ཉུག་པ་ནི་ཆ་བའོ། །གོས་དང་ཕྲེད་བ་དང་རིན་པོ་ཆེས་ཀླུབས་པ་ནི་བརྒྱན་པའོ་ཞེས་ཀྱང་ཟེར་ཏེ། འདི་ཐམས་ཅད་ནི་འདོད་པ་ལ་ལོངས་སྤྱོད་པ་ཁོ་ན་དག་ལ་འབྱུང་བས་དེ་ལྟ་བུའི་བསམ་པས་ཟས་ཀྱི་བྱ་བ་འགོག་པར་བྱེད་དོ། །ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་དང༌། གསོ་བའི་ཕྱིར་ཞེས་བྱ་བ་ནི་འབའ་ཞིག་སྲོག་ཡོད་
པར་བྱ་བའི་ཕྱིར་དང༌། སྟོབས་ཡོད་པར་བྱ་བའི་ཕྱིར་ཏེ། ཤིང་རྟའི་སྲོག་ཤིང་བསྐུ་བ་བཞིན་ནོ། །བཀྲེས་པ་དང་བྲལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཟ་འདོད་པའི་སྡུག་བསྔལ་བཟློག་པའི་ཕྱིར་ཏེ། རྨ་བསྐུ་བ་བཞིན་ནོ། །ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་ཞེས་བྱ་བ་ནི་ལུས་གནས་པ་དང༌། ལུས་ཀྱི་སྟོབས་དང་ལུས་ཀྱི་ཉོན་མོངས་པ་མེད་པ་དེ་དག་ལ་བརྟེན་ནས་འཕགས་པའི་ལམ་བསྒྲུབ་པའི་ཕྱིར་ཏེ། ཚངས་པར་སྤྱོད་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པའོ་ཞེས་མདོ་སྡེ་གཞན་དག་ལས་འབྱུང་བའི་ཕྱིར་རོ། །དེ་ལྟ་བུའི་ཚོར་བ་རྙིང་ནི་གཞིལ་བར་བྱ་ལ་ཞེས་བྱ་བ་ནི་བཀྲེས་པས་ཀུན་ནས་བསླང་བ་གང་ཡིན་པའོ། །ཚོར་བ་གསར་ནི་མི་སྐྱེ་བར་བྱས་ནས་ཞེས་བྱ་བ་ནི་ཧ་ཅང་བཟའ་དྲགས་པ་ལས་སྐྱེ་བ་གང་ཡིན་པའོ། །འདིས་ནི་ཟས་ཆུང་དུ་དང་ལྷག་པར་ཟ་བ་ཡོངས་སུ་སྤོང་བར་བྱེད་དོ། །དེ་ལྟ་བུས་ཞེས་བྱ་བ་ནི་ཚོད་ཡང་དག་པར་བསྟན་པའི་ཕྱིར་རོ། །ཚོར་བ་རྙིང་བཅིལ་བས་ཅིར་འགྱུར་སྙམ་པ་ལ། བདག་འཚོ་བ་དང༌། སྟོབས་དང་བདེ་བར་འགྱུར་རོ་སྙམ་དུ་སོ་སོར་རྟོག་སྟེ། དེ་དག་ཀྱང་ལུས་གནས་པ་ལ་སོགས་པ་སྔར་བསྟན་པ་གང་ཡིན་པའོ། །ཚོ་རབ་གསར་མི་བསྐྱེད་ན་ཅིར་འགྱུར་སྙམ་པ་ལ། ཁ་ན་མ་ཐོ་བ་མེད་པ་དང༌། རེག་པར་གནས་པར་འགྱུར་རོ་སྙམ་དུ་སོ་སོར་རྟོག་སྟེ། དེ་དག་ཀྱང་ཚངས་པར་སྤྱོད་པ་རྗེས་སུ་བཟུང་བ་ལྟར་སྔར་བསྟན་པ་གང་ཡིན་པའོ། །དེ་ལ་ཧ་ཅང་བཟའ་དྲགས་པའི་སྐྱོན་མེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་སྐྱོན་ནི་ལྔ་དག་སྟེ། སྙོམས་པ་དང༌། མི་དགའ་བ་དང༌། གླལ་བ་དང༌། ཟས་ཀྱིས་གསུང་པ་དང༌། སེམས་ཞུམ་པ་ཉིད་དོ། །ལུས་ཟོ་མདོག་བདེ་བས་ཤིན་ཏུ་སྦྱངས་པ་དང་མཐུན་པ་ཉིད་ཀྱིས་བདེ་བར་གནས་པའི་ཕྱིར་རེག་པར་གནས་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་བསམ་པ་གང་གིས་མི་བཟའ་བ་དང་བསམ་པ་གང་གིས་དང༌། ཚོད་ཅི་ཙམ་དུ་བཟའ་བ་དང༌། ཟས་ལ་ཚོད་ཟིན་པའི་ཕན་ཡོན་གང་ཡིན་བ་དེ་ལ་སོ་སོར་བརྟགས་ནས་ཟས་ཟ་བའི་ཕྱིར་སོ་སོར་བརྟགས་ནས་ཟས་
ཟ་བ་ཡིན་ནོ། །གཞན་དག་ན་རེ་སོ་སོར་བརྟགས་པ་བཞི་དག་གིས་སོ་སོར་བརྟགས་ནས་ཡིན་ཞེས་ཟེར་ཏེ། སོ་སོར་བརྟགས་པ་བཞི་ལ་སྤང་བར་བྱ་བ་སོ་སོར་བརྟགས་པ་ནི་ཚིག་བཞི་དག་གིས་སོ། །ཚོད་སོ་སོར་བརྟགས་པ་ཡང་བཞི་དག་གིས་སོ། །ཚོད་བཟུང་བ་སོ་སོར་བརྟགས་པ་ནི་གཉིས་ཀྱིས་སོ། །ཚོད་ཟིན་པའི་ཕན་ཡོན་སོ་སོར་བརྟགས་པ་ནི་ལྷག་མ་རྣམས་ཀྱིས་སོ། །ཡང་ནི་ཚིག་བཞི་དག་གིས་ནི་འདོད་པའི་བསོད་ཉམས་ལ་རྗེས་སུ་སྦྱོར་བའི་མཐའ་ཡོངས་སུ་སྤོང་བ་ཡིན་ལ་གསུམ་དག་གིས་ནི་བདག་ཉིད་དུབ་པར་གནས་པ་ལ་རྗེས་སུ་སྦྱོར་བའི་མཐའ་སྤོང་བ་ཡིན་ནོ། །གཅིག་གིས་ནི་དབུ་མའི་ལམ་སྒྲུབ་པ་ཡིན་ནོ། །ལྔ་དག་གིས་ནི་མཐའ་གཉིས་ཡོངས་སུ་སྤངས་པའི་ཕན་ཡོན་རྟོགས་པར་བྱེད་པ་ཡིན་ལ། གཉིས་ཀྱིས་ནི་དབུ་མའི་ལམ་སྒྲུབ་པའི་ཕན་ཡོན་ཡིན་ནོ། །ཤིང་རྟའི་སྲོག་ཤིང་དང་རྨའི་དཔེ་གཉིས་ནི་སྔར་སྦྱར་བ་ཁོ་ནའོ། །དེ་ལ་རིགས་ཀྱི་བུ་དགའ་བོ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་བ་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སེམས་ཐམས་ཅད་ཀྱིས་བསམས་ནས་རྣམ་པར་ལྟ་བ་ནི་རྒྱུ་བ་ན་ཡིན་པར་རིག་པར་བྱའོ། །ཚོར་བ་དང་འདུ་ཤེས་ཤེས་བཞིན་པ་ནི་བསམ་གཏན་པ་དང་གཟུགས་མེད་པའི་མཉམ་པར་གཞག་པ་ལ་གནས་པ་ན་སྟེ། གོ་རིམས་བཞིན་ནོ། །རྣམ་པར་རྟོག་པ་ཤེས་བཞིན་པ་ནི་ལངས་ཤིང་མཉམ་པར་མ་བཞག་པ་ལ་གནས་པ་ཡིན་ནོ། །གཞན་ཡང་སེམས་ཐམས་ཅད་ཀྱིས་བསམས་ནས་རྣམ་པར་ལྟ་བ་ནི་གསུམ་འདུས་པ་ལས་རེག་པ་འབྱུང་བའི་རྐྱེན་གྱིས་ཚོར་བ་དང༌། འདུ་ཤེས་དང༌། སེམས་པ་འབྱུང་བ་གང་ཡིན་པ་དེ་དག་ཤེས་བཞིན་དུ་སྐྱེ་བ་ནས་གཏུགས་པའི་བར་དུ་འགྱུར་རོ། །སེམས་པའི་མཚན་ཉིད་ནི་འདིར་རྣམ་པར་རྟོག་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་སེམས་ཐམས་ཅད་ཀྱིས་བསམ་ནས་རྣམ་པར་ལྟ་བ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་གཟུགས་དང་ཤེས་བཞིན་དུ་ཚོར་བ་ལ་སོགས་པ་སྐྱེ་བ་ལ་སོགས་པ་ཉིད་ཀྱིས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ལ་དྲན་བ་དང་ཤེས་བཞིན་མཆོག་དང་ལྡན་པ་ཉིད་ཡིན་པར་ཡོངས་སུ་བསྟན་ཏོ། དེ་
ལྟར་ན་རྣམ་པར་ཤེས་པ་གནས་པ་བཞི་དག་ལ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པ་ཉིད་ཡིན་པར་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལ་ཚོར་བ་ལ་སོགས་པ་སྐད་ཅིག་པ་ཡིན་ཡང་རྒྱུན་དྲན་པ་དུས་གཞན་དུ་ཡང་རྗེས་སུ་འཇུག་པས་གནས་པར་རིག་པར་བྱའོ། །ཐུབ་པ་ནི་དལ་གྱིས་མ་ཡིན་པར་རྐྱེན་གྱི་དབང་གིས་འཕྲལ་འགག་པའི་ཕྱིར་རོ། །ཟད་པ་དང་གཏུགས་པར་འགྱུར་བ་ནི་ཕྱི་ནས་དལ་གྱིས་མ་ལུས་པར་རྒྱུན་འདྲ་བ་འགག་པའི་ཕྱིར་རོ། །དགེ་སློང་དག་རྒྱལ་པོ་ལེགས་མཐོང་ཆེན་པོ་ནི་ཧ་ཅང་མི་གྲང་ཞིང་ཧ་ཅང་མི་དྲོ་བ་དང༌། དུས་ཚིགས་བདེ་བ་དང༌། གནོད་པ་མེད་པ་དང༌། གང་གིས་ན་དེ་ཟོས་པ་དང་འཐུངས་པ་དང༌། འཆོས་པ་དང༌། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་སྟེ། ཕོ་བའི་དྲོད་སྙོམས་ཤིང་འཇུ་བར་བྱེད་པ་དང་ལྡན་པས་གནོད་པ་ཉུང་བ་དང༌། ནད་མེད་པའི་རང་བཞིན་ཅན་དུ་གྱུར་ཏོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་གནོད་པ་ཉུང་བ་ནི་ཟས་དང༌། གནས་འཕྲོད་པ་ལ་སྦྱོར་བ་དང་མངོན་པར་བརྩོན་པའི་ཕྱིར་ཡིན་ལ། རང་བཞིན་གྱིས་ནད་མེད་པའི་རང་བཞིན་ཅན་མ་ཡིན་པ་ཡང་ཡོད། ནད་མེད་པའི་རང་བཞིན་ཅན་ཡིན་ལ། རང་བཞིན་གྱིས་གནོད་པ་ཉུང་བ་མ་ཡིན་པ་ཡང་ཡོད་དེ། ཟས་དང་གནས་མི་འཕྲོད་པ་མང་བ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་གཉིས་ཀ་བརྗོད་པ་ནི་གཅིག་གིས་གཅིག་ཁྱད་པར་དུ་བྱ་བའི་ཕྱིར་རོ། །དེ་ལ་ཡང་རྒྱུ་ནི་ཕོ་བའི་དྲོད་སྙོམས་ཤིང་འཇུ་བར་བྱེད་པ་དང་ལྡན་པ་ཞེས་བྱ་བས་ཡང་དག་པར་སྙོན་ཏེ། ལུས་དང་བཅས་པའི་སྙོམས་པ་ཉིད་དུ་སྟོན་ཏོ། །སྙོམས་པ་དེ་ཡང་ཧ་ཅང་མི་གྲང་ཞིང་ཧ་ཅང་མི་དྲོ་བ་ཉིད་དང་དུས་ཚིགས་བདེ་བ་དང༌། གནོད་པ་མེད་པ་དང་ཞེས་བྱ་བ་ས་སྟོན་ཏོ། །འདིས་ནི་མ་སྙོམས་པ་ཉིད་རྣམ་པ་གསུམ་མེད་པའི་ཕྱིར་ཕོ་བའི་དྲོད་སྙོམས་པ་ཉིད་དུ་ཡང་དག་པར་སྟོན་ཏོ། །མ་སྙོམས་པ་ཉིད་རྣམ་པ་གསུམ་ལ་མེ་མ་སྙོམས་པ་ཉིད་ཀྱིས་ནི་དེས་མེའི་དྲོད་ཆུང་བས་ཧ་ཅང་གྲང་བའམ། མེའི་དྲོད་ཆེས་པས་ཧ་ཅང་དྲོད་ཆེ་བར་འགྱུར་རོ། །དུས་ཚིགས་མ་སྙོམས་པ་ཉིད་ཀྱིས་ནི་དེས་དུས་ཚིགས་རྣམས་འཕོ་བ་ན་སྐྱོན་རྣམས་རབ་ཏུ་འཁྲུག་པར་བྱེད་པའི་ཕྱིར་མི་བདེ་བར་འགྱུར་བའོ། །
ཟས་མ་སྙོམས་པ་ཉིད་ཀྱིས་ནི་དེས་ཟས་མི་འཕྲོད་པའི་སྐྱོན་ལས་གནོད་པ་སྐྱེད་པའོ། །སྙོམས་པ་ཉིད་བཤད་ནས། འཇུ་བར་བྱེད་པ་ཉིད་ནི་གང་གིས་ན་དེས་ཟོས་པ་དང་འཐུངས་པ་དང་འཆོས་པ་དང༌། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་ཞེས་བྱ་བས་འཆད་དེ། འདིས་ནི་ཟས་ཀྱི་རྣམ་པ་ཐམས་ཅད་དུས་སུ་ངལ་བ་མེད་པར་འཇུ་བར་བྱེད་པ་སྟོན་ཏོ། །དེ་ལ་ཟོས་པ་དང༌། འཐུངས་པ་དང་འཆོས་པ་དང་མྱངས་པ་ནི་བཟའ་བ་དང་བཏུད་བ་དང་བཅའ་བ་དང་བལྡག་པ་དང་གཞི་བ་པའི་དབྱེ་བས་རིག་པར་བྱའོ། །ཅི་འདོད་པ་བཞིན་ཐོབ་པ་ཚེགས་མེད་པར་ཐོབ་པ་ངན་ངོན་མ་ཡིན་པར་ཐོབ་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །ཇི་སྲིད་འདོད་པ་དང་ནམ་འདོད་པ་དང༌། ཇི་ལྟ་བུ་འདོད་པ་མངོན་སུམ་དུ་བྱ་བ་ལ་དབང་པ་ཉིད་ཀྱི་ཕྱིར་རིག་པར་བྱ་སྟེ། ཡུན་རིང་པོ་དང༌། རིང་པོར་མི་ཐོགས་པ་དང་མཆོག་ཏུ་བྱུང་བ་རྣམས་མངོན་སུམ་དུ་བྱ་བ་ལ་དབང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། ཐ་ཆད་ནི་ངན་ངོན་ཞེས་བྱ་བའི་ཕྱིར་རོ། །གཞན་དག་ན་རེ་ཚེགས་དང་ཉམས་པ་མེད་པ་ཉིད་ངན་ངོན་མ་ཡིན་པ་ཡིན་ནོ་ཞེས་ཟེར་རོ། །ཡིད་ཆེས་པའི་ལུང་ལས་ནི། །གང་ཞིག་རྫོགས་སྙོམས་ཞུགས་དང་མྱུར། །བསྟན་ཉིད་དེ་ནི་ཅི་འདོད་བཞིན། །སྩོགས་ཐོབ་ཡིན་པར་བཞེད་འདིར་ནི། །ཆུང་ཟད་ཙམ་གྱིས་གཏོང་བས་ན། །དེ་ཕྱིར་ངན་དོན་ཞེས་འབྱུང་ངོ༌། །དཔེར་ན་མེ་ཏོག་ཨུཏྤལའི་ཕྲེང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས། ཟེགས་པ་ཉིད་དུ་འགྱུར། རྙིངས་པ་ཉིད་དུ་འགྱུར། སྐམས་པ་ཉིད་དུ་འགྱུར་ཞེས་བྱ་བའི་བར་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཟེགས་པ་ཉིད་དུ་འགྱུར་བ་ནི་རྣམ་པར་འགྱུར་བའི་ཕྱིར་རོ། །རྙིངས་པ་ཉིད་དུ་འགྱུར་བ་ནི་སའི་ཁམས་ཞུམ་པའི་ཕྱིར་རོ། །སྐམས་པ་ཉིད་དུ་འགྱུར་བ་ནི་ཆུའི་ཁམས་ཟད་པའི་ཕྱིར་རོ། །ཚིག་གཅིག་ནི་བསྟན་པ་ཡིན་ལ། ཚིག་གཉིས་ནི་བཤད་པ་ཡིན་པར་རིག་པར་བྱའོ། །ཇི་སྲིད་དུ་རྙིངས་པའམ་སྐམས་པར་མ་གྱུར་པ་དེ་སྲིད་དུ་མེ་ཏོག་གི་འོད་དང༌། དྲི་བསུང་ཆུང་བར་འགྱུར་བའི་ཕྱིར་ནི་རྣམ་པར་འགྱུར་བ་ཡིན་པར་རིག་པར་བྱའོ། འདོད་པ་
ལ་རྣམ་པར་རྟོག་པ་བྱུང་བ་དང་དུ་མི་ལེན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དང་དུ་མི་ལེན་པ་ནི་རོ་མྱོང་བར་མི་བྱེད་པའི་ཕྱིར་རོ། །སྤོང་བར་བྱེད་པ་ནི་དེའི་དམིགས་པའི་མཚན་མ་སེལ་བའི་ཕྱིར་རོ། །བཟློག་ཏུ་ཟིན་ཡང་རྒྱུ་བསགས་པ་ལས་བྱུང་བའི་རྣམ་པར་རྟོག་པ་རྣམ་པ་ཀུན་ཏུ་རྒྱུ་བ་ཉིད་ཡིན་པས་སེལ་བར་བྱེད་དེ། སོ་སོར་བརྟགས་པའི་སྟོབས་ཀྱི་རྒྱུན་གཅོད་པའི་ཕྱིར་རོ། །བསལ་དུ་ཟིན་ཀྱང་བརྩོན་པ་ལྷོད་པས་ཡང་སྐྱེ་བའི་ཕྱིར་བྱད་བར་བྱེད་དེ། བསྒོམ་པའི་སྟོབས་ཀྱིས་རྣམ་པར་གནོན་པའི་ཕྱིར་རམ། ས་བོན་ཡང་དག་པར་འཇོམས་པའི་ཕྱིར་རོ། །འདིར་ཡང་སྨྲས་པ། འདི་དག་བཞི་ནི་རྣམ་རྟོག་ལ། །མི་མཐུན་ཉིད་དང་དེ་ཡི་རྒྱུ། །རྣམ་སྤོང་ཕྱིར་དང་རྒྱུན་དང་ནི། །རྗེས་སུ་འཆི་བ་གཅོད་ཕྱིར་རོ། །རྣམ་གྲངས་གཞན་ཡང་སྐྱོན་ཉིད་དུ་འཛིན་པའི་ཕྱིར་ན་དང་དུ་མི་ལེན་པ་ཡིན་ནོ། །བྱུང་བའི་ཤུགས་དང་བྲལ་བའི་ཕྱིར་ན་སྤོང་བར་བྱེད་བ་ཡིན་ནོ། །ཡང་དང་ཡང་དུ་ཀུན་ཏུ་རྒྱུ་བ་དང་བྲལ་བའི་ཕྱིར་ན་སེལ་བར་བྱེད་པ་ཡིན་ནོ། །དགེ་བའི་ཕྱོགས་ཀྱི་རྒྱུད་བརྟན་པ་ཉིད་ཀྱིས་ཀུན་ཏུ་མི་རྒྱུ་བའི་ཕྱིར་ན་བྱང་བར་བྱེད་པ་ཡིན་ནོ། །བྲམ་ཟེའི་ཁྱེའུ་སེམས་ཅན་རྣམས་ནི་ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་པ། ལས་ལ་བརྟེན་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །མི་དག་ནི་ཕལ་ཆེར་ནོར་དང་ཁྱིམ་དང་བུ་དང་ཆུང་མ་ལ་སོགས་པ་དག་ལ་བདག་གིར་བྱ་བར་འདུ་ཤེས་བྱས་ན་སྲེད་པ་སྐྱེད་པར་བྱེད་དེ། དེའི་ཕྱིར་མྱོས་ནས་བསོད་ནམས་ཀྱི་ལས་ནི་མི་བྱེད་བསོད་ནམས་མ་ཡིན་པའི་ལས་ནི་བྱེད་དོ། །ཕལ་ཆེར་ལྷ་རྣམས་ལས་བགོ་སྐལ་ཏེ་ལོངས་སྤྱོད་དང་བདག་གི་སྐྱེ་བའི་ཁྱད་པར་དོན་དུ་གཉེར་བར་བྱེད་ཅིང་རྒུད་བར་གྱུར་ན་ལྷ་རྣམས་ལ་སྟོན་པ་ཡིན་པར་རྟེན་པར་བྱེད་དོ། །དེ་ལྟར་བྱེད་པ་ན་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བས་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེའི་གཉེན་པོར་སེམས་ཅན་རྣམས་ཀྱི་ལས་ཁོ་ན་བདག་གིར་བྱ་བ་ཡིན་ཞིང་སེམས་ཅན་རྣམས་ནི་སྔོན་གྱི་ལས་ཁོ་ན་ལ་བགོ་སྐལ་སྤྱོད་པ་ཡིན་ལ་དེ་རྣམས་ནི་ལས་ཁོ་ནའི་སྐྱེ་གནས་ལས་བྱུང་བ་ཡིན་ཞིང་རྒུད་
པར་གྱུར་པ་ལས་ཁོ་ན་སྟོན་པ་ཡིན་གྱི་ལྷ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །འདི་ལ་རིགས་པ་ཅི་ཡོད་ཅེ་ན། ལས་ནི་རྒྱལ་པོ་ལ་སོགས་པ་རྣམས་དང་ཐུན་མོང་མ་ཡིན་པའི་ཕྱིར་དང༌། ཤི་བའི་ཚེ་ཡང་མི་གཏོང་བའི་ཕྱིར་རོ། །ལྷ་ལ་གུས་པ་དང་མ་གུས་པ་རྣམས་ལ་ལོངས་སྤྱོད་རྒུད་པ་དང་ཕུན་སུམ་ཚོགས་པར་དམིགས་པའི་ཕྱིར་དང༌། སྐྱེ་བ་དམན་པ་དང་ཁྱད་པར་དུ་འཕགས་པ་དམིགས་པའི་ཕྱིར་དང༌། ཡམས་ཀྱི་ནད་དང་གནོད་པ་ཉེ་བར་མ་ཞི་བ་དང་ཉེ་བར་ཞི་བ་དམིགས་པའི་ཕྱིར་རོ། །འདོད་པ་རྣམས་ལ་ཡིད་བྱུང་བར་བྱ་བའི་ཕྱིར་དང༌། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དང༌། འགོག་པར་འགྱུར་བར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་འདོད་པ་རྣམས་ལ་ཞེས་བྱ་བ་ནི་འདོད་པའི་ཁམས་ལའོ། །གཟུགས་རྣམས་ལ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ལའོ། །རྣམ་པ་གཅིག་ཏུ་ན་སྡུག་བསྔལ་གྱི་ཕུང་པོ་ཅན་གྱི་མདོ་དང་བོ་ལས་འདོད་པ་རྣམས་དང་གཟུགས་རྣམས་གསུངས་པ་བཞིན་ནོ། །ཡིད་བྱུང་བར་བྱ་བའི་ཕྱིར་དང༌། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དང༌། འགོག་པར་འགྱུར་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་ཉིད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དང༌། ཀུན་འབྱུང་བ་སྤང་བར་བྱ་བའི་ཕྱིར་དང༌། འགོག་པ་མངོན་སུམ་དུ་བྱ་བའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ལ་བསྒྲུབས་པས་ནི་ལམ་བསྒོམ་པ་ཡོངས་སུ་སྟོན་ཏོ། །གཞན་ཡང་དགའ་བའི་འདོད་ཆགས་ཀྱི་རྒྱུ་ལས་བྱུང་བའི་ཚེ་ཕྱི་མ་ལ་སྡུག་བསྔལ་སྐྱེ་བ་དེའི་གཉེན་པོར་གོ་རིམས་བཞིན་དུ་གསུམ་གསུངས་པ་ཡིན་ནོ། །ཆགས་པ་ཟད་པར་བྱ་བའི་ཕྱིར་དང༌། སྲིད་པ་ཟད་པར་བྱ་བའི་ཕྱིར་དང༌། སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་དང༌། ཕུང་པོ་ཟད་པར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདིས་ནི་ངན་སོང་གི་སྡུག་བསྔལ་ཡང་སྲིད་པ་རྒྱུ་དང་བཅས་པ་ཟད་པར་བྱ་བའི་ཕྱིར་ཞེས་བྱ་བ་ཡོངས་སུ་བསྟན་པ་ཡིན་ཏེ། ཆགས་པའི་རྒྱུ་ཡིན་ནོ། །སྡུག་བསྔལ་ནི་ངན་སོང་བའི་སྡུག་བསྔལ་ཡིན་ཏེ་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་འདི་དང་ཕ་རོལ་ན་ངན་འགྲོ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་མ་རིག་པའི་རྩ་བ་ལས་བྱུང་བ་འདོད་པ་དང་ཆགས་
པ་ལས་ཀུན་ཏུ་བྱུང་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །འདིར་ནི་མི་དགེ་བའི་རྩ་བས་བསྡུས་པའི་ཆགས་པ་ཡིན་པར་རེག་པར་བྱའོ། །དེ་སྨོས་པ་ཡང་འཕྲོག་པར་བྱེད་པའི་ཕྱིར་རོ། །ཡང་སྲིད་པ་ལ་སྲེད་པ་ནི་རྒྱུ་ཡིན་ནོ། །ཕུང་པོ་ནི་ཡང་སྲིད་པས་བསྡུས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཏེ། དེ་ནི་སྲེད་པས་སྤུངས་པའི་ཕྱིར་རོ། །གཞན་ཡང་ཆགས་པ་དང་སྲེད་པ་གཉིས་ནི་འདོད་པ་དང་སྲིད་པའི་འདོད་ཆགས་གཉིས་ཡིན་ཏེ་གོ་རིམས་བཞིན་ནོ། །སྡུག་བསྔལ་ནི་འདོད་པའི་ཁམས་ཡིན་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང་ལྡན་པའི་ཕྱིར་རོ། །ཕུང་པོ་ནི་གཟུགས་དང་གཟུགས་མེད་པའི་ཁམས་གཉིས་ཡིན་ནོ། །གྲོ་ཞིན་སྐྱེས་དེ་བས་ན་མཉམ་པ་ཉིད་དུ་རྟོགས་པར་བྱས་ལ་དེ་ལ་ཡང་མཚན་མར་ཟུང་ཤིག །དེས་རློམ་སེམས་ཀྱང་མ་བྱེད་ལ། དེ་ལ་བག་མེད་པར་ཡང་མ་བྱེད་ཅིག་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདིས་ནི་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པར་བྱ་བ་དང༌། མི་བརྗེད་པའི་རྒྱུ་དང༌། ཀུན་ནས་ཉོན་མོངས་པ་མེད་པའི་རྒྱུ་ལ་སྦྱོར་བར་མཛད་དོ། །དེ་ལ་ཡོངས་སུ་ཤེས་པ་ནི་རྟོགས་པའོ། །མི་བརྗེད་པའི་རྒྱུ་ནི་མཚན་མར་འཛིན་པའོ། །ཀུན་ནས་ཉོན་མོངས་པ་མེད་པའི་རྒྱུ་ནི་ང་རྒྱལ་མེད་པ་སྟེ། མཉམ་པ་ཉིད་དེས་ཁེངས་པར་མི་འགྱུར་བའི་ཕྱིར་དང༌། བག་ཡོད་པ་སྟེ་རོ་མྱང་བར་མི་བྱེད་པའི་ཕྱིར་དང༌། ང་རྒྱལ་དང་སྲེད་པ་ཤས་ཆེས་བའི་བསམ་གཏན་པའི་གཉེན་པོར་གོ་རིམས་བཞིན་ནོ། །འཕགས་པ་གྲོ་ཞིན་སྐྱེས་ཀྱིས་དེའི་ཚེ་བདེན་པ་གཟིགས་པའི་ཕྱིར་ལྟ་བ་དང་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པ་ནི་མ་ཡིན་ཏེ་དེ་གཉིས་སྤངས་པ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་རྒྱང་རིང་པོ་ནས་ཤིང་གི་སྡོང་པོ་ཆེན་པོ་ཞིག་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་མཆེད་ཅིང་མེ་ལྕེ་གཅིག་ཏུ་གྱུར་ཏེ་ལམ་མེར་འབར་བ་གཟིགས་སོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདིས་ནི་ཤིང་གི་སྡོང་པོ་ལ་མེས་རེག་པ་ཉིད་དང་མེའི་མདོག་དང༌། ཀུན་ཏུ་འབར་བ་ཉིད་དང༌། དྲིལ་ཏེ་འབར་བ་ཉིད་དང༌། མི་གཡོ་བར་འབར་བ་ཉིད་དུ་ཡང་དག་པར་སྡུད་པར་བྱེད་པ་སྟོན་ཏེ་གོ་རིམས་བཞིན་ནོ། །དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡང་པ་རྣམས་ནི་ཕུང་
པོ་ལྔ་པོ་འདི་དག་ལ་རྟག་པ་ཉིད་དང་བརྟན་པ་ཉིད་དུ་ཡང་དག་པར་རྗེས་སུ་ལྟ། བདེ་བ་ཉིད་དང༌། ནད་མེད་པ་ཉིད་དང༌། བདག་དང་བདག་གི་ཉིད་དུ་ཡང་དག་བར་རྗེས་སུ་ལྟའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་འཇིག་པ་གཉིས་དང་ཡང་ལྡན་པ་ཡིན་ལ། རྒྱུན་གྱིས་འབྱུང་བ་ན་གནས་སྐབས་གཞན་དུ་འགྱུར་བའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་གནས་བ་ལས་གཞན་དུ་འགྱུར་བ་དང་ཡང་ལྡན་པ་ཡིན་ནོ། །དེ་དག་མཚན་ཉིད་དེ་ལྟར་གནས་པ་ཡིན་པ་ན་སེམས་ལས་བྱུང་བའི་སྡུག་བསྔལ་གྱི་གཞི་དང༌། ལུས་ཀྱི་སྡུག་བསྔལ་གྱི་གཞི་དང༌། རང་བདག་མ་ཡིན་ལ་བདག་གཞན་གྱིས་ཀྱང་སྟོང་པ་ཡིན་ན། དེ་ལ་ཀུན་ཏུ་རྨོངས་པ་ནི་གོ་རིམས་བཞིན་དུ་རྟག་པ་ལ་སོགས་པ་ཉིད་དུ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །གཞན་ཡང་ཕྱི་རོལ་གྱི་གནོད་པའི་སྡུག་བསྔལ་གྱི་གཞི་ཉིད་དང་རང་གི་ཁམས་མ་སྙོམས་པའི་སྡུག་བསྔལ་གྱི་གཞི་ཉིད་དུ་མ་མཐོང་ན་བདེ་བ་ཉིད་དང་ནད་མེད་པ་ཉིད་དུ་ལྟ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །དེ་དག་ནི་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཀྱི་མི་རྟག་པ་ལ་སོགས་པ་རྣམ་པ་བཞིའི་མི་མཐུན་པའི་ཕྱོགས་སུ་རྟག་པ་དང༌། བདེ་བ་དང༌། བདག་ཏུ་ཕྱིན་ཅི་ལོག་པ་རྣམས་ཏེ། ལྟ་བ་གཉིས་དང་གཉིས་ཀྱིས་ཡོངས་སུ་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འདིར་གཙང་བར་ཕྱིན་ཅི་ལོག་པར་མ་སྨོས་སོ། །ཚུལ་འཆོས་པ་དང༌། ཁ་གསག་དང༌། གཞོགས་སློང་དང༌། ཐོབ་ཀྱིས་འཇལ་བ་ཉིད་དང༌། རྙེད་པས་རྙེད་པར་བྱེད་འདོད་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཚུལ་འཆོས་པ་ནི་རྣམ་པ་གསུམ་དུ་རིག་བར་བྱ་སྟེ། རྙེད་པ་དང་བཀུར་སྟི་འདོད་པ་ཉིད་ཀྱིས་གཞན་ལ་ཡོན་ཏན་ཡིད་ཆེས་བར་བྱ་བའི་བསམ་པས་སྤྱོད་ལམ་ལེགས་པར་གནས་པ་དང༌། ཡུལ་དབེན་པར་གནས་བ་དང༌། རྙེད་པ་ཁྱད་པར་ཅན་མི་ལེན་པ་ཉིད་ཀྱིས་དང༌། ངན་པ་དང༌། གྱ་ནོམ་པ་བསྟེན་པ་དང་མི་བསྟེན་པ་ཉིད་ཀྱིས་ཡོ་བྱད་བསྙུངས་པ་ཀུན་ཏུ་སྟོན་པའོ། །ཁ་གསག་ཀྱང་རྣམ་པ་གསུམ་སྟེ། རྙེད་པ་དང་བཀུར་སྟིའི་བསམ་
པས་རྗེས་སུ་མཐུན་པར་སྙན་པར་སྨྲ་བ་དང༌། རང་གི་ཡོན་ཏན་སྨྲ་བ་དང༌། ཆོས་སྨྲ་བའོ། །གཞོགས་སློང་ཀྱང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་ལུས་ཀྱིས་གནོད་པའི་གཞི་ཀུན་ཏུ་སྟོན་པ་དང༌། ཕོངས་པའི་གཞི་ཀུན་ཏུ་སྟོན་པ་དང༌། ཚིག་གིས་བསམ་པའི་གཞི་བསྔགས་པར་བྱེད་པ་ཉིད་དོ། །ཐོབ་ཀྱིས་འཇལ་བ་ཡང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་དེ་ལ་སྦྱིན་པར་མི་བྱེད་པ་ལ་སྨོད་པ་དང༌། གཞན་ལ་སྦྱིན་པར་བྱེད་པ་ལ་སྨོད་པ་དང༌། ཧ་ཅང་ཕྱི་བཞིན་འབྲང་ཞིང་སྨོད་པའོ། །རྙེད་པས་རྙེད་པར་བྱེད་འདོད་པ་ཡང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་གཞན་ལས་རྙེད་པ་རྒྱ་ཆེ་བར་ཀུན་ཏུ་སྟོན་པ་དང༌། སྦྱིན་པར་བྱེད་པ་རྒྱ་ཆེ་བར་བསྔགས་པར་བྱེད་པ་དང༌། ཟང་ཟིང་གི་རྙེད་པ་བསྔགས་པར་བྱེད་པའོ། །འདི་ནི་དགེ་སློང་གི་འཚོ་བ་ལོག་པ་རྣམ་པ་ལྔ་ཡིན་ཏེ། གཅིག་ནི་ལུས་ཀྱིས་ཡིན་ཏེ། གཉིས་པ་ནི་ངག་གིས་ཡིན་ཞིང༌། ལྷག་མ་རྣམས་ནི་ལུས་དང་ངག་གིས་ཡིན་ནོ། །ཚིག་གང་ཡིན་པ་དེ་དག་ཇི་ལྟར་ཁ་གསག་མ་ཡིན་ཞེ་ན། གཞན་མགུ་བར་བྱ་བའི་ཕྱིར་སྨྲ་བ་འདིར་ཁ་གསག་ཡིན་པར་དགོངས་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །ཇི་མིའི་འཇིག་རྟེན་ན་མར་འཛིན་པ་དང༌། ཕར་འཛིན་པ་དང༌། དགེ་སྦྱོང་དུ་འཛིན་པ་དང༌། བྲམ་ཟེར་འཛིན་པ་དང༌། རིགས་ཀྱི་ནང་ན་རྒན་རབས་ལ་རི་མོ་བྱེད་པ་དང༌། དོན་བྱེད་པ་དང༌། བྱ་བ་བྱེད་པ་དང༌། བསོད་ནམས་བྱེད་པ་དང༌། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་ཁ་ན་མ་ཐོ་བ་རྣམས་ལ་འཇིགས་པར་ལྟ་བ་དང༌། སྦྱིན་པ་བྱེད་པ་དང༌། བསོད་ནམས་ཁྱེད་པ་དང༌། བསྙེན་གནས་ལ་ཉེ་བར་གནས་པ་དང༌། ཚུལ་ཁྲིམས་ཡང་དག་བར་བླངས་ནས་གནས་པའི་མི་དག་མང་ངམ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཇི་ལྟར་ཤེས་པར་བྱ་བ་ལྟ་བུས་མར་ཤེས་པ་ནི་མར་འཛིན་པ་སྟེ། དེ་ལ་གུས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །མར་འཛིན་པ་ཇི་ལྟ་བ་བཞིན་དུ་ཕར་འཛིན་པ་ཡང་དེ་བཞིན་ནོ། །དགེ་སྦྱོང་རྣམས་ལ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། ཕྱག་བྱ་བ་དང༌། ཆོས་གོས་དང༌། བསོད་སྙོམས་ལ་སོགས་པས་རི་མོ་དང༌། སྦྱིན་པར་བྱ་བའི་
ཕྱིར་ལེགས་པར་བྱེད་པ་ནི་དགེ་སློང་དུ་འཛིན་པའོ། །དགེ་སྦྱོང་དུ་འཛིན་བ་ཇི་ལྟ་བ་བཞིན་དུ་བྲམ་ཟེར་འཛིན་པ་ཡང་དེ་བཞིན་ནོ། །རིགས་ཀྱི་ནང་ན་རྒན་རབས་ཕུ་ནུ་བོ་དང༌། སྲིད་མོ་དང་ཉེ་དུ་རྣམས་ལ་བཀུར་སྟི་བྱེད་པ་ནི་རྒན་རབས་ལ་རི་མོ་བྱེད་པ་སྟེ།། ལྡང་བ་དང་སྙན་བར་སྨྲ་བ་ལ་སོགས་པ་བྱ་བའི་ཕྱིར་རོ། །རྒུད་པ་རྣམས་ལ་རྒུད་པ་ལས་ཡོངས་སུ་བསྐྱབ་པ་དང༌། དགོས་པ་བསྒྲུབ་པའི་ཕྱིར་དོན་བྱེད་པའོ། །རང་གི་ལས་ལ་འཚོ་བ་ལོག་པར་མ་ཡིན་པས་ལེགས་པར་སྦྱོར་བའི་ཕྱིར་བྱ་བ་བྱེད་པའོ། །སྦྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བསྒྲུབ་པའི་ཕྱིར་བསོད་ནམས་བྱེད་པའོ། །འདི་མན་ཆད་ནི་རྒྱུ་གང་གིས་དེ་དག་དེ་ལྟར་གྱུར་པ་དང་ཇི་ལྟར་བསོད་ནམས་བྱེད་པ་རྣམས་ཀྱི་རྒྱུད་དང་རྣམ་པ་དེ་འཆད་དོ། །རྒྱུ་གང་གིས་དེ་དེ་ལྟར་གྱུར་ཞེ་ན། འདི་ལྟར་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་ཁ་ན་མཐོ་བ་རྣམས་ལ་འཇིགས་པར་ལྟ་བས་སོ། །དེ་ལ་ཁ་ན་མ་ཐོ་བ་ནི་འཕགས་པས་སྨད་པ་གང་ཡིན་པའོ། །འཇིགས་པ་ནི་ཉེས་དམིགས་ཡིན་པར་རིག་པར་བྱའོ། །དེ་ལས་འཇིགས་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ན་བསོད་ནམས་བྱེད་པ་དག་ཡིན་ཞེ་ན། ཟས་དང་སྐོམ་དང་བཟའ་བ་དང་བཅའ་བ་དང་བཞོན་པ་དང་གོས་ལ་སོགས་པ་སྦྱིན་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་སྦྱིན་པར་བྱ་བས་ན་སྦྱིན་པ་ཡིན་པའི་ཕྱིར་རོ། །བསོད་ནམས་བྱེད་པ་ནི་ཀུན་དགའ་རབ་དང༌། ནགས་ཚལ་དང༌། སྟེགས་དང༌། རྫིང་དང༌། ཆུ་མིག་དང༌། བསོད་ནམས་ཀྱི་ཁང་པ་ལ་སོགས་པ་བྱ་བ་ལ་སོགས་པས་འཇིག་རྟེན་རྗེས་སུ་འཛིན་པའི་ཕྱིར་རོ། །འདི་གཉིས་ཀ་ཡང་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཡིན་མོད་ཀྱི། ཐ་དད་པར་སྨོས་པ་ནི་ཁྱད་པར་དང་ཁྱད་པར་མེད་པར་སྦྱིན་པའི་དབྱེ་བས་ཡང་དག་པར་བསྟན་པའི་ཕྱིར་རོ། །ཁྱད་པར་དུ་སྦྱིན་པ་ནི་ལེན་པ་པོ་དགའ་ཞིག་ཁོ་ན་ལ་རང་གིར་བྱ་བའི་ཕྱིར་སྒྲུབ་པ་གང་ཡིན་བའོ། །ཁྱད་པར་མེད་པར་སྦྱིན་པ་ནི་སེམས་ཅན་རྣམས་ལ་ཡོངས་སུ་ལོངས་སྤྱོད་དུ་གཞུག་བའི་ཕྱིར་བྱེད་བ་མེད་པར་གཏོང་བ་གང་ཡིན་པའོ། །བསྙེན་གནས་ལ་ཉེ་བར་གནས་པ་དང༌།
ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པ་ནི་ཉིན་ཞག་གཅིག་པ་དང༌། ཇི་སྲིད་འཚོ་བའི་ཚུལ་ཁྲིམས་ཡང་དག་པར་ལེན་པའི་ཕྱིར་རོ། །མདོར་ན་མདོ་སྡེའི་དུམ་བུ་འདི་ནི་མི་རྣམས་བླ་མ་དང༌། ཡོན་གནས་དང༌། རྒན་པོ་རྣམས་དང༌། རྒུད་པ་རྣམས་དང༌། རང་གི་ལས་དང༌། བསོད་ནམས་བྱེད་པ་ལ་གོ་རིམས་བཞིན་དུ་ཚིག་གཉིས་དང་གཉིས་དང་བཞི་རྣམས་ཀྱིས་ནི་རེ་རེས་ཡང་དག་བར་བསྒྲུབ་པར་བསྟན་པ་ཡིན་ནོ། །ལྷག་མ་རྣམས་ཀྱིས་ནི་ཡང་དག་པར་བསྒྲུབ་བདེ་ཉིད་ཀྱི་རྒྱུ་དང༌། བསོད་ནམས་བྱ་བའི་རྣམ་པའི་དབྱེ་བ་ཡང་དག་པར་བསྟན་པ་ཡིན་ནོ། །འཇིག་རྟེན་ན་ཆོས་སྨྲ་བ་ནི་སུ་དག་ཡིན། ལེགས་པར་ཞུགས་པ་ནི་སུ་དག་ཡིན། བདེ་བར་གཤེགས་པ་ནི་སུ་དག་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས། འདི་ནི་འཇིག་རྟེན་ན་བདེ་བར་གཤེགས་པ་ཞེས་བྱ་བའི་བར་ནི་མདོ་སྡེའི་དུམ་བུའོ། །འདིར་ནི་ངེས་པར་ལེགས་པ་ལས་བརྩམས་ནས་ཡང་དག་པར་སྨྲ་བ་དང༌། བྱེད་པ་པོ་གཉིས་དྲིས་པ་དང༌། དྲིས་ལན་བཏབ་པ་ཡིན་ནོ། །བྱེད་པ་པོ་ཡང་རྣམ་པ་གཉིས་ཏེ། བརྩོན་པ་རྣམས་ནི་གང་དག་ཡང་དག་པར་རབ་ཏུ་བརྩོན་པ་རྣམས་སོ། །གྲོལ་བ་རྣམས་ནི་གང་དག་མཐར་ཕྱིར་པ་རྣམས་སོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཁོ་ན་སྨོས་པ་ནི་དེ་རྣམས་ཀྱི་གོ་རིམས་བཞིན་དུ་ཚོར་བ་གསུམ་ལ་བཅིངས་པའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བདེ་བའི་ཚོར་བ་ལ་ནི་འདོད་ཆགས་རྒྱས་བར་འགྱུར་ལ། སྡུག་བསྔལ་ལ་ནི་ཁོང་ཁྲོ་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ལ་ནི་མ་རིག་པའོ་ཞེས་གསུངས་སོ། །གདུལ་བའི་ཕྱིར་ཞེས་བྱ་བ་ནི་བྲལ་བར་བྱ་བའི་ཕྱིར་རོ། མ་ལུས་པར་སྤང་བར་བྱ་བའི་ཕྱིར་རོ། །གང་སུ་དག་འདོད་ཆགས་མ་ལུས་པར་སྤངས་པ་ཞེས་བྱ་བ་ནི་ས་ལས་དང་ས་བོན་ལས་དང༌། རྣམ་པ་ལས་མ་ལུས་པར་སྤངས་པ་ཡིན་པར་རིག་པར་བྱའོ། །ས་ལས་ཇི་ལྟར་ཞེ་ན་སྲིད་པའི་རྩེ་མོའི་བར་དུ་ཇི་ལྟར་རིགས་པར་སྤངས་པའི་ཕྱིར་རོ། །ས་བོན་ལས་ཇི་ལྟར་ཞེ་ན། ཐོག་པ་བག་ལ་ཉལ་གྱི་མཚན་ཉིད་སྤངས་པའི་ཕྱིར་རོ། །རྣམ་པ་ལས་ཇི་ལྟ་བུ་ཞེ་ན། མཐོང་བ་དང་
བསྒོམས་པས་སྤང་བར་བྱ་བ་རྣམས་སྤངས་པའི་ཕྱིར་དང༌། ཆུང་ངུའི་ཆུང་དུ་ལ་སོགས་པའི་རྣམས་པ་སྤངས་པའི་ཕྱིར་རོ། །ཡོངས་སུ་ཤེས་བཞེས་བྱ་བ་ལ་ཇི་ལྟར་ཡོངས་སུ་ཤེས་ཤེ་ན། བདག་གིས་འདོད་ཆགས་ནས་གཏི་མུག་གི་བར་དུ་སྤངས་སོ་ཞེས་བྱ་བར་རོ། །སྤངས་པས་ནི་རྣམ་པར་གྲོལ་བ་སྟོན་ལ། ཡོངས་སུ་ཤེས་པས་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །དེ་ལྟར་ན་མ་ལུས་པར་སྤངས་པ་ནི་སོ་སོར་རང་གིས་རིག་པར་བྱ་བ་ཉིད་དུ་བསྟན་པ་ཡིན་ཏེ། གཞན་ལ་རག་ལས་པ་དང༌། སོམ་ཉི་དང་ལྡན་པ་རྣམས་བསལ་བའི་ཕྱིར་རོ། །འདི་ནི་འཇིག་རྟེན་ན་བདེ་བར་གཤེགས་པ་དག་ཅེས་བྱའོ། །ཞེས་བྱ་བའི་བདེ་བར་ཞེས་བྱ་བ་འདི་ནི་མ་ལུས་པའི་དོན་ལ་ཡང་མཐོང་སྟེ། དཔེར་ན་ཟས་བདེ་བར་ཞུའོ། །བུམ་པ་ལེགས་པར་གང་བའོ་ཞེས་བྱ་བ་ལྟ་བུའོ། །བསྔགས་པའི་དོན་ལ་ཡང་མཐོང་སྟེ། དཔེར་ན་གཟུགས་བཟང་པོ་ཆ་ལུགས་བཟང་བོ་ཞེས་བྱ་བ་ལྟ་བུའོ། །ཕྱིར་མི་ལྡོག་པའི་དོན་ལ་ཡང་མཐོང་སྟེ། དཔེར་ན་གཅིན་ནད་ལས་བདེ་བར་ཐར་རོ། །འབྱུང་པོའི་གདོན་ལས་བདེ་བར་ཐར་རོ་ཞེས་བྱ་བ་ལྟ་བུའོ། །དོན་རྣམ་པ་འདི་གསུམ་གྱིས་བདེ་བར་གཤེགས་པ་དག་ཡིན་ཏེ། འཇིག་རྟེན་པའི་སྙོམས་པར་འཇུག་པ་དག་ལས་བཟློག་ནས་ཇི་སྲིད་དུ་བགྲོད་པར་བྱ་བར་གཤེགས་པའི་ཕྱིར་དང༌། འགྲོ་བ་བཟང་པོར་གཤེགས་པའི་ཕྱིར་དང༌། ཕྱིར་མི་ལྡོག་པར་གཤེགས་པའི་ཕྱིར་ཏེ། མྱ་ངན་ལས་འདས་པར་གཤེགས་པ་དག་ནི་དེ་ལྟར་དུ་གཤེགས་པ་དག་ཡིན་ནོ། །དེ་ལྟར་ན་མྱ་ངན་ལས་འདས་པ་ནི་བླ་ན་མེད་པ་ཉིད་དང༌། རྟག་པ་ཉིད་དུ་བསྟན་པ་ཡིན་ཏེ་གོ་རིམས་བཞིན་ནོ།། །།བམ་པོ་ལྔ་པ། འདི་ལྟར་ལས་ཀྱང་ཡོད་ལ་ཉོན་མོངས་པ་རྣམས་དང་སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་མ་རིག་པ་ཡང་ཡོད་ན་དེ་ལྟ་བུ་ནི་ཚེ་ཕྱི་མ་ལ་འདུ་བྱེད་རྣམས་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདིར་ནི་སྐྱེ་བའི་རྒྱུ་གྲོགས་དང་བཅས་པ་ཡོངས་སུ་བསྟན་པ་ཡིན་ནོ། །ལས་ལ་ཉོན་མོངས་པ་རྣམས་གྲོགས་སུ་གྱུར་པས་སྐྱེ་བ་སྐྱེད་པར་བྱེད་དེ། ཉོན་མོངས་པ་ཟད་ན་མི་
སྐྱེ་བའི་ཕྱིར་དང༌། ཉོན་མོངས་པ་མ་ཟད་ན་ལས་ཇི་ལྟ་བ་བཞིན་དུ་སྐྱེ་བའི་ཕྱིར་རོ། །ཉོན་མོངས་པ་དེ་དག་ཀྱང་སྲེད་པ་ལ་སོགས་པའོ། །དེ་ལ་སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །མདོ་སྡེ་གཞན་ལས་ནི་སྐྱེ་བའི་རྒྱུ་ཡིན་ལ། སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་སྲེད་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་ཞེ་ན། ལུས་ཐམས་ཅད་ཀྱི་ཐུན་མོང་གི་རྒྱུར་གྱུར་པ་ཉིད་ཀྱིས་མངོན་པར་འགྲུབ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ལྟ་བ་དང་ང་རྒྱལ་དང་མ་རིག་པ་ནི་དེ་འདྲེན་པར་བྱེད་པ་དག་ཡིན་ཏེ། བདག་ཏུ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་གྱི་སྒོ་ནས་བདག་མེད་པ་ཉིད་ལ་ཀུན་ཏུ་རྨོངས་ན་དེ་ཀུན་ཏུ་རྒྱུ་བ་དང་མི་སྤངས་པའི་ཕྱིར་རོ། །དེའི་ཕྱིར་འདི་དག་ཁོ་ན་སྨོས་ཀྱི། ཁོང་ཁྲོ་བ་དང་ཐེ་ཚོམ་གཉིས་ནི་མ་ཡིན་ནོ། །གཞན་ཡང་འདོད་པའི་ཁམས་ཀྱི་ལས་ཀྱི་གྲོགས་ནི་ཉོན་མོངས་པ་ཐམས་ཅད་ཡིན་ལ། གཟུགས་དང་གཟུགས་མེད་པའི་ཁམས་གཉིས་ཀྱི་ནི་སྲེད་པ་ལ་སོགས་པ་གྲོགས་ཡིན་ཏེ། སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་གྱི་བག་ལ་ཉལ་ཡོད་བའི་ཕྱིར་རོ། །ཐེ་ཚོམ་ནི་མ་རིག་པས་རབ་ཏུ་ཕྱེ་བ་ཉིད་ཀྱི་ཕྱིར་ཏེ། གཏི་མུག་ཤས་ཆེ་བ་ལ་ཤེས་པ་ངེས་པ་མི་འབྱུང་བས་སོ། །དགེ་སློང་དག་དགེ་སློང་གསར་བུ་འདི་དག་ནི་དགེ་སྦྱོང་གི་གནོད་པས་གཙེས་པ། ཚངས་པར་སྤྱོད་པའི་འདམ་གྱིས་ཟིལ་གྱིས་ནོན་པ། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པ་ཅན་ཡང་སྲིད་པ་པ་རིམས་ནད་དང་བཅས་པ་སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན་ཚེ་ཕྱི་མ་ལ་སྐྱེ་བ་དང་རྒ་བ་དང་འཆི་བར་འགྱུར་པ་རྣམས་ཀྱིས་ཟིལ་གྱིས་ནོན་པ་ཞེས་བྱ་བའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དགེ་སྦྱོང་གི་གནོད་པ་ནི་རྙེད་པ་དང་བཀུར་སྟི་གང་གིས་ཟིལ་གྱིས་ནོན་ན་དགེ་སྦྱོང་གི་དངོས་པོ་ལས་ཉམས་པར་འགྱུར་བ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ལྟར་འདི་ན་ཁ་ཅིག་བསླབ་པ་བཏང་ནས་ཉམས་ཏེ་གནས་པ་འདི་ནི་འཕགས་པའི་ཆོས་འདུལ་བ་ལས་ཉམས་པ་ཡིན་ནོ་ཞེས་གསུངས་པས་སོ། །ཚངས་པར་སྤྱོད་པའི་འདམ་ནི་རྙེད་པ་དང་བཀུར་སྟི་གང་ལ་ཆགས་ན་འཕགས་
པའི་མྱ་ངན་ལས་འདས་པའི་ལམ་ཡན་ལག་བརྒྱད་པར་མི་འདོང་བ་སྟེ། དེ་ནི་བཅོམ་ལྡན་འདས་ཀྱིས་ཚངས་པར་སྤྱོད་པའི་འདམ་ཡིན་པར་གསུངས་སོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ནི་ཀུན་ནས་ཉོན་མོངས་པ་ཅན་ལ་སོགས་པ་སྟེ། གང་དག་གིས་ཟིལ་གྱིས་ནོན་ན་ཚུལ་ཁྲིམས་ཉམས་པར་བྱས་ནས་ངན་སོང་དུ་འདོད་བ་རྙེད་པ་དང་བཀུར་སྟིའི་རྒྱུ་བརྣབ་སེམས་ཅན་ཉིད་ལ་སོགས་པ་གང་དག་ཡིན་པའོ། །འདིས་ནི་དགེ་སློང་གསར་བུ་རྙེད་པ་དང་བཀུར་སྟི་ལྷུར་ལེན་འཛིན་པ་རྣམས་ལ་མཐོང་བའི་ཆོས་ལ་བསླབ་པ་གཏོང་བ་དང༌། མྱ་ངན་ལས་འདས་པར་མི་འགྲོ་བ་དང༌། ཚེ་ཕྱི་མ་ལ་ངན་འགྲོར་འགྲོ་བའི་ཉེས་དམིགས་རྣམ་པ་གསུམ་ཡོད་པར་སྟོན་ཏོ། །དེ་ལ་སྡིག་པ་ནི་འཕགས་པའི་སྐྱེ་བོས་སྨོད་པའི་དོན་གྱིས་སོ། །མི་དགེ་བ་ནི་མི་བདེ་བའི་དོན་གྱིས་སོ། །དེ་ལྟར་ན་དེ་རྣམས་ནི་གཞན་གྱིས་དང༌། རང་ཉིད་ཀྱིས་སྐྱོན་ཡིན་པར་བསྟན་པ་ཡིན་ནོ། །ཇི་ལྟར་སྨད་པ་དང་མི་བདེ་བ་དེ་ནི་ཀུན་ནས་ཉོན་མོངས་པ་ཅན་ཡང་སྲིད་པ་པ་ཉིད་བ་ཉེས་དམིགས་དང་བཅས་པས་ཡང་དག་པར་སྟོན་ཏོ། །དེ་ནི་མཐོང་བའི་ཆོས་ལ་ཡང་དང་ཡང་དུ་ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཅན་ནོ། །ཚེ་ཕྱི་མ་ལ་ཡང་སྲིད་པ་མངོན་པར་འགྲུབ་པའི་ཕྱིར་ཡང་སྲིད་པ་པའོ། །ཀུན་ནས་ཉོན་མོངས་པ་ཅན་དག་ཡིན་པ་ལ་རིམས་ནད་དང་བཅས་པ་དང༌། སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན་གྱི་ཉེས་དམིགས་ཡོད་དེ། མཐོང་བའི་ཆོས་ཉིད་ལ་ཉོན་མོངས་པ་ཡོངས་སུ་གདུང་བ་རྣམས་ཀྱིས་ལུས་དང་སེམས་ཡོངས་སུ་གདུང་བར་བྱེད་པའི་ཕྱིར་དང༌། ཚེ་ཕྱི་མ་ལ་ངན་འགྲོར་འགྲོ་བའི་ཕྱིར་རོ། །ཡང་སྲིད་པ་པར་གྱུར་པ་ལ་ཚེ་ཕྱི་མ་ལ་སྐྱེ་བ་དང་རྒ་བ་དང་འཆི་བར་འགྱུར་བ་ཞེས་བྱ་བའི་ཉེས་དམིགས་ཡོད་དེ་ཡུན་རིང་པོར་སྐྱེ་བ་དང་རྒ་བ་དང་འཆི་བ་འདྲེན་བའི་ཕྱིར་རོ། །འདི་ནི་སྟོན་པའི་བསྟན་པ་བཞིན་བྱེད་པ་དང༌། མི་གཏོང་བར་བསྒོམ་པ་དང༌། ལྷག་མཐོང་དང་ལྡན་པ་ཁྱིམ་སྟོང་པ་རྣམས་རྒྱས་པར་བྱེད་པ། རང་གི་དོན་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པ། ཚངས་པ་མཚུངས་པར་སྤྱོད་པ་
མཁས་པ་རྣམས་ཀྱིས་མ་སྨད་པ། ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་བ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་བསྟན་པ་བཞིན་དུ་བསྒྲུབ་པའི་ཕྱིར་སྟོན་པའི་བསྟན་པ་བཞིན་བྱེད་བའོ། །ཡང་དང་ཡང་དུ་བསྒོམས་པས་མི་གཏོང་བར་སྒོམ་པ་སྟེ། འདི་ལྟར་ཅུང་ཟད་ཅུང་ཟད་ཅེས་བྱ་བ་གསུངས་པ་བཞིན་ནོ། །ཇི་ལྟར་ཐོས་པ་བཞིན་དུ་ཆོས་རབ་ཏུ་རྣམ་པར་དབྱེ་བའི་ཕྱིར་ལྷག་མཐོང་དང་ལྡན་པའོ། །སེམས་རྩེ་གཅིག་ཏུ་བྱ་བའི་དོན་དུ་ཁྱིམ་སྟོང་པ་རྣམས་ལ་མངོན་པར་དགའ་བའི་ཕྱིར་ཁྱིམ་སྟོང་པ་རྣམས་རྒྱས་པར་བྱེད་པའོ། །མྱ་ངན་ལས་འདས་པ་ནི་ལེགས་པར་རབ་ཏུ་བྱུང་བའི་རང་གི་དོན་ཡིན་ཏེ། དེའི་དོན་དུ་རབ་ཏུ་བྱུང་བའི་ཕྱིར་རོ། །དེའི་སྦྱོར་བ་ནི་ཐབས་ཡིན་ཏེ། དེ་ཐོབ་བར་བྱེད་པའི་ལམ་གང་ཡིན་པའོ། །དེ་ལ་རྗེས་སུ་བརྩོན་པ་ནི་ཇི་ལྟར་དེ་ལ་བརྩོན་པར་བྱ་བདེ་ལྟར་བརྩོན་འགྲུས་མི་གཏོང་བ་ཉིད་ཀྱིས་བརྩོན་པའི་ཕྱིར་ཏེ། དེ་ལྟར་ན་རང་གི་དོན་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པའོ། །མངོན་པར་འདོད་པ་ཉིད་ཡིན་པའི་ཕྱིར་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་མ་སྨད་པའོ། །དེའི་འབྲས་བུ་དང་བཅས་པ་ཉིད་དུ་བྱེད་པའི་ཕྱིར་ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་ཟ་བའོ། །མདོར་ན་ཚིག་བདུན་པོ་འདི་རྣམས་ཀྱིས་ནི་སྟོན་པ་དང༌། བསྟན་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང༌། སྦྱིན་པར་བྱེད་པ་རྣམས་ལ་ཡང་དག་པར་སྒྲུབ་པ་ཡོངས་སུ་བསྟན་པ་ཡིན་ནོ། །སྟོན་པ་ལ་ནི་དེའི་བསྟན་པ་བཞིན་དུ་སྒྲུབ་བའི་ཕྱིར་རོ། །བསྟན་པ་ལ་ན་རྟག་ཏུ་ལས་ཁྱད་པར་དུ་འཕགས་པ་ལ་སྦྱོར་བའི་ཕྱིར་དང༌། ཕྱིན་ཅི་མ་ལོག་པར་སྦྱོར་བའི་ཕྱིར་དང༌། རྣམ་པར་མ་གཡེངས་པར་སྦྱོར་བའི་ཕྱིར་དང༌། ཆོག་མི་ཤེས་པར་སྦྱོར་བའི་ཕྱིར་རོ། །དགེ་སློང་གི་ལས་ཁྱད་པར་དུ་འཕགས་པ་ནི་བསམ་གཏན་ཡིན་པར་རིག་པར་བྱའོ། །གཞན་ཡང་རྟག་ཏུ་བསྒོམ་པའི་ཕྱིར་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་བསྒོམ་པའི་ཕྱིར་དང༌། བར་ཆད་མེད་པར་བསྒོམ་པའི་ཕྱིར་དང༌། ཆོག་མི་ཤེས་པར་བསྒོམ་པའི་ཕྱིར་རོ། །ཚངས་པ་མཚུངས་པར་སྤྱོད་པ་
རྣམས་ལ་ནི་དོན་མཐུན་པ་ཉིད་དུ་སྦྱོར་བའི་ཕྱིར་རོ། །སྦྱིན་པར་བྱེད་པ་རྣམས་ལ་ནི་དེའི་སྦྱིན་པ་འབྲས་བུ་ཆེན་པོ་ཉིད་དུ་སྦྱོར་བའི་ཕྱིར་རོ། །ད་ལྟར་མི་རྣམས་ནི་ཆོས་མ་ཡིན་པར་ཆགས་པས་ཆགས་པ་དང༌། མི་རིགས་པར་ཆགས་པས་ཟིལ་གྱིས་ནོན་པ་དང༌། ཆོས་ལོག་པས་དཀྲིས་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་ཆོས་མ་ཡིན་པས་ཡུལ་ཡོངས་སུ་སྤྱད་པ་ལ་ཆགས་པ་ནི་ཆོས་མ་ཡིན་པར་ཆགས་པས་ཆགས་པ་སྟེ། དཔེར་ན་འདོད་པས་ལོག་པར་གཡེམ་པའམ་ལིངས་འདེབས་པ་ལྟ་བུའོ། །མི་རིགས་པས་ཆགས་པ་ནི་མི་རིགས་པར་ཆགས་པ་སྟེ། ཆོམ་རྐུན་དང༌། མཐུ་སྟོབས་དང༌། བྲིད་པ་ལ་སོགས་པས་ཕ་རོལ་གྱི་ནོར་དོན་དུ་གཉེར་བ་གང་ཡིན་པའོ། །ལོག་པས་བྱས་པའི་ཆོས་ནི་ལོག་པའི་ཆོས་ཏེ། འདི་ཆོས་མ་ཡིན་པར་བྱས་པ་ཕ་རོལ་ལ་འཚེ་བ་དང་ལྡན་པ་རྒྱལ་པོའི་ཆོས་སམ་བྲམ་ཟེའི་ཆོས་གང་ཡིན་པའོ། །དེས་ནི་ཡུལ་ཡོངས་སུ་སྤྱད་པ་དང༌། ལོངས་སྤྱོད་ཡོངས་སུ་ཚོལ་བ་དང༌། བདེ་འགྲོ་ཡོངས་སུ་ཚོལ་བ་ལ་བརྩམས་ནས་མི་རྣམས་ལ་ལོག་པར་སྒྲུབ་པ་རྣམ་པ་གསུམ་ཡོད་པར་བསྟན་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཏམ་དུས་སྔར་བྱ་བ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་དུས་སྔར་བྱ་བ་ནི་རྒྱུད་ཡང་དག་ཕུལ་ཅན་གྱི་གཏམ་གྱི་སྣོད་དུ་བྱ་བའི་ཕྱིར་རོ། །དེ་ནི་མདོར་ན་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་དང༌། ལུས་ཕུན་སུམ་ཚོགས་པའི་རྒྱུ་དང༌། ཕུན་སུམ་ཚོགས་པ་དི་གཉིས་ཀའི་ཁྱད་པར་དང༌། དེ་ལས་ཕྱིར་ཕྱོགས་པར་བྱེད་པའི་གཞི་དང༌། དེ་ལས་དེས་པར་འབྱུང་བའི་ཐབས་ལས་བརྩམས་ནས་རིག་པར་བྱའོ། །དེ་ལས་ཕྱིར་ཕྱོགས་པར་བྱེད་པའི་གཞི་ནི་འདོད་པ་རྣམས་རོ་ཆུང་བ་ཉིད་དང༌། ཉེས་དམིགས་མང་བ་ཉིད་ཡིན་ནོ། །དེ་གཉིས་ཀྱིས་ཀྱང་འདི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་བྱེད་དོ། །དེ་ལས་ངེས་པར་འབྱུང་བའི་ཐབས་ནི་རབ་ཏུ་འབྱུང་བའི་མཚན་ཉིད་དེས་པར་འབྱུང་བ་ཉིད་དང༌། རབ་ཏུ་བྱུང་
ནས་ལུས་དང་སེམས་ཐག་རིང་བའི་མཚན་ཉིད་རབ་ཏུ་དབེན་པ་ཉིད་དང༌། རབ་ཏུ་དབེན་པར་གྱུར་ནས་ཀྱང་མྱ་ངན་ལས་འདས་པའི་ཚོགས་ཀྱི་མཚན་ཉིད་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་སོ། །སྦྱིན་པ་ལ་སོགས་པའི་གཏམ་རྣམས་ཀྱི་གོ་རིམས་ནི་མི་རྣམས་ཀྱི་བདེ་བ་ནི་ལོངས་སྤྱོད་ལ་རག་ལས་པ་ཡིན་ལ། ལོངས་སྤྱོད་ཆེན་པོ་ཡང་སྦྱིན་པའི་འབྲས་བུ་ཡིན་ཏེ། དེའི་ཕྱིར་དེ་རྣམས་ནི་སྦྱིན་པའི་གཏམ་ཁོ་ན་ལ་དགའ་བ་ཡིན་པས་ཐོག་མ་ཁོ་ནར་སྦྱིན་པའི་གཏམ་མོ། །སྦྱིན་པ་དེ་ཡང་ཚུལ་ཁྲིམས་མེད་ན་ངན་འགྲོར་འབྲས་བུ་སྨིན་པར་འགྱུར་ཏེ། གྲོ་ཞིན་སྐྱེས་ཀྱི་མདོ་ལས། གླང་པོ་ཆེར་གྱུར་ཀྱང་གླང་པོ་ཆེ་རྒྱན་དང་ལྡན་པ་ཐོབ་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་ཡིན་པས་དེའི་འོག་ཏུ་ཚུལ་ཁྲིམས་ཀྱི་གཏམ་མོ། །དེའི་འོག་ཏུ་བདེ་འགྲོར་གྱུར་དུ་ཟིན་གྱིས་ཀྱང་མི་རྣམས་ཀྱིས་འདོད་པར་བྱ་བ་དག་ནི་མི་གཙང་བ་དང༌། དྲི་ང་བ་དང༌། དྲི་བཤུང་བ་དང༌། མི་མཐུན་པ་དག་ཡིན་ལ། ལྷ་རྣམས་ཀྱི་འདོད་པར་བྱ་བ་དག་ནི་འཕགས་པར་ཆེས་ལྷག་པ་དང་ཆེས་གྱ་ནོམ་པ་ཡིན་ནོ་ཞེས་མཐོ་རིས་ཀྱི་གཏམ་མོ། །དེའི་འོག་ཏུ་དེ་རྣམས་ལ་རོ་ཆུང་བ་དང༌། ཉེས་དམིགས་ཆེས་མང་བ་ཡིན་ནོ་ཞེས་འདོད་པ་རྣམས་ལ་རོ་མྱང་བ་དང༌། ཉེས་དམིགས་ཡང་དག་པར་རབ་ཏུ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་རོ་མྱང་བ་ལས་གྱུར་པ་ནི་ཀུན་ནས་ཉོན་མོངས་པ་ཡིན་ལ། ཉེས་དམིགས་ལས་གྱུར་པ་ནི་རྣམ་པར་བྱང་བ་ཡིན་ནོ་ཞེས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཡང་དག་པར་རབ་ཏུ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཉེས་དམིགས་ཀྱིས་ཡིད་བྱུང་ན་དེ་ལས་ངེས་པར་འབྱུང་བ་ལ་མངོན་དུ་ཕྱོགས་པར་བྱེད་པ་ཡིན་ནོ་ཞེས་ངེས་པར་འབྱུང་བ་དང༌། རབ་ཏུ་དབེན་པའི་ཕན་ཡོན་ལ་སོགས་པ་རབ་ཏུ་བསྟན་པ་ཡིན་ནོ། །གང་གི་ཚེ་སེམས་རངས་པ་དང་སེམས་ཉམས་བདེ་བ་ཞེས་བྱ་བ་ནི་གཏམ་འདིའི་ཕན་ཡོན་ཡོངས་སུ་བསྟན་པ་ཡིན་ནོ། །སེམས་དགའ་བ་དང་སེམས་སྒྲིབ་པ་མེད་པ་ཞེས་བྱ་བ་ནི་སེམས་རངས་པ་དང༌། ཉམས་བདེ་བའི་བཤད་པ་ཡིན་པར་གོ་རིམས་བཞིན་ཏེ། མཆོག་ཏུ་དགའ་བ་ཉིད་
དང་ལྡན་པའི་ཕྱིར་དང༌། སྒྲིབ་པ་ལྔ་དང་མི་ལྡན་པའི་ཕྱིར་ཏེ། སྐྱོན་མེད་པར་ནི་ཉམས་བདེ་བ་ཞེས་བྱ་བས་སོ། །ཡང་དག་ཕུལ་ཅན་གྱི་ཆོས་བསྟན་པ་ཀུན་ཏུ་ཤེས་པར་བྱ་བར་སྐལ་བ་དང་ལྡན་པ་དང་ནུས་པ་ཞེས་བྱ་བ་ནི་སེམས་དེའི་ཕན་ཡོན་ཡོངས་སུ་སྟོན་པ་ཡིན་ནོ། །དེ་ལ་སེམས་དགའ་བ་ཉིད་ཀྱིས་ནི་སྐལ་བ་དང་ལྡན་པ་ཡིན་ཏེ། དགའ་བ་ལ་སོགས་པའི་རྒྱུའི་རིམ་པས་སོ། །སེམས་སྒྲིབ་པ་མེད་པ་ཉིད་ཀྱིས་ནི་ནུས་པ་ཁོ་ན་ཡིན་ཏེ། སྒྲིབ་པ་ཉོན་མོངས་པའི་གཉེན་པོའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་རོ། །གཞན་ཡང་སྐལ་བ་དང་ལྡན་པ་དང༌། ནུས་པ་གཉིས་ཀྱིས་ནི་རིགས་དང༌། ཡོངས་སུ་སྨིན་པ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་པར་རིག་པར་བྱའོ། །དེའི་ཚེ་ན་དེ་ལ་གཉིས་ཀ་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ནི་སྔ་ནས་ཡོད་པ་ཉིད་ཡིན་ནོ། །རིགས་མ་སྨོས་ན་སངས་རྒྱས་རྣམས་ཀྱིས་ཡང་དག་ཕུལ་ཅན་གྱི་ཆོས་བསྟན་པ་ནི་གཉིས་ཀ་ལ་ལྟོས་པའོ་ཞེས་བསྟན་པར་མི་འགྱུར་རོ། །འཕགས་པའི་བདེན་པའི་གཏམ་ནི་ཡང་དག་ཕུལ་ཅན་ཏེ། །མཐོང་བ་དང་བསྒོམ་པའི་ལམ་གཉིས་ཀྱིས་ངན་འགྲོ་དང་འཁོར་བ་ལས་ཡང་དག་ཕུལ་དུ་བྱེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཡང་ཆོས་ཐམས་ཅད་ལས་མཆོག་ཏུ་འཕགས་པ་ཉིད་ཀྱིས་ཡང་དག་ཕུལ་ཅན་ཡིན་ནོ། །འབྲས་བུ་དེ་དང་ལྡན་པའི་ཕྱིར་ཡང་དག་ཕུལ་ཅན་ཏེ། ཡང་འབྱུང་བའི་སྲེད་པ་བཞིན་ནོ། །འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་དེ་ལྟར་མཐོང་ན་གཟུགས་ལ་ཡིད་འབྱུང་བར་འགྱུར་ཞིང་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ།། འདིར་ཡིད་བྱུང་བ་དང༌། འདོད་ཆགས་དང་བྲལ་བ་དང༌། རྣམ་པར་གྲོལ་བ་རྣམས་ཀྱི་རྒྱུར་འགྱུར་བ་ནི་གོ་རིམས་བཞིན་དུ་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལ་ཡིད་བྱུང་བ་ནི་མི་མཐུན་པ་ཉིད་དུ་འཛིན་པའོ། །འདོད་ཆགས་དང་བྲལ་བར་གྱུར་པ་ནི། འདོད་ཆགས་དང་བྲལ་
བ་སྟེ། དེའི་ཐོབ་པ་འཆད་པའོ། །དེའི་ཐོབ་པ་ལ་སོགས་པ་དང་དེ་དང་མི་ལྡན་པར་གནས་གྱུར་བ་ནི་རྣམ་པར་གྲོལ་བའོ། །རྣམ་གྲངས་གཞན་ཡང་དགའ་བ་སྔོན་དུ་སོང་བའི་འདོད་ཆགས་དང༌། གཟུགས་ལ་སོགས་པ་དག་ལ་འདོད་ཆགས་སྔོན་དུ་སོང་བའི་སེམས་རང་དབང་མེད་པར་འཇུག་པ་ཉིད་ཀྱི་འཆིང་བ་ཡོད་པས་དེའི་ཕྱིར་གོ་རིམས་བཞིན་དུ་དེའི་གཉེན་པོ་ཡིད་བྱུང་བ་ལ་སོགས་པ་རྣམས་དུས་ཐ་དད་པ་ཉིད་མ་ཡིན་ཡང་མི་མཐུན་པའི་ཕྱོགས་ཀྱི་གོ་རིམས་ཀྱིས་བཤད་པ་ཡིན་ཏེ། དཔེར་ན་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ལྟ་བུའོ། །གཞན་ཡང་ཁ་ཅིག་ན་རེ་བཅོམ་ལྡན་འདས་ཀྱིས་ཆོས་དེ་དག་ལ་ནད་ཉིད་དང༌། འབྲས་ཉིད་དང༌། ཟུག་རྡུ་ཉིད་དང༌། སྡིག་པ་ཉིད་དང༌། མི་རྟག་པ་ཉིད་དང༌། སྡུག་བསྔལ་བ་ཉིད་དང༌། སྟོང་པ་ཉིད་དང༌། བདག་མེད་པ་ཉིད་དུ་ཡིད་ལ་བྱེད་དོ་ཞེས་གང་གསུངས་པ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟ་བ་ཡིན་ལ། དེ་ཆོས་དེ་དག་ལ་ནད་ཉིད་ནས་བདག་མེད་པ་ཉིད་ཀྱི་བར་དུ་ཡིད་ལ་བྱས་ནས་ཆོས་དེ་དག་ལ་སེམས་སྐྱོ་བར་བྱེད་སྐྲག་པར་བྱེད་ཕྱིར་ཟློག་པར་བྱེད་དོ་ཞེས་གང་གསུངས་པ་འདི་ནི་ཡིད་བྱུང་བའོ། །དེས་ཆོས་དེ་དག་ལ་སྐྱོ་ཞིང་སྐྲག་ལ་ཕྱིར་ལྡོག་ནས་འདི་ནི་ཞེས་བྱ་བ་འདི་ནི་གྱ་ནོམ་པ་ཡིན་ཏེ། འདི་ལྟ་སྟེ། ཕུང་པོ་ཀུན་སྤངས་པ་དང༌། སྲེད་པ་ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། མྱ་ངན་ལས་འདས་པའོ་ཞེས་འཆི་བ་མེད་པའི་དབྱིངས་ལ་སེམས་ཉེ་བར་སྦྱོར་བ་ཞེས་གང་གསུངས་པ་འདི་ནི་འདོད་ཆགས་དང་བྲལ་བའོ། །དེས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་ན་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ། །སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་གང་གསུངས་པ་འདི་ནི་རྣམ་པར་གྲོལ་བའོ་ཞེས་ཟེར་ཏེ། འདིར་ཇི་ལྟར་མྱ་ངན་ལས་འདས་པ་ཡིད་ལ་བྱེད་པ་ལས་འདོད་ཆགས་དང་བྲལ་བར་འགྱུར་ལ། ཕྱིས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བའི་བསམ་པས་བརྗོད་དགོས་སོ། །བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པས་ཡུན་རིང་པོ་ནས་བྱི་དོར་བྱས་ཤིང་ཞེས་བྱ་བ་ནས་
བཟུང་བ་ཡིན་ནོ་ཞེས་བྱ་བའི་བར་ནི་མདོ་སྡེའི་དུམ་བུའོ། །དེ་ལ་བྱི་དོར་བྱས་པ་ནི་ཕན་པའི་དངོས་པོ་ཉེ་བར་སྒྲུབ་པ་ཉིད་ཀྱིས་སོ། །སྦས་པ་ནི་གནོད་པའི་དངོས་པོ་སྤོང་བ་ཉིད་ཀྱིས་སོ། །ཅིའི་ཕྱིར་ཞེ་ན། བཤད་པ་བདག་གིར་བྱས་པས་སོ། །ཇི་ལྟར་བདག་གིར་བྱས་པ་ཡིན་ཞེ་ན། བཤད་པ་འདི་ནི་བདག་གིར་ཡིན། འདི་ནི་ང་བདག་ཡིན། འདི་ནི་བདག་ཡིན་ཞེས་ཁས་བླངས་ལ་བཟུང་བ་ཡིན་ནོ། །དེ་ལ་ཁས་བླངས་པ་ནི་ལྟ་བ་སྟེ། རྣམ་པ་གཉིས་ཀྱིས་ཁས་བླངས་པའི་ཕྱིར་རོ། །བཟུང་བ་དང་སྲིད་པ་སྟེ། དེའི་རྗེས་སུ་འབྲང་བས་ཆགས་པའི་ཕྱིར་རོ། །འདི་ནི་བདག་གི་ཡིན་ཞེས་བྱ་བ་བདག་གི་བའི་རྣམ་པ་དང༌། འདི་ནི་ང་བདག་ཡིན། འདི་ནི་བདག་གི་བདག་ཡིན་ནོ་ཞེས་བྱ་བ་བདག་གི་རྣམ་པ་ནི་བདག་ཏུ་ལྟ་བ་རྣམ་པ་གཉིས་པོ་ལྷན་ཅིག་སྐྱེས་པ་དང༌། ཀུན་ཏུ་བརྟགས་པ་དང༌། གཞན་ཡང་གཞི་ཐ་མི་དད་པ་དང༌། གཞི་ཐ་དད་པ་དང་གོ་རིམས་བཞིན་ཡིན་པ་དང༌། དེའི་རྗེས་སུ་མཐུན་པའི་སྲེད་པ་གཉིས་ཀྱིས་སོ། །རྣམ་གྲངས་གཞན་ཡང་ངའོ་སྙམ་པའི་ང་རྒྱལ་དང༌། བདག་ཏུ་ལྟ་བ་གཉིས་ཀྱིས་དང༌། དེའི་རྗེས་སུ་འབྲང་བའི་སྲེད་པ་གཉིས་སོ།། འདི་ཐམས་ཅད་ནི་དེའི་རྣམ་པ་དང༌། དེའི་རྒྱུ་ཉིད་ཀྱིས་བདག་གིར་བྱས་པ་ཞེས་བྱའོ། །མདོར་ན་འདིས་ནི་བྱིས་པ་རྣམས་ཀྱིས་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བ་དང༌། སྲེད་པ་ལ་ལོག་པར་སྒྲུབ་པ་ལས་དང་བཅས་པའམ། བདག་ཏུ་ལྟ་བ་དང༌། ང་རྒྱལ་དུ་ལྟ་བ་དང༌། སྲེད་པ་ལས་ལོག་པར་བསྒྲུབ་པ་ཡིན་པར་ཡོངས་སུ་བསྟན་པ་ཡིན་ནོ། །མདག་མེའི་རླུང་དཔེར་བརྗོད་པ་མཛད་ནས། དེ་དེ་ལས་བསྲིང་བ་སེམས་པ་དང༌། བསྲིང་བ་དོན་དུ་གཉེར་བ་དང༌། བསྲིང་བ་ལ་བརྟགས་ནས་འཇོག་པར་བྱེད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་བསྲིང་བ་ཞེས་བྱ་བ་ནི་ཐག་བསྲིང་བའོ། །ཡོན་ཏན་ཉིད་དུ་སེམས་མངོན་པར་འདུ་བྱེད་པ་ནི་སེམས་པའོ། །འདོད་པ་ནི་རང་བཞིན་གྱི་དོན་དུ་གཉེར་བའོ། །སོ་སོར་བརྟགས་ནས་སེམས་འཇོག་པ་ནི་ཡིད་ལ་བྱེད་པའོ། །ཡོན་ཏན་ཉིད་དུ་གང་བསམ་པ་དེ་ལ་ནི་རང་གི་ངང་གིས་དོན་དུ་
གཉེར་བའམ། སོ་སོར་བརྟགས་ནས་དེ་ལ་སེམས་འཇོག་པར་བྱེད་དེ། དཔེར་ན་སྨན་རོ་ཞི་མ་པའམ་ཚ་བ་ལ་བྱེད་པ་བཞིན་ནོ། །དགེ་སློང་དག་དགེ་སློང་ཆོས་ཤེས་པ་ཡང་ཡིན་ནོ། །ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་དགེ་སློང་གིས་ཆོས་ཤེས་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་ལ་སངས་རྒྱས་ཀྱིས་སམ། སངས་རྒྱས་ཀྱིས་གནང་སྟེ་ཉན་ཐོས་ཀྱིས་བཤད་པ་གང་ཡིན་པ་དེའི་དོན་མདོར་གླེང་བའི་དོན་གྱིས་ན་མདོ་སྡེའོ། །དེ་ཉིད་ཚིགས་སུ་བཅད་པས་ཕྱིས་དབྱངས་སུ་བསྙད་པ་དང་བཀྲི་བའི་དོན་གང་ཡིན་པ་སྟེ་དབྱངས་ཀྱིས་བསྙད་པའི་སྡེའོ། །ལུང་དུ་བསྟན་པའི་སྡེ་ནི་གང་ལས་བཅོམ་ལྡན་འདས་ཀྱིས་འདས་པ་དང་མ་འོངས་པའི་ཉན་ཐོས་ལ་སོགས་པ་རྣམས་ལུང་སྟོན་པར་མཛད་པ་དང༌། ངེས་པའི་དོན་གང་ཡིན་པའོ། །ཚིགས་སུ་བཅད་པའི་སྡེ་ནི་ཚིག་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་ཏུ་ཚིགས་སུ་སྦྱར་བས་བཤད་པ་གང་ཡིན་པའོ། །ཆེད་དུ་བརྗོད་པའི་སྡེ་ནི་གང་ཟག་གི་ཆེད་དུ་གསུངས་པ་མ་ཡིན་གྱི་བསྟན་པ་གནས་པར་བྱ་བ་འབའ་ཞིག་གི་ཕྱིར་གང་ཡིན་པ་སྟེ། གང་ལས་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་མཛད་དོ་ཞེས་བྱའོ། །གླེང་གཞིའི་སྡེ་ནི་འདུལ་བ་དང་འབྲེལ་བ་སྟེ། འདུལ་བ་ནི་བྱུང་བས་རབ་ཏུ་ཕྱེ་བ་ཉིད་ཀྱི་ཕྱིར་ཏེ། གང་ལས་བཅོམ་ལྡན་འདས་ཀྱིས་གླེང་གཞི་འདི་དང་སྐབས་འདི་དང་དོན་བྱུང་བ་ལས་བཅོམ་ལྡན་འདས་ཀྱིས་འདི་སྐད་བཤད་པ་ནི་འདི་སྐད་ཅེས་བྱའོ་ཞེས་འབྱུང་བ་ཡིན་ནོ། །རྟོགས་པ་བརྗོད་པའི་སྡེ་ནི་རིང་པོ་ལེན་གྱི་རྟོགས་པ་བརྗོད་པ་ལ་སོགས་པ་སྟེ། གང་ལས་རྟོགས་པར་བྱ་བའི་ཕྱིར་དཔེ་གཞན་རྒྱས་པར་བརྗོད་པ་འབྱུང་བ་ཡིན་ནོ། །དེ་ལྟ་བུ་བྱུང་བའི་སྡེ་ནི་སྔོན་གྱི་རྒྱུད་དང་འབྲེལ་བའོ། །སྐྱེས་པའི་རབས་ཀྱི་སྡེ་ནི་གང་ལས་བཅོམ་ལྡན་འདས་ཀྱི་སྔོན་གྱི་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་བསྟན་པ་འབྱུང་བ་ཡིན་ནོ། །ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་པ་ཆེན་པོ་ཡིན་ཏེ། ལུང་ཕོག་པ་གང་གིས་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་བཅུ་དག་གིས་ས་བཅུ་དག་ཏུ་ཡང་
དག་པར་འགྲུབ་པ་ན་སྟོབས་བཅུའི་རྟེན་སངས་རྒྱས་ཉིད་འཐོབ་པའོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ནི་གང་ལས་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། ཉན་ཐོས་རྣམས་ཀྱི་ཕུལ་དུ་བྱུང་བ་བསྟན་པའོ། །གཏན་ལ་དབབ་པར་བསྟན་པའི་སྡེ་ནི་གང་དག་ལས་དེ་ཁོ་ན་མཐོང་བ་རྣམས་དང༌། གཞན་རྣམས་ཀྱིས་མདོ་སྡེའི་དོན་ཆོས་ཀྱི་རྗེས་སུ་མཐུན་པར་གཏན་ལ་དབབ་པར་བསྟན་པའོ། །དེ་ཉིད་དེའི་དོན་རྣམ་པར་འཆད་པས་མ་མོ་ཞེས་བྱ་སྟེ། དེ་ལས་གཞན་པའི་མདོ་སྡེའི་དོན་བཤད་པའི་རྟེན་ཡིན་པའི་ཕྱིར་རོ། །ཆོས་མངོན་པ་ཞེས་ཀྱང་བྱ་སྟེ། མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པ་ཉིད་ཀྱིས་ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་སངས་རྒྱས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་པོ་འདི་ནི་སྡེ་སྣོད་གསུམ་དུ་བསྡུས་པ་ཡིན་ནོ། །ཅིའི་ཕྱིར་ཐེག་པ་ཆེན་པོ་ལ་ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱ་ཞེ་ན་ཚིག་གི་དོན་གྱིས་དང་མིང་དུ་ཆགས་པས་སོ། །ཇི་ལྟར་ན་ཚིག་གི་དོན་གྱིས་ཤེ་ན། ངེས་པའི་ཚིག་གི་ཚུལ་གྱིས་ན་ཐེག་པ་རྒྱས་པ་ནི་ཤིན་ཏུ་རྒྱས་པའི་སྡེ་ཡིན་ནོ། །ཐེག་པ་རྒྱས་པ་ཡང་ཐེག་པ་ཆེན་པོ་ཡིན་ཏེ། ཆེན་པོ་ཉིད་རྣམ་པ་བདུན་དང་ལྡན་པའི་ཕྱིར་རོ། །ཆེན་པོ་ཉིད་རྣམ་པ་བདུན་ལ་ཆོས་ཆེན་པོ་ཉིད་ནི་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོ་སྡེ་ཚད་མེད་པ་དང་ལྡན་པའི་ཕྱིར་རོ། །སེམས་བསྐྱེད་པ་ཆེན་པོ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་ཡོན་ཏན་དང་སྐྱོན་སྐྱེ་བ་དང་འགྲིབ་པ་ཐམས་ཅད་ཀྱི་མཐར་ཐུག་པའི་གནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ། །མོས་པ་ཆེན་པོ་ཉིད་ནི་ཆོས་ཤིན་ཏུ་ཟབ་པ་དང༌། རྒྱ་ཆེ་བ་ལ་མོས་པའི་ཕྱིར་རོ། །བསམ་པ་རྒྱ་ཆེན་པོ་ཉིད་ནི་ལྷག་པའི་བསམ་པ་དག་པའི་ས་ལ་སེམས་ཅན་ཐམས་ཅད་ལ་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་བསམ་པ་ཐོབ་པའི་ཕྱིར་རོ། །ཚོགས་ཆེན་པོ་ཉིད་ནི་སར་ཆུད་པ་ན་སྐད་ཅིག་རེ་རེ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ལ་སོགས་པའི་ཕྱིར་རོ། །དུས་ཆེན་པོ་ཉིད་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་དང་ཡང་དུ་བརྩོན་
པའི་ཕྱིར་རོ། །ཡང་དག་པར་འགྲུབ་པ་ཆེན་པོ་ཉིད་ནི་སེམས་ཅན་ཐམས་ཅད་དང་མི་མཉམ་པའི་སངས་རྒྱས་ཀྱི་སྐུ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །དེ་ལྟ་བུ་ནི་ཚིག་གི་དོན་གྱིས་སོ། །ཇི་ལྟར་ན་མིང་དུ་ཆགས་པས་ཤེ་ན། ཐེག་པ་ཆེན་པོ་དེ་ཉིད་ལ་ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱ་བའི་མིང་འདི་ཆགས་སོ། །མཚུངས་པ་མེད་པའི་སྡེ་ཞེས་ཀྱང་བྱ་སྟེ། མཚུངས་པ་དང་བྲལ་བའི་ཕྱིར་རོ། །སྡེ་པ་གཞན་དག་ལས་ནི་རྣམ་པར་འཇོམས་པའི་གཙུག་ཕུད་ཀྱི་སྡེ་དང༌། རྣམ་པར་འཇོམས་པ་ཆེན་པོའི་སྡེ་སྟེ། དེ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམ་པར་འཇོམས་པའི་ཕྱིར་རོ། །ཡང་འདིར། རྒྱས་པའི་ཕྱིར་ན་ཤིན་ཏུ་རྒྱས་པའི་སྡེ། །མཚུངས་བྲལ་དེ་ཕྱིར་མཚུངས་མེད་སྡེ་ཡང་ཡིན། །ལྟ་བ་ཐམས་ཅད་རྣམ་པར་འཇོམས་པའི་ཕྱིར། །རྣམ་པར་འཇོམས་པའི་སྡེར་ཡང་ཤེས་པར་བྱ། །དེ་ལྟར་མདོ་སྡེའི་དུམ་བུ་བརྒྱའི་ཚིག་རྣམས་ཀྱི་དོན་བཤད་པ་ནི་ཚིག་གི་དོན་བཤད་པའི་ཕྱོགས་ཤིག་བསྟན་པའི་ཕྱིར་རོ། །ཕྱོགས་འདིས་ནི་བློ་དང་ལྡན་པ་རྣམས་ཀྱིས་ཚིག་གཞན་རྣམས་ཀྱི་དོན་ཡང་དག་པར་བྱའོ། །རྣམ་པར་བཤད་པའི་རིགས་པ་ལས་ལེའུར་བཅད་པ་གཉིས་པའོ།། །།གཞན་ཡང་རྣམ་པ་བཞི་དག་གིས་ཚིག་གི་དོན་རིག་པར་བྱ་སྟེ། རྣམ་གྲངས་ཀྱིས་དང་མཚན་ཉིད་ཀྱིས་དང༌། ངེས་པའི་ཚིག་གིས་དང༌། རབ་ཏུ་དབྱེ་བས་སོ། །དེ་ལ་རྣམ་གྲངས་ནི་མིང་གཞན་ནོ། །མཚན་ཉིད་ནི་དོན་གང་ལ་མིང་དེ་ཡོད་པའིའོ། །ངེས་པའི་ཚིག་ནི་མིང་གི་རྒྱུ་མཚན་བརྗོད་པའོ། །རབ་ཏུ་དབྱེ་བ་ནི་བརྗོད་པར་བྱ་བ་དེ་གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་དང༌། བསྟན་དུ་ཡོད་པ་དང༌། བསྟན་དུ་མེད་པ་ལ་སོགས་པའི་རྣམ་པར་རབ་ཏུ་དབྱེ་བས་སོ། །དེ་ལྟར་ན་ཚིག་གི་དོན་རྣམ་པ་ཐམས་ཅད་དང་ལྡན་པ་ཡོངས་སུ་བསྟན་པ་ཡིན་ལ། སོ་སོ་ཡང་དག་པར་རིག་པའི་ས་ཡང་བྱས་པ་ཡིན་ནོ། །གདུལ་བའི་ཁྱད་པར་ལ་ལྟོས་ནས་ལན་འགའ་ནི་ཁ་ཅིག་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་ལན་འགའ་ནི་རྣམ་གྲངས་ཙམ་ཞིག་བཤད་དེ། དཔེར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་
མདོ་ལས། དེ་དང་དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་དང༌། མི་མཐོང་བ་དང༌། མངོན་པར་མ་རྟོགས་པ་དང༌། མུན་ཁུང་དང༌། ཀུན་ཏུ་རྨོངས་པ་དང༌། མ་རིག་པ་དང༌། མུན་པ་གང་ཡིན་པ་འདི་ནི་མ་རིག་པ་ཞེས་བྱའོ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ལས་ནི་མཚན་ཉིད་ཙམ་ཞིག་སྟེ། དཔེར་ན་དེ་ཉིད་ལས་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ལ། མིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། ཚོར་བའི་ཕུང་པོ་ནས་རྣམ་པར་ཤེས་པའི་ཕུང་པོའི་བར་དུའོ། །གཟུགས་གང་ཞེ་ན། གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ལས་ནི་ངེས་པའི་ཚིག་ཙམ་ཞིག་སྟེ། དཔེར་ན་བཟའ་བ་ལྟ་བུ་ལས་གཟུགས་ཤིང་གཟུགས་སུ་རུང་བས་ན་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ་ཞེས་འབྱུང་བ་ལྟ་བུའོ། །ཁ་ཅིག་ལས་ནི་རབ་ཏུ་དབྱེ་བ་ཙམ་ཞིག་སྟེ། དཔེར་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ། འདུ་བྱེད་རྣམས་གང་ཞེ་ན། འདུ་བྱེད་རྣམས་ནི་གསུམ་སྟེ། ལུས་ཀྱི་འདུ་བྱེད་དང༌། ངག་གི་འདུ་བྱེད་དང༌། ཡིད་ཀྱི་འདུ་བྱེད་རྣམས་སོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་རྣམས་ཏེ་ཞེས་འབྱུང་བ་ལྟ་བུའོ། །ཚིག་གི་དོན་བཤད་ཟིན་ཏོ། །ད་ནི་མཚམས་སྦྱར་བ་བཤད་པར་བྱའོ། །དེ་ལ་མཚམས་སྦྱར་བ་ནི་རྣམ་པ་གཉིས་ཏེ། དོན་སྔ་ཕྱི་འབྲེལ་བའི་མཚམས་སྦྱར་བ་ནི་དཔེར་ན་དགེ་སློང་དག་འཕགས་པའི་ཆོས་ཀྱི་ཕྱག་རྒྱ་རྟོགས་པ་དང༌། མཐོང་བ་ཤིན་ཏུ་རྣམ་པར་དག་པ་བཤད་པར་བྱའོ་ཞེས་གསུངས་ནས། དགེ་སློང་དག་གང་ཞིག་འདི་སྐད་དུ། བདག་གིས་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་ཅན་དང༌། ཅུང་ཟད་མེད་པ་ཉིད་མ་ཐོབ་པར་ཞེས་འབྱུང་བའི་མཚམས་སྦྱར་བ་ཡང་གང་ཡིན། དེ་བཞིན་དུ་དེ་ལས་ས་ཆེན་པོ་འདི་ཚིག་པར་འགྱུར་བ་དང༌། མེད་བར་འགྱུར་བ་དང༌། མི་འབྱུང་བར་འགྱུར་བ་གང་ཡིན་པ་ནི་གཞི་མཐོང་བ་མ་རྟོགས་པར་སུ་ཞིག་
དད་པར་འགྱུར། སུ་ཞིག་ཡིད་ཆེས་པར་འགྱུར་ཞེས་གསུངས་ནས་དགེ་སློང་དག་སྔོན་བྱུང་བ་ན་སྟོན་པ་སྤྱན་ལེགས་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏོ་ཞེས་འབྱུང་བའི་མཚམས་སྦྱར་བ་ཡང་གང་ཡིན་ཞེས་བྱ་བ་དེ་ལ་སོགས་པའོ། །སྔ་ཕྱི་ཉིད་ཀྱི་གོ་རིམས་ཀྱི་མཚམས་སྦྱར་བ་ནི་དཔེར་ན་འཕགས་པའི་བདེན་པ་རྣམས་ལས་ཅིའི་ཕྱིར་འབྲས་བུའི་འོག་ཏུ་རྒྱུ་བསྟན་ལ། དེ་བཞིན་དུ་བསླབ་པ་གསུམ་རྣམས་ལས་ཀྱང་ཅིའི་ཕྱིར་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་འོག་ཏུ་ཏིང་ངེ་འཛིན་དང་ཤེས་རབ་བསྟན་ཞེས་བྱ་བ་ལྟ་བུའོ། །དཔེར་བརྗོད་པའི་མདོ་སྡེའི་དུམ་བུ་འདི་རྣམས་ཀྱི་མཚམས་སྦྱར་བ་ནི་ཇི་ལྟར་རིག་པར་བྱ་ཞེ་ན། འཕགས་པའི་ཆོས་ཀྱི་ཕྱག་རྒྱ་རྟོགས་པ་བཤད་པར་བྱའོ་ཞེས་གསུངས་ནས། དགེ་སློང་དག་གང་ཞིག་འདི་སྐད་དུ་ཞེས་བྱ་བ་ནི་རེ་ཞིག་གང་ཞིག་རྟོགས་པ་བརྗོད་པར་བཞེད་པའི་འཕགས་པའི་ཆོས་ཀྱི་ཕྱག་རྒྱ་དེ་འཆད་པ་ཡིན་ཏེ། འདི་ནི་དེའི་མཚམས་སྦྱར་བ་ཡིན་ནོ། །གཞི་མཐོང་བ་མ་གཏོགས་པར་སུ་ཞིག་དད་པར་འགྱུར། སུ་ཞིག་ཡིད་ཆེས་པར་འགྱུར་ཞེས་གསུངས་ནས་སྤྱན་ལེགས་ཀྱི་སྐྱེས་པའི་རབས་བསྟན་པ་ནི་བདག་ཉིད་ལ་དད་པ་ཉིད་དུ་འགྱུར་བར་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །དོན་འདི་སྟོན་ཏེ། དེའི་ཚེ་ན་ཡང་ངས་ཉན་ཐོས་རྣམས་ལ་མ་བསླུས་ན་ད་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ། །མི་རྟག་པ་ཉིད་བསྟན་པ་དེ་ཡང་དོན་ཆེ་བ་ཉིད་དང༌། རྙེད་པར་དཀའ་བ་ཉིད་དུ་ཡོངས་སུ་བསྟན་པའི་ཕྱིར་ཏེ། འདི་ནི་དེའི་མཚམས་སྦྱར་བ་ཡིན་ནོ། །འཕགས་པའི་བདེན་བ་རྣམས་ཀྱི་བཤད་པའི་མཚམས་སྦྱར་བ་ནི་ཇི་ལྟར་མངོན་པར་རྟོགས་པ་བཞིན་དུ་ཡིན་ཏེ། སྡུག་བསྔལ་ལ་སྡུག་བསྔལ་ཉིད་དུ་མཐོང་ནས་འདི་ག་ལས་བྱུང་ཞེས་རྒྱུ་ཀུན་ཏུ་ཚོལ་བར་བྱེད་དོ། །དེ་ནས་དེ་འགོག་པ་ལའོ། །དེ་ནས་འགོག་པའི་ཐབས་ལ་སྟེ། དེ་ལྟར་ན་ནད་དང། དེའི་གཞི་དང༌། ནད་མེད་པ་ཉིད་དང༌། སྨན་ཚོལ་བའི་ཚུལ་གྱིས་སྔ་མ་སྔ་མ་ལ་རྣམ་པར་དཔྱོད་པའི་ཕྱིར་འཕགས་པའི་བདེན་པ་རྣམས་ཇི་ལྟར་མངོན་པར་རྟོགས་པ་དེ་ལྟར་བཤད་པ་ཡིན་ཏེ། འདི་ནི་དེའི་མཚམས་སྦྱར་བ་ཡིན་ནོ། །བསླབ་པ་གསུམ་རྣམས་ཞེས་བྱ་བ་
ནི་འདིར་ཚུལ་ཁྲིམས་དང་ལྡན་ན་སེམས་མཉམ་པར་འཇོག་གོ །སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་འབྱུང་བས་འདི་ནི་དེའི་མཚམས་སྦྱར་བ་ཡིན་ནོ། །གཞན་ཡང་རྒྱུ་རྣམ་པ་བཅུ་དག་གིས་བསླབ་པ་རྣམ་པ་གསུམ་དག་བརྗོད་པར་བྱའོ། །ཡང་ནི་གོ་རིམས་དེ་གཉིས་བཟང་པོ་ཡིན་ནོ། །སྡོམ་པ་རྩོམ་རྣམ་པ་གསུམ་གྱི་རྒྱུ་ཉིད་ཀྱིས་ཡིན་ཏེ། སྡོམ་པ་རྩོམ་རྣམ་པ་གསུམ་ནི་འཆལ་པའི་ཚུལ་ཁྲིམས་ཡང་དག་པར་སྡོམ་པའི་ཕྱིར་དང༌། ཡུལ་ལ་ཡང་དག་པར་སྡོམ་པའི་ཕྱིར་དང༌། ཉོན་མོངས་པ་ཡང་དག་པར་སྡོམ་པའི་ཕྱིར་རོ། །ཚངས་པར་སྤྱོད་པ་རྣམ་པ་གསུམ་གྱི་རྒྱུ་ཉིད་ཀྱིས་ཀྱང་ཡིན་ཏེ། ཚངས་པར་སྤྱོད་པ་རྣམ་པ་གསུམ་ནི་སྤོང་བ་ཡང་དག་པར་ལེན་པ་དང༌། དེ་བར་སྐབས་སུ་སྤོང་བ་དང༌། དེ་གཏན་དུ་སྤོང་བའོ། །ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་གཉེན་པོས་ཀྱང་ཡིན་ཏེ། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ནི་སྡིག་པ་བྱེད་པ་རྣམས་ཀྱི་ཉེས་པར་སྤྱོད་པའི་ཀུན་ནས་ཉོན་མོངས་པ་དང༌། དེ་ལས་གཞན་པའི་འདོད་པ་ཅན་རྣམས་ཀྱི་སྲེད་པའི་ཀུན་ནས་ཉོན་མོངས་པ་དང༌། མུ་སྟེགས་ཅན་རྣམས་ཀྱི་ལྟ་བའི་ཀུན་ནས་ཉོན་མོངས་པའོ། །ངན་འགྲོ་དང་བདེ་འགྲོ་གནོད་པ་དང་བཅས་པ་དང༌། གནོད་པ་མེད་པའི་གཉེན་པོས་ཀྱང་ཡིན་ནོ། །དེ་ལ་ངན་འགྲོ་ནི་ངན་སོང་རྣམས་ཡིན་ནོ། །བདེ་འགྲོ་གནོད་པ་དང་བཅས་པ་ནི་འདོད་པ་ན་སྤྱོད་པའི་ལྷ་དང་མི་རྣམས་སོ། །གནོད་པ་མེད་པ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་སོ། །ལས་ནག་པོ་དང༌། འདྲེན་མ་དང་དཀར་པོའི་གཉེན་པོས་ཀྱང་ཡིན་ཏེ་ནག་པོ་ནི་སེམས་ཅན་དམྱལ་བར་སྨིན་པར་བྱེད་པ་ཡིན་ནོ། །འདྲེན་མ་ནི་དེ་ལས་གཞན་པའི་འདོད་ཁམས་སུ་རྣམ་པར་སྨིན་པར་བྱེད་པ་ཡིན་ནོ། །དཀར་པོ་ནི་གཟུགས་དང་གཟུགས་མེད་པར་རྣམ་པར་སྨིན་པར་བྱེད་པ་ཡིན་ནོ། །ཉོན་མོངས་པའི་གནས་སྐབས་གསུམ་གྱིས་གཉེན་པོས་ཀྱང་ཡིན་ཏེ། ཉོན་མོངས་པའི་གནས་སྐབས་གསུམ་ནི་ཟིལ་གྱིས་གནོན་པའི་གནས་སྐབས་དང༌། ཀུན་ནས་རྒྱུ་བའི་གནས་སྐབས་དང༌། བག་ལ་ཉལ་གྱི་གནས་སྐབས་
སོ། །དེའི་གཉེན་པོ་ཉིད་ནི་དུག་གི་ལྗོན་ཤིང་རབས་བསྐོར་བ་དང་བཅད་པ་དང་དབྱུང་བའི་ཚུལ་གྱིས་ཡིན་ནོ། །སྡིག་པ་དང་འདོད་པ་དང་དྲག་པོ་སྤྱོད་པའི་གཉེན་པོས་ཀྱང་ཡིན་ཏེ། རབ་ཏུ་བྱུང་བས་མཐའ་གཉིས་ལ་བསྙེན་པར་མི་བྱ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །བདེ་འགྲོ་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པའི་རྒྱུ་ཉིད་ཀྱིས་ཀྱང་ཡིན་ནོ། །ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བའི་རྟེན་ཉིད་ཀྱིས་ཀྱང་ཡིན་ནོ། །གཉིས་འབྱུང་བའི་རྒྱུ་ཉིད་དང་མཉམ་པར་འཇོག་པ་དང༌། རྣམ་པར་གྲོལ་བར་བྱེད་པས་ཀྱང་ཡིན་ཏེ། གཅིག་གིས་ནི་གཉིས་སྐྱེ་བའི་རྒྱུ་ཉིད་ཡིན་ལ། གཉིས་པས་ནི་སེམས་མཉམ་པར་མ་བཞག་པ་མཉམ་པར་འཇོག་པར་བྱེད་པ་ཡིན་ཞིང་གསུམ་པས་ནི་སེམས་མཉམ་པར་བཞག་པ་རྣམ་པར་གྲོལ་བར་བྱེད་པ་ཡིན་ནོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། སྡོམ་བརྩོན་ཚངས་སྤྱོད་ཀུན་ཉོན་མོངས། །འགྲོ་དང་ལས་རྣམ་གསུམ་ཕྱིར་དང༌། །ཉོན་མོངས་སྐབས་དང་སྤྱོད་དང་དག །རྟེན་དང་བྱེད་རྣམ་གསུམ་ཕྱིར་རོ། །མཚམས་སྦྱར་བ་བཤད་ཟིན་ཏོ།། །།བརྒལ་བ་ནི་རྣམ་པ་གཉིས་ཏེ། སྒྲ་ལ་བརྒལ་པ་དང༌། དོན་ལ་བརྒལ་བའོ། །འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་བཞུགས་ཟིན་ཀྱང༌། ཤཱ་རིའི་བུ་ཁྱོད་ད་གཟོད་དང་གང་ནས་འོང་འོང༌། བཙུན་པ་ད་གཟོད་ཐིབས་པོའི་ཚལ་ནས་གདུགས་ལ་མཆིས་པ་ལས་མཆི་མཆིའོ་ཞེས་བྱ་བའི་སྦྱོར་བ་འདི་ནི་ད་ལྟར་བྱུང་བ་བཞིན་དུ་འདས་པའི་དུས་ལ་བྱ་བ་རིགས་པ་མ་ཡིན་ནོ། །དེ་བཞིན་དུ་ཚེ་དང་ལྡན་པ་གསུམ་པོ་ཆེ་ཆེན་པོ་རབ་ཏུ་ཤེས་པར་བྱེད་ཅིང་རབ་ཏུ་ཤེས་པར་བྱེད་པས་ན་དེའི་ཕྱིར་ཤེས་རབ་ཅེས་བྱའོ། །རྣམ་པར་ཤེས་པར་བྱེད་ཅིང་རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་བྱ་བ་འདི་ཡང་དངོས་པོ་ཙམ་ལ་ལས་དང་བཅས་པའི་བྱེད་པ་པོར་བཤད་པ་ནི་རིགས་པ་མ་ཡིན་ཏེ། དཔེར་ན་འགྲོ་བ་གྲོང་དུ་འགྲོ་བར་བྱེད་ཅེས་བྱ་བ་ལྟ་བུའོ། །འདི་ལྟར་ཤེས་རབ་དང་རྣམ་པར་ཤེས་པ་གཉིས་ལས་གཞན་པ་གང་ལ་ལྟོས་ནས་དེ་གཉིས་ལ་བྱེད་པ་བོར་བཤད་
པའི་བྱ་བ་ནི་འགའ་ཡང་མེད་དོ། །དེ་བཞིན་དུ་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བའི་སྦྱོར་བ་འདི་ཡང་རིགས་པ་མ་ཡིན་ཏེ། བྱེད་པ་པོ་གཅིག་པུ་དག་ལ་བྱ་བ་གཉིས་ཤིག་ཡོད་ན་ནི་དུས་སྔ་མ་ཤོས་ཀྱི་བྱ་བ་ལ་དེ་ལྟ་བུའི་སྦྱོར་བ་ཡང་འབྱུང་སྟེ། དཔེར་ན་འཁར་བ་ལ་འཇུས་ནས་ལྡང་བ་ལྟ་བུའམ། གཞན་དང་གཞན་ཕྲད་པ་ལ་ནི་དཔེར་ན་ཆུ་བརྒལ་ནས་རི་ཡོད་དོ་ཞེས་བྱ་བ་ལྟ་བུ་ཡིན་ན། རྣམ་པར་ཤེས་པ་ནི་གང་ཞིག་གིས་བརྟེན་ནས་ཕྱིས་སྐྱེ་བར་འགྱུར་བའི་སྐྱེ་བ་སྔ་རོལ་ན་ཡང་མེད་ཅིང་འདི་ལ་གཞན་དང་གཞན་ཕྲད་པ་ཡང་མེད་པར་བསམས་སོ། །དེ་བཞིན་དུ་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་ནི་གསུངས་ཤིང༌། ཚོར་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་ཚོར་བའི་ཚོགས་དྲུག་གོ་ཞེས་ནི་མ་གསུང་ལ། དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་རྣམས་ལས་བཅུ་ཆར་དང་བཅུ་གཅིག་པའི་ཕྱོགས་ཀྱང་གཟུགས་ཡིན་བཞིན་དུ་གཅིག་པུ་ཞིག་གཟུགས་ཀྱི་སྐྱེ་མཆེད་དུ་གསུངས་པ་ཡང་མཚན་ཉིད་འདྲ་བ་ལ་དགོས་པ་མེད་པར་བྱེ་བྲག་ཏུ་བཤད་པ་ནི་རིགས་པ་མ་ཡིན་ནོ། །སྒྲ་ལ་བརྒལ་བ་ནི་རྣམ་པ་དེ་ལྟ་བུ་ཡིན་ནོ། །དོན་ལ་བརྒལ་བ་ཡང་རྣམ་པ་གཉིས་ཏེ། སྔ་ཕྱི་འགལ་བར་བརྒལ་བ་དང༌། རིགས་པ་དང་འགལ་བར་བརྒལ་བའོ། །དེ་ལ་སྔ་ཕྱི་འགལ་བར་བརྒལ་བ་ནི་དཔེར་ན་ཁ་ཅིག་ལས་འདི་སྐད་དུ་སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་འབྱུང་བ་གང་ཡིན་པ་དེ་ནི་མཚན་མོ་དང་ཉིན་མོ་དེ་དང་དེ་དག་འདས་ཤིང་སྐད་ཅིག་དང༌། ཐང་ཅིག་དང༌། ཡུད་ཙམ་དེ་དང་དེ་དག་འདས་པས་རྣམ་པ་དུ་མ་དང༌། རྣམ་པ་སྣ་ཚོགས་མང་པོ་གཞན་སྐྱེ་ཞིང་སྐྱེ་ལ། གཞན་འགག་ཅིང་འགག་གོ་ཞེས་བྱ་བ་གསུངས་པ་དང༌། ཁ་ཅིག་ལས་ཡང་འདི་སྐད་དུ་སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་འབྱུང་བ་གང་ཡིན་པ་དེ་ནི་ཡུན་རིང་པོ་ནས་དད་པས་ཡོངས་སུ་བསྒོས། ཚུལ་ཁྲིམས་དང༌། གཏོང་བ་དང༌།
ཤེས་རབ་ཀྱིས་ཡོངས་སུ་བསྒོས་པས། ཚེ་རབས་ཕྱི་མ་ལ་གོང་དུ་འགྲོ་ཞིང་ཁྱད་པར་དུ་འགྲོ་བ་དང༌། མཐོ་རིས་སུ་ཉེ་བར་འགྲོ་བ་ཡིན་ནོ་ཞེས་གསུངས་པ་ལ་ཇི་ལྟར་ན་སེམས་སྐད་ཅིག་པ་ཚེ་ཕྱི་མ་ལ་གོང་དུ་འགྲོ་བར་འགྱུར། དེ་བཞིན་དུ་ཁ་ཅིག་ལས་འཕགས་པའི་བདེན་པ་བཞི་དག་ཅེས་གསུངས་པ་དང༌། ཁ་ཅིག་ལས་བྲམ་ཟེའི་བདེན་པ་གསུམ་དག་ཅེས་གསུངས་པ་དང༌། ཁ་ཅིག་ལས་བདེན་པ་ནི་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པའོ་ཞེས་གསུངས་པ་དང༌། ཁ་ཅིག་ལས་བདེན་པ་ནི་གཅིག་ཁོ་ན་སྟེ་གཉིས་པ་མེད་དོ་ཞེས་གསུངས་པ་དང༌། དེ་བཞིན་དུ་ཁ་ཅིག་ལས་མི་རྣམས་ཀྱིས་ནི་འདི་ན་བསོད་ནམས་དང༌། སྡིག་པ་གང་ཡིན་གཉིས་ཀ་བྱེད་པ་དེ། །དེའི་བདག་གིར་བྱ་བ་ཡིན་ཞིང་དེས་དེ་ཡང་ཁྱེར་ཏེ་འགྲོ་བར་བྱེད་པ་ཡིན་ཞེས་གསུངས་པ་དང༌། ཁ་ཅིག་ལས་ལས་ཀྱང་ཡོད་རྣམ་པར་སྨིན་པ་ཡང་ཡོད་ལ་བྱེད་པ་པོ་ནི་མི་དམིགས་སོ་ཞེས་གསུངས་པ་དེ་ལྟ་བུའི་རང་བཞིན་ནི་སྔ་ཕྱི་འགལ་བར་བརྒལ་བ་ཡིན་ནོ། །རིགས་པ་དང་འགལ་བར་བརྒལ་བ་ནི་དཔེར་ན་གཟུགས་གང་ཡིན་པ་ཅི་ཡང་རུང་བ་དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བྱ་བ་ལ་ཅི་འདི་རྫས་ཀྱི་དབང་དུ་མཛད་དེ་གསུངས་སམ་འོན་ཏེ་གོང་བུའམ་འོན་ཏེ་རིགས་ལས་ཤེ་ན། དེ་ལས་ཅིར་འགྱུར། གལ་ཏེ་རྫས་ལས་ཡིན་ན་ནི་འབྱུང་བ་དང༌། འབྱུང་བ་ལས་གྱུར་པ་རྣམས་ཀྱི་སོ་སོའི་མཚན་ཉིད་མེད་པར་ཐལ་བར་འགྱུར་ཏེ། ཐམས་ཅད་ཀྱང་མཚན་ཉིད་ཐམས་ཅད་དུ་འགྱུར་བའི་ཕྱིར་དང༌། དབང་པོ་ཐམས་ཅད་ཀྱིས་འཛིན་པར་ཐལ་བར་འགྱུར་རོ། །འོན་ཏེ་གོང་བུ་ལས་ཡིན་ན་གཟུགས་འདུས་པ་ཐམས་ཅད་ལ་འབྱུང་བ་བཞི་ཆར་དམིགས་པར་ཐལ་བར་འགྱུར་ན་འོད་དག་ལ་ཡང་སྲ་བ་མི་དམིགས་ལ་ཆུ་ལ་ཡང་མ་ཡིན་ནོ། །ཉི་མའི་འོད་ལ་ཡང་གཤེར་བ་མེད་ལ་ཟླ་བའི་འོད་ལ་ཡང་ཚ་བ་མེད་དོ། །ནོར་བུའི་འོད་ལ་གཉིས་ཀ་མེད་ཅིང་རྡོ་བ་ལ་སོགས་པ་དག་ལ་ཡང་མེད་དོ། །བརྟན་པ་དག་ལ་ཡང་ཞིང་གཡོ་བ་མེད་དོ། །དེ་རྣམས་དམིགས་པ་ལ་བགེགས་བྱེད་པ་ནི་འགའ་ཡང་མེད་དོ།།
ཇི་ལྟར་མེད་དེ། འབྱུང་བ་གཞན་ཤས་ཆེ་བས་འབྱུང་བ་གཞན་ཟིལ་གྱིས་ནོན་ན་མི་དམིགས་ཏེ། དཔེར་ན་སྐྱུར་བའི་རོས་ཆུ་ལྟ་བུ་དང༌། ཉི་མའི་འོད་ཀྱིས་ཟླ་བའི་འོད་ལྟ་བུའོ་ཞེ་ན་ཡོད་པར་རབ་ཏུ་གྲུབ་ན་ནི་འདི་ཤེས་པར་ཡང་ནུས་ན་ཡོད་པར་རབ་ཏུ་གྲུབ་པ་མ་ཡིན་ཏེ། ཐམས་ཅད་ལ་ཁ་དོག་ལ་སོགས་པའི་བྱེ་བྲག་ཐམས་ཅད་ཡོད་པར་ཐལ་བར་གྱུར་ན་མི་རུང་བས་སོ། །འོད་ལ་སོགས་པ་གང་ལ་ཡང་སྲ་བ་ལ་སོགས་པ་ཉིད་ཡོད་པར་རབ་ཏུ་གྲུབ་པ་མ་ཡིན་ནོ། །དེ་དག་མི་དམིགས་པ་ནི་མེད་པའི་ཕྱིར་མ་ཡིན་གྱི་ཟིལ་གྱིས་ནོན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་པར་བྱ། ཆུ་སྐྱུར་བ་བཏབ་ཀྱང་དེའི་རོ་ནི་དམིགས་པ་ཁོ་ན་ཡིན་ཏེ། འཛིན་པ་ཐ་དད་པའི་ཕྱིར་རོ། །འོ་ན་ནི་ཆུ་དང་རྡོ་བ་ལ་སོགས་པ་རྣམས་ལ་ཡང་རྐྱེན་གྱི་ཁྱད་པར་དང་ཕྲད་པས་མཚན་ཉིད་བརྟས་པའི་ཕྱིར་སྲ་བ་ཉིད་དང༌། གཤེར་བ་ཉིད་དང༌། ཚ་བ་ཉིད་དག་དམིགས་པ་ཡིན་ཏེ། སའི་དྲི་དག་བཞིན་ནོ་ཞེ་ན། མཚན་ཉིད་བརྟས་པའི་ཕྱིར་ཡིན་གྱི། སྐྱེས་པའི་ཕྱིར་མ་ཡིན་པ་འདི་ཇི་ལྟར་ཤེས་པར་བྱ། དེ་ལྟ་ན་ནི་ཧ་ཅང་ཐལ་ཆེས་པར་འགྱུར་ཏེ། རེག་བྱ་གཞན་བཞིན་དུ་གཟུགས་དང་དྲི་དང་རོ་གཞན་རྣམས་དང༌། སྒྲ་ཡང་རྐྱེན་རྙེད་པས་དམིགས་པའི་སྔ་རོལ་ནས་ཡོད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །མདོ་སྡེ་གཞན་ལས་ཀྱང་དགེ་སློང་བསམ་གཏན་བྱེད་པ་ཡིན་ཞིང་རྫུ་འཕྲུལ་དང་ལྡན་པ་ཡིན་ལ། སེམས་ལ་དབང་ཐོབ་པ་ཡིན་ན་ནི་ཤིང་གི་སྡོང་པོ་འདི་ལ་ཁམས་གང་དང་གང་དུ་མོས་པ་དེ་ཡང་དེ་བཞིན་དུ་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤིང་གི་སྡོང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་པས་སོ་ཞེས་གསུངས་སོ། །དེ་ལྟར་ན་རྐྱེན་གྱི་ཁྱད་པར་དང་ཕྲད་ན་སྲ་བ་ཉིད་ལ་སོགས་པ་དག་རང་རང་གི་ཁམས་ལས་འབྱུང་བར་འགྱུར་རོ། །ཁམས་དག་དུམ་བུ་དག་ཀྱང་མ་ཡིན་ཏེ། །ཆ་ཤས་གཅིག་ལ་ཡང་ཇི་ལྟར་མོས་པ་བཞིན་དུ་ཡོངས་སུ་འགྱུར་བའི་ཕྱིར་དང༌། དེ་ལ་ཡང་དུ་མ་བུ་མཐའ་ཡས་པ་མི་སྲིད་པའི་ཕྱིར་རོ། །སའི་དྲི་ནི་སྔ་ནས་ཀྱང་དམིགས་པ་ཉིད་ཡིན་ན་དེ་ཆུས་གཏོར་ན་བརྟས་བར་འགྱུར་བར་ཤེས་པར་བྱ་ནུས་སོ། །གང་ཞིག་རྐྱེན་དང་
ཕྲད་པས་བརྟས་པར་གྱུར་པར་ཤེས་པར་རུང་བ་སྲ་བ་ལ་སོགས་པ་རྣམས་ནི་རྐྱེན་མེད་ན་ཆུ་ལ་སོགས་པ་རྣམས་ལ་དེ་ལྟར་ཡོད་པར་མི་དམིགས་སོ། །དེ་བས་ན་གོང་བུར་བཤད་པ་ལ་སྐྱོན་གྱི་གནས་སྐབས་དེ་ཉིད་ཡོད་དོ། །འོན་ཏེ་རིགས་ལས་སོ་ཞེ་ན། རྒྱུར་བྱས་པའི་གཟུགས་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་མ་ཡིན་པར་འགྱུར་ཏེ། འདུས་པ་ཁ་ཅིག་ལས་འབྱུང་པ་ཆེན་པོ་ཁ་ཅིག་ཡོད་པར་ཁས་མ་བླངས་པའི་ཕྱིར་རོ། །དེ་ལྟ་ན་ནི་མདོ་སྡེ་དང་འགལ་ཏེ་སྐྱེ་མཆེད་སོ་སོ་བའི་མདོ་སྡེ་ལས་སྐྱེ་མཆེད་དགུ་པོ་རྣམས་ནི་རེ་རེ་ཡང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བཤད་པའི་ཕྱིར་དང༌། ལག་པ་རྡོབ་པ་ལྟ་བུ་ལས་ཀྱང་མིག་གི་ཤའི་གོང་བུ་ལ་འབྱུང་བ་ཆེན་པོ་བཞི་དག་ཡོད་པར་བཤད་པའི་ཕྱིར་རོ། །མདོར་ན་རིགས་པ་ནི་འདིར་ཚད་མ་རྣམ་པ་གསུམ་པོ་མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་གསུང་ངོ༌། །དེ་དག་ལས་གང་ཡང་རུང་བ་ཞིག་དང་འགལ་བར་བརྒལ་བ་ཡང་རིགས་པ་དང་འགལ་པར་བརྒལ་བ་ཡིན་པར་རིག་པར་བྱའོ། །དཔེར་ན་དགེ་སློང་དག་གཟུགས་འདས་པ་ཡོད་དོ། །གཟུགས་མ་འོངས་པ་ཡོད་དོ། །འདས་པ་དང་ཟད་པ་དང་འགགས་པ་དང་བྲལ་བ་དང་ཡོངས་སུ་གྱུར་པ་གང་ཡིན་པ་དེ་ཡོད་དོ་ཞེས་བྱ་བ་ནི་མངོན་སུམ་དང་འགལ་བ་ཡིན་ནོ། །འདི་ལྟར་འདས་པ་དང་མ་འོངས་པ་ནི་མེད་པ་ཉིད་ཡིན་པར་མངོན་སུམ་ཡིན་ཏེ། དཔེར་ན་རུས་སྦལ་གྱི་སྤུ་བཞིན་ནོ། །འདས་པའང་ཡིན་ལ་ཡོད་པའང་ཡིན་ཞེས་བྱ་བ་འདི་སྔ་ཕྱི་འགལ་བ་ཡང་ཡིན་ཏེ། གལ་ཏེ་ཡོད་ན་དེ་ཇི་ལྟར་འདས་པ་ཡིན། མ་འོངས་པ་ཡང་དེ་དང་འདྲའོ། །མདོ་སྡེ་གཞན་ལས་མིག་སྐྱེ་བ་ན་གང་ནས་ཀྱང་མི་འོང་ལ། འགག་པ་ན་གང་དུ་ཡང་སྩོགས་པར་མི་འགྲོའོ། །དགེ་སློང་དག་དེ་ལྟར་ན་མིག་ནི་མ་སྐྱེས་པ་ལས་སྐྱེ་ཞིང་སྐྱེས་ནས་ཀྱང་འཇིག་གོ་ཞེས་གསུངས་པས་དེ་དང་འདིར་འགལ་བ་ཡིན་ནོ། །གཟུགས་རྣམས་ཀྱི་ངེས་པར་འབྱུང་བ་ནི་གཟུགས་མེད་པའོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། ཚོར་བ་ལ་སོགས་པ་རྣམས་ནི་གཟུགས་ལ་རག་ལས་ཏེ་སྐྱེ་བར་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་སྦྱིན་པ་ལས་བྱུང་
བའི་བསོད་ནམས་བྱ་བའི་གཞི་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་ན་ལོངས་སྤྱོད་ཆེན་པོ་ཉིད་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། སེར་སྣ་ཅན་ལ་ཕྱུག་པ་དང༌། གཏོང་བ་ལ་དབུལ་པོ་ཡང་སྣང་སྟེ། སེར་སྣ་ཅན་ཡང་ཕྱུག་པོ་ཉིད་ཡིན་པའི་ཕྱིར་དང༌། གཏོང་བ་ཡང་དབུལ་པོ་ཉིད་ཡིན་པའི་ཕྱིར་རོ། །སྦྱིན་པ་ལ་གོམས་ན་ཡང་སེར་སྣ་ཅན་དུ་འགྱུར་བར་མི་འོས་ལ་སྦྱིན་པ་ལ་གོམས་ན་ཡང་གཏོང་བ་དང་ལྡན་པ་མ་ཡིན་ནོ། །དེ་བཞིན་དུ་གང་ཞིག་སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་སྤངས་པའི་གང་ཟག་ཡོད་དོ་ཞེས་བྱ་བ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། གང་ཞིགས་གང་དུ་སྐྱེ་བའི་སྲིད་པ་ལས་འདོད་ཆགས་དང་བྲལ་བ་དེ་ནི་སྲིད་པ་བར་མ་དོ་ལས་ཀྱང་གདོན་མི་ཟ་བར་འདོད་ཆགས་དང་བྲལ་བ་ཡིན་ནོ། །དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་ཞེས་བྱ་བ་སོ་སོའི་ཚིག་གི་དོན་རབ་ཏུ་དབྱེ་བ་བཤད་པ་དེ་ལས་ཆང་འཐུང་བ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་ལུང་དང་འགལ་བ་ཡིན་ཏེ། ལུས་ཀྱི་ཉེས་པར་སྤྱད་པ་རྣམ་པ་བཞི་སྟེ། སྲོག་གཅོད་པ་ནས་མྱོས་པར་འགྱུར་བའི་ཁུ་བ་ཆང་འཐུང་བ་ཡིན་ནོ་ཞེས་བྱ་བའི་བར་དུ་འབྱུང་བས་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལ་ནི་ཉེས་པར་སྤྱོད་པ་ཡིན་ནོ་ཞེས་མི་བརྗོད་དོ། །དེ་བཞིན་དུ་ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་གང་བཤད་པ་ཡང་ལུང་དང་འགལ་བ་ཡིན་ནོ། །ཁ་ཅིག་ན་རེ་མདོ་སྡེའི་ལེའུ་གྲངས་རྒྱས་པ་རྣམས་ནི་ཤིན་ཏུ་རྒྱས་པའི་སྡེ་ཡིན་གྱི་ཐེག་པ་ཆེན་པོ་ནི་མ་ཡིན་ནོ་ཞེས་ཟེར་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ། །ཇི་ལྟར་སངས་རྒྱས་ཀྱི་གསུང་མ་ཡིན་ཞེ་ན། འགལ་བའི་ཕྱིར་ཏེ། དེ་ནི་སྡེ་པ་ཐམས་ཅད་ལ་གྲགས་པའི་སངས་རྒྱས་ཀྱི་གསུང་དང་འགལ་བ་ཡིན་ནོ། །འདི་ལྟར་དེ་ལས་ནི་ཆོས་ཐམས་ཅད་ནི་རང་བཞིན་མེད་པ། མ་སྐྱེས་པ་མ་འགགས་པ། ཆོས་ཐམས་ཅད་ནི་གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་དང༌། དེ་བཞིན་དུ་རབ་འབྱོར་གཟུགས་ནི་
དངོས་པོ་མེད་དོ། །རབ་འབྱོར་བྱང་ཆུབ་ཀྱི་བར་དུ་ཡང་དངོས་པོ་མེད་དོ་ཞེས་འབྱུང་ལ། སྡེ་པ་ཐམས་ཅད་ལ་གྲགས་པའི་སངས་རྒྱས་ཀྱི་གསུང་ལས་ནི་བཅོམ་ལྡན་འདས་ཀྱིས་མ་རིག་པ་གང་ཞེ་ན། གང་དེ་དང་སྔོན་གྱི་མཐའ་མི་ཤེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས། རྒ་ཤིའི་བར་དུ་ཆོས་རྣམས་ཀྱི་རང་བཞིན་ཡང་བསྟན། འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ། འདུ་བྱེད་འདི་དག་ཐམས་ཅད་ནི་འདས་པ་ཟད་པ་འགགས་པ་བྲལ་བ་ཡོངས་སུ་གྱུར་པའོ། །ཀྱེ་མེ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བས་ན། །དེ་དག་ཉེ་བར་ཞི་བ་བདེ། །དགེ་སློང་དག་འདི་ལྟ་སྟེ། འདུ་བྱེད་རྣམས་ནི་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་དང༌། རྒྱུ་ཀུན་འབྱུང་བ་ལས་སྡུག་བསྔལ་ཀུན་འབྱུང་བ་ཡིན་ལ། རྒྱུ་འགགས་པ་ལས་སྡུག་བསྔལ་འགོག་པ་ཡིན་ནོ། །རྒྱུ་དང་བཅས་པས་བདེ་འགྲོར་འགྲོ། །རྒྱུར་བཅས་ཉིད་ཀྱིས་ངན་འགྲོར་ཏེ། །རྒྱུ་དང་བཅས་པས་མྱ་ངན་འདའ། །འདི་ཀུན་རྒྱུ་དང་བཅས་ལས་བྱུང༌། །ཞེས་བྱ་བ་དང༌། དེ་བཞིན་དུ་གཟུགས་ནི་མི་རྟག་པ་སྡུག་བསྔལ་བ་འགྱུར་བའི་ཆོས་ཅན་ནོ་ཞེས་བྱ་བ་དང༌། འཇིག་རྟེན་ན་མཁས་པ་རྣམས་ཀྱིས་ཡོད་པར་འདོད་པ་གང་ཡིན་པ་དེ་ནི་ང་ཡང་ཡོད་པར་སྨྲའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འབྱུང་བས་སྐྱེ་བ་ལ་སོགས་པ་ཡང་བསྟན་ཏོ། །དེའི་ཕྱིར་རབ་ཏུ་གྲགས་པའི་སངས་རྒྱས་ཀྱི་གསུང་དང་འགལ་བས་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ། །དེ་བས་ན་ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བྱ་བ་ནི་ལུང་དང་འགལ་བ་ཡིན་ནོ། །བརྒལ་བའི་ཚུལ་ནི་དེ་ཡིན་ནོ། །དེ་ལ་རེ་ཞིག་སྦྱོར་བ་འདི་ནི་ད་ལྟར་བྱུང་བ་བཞིན་དུ་འདས་པའི་དུས་ལ་བྱ་བ་རིགས་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ལ་ལན་ནི་འདི་ཡིན་ཏེ། སྦྱོར་བ་ནི་ད་ལྟར་བྱུང་བ་བཞིན་དུ་དོན་མང་པོ་ཞིག་ལ་འབྱུང་སྟེ། མ་ཟིན་ཉིད་དང་ཉེ་བ་ཉིད། །ནུས་དང་རྒྱུན་མི་འཆད་ཉིད་དང༌། །དེ་དང་ཆོས་ཉིད་ཡང་དང་ཡང༌། །སྲིད་དང་འདོད་རྫོགས་རྣམས་ལ་འབྱུང༌།།
མ་ཟིན་པ་ཉིད་ལ་ནི་རེ་ལྡེ་བྱེད་དོ་ཞེས་བྱ་བ་ལྟ་བུའོ། །ད་ལྟར་བྱུང་བ་དང་ཉེ་བ་ཉིད་ལ་ནི་གང་ནས་འོངས་ཞེས་བྱ་བ་ལྟ་བུའོ། །ནུས་པ་ཉིད་ལ་ནི་ལན་ཅིག་སྨྲས་པས་འཛིན་ཏོ་ཞེས་བྱ་བ་ལྟ་བུའོ། །རྒྱུན་མི་འཆད་པ་ཉིད་ལ་ནི་དེ་ནི་ཤ་ཟའོ་ཞེས་བྱ་བ་ལྟ་བུའོ། །དེའི་ངང་ཅན་ཉིད་ལ་ནི་རྟ་མི་སྲུང་པ་ནི་སོས་ཟའོ་ཞེས་བྱ་བ་ལྟ་བུའོ། །དེའི་ཆོས་ཉིད་ལ་ནི་སྐྱེས་པ་ཐམས་ཅད་ནི་འཆིའོ་ཞེས་བྱ་བ་ལྟ་བུའོ། །ཡང་དང་ཡང་ཉིད་ལ་ནི་མཚན་མོ་ཞིང་ལུད་པ་ལུའོ་ཞེས་བྱ་བ་ལྟ་བུའོ། །སྲིད་པ་ལ་ནི་རྭ་ལས་འདམ་བུ་སྐྱེ་ཞིང་ཞེས་བྱ་བ་ལྟ་བུའོ། །འདོད་པ་ལ་ནི་སུ་སྐོམ་འཐུང་ཞིང་ཞེས་བྱ་བ་ལྟ་བུའོ། །རྫོགས་པ་ལ་བྲམ་ཟེ་འདི་ནི་རིག་བྱེད་བཞི་འདོན་ཏོ་ཞེས་བྱ་བ་ལྟ་བུའོ། །དེ་བས་ན་འདས་པ་ཡིན་ཡང་མདོ་སྡེ་ལས་འབྱུང་བའི་སྦྱོར་བ་ནི་ད་ལྟར་བྱུང་བ་དང་ཉེ་བ་ཉིད་ཡིན་པའི་ཕྱིར་ད་ལྟར་བྱུང་བ་བཞིན་རིག་པར་བྱའོ། །དངོས་པོ་ཙམ་ལ་བྱེད་པ་པོར་བཤད་པ་ནི་མི་རུང་སྟེ། བྱ་བ་གཞན་མི་སྲིད་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་དངོས་པོ་ཞེས་བྱ་བ་འདི་ནི་ཅི་ཞིག་ཡིན། བྱེད་པ་པོ་ནི་གང་ཞིག་ཡིན། ཇི་ལྟར་ན་བྱེད་པ་པོ་ཉིད་དུ་བཤད་པ་ཡིན། དངོས་པོ་ཞེས་བྱ་བ་ནི་བྱ་བ་ཡིན་ལ་དེ་ལ་རང་དབང་ཡོད་པ་གང་ཡིན་པ་དེ་ནི་བྱེད་པ་པོ་ཡིན་ཏེ་དཔེར་ན་འགྲོ་བ་ནི་བྱ་བ་ཡིན་ལ་དེ་ལ་རང་དབང་ཡོད་པ་ལྷས་བྱིན་དེ་ནི་བྱེད་པ་པོ་ཡིན་ནོ། །དེ་བྱེད་པ་པོ་ཉིད་དུ་བཤད་པ་ནི་འགྲོ་བར་བྱེད་ཅེས་བྱ་བ་དེ་ལྟ་བུ་ཡིན་ནོ་ཞེ་ན། འོ་ན་ས་བོན་ལས་མྱུ་གུ་འབྱུང་བར་བྱེད་དོ་ཞེས་བྱ་བ་གང་ཡིན་པའི་དངོས་པོ་དེ་ལ་ཇི་ལྟར་བྱེད་པ་པོ་ཉིད་དུ་བཤད། བྱེད་དོ་ཞེས་བྱ་བ་གལ་ཏེ། རང་འོད་གསལ་བྱེད་ཡིན་ན་དེ་ཉིད་དངོས། །ཡོད་དེའང་བདོག་གོ་ཞེ་ན་ཇི་སྐད་བྱ། །ཇི་ལྟར་རང་ལ་གསལ་བྱེད་འབྱུང་བ་ལས་བཅས་འགྱུར། །ལས་དང་བྱེད་པོ་མ་ངེས་རང་འཛིན་སྐྱོན་དེར་འགྱུར། །བྱེད་དོ་ཞེས་བྱ་བ་ནི་མི་འཇིག་ཡིན་བར་མིན། །ཡུལ་གཞན་དུ་ཡང་གྲིབ་མ་འགྲོ་བར་བྱེད་དོ། །མེ་འབར་ཞིང་འགྲོ་བར་བྱེད་དོ་ཞེས་བྱ་བ་གང་ཡིན་པ་འདི་ལ་ཅི་དེ་གཉིས་ལ་བྱ་བའམ། རང་དབང་ཡོད་པ་འགའ་ཞིག་ཡོད་དམ། ཅི་སྟེ་མེད་ཅེ་ན། གྲིབ་མ་ནི་ཡུལ་གཞན་དུ་འཕོ་བ་མེད་དེ།
དེའི་རྒྱུ་འདུག་བཞིན་དུ་ཡང་ཉི་མ་འཁོར་བ་དང་རྒྱང་རིང་བ་དང་ཉེ་བ་ལས་དེ་འཁོར་བ་དང་ཆེ་བ་དང་ཆུང་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རང་དབང་ཡོད་པ་ནི་མེད་དོ། །གྲིབ་མ་ཡང་ཅི་ཞིག་ཡིན་པར་བརྗོད་པར་བྱ་ཞེ་ན། གང་གི་ཡུལ་ཉི་མ་དང་བར་དུ་ཆོད་པ་ན་གཟུགས་ཡོད་པ་རྣམས་གསལ་བར་བྱེད་པའོ། །མེ་འབར་ཡང་མི་འཕོ་སྟེ། བུད་ཤིང་གི་རང་གི་ཕྱོགས་བསྲེགས་ནས་དེ་ཉིད་དུ་འཆི་བའི་ཕྱིར་ལ། བུད་ཤིང་གི་ཕྱོགས་ཐ་དད་པ་ལས་མཆེད་པ་དང༌། འབྲི་བ་དང༌། རྣོ་བ་དང༌། ཞེན་པ་དག་གིས་དེ་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་རང་དབང་ཡོད་པ་ནི་མེད་དོ། །རྣམ་པར་ཤེས་པ་ལ་ཡང་གང་གི་རྣམ་པར་ཤེས་པའི་བྱ་བར་བརྟག་པ་གང་ཞིག་གིས་རང་དབང་ཡོད་དེ། འདི་ལྟ་སྟེ། དབང་པོ་དང་ཡུལ་སྣང་བར་གྱུར་པ་དང་ཡིད་ལ་བྱེད་པའི་ཁྱད་པར་གསུམ་ལས་གཞན་རྣམ་པར་ཤེས་བ་སྐྱེད་པར་ནུས་པ་ནི་མ་གྲུབ་ལ། དེ་རྣམས་ནི་གཅིག་ལ་གཅིག་ལྟོས་པའི་ཕྱིར་དེ་ལ་རང་དབང་ཡོད་པ་ཉིད་དག་ལ་ཡོད་དེ། དེའི་ཕྱིར་རྣམ་པར་ཤེས་པ་ནི་གང་གི་བྱ་བ་ཡང་མ་ཡིན་ནོ། །རྐྱེན་གསུམ་ལས་རྣམ་པར་ཤེས་པ་ཞེས་བྱ་བའི་རྫས་སྐྱེ་ལ། བྱ་བ་མེད་པར་ཡང་ཡུལ་གང་ལ་སྐྱེ་བ་དེའི་རྣམ་པར་སྐྱེས་པས་ན་དེ་རྣམ་པར་ཤེས་པར་བྱེད་དོ་ཞེས་བྱ་སྟེ། དཔེར་ན་གྲིབ་མ་འགྲོ་བར་བྱེད་དོ། །མེ་འབར་ཞིང་འགྲོ་བར་བྱེད་དོ་ཞེས་བྱ་བ་བཞིན་ནོ། །གལ་ཏེ་དེ་གཉིས་ལ་བྱ་བ་མེད་ཀྱང་བྱ་བ་ནི་ཡུལ་རེ་རེ་དེ་སྐྱེ་བར་ཁོང་དུ་ཆུད་པ་རྣམས་ཀྱིས་བསམས་ནས་གྲིབ་མ་འགྲོ་བར་བྱེད་དོ། །མེ་འབར་ཞིང་འགྲོ་བར་བྱེད་དོ་ཞེས་རྗོད་པར་བྱེད་ཀྱི། །རྣམ་པར་ཤེས་པ་ལ་ནི་བསམ་པའི་བྱ་བ་འགའ་ཡང་མེད་དོ། །དེ་བས་ན་འདི་ནི་མི་འདྲའོ་ཞེ་ན། ཁོང་དུ་ཆུད་པ་རྣམས་ཀྱིས་ཀྱང་དེ་འགྲོ་བར་བྱེད་དོ་ཞེས་ཟེར་བས། དེ་བས་ན་བསམ་པའི་བྱ་བ་མེད་པར་ཡང་དཔེར་ན་གྲིབ་མ་དང་མེ་འབར་ཞིང་འགྲོ་བར་བྱེད་དོ་ཞེས་བྱ་བ་དེ་བཞིན་དུ་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱེད་དོ་ཞེས་བཤད་པ་འདི་ཡང་མི་རིགས་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་དུ་ཟིན་ནས་ཀྱང་སྨྲ་བའི་ཚུལ་དེ་ནི་མཚན་ཉིད་མེད་པ་ཡིན་ནོ་ཞེས་ན། མཚན་ཉིད་ཇི་ལྟ་བུར་བྱཱ་ཀ་ར་ཎ་ལས་འབྱུང་བའི་མཚན་ཉིད་བཞིན་ཏེ། དངོས་པོ་
དང་བྱེད་པ་དང་གཞི་ལ་རྣམ་པར་ཤེས་པ་ཞེས་བྱ་བ་འདི་འབྱུང་ངོ་ཞེས་ན། བྱཱ་ཀར་ཎའི་ནང་དུ་བརྗོད་པ་དང༌། བརྗོད་པར་བྱ་བ་རིལ་གྱིས་མ་ཤེས་པར་སྒྲ་རྣམས་ཀྱི་མཚན་ཉིད་བྱས་པ་འབྱུང་བ་གང་ཡིན་པ་དེ་སུས་ཉེས། བྱཱ་ཀ་ར་ཎ་ཞེས་བྱ་བ་ཡང་རིག་བྱེད་ཀྱི་ཡན་ལག་ཡིན་ལ། རིག་བྱེད་ཉིད་ཀྱང་ཉེས་པར་བཤད་པ་ཡིན་ན། བྱཱ་ཀ་ར་ཎ་ལྟ་ཅི་སྨོས། དེ་ལས་སྒྲ་རྣམས་ཀྱི་སྐད་ཀྱི་མཚན་ཉིད་སྨྲས་པ་དེ་ལ་འཕགས་པའམ། འཇིག་རྟེན་གྱིས་ཀྱང་རྗེས་སུ་བསྙག་པར་ཅི་ག་ནུས་རེ་སྐན། འཇིག་རྟེན་ནི་ཡང་ཚིག་གི་ཚུལ་དེ་ཡོད་དོ།། །། བམ་པོ་དྲུག་པ། གང་གི་ཡོན་ཏན་དང་ནི་སྐྱོན་དག་རྟོགས་པར་མི་བྱེད་པ་དེ་བློ་ཞེས་ཇི་སྐད་བྱ། རྨོངས་པ་མེད་པར་གང་གི་ཡིད་ལ་བདེ་བར་མི་བྱེད་པ་དེ་བདེ་ཞེས་ཇི་སྐད་བྱ། །གང་གི་དེ་ཉིད་ཤེས་པའི་ཤེས་རབ་ཀྱིས་ནི་འགྲོ་བའི་སྐྱེ་དང་འཇིག་ཐོབ་ཉུང་ཐོས་ཀྱང༌། །ཡུལ་མི་ཉུང་ལ་འཇུག་པའི་བློ་ཅན་དེ་ནི་འཇིག་རྟེན་དག་ན་ཤེས་རབ་ཅན་དུ་འདོད། །གང་གི་བློ་ནི་མང་དུ་ཐོས་ཀྱང་སྐྱེ་བ་ཤེས་པར་མི་བྱེད་འཇིག་པ་མི་བྱེད་དེ། །སྣ་ཚོགས་གཏམ་དག་བྱས་ཀྱང་འཁོར་བ་འཇིགས་པ་མང་པོ་དག་ལས་གྲོལ་བར་མི་འགྱུར་རོ། །གང་གིས་ཚིག་གི་སྙིང་ནི་སྡུད་ནུས་དང། །བློས་ཕྲའི་དོན་མཐོང་སྤྱོད་པ་ཐབས་ལྡན་པ། །དེ་ནི་སྐྱེས་བུའོ་དེ་ལས་གཞན་པ་ཕྱུགས། །བྱཱ་ཀ་ར་ཎ་ལས་ཀྱང་འདི་མ་ངེས་པར་སྨྲས་པ་ཡིན་ཏེ། མང་དུ་འདྲེན་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་དེ་ནི་མཚན་ཉིད་མེད་པ་ཡང་མ་ཡིན་ནོ། །གཞན་ཡང་བྱཱ་ཀ་ར་ཎ་ལས་བྱེད་པ་པོ་ནི་རང་དབང་ཡོད་པའོ་ཞེས་གང་སྨྲས་པའི་རང་དབང་ཡོད་པ་ཞེས་བྱ་བ་དེ་ཅི་ཞིག་ཡིན། ཅི་རེ་ཞིག་རང་དགར་འཇུག་པ་ཡིན་ནམ། འོན་ཏེ་གཞན་ལ་མི་ལྟོས་པར་འཇུག་པ་ཞིག་ཡིན། དེས་ཅིར་འགྱུར་ཞེ་ན། རང་དགར་འཇུག་པ་རང་དབང་ཡོད་ཡིན་ན། །སེམས་པ་མེད་པ་བྱེད་པོར་མི་འགྱུར་རོ། །དེའི་ཕྱིར་མེས་སྲེག་པར་བྱེད་དོ། །ཤིང་གིས་འཚེད་པར་བྱེད་དོ་ཞེས་བྱེད་པ་པོར་ཐ་སྙད་གདགས་པར་མི་རུང་སྟེ། དེ་གཉིས་ལ་འདོད་པ་མེད་པའི་ཕྱིར་རོ། །གང་ཞིག་གཉིད་ལོག་དབུགས་ནི་འབྱིན་པ་དང༌། །མི་འདོད་བཞིན་དུ་སྡུག་བསྔལ་མྱོང་བྱེད་པ། །དེ་ཡང་བྱེད་པ་པོར་
མི་འགྱུར་ཏེ། འདོད་པ་མེད་པར་དབུགས་དབྱུང་བའི་ཕྱིར་དང༌། མི་འདོད་བཞིན་དུ་སྡུག་བསྔལ་མྱོང་བའི་ཕྱིར་རོ། །གལ་ཏེ་གཞན་ལ་མི་ལྟོས་འཇུག་ཡིན་ན། །གྲུ་འགྲོ་བ་དང་ལྗོན་ཤིང་འགུལ་བ་དང༌། །མི་འབྱུང་བ་དང་བུམ་པ་དག་དང་ནི། །ཆུ་གནས་ཞེས་བྱ་རིགས་པ་མ་ཡིན་ནོ། །འདི་ལྟར་འཕུལ་བར་བྱེད་པ་ལ་མ་ལྟོས་པར་ནི་གྲུ་འགྲོ་བ་ཡང་མེད་ལ་ལྗོན་ཤིང་འགུལ་བ་ཡང་མེད་དོ། །སྐྱེ་བའི་རྒྱུ་ལ་མ་ལྟོས་པར་མེ་འབྱུང་བ་ཡང་མེད་ལ། གཞི་ལ་མི་ལྟོས་པར་ཆུ་གནས་པ་ཡང་མེད་དོ། །གལ་ཏེ་དེ་ལྟ་ཡིན་དུ་ཟིན་ཀྱང་གྲུ་ནི་རྟེན་དུ་གྱུར་པ་ཉིད་ཀྱིས་རང་གི་བྱ་བ་དག་ལ་ལྟོས་པ་མེད་པར་འཇུག་གོ །དེ་ལྟ་བས་ན་དེ་ནི་དེ་ལ་རང་དབང་ཡོད་པ་ཡིན་ནོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ་ཞེ་ན། དེ་ལ་བྱུང་བའི་ཕྱིར་ན་རྟེན་གྱུར་པའི། །དེ་ཡང་དེ་དང་གཞན་དུ་འབྲེལ་ཕྱིར་རོ། །འདི་ལྟར་དེ་ལ་འབྱུང་བ་གང་ཡིན་པའི་གྲུ་དེ་བྱ་བ་དག་ལ་རྟེན་དུ་གྱུར་པར་བརྟགས་གྲང་ན། དེ་ཡང་དེ་དང་རྒྱུ་གཞན་དང་འབྲེལ་པ་ལས་འབྱུང་བའི་ཕྱིར་ཇི་ལྟར་དེ་ལ་རང་དབང་ཡོད་པ་ཉིད་དུ་འགྱུར། བྱ་བ་གང་བྱུང་བ་ནི་དེ་ལ་གནས་པའི་ཕྱིར་དེ་ལ་གནས་པ་ན་གྲུ་དང་རང་དབང་ཡོད་པ་ཉིད་ཡིན་ནོ་ཞེ་ན། གང་ལ་དེ་རང་དབང་ཡོད་པས་དེའི་ཚེ་དེ་ལ་ཅི་ཞིག་བྱར་ཡོད། སྐྱེ་བ་ཡང་སྐྱེ་བ་པོའི་བདག་ཉིད་དུ་གྱུར་པ་ཡིན་ན་དེ་དེའི་རྟེན་དུ་ཇི་ལྟར་རིགས། བདག་ཉིད་དུ་མ་གྱུར་བ་ཡང་དེ་ལ་འབྱུང་རེ་སྐན། སྐྱེ་བ་ལ་ཡང་སྐྱེ་བ་ཐུག་པ་མེད་པར་གྱུར་པས་ཧ་ཅང་ཐལ་ཆེས་པར་ཡང་འགྱུར་རོ། །འོ་ན་བརྗོད་པར་འདོད་པ་ལས་བྱེད་པ་པོ་རྣམས་ཀྱི་སྦྱོར་བར་འགྱུར་ཏེ། གང་གི་ཚེ་གྲུ་འགྲོ་བ་ལ་རང་དབང་ཡོད་པ་ཉིད་དུ་བརྗོད་པར་འདོད་པ་དེའི་ཚེ་གྲུ་འགྲོའོ་ཞེས་བྱ་བའི་སྦྱོར་བར་འགྱུར་རོ། །གང་གི་ཚེ་བདག་ཉིད་ཐོབ་པ་ལ་རང་དབང་ཡོད་པ་ཉིད་དུ་བརྗོད་པར་འདོད་པ་དེའི་ཚེ་འབྱུང་ངོ་ཞེས་བྱ་བའི་སྦྱོར་བར་འགྱུར་རོ་ཞེ་ན། གལ་ཏེ་བརྗོད་པར་འདོད་པ་ལས་ཡིན་ན་གྲུ་འདྲེན་པ་ན་འགྲོའོ་ཞེས་ཟེར་བ་ནི་གཞན་གྱི་དབང་ཉིད་དམ། རང་དབང་ཡོད་པ་ཉིད་དམ། ཅི་ཞིག་ཏུ་བརྗོད་པར་འདོད། དེ་བཞིན་དུ་འབྱིན་པར་བྱེད་པ་ན་མེ་འབྱུང་ངོ་ཞེས་བྱ་བ་ཡང་ཅི་ཞིག་བརྗོད་པར་འདོད་པ་ཡིན། སྨྲས་པ། གཉི་ག་ཡིན་ནོ་ཞེ་ན། མཚན་ཉིད་
མེད་བཞིན་དུ་ཡང་མཁས་པས་ཅི་དགར་བྱེད་པ་པོ་རྣམས་སྦྱར་བར་རུང་ངམ། སྨྲས་པ་རུང་སྟེ། འདི་ལྟར་ངེས་པའི་ཚིག་གི་ཆོས་ཉིད་ཀྱིས་རང་གི་མཚན་ཉིད་འཛིན་པས་ན་ཆོས་ཞེས་བྱའོ་ཞེས་བྱ་བ་དེ་ལ་བྱེད་པ་པོ་དང་ལས་དང་བྱ་བའི་དབྱེ་བ་ཡང་མེད་ལ། བརྗོད་པར་འདོད་པ་ལས་ནི་དེའི་སྦྱོར་བར་འགྱུར་རོ་ཞེ་ན། གལ་ཏེ་རུང་ན་བྱེད་པ་པོ་དང་བྱ་བའི་དབྱེ་བ་མེད་ཀྱང་རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་ཤེས་པའོ་ཞེས་བྱ་བ་འདི་ཡང་ཅིའི་ཕྱིར་མི་རུང༌། ཅིའི་ཕྱིར་ན་འདི་ལ་བྱེད་པ་པོ་མེད་བཞིན་དུ་བརྗོད་པར་འདོད་ཅེ་ན། རྣམ་པར་ཤེས་པ་ཙམ་ལ་བྱེད་པ་པོ་ཉིད་དུ་ཐ་སྙད་འདོགས་ཀྱི་བདག་ཏུ་ལྟ་བས་ཀུན་ཏུ་བརྟགས་པའི་བྱེད་པ་པོ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ཇི་ལྟར་རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་ཤེས་པའོ་ཞེས་བྱ་བ་དེ་བཞིན་དུ་རབ་ཏུ་ཤེས་པར་བྱེད་པས་ན་ཤེས་རབ་པོ་ཞེས་བྱ་བ་ཡང་རིགས་པར་བཤད་པ་ཡིན་ནོ། །འཇིག་རྟེན་ན་ཁྱིམ་གྱི་གྲྭ་ཞུམ་མོ། །གྲྭ་རློས་སོ། །སྒོ་འདི་ཡུལ་བཅོམ་བརླག་ཏུ་འབྱུང་ངོ༌། །ལམ་འདི་ཡུལ་བཅོམ་བརླག་ཏུ་འགྲོའོ་ཞེས་གང་ཇི་སྐད་དུ་ཟེར་བ་ཡང་དེ་དག་ལ་བརྗོད་པར་འདོད་པ་བྱེད་པ་པོ་འགའ་ཡང་ཅི་ཞིག་ཡོད་དེ། དེ་ལྟ་བས་ན་བརྗོད་པར་འདོད་པ་བྱེད་པ་པོ་མེད་པར་ཡང་བྱེད་པ་པོ་ཉིད་དུ་བཤད་པ་ནི་ལེགས་པ་ཡིན་ནོ། །མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་དེ་ལྟ་བུའི་སྦྱོར་བ་ནི་བྱེད་པ་པོ་གཅིག་ལ་བྱ་བ་གཉིས་ཡོད་པའི་དུས་སྔ་མ་ཤོས་ཀྱི་བྱ་བ་ལ་འབྱུང་བ་ཡིན་ནོ་ཞེས་གང་སྨྲས་པ་དེ་ཅི་ཁྱོད་འདོད་པ་ཡིན་ནམ། འོན་ཏེ་འཇིག་རྟེན་ན་དེ་ལྟར་མཐོང་བ་ཡིན། སྨྲས་པ། འཇིག་རྟེན་ན་དེ་ལྟར་མཐོང་བ་ཡིན་ནོ་ཞེ་ན། འཇིག་རྟེན་ན་ནི་གཞན་དུ་ཡང་མཐོང་སྟེ། འདི་ལྟར་དེ་ལྟ་བུའི་སྦྱོར་བ་ནི་བྱེད་པ་པོ་ཐ་དད་པ་ལ་ཡང་མཐོང་སྟེ། དཔེར་ན་མར་འཐུངས་ནས་སྟོབས་འབྱུང་ངོ༌། །སེང་གེ་མཐོང་ནས་འཇིགས་པ་འབྱུང་ངོ་ཞེས་བྱ་བ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་སྐར་རྒྱལ་སྐྱེས་སམ། རྒྱལ་ལ་སྐྱེས་གང་ཡིན་པ་དེའི་མིག་དེ་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བར་འགྱུར་རོ། །དུས་སྔ་མ་ཤོས་མ་ཡིན་པ་ལ་ཡང་མཐོང་སྟེ། དཔེར་ན་ཁ་གདངས་ནས་ཉལ་
ཞེས་བྱ་བའམ། མིག་བཙུམས་ནས་ཉལ་ཞེས་བྱ་བ་ལྟ་བུའོ། །ཅི་ཁ་གདངས་ནས་སམ། མིག་བཙུམས་ནས་དུས་ཕྱི་མ་ལ་ཉལ་བ་མ་ཡིན་ནམ་ཞེ་ན། མི་རུང་སྟེ། ཇི་ལྟར་སྔར་ཁྲུས་བྱས་ནས་ཕྱིས་ཟ་བ་ལྟ་བུར་སྔར་ཁ་གདངས་པའམ། མིག་འཛུམས་པར་བྱེད་ལ། ཕྱིས་ཉལ་བའི་དོན་འདིར་ནི་ཁོང་དུ་ཆུད་པར་མི་འགྱུར་རོ། །འོན་ཀྱང་ཁ་གདངས་པའམ། མིག་བཙུམས་པ་ནི་ཉལ་བ་དང་དུས་མཉམ་དུ་འབྱུང་བ་ཡིན་པར་མངོན་ཏེ། འདི་ལྟར་ཁ་གདངས་ནས་ཕྱིས་ཉལ་བར་བྱེད་པ་གལ་ཏེ་ཁ་མ་གདངས་ན་ཁ་གདངས་ནས་ཉལ་བར་བྱེད་ཅེས་བྱ་བར་མི་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ། འོད་ལྡན་རྣམས་ནི་འོད་དག་གིས། །འཇིག་རྟེན་བཀང་ནས་དེར་ཤར་ཏོ། །གང་གིས་ཆ་ཤས་ཞུགས་ནས་ཀྱང༌། །ནང་ན་ཡོད་པའི་མུན་པ་བསལ། །ཞེས་བྱ་བ་ལྟ་བུ་སྟེ། དེ་ནི་སྔར་འགེངས་བའམ་འཇུག་པར་བྱེད་ལ་ཕྱིས་འཆར་བའམ། སེལ་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཁར་བ་ཁྲལ་ཞེས་ཟེར་ནས་ལྷུང་ཞེས་བྱ་བ་ལྟ་ བུ་སྟེ། དེ་ཡང་སྔར་ཁྲོལ ་ཞེས་ཟེར་ལ་ཕྱིས་ལྷུང་བ་ཡང་མ་ཡིན་ཏེ། ཁར་བ་ལྷུང་བ་ན་སྒྲ་ཁྲལ་ཞེས་ཟེར་ཏེ། བརྒྱབ་པའི་ཕྱིར་རོ། །དེ་ལྟ་བུའི་སྦྱོར་བ་ནི་རྒྱུའི་དོན་ལ་ཡང་མཐོང་སྟེ། དཔེར་ན་བུད་ཤིང་ལ་བརྟེན་ནས་མེ་འབྱུང༌། ཏིལ་ལ་བརྟེན་ནས་ཏིལ་མར་འབྱུང༌། སྤྲིན་ལ་བརྟེན་ནས་ཆར་པ་འབབ་ཅེས་བྱ་བ་ལྟ་བུ་སྟེ། མེས་སྔར་བུད་ཤིང་ལའམ། ཏིལ་མར་གྱི་ཏིལ་ལ་བརྟེན་ཅིང་ཕྱིས་འབྱུང་བ་ཡང་མ་ཡིན་ལ། ཆར་པས་ཀྱང་སྔར་སྤྲིན་ལ་བརྟེན་ཏེ་ཕྱིས་འབྱུང་བ་ཡང་མ་ཡིན་ཏེ། རྒྱུ་དེ་ཉིད་ཀྱིས་ཇི་སྐད་སྨོས་པ་བཞིན་དུ་འབྱུང་བར་མངོན་ནོ། །གཞན་ཡང་གང་ལ་སྔ་ཕྱི་བྱ་བ་དག་དམིགས་པ་དེ་ཁ་ཅིག་ལ་དེ་ལྟ་བུའི་སྦྱོར་བའི་རྒྱུའི་དོན་ཉིད་དུ་མཐོང་སྟེ། དཔེར་ན་མར་འཐུངས་ནས་སྟོབས་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ལྟ་བུ་སྟེ། འདི་ལྟར་མར་འཐུངས་པ་དང་སྟོབས་དང་ལྡན་པ་དག་ནི་ཇི་ལྟར་ཁྲུས་བྱ་བ་དང༌། ཟས་ཟ་བ་དག་ལྟར་སྔ་ཕྱི་ཙམ་དུ་རྟོགས་པར་བྱ་བ་མ་ཡིན་གྱི། མར་འཐུངས་པའི་རྒྱུ་ལས་སྟོབས་དང་ལྡན་པ་ཉིད་འབྱུང་བར་ཤེས་པར་བྱའོ། །དེ་བཞིན་དུ་མིག་དང་གཟུགས་ཀྱི་རྐྱེན་གྱིས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ན་མིག་དང་གཟུགས་ལ་བརྟེན་
ནས་སྐྱེའོ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་གསལ་བར་མཛད་བ་ནི་འདི་སྐད་ཅེས་བཀའ་སྩལ་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཀའ་སྩལ་པ། སྦྱོར་བ་འདི་ཅི་ནས་ཀྱང་རྒྱུའི་དོན་ཁོ་ན་ཡིན་པར་ཤེས་པར་བྱའི། དུས་སྔ་མ་ཤོས་ཀྱི་བྱ་བའི་དོན་དུ་ནི་མ་ཡིན་ནོ། །རེ་ཞིག་འདི་ཡང་དཔྱད་པར་བྱ་སྟེ། གང་གི་ཚེ་རྣམ་པར་ཤེས་པ་སྐྱེ་བ་དེའི་ཚེ་ཅི་རྣམ་པར་ཤེས་པ་ཡོད་དམ་འོན་ཏེ་མེད། དེས་ཅིར་འགྱུར་ཞེ་ན། གལ་ཏེ་ཡོད་ན་དེའི་ཚེ་དེ་སྐྱེས་པ་ཉིད་ཡིན་པས་ཡང་ཇི་ལྟར་སྐྱེ། བྱུང་བ་ནི་སྐྱེས་པ་ཡིན་གྱིས་ཡོད་པ་མ་ཡིན་ནོ་ཞེ་ན། གང་གི་ཚེ་དེ་ཞིག་པའི་ཚེ་སྐྱེས་པ་ཡིན་པར་འགྱུར་རོ། །ངེས་པའི་ཚིག་ལས་ཀྱང་ཡོད་པ་ཞེས་བྱ་བ་ནི་སེམས་ཅན་སྐྱེས་པ་ངེས་པར་གཟུང་བ་ལ་བྱའོ་ཞེས་བཤད་པས་དེ་ཡང་འགལ་ལོ། །གལ་ཏེ་ཡང་ཡོད་པ་མ་སྐྱེས་པ་ཞིག་ཡིན་ན་སྐྱེ་བའི་སྔ་རོལ་ན་ཡོད་པ་ཞེས་བྱ་བར་འགྱུར་རོ། །དེའི་ཕྱིར་བརྟེན་ནས་ཞེས་བྱ་བ་ཡང་གྲུབ་བོ། །ཡང་སྐྱེ་བའི་ཚེ་ཡང་མ་སྐྱེས་པ་ཡིན་ཏེ། སྐྱེ་བའི་འོག་ཏུ་རྣམ་པར་ཤེས་པ་སྐྱེས་པ་ཡིན་ནོ། །དེའི་ཚེ་ཡང་དེ་ཞིག་པ་ཁོ་ན་ཡིན་པས་གང་གི་ཚེ་ཞིག་པ་དེའི་ཚེ་སྐྱེས་པ་ཡིན་པར་འགྱུར་རོ། །འོན་ཏེ་མེད་པ་ཞིག་ཡིན་ན་ཇི་ལྟར་དེ་མེད་ཀྱང་སྐྱེ་བ་དེ་བཞིན་དུ་སྐྱེ་བའི་སྔ་རོལ་ནས་མེད་ཀྱང་བརྟེན་ནས་ཞེས་བྱ་བར་འགྱུར་བར་ཡང་ཅིའི་ཕྱིར་མི་འདོད་ན་ཡང་ཡོད་པ་དང་མེད་པ་ཞེས་བྱ་བ་ཐལ་ཆེས་པའི་ཚིག་མང་པོ་བོར་ཏེ། ཅི་དེའི་ཚེ་རྣམ་པར་ཤེས་པ་རྣམ་པར་ཤེས་པའི་བདག་ཉིད་ཀྱིས་བདག་ཏུ་བཅས་པ་ཡིན་ནམ། བདག་མིན་པ་ཡིན་ཞེས་དཔྱད་པར་བྱའོ། །གལ་ཏེ་བདག་ཏུ་བཅས་པ་ཡིན་ན་དེའི་ཚེ་དེ་སྐྱེས་པ་ཉིད་ཡིན་པས་ཡང་སྐྱེ་བས་ཅི་ཞིག་བྱ། འོན་ཏེ་བདག་མེད་པ་ཡིན་ན་ཇི་ལྟར་དེ་བདག་མེད་བར་སྐྱེ་བདག་ལ་བྱེད་པ་པོ་ཡིན་པ་དེ་བཞིན་དུ་བརྟེན་ནས་ཞེས་བྱ་བ་ཡང་གྲུབ་པ་ཡིན་ནོ། །རེ་ཞིག་སྐྱེ་ཞེས་བྱ་བའི་དོན་འདི་ཅི་ཡིན། འབྱུང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ་ཞེ་ན། འབྱུང་བར་བྱེད་ཅེས་བྱ་བ་གང་ཡིན་
པ་དེས་ཅི་ཞིག་བྱེད་ན་འདི་ལྟར་བྱེད་པ་པོར་བརྗོད། སྐྱེ་བར་བྱེད་དོ་ཞེ་ན། གལ་ཏེ་སྐྱེ་བ་བསྐྱེད་པར་བྱ་བའི་བདག་ཏུ་གྱུར་པ་ཡིན་ན་ཇི་ལྟར་རང་ལ་བྱེད། འོན་ཏེ་བདག་ཏུ་གྱུར་པ་མ་ཡིན་ན་ནི་དེ་དེ་ལས་ལོགས་ཤིག་ན་མི་དམིགས་སོ། །ཡང་ན་དོན་གང་གིས་ན་དེ་བྱེད་ཅེས་བྱ། བྱེད་པ་ལ་རང་གི་དོན་ནི་འགའ་ཡང་མེད་དོ། །འདི་ལྟར་བདེ་བ་བྱེད་ཅེས་བྱ་བ་ནི་སྐྱེད་ཅེས་བྱ་བར་རྟོགས་སོ། །ཁ་སྤུ་བྱེད་ཅེས་བྱ་བ་ནི་འདྲེག་པར་བྱེད་ཅེས་བྱ་བར་རྟོགས་སོ། །རྐྱལ་པ་ལ་བྱེད་ཅེས་བྱ་བ་ཉེད་པར་བྱེད་ཅེས་བྱ་བར་རྟོགས་སོ། །གླ་བྱེད་ཅེས་བྱ་བ་ནི་གླ་བྱིན་ནས་འཆོལ་བར་བྱེད་ཅེས་བྱ་བར་རྟོགས་སོ། །སྦྱང་དུ་འབྲས་བྱེད་ཅེས་བྱ་བ་ནི་འཇོག་པར་བྱེད་ཅེས་བྱ་བར་རྟོགས་སོ། །ཕའི་ཚིག་བཞིན་བྱེད་ཅེས་བྱ་བ་ནི་དེས་སྨྲས་པ་བཞིན་དུ་སྒྲུབ་པར་བྱེད་ཅེས་བྱ་བར་རྟོགས་སོ། །སྐབས་བྱེད་ཅེས་བྱ་བ་ནི་སྒྲིབ་པ་སེལ་བར་བྱེད་ཅེས་བྱ་བར་རྟོགས་སོ། །དེ་ལྟ་བས་ན་སྐྱེ་བའི་བྱེད་པ་པོའི་བྱེད་ཅེས་བྱ་བའི་དོན་བརྗོད་པར་བྱ་དགོས་སོ། །གལ་ཏེ་སྐྱེད་པར་བྱེད་པའི་དོན་ཡིན་ནོ་ཞེ་ན། སྐྱེ་བ་ཡང་སྐྱེ་བར་འགྱུར་པས་དེ་ལ་ཡང་སྐྱེ་བ་གཞན་ཡོད་དེ། ཐུག་པ་མེད་པས་ཧ་ཅང་ཐལ་ཆེས་པར་འགྱུར་རོ། །ཡང་ན་དེ་ལ་སྐྱེ་བའི་རག་ལུས་པ་ཅི་ཞིག་ཡོད་ན་གང་གི་ཕྱིར་སྐྱེ་བར་བྱེད་ཅེས་བྱ། དེ་ལྟ་བས་ན་བྱ་བ་མེད་པར་ཡང་བདག་ཉིད་ཐོབ་པ་ཙམ་ལ་བྱེད་པ་པོ་བཞིན་དུ་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་རྐྱེན་རྙེད་པ་ཙམ་ལ་བརྟེན་ནས་ཞེས་བྱ་བ་བཤད་པ་ཡིན་ཏེ། འདི་ལ་བྱ་བ་འགའ་ཡང་མེད་ལ་བྱེད་པ་པོ་ཡང་མེད་ན། བྱེད་པ་པོ་གཅིག་པོ་ཉིད་ལྟག་ལ་ཡོད་དེ། དེ་ལྟ་བས་ན་བརྟེན་ནས་སྐྱེ་ཞེས་བྱ་བའི་སྦྱོར་བ་འདི་ནི་རིགས་པ་ཁོ་ན་ཡིན་ནོ། །མཚན་ཉིད་འདྲ་བ་ལ་དགོས་པ་མེད་པར་བྱེ་བྲག་ཏུ་བཤད་པ་ནི་རིགས་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་དགོས་པ་མེད་པ་མ་ཡིན་ཏེ། འདི་ལྟར་གཟུགས་དེ་ལ་གང་ཅི་ཡང་རུང་བ་ཞེས་བཤད་པ་ནི་གཟུགས་ཀྱི་དོན་དུ་མར་རབ་ཏུ་བསྟན་པའི་ཕྱིར་རོ། །འདི་ལྟར་གཟུགས་ཀྱི་དོན་ནི་རྣམ་པ་གསུམ་སྟེ་ཡུལ་བརྟག་ཏུ་རུང་བའི་དོན་དང༌། ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་འགྱུར་བ་སྐྱེད་པར་གཟུགས་སུ་རུང་བའི་དོན་དང༌། གཟུགས་ཀྱི་དེ་གདགས་པ་གཟུགས་སུ་རུང་བའི་དོན་ཡིན་ཏེ། འདི་ལྟར་བསྟན་
དུ་ཡོད་པའི་གཟུགས་འདི་ནའོ་ཕ་བི་ནའོ་ཞེས་ཡུལ་བརྟག་ཏུ་རུང་བའི་ཕྱིར་གཟུགས་ཡིན་པ་དང༌། ཐོགས་པ་དང་བཅས་པའི་གཟུགས་ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་འགྱུར་བ་བསྐྱེད་པ་གཟུགས་སུ་རུང་བའི་ཕྱིར་གཟུགས་ཡིན་པ་དང༌། བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ལུས་དང་ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་གཟུགས་ཀྱི་དེ་གདགས་པ་གཟུགས་སུ་རུང་བའི་ཕྱིར་གཟུགས་ཡིན་ནོ། །འདི་ལྟར་དེ་ནི་ལུས་དང་ངག་གཉིས་མེད་ན་གདགས་སུ་མེད་པ་ཡིན་ཏེ། གཟུགས་མེད་པ་ན་དེ་གདགས་པ་མེད་པའི་ཕྱིར་རོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པ་ཉིད་དུ་ཇི་ལྟར་ཤེས་པར་བྱ་ཞེ་ན། གང་གི་ཕྱིར་སྐྱེ་མཆེད་སོ་སོ་བའི་མདོ་ལས་ཆོས་ཀྱི་སྐྱེ་མཆེད་བསྟན་དུ་མེད་ཅིང་ཐོགས་པ་མེད་པ་ཞེས་ནི་གསུངས་ཀྱི་གཟུགས་ཅན་མ་ཡིན་པ་ཞེས་ནི་མ་གསུངས་པ་ཡིན་ལ། ཡང་འདི་ལྟར་གླང་པོ་ཆེའི་ལྟ་བས་ལྟ་བུ་ལས་ཆོས་ཀྱི་སྐྱེ་མཆེད་བསྟན་ནས། དེ་ལ་ཆོས་གཟུགས་ཅན་གང་དག་ཡིན་པ་འདི་ནི་གཟུགས་ཀྱི་ཕུང་པོ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། རྣམ་པར་རིག་བྱེད་མ་ཡིན་པ་བོར་ན་ཆོས་ཀྱི་སྐྱེ་མཆེད་དུ་གྱུར་པ་ཆོས་གཟུགས་ཅན་གཞན་གང་དག་ཡོད། གཟུགས་ཅན་འདས་པ་དང་མ་འོངས་པ་གང་ཡིན་པ་དག་ཆོས་ཡིན་པ་དེ་ལྟར་ཅིའི་ཕྱིར་མི་འདོད་ཅེ་ན། སྐྱེ་མཆེད་སོ་སོ་བའི་མདོ་དང་འགལ་ཏེ། ཆོས་ཀྱི་སྐྱེ་མཆེད་ནི་སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ་ཞེས་འབྱུང་ལ། མིག་ལ་སོགས་པ་འདས་པ་དང་མ་འོངས་པ་དག་ནི་ཇི་ལྟར་རིགས་པར་བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པའི་ཕྱིར་རོ། །ཡང་ན་གཟུགས་ཉིད་དུ་ཡང་འདོད་པར་མི་བྱ་སྟེ། འདི་ལྟར་དེ་དག་ནི་དེའི་ཚེ་གཟུགས་སུ་མེད་པས་སོ། །སྐྱེ་མཆེད་བཅུ་པོ་དག་ཀྱང་དུས་གསུམ་པོ་ཉིད་དུ་མི་འགྱུར་ཏེ། མིག་ལ་སོགས་པ་འདས་པ་དང་མ་འོངས་པ་དག་ནི་ཆོས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ཀྱི་སྐྱེ་མཆེད་མང་པོ་དག་ལས་གཅིག་གཟུགས་ཀྱི་སྐྱེ་མཆེད་དུ་གསུངས་པ་ཡང་སྐྱེ་མཆེད་རྣམས་བཅུ་གཉིས་ཁོ་ནར་རྣམ་པར་གཞག་པའི་ཕྱིར་རོ། །དེ་རྣམ་པར་གཞག་པ་ཡང་ཡུལ་ཅན་དང་ཡུལ་ཉིད་དུ་
གཉིས་གཉིས་འབྲེལ་བར་རབ་ཏུ་བསྟན་པའི་ཕྱིར་རོ། །ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གི་ཡུལ་ནི་ཐམས་ཅད་ཡིན་པས་གཉིས་སུ་མེད་པ་ཉམས་པ་མ་ཡིན་ནམ་ཞེ་ན། འོ་ན་དེ་ལྟ་ན་ནི་དབང་པོ་དྲུག་གི་དབང་དུ་མཛད་ནས་འབྲེལ་བར་རབ་ཏུ་བསྟན་པའི་ཕྱིར་ཏེ། དབང་པོ་འདིའི་ཡུལ་ནི་འདི་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་གཉིས་ཚན་ལྔ་དག་དང༌། དབང་པོ་འདི་ཁོ་ནའི་ཡུལ་ནི་འདི་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་གཉིས་ཚན་དྲུག་པ་ཡིན་ནོ། །དབང་པོ་ལྔ་བོ་དག་ཀྱང་དབང་པོ་དྲུག་པོ་ཁོ་ནའི་ཡུལ་ཡིན་པས་གཉིས་ཚན་དྲུག་པར་ངེས་པ་ཡང་ཉམས་པ་མ་ཡིན་ནམ་ཞེ་ན། འོ་ན་ནི་དབང་པོ་གང་ཁོ་ནའི་ཡུལ་ཁོ་ན་གང་ཡིན་བའོ་ཞེས་གཉིས་ཚན་དྲུག་པ་ཡིན་ནོ། །དེ་ལྟར་ན་དབང་པོ་ལྔ་པོ་དག་ནི་ཆོས་ཀྱི་སྐྱེ་མཆེད་ཉིད་ཡོངས་སུ་སྤངས་པ་ཡིན་ནོ། །འདི་ལྟར་དེ་དག་ནི་ཡིད་ཀྱི་ཡུལ་འབའ་ཞིག་མ་ཡིན་གྱི་རྟེན་ཡང་ཡིན་ཏེ། ཡིད་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། དབང་པོ་གང་གི་དོན་གང་ཉིད་ཡིན་པ་གཉིས་ཚན་ལྔ་དག་གོ །གང་ཉིད་ཀྱི་ནི་དོན་ཉིད་གང༌། །གཉིས་ཚན་སྐྱེ་མཆེད་དྲུག་པ་ཡིན། །གལ་ཏེ་མིག་ལ་སོགས་པ་ལྔ་པོ་དག་ཆོས་ཀྱི་སྐྱེ་མཆེད་ཉིད་དུ་གྱུར་ན་ཅིར་འགྱུར་ཞེ་ན། སྐྱེ་མཆེད་སོ་སོ་བའི་མདོ་ལས་དགེ་སློང་དག་ཆོས་ཕྱིའི་སྐྱེ་མཆེད་ནི་སྐྱེ་མཆེད་བཅུ་གཅིག་དག་གིས་མ་བསྡུས་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ་ཞེས་ངེས་པར་མཛད་པ་མི་མཛད་པར་འགྱུར་རོ། །སེམས་ནི་སྐད་ཅིག་མ་ཞེས་བྱ་བ་ཡིན་ལ། གོང་དུ་འགྲོ་བ་ཡང་ཡིན་ནོ་ཞེས་གང་གསུངས་པ་ཡང་དེའི་རྒྱུན་ལ་དགོངས་ནས་གསུངས་པའི་ཕྱིར་འགལ་བ་མེད་དོ། །གྲིབ་མ་དང་མེ་འབར་བ་འགྲོ་བ་བཞིན་ནོ། །བདེན་པ་རྣམ་བཞི་དང༌། གསུམ་དང༌། གཉིས་དང༌། གཅིག་ཅེས་གྲངས་ཐ་དད་པར་གསུངས་པ་གང་ཡིན་པ་དེར་ཡང་དགོངས་པ་ཐ་དད་པའི་ཕྱིར་འགལ་བ་མེད་དོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་གཉིས་མདོར་བསྡུས་ན་རྒྱུ་དང་འབྲས་བུ་ཕྱིན་ཅི་མ་ལོག་པ་ཉིད་ཡིན་པར་དགོངས་ཏེ་བདེན་པ་བཞི་དག་ཏུ་གསུངས་པ་ཡིན་ནོ། །མིང་གི་བྲམ་ཟེ་རྣམས་མངོན་པར་
མཐོ་བའི་རྒྱུའི་སྐབས་སུ་ལས་དང་ལས་ཀྱི་འབྲས་བུ་དང་བདག་ནི་དེའི་བདག་པོ་ཡིན་པའི་དབང་དུ་བྱས་ནས་གོ་རིམས་བཞིན་དུ་མཆོད་སྦྱིན་རྣམས་ལ་སེམས་ཅན་དེ་དང་དེ་དག་ནི་གསད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དང༌། འཇིག་རྟེན་རྟག་པ་དག་འཐོབ་བོ་ཞེས་བྱ་བ་དང། དེའི་འབྲས་བུ་བདག་ལ་འབྱུང་བས་བདག་ནི་དེའི་འབྲས་བུ་ལ་ཟབ་ཡིན་ནོ་ཞེས་བྲམ་ཟེའི་བདེན་པ་གསུམ་དག་ཏུ་རྣམ་པར་འཇོག་པར་བྱེད་དོ། །དེ་ཡང་དོན་ཡང་དག་པའི་བྲམ་ཟེའི་རྣམས་ལ་བརྫུན་པ་ཡིན་ནོ། །བཟློག་ན་ནི་བདེན་པ་ཡིན་པའི་ཕྱིར་དེ་ལ་དགོངས་ནས་བྲམ་ཟེའི་བདེན་པ་གསུམ་དུ་གསུངས་སོ། །འཇིག་རྟེན་བའི་ཤེས་པ་མ་འཁྲུལ་བའི་ཡུལ་དང༌། འཇིག་རྟེན་ལས་འདས་པའི་ཤེས་པའི་ཡུལ་ལ་དགོངས་ནས་བདེན་པ་གཉིས་པོ་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པར་གསུངས་སོ། །བརྗོད་པ་ནི་ཀུན་རྫོབ་ཡིན་པས་དེས་ཁོང་དུ་ཆུད་པར་བྱ་བའི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། གང་ལ་བརྗོད་པར་འཇུག་པ་སྟེ། དཔེར་ན་རྐང་པ་གཉིས་ཀྱིས་བརྒལ་བར་བྱ་བའི་འབབ་སྟེགས་ལ་རྐང་པའི་འབབ་སྟེགས་ཞེས་བྱ་བ་དང༌། ཀོ་གྲུས་བརྒལ་བར་བྱ་བའི་འབབ་སྟེགས་ལ་ཀོ་གྲུའི་འབབ་སྟེགས་ཞེས་བྱ་བ་ལྟ་བུའོ། །འཇིག་རྟེན་ལས་འདས་པ་ནི་ཡེ་ཤེས་དམ་པ་ཡིན་ནོ། །དེའི་དོན་ཡིན་པས་དོན་དམ་པ་སྟེ། དེའི་ཡུལ་གང་ཡིན་པའོ། །སྟོན་པ་རྣམས་ཀྱི་ལུགས་ཐ་དད་པ་ལ་དགོངས་ནས་བདེན་པ་ནི་གཅིག་ཁོ་ན་སྟེ། གཉིས་པ་མེད་དོ་ཞེས་གསུངས་པ་ཡིན་ཏེ། འདི་ལྟར་གཉིས་ཕན་ཚུན་འགལ་བ་དག་ནི་བདེན་པར་བྱ་བར་མི་ནུས་སོ། །དེ་ལྟ་བས་ན་དགོངས་པ་ཐ་དད་པའི་ཕྱིར་བདེན་པ་རྣམས་ལ་གྲངས་ཐ་དད་པར་བསྟན་པ་ལ་སྔ་ཕྱི་འགལ་བ་མེད་དོ། །ཁ་ཅིག་ལས། མི་རྣམས་ཀྱིས་ནི་འདི་ན་བསོད་ནམས་དང༌། །སྡིག་པ་གང་ཡིན་གཉིས་ཀ་བྱེད་པ་དེ། །ཞེས་གསུངས་པ་དང༌། ཁ་ཅིག་ལས་བྱེད་པ་བོ་མི་དམིགས་སོ་ཞེས་གང་གསུངས་པ་གང་ཡིན་པ་དེར་ཡང་དགོངས་པ་ཐ་དད་པའི་ཕྱིར་འགལ་བ་མེད་དེ། འདི་ལྟར་ཕུང་པོའི་རྒྱུད་གང་ལ་མི་རྣམས་ཞེས་བྱ་བ་དེ་ལ་དེ་གཉིས་ཀྱི་རྒྱུད་ཡོད་ཅིང་དེ་ཁོ་ན་ལ་དེ་གཉིས་ཀྱི་འབྲས་བུ་འབྱུང་བས་འདི་ལས་
དགོངས་ནས། མི་རྣམས་ཀྱིས་ནི་འདི་ན་བསོད་ནམས་དང༌། །སྡིག་པ་གང་ཡིན་གཉིས་ཀ་བྱེད་པ་དེ། །དེ་ཡི་བདག་གིར་བྱ་བ་ཡིན་ཞིང་དེས། །དེ་ཡང་ཁྱེར་ཏེ་འགྲོ་བར་བྱེད་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །བདག་ཏུ་ལྟ་བས་ཀུན་ཏུ་བརྟགས་པའི་བྱེད་པ་པོ་རང་དབང་ཡོད་པ་ལ་དགོངས་ནས་ནི་བྱེད་པ་པོ་མི་དམིགས་སོ་ཞེས་གསུངས་པ་ཡིན་གྱི་རྒྱུ་ཚོགས་པའི་མཚན་ཉིད་ལས་ནི་མ་ཡིན་ཏེ། འདི་ལྟར་གང་ཞིག་ཕུང་པོ་འདི་དག་འདོར་ཞིང་ཕུང་པོ་གཞན་དག་ཏུ་མཚམས་སྦྱོར་བར་བྱེད་པའི་ཞེས་ཁྱད་པར་དུ་མཛད་པ་ཡིན་ནོ། །དེ་བས་ན་དགོངས་པ་ཐ་དད་པའི་ཕྱིར་སྔ་ཕྱི་འགལ་བ་མེད་དོ། །འདིར་ཡང་བཤད་པ། རས་བལ་གྱི་ནི་ས་བོན་དང༌། །མ་ཏུ་ལུང་གའི་མེ་ཏོག་ལ། །རྒྱ་སྐྱེགས་ཀྱིས་ནི་ཁ་བསྒྱུར་ན། །ཚོན་དེ་ནུབ་པར་གྱུར་ཀྱང་ནི། །རྒྱུད་ལ་བསྒོས་པའི་རིམ་པ་ལས། །རས་བལ་ཟེ་བ་དམར་སྐྱེ་ལྟར། །ལས་རྣམས་ནུབ་ཀྱང་དེའི་འབྲས་བུ། །སྐྱེ་ལ་དེ་ཡི་ཆོས་ཉིད་དོ། །གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བྱ་བ་ལ་ཅི་འདི་རྫས་ཀྱི་དབང་དུ་མཛད་དེ་གསུངས་སམ། འོན་ཏེ་གོང་བུའམ། རིགས་ལས་ཤིན་ཞེས་སྨྲས་པ་གང་ཡིན་པ་ཡང་རིགས་ཀྱི་དབང་དུ་མཛད་ནས་གསུངས་པས་འདི་ལ་ཇི་སྐད་སྨྲས་པའི་ཉེས་པ་མེད་དེ། དེ་ཁོ་ན་བཞིན་དུ་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་ན་ནི་མདོ་སྡེ་དང་ཡང་མི་འགལ་ཏེ། སྐྱེ་མཆེད་སོ་སོ་བའི་མདོ་སྡེ་ལས་སྐྱེ་མཆེད་དགུ་པོ་རྣམས་ནི་རེ་རེ་ཡང་རིགས་སྨོས་པས་ཇི་ལྟར་སྲིད་པ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བཤད་པའི་ཕྱིར་འདུས་པ་རེ་རེ་ནི་མ་ཡིན་ནོ། །ལག་པ་རྡོབ་པ་ལྟ་བུ་ལས་ཇི་སྐད་གསུངས་པ་དེ་ཁོ་ན་བཞིན་དུ་ཁས་བླངས་པའི་ཕྱིར་ཏེ། འདི་ལྟར་མིག་གི་ཤའི་གོང་བུ་ལ་འབྱུང་བ་ཐམས་ཅད་ཀྱི་རྒྱུ་ལས་བྱས་པ་དམིགས་པའི་ཕྱིར་རོ།། དེ་ལྟ་བས་ན་ཇི་སྐད་སྨྲས་པའི་རིགས་པ་དང་འགལ་བ་མེད་དོ། །གཟུགས་འདས་པ་ཡོད་དོ། །གཟུགས་མ་འོངས་པ་ཡོད་དོ་ཞེས་གསུངས་པ་གང་ཡིན་པ་ཡང་འདི་ལྟ་སྟེ། དེ་འདས་པའམ་མ་འོངས་པ་དེ་ལྟ་བུར་ནི་ཡོད་ཅེས་བྱ་བའི་གཟུགས་ཀྱི་བདག་ཉིད་ཀྱིས་ནི་མ་ཡིན་ནོ། །ཇི་ལྟར་ན་དེ་
འདས་པ་ཡིན་ཞེ་ན། སྔོན་བྱུང་བ་ཉིད་ཀྱིས་སོ། །ཇི་ལྟར་ན་མ་འོངས་པ་ཡིན་ཞེ་ན། འབྱུང་བར་འགྱུར་བ་ཉིད་ཀྱིས་ཏེ། ས་བོན་ཡོད་པའི་ཕྱིར་རོ། །དེ་ལྟར་ན་དེ་ཡོད་པ་ཞེས་བྱ་སྟེ། དེ་ལྟར་སྣང་བའི་ཕྱིར་རོ། །གཞན་ཡང་གཟུགས་གང་ཞིག་མེད་པར་ཡང་དེ་ཡོད་དོ་ཞེས་བྱ་བ་དེ་རིགས་སམ་ཞེ་ན། ཇི་ལྟར་གཞན་དུ་བརྗོད་པར་བྱ་བར་འགྱུར། །གཟུགས་འདས་པ་མེད་དོ། །གཟུགས་མ་འོངས་པ་མེད་དོ་ཞེས་བརྗོད་པར་བྱའོ་ཞེ་ན། དེ་ལྟར་བརྗོད་ན་གཟུགས་སྔོན་བྱུང་བ་ཉིད་དང་འབྱུང་བར་འགྱུར་བ་ཉིད་ལ་སྐུར་པར་འགྱུར་རོ། །འོ་ན་དེ་ལྟར་ན་ནི་གཟུགས་འདས་པ་སྔོན་བྱུང་བ་དང༌། གཟུགས་མ་འོངས་པ་འབྱུང་བར་འགྱུར་བ་ཞེས་བརྗོད་པར་བྱའོ་ཞེ་ན། དེ་ལྟར་བརྗོད་ན་སྔོན་བྱུང་བ་ན་དེ་འདས་པ་ཡིན་གྱི། ད་ལྟར་ནི་འདས་པ་མ་ཡིན་པས་འདས་པ་ཉིད་ལས་རབ་ཏུ་ཉམས་པ་ཡིན་པར་བསྟན་པར་འགྱུར་ལ། འབྱུང་བར་འགྱུར་བ་ནི་དེ་མ་འོངས་པ་ཡིན་གྱི། ད་ལྟར་ནི་མ་འོངས་པར་མི་འགྱུར་ལ། མ་འོངས་པ་ཉིད་ཀྱང་མ་ཕྱིན་པ་ཞེས་བྱ་བར་བསྟན་པར་འགྱུར་རོ། །འདས་པ་དང་མ་འོངས་པ་ཞེས་བརྗོད་པ་ཉིད་ཀྱིས་ཀྱང་བྱུང་བ་དང་འབྱུང་བར་འགྱུར་བའི་དོན་སྨོས་པའི་ཕྱིར་ཟློས་བུར་བསྟན་པར་འགྱུར་རོ། །གལ་ཏེ་དེ་ལྟར་བསྟན་པ་ལ་དགའ་ན་ནི་ཡོད་པ་ཞེས་བྱ་བའི་སྒྲ་དེ་ཉིད་ཚིག་གི་ཕྲད་ཡིན་པའི་ཕྱིར་ཇི་ལྟར་རིགས་པར་དུས་གསུམ་གྱི་ཡུལ་ཡིན་པར་རིག་པར་བྱའོ། །དེ་ལྟ་བས་ན་ཇི་ལྟར་བཀོད་པ་ཉིད་རིགས་པ་ཡིན་ནོ། །གལ་ཏེ་གཟུགས་ཀྱི་མཚན་ཉིད་ཐལ་བའམ། མ་གྲུབ་པ་ཡིན་ན་དེ་ཇི་ལྟར་གཟུགས་ཞེས་བྱ་ཞེ་ན། སྔོན་འབྱུང་བ་དང་འབྱུང་བར་འགྱུར་བའི་ཐ་སྙད་ཀྱིས་ཏེ། དཔེར་ན་ས་བོན་ཉམས་པ་ཞེས་བྱ་བ་དང༌། ཕྱེ་བཏག་གོ་ཞེས་བྱ་བ་ལྟ་བུའོ། །ལས་ཟད་པ་དང༌། འདས་པ་དང༌། འགགས་པ་དང༌། བྲལ་བ་དང༌། ཡོངས་སུ་གྱུར་པ་གང་ཡིན་པ་དེ་ཡོད་དོ་ཞེས་གསུངས་པ་གང་ཡིན་པ་དེ་ནི་དེས་སེམས་ཀྱི་རྒྱུད་ལ་འབྲས་བུ་འབྱིན་པའི་ནུས་པ་སྐྱེད་པ་ལ་དགོངས་ནས་གསུངས་པ་ཡིན་པའི་དོན་རྟོགས་པས་གཞན་དུ་མི་འཐད་པའི་ཕྱིར་རོ། །དེ་ལས་སྐྱེས་པ་ལ་དེ་གདགས་པ་ནི་གྲོང་ལ་སྤྱོད་དོ། །པ་ན་ཟའོ་ཞེས་བྱ་བ་ཡིན་ཞིང་ཇི་སྐད་
དུ་རེག་པའི་སྐྱེ་མཆེད་དྲུག་པོ་དེ་སྔོན་མངོན་པར་འདུས་བྱས་པ་ལ་མངོན་པར་བསམས་པ་འདི་དག་ནི་སྔོན་གྱི་ལས་ཡིན་པར་རིག་པར་བྱའོ་ཞེས་འབྱུང་བ་ལྟ་བུ་ཡང་ཡིན་ནོ། །དགོངས་བ་འདིས་འདས་པ་དང་མ་འོངས་པ་ཡོད་པ་ཉིད་དུ་གསུངས་པ་དེ་དང༌། མིག་ནི་མ་སྐྱེས་པ་ལས་སྐྱེ་ཞིང་སྐྱེས་ནས་ཀྱང་འཇིག་གོ་ཞེས་བྱ་བ་ཡང་རིགས་པ་ཡིན་ནོ། །དེ་ལྟ་བས་ན་འདིར་ཡང་མངོན་སུམ་དང་འགལ་བ་མེད་ཅིང་སྔ་ཕྱི་འགལ་བ་ཡང་མེད་དོ། །གཟུགས་རྣམས་ཀྱི་ངེས་པར་འབྱུང་བ་ནི་གཟུགས་མེད་པའོ་ཞེས་བྱ་བའི་རྗེས་སུ་དཔག་པ་ཡང་འགལ་བ་ཡིན་ཏེ། ཚོར་བ་ལ་སོགས་པ་རྣམས་ནི་གཟུགས་ལ་རག་ལས་ཏེ་སྐྱེ་བར་མཐོང་བའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་དེ་ཡིན་ཏེ། ད་ལྟར་གཟུགས་ལས་འདོད་ཆགས་དང་མ་བྲལ་བ་རྣམས་གཟུགས་དང་ལྷན་ཅིག་ཏུ་ལུས་མངོན་པར་འགྲུབ་པ་ནི་མཐོང་ངོ༌། །གཟུགས་ལས་འདོད་ཆགས་དང་བྲལ་བ་རྣམས་ནི་གཟུགས་མེད་བཞིན་དུ་ལུས་མངོན་པར་འགྲུབ་པ་ཡིན་པས་རྗེས་སུ་དཔག་པ་དེ་མི་འཐད་དོ། །ཡང་ན་གཟུགས་ལས་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་བྱ་བར་ཁས་བླང་བར་མི་བྱའམ། ཡང་ན་གཟུགས་ལས་འདོད་ཆགས་དང་བྲལ་བ་དེ་ལ་ཡང་ཕྱིས་གཟུགས་མངོན་པར་འགྲུབ་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ཁས་བླང་བར་བྱ་གྲང་ན། དེ་ཡང་མི་རིགས་ཏེ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་འདི་ཉིད་དུ་རབ་ཏུ་གྲགས་པའི་ཕྱིར་རོ། །འདོད་པ་རྣམས་ལ་རྣམ་པར་སུན་འབྱིན་པར་བྱེད་པ་ན་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ཡིན་ལ། གཟུགས་རྣམས་ལ་རྣམ་པར་སུན་འབྱིན་པར་བྱེད་པ་ན་གཟུགས་རྣམས་ལས་མ་ཡིན་ནོ་ཞེས་བྱ་བའི་རིགས་པ་མེད་པའི་ཕྱིར་རོ། །འཕགས་པ་ལ་ཡང་ཕུང་པོ་མངོན་པར་འགྲུབ་པ་སྦངས་སུ་ཟིན་ཀྱང་ཐར་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཀུན་ཏུ་བསྟེན་ན་ལོངས་སྤྱོད་ཆེན་པོ་ཉིད་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། སེར་སྣ་ཅན་ཡང་ཕྱུག་པོ་ཉིད་ཡིན་པའི་ཕྱིར་དང༌། གཏོང་བ་ཡང་དབུལ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་འདིར་འགལ་བ་ཅི་ཡོད། སེར་སྣ་ཅན་ཡང་ཁ་
ཅིག་གིས་སྔོན་ལན་ཅིག་སྣོད་ཁྱད་པར་ཅན་ལ་ཕུལ་བའི་ཕྱིར་འདི་ལ་ཕྱུག་པོ་ཉིད་ཐོབ་པ་གང་ཡིན་པ་ཐོབ་པ་ཡིན་ནོ། །གཏོང་བ་ཡང་ཁ་ཅིག་གིས་གཞན་དག་ལོངས་སྤྱོད་དང་བྲལ་བས་འདི་ལ་ཕྱུག་པོ་མ་ཐོབ་པ་ཡིན་པས་འབྲས་བུ་འབྱིན་པ་ལ་ནི་དེ་རྣམས་ཀྱི་ལས་སྟོབས་དང་སྟོབས་མེད་པ་ཡིན་པར་བརྟག་པར་བྱའོ། །གང་ཞིག་སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་སྤངས་པའི་གང་ཟག་ཡོད་དོ་ཞེས་བྱ་བ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་འདིར་ལྷ་རྣམས་དགའ་བས་ནི་སྤངས་པའི་དོན་མི་ཤེས་ཏེ། འདིར་དོན་ནི་སྐྱེ་བའི་སྲིད་པ་ལས་འདོད་ཆགས་དང་བྲལ་བ་སྲིད་པ་བར་མ་དོ་ལས་ནི་མ་ཡིན་པའི་གང་ཟག་མེད་དོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟར་ཡང་ཡིན་ཏེ། འདིར་དོན་ནི་གང་ཞིག་སྲིད་པ་བར་མ་དོ་ཁོ་ནའི་ཟག་པ་ཟད་པ་མངོན་སུམ་དུ་བྱེད་པའི་ཕྱིར་མི་འོང་བ་ཁ་ཅིག་རྒྱུད་ཡོངས་སུ་སྨིན་ཅིང་མངོན་པར་ཤེས་པ་མྱུར་བ་ཡིན་པ་དེ་ལ་སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བར་བྱེད་པའི་ཉོན་མོངས་པ་ནི་མི་སྐྱེ་བ་ཁོ་ན་ཡིན་ལ་སྲིད་པ་བར་མ་དོར་ཉིད་མཚམས་སྦྱོར་བར་བྱེད་པ་ནི་སྐྱེ་བ་ཡིན་ཏེ། དེ་ནི་མི་སྐྱེ་བའི་ཆོས་ཉིད་དུ་གནས་པའི་ཕྱིར་སྐྱེ་བའི་སྲིད་པ་ནི་སྤངས་པ་ཞེས་བྱ་ལ། མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལྟར་ན་མི་འགལ་བ་ཡིན་ནོ། །གཞན་དག་ན་རེ། སྤངས་པ་ཞེས་བྱ་བ་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཐོབ་པ་ལ་དགོངས་ནས་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །ཡང་འདིར་བཤད་པ། བར་མ་དོར་ནི་ཟད་པ་ཡི། །ཀུན་ནས་སྦྱོར་བ་གང་དག་གིས། །སྐྱེ་བའི་སྲིད་པར་མཚམས་སྦྱོར་ཏེ། །དེ་ཡི་སོ་སོར་བརྟགས་མིན་པའི། །འགོག་པས་འགགས་ཏེ་དེས་ན་དེའི། །དེ་སྤངས་པ་ཞེས་བྱ་བར་བརྗོད། །གཉིས་པོའི་སོ་སོར་བརྟགས་པ་ཡི། །འགོག་པ་ཅིག་ཅར་ཡིན་པར་འདོད། །ཆང་འཐུང་བ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་ལུང་དང་འགལ་བ་ཡིན་ཏེ། ལུས་ཀྱི་ཉེས་པར་སྤྱད་པའོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ལ་ཡང་རེ་ཞིག་འདི་དཔྱད་པར་བྱ་སྟེ། ཇི་ཙམ་གྱིས་ན་རང་བཞིན་གྱི་
ཁ་ན་མ་ཐོ་བ་དང་བཅས་པའམ། བཅས་པའི་ཁོ་ན་མ་ཐོ་བ་དང་བཅས་པ་ཡིན། གང་ཉོན་མོངས་པ་ཅན་གྱི་སེམས་ཁོ་ནས་སྤྱོད་པ་དེ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ། །གང་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་ཀྱང་སྤྱད་པར་ནུས་བཞིན་དུ་ཉེས་པ་གཞན་སྤང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཅས་པ་དེ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ། །ད་ནི་འདི་དཔྱད་པར་བྱ་སྟེ་ཅི་ཆང་གང་ཞིག་མི་འདོད་བཞིན་དུ་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་སྨན་པའི་ལུང་ལས་སོ་སོར་བརྟགས་ནས་འཐུང་བར་སྲིད་པ་ཡོད་དམ། འོན་ཏེ་མེད། དེས་ཅིར་འགྱུར་ཞེ་ན། གལ་ཏེ་ཡོད་ན་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཇི་ལྟར་ཉེས་པར་སྤྱད་པར་འཐད། འོན་ཏེ་མེད་ན་དེ་ལྟར་འཐུང་བ་ལ་ཇི་ལྟར་ཉོན་མོངས་པ་ཅན་གྱི་སེམས་སུ་འཐད་ཅེ་ན། དེས་གང་ལ་ཆང་ངོ་སྙམ་དུ་རིག་ནས་ངོ་ཚ་མེད་པ་ཉིད་ཀྱིས་ཁ་ན་མ་ཐོ་བ་དང་བཅས་པས་འཐུང་ངམ། ཡང་ན་ཁ་ན་མ་ཐོ་བ་དང་བཅས་པའི་ཆང་ལ་ཁ་ན་མ་ཐོ་བ་མེད་པའོ་སྙམ་དུ་སེམས་ནའོ། །གང་ཞིག་ཚོད་ཟིན་པས་འཐུང་བ་ནི་མྱོས་པར་མི་ནུས་ལ། དེ་ལྟར་ཡང་ཤེས་ནས་འཐུང་བ་གང་ཡིན་པ་དེ་གང་གིས་ན་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་ཏེ། དཔེར་ན་དུག་ཚོད་ཟིན་པར་ཟོས་པ་ནི་དུག་གི་ཉེས་པའི་བྱ་བ་མི་ནུས་པས་ཁ་ན་མ་ཐོ་བ་དང་བཅས་པ་མི་འབྱུང་བ་ལྟ་བུའོ། །དེ་ལྟ་བས་ན་ཆང་འཐུང་བ་ཐམས་ཅད་ཉེས་པར་སྤྱོད་པ་མ་ཡིན་ནོ། །ཆང་འཐུང་བ་རྣམས་ནི་ཕལ་ཆེར་རྒྱགས་པར་བྱ་བའི་ཕྱིར་ཇི་ལྟར་ན་དགའ་བར་འགྱུར་སྙམ་པའམ། བདག་མྱོས་པར་འགྱུར་རོ་སྙམ་དུ་སེམས་བཞིན་དུ་ཆང་འཐུང་སྟེ། དེ་དག་གི་དེ་ནི་ལུས་ཀྱི་ཉེས་པར་སྤྱད་པར་རྣམ་པར་གཞག་སྟེ། ཉོན་མོངས་པ་ཅན་གྱི་སེམས་ཡིན་པའི་ཕྱིར་རོ། །དེ་ལ་དགོངས་པ་ནི་དེ་ཡིན་པར་རིག་པར་བྱའོ། །དེ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཏེ། དགག་པ་བཅས་པ་མེད་ཀྱང་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་བཤད་པའི་རིགས་པ་ལས་ལེའུར་བཅད་པ་གསུམ་པའོ།། །།གྲགས་པའི་སངས་རྒྱས་ཀྱི་གསུང་དང་འགལ་བའི་ཕྱིར་ཐེག་པ་ཆེན་པོ་ནི་སངས་
རྒྱས་ཀྱི་གསུང་མ་ཡིན་ནོ། །དེ་ལྟ་བས་ན་ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བྱ་བ་དེ་ལུང་དང་འགལ་བ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་ཡང་གལ་ཏེ་དེ་ལྟ་བུའི་རང་བཞིན་དང་འགལ་བའི་ཕྱིར་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ན། ཁྱེད་ལ་གྲགས་པའི་སངས་རྒྱས་ཀྱི་གསུང་གང་ཡིན་པ་གཞན་ཡང་དེ་བཞིན་དུ་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འགལ་བའི་ཕྱིར་རོ། །དེ་ལས་ནི་ཁ་ཅིག་ཏུ་ཚོར་བ་ནི་གསུམ་སྟེ། བདེ་བ་དང་སྡུག་བསྔལ་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་དང༌། དེ་བཞིན་དུ་བདེ་བའི་ཚོར་བ་ཚོར་བ་ན་བདེ་བའི་ཚོར་བ་ཚོར་རོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་ལ། ཡང་གང་ཅི་ཚོར་ཡང་རུང་སྟེ། དེ་ནི་འདི་ལྟར་སྡུག་བསྔལ་ལོ་ཞེས་བྱ་བ་དང༌། དེ་བཞིན་དུ་བདེ་བའི་ཚོར་བ་ནི་སྡུག་བསྔལ་ཉིད་དུ་བལྟ་བར་བྱའོ་ཞེས་བྱ་བ་དང༌། དེ་བཞིན་དུ་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེས་གསུངས་པ་དང༌། ཁ་ཅིག་ཏུ་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་དང༌། དེ་བཞིན་དུ། འདི་ན་བདག་གམ་སེམས་ཅན་མེད།། ཆོས་འདི་རྒྱུ་དང་བཅས་ལས་འབྱུང༌། །ཞེས་བྱ་བ་དང༌། སྲིད་པའི་ཡན་ལག་བཅུ་གཉིས་དང༌། །ཕུང་པོ་དང་ནི་སྐྱེ་མཆེད་ཁམས། །དེ་དག་ཐམས་ཅད་རྣམ་ཕྱེ་ན། །གང་ཟག་དམིགས་པ་མ་ཡིན་ནོ། །ཞེས་གསུངས་ལ། ཡང༌། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པ་མཐོ་རིས་ཐོབ་པར་འགྱུར། །ཞེས་བྱ་བ་དང༌། དེ་བཞིན་དུ། སོར་ཕྲེང་ང་ནི་ཀུན་ཏུ་སེམས་ཅན་ཐམས་ཅད་ལ། །དབྱུག་པ་དག་ནི་སྤང་བར་བྱས་ནས་འདུག་པ་ཡིན། །ཞེས་བྱ་བ་དང༌། དེ་བཞིན་དུ་འཇིག་རྟེན་དུ་སྐྱེ་བ་ན་གང་ཟག་གཅིག་སྐྱེའོ་ཞེས་གསུངས་པ་དང༌། ཁ་ཅིག་ཏུ་འདི་ན་ཁ་ཅིག་མཚམས་མེད་པ་ལྔའི་ལས་བྱས་ཤིང་བསགས་པས་ལུས་ཞིག་མ་ཐག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལ་ཡང༌། ཕ་དང་མ་ནི་བསད་བྱས་
ཤིང། །རྒྱལ་པོ་བྲམ་ཟེ་གཙང་སྦྲ་ཅན། །ཡུལ་འཁོར་འཁོར་དང་བཅས་བསད་ན། །བྲམ་ཟེ་སྡིག་པ་མེད་པར་འགྱུར། །ཞེས་གསུངས་པ་ཡིན་ཏེ། དེ་ལྟར་ཕན་ཚུན་འགལ་བའི་ཕྱིར་དང༌། སྔར་བརྒལ་བ་བསྟན་པ་གང་ཡིན་པའི་འགལ་བ་དེའི་ཕྱིར་དེ་ལ་ནི་ཁ་ཅིག་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ། །དེ་ལ་ནི་འགལ་བ་མེད་དེ། འདི་ལྟར་དེ་ནི་ངེས་པའི་དོན་ཡིན་ཏེ། ཀུན་དགའ་བོ་ངས་འདུ་བྱེད་མི་རྟག་པ་ཉིད་དང༌། འདུ་བྱེད་འགྱུར་བ་ཉིད་ལ་དགོངས་ནས་གང་ཅི་ཚོར་ཡང་རུང་སྟེ། དེ་ནི་འདི་ལྟར་སྡུག་བསྔལ་ལོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་དེ་ལྟར་ན་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་པོ་འདི་དག་དང༌། མིག་གི་དབང་པོའི་གཟུགས་དང༌། འདི་སྙེད་ཅིག་ལ་མི་ཉིད་ཅེས་བྱའོ། །འདི་ལ་སེམས་ཅན་དང༌། མིང་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། སྲོག་དང༌། སྐྱེ་བ་པོ་ཞེས་དེ་སྐད་ཅེས་བྱའོ་ཞེས་འབྱུང་བ་དང༌། དེ་བཞིན་དུ། འདི་དག་ཡོད་ན་སེམས་ཅན་མིའམ་ཤེད་ལས་སྐྱེས། །ཤེད་བུ་ཤེས་པར་དེ་སྐད་དག་ཏུ་ཀུན་ཏུ་འདོགས། །དེ་དག་དང་ནི་དེ་བཞིན་གཞན་ཡང་མི་མང་པོ། །ཕུང་པོའི་གཞི་དང་རྒྱུ་ལས་འབྱུང་བར་འགྱུར་བ་ཡིན། །ཞེས་འབྱུང་བ་ཡིན་ནོ། །ཚིགས་སུ་བཅད་བ་ལས་འབྱུང་བ། ཡང་སྲེད་བ་ནི་མ། ལས་ཀྱི་སྲིད་པ་ནི་ཕ་ཞེས་བྱས་ནས་བཤད་དེ། སྐྱེད་པ་པོ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ། ངའོ་སྙམ་པའི་ང་རྒྱལ་ཡིན་ནོ་ཞེས་ཟེར་རོ། །གཞན་དུ་ན་ནི་མདོ་སྡེ་སྔ་མ་དོན་མེད་པར་འགྱུར་རོ། །དེ་ལྟ་བས་ན་མདོ་སྡེ་འདི་དག་དང་གཞན་རྣམས་ནི་དགོངས་པ་ཅན་གྱི་དོན་ཡིན་པའི་ཕྱིར་འགལ་བ་མེད་དོ། །ཐེག་པ་ཆེན་པོ་ལ་ནི་གང་གིས་ན་འགལ་བ་མེད་པར་ངེས་པར་བཟུང་བའི་ངེས་པའི་དོན་ཅུང་ཟད་ཀྱང་མེད་དོ་ཞེ་ན། ཅི་ལྷ་རྣམས་དགའ་བས་ཐེག་པ་ཆེན་པོ་མཐའ་དག་ཤེས་སམ། སྨྲས་པ། མ་ཡིན་ནོ་ཞེ་ན། མཐའ་དག་མི་ཤེས་པས་ངེས་པའི་དོན་མེད་པ་ཉིད་དུ་ཇི་ལྟར་ཤེས། ད་ལྟ་མི་སྣང་བས་དེའི་ཕྱིར་སྤང་བར་བྱར་མི་རུང་ངོ༌། །དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་ད་ལྟར་སངས་རྒྱས་ཀྱི་གསུངས་མཐའ་དག་ནི་མི་སྣང་ངོ༌། །མཐའ་དག་མ་
ཡིན་པར་འདི་ཇི་ལྟར་ཞེ་ན། བླ་མ་ཀུན་དགའ་འོད་སེལ་དང༌། །སྡུག་བསྔལ་ཕུང་སྟོན་ས་སྟོན་དང༌། །འཆར་ཀ་སྟོང་ཉིད་ཆུ་ལས་སྐྱེས། །གང་པོ་ས་འཚོ་ཆུ་ཤིང་དང༌། །མྱ་ངན་འདས་དང་ཡུལ་འཁོར་སྐྱོང༌། །འགྲོ་བའི་མདོ་དང་དེ་བཞིན་གཞན། །ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་པ་ཡིན། །བླ་མའི་མདོ་ལས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་བླ་མ་བཅོམ་ལྡན་འདས་ཀྱི་ཉན་ཐོས་འཛམ་བུའི་གླིང་ན་ཇི་སྙེད་འཁོད་བ་དེ་དག་ཐམས་ཅད་བདག་གིས་སེམས་ཀྱིས་ཁྱབ་པར་བྱས་ཏེ་བརྟགས་ན། བཙུན་པ་བླ་མ་མ་གཏོགས་པར་དགེ་སློང་གཅིག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་མེད་དེ། བཙུན་པ་བླ་མ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོས་ཀྱི་རྣམ་གྲངས་འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། རྗེས་སུ་དཔག་པ་འདིས་ན་དེའི་ཚེ་གཞན་ཡང་མེད་པར་འགྱུར་བ་མངོན་ནོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་ཞིང་འཕགས་པ་ཀུན་དགའ་བོ་ཡང་བཞུགས་བཞིན་དུ་སངས་རྒྱས་ཀྱི་གསུང་མཐའ་དག་མི་སྣང་ན། དེང་སང་ན་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོའི་མདོ་ལས་བཅོམ་ལྡན་འདས་བགྲེས་པའི་གནས་སྐབས་ན་ངའི་བསྟན་པ་ཡང་འཛིན་པར་འགྱུར་རོ་སྙམ་ནས་འཕགས་པ་ཀུན་དགའ་བོ་རིམ་གྲོ་པར་བསྐོས་ཞེས་བྱ་བ་དང༌། དེས་ཀྱང་སྨྲས་པ། བདག་གི་ལོ་ཉི་ཤུ་ལྷག་ཅིག་བཙུན་པ་ལ་རིམ་གོ་བགྱིད་དོ་ཞེས་བྱ་བ་དང༌། དེ་ཉིད་ལས་ཡང་སྨྲས་པ། བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་ནི་བཅོམ་ལྡན་འདས་ལས་བཟུང༌། གཉིས་ནི་དགེ་སློང་དག་ལས་སོ་ཞེས་འབྱུང་བས་དེའི་ཕྱིར་སྔར་བཅོམ་ལྡན་འདས་ཀྱིས་བཤད་པ་གང་ཡིན་པ་དེ་ནི་དེས་མ་བཟུང་བར་ཤེས་པར་བྱའོ། །དེ་ནི་དགེ་སློང་རྣམས་ལས་བཟུང་བ་གང་ཡིན་པ་དེ་ཁོ་ནར་ཟད་དོ་ཞེས་བྱ་བར་རིགས་པ་ནི་མ་ཡིན་ཏེ། དུས་དེ་སྲིད་དུ་བཞི་བཅུ་ཆ་བས་ཀྱང་ཉུང་བའི་ཆོས་བཤད་པ་ནི་མི་རུང་བས་སོ། །གལ་ཏེ་འཕགས་པ་ཀུན་དགའ་བོས་ཐམས་ཅད་རྟོགས་པར་གྱུར་ན་ནི་བླ་མའི་མདོ་ལས་ལྷ་རྣམས་ཀྱི་
དབང་པོ་བརྒྱ་བྱིན་གྱིས་དགེ་སློང་གཅིག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་མེད་དོ་ཞེས་དེ་སྐད་སྨོས་པར་ཡང་མི་འགྱུར་རོ། །དེ་ལྟ་བས་ན་དེ་ཐམས་ཅད་བཟུང་བ་མ་ཡིན་ལ། དེས་སྨྲས་པ་གང་ཡིན་པ་དེ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་ཡང་དག་པར་བསྡུས་པ་ཡིན་ནོ། །དེ་ལྟ་བས་ན་དེང་སང་སངས་རྒྱས་ཀྱི་གསུང་མཐའ་དག་མི་སྣང་ངོ༌། །འོད་སེལ་གྱི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སེལ་གང་གི་ཚེ་ངས་དགེ་སློང་གི་དགེ་འདུན་ལ་རྟ་ཅང་ཤེས་བཞོན་བཟངས་ཀྱིས་ཆོས་ཀྱི་རྣམ་གྲངས་བཤད་པ་དེའི་ཚེ་ཁྱེད་རྣམས་ཉུང་བ་ཡིན་ནོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ༌། །སྡུག་བསྔལ་གྱི་ཕུང་པོ་སྟོན་པ་ལས་བཅོམ་ལྡན་འདས་ཀྱིས་ཤཱཀྱ་མིང་ཅན་ལས་བརྩམས་ནས་བཀའ་སྩལ་པ། དུས་དེ་གཅིག་ན་རྒྱལ་པོའི་ཁབ་རི་བགྲོད་བྱ་ལ་འདུག་པ་ལས། ང་རི་ངོས་ཡངས་པ་གལ་བ་དེར་ཕྱིན་པ་དང་དེ་ན་ངས་གཅེར་བུ་ལག་པ་བསྒྲེང་བ་དག་མཐོང་བ་ནས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བའི་མདོ་སྡེ་ནི་མི་སྣང་ངོ༌། །ས་སྟོན་གྱི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དེ་གཅིག་གི་ཚེ་རྒྱལ་པོའི་ཁབ་རི་བགྲོད་བྱ་ལ་འདུག་གོ །དེ་ནས་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་རབ་ཏུ་མང་པོ་དག་ངག་ལ་བ་དེར་ལྷགས་སོ། །ལྷགས་ནས་ང་ལ་དོན་འདི་ཞེས་བྱ་བ་རྒྱ་ཆེར་འབྱུང་བའི་མདོ་སྡེ་དེ་ནི་མི་སྣང་ངོ༌། །འཆར་ཀའི་མདོ་ལས། ངས་ཚོར་བ་བཞི་བཤད་པའི་རྣམ་གྲངས་ཡོད་དོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ༌། །སྟོང་པ་ཉིད་ཀྱི་མདོ་ལས། འཕགས་པ་ཀུན་དགའ་བོས་སྨྲས་པ། དུས་དེ་གཅིག་ན་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་ན་ཤཱཀྱ་རྣམས་ཀྱི་གྲོང་རྡལ་གྲོང་ཁྱེར་ཞེས་བྱ་བ་ན་བཞུགས་ཏེ་དེ་ནས་བདག་གིས་ཀུན་དགའ་བོ་ད་ནི་ད་ལྟར་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་སོ་ཞེས་བྱ་བ་དེ་ལྟ་བུའི་བཅོམ་ལྡན་འདས་ཀྱིས་བཤད་པ་བདག་གིས་ཤེས་སོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ༌། །ཆུ་ལས་སྐྱེས་པའི་མདོ་ལས། རྒྱལ་པོ་ཆེན་པོ་བདག་གིས་ནི་དགེ་སློང་ངམ་བྲམ་ཟེ་གང་ལ་ལས་ལན་ཅིག་ཤེས་པར་འགྱུར་བའམ་མཐོང་བར་འགྱུར་བ་གང་མ་བྱུང་ཞིང་མི་འབྱུང་ལ། ད་ལྟར་ཡང་མེད་
དེ། གནས་དེ་ཡོད་པ་མ་ཡིན་པ་དེ་ལྟ་བུ་སྨྲས་པ་དྲན་ནོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ༌། །གང་བོའི་མདོ་ལས། གནས་བརྟན་ཀུན་དགའ་བོས་སྨྲས་པ། ཚེ་དང་ལྡན་པ་དག་དགེ་སློང་གནས་བརྟན་བྱམས་མའི་བུ་གང་བོ་ཞེས་བྱ་བ་འབྱུང་བ་གང་གིས་སྔོན་བདག་གསར་བུར་གྱུར་པ་ན་ཞེས་བྱ་བ་ནས། ཟབ་ཅིང་ཟབ་པའི་ཆོས་དང་ལྡན་པའི་གཏམ་འདི་ལྟ་བུ་འདི་བཤད་དོ་ཞེས་རྒྱ་ཆེར་འབྱུང་བའི་མདོ་སྡེ་དེ་མི་སྣང་ངོ༌། །ས་འཚོའི་མདོ་ལས། དབྱར་ཚུལ་གྱིས་སྨྲས་པ། དུས་དེ་གཅིག་ན་དགེ་སློང་གཽ་ཏ་མ་སྒྲ་སྒྲོགས་ན་འོལ་མ་སེ་ཅན་གྱི་ནང་ན་བཞུགས་སོ་ཞེས་བྱ་བ་ནས། དེ་ན་བཅོམ་ལྡན་འདས་གཽ་ཏ་མ་དེས་བདག་ལ་བསམ་གཏན་ཐམས་ཅད་བསྔགས་སོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བ་དེ་ལྟ་བུ་ལ་སོག་པའི་མདོ་སྡེ་དེ་མི་སྣང་ངོ༌། །ཆུ་ཤིང་གི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ན་ངས་དགེ་སློང་རྟེན་ལྔ་རྣམས་ལ་བཀའ་སྩལ་པ། རྟེན་ལྔ་དག་ང་སྔོན་རབ་ཏུ་འབྱུང་བར་རབ་ཏུ་མ་བྱུང་བ་ན་འདི་ལྟར་སློབ་སྟེ། ཁྱིམ་ནི་ཉམ་ངའོ་ཞེས་རྒྱ་ཆེར་འབྱུང་བའི་མདོ་སྡེ་དེ་མི་སྣང་ངོ༌། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། གནས་བརྟན་ཀུན་དགའ་བོས་སྨྲས་པ། ཚེ་དང་ལྡན་པ་མ་འགགས་པ་བདག་གིས་བཅོམ་ལྡན་འདས་ལས་སངས་རྒྱས་བཅོམ་ལྡན་འདས་སྤྱན་དང་ལྡན་པ་དག་བསམ་གཏན་བཞི་བ་ལ་སྙོམས་པར་ཞུགས་ཤིང་མི་གཡོ་བའི་ཞི་བ་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་མངོན་སུམ་དུ་བཟུང་ངོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ༌། །འཕགས་པ་ཡུལ་འཁོར་སྐྱོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་གཟིགས་བས་ལམ་བསྟན་པ་བཤད་པ་ཡིན་ནོ་ཞེས་བྱ་བ་ནས། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནི་རང་གིར་བྱ་བ་མེད་པ་ངོམས་མི་ཤེས་པ་སྲེད་པས་འཁོལ་བ་ཡིན་ནོ་ཞེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ༌། །འགྲོ་བའི་མདོ་ལས། མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། བདག་གིས་བཅོམ་ལྡན་འདས་ལ་ཀུན་དགའ་རབ་ཕུལ་བའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་
འགྱུར་བའི་སེམས་ཅན་ཡོད་དོ་ཞེས་བྱ་བ་ནས། ཡོན་བསྔོ་བ་བྱས་པའི་རྒྱུས་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བའི་མདོ་སྡེ་དེ་མི་སྣང་ངོ༌། །དེ་བཞིན་དུ་མདོ་སྡེ་གཞན་དག་གིས་ཀྱང་མངོན་ཏེ། དཔེར་ན་ཅང་མི་སྨྲ་བའི་མདོ་ལས། མཽད་གལ་གྱི་བུས་སངས་རྒྱས་ཀྱི་གསུང་སྔོན་གསུངས་པ་བསྟན་པ་ལ་མོད་གལ་གྱི་བུ་འདི་ནི་འཕགས་པའི་ཅང་མི་སྨྲ་བ་ཡིན་པས་དེ་ལ་བག་མེད་པར་མ་བྱེད་ཅིག་ཅེས་བྱ་བ་དང༌། གནས་པའི་མདོ་ལས། ཏིང་ངེ་འཛིན་འདི་ནི་འཕགས་པའི་གནས་པ་ཡིན་པས་འདི་ལ་བག་མེད་པར་མ་བྱེད་ཅིག་ཅེས་བྱ་བའི་མདོ་སྡེ་དེ་མི་སྣང་ངོ༌། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པའི་མདོ་གཞན་དག་གི་ནང་ནས་འབྱུང་བའི་མདོ་སྡེ་མང་པོ་རྣམས་ནི་འདོན་པ་ཐ་དད་པར་སྣང་ངོ༌། །དེ་ལྟ་བས་ན་འདི་དག་དང་མདོ་སྡེའི་ཤེས་པར་བྱེད་པ་གཞན་མང་པོ་དག་གིས་ཉན་ཐོས་ཀྱི་ཐེག་པ་ལ་ཡང་ད་ལྟར་སངས་རྒྱས་ཀྱི་གསུང་མཐའ་དག་ནི་མི་སྣང་བར་མངོན་ནོ། །ཡང་དག་པར་བསྡུས་པའི་གཞི་བོ་འོད་སྲུངས་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་རྣམས་ཀྱིས་མཛད་པ་གང་ཡིན་པ་དེ་ཡང་ད་ལྟར་ཉམས་ཏེ། སྡེ་བ་གཞན་དག་ལས་ལུང་དང༌། ལེའུ་དང༌། མདོ་རྣམ་པར་གཞག་པ་ཐ་དད་པའི་ཕྱིར་དང༌། ལུང་དང་ལེའུ་གཞན་ཡང་དག་པར་བསྡུས་པའི་མདོ་རྣམས་ཀྱང་ཡང་སྡེ་པ་དེ་ཉིད་ལས་ཡང་དག་པར་བསྡུས་པའི་ཕྱིར་དང༌། མངལ་དུ་འཇུག་པ་དང༌། དགའ་བྱེད་དང་ཚེའི་མཐའ་ལ་སོགས་པ་ཞེས་བྱ་བ་དག་གིས་མདོ་སིལ་བུ་མི་འགལ་བར་སྣང་བའི་ཕྱིར་རོ། །དེ་ལྟར་ན་ཡང་དག་པར་བསྡུས་པ་ཉམས་ན་ད་ལྟར་སངས་རྒྱས་ཀྱི་གསུང་མཐའ་དག་ཡོད་དོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་པར་ནུས། ཐོས་པ་བརྒྱུད་པ་ལས་ནི་གཅིག་ལས་འཕྲོས་པ་དེ་ཡང་བརྒྱ་ལ་ཐུག་པ་དག་ཅིག་ཡོད་པར་གྱུར་ཞེས་ཐོས་སོ། །དེ་ལྟ་བས་ན་ཐེག་པ་ཆེན་པོ་ལ་ཡང་ད་ལྟར་ངེས་པའི་དོན་གྱི་མདོ་སྡེ་མི་སྣང་བའི་ཕྱིར་ངེས་པའི་དོན་ཉིད་མེད་པར་ངེས་པར་གཟུང་བར་མི་བྱའོ།། །།བམ་པོ་བདུན་པ། ཅི་འདི་བཀྲི་བའི་དོན་ནམ། འོན་ཏེ་སྒྲ་ཇི་བཞིན་གྱི་དོན་ཡིན་ཞེས་དཔྱད་པར་བྱ་སྟེ། ངེས་པའི་དོན་བཤད་པ་མི་སྣང་བར་ཡང་འདི་སྒྲ་ཇི་བཞིན་གྱི་དོན་
མ་ཡིན་ནོ་ཞེས་ཤེས་པར་ནི་མི་ནུས་སོ། །འོན་ཀྱང་དགོངས་པ་ཅན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འགལ་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འདི་ལན་མང་དུ་བསྟན་ལ། ཡང་དེ་ཉིད་ལས་བཤད་པ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་འདོད་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་ལས་འདའ་བར་འདོད་པ་དང༌། ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པ་དང༌། མངོན་པར་ཤེས་པ་དྲུག་ཐོབ་པར་འདོད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང༌། རྣམ་པར་གཡོ་བ་ཤེས་པར་འདོད་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཤེས་པ་ཐམས་ཅད་ཟིལ་གྱིས་མནན་པར་འདོད་པ་དང༌། གཟུངས་དང༌། ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་འདོད་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལ་སྦྱིན་པ་སྦྱིན་པར་བྱེད་པ་ན། རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་གཅིག་གིས་ཟིལ་གྱིས་མནན་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་འབྱུང་བ་དང༌། དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་མངོན་པར་བསྒྲུབ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དཔེ་བྱས་བཟང་པོ་བརྒྱད་ཅུ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་བསྒྲུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་འབྱུང་བ་དང༌། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་སྦྱིན་པ་འདི་ལྟར་བྱིན་ན་ནི་ལོངས་སྤྱོད་ཆེན་པོ་ཉིད་ཀྱི་འབྲས་བུ་འབྱུང་ངོ༌། །དེ་བཞིན་དུ་སྦྱིན་པ་འདི་ལྟར་བྱིན་ན་ནི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་སྐྱེའོ་དེ་བཞིན་དུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེའོ་ཞེས་བྱ་བའི་བར་དུ་འབྱུང་བ་དང༌། དེ་བཞིན་དུ་སེར་སྣའི་སེམས་ཚར་བཅད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །འཆལ་བའི་ཚུལ་ཁྲིམས་ཀྱི་སེམས་འདོར་བར་འདོད་པ་དང༌། གནོད་སེམས་ཀྱི་སེམས་འདོར་བར་འདོད་པ་དང༌། ལེ་ལོའི་སེམས་འདོར་
བར་འདོད་པ་དང༌། རྣམ་པར་གཡེང་བའི་སེམས་འདོར་བར་འདོད་པ་དང༌། འཆལ་བའི་ཤེས་རབ་ཀྱི་སེམས་མི་སྤྲོ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་སྤྱན་ལྔ་བསྐྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ལྔ་གང་ཞེ་ན། ཤའི་སྤྱན་དང༌། ལྷའི་སྤྱན་དང༌། འཕགས་པའི་ཤེས་རབ་ཀྱི་སྤྱན་དང༌། ཆོས་ཀྱི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་ནོ། །དེ་བཞིན་དུ་ཤར་ཕྱོགས་ན་སེམས་ཅན་ལོང་བ་གང་དག་བདག་གི་མཐུས་མིག་གིས་གཟུགས་མཐོང་བར་བྱ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །འོན་པ་རྣམས་རྣ་བས་སྒྲ་ཐོས་པར་བྱ་བ་དང༌། སྨྱོན་པས་དྲན་པ་ཐོབ་པར་བྱ་བ་དང༌། གཅེར་བུ་རྣམས་གོས་ཐོབ་པར་བྱ་བ་དང༌། སེམས་ཅན་བཀྲེས་པ་རྣམས་འགྲངས་པར་བྱ་བ་དང༌། སྐོམ་པ་རྣམས་ངོམ་པར་བྱ་བ་དང༌། ངན་སོང་དུ་སྐྱེས་པ་རྣམས་ངན་སོང་དག་ནས་ཐར་བར་བྱ་ཞིང་མིའི་ལུས་ཐོབ་པར་བྱ་བ་དང༌། ཚུལ་ཁྲིམས་འཆལ་བ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་བྱ་བ་དང༌། མཉམ་པར་མ་བཞག་པ་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པ་དང༌། བདེན་པ་མ་མཐོང་བ་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཉིད་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་འབྱུང་བ་དེ་ལ་སོགས་པ་དང༌། སྡིག་པ་ཐམས་ཅད་སོ་སོར་བཤགས་པ་ལ་སོགས་པ་ཡང་བསྟན་ཏེ། གལ་ཏེ་ངོ་བོ་ཉིད་མེད་པ་ལ་སོགས་པའི་ཚིག་རྣམས་སྒྲ་ཇི་བཞིན་ཁོ་ནའི་དོན་ཡིན་ན། འདི་ཐམས་ཅད་དང་འགལ་བར་འགྱུར་ཏེ། བླང་བར་བྱ་བ་རྣམས་ཅི་ཡང་མེ་དཔའི་ཕྱིར་རྒྱུ་འདི་ལས་འདི་ལྟ་བུར་འགྱུར་རོ་ཞེས་ཡང་དེ་ལྟར་བླང་བ་ནི་རུང་བ་མ་ཡིན་ནོ། །ཡང་ན་དེ་ལྟར་བླང་བར་བྱ་བ་ནི་ཅི་ཞིག་བླང་བར་བྱ་བར་
སེམས། དེ་ལྟ་བས་ན་ཚིག་དེ་རྣམས་ཀྱི་སྒྲ་ཇི་བཞིན་གྱི་དོན་དུ་ངེས་པར་གཟུང་བར་མི་བྱ་སྟེ། མདོ་སྡེ་གཞན་དང་འགལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། དགོངས་པ་ཅན་ཡིན་ནོ། །དཔེར་ན། ཕ་དང་མ་ནི་བསད་བྱས་ཤིང༌། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་དང༌། མ་དང་བྱས་པ་མི་ཤེས་དང༌། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ལ་ངེས་པའི་དོན་བཤད་པ་མེད་པར་ཡང་སྒྲ་ཇི་བཞིན་གྱི་དོན་དུ་ངེས་པར་གཟུང་བར་མི་བྱ་སྟེ། མདོ་སྡེ་གཞན་དང་འགལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། དགོངས་པ་ཅན་ཡིན་ནོ། །ཡང་འདི་འགལ་དུ་ཟིན་ཡང་འགའ་ཞིག་གིས་དེ་ལྟར་བསླུས་པ་མེད་པར་ལྟ་བ་དེ་ལ་བརྟེན་པར་འགྱུར་རམ་སྙམ་ནས་བློ་ཞན་པ་རྣམས་ཆུད་གསན་པའི་ཕྱིར་གཞུང་དུ་བྱས་པ་ཡིན་པར་དེ་ལྟར་ཅི་སྟེ་མི་འདོད། འདི་ལྟར་དེ་ལྟར་སྨྲས་པ་ཡང་དེ་ཐམས་ཅད་མེད་པར་ལྟ་བ་དེ་ལ་མངོན་པར་ཞེན་པ་ཁ་ཅིག་སྣང་བ་ཁོ་ན་ཡིན་ནོ་ཞེ་ན། དེ་ནི་དེ་དག་གི་ཤེས་རབ་ཀྱི་ཉེས་པ་ཡིན་པའམ། སྔོན་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་སྩོགས་པ་དེ་དག་དེ་ལྟར་ཉམས་པ་ཡིན་གྱི། འདི་ནི་ཉམས་པར་བྱེད་པ་མ་ཡིན་ནོ། །འདི་ཇི་ལྟར་ཤེས་ཤེ་ན། གོང་དུ་འགལ་བའི་ཕྱིར་རོ་ཞེས་སྨོས་པ་ཉིད་དང་སྦྱར་རོ། །མདོ་གཞན་ལས་གང་དག་དེ་བཞིན་གཤེགས་པས་གསུངས་པའི་དོན་དང༌། ཚིག་དང་ཡི་གེ་ཟབ་མོ་དག་རྟོགས་པར་ཁོང་དུ་ཆུད་པར་བྱེད། དགོངས་པ་རྟོགས་པར་བྱེད། རྗེས་སུ་མཐུན་པར་བྱེད། མི་མཐུན་པར་མི་བྱེད། སྦྱོར་བར་བྱེད། གནོད་པར་མི་བྱེད། དོན་རྟོགས་པར་ཁོང་དུ་ཆུད་པར་བྱེད་ཀྱི། ཚིག་འབྲུའི་རྗེས་སུ་རྒྱུག་པར་མི་བྱེད་པ་དེ་དག་ལ་ཡོན་ཏན་འདི་དག་དང་བདེ་བས་ལྷག་པ་དག་འབྱུང་བར་རིག་བར་བྱའོ་ཞེས་གསུངས་པ་ཡང་ཡིན་ཏེ། གང་ཞིག་སྒྲ་ཇི་བཞིན་གྱི་དོན་དུ་འཛིན་པར་བྱེད་པ་ཉིད་ཀྱིས་སེམས་ཅན་ཆུད་གསན་པར་ཞུགས་པ་དེ་ལ་ནི་འདི་འགལ་བ་ཡིན་ཏེ། ཇི་ལྟར་ན་སྒྲ་ཇི་བཞིན་གྱི་དོན་དུ་ཡང་གཟུང་བར་བྱ་ཞིང་དགོངས་པ་ཡང་རྟོགས་པར་བྱ་བ་དང༌། སྔ་ཕྱི་སྦྱོར་བར་བྱ་བ་ཉིད་དུ་ཡང་བསྟན་པར་འགྱུར། དེ་ཉིད་ལས་ཀྱང་ཚངས་པ་གཞན་ཡང་དེ་བཞིན་གཤེགས་པ་ནི་དགོངས་པའི་རྣམ་གྲངས་ཀྱིས་རྟག་པ་གསུངས་པ་ཡིན་བར་ཉིད་
ཞལ་གྱིས་འཆེ་བར་མཛད། ཀུན་ནས་ཉོན་མོངས་པ་གསུང་བ་དང༌། ཆད་པ་གསུང་བ་དང༌། མི་བྱ་བ་གསུང་བ་དང༌། ལོག་པར་ལྟ་བ་ཅན་དང༌། མ་དད་པ་དང༌། བྱ་བ་མི་ཤེས་པ་དང༌། ཁྱིམ་འབུགས་པ་དང༌། སྐྱུག་བ་ཟ་བ་དང༌། གོ་སྐབས་བཅོམ་པ་ཡིན་པ་ཉིད་ཞལ་གྱིས་འཆེ་བར་མཛད་ཀྱང་དེ་བཞིན་གཤེགས་པ་ནི་བསྟན་པ་དེ་དག་ལ་མེད་ཅིང་མི་སྣང་སྟེ། དེ་ནི་དེ་བཞིན་གཤེགས་པས་དགོངས་ནས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་དགོངས་པ་གང་གིས་སེམས་ཅན་མངོན་པའི་ང་རྒྱལ་གཏོང་བའི་དགོངས་པ་དེ་དག་སྟོན་པར་མཛད་པ་ཡིན་ནོ། །ཚངས་པ་དེ་ལྟར་ན་དེ་བཞིན་གཤེགས་པ་ནི་དགོངས་ནས་ཆོས་སྟོན་པར་མཛད་པ་ཡིན་པས་དེ་ལ་བྱང་ཆུབ་སེམས་དཔས་སྒྲ་ཐམས་ཅད་ལ་སྐྲག་བར་མི་བྱའོ་ཞེས་གསུངས་པ་འདི་ཡང་གལ་ཏེ་བསྟན་པ་ལ་སྒྲ་ཇི་བཞིན་གྱི་དོན་མ་ཡིན་པ་ཉིད་དུ་མི་འདོད་ན་འགལ་བ་ཡིན་ནོ། །ཡང་ན་འདོད་ན་ནི་ཇི་ལྟར་ན་ཆུད་གསན་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་གཞུང་དུ་བྱས་པ་ཡིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་རྣམས་ནི་མགོ་གཅིག་ཏུ་སྨྲ་བ་ཡིན་ཞིང་གདུང་བ་མེད་པར་སྨྲ་བ་ཡིན་ནོ། །བཞི་བོ་གང་དག་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་མགོ་གཅིག་ཏུ་ཆོས་ཐམས་ཅད་གང་ཟག་མེད་པར་སྨྲ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མགོ་གཅིག་ཏུ་སྐྱེ་བ་ཐམས་ཅད་ཀྱི་སྐྱེ་མཆེད་རྣམས་ལ་མངོན་པར་དགའ་བ་མེད་པར་སྨྲ་བ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ནི་མགོ་གཅིག་ཏུ་ཐེག་པ་ཆེན་པོའི་བསྔགས་པ་སྨྲ་བ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ནི་མགོ་གཅིག་ཏུ་དགེ་བ་དང༌། མི་དགེ་བའི་ལས་རྣམས་ཆུད་མི་ཟ་བར་སྨྲ་བ་ཡིན་ནོ་ཞེས་གསུངས་པའི་གསུང་འདི་ཡང་མེད་བར་ལྟ་བ་འཛིན་དུ་འཇུག་པ་ལ་འགལ་བ་ཡིན་ནོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། ཡོད་པའང་མ་ཡིན་མེད་པའང་མིན་ཏེ་ཆོས་འདི་ཀུན། །རྒྱུ་ལ་བརྟེན་ནས་འབྱུང་ཡིན་འདི་ལ་བདག་མེད་ཅིང༌། །བྱེད་པ་པོའམ་ཚོར་བ་པོ་མེད་དགེ་དང་མི་དགེ་ཡི། །ལས་ནི་ཅི་ཡང་ཆུད་མི་ཟ་བར་གསུངས་པ་ལགས། །ཞེས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དཀོན་མཆོག་འབྱུང་གནས་ཀྱིས་བསྟོད་པ་སྦྱར་བ་འདི་ཡང་འགལ་བར་འགྱུར་རོ། །ཀུན་ཏུ་སྣང་བའི་མདོ་སྡེ་ལས་ཀྱང༌། སྒྲ་ཇི་བཞིན་གྱི་དོན་དུ་འཛིན་ན་ཉེས་པ་ལྔ་ཡོད་དོ། །ལྔ་གང་ཞེ་ན། མི་མོས་པའི་གནས་སུ་འགྱུར་བའི་ཉེས་པ་དང། བཙལ་བ་ཉམས་པའི་ཉེས་པ་དང༌། གཞན་ལ་སླུ་བར་བྱེད་པའི་ཉེས་པ་དང༌། སྟོན་པ་ལ་སྐུར་བ་འདེབས་པའི་ཉེས་པ་དང༌། ཆོས་སྤོང་བར་བྱེད་པའི་ཉེས་པའོ་ཞེས་རང་གི་སྒྲས་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལེགས་པར་རྣམ་པར་བྱང་བ་རྟོགས་པས་ཀྱང༌། སྒྲ་བཞིན་དོན་ནི་ཀུན་ཏུ་བརྟགས་པ་ན། །རང་དགའ་དག་གིས་བློ་ནི་ཉམས་འགྱུར་ལ། །ལེགས་བར་གསུངས་ལ་སྐུར་ཅིང་སྨད་པར་འགྱུར། །ཆོས་ལ་ཁོང་ཁྲོ་སྒྲིབ་པར་འགྱུར་བ་ཡིན། །ཞེས་གསུངས་པ་དེ་དང་ཡང་འགལ་བར་འགྱུར་རོ། །ཐེག་པ་ཆེན་པོའི་མདོ་དད་པ་ཆེན་པོ་སྐྱེ་བ་ལས་ཀྱང༌། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པས་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་ན་ཐེག་པ་ཆེན་པོ་ལ་དད་པའི་འབྱུང་གནས་སུ་མི་འགྱུར་རོ། །དགོངས་པ་ཅན་གྱི་དོན་ནི་སྒྲ་ཇི་བཞིན་མ་ཡིན་པར་ཚུལ་བཞིན་ཡིད་ལ་བྱེད་ན་ཐེག་པ་ཆེན་པོ་ལ་དད་པའི་འབྱུང་གནས་སུ་འགྱུར་རོ། །རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པས་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་ན། ལྟ་བ་བཟང་པོ་མ་ཡིན་བ་ཉི་ཤུ་རྩ་བརྒྱད་སྐྱེ་སྟེ། འདི་ལྟ་སྟེ། མཚན་མར་ལྟ་བ་དང༌། ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་དང༌། ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། ཀུན་ནས་ཉོན་མོངས་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པའི་ལྟ་བ་དང༌། སྦྱོར་བ་གཏོང་བའི་ལྟ་བ་དང༌། ཡོངས་སུ་འཛིན་པའི་ལྟ་བ་དང༌། བསྒྱུར་བའི་ལྟ་བ་དང༌། ངེས་པར་འབྱིན་བ་མ་ཡིན་བའི་ལྟ་བ་དང༌། ཁ་ན་མ་ཐོ་བ་མེད་པ་ཉིད་དུ་ལྟ་བ་དང༌། ངེས་པར་འབྱུང་བར་ལྟ་བ་དང༌། སྒྲིབ་བ་ལ་སོགས་པའི་ལྟ་བ་དང༌། བརྙས་པའི་ལྟ་བ་དང༌། འཁྲུག་པའི་ལྟ་བ་དང༌། བསོད་ནམས་མ་ཡིན་པ་སྐྱེད་པའི་ལྟ་བ་དང༌། ཕྱིན་ཅི་ལོག་གི་ལྟ་བ་དང༌། ང་ལ་
བ་འབྲས་བུ་མེད་པའི་ལྟ་བ་དང༌། སྐྱེད་པའི་ལྟ་བ་དང༌། སླུ་བའི་ལྟ་བ་དང༌། ཁས་མི་ལེན་པའི་ལྟ་བ་དང༌། ངན་གཡོའི་ལྟ་བ་དང༌། ཚར་གཅོད་པའི་ལྟ་བ་དང༌། བཀུར་སྟིར་ལྟ་བ་དང༌། སྐུར་པའི་ལྟ་བ་དང༌། རྨོངས་པ་ཉིད་ཚབས་ཆེ་བའི་ལྟ་བ་དང༌། ཁ་ན་མ་ཐོབ་ཉིད་ཀྱི་ལྟ་བ་དང། ལྟ་བ་ཆེན་པོ་དང༌། མངོན་བའི་ང་རྒྱལ་གྱི་ལྟ་བའོ། །རིགས་ཀྱི་བུ་དེ་ལ་མཚན་མར་ལྟ་བ་གང་ཞེ་ན། ངས་ཀུན་ཏུ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་ལ་དགོངས་ནས་ཆོས་རྣམས་ཀྱི་མེད་བ་ཉིད་བསྟན་པ་གང་ཡིན་པ་དེ་ལ་སྒྲ་ཇི་བཞིན་གྱི་དོན་དུ་མངོན་པར་ཞེན་ཅིང་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང༌། རྣམ་པར་བྱང་བའི་ཆོས་རྣམས་ལ་ཡང་མེད་པ་ཉིད་དུ་མངོན་པར་ཞེན་པ་ན་མེད་པ་ཉིད་དུ་མཚན་མར་བཟུང་ནས་མེད་པར་ལྟ་བ་འབྱུང་བ་སྟེ། དེ་ལྟ་བས་ན་མཚན་མར་ལྟ་བ་ཞེས་བྱའོ། །དེ་ལ་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པར་ལྟ་བ་དེ་ལ་མངོན་པར་ཞེན་པ་ནི་ལྟ་བ་མ་ཡིན་པའི་འདུ་ཤེས་འབྱུང་བ་ཡིན་ནོ། །མེད་པར་ལྟ་བ་གང་ཡིན་པ་དེ་ནི་དེའི་ལྟ་བ་ཆེན་པོ་ཡིན་ཏེ། དེ་ལྟ་བས་ན་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ཞེས་བྱའོ། །དེ་ལ་ཐ་སྙད་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། ཀུན་ནས་ཉོན་མོངས་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང༌། དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པའི་ལྟ་བ་ནི་མཚན་མར་ལྟ་བ་དེས་ཐམས་ཅད་ལ་སྐུར་པ་འདེབས་པ་ན་ཐ་སྙད་ལ་སྐུར་པ་འདེབས་བར་ལྟ་བ་ལ་ཡང་མངོན་པར་ཞེན་པར་བྱེད། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་ལ་ཡང་མངོན་པར་ཞེན་པར་བྱེད། དེ་ཁོ་ན་ཉིད་ལ་སྐུར་པ་འདེབས་པའི་ལྟ་བ་ལ་ཡང་མངོན་པར་ཞེན་པར་བྱེད་དོ། །དེ་ལྟ་བས་ན་ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་ཞེས་ཀྱང་བྱའོ། །ཀུན་ནས་ཉོན་མོངས་པ་ལ་སྐུར་བ་འདེབས་པའི་ལྟ་བ་ཞེས་ཀྱང་བྱའོ། །དེ་ཁོ་ན་ཉིད་ལ་སྐུར་བ་འདེབས་པའི་ལྟ་བ་ཞེས་ཀྱང་བྱའོ། །དེ་ལ་སྦྱོར་བ་གཏོང་བའི་ལྟ་བ་ནི་སྐུར་པ་འདེབས་པའི་ལྟ་བ་ཅན་དེ་ཉིད་ཕྱིས་གང་གིས་ཁྱད་པར་དུ་འགྲོ་བ་ལས་ཡོངས་སུ་ཉམས་བར་འགྱུར་བ་རབ་ཏུ་རྣམ་པར་འབྱེད་པའི་སྦྱོར་བ་གཏོང་བའོ། །དེ་ལ་ཡོངས་སུ་འཛིན་པའི་ལྟ་བ་ནི་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་
བ་དང༌། སྐུར་བ་འདེབས་པའི་ལྟ་བ་དང༌། སྦྱོར་བ་གཏོང་བའི་ལྟ་བ་ཅན་དེ་ཉིད་གཞན་དག་དང་ལྷན་ཅིག་ཏུ་ཆོས་ཀྱི་མཚན་ཉིད་རྣམ་པར་གཏན་ལ་དབབ་པར་བྱེད་པ་ན་མེད་པའི་ཕྱོགས་ཁོ་ནར་ཡོངས་སུ་འཛིན་པས་ན་དེ་ལྟ་བས་ན་ཡོངས་སུ་འཛིན་པའི་ལྟ་བ་ཞེས་བྱའོ། །དེ་ལ་སྒྱུར་བའི་ལྟ་བ་ནི་གལ་ཏེ་ཐེག་པ་ཆེན་པོའི་མདོ་སྡེའི་དོན་གྱི་བསྔགས་པ་བརྗོད་པ་ན་འདི་དག་ཐམས་ཅད་ནི་མེད་པའི་དོན་སྟོན་པ་ཡིན་ནོ་ཞེས་དོན་དེ་དག་ལྟ་བ་དེ་ཁོ་ནར་སྒྱུར་བར་བྱེད་པ་ཡིན་ཏེ། དེ་ལྟ་བས་ན་སྒྱུར་བའི་ལྟ་བ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལ་ངེས་པར་འབྱིན་པ་མ་ཡིན་པའི་ལྟ་བ་ནི་ཡོངས་སུ་འཛིན་པའི་ལྟ་བ་གང་ཡིན་པ་དང༌། སྒྱུར་བའི་ལྟ་བ་གང་ཡིན་པ་དེ་ནི་བདག་གམ་གཞན་གྱི་ཕྱིར་རེ་ཞིག་ཐེག་པ་དམན་པས་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱིན་པ་མ་ཡིན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྟ་ཅི་སྨོས་པ་སྟེ། དེ་ལྟ་བས་ན་ངེས་པར་འབྱིན་པ་མ་ཡིན་པའི་ལྟ་བ་ཞེས་བྱའོ། །དེ་ལ་ཁ་ན་མ་ཐོབ་མེད་པ་ཉིད་དུ་ལྟ་བ་ནི། དེ་མེད་པའི་མཚན་མ་ཉིད་དུ་ལྟ་བར་གྱུར་ནས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག་ལྟ་བ་འདི་དང་ལྡན་ན་འཁྲུལ་བའི་ཉེས་བྱས་ཅུང་ཟད་སྤྱད་ཀྱང་དེ་ལ་ཐམས་ཅད་དུ་ཁ་ན་མ་ཐོ་བར་མི་འགྱུར་བར་ལྟ་བ་འབྱུང་བ་སྟེ། དེ་བས་ན་ཁ་ན་མ་ཐོ་བ་མེད་པ་ཉིད་དུ་ལྟ་བ་ཞེས་བྱའོ། །དེ་ལ་ངེས་པར་འབྱུང་བར་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་འདི་སྙམ་དུ་མེད་པའི་མཚན་མར་ལྟ་བ་འདི་ནི་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ཐམས་ཅད་ལས་ངེས་པར་འབྱུང་བ་ཡིན་ནོ་སྙམ་དུ་སེམས་པ་གང་ཡིན་པ་སྟེ། དེ་ངེས་པར་འབྱུང་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ངེས་པར་འབྱུང་བར་ལྟ་བ་ཞེས་བྱའོ། །ཁ་ན་མ་ཐོ་བ་ཉིད་དང༌། ངེས་པར་འབྱུང་བར་ལྟ་བདག་ཉིད་སྒྲིབ་པ་ལ་སོགས་པའི་ལྟ་བ་ཡིན་ཏེ། སྒྲིབ་པའི་རྒྱུ་དེ་ལ་དེའི་གཉེན་པོ་ཡིན་པར་བློ་འབྱུང་བའི་ཕྱིར་རོ། །དེ་ལ་བརྙས་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་ཉན་ཐོས་ཀྱི་ཐེག་པ་ལ་ཆོས་འདི་དག་ནི་བྱང་ཆུབ་སེམས་དཔའ་གོམས་བར་མི་བྱའོ། །ཆོས་འདི་དག་ནི་དམན་པ་ཡིན་པས་འདི་དག་ལ་བྱང་
ཆུབ་སེམས་དཔས་མཁས་བ་ཉིད་དུ་མི་བྱའོ། །ཆོས་འདི་དག་ནི་བྱང་ཆུབ་སེམས་དཔས་ཐག་རིང་དུ་སྤང་བར་བྱའོ་ཞེས་བརྙས་པའི་སེམས་སྐྱེ་བ་གང་ཡིན་པ་སྟེ། དེ་ལྟ་བས་ན་བརྙས་པའི་ལྟ་བ་ཞེས་བྱའོ། །དེ་ལ་འཁྲུག་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དེ་དག་ལ་འདི་དག་དང་ལྷན་ཅིག་གནས་པར་མི་བྱ། གླེང་བ་དང༌། ཀུན་ཏུ་གླེང་བ་དང༌། སྨྲ་བ་དང༌། གོས་ལ་སོགས་པ་ཀུན་ཏུ་སྤྱད་པ་དང༌། ལོངས་སྤྱད་པར་མི་བྱའོ་ཞེས་ཁོང་ཁྲོ་བའི་སེམས་སྟོན་པ་གང་ཡིན་པ་དེ། དེ་ལྟ་བས་ན་འཁྲུག་པའི་ལྟ་བ་ཞེས་བྱའོ། །དེ་ལ་བསོད་ནམས་མ་ཡིན་པ་སྐྱེད་པའི་ལྟ་བ་ནི་དེ་ཉིད་བརྙས་པའི་ལྟ་བ་དང༌། འཁྲུག་པའི་ལྟ་བ་ཅན་དུ་གྱུར་ན་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་པ་ཡིན་ཏེ། དེ་ལྟ་བས་ན་བསོད་ནམས་མ་ཡིན་པ་སྐྱེད་པའི་ལྟ་བ་ཞེས་བྱའོ། །དེ་ལ་ཕྱིན་ཅི་ལོག་གི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་གང་གིས་ན་དེའི་ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམ་པ་དེ་མི་འགྲུབ་པ་སྟོང་པ་ཉིད་ལ་སྟོང་པ་ཉིད་དུ་མི་རྟོག་པ་དང༌། མཚན་མ་མེད་པ་ལ་མཚན་མ་མེད་པ་ཉིད་དུ་མི་རྟོག་པ་དང༌། སྨོན་པ་མེད་པ་ལ་སྨོན་པ་མེད་པ་ཉིད་དུ་མི་རྟོག་པ་གང་ཡིན་པ་སྟེ། དེ་ལྟ་བས་ན་ཕྱིན་ཅི་ལོག་གི་ལྟ་བ་ཞེས་བྱའོ། །དེ་ལ་ངལ་བ་འབྲས་བུ་མེད་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་གི་ལྟ་བ་ཅན་དེའི་ཏིང་ངེ་འཛིན་བསྒོམ་པ་ངལ་བ་འབྲས་བུ་མེད་པ་གང་ཡིན་པ་སྟེ། དེ་ལྟ་བས་ན་ངལ་བ་འབྲས་བུ་མེད་བའི་ལྟ་བ་ཞེས་བྱའོ། །དེ་ལ་སྐྱེད་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་འདི་ལྟར་བྱང་ཆུབ་སེམས་དཔའ་གང་ལྟ་བ་དེ་ལ་སྐྱེ་བོའི་ཚོགས་ཆེན་པོ་ཡང་དག་བར་ལེན་དུ་འཇུག་ཅིང་སྐྱེ་བོའི་ཚོགས་ཆེན་པོ་དད་པར་བྱེད་པ་དེ་ནི་བསོད་ནམས་མང་པོ་སྐྱེད་པ་ཡིན་ནོ་ཞེས་ལྟ་བ་འབྱུང་བ་གང་ཡིན་པ་སྟེ། དེ་ལྟ་བས་ན་སྐྱེད་པའི་ལྟ་བ་ཞེས་བྱའོ། །དེ་ལ་སླུ་བའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་སྐྱེས་པའི་ལྟ་བ་ཅན་བསོད་ནམས་ཀྱི་བསམ་པ་ཅན་དེ་བདག་གམ་གཞན་ལས་བསོད་ནམས་སླུ་བ་འབྱུང་བ་གང་ཡིན་པ་སྟེ། དེ་ལྟ་བས་
ན་སླུ་བའི་ལྟ་བ་ཞེས་བྱའོ། །དེ་ལ་ཁས་མི་ལེན་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་འདི་སྙམ་དུ་བདག་གིས་ཆོས་ཐམས་ཅད་མེད་པ་ཉིད་འདི་ལ་གཞན་དག་དང་རྩོད་བར་བྱེད་པ་ན་ཡང་ཕྱོགས་འགའ་ཡང་ཁས་བླངས་བར་མི་བྱ་ཞིང༌། བདག་གིས་སུན་ཅི་ཕྱིན་བ་འབའ་ཞིག་བྱའོ་སྙམ་དུ་སེམས་པ་གང་ཡིན་པ་སྟེ། དེ་ལྟ་བས་ན་ཁས་མི་ལེན་པའི་ལྟ་བ་ཞེས་བྱའོ། །དེ་ལ་ངན་གཡོའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་བ་མཚན་མར་ལྟ་བ་ཅན་ཕྱོགས་ཁས་མི་ལེན་ཅིང་སྒྲ་ཇི་བཞིན་གྱི་མེད་པ་ཉིད་དེ་རྣམ་པར་འཇོག་པ་དེ་ཉིད་ཚིག་དོར་བ་དང༌། ལྟག་ཆོད་སྨྲ་བའི་སྦྱོར་བ་བྱེད་དོ། །ཚིག་དོར་བ་དང་ལྟག་ཆོས་སྨྲ་བའི་སྦྱོར་བ་ནི་ངན་གཡོ་སྨྲ་བ་ཞེས་བྱ་བ་སྟེ། དེ་ལྟ་བས་ན་ངན་གཡོའི་ལྟ་བ་ཞེས་བྱའོ། །དེ་ལ་ཚར་གཅད་པའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་ཁས་མི་ལེན་བའི་ལྟ་བ་དང༌། ངན་གཡོའི་ལྟ་བ་ཅན་དེ་ཉིད་སྨྲ་བ་སྙིང་པོ་མེད་པའི་ཕྱིར་མཁས་པ་རྣམས་ཀྱིས་དུས་ཐམས་ཅད་དུ་ཚར་གཅད་པ་ཡིན་ཏེ། དེ་ལྟ་བས་ན་ཚར་གཅད་པའི་ལྟ་བ་ཞེས་བྱའོ། །དེ་ལ་བཀུར་སྟིའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་འདི་ལྟར་གང་ཞིག་དེ་བཞིན་གཤེགས་པས་གསུངས་པའི་ལྟ་བ་འདི་ལ་བརྟེན་པ་ནི་སྟོན་པ་ལ་བཀུར་སྟི་བྱེད་པ་ཡིན། བླ་མར་བྱེད་པ་ཡིན། རི་མོར་བྱེད་པ་ཡིན། མཆོད་པར་བྱེད་བ་ཡིན་ནོ་ཞེས་བྱ་བར་ལྟ་བ་འབྱུང་སྟེ། བཀུར་སྟི་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་བཀུར་སྟིའི་ལྟ་བ་ཞེས་བྱའོ། །དེ་ལ་སྐུར་བའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་བཀུར་སྟིའི་ལྟ་བ་ཅན་དེ་ཉིད་དེ་བཞིན་གཤེགས་བ་ལ་སྐུར་པ་འདེབས་པར་བྱེད་པ་གང་ཡིན་པ་སྟེ། བཀུར་སྟི་མི་བྱེད་པ་འབའ་ཞིག་ནི་མ་ཡིན་ནོ། །དེ་ལྟ་བས་ན་སྐུར་པའི་ལྟ་བ་ཞེས་བྱའོ། །དེ་ལ་རྨོངས་པ་ཉིད་ཚབས་ཆེ་བའི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་མེད་པའི་མཚན་མར་ལྟ་བ་ཅན་དེ་ཉིད་བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་མངོན་པར་མ་ཞེན་པ་ལྟ་བ་ཕྱིན་ཅི་མ་ལོག་པ་གཞན་རྣམས་ཀྱི་རིགས་པ་ཡང་དག་པར་བསྟན་པ་ཡང་བྱས། རྣམ་པ་དུ་མར་བཟློག་པ་ཡང་བྱས་བཞིན་དུ་
ལྟ་བ་དེ་ལས་བཟློག་པར་མི་ནུས་པ་གང་ཡིན་པ་སྟེ། དེ་ལྟ་བས་ན་རྨོངས་བ་ཉིད་ཚབས་ཆེ་བའི་ལྟ་བ་ཞེས་བྱའོ། །དེ་ལ་ཁ་ན་མ་ཐོ་བ་ཉིད་ཀྱི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་རྨོངས་པ་ཉིད་ཚབས་ཆེ་བའི་ལྟ་བ་དེ་ཉིད་ཁ་ན་མ་ཐོ་བ་ཉིད་ཀྱི་ལྟ་བ་ཞེས་བྱའོ། །དེ་ལ་ལྟ་བ་ཆེན་པོ་ནི་ལྟ་བ་ཉི་ཤུ་རྩ་དྲུག་པོ་འདི་ཐམས་ཅད་ལྟ་བ་ཆེན་པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལྟ་བ་འདི་ཇི་ལྟ་བུ་ཡིན་པ་ལྟར་འཇིག་ཚོགས་ཀྱི་ལྟ་བའི་གཞི་ཅན་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་དག་ནི་དེ་ལྟར་ཁ་ན་མཐོ་བ་ཆེན་པོ་དང་བཅས་བ་མ་ཡིན་ནོ། །དེ་ལྟ་བས་ན་ལྟ་བ་ཆེན་པོ་ཞེས་བྱ་སྟེ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་ནས་འདི་ལྟར་ལྟ་བ་ཅན་མེད་པར་ལྟ་བ་སྟོན་པར་བྱེད་པ་ན། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་དུས་ཚད་མེད་པར་སྒྲིབ་བ་ཡོངས་སུ་འཛིན་པར་བྱེད་པ་དང༌། འཇིག་རྟེན་ཀུན་ཏུ་སྦྱོར་བར་བྱེད་པ་དེ་ལྟར་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་གྱི་ལྟ་བའི་རྣམ་པ་དག་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་དང་འཇིག་རྟེན་ཀུན་ཏུ་སྦྱོར་བར་མི་བྱེད་དོ། །དེ་ལ་མངོན་པའི་ང་རྒྱལ་གྱི་ལྟ་བ་ནི་ལྟ་བ་ཆེན་པོ་དེ་ཉིད་ལ་མངོན་པའི་ང་རྒྱལ་གྱི་ལྟ་བ་ཅན་ཞེས་བྱ་སྟེ། ཐེག་པ་ཆེན་པོའི་ཆོས་རྣམས་ལ་སྒྲ་ཇི་བཞིན་གྱི་དོན་དུ་མངོན་པའི་ང་རྒྱལ་བྱེད་པ་ན་ལོག་པའི་ལྟ་བ་འདི་འབྱུང་བས་སོ། །དེ་ལྟ་བས་ན་མངོན་པའི་ང་རྒྱལ་ཞེས་བྱའོ་ཞེས་གསུངས་སོ། །དེ་ལྟ་བས་ན་ཐེག་པ་ཆེན་པོ་ནི་དགོངས་པ་ཅན་གྱི་དོན་ཡིན་པའི་ཕྱིར་ཉམས་པར་བྱེད་པའི་གཞུང་དུ་བྱས་པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་ཞེ་ན། ལྟ་བ་མི་བཟང་བ་བཀག་པའི་ཕྱིར་རོ། །ཇི་ལྟར་བཀག་པའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་འོངས་ནས་འདི་སྐད་དུ། ཆོས་དེ་ནི་ནམ་མཁའ་དང་འདྲ་སྟེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་དོ། །ཆོས་དེ་ནི་མེད་པ་སྟེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་དོ། །ཆོས་དེ་ནི་ཡོད་པ་མ་ཡིན་པ་སྟེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་
ཉིད་ཡིན་པ་འདི་ལ་སུ་ཞིག་ཤེས་པར་འགྱུར། འདི་ལ་སུ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དེས་སུ་ཡང་ངེས་པར་འབྱིན་པར་མི་བྱེད་དེ། གང་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པ་དང༌། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་དེ་ཐམས་ཅད་ནི་ནམ་མཁའ་དང་འདྲ་བ་ཡིན་པས་ཁྱོད་དོན་མེད་པས་རྣམ་པར་ཉམས་སོ། །འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཏུ་མངོན་བར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་བྱ་བ་འདི་ནི་བདུད་ཀྱིས་བསྟན་པ་ཡིན་གྱི། དེ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་འདུན་པ་ཟློག་པར་བྱེད་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་འདི་ནི་བདུད་ཀྱི་ལས་ཡིན་ནོ་ཞེས་དེ་ལྟར་ཤེས་བར་བྱ་ཞིང་དེ་ལྟར་རིག་པར་བྱའོ་ཞེས་འབྱུང་བ་ཡིན་ནོ། །གལ་ཏེ་ཐེག་པ་ཆེན་པོ་མེད་པར་ལྟ་བ་འཛིན་དུ་འཇུག་པའི་ཕྱིར་གཞུང་དུ་བྱས་པ་ཡིན་ན་འདི་ནི་བདུད་ཀྱི་ལས་ཡིན་ནོ་ཞེས་མེད་པར་ལྟ་བ་དེ་བཀག་པར་མི་འགྱུར་བ་ཞིག་གོ །ཅིའི་ཕྱིར་གཞན་དུ་དོན་དམ་པ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་གཞན་དུ་བདུད་ཀྱི་ལས་ཞེས་བསྟན་ཞེ་ན། དགོངས་པ་ཅན་གྱི་དོན་ལ་དགོངས་ནས་དོན་དམ་པ་ཞེས་གསུངས་ལ། སྒྲ་ཇི་བཞིན་གྱི་དོན་ལ་དགོངས་ནས་བདུད་ཀྱི་ལས་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་མི་དགེ་བའི་ལས་ཀྱི་ལམ་དགག་པར་ཡང་འབྱིན་པ་ནི་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལོག་པར་ལྟ་བ་ལན་མང་དུ་བཀག་པ་ཡིན་ཏེ་དེས་ན། གང་ཞིག་ཐམས་ཅད་མེད་དོ་ཞེས་བྱ་བ་འཛིན་དུ་གཞུག་པར་ཞུགས་པ་དེ་ཇི་ལྟར་ན་བྱིན་པ་ནི་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འགོག་པར་བྱེད་དེ། དེའི་ཕྱིར་ན་ཡང་འདི་ལྟ་བ་བཟང་པོ་མ་ཡིན་པ་འཛིན་དུ་གཞུག་པའི་ཕྱིར་ཉམས་པར་བྱེད་པའི་གཞུང་དུ་བྱས་པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་ཞེ་ན། ཕན་པའི་ཐབས་བསྟན་པའི་ཕྱིར་རོ། །བསོད་ནམས་ཐམས་ཅད་བསགས་པའི་མདོ་ལས། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་བོ། །བཞི་པོ་གང་དག་ཅེ་ན། ལྟ་བ་སྤངས་པས་བདོག་པ་ཐམས་ཅད་ཡོངས་
སུ་གཏོང་བ་ཉིད་དང༌། ཉོན་མོངས་པ་ཐམས་ཅད་རང་ཏུ་ཞི་བས་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་དང༌། ཆོས་ལ་འཇུག་པའི་བཟོད་པའི་སྟོབས་དང་ལྡན་པ་ཉིད་དང༌། དབེན་པའི་ཆོས་ལ་མོས་པས་བརྩོན་འགྲུས་བརྩམས་པ་ཉིད་དང་ངོ༌། །བཞི་པོ་གཞན་དག་གིས་ཀྱང་ཡིན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ཉིད་ཀྱིས་བྱམས་པ་ཆེན་པོ་དང༌། འཁོར་བ་ལ་ཡོངས་སུ་མི་སྐྱོ་བ་ཉིད་ཀྱིས་སྙིང་རྗེ་ཆེན་པོ་དང༌། ཆོས་ལ་དགའ་བ་དང༌། རབ་ཏུ་དགའ་བ་ཉིད་ཀྱིས་དགའ་བ་ཆེན་པོ་དང༌། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པས་བཏང་སྙོམས་ཉིད་དང་ངོ་ཞེས་གསུངས་པ་ཡིན་ན་གང་ཞིག་སེམས་ཅན་ཆུད་གསན་པར་ཞུགས་པ་དེ་ཇི་ལྟར་ན་མེད་པ་ཅན་གྱི་ལྟ་བ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་ཕན་པ་ཉིད་ཀྱི་ཐབས་སྟོན་པར་བྱེད། ཡང་དག་བར་སྒྲུབ་པ་དེ་མེད་བར་ཡང་མེད་པའི་ལྟ་བ་འཐོབ་པར་འགྱུར་བ་མ་ཡིན་ནམ། དེ་ལྟ་བས་ན་ཐེག་པ་ཆེན་པོ་སེམས་ཅན་རྣམས་མེད་པར་ལྟ་བ་འཛིན་དུ་འཇུག་པའི་ཕྱིར་ཉམས་པར་བྱེད་པའི་གཞུང་དུ་བྱས་པ་ཡིན་ནོ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ནོ། །དེའི་ཕྱིར་ཡང་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་བྱ་བ་མ་གྲུབ་བོ། །བསྡུས་པའི་ཚིགས་སུ་བཅད་པ་དག་ནི། ཇི་ལྟར་སངས་རྒྱས་གསུང་མ་ཡིན། །འགལ་བའི་ཕྱིར་རོ་གཞན་དེ་བཞིན། །དེ་ངེས་དོན་ཡིན་རིལ་མི་ཤེས། །ངེས་དོན་མེད་པར་ཇི་ལྟར་ཤེས། །དེ་སྒྲ་ཇི་བཞིན་དོན་མ་ཡིན། །འགལ་བའི་ཕྱིར་རོ་ཉམས་བྱེད་མིན། །ལྟ་བ་མི་བཟད་བཀག་ཕྱིར་རོ། །ཕན་པའི་ཐབས་ཀྱང་བསྟན་ཕྱིར་རོ། །དེ་ནི་ངེས་བའི་དོན་ཡིན་གྱི། །ཐེག་པ་ཆེན་པོ་ལ་ནི་ངེས་བའི་དོན་མེད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་ཐོས་བ་ཉུང་བའི་ཕྱིར་དེ་སྐད་སྨྲས་པ་ཡིན་ཏེ། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་བ་དེ་ཐམས་ཅད་ངེས་པའི་དོན་མ་ཡིན་པར་འབྱུང་ལ། མདོ་སྡེ་གཞན་གྱི་ཁྱད་པར་གཞན་མང་པོ་དག་ལས་ཀྱང་དོན་དེ་ཉིད་ཡོངས་སུ་བསྟན་ཏོ། །མདོ་སྡེའི་དུམ་བུ་དེ་དག་ནི་གཞུང་མངས་པ་ཡོངས་སུ་སྤང་བའི་ཕྱིར་མ་བཀོད་དོ། །དེ་དག་ལས་ཚིགས་སུ་བཅད་པ་ཙམ་ནི་
ཤས་ཤིག་བརྗོད་པར་བྱའོ། །རེ་ཞིག་དགོངས་པ་ངེས་པར་འགྲེལ་བ་ལས། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང༌། །ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ་དང༌། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་མེད། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དེ། །མཁས་པ་གང་ཞིག་དགོངས་པས་འདི་དག་ཤེས་པ་ནི། །རབ་ཏུ་ཉམས་པར་འགྱུར་བའི་ལམ་དུ་དེ་མི་འགྲོ། །ཞེས་གསུངས་པ་ཡིན་ནོ། །གཞན་ལས་ཀྱང༌། ཕུང་པོ་དག་ལ་བདག་མེད་དོ། །ཕུང་པོ་དག་ནི་བདག་མ་ཡིན། །དེ་དག་བརྟགས་པ་བཞིན་དུ་མེད། །དེ་དག་མེད་པའང་མ་ཡིན་ནོ། །ཇི་ལྟར་བྱིས་པས་བརྟགས་པ་བཞིན། །དངོས་པོ་ཐམས་ཅད་ཡོད་པ་སྟེ། །ཇི་ལྟར་མཐོང་བཞིན་དེ་ཡིན་ན། །ཐམས་ཅད་ཡང་དག་མཐོང་བར་འགྱུར། །དངོས་པོ་ཐམས་ཅད་མེད་པའི་ཕྱིར། །ཀུན་ནས་ཉོན་མོངས་དག་པ་མེད། །ཇི་ལྟར་མཐོང་བཞིན་དེ་མེད་དོ། །དེ་དག་མེད་པའང་མ་ཡིན་ནོ། །ཡང་གསུངས་པ། ཀུན་དུ་བརྟགས་པའི་རང་བཞིན་གྱིས། །ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །གཞན་གྱི་དབང་ལ་གནས་ནས་ནི། །མི་ཡི་རྣམ་རྟོག་འཁྱམས་པ་ཡིན། །ནམ་ཞིག་གཞན་གྱི་དབང་དག་སྟེ། །རྣམ་པར་རྟོག་དང་བྲལ་བ་ན། །ཤིན་ཏུ་གྱུར་པ་དེ་བཞིན་ཉིད། །རྟོག་པ་སྤངས་པར་གནས་པའོ། །རྣམ་བརྟགས་བདེན་པར་ཡོད་མིན་གྱིས། །རྣམ་པར་རྟོག་བསམ་རྟོག་ཤིག །གཟུང་དང་འཛིན་པའི་མཚན་ཉིད་དུ། །ནོར་བར་དེ་དག་རྣམ་རྟོག་ན། །ཕྱི་རོལ་དོན་མཐོང་བརྟགས་ན་ནི། །ཀུན་དུ་བརྟགས་པའི་རང་བཞིན་ནོ། །རྟོག་པ་གང་གིས་རྟོག་བྱེད་པ། །རྐྱེན་ལས་སྐྱེས་པའི་རང་བཞིན་ནོ། །ཕྱི་རོལ་དོན་མཐོང་ལོག་པ་སྟེ། །དོན་མེད་སེམས་ནི་འབའ་ཞིག་གོ །རིགས་པས་རྣམ་པར་གཞིགས་ན་ནི། །གཟུང་བ་དང་ནི་འཛིན་པ་འགག །ཇི་ལྟར་བྱིས་པས་བརྟགས་པ་ལྟར། །ཕྱི་རོལ་གྱི་ནི་དོན་མེད་དོ། །བག་ཆགས་ཀྱིས་ནི་དཀྲུག་པའི་སེམས། །དོན་དུ་སྣང་བ་ཤིན་ཏུ་འབྱུང༌།
དེ་ལྟ་བུ་ལ་སོགས་པ་ངེས་པའི་དོན་བཤད་པ་ལ་དོན་དམ་ཚིག་གི་ཁོང་དུ་ཆུད་བར་མ་བྱས་པར་ཐེག་པ་ཆེན་པོ་ལ་ངེས་པའི་དོན་བཤད་པ་མེད་དོ་ཞེས་ཟེར་བ་ནི་གྱ་ཚོམ་ཙམ་འབའ་ཞིག་གོ །དེ་དེ་ལྟ་བས་ན་འགལ་བའི་ཕྱིར་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་བྱ་བ་དེ་མ་གྲུབ་བོ། །གཞན་ཡང་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་ཟེར་ན། སངས་རྒྱས་ཀྱི་གསུང་གི་མཚན་ཉིད་ཅི་ཡིན་ཞེས་བརྒལ་ཞིང་བརྟག་པར་བྱའོ། །སྨྲས་པ། སངས་རྒྱས་ཀྱི་གསུང་ཉིད་དུ་སྡེ་པ་བཅོ་བརྒྱད་དག་གིས་ཡོངས་སུ་བཟུང་བ་གང་ཡིན་པའོ་ཞེ་ན། འོ་ན་དོན་དམ་པ་སྟོང་པ་ཉིད་ལ་སོགས་པའི་མདོ་སྡེ་བདག་མེད་པ་དང་ལྡན་པ་འཕགས་པ་ཀུན་གྱིས་བཀུར་བའི་སྡེ་བདག་གིས་ཁས་མི་ལེན་པ་དག་དང༌། སྲིད་པ་བར་མདོ་དང་ལྡན་པ་སྲིད་པ་བདུན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟོན་པའི་སྡེ་ལ་སོགས་པ་རྣམས་ཀྱིས་ཁས་མི་ལེན་པ་གང་ཡིན་པ་དེ་དག་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ། །སྡེ་པ་ཕན་ཚུན་ཐ་དད་པའི་མདོ་སྡེ་གང་དག་ཡིན་པ་དེ་དག་ཀྱང་སྡེ་པ་བཅོ་བརྒྱད་པོ་དག་གིས་ཡོངས་སུ་བསྡུ་བར་ཇི་ལྟར་ནུས་པས་དེ་དག་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ། །འདུལ་བ་དང་ཆོས་མངོན་པ་དག་ཀྱང་སྡེ་པ་ཐམས་ཅད་ལ་ཚིག་དང༌། དོན་གྱིས་ཐ་དད་པས་དེ་གཉིས་སངས་རྒྱས་ཀྱི་གསུང་ཉིད་དུ་ཇི་ལྟར་རྟོགས་བར་བྱ། འོ་ན་སློབ་དཔོན་གྱི་རིགས་འགའ་ཞིག་གིས་ཡོངས་སུ་བཟུང་བ་གང་ཡིན་པ་དེ་སངས་རྒྱས་ཀྱི་གསུང་ཡིན་ནོ་ཞེ་ན། ཇི་རེ་ཞིག་གང་སྨྲས་པ་དེ་ལེགས་པར་སྨྲས་པས་སམ་འོན་ཏེ་རིགས་པ་འགའ་ཞིག་ཡོད། འདི་ལ་མི་རིགས་པ་ཅི་ཡོད་ཅེ་ན། ཇི་ལྟར་ན་ཕན་ཚུན་འགལ་བ་ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་འགྱུར་ལ། སངས་རྒྱས་ཀྱི་གསུང་མཐའ་དག་ནི་དེང་སང་མི་སྣང་ངོ་ཞེས་དེ་སྐད་ཀྱང་བསྟན་ཟིན་ཏོ། །དེ་ལྟ་བས་ན་དེ་ནི་མཚན་ཉིད་དང་བྲལ་བ་ཡིན་ནོ། །འོ་ན་མདོ་སྡེ་ལ་འཇུག །འདུལ་བ་ལ་སྣང༌། ཆོས་ཉིད་དང་མི་མཐུན་པ་མེད་པ་གང་ཡིན་པ་དེ་སངས་རྒྱས་ཀྱི་གསུང་ཡིན་ཏེ། ཆེན་པོ་བསྟན་པ་ཚད་མ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། མདོ་སྡེའམ་འདུལ་བ་ནི་གང་ལ་ཆོས་ཉིད་གང་ཡིན། ཡང་དག་པར་སྡུད་པར་བྱེད་བ་རྣམས་ཀྱིས་མདོ་
སྡེའམ། འདུལ་བ་ཡང་དག་པར་བསྡུས་པ་གང་ཡིན་པ་དང༌། དེ་གཉིས་ལ་གྲགས་པའི་ཆོས་རྣམས་ཀྱི་མཚན་ཉིད་ཀྱི་ཆོས་ཉིད་གང་ཡིན་པའོ་ཞེ་ན། ཡང་དག་པར་བསྡུས་པའི་གཞི་པོ་དེང་སང་ཉམས་སོ་ཞེས་མ་བསྟན་ཏམ། འོ་ན་སྡེ་པ་གང་ལ་ཡང་དག་པར་བསྡུས་པ་གང་ཡིན་པ་དེ་རབ་ཏུ་གྲུབ་པའི་ཆོས་ཉིད་གང་ཡིན་བའོ་ཞེ་ན། ཇི་ལྟར་ན་ཕན་ཚུན་འགལ་བ་ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་འགྱུར་ཞེས་མ་བཀག་གམ། འོ་ན་འཕགས་པའི་བདེན་པའི་མདོ་སྡེ་ལ་འཇུག །ཉོན་མོངས་པ་འདུལ་བ་ལ་སྣང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དང་མི་མཐུན་པ་མ་ཡིན་པ་གང་ཡིན་པའོ་ཞེ་ན། ཇི་ལྟར་གང་ཞིག་འཕགས་པའི་བདེན་པའི་མདོ་སྡེ་ལ་འཇུག །ཅི་རེ་ཞིག་ཚིག་གིས་སམ། འོན་ཏེ་དོན་གྱིས་ཡིན། གལ་ཏེ་ཚིག་གིས་སོ་ཞེ་ན། དེ་ལས་གཞན་པའི་མདོ་སྡེ་ཐམས་ཅད་མི་འཇུག་གོ །འོན་ཏེ་དོན་གྱིས་སོ་ཞེ་ན། ཇི་ལྟར་ཐེག་པ་ཆེན་པོ་དེ་ལ་དོན་གྱིས་མི་འཇུག །ཉོན་མོངས་པ་འདུལ་བ་ལ་མི་སྣང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དང་མི་མཐུན་པ་ཡིན། གལ་ཏེ་འགལ་བའི་ཕྱིར་རོ་ཞེ་ན། ཉེས་པ་དེ་ནི་སྔར་བསྩལ་ཟིན་ཏོ། །དེ་ལྟ་བུའི་ཚིག་རྣམས་ནི་སྒྲ་ཇི་བཞིན་གྱི་དོན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གང་གིས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་མ་ཡིན་པར་འགྲུབ་པར་འགྱུར་བའི་མཚན་ཉིད་དེ་མེད་དོ། །ཅིའི་ཕྱིར་གང་དག་སྒྲ་ཇི་བཞིན་གྱི་དོན་མ་ཡིན་ནོ་ཞེས་དེ་སྐད་བསྟན་དགོས་པའི་ཚིག་དེ་དག་བསྟན་ཞེ་ན། རེ་ཞིག་ཚིགས་སུ་བཅད་པ་ལས། ཕ་དང་མ་ནི་བསད་བྱས་ཤིང༌། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྟན་པ་ཇི་ལྟ་བུ་ཡིན། དེ་ནི་གདོན་མི་ཟ་བར་བཤད་པར་བྱ་སྟེ། སྲིད་བ་ལ་སོགས་པ་ནི་མ་ལ་སྩོགས་བ་དང་འདྲ་བའི་ཆོས་ཉིད་ཡིན་པར་བསྟན་པའི་ཕྱིར་རོ་ཞེ་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ། མ་སྐྱེས་པ་མ་འགགས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འདི་ཡང་བཤད་པར་བྱའོ། །ཅིའི་ཕྱིར་ཞེ་ན། བྱིས་བས་ཀུན་དུ་བརྟགས་པའི་ངོ་བོ་ཉིད་ཡོད་པ་ཉིད་དུ་འཛིན་པ་བསལ་བའི་ཕྱིར་རོ། །རང་བཞིན་གྱིས་མིག་སྐྱོན་ཅན་དུ་གྱུར་པ་དག་ལ་ཀུན་ཏུ་བརྟགས་པའི་རང་བཞིན་
དེ་ཡོད་པ་ཉིད་དུ་འཛིན་པ་བསལ་བའི་ཕྱིར་དེ་མེད་པ་ཉིད་ཡིན་པ་དང་འདྲ་བར་དེ་སྒྲ་ཇི་བཞིན་གྱི་དོན་མ་ཡིན་ནོ་ཞེས་འདི་སྐད་ཀྱང་གདོན་མི་ཟ་བར་བཤད་པར་བྱའོ། །ཅིའི་ཕྱིར་ཞེ་ན། མགོ་སྨོས་པ་མི་ཤེས་པ་རྣམས་བརྗོད་དུ་མེད་པའི་ངོ་བོའི་ཆོས་མེད་པར་འཛིན་པ་བསལ་བའི་ཕྱིར་རོ། །དེ་ལྟར་ན་ཁ་ཅིག་ནི་སྒྲོ་འདོགས་པའི་མཐའ་དང༌། ཁ་ཅིག་ནི་སྐུར་བ་འདེབས་པའི་མཐའ་སྤངས་པ་ཡིན་ནོ། །གཞན་ཡང་ལུང་འདི་ཡང་ཡོད་དེ། རྒྱུ་ལྔ་དག་གིས་དེ་བཞིན་གཤེགས་པ་རྣམས་ཀྱིས་སྨོས་པའི་རྣམ་པ་བསྟན་པ་མདོར་བསྡུས་པ་ཡིན་པར་རིག་པར་བྱ་སྟེ། ལེགས་པར་ཐ་སྙད་གདགས་པའི་རྗེས་སུ་མཐུན་པ་ཉིད་དང༌། དགོངས་པ་སྣ་ཚོགས་ཀྱི་ཐབས་དང་མཐུན་པ་ཉིད་དང་སྒྲིམ་པ་དྲག་པོས་དེ་ཁོ་ན་ཉིད་རྟོགས་པ་དང་མཐུན་པ་ཉིད་དང༌། དེའི་དོན་ཁོང་དུ་ཆུད་པ་ལས་དགའ་བའི་ཁྱད་པར་གྱིས་བདེ་བར་གནས་པ་དང་མཐུན་པ་ཉིད་དང༌། འབྲེལ་པའི་གཏམ་ཉིད་རྣམ་པར་གཏན་ལ་དབབ་པས་ཤེས་རབ་ཀྱིས་དཔྱོད་པའི་ཐབས་དང་མཐུན་པ་ཉིད་ཀྱིས་སོ། །གལ་ཏེ་དེ་སྐད་གདོན་མི་ཟ་བར་བསྟན་པར་བྱ་བ་ཡིན་ན། ཅིའི་ཕྱིར་ཉན་ཐོས་རྣམས་ལ་ཡང་ཉན་ཐོས་ཀྱི་ཐེག་པར་དེ་སྐད་མ་བསྟན་ཞེ་ན། །དེ་དག་ལ་ནི་དེ་སྐད་བསྟན་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། དེ་དག་ནི་ཆོས་ལ་བདག་མེད་པ་ཉིད་ལ་མོས་པ་ལ་གཟུད་པར་མི་བྱ་སྟེ། སྐྱོ་བར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་དེ་དག་ནི་རང་བཞིན་གྱིས་སྡུག་བསྔལ་ལ་འཇིགས་པ་དང་སྙིང་རྗེ་ཆུང་བ་ཡིན་ནོ། །གང་ཟག་ལ་བདག་མེད་པ་ཉིད་ལ་ནི་གཟུད་པར་བྱ་སྟེ། དེ་ལ་བདག་ཏུ་འཛིན་པའི་དབང་གིས་ལུས་ལ་སྲེད་པས་སྡུག་བསྔལ་ལས་རྣམ་པར་མི་གྲོལ་བའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ལ་གང་ཟག་མེད་པ་ཁོ་ན་བསྟན་གྱི་ཆོས་མེད་པ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ལ་ཕྱེད་ནི་བདེན་པ་བསྟན། ཕྱེད་ནི་བརྫུན་པ་སྟེ། གང་ཟག་མེད་དོ་ཞེས་བྱ་བ་ནི་བདེན་པའོ། །ཆོས་རྣམས་ཡོད་དོ་ཞེས་བྱ་བ་ནི་བརྫུན་པ་སྟེ། ཇི་སྐད་དུ། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་ལས་འབྱུང༌། །ལས་ཡོད་རྣམ་པར་སྨིན་པ་ཡོད། །བྱེད་པ་པོ་ནི་མི་དམིགས་སོ། །ཞེས་
གསུངས་པ་ལྟ་བུའོ་ཞེ་ན། བཅོམ་ལྡན་འདས་ཀྱིས་སེམས་ཅན་བརྫུན་ཏེ་བྱུང་བ་ཡོད་དོ་ཞེས་གང་བཤད་པ་དེ་ཅི་བརྫུན་ནམ། བཅོམ་ལྡན་འདས་ཀྱིས་དགོངས་པ་གང་གིས་བཤད་པ་དེ་ལྟར་མི་བརྫུན་ནོ་ཞེ་ན། བཅོམ་ལྡན་འདས་ཀྱིས་དགོངས་པ་གང་གིས་ཆོས་རྣམས་ཡོད་དོ་ཞེས་བཤད་པ་འདི་ཡང་དེ་ལྟར་མི་བརྫུན་ནོ། །ཅི་དགོངས་པ་དེ་ཉན་ཐོས་རྣམས་ཀྱིས་རྟོགས་སམ་ཞེ་ན། བདེན་བ་མ་མཐོང་བ་རྣམས་ཀྱིས་མི་རྟོགས་སོ། །ཇི་ལྟར་ན་དེ་དག་གིས་ཇི་ལྟར་ཀུན་ཏུ་བརྟགས་པ་བཞིན་དུ་འཛིན་ན་བསླུས་པར་མི་འགྱུར་ཞེ་ན། བཅོམ་ལྡན་འདས་ཀྱིས་དགོངས་པ་གང་གིས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གཟུད་པར་བྱ་བའི་འདུལ་བ་རྣམས་ཀྱི་དབང་དུ་མཛད་ནས་རྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་བཤད་པ་འདི་ཡང་ཇི་དེ་དག་གིས་དགོངས་པ་དེ་རྟོགས་སམ། སྨྲས་པ། མ་ཡིན་ནོ་ཞེ་ན། ཇི་ལྟར་ན་ཇི་ལྟར་ཀུན་ཏུ་བརྟགས་པ་བཞིན་དུ་འཛིན་ན་བསླུས་པར་མི་འགྱུར། དེ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་སེམས་ཅན་དུ་ལྟ་བ་དེ་ནི་བདེ་འགྲོར་འགྲོ་བའི་བར་དུ་གཅོད་པར་མི་བྱེད་པས་དེའི་ཕྱིར་དེ་བཤད་པ་ཡིན་ནོ་ཞེ་ན། དེ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་ཆོས་སུ་ལྟ་བ་དེ་ཡང་མྱ་ངན་ལས་འདས་པའི་བར་དུ་གཅོད་པར་མི་བྱེད་པས་དེའི་ཕྱིར་ཡང་དེ་བཤད་པ་ཡིན་ནོ། །གལ་ཏེ་འཁོར་བ་ལ་ནི་སྡུག་བསྔལ་བ་ཉིད་དམ་མྱ་ངན་ལས་འདས་པ་ལ་ནི་ཞི་བ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཡིན་པར་ཀུན་དུ་རྟོག་ན་ཇི་ལྟར་མི་བྱེད་ཅེ་ན། ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་པར་ཀུན་ཏུ་རྟོག་པ་ཡང༌། གང་འཕགས་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་བསྟན་པའི་རྟེན་ཅན་ཁ་ཅིག་རྣམ་པར་བྱང་བ་དང་མཐུན་པ་ཡིན་ཏེ། དེའི་གཞི་ནི་བརྗོད་དུ་མེད་པའི་མཚན་ཉིད་དུ་ཡོད་པའི་ཕྱིར་རོ། །དཔེར་ན་མི་དག་འདོད་པ་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ལུས་དང་གནས་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པའམ། འཇིག་རྟེན་ལས་འདས་པའི་རྣམ་པར་གྲོལ་བ་གང་ཡིན་པ་དག་ཐོས་ནས་རྟོག་པར་བྱེད་ན། ཅི་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཀུན་དུ་རྟོག་པ་ཡིན་ནམ། འོན་ཀྱང་རྟོག་པ་དེ་དེ་ལ་བརྩོན་པ་རྣམས་ཀྱིས་དེ་ཐོབ་
པར་བྱ་བའི་ཕྱིར་མཐུན་པ་མ་ཡིན་ནམ། དེ་བཞིན་དུ་སོ་སོའི་སྐྱེ་བོ་རྣམས་མི་རྟོག་པ་ལ་སོགས་པའི་རྣམ་པ་དག་གིས་ཆོས་རྣམས་ལ་ཀུན་དུ་རྟོག་པ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པ་མ་ཡིན་ཏེ། སྒྱུ་མའི་དྲ་བའི་མདོ་ལས་བཅོམ་ལྡན་འདས་ཀྱིས་འཕགས་པ་འཇིག་རྟེན་ལས་འདས་པ་ནི་བདེན་པ་ཡིན་པར་གསུངས་སོ་ཞེས་འབྱུང་བའི་ཕྱིར་རོ། །རྟོག་པ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་རྟོགས་པ་ཐོབ་བར་བྱ་བའི་ཕྱིར་མི་མཐུན་པ་མ་ཡིན་ནོ། །གཞན་ཡང་ཐེག་པ་ཆེན་པོ་ལས། །ཡང་དག་མིན་རྟོག་ཡང་དག་མིན། །ཡང་དག་མིན་པ་མིན་མི་རྟོག །རྟོག་མིན་མི་རྟོག་མ་ཡིན་པར། །ཤེས་བྱ་ཐམས་ཅད་ཡིན་པར་བསྟན། །ཞེས་ཚིགས་སུ་བཅད་པ་བསྟན་པ་ཡང་ཡིན་ནོ། །དེ་ལ་ཡང་དག་མིན་རྟོག་ནི་གང་ཞིག་ཐར་བ་དང་མི་མཐུན་པའོ། །ཡང་དག་མིན་ཡང་དག་མིན་པ་མིན་ནི་ཟག་པ་དང་བཅས་པའི་ཐར་པ་དང་མཐུན་པ་སྟེ། བརྗོད་དུ་མེད་པའི་མཚན་ཉིད་མི་རྟོག་པའི་ཕྱིར་དང༌། དེ་རྟོག་པ་དང་མཐུན་པའི་ཕྱིར་རོ། །མི་རྟོག་ནི་འཇིག་རྟེན་ལས་འདས་པའི་ལམ་དང༌། ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ་གང་ཟག་དང་ཆོས་ལ་བདག་མེད་པ་ཉིད་ནི་རྣམ་པར་རྟོག་པའི་མཚན་ཉིད་མེད་པའི་ཕྱིར་རོ། །རྟོག་མིན་མི་རྟོག་མ་ཡིན་པ་ནི་འཕགས་པ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་ཡུལ་ཡིན་བའི་ཕྱིར་དང༌། ཆོས་ཀྱི་མཚན་ཉིད་རྣམ་པར་འཇོག་པའི་ཕྱིར་རོ། །གལ་ཏེ་ཆོས་ལ་བདག་མེད་པ་ཉིད་བསྟན་པ་མེད་པར་ཡང་ཉོན་མོངས་པ་རྣམས་སྤོངས་ན། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ལ་བདག་མེད་པ་ཉིད་བསྟན་ཞེ་ན། འཁོར་བ་ལས་ཡོངས་སུ་མི་སྐྱོ་ཞིང་ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཕྱིར་དང༌། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་དག་ནི་ཆོས་ལ་བདག་མེད་པ་ཉིད་ལ་མོས་པའི་སྦྱོར་བ་ལ་གོམས་པས་ཡང་དག་པར་སྒྲུབ་པ་ན་ཅི་ནས་དུས་རིང་པོར་འཁོར་བ་ལ་ཡང་མི་སྐྱོ་ཞིང་ཀུན་ནས་ཉོན་མོངས་བར་མི་འགྱུར་བ་དེ་ལྟ་བུ་ནི་སེམས་ཀྱི་ཏིང་ངེ་འཛིན་ཞི་བ་མཚན་མ་ཐམས་ཅད་དང་བྲལ་བ་འཐོབ་བོ། །བསོད་
ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་བསགས་ནས་ཐོས་བ་མཐའ་ཡས་པ་ཡོངས་སུ་བསྒོམ་པའི་གཟུངས་དང༌། ཏིང་ངེ་འཛིན་གྱི་སྒོ་སྟོང་ཕྲག་ཟད་མི་ཤེས་པའི་སྙིང་བོ་ཅན་ཐམས་ཅད་ལ་མངོན་བར་འདུ་བྱེད་བ་མེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་རོ་གཅིག་པ་ཞི་བའི་ཏིང་ངེ་འཛིན་རབ་ཀྱི་མཐར་ཕྱིན་པ་བསྒྲུབས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པས་ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་བོ། །གཞན་དུ་ན་ནི་ཉན་ཐོས་དག་དང་འདྲ་བར་གང་མི་རྟག་པ་དེ་ནི་སྡུག་བསྔལ་ལོ། །གང་སྡུག་བསྔལ་བ་དེ་ནི་བདག་མེད་པའོ་ཞེས་གང་ཟག་ལ་བདག་མེད་པའི་རྣམ་པ་འབའ་ཞིག་ཡིད་ལ་བྱེད་པའི་སྦྱོར་བ་ལ་གོམས་པ་ལས། འཁོར་བ་ལ་ཡིད་བྱུང་བ་མང་བའི་ཤས་ཆེ་བའི་རྒྱུད་ཀྱིས་མྱ་ངན་ལས་འདས་པ་ཁོ་ན་ལ་ཞི་བར་ལྟ་ཞིང༌། སེམས་ཅན་རྣམས་ལ་སྙིང་རྗེ་བཏང་སྟེ། མྱུར་བ་ཁོ་ནར་གང་ཟག་པ་ཟད་པ་མངོན་སུམ་དུ་བྱེད་པར་འགྱུར་གྱི། རྒྱུད་ཆོས་ཀྱི་མཚན་མ་ལ་འདུ་ཤེས་པས་གཟིར་བས་དུས་རིང་པོར་འཇུག་ཀྱང་གང་གི་མཐར་ཕྱིན་པས་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་དབང་བ་ཐོབ་པ་དེ་ལྟ་བུའི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་རིགས་ཞི་བ་སེམས་ཀྱི་ཏིང་ངེ་འཛིན་ནི་འཐོབ་པར་མི་འགྱུར་རོ། །འདིར་ཡང་བཤད་པ། བརྟགས་པའི་ཆོས་ཀྱི་རྣམ་རྟོག་ནི། །ཤེས་བྱ་ཀུན་ལ་མ་སྤངས་པར། །ཐམས་ཅད་མཁྱེན་ཉིད་ཡོད་མིན་པས། །དེ་ཕྱིར་ཆོས་ལ་བདག་མེད་བསྟན། །གང་གི་ཚེ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པར་གྲོལ་བ་ན་ཅི་དེ་དག་ཆོས་ལ་བདག་མེད་པ་ཤེས་པས་རྣམ་པར་གྲོལ་ལམ། འོན་ཏེ་གང་ཟག་ལ་བདག་མེད་པར་ཤེས་པས་ཤེ་ན། བཤད་པ་ཆོས་ལ་བདག་མེད་པར་ཤེས་པས་སོ། །ཅིའི་ཕྱིར་ཉན་ཐོས་ཀྱི་ཐེག་པར་ཁམས་མང་པོ་པ་དང། དགྲ་བཅོམ་པའི་མདོ་ལ་སོགས་པ་དག་ལས་སངས་རྒྱས་རྣམས་དང༌། ཉན་ཐོས་རྣམས་སུ་རྣམ་བར་གྲོལ་བའི་ཐབས་མཚུངས་པ་ཉིད་དུ་བསྟན་ཞེ་ན། རྣམ་པར་གྲོལ་བ་མཚུངས་བ་ཉིད་དུ་བསྟན་ན་དེའི་ཐབས་མཚུངས་པ་ཉིད་ཀྱང་བསྟན་པར་བྱ་བ་ཡིན་ནོ། །སངས་རྒྱས་
རྣམས་ཀྱིས་རྣམ་པར་གྲོལ་བ་ནི་ཁྱད་པར་ཡོད་དེ། ཉོན་མོངས་པའི་སྒྲིབ་པ་ལས་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པ་སྤངས་བ་ལས་ཀྱང་ཡིན་ཏེ། ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །ཐབས་ཀྱི་ཁྱད་པར་ཡང་ཡོད་དེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ལ་ཁྱད་པར་ཡོད་པའི་ཕྱིར་རོ། །འོ་ན་སངས་རྒྱས་རྣམས་ཀྱིས་མ་ཡིན་བཞིན་དུ་དེ་མཚུངས་པ་ཉིད་དུ་ཉིད་ཀྱིས་སྟོན་པ་མཛད་པ་ན་ཉན་ཐོས་རྣམས་ལ་སླུ་བར་མཛད་མོད་ཅེ་ན། སངས་རྒྱས་རྣམས་ཀྱིས་ནི་མཚུངས་པ་ཉིད་ཀྱང་ཡང་ཡོད་ལ། ཁྱད་པར་དུ་འཕགས་པ་ཉིད་ཀྱང་ཡོད་པས་འདི་ལ་སླུ་བ་ག་ལ་ཡོད། སངས་རྒྱས་རྣམས་ཀྱི་སྐལ་བ་མཉམ་པ་ཉིད་དུ་གཤེགས་པས་སེམས་ཅན་གང་དག་འདུལ་བར་མཛད་པ་སྟེ། ཇི་ལྟར་རྨད་དུ་བྱུང་བ་དང་པོའི་མདོ་ལས་གསུངས་པ་ལྟ་བུ་ཡིན་ན། ཅི་དེ་དག་བསླུས་པ་ཡིན་ནམ། བཅོམ་ལྡན་འདས་ཀྱིས་དོན་དམ་པ་སྟོང་པ་ཉིད་ལས། ལས་ཀྱང་ཡོད་རྣམ་པར་སྨིན་པ་ཡང་ཡོད་ལ་བྱེད་པ་པོ་ནི་མི་དམིགས་སོ་ཞེས་གསུངས་པ་གང་ཡིན་པ་དེ་ཅི་དོན་དམ་པ་ཉིད་དུའམ། འོན་ཏེ་ཀུན་རྫོབ་ཉིད་དུ་ཡིན་ཞེ་ན། དེ་ལས་ཅིར་འགྱུར། གལ་ཏེ་དོན་དམ་པ་ཉིད་དུ་ཡིན་ན། ཇི་ལྟར་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཡིན། གལ་ཏེ་ཀུན་རྫོབ་ཏུ་ཡིན་ན་བྱེད་པ་པོ་ཡང་ཀུན་རྫོབ་ཏུ་ཡོད་པས་བྱེད་པ་པོ་ནི་མི་དམིགས་སོ་ཞེས་བརྗོད་པར་མི་བྱའོ་ཞེ་ན། རེ་ཞིག་ཀུན་རྫོབ་ཅེས་བྱ་བ་འདི་ནི་ཅི་ཡིན། དོན་དམ་པ་ནི་གང་ཞིག་ཡིན། དེ་ལས་ཅི་ཀུན་རྫོབ་ཏུ་ཡོད་དམ། ཅི་དོན་དམ་པར་ཡོད་པར་ཤེས་པར་བྱའོ། །མིང་དང༌། བརྗོད་པ་དང༌། གདགས་པ་དང༌། ཐ་སྙད་ནི་ཀུན་རྫོབ་ཡིན་ལ་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ནི་དོན་དམ་པ་མ་ཡིན་ནོ་ཞེ་ན། འོ་ན་དེ་ལྟ་ན་ལས་དང་རྣམ་པར་སྨིན་པ་གཉིས་མིང་དུ་ཡང་ཡོད། རང་གི་མཚན་ཉིད་དུ་ཡང་ཡོད་པས་དེ་གཉིས་ཇི་ལྟར་འདོད་པར་ཡོད་པ་ཉིད་དུ་རྟོགས་ལ་རག་གོ །ངེད་ནི་གང་ཟག་ཀུན་རྫོབ་ཏུ་ཡོད་ཀྱི་རྫས་སུ་ནི་མ་ཡིན་ཏེ། ཕུང་པོ་རྣམས་ལ་དེའི་མིང་གདགས་པའི་ཕྱིར་རོ། །ལས་དང་
རྣམ་པར་སྨིན་པ་དག་ནི་ཀུན་རྫོབ་ཏུ་རྫས་སུ་ཡོད། དོན་དམ་པར་ནི་མེད་དེ། འཇིག་རྟེན་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །དམ་པ་ནི་ཡེ་ཤེས་འཇིག་རྟེན་ལས་འདས་པ་ཡིན་ཏེ། དེའི་དོན་ཡིན་པས་དོན་དམ་པའོ། །དེ་གཉིས་ཀྱི་རང་གི་མཚན་ཉིད་ནི་དེའི་ཡུལ་མ་ཡིན་ཏེ། དེའི་ཡུལ་ནི་བརྗོད་དུ་མེད་པའི་ཕྱིའི་མཚན་ཉིད་ཡིན་བའི་ཕྱིར་རོ། །འདིར་འཇིག་རྟེན་པའི་ཤེས་པའམ། འཇིག་རྟེན་ལས་འདས་པ་ཚད་མ་ཡིན་ཞེ་ན། གཅིག་ཁོ་ནར་ནི་འཇིག་རྟེན་ལས་འདས་པ་ཡིན་ནོ། །འཇིག་རྟེན་པ་ནི་དབྱེ་བ་ཡོད་དེ། འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་གང་ཡིན་པ་དེ་ནི་ཚད་མ་ཡིན་ནོ། །གཞན་ནི་ཚད་མ་མ་ཡིན་ནོ། །དེ་ལྟར་ན་དགེ་འདུན་ཕལ་ཆེན་སྡེ་པ་རྣམས་ཀྱི་ཚིགས་སུ་བཅད་པ། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་དེ་དག་ཚད་ཡིན་ན། །འཕགས་པའི་ལམ་གྱི་བྱ་བ་མེད་པར་འགྱུར། །ཞེས་བྱ་བ་འདི་དང་ཡང་མཐུན་པར་བྱས་པ་ཡིན་ནོ། །ཡང་ཐེག་པ་ཆེན་པོ་བ་ཁ་ཅིག་ཐམས་ཅད་རང་གི་མཚན་ཉིད་དུ་ནི་མེད་པ་ཁོ་ན་ཡིན་ལ། ཀུན་རྫོབ་ཏུ་ནི་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཡོད་པ་ཉིད་དུ་བསྟན་ཏོ་ཞེས་སྒྲ་ཇི་བཞིན་བ་ཉིད་ཀྱི་དོན་ཡིན་པར་བརྗོད་པ་གང་ཡིན་པ་དེ་དག་ལ་ཇི་སྐད་བསྟན་པའི་བརྩད་པ་འདི་ཡང་འབྱུང་བར་འགྱུར་རོ།། །།བམ་པོ་བརྒྱད་པ། ཀུན་རྫོབ་ཅེས་བྱ་བ་ཡང་བརྗོད་པ་ཡིན་ལ། དེ་ཡང་ཀུན་ནས་ཉོན་མོངས་པ་དང་མཐུན་པ་ཉེས་པར་བཤད་པ་ཞེས་བྱ་བ་ལ། རྣམ་པར་བྱང་བ་དང་མཐུན་པ་ནི་ལེགས་པར་བཤད་པ་ཞེས་བྱ་བ་ཡིན་ནོ་ཞེ་ན། བརྗོད་བ་ཙམ་དུ་ཟད་ན་ཇི་ལྟར་ན་ལེགས་པར་བཤད་པའམ། ཉེས་པར་བཤད་པར་འགྱུར། ཀུན་རྫོབ་ཀྱང་ཁ་ཅིག་གདོན་མི་ཟ་བར་དངོས་སུ་ཁས་བླང་བར་བྱ་བར་འགྱུར་རོ། །ཡང་ན་དེ་ཡང་མེད་ན་ནི་ཇི་ལྟར་ཀུན་རྫོབ་ཏུ་ཡོད་པ་ཉིད་དུ་གསུངས་པ་ཡིན། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཐམས་ཅད་ལ་སྐུར་བ་བཏབ་པས་གནས་དང་གནས་མ་ཡིན་པ་གཉིས་ལ་མི་གནས་པའི་ཕྱིར་དང༌། རང་གིས་རང་སྨྲ་བ་བཀག་པའི་ཕྱིར་བརྗོད་དུ་མེད་པར་འགྱུར་རོ། །
དགོངས་པ་ཅན་ཡིན་པར་སྨྲ་བ་ན་ནི་ཉེས་པ་འདི་དག་ཏུ་མི་འགྱུར་རོ། །འོ་ན་ཀུན་རྫོབ་སྒྲ་ཙམ་དུ་མི་འདོད་ན་ཐེག་པ་ཆེན་པོ་ལས་འབྱུང་བའི་ཚིགས་སུ་བཅད་པ། འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་གནས་པ་ཡིན། །བརྗོད་པ་ལས་ནི་ལོགས་ཤིག་ན། །བརྗོད་པར་བྱ་བ་ཡོད་མ་ཡིན། །ཞེས་བྱ་བ་ནི་འདི་ཇི་ལྟར་འགྲུབ་ཅེ་ན། འདིར་བརྗོད་པ་ལས་ལོགས་ཤིག་ན་བརྗོད་པར་བྱ་བ་མེད་པར་བཀག་པ་ཡིན་གྱི་བརྗོད་དུ་མེད་པའི་མཚན་ཉིད་ཀྱི་དངོས་པོ་ནི་མ་ཡིན་ཏེ། དེ་ལྟར་ན་དེ་ནི་འདི་ཁོ་ན་ལྟར་ཡིན་ཏེ། འདུ་ཤེས་ཙམ་ལ་གནས་པ་ཡིན། །ཞེས་གསུངས་པ་ཡང་འདིར་སེམས་ལས་བྱུང་བའི་འདུ་ཤེས་ལ་འདུ་ཤེས་ཞེས་གསུངས་ཏེ། མདོ་ལས་ཇི་ལྟར་འདུ་ཤེས་འབྱུང་བ་དེ་ལྟར་རྗེས་སུ་ཐ་སྙད་འདོགས་སོ་ཞེས་འབྱུང་བའི་ཕྱིར་རོ། །མིང་ཉིད་མིང་ལ་གནས་པར་ནི་མི་རུང་ངོ༌། །འདི་ལྟར་མཇུག་ཐོགས་སུ་ཡང༌། མིང་ནི་གང་དང་གང་གིས་སུ། །ཆོས་ནི་གང་དང་གང་བརྗོད་པ། །དེ་ལ་ཡོད་པ་མ་ཡིན་ཏེ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་གསུངས་པ་ཡང་ཡིན་ནོ། །གལ་ཏེ་བརྗོད་དུ་མེད་པའི་མཚན་ཉིད་ཀྱི་ཆོས་མེད་ན་དེ་ལ་ཞེས་མི་གསུང་གིས། ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཉི་ཚེ་གསུང་བར་འགྱུར་རོ། །བྱིས་པ་རྣམས་ཀྱིས་ཀུན་དུ་བརྟགས་པ་བཞིན་དུ་ཆོས་བརྗོད་པར་བྱ་བ་དེ་ཡང་ཀུན་དུ་བརྟགས་པའི་མཚན་ཉིད་དེ་ལ་མེད་དོ། །དེ་ལ་མེད་ན་མིང་ལ་མེད་པས་དེའི་ཕྱིར་དེ་ལ་ཡོད་པ་མ་ཡིན་ཏེ་ཞེས་གསུངས་སོ། །འདི་སྐད་དུ། དེ་ནི་ཆོས་རྣམས་ཆོས་ཉིད་དོ་ཞེས་གསུངས་པ་གང་ཡིན་པ་ཡང་ཡིན་པ་ཡང་འདིར་བརྗོད་དུ་མེད་པ་ཉིད་ཀྱི་ཆོས་ཉིད་ལ་དགོངས་སོ། །བརྗོད་པ་ཙམ་དུ་ཟད་ན་ནི་ཆོས་གང་དག་གི་ཆོས་ཉིད་གང་ཡིན་པར་འགྱུར་ཡང༌། མིང་གིས་ཀྱང་ནི་མིང་ཉིད་སྟོང༌། །ཞེས་གང་གིས་གསུངས་པ་དེ་ཡང་འདི་ཐམས་ཅད་མིང་ཙམ་མོ་ཞེས་དམ་བཅས་ནས་མིང་ཡང་མེད་དོ་ཞེས་བྱ་བ་འདི་ཇི་ལྟར་རིགས་པ་ཡིན་ཞེ་ན། ཀུན་དུ་བརྟགས་པའི་ངོ་བོ་ཉིད་དགག་པ་ཡིན་ན་ནི་བརྗོད་པའི་བདག་ཉིད་དུ་ཀུན་ཏུ་བརྟགས་པའི་བརྗོད་པ་གང་ཡང་བཀག་པ་ཡིན་པས་རིགས་པའི་ངོ་བོར་འགྱུར་རོ། །དེ་ལྟར་ཡང་མི་འདོད་ན་ནི། ཆོས་རྣམས་ཐམས་ཅད་མིང་མེད་ཅིང༌། །མིང་གིས་ཡོངས་སུ་བརྗོད་པ་ཡིན། །ཞེས་གང་གསུང་
པ་ཡང་གལ་ཏེ་མེད་པ་ཁོ་ན་ཡིན་ན། ཆོས་མིང་མེད་པ་དེ་དག་གང་ཡིན། བརྗོད་དུ་མེད་པའི་མཚན་ཉིད་དག་ཆོས་རྣམས་ཐམས་ཅད་ཡིན་ན་ནི། བྱིས་བ་རྣམས་ཀྱིས་ཀུན་དུ་བརྟགས་པ་བཞིན་དུ་བརྗོད་པས། རྗོད་པར་བྱེད་བ་དེའི་རྗེས་སུ་འབྲངས་ནས་འཕགས་པ་རྣམས་ཀྱིས་ཀྱང་མིང་མེད་པ་རྣམས་མིང་གིས་ཡོངས་སུ་བརྗོད་པ་ཡིན་པར་རུང་ངོ༌། །དེ་ལྟར་ན་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། རིགས་ཀྱི་བུ་འདུས་བྱས་ཞེས་བྱ་བ་དེ་ནེ་སྟོན་པས་བཏགས་པའི་ཚིག་ཡིན་ཏེ། སྟོན་པས་བཏགས་པའི་ཚིག་གང་ཡིན་པ་དེ་ནི་ཀུན་དུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་ཡིན་ལ། ཀུན་དུ་རྟོག་པ་ལས་བྱུང་བ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི་ཀུན་དུ་རྟོག་པ་སྣ་ཚོགས་ཀྱི་ཐ་སྙད་དུ་བརྗོད་པ་གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་འདུས་བྱས་མ་ཡིན་ནོ། །འདུས་བྱས་ཇི་ལྟ་བ་བཞིན་དུ་འདུས་མ་བྱས་ཀྱང་དེ་བཞིན་ནོ་ཞེས་དེ་བཞིན་དུ་སྦྱར་རོ། །འདུས་བྱས་དང་འདུས་མ་བྱས་སུ་མ་གཏོགས་པ་གང་ཅི་བརྗོད་ཀྱང་དེ་ཡང་དེ་དང་འདྲ་བ་ཉིད་དུ་འགྱུར་རོ། །དེ་ཡང་བརྗོད་པ་ནི་དངོས་པོ་མེད་པ་ཅན་ཡང་མ་ཡིན་ཏེ། དངོས་པོ་དེ་ཡང་གང་ཞེ་ན། འཕགས་པ་རྣམས་ཀྱིས་འཕགས་པའི་ཤེས་པ་དང་འཕགས་པའི་མཐོང་བས་བརྗོད་དུ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་སྟེ། ཞེས་འབྱུང་བའི་མདོ་སྡེའི་དུམ་བུ་དང་ཡང་སྦྱར་བ་ཡིན་ནོ། །རེ་ཞིག་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་མ་སྐྱེས་པ། མ་འགགས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དང༌། ཚིགས་སུ་བཅད་པ་དེ་དགོངས་པ་ཅན་ཡིན་དུ་ཆུག་ན། ཡང་ཐེག་པ་ཆེན་པོ་ལས། བྲམ་ཟེའི་ཁྱེའུ་བླ་མ་ནས་བཟུང་སྟེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་སྤྲུལ་བ་ཙམ་ཞིག་ཡིན་པར་བསྟན་པ་དེ་ལ་དགོངས་པ་ཅི་ཡོད་ཅེ་ན། འདི་ལ་ཉེས་པ་ཅི་ཡོད། སངས་རྒྱས་ཀྱི་གསུང་གྲགས་པ་དང་འགལ་ཏེ། ཉན་ཐོས་ཀྱི་ཐེག་པར་སྡེ་པ་ཐམས་ཅད་ལས་ཟས་གཙང་མའི་སྲས་ཤཱཀྱ་ཐུབ་བ་གང་ཡིན་པ་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་དེ་ཞེས་བྱའོ་ཞེས་འབྱུང་ངོ་ཞེ་ན། ཅི་ཉན་ཐོས་ཀྱི་ཐེག་བ་ལ་སངས་རྒྱས་ཀྱི་སྤྲུལ་པ་མི་འདོད་དམ། གལ་ཏེ་མི་འདོད་ན་འདུལ་བ་ལས་འཕགས་བ་མ་འགགས་པས་ལྷའི་མིག་གིས་བར་དོའི་སྲིད་པ་མང་པོ་ཐམས་
ཅད་དང། སངས་རྒྱས་ཀྱི་སྤྲུལ་བ་རྣམས་མཐོང་ངོ་ཞེས་གསུངས་པ་དང་འགལ་བར་འགྱུར་ལ། དུས་གཅིག་ཏུ་ཕྱོགས་དང་ཡུལ་སྣ་ཚོགས་ལ་སངས་རྒྱས་ཀྱིས་འདུལ་བ་འཁོད་པ་རྣམས་འདུལ་བར་མཛད་བ་མི་འགྲུབ་པར་འགྱུར་རོ། །ཅི་སངས་རྒྱས་ཀྱི་སྤྲུལ་པ་དེ་གདུལ་བ་རྣམས་ལ་འདི་སྐད་དུ། ང་ནི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་གྱི་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ་ཞེས་གསུང་ངམ། སྨྲས་པ། མ་ཡིན་ནོ་ཞེ་ན། ཉིད་སངས་རྒྱས་ཡིན་པར་སྟོན་མོད། སྨྲས་པ་དེ་བཞིན་ནོ་ཞེ་ན། ཅིའི་ཕྱིར་ཡིན། སངས་རྒྱས་ཀྱི་མཚན་ལ་གདུལ་པ་རྣམས་དགའ་བ་དང༌། རབ་ཏུ་དགའ་བ་དང༌། གུས་པ་དང༌། ཞེས་དང༌། དད་པ་ལ་སོགས་པའི་ཁྱད་པར་བསྐྱེད་པའི་ཕྱིར་རོ་ཞེ་ན། དེ་བཞིན་དུ་སངས་རྒྱས་ཀྱི་སྤྲུལ་པ་ཤཱཀྱ་ཐུབ་པ་འདི་ཡང་གལ་ཏེ་ཉིད་སངས་རྒྱས་ཡིན་པར་ཡང་གསུངས་ལ། ཉན་ཐོས་རྣམས་ཀྱིས་ཀྱང་དེ་བཞིན་དུ་བཟུང་ན་དེ་ལ་འགལ་བ་ཅི་ཡོད། སྤྲུལ་པ་དེ་གང་གི་ཡིན་པའི་ངོ་བོ་ཉིད་ཀྱི་སངས་རྒྱས་དེ་གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའི་ས་བཅུ་པ་ལས་སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་པ་གང་ཡིན་པ་སྟེ། ས་དེ་ཡོངས་སུ་སྦྱངས་པའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང༌། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་གནས་གྱུར་པ་བསམ་གྱིས་མི་ཁྱབ་པ་བརྙེས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ཤེས་བའི་ཡུལ་ལས་འདས་པའི་བདག་ཉིད་དེ་ནི་ངོ་བོ་ཉིད་ཀྱི་སངས་རྒྱས་ཡིན་ཏེ། སྤྲུལ་བ་དེ་ནི་དེའི་ཡིན་ནོ། །དེའི་ཕྱིར། གཞལ་ཡས་གྲངས་ནི་མེད་པ་སྟེ། །བསམ་ཡས་བསྟན་དུ་མེད་པས་ན། །ཁྱོད་ནི་ཉིད་ཀྱི་རང་ཉིད་ཀྱི། །ཉིད་ནི་མཁྱེན་པ་ཁོ་ནར་འོས། །ཞེས་བསྟོད་པ་ཡིན་ནོ། །མིའི་སྐྱེ་བ་མེད་པར་སངས་རྒྱས་ཉིད་མེད་ན། ཇི་ལྟར་མི་རྣམས་སུ་མ་སྐྱེས་པ་མངོན་པར་རྫོགས་པར་སངས་རྒྱས་ཤེ་ན་མེད་དོ་ཞེས་བྱ་བ་དེ་གང་དུ་གསུངས། ཉན་ཐོས་ཀྱི་ཐེག་པར་རོ་ཞེ་ན། གང་དུ་མིར་སྤྲུལ་བ་ཁོ་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་བ་དེར་ཇི་ལྟར་གཞན་དུ་བརྗོད་པར་བྱ། གལ་ཏེ་སྤྲུལ་པ་དེ་མི་འདོད་ན་ཅིར་འགྱུར་ཞེ་ན། ཅི་ཞིག་ཏུ་འགྱུར་ཏེ། ཐེག་པ་ཆེན་པོ་སྐྱོན་མེད་པ་ལ་ཡང་གནོད་པ་བྱས་པར་འགྱུར་མོད། གཞན་ཡང་མི་
རིགས་པ་མང་པོར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་དང་ཉེ་བར་གྱུར་ཅིང་གང་གིས་ན་ཡུམ་གྱི་ལྷུམས་སུ་འཇུག་པ་དང༌། འབྱུང་བ་ན་དེ་ལས་འཇིག་རྟེན་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་པ་དེ་ལྟ་བུའི་མཐུ་ཕུན་སུམ་ཚོགས་པ་ཡིན་ལ། ཐོས་པ་དང་ཏིང་ངེ་འཛིན་གྱི་སྙོམས་པར་འཇུག་པ་མཐའ་ཡས་པའི་དབང་ཐོབ་པ་ཡང་མ་ཡིན་ཞིང༌། ཉོན་མོངས་པའི་ཀུན་དུ་རྒྱུ་བ་ཐམས་ཅད་རྣམ་པར་མ་བསལ་བ་ཡིན་ནོ་ཞེས་འབྱུང་བ་མི་རིགས་པ་ཡིན་ནོ། །ཡང་ན་དེ་ལྟར་གྱུར་ན་ཡང་ཉོན་མོངས་པའི་དབང་གིས་འདོད་པའི་ཁམས་སུ་སྐྱེ་ཞིང་མངལ་གྱི་གཟིམས་མལ་དུ་གཟིམས་སོ་ཞེས་འབྱུང་བ་མི་རིགས་སོ། །བྱང་ཆུབ་སེམས་དཔའ་བལྟམས་པའི་མོད་ལ་སུས་ཀྱང་མ་བཟུང་བར་གོམ་པ་བདུན་འདོར་བ་དང༌། ཕྱོགས་བཞིར་གཟིགས་པ་དང༌། འདི་ནི་ངའི་སྲིད་པ་དག་ཏུ་སྐྱེ་བ་ཐ་མ་ཡིན་ནོ་ཞེས་ཚིག་ཏུ་གསུང་ལ། ཕྱིས་བགྲེས་པའི་རྒྱུས་དབང་པོ་ཡོངས་སུ་སྨིན་ན་འདོད་པའི་དགའ་བའི་ལོངས་སྤྱོད་བག་མེད་པ་ལ་ཞུགས་སོ་ཞེས་འབྱུང་བ་མི་རིགས་སོ། །རང་བཞིན་གྱིས་སྐྱེ་བ་དུ་མའི་ཚེ་རབས་དགོངས་པ་ཡང་ཡིན། བཅོམ་ལྡན་འདས་འོད་སྲུངས་ལ་ཚངས་པར་སྤྱོད་པ་སྤྱད་ནས། བྱང་ཆུབ་ཀྱི་ལམ་ལ་གོམས་པར་ཡང་མཛད་ལ། དགའ་ལྡན་ནས་ཀྱང་ལྷའི་རིས་དྲུག་ལ་བཀའ་སྩལ་ནས་གཤེགས་པ་བདག་ཉིད་དང༌། གཞན་དག་གི་རྒ་བ་དང༌། ན་བ་དང་འཆི་བའི་ཆོས་ཉིད་མི་མཁྱེན་པར་གྱུར་པ་དང༌། གཞན་མུ་སྟེགས་ཅན་རྣམས་ལས་བྱང་ཆུབ་ཀྱི་ལམ་ཚོལ་བར་ཞུགས་པ་དང༌། བདག་ཉིད་དུབ་པར་གནས་པ་ལ་རྗེས་སུ་སྦྱོར་བའི་མཐའ་ལ་ལམ་ཡིན་པར་འདུ་ཤེས་མཛད་ནས་དཀའ་ཐུབ་དྲག་པོ་དག་གིས་བདག་ཉིད་ཉོན་མོངས་པར་གྱུར་ཏོ་ཞེས་འབྱུང་བ་མི་རིགས་སོ། །ཡང་ན་ཚེ་རབས་མི་དགོངས་ན་ནི་དེ་ལྟ་ན་ཡང་བསྐལ་པ་ནི་ཉུང་བར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐྱེད་པས། སྐུ་ཡང་དག་པར་གྲུབ་པ་དྲན་པ་དང་བློ་གྲོས་ཆེན་པོའི་སྟོབས་བསྐྱེད་པ་ཐོབ་པ། མངལ་ན་ཡང་བསྙེལ་བ་མི་མངའ་བ་བལྟམས་མ་ཐག་ཏུ་ཚིག་དེ་ལྟ་བུ་གསུངས་སོ་ཞེས་བྱ་བ་མི་རིགས་སོ། །བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་
བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་ནས། ཡོངས་སུ་ཉམས་སོ་ཞེས་བྱ་བ་མི་རིགས་སོ། །ཡང་ན་ཡོངས་སུ་མ་ཉམས་བར་གྱུར་ན་ནི་དཀའ་བ་སྤྱད་པས་དག་པར་ཐུགས་སུ་ཆུད་པའི་ཕྱིར་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་ལ་མཆོག་ཏུ་འཛིན་པར་གྱུར་རོ་ཞེས་འབྱུང་བ་མི་རིགས་སོ། །འོན་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔས་ཇི་སྐད་བསྟན་པ་དེ་ཐམས་ཅད་ཞལ་གྱིས་བཞེས་པ་ནི་སེམས་ཅན་འདུལ་བའི་ཐབས་ཀྱི་རྣམ་པ་ཡོངས་སུ་འཛིན་དུ་གཞུག་པའི་ཕྱིར། བློ་སྔོན་དུ་བཏང་བ་ཡིན་ནོ་ཞེ་ན། དེ་ཐམས་ཅད་ནི་སྤྲུལ་པས་ཀྱང་མཛད་པར་སྤྱོད་པས་རྒྱུ་མེད་པར་སྐྱེ་བ་ལེན་པ་དང༌། འདོད་པའི་བསོད་ནམས་ཀྱི་རྗེས་སུ་སྦྱོར་བའི་མཐའ་དང༌། བདག་ཉིད་དུབ་པར་གནས་པ་ལ་རྗེས་སུ་སྦྱོར་བའི་མཐའ་ལ་བརྟེན་པར་མི་རིགས་སོ། །གལ་ཏེ་དེ་ཐམས་ཅད་སྤྲུལ་པ་ཡིན་ན་ཅིའི་ཕྱིར་དཀའ་བ་སྤྱད་པ་ན། ང་བྲམ་ཟེའི་ཁྱེའུ་བླ་མའི་གནས་སྐབས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་དགེ་སྦྱོང་མགོ་རེག་དེ་ལ་བྱང་ཆུབ་ག་ལ་ཡོད། བྱང་ཆུབ་ནི་མཆོག་ཏུ་དཀའ་བ་ཡིན་ནོ་ཞེས་ཁ་བྱས་པའི་ལས་དེའི་རྣམ་པར་སྨིན་པ་ནི་ང་ལོ་དྲུག་ཏུ་དཀའ་བ་སྤྱད་པ་གང་ཡིན་པ་འདི་ཡིན་ནོ་ཞེས་ལས་ཀྱི་རྒྱུ་བ་བཤད་ཅེ་ན། དེ་ནི་དི་ལྟར་རིགས་འདི་གསལ་བར་བྱའོ་སྙམ་ན་ཤིན་ཏུ་མུན་པ་བྱས་པ་ཡིན་ནོ། །ཇི་ལྟར་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ནི་སངས་རྒྱས་ཞེས་བྱ་བ་སྔོན་མ་ཐོས་པའི་སྒྲ་ཐོས་ནས་བ་སྤུ་ཐམས་ཅད་ཟིང་ཞེས་བྱེད་ཅིང༌། ཤིན་ཏུ་བལྟ་བ་ལ་སྤྲོ་བར་གྱུར་པ་གང་ཡིན་པ་དང༌། བྲམ་ཟེའི་ཁྱེའུ་བླ་མ་ཚེ་རབས་གསུམ་ན་སངས་རྒྱས་སུ་འགྱུར་བ་གང་ཡིན་པས་ནི་སངས་རྒྱས་ཉིད་ལ་སྐུར་པ་བཏབ་པ་འདི་དགོངས་པ་ཅན་མ་ཡིན་པར་ཁྱེད་ཡིད་ཆེས་པར་སྤྲོ། སྤྲུལ་པའི་དངོས་པོ་ནི་མི་སྟོན་ཀྱང་ལས་ཀྱི་རྒྱུ་བ་ནི་གདོན་མི་ཟ་བར་བསྟན་པར་བྱ་སྟེ། སེམས་ཅན་རྣམས་ལས་ཀྱི་འཇིགས་པ་ཉིད་ཡོངས་སུ་བསྐྱེད་པའི་ཕྱིར་རོ། །སངས་རྒྱས་རྣམས་སྤྲུལ་པ་དག་གིས་བརྫུན་གསུངས་པ་ཡིན་པར་འགྱུར་རོ་ཞེ་ན། ཀྱེ་མ་ཉེས་པར་འཛིན་པ་རྣམས་གདུལ་དཀའ་བ་ཉིད་ཡིན་ནོ། །སངས་རྒྱས་རྣམས་ནི་སེམས་ཅན་རྣམས་ལ་ཇི་ལྟ་ཇི་ལྟར་ཕན་
པ་དེ་ལྟར་དེ་ལྟར་སྤྲུལ་པ་མཛད་པའམ་གསུང་བ་ཡིན་ན། འདི་ལ་ཅི་ཞིག་མི་རངས་པར་བྱ། གཞན་དུ་ཇི་ལྟར་གདུལ་བ་དང༌། སྐལ་བ་མཉམ་པའི་སྤྲུལ་པ་རྣམས་ཀྱིས་དེ་དང་སྐལ་བ་མཉམ་པའི་རིགས་ལ་སོགས་པ་དམ་བཅས་པ་འགལ་བར་མི་འགྱུར། རེ་ཞིག་འདི་ཡང་དཔྱད་པར་བྱའོ། །ཅི་དེ་བཞིན་གཤེགས་པ་རྣམས་ཚིག་རྩུབ་པོའམ་མཛའ་པོ་དང་དབྱེ་བར་བྱེད་པ་གསུང་ངམ། སྨྲས་པ། སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར་གསུངས་ཏེ། གཞན་དུ་ན་འཆར་ཀ་དང་ཅི་ཞིག་གསུང་བའི་མདོ་ལ་སོགས་པ་དག་དང་འགལ་བར་འགྱུར་རོ་ཞེ་ན། ཅི་ངག་གི་ལས་ཁ་ན་མཐོ་བ་དང་བཅས་པར་བརྗོད་པར་བྱ་བའམ། སྨྲས་པ་མ་ཡིན། དེ་ཅིའི་ཕྱིར་ཞེ་ན། དགེ་བའི་སེམས་ལས་བྱུང་བའི་ཕྱིར་རོ་ཞེ་ན། བརྫུན་ཡང་དེ་ཁོ་ན་བཞིན་དུ་ཅིའི་ཕྱིར་མི་འདོད། འོ་ན་བླ་མ་ལ་སོགས་པ་སྤྲུལ་བ་ཡིན་པར་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། ཐབས་ལ་མཁས་པའི་མདོ་སྡེ་དང༌། འཇིག་རྟེན་ལས་འདས་པའི་ལེའུ་ལ་སོགས་པ་དག་ཇི་ལྟར་འོས་པར་ངེས་པར་གཟུང་བར་བྱའོ། །ཐབས་ལ་མཁས་པའི་མདོ་སྡེ་ཚད་མ་ཉིད་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལ་ཐབས་ལ་མཁས་པ་ཉིད་ཀྱིས་སྲོག་གཅོད་པ་ནི་ཁ་ན་མ་ཐོ་བ་མེད་དོ་ཞེས་གསུངས་སོ། །དེ་ལྟ་ཡིན་ན་ནི་གང་དག་ཕན་པར་འདོད་པས་དེ་རྣམས་མཐོ་རིས་ཐོབ་པར་བྱ་བའི་ཕྱིར་དང༌། འཁོར་བ་ལས་ཐར་བར་བྱ་བའི་ཕྱིར། ཕྱུགས་དང་དུད་འགྲོ་སྣ་ཚོགས་གསོད་པར་བྱེད་པ། མཆོད་སྦྱིན་པ་རྣམས་འཁོར་བ་ལས་ཐར་བར་བྱ་བ་རྣམས་ལ་ཅིའི་ཕྱིར་ཁ་ན་མ་ཐོ་བ་མེད་པར་མི་འགྱུར་ཞེ་ན། ཅི་འོ་ཐུག་དང་ཁྭཾ་ར་འདྲ་བ་ཉིད་ཡིན་ནམ། དེ་རྣམས་ཀྱི་སྲོག་གཅོད་པ་དེ་ནི་གཏི་མུག་ལས་སྐྱེས་པ་དང༌། ཆགས་པ་ལས་སྐྱེས་པ་ཡིན་ནོ། །ཕྱུགས་དང་སྲོག་ཆགས་གཞན་དག་ལ་མཆོད་སྦྱིན་ཅན་གྱི་སྡུག་བསྔལ་གྱིས་འཆི་བར་བྱེད་པའམ། བསད་པས་མཐོ་རིས་སམ་ཐར་པ་འཐོབ་བོ་སྙམ་པ་ནི་གཏི་མུག་སྟེ། ལས་དང་འབྲས་བུ་ཕྱིན་ཅི་ལོག་པ་ལ་མངོན་པར་ཞེན་པའི་ཕྱིར་རོ། །བདག་ལས་འདིས་མཐོ་རིས་སུ་འགྲོ་བར་འགྱུར་རོ་སྙམ་པ་ནི་གཏི་མུག་དང་ཆགས་པའོ། །བཅོམ་ལྡན་འདས་ཀྱིས་དགེ་
སློང་དག་སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ། ཆགས་པ་ལས་སྐྱེས་པ་དང༌། ཞེ་སྡང་ལས་སྐྱེས་པ་དང༌། གཏི་མུག་ལས་སྐྱེས་པའོ། །ལོག་པར་ལྟ་བའི་བར་ལ་ཡང་དེ་བཞིན་ནོ་ཞེས་མི་དགེ་བའི་ལས་ཀྱི་ལམ་རྣམས་ཀྱི་མཚན་ཉིད་སྤྱི་རྣམ་པར་གཞག་པས། དེའི་ཕྱིར་ཇི་ལྟར་ན་དེ་ཁ་ན་མ་ཐོ་བ་མེད་པར་འགྲུབ། ཐབས་ལ་མཁས་པའི་མདོ་སྡེ་ལས་ནི་མ་ཆགས་པ་ལ་སོགས་པ་ལས་བྱུང་བའི་སྲོག་གཅོད་པ་ཁ་ན་མ་ཐོ་བ་མེད་པའོ་ཞེས་ཡོངས་སུ་བསྟན་པས་དེ་དང་དེར་ཇི་ལྟར་ན་འདྲ་བ་ཉིད་ཡིན། ཇི་ལྟར་མ་ཆགས་པ་ལ་སོགས་པ་ལས་འབྱུང་ཞེ་ན། གལ་ཏེ་གཞན་མཚམས་མེད་པའི་ལས་བྱེད་པ་ལ་མངོན་དུ་ཕྱོགས་པ་མཐོང་ན། ལས་དེ་ནི་ཡུན་རིང་པོར་རྣམ་པར་སྨིན་པ་དྲག་པོར་འགྱུར་བར་རིག་ནས། སྙིང་རྗེ་བྱེད་པ་ན་དེ་བསད་པས་བདག་ཉིད་སེམས་ཅན་དམྱལ་བར་སྐྱེ་བ་ཡང་ཁས་བླངས་ནས། དེ་ཡོངས་སུ་བསྐྱབ་པའི་ཕྱིར་དགེ་བའམ་ལུང་དུ་མ་བསྟན་པའི་སེམས་ཀྱི་གནས་སྐབས་བྱས་ཏེ། བདག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་ས་པ་ནི་སླའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་དང་འབྲེལ་བར་གྱུར་ན་མི་རུང་ངོ་སྙམ་ནས་གསོད་པར་བྱེད་པ་སྟེ། དེ་ལྟ་བུ་ནི་དགེ་བའི་སེམས་ལས་བྱུང་བའི་ཕྱིར་རོ། །འདི་ལྟར་དགེ་བའི་སེམས་ཀྱང་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡིན་ནོ། །འོན་ཏེ་མ་ཆགས་པ་ལ་སོགས་པ་ལས་བྱུང་ཡང་སྲོག་གཅོད་པའི་སྐྱོན་དུ་འགྱུར་ན་ནི་ཚིག་རྩུབ་བོ་དང༌། མཛའ་བོ་འབྱེད་པ་དང༌། ཇི་སྐད་དུ་གསུངས་པའི་མདོ་སྡེ་ཡང་སྐྱོན་དུ་འགྱུར་རོ། །དེ་ཡོངས་སུ་གཏོང་བའི་སེམས་ཉིད་གང་ཡིན་པ་དེ་ཉིད་འདིར་ཞེ་སྡང་མ་ཡིན་ནམ་ཞེ་ན། འདི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་ལས་ཡོངས་སུ་བསྐྱབ་པར་འདོད་པས་བདག་ལ་བྱམས་པ་བས་ཀྱང་ལྷག་པར་བྱམས་པས། དེར་དེ་ངེས་པར་མྱོང་བར་འགྱུར་བའི་ལས་བྱེད་པ་ལ་མངོན་དུ་ཕྱོགས་པའི་ལུས་པས་ཕུལ་དུ་བྱུང་བའི་ལུས་གང་ཐོབ་པར་བྱེད་པ་ན། ད་ཡོངས་སུ་བཏང་བ་གང་ཡིན། གཞན་ཡང་སྙིང་བརྩེ་བའི་བདག་ཉིད་དག་གིས་སྦྱོར་བ་གང་གིས། ཕན་ཕྱིར་གཞན་གསོད་དེ་ནི་སྐྱོན་ཅན་ན། །གང་གིས་དགེ་སྦྱོང་དྲུག་ཅུ་ལ་སོགས་ཤིང༌། །མདོ་གཉིས་ཐུབ་པས་བསྟན་པ་དེ་ཅིའི་
ཕྱིར། །མདོ་གཉིས་ཀྱང་གང་ལས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། དགེ་སྦྱོང་དྲུག་ཅུ་ཁ་ནས་ཁྲག་དྲོན་མོ་བྱུང་སྟེ། གནོད་པ་དེ་ཉིད་ཀྱིས་དུས་བྱས་སོ་ཞེས་འབྱུང་བ་ལྗོན་ཤིང་གི་ཕུང་པོ་ལྟ་བུ་དང༌། གང་ལས་དེ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དགེ་སློང་དག་མི་སྡུག་པ་སྒོམས་ཤིག །མི་སྡུག་པ་བསྟེན་ཅིང་ཞེས་བྱ་བ་ནས་ཕན་ཡོན་ཆེའོ་ཞེས་བྱ་བའི་བར་དུ་མི་སྡུག་པ་བསྟེན་ཅིང༌། མི་སྡུག་པ་བསྒོམ་པའི་བསྔགས་པ་བཤད་པ་དང༌། དེའི་ཚེ་དགེ་སློང་དག་མི་སྡུག་པ་བསྒོམས་ཤིང༌། མི་སྡུག་པ་བསྒོམས་པ་ན། རྣག་གི་ལུས་འདིས་འཛེམ་ཞིང་ཞེས་བྱ་བ་ནས་མཚོན་འདེབས་པར་བྱེད་ཅིང༌། དགེ་སློང་གིས་དགེ་སློང་གསོད་པའི་བར་འབྱུང་བ་རི་དགས་བཟློག་གི་མདོ་ཡིན་ནོ། །ཅིའི་ཕྱིར་ཐེག་པ་ཆེན་པོ་ལས་སྤྲུལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་བསྟན་ལ། ཐེག་པ་ཆེན་པོ་མ་ཡིན་པ་ལ་མ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱ་ཆེན་པོ་ལ་མོས་པ་ཡིན་པས། དེ་རྣམས་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་དང༌། མཐུའི་བདག་ཉིད་ཆེན་པོའི་ཁྱད་པར་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་སྐྱེ་བ་བསྟན་པའི་མདོ་བཞིན་དུ་དེ་ལྟར་བསྟན་པར་བྱའོ། །གཞན་དུ་ན་ནི་དེ་རྣམས་དེ་ལྟར་སེམས་མངོན་པར་འདུ་བྱེད་པར་མི་འགྱུར་ལ། མི་རིགས་པར་འགྱུར་བ་ཇི་སྐད་དུ་བསྟན་པ་དེའི་ལན་ཡང་ཇི་ལྟར་བཏབ་པར་འགྱུར། ཉན་ཐོས་གང་དག་དེ་ལྟ་བུ་ལ་མོས་པའི་སྐལ་བ་ཅན་དེ་དག་ནི་དེ་ཉིད་ལས་ཐོས་པར་འགྱུར་རོ། །གང་དག་སྐལ་བ་མེད་པ་དེ་རྣམས་ལ་ནི་དེ་བསྟན་པ་ཉིད་སྐྱོན་དུ་འགྱུར་རོ། །དེ་བས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཡིན་ནོ་ཞེས་བྱ་བ་དེ་ནི་མི་འགལ་ལོ། །དེའི་ཕྱིར་ཤིན་ཏུ་རྒྱས་པའི་སྡེ་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བྱ་བ་འགལ་བ་མེད་དོ། །རྣམ་པར་བཤད་པའི་རིགས་བ་ལས་ལེའུར་བཅད་པ་བཞི་པའོ།། །། བརྒལ་བ་དང་ལན་གྱི་རྣམ་པ་ཡང་བསྟན། ཇི་ལྟར་མདོ་སྡེ་བཤད་པར་བྱ་བའི་རིགས་པ་ཡང་བསྟན་ཏོ། །གཞན་ཡང་ཆོས་སྨྲ་བ་པོས་ཐོག་མ་ཁོ་ནར་མདོ་སྡེ་བཀོད་ནས་བརྒལ་ཞིང་བརྟག་པར་བྱ་སྟེ། འཁོར་ལན་རྣམས་ལ་སྲེད་པ་བསྐྱེད་པའི་ཕྱིར་རོ། །འོན་ཀྱང་སྲེད་པ་ཆུང་བ་ཡིན་བ་
རྣམས་ལ་ཡང་རྣ་བླག་ཏུ་གཞུག་པའི་ཕྱིར་གུས་པར་མཉན་པ་དང་ལྡན་པ་བཤད་པར་བྱའོ། །གུས་པར་མཉན་པ་དང་ལྡན་པ་འདི་ཅི་ཞིག་ཅེ་ན། གཏམ་གང་ལས་གུས་པར་མཉན་པ་བསྟན་པའོ། །རྣ་བླགས་ན་དགོས་པ་ལ་སོགས་པའི་རིམ་བས་མདོ་སྡེ་བཤད་པར་བྱའོ། །བརྒལ་ཞིང་བརྟག་པ་བྱས་ན་ཡང་བརྒལ་བ་ཅིའི་ཕྱིར་སྨོས་ཤེ་ན། བརྒལ་བའི་མཇུག་ཐོགས་སུ་ལན་རྣམས་བདེ་བར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །སྔར། མདོ་སྡེའི་ཆེ་བ་ཉིད་ཐོས་ན། །མཉན་པ་དང་ནི་གཟུང་བ་ལ། །ཉན་པ་པོ་ནི་གུས་བྱེད་འགྱུར། །དེ་ཕྱིར་ཐོག་མར་དགོས་པ་བརྗོད། །ཅེས་བསྟན་པ་ཡིན་ན། དེ་ཅིའི་ཕྱིར་ཐོག་མར་གུས་པར་མཉན་པ་དང་ལྡན་པ་བཤད་པར་བྱ་ཞེ་ན། དགོས་པ་བསྟན་བ་ལ་ཡང་གུས་པར་མཉན་པར་བྱ་བའི་ཕྱིར་རོ། །ཁ་ཅིག་མདོ་སྡེའི་དོན་ཁོང་དུ་ཆུད་པར་མི་ནུས་བ་དག་འབྱུང་བས་དེ་དག་ལ་ཆོས་ཙམ་ལ་ཡང་གུས་བར་མཉན་པས་བསོད་ནམས་བསྐྱེད་པར་བྱ་བའི་ཕྱིར་དང༌། དོན་ཁོང་དུ་ཆུད་པ་ལ་སྨོས་བས་ཤེས་རབ་ཀྱི་ཁམས་བསྐྱེད་པར་བྱ་བའི་ཕྱིར། གདོན་མི་ཟ་བར་ཐོག་མར་གུས་པར་མཉན་བ་དང་ལྡན་པ་བཤད་པར་བྱའོ། །ཇི་ལྟར་བཤད་པར་བྱ་ཞེ་ན། རྣམ་པ་གསུམ་དག་གིས་ཏེ། ཡང་དག་པར་འཛིན་དུ་གཞུག་པ་ཉིད་དང༌། དགོས་པ་ཡང་དག་པར་བསྟན་པ་ཉིད་དང༌། རྨུགས་པ་དང༌། གཉིད་དང་ལོག་པའི་རྣམ་པར་རྟོག་པ་རྣམས་ཀྱིས་ཞུམ་པ་དང༌། སེམས་རྣམ་པར་གཡེངས་པ་རྣམས་ལ་ཡང་མཚན་དང༌། རབ་ཏུ་དགའ་བ་དང༌། སྐྱོ་བའི་གཏམ་ཉེ་བར་བསྒྲུབ་པ་ཉིད་ཀྱིས་སོ། །ཇི་ལྟར་ན་ཡང་དག་པར་འཛིན་དུ་གཞུག་པ་ཉིད་ཀྱིས་ཤེ་ན། གུས་བར་ཆོས་མཉན་པར་བྱའོ་ཞེས་བྱ་བས་ཡང་དག་པར་འཛུད་པའི་ཕྱིར་རོ། །འདིར་ཡང་དག་པར་འཛུད་པ་ནི་ཡང་དག་པར་འཛིན་དུ་གཞུག་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་འཁོར་ལ་ཆོས་སྟོན་པར་མཛད་པ་ན་དབྱངས་ཡན་ལག་ལྔ་དང་ལྡན་པ་ཞལ་ནས་འབྱུང་ངོ༌། །རེ་ཞིག་དེ་ཡང་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་གསུང་གིས་ཆོས་སྟོན་པ་ན། དགེ་སློང་དག་ཁྱེད་ལ་ཆོས་བསྟན་གྱི་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་བྱོས་ཤིག་ཅེས་དེ་ལྟར་ཡང་དག་པར་འཛིན་དུ་གཞུག་པར་མཛད་པ་ཡིན་
ན་བདག་ཅག་ལ་ལྟ་སྨོས་ཀྱང་ཅི་དགོས་པས་སོ། །དབྱངས་ཀྱི་ཡན་ལག་ལྔ་ནི་འབྲུག་སྒྲ་ལྟར་ཟབ་བ་དང༌། སྙན་ཅིང་འཇེབས་ལ་རྣར་སྙན་པ་དང༌། ཡིད་དུ་འོང་ཞིང་དགའ་བར་བྱེད་པ་དང༌། རྣམ་པར་གསལ་ཞིང་རྣམ་པར་རིག་པར་བྱ་བ་དང༌། མཉན་པར་འོས་ཤིང་མི་མཐུན་པ་མེད་པ་སྟེ། འདིས་དེ་བཞིན་གཤེགས་པའི་དབྱངས་ཀྱི་ཡོན་ཏན་ལྔ་པོ་རྒྱ་ཆེ་བ་ཉིད་དང༌། རིགས་པའི་དོན་དང་ལྡན་པ་ཉིད་དང༌། གཟུང་སླ་བ་ཉིད་དང༌། སྣ་ཚོགས་ཅི་འདོད་བ་ཉིད་ཡོངས་སུ་བསྟན་ཏོ། །ཡོན་ཏན་ལྔ་པོ་འདི་དག་ནི་མཉན་པ་དང༌། རྣམ་པར་མི་གཡེང་བ་དང༌། རྣམ་པར་གྲོལ་བ་དང༌། ཁོང་དུ་ཆུད་པར་བྱེད་པ་དང༌། ཡོངས་སུ་སྨིན་པར་བྱེད་པའི་ཡན་ལག་ཏུ་གོ་རིམས་བཞིན་དུ་འགྱུར་རོ། །བསྡུས་པའི་ཚིགས་སུ་བཅད་པ་དག་ནི། ཡོན་ཏན་ལྔ་ནི་རྒྱ་ཆེན་དང་།སྙན་དན་རིགས་དོན་ལྡན་ཉིད་དང༌། །གཟུང་སླ་སྣ་ཚོགས་ཅི་འདོད་ཉིད། །འདི་དག་ལྔ་ཡི་ཡན་ལག་སྟེ། །མཉན་དང་རྣམ་པར་མི་གཡེང་དང༌། །རྣམ་གྲོལ་ཁོང་དུ་ཆུད་པ་དང༌། །སྨིན་པར་བྱེད་པ་ཡིན་ཏེ་དེས། །ཐུབ་ཆེན་གསུང་ནི་ཡན་ལག་ལྔ། །འཕགས་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་དག་དགེ་སློང་ཆོས་སྨྲ་བ་པོས་གཞན་དག་ལ་ཆོས་དང་ལྡན་པའི་གཏམ་སྨྲ་བ་ན། རྣམ་པ་ཉི་ཤུ་དག་དང་ལྡན་པས་གཏམ་བྱ་སྟེ། དུས་སུ་གཏམ་བྱ་བ་དང༌། གུས་པ་དང༌། གོ་རིམས་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དང་ཚེ་དང་ལྡན་པ་དག་ཆོས་མཉན་པར་འདོད་པས་རྣམ་པ་བཅུ་དྲུག་དང་ལྡན་པས་ཆོས་མཉན་པར་བྱ་སྟེ། དུས་སུ་ཆོས་མཉན་པར་བྱ་བ་དང། གུས་པ་དང༌། སྲི་ཞུ་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པ་ཡིན་ནོ། །ངེད་དམ་ཁྱེད་ཀྱི་དེ་ནི་བསྒྲུབ་པར་དཀའ་བས་དེའི་ཕྱིར་རྣམ་པ་ཉི་ཤུའམ་བཅུ་དྲུག་ལྟ་ཞོག་གི་རེ་ཞིག་རྣམ་པ་གཅིག་ཙམ་ཡང་བྱས་ལ། ངས་ཀྱང་གུས་པར་ཆོས་བཤད་པར་བྱ། ཁྱོད་ཀྱིས་ཀྱང་གུས་པར་ཆོས་ཉོན་ཅིག །ཇི་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་བསྡུས་པ་ལས་འབྱུང་བ་དེ་ལྟར་ཡང་ཡང་དག་པར་འཛིན་དུ་གཞུག་པ་ཉིད་ཀྱིས་སོ། །དེ་ལས་ཇི་སྐད་གསུངས་ཤེ་ན་དེའི་ཕྱིར་ཤེས་ལྡན་རྒྱལ་བའི་སྲས་དག་མ་ཆགས་པའི་སེམས་དང༌། ཞེ་སྡང་མེད་པའི་སེམས་དང༌། ལས་སུ་རུང་
བའི་སེམས་དང༌། རྣམ་པར་མ་རྨོངས་པའི་སེམས་དང༌། ཞི་བའི་སེམས་དང༌། རྩུབ་པ་མེད་པའི་སེམས་དང༌། རྒྱུད་གཅིག་ཏུ་གྱུར་པའི་སེམས་དང༌། དགེ་བའི་སེམས་དང༌། བྱེ་བྲག་ཕྱེད་པའི་སེམས་དང༌། གུས་པའི་སེམས་དང༌། མོས་པའི་སེམས་དང༌། ལེགས་པར་རྣམ་པར་གནས་པའི་སེམས་དང༌། ལེ་ལོ་མེད་བའི་སེམས་དང༌། གཟུང་བའི་སེམས་དང༌། ཕན་འདོགས་པའི་སེམས་དང༌། རབ་ཏུ་འཛིན་པའི་སེམས་དང༌། སྒྲུབ་པའི་སེམས་དང༌། དོན་ལ་ལྟ་བའི་སེམས་དང༌། སྐྱོན་ཡིད་ལ་མི་བྱེད་པའི་སེམས་དང༌། དོན་ལ་རྟོན་པའི་སེམས་དང། རི་མོར་བྱ་བའི་སེམས་དང༌། ཞུམ་པ་མེད་པའི་སེམས་དང༌། ཁེངས་བ་མེད་པའི་སེམས་དང༌། མཉམ་པར་གཞག་པའི་སེམས་དང༌། ཚིག་འབྲུ་ལ་མི་འཕྲོ་བའི་སེམས་དང༌། དོན་མི་གཏོང་བའི་སེམས་དང༌། ཡིད་ལ་བྱེད་པ་དྲག་པོའི་སེམས་བྱོས་ཤིག་ཅེས་འབྱུང་བ་ཡིན་ནོ། །ཡང་དག་པར་འཛིན་དུ་གཞུག་པ་འདིས་གང་ལ་ཡང་དག་པར་འཛིན་དུ་བཅུག་ཅེ་ན། ཚིག་བདུན་དག་གིས་ནི་སྒྲིབ་པ་ལྔ་ཡོངས་སུ་སྤོང་བ་ལ་སྟེ། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། འགྱོད་པ་རྣམ་པ་གཉིས་སུ་བྱས་ཏེའོ། །ཚིག་བཞི་དག་གིས་ནི་བཅོམ་ལྡན་འདས་ཀྱིས་ཁྱེའུ་ལྟ་བུའི་གང་ཟག་བཞི་བསྟན་བ་གང་ཡིན་པ་དག་སྟེ། གསུམ་ནི་ནག་པོའི་ཕྱོགས་དང་མཐུན་པ་ཡིན་ནོ། །གཅིག་ནི་དཀར་པོའི་ཕྱོགས་དང་མཐུན་པ་ཡིན་ཏེ། དེ་ལྟ་བུ་ཉིད་ཡོངས་སུ་སྤང་བ་དང༌། དེ་ལྟ་བུ་ཉིད་ལའོ། །ཚིག་ལྷག་མ་བཅུ་དྲུག་པོ་དག་གིས་ནི་དོན་རྒྱས་བ་ལས་འཕགས་པ་ཤཱ་རིའི་བུས་རྣམ་པ་བཅུ་དྲུག་པོ་གང་དག་གིས་ཆོས་མཉན་པར་བྱ་བར་གསུངས་པའི་རྣམ་པ་བཅུ་དྲུག་པོ་དག་ལ་ཡང་དག་པར་འཛིན་དུ་བཅུག་པ་ཡིན་ནོ། །དེ་ལ་ཆོས་མཉན་པ་དང་མཐུན་པའི་སྤྱོད་ལམ་ལ་རྣམ་པར་གནས་པའི་ཕྱིར་ལེགས་པར་རྣམ་པར་གནས་པའི་སེམས་སོ། །རབ་ཏུ་འཛིན་པའི་ཕྱིར་ལེ་ལོ་སྤངས་ཏེ་ཉན་པའི་ཕྱིར། ལེ་ལོ་མེད་པའི་སེམས་དང༌། གཟུང་བའི་བསམ་པ་ནི་གཟུང་བའི་སེམས་སོ། །ཆོས་སྨྲ་བ་ལ་གུས་པ་དང་བཅས་པའི་ཕྱིར་ཕན་འདོགས་པའི་སེམས་སོ། །དེ་ཉིད་ཀྱིས་སེམས་ཀྱི་རྗེས་སུ་འཇུག་པས་ལུས་དང༌། ངག་དག་
གིས་སེམས་ཡང་དག་པར་རབ་ཏུ་འཛིན་པའི་ཕྱིར་རབ་ཏུ་འཛིན་པའི་སེམས་སོ། །ཆོས་འདི་ནི་དོན་ཆེན་པོའོ་སྙམ་པ་ནི་དོན་ལ་ལྟ་བའི་སེམས་སོ། །ཚུལ་ཁྲིམས་དང༌། རིགས་དང༌། རུས་ཀྱི་སྐྱོན་ཡིད་ལ་མི་བྱེད་པའི་ཕྱིར། སྐྱོན་ཡིད་ལ་མི་བྱེད་པའི་སེམས་སོ། །གཞུང་གི་ཚིག་འབྲུ་ཉམས་པ་ལ་དོན་ལ་རྟོན་པའི་སེམས་དང༌། ངག་གི་ལས་ཕུན་སུམ་ཚོགས་པ་ལ་སངས་རྒྱས་དང་འདྲ་བ་ཉིད་ཀྱིས་རི་མོ་བྱ་བའི་སེམས་སོ། །ལྷག་མ་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །དེ་ལྟ་བུ་ནི་ཡང་དག་པར་འཛིན་དུ་འཇུག་པ་ཉིད་ཀྱིས་སོ། །ཇི་ལྟར་ན་དགོས་པ་ཡང་དག་པར་བསྟན་པ་ཉིད་ཀྱིས་ཡིན། ཅིའི་ཕྱིར་གུས་པར་ཆོས་མཉན་པར་བྱ་ཞེ་ན། སྣོད་གསུམ་དག་ཏུ་ནི་ལྷས་ཆར་ཕབ་ཀྱང་ཆུའི་བྱ་བ་མི་བྱེད་དེ། ཁ་གཞན་ཏུ་ཕྱོགས་བའམ་བཅད་པ་གང་དུ་མི་འབབ་པ་ཉིད་དང༌། མི་གཙང་བ་གང་དུ་བབ་ཀྱང་སྐྱོན་ཅན་དུ་འགྱུར་བ་དང༌། བུ་ག་དང་བཅས་པ་གང་དུ་མི་གནས་པའོ། །དེ་བཞིན་དུ་སྐྱེ་བོ་ཉན་པ་པོའི་ཡིད་ཀྱི། སྣོད་གསུམ་དག་ཏུ་ཆོས་སྨྲ་བས་ཆོས་ཀྱི་ཆར་ཕབ་ཀྱང༌། ཆོས་ཀྱི་ཆུའི་བྱ་བ་མི་བྱེད་དེ། རྣམ་པར་གཡེང་བ་དང༌། རྨུགས་པ་དང༌། གཉིད་དག་གིས་མི་ཉན་པའི་ཕྱིར། གང་དུ་མི་འབབ་པ་དང༌། ཚུལ་བཞིན་ཡིད་ལ་མི་བྱེད་པའི་ཕྱིར། གང་དུ་བབ་ཀྱང་སྐྱོན་ཅན་དུ་འགྱུར་བ་དང༌། དྲན་པ་བརྗེད་ངས་པའི་ཕྱིར་གང་དུ་མི་གནས་པའོ། །དེ་ལྟ་བས་ན་དེའི་སྐྱོན་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་བྱོས་ཤིག་ཅེས་གསུངས་པ་ཡིན་པས་ན་མཉན་པའི་སྐྱོན་དེ་བདག་ཅག་ལ་འབྱུང་ན་མི་རུང་བའི་ཕྱིར། གུས་པར་ཆོས་མཉན་པར་བྱའོ། །ནད་པ་གཅིག་གིས་ནི་སྨན་པའི་ལུང་མ་ཤེས་ལ། གཉིས་པས་ནི་ཉེས་པར་བཟུང་སྟེ། དཔེར་ན་འཁྲུས་པ་ལ་འབྲས་ཁུ་ལུད་ཅིག་ཅེས་བསྒོ་བ་ལས། ཞོ་ག་ཆུ་བླུད་པ་དང༌། དྲོད་ཆུང་བ་ལ་ཕྱེ་མ་སྦྱར་བ་ལས་ཕྱུང་སྟེ། ཕོ་སུམ་རེ་རེ་འགོམས་ཤིག་ཅེས་བསྒོ་བ་ལས་རྒྱུན་མི་འཆད་པར་ཐམས་ཅད་འགམས་བ་དང༌། འདི་ལྟར་སྣུམ་ཐོང་ལ་འདི་ལྟར་བཀྲུ་སྨན་འཐུངས་ཤིག །འཐུངས་ནས་ཀྱང་འདི་ལྟར་
འབྲས་ཁུ་དང༌། ཐུག་པ་ལ་སོགས་པ་རིམ་གྱིས་ལོངས་སྤྱོད་ཅིག་ཅེས་བསྒོ་བ་ལས། ཉི་མ་གཅིག་ཉིད་ལ་ཐམས་ཅད་བྱས་སོ། །གསུམ་པས་ནི་ལེགས་པར་བཟུང་ནས་ཆུད་གཟན་པ་ལྟ་བུ་སྟེ། དེ་རྣམས་ལས་བར་མ་ནི་ཐམས་ཅད་པས་ཐ་ཆད་ཡིན་ནོ། །བསྟན་པ་འདི་ལ་ཡང་གང་ཟག་དེ་ལྟ་བུ་གསུམ་ཡོད་པས་དེའི་གཉེན་པོར་བཅོམ་ལྡན་འདས་ཀྱིས་ཉོན་ལ་ལེགས་པ་དང༌། རབ་ཏུ་ཡིད་ལ་བྱ་བས་མཉན་པ་ལ་ཡང་དག་པར་གཟུང་པ་མཛད་དོ། །དེ་ལྟ་བས་ན་ནད་པ་ལྟ་བུར་གྱུར་ན་མི་རུང་བས་གུས་པར་ཆོས་མཉན་པར་བྱའོ། །ནད་པ་གསུམ་པོ་དག་ནི་ཕལ་གནོད་དེ། ཟས་མི་ཟ་བ་གང་ཡིན་པ་དང༌། མི་འཕྲོད་པ་ཟ་བ་གང་ཡིན་པ་དང༌། འཕྲོད་པ་ཟོས་པ་སྐྱུགས་པ་གང་ཡིན་པའོ། །དེ་བཞིན་དུ་ཉོན་མོངས་པའི་ནད་པ་རྣམས་ཀྱང་ཆོས་ཀྱི་ཡབ་སངས་རྒྱས་ལ་གནོད་དེ། དམ་པའི་ཆོས་མི་ཉན་པ་གང་ཡིན་པ་དང༌། ཚུལ་བཞིན་ཡིད་ལ་མི་བྱེད་པ་གང་ཡིན་པ་དང༌། ལེགས་པར་ཡིད་ལ་མེད་པའི་ཕྱིར་བརྗེད་པ་གང་ཡིན་པའོ། །དེ་ལྟ་བས་ན་ཆོས་ཀྱི་ཡབ་སངས་རྒྱས་ལ་གནོད་པར་གྱུར་ན་མི་རུང་པས། གུས་པར་མཉན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཆོས་མཉན་པ་ལ་ཕན་ཡོན་ལྔ་གསུངས་ཏེ། མ་ཐོས་པ་ཐོས་པར་འགྱུར་བ་དང༌། ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་དང༌། སོམ་ཉི་སྤོང་བ་དང༌། ལྟ་བ་དྲང་པོར་བྱེད་པ་དང༌། ཤེས་རབ་ཀྱིས་དོན་དང༌། ཚིག་ཟབ་མོ་རྟོགས་པར་འགྱུར་བའོ། །དེ་ལ་ཇི་ལྟར་ན་མ་ཐོས་པ་ཐོས་པར་འགྱུར་བ་ཡིན་ཞེ་ན། ཐོག་མ་མེད་པ་ཅན་གྱི་འཁོར་བ་ནས་བསྟན་བཅོས་གཞན་ཐམས་ཅད་ལས་མ་ཐོས་པ་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། འཕགས་པའི་བདེན་པ་དང༌། དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང༌། དབུགས་རྔུབས་པ་དང༌། འབྱུང་བ་དྲན་པ་དང༌། བསླབ་པ་དང༌། ཤེས་ནས་དད་པ་རྣམ་པར་གཞག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་རྣམས་ཀྱི་བར་དང་སྤྱི་དང་རྒྱུ་དང་འབྲས་བུའི་མཚན་ཉིད་ཕྱིན་ཅི་མ་ལོག་པ་སྟོན་པ་
དང༌། བདག་ཏུ་ལྟ་བའི་ཉེ་བར་ལེན་པ་སྤོང་བ་ཡོངས་སུ་སྟོན་པ་དང༌། གང་ཟག་སློབ་པ་དང༌། མི་སློབ་པའི་བར་དུ་དབྱེ་བ་དང༌། ཆེ་བའི་བདག་ཉིད་དང༌། དགེ་སྦྱོང་གི་འབྲས་བུ་དང༌། རྣམ་པར་ཐར་པ་དང༌། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། ཟད་པར་གྱི་སྐྱེ་མཆེད་དང༌། ཉོན་མོངས་པ་མེད་པ་དང༌། སྨོན་ནས་ཤེས་པ་ལ་སོགས་པ་དང༌། དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང༌། ཆེ་བའི་བདག་ཉིད་ལ་སོགས་པ་གང་ཡིན་པ་དེ་ཐོས་པར་འགྱུར་རོ། །དེ་ལྟར་ན་མ་ཐོས་པ་ཐོས་པར་འགྱུར་རོ། །ཇི་ལྟར་ན་ཐོས་པ་ཡོངས་སུ་བྱང་བར་འགྱུར་ཞེ་ན། སངས་རྒྱས་འབྱུང་བ་གཞན་དག་ལས་སམ། འདིར་ཐོས་པ་བརྗོད་དམ། དྲི་མ་ཅན་དུ་གྱུར་པ་གང་ཡིན་པ་དེ་མཉན་པས་གསལ་བར་བྱེད་ཅིང་དྲི་མ་མེད་པར་བྱེད་དོ། །དེ་ལྟར་ན་ཐོས་པ་ཡོངས་སུ་བྱང་བར་འགྱུར་རོ། །ཇི་ལྟར་ན་སོམ་ཉི་སྤོང་བར་འགྱུར་ཞེ་ན། དེ་སེམས་པ་ན་ཐེ་ཚོམ་འབྱུང་བ་གང་ཡིན་པ་དེ། ཆོས་མཉན་པས་ངེས་པ་འཐོབ་བོ། །ཇི་ལྟར་ན་ལྟ་བ་དྲང་པོར་བྱེད་ཅེ་ན། འདིས་སེམས་པ་ན་ལོག་པར་རྟོག་པ་འབྱུང་བ་གང་ཡིན་པ་དེ་ཡང་དག་པར་རྟོག་གོ །ཇི་ལྟར་ན་ཤེས་རབ་ཀྱིས་དོན་དང་ཚིག་ཟབ་མོ་རྟོགས་པར་འགྱུར་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་གང་ཐོས་ནས། ཆོས་ཉིད་རྟོགས་པར་འགྱུར་ཞིང༌། འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱེད་དོ། །ཕན་ཡོན་ལྔ་པོ་འདི་དག་གིས་ཤེས་རབ་གསུམ་ཡོངས་སུ་དག་པར་བསྟན་པ་ཡིན་ཏེ། མ་ཐོས་པ་ཐོས་པར་འགྱུར་བ་དང༌། ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་གང་ཡིན་པ་དེས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཡོངས་སུ་དག་པར་འགྱུར་རོ། །སོམ་ཉི་སྤོང་བ་དང༌། ལྟ་བ་དྲང་པོར་བྱེད་པ་གང་ཡིན་པ་དེས་ནི་བསམས་པ་ལས་བྱུང་བའོ། །ཤེས་རབ་ཀྱིས་དོན་དང༌། ཚིག་ཟབ་མོ་རྟོགས་པར་འགྱུར་བ་གང་ཡིན་པ་དེས་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཡོངས་སུ་དག་པར་འགྱུར་རོ། །ཕན་ཡོན་འདི་དག་ཡང་དག་པར་མཐོང་བས་དམ་པའི་ཆོས་མཉན་པ་ལས་གུས་པར་མཉན་པར་བྱའོ། །ཡང་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས། ཐོས་པས་ཆོས་རྣམས་
ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་བས་དོན་མེད་སྤོང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་གསུངས་པས་སོ། །དེ་ལ་ཇི་ལྟར་ན་ཐོས་པས་ཆོས་རྣམས་ཤེས་པར་འགྱུར་ཞེ་ན། འདི་ལྟ་སྟེ། འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ཐོས་ན་ཡང་དག་པའི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཡོངས་སུ་སྟོན་པ་གང་ཡིན་པ་འདི་དེ་ཁོ་ན་ཆོས་ཡིན་གྱི། གཞན་མུ་སྟེགས་ཅན་གྱིས་སྨྲས་པ་མེ་དང་ཆུར་འཇུག་པ་དང༌། ཟས་མི་ཟ་བ་དང༌། བརྟུལ་ཞུགས་དྲག་པོ་དང༌། འཚེ་བ་དང༌། མཆོད་སྦྱིན་ལ་སོགས་པ་ཡོངས་སུ་སྟོན་པ་ནི་མ་ཡིན་ནོ་ཞེས་རྣམ་པར་ཤེས་སོ། །ཇི་ལྟར་ན་ཐོས་པས་སྡིག་པ་ལས་ལྡོག་པར་འགྱུར་ཞེ་ན། འདི་ལྟ་སྟེ། འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཐོས་ན། དེ་ལ་བརྟེན་པས་ཉེས་པར་སྤྱོད་པ་ལས་ལྡོག་གོ །ཇི་ལྟར་ན་ཐོས་པས་དོན་མེད་པ་སྤོང་བར་འགྱུར་ཞེ་ན། འདི་ལྟ་སྟེ། འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལས་ལྷག་པའི་སེམས་ཀྱི་བསླབ་པ་ཐོས་ན། དེ་ལ་བརྟེན་པས་གང་དག་ལ་བྱིས་པ་རྣམས་དོན་དུ་འདུ་ཤེས་པ་འདོད་པ་དོན་མེད་པར་གྱུར་པ་རྣམས་སྤོང་བར་འགྱུར་རོ། །ཇི་ལྟར་ན་ཐོས་པས་མྱ་ངན་ལས་འདས་པ་འཐོབ་ཅེ་ན། འདི་ལྟ་སྟེ། འདི་ན་ཁ་ཅིག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཐོས་ན། དེ་ལ་བརྟེན་པས་ཟག་པ་ཟད་པ་མངོན་སུམ་དུ་བྱེད་དོ། །འདིས་ནི་དམ་པའི་ཆོས་མཉན་པ་ལ་ཕན་ཡོན་རྣམ་པ་བཞི་པོ་ཡང་དག་པའི་ལྟ་བ་རྙེད་པ་དང༌། བསླབ་པ་གསུམ་ལ་ཡང་དག་པར་བརྟེན་པས། སྡིག་པ་ལས་ཡང་དག་པར་རྒལ་བ་དང༌། འདོད་པ་ལས་ཡང་དག་པར་རྒལ་བ་དང༌། ཡང་སྲིད་པ་ལས་ཡང་དག་པར་རྒལ་བ་ཡོད་པར་གོ་རིམས་བཞིན་དུ་ཡོངས་སུ་བསྟན་ཏོ། །ཡང་ཉོན་མོངས་པའི་གནོད་པའི་རྒྱུས་ཕན་ཡོན་རྣམ་པ་བཞི་པོ་ཡང་དག་པའི་ལྟ་བ་རྙེད་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་ལས་རྒལ་བ་དང༌། ཉོན་མོངས་
པའི་ཀུན་ནས་ཉོན་མོངས་པ་ལས་རྒལ་བ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་རྒལ་བ་ཡོད་པར་ཡོངས་སུ་བསྟན་ཏོ། །ཡང་རྣམ་པ་བཞི་སྟེ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་རྙེད་པ་དང༌། རབ་ཏུ་འབྱུང་བ་དང༌། དབང་པོའི་སྒོ་བསྲུངས་པ་ཉིད་ཀྱི་རིམ་པས་བསམ་གཏན་བཞི་པའི་བར་དུ་སྟེ། དེ་ནི་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་ཕྱིར། གནོད་པ་སྤོང་བ་དང༌། འཕགས་པའི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་རིམ་པས་ཟག་པ་ཟད་པའི་བར་དུ་སྟེ། ནྱ་གྲོ་དྷ་ལ་སོགས་པའི་མདོ་སྡེ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ལྟར་ཕན་ཡོན་རྣམ་པ་མང་པོ་ཡང་དག་པར་མཐོང་བ་ཉིད་ཀྱིས་གུས་པར་ཆོས་མཉན་པར་བྱའོ། །ཡང་ཅིའི་ཕྱིར་ཞེ་ན། འདི་ལྟར་བཅོམ་ལྡན་འདས་ཀྱི་ཆོས་འདུལ་བ་ནི་ལེགས་པར་གསུངས་པ་ཡིན་པས་སོ། །ཡང་ཇི་ལྟར་ན་ལེགས་པར་གསུངས་པ་ཡིན་ཞེ་ན། རྣམ་པ་བཅུ་དག་གིས་ཏེ། ཡང་དག་པར་བསླང་བ་ཉིད་ཀྱིས་དང༌། དབང་དུ་མཛད་པ་ཉིད་ཀྱིས་དང༌། འཇུག་པ་ཉིད་ཀྱིས་དང༌། རབ་ཏུ་བསྟན་པ་ཉིད་ཀྱིས་དང༌། རབ་ཏུ་དབྱེ་བ་ཉིད་ཀྱིས་དང༌། རྟེན་ཉིད་ཀྱིས་དང༌། གོ་བར་མཛད་པ་ཉིད་ཀྱིས་དང༌། གདགས་པ་ཉིད་ཀྱིས་དང༌། དུས་ཉིད་ཀྱིས་དང༌། ཡོན་ཏན་ཡོངས་སུ་འཛིན་པ་ཉིད་ཀྱིས་སོ། །ཇི་ལྟར་ན་ཡང་དག་པར་བསླང་བ་ཉིད་ཀྱིས་ཤེ་ན། ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་ནས་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་དབང་དུ་མཛད་པ་ཉིད་ཀྱིས་ཤེ་ན། སེམས་ཅན་ཐམས་ཅད་ཀྱི་དབང་དུ་མཛད་ནས་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་འཇུག་པ་ཉིད་ཀྱིས་ཤེ་ན། རེས་འགའ་མ་ཡིན་གྱི། ཡང་དང་ཡང་དུ་རྒྱུན་དུ་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་རབ་ཏུ་བསྟན་པ་ཉིད་ཀྱིས་ཤེ་ན། སློབ་དཔོན་གྱིས་དཔེ་མཁྱུད་ཀྱིས་འགའ་ལ་ཡང་བར་ཆད་མ་བྱས་པར་བར་ཆད་མེད་པར་ཡང་དག་པར་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་རབ་ཏུ་དབྱེ་བ་ཉིད་ཀྱིས་ཤེ་ན། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་རྟེན་ཉིད་ཀྱིས་ཤེ་ན། དབྱངས་ཡན་ལག་ལྔ་དང་ལྡན་པ་ཅན་ཡང་དག་པར་གསུངས་པའི་ཕྱིར་རོ། །
ཇི་ལྟར་ན་གོ་བར་མཛད་པ་ཉིད་ཀྱིས་ཤེ་ན། དབྱངས་གཅིག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གོ་བར་མཛད་པ་ཡང་དག་པར་གསུངས་པའི་ཕྱིར་དང༌། འཁོར་གྱི་དཀྱིལ་འཁོར་ཇི་སྙེད་བ་ལ་ཐུག་པར་གོ་བར་མཛད་པ་ཡང་དག་པར་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་གདགས་པ་ཉིད་ཀྱིས་ཤེ་ན། མཐའ་གཉིས་སྤངས་པའི་ལམ་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་དུས་ཉིད་ཀྱིས་ཤེ་ན། འདུལ་བ་ཡོངས་སུ་སྨིན་པ་རྣམས་ལ་གསུངས་པའི་ཕྱིར་རོ། །ཇི་ལྟར་ན་ཡོན་ཏན་ཡོངས་སུ་འཛིན་པ་ཉིད་ཀྱིས་ཤེ་ན། གསུང་ཡོན་ཏན་རྣམ་པ་དྲུག་ཅུ་དང་ལྡན་པ་ཡང་དག་པར་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ་ཐེག་པ་ཆེན་པོའི་མདོ་སྡེ་དེ་བཞིན་གཤེགས་པའི་གསང་བ་ལས། ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་དང་ལྡན་པར་འབྱུང་སྟེ། མཉེན་པ་དང༌། འཇམ་པ་དང༌། ཡིད་དུ་འོང་བ་དང༌། ཡིད་དུ་འཐད་བ་དང༌། དག་པ་དང༌། དྲི་མ་མེད་པ་དང༌། གསལ་བ་དང༌། སྙན་ཅིང་འཇེབས་པ་དང༌། མཉན་པར་འོས་པ་དང༌། མི་ཚུགས་པ་དང༌། སྙན་པ་དང༌། འདུལ་བ་དང༌། མི་རྩུབ་པ་དང༌། མི་བརླང་བ་དང༌། རབ་ཏུ་དུལ་བ་དང༌། རྣར་སྙན་པ་དང༌། ལུས་ཚིམ་པར་བྱེད་བ་དང༌། སེམས་ཚིམ་པར་བྱེད་པ་དང༌། སྙིང་དགའ་བར་བྱེད་པ་དང༌། དགའ་བ་དང༌། བདེ་བ་བསྐྱེད་པ་དང༌། ཡོངས་སུ་གདུང་བ་མེད་པ་དང༌། ཀུན་དུ་ཤེས་པར་བྱ་བ་དང༌། རྣམ་པར་རིག་པར་བྱ་བ་དང༌། རྣམ་པར་གསལ་བ་དང༌། དགའ་བར་བྱེད་པ་དང༌། མངོན་པར་དགའ་བར་བྱེད་པ་དང༌། ཀུན་དུ་ཤེས་པར་བྱེད་པ་དང༌། རྣམ་པར་རིག་པར་བྱེད་པ་དང༌། རིགས་པ་དང༌། འབྲེལ་བར་བྱེད་པ་དང༌། ཟློས་པའི་སྐྱོན་མེད་པ་དང༌། སེང་གེའི་སྒྲའི་ཤུགས་དང༌། གླང་པོ་ཆེའི་སྒྲ་སྐད་དང༌། འབྲུག་གི་སྒྲ་སྐད་དང༌། ཀླུའི་དབང་པོའི་སྒྲ་དབྱངས་དང༌། དྲི་ཟའི་གླུ་དབྱངས་དང༌། ཀ་ལ་པིཾ་ཀའི་སྒྲ་དབྱངས་དང༌། ཚངས་པའི་སྒྲ་དབྱངས་བསྒྲགས་པ་དང༌། ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་དང༌། ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་དང༌། རྔའི་སྒྲ་དང༌། མ་ཁེངས་པ་དང༌། མི་དམའ་བ་དང་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང༌། ཚིག་ཟུར་ཆག་མེད་
པ་དང༌། མ་ཚང་བ་མེད་པ་དང༌། མ་ཞུམ་པ་དང༌། མ་ཞན་པ་དང༌། རབ་ཏུ་དགའ་བ་དང༌། ཁྱབ་པ་དང༌། ཆུབ་པ་དང༌། རྒྱུན་ཆགས་པ་དང༌། འབེལ་བ་དང༌། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང༌། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང༌། མ་སྨད་པ་དང༌། མི་འགྱུར་བ་དང༌། མ་རྟགས་པ་དང༌། འཁོར་ཀུན་དུ་གྲགས་པ་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །དེ་ལ་མཉེན་པ་ནི་སེམས་ཅན་གྱི་ཁམས་ཀྱི་དགེ་བའི་རྩ་བ་སྟོན་པའི་ཕྱིར་རོ། །འཇམ་པ་ནི་མཐོང་བའི་ཆོས་ཁོ་ན་ལ་རེག་ན་བདེ་བའི་ཕྱིར་རོ། །ཡིད་དུ་འོང་བ་ནི་དོན་བཟང་བའི་ཕྱིར་རོ། །ཡིད་དུ་འཐད་པ་ནི་ཡི་གེ་བཟང་བའི་ཕྱིར་རོ། །དག་པ་ནི་འཇིག་རྟེན་ལས་འདས་པ་གོང་ན་མེད་པའི་རྗེས་སུ་ཐོབ་པའི་ཕྱིར་རོ། །དྲི་མ་མེད་པ་ནི་ཉོན་མོངས་པའི་བག་ལ་ཉལ་དང༌། བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གསལ་བ་ནི་ཚིག་དང་ཡི་གེར་རབ་ཏུ་གྲགས་པའི་ཕྱིར་རོ། །སྙན་ཅིང་འཇེབས་པ་ནི་མུ་སྟེགས་ཅན་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་འཇོམས་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །མཉན་པར་འོས་པ་ནི་བསྒྲུབས་པས་ངེས་པར་འབྱིན་པའི་ཕྱིར་རོ། །མི་ཚུགས་པ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་བརྫི་བའི་ཕྱིར་རོ། །སྙན་པ་ནི་དགའ་བར་བྱེད་པའི་ཕྱིར་རོ།། །།བམ་པོ་དགུ་པ། འདུལ་བ་ནི་འདོད་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །མི་རྩུབ་པ་ནི་བསླབ་པ་བཅའ་བའི་ཐབས་བདེ་བའི་ཕྱིར་རོ། །མི་བརླང་བ་ནི་དེ་ལས་འདས་ན་ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོན་པའི་ཕྱིར་རོ། །རབ་ཏུ་དུལ་བ་ནི་ཐེག་པ་གསུམ་ཆར་གྱིས་འདུལ་བ་སྟོན་པའི་ཕྱིར་རོ། །རྣར་སྙན་པ་ནི་རྣམ་པར་གཡེང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ལུས་ཚིམ་པར་བྱེད་པ་ནི་ཏིང་ངེ་འཛིན་སྐྱེད་པའི་ཕྱིར་རོ། །སེམས་ཚིམ་པར་བྱེད་པ་ནི་ལྷག་མཐོང་གིས་རབ་ཏུ་དགའ་བ་སྐྱེད་པའི་ཕྱིར་རོ། །སྙིང་དགའ་བར་བྱེད་པ་ནི་ཐེ་ཚོམ་གཅོད་པར་བྱེད་པའི་ཕྱིར་རོ། །དགའ་བ་དང་བདེ་བ་སྐྱེད་པ་ནི་ལོག་པར་ངེས་པར་སེལ་བའི་ཕྱིར་རོ། །ཡོངས་སུ་གདུང་བ་མེད་པ་ནི་བསྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་རོ། །
ཀུན་དུ་ཤེས་པར་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རོ། །རྣམ་པར་རིག་པར་བྱ་བ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རོ། །རྣམ་པར་གསལ་བ་ནི་སློབ་དཔོན་གྱིས་དཔེ་མཁྱུད་མེད་པར་ཆོས་སྟོན་པའི་ཕྱིར་རོ། །དགའ་བར་བྱེད་པ་ནི་རང་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བར་བྱེད་པའི་ཕྱིར་རོ། །མངོན་བར་དགའ་བར་བྱེད་པ་ནི་རང་གི་དོན་རྗེས་སུ་མ་ཐོབ་པ་རྣམས་ཀྱིས་དགའ་བར་བྱ་བ་ཡིན་པའི་ཕྱིར་རོ། །ཀུན་ཤེས་པར་བྱེད་པ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། །རྣམ་པར་རིག་པར་བྱེད་པ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། །རིགས་པ་ནི་ཚད་མ་དང་མི་འགལ་བའི་ཕྱིར་རོ། །འབྲེལ་བ་ནི་འདུལ་བ་ལ་ཇི་ལྟར་རིགས་པར་སྟོན་པའི་ཕྱིར་རོ། །ཟློས་པའི་སྐྱོན་མེད་པ་ནི་དོན་མེད་པ་མ་ཡིན་པའི་ཕྱིར་རོ། །སེང་གེའི་སྒྲའི་ཤུགས་ནི་མུ་སྟེགས་ཅན་གྱི་ཚོགས་ཐམས་ཅད་སྐྲག་པར་བྱེད་པའི་ཕྱིར་རོ། །གླང་པོ་ཆེའི་སྒྲ་སྐད་ནི་རྒྱ་ཆེ་བའི་ཕྱིར་རོ། །འབྲུག་གི་སྒྲ་དབྱངས་ནི་ཟབ་པའི་ཕྱིར་རོ། །ཀླུའི་དབང་པོའི་སྒྲ་ནི་གཟུང་བར་འོས་པའི་ཕྱིར་རོ། །དྲི་ཟའི་གླུ་དབྱངས་ནི་སྙན་པའི་ཕྱིར་རོ། །ཀ་ལ་པིཾ་ཀའི་སྒྲ་དབྱངས་ནི་རྒྱུན་མི་འཆད་པ་དང་འཇིགས་པའི་ཕྱིར་རོ། །ཚངས་པའི་སྒྲ་དབྱངས་བསྒྲགས་པ་ནི་ཐག་རིང་པོར་གྲགས་པའི་ཕྱིར་རོ། །ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་ནི་སྒྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་བཀྲ་ཤིས་ཡིན་པའི་ཕྱིར་རོ། །ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་ནི་མི་འདའ་བར་བྱ་བ་ཡིན་པའི་ཕྱིར་རོ། །རྔའི་སྒྲ་ནི་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །མ་ཁེངས་པ་ནི་བསྟོད་ཀྱང་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །མི་དམའ་བ་ནི་སྨད་ཀྱང་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ནི། བརྡ་སྤྲོད་པ་ཐམས་ཅད་ཀྱི་མཚན་ཉིད་ཀྱི་རྣམ་པ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་ཕྱིར་རོ། །ཚིག་ཟུང་ཆག་པ་མེད་པ་ནི་བསྙེལ་ཏེ་མི་གསུང་བའི་ཕྱིར་རོ། །མ་ཚང་བ་མེད་པ་ནི་འདུལ་བའི་བྱ་བ་ལ་དུས་ཐམས་ཅད་དུ་ཉེ་བར་གནས་
པའི་ཕྱིར་རོ། །མ་ཞུམ་པ་ནི་རྙེད་པ་དང་བཀུར་སྟི་ལ་མི་བརྟེན་པའི་ཕྱིར་རོ། །མི་ཞན་པ་ནི་བསྙེངས་པ་དང་བྲལ་བའི་ཕྱིར་རོ། །རབ་ཏུ་དགའ་བ་ནི་མི་སྐྱོ་བའི་ཕྱིར་རོ། །ཁྱབ་པ་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པ་དང་ལྡན་པའི་ཕྱིར་རོ། །ཆུབ་པ་ནི་སེམས་ཅན་རྣམས་ཀྱི་དེ་དག་གི་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱིར་རོ། །རྒྱུན་ཆགས་པ་ནི་རྒྱུན་མ་ཆད་པའི་ཕྱིར་རོ། །འབེལ་བ་ནི་རྣམ་པ་སྣ་ཚོགས་སུ་ཉེ་བར་གནས་པའི་ཕྱིར་རོ། །སྒྲ་ཐམས་ཅད་རྫོགས་པར་བྱེད་པ་ནི། གསུང་གཅིག་ལས་སྒྲའི་རྣམ་པར་རིག་པ་རྣམ་པ་དུ་མ་ཉེ་བར་གནས་པའི་ཕྱིར་རོ། །དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་ནི་གཅིག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་པའི་ཕྱིར་རོ། །མ་སྨད་པ་ནི་དམ་བཅས་པ་ཇི་ལྟ་བ་བཞིན་པའི་ཕྱིར་རོ། །མི་འགྱུར་བ་ནི་དུས་ལ་བབ་བར་རབ་ཏུ་སྦྱོར་བའི་ཕྱིར་རོ། །མ་རྟབས་པ་ནི་རྟབ་རྟབ་བོར་མི་གསུང་བའི་ཕྱིར་རོ། །འཁོར་ཀུན་ཏུ་གྲགས་པ་ནི། འཁོར་ཉེ་བ་དང༌། རིང་བས་མཚུངས་པར་ཐོས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི་འཇིག་རྟེན་པའི་དོན་ཐམས་ཅད་དཔེའི་ཆོས་སུ་སྒྱུར་བའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཞེ་ན། འཁོར་ལོ་ལེགས་པར་སྦྱར་བ་ཡང་འཕུལ་བར་བྱེད་པ་དང༌། ས་དང་གཉིས་ཀྱི་ཡོན་ཏན་གྱིས་འདྲིལ་ཏེ། གལ་ཏེ་འཕུལ་བར་བྱེད་པས་ཀྱང་ལེགས་པར་འཕུལ་བ་ལ། གང་དུ་དབུལ་བར་བྱ་བའི་ས་ཡང་མི་མཉམ་པ་མེད་པ་ཡིན་ནའོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་ལེགས་པར་བཤད་པ་ཡང་སྟོན་པ་པོ་དང༌། ཉན་པ་པོ་དང༌། གཉིས་ཀྱི་ཡོན་ཏན་གྱིས་བསྐོར་ཏེ། གལ་ཏེ་སྟོན་པ་པོས་ཡང་དག་པར་སྟོན་པ་གང་ལ་བསྟན་པར་བྱ་བའི་ཉན་པ་པོ་ཡང་དག་པར་ཉན་ནའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱི་གང་ཟག་གཉིས་ནི། དེ་བཞིན་གཤེགས་པའི་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་སྐོར་བར་བྱེད་པ་ཡིན་ཏེ། གང་ཞིག་གུས་པར་ཆོས་འཆད་པ་དང༌། གང་ཞིག་དེ་གུས་པར་ཉན་པའོ། །ཆོས་དང་ལྡན་པ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན། དོན་དམ་པའི་ཆོས་དང་མ་བྲལ་བ་ནི། ཆོས་དང་ལྡན་པ་ཡིན་ལ་ཀུན་རྫོབ་ཀྱི་ཆོས་ཀྱི་ངོ་བོ་བསྟན་པའི་རང་བཞིན་གྱི་འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ། །གཞན་
ཡང་བསྟན་པ་ཡང་ཆོས་ཞེས་བྱ་སྟེ། ཇི་སྐད་དུ། ཇི་ལྟར་ན་དགེ་སློང་ཆོས་ཤེས་པ་ཡང་ཡིན་ཞེ་ན། འདི་ལ་དགེ་སློང་ཆོས་ཤེས་པ་ནི་འདི་ལྟ་སྟེ་མདོ་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །རིགས་བ་ཡང་ཡིན་ཏེ། ཇི་སྐད་དུ་ཆོས་ཀྱིས་ཆོས་ཚོལ་བར་བྱེད་དེ། ཆོས་མ་ཡིན་པས་མ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །དེ་ལྟ་བས་ན་རིགས་པའི་ཆོས་དང་མ་བྲལ་བའི་བསྟན་པ་ནི་ཆོས་ཀྱི་འཁོར་ལོ་ཞེས་པ་ཡིན་ནོ། །འཁོར་ལོ་དང་ཆོས་མཐུན་པས་འཁོར་ལོ་སྟེ། འདུལ་བའི་རྒྱུད་གཞན་དག་ལ་བསྐོར་བའི་ཕྱིར་རོ། །གཞན་མུ་སྟེགས་ཅན་དག་ལ་ཡང་ཆོས་ཀྱི་འཁོར་ལོ་ཡོད་མོད་ཀྱི། ཆོས་དང་ལྡན་པ་ནི་མ་ཡིན་ཏེ། རིགས་པའི་ཆོས་དང་བྲལ་བའི་ཕྱིར་རོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་ཁོ་ན་ཆོས་དང་ལྡན་པ་ཞེས་བྱ་བར་ངེས་པར་གཟུང་བར་བྱའོ། །དེ་ལྟར་བས་ན་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རྗེས་སུ་སྐོར་བར་བྱེད་པར་འགྱུར་སྙམ་ནས། གུས་པར་ཆོས་མཉན་པར་བྱའོ། །འཕགས་པ་ཤཱ་རིའི་བུས། དེ་ལྟར་འཕགས་པ་ཉན་ཐོས་ཆོས་ཡང་དག་པར་ཉན་ན་འཆད་པ་པོ་ལ་མཐོ་མི་འཚམ་པ་དང༌། གཏམ་གྱི་བཅུད་རྟོགས་པ་དང༌། ཆོས་ཉིད་ཀྱིས་སྟོན་པ་ལ་བསྙེན་བཀུར་བྱེད་པ་དང༌། བདག་གི་དོན་རྗེས་སུ་འཐོབ་པ་དང༌། མྱ་ངན་ལས་འདས་པ་ཡང་འཐོབ་པོ་ཞེས་གསུངས་པ་འདིས་ཅི་ཞིག་བསྟན་པ་ཡིན་ཞེ་ན། ཆོས་ཡང་དག་པར་མཉན་ན་དུས་གསུམ་དག་ཏུ་ཕན་ཡོན་གསུམ་ཡོད་པར་བསྟན་པ་ཡིན་ཏེ། ཉན་པའི་དུས་ན་འཆད་པ་པོའི་བསམ་པ་གང་ཡིན་པ་རྫོགས་པར་བྱེད་ཅིང༌། བདག་ཉིད་ཀྱིས་ཀྱང་ཆོས་ཀྱི་དོན་གྱི་བཅུད་འཐོབ་པས་གཞན་དང༌། བདག་རྗེས་སུ་འཛིན་པ་དང༌། བསྒྲུབ་པའི་དུས་སུ་སྟོན་པའི་དགོངས་པ་གང་ཡིན་པ་རྫོགས་པར་བྱེད་ཅིང་བདག་ཉིད་ཀྱིས་ཀྱང་ཟག་པ་ཟད་པས་རྗེས་སུ་འཐོབ་པས། བདག་དང་གཞན་རྗེས་སུ་འཛིན་པ་དང༌། ཐ་མའི་དུས་སུ་སྡུག་བསྔལ་ཐམས་ཅད་ཀྱི་མཐར་ཕྱིན་པ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་འཐོབ་བོ། །གལ་ཏེ་དུས་གསུམ་དག་ཏུ་ཡིན་ན་ཅིའི་ཕྱིར་ཉན་ན་ཞེས་གསུངས་ཤེ་ན། ཇི་ལྟར་སྨྲ་ཞིང་འགྲོ་བར་བྱེད་ཅེས་བྱ་བའི་བྱ་བ་གཉིས་དུས་གཅིག་པ་ཉིད་དུ་བསམ་པ་དེ་ལྟ་བུར་ནི་ཉན་ན་ཇི་སྐད་སྨོས་པ་བཞིན་དུ་བྱེད་པ་ནི་
མ་ཡིན་ནོ། །འོན་ཀྱང་ཉན་བའི་རྒྱུ་ཉིད་ལ་དགོངས་པ་ཡིན་ཏེ། དཔེར་ན་མར་ཟོས་ན་བརྟ་པར་བྱེད་དོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ན་ཕན་ཡོན་རྣམ་པ་ལྔ་འདོད་པས་གུས་པར་ཆོས་མཉན་པར་བྱའོ། །ཇི་ལྟར་ལོང་བ་དང་མིག་བཙུམས་པ་ལ་མར་མེ་སྦར་བ་མཚུངས་པ་ལྟར་སྐལ་བ་མེད་པ་ལྟ་བ་ལོག་པར་ཞུགས་པ་དང༌། རྣ་བ་བླགས་པ་ཡང་དེ་ལྟ་བུ་ཡིན་པས། དེ་ལྟ་བས་ན་ལོང་བ་དང་འདྲ་བར་གྱུར་ན་མི་རུང་ངོ་སྙམ་ནས་གུས་པར་ཆོས་མཉན་པར་བྱའོ། །བརྡ་མི་ཕྲད་པས་ཀྱང་སངས་རྒྱས་ཀྱི་གསུང་གུས་པར་མཉན་པར་བྱ་སྟེ། འདི་ལྟར་དད་པ་ཙམ་གྱིས་ཀྱང་ཉན་ན་བསོད་ནམས་ཆེན་པོ་ཉིད་དང་ལྡན་པ་དང༌། ཤེས་རབ་ཀྱིས་ཁམས་བརྟས་པར་འགྱུར་ན་དོན་རྟོགས་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བ་ལང་རྫི་དགའ་བོས་སྦལ་བ་ཁར་བས་མན་པའི་རྟོགས་པ་བརྗོད་པ་ཡང་བརྗོད་པར་བྱའོ། །འདིར་ཡང་བཤད་པ། དད་པས་མཉན་པས་གང་གིས་ན།། མཐོ་རིས་དགའ་བའི་བསོད་ནམས་དང༌། །གང་གིས་མྱ་ངན་འདས་ཐོབ་པའི། །ཤེས་རབ་ས་བོན་བརྟས་པར་འགྱུར། །འཛིན་པ་པོས་སྣོད་གཟུང་བ་ནི་བླའི་ལྡུགས་པ་པོས་བཅུད་ཀྱིས་ལེན་བླུགས་པར་ནི་དཀའ་བས་ཁྱེད་ཀྱིས་ནི་སེམས་གཏད་པར་བྱ་བས་རྣ་བའི་སྣོད་བཟུང་བ་འབའ་ཞིག་བྱ་ཞིང༌། བདག་ཅག་གིས་ནི་དམ་བའི་ཆོས་ཀྱི་བཅུད་ཀྱིས་ལེན་བླུགས་པར་བྱ་སྟེ། ཁྱེད་ཀྱི་བྱ་བ་ནི་སླ་བ་ཡིན། ངེད་ཀྱི་བྱ་བ་ནི་དཀའ་བ་ཡིན་ནོ། །སླ་བ་རིགས་པ་དང་ལྡན་པ་མི་བྱེད་པ་ནི་སྨད་པར་བྱ་བ་ཡིན་པས་དེ་ལྟ་བས་ན་གུས་པར་ཆོས་མཉན་པར་བྱའོ། །སངས་རྒྱས་ཀྱི་གསུང་འདི་ནི་ཆུ་དང་འདྲའོ། །ཆུ་ནི་ཕན་པ་རྣམ་བ་ལྔ་བྱེད་དེ། །འབྲས་ཐུག་པོ་ཆེ་ལ་སོགས་བ་བངས་པར་བྱ་བ་རྣམས་བངས་པར་བྱེད་པ་དང༌། ལུས་དང་གོས་དང༌། སྣོད་དག་གི་དྲི་མ་སེལ་བ་དང༌། སོས་ཀའི་ལུས་ཀྱི་ཡོངས་སུ་གདུང་བ་སེལ་བ་དང༌། སྐོམ་དད་ཆེ་བ་ཞི་བར་བྱེད་པ་དང༌། རྩྭ་དང་འབྲུ་དང༌། ནགས་ཚལ་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་ལ་དད་པ་བསྐྱེད་པས་གདུལ་བྱའི་རྒྱུད་བངས་པར་བྱེད་པ་དང༌། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བ་དང༌། འདོད་པའི་ཡོངས་སུ་གདུང་བ་སེལ་བ་དང༌། ཡང་འབྱུང་བ་བའི་སྲེད་བ་ཞི་བར་བྱེད་པ་དང༌།
བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཡོན་ཏན་གྱི་རྩྭ་དང༌། འབྲུ་དང༌། ནགས་ཚལ་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ། །ཕན་པ་རྣམ་པ་ལྔ་པོ་དེ་ཡང་དད་པ་རྙེད་པ་དང༌། ལས་དང་བཅས་པའི་བསླབ་བ་གསུམ་ལས་བརྩམས་པར་རིག་པར་བྱའོ། །དེ་ལྟ་བས་ན་ཕན་པ་རྣམ་པ་ལྔ་པོ་དེ་འདོད་པས་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ། མེས་བྱ་བ་བཞི་བྱེད་དེ། སྲེག་པར་བྱེད་བ་དང༌། ཆོས་པར་བྱེད་པ་དང༌། དྲོ་བར་བྱེད་པ་དང༌། གསལ་བར་བྱེད་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་མེས་ཀྱང༌། རྒྱུད་སྨིན་པ་རྣམས་ལ་ཉོན་མོངས་པ་རྣམས་སྲེག་པ་དང༌། རྒྱུད་མ་སྨིན་པ་རྣམས་ལ་དགེ་བའི་རྩ་བ་རྣམས་སྨིན་པར་བྱེད་པ་དང༌། སྲིད་བ་ལ་མངོན་པར་དགའ་བ་རྣམས་སྐྱོ་བར་བྱེད་པའི་ཕྱིར་གདུང་བར་བྱེད་པ་དང༌། སྐྱོ་བར་གྱུར་བ་རྣམས་དང༌། ཐེ་ཚོམ་ཟོས་པ་དང༌། ལམ་ངན་པར་ཞུགས་པ་རྣམས་ལ་ལམ་དང་ལམ་མ་ཡིན་པ་ཡང་དག་པ་རབ་ཏུ་སྟོན་པའི་ཕྱིར་གསལ་བར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་གུས་པར་ཆོས་མཉན་པར་བྱའོ། །གཞི་ལྔ་དག་གིས་འཇུག་ངོགས་བདེ་བ་ལ་བརྟེན་པར་བྱ་སྟེ། དྲི་མ་མེད་པར་བྱ་བའི་ཕྱིར་དང༌། ཚ་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང༌། སྐོམ་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང༌། དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་དང༌། ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་བྱ་བའི་ཕྱིར་རོ། །སངས་རྒྱས་ཀྱི་གསུང་འཇུག་ངོགས་བདེ་བ་ལ་ཡང་དེ་བཞིན་ཏེ། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་མེད་པར་བྱ་བའི་ཕྱིར་དང༌། འདོད་པའི་ཡོངས་སུ་གདུང་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང༌། ཡང་འབྱུང་བའི་སྲེད་པ་ཞི་བར་བྱ་བའི་ཕྱིར་དང༌། བསམ་གཏན་དང༌། མངོན་པར་ཤེས་པ་དང༌། ཚད་མེད་པ་དང༌། རྣམ་པར་ཐར་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་གྱི་དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་དང༌། ཚུ་རོལ་གྱི་འགྲམ་འཇིག་ཚོགས་ནས་ཕ་རོལ་གྱི་འགྲམ་མྱ་ངན་ལས་འདས་པར་འགྲོ་བར་བྱ་བའི་ཕྱིར་རོ། །དེ་ལྟ་བས་ན་འཇུག་ངོགས་བདེ་བ་ལ་བརྟེན་པའི་ཡོན་ཏན་འདོད་པ་རྣམས་ཀྱིས་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ། །རྒྱུ་གསུམ་དག་གིས་རས་ལ་གཟུགས་སུ་མི་བྲི་བ་འགྲུབ་སྟེ། རས་འགུལ་བ་དང༌། དྲི་མ་ཅན་དང༌། ཐག་ཐུག་ཉིད་ཀྱི་སྐྱོན་གྱི་ཕྱིར་དང༌། ཚོན་མི་བཟང་
པའི་ཕྱིར་དང༌། རི་མོ་མཁན་མི་མཁས་པའི་ཕྱིར་རོ། །ཉན་པ་པོའི་སྐྱེ་བོའི་ཡིད་ཀྱི་རས་ལ་ཡང་དག་པའི་ཡེ་ཤེས་ཀྱི་གཟུགས་སུ་བྲི་བ་ཡང་དེ་བཞིན་ཏེ། རྣམ་པར་གཡེང་བ་དང༌། སྒྲིབ་པ་དང༌། སྔོན་གྱི་སྒྲིབ་པས་དེ་གཡོ་བ་དང༌། དྲི་མ་ཅན་དང༌། མི་མཉམ་པ་ཉིད་ཀྱི་སྐྱོན་གྱི་ཕྱིར་དང༌། ཉེས་པར་བཤད་པའི་ཆོས་ཀྱི་ཚོན་མི་བཟང་བའི་ཕྱིར་དང༌། ཆོས་སྨྲ་བའི་རི་མོ་མཁན་མི་མཁས་པའི་ཕྱིར་རོ། །དེ་ལྟ་བས་ན་ཚོན་གྱི་སྐྱོན་ནི་མེད་དེ། ཆོས་ནི་ལེགས་པར་གསུངས་པ་ཡིན་པའི་ཕྱིར་རོ། །ཁྱེད་དང་བདག་ཅག་ལ་སྐྱོན་འབྱུང་སྟེ། དེ་ཡོངས་སུ་སྤང་བའི་ཕྱིར་ཁྱེད་ཀྱིས་ཀྱང་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱ་ཞིང༌། བདག་ཅག་གིས་ཀྱང་གུས་པར་བཤད་པར་བྱའོ། །དམ་པའི་ཆོས་མཉན་པ་ལ་ཡོན་ཏན་ལྔ་ཡོད་དེ། རྣམ་པར་མི་ཤེས་པ་རྣམ་པར་ཤེས་པར་བྱེད་པ་དང༌། ཉེས་པར་བཟུང་བ་འདོར་བ་དང༌། ཐེ་ཚོམ་ཟོས་པ་ངེས་པར་བྱེད་པ་དང༌། ངེས་པར་བྱས་པ་སྙིང་པོར་བྱེད་པ་དང༌། འཕགས་པའི་ཤེས་རབ་ཀྱི་མིག་སྦྱོང་བར་བྱེད་པའོ། །དེ་ལྟ་བས་ན་གུས་པར་དམ་པའི་ཆོས་མཉན་པར་བྱའོ། །ལོང་བ་ནི་སྟོན་པ་པོའི་ཡོན་ཏན་གྱི་ལམ་རྙེད་པ་ཡང་སྲིད་ཀྱི། བླུན་པོ་ནི་ལོག་པར་ལྷུང་ན་མ་ཡིན་ནོ། །དེ་ལྟ་བས་ན་ལོང་བ་ནི་བླའི། བླུན་པོ་ཉིད་ནི་མ་ཡིན་ཏེ། བླུན་པོའི་རྒྱུ་ནི་མི་ཉན་པ་ཡིན་ནོ། །དེ་ལྟ་བས་ན། ཇི་ལྟར་ན་བླུན་པོར་མི་འགྱུར་བར་བྱ་སྙམ་ནས། གུས་པར་ཆོས་མཉན་པར་བྱའོ། །སེམས་སྤྲེའུ་འདྲ་བར་གཡོ་བ་ནི་གཉིས་ཏེ། རྣམ་པར་གཡེང་བ་དང༌། གཉིད་ལོག་པའོ། །དེ་ཆར་གཅད་པའི་ཕྱིར་འདི་སྐད་ཅེས་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ་ཞེས་བརྗོད་པར་བྱའོ། །འགའ་ཞིག་ལམ་ལོག་པར་ནི་ཞུགས་ན་ཡང༌། །རིམ་གྱིས་བསྒྲུབ་པ་བྱས་ན་སྨན་དུ་འགྱུར། །དགེ་དང་མི་དགེ་གཉིས་ཀ་དཔྱད་བྱས་ན། །གང་འདོད་དེ་ནས་རྟོག་བྱེད་འགྲོ་བར་གྱིས། །འགའ་ལ་འཁྲུལ་པ་བྱུང་ན་བདག་ཉིད་ནི། །དག་འགྱུར་འདི་ཡིན་ཤེས་ནས་འདོད་པའང་སྲིད། །ཡོན་ཏན་དེ་གསུམ་བརྟགས་ནས་ཐུབ་དབང་གི །གསུང་ནི་གུས་པར་ཉོན་ཅེས་བརྗོད་པར་བྱ། །དེ་
ཡང་གང་ཟག་གསུམ་པོ་དག་ལ་དགོངས་ནས་གསུངས་པ་ཡིན་ཏེ། གང་ཟག་གསུམ་དག་ནི་ངེས་པར་ལེགས་པ་ལ་ལོག་པར་ཞུགས་པ་དང༌། བསྒྲུབ་བར་འདོད་པ་མངོན་པར་མི་ཤེས་པ་དང༌། བསྒྲུབ་བར་མི་འདོད་པ་གཅིག་ཏུ་བག་མེད་པར་གྱུར་པ་དྲི་མ་ཅན་གྱི་ལས་ཅན་ཡིན་ནོ། །ཉི་མ་གནམ་ལ་འཆར་བ་ན་བྱ་བ་ལྔ་བྱེད་དེ། མི་ལ་སོགས་པ་དག་གི་ལྟ་བ་སྐྱེད་པ་དང༌། འུག་པ་ལ་སོགས་པ་དག་གི་ལྟ་བ་ཟློག་པ་དང༌། འབྲུལ་སོགས་པ་སྨིན་པར་བྱ་བ་སྨིན་པར་བྱེད་པ་དང༌། འདམ་ལ་སོགས་པ་བསྐམ་པར་བྱ་བ་སྐེམས་པ་དང༌། ལུས་དང་ཆུ་ལ་སོགས་པ་དྲོ་བར་བྱ་བ་དྲོ་བར་བྱེད་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་ཉི་མས་ཀྱང་ཡང་དག་པའི་ལྟ་བ་སྐྱེད་པ་དང༌། ལོག་པར་ལྟ་བ་ལྡོག་པ་དང༌། གདུལ་བའི་ཞིང་རྣམས་ལ་དགེ་བའི་རྩ་བའི་འབྲུ་ལ་སོགས་པ་སྨིན་པར་བྱེད་པ་དང༌། སྲེད་པའི་འདམ་སྐེམས་པར་བྱེད་པ་དང༌། བདུད་རྣམས་འདོད་པས་ཕོངས་པར་བྱེད་པ་དང༌། གདུལ་བྱ་བག་མེད་བ་རྣམས་སྐྱོ་བར་བྱེད་པས་གདུང་བར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ། །རྡོ་ཐལ་གྱི་རྡོ་མེས་བསྲེགས་པ་ཆུས་འཇིག་པར་བྱེད་པ་དང་འདྲ་བར་ཉོན་མོངས་པའི་བག་ལ་ཉལ་གྱི་རྡོ་ཤེས་རབ་ཀྱི་མེས་ཡོངས་སུ་བསྲེགས་པ་ཏིང་ངེ་འཛིན་གྱི་ཆུས་སྤངས་ནས་འཇིག་གོ །ཤེས་རབ་དེ་ཡང་དམ་པའི་ཆོས་མཉན་པ་མེད་པར་ནི་མ་ཡིན་པས། དེ་ལྟ་བས་ན་གུས་པར་ཆོས་མཉན་པར་བྱའོ། །ཚིག་གི་ཁུར་ཐོགས་ཀྱང་དོན་མངོན་པར་མི་ཤེས་ན། དེའི་དོན་མི་འཐོབ་སྟེ། ཁྱེའུའི་མགུལ་དུ་གཏེར་གྱི་ཁ་ཆེམས་ཀྱི་ཡི་གེ་བཏགས་པ་དང་འདྲའོ། །དེ་ལྟ་བས་ན་མང་དུ་ཐོས་པས་ཀྱང་དོན་ཤེས་པ་ཉིད་དུ་བྱ་བའི་ཕྱིར་མདོ་སྡེའི་དོན་མཉན་པ་ལ་འབད་པ་དང་ལྡན་པར་བྱའོ། །མེལ་ཚེ་བ་སོ་སོར་མི་རྟོག་པ་ནི་མ་ཉལ་ཞེས་ཟེར་བ་བཞིན་དུ་ཆོམ་པོ་རྣམས་ཀྱིས་བཅོམ་མོ། །དེ་བཞིན་དུ་སྒྲ་ཙམ་ལ་བརྩོན་པའི་མང་དུ་ཐོས་པ་སོ་སོར་མི་རྟོག་བ་ཡང་ཉོན་མོངས་པའི་དགྲ་རྣམས་ཀྱིས་འཇོམས་སོ། །སོ་སོར་རྟོག་པ་དེ་ཡང་དོན་ཤེས་པ་ཉིད་མེད་ན་མེད་པས་དེ་ལྟ་བས་ན་དོན་གཟུང་པ་ལ་འབད་པ་དང་ལྡན་པར་བྱའོ། །དེ་བཞིན་དུ་
རོལ་མོ་མཁན་རྐུན་པོས་འཇིགས་ནས་མི་ཉལ་བར་བྱ་བའི་ཕྱིར་གླུ་ལེན་བཞིན་དུ་བཅོམ་མོ་ཞེས་བྱ་བ་ཡང་དཔེར་བརྗོད་པར་བྱའོ། །ཇི་ལྟར་ལོང་བ་མེ་མར་འཛིན་པ་ནི་གཞན་དག་ལ་ཕན་པར་འགྱུར་བ་དང་འདྲ་བར་དོན་མངོན་པར་མི་ཤེས་པའི་ཐོས་པ་འཛིན་པ་ཡང་དེ་ལྟ་བུ་ཡིན་པས་དེ་ལྟ་བས་ན་དོན་ཤེས་པ་ཉིད་དུ་བྱ་བའི་ཕྱིར་དོན་མཉན་པ་ལ་འབད་པར་བྱའོ། །སངས་རྒྱས་ཀྱི་གསུང་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར་རོ། །ངེས་པའི་ཚིག་ཏུ་འཆོས་པ་དང༌། སྐྱོབ་པར་བྱེད་པས། དེའི་ཕྱིར་བསྟན་བཅོས་སོ། །ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་ཏེ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །དེ་ལྟ་བས་ན་སངས་རྒྱས་ཀྱི་གསུང་ཁོ་ན་དོན་དམ་པར་བསྟན་བཅོས་ཡིན་པས་འཆོས་པ་དང་སྐྱོབ་པའི་ཡོན་ཏན་གྱི་ཕྱིར་ཡང་དོན་གཟུང་པ་ལ་འབད་པ་དང་ལྡན་པར་བྱའོ། །ལེགས་པར་སྟོན་པ་ལ་བརྟེན་ན་ཕན་ཡོན་ལྔ་ཡོད་དེ། ལམ་ངན་པ་ཡོངས་སུ་སྤོང་བ་དང༌། ལམ་བཟང་པོ་ལ་ཡང་དག་པར་གནས་པར་བྱེད་པ་དང༌། །འབྲོག་དགོན་པ་ལས་རྒལ་བའི་དབུགས་འབྱིན་པ་དང༌། བདེ་བར་འགྲོ་བ་དང༌། འདོད་པའི་ཡུལ་དུ་ཡང་དག་པར་ཕྱིན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་དམ་པའི་ཆོས་སྟོན་པ་ལ་བརྟེན་ན་ལོག་པར་ལྟ་བ་ལ་སོགས་པ་ལམ་ངན་པ་ཡོངས་སུ་སྤོང་བ་དང༌། ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་བཟང་པོ་ལ་ཡང་དག་པར་གནས་པར་བྱེད་པ་དང༌། འཁོར་བའི་འབྲོག་དགོན་པ་ལས་རྒལ་བའི་དབུགས་འབྱིན་པ་དང་ངན་སོང་ལས་མཆོངས་ཏེ་བདེ་བར་འགྲོ་བ་དང༌། འདོད་པ་མྱ་ངན་ལས་འདས་པའི་ཡུལ་དུ་ཡང་དག་པར་ཕྱིན་པར་བྱེད་པ་ཡིན་ནོ། །དེ་དག་ཀྱང་མཉན་པ་ལས་འབྱུང་བའི། མ་མཉན་པ་ལས་མ་ཡིན་པས་གུས་བར་མཉན་པར་བྱའོ། །རྒྱུ་བསགས་པ་རྣམས་ནི་ཅུང་ཟད་མཉན་པས་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་ཏེ། དཔེར་ན་འཕགས་པ་ཤཱ་རིའི་བུས་བསྙེན་པར་རྫོགས་པར་བྱ་བ་ལ་རྗེས་སུ་བསྟན་པ་བྲམ་ཟེ་ཞིག་གིས་ཐོས་ནས་གབ་སྟེ་འདུག་ནས། རབ་ཏུ་བྱུང་བ་
དང་ཚུལ་ཁྲིམས་ཉམས་པ་ལ་སྡུག་བསྔལ་རྣམ་པ་བཅུ་གཉིས་འབྱུང་ངོ་ཞེས་ཐོས་ནས། འཆལ་པའི་ཚུལ་ཁྲིམས་བྱ་བ་ལ་མངོན་དུ་ཕྱོགས་པ་ལས་ལོག་བ་ལྟ་བུའོ། །སྡུག་བསྔལ་རྣམ་པ་བཅུ་གཉིས་ནི། ཉོན་མོངས་པས་ཡོངས་སུ་གདུངས་པའི་སྡུག་བསྔལ་དང༌། ཀུན་དུ་ཚོལ་བའི་སྡུག་བསྔལ་དང༌། གནོད་པའི་སྡུག་བསྔལ་དང༌། འདོད་པས་ཕོངས་པའི་སྡུག་བསྔལ་དང༌། དོགས་པའི་སྡུག་བསྔལ་དང༌། གླེང་བའི་སྡུག་བསྔལ་དང༌། ཀུན་དུ་སྤོང་བའི་སྡུག་བསྔལ་དང༌། བཀུར་སྟི་མེད་པའི་སྡུག་བསྔལ་དང༌། རྣམ་པར་སྨད་པའི་སྡུག་བསྔལ་དང། ཡིད་ལ་གཅགས་པའི་སྡུག་བསྔལ་དང༌། ཚེ་ཕྱི་མ་ལ་ངན་སོང་རྣམས་སུ་རྣམ་པར་སྨིན་པའི་སྡུག་བསྔལ་དང༌། བདེ་འགྲོ་དག་ཏུ་ཡང་ཉོན་མོངས་པ་མང་བ་ཉིད་ཀྱི་ཕྱིར་ཚངས་པར་སྤྱོད་པ་དཀའ་བ་ཉིད་ཀྱི་རྒྱུ་མཐུན་པའི་སྡུག་བསྔལ་ལོ། །འབབ་པར་འདོད་པ་ཡང་ད་ནུར་མེ་རབ་ཏུ་འབབ་པའི་བུ་གར་སྦལ་པ་འཇུག་པར་མངོན་པར་ཕྱོགས་པ་ལྟོས་ཤིག །ཁྱོད་མེ་རབ་ཏུ་འབར་བར་འཇུག་པར་འདོད་དམ་ཞེས་སྤྱོ་བ་ཐོས་ནས་ལོག་པ་ཡིན་ནོ། །ཆོས་དགའ་ཆུ་སྲིན་དུ་གྱུར་པ་ན། སངས་རྒྱས་ཀྱི་སྒྲ་ཙམ་ཞིག་ཐོས་པ་ལས་སྔོན་ཕྱག་འཚལ་བ་ཙམ་ལ་གོམས་པའི་ཕྱིར་ཁ་བཙུམས་ཏེ་འདུག་པ་ཡིན་ནོ། །དེ་ལྟ་བས་ན་ཅུང་ཟད་ཅིག་ཐོས་བས་ཀྱང་རྒྱུ་བསགས་པ་རྣམས་ཀྱིས་དགེ་བ་རབ་ཏུ་རྒྱས་པའི་ཕྱིར་སངས་རྒྱས་ཀྱི་གསུང་མཉན་པ་ལ་འབད་པ་དང་ལྡན་པར་བྱའོ། །བྱད་སྟེམས་མཁན་གྱིས་བོང་བུར་བྱས་པའི་མིས་དེ་ཤེས་པའི་བུད་མེད་ཀྱི་ངག་མཉན་ནས། དེའི་སྨན་འདོད་པས་ལྡམ་ལྡུམ་ཐམས་ཅད་ཟོས་པ་དང༌། རྡུལ་འཁྲུ་བ་རྣམས་ཀྱིས་གསེར་གྱི་ཕྱིར་འབྱུང་ཁུངས་ཐམས་ཅད་སྤྱོད་བར་བྱེད་དོ། །དེ་བཞིན་དུ་བདག་ཉིད་ཐར་བའི་ཆོས་འདོད་བས། ཆོས་གང་ཐར་པར་འགྱུར་བ་ལ་ཆོས་དེ་ནི་དམ་པའི་ཆོས་ཐམས་ཅད་མཉན་པ་ལས་འབྱུང་ངོ་སྙམ་ནས་མཉན་པར་བྱའོ། །སྡུག་བསྔལ་མྱོང་དང་ཁྱབ་པ་དང༌། །རྟག་པ་དང་ནི་ཐབས་མེད་དང༌། །གནོད་པ་མང་དང་འཇོམས་བྱེད་པའི། །ལུས་དང་འདྲ་བའི་ནད་མེད་དོ། །འདིས་ནི་ལུས་ཀྱི་ནད་འདི་ལ་སྐྱོན་དྲུག་པོ་
ན་བ་དང་འབྲེལ་བ་ཉིད་དང༌། ལུས་ཐམས་ཅད་ལ་ཁྱབ་བ་ཉིད་དང༌། བར་ཆད་མེད་པར་འཇུག་པ་ཉིད་དང༌། གསོར་མི་རུང་བ་ཉིད་དང༌། གནོད་བ་མང་བ་ཉིད་དང༌། སྲོག་འཕྲོག་བ་ཉིད་ཡོད་པར་ཡོངས་སུ་བསྟན་ཏོ། །སྨན་པའི་ཕུལ་གྱིས་ནད་འདི་དག ། གཏན་དུ་འབྱིན་པར་བྱེད་པ་ཡི། །སྨན་ནི་ཡན་ལག་བརྒྱད་ལྡན་པ། །རྫས་ཀྱི་ཚོགས་ཡིན་གསུངས་པ་ཡོད། །འདི་ནི་ལྷག་པའི་རྙེད་བ་སྟེ། །རིན་མེད་པར་ཡང་རྙེད་བ་ཡིན། །བདག་ཉིད་འབད་བ་མེད་པར་ནི། །ནམ་ཡང་བསྒྲུབ་པར་མི་ནུས་སོ། །ཇི་ལྟར་སྐྱེན་རྣམས་མ་བསལ་ན། །བཅུད་ཀྱིས་ལེན་ནི་མི་འགྲུབ་བཞིན། །དེ་བཞིན་རྣམ་པར་མ་ཞི་བའི། །སེམས་ལ་ལམ་ནི་མི་གནས་སོ། །དེ་ཡང་རིན་མེད་པར་དམ་པའི་ཆོས་མཉན་པ་ལས་རྙེད་ཀྱི་གཞན་ལས་ནི་མ་ཡིན་ནོ། །དེ་ལྟ་བས་ན་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ། །རྒྱུ་གསུམ་དག་གིས་ཕྱི་རོལ་གྱི་དངོས་པོ་རྣམས་མཉན་པའི་དངོས་པོར་འགྱུར་ཏེ། སྤངས་པས་ནི་བོང་བ་དང་པགས་པ་སྐམ་པོ་ལ་སོགས་པ་དག་གོ །ཚ་བར་བྱ་བས་ནི་ལྕགས་དང་ཟངས་ལ་སོགས་པ་དག་གོ །བརྡུང་བས་ནི་རྩྭ་མུན་ཛ་དང་བལ་བ་ཛ་ལ་སོགས་པ་དག་གོ ། དེ་བཞིན་དུ། སྡང་དང་བག་མེད་རྨོངས་རྣམས་ནི། །དད་དང་སྐྱོ་དང་རྟོགས་པ་སྟེ། །མཉན་པའི་དངོས་པོའི་རྒྱུ་གསུམ་དུ་འགྱུར་རོ། །དེ་ཡང་གང་ལས་འབྱུང་ཞེ་ན། སྐལ་ལྡན་རྣམས་ཀྱིས་མཉན་བྱས་ན། །ཡོན་ཏན་སྐྱོན་དོན་ངེས་ལས་འབྱུང༌། །གང་གིས་ཡོན་ཏན་ནམ་གང་གི་སྐྱོན་ཐོས་པས་ཤེ་ན། དཀོན་མཆོག་གསུམ་གྱི་ཡོན་ཏན་ཏེ། །སྐྱོན་ནི་སྡིག་འདོད་སྲིད་རྟེན་ཅན། །དེ་སྡིག་པ་དང་འདོད་པ་རྣམས་དང་སྲིད་པའི་ཡིན་ནོ། །དོན་གང་གིས་ངེས་པ་ཐོབ་པས་ཤེ་ན། མཚན་ཉིད་རྣམ་གཉིས་དེ་རྒྱུ་དང༌། །འབྲས་བུར་ངེས་པ་འབྲེལ་པ་ཡིན། །མཚན་ཉིད་རྣམ་པ་གཉིས་ནི་ཕུང་པོ་ལ་སོགས་པ་དག་གི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དོ། །རྒྱུ་དང་འབྲས་བུར་འབྲེལ་བའི་མཚན་ཉིད་ནི་མ་རིག་པ་དང་འདུ་བྱེད་ལ་སོགས་པ་དག་གི་དང༌། སྡུག་བསྔལ་དང་ཀུན་འབྱུང་བ་ལ་སོགས་པ་དག་གིའོ། །དེ་ལྟ་བས་ན་ཡོན་ཏན་འདི་དག་
ནི་དམ་པའི་ཆོས་མཉན་ན་ཡོད་པར་རིག་པར་བྱ་སྟེ། དེ་ལ་གུས་པར་བྱའོ། །ཉན་པའི་སྐྱེ་བོ་དག་ནི་ཕལ་ཆེར་ཕྱིར་ཕྱོགས་དང༌། །ཡོངས་སུ་འཛིན་པར་བྱེད་པ་ཕལ་ཆེར་འདས་པ་དང༌། །ཉེས་པར་རྣམ་པར་བཤད་པ་དག་གིས་མཐུ་བཅོམ་པས། །དེང་སང་ལེགས་པར་བཤད་བ་མཐར་གྱུར་ཏོ། །ཚིགས་སུ་བཅད་པ་འདིས་ནི་དེང་སང་ཕྱོགས་གཉིས་ལ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་ཉམས་པ་རྣམ་པ་བཞི་དང༌། ནུབ་ལ་ཐུག་པ་ཉིད་དུ་སྟོན་པ་ཡིན་ནོ། །ཉན་པའི་སྐྱེ་བོ་དག་ནི་ཕལ་ཆེར་ཕྱིར་ཕྱོགས་དང༌། །ཞེས་བྱ་བས་ནི་ཁྱིམ་པའི་ཕྱོགས་ལ་ཉན་པ་ཡོངས་སུ་ཉམས་པར་སྟོན་པ་ཡིན་ཏེ། དེ་དག་ནི་ཕལ་ཆེར་ཉན་པ་པོ་ཡིན་པས་སོ། །ཡོངས་སུ་འཛིན་པར་བྱེད་པ་ཕལ་ཆེར་འདས་པ་དང༌། །ཞེས་བྱ་བས་ནི་རབ་ཏུ་བྱུང་བའི་ཕྱོགས་ལ་འདོན་པ་ཡོངས་སུ་ཉམས་པར་སྟོན་པ་ཡིན་ཏེ། དེ་དག་ནི་ཕལ་ཆེར་ཡོངས་སུ་འཛིན་པར་བྱེད་པ་ཡིན་ཏེ། ཐོས་པ་འཛིན་པའི་ཕྱིར་རོ། །ཉེས་པར་རྣམ་པར་བཤད་པ་དག་གིས་ཞེས་བྱ་བས་ནི་དེ་ཉིད་ལ་དོན་བཤད་པ་ཡོངས་སུ་ཉམས་པར་སྟོན་པ་ཡིན་ཏེ། དོན་ལོག་བར་འཆད་པའི་ཕྱིར་རོ། །མཐུ་བཅོམ་པས་ཞེས་བྱ་བས་ནི་རྟོགས་པ་ཉམས་པར་སྟོན་པ་ཡིན་ཏེ། གང་གི་དོན་དུ་སྟེ། དགེ་སློང་གི་ཚུལ་གྱི་འབྲས་བུ་རྟོགས་པའི་དོན་དུ་བཤད་པ་སྟེ། དེ་ནུས་པར་མི་བྱེད་པའི་ཕྱིར་རོ། །འདི་ནི་མདོར་བསྡུས་ནས་ཡོངས་སུ་ཉམས་པ་རྣམ་པ་གཉིས་སུ་འགྱུར་ཏེ། ཚིག་དང་དོན་གཉིས་ཀྱི་ལུང་ཡོངས་སུ་ཉམས་པ་དང༌། རྟོགས་པ་ཡོངས་སུ་ཉམས་པའོ། །གཞན་ཡང་ཉན་པའི་སྐྱེ་བོ་ཕྱིར་ཕྱོགས་པ་ཉིད་དང༌། ཡོངས་སུ་འཛིན་པར་བྱེད་པ་ཕལ་ཆེར་འདས་པ་ཉིད་ཀྱིས་ནི་ཐོས་པ་ཡོངས་སུ་ཉམས་པ་ཡིན་ལ། ཉེས་པར་བཤད་པ་ཉིད་ཀྱིས་ནི་ཡང་དག་པར་བསམ་པ་ཡོངས་སུ་ཉམས་པ་ཡིན་ནོ། །མཐུ་བཅོམ་པ་ཉིད་ཀྱིས་ནི་ཡང་དག་པར་བསྒོམ་པ་ཡོངས་སུ་ཉམས་པ་ཡིན་ནོ། །དེང་སང་ལེགས་པར་བཤད་པ་མཐར་གྱུར་ཏོ། །ཞེས་བྱ་བ་ནི་ནུབ་ལ་ཐུག་པ་ཉིད་དུ་སྟོན་པ་ཡིན་ནོ། །དེ་ལྟར་སངས་རྒྱས་ཀྱི་གསུང་ནི་ཡོངས་སུ་ཉམས་བ་དང་ཡུན་རིང་དུ་མི་གནས་པར་རིག་པར་བྱས་ནས་ཇི་སྲིད་དུ་ཅུང་ཟད་ལུས་པ་
དེ་སྲིད་དུ་འདི་མཉན་པ་དང་གཟུང་བ་དང་དོན་མཐུན་པར་བསྒྲུབ་པ་ལ་དད་པ་ཅན་རྣམས་ཀྱིས་རབ་ཏུ་འབད་པར་བྱའོ། །དེང་སང་ཐུབ་པའི་གསུང་ནི་སྨྲ་བར་བྱེད་པའང་ཉུང༌། །དངུལ་དང་གསེར་དུ་འབྱེད་པར་འགྱུར་བའང་ཉུང་བར་གྱུར། །དེ་ལྟར་ལུང་དང་རྟོགས་པ་དག་ལ་འབད་ཞན་པས། །སངས་རྒྱས་ཉི་མ་མཐར་ཕྱིན་དྲི་མ་མེད་འདི་ནུབ། །དེ་ལྟ་བས་ན་ཇི་སྲིད་ཐམས་ཅད་མ་ནུབ་པ། །དེ་སྲིད་ཇི་བཞིན་དོན་རྣམས་དབྱེ་ལ་འབད་པར་གྱིས། །ཐུབ་པའི་གསུང་གི་སྣང་བ་ནུབ་པར་གྱུར་ན་ནི། །འགྲོ་བ་ཀུན་དུ་མུན་པ་གཅིག་པུའི་ཐིབས་པོར་འགྱུར། །དེ་ལྟ་བས་ན་ཇི་སྲིད་དུ་མུན་པ་གཅིག་པུའི་ཐིབས་པོ་མི་འབྱུང་བ་དེ་སྲིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་རབ་ཏུ་རྣམ་པར་དབྱེ་བའི་ཕྱིར་སངས་རྒྱས་ཀྱི་གསུང་མཉན་པ་ལ་དད་པ་ཅན་རྣམས་ཀྱིས་ཤིན་ཏུ་རིགས་པར་བྱའོ། །སྟོན་པའི་ཞལ་ནས་བྱུང་བ་སྐྱེ་བའི་མིག་གི་རབ་རིབ་ཞི་བར་མཛད་པ་བཀྲ་ཤིས་ཀྱི། །འབྱུང་གནས་སེམས་ལ་ཞོག་ཤིག་གང་ཕྱིར་འདི་ནི་ལུས་ཅན་རྣམས་ཀྱི་རྣ་བའི་བདུད་རྩི་དང༌། །ཉོན་མོངས་པ་ཡི་དུག་ཀུན་སེལ་བར་མཛད་པ་ཡིན་པས་དོན་ཡང་དག་པར་བསམ་པར་གྱིས། །རྒྱུ་འདི་རྣམས་ཀྱིས་རྟག་ཏུ་གུས་པར་སངས་རྒྱས་ཀྱི་ནི་གསུང་དག་མཉན་པར་བྱ་བའི་རིགས། །རྒྱུ་གང་གིས་ཤེ་ན། གང་གི་ཕྱིར་འདི་ནི་དེ་ལྟ་བུའི་ཞལ་ནས་བྱུང་བ་དང༌། མིག་ཞི་བར་མཛད་པའི་ཕྱིར་དང༌། བཀྲ་ཤིས་ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར་དང༌། གང་གི་ཕྱིར་ཚིག་འབྲུ་བཟང་པོ་ཉིད་ཀྱིས་ལུས་ཅན་རྣམས་ཀྱི་རྣ་བའི་བདུད་རྩི་ཡིན་པ་དང༌། གང་གི་ཕྱིར་འདི་དོན་བཟང་པོ་ཉིད་ཀྱིས་ཉོན་མོངས་པའི་དུག་ཐམས་ཅད་སེལ་བར་མཛད་པའི་དོན་གྱིས་ཏེ། རྒྱུ་འདི་རྣམས་ཀྱིས་སོ། །དེ་ལྟར་ན་གསུང་བ་པོ་དང༌། གསུང་དང་དོན་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །སངས་རྒྱས་ཀྱི་གསུང་འདི་ནི་མཉན་ན་སིམ་པར་བྱེད་པ་དང༌། བསམས་ན་རྟོགས་པར་བྱེད་པ་དང༌། རྟོགས་ན་གྲོལ་བར་བྱེད་པ་དང༌། བརྗོད་ན་བཟང་བ་དང༌། འཕགས་པའི་ནོར་བདུན་སྒྲུབ་པའི་ཕྱིར་ནོར་དང་ལྡན་པ་དང༌། སྐྱོན་བདུན་འཁྲུ་བའི་ཕྱིར་བསོད་ནམས་དང༌། ཡོན་ཏན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་བཀྲ་
ཤིས་པ་ཉིད་དང༌། གཏན་གྱི་ཚངས་པར་སྤྱོད་པའི་དབང་དུ་མཛད་པའི་ཕྱིར་ཚེ་ལ་ཕན་པ་དང༌། རང་བཞིན་གྱིས་རྣམ་པར་དག་པ་དང༌། དགོངས་པ་འཇམ་བ་དང༌། དོན་དང་མཐུན་པ་དང༌། འདུལ་བ་དང་མཐུན་བ་དང༌། དུས་ལ་བབ་བ་དང༌། རན་བར་བཤད་པ་དང༌། བསོད་ནམས་འདྲེན་པ་དང༌། ཡེ་ཤེས་འདྲེན་བ་དང༌། དགའ་བ་འདྲེན་པ་དང༌། སྐྲག་པ་སེལ་བ་དང༌། མྱ་ངན་སེལ་བ་དང༌། ཉོན་མོངས་པ་སེལ་བ་སྟེ། མདོར་ན་སངས་རྒྱས་ཀྱི་གསུང་ནི་ཡོན་ཏན་མཐའ་ཡས་བ་ཡིན་ལ་སྐྱོན་ནི་ཆེན་པོ་གཉིས་ཏེ། ཤིན་ཏུ་རྙེད་པར་དཀའ་བ་དང༌། ཡུན་རིང་དུ་མི་གནས་པའོ། །དེ་ལྟ་བས་ན་ཤིན་ཏུ་རིངས་པར་གུས་པར་མཉན་པར་བྱའོ། །རྒྱུ་གསུམ་དག་གིས་པགས་པ་ལས་སུ་རུང་བར་འགྱུར་ཏེ། སྣུམ་བསྐུ་བ་དང༌། མཉེ་བ་དང༌། བསྲོ་བ་རྣམས་ཀྱིས་སོ། །དེ་བཞིན་དུ་སེམས་ཀྱང་ཐོས་པ་དང༌། བསམས་པ་དང༌། བསྒོམས་པ་རྣམས་ཀྱིས་སོ། །དེ་ལྟ་བས་ན་སེམས་ལས་སུ་རུང་བ་ཉིད་དུ་བྱ་བའི་ཕྱིར་ཐོས་པ་ལ་སོགས་པ་དག་ལ་བརྩོན་འགྲུས་བྱའོ། །གསུམ་བོ་དག་གི་སྟོབས་ཀྱིས་ལམ་དུ་འགྲོ་བ་རྣམས་འབྲོག་དགོན་པའི་ལམ་ལས་བདེ་བར་རྒལ་བར་འགྱུར་ཏེ། ལམ་བརྒྱགས་ཀྱི་སྟོབས་དང༌། བཞོན་པའི་སྟོབས་དང༌། སྟོན་པ་པོའི་སྟོབས་ཀྱིས་སོ། །དེ་བཞིན་དུ་འཁོར་བའི་འབྲོག་དགོན་པའི་ལམ་ལས་དེའི་ལམ་དུ་འགྲོ་བ་རྣམས་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། ཡེ་ཤེས་ཀྱི་སྟོབས་ཀྱིས་སོ། །འདི་གསུམ་ཆར་ཡང་ཐོས་པ་ལ་རག་ལུས་སོ། །སངས་རྒྱས་ཀྱི་གསུང་ལ་དད་པ་ཙམ་གྱིས་ཀྱང་སྡིག་པ་ཆེན་པོ་དག་ཟིལ་གྱིས་གནོན་ཏེ། འདི་ལྟར་མི་དགེ་བ་ལས་དགེ་བ་སྟོབས་དང་ལྡན་པས་སོ། །འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། ཁྱད་པར་རྣམ་པ་བཅུ་དག་གིས་ཏེ། འདུ་བྱེད་པའི་ཁྱད་པར་གྱིས་ནི་དགེ་བ་དང༌། མི་དགེ་བ་གཉིས་འབད་པ་དང་མ་འབད་པར་མངོན་པར་འདུས་བྱས་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་གྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དང་ཕྱིན་ཅི་ལོག་གི་རྣམ་པ་ཡིན་པའི་ཕྱིར་རོ། །མཚུངས་པར་ལྡན་པའི་ཁྱད་པར་གྱིས་ནི་དགེ་བའི་རྩ་བ་གསུམ་དག་དང༌། མི་དགེ་བའི་རྩ་བ་གཉིས་སམ་གཅིག་གིས་ཀྱང་མཚུངས་
པར་ལྡན་པའི་ཕྱིར་རོ། །སའི་ཁྱད་པར་གྱིས་ནི་ས་ཐམས་ཅད་དང་ས་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །འབྲས་བུའི་གྲངས་ཀྱི་ཁྱད་པར་གྱིས་ནི་འབྲས་བུ་རྣམ་པ་ལྔ་དང་བཞི་ཡིན་པའི་ཕྱིར་རོ། འབྲས་བུའི་མཐར་ཕྱིན་པའི་ཁྱད་པར་གྱིས་ནི་དུས་ཁྱད་པར་དུ་འཕགས་པ་དང་ངན་པ་ཡིན་པའི་ཕྱིར་རོ། །འདི་ལྟར་དགེ་བའི་འབྲས་བུ་ནི་བསྐལ་པ་ཆེན་པོ་བརྒྱད་ཁྲིའི་བར་དུ་འབྱུང་ལ། མི་དགེ་བའི་ནི་བར་གྱི་བསྐལ་པའི་བར་དུ་ཡིན་པས་སོ། །ཡང་དག་པར་འཆད་པའི་ཁྱད་པར་གྱིས་ནི་འདི་ལྟར་དགེ་བ་ནི་མི་དགེ་བས་དུས་རེ་ཞིག་ཏུ་ཡང་དག་པར་འཆད་པ་ཡིན་གྱི་མི་དགེ་བ་ནི་དགེ་བས་གཏན་དུ་ཡིན་པས་སོ། །ཆུང་དུས་མང་པོ་ཡང་དག་པར་འཇོམས་པའི་ཁྱད་པར་གྱིས་ནི་འདི་ལྟར་སྤོང་བའི་ལམ་སྐད་ཅིག་མ་གཅིག་གིས་ཐོག་མ་མེད་པའི་དུས་ནས་ཞུགས་པའི་མི་མཐུན་པའི་ཕྱོགས་རྣམ་པ་མང་པོ་ཡང་དག་པར་འཇོམས་པས་སོ། །སྤོང་པའི་ཁྱད་པར་གྱིས་ནི་འདི་ལྟར་གཉེན་པོ་སྐྱེས་པས་མི་དགེ་བ་སྤོང་གི་དགེ་བ་ནི་མ་ཡིན་པས་སོ། །ཕྱོགས་ཀྱི་ཁྱད་པར་གྱིས་ནི་འདི་ལྟར་དགེ་བ་དང་མི་དགེ་བའི་ཆོས་ཡོངས་སུ་འཛིན་པ་ལ་སངས་རྒྱས་འཁོར་དང་བཅས་པའི་ཕྱོགས་དང་བདུད་ཡིན་ཏེ་གོ་རིམས་བཞིན་ནོ། །དཔེ་རྣམས་ནི་སྣང་བ་དང༌། མུན་པ་དང༌། བཀྲུ་སྨན་དང༌། སྐྱོན་དང༌། རྡོ་རྗེ་དང༌། རི་དང༌། སེང་གེ་དང༌། རི་དགས་ཀྱི་ཁྱུ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དག་ཡིན་ནོ། །དགེ་བ་དེ་དང་ས་གཅིག་པ་ཡིན་ཡང་དང་པོའི་ཁྱད་པར་རྣམ་པ་གསུམ་པོ་རྣམས་ཀྱིས་མི་དགེ་བས་སྟོབས་དང་ལྡན་པར་རིག་པར་བྱའོ། མི་དགེ་བ་ཟིལ་གྱིས་མནན་ནས་དེའི་གཉན་པོ་དགེ་བ་གཞན་འདྲེན་པའི་ཡང་ཕྱིར་རོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། འདུ་བྱེད་རྣམ་པ་མཚུངས་པར་ལྡན། །ས་ཉིད་འབྲས་བུ་རྣམ་གཉིས་ཉིད། །འཆད་དང་ཆུང་དུས་ཡང་དག་འཇོམས། །སྤོང་དང་ཕྱོགས་ཀྱི་ཁྱད་པར་ཉིད།། སངས་རྒྱས་ཀྱི་ནི་གསུང་འདི་ནི། །སྨན་དང་གྲུབ་དང་གཏན་དུ་དང༌། །ནད་ཀུན་འཇོམས་དང་གཉིས་མེད་དང༌། །ལེགས་འཐོབ་ལེགས་བརྟེན་བསྒྲུབ་དཀའ་ན། །ནད་དྲག་ཡུན་རིངས་སུ་མི་སྟེན། །མི་ཤེས་པ་ནི་བསྟན་ནུས་ཀྱི། །གང་ཞིག་དེ་མི་འདོད་པ་ནི། །གཉེན་པོ་བྱ་བའི་
དགྲ་ཡིན་པས། །དེ་བཅོས་མི་རུང་རིག་པར་བྱ། །དེ་ལྟ་བས་ན་བཅོས་སུ་མི་རུང་བར་གྱུར་ན་མི་རུང་ངོ་སྙམ་ནས་སངས་རྒྱས་ཀྱི་གསུང་ལ་བརྟེན་པ་ལ་འབད་པ་དང་ལྡན་པ་དག་ཏུ་བྱའོ། །དམ་པ་རྣམས་ལས་གང་ཟག་གཉིས་སྨད་པར་བྱ་བ་ཡིན་ཏེ། གང་ཞིག་དམ་པའི་ཆོས་མི་ཉན་པ་དང༌། གང་ཞིག་ཕན་ཡོན་གང་ཡིན་པ་དེ་མི་འཐོབ་པ་དེ་ལྟ་བུར་ཉན་པའོ། །དེ་ལ། དོན་དུ་མི་གཉེར་རྒྱུད་གཡེང་དང༌། །རྨུགས་དང་གཉིད་ལོག་མི་ཉན་པའོ། །ཕན་ཡོན་ལ་ནི་ཤེས་རབ་འཆལ། །རྙེད་སོགས་འདོད་སྡང་བཅས་མི་བརྟེན། །དེ་ལྟ་བས་ན་མི་ཉན་པར་གྱུར་ན་མི་རུང་བ་དང༌། ཕན་ཡོན་ལ་མི་བརྟེན་པར་གྱུར་ན་མི་རུང་ངོ་སྙམ་ནས་ཇི་སྐད་དུ་བསྟན་པའི་སྐྱོན་བསལ་བ་ལ་འབད་པ་དང་ལྡན་པ་དག་ཏུ་བྱའོ། །གསུང་དང་རྣ་བ་ཉིད་དང་ནི། །འདོད་དང་ཤེས་རབ་བགེགས་མེད་པ། །ལྔ་ནི་གང་ཕྱིར་རྙེད་དཀའ་བས། །དེ་ཕྱིར་ཐུབ་པའི་གསུང་མཉན་བྱ། །དམ་པའི་ཆོས་ནི་རྙེད་གྱུར་ཅིང༌། །དད་དང་ལྡན་ཡང་བློ་ཆུང་དག །ཡི་དགས་མགྲིན་པ་ཁབ་འདྲ་བར། །དེ་ནི་བཏུང་བར་མི་ནུས་སོ། །དེ་ལྟ་བས་ན་ཇི་སྲིད་དུ་ལྔ་པོ་རྙེད་པ་དང༌། དེ་བཏུང་བར་ནུས་པ་དེ་སྲིད་དུ་དམ་པའི་ཆོས་མཉན་པ་ལ་འབད་པར་བྱའོ། །ཟབ་མོ་གོམས་པར་མ་བྱས་པས། །ཐུབ་པའི་གསུང་ནི་རྙེད་དཀའ་སྟེ། །དེ་མེད་པར་ནི་ཐར་པ་མེད། །ཐར་པ་འདོད་པ་རྣམས་ཀྱིས་ནི། །དེ་ཕྱིར་གུས་པར་མཉན་པར་བྱ། །འདི་ལྟར་འདི་ལ་བརྟེན་ནས་མྱུར་སྡུག་ཁ་ན་མ་ཐོ་མེད། །ཕུལ་བྱུང་ངེས་པར་འབྲས་བུ་མི་ཟད་འཐོབ་པ་བདེར་ནུས་ཀྱི། །ཐབས་གཞན་མེད་ལ་སྒྲུབ་པ་པོ་ཡང་མེད་ཅིང་གང་ཞིག་ལ། །མ་བྱས་ན་ཡང་བདེ་བ་མེད་པས་དེ་བྱ་མོད། །ཐུབ་པའི་གསུང་ནི་འབྲས་བུ་དང༌། །དོན་དང་ཚིག་འབྲུ་ལྡན་པ་ནི། །ཐོས་པའི་དུས་དང་བསམ་པ་དང༌། །བསྒོམ་བ་དག་ནའང་རྗེས་སུ་འཛིན། །གོ་འབྱེད་ངེས་ཚིག་བཟང་པོ་ཡི། །ཡོན་ཏན་གཉིས་ལྡན་ཐུབ་པའི་གསུང༌། །དོན་དང་ལྡན་ཞིང་ཇི་འོས་དང༌། །ཕན་དང་གཏན་གྱི་འབྲས་བུ་ལྡན། །གང་ཕྱིར་འདི་དོན་ཀུན་འགྲུབ་འབྱུང་གནས་ཡིན། །ཐབས་བདེ་བ་དང་ཤིན་ཏུ་རྙེད་དཀའ་བས། །དེ་ཕྱིར་འགྲུབ་བ་དོན་གཉེར་སྲོག་འགྱུར་བ། །དད་དང་ལྡན་པས་འདི་ལ་བརྟུན་པར་བྱ། །མི་ཤེས་པ་དང་
ཐེ་ཚོམ་ཤེས། །ལོག་པའི་ཤེས་པ་ལྡོག་པ་དང༌། །བདེན་པ་རྣམས་ནི་རྟོགས་འགྱུར་བ། །དམ་ཆོས་མཉན་པའི་ཡོན་ཏན་ནོ། །དམ་པའི་ཆོས་མཉན་པ་ལ་ཕན་ཡོན་ལྔ་གསུངས་པ་གང་དག་ཡིན་པ་ནི་བཞི་པོ་འདི་དག་ཏུ་འདུས་ཏེ་གཉིས་ཀྱིས་མི་ཤེས་པ་བཟློག་པའི་ཕྱིར་རོ། །སེམས་ནི་སྲོག་ཆགས་པདྨ་འདྲ། །སྟོབས་ཀྱིས་དམ་པའི་ཆོས་ལ་གླན། །དེ་ཕྱིར་དོན་གྱི་རོ་རྙེད་ན། །དེ་ལ་གཡོ་བ་མེད་པར་གནས། །དེ་ལྟ་བས་ན་སྟོབས་ཀྱིས་ཀྱང་དམ་པའི་ཆོས་མཉན་པ་ལ་གླན་པར་བྱའོ། །ཅིའི་ཕྱིར་ཞེ་ན། དམ་པའི་ཆོས་ནི་གཏན་དུ་ཕན་པ་དང་བདེ་བའི་ཕྱིར་དང༌། ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་དང༌། དཀའ་བ་མེད་པར་བསྒྲུབ་པར་བྱ་བའི་ཕྱིར་དང༌། ཆོས་དང་ཚེ་གཡོ་བའི་ཕྱིར་དང༌། ཡང་དང་ཡང་དུ་བསྒྲུབ་པར་བྱ་བ་དང༌། སྦྱོར་བ་གཅིག་པའི་ཕྱིར་རོ། །མདོར་ན་སྦྱོར་བ་སེམས་དཔའ་ཡིས། །ཆགས་ཟད་ཆགས་པ་འཕེལ་བྱ་སྟེ། །དེས་ནི་བདག་ལ་ཆགས་ཟད་བྱ། །གཞན་ལ་ཆགས་པ་འཕེལ་བར་བྱ། །ཉོན་མོངས་མྱ་ངན་འདས་པ་སྤང་ཕྱིར་ཏེ། །དེ་དག་གཉིས་ཀྱིས་བྱང་ཆུབ་མི་འཐོབ་བོ། །ཤེས་རབ་སྙིང་བརྩེ་དེ་ཟད་འཕེལ་རྒྱུ་ཡིན། །དེ་ཕྱིར་བྱང་ཆུབ་རྩ་བ་གཉིས་སུ་གསུངས། །དེ་འཕེལ་རྒྱུ་ནི་དེ་བཞིན་གཤེགས་པའི་ཆོས། །འདི་མ་གཏོགས་པར་གཞན་ནི་འགའ་ཡང་མེད། །དེ་ཕྱིར་ཅི་ནས་ཁྱོད་ལ་ཆོས་འདི་ནི། །འབྲས་བུར་བཅས་འགྱུར་དེ་ལྟར་འབད་པར་གྱིས། །ཇི་ལྟར་སྦྲང་བུ་ཁ་ཆུའི་ཟར་བུས་བཅིངས་པ་གང་དག་འཆིང་བ་དེར་བཅིངས་པའི། །རྒྱུ་ནི་སྟོབས་མ་ཡིན་གྱི་དེ་དག་ཉམ་ཆུང་ཡིན་ལྟར་དེ་བཞིན་དམན་པ་དག །ཡོངས་སུ་གཟུང་ལ་འཛིན་དང་ལྡན་པའི་འཆིང་བ་རང་གི་ཉམ་ཆུང་ཉིད་ལས་སྐྱེས། །དེ་ཕྱིར་སྦྲང་བུ་འདྲ་བར་བློ་ལྡན་རང་ལུས་བཅིངས་པས་འཆི་བར་འོས་མ་ཡིན། །དེ་ལྟ་བས་ན་སྦྲང་བུ་དང་འདྲ་བར་ལུས་ཀྱིས་བཅིངས་པས་འཆི་བར་མི་བྱའོ་སྙམ་ནས། །རང་གི་བློའི་སྟོབས་བསྐྱེད་པའི་ཕྱིར་གུས་པར་ཆོས་མཉན་པར་བྱའོ། །སྐྱེ་དགུ་གཡང་སར་འབབ་པ་དང༌། །ལོང་བ་བཅིངས་དང་དབུལ་པོ་དང༌། །ནད་བཏབ་དཔུང་གཉེན་མེད་པ་དང༌། །འབྲོག་དགོན་ཡུན་རིང་ལམ་ཞུགས་དང༌། །དགྲ་རྣམས་མང་པོ་རྣམ་མང་དང༌། །
མང་བོ་དག་གིས་གཞོམ་བྱ་བ། །དེ་ལ་སངས་རྒྱས་མ་གཏོགས་པར། །སྐྱོབ་པ་མེད་པས་དེའི་གསུང་མཉན་དེ་ལ་གཡང་སར་འབབ་པ་ནི་ངན་སོང་དུ་སྐྱེ་བར་མངོན་དུ་ཕྱོགས་པའི་ཕྱིར་རོ། །ལོང་བ་ནི་མ་རིག་པས་མདོངས་པ་ཉིད་ཀྱིས་སོ། །བཅིངས་པ་ནི་སྲིད་པའི་འཆིང་བས་སོ། །དབུལ་བ་ནི་འཕགས་པའི་ནོར་བདུན་དང་བྲལ་བའི་ཕྱིར་རོ།། །།བམ་པོ་བཅུ་པ་སྟེ་ཐ་མའོ། །ནད་ཀྱིས་བཏབ་པ་ནི་ནད་འབྲས་དང་འདྲ་བའི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཀྱིས་སོ། །དཔུང་གཉེན་མེད་པ་ནི་མགོན་མེད་པའི་ཕྱིར་རོ། །འབྲོག་དགོན་པར་ཡུན་རིང་དུ་ལམ་དུ་ཞུགས་པ་ནི་ཡུན་རིང་དུ་འཁོར་བའི་ལམ་དུ་ཞུགས་པའི་ཕྱིར་རོ། །དགྲ་རྣམས་མང་པོ་ནི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་རྣམས་དང༌། དེ་ལས་བྱུང་བའི་ལས་རྣམས་སོ། །རྣམ་མང་ནི་སྡུག་བསྔལ་གསུམ་པོ་དག་དང༌། མྱ་ངན་ལ་སོགས་པ་དག་དང༌། གྲང་བ་དང༌། ཚ་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། གནོད་པ་དང༌། འཆིང་བ་དང༌། རྡེག་པ་དང༌། ན་བ་དང༌། རྒ་ཤི་དག་ལ་སོགས་པ་དག་གོ །མང་པོ་དག་གིས་གཞོམ་བྱ་བ་ནི་དུས་རིང་པོར་རོ། །དེ་ལྟ་བས་ནི་སངས་རྒྱས་ཀྱི་གསུང་མཉན་པ་དང༌། འཇོག་པ་ནི་སྐྱེ་དགུ་དེ་ལྟ་བུར་གྱུར་པ་རྣམས་ཀྱི་སྐྱབས་ཡིན་པས་དེའི་ཕྱིར་སངས་རྒྱས་ཀྱི་གསུང་མཉན་པ་ལ་གུས་པར་བརྩོན་པར་བྱའོ། །གུས་པར་བརྩོན་པ་ནི་དགེ་བ་སྟོབས་དང་ལྡན་པར་འགྱུར་རོ། །དེ་ལྟར་ན་རྒྱུ་བཅུ་དག་གིས་དགེ་བའི་སྟོབས་དང་ལྡན་པར་འགྱུར་རོ་ཞེས་འཆད་དོ། །བཅུ་པོ་གང་གིས་ཤེ་ན། རྟེན་ཉིད་ཀྱིས་ནི་རྟེན་ལ་ཚུལ་ཁྲིམས་དང༌། ཐོས་པ་དང་འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་གྱིས་ཡོངས་སུ་བསྒོས་པའི་ཕྱིར་རོ། །དང་པོ་ཀུན་ནས་བསླང་བ་ཉིད་ཀྱིས་ནི་རྒྱུས་ཀུན་ནས་བསླང་བས་བྱེད་པར་འདོད་པ་ཉིད་ཀྱིས་སེམས་ཆེན་པོ་དང་ལྡན་པ་ཡིན་པའི་ཕྱིར་རོ། །བརྩོན་པ་དྲག་པོ་ཉིད་ཀྱིས་ནི་བྱེད་པའི་ཚེ་གུས་པར་བརྩོན་པའི་ཕྱིར་དང༌། ཡང་དང་ཡང་དུ་བརྩོན་ཕྱིར་ཏེ། རྟག་ཏུ་བརྩོན་པའི་ཕྱིར་རོ། །ཞིང་ཉིད་ཀྱིས་ནི་ཞིང་རྣམ་པ་བཞི་སྟེ། འབྲོ་བ་དང་སྡུག་བསྔལ་བ་དང༌། ཕན་འདོགས་པ་དང༌། ཡོན་ཏན་ཁྱད་པར་དུ་འཕགས་པས་སོ། །གཞི་ཉིད་ཀྱིས་ནི་དངོས་པོ་མང་པོ་དང་གྱ་ནོམ་པའི་ཁྱད་པར་གྱི་ཕྱིར་དང༌།
སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་ལ་སོགས་པ་སྤོང་བའི་ཁྱད་པར་གྱི་ཕྱིར་དང༌། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། སྒོམ་པའི་ཁྱད་པར་གྱི་ཕྱིར་རོ། །བྱ་བ་ཉིད་ཀྱིས་ནི་ཕན་པ་བྱེད་པའི་ཁྱད་པར་གྱི་ཕྱིར་རོ། །མཇུག་ཉིད་ཀྱིས་ནི་བྱས་ནས་རབ་ཏུ་དགའ་བ་ཡིད་ལ་བྱེད་པའི་ཀུན་ཏུ་རྟོག་པས་རྒྱས་པའི་ཕྱིར་རོ། །འཁོར་ཉིད་ཀྱིས་ནི་གཞན་དེ་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་བསྔགས་པ་བརྗོད་པ་དང༌། ཆོས་མཐུན་པ་པོ་མཐོང་ན་ཤིན་ཏུ་ཡིད་དགའ་བ་ཉིད་དག་གིས་སོ། །ཡོངས་སུ་བསྔོ་བ་ཉིད་ཀྱིས་ནི་མྱ་ངན་ལས་འདས་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་རོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། རྟེན་དང་དང་པོ་ཀུན་ནས་བསླང༌། །དྲག་དང་ཡང་དང་ཡང་བརྩོན་ཉིད། །ཞིང་དང་གཞི་དང་བྱ་བ་དང༌། །མཇུག་ཉིད་དང་ནི་འཁོར་ཉིད་དང༌། །ཡོངས་སུ་བསྔོ་བ་ཉིད་ཀྱིས་ནི། །དགེ་བ་སྟོབས་དང་ལྡན་པར་འདོད། །མི་དགེ་བ་ལ་ཡང་དེ་བཞིན་དུ་ཅི་རིགས་པ་རིགས་པར་བྱའོ། །དྲང་སྲོང་ཆེན་པོ་གནས་མ་མཐོང་བ་ཡིས་ནི་སྔོན། །ལེགས་གསུངས་འདི་ཐོས་ནས་ནི་དྲང་སྲོང་ནོར་ཉོས་པ། །བ་ལང་རྫིས་ནི་གོས་ཀྱི་ཐ་མར་བ་མེད་ཅིག །བཅིངས་ལྟར་ཟོང་མེད་དགོས་ལ་བརྟགས་ཏེ་སེམས་ལ་འཛིན། །ཐུབ་པ་ཡིས་ནི་ལེགས་པར་གསུངས་པ་ཚིགས་བཅད་ཀྱི། །ཕྱེད་ཙམ་དག་ཀྱང་རང་གི་སྐུ་ཡི་རིན་གྱིས་བསྒྲུབས། །རིན་ཐང་ཆེན་པོས་བརྙེས་ན་འོན་ཀྱང་མི་ཤེས་པ། །དེ་དག་རིན་མེད་པར་ཡང་སྟེན་བར་མི་བྱེད་དོ། །ལེགས་ལྡན་འདི་ནི་ཚུལ་བཟང་ཆུ་བོ་ཚོལ་བ་ཅན། །མཆོག་དང་མཆོག་ཚོལ་མཆོག་དང་མཆོག་མིན་ཤེས་པའི་ཡིན། །དེ་ཡི་སྙིང་པོ་ཉིད་ནི་རབ་ཏུ་རྣམ་ཕྱེ་ནས། །རང་གི་སྲོག་གི་རིན་གྱིས་ལེགས་གསུངས་ཉོ་བ་མཛད། །སྲིད་པ་ཡོད་ན་གདོན་མི་ཟ་བར་ཚེ་འཐོབ་ན། །དེ་ཡང་ཕལ་ཆེར་དོན་མེད་པར་ནི་ཟད་པར་འགྱུར། །ལེགས་པར་གསུངས་པ་ས་སྟེངས་འགའ་ན་ལན་འགའ་ཞིག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་དུ་སྣང་པ་ཡི། །ཇི་ལྟར་ཉི་མ་དག་ནི་ཤར་བ་ན། །པདྨ་ཡོངས་སུ་སྨིན་པ་ཁ་འབྱེད་ལྟར། །དེ་བཞིན་གཤེགས་པ་དག་ཀྱང་ཤར་བ་ན། །བསམ་པ་ཡོངས་སུ་སྨིན་པ་དག་པར་འགྱུར། །བསམ་
པ་ཡོངས་སུ་སྨིན་པ་དའི་རྒྱུའི་རྩ་བ་ཡང་དམ་པའི་ཆོས་ཉན་བ་ཡིན་ནོ། །དེ་ལྟ་བས་ན་བསམ་པ་ཡོངས་སུ་མ་སྨིན་པའི་ཕྱིར་སངས་རྒྱས་མང་པོ་འབྱུང་བ་དག་མི་མཉེས་པར་མི་བྱའོ་སྙམ་ནས་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དམ་པའི་ཆོས་ཉན་པ་ལ་འབད་པར་བྱའོ། །སྦྱངས་པའི་ཡན་ལག་རྣམས་འགྱུར་ད་ལྟར་ནི། །དགེ་སློང་ཚོགས་ཀྱང་བྱམས་ལས་ཕྱིར་ཕྱོགས་ཤིང༌། །སྡོམ་བརྩོན་སྐྱེ་བོ་དགེ་འདུན་ནང་དག་ཏུ། །དོགས་མེད་རྟགས་མཚན་ཅན་དང་བྱ་ཐོགས་རྒྱུ། །སྔོན་གྱི་བསམ་གཏན་ས་ནི་གང་ཡིན་པ། །ཀྱེ་མ་ཇི་ལྟར་འབྲས་ཀྱིས་དག་བྱེད། །འདིར་ནི་ཐུབ་པའི་བསྟན་པ་དུས་རིང་དུ། །གནས་པར་མི་འགྱུར་བར་ནི་དོགས་པར་འགྱུར། །འདིས་ནི་བསྟན་པ་འདི་ལ་དགེ་སློང་རྣམས་ཀྱིས་ཡོངས་སུ་ཉམས་བ་རྣམ་པ་བཞིར་ཡོངས་སུ་བསྟན་ཏེ། ཡོ་བྱད་རྣམས་ལ་ཟང་ཟིང་ལྷུར་བྱེད་པ་ཉིད་ཀྱིས་ཡོ་བྱད་བསྙུངས་པ་ཡོངས་སུ་ཉམས་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བྱམས་པ་ཡོངས་སུ་ཉམས་པ་དང་ཞེས་ཡོངས་སུ་ཉམས་པ་དང༌། རང་གི་དོན་ཐོབ་པར་བྱ་བ་ལ་མངོན་པར་བརྩོན་པ་ཡོངས་སུ་ཉམས་པའོ། །དེ་ལྟར་ན་བསྟན་པ་ཡུན་ཐུང་དུ་གནས་པར་ཤེས་པར་བྱ་སྟེ། དད་པ་ཅན་རྣམས་ཀྱིས་དེ་ལ་མཉན་པ་དང༌། གཟུང་བ་དང༌། བཅང་བ་དང༌། དོན་དང་མཐུན་པར་སྒྲུབ་པ་དག་གིས་འབད་པར་བྱའོ། །འགྲོ་བ་འདི་ཡི་དོན་དུ་ནི། །སྡུག་བསྔལ་མང་པོ་གང་བསྟན་པ། །དེ་དག་དྲན་ནས་ཁྱོད་ཉིད་ཀྱིས། །བསྟན་པ་ངན་ལའང་གནས་བགྱི་ན། །ཕན་པར་གསུངས་དང་ཕན་མཛད་པའི། །ཁྱོད་ཀྱིས་བསྟན་པ་ཅི་སྨོས་ཏེ། །མགོ་ལ་མེ་ནི་འབར་གྱུར་ཀྱང༌། །ཇི་ལྟ་བུར་ན་མི་བགྱི་ལགས། །དེ་ལྟར་སོ་སོར་བརྟགས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་གནས་པར་བྱའོ། །ལུས་ཅན་འདི་ནས་ཤི་ནས་ཀྱང༌། །དམ་ཆོས་དཀོན་མཆོག་འཕྲད་འགྱུར་རམ། །མི་འགྱུར་རྣ་བ་འཐོབ་པ་དང༌། །སུ་ཞིག་དམ་ཆོས་འཆད་འགྱུར་བ། །དེ་ནི་སུས་ཀྱང་མི་ཤེས་པས། །དེ་ཕྱིར་ཁྱེད་ཀྱིས་འབད་པ་ཡིས། །སྟོན་པའི་གསུང་ནི་མཉན་པར་བྱ། །གནས་སྐབས་འགྱུར་ཞིང་གནས་པར་མི་མངོན་ལ། །སོང་ཞིང་སོང་བ་མི་འོང་གསར་དུ་སྐྱེ། །འོན་ཀྱང་བདག་དང་བདག་
གིར་འཛིན་འཇུག་པ། །འགྲོ་བ་འདི་ནི་མ་རིག་པ་ཡིས་མིད། །ཚིགས་སུ་བཅད་པ་འདིས་ཇི་ཞིག་བསྟན་ཞེ་ན། འདུ་བྱེད་རྣམས་ནི་རྣམ་འཇིག་ཅིང༌། །རང་གི་ངང་གིས་སྐད་ཅིག་ཡིན། །གཏན་དང་ཆད་མིན་དེ་དག་ལ། །མི་ཤེས་བདག་དང་བདག་གིར་འཛིན། །གཞན་ཡང༌། མི་འཇིག་ལྟ་དང་ཡུན་རིང་འཇིག་པ་ལྟ། །ཞིག་ན་མྱ་ངན་བྱེད་དང་ཞིག་ལྟ་གང༌། །དེ་ཡི་ཆེད་དུ་འདུས་བྱས་དག་ལ་ནི། །དེའི་རྩ་བཞི་ཡིས་མི་རྟག་ཉིད་འདི་བསྟན། །དེ་ལ་རྩ་བ་གཉིས་ཀྱིས་ནི་འདུས་བྱས་རྣམས་ལ་བདག་མེད་པ་དང༌། བདག་གི་མེད་པ་ཉིད་དུ་ཡོངས་སུ་བསྟན་ཏོ། །གཅིག་གིས་ནི་དེ་དག་ལ་བདག་དང་བདག་གིར་ལྟ་བའོ། །གཅིག་གིས་ནི་དེའི་རྒྱུ་མ་རིག་པས་ཟིན་པ་ཉིད་དོ། །དེ་ལྟར་ན་ཚིགས་སུ་བཅད་པ་འདི་ལས་མདོར་ན་བདག་ཏུ་ཕྱིན་ཅི་ལོག་པའི་གཞི་དང༌། རང་བཞིན་དང༌། རྒྱུ་ཡོངས་སུ་བསྟན་པ་ཡིན་ནོ། །དེའི་རྒྱུ་མ་རིག་པ་དེ་ཡང་དམ་པའི་ཆོས་མཉན་པ་ལས་མ་གཏོགས་པར་སྤངས་པར་མི་ནུས་སོ། །དེ་ལྟ་བས་ན་བདག་ནི་མ་རིག་པས་མིད་པར་གྱུར་ན་མི་རུང་ངོ་སྙམ་ནས་གུས་པར་ཆོས་མཉན་པར་བྱའོ། །དེ་ལྟར་ན་དམ་པའི་ཆོས་མཉན་པའི་དགོས་པ་རྣམས་ཀྱི་མཐའ་མེད་དེ། འདི་ནི་ཕྱོགས་ཙམ་ཞིག་གོ །ཕྱོགས་འདིས་དགོས་པ་ཡང་དག་པར་བསྟན་པ་ཉིད་ཀྱིས་གུས་པར་མཉན་པ་དང་ལྡན་པར་བརྗོད་པར་བྱའོ། །ཇི་ལྟར་ན་ཡ་མཚན་དང་རབ་ཏུ་དགའ་བ་དང་སྐྱོ་བའི་གཏམ་ཉེ་བར་བསྒྲུབ་པ་ཉིད་ཀྱིས་ན། རྨུགས་པ་དང་གཉིད་དང་ལྡན་པ་དག་ལ་སེམས་གསལ་བར་བྱ་བའི་ཕྱིར་ཡ་མཚན་སྐྱེ་བའམ། རབ་ཏུ་དགའ་བའི་གཏམ་བྱའོ། །སེམས་རྣམ་པར་གཡེང་བ་རྣམས་ལ་སྐྱོ་བར་བྱ་སྟེ། སྐྱོ་བར་འགྱུར་བ་རྣམས་ལ་སེམས་རྩེ་གཅིག་པ་ཉིད་དུ་བྱ་བའི་ཕྱིར་རོ། །ཇི་སྐད་དུ་བྱ་ཞེ་ན། རེ་ཞིག་ཡ་མཚན་སྐྱེ་བ་ནི། །སངས་རྒྱས་རྣམས་ཀྱི་བསྟན་པ་ལ། །ཁྱོད་ཀྱིས་བྱས་པ་ཀུན་མི་བྱ། །དེ་ཕྱིར་རབ་དགའ་བསྐྱེད་པར་བྱ། །བྱས་པ་བྱས་ཡིན་ཉམས་པར་འགྱུར། །འདིའི་དོན་ཅི་ཡིན་ཞེ་ན། སངས་རྒྱས་ཀྱི་བསྟན་པ་ལ་བྱང་ཆུབ་གསུམ་ལས་བརྩམས་ནས་ཐོས་པ་ལས་བྱུང་བའམ། བསམས་པ་ལས་བྱུང་བའམ། བསྒོམས་པ་ལས་བྱུང་བས་རྒྱུད་ཡོངས་སུ་སྨིན་པར་གང་བྱས་པ་དེ་ཐམས་ཅད་ཀྱང་
མི་བྱ་བ་ཡིན་ཏེ། དགེ་བའི་རྩ་བ་དེ་ལས་ཉམས་པ་ཡང་དུས་རིང་དུ་ལོན་ན་ཡང་གང་གི་ཚེ་བརྩོན་པར་བྱེད་པ་དེའི་ཚེ་ཁྱད་པར་ཁོ་ན་འཐོབ་པོ། །དེ་ལྟ་བས་ན་བདག་ལ་ཡོངས་སུ་སྨིན་པ་བྱས་པ་ལ་ཉམས་པ་མེད་དོ་སྙམ་དུ་སེམས་རབ་ཏུ་དགའ་བ་བསྐྱེད་བར་བྱའོ། །གང་ཞིག་གིས་བྱས་པ་ཡང་བྱ་བ་ཡིན་པ་དེ་ནི་ཉམས་པར་གྱུར་ཏེ། ཇི་ལྟར་ཕྱིར་རོལ་པའི་སྙོམས་པར་འཇུག་པར་བྱེད་པ་དག་ལྟ་བུའོ། །གང་བྱས་པ་ནི་མི་བྱ་དེས། །ཡུན་རིང་ན་ཡང་ཞི་པ་འཐོབ། །གང་བྱས་བྱ་བ་ཡིན་དེ་ཡིས་ནི། །ཤིན་ཏུ་ཡུན་རིང་ཞི་མི་འཐོབ། །གང་བྱས་པ་ནི་མི་བྱ་དེས། །སངས་རྒྱས་ཉིད་དུ་སྲིད་པ་ཡོད། །གང་བྱས་བྱ་ཡིན་དེ་ཡིས་ནི། །ཐར་པའང་སྲིད་པར་མི་འགྱུར་རོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱི་དོན་ཡང་སྔ་མ་དང་མཐུན་པར་བརྗོད་པར་བྱའོ། །རབ་ཏུ་དགའ་བའི་གཏམ་ཇི་ལྟར་བརྗོད་པར་བྱ་ཞེ་ན། གཉིད་སངས་པར་བྱ་བའི་ཕྱིར་རབ་ཏུ་དགའ་བའི་གཏམ་བརྗོད་པ་ལས་སོ། །རེ་ཞིག་གཏམ་ཉོན་ཅིག །བོང་བུ་ཁུར་གྱིས་དུབ་པ་ཞིག་ལ་རྟེའུས་བྲོ་བརྡུང་ངོ་ཞེས་སྨྲས་པ་དང༌། དེ་ན་རེ་ཁྱོད་ཀྱིས་ནི་བྲོ་རྡུངས་ཤིག་ངས་ནི་རྣ་བ་བསྒུལ་ལོ་ཞེས་སྨྲས་ནས། དེ་བྲོ་རྡུང་བ་དང༌། རྟའུ་དང་མཐུན་པར་བྱ་བའི་ཕྱིར་དེས་རྣ་བ་བསྒུལ་ལོ་ཞེས་གྲག་གོ །ཁྱེད་ཀྱིས་ནི་ང་ཆོས་སྟོན་ན། རྣ་བ་གཉིས་ཀྱང་བསྒུལ་བར་མི་སྤྲོའམ་ཞེས་བྱ་བ་དང། ཝ་སེང་གེའི་གོད་ཀྱི་ཤ་འདོད་པ་ཞིག །སེང་གེའི་ཕྱི་བཞིན་འབྲངས་ལ་སེང་གེ་ལན་ཅིག་འདྲངས་ཏེ། ཕག་རྒོད་ཆེན་པོ་ཞིག་བསད་ནས་དེས་ཝ་དེ་ལ་འདི་ཁྱེར་ཅིག་ཅེས་སྨྲས་པ་དང༌། དེ་སྟོབས་ཆུང་བའི་ཕྱིར་ཁུར་དེ་བཏེག་པར་ཡང་མི་སྤྲོས། །བདག་ལ་ཁྲོས་ཏེ་བསད་ན་མི་རུང་ངོ་སྙམ་ནས་དེའི་ཚིག་བཟློག་པར་མ་ནུས་ནས། འདི་ནི་བླུན་པ་དང་ང་རྒྱལ་ཅན་ཡིན་པར་ཤེས་ཏེ། དེ་ན་རེ་བདག་གིས་ཁུར་འདི་བསྐུར་ན་བྱ་བ་ཉིས་བྱ་དགོས་ཏེ། ཁུར་ཡང་བསྐུར་དགོས། སྐད་ཀྱང་དབྱུང་དགོས་པས་དེའི་ཕྱིར་བདག་གིས་ཅིག་ཅར་ལས་གཉིས་བྱ་བར་མི་ནུས་པས་གཅིག་ཁྱོད་ཀྱིས་བྱོས་ཤིག་ཅེས་སྨྲས་པ་དང༌། སེང་གེ་ནི་ང་རྒྱལ་ཅན་ཡིན་པའི་ཕྱིར་སྐད་འབྱུང་བར་ཡང་མི་འདོད་ན། འོ་ན་ཁྱོད་ཀྱིས་སྐད་ཕྱུང་ཤིག་ངས་བསྐུར་རོ་ཞེས་སྨྲས་ཏེ། སེང་གི་ཁུར་ཐོགས་སེང་གེ་དང་མཐུན་པར་བྱ་བའི་ཕྱིར་ཝ་སྐད་འབྱིན་པར་བྱེད་དོ་ཞེས་གྲག་གོ །དེ་བཞིན་
དུངས་ནི་ཆོས་བཤད་བའི་ཕྱིར་ཁུར་བསྐུར་རོ། །ང་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་ཁྱེད་ཀྱིས་ནི་རེ་ཞིག་དེ་ལགས་ཙམ་ཡང་བྱོས་ཤིག་དང་དགེ་བར་འགྱུར་རོ་ཞེས་བྱ་བ་དང༌། རྒན་ཞུགས་ཤིག་ཐབས་མ་ཡིན་བ་བྱེད་པས་བུད་མེད་དོན་དུ་གཉེར་བ་ལས་དེས་དེ་ལ་མ་བཏུབ་པ་དང༌། དེ་ན་རེ་བཅོམ་ལྡན་འདས་ཀྱིས་བུད་མེད་ཀྱི་བསམ་པ་ནི་སྐྱེས་པས་སོ་ཞེས་གསུངས་ལ་འདི་ནི་མི་བཏུབ་པས་མདོ་སྡེ་དང་འགལ་ལོ་ཞེས་སྨྲས་སོ་ཞེས་གྲག་གོ །དེ་བཞིན་དུ་ཁྱེད་དད་བ་ཅན་ཡིན་ལ་དམ་པའི་ཆོས་ཉན་མི་འདོད་པས་དད་པའི་རྟགས་རྣམས་ལས་དམ་པའི་ཆོས་མཉན་པར་འདོད་པ་ཡིན་ཞེས་གསུངས་པའི་མདོ་སྡེ་དང་འགལ་ལོ་ཞེས་བྱ་བ་དང༌། བུད་མེད་རྒན་མོ་དབུལ་མོ་སྔོན་གྱི་ཁྱིམ་ཕྱུག་པོ་ན་འདུག་འདུག་པ་ཞིག་ཡོད་ལ་དེར་རྐུན་པོ་ཞིག་རེ་བས་མཚན་མོ་ཁྱིམ་བུག་སྟེ་ཞུགས་ནས་མུན་ཁུང་ན་ལག་བ་གཉིས་ཀྱིས་རྫས་བཙལ་བ་ལས་ལམ་སྣོད་དག་གཅིག་ལ་ཐུག་སྟེ་སྒྲ་བྱུང་བ་དང༌། བུད་མེད་དེ་ན་རེ་བུ་རེ་ཞིག་ངས་ཉི་མའི་གུང་ལ་བཙལ་ན་ཡང་ཅི་ཡང་མི་རྙེད་ན། ཁྱོད་ཀྱིས་མུན་ཁུང་ན་ག་ལ་རྙེད་ཅེས་སྨྲས་སོ་ཞེས་གྲག་གོ །དེ་བཞིན་དུ་བློ་རྣམ་པར་གསལ་བ་སྣང་བ་དང་བཅས་བས་ཀྱང་རེ་ཞིག་སངས་རྒྱས་ཀྱི་གསུང་གི་དགོངས་པ་ཅན་གྱི་དོན་རྙེད་པ་དཀའ་ན། གཉིད་ཀྱི་མུན་པས་ནོན་པའི་ཡིད་ཀྱིས་ལྟ་ག་ལ་ཞིག་ཅེས་བྱ་བ་དང༌། བྷ་ར་ཏའི་གཞུང་ཀློག་པ་ན་ལུས་སྐྱེས་ངུས་པ་དང༌། ལེགས་ལྡན་ཅི་སྟེ་བཤུམས་སྨྲས་པ་རོལ་རྙེད་མས་ཇི་སྙེད་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བ་ལ་ལྟོས་ཞེས་སྨྲས་པ་དང༌། འདི་ནི་བྷ་ར་ཏའི་གཞུང་ཡིན་གྱི། འདི་དགའ་བྱེད་འགྲོ་བའི་གཞུང་ནི་མ་ཡིན་ནོ་ཞེས་སྨྲས་པ་དང༌། བདག་གིས་དུས་པ་དོན་མེད་པར་ཡིད་དུས་པ་ཡིན་ནོ་ཞེས་སྨྲས་སོ་ཞེས་གྲག་གོ །དེ་བཞིན་དུ་གལ་ཏེ་ང་ཆོས་འཆད་པར་བྱེད་ན་ཁྱེད་གཉིད་ལོག་པ་ནི་ངས་བཤད་པའི་དོན་མེད་པ་ཡིན་ནོ་ཞེས་བྱ་བ་དང༌། དེ་བཞིན་དུ་རྒན་ཞུགས་བསྙེན་པར་རྫོགས་སུ་གཞུག་པར་མ་ནུས་སོ་ཞེས་བྱ་བ་དང༌། དེ་ལྟ་བུ་དང་མཐུན་པ་མོ་རྟུལ་པོའི་གཏམ་དག་ཀྱང་ཅི་རིགས་པར་བསྒྲུབ་བར་བྱ་ཞིང་ཁྱོད་ཉན་དུ་གཞུག་མ་ནུས་སོ་ཞེས་བྱ་སྟེ་གཉིད་སངས་པར་བྱ་བའི་ཕྱིར་རྣམ་པ་དེ་ལྟ་བུའི་རབ་ཏུ་དགའ་བའི་གཏམ་
བྱའོ། །སྐྱེ་བོའི་གཏམ་ཇི་ལྟར་བྱ་ཞེ་ན། མི་རྣམས་ཚེ་ནི་ལོ་བརྒྱ་ལ། །མཚན་མོ་ཉལ་བས་ཕྱེད་དུ་བྱས། །དེ་ནི་ཉིན་པར་ཡང་ཉལ་བས། །དེ་ཡི་ཕྱེད་ཀྱང་དུམ་བུར་བྱས། །སྲོག་ནི་གཤིན་རྗེའི་འཁོར་ལོ་སོག་ལེར་ལྡན་ན་གསོན་འདྲར་གང་ཕྱིར་ཉལ་བྱེད་པ། །ཅི་ཞིག་རྙེད་པ་ལས་ནི་དབུགས་ཕྱིན་ཅི་ཞིག་རྟོགས་ཤིང་བགེགས་ནི་ཅི་དག་སྤངས། །ངན་འགྲོ་རྣམས་ལས་རྒལ་གཏམ་ཅི་ཡིན་མི་བྱ་བ་ཡི་ངེས་པའི་ལས་ནི་གང་ཞིག་ཐོབ། །ཕྲ་རྒྱས་མེ་རྣམས་ཀྱིས་བསྲེགས་སྲིད་རྣམས་ཀྱིས་ནི་གང་ཞིག་འདས་པ་སྨོས། །འདིས་ཅི་ཞིག་བསྟན་པ་ཡིན་ཞེ་ན། རྒྱུ་གཉིས་དག་གིས་སྲོག་དབུགས་མ་ཕྱིན་པ་ལས་དབུགས་ཕྱིན་པ་ཐོབ་པ་གསོན་པ་དང་འདྲ་བར་ཉལ་བར་རུང་གི་གཞན་དུ་ནི་མ་ཡིན་ནོ། །གཉིས་པོ་གང་དག་གིས་ཤེ་ན། ལུང་བསྟན་པ་ཐོབ་པ་ཉིད་ཀྱིས་ནི་རྟོགས་པ་མེད་པར་ཡང་དཔེར་ན་ཁ་ཅིག་ལ་བསྐལ་པ་འདི་སྙེད་དུ་ལོག་པར་ལྟུང་བར་མི་འགྱུར་ཞིང་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་ལུང་བསྟན་པ་ལྟ་བུའོ། །འབྲས་བུ་ཐོབ་པ་ཉིད་ཀྱིས་ནི་གང་ཞིག་ཐོབ་པས། ངན་སོང་བའི་ཉོན་མོངས་པ་དང༌། སྐྱེ་བ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་བ་མཐོང་བས་སྤང་བར་བྱ་བ་རྣམས་དང༌། ཡང་འབྱུང་བ་པའི་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གཉིས་ཟད་པ་ཡིན་ནོ། །ངན་སོང་བའི་ལས་སྤངས་བ་ལ་མི་ཡང་འབྱུང་བ་པའི་ལས་ཀྱི་ཀུན་ནས་ཉོན་མོངས་པ་རྣམ་པར་མི་གཞག་སྟེ། ཡང་འབྱུང་བ་ནི་དགེ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལ་གཤིན་རྗེའི་འཁོར་ལོ་དང་སོག་ལེ་དང་ལྡན་པ་ཉིད་ཀྱིས་ནི་སྲོག་དབུགས་མ་ཕྱིན་པ་ཉིད་དུ་སྟོན་པ་ཡིན་ནོ། །ཅི་ཞིག་རྙེད་པ་ལས་ནི་དབུགས་ཕྱིན་ཞེས་བྱ་བས་ནི་ལུང་བསྟན་པ་མ་འཐོབ་པ་ཉིད་དུ་སྟོན་པ་ཡིན་ནོ། །ཅི་ཞིག་རྟོགས་ཞེས་བྱ་བ་ནི་འབྲས་བུ་མ་ཐོབ་པའི་ཕྱིར་རོ། །བགེགས་ནི་ཅི་དག་སྤངས། ངན་འགྲོ་རྣམས་ལས་རྒལ་གཏམ་ཅི་ཡིན་མི་བྱའི་ངེས་པའི་ལས་ནི་གང་ཞིག་ཐོབ། །ཅེས་བྱ་བ་ནི་འབྲས་བུ་ཐོབ་པ་ལས་ངན་སོང་བའི་ཉོན་མོངས་པ་དང༌། སྐྱེ་བ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་གང་དག་ཟད་པ་ཡིན་པ་དེ་དག་མ་ཟད་པ་ཉིད་དུ་ཡོངས་སུ་སྟོན་པ་ཡིན་ནོ། །ཉོན་མོངས་པ་མཐོང་
བས་སྤང་བར་བྱ་བ་རྣམས་ནི་མངོན་པར་རྟོགས་པའི་བགེགས་ཡིན་པའི་ཕྱིར་བགེགས་ཞེས་བསྟན་ཏོ། །ཉོན་མོངས་པ་ལ་ཡང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དེའི་ནུས་པ་ཡོད་པར་བསྟན་པའི་ཕྱིར་བར་དུ་དེ་སྨོས་པ་ཡིན་ནོ། །ངན་སོང་གི་སྐྱེ་བ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་གཉིས་བདག་དང་གཞན་ལ་གནོད་པའི་དབང་དུ་མཛད་པའི་ཕྱིར་ཡང་ཡིན་ནོ། །རྒྱུ་ཕྲག་རྒྱས་མེ་རྣམས་ཀྱིས་བསྲེགས། སྲིད་པ་རྣམས་ཀྱི་ས་ནི་གང་ཞིག་འདས་པ་སྨོས་ཞེས་བྱ་བ་ནི་ཡང་འབྱུང་བ་བའི་ཉོན་མོངས་པ་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གཉིས་མ་ཟད་པ་ཉིད་དུ་སྟོན་པ་ཡིན་ནོ། །བསྡུས་པའི་ཚིགས་སུ་བཅད་པ་ནི། ཇི་ལྟ་བཞིན་པའི་ཡིད་ནི་དབུགས་ཕྱིན་པའི། །ལུང་བསྟན་པ་ནི་ཐོབ་པ་མེད་པ་དང༌། །ངན་སོང་དང་ནི་ཡང་འབྱུང་འགྱུར་བ་གང༌། །ཉོན་མོངས་ཡན་ལག་གསུམ་གཉིས་ཟད་བྱ་ཕྱིར། །དེ་ཁོ་ན་ཉིད་རྟོགས་པ་མེད་བའོ། །ཡང་རྒྱུ་གཉིས་དག་གིས་དབུགས་ཕྱིན་པ་ཐོབ་པ་ཞེས་བྱ་བ་སྔ་མ་བཞིན་ཏེ། ཡོངས་སུ་ཉམས་པ་མེད་པར་སྦྱོར་བའི་ལམ་ཐོབ་པ་ཉིད་ཀྱིས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བཟོད་པ་ཐོབ་པའི་ཕྱིར་རོ། །འབྲས་བུ་ཐོབ་པ་ཉིད་ཀྱིས་ནི་གང་ཞིག་ཐོབ་པས་ཏེ་སྔ་མ་བཞིན་ནོ། །ཡང་རྒྱུ་གསུམ་དག་གིས་དབུགས་འབྱིན་པ་ཐོབ་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །གསུམ་པོ་གང་དག་གིས་ཤེ་ན། ལུང་བསྟན་པ་ཐོབ་པ་ཉིད་ཀྱིས་དང༌། ཡེ་ཤེས་ཀྱི་ཁྱད་པར་ཐོབ་པ་ཉིད་ཀྱིས་དང༌། སྤངས་པའི་ཁྱད་པར་ཉིད་ཀྱིས་སོ། །སྤངས་པའི་ཁྱད་པར་ཡང་ངན་སོང་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་སྤངས་པ་ཇི་སྐད་བསྟན་པ་དང༌། ཡང་འབྱུང་བ་བའི་རྐུན་ནས་ཉོན་མོངས་པ་རྣམ་པ་གཉིས་སྤངས་པ་ཇི་སྐད་བསྟན་པ་ལྟ་བུའོ། །ཡུལ་ལ་རྣམ་པར་རྟོག་པ་རྣམ་པར་གཡེངས་པ་རྣམས་ལ་ཡུལ་གྱི་སྐྱོན་བརྗོད་པ་དང་ལྡན་པའི་ཀུན་དུ་སྐྱོ་བའི་གཏམ་བརྗོད་པར་བྱའོ། །འཇིག་རྟེན་དག་ན་འདོད་པ་རྣམས་མི་རྟག །དགེ་བའི་དོན་འཕྲོག་གསོག་དང་སྒྱུ་མ་འདྲ། །སྨོན་པ་ན་ཡང་མི་རྣམས་ཀྱི་ནི་སེམས། །རྨོངས་ན་བདག་ཉིད་ཕྲད་ན་སྨོས་ཅི་དགོས། །དེ་ལ་འདོད་པ་རྣམས་མི་རྟོག་པ་ཉིད་ཀྱིས་ནི་མཐོང་བའི་ཆོས་ཉིད་ལ་མྱ་ངན་ལ་སོགས་པའི་
རྒྱུ་ཉིད་ཡིན་པར་སྟོན་ཏོ། །དགེ་བའི་དོན་འཕྲོག་པ་ཉིད་ཀྱིས་ནི་ཚེ་ཕྱི་མ་ལ་ངན་འགྲོའི་རྒྱུ་ཉིད་ཡིན་པར་རོ། །གསོག་ཉིད་ཀྱིས་ནི་དགེ་བ་དང་བྲལ་བ་ཉིད་དུའོ། །སྒྱུ་མ་དང་འདྲ་བ་ཉིད་ཀྱིས་ནི་བདེ་བ་ལྟར་སྣང་བ་ཉིད་དུ་སྟེ་བདེ་བར་འདུ་ཤེས་ཕྱིན་ཅི་ལོག་གི་གཞི་ཉིད་ཡིན་པའི་ཕྱིར་རོ། །ཕྱི་མའི་ཕྱེད་ཀྱིས་ནི་འདི་ལྟར་དེ་རྣམས་ནི་མ་ཕྲད་ཀྱང་སྲེད་པ་དང་བཅས་པ་རྣམས་ཀྱི་སེམས་བདེ་བར་འདུ་ཤེས་པས་རྨོངས་བར་བྱེད་ན་ཕྲད་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་སྟོན་ཏོ། །བསྡུས་པའི་ཚིགས་སུ་བཅད་བ་གཉིས་ནི། འདོད་པ་རྣམས་ནི་སྡུག་བསྔལ་རྒྱུ། །དེ་དག་ལ་ནི་བདེ་བ་མེད། །བདེ་བར་འདུ་ཤེས་ལོག་པ་ཡི། །གཞི་ཡིན་པར་ནི་རབ་ཏུ་བསྟན། །མཛེ་བཞིན་ཡོངས་སུ་གདུང་བས་ན། །མྱ་ངན་ངན་འགྲོའི་རྒྱུ་ཡི་ཕྱིར། །མ་ཕྲད་ཕྲད་པའི་གནས་སྐབས་སུ། །རྒྱུ་བཞིན་ལོག་པར་སྟོན་ཕྱིར་རོ། །ཤེས་དཀའ་བཟློག་དཀའ་དཔུང་ཐུབ་དཀའ་བ་ཅན་རྒྱུ་བ། །རྟོགས་དཀའ་འདོད་ཆགས་རང་དགའི་དབང་པོ་ཅན་རྣམས་ཀྱི། །བཟང་པོའི་ལམ་རྣམས་འཇོམས་དང་རྡུལ་ནི་བསགས་རྣམས་ཀྱི། །ཆོས་དང་བློ་ཡི་དགྲ་ཡིན་ཡིད་འཁྲུལ་རྣམས་ཀྱི་ནི། །ཚུལ་ཁྲིམས་ཟད་བྱེད་ཡིན་ཞིང་འབྱུང་པོ་རྣམས་ཀྱི་རྫས། །ལྟ་བུའི་དགེ་བ་འཇོམས་པ་མི་དགེའི་ཡུལ་རྣམས་ཡིན། །དེ་ལྟ་བས་ན་ཁྱེད་ནི་དམ་པའི་ཆོས་མཉན་པའི་ཚེ་བདག་ལ་གཞོམ་པར་བྱ་བ་ནི་མི་རིགས་སོ། །དེ་ལ་ཇི་ལྟར་ན་ཤེས་པར་དཀའ་བ་ཡིན་ཞེ་ན། འདོད་པ་འདི་དག་ནི་མ་ནོག་ཆུང་ཞིང་སྡུག་བསྔལ་མང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་ཤེས་དཀའ་བ་ཉིད་ཀྱིས་སོ། །ཇི་ལྟར་ན་བཟློག་བར་དཀའ་བ་དང༌། དཔུང་ཐུབ་པར་དཀའ་བ་དང༌། རྒྱུ་བ་རྣམས་རྟོགས་པར་དཀའ་བ་ཡིན་ཞེ་ན། བརྩལ་བ་དང་རྣམ་པར་མནན་པ་དང༌། བག་ལ་ཉལ་ཡང་དག་པར་གཞོམ་པའི་སྤོང་བ་དཀའ་བ་ཉིད་ཀྱིས་ཡིན་ཏེ་གོ་རིམས་བཞིན་ནོ། །ཇི་ལྟར་བཟང་པོ་རྣམས་ཀྱི་ལམ་འཇོམས་པ་ཡིན་ཞེ་ན། ཁྱིམ་པའི་ཕྱོགས་ལ་འདོད་ཆགས་དང་རང་དགའི་དབང་པོ་ཅན་རྣམས་ཀྱི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཁྲིམས་ལ་སོགས་པ་ལས་འདའ་བར་བྱེད་པ་ཉིད་ཀྱིས་སོ། །ཇི་ལྟར་ན་མོས་པ་དང་བློ་གྲོས་ཀྱི་དགྲ་རྣམས་དང༌། ཚུལ་ཁྲིམས་ཟད་པར་བྱེད་པ་ཡིན་ཞེ་ན། རབ་ཏུ་བྱུང་བའི་ཕྱོགས་ལ་སྔོན་རྡུལ་བསགས་པ་དང་འདིར་ཡིད་འཁྲུལ་
པ་རྣམས་ཀྱིས་ཏིང་ངེ་འཛིན་དང་ཤེས་རབ་དང་ཚུལ་ཁྲིམས་ཀྱི་བར་དུ་གཅོད་བའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །མོས་པ་ནི་སེམས་གནས་པ་ཡིན་པས་ཏིང་ངེ་འཛིན་ཏོ། །ཇི་ལྟར་ན་འབྱུང་པོ་རྣམས་ཀྱི་རྫས་དང་འདྲ་བའི་དགེ་བ་ཡིན་ཞེ་ན། འདི་དང་ཕྱི་མར་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་དང་ཡོངས་སུ་སྐྱོབ་པ་ཉིད་ཀྱི་ནོར་དང་འདྲ་བའི་ཕྱིར་རོ། །ཇི་ལྟར་ན་མི་དགེ་བའི་ཡུལ་རྣམས་ཀྱིས་འཇོམས་པ་ཡིན་ཞེ་ན། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ན། དེའི་མི་མཐུན་པའི་ཕྱོགས་ཉིད་ཀྱི་དགེ་བའི་ཆོས་རྣམས་ལས་ཐོབ་པ་དང༌། མ་ཐོབ་པ་ཡོངས་སུ་ཉམས་པ་ཡིད་ཀྱིས་ཡོངས་སུ་ཉམས་པར་བྱེད་པའི་ཕྱིར་རོ། །ཡང་མདོར་བསྡུ་ན་འདིས་ནི་འདོད་པ་རྣམས་ཡོངས་སུ་ཤེས་པར་དཀའ་བ་ཉིད་དང༌། ཡང་དག་པར་དཀའ་བ་ཉིད་དང༌། ཡོངས་སུ་མ་ཤེས་ཤིང་མ་སྤངས་པ་དང༌། ཇི་ལྟར་གང་དང་གང་དག་ལ་གནོད་པར་བྱེད་པ་དེ་ཡོངས་སུ་བསྟན་ཏེ། ཚིག་གཅིག་དང་གསུམ་དང་གསུམ་ལྷག་མ་སྟེ་གོ་རིམས་བཞིན་ནོ། །རྣམ་གྲངས་གཞན་ཡང་འདོད་པ་རྣམས་ནི་ཆོམ་རྐུན་དང་ཆོས་མཐུན་པར་ཡོངས་སུ་བསྟན་པ་ཡིན་ནོ། །ཆོམ་རྐུན་གྱི་རྒྱུ་བདུན་དག་གིས་རྐུན་པོའི་བྱ་བ་མཐར་ཕྱིན་པ་ཡིན་ཏེ། མི་འཕྲིགས་པའི་རང་བཞིན་ཡིན། འཕྲིགས་ན་ཡང་མི་ལྡོག་པས་བསྟན་པ་ཡིན། འགྲོ་བ་དང་འོང་བ་དང་ཕ་རོལ་མནན་པ་དག་ལ་ངལ་བ་མེད་པས་སྟོབས་དང་ལྡན་པ་ཡིན་ནོ། །མི་མངོན་པ་དང་བགྲོད་དཀའ་བའི་གནས་སུ་ཐག་རིང་ཞིང་ཐིབས་པོར་རྒྱུ་བ་ཡིན། མ་ལུས་བར་འཕྲོག་པས་སྙིང་བརྩེ་བ་མེད་པ་ཡིན། གཉིད་ལོག་ཅིང་ར་རོ་བ་ན་འཇོམས་པས་དུས་ཤེས་པ་ཡིན། མི་མཐུན་ཞིང་ཤ་ཁོ་ན་ཅན་ཡིན་ནོ། །དངོས་པོའི་འདོད་པ་ཉོན་མོངས་པའི་འདོད་པ་དང་བཅས་པ་རྣམས་ཀྱང་དེ་དང་ཆོས་མཐུན་པ་ཡིན་ཏེ། དེ་ལ་མི་འཕྲོགས་པའི་རང་བཞིན་ཉིད་ནི་ཤེས་པར་དཀའ་བ་ཉིད་ཀྱིས་སྟོན་ཏེ། ཉེས་དམིགས་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །བརྟན་པ་ཉིད་ནི་བཟློག་པར་དཀའ་བ་ཉིད་ཀྱིས་ཏེ། བསལ་བར་དཀའ་བའི་ཕྱིར་རོ། །སྟོབས་དང་ལྡན་པ་ཉིད་ཀྱིས་ནི་དཔུང་ཐུབ་པར་དཀའ་བ་ཉིད་ཀྱིས་ཏེ། ཀུན་དུ་རྒྱུ་བ་རྣམ་པར་གནས་པར་དཀའ་བའི་ཕྱིར་རོ། །ཐག་རིང་ཞིང་ཐིབས་པོར་རྒྱུ་བ་ཉིད་ནི་རྒྱུ་བ་རྟོགས་པར་དཀའ་བ་ཉིད་ཀྱིས་
ཏེ། བག་ལ་ཉལ་བ་ནི་ཐག་རིང་དུ་ཞུགས་ཤིང་མི་མངོན་པར་སོང་བའི་ཕྱིར་རོ། །སྙིང་བརྩེ་བ་མེད་པ་ཉིད་ནི་བཟང་པོའི་ལམ་འཇོམས་པ་ལ་སོགས་པ་ཉིད་ཀྱིས་ཏེ། དགེ་བ་མ་ལུས་པར་མེད་པར་བྱེད་པའི་ཕྱིར་རོ། །དུས་ཤེས་པ་ཉིད་ནི་གཉིད་ལོག་པ་དང་ར་རོ་ཞིང་མྱོས་པ་ལྟ་བུའི་འདོད་ཆགས་དང། དགའ་བའི་དབང་པོ་ཅན་རྣམས་ལ་འཇོམས་པའི་ཕྱིར། །མི་མཐུན་པ་ཉིད་ནི་མི་དགེ་བ་ཉིད་ཀྱིས་དགེ་བ་དང་འགལ་བའི་ཕྱིར་རོ་།ནང་བར་མར་མེ་རླུང་གིས་བསྐྱོད་པ་འདྲ་བ་དང༌། །ཆུ་བོའི་འགྲམ་གྱི་ལྗོན་ཤིང་རྩ་བ་འགུལ་འདྲ་དང༌། །སྣོད་ཆག་ཡོད་པའི་ཆུ་ནི་འཛག་པར་བྱེད་པ་ལྟར། །འགྲོ་བ་འདི་ནི་དབང་མེད་འཇིག་བའི་ཆོས་ཅན་ཡིན། །དེ་ལྟར་འགྲོ་བ་རབ་ཏུ་འཇིག་པའི་ཆོས་ཅན་ཡིན་ན། ཁྱེད་དམ་པའི་ཆོས་མཉན་པར་གཡེང་བའི་མི་རིགས་སོ། །ཅིའི་ཕྱིར་ཚིགས་སུ་བད་པ་འདི་ལས་དཔེ་གསུམ་དག་གིས་བསྟན་ཞེ་ན། འདི་ལྟ་སྟེ། འགྲོ་བ་ཞེས་བྱ་འདི་ནི་ཚེ་ཡི་དབང་གིས་མིང་དང་གཟུགས། །འཇུག་ཡིན་གསུམ་པོ་དེ་ཕྱིར་ཇི་ལྟ་བུར། །མི་བརྟན་པ་དེ་འཆི་བ་འགྱེལ་ཟད་ལ། །ཕྱོགས་པའི་མར་མེ་ལྗོན་ཆུ་ཡིས་བསྟན། །གཞན་ཡང་རྒྱུ་བརྒྱད་དག་གིས་ཆོས་འདི་ལ་ཤིན་ཏུ་བརྩལ་བ་རྨི་བྱ་བར་འགྱུར་ཏེ། གལ་ཏེ་ཐར་བ་དོན་དུ་མི་གཉེར་བ་ཡིན་པ་དང༌། ནད་མེད་པ་མ་ཡིན་པའི་ཕྱིར་རམ། རང་དབང་མེད་པ་ཉིད་ཀྱི་ཕྱིར་གཉེར་ན་ཡང་མི་ནུས་པ་ཡིན་པ་དང༌། གལ་ཏེ་ནུས་ན་ཡང་བརྩལ་བ་མ་བྱས་པར་ཡང་འབྲས་བུ་ཡོད་པ་མ་ཡིན་པ་དང༌། གཞན་གྱི་བྱེད་པ་པོ་གཞན་ཡིན་པ་དང༌། བརྩལ་བ་བྱས་ཀྱང་ངེས་འགྲུབ་པར་མི་འགྱུར་པ་དང༌། འདིས་གྲུབ་པ་པོ་སྙམ་དུ་ཡིད་ཆེས་པར་མི་བྱེད་པ་ཡིན་པ་དང༌། བདག་གིས་ཇི་ལྟར་བརྩོན་པར་བྱ་ཞེས་ཐབས་མི་མཁས་པ་ཡིན་པ་དང༌། ངན་སོང་ལས་ཡང་དག་པར་རྒལ་བའི་དབུགས་ཕྱིན་པ་ཐོག་པ་ཡིན་ནོ། །འོན་ཏེ་ཡང༌། དོན་གཉེར་ནུས་དང་མ་བྱས་པར། །འབྲས་མེད་པོ་གཞན་མེད་པ་དང༌། ངེས་པར་འགྲུབ་དང་ཡིད་ཆེས་དང༌། །ཐབས་ཤེས་ལོག་པར་ལྟུང་བ་ཡི། །མཐའ་ལ་གནས་པའི་སྐྱེ་བོ་གང༌། །ཤིན་ཏུ་རྩོལ་བར་མི་བྱེད་པ། །དེ་ནི་ངེས་པར་སྡིག་ལས་ཀྱིས། །བསྒྲིབས་ཤིང་སྡུག་བསྔལ་མང་བསྟན་ཡིན། །ངན་སོང་ཐོས་ལ་ཡིད་ཆེས་ཤིང༌། །དེ་ཡི་གཉེན་ཐོ་མི་བྱེད་ལ།
འཇིགས་ཤིང་ནུས་དང་ལྡན་པ་དག །ཚེ་ཐུང་དེ་ཡང་མ་ངེས་དང༌། །མི་བྱ་བར་ནི་བྱ་མིན་དང༌། །བྱེད་པོ་གཞན་མེད་པ་བྱས་པར། །བདེ་ལས་མེད་ཅིང་བྱས་པ་ཡང༌། །མི་འཇིགས་དེ་བྱེད་མི་ཤེས་མིན། །གལ་ཏེ་སོ་སོའི་སྐྱེ་བོ་དག །འདོད་པ་ཡིས་ནི་ཟང་ཟིང་གི །ཕུབ་མ་ལ་ནི་ཡོངས་འཇུས་ནས། །ཀྱེ་མ་འདི་ནི་རབ་མྱོང་བའི། །གླང་ཆེན་ཉལ་བ་བྱེད་དམ་ཅི། །བྱིས་པ་ཀུན་ནི་རྟེན་ཡོད་ཀྱང༌། །ཀྱེ་མ་མི་བཟད་ཀྱེ་མ་དཀའ། །ཀྱེ་མ་སྡུག་བསྔལ་ཀྱེ་མ་འཇིགས། །ཀྱེ་མའོ་བརླག་ལ་ཕྱོགས་པ་ཡིན། །སངས་རྒྱས་གསུང་ཞེས་བྱ་བ་གང༌། །དཀོན་མཆོག་འདོད་དོན་སྒྲུབ་མཛད་པ། །སྐྱེ་བོ་སེར་སྣ་མེད་འདུག་པས། །གཎྜཱི་བརྡུངས་ཏེ་སྒྲོགས་བྱེད་ན། །གཏི་མུག་ང་རྒྱལ་མདོངས་པ་ཡི། །བྱིས་པ་འདི་དག་བདག་ཉིད་ལ། །དགྲ་བོ་བཞིན་དུ་བརླག་པའི་རྒྱུ། །གྲོང་བའི་དགྲ་ལ་མངོན་པར་དགའ། །བདག་ལ་ཕན་པར་བརྩོན་རྣམས་ཀྱིས་ནི་དགྲ་ཡིན་ན་ཡང་ལེགས་བཤད་གཟུང༌། །ངན་པ་ཡིན་ཀྱང་སྐྱེ་བོས་ཕན་འདོགས་སྐྱེ་བོའི་དོར་ནི་དཔྱད་བྱ་ན། །དགྲ་བཅོམ་པ་ཉིད་འགྲོ་བ་ཕན་པ་དཔུང་གཉེན་ཕན་པ་གསུངས་པ་ཡི། །གསུང་ནི་གལ་ཏེ་མི་འཛིན་གྱི་ཧུད་ཚིག་ནི་འདིར་བྱས་ལེགས། །ཚིགས་སུ་བཅད་པ་འདི་རྣམས་ཀྱིས་ནི་ཇི་ལྟར་བྱིས་བ་རྣམས་ལ་མྱ་ངན་དུ་བྱ་བ་དེ་ཡོངས་སུ་བསྟན་ཏོ། །ཇི་ལྟར་ན་བྱིས་པ་རྣམས་མྱ་ངན་དུ་བྱ་བ་ཡིན་ཞེ་ན། ལོག་པར་བསྒྲུབ་པ་སྐྱོན་ལྔ་དང་ལྡན་པ་ལ་གནས་པའི་ཕྱིར་རོ། ལོག་པར་བསྒྲུབ་པ་དེ་ཡང་ཚིགས་སུ་བཅད་པ་གཞན་གསུམ་དག་གིས་བསྟན་པ་ཡིན་ནོ། །དེ་ཡང་མདོར་བསྡུ་ན་སངས་རྒྱས་ཀྱི་གསུང་མི་ཉན་པ་དང༌། མི་འཛིན་པ་ལས་བརྩམས་ནས་རིག་པར་བྱའོ། །སངས་རྒྱས་ཀྱི་གསུང་གང་རྙེད་པར་དཀའ་བ་དང༌། དོན་ཆེ་བ་དང༌། འབད་པ་མེད་པར་འཐོབ་བ་བཞིན་དུ་གཏི་མུག་གིས་ལྡོངས་པ་ཉིད་ཀྱིས་བག་མེད་པའི་རྒྱུ་འཁྲིག་པ་དང་ལྡན་པའི་སྒྲ་དག་ལ་ཆགས་ནས་ཉན་དུ་མི་འདོད་པ་དང༌། ཐོས་ན་ཡང་ཕན་པ་བཞེད་པ་དང༌། ཕན་པའི་བླ་མས་གསུངས་པ་ལ་མི་བསྒྲུབ་པས་མི་འཛིན་པའོ། །སྐྱོན་ལྔ་གང་དག་ཅེ་ན། མི་བཟད་པ་ཉིད་དང༌། དཀའ་བ་ཉིད་དང༌། སྡུག་བསྔལ་བ་ཉིད་དང༌། འཇིགས་པ་ཉིད་དང༌། བརླག་པ་ལ་ཕྱོགས་པ་ཉིད་དོ། །གཉེན་པོ་སྲིད་པ་ཡོད་
ཀྱང་ལོག་པར་བསྒྲུབ་པ་གང་ལ་སྐྱོན་ལྔ་ཡོད་པ་དེ་ཡང་མི་བཟད་པ་ལ་སོགས་པའི་སྒྲར་བསྟན་ཏོ། །ཅི་མི་བཟད་པ་ནི་དེ་ཕྱིས་གདུང་བའི་རྒྱུ་ཡིན་པའི་ཕྱིར་ཏེ། འདི་ལྟར་གང་གིས་གདུངས་བར་འགྱུར་བ་དེ་བྱས་ནས་མི་བཟད་པ་བྱས་སོ་ཞེས་ཟེར་རོ། །དཀའ་བ་ནི་མང་པོ་ཀུན་དུ་ཚོལ་བས་དུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་བ་ནི་ལུས་དང་སེམས་ལ་གནོད་པའི་རྒྱུ་ཡིན་པའི་ཕྱིར་ཏེ། གསོད་པ་དང༌། འཆིང་བ་དང༌། རྡེག་བ་ལ་སོགས་པ་གཞན་གྱི་གནོད་པ་དང་མྱ་ངན་གྱི་གནས་ཡིན་པ་ཉིད་ཀྱིས་སོ། །འཇིགས་པ་ནི་ངན་འགྲོ་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་རོ། །བརླག་པ་ལ་ཕྱོགས་པ་ཉིད་ནི་མྱ་ངན་ན་ལས་འདས་པའི་ལམ་དང་ཐག་རིང་བར་འགྱུར་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཀྱེ་མའོ་ཞེས་བྱ་བའི་ཚིག་གི་ཕྲད་འདི་ནི་ཡ་མཚན་གྱི་དོན་ལ་ཡང་མཐོང་སྟེ། དཔེར་ན་བད་སའི་བུས་མངོན་པར་དང་ནས་ཀྱེ་མ་འོན་སངས་རྒྱས་ཀྱེ་མའོ་ཆོས་ནི་ལེགས་པར་གསུངས་པ་ཞེས་སྨྲས་པ་ལྟ་བུའོ། །མྱ་ངན་བྱེད་བའི་དོན་ལ་ཡང་སའི་བཅུད་ནུབ་པ་དང་ཀྱེ་མའོ་སའི་བཅུད་ཀྱེ་མའོ་སའི་བཅུད་ཅེས་མྱ་ངན་བྱས་པ་ལྟ་བུའོ། །སྨོན་པའི་དོན་ལ་ཡང་མ་ལ་ཀྱེ་མའོ། །བདག་མི་སྐལ་བ་བཟང་པོ་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེ་བར་ཤོག་ཤིག་ཅེས་བྱ་བ་ལྟ་བུའོ། སྨད་པའི་དོན་ལ་ཡང་དཔེར་ན་རྐུན་པོ་བྱེད་པ་ན་ཀྱེ་མ་བྲམ་ཟེའི་ལེགས་པ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ནི་འདིར་མྱ་ངན་བྱེད་པའི་དོན་དུ་བལྟ་བར་བྱའོ། །རྐུན་པོ་ཞིག་གིས་རབ་བརྒྱད་ཕུག་སྟེ། རྒྱལ་པོའི་མཛོད་དུ་ཞུགས་ནས་སྐོམ་པས་ཆང་ཞིམ་པོ་འཐུངས་ཏེ་ར་རོ་ནས་ཉལ་བ་དང་ནང་པར་བཟུང་ནས་སྡུག་བསྔལ་བར་བྱས་ཞེས་གྲག་གོ །དེ་བཞིན་དུ་ཁྱེད་ཀྱིས་མི་ཁོམ་པའི་རབ་བརྒྱད་ཕུག་སྟེ། དལ་བར་སྐྱེས་པའི་རྒྱལ་པོའི་མཛོད་དུ་ཞུགས་ནས་འདོད་པ་ལ་དགའ་བའི་ཆང་འཐུངས་ཏེ་ར་རོ་བ་ཉིད་ཀྱིས་སྲོག་གི་མཚན་མོའི་ནམ་ནང་ན་བདག་ཉིད་ལ་སྡུག་བསྔལ་བསྐྱེད་པ་ནི་མི་རིགས་སོ། །ཕག་མོ་ཐི་བའི་ཕྲེང་ལང་ན་མའི་སྔོན་གྱི་ཚུལ་ཡང་བརྗོད་པར་བྱ་སྟེ། དེ་བཞིན་དུ་དམ་པའི་ཆོས་མ་མཉན་པས་སེམས་ཅན་རྣམས་མངོན་པར་མཐོ་བའི་འགྲོ་བར་སྐྱེས་ནས་ཤུགས་ཟད་པས་མདའ་གནམ་དུ་འཕངས་བསླར་ས་ལ་ལྟུང་བ་བཞིན་དུ་ཡང་ངན་འགྲོར་འགྲོ་བར་འགྱུར་རོ། །དེ་ལྟ་
བས་ན་རྣམ་བ་དེ་ལྟ་བུའི་ཚིགས་སུ་བཅད་པ་དང༌། གཏམ་དང༌། སྔོན་གྱི་སྦྱོར་བ་ལ་སོགས་པ་དག་གིས་སྐྱོ་བའི་གཏམ་ཉེ་བར་བསྒྲུབ་པར་བྱའོ། །དེ་ལྟ་བུའི་ཡ་མཚན་དང༌། རབ་ཏུ་དགའ་བ་དང༌། སྐྱོ་བའི་གཏམ་ཉེ་བར་སྒྲུབ་པ་ཉིད་ཀྱིས་གུས་པར་ཉན་པ་དང་ལྡན་པ་བརྗོད་པར་བྱའོ། །མདོ་སྡེའི་རྒྱན་ལས་ཀྱང་མདོ་སྡེ་རྣམ་པར་བཤད་པའི་ཚུལ་བསྟན་ཏོ། །གཅེས་པ་དང་ནི་དགོངས་བ་ཅན་གྱི་གསུང་དག་རྣམ་པ་མང་དུ་བརྗོད། །ཚིག་གི་དོན་དང་མཚམས་སྦྱར་སྡེབ་དང་འདྲ་བར་མང་དུ་བརྗོད་པར་བྱ། །འགལ་བ་དག་དང་ལན་གདབ་ཐབས་ཀྱང་མང་དུ་བརྗོད་ཅིང་ཤེས་པར་བྱ། །ཡོན་ཏན་འདི་དག་རྣམས་དང་ལྡན་པས་གལ་ཏེ་སྨྲ་ན་ལེགས་སྨྲ་ཡིན། །ཚིགས་སུ་བཅད་པ་འདིས་ནི་སངས་རྒྱས་ཀྱི་གསུང་ཡོན་ཏན་ལྔ་དག་ཏུ་བསྟན་པར་གྲག་སྟེ། དགོས་པ་དང་བཅས་པ་ཉིད་དང༌། དགོངས་པ་ཟབ་པ་ཉིད་དང༌། མཚན་ཉིད་ཟབ་བ་ཉིད་དང༌། སྔ་ཕྱིའི་འབྲེལ་བ་ཉིད་དང༌། རིགས་པ་དང་འབྲེལ་བ་ཉིད་དོ། །གཞན་ཡང་བསྟན་པ། གང་ཞིག་གཞན་གྱིས་བརྒལ་ན་སྙན་པར་སྨྲ་བྱེད་རྩུབ་པ་མ་ཡིན་དང༌། །བསྟོད་དམ་གྲུབ་པར་གྱུར་ཀྱང་གང་གི་ཡིད་ནི་རྒྱགས་པར་མི་བྱེད་དང༌། །གང་ཞིག་དོན་རྒྱས་པ་དང་སྣ་ཚོགས་འབྲེལ་དང་གོ་བྱེད་སྨྲ་བ་དང། །གང་ཞིག་སྙིང་ལ་དགེ་རྩ་བསྐྱེད་པ་དེ་ནི་སྨྲ་བྱེད་མཁས་པ་ཡིན། །ཚིག་སུ་བཅད་པ་འདིས་ནི་སྨྲ་བ་པོ་རྣམ་པ་གཉིས་ཀྱི་ཡོན་ཏན་རྣམ་པ་གཉིས་བསྟན་པར་གྲག་སྟེ། སྨྲ་བ་པོ་རྣམ་པ་གཉིས་ནི་རང་གི་ཕྱོགས་འཛུགས་པ་དང༌། ཆོས་སྟོན་པའོ། །ཡོན་ཏན་རྣམ་པ་གཉིས་ནི་ངག་ཡོངས་སུ་དག་བ་དང༌། སེམས་ཡོངས་སུ་དག་བའོ། །དེ་ལ་དང་པོའི་ངག་ཡོངས་སུ་དག་པ་ནི་གཞན་གྱིས་བརྒལ་བ་ན་སྙན་པར་སྨྲ་བ་ཉིད་དང༌། མི་སྙན་པ་མི་སྨྲ་བ་ཉིད་ཀྱིས་སོ། །སེམས་ཡོངས་དག་པ་ནི་བསྔགས་པ་དང༌། རྒྱལ་བ་ཐོབ་ཀྱང་དེའི་ཉེ་བའི་ཉོན་མོངས་པ་མི་སྐྱེ་བས་སོ། །གཉིས་པའི་ངག་ཡོངས་སུ་དག་པ་ནི་ཡོངས་སུ་རྫོགས་པ་དང༌། མི་ཟློག་པ་དང༌། ཚད་མ་དང་མི་འགལ་བའི་དོན་དང༌། གསལ་བའི་ཚིག་བརྗོད་པ་ཉིད་ཀྱིས་སོ། །སེམས་ཡོངས་སུ་དག་པ་ནི་དཔག་དང་གཞན་གྱི་རྒྱུད་ལ་དགེ་བའི་རྩ་བ་བསྐྱེད་པའི་བསམ་པའི་སེམས་ཟང་ཟིང་མེད་པ་ཉིད་ཀྱིས་སོ། །ཇི་ལྟར་མིའི་སྒོ་བུད་
ཤིང་ཡིན། །ཇི་ལྟར་ཆུའི་ལམ་གཏོད་པ་ལྟར། །དེ་བཞིན་བློ་དང་ལྡན་རྣམས་ལ། །མདོ་སྡེ་བཤད་པའི་ཤན་འདི་བསྟན། །རྣམ་པར་བཤད་པའི་རིགས་པ་ལས་ལེའུར་བཅད་པ་ལྔ་པ་སྟེ། རྣམ་པར་བཤད་པའི་རིགས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང༌། ཤཱཀྱ་སིཾ་ཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་གཙང་དེ་བེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།