ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད།
གྲགས་པ་བཤེས་གཉེན།
རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀa །བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྟོབས་ཆེན་ཡེ་ཤེས་ཏིང་འཛིན་མཆེ་བ་ཅན། །གང་གིས་སྐྱེ་བའི་རང་བཞིན་གཟེབ་དྲལ་ནས། །མྱ་ངན་འདས་ཞི་འབྲོག་དགོན་ཞུགས་གྱུར་པ། །སྟོན་པ་གླང་པོ་དེ་ལ་མགོས་ཕྱག་འཚལ། །མངོན་པའི་ཆོས་ནི་མདོར་བསྡུས་པ། །ཆོས་མངོན་མཛོད་ཅེས་བྱ་བ་འདི། །དོན་དམ་བསྟན་བཅོས་མཛད་སྒོ་ནས། །སྟོན་པའི་མཛད་པ་འདྲ་མཛད་པ། །བློ་ལྡན་རྣམས་མཆོག་འཇིག་རྟེན་གྱིས། །སངས་རྒྱས་གཉིས་པ་ལྟར་བརྗོད་གང༌། །འགྲོ་བའི་ཡང་དག་གཉེན་གྱུར་པ། །དབྱིག་གཉེན་ཞེས་བྱ་དེས་མཛད་དོ། །བསྟན་བཅོས་རིན་ཆེན་ཆོས་མངོན་པའི། །བྱེ་བྲག་བཤད་མཚོ་ལས་བཏུས་པའི། །རྣམ་བཤད་དོན་གསལ་ཞེས་བྱའི་མིང༌། །དོན་བཞིན་འདི་ནི་བདག་གིས་བྱས། །བཤད་བྱེད་ཡོན་ཏན་བློ་གྲོས་དང༌། །དབྱིག་བཤེས་སོགས་པས་ཚིག་དོན་འགྲེལ། །ལེགས་
བྱས་གང་ཡིན་དེ་བདག་དང༌། །དོན་འདི་ཡིན་ཞེས་དེ་བཞིན་བྲིས། །ཁ་ཅིག་གང་དུ་དེ་དག་གིས། །རྣམ་བཤད་གྲུབ་མཐའ་འགལ་བྱས་ལ། །དེ་དག་ཇི་བཞིན་བརྗོད་ནས་འདིར། །བདག་གིས་གཞན་དུ་རྣམ་བཤད་བྱས། །གང་དག་ཆོས་མངོན་རྣམ་བཤད་པའམ། །ཆོས་མངོན་མཛོད་ལ་གོམས་བྱས་པ། །དེ་དག་གིས་ནི་རྣམ་བཤད་འདི། །རིགས་སམ་མི་རིགས་རབ་དཔྱོད་ཅིག །གལ་ཏེ་རིགས་པ་ལྟ་ན་བླང༌། །དོན་དཀའ་བ་ལ་བདག་འདྲའི་བློ། །འཁྲུལ་མི་སྲིད་པ་མ་ཡིན་པས། །ཇི་སྟེ་མིན་ན་གཞན་དུ་གྱིས། །གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང༌། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིའི་དོན་རྣམ་པར་དགྲོལ་བའི་ཕྱིར་སློབ་དཔོན་གྱིས། བསྟན་བཅོས་བྱེད་པར་འདོད་པས་རང་གི་སྟོན་པའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་དེ་ལ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་རྩོམ་མོ་ཞེས་བྱ་བ་བཤད་དེ། བསྟན་བཅོས་ནི་ཆོས་མངོན་པའི་མཛོད་དོ། །བྱེད་པར་འདོད་པ་ནི་བྱེད་འདོད་པའོ། །རང་གི་སྟོན་པ་ནི་བདག་ཉིད་ཀྱི་སྟོན་པའོ། །བཅོམ་ལྡན་འདས་དེ་ནི་སློབ་དཔོན་བདག་ཉིད་ཀྱི་སྟོན་པ་ཡིན་ཏེ། དེའི་
བསྟན་པ་ལ་ཞུགས་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་སྟོན་པ་དེས་ཐུགས་རྗེ་ཆེན་པོའི་གཞན་གྱི་དབང་གིས་འཇིག་རྟེན་ཐམས་ཅད་རང་ཉིད་ཀྱིར་ཡོངས་སུ་བཟུང་ངོ༌། །དེ་ལྟ་བས་ན་བཅོམ་ལྡན་འདས་དེ་ནི་རང་ཉིད་ཀྱིར་ཡོངས་སུ་བཟུང་བ་སློབ་དཔོན་གྱི་ཡང་རང་གི་སྟོན་པ་ཡིན་ནོ། །ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། ཆེ་བའི་བདག་ཉིད་དེ་རང་དང་གཞན་གྱི་དོན་སྒྲུབ་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བ་ནི་ཡོན་ཏན་བསྙད་པ་སྔོན་དུ་འགྲོ་བའོ། །དེ་ལ་ཕྱག་འཚལ་བ་རྩོམ་པ་ནི་དེ་ལ་ཕྱག་འཚལ་བ་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །འདས་པའི་དུས་ཡིན་པའི་ཕྱིར་བརྩམས་སོ་ཞེས་བརྗོད་པར་བྱ་བ་ཡིན་པ་ལས། ད་ལྟར་གྱི་དུས་ཀྱི་ཚིག་སྦྱོར་བ་ནི་ད་དུང་ཕྱག་འཚལ་བ་རྩོམ་པར་དགོངས་པའི་ཕྱིར་རམ། སློབ་མ་བརྒྱུད་པས་ཕྱག་འཚལ་བ་རྩོམ་པ་རྒྱུན་མི་འཆད་པའི་ཕྱིར་རོ། །སྒྲའི་བསྟན་བཅོས་ལས་ཀྱང་སྒྲ་སྦྱོར་བ་ནི་ཁོ་ན་ལྟ་བུ་སྣང་སྟེ། དེ་ནས་སྒྲ་རྗེས་སུ་སྟོན་པ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་འདི་ནི་སྐབས་ཀྱི་དོན་ཡིན་པར་སྦྱར་རོ་ཞེས་འབྱུང་བ་ལྟ་བུའོ། །གལ་ཏེ་ཡོན་ཏན་བརྗོད་པ་ཙམ་གྱིས་ཆེ་བའི་བདག་ཉིད་ཁོང་དུ་ཆུད་དེ་ཕྱག་འཚལ་བས་ནི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་ནི་དེ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཏེ། ཕྱག་འཚལ་བས་ནི་ཆེ་བའི་བདག་ཉིད་ལེགས་པར་རྗོད་པར་བྱེད་དོ། །རྣམ་པ་གཅིག་ཏུ་ན་ཡོན་ཏན་བརྗོད་པ་ཁོ་ནས་ཆེ་བའི་བདག་ཉིད་ཤེས་པར་བྱེད་དེ། ཕྱག་འཚལ་བ་རྩོམ་པ་ནི་རང་གི་བསོད་ནམས་སྤེལ་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་དམ་པ་རྣམས་ཀྱི་སྤྱོད་པའི་རྗེས་སུ་འཇུག་པར་རབ་ཏུ་བསྟན་པའི་ཕྱིར་ཏེ། དམ་པ་རྣམས་ཀྱི་སྤྱོད་པ་ནི་མངོན་པར་འདོད་པའི་ལྷ་ལ་མཆོད་པ་དང་བསྟོད་པ་དང་ཕྱག་བྱས་ནས་བྱ་བ་རྩོམ་པ་ཡིན་ནོ། །དེ་ལ་ཆེ་བའི་བདག་ཉིད་ཤེས་པ་ཅི་དགོས་ཤེ་ན་སྨྲས་པ། དེ་ལ་གུས་པ་བསྐྱེད་པའི་ཕྱིར་རོ། །གུས་པ་བསྐྱེད་པ་ཡང་གུས་པར་བྱས་ཏེ་དེའི་གསུང་རབ་མཉན་པར་བྱ་བའི་ཕྱིར་རོ། །དེ་ལ་གུས་པར་བྱས་ཏེ་མཉན་པ་ཡང་རིམ་གྱིས་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་བསྐྱེད་པའི་ཕྱིར་རོ། །དེ་བསྐྱེད་པ་ཡང་ཉོན་མོངས་པ་སྤངས་པའི་ཕྱིར་ལ། དེ་ཡང་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་
མཚན་ཉིད་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཏེ། དགོས་པ་ནི་དེར་ཟད་དོ། །སློབ་དཔོན་གྱིས་ནི་དངོས་སུ་དགོས་པ་ཡིན་པའི་ཕྱིར་ཆེ་བའི་བདག་ཉིད་ཤེས་པ་གཅིག་པུ་དགོས་པར་བཤད་ཀྱི་དེ་ལས་གཞན་པ་དག་ནི་དཔག་པར་ནུས་པས་མ་བཤད་དོ། །གང་ཞིག་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ་ཞེས་བྱ་བ་ལ། གང་ཞིག་ཅེས་བྱ་བའི་སྒྲ་ནི་སྤྱིའི་སྒྲ་ཡིན་ཡང་ཁྱད་པར་དུ་བྱས་པའི་ཕྱིར་ཁྱད་པར་ལ་འཇུག་པར་འགྱུར་ཏེ་དཔེར་ན་བྲམ་ཟེ་འདི་རྣམས་ཀྱི་ནང་ན་དཀར་ཤམ་པོ་གོས་དཀར་པོ་གྱོན་པ་གང་ཡིན་པ་དེ་ནི་ལྷ་སྐྱིད་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་སྟེ། དེ་བཞིན་དུ་འདིར་ཡང༌། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང༌། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཞེས་བྱ་བའི་གང་ཞིག་ཅེས་བྱ་བའི་སྒྲ་ནི་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་དང་སྦྱར་ཏེ། སངས་རྒྱས་ལས་གཞན་ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་ཅན་མི་སྲིད་དོ། །དེའི་ཕྱིར་གང་ཞིག་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ་ཞེས་བཤད་དོ། །སངས་རྒྱས་ཞེས་བྱ་བ་ནི་བློ་རྒྱས་པའི་ཕྱིར་སངས་རྒྱས་ཏེ་དཔེར་ན་པདྨ་ཁ་བྱེ་བ་ཞེས་བྱ་བ་ལྟར་རྣམ་པར་རྒྱས་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པ་གཅིག་ཏུ་ན་མ་རིག་པའི་གཉིད་གཉིས་དང་བྲལ་བའི་ཕྱིར་སངས་རྒྱས་ཏེ། དཔེར་ན་སྐྱེས་བུ་གཉིད་སད་པ་ཞེས་བྱ་བ་ལྟར་རབ་ཏུ་སད་པ་ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་ཞེས་བྱ་བ་ཚིག་གཉིས་པ་སྨོས་པ་ནི་མ་གུས་པར་དོགས་པ་བཟློག་པའི་ཕྱིར་ཏེ། འཇིག་རྟེན་ན་མངོན་པར་བརྗོད་པ་ཉེ་བའི་ཚིག་མེད་པ་རྣམས་ནི་མ་གུས་པར་སྣང་སྟེ། ལྷ་སྦྱིན་ཞེས་བྱ་བ་ལྟ་བུའོ། །འདུལ་བ་རྣམ་པར་བཤད་པ་བྱེད་པ་རྣམས་ནི་མུ་བཞི་པར་བྱེད་དེ། སངས་རྒྱས་ཡིན་ལ་བཅོམ་ལྡན་འདས་མ་ཡིན་པ་ཡང་ཡོད་དོ། །རང་སངས་རྒྱས་ནི་རང་བྱུང་ཡིན་པའི་ཕྱིར་སངས་རྒྱས་ཞེས་བརྗོད་པར་མི་ནུས་ལ། སྦྱིན་པ་ལ་སོགས་པའི་ཚོགས་ཡོངས་སུ་མ་རྫོགས་པའི་ཕྱིར་བཅོམ་ལྡན་འདས་ནི་མ་ཡིན་ཏེ། གང་ཞིག་ཆེ་བའི་བདག་ཉིད་དང་ལྡན་པ་དེ་ནི་བཅོམ་ལྡན་འདས་ཞེས་བྱའོ། །བཅོམ་ལྡན་འདས་ཡིན་ལ་སངས་རྒྱས་མ་ཡིན་པ་ཡང་ཡོད་དེ་དེ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ནི་ཡེ་ཤེས་
ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་དང༌། མངོན་པར་རྫོགས་པར་སངས་མ་རྒྱས་པའི་ཕྱིར་དང༌། གཉི་ག་ཡིན་པ་ཡང་ཡོད་དེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ལྟ་བུའོ། །གཉི་ག་མ་ཡིན་པ་ཡང་ཡོད་དེ་འདི་ལྟ་སྟེ་རྣམ་པ་དེ་དག་མ་གཏོགས་པ་ཡིན་པས་དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཞེས་ཁྱད་པར་གཉི་ག་སྨོས་སོ་ཞེས་ཟེར་རོ། །འདིའི་འམ་འདིས་མུན་པ་བཅོམ་པས་མུན་པ་བཅོམ་པའོ་ཞེས་བྱ་བ་ལ་དྲུག་པའི་འབྲུ་མང་པོར་སྦྱར་ན་ནི་ལམ་གྱིས་བཅོམ་པའོ་ཞེས་ལམ་བྱེད་པ་པོ་ཡིན་པར་ཁོང་ནས་དྲང་ངོ༌། །གསུམ་པའི་འབྲུ་མང་པོར་སྦྱར་ན་ནི་ལམ་གྱི་ཞེས་བྱ་བ་བྱེད་པ་ཡིན་པར་ཁོང་ནས་དྲང་ངོ༌། །གཞན་དག་རེ་ཞིག་ཚིག་རྣམ་པར་སྦྱར་བ་གཉིས་རབ་ཏུ་བསྟན་པ་ནི། བཅོམ་པ་ནི་གནོད་པ་དང་བྲལ་བ་དག་ཡིན་ནོ་ཞེས་བཅོམ་པའི་དོན་གཉིས་ཡོངས་སུ་བསྡུ་བའི་ཕྱིར་ཏེ། གང་གི་ཚེ་འདིའི་མུན་པ་བཅོམ་པ་ཞེས་ཚིག་རྣམ་པར་སྦྱོར་བ་དེའི་ཚེ་ནི་བཅོམ་པ་བྲལ་བའི་དོན་ཡིན་པར་གཟུང་སྟེ། འདིའི་མུན་པ་དང་བྲལ་ལོ་ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཚེ་གསུམ་པའི་འབྲུ་མང་པོར་སྦྱར་བ་དེའི་ཚེ་ནི་བཅོམ་པ་གནོད་པའི་དོན་ཡིན་པར་གཟུང་སྟེ། འདིའི་མུན་པ་ལ་གནོད་པ་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་ཚིག་འོག་མ་གཉིས་ཀྱང་ཚིག་གཅིག་ཏུ་བྱས་ཏེ་མཇུག་ཏུ། ཐམས་ཅད་ལ་མུན་པ་རྣམ་པ་ཐམས་ཅད་དུ་བཅོམ་པས་ཀུན་ལ་མུན་པ་གཏན་བཅོམ་པའོ་ཞེས་བྱ་བ་སྦྱར་རོ། །ཐམས་ཅད་ལ་ཞེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཀྱི་མཚན་ཉིད་ཀྱི་ཤེས་བྱ་ལ་སྟེ། མདོ་ལས་བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཇི་སྙེད་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་མུན་པའི་རྣམ་པ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་དང་བྲལ་བའི་ཕྱིར་རོ། །ཅི་འདིར་མཚན་མོའི་མུན་པ་ལ་མུན་པའི་སྒྲར་བརྗོད་དམ་ཞེ་ན། སྨས་པ་མ་ཡིན་ཏེ། མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་བགེགས་སུ་གྱུར་པའི་ཕྱིར་མུན་པའོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །མུན་པ་ཞེས་བྱ་བའི་སྒྲ་ནི་མཚན་མོའི་མུན་པ་ཡིན་པར་གྲགས་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པའི་གཟུགས་ཡོད་པ་མཐོང་བའི་བགེགས་སུ་གྱུར་པའི་ཕྱིར་རོ། །སྐྱེ་བོ་ལོང་བ་དང་འདྲ་བར་བྱེད་པས་མུན་པ་ཡིན་ནོ། །མི་
ཤེས་པ་ཡང་དེ་དང་ཆོས་མཐུན་པར་ཡང་དག་པའི་དོན་སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བའི་བགེགས་སུ་གྱུར་པའི་ཕྱིར་མུན་པ་ཞེས་བྱ་བའི་མིང་ཐོབ་པོ། །དེ་ཡང་ཞེས་བྱ་བ་ནི་མི་ཤེས་པ་དེའོ། །གཉེན་པོ་བརྙེས་ནས་ཞེས་བྱ་བ་ནི་འཕགས་པའི་ལམ་བརྙེས་ནས་ཏེ། མི་མཐུན་པའི་ཕྱོགས་ནི་ཉོན་མོངས་པ་ཡིན་ལ་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པའི་ཕྱོགས་ནི་གཉེན་པོ་ཡིན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཡེ་ཤེས་ཟག་པ་མེད་པ་ནི་མི་ཤེས་པའི་གཉེན་པོ་ཡིན་པས་དེ་བརྙེས་ནས། ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་གཏན་ནས་ཡེ་བཅོམ་པ་ཞེས་བྱ་བ་ནི་ཀུན་ཏུ་མི་འབྱུང་བར་སྤང་བར་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་འདི་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་སོ། །རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་ཞེས་བྱ་བ་ནི་མཆོད་པའི་ཕྱིར་རང་སངས་རྒྱས་སོ་ཞེས་བྱ་བའི་སྒྲ་གོང་དུ་སྨོས་སོ། །འདོད་མོད་ཀྱི་ཞེས་བྱ་བ་ནི་ཁས་ལེན་མོད་ཀྱིའོ། །གཏན་ནས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ཉོན་མོངས་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པ་དང་གཏན་དུ་མ་བྲལ་བའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་སངས་རྒྱས་བཞིན་དུ་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་སྤངས་པ་མ་ཡིན་ནམ། དེ་ཅི་སྟེ་དེ་དག་ཉོན་མོངས་པ་ཅན་གྱི་ཀུན་ཏུ་རྨོངས་པ་ཁོ་ན་དང་གཏན་དུ་བྲལ་བའོ་ཞེས་བྱ་བ་ནི་འདི་བརྗོད། འདི་ལྟར་ང་ནི་ཆོས་གཅིག་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་པར་སྡུག་བསྔལ་གྱི་མཐར་བྱེད་པར་མི་སྨྲའོ་ཞེས་བྱ་བ་དང༌། དེ་བཞིན་དུ་ང་ནི་ཆོས་གཅིག་ཡོངས་སུ་མ་ཤེས་ཤིང་མ་སྤངས་པར་སྡུག་བསྔལ་གྱི་མཐར་བྱེད་པར་མི་སྨྲའོ་ཞེས་གསུངས་སོ། །དེ་ལྟ་བས་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་འདུན་པའི་འདོད་ཆགས་སྤངས་པས་མིག་ལ་སོགས་པ་བཞིན་དུ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་དེ་སྤངས་པ་ཁོ་ན་ཡིན་ན། དེ་ལྟ་མ་ཡིན་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་སྡུག་བསྔལ་གྱི་མཐར་བྱེད་པར་ཡང་མི་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་ཡིན་པ་བདེན་ཏེ། དེ་དག་གིས་ཉོན་མོངས་པ་ཅན་བཞིན་དུ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡང་སྤངས་པ་ཁོ་ན་ཡིན་ན། དེ་ནི་སྤངས་ཀྱང་དེ་དག་ལ་མིག་ལ་སོགས་པ་བཞིན་དུ་ཀུན་ཏུ་འབྱུང་གི་སངས་རྒྱས་བཅོམ་ལྡན་འདས་ལ་ནི་སྤངས་ཟིན་ཕན་ཆད་ཀུན་ཏུ་མི་འབྱུང་སྟེ་དེ་ཉིད་ཀྱི་ཕྱིར་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་བཅོམ་པའོ་
ཞེས་ཁྱད་པར་དུ་བྱས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ཐམས་ཅད་ལ་ཡེ་སྤངས་པའོ་ཞེས་བྱ་བ་ཁོ་ན་ཞིག་བཤད་པར་འགྱུར་རོ། །གང་དག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཉོན་མོངས་པ་དང་བྲལ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་རྣམ་པར་ལོག་པའོ་ཞེས་རྣམ་པར་འཆད་པ་དེ་དག་གི་ནི། ཇི་སྐད་གསུངས་པ་དང་སྦྱར་ན་མི་རུང་བས་དོར་རོ། །འདི་ལྟར་དེ་དག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པ་གཅིག་ཏུ་ན་འདི་ལྟར་ཞེས་བྱ་བ་ནི་ཅི་ལྟར་ཡེ་མ་ཡིན་པ་དེ་ལྟར་རོ། །དེ་དག་ལ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལའོ། །སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་ནི་མ་འདྲེས་པ་ལ་སོགས་པའོ། །ཡུལ་དང་དུས་ཤིན་ཏུ་བསྐལ་པ་ཞེས་བྱ་བ་ནི་ཡུལ་ཤིན་ཏུ་བསྐལ་བ་དང་དུས་ཤིན་ཏུ་བསྐལ་བའོ། །རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་མ་ཡིན་པ་གཟུགས་ལ་སོགས་པའི་དོན་རྣམས་ལ་ཡང་ངོ༌། །ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ་ཞེས་བྱ་བ་འདི་ནི་ཀུན་ཏུ་འབྱུང་བ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་དག་ཡིན་པ་དེ་དག་ནི་ངོ་བོ་ཉིད་ཀྱིས་ཤིན་ཏུ་ཕྲ་ཞིང་ཟབ་བའི་ཕྱིར་སངས་རྒྱས་ལས་གཞན་པ་རྣམས་ཀྱིས་མི་ཤེས་ཏེ་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཏིང་ངེ་འཛིན་གྱི་ཕུང་པོ་དང་ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཤེས་སམ་ཞེས་དྲིས་པ་དང༌། གནས་བརྟན་ཤཱ་རིའི་བུས་བཅོམ་ལྡན་འདས་དེ་ནི་མ་འཚལ་ཏོ་ཞེས་གསོལ་ཏོ་ཞེས་འབྱུང་བ་ལྟ་བུའོ། །དོན་གཞན་གཟུགས་ཅན་རྡུལ་ཕྲ་རབ་བརྩམས་པ་གང་དག་ཡིན་པ་དེ་དག་ཀྱང་གལ་ཏེ་ཡུལ་ཤིན་ཏུ་བསྐལ་པ་ཡིན་ལ། རྣམ་པར་རིག་བྱེད་མ་ཡིན་པ་དང་གཟུགས་ཅན་མ་ཡིན་པ་གང་ཡིན་པ་དེ་དག་ཀྱང་གལ་ཏེ་རྟེན་ཡུལ་ཤིན་ཏུ་བསྐལ་པ་ཡིན་པའི་ཕྱིར་ཡུལ་ཤིན་ཏུ་བསྐལ་བ་ཞིག་ཡིན་ན་དེ་རྣམས་ཀྱང་ཡུལ་འཇིག་རྟེན་གྱི་ཁམས་དུ་མས་ཆོད་པའི་ཕྱིར་དེ་དག་གིས་མི་ཤེས་ཏེ། གནས་བརྟན་མཽད་གལ་གྱི་བུས་རང་གི་མ་ཡུལ་དུ་ཤིན་ཏུ་བསྐལ་བ་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་སྐྱེས་པའི་ཡུལ་ཡོངས་སུ་མ་ཤེས་སོ་ཞེས་གྲགས་སོ། །དུས་ཤིན་ཏུ་བསྐལ་པ་ནི་འདས་པའམ་མ་འོངས་པ་ཡིན་ཏེ། དེ་རྣམས་ཀྱང་འབྱུང་བ་དང་འཇིག་པ་བསྐལ་
པ་གཞན་དུ་མས་ཆོད་པའི་ཕྱིར་དེ་དག་གིས་མི་ཤེས་པ་ཁོ་ན་ཡིན་ཏེ། གནས་བརྟན་ཤཱ་རིའི་བུས་རབ་ཏུ་འབྱུང་བར་འདོད་པའི་མི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་མ་མཐོང་ནས་བསྐྲད་པ་དང༌། བཅོམ་ལྡན་འདས་ཀྱིས་དེའི་ཐར་པའི་ཆ་དང་མཐུན་པ་གཟིགས་ཏེ། ངས་ནི་འདི་ཡི་ཐར་པ་ཡི་ས་བོན་ཤིན་ཏུ་ཕྲ་བ་དང༌། །ཚོན་དང་རྡོ་ཡི་གསེབ་ན་གསེར། །བག་ལ་ཞལ་ལྟ་བུ་གཟིགས། །ཞེས་གསུངས་ནས་ནི་དེ་ཡང་རབ་ཏུ་ཕྱུང་ངོ་ཞེས་གྲགས་སོ། །རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཞེས་བྱ་བ་ནི་ཁམས་དང་འགྲོ་བ་དང་སྐྱེ་གནས་དང་སྐྱེ་བ་ལ་སོགས་པའི་བྱེ་བྲག་རྟོགས་པར་དཀའ་བ་རྣམས་ལ་སྟེ། དེ་རྣམས་ཀྱང་དེ་དག་གིས་མི་ཤེས་པ་ཁོ་ན་ཡིན་ཏེ་འདི་ལྟར། རྨ་བྱའི་མདོངས་ནི་གཅིག་པུ་ཡང༌། །རྒྱུ་ཡི་རྣམ་པ་ཐམས་ཅད་ནི། །ཀུན་མཁྱེན་མིན་པའི་ཤེས་བྱ་མིན། །དེ་ཤེས་པ་ནི་ཀུན་མཁྱེན་སྟོབས། །ཞེས་གསུངས་སོ། །དེ་དག་ནི་མི་ཤེས་པའི་རྒྱུ་བཞི་ཡིན་ཏེ། དེ་དག་ཀྱང་ཁ་ཅིག་ལ་ནི་གཅིག་ཁ་ཅིག་ལ་ནི་གཉིས་ཁ་ཅིག་ལ་ནི་གསུམ་ཁ་ཅིག་ལ་ནི་བཞི་ཞེས་བྱ་བར་ཅི་རིགས་པར་སྦྱར་བར་བྱའོ། །དེ་ལྟར་བདག་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པས་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ལ་བདག་ལ་ཕན་པའི་ཕྱིར་བསྒྲུབ་པ་ནི་བདག་ལ་ཕན་པ་བསྒྲུབ་པའོ། །བདག་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་ནི་བདག་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་སྟེ་འབྲས་བུ་གྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ །ཕུན་སུམ་ཚོགས་པ་དེ་ཡང་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་བྱ་སྟེ། གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་ཡང་དེ་དང་འདྲ་བ་ཉིད་དུ་བརྗོད་པར་བྱའོ། །གཞན་དག་ན་རེ་བདག་ལ་ཕན་པ་སྒྲུབ་པ་ནི་བདག་ལ་ཕན་པ་སྒྲུབ་པར་བྱེད་པ་སྟེ་བདག་ལ་ཕན་པ་ཉེ་བར་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཕུན་སུམ་ཚོགས་པ་ནི་བདག་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་སྟེ། གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་ཡང་དེ་བཞིན་དུ་བཤད་པར་བྱའོ། །དེ་ཡང་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ངོ་བོ་ཉིད་ཡིན་ནོ། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ་ཞེས་བྱ་བ་ནི་འཁོར་བ་ན་འཁོར་བའོ། །
འོང་ཞིང་འགྲོ་བར་འགྱུར་བ་སྟེ་སྐྱེ་བ་དང་འཆི་བ་བརྒྱུད་པ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པ་གཅིག་ཏུ་ན་འདིར་སེམས་ཅན་རྣམས་འཁོར་བས་ན་འཁོར་བ་སྟེ་ཁམས་གསུམ་པ་ཡིན་ནོ། །འདམ་དང་ཆོས་མཐུན་པའི་ཕྱིར་འཁོར་བ་ནི་འདམ་དང་འདྲ་བས་འཁོར་བའི་འདམ་མོ། །དེ་ཉིད་ཀྱི་ཕྱིར་འཁོར་བ་ནི་འགྲོ་བ་ཀུན་ཏུ་ཆགས་པའི་གནས་ཡིན་པའི་ཕྱིར་དང་རྒལ་བར་དཀའ་བའི་ཕྱིར་འདམ་ལྟ་བུ་ཡིན་ཏེ་ཞེས་བཤད་དེ། འདམ་ནི་འཇིག་རྟེན་ན་བྱིང་བའི་བདག་ཉིད་ཡིན་པའི་ཕྱིར་ཀུན་ཏུ་ཆགས་པའི་གནས་ཡིན་ལ་དེ་ཉིད་ཀྱི་ཕྱིར་རམ་གཡོ་བའི་ཕྱིར་རྒལ་བར་དཀའ་བ་ཡིན་ནོ། །ཡང་ན་གཞན་ལ་བརྟེན་ནས་བརྒལ་དགོས་པའི་ཕྱིར་རྒལ་བར་དཀའ་བ་ཡིན་ནོ། །འཁོར་བ་ཡང་སྲེད་པ་ལ་སོགས་པས་མངོན་པར་བརླན་པའི་ཕྱིར་ཀུན་ཏུ་ཆགས་པའི་གནས་ཡིན་ལ་དེ་ཉིད་ཀྱི་ཕྱིར་རམ་ལྟ་བ་དང་ཐེ་ཚོམ་གྱིས་བསྐྱོད་པའི་ཕྱིར་རྒལ་བར་དཀའ་བ་ཡིན་ནོ། །ཡང་ན་སངས་རྒྱས་ལ་བརྟེན་ནས་བརྒལ་དགོས་པ་ཉིད་ཀྱི་ཕྱིར་རྒལ་བར་དཀའ་བ་ཡིན་ནོ། །འགྲོ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །དེར་བྱིང་བ་ནི་དེའི་བདག་ཉིད་དུ་ཞུགས་པ་འམ་ཀུན་འབྱུང་གི་ཡན་ལག་གི་ངོ་བོར་གྱུར་པའི་ཕྱིར། །སྐྱབས་མེད་པ་ནི་མགོན་མེད་པའོ། །ཐུགས་བརྩེ་བ་དང་ལྡན་པ་ནི་ཐུགས་རྗེ་དང་ལྡན་པའོ། །བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་སྟོན་པའི་ཕྱག་བརྐྱང་བ་དག་ཅེས་བྱ་བ་ནི་དམ་པའི་ཆོས་སྟོན་པ་ཉིད་ཕྱག་ཡིན་ལ་དེ་དག་བརྐྱང་བ་སྟེ་བསྒྲལ་བར་བྱ་བ་མང་བའི་ཕྱིར་མང་པོའི་ཚིག་སྨོས་སོ། །དེ་དག་གི་སྐལ་བ་ཇི་ལྟར་བ་བཞིན་དུ་དྲངས་སོ་ཞེས་བྱ་བ་ནི་སྐལ་པ་ཇི་ལྟ་བ་བཞིན་ཞེས་མ་སྨོས་སུ་ཟིན་ཀྱང་འཇིག་རྟེན་ན་དེ་ལྟ་བུ་མཐོང་བའི་ཕྱིར་མངོན་ཏེ། དཔེར་ན་བྲམ་ཟེ་རྣམས་སྟོན་མོ་བྱིན་ཅིག་ཅེས་སྨྲས་ན་འཇིག་རྟེན་ཐམས་ཅད་ཀྱི་བྲམ་ཟེ་རྣམས་ལ་ཟན་སྦྱིན་པར་མི་ནུས་པའི་ཕྱིར། གང་དག་གྲོང་ངམ་གྲོང་ངམ་གྲོང་ཁྱེད་དེར་ཉེ་བ་ཟན་སྦྱིན་པར་ནུས་པ་དེ་དག་ཁོ་ན་སྟོན་མོ་བྱིན་ཅིག་ཅེས་བྱ་བར་མངོན་པ་ལྟར་དེ་བཞིན་དུ་འདིར་ཡང་སྐྱེ་བོ་གང་ཞིག་དྲང་བའི་སྐལ་བ་ཅན་དེ་ཁོ་ན་དྲངས་སོ་ཞེས་བྱ་བ་ཡིན་ཏེ་དེའི་ཕྱིར་སྐལ་པ་ཇི་ལྟ་བ་བཞིན་ཞེས་རྣམ་པར་བཤད་དོ། །དོན་བཞིན་སྟོན་པ་ཞེས་བྱ་བ་ནི་སྟོན་པ་དེ་ཡང་རྣམ་པ་གཉིས་ཡིན་ཏེ་དོན་བཞིན་
མ་ཡིན་པ་ནི་གང་པོ་ལ་སོགས་པའོ། །དོན་བཞིན་ཡིན་པ་ནི་དེ་བཞིན་གཤེགས་པ་སྟེ་དེའི་ཕྱིར་དོན་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པར་སྟོན་པས་དོན་བཞིན་སྟོན་པའོ་ཁྱད་པར་དུ་བྱས་སོ། །ཁྱད་པར་འདི་ཡང་གཞན་ལ་ཕན་པ་སྒྲུབ་པའི་ཐབས་བསྟན་པའི་ཕྱིར་ཏེ་དེ་ཉིད་ཀྱི་ཕྱིར་འདིའི་གཞན་ལ་ཕན་པ་སྒྲུབ་པའི་ཐབས་སྟོན་ཏེ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །རྫུ་འཕྲུལ་དང༌། དམ་པ་སྦྱིན་པའི་མཐུས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་མཐུ་ཞེས་བྱ་བའི་སྒྲ་ནི་རྫུ་འཕྲུལ་གྱི་མཐུ་འམ་དམ་པའི་སྦྱིན་པའི་མཐུས་ཞེས་རེ་རེ་ལ་སྦྱར་བར་བྱ་སྟེ་རྫུ་འཕྲུལ་གྱི་མཐུ་ནི་དཔེར་ན་ཁྱབ་འཇུག་གཟུགས་སྣ་ཚོགས་སུ་སྟོན་པ་ལྟ་བུའོ། །དམ་པ་སྦྱིན་པའི་མཐུ་ནི་དཔེར་ན་ལྷ་ཆེན་པོ་དམ་པ་སྦྱིན་པར་གྲགས་པ་ལྟ་བུའོ་རྣམ་པ་གཅིག་ཏུ་ན་རྫུ་འཕྲུལ་དང་དམ་པ་སྦྱིན་པ་དང་མཐུ་ཞེས་ཚིག་གསུམ་དུ་ཟླས་དབྱེ་སྟེ་མཐུ་ནི་ནུས་པའི་ཁྱད་པར་ཡིན་ནོ། །སངས་རྒྱས་རྣམས་ཀྱང་རེས་འགའ་གདུལ་བྱ་རྣམས་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཉེ་བར་སྟོན་པ་མ་ཡིན་ན་མ་ཞེ་ན། དེ་ནི་དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་དེ་དག་དད་པར་བྱ་བ་ཙམ་དུ་ཟད་ཀྱི་འཁོར་བ་ལས་སྒྲོལ་བ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱི་སྒོ་ནས་འདོད་ཆགས་ལ་སོགས་པའི་གཉེན་པོ་བསྒོམ་པའི་རིམ་གྱིས་ཡིན་ནོ། །དེ་ལ་ཕྱག་འཚལ་ནས་ཞེས་བྱ་བ་ནི་མགོས་བཏུད་ནས་སོ་ཞེས་བྱ་བ་ནི་ཕྱག་ཅེས་བྱ་བའི་སྒྲ་བྱ་བའི་གཞིར་གྱུར་པ་ཡིན་པའི་ཕྱིར་ཕྱག་འཚལ་ནས་ཞེས་བྱ་བའི་སྒྲས་ནི་བཏུད་པའི་དོན་ཡིན་ལ་བཏུད་པ་ཡང་འཇིག་རྟེན་ན་མགོས་བྱ་བར་གྲགས་པས་མགོས་ཞེས་བཤད་དོ། །ངག་དང་ཡིད་ཀྱིས་ཕྱག་བྱ་བ་ཡང་འདིར་མ་སྨོས་ཀྱང་གྲུབ་པ་ཡིན་ཏེ། ཡོན་ཏན་སྨོས་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་དང་ལུས་དང་ངག་གི་ལས་ཀྱང་ཡིད་ཀྱི་ལས་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །ཕྱག་འཚལ་ནས་ཞེས་བྱ་བ་ནི་བྱ་བ་གཞན་ལ་ལྟོས་པ་ཡིན་པའི་ཕྱིར་ཅི་ཞིག་བྱ་ཞེས་དྲིས་སོ། །བསྟན་བཅོས་རབ་བཤད་བྱ་ཞེས་བྱ་བ་ནི་དོན་གྱི་ཁྱད་པར་མངོན་པར་རྗོད་པར་བྱེད་པའི་མིང་གི་ཚོགས་ནི་བསྟན་བཅོས་སོ། །གལ་ཏེ་སྐད་ཅིག་མ་ཡིན་པའི་ཕྱིར་ཚོགས་པ་མི་འཐད་དོ་ཞེ་ན། དེ་འཛིན་པར་བྱེད་པའི་བློའི་ངོ་བོས་ཚོགས་སུ་བརྟགས་པའི་ཕྱིར་རོ། །
བསྟན་བཅོས་གང་ཞེན་ཞེས་བྱ་བ་ནི་མིང་ཅི་ཞེས་བྱ་བ་སྙམ་དུ་བསམས་པའོ། །ཆོས་མངོན་པ་མཛོད་ཅེས་བྱ་བ་འདིའི་ངེས་པའི་ཚིག་འོག་ནས་འཆད་པས་འདི་ནི་རེ་ཞིག་གཞག་གོ །སྤྱིའི་དོན་རྟོགས་པ་ནི་ཡན་ལག་གི་དོན་རྟོགས་པ་སྔོན་དུ་འགྲོ་བ་ཡིན་པས་རེ་ཞིག་ཆོས་མངོན་པ་ཞེས་བྱ་བ་འདི་གང་ཞེ་ན་ཞེས་ཡན་ལག་གི་དོན་འདྲིའོ། །ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས་ཞེས་བྱ་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་དུས་ན་ཤེས་རབ་གཙོ་བོ་ཡིན་པས་གཙོ་བོའི་ཚུལ་གྱིས་ཤེས་རབ་སྨོས་སོ། །དྲི་མེད་ཅེས་བྱ་བའི་ཟག་པ་མེད་པའོ་ཞེས་བྱ་བ་ནི་དྲི་མ་རྣམས་ནི་ཟག་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །རྗེས་འབྲང་བཅས་ཞེས་བྱ་བ་ནི་འཁོར་དང་བཅས་པའོ་ཞེས་བྱ་བ་ནི་རྒྱལ་པ་དང་ལྷན་ཅིག་སྤྱོད་ཀྱང་དེ་དང་མཐུན་པར་བྱེད་པའི་ཕྱིར་རྒྱལ་པོའི་རྗེས་སུ་འབྲང་བ་ཞེས་བྱ་བ་དེ་བཞིན་དུ། འདིར་ཡང་དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་དུས་མཉམ་པར་རྒྱུ་ཡང་རྗེས་སུ་འབྲང་བ་ཁོ་ནས་བརྗོད་དོ། །དེ་དག་ཀྱང་གང་ཞེ་ན་སེམས་དང་སེམས་ལས་བྱུང་བ་དང་ཟག་པ་མེད་པའི་སྡོམ་པ་དང་སྐྱེ་བ་ལ་སོགས་པ་ལྡན་པ་མ་ཡིན་པའི་འདུ་བྱེད་ཅེས་བྱ་བ་དག་ཡིན་ནོ། །སེམས་ལས་བྱུང་བ་དག་པས་སེམས་གཙོ་བོ་མ་ཡིན་ནམ། འདི་ལྟར་སེམས་ལས་བྱུང་བ་འདི་དག་སེམས་ལ་ཡོད་པ་འམ་སེམས་ལས་འབྱུང་བ་ན་སེམས་ལས་བྱུང་བ་ཞེས་བྱའོ། །དེས་ན་ཤེས་རབ་ཉིད་སེམས་ཀྱི་འཁོར་ཡིན་པར་འོས་ཀྱི་སེམས་ནི་མ་ཡིན་ཏ་ཤེས་རབ་སེམས་ལས་བྱུང་བ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་དུས་ན་ཤེས་རབ་སེམས་ལས་བྱུང་བ་ཡིན་ཡང་ཚོགས་པ་ཐམས་ཅད་ཀྱི་གཙོ་བོར་འགྱུར་རོ། །ཆོས་འགའ་ཞིག་ལ་ལར་དུས་ཁ་ཅིག་ཏུ་གཙོ་བོར་གྱུར་ཏེ་དཔེར་ན་མངོན་པར་ཡིད་ཆེས་པར་བྱ་བའི་དུས་ན་དད་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཟག་པ་མེད་པའི་ཕུང་པོ་ལྔ་པོ་ལ་ཞེས་བྱ་བ་ནི་ཚོགས་པ་དེ་ལ་ཟག་པ་མེད་པའི་སྡོམ་པ་ནི་གཟུགས་ཀྱི་ཕུང་པོ་ཡིན་ནོ། །ཚོར་བ་གང་ཡིན་པ་དེ་ནི་ཚོར་བའི་ཕུང་པོ་ཡིན་ནོ། །འདུ་ཤེས་གང་ཡིན་པ་དེ་ནི་འདུ་ཤེས་ཀྱི་ཕུང་པོ་ཡིན་ནོ། །སེམས་ལ་སོགས་དང་སྐྱེ་བ་ལ་སོགས་པ་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ནོ། །
འདི་ལ་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ཡིན་ནོ། །རེ་ཞིག་འདི་ནི་ཞེས་བྱ་བ་ལ་རེ་ཞིག་ཅེས་བྱ་བའི་སྒྲ་ནི་རིམ་པ་སྟོན་པའོ། །དོན་དམ་པ་པ་ཞེས་བྱ་བ་ནི་དོན་དམ་པ་ཉིད་ཡིན་པའམ་དོན་དམ་པ་ལས་བྱུང་བས་དོན་དམ་པ་པའོ། །རྣམ་པ་གཅིག་ཏུ་དོན་དམ་པས་རོལ་ཅིང་སྤྱོད་པས་ན་དོན་དམ་པ་པའོ། །བརྡར་བཏགས་པ་ནི་ཐ་སྙད་པའོ། །དེ་ཐོབ་བྱ་ཕྱིར་གང་ཞེས་བྱ་བ་ནི་འདིར་ཡང་ཆོས་མངོན་པ་ནི་ཤེས་རབ་རྗེས་སུ་འབྲང་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་ཏེ་མངོན་སུམ་མམ་བརྒྱུད་པའི་སྒོ་ནས་ཤེས་རབ་ཟག་པ་མེད་པ་དེ་ཐོབ་པར་འགྱུར་བ་ཐོས་པ་ལས་བྱུང་བ་དང༌། བསམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཟག་པ་དང་བཅས་པ་གང་ཡིན་པ་དང༌། སྐྱེས་ནས་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་གང་ཡིན་པ་དེ་ཡང་བརྡར་བརྟགས་པའི་ཆོས་མངོན་པ་ཡིན་ནོ། །དེ་ལ་ཐོས་པ་ལས་བྱུང་བ་ནི་ཐོས་པའི་སྦྱོར་བ་ལས་སྐྱེས་པའོ། །བསམས་པ་ལས་བྱུང་བ་ནི་བསམས་པའི་སྦྱོར་བ་ལས་སྐྱེས་པའོ། །བསྒོམས་པ་ལས་བྱུང་བ་ནི་བསྒོམས་པའི་སྦྱོར་བ་ལས་སྐྱེས་པའོ། །སྐྱེས་ནས་ཐོབ་པ་ནི་སྐྱེ་བ་ཐོབ་པ་ལས་སྐྱེས་པ་སྟེ། འདི་ལ་སྐྱེས་ནས་ཐོབ་པ་ཡོད་པའི་ཕྱིར་རོ། །ཐོས་པ་དང་བསམས་པ་ལས་བྱུང་བ་དང་སྐྱེས་ནས་ཐོབ་པ་དང་བསྒོམས་པ་ལས་བྱུང་བ་གཟུགས་མེད་པ་ན་སྤྱོད་པ་ནི་རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་ཆོས་མངོན་པ་ཕུང་པོ་བཞི་པ་ཡིན་ནོ། །གཟུགས་ན་སྤྱོད་པ་ནི་བསམ་གཏན་གྱི་སྡོམ་པ་ཡོད་པའི་ཕྱིར་ཆོས་མངོན་པ་ཕུང་པོ་ལྔ་པ་ཡིན་ནོ། །བསྟན་བཅོས་གང་ཞེས་བྱ་བ་ནི་ཆོས་མངོན་པའི་བསྟན་བཅོས་ཡིན་པར་དགོངས་པའོ། །དེ་རྗེས་སུ་འབྲང་བ་དང་བཅས་པ་ཡིན་ན་མ་རྗེས་སུ་འབྲང་བ་དང་བཅས་པ་མ་ཡིན་ཞེས་བྱ་བ་ནི་རྣམ་པར་བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ་སེམས་དང་སེམས་ལས་བྱུང་བའི་ཚོགས་ཀྱི་ངོ་བོ་མ་ཡིན་པའི་ཕྱིར་རྗེས་སུ་འབྲང་བ་དང་བཅས་པའོ་ཞེས་བྱ་བར་མི་སྦྱར་རོ་ཞེས་ཟེར་རོ། །ཁ་ཅིག་ནི་སྐྱེ་བ་ལ་སོགས་པ་ཡོད་པའི་ཕྱིར་སྦྱོར་ཏེ་ཆོས་མངོན་པ་འདི་ནི་ཕུང་པོ་གཅིག་པའམ། དེ་ལ་སྐྱེ་བ་ལ་སོགས་པ་ཡོད་པས་ཕུང་པོ་གཉིས་པ་ཡིན་ནོ། །གཞན་དག་ན་རེ་བསྟན་བཅོས་
ཞེས་བྱ་བ་ནི་ཡེ་ཤེས་ལ་འཇུག་པ་ཡིན་ནོ། །ལུས་སུ་གྱུར་པ་དེ་ལ་ཡན་ལག་དྲུག་ཡོད་དེ་རབ་ཏུ་འབྱེད་པའི་གཞི་དང༌། རྣམ་པར་ཤེས་པའི་ཚོགས་དང༌། ཆོས་ཀྱི་ཕུང་པོ་དང་བཏགས་པའི་བསྟན་བཅོས་དང་ཁམས་ཀྱི་ཚོགས་དང་ཡང་དག་པར་འགྲོ་བའི་རྣམ་གྲངས་སོ། །དེའི་ཕྱིར་བསྟན་བཅོས་དེ་ཡང་རྗེས་སུ་འབྲང་བ་དང་བཅས་པ་ཁོ་ན་ཡིན་ཏེ། བརྒྱུད་ནས་དོན་དམ་པའི་ཆོས་མངོན་པར་ཐོབ་པར་བྱེད་པས་བརྡར་བཏགས་པའི་ཆོས་མངོན་པ་ཞེས་བྱའོ། །དེ་ལ་སྐྱེ་གནས་ཐོབ་པའི་ཤེས་རབ་ཀྱིས་ནི་བསྟན་བཅོས་མཉན་པའི་སྒོ་ནས་དེའི་དོན་གྱི་རྗེས་སུ་འབྲང་ངོ༌། །དེ་ལས་ནི་ཐོས་པ་ལས་བྱུང་བའོ་ཐོས་པ་ལས་བྱུང་བ་ལས་ནི་བསམས་པ་ལས་བྱུང་བའོ། །བསམས་པ་ལས་བྱུང་བ་ལས་ནི་བསྒོམས་པ་ལས་བྱུང་བ་ཟག་པ་དང་བཅས་པའོ། །དེ་ལས་ནི་ཟག་པ་མེད་པའི་ཤེས་རབ་སྐྱེ་བར་འགྱུར་ཏེ་རིམ་པ་ནི་དེ་ལྟའོ། །དེ་ལྟ་བས་ན་འདི་ནི་གཟུགས་དེ་ལྟ་བས་ན་ཞེས་བྱ་བ་ནི་ཚིག་གི་ཕྲད་དོ། །འདི་ནི་ཞེས་བྱ་བ་ནི་རང་གི་མཚན་ཉིད་འཛིན་པ་ཉིད་དུ་ངེས་པར་བཤད་པ་དོན་དམ་པ་པ་དང་བརྡར་བཏགས་པའི་ཆོས་མངོན་པའོ། །དོན་དམ་པའི་ཆོས་ཞེས་བྱ་བ་ནི་ཡེ་ཤེས་དམ་པའི་དོན་ཡིན་པས་དོན་དམ་པའོ། །རྣམ་པ་གཅིག་ཏུ་ན་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་དོན་དམ་པ་ཡིན་པས་དོན་དམ་པའོ། །འདི་ནི་དོན་དམ་པ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་དོན་དམ་པའི་ཆོས་སོ། །ཆོས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་རང་དང་སྤྱིའི་མཚན་ཉིད་དེ་སའི་ཁམས་ཀྱི་མཚན་ཉིད་ནི་སྲ་བ་དང་མི་རྟག་པ་དང་སྡུག་བསྔལ་བ་ཞེས་བྱའོ། །དེ་ལྟ་བུ་ལ་སོགས་པ་མངོན་དུ་ཐོབ་པར་བྱ་བ་དང་རྟོགས་པར་བྱ་བ་དང་ཁོང་དུ་ཆུད་པར་བྱ་བར་མངོན་དུ་ཕྱོགས་པའི་ཆོས་ནི་ཆོས་མངོན་པའོ། །ཆོས་མངོན་པ་བཤད་ཟིན་ཏོ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་དང་ངེས་པའི་ཚིག་གི་སྒོ་ནས་ཏེ་ཡན་ལག་གི་དོན་རྟོགས་ཟིན་ཏོ། །སྤྱིའི་དོན་ད་དུང་མ་རྟོགས་པས་དེའི་ཕྱིར། བསྟན་བཅོས་འདི་ཇི་ལྟར་ན་ཆོས་མངོན་པའི་མཛོད་ཡིན་ཞེས་སྤྱིའི་དོན་འདྲིའོ། །འདིར་དེ་དོན་དུ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཕྱིར་ཆོས་མངོན་པ་ཞེས་བྱ་བའི་བསྟན་བཅོས་གཟུང་ངོ༌། །དོན་དུ་ཞེས་བྱ་བ་ནི་ཚིག་གི་སྒོ་ནས་མ་ཡིན་པ་སྟེ་དེ་ནི་དོན་གྱི་སྒོ་ནས་ཆུད་ཀྱི་
ཐམས་ཅད་ནི་མ་ཡིན་ནོ། །དེའི་ཕྱིར་གཅེས་གཅེས་རྣམས་ཞེས་སྨོས་སོ། །ཆུད་པ་ནི་ནང་དུ་ཆུད་པ་སྟེ། དེ་ལྟ་བས་ན་བདག་ཅག་གི་བསྟན་བཅོས་འདི་ནི་དོན་དེའི་མཛོད་ལྟ་བུ་ཡིན་ཞིང་མཛོད་དང་འདྲ་བ་ཡིན་ནོ། །དོན་འདི་ལ་ནི་ཆོས་མངོན་པའི་མཛོད་ནི་ཆོས་མངོན་པའི་མཛོད་དོ་ཞེས་བྱ་བར་ཚིག་བསྡུ་སྟེ་རལ་གྱི་གང་དུ་གཞུག་པ་དེ་ནི་དེའི་ཤུབས་ཡིན་པ་ལྟ་བུའོ། །ཡང་ན་ཆོས་མངོན་པའི་གཙུག་ལག་དེ་ལས་བདག་ཅག་གི་བསྟན་བཅོས་འདི་ཕྱུང་བས་ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་དེ་བདག་ཅག་གི་བསྟན་བཅོས་འདིའི་གནས་ལྟ་བུ་ཡིན་ཏེ། དོན་དུ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེའི་ཕྱིར་ཆོས་མངོན་པ་དེ་ཉིད་འདིའི་མཛོད་ཡིན་ཏེ་དོན་འདི་ལ་ནི་འདི་ལ་ཆོས་མངོན་པའི་མཛོད་ཡོད་པས་ཆོས་མངོན་པའི་མཛོད་ཅེས་བྱ་བར་ཚིག་བསྡུས་ཏེ། རལ་གྲི་ནང་ནས་འབྱིན་པ་དེ་ནི་དེའི་ཤུབས་ཡིན་པ་ལྟ་བུའོ། །དེ་ལྟར་ན་བསྟན་བཅོས་འདི་ནི་ཆོས་མངོན་པའི་མཛོད་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་དོན་ཡང་ཁོང་དུ་ཆུད་དོ་ཞེས་བྱ་བར་སྟོན་ཏོ། །ཡང་ཅིའི་ཕྱིར་ཆོས་མངོན་པ་བསྟན་ཅེས་བྱ་བ་ནི་ཅི་དགོས་ཞེས་བྱ་བའི་ཐ་ཚིག་སྟེ། དགོས་པ་དང་བཅས་པའི་བསྟན་བཅོས་ནི་བསྡུ་བ་ལེགས་པར་འགྱུར་གྱི་དགོས་པ་མེད་པ་ནི་མ་ཡིན་ནོ། །འདི་དང་པོ་ཉིད་དུ་སུས་བསྟན་ཅེ་ན་ཞེས་བྱ་བ་ནི་ཆོས་མངོན་པ་འདི་དང་པོ་ཉིད་དུ་སུ་ཞིག་གིས་བཤད་ཅེས་བྱ་བ་ཡིན་ཏེ། ཡིད་ཆེས་པས་བསྟན་པའི་བསྟན་བཅོས་ནི་བསྡུ་བར་འོས་པའི་ངོ་བོར་འགྱུར་རོ་སྙམ་དུ་བསམས་པའོ། །དང་པོ་ཞེས་ཁྱད་པར་དུ་སྨོས་པ་ནི་བཙུན་པ་ཀཱ་ཏྱཱའི་བུ་ལ་སོགས་པས་ཕྱིས་བསྡུ་སྟེ་བསྟན་པ་ནི། གྲུབ་པས་དང་པོ་ཉིད་དུ་སྟོན་པ་ལ་རྩོད་པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ལྟར་བསྟན་བཅོས་མཛད་པའི་སློབ་དཔོན་མདོར་བསྡུས་པའི་བསྟན་བཅོས་ཆོས་མངོན་པའི་མཛོད་འཆད་ཅིང་བྱེད་པར་གུས་ཤིང་འབད་ཅེས་བྱ་བའི་ཐ་ཚིག་གོ །དེ་ལྟར་དྲི་བ་གཉིས་བྱས་པ་ལས་ཆོས་མངོན་པའི་བསྟན་བཅོས་དགོས་པ་དང་བཅས་པ་ཉིད་དང་ཡིད་ཆེས་པས་བསྟན་པ་ཉིད་དུ་རབ་ཏུ་བསྟན་པའི་ཕྱིར་ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཞེས་བྱ་བ་རྒྱས་པར་སྨོས་ཏེ།
གང་གི་ཕྱིར་ཆོས་རབ་ཏུ་རྣམ་པར་འབྱེད་པ་གཟུགས་དང་ཚོར་བ་དང་མི་རྟག་པ་དང་སྡུག་བསྔལ་བ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་མེད་པར་ཉོན་མོངས་པ་ཉེ་བར་ཞི་བར་བྱ་བའི་ཐབས་མེད་དེ། གཞན་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །དེས་ན་དེ་ཁོ་ན་ཉོན་མོངས་པ་ཉེ་བར་ཞི་བར་བྱ་བའི་ཐབས་ཡིན་ནོ་ཞེས་བྱ་བར་དོན་གྱིས་གོ་བར་འགྱུར་ཏེ། དཔེར་ན་ཟས་མ་གཏོགས་པར་སྲོག་འཛིན་པའི་ཐབས་མེད་དོ་ཞེས་སྨྲས་ན་ཟས་དེ་ཁོ་ན་སྲོག་འཛིན་པའི་ཐབས་ཡིན་ཞེས་བྱ་བར་དོན་གྱིས་གོ་བར་འགྱུར་བ་ལྟར་འདིར་ཡང་དེ་དང་འདྲའོ། །གལ་ཏེ་ཉོན་མོངས་པ་ཉེ་བར་ཞི་བར་མ་གྱུར་ན་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ་ཞེས་བྱ་བ་སྨོས་ཏེ་འདིས་ནི་གདོན་མི་ཟ་བར་ཉོན་མོངས་པ་ཉེ་བར་ཞི་བར་བྱ་བ་དགོངས་པ་ཉིད་དུ་སྟོན་ཏོ། །སྲིད་པ་དང་འཁོར་བ་ནི་དོན་གཅིག་གོ །འབྱིང་བའི་གནས་སུ་ཆོས་མཐུན་པའི་ཕྱིར་སྲིད་པ་ཉིད་མཚོ་ཡིན་པས་སྲིད་མཚོ་སྟེ་སྲིད་པ་རྒྱ་མཚོ་ལྟ་བུ་འདིར་རོ། །སྲིད་མཚོ་འདིར་ཞེས་བྱ་བ་ལ་འདིར་ཞེས་བྱ་བའི་སྒྲ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་མངོན་སུམ་དུ་གྱུར་པ་ལས་མ་གཏོགས་པའི་སྲིད་པ་དགག་པའི་ཕྱིར་སྨོས་སོ། །འདིར་འཇིག་རྟེན་འཁྱམས་པ་ནི་དེའི་བདག་ཉིད་དུ་གནས་པའི་ཕྱིར་རོ། །དེའི་བདག་ཉིད་དུ་གནས་པ་ཡང་གཞིར་སྟོན་པ་སྣང་སྟེ། དཔེར་ན་ཤིང་གཞན་དང་མི་ལྡན་པ་ལས་ཤིང་པ་ལ་ཤ་དག་ལ་ཀུན་དགའི་ར་བ་གནས་སོ་ཞེས་བྱ་བ་ལྟ་བུའོ། །ཉོན་མོངས་པ་རྣམས་ཀྱིས་ཀྱང་འཇིག་རྟེན་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་འཁྱམ་པར་བྱེད་པས་དེའི་ཕྱིར་ཞེས་བྱ་བ་ནི་རྒྱུ་བསྟན་པ་སྟོན་པར་བྱེད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཆོས་མངོན་པ་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་སྟེ། ཉོན་མོངས་པ་ཉེ་བར་ཞི་བར་བྱེད་པའི་ཐབས་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡིན་གྱི་ཆོས་གཞན་ནི་མ་ཡིན་ནོ་ཞེས་ཆོས་མངོན་པ་སྟོན་པར་བྱེད་པའི་འབྲེལ་པ་བཤད་པ་ཡིན་ནོ། །དེའི་དོན་དུ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཕྱིར་ཡིན་པས་དེའི་དོན་དུ་སྟེ་དེའི་དོན་ནམ་དེའི་ཆེད་དུ་ཞེས་བྱ་བ་ཡིན་ནོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་དེའི་དོན་དུ་ཞེས་བྱ་བ་ནི་ཆོས་མངོན་པ་བསྟན་པའི་རྒྱུད་ལས་བྱུང་བ་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ། སྟོན་པ་སངས་
རྒྱས་ཀྱིས་ནི་ཇི་ལྟར་ན་ཆོས་རབ་ཏུ་རྣམ་པར་འབྱེད་པར་འགྱུར་སྙམ་ནས་ཆོས་མངོན་པ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་ཆོས་མངོན་པའི་བསྟན་པ་མེད་པ་ནི་སློབ་མས་ཆོས་རབ་ཏུ་རྣམ་པར་དབྱེ་བར་མི་ནུས་སོ་ཞེས་བྱ་བ་སྨོས་སོ། །གསུངས་པ་དང༌། བཤད་པ་དང་བསྟན་པ་ནི་དོན་གཅིག་གོ །ལོ་ཞེས་བྱ་བ་ལ་ལོ་ཞེས་བྱ་བའི་སྒྲ་ནི་འདི་ནི་ཆོས་མངོན་པ་པ་རྣམས་ཀྱི་གཞུང་ལུགས་ཡིན་གྱི་མདོ་སྡེ་པ་ཁོ་བོ་ཅག་གི་ནི་མ་ཡིན་ནོ་ཞེས་ཕ་རོལ་ཀྱི་འདོད་པ་སྟོན་པར་བྱེད་པ་ཡིན་ནོ། །ཆོས་མངོན་པར་བྱེད་པ་ནི་མང་པོ་ཞིག་ཡོད་པར་གྲགས་ཏེ། འདི་ལྟ་སྟེ་ཡེ་ཤེས་ལ་འཇུག་པ་ནི་འཕགས་པ་ཀཱ་ཏྱཱའི་བུས་བྱས། རབ་ཏུ་བྱེད་པའི་གཞི་ནི་གནས་བརྟན་དབྱིག་གི་བཤེས་གཉེན་གྱིས་བྱས། རྣམ་པར་ཤེས་པའི་ཚོགས་ནི་བཙུན་པ་ལྷ་སྐྱིད་ཀྱིས་བྱས། ཆོས་ཀྱི་ཕུང་པོ་ནི་འཕགས་པ་ཤཱ་རིའི་བུས་བྱས། བཏགས་པའི་བསྟན་བཅོས་ནི་འཕགས་པ་མཽད་གལ་གྱི་བུས་བྱས། ཁམས་ཀྱི་ཚོགས་ནི་གང་པོས་བྱས། ཡང་དག་པར་འགྲོ་བའི་རྣམ་གྲངས་ནི་གསུས་པོ་ཆེས་བྱས་པར་གྲགས་སོ། །མདོ་སྡེ་པའི་དོན་གང་ཡིན་ཞེ་ན། གང་དག་མདོ་ཚད་མར་བྱས་ཀྱི་བསྟན་བཅོས་ཚད་མར་མི་བྱེད་པ་དེ་དག་ནི་མདོ་སྡེ་པ་ཡིན་ནོ། །གལ་ཏེ་བསྟན་བཅོས་ཚད་མར་མི་བྱེད་ན་དེ་དག་ཇི་ལྟར་མདོ་སྡེའི་སྡེ་སྣོད་དང་འདུལ་བའི་སྡེ་སྣོད་དང༌། ཆོས་མངོན་པའི་སྡེ་སྣོད་གསུམ་རྣམ་པར་འཇོག །མདོ་ལས་ཀྱང་དགེ་སློང་སྡེ་སྣོད་གསུམ་པ་ཞེས་ཆོས་མངོན་པའི་སྡེ་སྣོད་འབྱུང་ངོ་ཞེ་ན། འདི་ནི་ཉེས་པ་མེད་དེ་དོན་རྣམ་པར་གཏན་ལ་འབེབས་པ་ལ་སོགས་པ་མདོ་སྡེའི་ཁྱད་པར་གང་དག་ལས་ཆོས་ཀྱི་མཚན་ཉིད་བརྗོད་པ་ཉིད་ཆོས་མངོན་པ་ཞེས་བྱའོ་སྙམ་པའི་དོགས་པ་དེ་བཟློག་པའི་ཕྱིར་དེ་ནི་བཅོམ་ལྡན་འདས་ཀྱིས་སིལ་བུར་བཤད་ལ་ཞེས་བྱ་བ་སྨོས་ཏེ། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དཔེར་ན་གནས་བརྟན་ཆོས་སྐྱོབས་ཀྱིས་ཆེད་དུ་བརྗོད་པའི་སྡེ། ཀྱེ་མ་འདུ་བྱེད་རྣམས་ནི་མི་རྟག་ཅེས་བྱ་བ་ལ་སོགས་པ་འདུལ་བའི་དབང་གིས་མདོ་སྡེ་དང་དེ་ལས་བཤད་པ་སྡེ་ཚན་དུ་བྱས་ཤིང་གཅིག་ཏུ་འདུག་པར་བྱས་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱིས་གདུལ་བའི་དབང་དུ་དེ་དང་དེ་ལས་ཆོས་མངོན་པ་ཆོས་ཀྱི་མཚན་ཉིད་སྟོན་པའི་ངོ་བོ་བཤད་པ་ཡང༌།
གནས་བརྟན་ཀཱ་ཏྱཱའི་བུ་ལ་སོགས་པས་ཡེ་ཤེས་ལ་འཇུག་པ་ལ་སོགས་པར་བསྡུས་ནས་བཞག་གོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ཞེས་བྱ་བ་ནི་བྱེ་བྲག་ཏུ་བཤད་པས་རྩེ་ཞིང་སྤྱོད་པས་ན་བྱེ་བྲག་ཏུ་སྨྲ་བའོ། །ཡང་ན་བྱེ་བྲག་ཏུ་བཤད་པའི་རིག་པས་ན་བྱེ་བྲག་ཏུ་སྨྲ་བའོ། །ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་བྱ་བ་ནི་ཟག་པ་རྣམས་དང་བཅས་པས་ན་ཟག་བཅས་སོ། །འདི་དག་ལ་ཟག་པ་མེད་པས་ན་ཟག་པ་མེད་པ་སྟེ། ཟག་པ་དང་བཅས་པ་རྣམས་ཞེས་བྱ་བ་དང་ཟག་པ་མེད་པ་རྣམས་ཞེས་བྱ་བར་ཚིག་བསྡུའོ། །རང་དང་སྤྱིའི་མཚན་ཉིད་འཛིན་པའི་ཕྱིར་ཆོས་རྣམས་སོ། །འདི་ནི་ཆོས་ཐམས་ཅད་མདོར་བསྡུས་ཏེ་བསྟན་པའོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་འདི་ཙམ་དུ་ཟད་ཀྱི་འདི་ལས་མ་གཏོགས་པའི་ཆོས་མེད་པའོ། །དེའི་ཕྱིར་ཆོས་རྣམས་ཞེས་བྱ་བ་སྨོས་སོ། །མདོར་བསྡུས་ཏེ་བསྟན་ཞེས་བྱ་བ་ནི་མདོར་བསྡུས་ནས་བསྟན་པ་སྟེ། རྒྱས་པར་བསྟན་པ་ནི་འོག་ནས་བསྟན་བཅོས་ཡོངས་སུ་རྫོགས་ཀྱི་བར་དུ་འབྱུང་བ་ཡིན་ནོ། །འདུས་བྱས་དང་འདུས་མ་བྱས་རྣམས་དང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་རྣམས་དང་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་རྣམས་ཞེས་བྱ་བ་ལ་སོགས་པ་མདོར་བསྡུས་ཏེ་བསྟན་པ་གཞན་དག་ཀྱང་ཡོད་ན། ཅིའི་ཕྱིར་མདོར་བསྡུས་ཏེ་བསྟན་པ་འདི་ཁོ་ན་བཤད་ཅེ་ན། གང་ཞིག་བཤད་ན་བརྒལ་ཞིང་བརྟག་པར་མི་འགྱུར། ཡང་ན་བསྟན་བཅོས་ནི་དེ་དག་གི་དོན་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་རབ་ཏུ་བསྟན་པའི་ཕྱིར་ཏེ། ཕྱོགས་དེ་གཉིས་རྟོགས་ན་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡོངས་སུ་བོར་བ་དང༌། རྣམ་པར་བྱང་བའི་ཕྱོགས་བརྟེན་པའི་སྒོ་ནས་ངེས་པར་ལེགས་པར་འཐོབ་པར་འགྱུར་རོ། །ལམ་མ་གཏོགས་པའི་འདུས་བྱས་རྣམས། ཟག་བཅས་ཞེས་བྱ་བ་ནི་འདུས་བྱས་དག་ཁོ་ན་སྟེ། གཟུགས་ལ་སོགས་པ་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་རྣམས་ནི་འདུས་བྱས་ཡིན་ནོ། །ཅི་ཐམས་ཅད་དམ་ཞེ་ན་སྨྲས་པ་མ་ཡིན་ཏེ། ལམ་མ་གཏོགས་ཏེ། ལམ་གྱི་བདེན་པ་མ་གཏོགས་པའོ། །ལམ་གྱི་བདེན་པ་ཡང་འདུས་བྱས་ཡིན་པའི་ཕྱིར་ཐལ་བར་འགྱུར་བས་དེ་སྐད་ཅེས་ཁྱད་པར་དུ་བྱས་སོ། །འདི་སྐད་དུ་ལམ་གྱི་བདེན་པ་མ་གཏོགས་པ་འདུས་
བྱས་ཐམས་ཅད་ནི་ཟག་པ་དང་བཅས་པའོ་ཞེས་བཤད་པར་འགྱུར་རོ། །ཡང་དེ་དག་ཇི་ལྟར་ན་ཟག་པ་དང་བཅས་པ་ཡིན། གལ་ཏེ་ཟག་པ་དང་མཚུངས་པར་ལྡན་པའི་ཕྱིར་ཡིན་ན་ནི་སེམས་དང་སེམས་ལས་བྱུང་བ་ཉོན་མོངས་པ་ཅན་དག་ཁོ་ན་ཟག་པ་དང་བཅས་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །འོན་ཏེ་ཟག་པ་དང་ལྷན་ཅིག་འབྱུང་བའི་ཕྱིར་ཡིན་ན་ནི་རྒྱུད་གཅིག་ལ་ཅི་རིགས་པར་སེམས་ཅན་ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ཟག་པ་དང་བཅས་པར་འགྱུར་གྱི་ཉོན་མོངས་པ་ཀུན་ཏུ་མི་སྤྱོད་པའི་ཡང་མ་ཡིན་ལ་ཕྱིའི་ཆོས་རྣམས་ཀྱང་མ་ཡིན་ནོ། །ཅི་སྟེ་ཟག་པ་རྣམས་ཀྱི་རྟེན་གང་དག་ཡིན་པ་དེ་དག་ཟག་པ་དང་བཅས་པ་ཡིན་ན་ནི་ནང་གི་སྐྱེ་མཆེད་དྲུག་ཁོ་ན་ཟག་པ་དང་བཅས་པར་འགྱུར་རོ། །འོན་ཏེ་ཟག་པ་རྣམས་ཀྱིས་དམིགས་པ་དག་ཟག་པ་དང་བཅས་པ་ཡིན་ན་ནི་འགོག་པ་དང་ལམ་གྱི་བདེན་པ་ཡང་ཟག་པ་དང་བཅས་པར་འགྱུར་ལ། ས་འོག་མ་ཡངས་གོང་མ་ལ་དམིགས་པའི་ཟག་པ་རྣམས་ཀྱིས་ནི་ཟག་པ་དང་བཅས་པར་འགྱུར་རོ་ཞེ་ན། དེའི་ཕྱིར། གང་ཕྱིར་དེ་དག་ལ། ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་ཟག་པ་དང་བཅས་པའོ་ཞེས་དེའི་ཕྱིར་ཞེས་བྱ་བའི་སྒྲ་ཞིག་ལྟ་གནས་སམ་ཁོང་ནས་འབྱུང་ངོ༌། །རྒྱས་པར་འགྱུར་ཞེས་བྱ་བ་ནི་རྒྱས་པ་འཐོབ་པོ་ཞེས་བྱ་བའི་ཐ་ཚིག་གམ་གནས་ཐོད་དོ་ཞེས་བྱ་བའི་དོན་ཡིན་ཏེ་འདོད་ཆགས་ལ་སོགས་པ་དེ་དག་རྒྱས་པ་ཐོབ་པའམ་གནས་ཐོད་པའི་སྒོ་ནས་རྒྱུན་ཆགས་པར་འགྱུར་རོ། །གཞན་དག་ན་རེ་དཔེར་ན་བདག་གི་ཟས་ནི་རྒྱས་པར་འགྱུར་རོ་ཞེས་བྱ་བ་འཕྲོད་ཅིང་མཐུན་པར་འགྱུར་རོ་ཞེས་བྱ་བའི་དོན་ཡིན་པ་དེ་བཞིན་དུ། འདོད་ཆགས་ལ་སོགས་པ་ཡང་ཆོས་དེ་དག་ལས་རྒྱས་པར་འགྱུར་ཞིང་མཐུན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་འབྱུང་བའི་ཕྱིར་ཟག་པ་དང་བཅས་པ་རྣམས་ནི་འདོད་ཆགས་ལ་སོགས་པས་བརླན་པའི་ལས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ནོ། །རྐྱེན་རྣམས་དང་མཐུན་པར་རྒྱས་པར་འགྱུར་ཞིང་འཐོབ་པས་ན་ཕྲ་རྒྱས་དག་ཡིན་ནོ། །ཡང་ན་འདི་དག་ལ་རྐྱེན་རྣམས་རྒྱས་པར་འགྱུར་ཞིང་
མཐུན་པར་འགྱུར་བས་ན་ཕྲ་རྒྱས་དག་ཡིན་ཏེ། དེ་དག་ཀྱང་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་བལྟ་བར་བྱའོ་ཞེས་ཟེར་རོ། །སློབ་དཔོན་ཡོན་ཏན་བློ་གྲོས་ན་རེ་ཆོས་ཐམས་ཅད་ཟག་པ་དང་དག་གིས་དམིགས་པ་པ་ཡིན་ན་ཅིའི་ཕྱིར་ལམ་མ་གཏོགས་པའི་འདུས་བྱས་དག་ཁོ་ན་ཟག་པ་དང་བཅས་པ་ཞེས་བྱ་བ་ཞེས་ཟེར་བ་གང་ཡིན་པ། ཆོས་ཐམས་ཅད་ཟག་པ་རྣམས་ཀྱིས་དམིགས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཆོས་མངོན་པ་མ་ཡིན་ཏེ། ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ཟག་པའི་དམིགས་པ་མ་ཡིན་པའི་ཕྱིར་རོ། །ཕྲ་རྒྱས་དྲུག་པོ་ཁོ་ན་ཞིག་ཟག་པ་མེད་པ་ལ་དམིགས་པར་འབྱུང་བ་དེ་དག་ཀྱང༌། འགོག་དང་ལམ་མཐོང་སྤང་བྱ་བ། །ལོག་ལྟ་ཐེ་ཚོམ་དེ་དག་དང༌། །ལྡན་མང་འབའ་ཞིག་མ་རིག་དང༌། །དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །ཞེས་འབྱུང་བའི་ཕྱིར་འགོག་པ་དང་ལམ་ལ་དམིགས་པ་ཁོ་ན་ཡིན་ནོ། །དེ་ལྟ་བས་ན་འདི་ནི་ལེགས་པར་བྲིས་པ་མ་ཡིན་པར་བལྟའོ། །འདོད་མོད་ཀྱི་ཞེས་བྱ་བ་ཡིན་མོད་ཀྱི་ཞེས་བྱ་བ་ནི་ཐ་ཚིག་གོ །རྣམ་པ་གཅིག་ཏུ་ན་འདོད་མོད་ཀྱི་ཞེས་བྱ་བ་ནི་ཁས་ལེན་པའི་དོན་ཡིན་ཏེ་འགོག་པ་དང་ལམ་གྱི་བདེན་པ་ལ་དམིགས་པས་ཀྱང་ཟག་པ་སྐྱེ་བར་ནི་ཁས་ལེན་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་གཉིས་ལ་ཞེས་བྱ་བ་ནི་འགོག་པ་དང་ལམ་གྱི་བདེན་པ་དག་གོ །ཕྲ་རྒྱས་བསྟན་པ་ཉིད་དུ་བསྟན་པར་བྱའོ་ཞེས་བྱ་བ་ནི། ཟག་མེད་གོང་མའི་ཡུལ་ཅན་མིན། །བདག་གིར་མ་བྱས་གཉེན་པོའི་ཕྱིར། །ཞེས་བྱ་བ་འདིར་ཏེ་དངོས་པོ་གང་ཞིག་བདག་ཏུ་ལྟ་བ་དང་སྲེད་པ་དག་གིས་བདག་གིར་བྱས་པ་དེ་ལ་ནི་ཕྲ་རྒྱས་གཞན་དག་ཀྱང་རྒྱས་པར་ནུས་ཏེ་རས་གཤེར་བ་ལ་རྡུལ་འཆགས་པ་ལྟ་བུ་ཡིན་ན། ཟག་པ་མེད་པ་ནི་དེ་ལྟ་མ་ཡིན་ལ་ས་གོང་མ་ཡང་མ་ཡིན་ཏེ་དེའི་ཕྱིར་དེ་དག་ལ་དམིགས་པ་རྣམས་དེ་དག་ལ་རྒྱས་པར་མི་འགྱུར་རོ། །མྱ་ངན་ལས་འདས་པ་དང་ལམ་དག་ནི་དེ་དག་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡང་ཡིན་ནོ། །ས་གོང་མ་ཡང་ས་འོག་མ་རྣམས་ཀྱི་གཉེན་པོ་ཡིན་ནོ། །དེའི་ཕྱིར་ཡང་དེ་དག་ལ་གནས་མི་ཐོད་དེ་རྡོ་ལེབ་བསྲེགས་པ་ལ་རྐང་པ་དག་གི་མཐིལ་བཞིན་
ནོ། །ཟག་མེད་ལམ་གྱི་བདེན་པ་དང༌། །འདུས་མ་བྱས་རྣམས་གསུམ་ཡང་སྟེ། །ཞེས་བྱ་བ་དོན་གྱིས་གོ་བས་གྲུབ་པའི་ཕྱིར་མདོར་བྱ་མི་དགོས་སོ་ཞེས་དེ་སྐད་དུ་རྒོལ་བ་ལ་རེ་ཞིག་སློབ་དཔོན་ཡོན་ཏན་བློ་གྲོས་ན་རེ་འདི་ནི་བརྗོད་པར་བྱ་བ་ཉིད་དོ། །ཅིའི་ཕྱིར་ཞེ་ན་ལམ་ནི་རྣམ་པ་གཉིས་ཏེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་བས་ན་ཁྱད་པར་དུ་བྱ་བའི་ཕྱིར་ཡང་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་འདིར་ལམ་གྱི་བདེན་པ་ཞེས་བྱ་བར་སྨོས་སོ། །གྲགས་པ་ནི་དོན་གྱིས་གོ་བར་འགྱུར་གྱི་མ་གྲགས་པ་ནི་མ་ཡིན་ན་འདུས་མ་བྱས་ཀྱང་མ་གྲགས་སོ་ཞེས་ཟེར་རོ། །གཞན་དག་ན་རེ་འདི་དོན་གྱིས་གོ་ཡང་ཕུང་པོ་གསུམ་པ་ཡོད་པར་དོགས་པ་བཟློག་པའི་ཕྱིར་ཡང་བརྗོད་དོ། །དཔེར་ན་ཚོར་བ་ཡང་གསུམ་སྟེ། བདེ་བ་དང་སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའོ་ཞེས་བྱ་བ་དེ་བཞིན་དུ་ཆོས་ཀྱང་ཟག་པ་དང་བཅས་པ་རྣམས་དང་ཟག་པ་མེད་པ་རྣམས་དང་ཟག་པ་དང་བཅས་པ་ཡང་ཡིན་ཟག་པ་མེད་པ་ཡང་ཡིན་པ་རྣམས་སོ་ཞེས་བྱ་བའམ། ཡང་ན་ཟག་པ་དང་བཅས་པ་ཡང་མ་ཡིན་ཟག་པ་མེད་པ་ཡང་མ་ཡིན་པ་རྣམས་སོ་ཞེས་བྱ་བར་སེམས་པར་འགྱུར་ཏེ་དེས་ན་གང་དག་དོན་གྱིས་གོ་བས་བསྩལ་བ་དེ་དག་ཅི་ཟག་པ་མེད་པ་ཁོ་ན་ཞིག་གམ། འོན་ཏེ་ཟག་པ་དང་བཅས་པ་ཡིན་ཟག་པ་མེད་པ་ཉིད་ཀྱང་ཡིན་པ་ཞིག་གམ། འོན་ཏེ་གཉི་ག་མ་ཡིན་པ་ཞིག་ཅེས་ཐེ་ཚོམ་ཟ་བར་འགྱུར་རོ། །ཟག་པ་དང་བཅས་པ་ཡང་ཡིན་ཟག་པ་མེད་པ་ཉིད་ཀྱང་ཡིན་པར་རྣམ་པར་རྟོག་པའི་གོ་སྐབས་ཀྱང་ཡོད་དེ། ཇི་ལྟ་ཞེ་ན་རེ་ཞིག་བྱེ་བྲག་ཏུ་སྨྲ་བའི་ལུགས་ལྟར་ན། ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས། །ཉོན་མོངས་ཅན་མིན་རྒྱས་འགྱུར་གྱི། །ཞེས་འབྱུང་བའི་ཕྱིར་མིག་ལ་སོགས་པ་དང༌། །ཕྱིའི་གཟུགས་ལ་སོགས་པ་ཉོན་མོངས་པ་ཅན་མ་ཡིན་པ་གང་དག་ཡིན་པ་དེ་དག་ནི་རྒྱས་པར་འགྱུར་བའི་ཟག་པ་དག་ཁོ་ནས་ཟག་པ་དང་བཅས་པ་ཡིན་གྱི་རྒྱས་པར་མི་འགྱུར་བ་དག་གིས་ནི་མ་ཡིན་ནོ། །རྒྱས་པར་མི་འགྱུར་བ་སྤངས་ཟིན་པའི་ཟག་པ་དེ་དག་གིས་ནི་ཟག་པ་དང་བཅས་པ་མ་ཡིན་ནོ། །མ་སྤངས་པ་དག་གིས་ནི་ཐ་ན་གཞན་གྱི་རྒྱུད་ལ་ཡོད་པ་དག་གིས་ཀྱང་ཟག་
པ་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དཔེས་སྟོན་པའི་ལུགས་ལྟར་ན་ཡང་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་མིག་ལ་སོགས་པ་དང་ཕྱིའི་གཟུགས་ལ་སོགས་པ་ནི་ཟག་པ་རྣམས་ཀྱི་རྟེན་མ་ཡིན་པའི་ཕྱིར་ཟག་པ་མེད་པ་ཡང་ཡིན་ལ། དེ་དག་ཟག་པ་རྣམས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་ཡང་ཡིན་ནོ་ཞེས་མིག་ལ་སོགས་པ་རྣམ་གྲངས་པའི་ཟག་པ་དང་བཅས་པ་ཡང་ཡིན་ཟག་པ་མེད་པ་ཡང་ཡིན་པ་ཉིད་དུ་རྟོག་པས་ཐེ་ཚོམ་དུ་འགྱུར་རོ། །ཐེ་ཚོམ་དེ་བཟློག་པའི་ཕྱིར། །ཟག་མེད་ལམ་གྱི་བདེན་པ་དང༌། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ཞེས་བྱ་བ་འདི་སྨོས་ཏེ། །འདི་དག་ནི་རྣམ་གྲངས་མེད་པར་ཟག་པ་མེད་པ་ཁོ་ན་ཡིན་གྱི། ཇི་སྐད་བཤད་པ་ལྟ་བུ་ཟག་པ་དང་བཅས་པ་ཡང་མ་ཡིན་ཟག་པ་མེད་པ་ཡང་མ་ཡིན་པ་ནི་མ་ཡིན་པས་ཡང་སྨོས་སོ། །འོན་ཏེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་དགྲ་བཅོམ་པའི་མིག་ལ་སོགས་པ་དེ་དག་ཕྱོགས་གང་གིས་ནང་དུ་བརླན་པར་བྱ་ཅི་ཟག་པ་དང་བཅས་པའི་ཕྱོགས་སུ་འམ་འོན་ཏེ་ཟག་པ་མེད་པའི་ཕྱོགས་སུ་བསྡུ་ཞེ་ན། ཟག་པ་དང་བཅས་པའི་ཕྱོགས་སུ་བསྡུའོ་ཞེས་ཟེར་རོ། །དེ་དག་ཟག་པ་སྤངས་ཟིན་པ་དག་གིས་ཇི་ལྟར་ཟག་པ་དང་བཅས་པར་རྣམ་པར་གཞག་ཅེ་ན། གང་དག་ལ་ཟག་པ་རྒྱས་པ་དང་རྒྱས་པར་གྱུར་པ་དང་རྒྱས་པར་འགྱུར་བ་དེ་དག་ནི་ཟག་པ་དང་བཅས་པའོ་ཞེས་བྱའོ། །འཇིག་རྟེན་ན་དུས་གསུམ་པའི་དོན་བརྗོད་པར་འདོད་པས་ཀྱང་ད་ལྟར་གྱི་དུས་ཀྱི་ཚིག་སྦྱོར་བ་སྣང་སྟེ། གང་ཞིག་སྐྱེ་དགུ་རྣམས་དགའ་བར་བྱེད་པ་དེ་དག་ནི་རྒྱལ་པོའོ་ཞེས་བྱས་ནས་གང་གིས་དགའ་བར་བྱས་པ་དང་དགའ་བར་བྱེད་པ་དང་གང་ཞིག་དགའ་བར་བྱེད་པར་འགྱུར་བ་དེ་དག་རྒྱལ་པོ་ཡིན་ནོ་ཞེས་བྱ་བར་རྟོག་པ་ཉིད་དེ། དེའི་ཕྱིར་དེ་སྐད་དུ་རྣམ་པར་བཤད་དོ། །ཡང་ན་ཟག་པ་སྤངས་ཟིན་པ་དེ་དག་གིས་བག་པ་དང་བཅས་པ་མ་ཡིན་དུ་ཟིན་ཀྱང་ཟག་པ་མ་སྤངས་པ་དཔག་ཏུ་མེད་པ་དག་གིས་ནི་ཐ་ན་གཞན་གྱི་རྒྱུད་ལ་ཡོད་པ་རྣམས་ཀྱིས་ཀྱང་ཟག་པ་དང་བཅས་པ་ཉིད་ཡིན་ནོ། །ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་མདོར་བསྡུས་ཏེ་བསྟན་པ་ཁོ་ནས་ཕུང་པོ་གསུམ་པ་ཡོད་པར་ཐལ་བར་མི་འགྱུར་
བ་མ་ཡིན་ནམ་ཞེ་ནམ་ཡིན་ཏེ། །དེ་ལ་ལྷག་མ་གཅིག་ཡོད་པ་སྲིད་པའི་ཕྱིར་རོ། །ཟག་པ་དང་བཅས་པ་རྣམས་དང་ཟག་པ་མེད་པ་རྣམས་དང་ཟག་པ་དང་བཅས་པ་ཡང་ཡིན་ཟག་པ་མེད་པ་ཡང་ཡིན་པ་རྣམས་ནི་ཟག་བཅས་ཟག་པ་མེད་པའོ་ཞེས་ལྷག་མ་གཅིག་ཡོད་པར་འགྱུར་ཏེ། ངོ་བོ་མི་མཐུན་པ་རྣམས་ལ་ཡང་ལྷག་མ་གཅིག་ཡོད་པར་འདོད་དོ། །གཞན་དག་ན་རེ་འདི་ནི་དོན་གྱིས་གོ་བར་གྲུབ་པ་ཁོ་ན་ཡིན་ཏེ། གསལ་བར་བྱ་བའི་ཕྱིར་སྤྲོས་ཏེ་བརྗོད་དོ་ཞེས་ཟེར་རོ། །འདུས་མ་བྱས་རྣམ་གསུམ་གང་ཞེ་ན་ཞེས་བྱ་བ་ནི་མ་གྲགས་པའི་ཕྱིར་རོ། །འདྲི་བའོ། །རྣམ་གསུམ་སྨོས་པ་ནི་འདི་ཙམ་ཡིན་པར་ངེས་པར་གཟུང་བ་ཡིན་ནོ། །ཁ་ཅིག་འདུས་མ་བྱས་མྱ་ངན་ལས་འདས་པ་གཅིག་ཁོ་ནར་ཟད་པར་སྨྲ་བར་ཡང་ཡོད་དོ། །འདི་ལྟ་སྟེ། གནས་མའི་བུའི་སྡེ་པ་དག་ལྟ་བུའོ། །བྱེ་བྲག་པ་དག་ནི་འདུས་མ་བྱས་རྡུལ་ཕྲ་རབ་ལ་སོགས་པ་མང་དུ་བརྗོད་དེ་དེ་དག་གི་གཞུང་ལུགས་དགག་པའི་ཕྱིར་འདི་ཙམ་ཞིག་ཏུ་ངེས་པར་གཟུང་བ་ཡིན་ནོ། །གཉིས་གང་ཞེ་ན་ཞེས་བྱ་བ་ནི་སོ་སོར་བརྟགས་པས་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་འདྲི་བ་སྟེ་ནམ་མཁའ་ནི་འཇིག་རྟེན་ན་གྲགས་པའི་ཕྱིར་མ་ཡིན་ནོ། །དེ་ལ་ནམ་མཁའི་མི་སྒྲིབ་པ་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་དམིགས་ཀྱིས་དབྱེ་བའམ་ཚིག་གི་ཕྲད་དོ། །ངེས་པའི་ཚིག་ཏུ་ན་གོ་འབྱེད་པས་ན་ནམ་མཁའོ། །གཞན་དག་ན་རེ་འདིའི་ནང་ན་དངོས་པོ་རྣམས་ཤིན་ཏུ་སྣང་བས་ནམ་མཁའོ་ཞེས་ཟེར་རོ། །མི་སྒྲིབ་པ་ནི་སྒྲིབ་པ་མེད་པའོ། །བྱེད་པ་པོར་བསྒྲུབ་པའམ་ལས་སུ་བསྒྲུབ་པ་ཡིན་ཏེ། ཆོས་གང་ཞིག་གཞན་དག་ལ་སྒྲིབ་པར་མི་བྱེད་པའམ་གཞན་དག་གིས་སྒྲིབ་པར་བྱེད་པ་མ་ཡིན་པ་དེ་ནི་ནམ་མཁའ་སྒྲིབ་པ་མེད་པའི་ངོ་བོ་ཉིད་ཡིན་ནོ། །དེ་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར་ཆོས་གཞན་ལ་མི་སྒྲིབ་པས་རྗེས་སུ་དཔག་གི་སྒྲིབ་པ་མེད་པ་ཙམ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། གང་ན་གཟུགས་ཀྱི་གོ་ཡོད་པའོ་ཞེས་རྣམ་པར་བཤད་དོ། །གལ་ཏེ་གང་ཞིག་སྒྲིབ་པར་མི་བྱེད་པའམ་བསྒྲིབ་པར་བྱ་བ་མ་ཡིན་པ་དེ་ནམ་མཁའ་ཡིན་ན་ནི་སེམས་ལ་སོགས་པའི་འདུ་བྱེད་ཐོགས་པ་མེད་པ་དག་ཀྱང་དེ་ཁོ་ན་བཞིན་དུ་
ནམ་མཁའ་ཡིན་པར་འགྱུར་རོ་ཞེ་ན། གཞན་དག་ལ་སྒྲིབ་པ་ཡོད་པའི་ཕྱིར་མི་འགྱུར་ཏེ་རྫུ་འཕྲུལ་དང་ལྡན་པ་སེམས་དང་སེམས་ལས་བྱུང་བའི་མཐུས་གཞན་དག་གི་འགྲོ་བའམ་སེམས་ལ་སོགས་པའི་གེགས་བྱེད་དོ། །འོ་ན་སོ་སོར་བརྟགས་པས་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དག་གགས་བྱེད་པ་མེད་པའི་ཕྱིར་ནམ་མཁའ་ཡིན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེ་དག་ནི་ལྡན་པའི་རྫས་དང་མི་སྐྱེ་བའི་ཆོས་རྣམས་ལྡན་པར་འགྱུར་བ་ངེས་པར་འགོག་པར་འགྱུར་བ་ཉིད་དང༌། སྐྱེ་བའི་གེགས་སུ་གྱུར་པ་ཉིད་ཀྱི་སྒྲིབ་པའི་ངོ་བོ་ཡིན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་གང་གིས་མཚན་ཉིད་སྒྲིབ་པ་མེད་པ་ཁོ་ན་ཡིན་ཞིང་མཚན་ཉིད་དེ་ནི་ནམ་མཁའ་ཡིན་ན་དེ་གཉིས་ལ་ནི་མཚན་ཉིད་གཞན་ཡང་ཡོད་པས་འགོག་པས་དེ་དག་ནམ་མཁའ་ཡིན་པར་མི་འགྱུར་རོ། །འོ་ན་ནི་ནམ་མཁའ་སྒྲིབ་པ་མེད་ན་ཡོད་པའི་ཕྱིར་དང༌། དེ་ཡོད་ན་མེད་པའི་ཕྱིར་ཐམས་ཅད་ན་ཡོད་པ་མ་ཡིན་པའམ་མི་རྟག་པ་ཞིག་ཏུ་འགྱུར་ཏེ། རྩིག་པ་ལ་སོགས་པ་གཟུགས་གཞན་གྱིས་སྒྲིབ་པ་ཡོད་པས་དེ་ན་ནམ་མཁའི་མཚན་ཉིད་མེད་པའི་ཕྱིར་ནམ་མཁའ་མེད་པར་ཐལ་བར་འགྱུར་ལ། རྩིག་པ་ལ་སོགས་པ་མེད་པ་ན་ཡང་དེ་ཡོད་པར་འགྱུར་བས་མི་རྟག་པར་འགྱུར་རོ་ཞེ་ན། དེ་ན་ཡང་རྩིག་པ་ལ་སོགས་པའི་གོ་འབྱེད་པའི་ཕྱིར་ནམ་མཁའ་ཡོད་པ་ཉིད་དེ། གལ་ཏེ་དེ་ན་ནམ་མཁའ་མེད་པར་གྱུར་ན་གོ་འབྱེད་པ་མེད་པའི་ཕྱིར་རྩིག་པ་ལ་སོགས་པ་དེ་དག་ཉིད་གནས་པར་མི་འགྱུར་རོ། །དེ་ན་གཟུགས་གཞན་མི་གནས་པ་གང་ཡིན་པ་དེ་ནི་རྩིག་པ་ལ་སོགས་པས་སྒྲིབ་པའི་ཕྱིར་ཡིན་གྱི་ནམ་མཁའ་མེད་པའི་ཕྱིར་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང༌། ཀྱེ་གཽ་ཏ་མ་ས་ཅི་ལ་བརྟེན་ལགས། ཀྱེ་བྲམ་ཟེ་ས་ནི་ཆུ་ལ་བརྟེན་ཏོ། །ཀྱེ་གཽ་ཏ་མ་ཆུ་ཅི་ལ་བརྟེན་ལགས། བྲམ་ཟེ་ཆུ་ནི་རླུང་ལ་བརྟེན་ཏོ། །ཀྱེ་གཽ་ཏ་མ་རླུང་ནི་ཅི་ལ་བརྟེན་ལགས། །བྲམ་ཟེ་རླུང་ནི་ནམ་མཁའ་ལ་བརྟེན་ཏོ། །ཀྱེ་གཽ་ཏ་མ་ནམ་མཁའ་ཅི་ལ་བརྟེན་ལགས། བྲམ་ཟེ་ཧ་ཅང་ཐལ་ཏེ་བྲམ་ཟེ་ནམ་མཁའ་ནི་རྟེན་མེད་པར་སྣང་བ་མེད་པ་དམིགས་པ་མེད་པའོ་ཞེས་བྱ་བ་རྒྱས་པར་གསུངས་ཏེ། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་ལྟ་བས་ན་ནམ་མཁའ་ཡོད་དོ་ཞེས་
ཟེར་རོ། །གང་འབྲལ་བའོ་ཞེས་ཁྱད་པར་དུ་བྱས་པའི་ཕྱིར་མི་རྟག་པ་ཉིད་ཀྱིས་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོགས་པ་བསལ་བ་ཡིན་ཏེ། འགོག་པ་དེ་དག་ནི་འབྲལ་བའི་མཚན་ཉིད་ཙམ་མ་ཡིན་ནོ། །མི་ལྡན་པ་ནི་འབྲལ་བ་ཡིན་ཏེ། ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ལྡན་པར་འགྱུར་བ་ངེས་པར་འགོག་པར་གྱུར་པའི་ཆོས་གང་ཡིན་པ་དེ་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ནོ། །སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་ཞེས་ཁྱད་པར་དུ་སྨོས་པའི་ཕྱིར་སོ་སོར་བརྟགས་པ་ནི་ཟག་པ་མེད་པའི་ཤེས་རབ་ཁོ་ན་ཡིན་པར་གཟུང་སྟེ་འཇིག་རྟེན་པའི་ཤེས་རབ་ནི་སྡུག་བསྔལ་གྱི་བདེན་པ་ལ་སོགས་པའི་རྣམ་པ་ཅན་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ས་གོང་མ་དང་འོག་མ་ལ་ཞི་བ་ལ་སོགས་པ་དང་རགས་པའི་རྣམ་པ་ཅན་ཡིན་ནོ། །ཤེས་རབ་ཀྱི་བྱེ་བྲག་གོ་ཞེས་བྱ་བ་ལ་བྱེ་བྲག་སྨོས་པ་ནི་ཉོན་མོངས་པ་སྤོང་བ་བར་ཆད་མེད་པའི་ལམ་གྱི་ཤེས་རབ་ཡིན་པར་བཟུང་བའི་ཕྱིར་རོ། །ཤེས་རབ་ཀྱི་བྱེ་བྲག་དེས་ཐོབ་པར་བྱ་བའི་འགོག་པ་ནི་སོ་སོར་བརྟགས་པས་འགོག་པ་སྟེ། དཔེར་ན་ལོ་མ་ལ་དགའ་བའི་རྒྱལ་པོ་ལ་ལོ་མའི་རྒྱལ་པོ་ཞེས་བྱ་བ་དང་འདྲ་བར་ཚིག་བར་མ་མི་མངོན་པར་བྱས་པའི་ཕྱིར་རོ། །གལ་ཏེ་སོ་སོར་བརྟགས་པས་འགོག་པ་ཟག་པ་མེད་པའི་ཤེས་རབ་ཁོ་ན་ཡིན་པར་བཟུང་ནས། འཇིག་རྟེན་པའི་ལམ་གྱིས་ཐོབ་པར་བྱ་བའི་འགོག་པ་མ་བསྡུས་པས་མ་ཁྱབ་པའི་མཚན་ཉིད་དུ་འགྱུར་རོ་ཞེ་ན། མ་ཁྱབ་པ་མ་ཡིན་ཏེ་ཟག་པ་མེད་པའི་ཤེས་རབ་ཀྱིས་ནི་ཟག་པ་དང་བཅས་པའི་དངོས་པོ་ཁམས་གསུམ་པ་ཐམས་ཅད་ཀྱིས་འགོག་པ་ཐོབ་པོ། །འཇིག་རྟེན་པའི་ཤེས་རབ་འབའ་ཞིག་གིས་འཐོབ་པར་འགྱུར་གྱི་ཟག་པ་མེད་པས་མ་ཡིན་པའི་འགོག་པ་གང་ཡིན་པ་དེ་ནི་མེད་ན་འཇིག་རྟེན་པའི་ཤེས་རབ་ཅི་དགོས་ཏེ། འགོག་པ་འགའ་ཞིག་འཇིག་རྟེན་པའི་ལམ་གྱིས་འཐོབ་པ་གང་མིན་པ་དེ་ནི་དེ་ཉིད་འཇིག་རྟེན་ལས་འདས་པས་འཐོབ་པས། དེ་ལ་འཇིག་རྟེན་ལས་འདས་པ་ཁོ་ན་ཤེས་རབ་ཡིན་གྱི་འཇིག་རྟེན་པ་ནི་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་སོ་སོར་བཏགས་པས་འགོག་པ་ནི་བདེན་པ་བཞི་བསྟན་
པར་བསྟན་པའི་ཕྱིར་རྫས་སུ་ཡོད་པ་ཡིན་ཏེ། ལམ་གྱི་བདེན་པ་བཞིན་ནོ་ཞེས་ཟེར་རོ། །སོ་སོ་སོ་སོ་ཡིན་ན། ཞེས་བྱ་བ་ནི་ཐ་དད་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །ལྡན་པའི་རྫས་རྣམས་ཇི་སྙེད་པ། །ཞེས་བྱ་བ་ནི་ལྡན་པ་ནི་ལྡན་པ་སྟེ་ལྡན་པར་བྱེད་པའི་རྫས་རྣམས་སོ། །རྣམ་པ་གཅིག་ཏུ་ན་དེ་དག་ལ་ཀུན་ཏུ་སྦྱོར་བས་ན་ལྡན་པ་དག་གོ །དེ་དག་ནི་ལྡན་པ་ཡང་ཡིན་ལ་རྫས་ཀྱང་ཡིན་པས་ལྡན་པའི་རྫས་ཏེ་ཟག་པ་དང་བཅས་པའི་རྫས་དག་ཅེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་ཀྱིས་ཀྱང་ཟག་པ་དང་བཅས་པའི་རྫས་ནི་འགྱིང་ཕུར་ལྟ་བུའོ། །ཀུན་ཏུ་སྦྱོར་བ་ནི་ཐག་པ་ལྟ་བུའོ། །གང་ཟག་ནི་གླང་པོ་ལྟ་བུའོ་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ཞེས་བྱ་བ་ནི་གལ་ཏེ་གཅིག་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ །ཉོན་མོངས་པ་ཐམས་ཅད་འགོག་པ་མངོན་སུམ་དུ་བྱེད་པར་ཞེས་བྱ་བ་ནི་ཀུན་འབྱུང་བ་ལ་སོགས་པ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་འགོག་པ་ཐོབ་པར་ཞེས་བྱ་བའི་ཐ་ཚིག་གོ །ལྷག་མའི་གཉེན་པོ་བསྒོམ་པ་དོན་མེད་པར་འགྱུར་རོ་ཞེས་བྱ་བ་ནི་ཉོན་མོངས་པ་ལྷག་མ་ཀུན་འབྱུང་བ་ལ་སོགས་པ་མཐོང་བ་བསྒོམ་པས་སྤང་བར་བྱ་བའི་བདག་ཉིད་ཀྱི་གཉེན་པོ་ལམ་བསྐྱེད་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ ། འོ་ན་འགོག་པ་ནི་འདྲ་བ་མ་ཡིན་ནོ་ཞེས་བཤད་པ་ཞེས་བྱ་བ་གང་ལས་བཤད་ཅེ་ན། མདོ་ལས། འཕགས་མ་ཅི་འགོག་པ་འདྲ་བར་ལགས་སམ། ཚེ་དང་ལྡན་པ་ས་ག་འདྲ་བ་མ་ཡིན་ནོ་ཞེས་སྔོན་གྱི་ཁྱོ་ཁྱིམ་བདག་ས་གས་དྲིས་བ་དང༌། དགེ་སློང་མ་ཆོས་བྱིན་གྱིས་བཤད་དེ་འགོག་པ་ནི་འདྲ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་དག་པར་བརྟགས་ནས་འདིའི་དོན་ཇི་ལྟ་བུ་ཡིན་ཞེས་འདྲི་སྟེ་ཕ་རོལ་པོའི་བསམ་པ་ནི་མང་པོ་ཉིད་གཅིག་ཡིན་ན་ནི་འདྲ་བར་འགྱུར་རོ་སྙམ་པ་ཡིན་ནོ། །འདིའི་འདྲ་བའི་རྒྱུ་གང་ཡང་མ་ཡིན་ཞེས་བྱ་བ་ནི་འདྲ་བའི་རྒྱུ་དང་འདྲ་བ་ཞེས་བྱ་བ་ནི་དོན་གཅིག་སྟེ། རྒྱུའི་སྒྲ་མི་མངོན་པར་བྱས་པའི་ཕྱིར་རོ། །ཚིག་དག་ལ་ཡང་ཚིག་གི་ཕྱོགས་གཅིག་སྦྱོར་བ་དང༌། ངག་དག་ལ་ཡང་ངག་གི་ཕྱོགས་གཅིག་སྦྱོར་བ་སྣང་སྟེ། དཔེར་ན་བདེན་ཁྲོ་ལ་ཁྲོ་བ་ཞེས་བྱ་བ་དང༌། ལྷས་བྱིན་ལ་བྱིན་ཞེས་བྱ་བ་དང༌། ཟན་ལ་ནང་དུ་ཞུགས་སྐྱོ་
མ་ལ་ནང་དུ་ཞུགས་ཞེས་བྱ་བ་ལྟ་བུའོ། །སོ་སོར་བརྟགས་པས་འགོག་པ་ནི་རྟག་པ་ཡིན་ལ་དེ་ལ་འདྲ་བའི་རྒྱུ་ཅི་ཞིག་དགོས་ཏེ་དེ་ལྟ་བས་ན་འདྲ་བའི་རྒྱུ་མེད་པས་ན་འདྲ་བའི་རྒྱུ་མ་ཡིན་ཏེ། འདི་ལ་འདྲ་བའི་རྒྱུ་མེད་པས་འདྲ་བའི་རྒྱུ་མ་ཡིན་པའོ་ཞེས་འབྲུ་མང་པོ་པར་ཚིག་བསྡུའོ། །འདི་ཡང་གང་གི་འདྲ་བའི་རྒྱུ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་སོ་སོར་བརྟགས་པས་འགོག་པ་འདི་ཡང་ཆོས་གཞན་གང་གི་ཡང་འདྲ་བའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་སྐབས་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན་འདུས་བྱས་ཁོ་ན་འདྲ་བའི་རྒྱུ་ཡིན་པར་འདོད་པའི་ཕྱིར་རོ། །འདི་ལ་འདྲ་བ་གང་ཡང་མེད་དོ་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འགོག་པ་ལ་འགོག་པ་འདྲ་བ་གཞན་འགའ་ཡང་མེད་དོ་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་ལ་གཏན་དུ་བགེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། །ཞེས་བྱ་བ་ནི་མ་འོངས་པའི་ཆོས་རྣམས་སྐྱེ་བ་ལ་གཏན་དུ་བགེགས་བྱེད་པ་ནི་ཤིན་ཏུ་བགེགས་བྱེད་པ་སྟེ། གཏན་དུ་ངེས་པར་འགོག་པའོ། །གཞན་ཞེས་བྱ་བ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ་དེ་ནི་སོ་སོར་བརྟགས་པས་འགོག་པ་བཤད་མ་ཐག་པ་ལས་གཞན་ཡིན་ནོ། །སོ་སོར་བརྟགས་མིན་པས་ཞེས་བྱ་བ་ལ་མིན་ཞེས་བྱ་བ་ནི་འདི་ནི་མེད་པར་དགག་པ་སྟེ། སོ་སོར་བརྟགས་པ་མེད་པས་ཐོབ་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་མ་ཡིན་པར་དགག་པ་སྟེ་སོ་སོར་བརྟགས་པ་གཞན་པ་རྐྱེན་མ་ཚང་བ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པ་ཡིན་ལ་དེས་ཐོབ་པར་བྱ་བའི་འགོག་པ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ། བར་གྱི་ཚིག་མི་མངོན་པར་བྱ་བའི་ཕྱིར་རོ། །འདི་ནི་རིགས་པ་མ་ཡིན་ཏེ་རྐྱེན་མ་ཚང་བ་ནི་མེད་པ་ཡིན་ན་ཇི་ལྟར་མེད་པས་འགོག་པ་དེ་འཐོབ་པར་འགྱུར་ཞེ་ན། ཉེ་བར་བརྟགས་པ་ཡིན་པའི་ཕྱིར། འདི་ནི་ཉེས་པ་མེད་དོ། །རྣམ་པ་གཅིག་ཏུ་ན་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱ་བ་ནི་སོ་སོར་བརྟགས་པས་འགོག་པ་མ་ཡིན་པ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ། འདི་སོ་སོར་བརྟགས་པས་འགོག་པ་ལས་གཞན་ཉིད་ཙམ་ཡིན་པར་བརྗོད་ཀྱི། རྐྱེན་མ་ཚང་བ་ལ་བྱེད་པ་པོ་ཡོད་པ་ནི་མ་ཡིན་ནོ། །སྐྱེ་ལ་ཞེས་སྨོས་པ་ནི་མི་རྟག་པ་ཉིད་
ཀྱི་འགོག་པ་བསལ་བའི་ཕྱིར་ཏེ། མི་རྟག་པ་ཉིད་ཀྱི་འགོག་པ་ནི་ཆོས་གནས་པ་ལ་ཤིན་ཏུ་གེགས་བྱེད་པ་ཡིན་གྱི་ཆོས་སྐྱེ་བ་ལ་ནི་མ་ཡིན་ནོ། །གཏན་དུ་ཞེས་བྱ་བ་སྨོས་པ་ནི་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་པ་མེད་པ་བསལ་བའི་ཕྱིར་ཏེ། དེ་དག་ཀྱང་སེམས་དང་སེམས་ལས་བྱུང་བ་མ་འོངས་པ་རྣམས་སྐྱེ་བ་ལ་གེགས་བྱེད་པ་ནི་ཡིན་མོད་ཀྱི་བགེགས་བྱེད་པའི་དངོས་པོ་དུས་རེ་ཞིག་པ་ཡིན་པས་ཕྱིར་གཏན་དུ་ནི་མ་ཡིན་ནོ། །དཔེར་ན་མིག་དང་ཡིད་གཟུགས་གཅིག་ལ་ཡེངས་པའི་ཞེས་བྱ་བ་ལ་དཔེར་ན་ཞེས་བྱ་བ་ནི་དཔེར་བརྗོད་པ་སྟེ། གང་ལ་འདིར་གཟུགས་སྔོན་པོ་གཅིག་ལ་མིག་དང་ཡིད་ཡེངས་པ་ཡོད་པ་ནི་མིག་དང་གཟུགས་གཅིག་ལ་ཡེངས་པའོ། །དེའི་གཟུང་བར་བྱ་བའི་གཟུགས་གཞན་ཁ་དོག་གིས་གཟུགས་སྔོན་པོ་ལས་གཞན་པའི་བྱེ་བྲག་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་དང༌། དབྱིབས་ཀྱི་གཟུགས་དག་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་གང་ཡིན་པ་ཐམས་ཅད་འདས་པར་འགྱུར་ཞིང་ད་ལྟར་བྱུང་བའི་དུས་ལས་འདའ་བར་འགྱུར་ཏེ། འདས་པའི་དུས་སུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་ལ་དམིགས་པའི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་ཡང་སྐྱེ་བར་མི་ནུས་ཏེ་ཞེས་བྱ་བ་ནི་གང་དག་ལ་དམིགས་པའི་བྱེ་བྲག་སྔོན་པོའི་བྱེ་བྲག་ལ་སོགས་པ་བཤད་མ་ཐག་པ་དེ་དག་ཡོད་པ་ནི་དེ་དག་ལ་ནི་དམིགས་པ་སྟེ་གང་དག་ཅེ་ན། རྣམ་པར་ཤེས་པའི་ཚོགས་ལྔའོ། །དེ་དག་སྐྱེ་བར་མི་ནུས་ཏེ་ཞེས་བྱ་བ་འདི་ནི་ངོ་བོ་སྒྲུབ་པ་ཡིན་ནོ། དེ་དག་འདས་པའི་ཡུལ་ལ་དམིགས་པའི་མཐུ་མེད་པའི་ཕྱིར་རོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དེ་དག་རང་གི་དམིགས་པ་ཡིན་ཡང་འདས་པའི་ཡུལ་ལ་འཛིན་པར་མི་ནུས་ཏེ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་ད་ལྟར་གྱི་ལ་དམིགས་པའི་ཚོགས་སོ། །ཇི་སྟེ་ཅིའི་ཕྱིར་སྔོན་པོའི་བྱེ་བྲག་ལ་སོགས་པ་ད་ལྟར་གྱི་ལ་དམིགས་ནས་ད་མི་སྐྱེ་ཞེ་ན། ཆོས་ཐམས་ཅད་ནི་རྒྱུ་དང་འབྲས་བུ་དང་རྟེན་དང་དམིགས་པ་དང་གཞི་ཅན་ལ་དམིགས་པའི་ཕྱིར་དེ་ལྟར་ན་སྐྱེ་བ་ནི་མི་ནུས་ཏེ། རྣམ་པར་ཤེས་པ་གང་གིས་དམིགས་པ་ཡིན་པ་དེ་ཉིད་
དེའི་དམིགས་པ་ཡིན་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟ་བས་ན་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དེ་དག་དམིགས་པའི་རྐྱེན་མ་ཚང་བའི་ཕྱིར་ཡང་མི་སྐྱེའོ། །དེའི་ཕྱིར། དེ་དག་གི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དེ་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དེ་དག་གིས་དམིགས་པའི་རྐྱན་མ་ཚང་བའི་ཕྱིར། རྐྱེན་མ་ཚང་བས་འཐོབ་སྟེ་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་ན། རྐྱེན་བཞི་པོ་རྒྱུ་དང་མཚུངས་པ་དེ་མ་ཐག་པ་དང་དམིགས་པ་དང་བདག་པོའི་རྐྱེན་དག་ཁོ་ནས་སྐྱེ་བར་འགྱུར་གྱི་དེ་དག་ལས་གང་ཡང་རུང་བ་ཞིག་མ་ཚང་ན་ཡང་མི་སྐྱེའོ། །གཞན་དག་ན་རེ་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཚང་བའི་ཕྱིར་ཏེ་དེའི་ཕྱིར། །མཚུངས་པ་དེ་མ་ཐག་པའི་རྐྱེན་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་ནི། །སྔོན་པོའི་རྣམ་པར་ཤེས་པ་དེ་གཅིག་པུ་ཁོ་ན་སྐྱེའི་གོ་འབྱེད་ཀྱི་རྣམ་པར་ཤེས་པ་གཉིས་ཅིག་ཅར་དུ་སྐྱེ་མི་སྲིད་པའི་ཕྱིར་སྔོན་པོའི་བྱེ་བྲག་ལ་སོགས་པའི་རྣམ་པར་ཤེས་པ་གཞན་དག་གི་ནི་མ་ཡིན་ནོ་ཞེས་ཟེར་རོ། །འདིར་ནི་དཔེར་བརྗོད་པ་ཙམ་དུ་ཟད་ཀྱི་དེ་བཞིན་དུ་བཟོད་པ་འཐོབ་པ་ལ་སོགས་པའི་ངན་སོང་བའི་ཕུང་པོ་མ་འོངས་པ་རྣམས་ཀྱང་དེ་དག་སྐྱེ་བ་དང་འགལ་བའི་རྐྱེན་མངོན་སུམ་དུ་གྱུར་ན། རྐྱེན་མ་ཚང་བས་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པོ་ཞེས་དཔེར་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཁོ་ན་ལས་དགོངས་ནས་གང་ཟག་རྒྱུན་དུ་ཞུགས་བའི་དབང་དུ་མཛད་དེ། འདིའི་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་དག་འགགས་སོ་ཞེས་གསུངས་སོ། །དེ་ལྟ་བས་ན་སོ་སོར་བརྟགས་པ་མེད་པར་རྐྱེན་མ་ཚང་བའི་ཕྱིར་མ་འོངས་པའི་ཆོས་དེ་ལྟ་བུ་དག་སྐྱེ་བ་ལ་ངེས་པར་འགོག་པར་གྱུར་པ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཡང་དེ་དང་འདྲ་བའི་རྐྱེན་ཉེ་བར་གྱུར་ན་དེ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རྐྱེན་མ་ཚང་བ་ཙམ་གྱིས་ནི་དེ་གཏན་དུ་མི་སྐྱེ་བར་འཐད་པ་མ་ཡིན་ཏེ། དེའི་ཚེ་དེ་སྐྱེ་བ་ལ་སུ་ཞིག་གེགས་བྱེད་པར་འགྱུར་ཞེས་ཟེར་རོ། །འདིར་མུ་
བཞིར་འགྱུར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་སོ་སོར་བརྟགས་པ་དང༌། སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་མཚན་ཉིད་བསྟན་པ་ལ་དྲི་བ་དང་ལན་གདབ་པ་རྣམ་པ་བཞི་ཅིའི་ཕྱིར་བསྟན་ཅེ་ན། བྱེ་བྲག་ཏུ་ཤེས་པར་བྱ་བའི་ཕྱིར་རོ། །འདི་ལྟ་སྟེ། ཟག་པ་དང་བཅས་པ་འདས་པ་དང་ད་ལྟར་བྱུང་བ་དང་འབྱུང་བའི་ཆོས་ཅན་རྣམས་ཀྱི་ལྟ་བུའོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་ཡིན་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་ཁོ་ན་འཐོབ་ཀྱི། །འདས་པ་དང་ད་ལྟར་བྱུང་བ་རྣམས་ནི་སྐྱེས་ཟིན་པའི་ཕྱིར་ལ་བྱུང་བའི་ཆོས་ཅན་རྣམས་ཀྱང་གདོན་མི་ཟ་བར་འབྱུང་བའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ནི་མི་འཐོབ་སྟེ། སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་མཚན་ཉིད་ནི་སྐྱེ་བ་ལ་གཏན་དུ་བགེགས་བྱེད་པ་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ། ཟག་པ་མེད་པའི་འདུས་བྱས་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱི་ལྟ་བུའོ་ཞེས་བྱ་བ་ནི་འདི་དག་སྐྱེ་བའི་ཆོས་ཅན་ཉིད་ཡིན་ཏེ། དེའི་ཕྱིར་དེ་དག་གི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ནི་མི་འཐོབ་སྟེ། སོ་སོར་བརྟགས་པས་འགོག་པའི་མཚན་ཉིད་ནི་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ། ཟག་པ་ཟད་པ་མེད་པའི་འདུས་བྱས་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱི་ལྟ་བུའོ་ཞེས་བྱ་བ་ནི་འདི་དག་སྐྱེ་བ་ལ་ཤིན་ཏུ་བགེགས་སུ་གྱུར་པའི་ཕྱིར་མི་སྐྱེ་བའི་ཆོས་ཅན་ཉིད་ཡིན་ཏེ་དེའི་ཕྱིར་དེ་དག་གི་སོ་སོར་བརྟགས་པས་འགོག་པ་འཐོབ་པོ། །དད་པས་རྗེས་སུ་འབྲང་བའི་ལམ་ས་དྲུག་པོ་མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་དང་བསམ་གཏན་གྱི་ས་པ་རྣམས་ལས་གང་ཡང་རུང་བ་ཞིག་མངོན་དུ་གྱུར་ན་ལྷག་མ་ལྔའི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་འཐོབ་བོ། །ཟག་པ་མེད་པ་ཡིན་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་ནི་མ་ཡིན་ཏེ། ཉེས་པ་མེད་པ་ནི་སྤང་བར་འོས་པ་མ་ཡིན་ནོ། །མི་སྐྱེ་བའི་ཆོས་ཅན་ཞེས་བྱ་བ་སྨོས་པ་ནི་འདས་པ་དང་ད་ལྟར་བྱུང་བ་དང་འབྱུང་བའི་ཆོས་ཅན་བསལ་བའི་ཕྱིར་རོ། །ཟག་པ་མེད་པ་ཞེས་སྨོས་པ་ནི་ཟག་པ་དང་བཅས་པ་བསལ་བའི་ཕྱིར་རོ། །འདུས་བྱས་ཞེས་སྨོས་པ་ནི་འདུས་མ་བྱས་བསལ་བའི་ཕྱིར་རོ། །འདུས་མ་བྱས་ཀྱང་ངོ་བོ་ཉིད་ཀྱི་
མི་སྐྱེ་བའི་ཆོས་ཅན་ཡིན་པས། དེའི་ཕྱིར་དེར་ཐལ་དུ་འགྱུར་དུ་འོང་བ་དེ་སྐད་ཅེས་ཁྱད་པར་དུ་བྱས་སོ། །ཁ་ཅིག་ནི་འདི་སྐད་དུ་འདི་ལྟ་སྟེ་ཟག་པ་མེད་པ་ནི་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱི་ལྟ་བུའོ་ཞེས་འདོན་ཏེ། དེ་དག་གི་ལྟར་ན་ཇི་ལྟར་འདུས་མ་བྱས་རྣམས་བསྡུས་པར་ཐལ་བར་མི་འགྱུར་ཞེ་ན་མི་འགྱུར་ཏེ། ཆོས་གང་དག་ལ་སོ་སོར་བརྟགས་པས་འགོག་པའམ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྲིད་པ་དེ་དག་གི་སྐབས་ཡིན་ནོ། །འདུས་མ་བྱས་རྣམས་ལ་ནི་འགོག་པ་དེ་དག་མི་སྲིད་དེ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ནི་སྐྱེ་བ་ལ་གཏན་དུ་བགེགས་བྱེད་པ་ཡིན་ན། འདུས་མ་བྱས་རྣམས་ལ་ཡང་སྐྱེ་བ་མེད་དོ། །གཞན་ཡང་མི་སྐྱེ་བའི་ཆོས་ཅན་རྣམས་ཞེས་བྱ་བ་ནི་མ་ཡིན་པར་དགག་པར་ཚིག་བསྡུ་སྟེ་སྐྱེ་བའི་ཆོས་ཅན་དག་ལས་གཞན་པའི་ཆོས་དེ་དང་འདྲ་བ་གང་ཡིན་པ་དེ་དག་ནི་མི་སྐྱེ་བའི་ཆོས་ཅན་རྣམས་སོ། །དེ་དང་འདྲ་བ་དག་ཀྱང་གང་ཞེ་ན་འདུས་བྱས་དག་ཁོ་ན་ཡིན་གྱི་འདུས་མ་བྱས་ནི་མ་ཡིན་པས་འདུས་མ་བྱས་པ་རྣམས་ལ་ཐར་པར་མི་འགྱུར་རོ་ཞེས་ཟེར་རོ། །གང་དག་གི་གཉི་ག་འཐོབ་པ་ཡང་ཡོད་དེ་ཞེས་བྱ་བ་ནི་སོ་སོར་བརྟགས་པས་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །འདི་ལྟ་སྟེ་ཟག་པ་དང་བཅས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་དག་ཟག་པ་དང་བཅས་པ་ཡིན་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་ཐོབ་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཡང་འཐོབ་བོ། །འདི་དག་ནི་ནམ་ཡང་རུང་བ་ན་འཐོབ་པར་འདོད་ཀྱི་འདི་དག་གདོན་མི་ཟ་བར་ཅིག་ཅར་འཐོབ་པ་ནི་མ་ཡིན་ནོ། །ཁ་ཅིག་ནི་སྔར་སོ་སོར་བརྟགས་པས་འགོག་པ་འཐོབ་ལ་ཕྱིས་སོ་སོར་བརྟགས་པ་མ་ཡིན་པས་འཐོབ་སྟེ། དཔེར་ན་དགྲ་བཅོམ་པ་གཟུགས་གཅིག་ལ་མིག་དང་ཡིད་ཡེངས་པའི་དེ་ལས་གཞན་པའི་གཟུགས་ལ་སོགས་པ་ལ་དམིགས་པའི་རྣམ་པར་ཤེས་པའི་ཚོགས་ལྔའི་ལྟ་བུའོ། །ཁ་ཅིག་ནི་སྔར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་འཐོབ་ལ་ཕྱིས་སོ་སོར་བརྟགས་པས་འགོག་པ་འཐོབ་སྟེ། དཔེར་ན་བཟོད་པ་ཐོབ་པའི་ངན་སོང་གི་འགྲོ་བ་
རྣམས་ལྟ་བུའོ། །ཁ་ཅིག་ནི་ཅིག་ཅར་ཏེ་དཔེར་ན་མཐོང་བས་ཐོབ་པའི་ཉོན་མོངས་པ་ཆེན་པོའི་ཡང་ཆེན་པོའི་གཉེན་པོ་སྐྱེས་ན་ཉོན་མོངས་པ་ཆེན་པོ་མ་འོངས་པ་དེ་དག་གིས་སོ་སོར་བརྟགས་པས་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཅིག་ཅར་འཐོབ་བོ། །དེ་བཞིན་དུ་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་རོ། །འདི་ལྟ་སྟེ་ཟག་པ་མེད་པ་འདས་པ་དང་ད་ལྟར་བྱུང་བ་དང་འབྱུང་བའི་ཆོས་ཅན་རྣམས་ཀྱི་ལྟ་བུའོ་ཞེས་བྱ་བ་ནི་འདས་པ་ལ་སོགས་པ་འདི་དག་སྐྱེ་བ་ལ་བགེགས་བྱ་བར་མི་ནུས་པའི་ཕྱིར་རོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་མི་འཐོབ་བོ། །འདི་དག་ཟག་པ་མེད་པ་ཡིན་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་ཡང་མི་འཐོབ་བོ། །འདུས་མ་བྱས་རྣམས་ལ་ནི་སྐྱེ་བ་མེད་པའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་མེད་དེ། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ནི་སྐྱེ་བ་ལ་གཏན་དུ་བགེགས་བྱེད་པ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །ཟག་པ་མེད་པ་ཡིན་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་ཡང་མེད་དོ། །དེ་ལྟར་འདུས་མ་བྱས་ནི་བརྗོད་པར་བྱ་བ་ཉུང་བའི་ཕྱིར་དེ་དྲི་བ་དག་ཡོངས་སུ་རྫོགས་པར་བྱས་ཏེ་འདུས་བྱས་རྣམས་བསྟན་པར་འདོད་ནས། ལམ་མ་གཏོགས་པས་འདུས་བྱས་རྣམས། ཟག་བཅས་ཞེས་གང་སྨྲས་པའི་འདུས་བྱས་དེ་དག་གང་ཞེ་ན་ཞེས་བྱ་བ་གླེང་སློང་བ་བརྗོད་དོ། །འདུས་བྱས་ཆོས་རྣམས་དེ་དག་ཡང༌། །ཞེས་བྱ་བ་ལ་ཡང་ཞེས་བྱ་བའི་སྒྲ་ནི་གོང་དུ། ཟག་བཅས་ཟག་པ་མེད་ཅེས་རབ་ཏུ་དབྱེ་བ་བཤད་ཟིན་ཏེ་འདི་ནི་ཡང་རབ་ཏུ་དབྱེ་བ་ཡིན་ནོ་ཞེས་རབ་ཏུ་དབྱེ་བ་གཞན་རབ་ཏུ་བསྟན་པའི་ཕྱིར་རོ། །འདུས་མ་བྱས་བསྟན་པས་བར་དུ་ཆོད་པའི་ཕྱིར་ཡང༌། འདུས་བྱས་ཞེས་བྱ་བ་སྨོས་པ་ནི་འདུས་མ་བྱས་བསལ་བའི་ཕྱིར་རོ། །དེ་དག་ཅེས་བྱ་བའི་སྐབས་སུ་བབ་པ་གོང་མ་དང་སྦྱར་རོ། །སྐབས་སུ་བབ་པ་གོང་མ་ཡང་གང་དག་ཅེ་ན་ཟག་པ་དང་བཅས་པ་གཏོགས་པ་གང་དག་ཡིན་པ་དང༌། མ་གཏོགས་པ་ལམ་གྱི་བདེན་པ་གང་དག་ཡིན་པ་གཉིས་དང་སྦྱར་རོ། །ཇི་ལྟར་ཤེས་ཤེ་ན། གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོ་འང་དེ་དག་ཅེས། ཟག་པ་མེད་པ་དང་ལས་ཟག་པ་དང་བཅས་པ་དག་འབྱུང་བའི་ཕྱིར་
རོ། །གཟུགས་ལ་སོགས་པ་ཕུང་པོ་ལྔ་ནི་འོག་ནས་འབྱུང་བའི་མཚན་ཉིད་དོ། །འདི་དག་ནི་འདུས་བྱས་ཡིན་པར་བལྟ་སྟེ་འདི་དག་ཀྱང་ཕན་ཚུན་བསྡུས་པ་ཡིན་ནོ། །གཟུགས་ལ་སོགས་པ་ཞེས་སྨོས་པ་ནི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་བསལ་བའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཞེས་བྱ་བའི་ཕུང་པོ་གཞན་དག་ཀྱང་ཡོད་པས་སོ། །ཕུང་པོ་ཞེས་སྨོས་པ་ནི་གཟུགས་ལ་སོགས་པའི་ཡུལ་བསལ་བའི་ཕྱིར་རོ། །འདུས་ཤིང་ཕྲད་ནས་ཞེས་བྱ་བ་འདི་དག་ནི་རྣམ་གྲངས་ཡིན་ནོ། །རྣམ་པ་གཅིག་ཏུ་ན་འདུས་ཤིང་ཞེས་བྱ་བ་ནི་ཕྲད་ནས་ཏེ་ཕན་ཚུན་ལྟོས་ནས་ཞེས་བྱ་བའི་ཐ་ཚིག་གོ །ཕྲད་ནས་ཞེས་བྱ་བ་ནི་ཡང་དག་པར་བསྐྱེད་ནས་ཏེ་ཕྲད་ཅེས་བྱ་བའི་སྒྲའི་དོན་ནི་དེ་ལྟ་བུར་སྟོན་ཏོ། །རྐྱེན་གཅིག་གིས་བསྐྱེད་པ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་ནི་རྐྱེན་ནང་ན་ཉུང་ཡང་རྐྱེན་གཉིས་གདོན་མི་ཟ་བར་ཡོད་དེ། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་འབྱུང་བའི་ཕྱིར་རོ། །འོ་མ་བཞིན་ནོ་ཞེས་བྱ་བ་ནི་འདུས་བྱས་ཞེས་བྱ་བའི་སྒྲ་མཐར་ཕྱིན་པ་ཡིན་པའི་ཕྱིར་མཐར་ཕྱིན་པའི་སྒྲ་ཉིད་ཀྱིས་དཔེར་སྟོན་པར་བྱེད་དེ། འོ་མ་བཞིན་ཞེས་བྱ་བ་ནི་འོ་མ་ཞེས་བྱ་བ་ནུ་མ་ལས་བྱུང་བའི་འོ་མ་གང་ཡིན་པ་དེ་འོ་མ་ཞེས་བྱ་བར་རིགས་ཀྱི་འབྱིན་པར་འགྱུར་བ་གང་ཡིན་པ་དང་འབྱིན་པར་མི་འགྱུར་བ་བཞིན་ཉིད་ལ་འདུག་པ་གང་ཡིན་པ་དེ་ནི་འོ་མ་ཞེས་བྱ་བ་ཉིད་དུ་ཡང་མི་འགྱུར་བ་ཞིག་ན་འཇིག་རྟེན་ན་འོ་མ་ཞེས་ཀྱང་བརྗོད་དོ། །དེ་བཞིན་དུ་འདི་ལ་ཡང་དེ་དང་རིགས་མཐུན་ཞིང་རང་གི་མཚན་ཉིད་འདྲ་བའི་ཕྱིར་མ་འོངས་པ་སྐྱེ་བར་འགྱུར་བའི་ཆོས་ཅན་འདུ་བྱེད་པར་འགྱུར་བ་གང་དག་ཡིན་པ་དང༌། སྐྱེ་བར་མི་འགྱུར་བའི་ཆོས་ཅན་འདུ་བྱེད་པར་མི་འགྱུར་བ་གང་དག་ཡིན་པ་དེ་དག་ཀྱང་འདུས་བྱས་ཞེས་བྱའོ། །དེ་དག་ཉིད་དུས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཆོས་མངོན་པ་ཐམས་ཅད་ཀྱི་མདོ་དོན་དང་མདོ་གཏན་
ལ་འབེབས་པ་དང་མདོ་རྣམ་པར་འཆད་པ་ཡིན་པས་འདིར་མདོ་ལས་གསུངས་པའི་དུས་ལ་སོགས་པ་ཕུང་པོའི་རྣམ་གྲངས་ཀྱི་ངོ་བོ་དག་བརྗོད་དོ། །སོང་བ་དང་འགྲོ་བ་དང་འགྲོ་བར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་དུས་ཞེས་བྱ་བའི་དོན་འདི་ནི་འཇིག་རྟེན་ན་གྲགས་པའི་ལམ་ལ་ལྟོས་ཏེ་རྣམ་པར་བཤད་པ་ཡིན་ཏེ། འདི་ལྟར་འཇིག་རྟེན་ལམ་འདི་གྲོང་དུ་སོང་ངོ་ལམ་འདི་འགྲོའོ་ལམ་འདི་འགྲོ་བར་འགྱུར་རོ་ཞེས་བརྗོད་པ་དེ་བཞིན་དུ་འདིར་ཡང་འདས་པ་གང་ཡིན་པ་ནི་སོང་བའི་དུས་ཡིན་ནོ། །ད་ལྟར་གང་ཡིན་པ་ནི་འགྲོ་བ་ཡིན་ནོ། །མ་འོངས་པ་གང་ཡིན་པ་ནི་འགྲོ་བར་འགྱུར་བ་ཡིན་ནོ། །མི་རྟག་པ་ཉིད་ཀྱིས་ཟ་བའི་ཕྱིར་ཞེས་བྱ་བ་ནི་དུས་རྣམས་སོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །མི་རྟག་པ་ཉིད་ཀྱིས་ཟ་ཞིང་འཇོམས་པས་ན་དུས་དག་གོ་ཞེས་བཅོམ་ལྡན་འདས་ཀྱིས་འདུས་བྱས་དག་ཉིད་དུས་ཀྱི་སྒྲར་བསྟན་ཏོ། །འདུས་བྱས་དེ་དག་ཉིད་བཅོམ་ལྡན་འདས་ཀྱིས་གཏམ་གྱི་གཞིའི་སྒྲར་ཡང་བསྟན་ཏེ། དགེ་སློང་དག་འཕགས་པ་རྣམས་གཏམ་བརྗོད་པ་ན་གང་དག་ལ་བརྟེན་ནས་གཏམ་བརྗོད་པའི་བྱེད་པའི་གཏམ་གྱི་གཞི་ནི་གསུམ་པོ་འདི་དག་ཡིན་ཏེ། བཞི་པ་ཡང་དེ་མེད་ལ་ལྔ་པ་ཡང་མེད་དོ། །གསུམ་གང་ཞེ་ན། གཏམ་གྱི་གཞི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའོ་ཞེས་གསུངས་སོ། །གཏམ་ནི་ངག་གོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཏམ་ནི་ངག་སྟེ་ཡི་གེའི་བདག་ཉིད་ཀྱི་སྒྲའོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་གཞི་ནི་མིང་སྟེ་ཞེས་བྱ་བ་ནི་ཡུལ་ཞེས་བྱ་བའི་ཐ་ཚིག་གོ །མིང་གི་བརྗོད་པར་བྱ་བ་ནི་དོན་ཡིན་ཏེ། འདི་ལྟར་ངག་ནི་མིང་ལ་འཇུག་གོ །མིང་གིས་ནི་དོན་རྗོད་པར་བྱེད་དོ་ཞེས་འབྱུང་ངོ༌། །གལ་ཏེ་གཏམ་གྱི་གཞི་མིང་ཁོ་ན་ཡིན་ན་མིང་ནི་འདུས་བྱས་ཀྱི་ཕུང་པོའི་ཕྱོགས་གཅིག་ཁོ་ན་ཡིན་ན་ཇི་ལྟར་འདུས་བྱས་དག་ཉིད་གཏམ་གྱི་གཞིའི་སྒྲར་བཤད་ཅེ་ན། དེའི་ཕྱིར། དོན་དང་བཅས་པའི་གཞི་སྨོས་པའི་ཕྱིར་ན་འདུས་བྱས་ནི་གཏམ་གྱི་གཞི་ཞེས་བྱའོ་ཞེས་བྱ་བ་སྨོས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་དོན་དང་བཅས་པའི་གཞི་མ་བཟུང་ན། རབ་ཏུ་བྱེད་པས་ལས་གཏམ་གྱི་གཞི་རྣམས་ནི་
ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ་ཞེས་འབྱུང་བའི་གཞུང་དང་འགལ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཡང་རིགས་པ་གང་གིས་དོན་དང་བཅས་པའི་གཞི་གཟུང་བར་བྱ་ཞེ་ན། གཏམ་གྱི་ཡུལ་ནི་མངོན་སུམ་དང་བརྒྱུད་པའི་སྒོ་ནས་རྣམ་པ་གཉིས་ཏེ་མངོན་སུམ་གྱི་ཡུལ་ནི་མིང་ངོ༌། །བརྒྱུད་པ་ནི་དོན་ཏོ། །དེ་ནི་རང་གི་ཡུལ་དུ་གྱུར་པ་མིང་གི་ཡུལ་ཡིན་པས། །དེའི་ཕྱིར་དེ་ཡང་ཡུལ་ཏུ་རྣམ་པར་གཞག་གོ །ཅིའི་ཕྱིར་འདུས་མ་བྱས་གཏམ་གྱི་གཞི་ཉིད་དུ་མ་བཤད་ཅེ་ན། དུས་སུ་གཏོགས་པའི་མིང་དང་དུས་སུ་མ་གཏོགས་པའི་དོན་ལྷན་ཅིག་འབྲེལ་པ་མེད་པའི་ཕྱིར་རོ། །ཡང་ན་གཞི་ཞེས་བྱ་བའི་སྒྲས་ནི་ཡུལ་དང་རྒྱུ་ཞེས་བྱ་བ་དོན་གཉིས་རྗོད་པར་བྱེད་པ་བསྡུས་པའི་ཕྱིར་གང་ཞིག་གཏམ་གྱི་ཡུལ་དང་རྒྱུ་དང་རྐྱེན་ཡིན་པ་དེ་ནི་གཏམ་གྱི་གཞི་ཡིན་ན་འདུས་མ་བྱས་གཏམ་གྱི་རྒྱུ་དང་རྐྱེན་མ་ཡིན་པས་གཏམ་གྱི་གཞི་མ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་འདུས་བྱས་ནི་འདས་པ་ལ་སོགས་པ་ཤིན་ཏུ་མང་བ་ཉིད་ཀྱིས་དེ་བཞིན་གཤེགས་པ་མར་མེ་མཛད་ནི་དེ་ལྟ་དེ་ལྟ་བུར་བྱུང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་བྱམས་པ་ནི་འདི་ལྟ་འདི་ལྟ་བུར་འབྱུང་བར་འགྱུར་རོ། །རྒྱལ་པོ་ཀ་པི་ན་ནི་འདི་ལྟ་འདི་ལྟ་བུར་འབྱུང་ངོ་ཞེས་བྱ་བར་རུང་བའི་ཕྱིར་རོ། །དེའི་ཕྱིར་འདུས་བྱས་དག་ཁོ་ན་གཏམ་གྱི་གཞི་ཉིད་དུ་བཤད་ཀྱིས་འདུས་མ་བྱས་ནི་མ་ཡིན་ནོ། །འདུས་བྱས་ཐམས་ཅད་ནི་མྱ་ངན་ལས་འདས་པའོ་ཞེས་བྱ་བ་ནི་ཕུང་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའོ། །གལ་ཏེ་དེ་ལྟ་ན་ཟག་པ་དང་ཅས་པ་ལ་དེ་ཡོད་པས་ཟག་པ་དང་བཅས་པ་ནི་ངེས་པར་འབྱུང་བ་དང་བཅས་པ་ཉིད་དུ་རུང་བར་འགྱུར་ན་ལམ་གྱི་བདེན་པ་ལ་གོ་ཇི་ལྟར་ཞེ་ན། ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུར་ཤེས་པ་རྣམས་ཀྱིས་ཆོས་རྣམས་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་རྣམས་ལྟ་ཅི་སྨོས་ཞེས་འབྱུང་བས་ལམ་གྱི་བདེན་པ་ལ་ཡང་ངེས་པར་འབྱུང་བ་རུང་བ་ཉིད་པས་འདུས་བྱས་ཐམས་ཅད་ངེས་འབྱུང་བ་དང་བཅས་པ་ཁོ་ན་ཡིན་ནོ། །གཞི་དང་བཅས་པ་ཞེས་བྱ་བ་ནི་འདི་ལ་སྔར་འབྲས་བུ་རྣམས་གནས་ལ་ཕྱིས་འབྱུང་བའི་ཕྱིར། གཞི་ནི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་དག་ལ་ཡོད་པས་གཞི་དང་བཅས་པའོ། །གསུང་རབ་ལས་ནི་གཞི་ཞེས་བྱ་བའི་སྒྲ་ངོ་བོ་ཉིད་
དང་དམིགས་པ་དང་ཀུན་ཏུ་སྦྱར་བར་བྱ་བ་དང་རྒྱུ་དང་ཡོངས་སུ་གཟུང་བ་དང་དན་ལྔ་ཡིན་པར་སྣང་སྟེ། རེ་ཞིག་ངོ་བོ་ཉིད་ནི་དེ་གཞི་གང་ཞིག་ཐོབ་པའི་གཞི་དེ་ཉིད་དང་ལྡན་ནོ་ཞེས་བྱ་བ་ངོ་བོ་ཉིད་དེ་དང་ཞེས་བྱ་བར་མངོན་ནོ། །དམིགས་པ་ནི་ཤེས་བྱའི་ཆོས་གང་དག་ཅེ་ན། སྨྲས་པ་ཐམས་ཅད་ཤེས་པས་གཞི་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དམིགས་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ །ཀུན་ཏུ་སྦྱར་བར་བྱ་བ་ལ་ནི་གཞི་གང་ཞིག་རྗེས་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ཡང་ལྡན་པ་དེ་ཁོང་ཁྲོ་བའི་ཀུན་དུ་སྦྱོར་བ་དང་ཡང་ལྡན་ནོ་ཞེས་བྱ་བ་ལྟ་བུ་ཡིན་ནོ། །རྒྱུ་ནི་གཞི་དང་བཅས་པའི་ཆོས་གང་དག་ཅེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་ལྟ་བུའོ། །ཡོངས་སུ་གཟུང་བ་ནི་ཞིང་གི་གཞི་དང་ཚོང་དུས་ཀྱི་གཞི་དང་ནོར་གྱི་གཞི་ཡོངས་སུ་གཟུང་བ་སྤོངས་ཏེ་དེ་ལས་ཕྱིར་བཟློག་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །འདིར་ནི་གཞི་ཞེས་བྱ་བའི་སྒྲ་རྒྱུ་ཡིན་པར་རིག་པར་བྱའོ། །རྒྱུའི་ཚིག་ཡིན་ལོ་ཞེས་བྱ་བ་ལ། ལོ་ཞེས་བྱ་བའི་སྒྲ་ནི་ཕ་རོལ་པོའི་གཞུང་ལུགས་སྟོན་པར་བྱེད་པ་སྟེ། འདི་རང་གི་གཞུང་ལུགས་ནི་འདུས་བྱས་རྣམས་ནི་གཞི་དང་བཅས་ཤིང་ངོ་བོ་ཉིད་དང་བཅས་པ་ཡིན་ལ་འདུས་མ་བྱས་རྣམས་ནི་བརྟགས་པའི་ཡོད་པ་ཡིན་པའི་ཕྱིར་གཞི་མེད་པ་ཡིན་ནོ་ཞེས་བྱ་བར་མངོན་ནོ། །ཡང་འདུས་བྱས་དེ་དག་ཉིད་ཅེས་བྱ་བ་ནི་གོང་དུ་ཟག་པ་དང་བཅས་པར་བཤད་པ་གང་ངག་ཡིན་པ་ཞེས་སྟོན་པར་བྱེད་དོ། །གང་དག་ཟག་བཅས་ཉེར་ལེན་པ། །ཕུང་པོ་འང་དེ་དག་ཅེས་བྱ་བ་འདིར། དེ་དག་གི་ནང་ནས་ཞེས་བྱ་བ་ཞིག་ཁོང་ནས་དབྱུང་ངོ༌། །ཅི་ཞིག་གྲུབ་པར་འགྱུར་ཞེས་བྱ་བ་ནི་དོན་ཡོད་ཀྱི་གོ་བ་གང་ཡིན་པ་དེ་དཔྱོད་པར་བྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལ་སོགས་པ་མདོ་དག་ལས་བཤད་པས། དེའི་ཕྱིར་འདིར་དེ་དག་རྣམ་པར་འཆད་པར་བྱེད་པ་སྟེ། འདི་སྐད་དུ་ཆོས་མངོན་པ་ཐམས་ཅད་ནི་མདོའི་དོན་ཞེས་བྱ་བ་རྒྱས་པར་འབྱུང་བས་སོ། །དེ་དག་ལས་བྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་དག་སྟེ་ཞེས་བྱ་བ་ནི་ཉེ་བར་ལེན་པ་ལས་བྱུང་བའི་ཕུང་པོ་དག་ནི་ཉེ་བར་ལེན་པའི་ཕུང་པོ་དག་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་དཔེར་ན་རྩྭ་ལས་བྱུང་བའི་མེ་ལ་རྩྭའི་མེ་ཞེས་
བྱ་བ་དང་སོག་མ་ལས་བྱུང་བའི་མེ་ལ་སོགས་མའི་མེ་ཞེས་བྱ་བ་ལྟ་བུའོ། །གཞན་དག་ནི་བར་གྱི་ཆོག་མི་མངོན་པར་མ་བྱས་པར་ཉེ་བར་ལེན་པ་རྣམས་ཀྱི་ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོ་དག་གོ་ཞེས་དྲུག་པར་ཚིག་སྡུད་པ་ཁོ་ནས་སྒྲུབ་པར་བྱེད་ཅིང་དཔེ་ཡང་འདི་སྐད་དུ་དཔེར་ན་རྩྭ་དག་གི་མེ་ནི་རྩྭའི་མེ་ཞེས་བྱ་བ་ལྟ་བུའོ་ཞེས་སྟོན་པར་བྱེད་དོ། །སེམས་ཅན་དུ་བགྲང་བ་གང་དག་ཡིན་པ་དེ་དག་ནི་ཉོན་མོངས་པས་མངོན་པར་བརླན་པའི་ལས་ཀྱི་རྒྱུ་ཅན་ཡིན་པའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ཡང་ཡིན་པར་རིགས་ན། ཕྱིའི་དངོས་པོ་རྣམས་ཀོ་ཇི་ལྟར་ཉེ་བར་ལེན་པའི་ཕུང་པོ་ཡིན་ཞེ་ན། དེ་དག་ཀྱང་ཉེ་བར་ལེན་པ་ལས་གྲུབ་པ་ཡིན་ཏེ། གྲུབ་པའི་མཐའ་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་འབྱུང་བའི་ཕྱིར་རོ། །དེ་དག་ལ་རག་ལུས་པའི་ཕྱིར་རྒྱལ་པོའི་མི་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་རྒྱལ་པོ་ལ་རག་ལས་པའི་མི་ལ་རྒྱལ་པོའི་མི་ཞེས་བྱ་བ་དེ་བཞིན་དུ་ཉེ་བར་ལེན་པ་རྣམས་ལ་རག་ལས་པའི་ཕུང་པོ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་སྟེ་དེ་དག་གི་དབང་གིས་དམིགས་པ་དང་འགྲོ་བ་གཞན་དག་ཏུ་འཇུག་པའི་ཕྱིར་རོ། །ཡང་ན་དེ་དག་ལས་ཉེ་བར་ལེན་པ་རྣམས་འབྱུང་བས་ཞེས་བྱ་བ་འདི་ནི་དོན་ཙམ་བརྗོད་པར་ཟད་དེ། ཚིག་དག་ནི་འདི་སྐད་དུ་བརྗོད་པར་བྱའོ། །ཉེ་བར་ལེན་པ་རྣམས་ཀུན་ཏུ་འབྱུང་བའི་རྒྱུ་ཕུང་པོ་དག་ནི་ཉེ་བར་ལེན་པའི་ཕུང་པོ་དག་གོ །མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་བཞིན་ནོ། །དཔེར་ན་མེ་ཏོག་དག་གམ་འབྲས་བུ་དག་ཀུན་འབྱུང་བའི་རྒྱུའི་ཤིང་ལྗོན་པ་ནི་མེ་ཏོག་གི་ཤིང་ལྗོན་པ་དང་འབྲས་བུའི་ཤིང་ལྗོན་པ་ཞེས་བྱ་བ་དེ་དང་འདྲའོ། །དགྲ་བཅོམ་པའི་ཕུང་པོ་དག་ཀྱང་གནོད་པ་བསྐྱེད་པའི་ཕྱིར། གཞན་གྱི་རྒྱུ་ལ་ཡོད་པའི་ཉེ་བར་ལེན་པ་ལ་རག་ལས་པ་ཡང་ཡིན་ལ་དེ་དག་ལས་ཀྱང་གཞན་གྱི་རྒྱུད་ལ་ཡོད་པའི་ཉེ་བར་ལེན་པ་རྣམས་འབྱུང་བས་འདི་དག་ཉེ་བར་ལེན་པའི་ཕུང་པོ་ཉིད་དུ་འགལ་བ་མེད་དོ། །འཐབ་པ་ནི་ཉོན་མོངས་པ་རྣམས་ཏེ་བདག་དང་གཞན་ལ་གནོད་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་དག་བདག་དང་གཞན་དག་ལ་གནོད་པ་བྱེད་པ་དེ་དག་ནི་འཐབ་པ་དག་ཡིན་ཏེ་གཡུལ་འགྱེད་ཅེས་བྱ་བའི་ཐ་ཚིག་གོ །ཉོན་མོངས་པ་རྣམས་ཀྱང་
དེ་ཁོ་ན་དང་འདྲ་བས་འཐབ་པ་དག་ཅེས་བྱའོ། །དེ་དག་གིས་རྒྱས་པར་བྱས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་དག་གིས་རྒྱས་པར་བྱས་ཤིང་ཉེ་བར་བསྟེན་ཏེ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པ་གཅིག་ཏུ་ན་རྒྱས་པར་བྱས་པ་ནི་ཕྲ་རྒྱས་ཅན་དུ་བྱས་པའོ། །དེའི་ངོ་བོ་ནི་དེ་དག་གིས་རྒྱས་པར་བྱས་པ་དེ་ཉིད་དེ་དེ་དག་གིས་རྒྱས་པར་བྱས་པ་དེའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་དེ་དག་ལ་རྒྱས་པར་བྱས་པ་ཉིད་ཡིན་ཏེ། དེའི་ཕྱིར་འཐབ་པ་དང་བཅས་པ་དག་སྟེ་ཟག་པ་དང་བཅས་པ་བཞིན་ནོ། །ཟག་པ་དང་བཅས་པ་ཉིད་ལ་རྣམ་པར་བཤད་པ་གང་ཡིན་པ་དེ་ཉིད་འདི་ལ་ཡང་བརྗོད་པར་བྱའོ། །འཕགས་པ་རྣམས་དང་མི་འཐུན་པའི་ཕྱིར་སྡུག་བསྔལ་ལོ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་དེ་འཕགས་པ་རྣམས་དང་མི་མཐུན་པ་ཡིན་ནོ། །འདི་ལས་སྡུག་བསྔལ་ཀུན་འབྱུང་བས་ན་ཀུན་འབྱུང་བའོ་ཞེས་བྱ་བ་ནི་རྒྱུར་གྱུར་པའི་ཕུང་པོ་རྣམས་ནི་ཀུན་འབྱུང་བ་ཡིན་ལ། འབྲས་བྱུར་གྱུར་པའི་ཕུང་རྣམས་ནི་སྡུག་བསྔལ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །འཇིག་པས་ན་འཇིག་རྟེན་ནོ་ཞེས་བྱ་བ་ནི་མདོ་ལས་རྟ་དམར་ཅན་ལུས་འདོམ་གང་ཙམ་འདི་ཉིད་ལ་འཇིག་རྟེན་དུ་འདོགས་ཤིང་འཇིག་རྟེན་ཀུན་འབྱུང་བར་ཡང་འདོགས་སོ་ཞེས་ཀྱང་འབྱུང་ལ། བཅོམ་ལྡན་འདས་ཉིད་ཀྱིས་འཇིག་ཅིང་རབ་ཏུ་འཇིག་པར་འགྱུར་ཏེ་དེ་བས་ན་འཇིག་རྟེན་ཞེས་བྱའོ་ཞེས་ཀྱང་གསུངས་ཏེ། འཇིག་ཅིང་རྣམ་པར་ཉམས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །འདི་ལ་ལྟ་བ་རྒྱས་པར་འགྱུར་བའི་སྒོ་ནས་གནས་པས་ན་ཞེས་བྱ་བ་ནི་དགེ་སློང་དག་གང་ཁ་ཅིག་བདག་དང་བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་ན་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཉིད་ལ་བདག་དང་བདག་གིར་ཡང་དག་པར་རྗེས་སུ་ལྟའོ་ཞེས་འབྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་རྣམས་ནི་ལྟ་བའི་གནས་སོ། །འབྱུང་བས་ནི་སྲིད་པ་སྟེ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཁོ་ན་སྲིད་པའི་སྒྲར་བཤད་པ་ཡིན་ཏེ། སྲིད་པ་གང་ཞེ་ཉེ་བར་ལེན་པའི་ཕུང་པོ་ལྔའོ་ཞེས་འབྱུང་བའི་ཕྱིར་རོ། །ལམ་གྱི་བདེན་པ་ལ་ཡང་སྡུག་བསྔལ་ལ་སོགས་པའི་སྒྲ་འདི་དག་ཐལ་བར་འགྱུར་ཏེ། ལམ་གྱི་བདེན་པ་ཡང་འདུ་བྱེད་ཀྱི་སྡུག་བསྔལ་དང་
ཡང་ལྡན་ནོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སོགས་པའི་དངོས་པོས་འདི་ལས་ཟག་པ་དང་བཅས་པའི་དངོས་པོ་ཡང་ཀུན་འབྱུང་ངོ༌། །འཇིག་པར་ཡང་འགྱུར་རོ། །ལྟ་བ་ཡང་དེ་ལ་དམིགས་སོ། །འབྱུང་བར་ཡང་འགྱུར་ཏེ་དེ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེ་ན། འདི་ནི་ཉེས་པ་མེད་དེ། སྒྲ་འཇུག་པ་ནི་གྲགས་པ་ལས་ལྟོས་པ་ཡིན་པས་ན་འཕགས་པ་རྣམས་ཀྱི་ཆོས་གང་དག་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་འཕགས་པ་རྣམས་དང་མི་མཐུན་ཞིང་སྡུག་བསྔལ་དང་མི་འགལ་བ་དང་དེ་སྐྱེད་པར་བྱེད་པར་གྲགས་པ་དང་ལྟ་བ་རྒྱས་པ་སྐྱེད་པར་བྱེད་པ་དང༌། འཁོར་བ་ཐོག་མ་མེད་པ་ནས་འབྱུང་བ་དེ་དག་ཁོ་ན་ལ་སྡུག་བསྔལ་ལ་སོགས་པ་འདི་དག་བརྡར་བ་རྟགས་ཀྱི་ལམ་གྱི་བདེན་པ་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཟག་པ་དང་བཅས་པའི་ཆོས་རྣམས་ཁོ་ན་སྡུག་བསྔལ་ལ་སོགས་པའི་སྒྲར་བརྗོད་པར་བྱ་བ་ཡིན་གྱི་ཟག་པ་མེད་པ་དག་ནི་མ་ཡིན་ཏེ། འགྲོ་བས་ན་བ་ལང་ངོ་ཞེས་བྱས་ནས་འགྲོ་བ་པོ་ཐམས་ཅད་ལ་བ་ལང་ཞེས་བྱ་བ་མ་ཡིན་ནོ། །དེ་ལྟ་བས་ན། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང༌། །ཞེས་བྱ་བ་ལ་སོགས་པ་ནི་ལེགས་པར་བཤད་པ་ཡིན་ནོ། །གཟུགས་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོའོ། །ལྔ་ཞེས་བྱ་བ་ནི་ཡིད་ཀྱི་དབང་པོ་བསལ་བའི་ཕྱིར་རོ། །དོན་ནི་ཡུལ་ཏེ་རྟོགས་པར་བྱ་ཞིང་ཤེས་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ལྔ་ཞེས་བྱ་བ་སྨོས་པ་ནི་ཡུལ་ཆོས་བསལ་བའི་ཕྱིར་རོ། །དེ་དག་རྣམས་ཀྱི་རྣམ་ཤེས་རྟེན་ཞེས་བྱ་བ་ལ་དེ་དག་ཅེས་བྱ་བའི་སྒྲ་ནི་དོན་རྣམས་དང་སྦྱར་རོ། །དོན་དེ་དེ་དག་ལ་འམ་དེ་དག་གི་རྣམ་པར་ཤེས་པ་ནི་དེ་དག་རྣམས་ཀྱི་རྣམས་ཤེས་སོ། །དེ་དག་གི་རྟེན་ནི་དེ་དག་རྣམས་ཀྱི་རྣམ་ཤེས་རྟེན་ཏོ། །གཟུགས་དང་བ་ཞེས་བྱ་བ་ནི་དེ་དག་གཟུགས་ཀྱང་ཡིན་ལ་དང་བ་ཡང་ཡིན་པས་གཟུགས་དང་བའོ། །ཁྱད་པར་འདིས་ནི་ཡིད་ཀྱི་དབང་པོ་བསལ་བ་ཡིན་ཏེ། ཡིད་ཀྱི་གྲུབ་པའི་མཐའ་ལས། ལྔ་རྣམས་ཀྱི་དེ་དག་ལྷན་ཅིག་སྐྱེས་པ་ཡང་ཞེས་བྱ་བའི་ཕྱིར་དེ་དག་རྣམས་ཀྱི་རྣམ་ཤེས་རྟེན་ནི་ཡིན་མོད་ཀྱི་ཡིད་གཟུགས་ཀྱི་ངོ་བོ་ཉིད་ནི་མ་ཡིན་ཏེ། དེའི་ཕྱིར་བསལ་བ་ཡིན་ནོ། །གཟུགས་ཞེས་སྨོས་པ་
ནི་འདིར་དག་པའི་དང་བ་བསལ་བའི་ཕྱིར་རོ། །དེ་དག་རྣམས་ཀྱི་རྣམ་ཞེས་རྟེན་ཞེས་བྱ་བའི་ཁྱད་པར་འདིས་དད་པ་ལ་ཐལ་བར་མི་འགྱུར་ཞེ་ན། མ་ཡིན་ཏེ། འབྲུ་མང་པོ་པར་བརྟགས་ན་དེར་ཐལ་བར་སྲིད་པའི་ཕྱིར་རོ། །གཟུགས་ཞེས་སྨོས་ན་ནི་འབྲུ་མང་པོ་པར་རྟོག་པ་ལྡོག་པར་འགྱུར་ཏེ། གང་ལ་དེ་དག་གི་རྣམ་པར་ཤེས་པའི་རྟེན་ཡོད་པ་ཉིད་དུ་རྟོག་པར་འགྱུར་བ་དང་བ་གཟུགས་ཀྱི་རང་བཞིན་ནི་མེད་དོ། །དང་བ་ཞེས་སྨོས་པ་ནི་གཟུང་བའི་དངོས་པོ་ལས་མ་གཏོགས་པ་གཟུགས་དང་བའི་ཁྱད་པར་ཤེས་པར་བྱ་བའི་ཕྱིར་རོ། །བྱེ་བྲག་པ་དག་ནི་དབང་པོ་རྣམས་འབྱུང་བར་འགྱུར་བའི་ཁྱད་པར་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །གསུང་རབ་ལས་ནི་དེ་སྐད་དུ་མི་འབྱུང་ངོ༌། །འོ་ན་ཅི་ཞེ་ན། དབང་པོ་རྣམས་ནི་གཟུགས་ལ་སོགས་པའི་ཡུལ་ལས་མ་གཏོགས་པ་དང་བ་དབང་པོས་མི་བསོད་པ་རང་གི་རྣམ་པར་ཤེས་པས་རྗེས་སུ་དཔག་པར་བྱ་བ་དག་ཡིན་ཏེ། གང་དག་གི་རྟེན་མིག་ལ་སོགས་པ་ཡིན་པར་སྣང་བའོ་ཞེས་འབྱུང་ངོ༌། །དེ་དག་རྣམས་ཀྱི་རྣམ་ཞེས་རྟེན་ཞེས་བྱ་བའི་ཁྱད་པར་ཡང་ཕན་ཚུན་མཚན་ཉིད་འཆོལ་པ་བཟློག་པའི་ཕྱིར་ཏེ་གལ་ཏེ། མིག་ལ་སོགས་གཟུགས་དང་བ་རྣམས་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་ན་ནི་མིག་ཀྱང་རྣ་བ་ལ་སོགས་པར་ཐལ་བར་འགྱུར་ལ། རྣ་བ་ལ་སོགས་པ་ལ་ཡང་མིག་ཏུ་ཐལ་བར་འགྱུར་བ་ཞིག་ན། གང་གི་ཕྱིར་འདི་སྐད་དུ་གཟུགས་ཀྱི་རྣམ་པར་ཞེས་པའི་རྟེན་གཟུགས་དང་བ་གང་ཡིན་པ་དེ་ནི་མིག་ཡིན་ནོ་ཞེས་ཁྱད་པར་དུ་བྱས་པ་དེའི་ཕྱིར་མཚན་ཉིད་འཆོལ་བར་མི་འགྱུར་ཏེ་རྣ་བའམ་དབང་པོ་གཞན་ཡང་རུང་གཟུགས་ཀྱི་རྣམ་པར་ཞེས་པའི་རྟེན་ནི་མ་ཡིན་ནོ། །དེ་བཞིན་དུ་རེག་བྱའི་རྣམ་པར་ཞེས་པའི་རྟེན་གཟུགས་དང་བ་གང་ཡིན་པ་ནི་ལུས་ཀྱི་དབང་པོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཞེས་བྱ་བ་ནི་རྣམ་པར་བཤད་པ་འདི་མདོ་སྟེ་དང་མཐུན་ནོ་སྙམ་དུ་བསམས་པའོ། །ཇི་ལྟ་ཞེ་ན། ནང་གི་ཞེས་བྱ་བ་སྨོས་ཏེ་རྣམ་པར་ཞེས་པའི་རྟེན་ཞེས་བྱ་བའི་ཐ་ཚིག་གོ །ནང་ཞེས་བྱ་བའི་སྒྲ་ནི་སེམས་ལ་ནང་ཞེས་ཉེ་བར་འདོགས་སོ་ཞེས་འཆད་པར་འགྱུར་རོ། །ནང་གི་དབང་དུ་བྱས་པ་ནི་ནང་གི་དབང༌། ནང་གི་ཉིད་ནང་གི་སྟེ་
སེམས་ཀྱི་མཚན་ཉིད་ཀྱི་ནང་དུ་བྱ་བ་ལ་རྒྱུ་ཡིན་པས་དོན་འདི་ལྟ་བུ་ལ་ནང་གི་ཞེས་བྱ་བའི་སྒྲར་བརྗོད་དེ། རྣམ་པར་ཤེས་པའི་རྟེན་ཞེས་བྱ་བའི་བར་དུ་བཤད་པར་འགྱུར་རོ། །ཡང་ན་མིག་ལ་སོགས་པ་འདི་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་རྣ་མང་གཅིག་ཏུ་ན་དེ་དག་རྣམས་ཀྱི་ཞེས་བྱ་བའི་སྒྲ་དབང་པོ་རྣམས་དང་སྦྱར་ཏེ། མིག་གི་རྣམ་པར་ཤེས་པ་དང་རྣ་བའི་རྣམ་པར་ཤེས་པ་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་ནི་གསུང་རབ་ལས་གྲགས་པ་ཡིན་གྱི་གཟུགས་ཀྱི་རྣམ་པར་ཤེས་པ་དང་སྒྲའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་མ་ཡིན་ནོ། །འཇིག་རྟེན་ན་ནི་རེས་འགའ་དེ་སྐད་ཅེས་ཀྱང་བྱ་སྟེ། དེ་ལྟ་བས་ན་རྣམ་པར་ཤེས་པ་ཅིག་ཤོས་འདི་ལ་བརྟེན་པར་བྱའོ། །དེའི་ཕྱིར་དེ་ལྟར་བཤད་ན་རབ་ཏུ་བྱེད་པ་ལས་ཞེས་བྱ་བ་རྒྱས་པར་གསུངས་སོ། །འདིར་ཇི་ལྟར་མ་གྲུབ་པས་མ་གྲུབ་པ་སྒྲུབ་པར་བྱེད་དེ་མིག་ཉིད་མ་གྲུབ་པ་ཡིན་ནོ། །དེ་མ་གྲུབ་ན་མིག་གི་རྣམ་པར་ཤེས་པ་ཡང་མ་གྲུབ་པ་ཡིན་ན་ཇི་ལྟར་འདིར་དེས་དེའི་རྟེན་ཉིད་དུ་སྦྱར་ཞེ་ན། རྣམ་པར་ཤེས་པའི་ཁྱད་པར་འདི་དག་ནི་གྲུབ་པ་ཡིན་པ་དེ་ཕན་ཚུན་གྱི་ཁྱད་པར་ཉེ་བར་མཚོན་པའི་ཕྱིར། །ཁོ་བོས་མིག་ལ་སོགས་པ་འདི་དག་གིས་དེ་དག་ཁྱད་པར་དུ་བྱེད་པ་སྟོན་པར་ཟད་དེ། འདི་སྐད་དུ་རྣམ་པར་ཤེས་པའི་ཁྱད་པར་རང་རིག་པ་དང་པོ་གཅིག་པུ་འདིའི་རྟེན་གཟུགས་དང་བ་གང་ཡིན་པ་དེ་ནི་མིག་གི་དབང་པོ་ཡིན་ལ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁྱད་པར་རང་རིག་པ་ལྔ་པ་གཅིག་པུའི་རྟེན་གཟུགས་དང་བ་གང་ཡིན་པ་དེ་ནི་ལུས་ཀྱི་དབང་པོ་ཡིན་ནོ་ཞེས་བྱ་བའི་བར་དུ་བཤད་པར་འགྱུར་ཏེ། མ་གྲུབ་པས་མ་གྲུབ་པ་སྒྲུབ་པ་ནི་མ་ཡིན་ནོ། །གཟུགས་རྣམ་གཉིས་ཞེས་བྱ་བ་ནི་མིག་གི་དོན་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ནོ། །འཇིག་རྟེན་ན་གྲགས་པའི་ཕྱིར་དེའི་རང་གི་མཚན་ཉིད་མ་བཤད་པར་ཁ་དོག་ནི་རྣམ་པ་བཞི་སྟེ་སྔོན་པོ་ལ་སོགས་པའོ་ཞེས་རབ་ཏུ་དབྱེ་བ་ཁོ་ན་བརྗོད་དེ་ཁ་དོག་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་ཡིན་ནོ། །གཞན་དག་ནི་དེའི་བྱེ་བྲག་གོ་ཞེས་བྱ་བ་ལ་གཞན་དག་ཅེས་བྱ་བ་ནི་སྤྲིན་ལ་སོགས་པའོ། །གཞན་དག་ན་རེ་གཞན་དག་ནི་དེའི་བྱེ་བྲག་གོ་ཞེས་བྱ་བ་ནི་སྔོན་པོ་
ལ་སོགས་པ་ཁ་དོག་བཞི་ཕྲད་པའི་ཁྱད་པར་ལས་ཁ་དོག་ལྗང་གུ་ལ་སོགས་པ་ཡང་འབྱུང་བས་སྤྲིན་ལ་སོགས་པ་འབའ་ཞིག་ཏུ་ནི་མ་ཟད་དོ་ཞེས་ཟེར་རོ། །དབྱིབས་ཞེས་བྱ་བ་ནི་དབྱིབས་ཀྱི་བྱེ་བྲག་གོ །ཡང་དེ་དག་ཉིད་ཁོངས་སུ་གཏོགས་པའི་ཚོགས་ཀྱི་བྱེ་བྲག་གིས་རྣམ་པ་ཉི་ཤུ་ཞེས་བྱ་བ་ཐ་དད་པར་འགྱུར་ཏེ་འདི་ལྟ་སྟེ་རིང་པོ་ལ་སོགས་པ་ཕྱ་ལེ་མ་ཡིན་པ་ལ་ཐུག་པའི་བར་དབྱིབས་རྣམ་པ་བརྒྱད་དང་ལྷག་མ་སྔོན་པོ་ལ་སོགས་པ་ཁ་དོག་རྣམ་པ་བཅུ་གཉིས་ཏེ་རྣམ་པ་ཉི་ཤུ་ཡིན་ནོ། །ནམ་མཁའ་ཁ་དོག་ཅིག་པ་ཞེས་བྱ་བ་ནི་གང་ཐག་རིང་པོ་ནས་བཻ་ཌཱུཪྻའི་རྩིག་པ་ལྟར་སྣང་བའོ། །ལྷམ་པ་ནི་རིལ་རིལ་པོའོ། །ཟླུམ་པོ་ནི་ལེབ་ལེབ་པོའོ། །མཐོན་པོ་ནི་གཟུགས་རགས་པ་ལ་སོགས་པའོ། །དམའ་བ་ནི་གཟུགས་དམའ་བའོ། །གང་ན་གཟུགས་རྣམས་སྣང་བའོ་ཞེས་བྱ་བ་སྨོས་པ་ནི་གྲིབ་མ་དང་མུན་པ་དག་ཐ་དད་དུ་བྱ་བ་རབ་ཏུ་བསྟན་པའི་ཕྱིར་རོ། །རྣམ་པར་མ་ཕྱེའོ་ཞེས་བྱ་བ་ནི་བྱེ་བྲག་དུ་མ་ཕྱེའོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་འདི་དཔྱད་པར་བྱ་སྟེ་གལ་ཏེ་སྤྲིན་ལ་སོགས་པ་སྔོན་པོ་ལ་སོགས་པ་ཁ་དོག་བཞིའི་བྱེ་བྲག་ཁོ་ན་ཡིན་གྱི་དེ་དག་ལས་མ་གཏོགས་པ་མེད་ན། ཇི་ལྟར་འདི་ལ་ཁ་དོག་ལྗང་གུ་ལ་སོགས་པ་མ་བཤད་པ་དེ་བཞིན་དུ་སྤྲིན་ལ་སོགས་པ་ཡང་བརྗོད་པར་མི་བྱའོ་ཞེ་ན། འདི་ནི་རྣམ་པར་འཆད་པར་བྱེད་པ་དག་གིས་མ་དཔྱད་དོ། །འདི་སྐད་དུ་བཤད་པར་མི་ནུས་ཏེ་སྤྲིན་ལ་སོགས་པ་དེ་དག་སྔོན་པོ་ལ་སོགས་པའི་བྱེ་བྲག་ཏུ་གྱུར་པ་ཡིན་ཡང་སྒྱུ་མའི་གཟུགས་དང་འདྲ་བའི་ཕྱིར་ལོགས་ཤིག་ཏུ་བཤད་དོ། །འདི་ལྟར་དེ་དག་ཐག་རིང་པོ་ནས་ནི་རྩིག་པ་ལྟ་བུར་སྣང་ལ་བསྙེན་ན་ནི་མི་སྣང་སྟེ། ལ་ལ་འདི་སྙམ་དུ་ཅུང་ཟད་མེད་དོ་སྙམ་དུ་སེམས་པར་འགྱུར་བ་དང༌། ཅི་འདི་ཡོད་པ་ཞིག་གམ་འོན་ཏེ་འཁྲུལ་པ་ཙམ་ཞིག་ཡིན་སྙམ་དུ་ཡིད་གཉིས་ཟ་བར་གྱུར་ན་མི་རུང་བས། དེ་ལ་ཕྱིན་ཅི་ལོག་པ་དང༌། ཐེ་ཚོམ་ཟ་བ་དགག་པའི་ཕྱིར་སྤྲིན་ལ་སོགས་པ་འདི་དག་བཤད་དེ་གཟུགས་ཀྱི་སྐྱེ་མཆེད་ཀྱི་ངོ་བོ་ཉིད་འདི་དག་ཡོད་པ་ཉིད་དོ་ཞེས་བྱ་བ་ཡིན་ནོ། །རིང་པོ་ལ་སོགས་པའི་ཕྱོགས་ཞེས་བྱ་བ་ནི་རིང་པོ་ལ་སོགས་པ་ཕྱ་ལེ་མ་ཡིན་པ་ལ་ཐུག་པའི་
ཕྱོགས་ཞེས་བྱ་བའི་ཐ་ཚིག་གོ །ཕྱོགས་དེ་ཡང་གང་ཞེ་ན། ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ལུས་ཀྱི་རྣམ་པར་རིག་བྱེད་ནི་རེས་འགའ་ནི་ཐུང་དུ་ཡིན་ལ་རེས་འགའ་ནི་ཕྱ་ལེ་མ་ཡིན་པའི་བར་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞིག་ཡིན་པར་ཁོང་དུ་ཆུད་པར་བྱ་ཞེ་ན། དེ་ལ་དམིགས་པའི་སེམས་ཀྱིས་ཀུན་ནས་བསླང་བའི་ལུས་ཀྱི་ལས་གང་ཡིན་པ་དེ་རིང་པོ་ལ་སོགས་པ་ཕྱ་ལེ་མ་ཡིན་པ་ལ་ཐུག་པ་ལུས་ཀྱི་ལས་ཀྱི་ངོ་བོ་ཉིད་མ་ཡིན་པ་ནི་བརྩལ་བར་རྟོགས་པར་བྱའོ། །གཉི་གར་ཡོད་པ་ཡང་ཡོད་དེ་གཟུགས་ཀྱི་སྐྱེ་མཆེད་ལྷག་མའོ་ཞེས་བྱ་བ་ནི་རིང་པོ་ལ་སོགས་པ་བསལ་བ་གང་ཡིན་པ་དང༌། སྤྲིན་དང་དུ་བ་དང་རྔུལ་དང་ཁུག་རྣ་དག་གོ །སྔོན་པོ་ལ་སོགས་པ་རིང་པོ་ལ་སོགས་པར་ཡོངས་སུ་ཆད་པར་སྣང་ཞེས་བྱ་བ་ནི་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། གྲིབ་མ་དང་མུན་པ་རྣམས་ཀྱི་དབྱིབས་རིང་པོ་ལ་སོགས་པར་འཛིན་པ་སྟེ། དེ་ལྟ་བས་ན་འདི་དག་ཀྱང་མུ་གསུམ་པའི་ནང་དུ་འདུས་སོ་སྙམ་དུ་བསམས་པའོ། །ཇི་ལྟར་ན་རྫས་གཅིག་ལ་གཉི་གར་ཡོད་ཅེ་ན་ཞེས་བྱ་བ་ནི་ཇི་ལྟར་རྫས་གཅིག་གི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་འགྱུར་ཞེས་བྱ་བ་ཡིན་ཏེ། གྲུབ་པའི་མཐའ་ལས་ནི་འདི་སྐད་དུ་དབྱིབས་ཀྱི་གཟུགས་ནི་ཁ་དོག་གི་གཟུགས་ལས་རྫས་གཞན་ཡིན་ནོ་ཞེས་འབྱུང་ངོ༌། །དེ་ལ་གཉི་ག་མངོན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་དེ་ལ་ཁ་དོག་དང་དབྱིབས་འཛིན་པའི་ཕྱིར་རོ། །ཡོད་པ་འདི་ནི་ཤེས་པའི་དོན་ཡིན་གྱི་ཡོད་པའི་དོན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བྱེ་བྲག་དུ་སྨྲ་བ་དག་དེ་ལ་ཤེས་པ་རྣམ་པ་གཉི་གར་འཇུག་པ་ཡིན་གྱི་རྫས་གཅིག་ལ་མཚན་ཉིད་གཉི་ག་དང་ལྡན་པ་ནི་མ་ཡིན་ནོ་ཞེས་ལན་འདེབས་པ་ཡིན་ནོ། །འོ་ན་ནི་ལུས་ཀྱི་རྣམ་པར་རིག་བྱེད་ལ་ཡང་ཐལ་བར་འགྱུར་རོ་ཞེས་ཟེར་བ་ནི་སློབ་དཔོན་ཡིན་ཏེ་ལུས་ཀྱི་རྣམ་པར་རིག་བྱེད་འཛིན་པ་ན་ཁ་དོག་འཛིན་པ་མི་འབྱུང་བ་ནི་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་བསམ་པ་ནི་སྔོན་པོ་ལ་སོགས་པ་འམ་སྣང་བ་ལ་སོགས་པ་ཙམ་འཛིན་པ་དེ་ནི་དབྱིབས་ལ་མི་ལྟོས་པར་འབྱུང་ལ་ལུས་ཀྱི་རྣམ་པར་རིག་བྱེད་འཛིན་པ་ནི་ཁ་དོག་ལ་མི་ལྟོས་པར་འབྱུང་གི་གཟུགས་
ཀྱི་སྐྱེ་མཆེད་ལྷག་མ་འཛིན་པ་ནི་ཁ་དོག་དང་དབྱིབས་ལ་ལྟོས་ནས་འབྱུང་ངོ་སྙམ་པ་འདི་ཡིན་ནོ། །མདོ་སྡེ་པའི་ཕྱོགས་པའི་སློབ་དཔོན་འདི་ནི་དོན་འདི་མི་ལེན་ཏེ། དབྱིབས་འཛིན་པ་འདི་ནི་མིག་གིས་མ་ཡིན་གྱི་འདི་ནི་ཡིད་ཀྱིས་ཀུན་བརྟགས་པ་ཡིན་ནོ། །ཁ་དོག་མ་བཟུང་བར་དབྱིབས་འཛིན་པ་མེད་པའི་ཕྱིར་ཁ་དོག་གནས་པ་དག་ཁོ་ན་དབྱིབས་ཡིན་གྱི་དབྱིབས་ཞེས་བྱ་བའི་རྫས་ནི་ཅུང་ཟད་ཀྱང་མེད་དེ། འདི་ནི་ལས་ཀྱི་མཛོད་ཀྱི་གནས་ནས་སྤྱོད་པར་འགྱུར་རོ། །སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་ཞེས་བྱ་བ་ནི་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་དང་དེ་ལས་མ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ །ཁ་ཅིག་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པར་བགྲང་བ་ཞེས་འདོན་ཏེ་འདིར་ཡང་དོན་ནི་འདི་ཉིད་ཡིན་པར་བསམས་པའོ། །གལ་ཏེ་དོན་སེམས་ཅན་དང་སེམས་ཅན་མ་ཡིན་པའི་རྒྱུད་ལས་བྱུང་བ་ཞེས་བྱ་བ་འདི་ཡིན་པར་འདོད་པར་གྱུར། དེ་ནི་འོག་ནས་འབྲེལ་པས་འདི་སྐད་དུ། སེམས་ཅན་དུ་སྟོན་པ་ནི་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲའོ། །གཞན་ནི་སེམས་ཅན་དུ་སྟོན་པ་མ་ཡིན་ནོ་ཞེས་འབྱུང་བ་དགོས་པ་མེད་པ་ཉིད་དོ། །དེ་ལྟ་བས་ན་གདོན་པ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་ཞེས་བྱ་བར་གསལ་བར་གདོན་པར་བྱའོ། །ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི་ད་ལྟར་གྱི་འབྱུང་བ་ཆེན་པོ་དབང་པོ་དང་ཐ་མི་དད་པར་འཇུག་པ་དག་ནི་ཟིན་པ་ཡིན་ལ་གཞན་དག་ནི་མ་ཟིན་པ་ཡིན་ནོ། །འདི་ལ་རྒྱུ་ཟིན་པའི་འབྱུང་བ་ཆེན་པོ་དག་ཡོད་པས་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ། །འདི་ལྟ་སྟེ་ལག་པ་དང་ངག་གི་སྒྲ་ལྟ་བུའོ་ཞེས་བྱ་བ་ནི་ཕྱིའི་སྤྲུལ་པ་མི་དང་འདྲ་བ་ཡང་ལག་པ་དང་ངག་གི་སྒྲ་འབྱིན་པར་འགྱུར་ཏེ་ཡང་དབང་པོ་དང་ཐ་དད་པར་འབྱུང་བའི་ཕྱིར་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའི་ངོ་བོ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ནི་སྤྲུལ་པ་པོའི་དབང་གིས་མིའི་ཚིག་ཀྱང་སྨྲ་བར་བྱེད་དེ། གཅིག་པོ་སྨྲ་བར་བྱེད་ན་ནི། །སྤྲུལ་པ་ཐམས་ཅད་སྨྲ་བར་འགྱུར། །གཅིག་པོ་མི་སྨྲར་གྱུར་ན་ནི། །སྤྲུལ་པ་ཐམས་ཅད་མི་སྨྲར་འགྱུར། །ཞེས་འབྱུང་སྟེ་ཕྱིའི་སྤྲུལ་པའི་སྒྲ་དེ་ཡང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ཡིན་པས་མི་གཟུང་ངོ༌། །འདི་ལྟ་སྟེ་རླུང་དང་ནགས་
ཚལ་དང་ཆུའི་སྒྲ་ལྟ་བུའོ་ཞེས་བྱ་བ་ལ། འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་ནི་དཔེར་བརྗོད་པ་ཡིན་པའི་ཕྱིར་རོ། །སེམས་ཅན་དུ་སྟོན་པ་ནི་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲའོ། །གཞན་ནི་སེམས་ཅན་དུ་སྟོན་པ་མ་ཡིན་པའོ་ཞེས་བྱ་བ་ནི་སེམས་ཅན་ཡིན་པར་སྟོན་པ་ནི་སེམས་ཅན་དུ་སྟོན་པ་སྟེ་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲས་ནི་འདི་ནི་སེམས་ཅན་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱེད་དོ། །ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་དེ་ལས་མ་གཏོགས་པའི་སྒྲ་གཞན་ནི་ལག་པའི་སྒྲའི་བར་ཡང་སེམས་ཅན་དུ་སྟོན་པ་མ་ཡིན་པ་ཡིན་ན་སེམས་ཅན་མ་ཡིན་པའི་རྒྱུད་ལས་སྐྱེས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་རྣམ་པར་བཤད་པར་འགྱུར་རོ། །དེ་ལྟར་ན་ཟིན་པའི་འབྱུང་བའི་རྒྱུ་ལས་བྱུང་བ་ནི་སེམས་ཅན་དུ་སྟོན་པ་ཡང་ཡིན་ལ་སེམས་ཅན་དུ་སྟོན་པ་མ་ཡིན་པ་ཡང་ཡིན་ནོ། །མ་ཟིན་པའི་འབྱུང་བའི་རྒྱུ་ལས་བྱུང་བ་ཡང་སྤྲུལ་པའི་སྒྲ་ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་ནི་སེམས་ཅན་དུ་སྟོན་པ་ཡིན་ལ། དེ་ཉིད་ཀྱི་ལག་པའི་སྒྲ་དང་རླུང་དང་ནགས་ཚལ་ལ་སོགས་པའི་སྒྲ་ནི་སེམས་ཅན་དུ་སྟོན་པ་མ་ཡིན་པ་ཡིན་པས་སྒྲ་རྣམ་པ་བཞིའོ། །ཡང་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་བྱེ་བྲག་གིས་རྣམ་པ་བརྒྱད་ཡིན་ནོ། །ཇི་ལྟར་ཁ་དོག་གི་རྡུལ་ཕྲ་རབ་གཅིག་ལ་ཞེས་བྱ་བ་ནི་སྒྲ་ནི་རྒྱུར་བྱས་པའི་གཟུགས་ཡིན་པའི་ཕྱིར་འབྱུང་བ་བཞིན་མཚན་ཉིད་རྒྱུར་བྱས་པ་མ་ཡིན་ཏེ་ཁ་དོག་གི་རྡུལ་ཕྲ་རབ་བཞིན་ནོ་སྙམ་དུ་བསམས་པའོ། །རོ་ནི་རྣམ་དྲུག་ཅེས་བྱ་བ་ནི་གཞིའི་རིགས་དྲུག་གི་དབང་དུ་བྱས་ནས་དེ་སྐད་བཤད་ཀྱི་རོ་དྲུག་ཕན་ཚུན་ཕྲད་པའི་ཁྱད་པར་ལས་ནི་རོའི་རྣམ་པ་རབ་ཏུ་མང་པོར་འགྱུར་ཏེ། སྨན་དཔྱད་ཙ་ར་ཀ་ལས། གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་ཕྲད་པའི་སྦྱོར་བ་ལས་རོ་དྲུག་ཅུ་རྩ་གསུམ་བསྟན་ཏོ། །དྲི་མཉམ་པ་དང་མི་མཉམ་པའི་ཕྱིར་ཞེས་བྱ་བ་ནི་དྲི་ཤས་ཆེ་བ་མ་ཡིན་པ་དང་ཤས་ཆེ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ་ཕྱོགས་འདི་ལ་ནི་དྲི་རྣམ་པ་གཉིས་སུ་འདོད་དོ། །བསྟན་བཅོས་ལས་ནི་དྲི་ཞིམ་པ་དང་དྲི་ང་བ་དང༌། དྲི་མཉམ་པའོ་ཞེས་རྣམ་པ་གསུམ་འབྱུང་ངོ་ཞེས་བྱ་བ་ནི་དྲི་མཉམ་པ་ནི་གཞན་གསུམ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གཞན་དག་
ན་རེ་དྲི་མཉམ་པ་ཞེས་བྱ་བ་ནི་དེ་དག་ཉིད་ཀྱི་ཕྱོགས་གཅིག་ཡིན་པས་དོན་ནི་དེ་ཁོ་ན་ཡིན་གྱི་སྒྲ་ཙམ་ཞིག་ཐ་དད་པར་ཟད་དོ་ཞེས་ཟེར་རོ། །གྲང་བ་ནི་དྲོ་བ་འདོད་པར་བྱེད་པའོ་ཞེས་བྱ་བ་ནི་སྲིད་པའི་དབང་དུ་བྱས་ནས་འདི་སྐད་དུ་ཆོས་གང་ཞིག་དྲོ་བ་འདོད་པར་བྱེད་པ་དེ་ནི་གྲང་བ་ཞེས་བྱ་བར་རྒྱུར་བྱས་པའི་གཟུགས་ཡིན་ནོ་ཞེས་བཤད་ཀྱི། སོས་ཀ་དེས་དེ་མི་བྱེད་དུ་ཟིན་ཀྱང་དེ་དང་རིགས་མཐུན་པའི་ཕྱིར་གྲང་བ་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་བཀྲེས་པ་ནི་ཟས་འདོད་པ་སྟེ་སེམས་ལས་བྱུང་བའི་ཆོས་ཡིན་ལ་དེའི་རྒྱུ་ལྟོའི་ནང་ན་ལུས་ཀྱི་དབང་པོས་རེག་པར་བྱ་བ་གང་ཡིན་པ་དེ་ནི་བཀྲེས་པ་ཞེས་བྱ་བ་རྒྱུར་བྱས་པའི་གཟུགས་ཡིན་ནོ། །དཔེར་ན། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་འབྱུང་བ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་ཡིན་པའི་ཕྱིར་བདེ་བ་ཞེས་བྱ་བ་ལྟར་འདི་ཡང་དེ་དང་འདྲ་བ་སྟེ་དེ་བཞིན་དུ་སྐོམ་པ་ལ་ཡང་བརྗོད་པར་བྱའོ། །བསྩགས་པ་དག་ལ་ནི་འཇལ་ལོ་ཞེས་བྱ་བ་ནི་ལྕི་བ་ཉིད་ཕྲ་མོ་ཡོད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །འདིར་གཟུགས་ན་སྤྱོད་པའི་གོས་ལ་སོགས་པ་ནི་རྟེན་དང་བརྟེན་པ་ཡོད་པའི་ཕྱིར་ལྕི་བ་ཉིད་དང་བཅས་པ་ཡིན་ཏེ་དཔེར་ན་རྫ་མ་དང་རྒྱ་ཤུགས་ལྟ་བུའོ་ཞེས་རྗེས་སུ་དཔག་པ་ཡིན་ནོ། །ཕན་པར་བྱེད་པ་ནི་ཡོད་དོ་ལོ་ཞེས་བྱ་བ་ལ། ལོ་ཞེས་བྱ་བའི་སྒྲ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་བསྟན་པའི་ཕྱིར་ཏེ། རང་གི་གཞུང་ལུགས་ནི་དེ་ན་ཏིང་ངེ་འཛིན་ཁོ་ན་ཕན་པར་བྱེད་པ་ཡིན་པས་དེ་ན་གྲང་བ་བརྟགས་པས་ཅི་ཞིག་བྱ་ཞེས་བྱ་བ་ཡིན་ནོ། །གང་གི་ཚེ་དེའི་རྣམ་པ་བྱེ་བྲག་ཏུ་གཅོད་པར་འགྱུར་བ་ནའོ་ཞེས་བྱ་བ་ནི་གང་གི་ཚེ་སྔོན་པོ་ལ་སོགས་པའི་རྣམ་པའི་མཚན་མ་ལ་གཏོད་པ་ནའོ། །རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་གང་འདི་སྒྲ་རྣམ་པ་མང་པོ་བཤད་པ་དེ་ལ་རེས་འགའ་ནི་རྫས་གཅིག་གིས་རྣ་བའི་རྣམ་པར་ཤེས་པ་བསྐྱེད་དེ། གང་གི་ཚེ་དེའི་རྣམ་པ་བྱེ་བྲག་ཏུ་གཅོད་པར་འགྱུར་བ་ནའོ། །རེས་འགའ་ནི་མང་པོ་སྟེ་གང་གི་ཚེ་བྱེ་བྲག་ཏུ་མི་གཅོད་པ་ན་སྟེ་དཔེར་
ན་རྔའི་སྒྲའི་ཚོགས་དང་སྒྲ་ཆེན་པོ་དང་སྒྲ་གདངས་སྙན་པ་དུ་མའི་ངོ་བོ་ཉན་པ་ལྟ་བུའོ། །དེ་བཞིན་དུ་སྣ་དང་ལྕེའི་རྣམ་པར་ཤེས་པ་དག་ཀྱང་རང་གི་ཡུལ་དང་སྦྱར་བར་བྱའོ། །ཤིན་ཏུ་མང་ན་འབྱུང་བ་ཆེན་པོ་བཞི་དག་ཀྱང་འཇམ་པ་ཉིད་ལ་སོགས་པ་གཅིག་དང་རེག་བྱ་ལྔས་བསྐྱེད་དོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། རེས་འགའ་རྫས་གཅིག་གིས་བསྐྱེད་དེ་གང་གི་ཚེ་དེའི་རྣམ་པ་བྱེ་བྲག་ཏུ་གཅོད་པ་ནའོ། །རེས་འགའ་ནི་གཉིས་ནས་ལྔའི་བར་གྱིས་ཏེ་གང་གི་ཚེ་བྱེ་བྲག་ཏུ་མི་གཅོད་པ་ནའོ། །འཇམ་པ་ཉིད་ལ་སོགས་པ་གཅིག་དང་ཞེས་བྱ་བ་འདི་ལ་གཏན་ཚིགས་ཅི་ཡོད་ཅེ་ན་རྩུབ་པ་ཉིད་ལ་སོགས་པ་ནི་འབྱུང་བ་བཞི་ཚན་གཞན་ལ་བརྟེན་པའི་ཕྱིར་རོ། །དེ་ལྟར་ན་སྤྱི་ལ་དམིགས་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པའི་དམིགས་པ་དག་ཕྱིར་བསྡུས་ཏེ་འཛིན་པར་བྱེད་པས་དེ་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་དུ་རྣམ་པར་གཞག་པ་དེ་བཞིན་དུ། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་ལ་དམིགས་པའི་མིག་གི་རྣམ་པར་ཤེས་པ་བཞི་པོ་དག་ཀྱང་མིག་གི་རྣམ་པར་ཤེས་པ་གཅིག་གིས་དམིགས་པ་བཞི་པོ་དེ་དག་དང་ཆེས་མང་པོ་དག་སྤྱིར་བསྡུས་ཏེ་འཛིན་པར་བྱེད་པའི་ཕྱིར་དེའི་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་དུ་འགྱུར་ཏེ། །འདིའི་དམིགས་པ་གཟུགས་ཀྱི་སྐྱེ་མཆེད་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རྣབ་དང་སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་རྣམས་ཀྱང་རང་གི་ཡུལ་དག་དང་སྦྱར་བར་བྱའོ། །སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཞེས་བྱ་བ་ནི་སྐྱེ་མཆེད་རྣམས་ཀྱི་རང་གི་མཚན་ཉིད་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་དེ་མིག་གི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཉིད་ལ་སོགས་པ་འམ་གཟུགས་ཀྱི་སྐྱེ་མཆེད་ཉིད་ལ་སོགས་པའོ། །གསུང་རབ་ལས་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་དེ་དག་གི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་བཞེད་དོ། །རྫས་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་བཞེད་པ་ནི་མ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །སྔོན་པོ་ལ་སོགས་པ་རྫས་རྣམས་ཀྱི་རང་གི་མཚན་ཉིད་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྔོན་པོ་ལ་
སོགས་པའི་རྣམ་པ་ཅན་གྱིས་རྣམ་པར་ཤེས་པར་བྱ་བ་ཉིད་དམ་སྔོན་པོ་ཉིད་ལ་སོགས་པ་ཡིན་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་དེ་དག་གི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པར་ནི་མི་འདོད་པས་ཉེས་པ་མེད་དོ། །ཅིག་ཅར་དུ་ཡུལ་དང་ཕྲད་ན་ཞེས་བྱ་བ་ནི་ལུས་དང་ལྕེའི་དབང་པོ་དག་ཅིག་ཅར་ཡུལ་དང་ཕྲད་པར་གྱུར་ན་རྣམ་པར་ཤེས་པ་གཉིས་ཅིག་ཅར་དུ་འབྱུང་མི་སྲིད་པས་དེའི་ཕྱིར་རྣམ་པར་ཤེས་པ་གང་སྔར་སྐྱེ་ཞེ་ན་ཞེས་འདྲི་བར་བྱེད་དོ། །གང་གི་ཡུལ་ཤས་ཆེ་བའོ་ཞེས་བྱ་བ་ནི་གལ་ཏེ་ལུས་ཀྱི་དབང་པོའི་ཡུལ་ཤས་ཆེ་ན་ལུས་ཀྱི་རྣམ་པར་ཤེས་པ་སྔར་སྐྱེའོ། །ཇི་སྟེ་ལྕེའི་དབང་པོའི་ཡུལ་ཤས་ཆེ་ན་ལྕེའི་རྣམ་པར་ཤེས་པ་ལྔར་སྐྱེའོ། །ཡུལ་མཉམ་པ་དང་ཕྲད་ན་ནི་ཞེས་བྱ་བ་ནི་ཡུལ་འདྲ་ན་ཞེས་བྱ་བའི་ཐ་ཚིག་གོ །ལྕེའི་རྣམ་པར་ཤེས་པ་ལྔར་སྐྱེ་བ་ཅིའི་ཕྱིར་ཞེ་ན། ཟ་བར་འདོད་པས་རྒྱུད་གཏད་པའི་ཕྱིར་ཏེ་ལུས་ཟས་ཟ་བར་འདོད་པའི་གཞོལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །ལྕེའི་རྣམ་པར་ཤེས་པ་ལྔར་སྐྱེའོ་ཞེས་སྨོས་པས་དོན་གྱིས་ན་ལུས་ཀྱི་རྣམ་པར་ཤེས་པ་ནི་ཕྱིས་སྐྱེའོ་ཞེས་བཤད་པར་འགྱུར་རོ། །དེས་ནི་འདིར་དཔྱད་པར་བྱ་སྟེ། ཅི་ལུས་ཀྱི་ཡུལ་གྱི་སྐད་ཅིག་མ་གང་ལྕེའི་ཡུལ་གྱི་སྐད་ཅིག་མ་དང་ལྷན་ཅིག་པར་གྱུར་པ་འདས་པ་གང་ཡིན་པ་དེ་ལ་ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་འམ། འོན་ཏེ་རྣམ་པར་ཤེས་པའི་ཡུལ་གྱི་སྐད་ཅིག་མ་གཞན་ཞིག་ལ་སྐྱེ་ཞེ་ན། སྨྲས་པ་གཞན་ལའོ། །ཇི་ལྟར་དམིགས་པ་ངེས་པ་ཉམས་པར་མི་འགྱུར་ཞེ་ན། འདི་ནི་ཉེས་པ་མེད་དེ་ཡུལ་དེ་ལས་དམིགས་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དེ་དང་འདྲ་བའི་ལུས་ཀྱི་རྣམ་པར་ཤེས་པ་གཞན་ཞིག་ནི་སྐྱེའོ། །དེའི་ཕྱིར་རིགས་མཐུན་པས་གཅིག་པ་ཉིད་དུ་བཏགས་པའི་ཕྱིར་ཕྱིས་སྐྱེའོ་ཞེས་བྱའོ། །རྣམ་པར་རིག་བྱེད་མ་ཡིན་པ་བསྟན་པའི་སྐབས་གཏམ་སྤྲོས་པ་རྣམ་པ་དུ་མ་ཞིག་གིས་བར་དུ་ཆོད་པས་བརྗེད་པ་བཞིན་ཏེ། དེའི་ཕྱིར་དབང་པོ་ལྔ་དང་དོན་ལྔ་དང་དོན་ལྔ་དང་དེ་དག་ཇི་ལྟར་འཛིན་པ་ཡང་བཤད་ཟིན་ཏོ་ཞེས་བྱ་བ་འདི་ཉེ་བར་འགོད་པར་བྱེད་དེ། རེས་འགའ་ནི་རྫས་གཅིག་གིས་མིག་གི་རྣམ་པར་ཤེས་པ་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པས་སོ། །
དེ་དག་ཇི་ལྟར་འཛིན་པ་ཞེས་བྱ་བ་ནི་ལས་ཀྱི་དྲུག་པ་ཡིན་ནོ། །ད་ནི་རྣམ་པར་རིག་བྱེད་མ་ཡིན་པ་བསྙད་པར་བྱ་བ་དེ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་པ་རིག་བྱེད་མིན་ཉིད། །ཅེས་འབྱུང་བ་དེའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ལུས་ཏེ། དེའི་མཚན་ཉིད་བསྟན་པའི་སྐབས་ལ་བབ་པས་བརྗོད་པར་བྱའོ། །ཁ་ཅིག་ནི་འགྲེལ་པ་སེམས་གཡེངས་པ་ཞེས་བྱ་བར་འདོན་ཏེ། འདོན་པ་འདི་ལ་ནི་མདོའི་ཚིག་འདི་ལྟར་རྣམ་པར་སྦྱར་བར་བྱའོ། །འདི་ལ་སེམས་གཡེངས་པ་འམ་སེམས་མེད་པ་ཡོད་པས་ན། གཡེངས་དང་སེམས་མེད་པའོ། །རྣམ་པ་ཅིག་ཏུ་ན་འདི་ལ་སེམས་གཡེངས་པ་དང་སེམས་མེད་པ་ཡོད་པས་གཡེངས་པ་དང་སེམས་མེད་པ་སྟེ་སེམས་ཞེས་བྱ་བའི་སྒྲ་གཅིག་མི་མངོན་པར་བྱས་པ་ཡིན་ནོ། །ཁ་ཅིག་ནི་འདི་སྐད་དུ་གཡེངས་པ་དང་ཞེས་བྱ་བར་འདོན་ཏེ། འདོན་པ་འདི་ལ་ནི་ཚིག་ཕྱི་མ་གཉིས་འབྲུ་མང་པོ་བར་བྱས་ལ་མཇུག་ཏུ་འདི་སྐད་ཅེས་གཡེངས་པ་དང་སེམས་མེད་པ་ནི་གཡེངས་པ་དང་སེམས་མེད་པའོ་ཞེས་ཚིག་རྣམ་པར་སྦྱར་རོ། །གཡེངས་པ་ནི་གང་ཟག་སྟེ་སེམས་གཡེངས་པ་ཞེས་བྱ་བའི་ཐ་ཚིག་གོ །སེམས་གཡེངས་པ་ཞེས་བྱ་བ་ནི་དེ་ལས་གཞན་པའི་སེམས་ཀྱི་ཡང་ཡིན་པའོ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་སེམས་ལས་གཞན་པའི་སེམས་ཀྱི་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟ་སྟེ་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་སློང་བར་བྱེད་པའི་སེམས་ནི་དགེ་བ་ཡིན་ལ། དེ་ལས་གཞན་པའི་སེམས་ནི་མི་དགེ་བའི་སེམས་དང་ལུང་དུ་མ་བསྟན་པའི་སེམས་ཡིན་ཏེ་འདིར་སེམས་གཡེངས་པ་ནི་དེ་ཡིན་པར་བསམས་པ་ཡིན་ནོ། །མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་སློང་བར་བྱེད་པའི་སེམས་ནི་མི་དགེ་བ་ཡིན་ལ་དེ་ལས་གཞན་པའི་སེམས་ནི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ཡིན་ལ་འདིར་ཡང་སེམས་གཡེངས་བ་ནི་དེ་ཡིན་པར་རིག་བར་བྱ་སྟེ་དེ་ལས་གཞན་པའི་སེམས་དེའི་ཡང་ཡིན་ནོ། །སེམས་མེད་པའི་ཡང་ཞེས་བྱ་བ་ནི་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པ་ཞུགས་པའི་ཡང་ཡིན་པའོ། །ཡང་ཞེས་བྱ་བའི་སྒྲས་ནི་མ་གཡེངས་པ་སེམས་དང་བཅས་པའི་ཡང་ཡིན་ནོ་
ཞེས་བྱ་བར་མངོན་ནོ་ཞེས་བྱ་བ་ནི་གང་ཟག་འདི་དག་ལས་མ་གཏོགས་པ་གསུམ་པའི་ཡང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དགེ་བ་དང་མི་དགེ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་ཁོ་ནའོ་ཞེས་ངེས་པར་བཟུང་བ་སྟེ་ལུང་དུ་མ་བསྟན་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །འདིས་ནི་མིག་ལ་སོགས་པ་ཡང་གསལ་བར་རིག་པར་བྱའོ། །རྗེས་འབྲེལ་གང་ཞེས་བྱ་བ་ནི་ཆོས་གང་ཞིག་རྟག་ཏུ་རྒྱུན་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་སྟེ་རྒྱུན་གྱིས་ཉེ་བར་མཚོན་པར་བྱ་བ་ཡིན་པའི་ཕྱིར་རྒྱུན་གྱིས་རྒྱུན་ཅན་སྟོན་པར་བྱེད་དོ། །རྣམ་པ་གཅིག་ཏུ་ན་རྗེས་སུ་འབྲེལ་བར་འགྱུར་བས་རྗེས་འབྲེལ་ལོ། །རྒྱུན་ཞེས་བྱ་བ་རྣམ་པར་བཤད་པའི་ཚིག་ནི་འབྲུ་མང་པོ་པར་བྱས་པ་ཡིན་ཏེ། འདི་ལ་རྒྱུན་འབྱུང་བ་འམ་མཆོག་ཡོད་པས་དེ་ཉིད་རྒྱུན་གྱི་ཆོས་སུ་བསྟན་གྱི་དེའི་རྒྱུ་ན་ནི་མ་ཡིན་ནོ། །ཐོབ་པའི་རྒྱུན་ཡང་འདི་ལྟ་བུ་ཡོད་པས་ཞེས་བྱ་བ་ནི་དེའི་ཐོབ་པ་ཡང་གཡེངས་པ་དང་སེམས་མེད་པ་ལས་ཡང་རྒྱུན་ཆགས་པ་ཡིན་ལ། དགེ་བ་དང་མི་དགེ་བ་ཉིད་ཀྱང་ཡིན་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་བྱ་བ་སྨོས་ཏེ། འབྱུང་བ་ཆེན་པོ་རྒྱུ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །དཔེར་ན་བུད་ཤིང་རྒྱུར་བྱས་ནས་མེ་འབྱུང་ངོ་ཞེས་བྱས་ན་བུད་ཤིང་གི་རྒྱུ་ལས་བྱུང་བའི་མི་ཞེས་བྱ་བར་གོ་བ་དང་འདྲའོ། །བསྐྱེད་པ་ལ་སོགས་པ་རྒྱུའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། སྐྱེད་དང་རྟེན་དང་གནས་པ་དང༌། །རྟོན་པ་དང་ནི་འཕེལ་བའི་ཕྱིར། །ཞེས་བྱ་བ་ཡིན་ཏེ་སྐྱེད་པའི་རྒྱུ་ནི་དེ་དག་ལས་སྐྱེ་བའི་ཕྱིར་རོ། །རྟེན་གྱི་རྒྱུ་ནི་སྐྱེས་ཟིན་པ་འབྱུང་བའི་རྗེས་སུ་བྱེད་པའི་ཕྱིར་ཏེ། སློབ་དཔོན་ལ་སོགས་པ་ལ་བརྟེན་པ་ལྟ་བུའོ། །གནས་པའི་རྒྱུ་ནི་གཞིའི་དངོས་པོ་ཡིན་པའི་ཕྱིར་ཏེ་རི་མོའི་རྩིག་པ་ལྟ་བུའོ། །རྟོན་པའི་རྒྱུ་ནི་རྒྱུན་མི་འཆད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འཕེལ་བའི་རྒྱུ་ནི་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་རོ། །འབྱུང་བ་ཆེན་པོ་གང་དག་རྒྱུར་བྱས་པ་ཡིན། ཅི་གཞིའི་འབྱུང་བ་ཆེན་པོ་དག་གམ་འོན་ཏེ་རྟེན་གྱི་འབྱུང་བ་ཆེན་པོ་དག་ཡིན་ཞེ་ན། སྨྲས་པ། གཞིའི་འབྱུང་བ་ཆེན་པོ་དག་ཡིན་ནོ། །དེའི་མིང་ཤེས་པར་བྱ་བའི་ཕྱིར་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་གཟུགས་དང་བྱེད་པའི་རང་བཞིན་ཡིན་
ཡང་རྣམ་པར་རེག་བྱེད་བཞིན་དུ་གཞན་དག་ལ་རྣམ་པར་རིག་པར་བྱེད་པ་མ་ཡིན་པ། དེའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པའོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་གཟུགས་དང་བྱེད་པའི་རང་བཞིན་ཡིན་ཡང་ཞེས་བྱ་བ་ཁྱད་པར་གཉི་ག་སྨོས་ཤེ་ན། དངོས་པོ་གང་ཞིག་གཟུགས་ཀྱི་རང་བཞིན་ཁོ་ན་ཡིན་ཞིང་བྱེད་པའི་རང་བཞིན་མ་ཡིན་ལ་དེ་ཡང་གཞན་ལ་གོ་བར་མི་བྱེད་པ་ཡང་ཡོད་དེ། དཔེར་ན་མིག་ལ་སོགས་པ་ལྟ་བུའོ། །གང་ཞིག་བྱེད་པའི་རང་བཞིན་ཁོ་ན་ཡིན་ཞིང་གཟུགས་ཀྱི་རང་བཞིན་མ་ཡིན་ལ་དེ་ཡང་གཞན་ལ་གོ་བར་མི་བྱེད་པ་ཡང་ཡོད་དེ། དཔེར་ན་སེམས་པ་ལྟ་བུའོ། །གང་ཞིག་གཉི་གའི་རང་བཞིན་ཡིན་ལ་དེ་ཡང་གཞན་ལ་གོ་བར་བྱེད་པ་ཡང་ཡོད་དེ། དཔེར་ན་རྣམ་པར་རིག་བྱེད་ལྟ་བུའོ། །རྣམ་པར་རིག་བྱེད་ནི་རང་ཀུན་ནས་སློང་བར་བྱེད་པ་དགེ་བ་དང་མི་དགེ་བ་འམ། ལུང་དུ་མ་བསྟན་པ་འམ་ངེས་པ་འམ་ཁྲོ་བ་འམ་གཉི་ག་མ་ཡིན་པ་ཞེས་བྱ་བ་གཞན་ལ་རྣམ་པར་རིག་པར་བྱེད་དེ། དེའི་ཕྱིར་རྣམ་པར་རིག་བྱེད་བཞིན་དུ་ཞེས་བཟློག་པའི་དཔེ་སྦྱོར་བ་ཡིན་ནོ། །མདོར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སློབ་དཔོན་གྱིས་སློབ་མ་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཚིག་མདོར་བསྡུས་པས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་སྟོན་པར་བྱེད་པ་ཡིན་ནོ། །རྣམ་པར་རིག་བྱེད་དང་ཏིང་ངེ་འཛིན་ལས་བྱུང་བའི་གཟུགས་དགེ་བ་དང་མི་དགེ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་ཞེས་བྱ་བ་འདི་ནི་ཅི་རིགས་པར་སྦྱར་བར་བྱའོ། །དགེ་བ་ནི་ལུས་དང་ངག་གི་རྣམ་པར་རིག་བྱེད་ལས་བྱུང་བ་སོ་སོར་ཐར་པའི་སྡོམ་པས་བསྡུས་པ་དང་སྡོམ་པ་ལ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པས་བསྡུས་པ་ཡིན་ནོ། །མི་དགེ་བ་ནི་སྡོམ་པ་མ་ཡིན་པས་བསྡུས་པ་ནི་སྡོམ་པ་མ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པས་བསྡུས་པ་ཡིན་ནོ། །ཏིང་ངེ་འཛིན་ལས་བྱུང་བ་ནི་དགེ་བ་ཁོ་ན་ཡིན་ལ་དེ་ཡང་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པའི་ཏིང་ངེ་འཛིན་ལས་བྱུང་བ་ནི་བསམ་གཏན་གྱི་སྡོམ་པའི་ངོ་བོ་ཉིད་ཡིན་ལ། ཟག་པ་མེད་པའི་ཏིང་ངེ་འཛིན་ལས་བྱུང་བ་ནི་ཟག་པ་མེད་པའི་སྡོམ་པའི་ངོ་བོ་ཉིད་ཡིན་ཏེ་རྒྱུར་བྱས་པའི་གཟུགས་ཀྱི་ངོ་བོ་ཉིད་ཡིན་གྱི་སེམས་དང་སེམས་ལས་བྱུང་བ་ལ་
སོགས་པའི་ངོ་བོ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་ན་རྣམ་པར་རིག་བྱེད་ཀྱང་རྣམ་པར་རིག་བྱེད་མ་ཡིན་པར་འགྱུར་བ་མ་ཡིན་ནམ་དེ་ཡང་ཕྱི་མའི་འདྲ་བའི་རྒྱུ་སྔོན་གྱི་རྣམ་པར་རིག་བྱེད་ལས་བྱུང་བ་ཡིན་ནོ་ཞེ་ན། དགེ་བ་དང་མི་དགེ་བ་ཁོ་ནའོ་ཞེས་ངེས་པར་བཟུང་བའི་ཕྱིར་རྣམ་པར་རིག་བྱེད་ལ་ཐལ་བར་མི་འགྱུར་ཏེ། རྣམ་པར་རིག་བྱེད་ནི་ལུང་དུ་མ་བསྟན་པ་ཡང་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ལྷའི་མིག་དང་རྣ་བ་ཏིང་ངེ་འཛིན་ལས་བྱུང་བ་དང་རྣམ་པར་རིག་བྱེད་ལས་སྐྱེས་པ་རྣམ་པར་སྨིན་པའི་གཟུགས་ཀྱང་རྣམ་པར་རིག་བྱེད་མ་ཡིན་པར་ཐལ་བར་མི་འགྱུར་རོ། །སློབ་དཔོན་འདུས་བཟང་ནི། །འདི་ལ་མ་ཚང་བསྟན་བཅོས་འགལ། །ཉམས་དང་དེ་མིན་དེ་ཉིད་ཐལ། །ཡང་སྒྲ་ལྷག་བརྗོད་ཁྱད་པར་དུ། །བྱ་བ་ཁྱབ་པར་མ་བྱས་སོ། །ཞེས་རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་ཀྱིས་མདོ་སུན་འབྱིན་པར་བྱེད་དེ་རྗེས་སུ་འབྲེལ་པ་ནི་རྒྱུན་ཡིན་པར་དེ་ཉིད་ཀྱིས་རྣམ་པར་བཤད་དེ་ཧ་ཅང་ཐལ་བར་འགྱུར་དུ་འོང་བས་སྐད་ཅིག་མ་དང་པོ་ནི་རྒྱུན་མ་ཡིན་ནོ། །དེ་ལྟ་བས་ན་དེ་མཚན་ཉིད་འདིར་བསྡུས་པ་མེད་པས་མཚང་བ་ཡིན་ནོ། །རྒྱུན་ཡང་རྫས་སུ་མེད་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་རྫས་སུ་མེད་པར་འགྱུར་བས་བསྟན་བཅོས་དང་འགལ་བ་ཡིན་ནོ། །མཉམ་པར་གཞག་པའི་ནི་གཡེངས་པ་དང་སེམས་མེད་པའི་རྗེས་སུ་འབྲེལ་བ་མེད་པས་དེ་རྣམ་པར་རིག་བྱེད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་ཉམས་པ་ཡིན་ནོ། །གལ་ཏེ་མ་གཡེངས་པ་དང་སེམས་དང་བཅས་པའི་རྗེས་སུ་འབྲེལ་བའི་ཕྱིར་འདི་ནི་ཉེས་པ་མེད་དོ་ཞེ་ན། དགེ་བ་དང་མི་དགེ་བའི་རྣམ་པར་རིག་བྱེད་ཀྱང་རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་དུ་ཐལ་བར་འགྱུར་བས་དེ་མ་ཡིན་པ་དེ་ཉིད་དུ་ཐལ་བར་འགྱུར་རོ། །གོང་མ་ཁོ་ནས་ཆོག་པའི་ཕྱིར་སེམས་མེད་པའི་ཡང་ཞེས་བྱ་བའི་སྒྲ་དོན་མེད་པར་འགྱུར་ཏེ། སེམས་གཡེངས་པའི་ཡང་ཞེས་བྱ་བ་འདིས་སེམས་དང་བཅས་པའི་གནས་སྐབས་ཐམས་ཅད་བསྡུས་ཟིན་ན་གང་ཡང་ཞེས་བྱ་བའི་སྒྲ་གཉིས་པས་བསྡུ་བར་བྱ་བའི་གནས་སྐབས་གཞན་ཅི་ཞིག་ཡོད། དེ་བས་ན་ཡང་ཞེས་བྱ་བའི་སྒྲ་སྨོས་པ་ལྷག་པ་ཡིན་ནོ། །སེམས་མེད་པའི་དབང་དུ་བྱས་ཏེ་དགེ་བའི་རྣམ་པར་
རིག་བྱེད་མ་ཡིན་པ་རྗེས་སུ་འབྲེལ་པ་ཁྱད་པར་དུ་བྱ་དགོས་པ་ལས་རྣམ་པར་བཤད་པ་ལས་ཁྱད་པར་དུ་མ་བྱས་པས་ཁྱད་པར་དུ་བྱ་བ་ཁྱད་པར་དུ་མ་བྱ་བ་ཡིན་ནོ། །ཐོག་མ་མེད་པའི་གཟུགས་སོ་ཞེས་ཁྱད་པར་དུ་བྱ་བ་ཁྱད་པར་དུ་མ་བྱས་པ་གཞན་འདི་ཡང་ཡོད་དེ། །ཉེས་པ་དག་གི་སྐྱོན་ཆགས་པའི་ཕྱིར་མཚན་ཉིད་འདི་ནི་ལེགས་པར་སྦྱར་བ་མ་ཡིན་ནོ་ཞེ་ན། སྨྲ་བར་བྱ་སྟེ། རེ་ཞིག་རྣམ་པར་རིག་བྱེད་མ་ཡིན་པ་རྒྱུན་ཡིན་པར་བསྟན་པའི་ཕྱིར་སྐད་ཅིག་མ་དང་པོ་རྣམ་པར་རིག་བྱེད་མ་ཡིན་པར་མི་འགྱུར་བས་མ་ཚང་བ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་རྗེ་ཁྱོད་ཉིད་ལ་དྲི་བར་བྱ་སྟེ་རྒྱུན་ཞེས་བྱ་བ་འདི་ཅི་ཡིན། །སྐད་ཅིག་མ་མང་པོ་ལ་རྒྱུན་ཞེས་བྱའོ། །གལ་ཏེ་དེ་ལྟ་ན་ནི་སྐད་ཅིག་མ་དང་པོ་ལ་སོགས་པ་སྐད་ཅིག་མང་པོ་ལ་རྒྱུན་ཞེས་བྱ་བའི་ཕྱིར་སྐད་ཅིག་མ་དང་པོ་ཡང་རྒྱུན་ཡིན་པར་འགྲུབ་སྟེ། འདི་ལྟར་འབབ་ཆུའི་དངོ་དང་མཚེའུ་ལས་འབབ་པའི་ཆུ་དག་གི་ཆུའི་ཡན་ལག་དང་པོ་ལ་སོགས་པ་ལ་རྒྱུན་ཞེས་བྱ་བས་མཚན་ཉིད་མ་ཁྱབ་པ་ཉིད་མེད་དོ། །གང་གི་ཚེ་རྗེས་སུ་འབྲེལ་བར་འགྱུར་བས་རྗེས་སུ་འབྲེལ་བའོ་ཞེས་རྫས་ཉིད་ཡིན་པར་སྟོན་པ་དེའི་ཚེ་ན་མ་ཚང་བ་ཉིད་ཀྱི་སྒྲ་ཡང་མེད་དོ། །དེ་ཉིད་ཀྱི་ཕྱིར་བསྟན་བཅོས་དང་འགལ་བ་ཉིད་ཀྱི་ཉེས་པ་ཡང་ཡོངས་སུ་སྤངས་པ་ཡིན་ནོ། །ཇི་སྟེ་ཡང་འབྲེལ་བ་ཞེས་བྱ་བ་རྒྱུན་པར་བརྗོད་ན་དེ་ལྟ་ན་ཡང་གཟུགས་ཀྱི་སྐབས་ཡིན་པའི་ཕྱིར་ཉེས་པ་མེད་དེ་རྒྱུན་ཆགས་པར་འབྱུང་བའི་ཕྱིར་རྒྱུན་གྱི་སྒྲར་རབ་ཏུ་བསྟན་ཏོ། །མཉམ་པར་གཞག་པའི་རྣམ་པར་རིག་བྱེད་མ་ཡིན་པ་མ་བསྡུས་པ་ཡང་མ་ཡིན་ཏེ། དེ་ཡང་གཡེངས་པ་དང་སེམས་མེད་པའི་རྒྱུན་གྱིས་རྗེས་སུ་འབྲེལ་བར་མི་འགྱུར་མོད་ཀྱི་མ་གཡེངས་པ་དང་སེམས་དང་བཅས་པའི་རྒྱུད་ཀྱི་རྗེས་སུ་འབྲེལ་བར་ནི་འགྱུར་བ་ཁོ་ན་ཡིན་ལ། རྣམ་པར་རིག་བྱེད་མ་ཡིན་པར་རིགས་མཐུན་བའི་ཕྱིར་ནི། གཡེངས་པ་དང་སེམས་མེད་པའི་རྗེས་སུ་འབྲེལ་པ་གང་ཡིན་པ་དེ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །གང་ཡང་འདི་སྐད་དུ་གལ་ཏེ་མ་གཡེངས་པ་དང་སེམས་དང་བཅས་པའི་རྗེས་སུ་འབྲེལ་བའི་ཕྱིར་འདི་ནི་ཉེས་པ་མེད་དོ་ཞེས་ཟེར་ན་ཞེས་སྨྲས་པ། གལ་ཏེ་སེམས་མ་
གཡེངས་པ་འབའ་ཞིག་གི་ཡང་རྗེས་སུ་འབྲེལ་བ་དེ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་ཡིན་པས་མཉམ་པར་གཞག་པའི་རྣམ་པར་རིག་བྱེད་མ་ཡིན་པ་སྤངས་པ་མ་ཡིན་ནོ་ཞེས་སྨྲ་ན་དགེ་བ་དང་མི་དགེ་བའི་རྣམ་པར་རིག་བྱེད་ཀྱང་དེ་དང་འདྲ་བ་ཉིད་ཡིན་པས་ཁྱོད་ཀྱི་ལྟར་ན་རྣམ་པར་རིག་བྱེད་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ཡིན་ན། དགེ་བ་དང་མི་དགེ་བ་ཁོ་ནའོ་ཞེས་ངེས་པར་བཟུང་བའི་ཕྱིར་དེ་ཡང་ཉེས་པ་མེད་དེ་རྣམ་པར་རིག་བྱེད་ནི་ལུང་དུ་མ་བསྟན་པ་ཉིད་ཀྱང་ཡིན་པས་རྣམ་པར་རིག་བྱེད་མ་ཡིན་པར་ཐལ་བར་མི་འགྱུར་རོ། །རྣམ་པ་གཅིག་ཏུ་ན་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་འདི་ཐལ་བར་མི་འགྱུར་ཏེ། གང་ཞིག་མཆོག་ཏུ་རྗེས་སུ་འབྲེལ་བ་དེ་ཁོ་ན་རྣམ་པར་རིག་བྱེད་མ་ཡིན་པ་ཡིན་ན་རྣམ་པར་རིག་བྱེད་མ་ཡིན་པ་མ་འགགས་ཀྱང་དེ་འགགས་པ་མཐོང་བའི་ཕྱིར་རྣམ་པར་རིག་བྱེད་ནི་རྣམ་པར་རིག་བྱེད་མ་ཡིན་པ་བཞིན་དུ་མཆོག་ཏུ་རྗེས་སུ་འབྲེལ་བར་འགྱུར་བ་མ་ཡིན་ནོ། །གང་ཡང་ཞེས་བྱ་བའི་སྒྲ་སྨོས་པ་ལྷག་པ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་པར་སྨྲས་པ་ཡིན་ཏེ། འདི་ལྟར་མདོ་ལས་ནི་ཡང་ཞེས་བྱ་བའི་སྒྲ་གཅིག་ཁོ་ན་འབྱུང་ངོ༌། །འབྲེལ་པ་ལས་ནི་དེའི་དོན་གང་ཟག་དེ་གཉི་ག་དང་སྦྱོར་བར་བྱེད་པས་གཉིས་ཀྱང་འབྱུང་སྟེ། སློབ་དཔོན་ཡང་ཞེས་བྱ་བའི་སྒྲ་མདོ་ལས་འབྱུང་བ་གཅིག་པུ་དེས་གཡེངས་པ་ལས་བཟློག་པ་མ་གཡེངས་པ་དང་སེམས་མེད་པ་ལས་བཟློག་པ་དེ་ཉིད་སེམས་དང་བཅས་པ་རྣམ་པར་རེག་བྱེད་མ་ཡིན་པའི་རྟེན་གང་ཟག་གསུམ་པ་བརྗོད་ཅིང་རང་གི་མིང་བརྗོད་པས་རིགས་མཐུན་པའི་སྒོ་ནས་རྣམ་པར་རིག་བྱེད་མ་ཡིན་པའི་རྟེན་གང་ཟག་གཡེངས་པ་དང་སེམས་མེད་པ་གཉིས་སྟོན་པར་བྱེད་པ་ན་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པར་རིག་བྱེད་དང་སེམས་དང་སེམས་ལས་བྱུང་བ་དག་ལས་དོན་གཞན་དུ་གྱུར་པ་ཡིན་པར་འཆད་དོ། །གང་ཟག་ནི་རྣམ་པར་རིག་བྱེད་ཀྱི་སེམས་དང་མི་འདྲ་བའི་སེམས་དང་ལྡན་པ་དང་རྣམ་པར་རིག་བྱེད་ཀྱི་སེམས་དང་འདྲ་བའི་སེམས་དང་ལྡན་པ་དང༌། སེམས་མེད་པ་དང་གསུམ་ཁོ་ན་ཡིན་ནོ། །དེ་ལ་རྣམ་པར་རིག་བྱེད་ཀྱི་སེམས་དང་མི་འདྲ་བའི་སེམས་དང་ལྡན་པ་ནི་འདིར་སེམས་གཡེངས་པ་ཡིན་པར་བསམས་པ་སྟེ། དེའི་ལུས་དང་ངག་གི་རྣམ་པར་རིག་
བྱེད་དེ་ནི་འགགས་པ་ཡིན་ནོ། །སེམས་མེད་པ་ནི་སེམས་དང་སེམས་ལས་བྱུང་བ་དག་ཀྱང་འགགས་པ་ཡིན་ཏེ་དེ་ལྟ་བས་ན་རྣམ་པར་རིག་བྱེད་མ་ཡིན་པ་འདི་ནི་འདི་ལྟར་དེ་དག་ལ་རྗེས་སུ་འབྲེལ་བར་འགྱུར་བ་ཉིད་ཀྱིས་ཁྱད་པར་དུ་བྱས་པས་རྣམ་པར་རིག་བྱེད་དང༌། སེམས་དང་སེམས་ལས་བྱུང་བའི་ཚོགས་ལས་དོན་གཞན་དུ་གྱུར་པ་ཡིན་ནོ། །དེའི་དོན་འདི་བསྟན་པར་བྱ་བའི་ཕྱིར། གཡེངས་དང་སེམས་མེད་པའི་ཡང་ཞེས་བྱ་བ་སྨོས་ཏེ། སེམས་མ་གཡེངས་པ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་དོ་ཞེས་བྱ་བ་ནི་ཁྱད་པར་དུ་བྱས་པ་མ་ཡིན་ཏེ། དེ་ལ་རྣམ་པར་རིག་བྱེད་ཀྱང་ཡོད་དོ། །སེམས་གཡེངས་བ་ལ་ཡང་ཡོད་དོ་ཞེས་བྱ་བ་ནི་ཁྱད་པར་དུ་བྱས་པ་ཡིན་ཏེ། དེ་ལ་རྣམ་པར་རིག་བྱེད་ནི་མེད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་ནི་རྗེས་སུ་འབྲེལ་བར་འགྱུར་རོ་ཞེས་རྣམ་པར་རིག་བྱེད་ལས་ཁྱད་པར་དུ་བྱས་པ་ཡིན་ནོ། །དེ་བཞིན་དུ་སེམས་དང་བཅས་པ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་དོ་ཞེས་བྱ་བ་ནི་ཁྱད་པར་དུ་བྱས་པ་ཡིན་ཏེ། དེ་ལ་ནི་སེམས་དང་སེམས་ལས་བྱུང་བ་དག་ཀྱང་ཡོད་པ་ཉིད་དོ། །སེམས་མེད་པ་ལ་ཡང་ཡོད་དོ་ཞེས་བྱ་བ་ནི་ཁྱད་པར་དུ་བྱས་པ་ཡིན་ཏེ་དེ་ལ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་འགགས་ལ་རྣམ་པར་རིག་བྱེད་མ་ཡིན་པ་ནི་རྗེས་སུ་འབྲང་བར་འགྱུར་རོ་ཞེས་སེམས་དང་སེམས་ལས་བྱུང་བ་དག་ལས་ཁྱད་པར་དུ་བས་པ་ཡིན་ནོ། །དེ་ལྟར་ན་ཡང་ཤེས་བྱའི་སྒྲ་གཅིག་པུས་ཀྱང་ཆོས་གཞན་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །གཡེངས་པ་དང་སེམས་མེད་པའི་གསུམ་པར་གྱུར་སེམས་མ་གཡེངས་པ་སྟོན་པར་བྱེད་དོ། །དེ་བས་གསུམ་པར་གྱུར་པའི་ཕྱིར་སློབ་དཔོན་གྱིས་ཡང་ཞེས་བྱ་བའི་སྒྲས་ནི་མ་གཡེངས་པ་སེམས་དང་བཅས་པ་ཡང་ཡིན་ནོ་ཞེས་བཤད་དོ། །དེ་ལྟ་མ་ཡིན་ན་ཡང་ཞེས་བྱ་བའི་སྒྲས་ནི་སེམས་གཡེངས་པའི་ཡང་ཡིན་ནོ་ཞེས་བྱ་བ་ཁོ་ན་འམ་སེམས་མེད་པའི་ཡང་ཡིན་ནོ་ཞེས་བྱ་བ་ཁོ་ན་ཞིག་བརྗོད་པར་འགྱུར་རོ། །དཔེར་ན་འཇིག་རྟེན་ན་མི་གསུམ་ཞིག་ཡོད་པ་གཅིག་ནི་ནོར་དང་ལྡན་པ་ཞིག་ཡིན་ལ་གཞན་གཉིས་ཀྱང་ནོར་ཙམ་དང་ལྡན་པ་ཡིན་པ་ལས། གཅིག་གཅིག་གིས་དེ་དག་ལ་བརྟགས་ནས་ཁྱབ་འཇུག་བཤེས་ལ་ནི་ནོར་ཡོད་དོ་ཞེས་སྨྲས་པ་དང༌། སྨྲ་བ་པོ་གཉིས་པ་ཞིག་གིས་ལྷ་སྦྱིན་དང་མཆོད་སྦྱིན་
དག་ལ་ཡང་ནོར་ཡོད་དོ་ཞེས་སྨྲས་པར་གྱུར་ན་ཡང་ཞེས་བྱ་བའི་སྒྲས་ཁྱབ་འཇུག་བཤེས་ལ་ཡང་ཡོད་དོ་ཞེས་བྱ་བའི་སྒྲ་ལྷ་སྦྱིན་དང་མཆོད་སྤྱིན་དག་ལ་ཡོད་པ་གཉིས་ལྟ་བུར་གྱུར་བས་ཁྱབ་འཇུག་བཤེས་དེ་ཉིད་ཉེ་བར་མཚོན་པར་བྱེད་དེ་སྦྱོར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེས་ན་འདི་ལ་ཡང་ཞེས་བྱ་བའི་སྒྲ་ལྷག་པ་ཉིད་མ་ཡིན་པ་ལྟར་འདིར་ཡང་དེ་དང་འདྲའོ། །གང་ཡང་འདི་སྐད་དུ་སེམས་མེད་པའི་དབང་དུ་བྱས་ཏེ་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པའི་རྗེས་སུ་འབྲེལ་བ་ཁྱད་པར་དུ་བྱ་དགོས་པ་ལས་ཞེས་སྨྲས་པ་དེ་ཡང་གྱི་ན་སྟེ་མཚན་ཉིད་འདི་ནི་རྣམ་པར་རིག་བྱེད་མ་ཡིན་པའི་རིགས་ཀྱི་དབང་དུ་བྱས་ནས་བཤད་པ་ཡིན་ལ་རྣམ་པར་རིག་བྱེད་མ་ཡིན་པའི་རིགས་དེ་ཡང་སེམས་མེད་པ་ལ་ཡོད་དེ་བརྗོད་པར་འདོད་པ་ནི་དེ་ཙམ་ཞིག་ཏུ་ཟད་ན་ཁྱད་པར་དུ་བྱས་པ་འདིས་གོ་ཅི་ཞིག་བྱ། ཁྱོད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉེད། བྱས་པ་དང་ཡང་མི་ལྡན་པའི། །སེམས་ལའང་སེམས་མེད་པ་ལ་གང༌། །ལུང་བསྟན་ཐོགས་པ་མེད་པའི་གཟུགས། །དེ་ནི་རྣམ་རིག་བྱེད་མིན་འདོད། །ཅེས་བྱ་བ་ལས་ཀྱང་སེམས་མེད་པའི་དབང་དུ་བྱས་ནས་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་ཁྱད་པར་དུ་མ་བྱས་ཏེ། སེམས་མེད་པ་ལ་ནི་རྣམ་པར་རིག་བྱེད་ལས་བྱུང་བ་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་འདི་ཉིད་ཀྱང་སྲིད་དོ་ཞེས་མཛོད་ཀྱི་གནས་བཞི་པ་ནས་སྟོན་པར་འགྱུར་རོ། །གང་ཡང་ཐོགས་པ་མེད་པའོ་ཞེས་ཁྱད་པར་དུ་མ་བྱས་སོ་ཞེས་བྱ་བ་དེ་ཡང་འོག་ནས་བསྟན་པར་བྱ་སྟེ། ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་བྱ་བ་འདིར་ཁམས་བཅུ་ཁོ་ན་ཐོགས་པ་དང་བཅས་པ་ཞེས་བྱ་བར་ངེས་པར་བཟུང་བའི་ཕྱིར། རྣམ་པར་རིག་བྱེད་མ་ཡིན་པ་ནི་ཆོས་ཀྱི་ཁམས་ཡིན་པར་འབྱུང་བས་དེ་ནི་ཐོགས་པ་མེད་པའི་ཞེས་བྱ་བར་འགྲུབ་པར་འགྱུར་རོ། །དེ་ལྟ་བས་ན་ཁོ་བོ་ཅག་གི་རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་འདི་དེ་ཁོ་ན་དེ་ལྟར་ཉེས་པ་སྐྱོན་ཆགས་པ་མ་ཡིན་པས་དེ་ཉིད་བཞག་སླའོ། །འབྱུང་བ་དག་ནི་སའི་ཁམས་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ཁམས་སྨོས་པ་ནི་ཁ་དོག་དང༌། དབྱིབས་ཀྱི་བདག་ཉིད་ལ་སོགས་པ་བསལ་བའི་ཕྱིར་རོ། །རང་གི་མཚན་ཉིད་དང་རྒྱུར་བྱས་པའི་གཟུགས་
འཛིན་པའི་ཕྱིར་ཁམས་དག་གོ་ཞེས་བྱ་བ་ནི་རྣག་གི་མཚན་ཉིད་སྲ་བ་ལ་སོགས་པ་དང་རྒྱུར་བྱས་པའི་གཟུགས་མིག་ལ་སོགས་པ་རྗེས་སུ་འཛིན་པའི་ཕྱིར་ཁམས་དག་ཡིན་ནོ། །ཁམས་བཅོ་བརྒྱད་ནི་རང་དང་སྤྱིའི་མཚན་ཉིད་འཛིན་པའི་ཕྱིར་རམ་དེ་དག་ལ་ལྟོས་ནས་རིགས་ཀྱི་དོན་ནི་ཁམས་ཀྱི་དོན་ཡིན་ནོ། །ཁམས་དྲུག་བསྟན་པ་ལ་ནི་ཡང་སྲིད་པའི་ས་བོན་གྱི་དོན་ནི་ཁམས་ཀྱི་དོན་ཡིན་ཏེ་སྲིད་པ་རྒྱས་པར་བྱེད་པའི་ཕྱིར་རོ། །འདི་དག་གཟུགས་གཞན་ཐམས་ཅད་ཀྱི་རྟེན་ཉིད་དུ་རགས་པའི་ཕྱིར་ན་ཆེན་པོ་ཉིད་དོ་ཞེས་བྱ་བ་ནི་རྒྱུར་བྱས་པའི་གཟུགས་ཐམས་ཅད་ཀྱི་རྟེན་ཉིད་དུ་ཆེ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་བྱ་བ་ལ་ཤས་ཆེ་བ་དག་ལ་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་དེ་དག་སྲ་བ་ལ་སོགས་པ་འབྲས་བུའི་བྱ་བ་ལ་ཤས་ཆེ་ཞིང་གསལ་བས་འདི་དག་ནི་དེ་དག་བྱ་བ་ལ་ཤས་ཆེ་བ་སྟེ་ས་དང་ཆུ་དང་མེ་དང་རླུང་གི་ཕུང་པོ་དག་ཡིན་ནོ། །འབྱུང་བ་ཆེན་པོ་དེ་རྣམས་ཆེན་པོར་གནས་ཤིང་ཆེན་པོར་བཀོད་པའི་ཕྱིར་རོ། །འབྱུང་བ་རྒྱས་པར་བྱེད་བས་ན་འབྱུང་བ་དག་ཡིན་ནོ། །འཛིན་པ་ལ་སོགས་ལས་སུ་གྲུབ། །ཅེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འཛིན་པ་ལ་སོགས་པ་བསྟན་པ་ལ་ནི་ས་ལ་སོགས་པ་ལ་ལྷག་མ་རྣམས་རྗེས་སུ་དཔག་པའི་ཕྱིར་ཏེ་སའི་རྫས་རྡོ་ལ་སོགས་པ་ལ་སྡུད་པ་ལ་སོགས་པ་མཐོང་བའི་ཕྱིར་ལྷག་མ་ཆུ་དང་མེ་དང་རླུང་རྣམས་ཡོད་པ་ཉིད་དུ་དཔག་གོ །ཆུ་ལ་ཡང་གྲུ་འདེགས་པ་དང་དྲོ་བ་ཉིད་དང་གཡོ་བའི་ལས་མཐོང་བའི་ཕྱིར་ས་དང་མེ་དང་ཆུ་རྣམས་ཡོད་པ་ཉིད་དོ། །མེ་ལ་ཡང་བརྟན་པ་དང་གོང་བུར་འདུག་པ་དང་གཡོ་བ་མཐོང་བའི་ཕྱིར་ས་དང་ཆུ་དང་རླུང་རྣམས་ཡོད་པ་ཉིད་དོ། །རླུང་ལ་ཡང་འདེགས་པ་དང་གྲང་བ་དང་དྲོ་བའི་རེག་པ་མཐོང་བའི་ཕྱིར་ས་དང་ཆུ་དང་མེ་རྣམས་ཡོད་པ་ཉིད་དོ་ཞེས་ཟེར་རོ། །རྒྱས་པར་བྱེད་པ་ནི་འཕེལ་བ་དང་རྒྱས་པར་བྱེད་པར་རིག་པར་བྱ་སྟེ་ཞེས་བྱ་པ་ལ་འཕེལ་བ་ནི་ལུས་དང་མྱུ་གུ་ལ་སོགས་པ་ཡན་ལག་འབྲེལ་པ་ལྷག་པར་སྐྱེ་བའོ། །རྒྱས་པར་བྱེད་པ་ནི་ལུས་ལ་སོགས་པ་རྒྱུན་ཆགས་པར་ཡུལ་གཞན་དུ་འབྱུང་བའོ། །དྲོ་ཉིད་ཅེས་བྱ་བ་ནི་རང་གི་ངོ་བོ་བསྟན་པ་ལ་ཡང་ངོ་བོའི་རྐྱེན་བསྟན་པ་ཡིན་ཏེ་དྲོ་བ་ཁོ་ན་དྲོ་ཉིད་ཅེས་བྱ་བ་ཡིན་ནོ། །
འབྱུང་བའི་རྒྱུ་ན་ཡུལ་གཞན་དུ་བསྐྱེད་པའི་ཕྱིར་གཡོ་བར་བྱེད་དེ་སྒྲོན་མ་གཡོ་བ་བཞིན་དུ་གཡོ་བ་ཡིན་ནོ་ཞེས་བྱ་བ་ནི་སྐད་ཅིག་མ་རྣམས་ལ་ཡུལ་གཞན་དུ་འགྲོ་བ་མེད་དེ་གང་དུ་སྐྱེས་པ་ཉིད་དུ་རྣམ་པར་འཇིག་གོ །དེའི་ཕྱིར་འདི་སྐད་དུ་སྐད་ཅིག་མ་ཡིན་པའི་ཕྱིར་འབྱུང་བའི་རྒྱུན་ཡུལ་གཞན་དུ་སྐྱེད་པའི་ངོ་བོ་ཉིད་ནི་གཡོ་བ་ཡིན་ཏེ། སྒྲོན་མ་བཞིན་ནོ་ཞེས་བཤད་དོ། །འབྱུང་བ་རྣམས་ཀྱང་སྐད་ཅིག་མ་ཡིན་ཏེ། གཟུགས་ཡིན་པའི་ཕྱིར་སྒྲོན་མ་ལྟ་བུའོ། །སྒྲོན་མ་ཡང་སྐད་ཅིག་མ་ཡིན་པར་གྲགས་པས་དཔེར་བསྟན་ཏོ། །འདིར་རང་བཞིན་ལས་ཀྱིས་བསལ་བ་ཡིན་ནོ་ཞེས་བྱ་བ་ནི་གཡོ་བར་བྱེད་པའི་བདག་ཉིད་ཀྱི་ཡང་བ་ཉིད་གང་ཡིན་པ་དེ་ནི་རླུང་གི་ཁམས་ཡིན་ནོ་ཞེས་གཡོ་བར་བྱེད་པའི་ལས་ཀྱིས་ཡང་བ་ཉིད་ཁྱད་པར་དུ་བྱེད་པ་ཡིན་ཏེ། རླུང་གི་ཁམས་ན་ཡང་ཞིང་གཡོ་བར་བྱེད་པ་ཡིན་ནོ། །ཡང་བ་ཁོ་ན་གང་ཡིན་པ་དེ་ནི་རྒྱུར་བྱས་པའི་གཟུགས་ཡིན་ནོ། །གསུང་རབ་ལས་སའི་ཁམས་ལ་སོགས་པ་དང་ས་ལ་སོགས་པ་ཡང་གསུངས་ཏེ་དེའི་ཕྱིར། ས་ལ་སོགས་པ་དང་སའི་ཁམས་ལ་སོགས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན་ཞེས་འདྲི་བར་བྱེད་དོ། །འཇིག་རྟེན་གྱི་ནི་ཐ་སྙད་དུ། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །རླུང་ཚོགས་ཞེས་བྱ་བ་ལ་རླུང་ཚོགས་ནི་རླུང་རྣམས་ཀྱི་ཚོགས་སོ། །འདི་ལྟར་དོན་གྱི་སྡེ་ཚན་དག་ལས་ཞེས་བྱ་བ་ནི་དོན་གྱི་སྡེ་ཚན་གྱི་མདོ་གང་དག་ཕྲན་ཚེགས་ལས་འབྱུང་བ་དེ་དག་ལས་བཤད་པ་ཡིན་ནོ། །གལ་ཏེ་འདོད་པ་ཚོལ་བྱེད་ཅིང༌། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་འདོད་པ་ཚོལ་བར་བྱེད་ཅིང༌། འདུན་པ་སྐྱེད་པའི་ལུས་ཅན་ཏེ། འདོད་པའི་ཡུལ་དག་མ་འབྱོར་ཅིང་ཕུན་སུམ་ལྡན་པར་མ་གྱུར་ན་དེ་ཟུག་རྔུས་ཟུག་པ་བཞིན་གནོད་པར་འགྱུར་ཏེ། གནོད་པ་བྱེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །གནོད་པར་འགྱུར་ཞེས་བྱ་བའི་སྒྲ་གནོད་པ་བྱེད་པའི་དོན་ཡིན་པར་ཡོངས་སུ་བཅད་པ་འདིས་ནི་དགེ་སློང་དག་གཟུགས་སུ་ཡོད་ཅིང་གཟུགས་སུ་རུང་པས་ཞེས་བྱ་བའི་མདོ་འདི་ལས་གཟུགས་སུ་རུང་བ་ཞེས་བྱ་བའི་སྒྲ་འབྱུང་བ་ཡང་གནོད་པར་བྱེད་པའི་དོན་ཡིན་པ་ཁོ་ནར་ཡོངས་སུ་བཅད་དོ། །འདོད་པ་ཚོལ་
བ་ཟུག་རྔུས་ཟུག་པ་ནི་སྡུག་བསྔལ་མྱོང་བ་ཡིན་པའི་ཕྱིར་གནོད་པ་བྱེད་པར་ཡང་འགྱུར་རོ་ཞེས་བྱ་བར་ཡང་རིགས་ན། གཟུགས་ལ་གོ་ཇི་ལྟར་གནོད་པ་བྱེད་པར་འགྱུར་ཞེ་ན་དེའི་ཕྱིར་ཡོངས་སུ་འགྱུར་བ་སྐྱེད་པའོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་འགྱུར་བསྐྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ །དོན་འདི་དེ་ལྟ་ཡིན་དང༌། ཟུག་རྔུས་ཟུག་བཞིན་གནོད་པར་འགྱུར། །ཞེས་འབྱུང་བ་འདིར་ཡང་གལ་ཏེ་དོན་ནི་རྣམ་པར་འགྱུར་བར་བྱེད་དོ་ཞེས་བྱ་བར་བཟུང་ན་དོན་ཤིན་ཏུ་ཡང་རུང་བར་འགྱུར་རོ། །ཐོགས་པའོ་ཞེས་བྱ་བ་ནི་རང་གི་ཡུལ་དུ་གཞན་འབྱུང་བའམ་གནས་པའོ། །འོ་ན་ནི་རྡུལ་ཕྲ་རབ་ཅེས་བྱ་བ་ནི་རྫས་ཀྱི་རྡུལ་ཕྲ་རབ་ཀྱི་གཟུགས་ནི་གཟུགས་ཡིན་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གཟུགས་སུ་མེད་པའི་ཕྱིར་ཏེ་ཆ་ཤས་མེད་པ་ཉིད་ཡིན་ན་གཟུགས་སུ་མེད་པའི་ཕྱིར་རོ་སྙམ་དུ་བསམ་པའོ། །གླན་ཀ་འདི་ནི་རྫས་ཀྱི་རྡུལ་ཕྲ་རབ་ནི་ཆ་ཤས་མེད་པ་ཡིན་པའི་ཕྱིར་གནོད་པ་བྱེད་པའི་གཟུགས་སུ་རུང་བ་དང་ཐོགས་པ་མེད་པའི་གཟུགས་སུ་རུང་བས་ཀྱང་གཟུགས་སུ་རུང་བར་བྱ་བར་མི་ནུས་སོ་ཞེས་ཕྱོགས་གཉི་ག་ལ་ཡང་ཉེ་བར་བཀོད་པ་ཡིན་ནོ། །རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་པུ་ལོགས་ཤིག་ཏུ་གྱུར་པ་ནི་མེད་པ་ཉིད་དོ་ཞེས་བྱ་བ་ལ་གཅིག་པུ་ཞེས་བྱ་བ་སྨོས་པ་ནི་རྫས་ཀྱི་རྡུལ་ཕྲ་རབ་ཀྱི་གཟུགས་བསྟན་པའི་ཕྱིར་རོ། །ལོགས་ཤིག་ཏུ་གྱུར་པ་ནི་འདུས་པ་ལ་གནས་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་སྟེ་དེ་འདྲ་པ་དེ་ནི་མེད་ཀྱི། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རྟག་ཏུ་འདུས་པ་ལ་གནས་པ་ཡིན་ནོ། །འདུས་པ་ལ་གནས་པ་དེ་ལ་ནི་གཟུགས་སུ་རུང་བ་ཉིད་དོ་ཞེས་བྱ་བ་ནི་དོན་གྱིས་ན་འདི་སྐད་དུ་རྫས་ཀྱི་རྡུལ་ཕྲ་རབ་ཀྱི་གཟུགས་འདུས་པ་ལ་གནས་པ་དེ་ལ་ནི་གཟུགས་སུ་རུང་བར་འགྱུར་ཏེ་གནོད་པ་བྱར་ཡོད་ཅིང་ཐོགས་པར་འགྱུར་རོ་ཞེས་བྱ་བར་ཁས་བླངས་པ་ཡིན་ནོ། །འོ་ན་ནི་འདས་པ་དང་མ་འོངས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདས་པ་དང་མ་འོངས་པ་ནི་ཡུལ་ན་མི་གནས་པའི་ཕྱིར་གཟུགས་སུ་རུང་བ་མ་ཡིན་ཏེ། གནོད་པ་བྱར་ཡང་མེད་ལ་ཐོགས་པ་ཡང་མེད་དོ། །དེ་ཡང་ཞེས་བྱ་བ་རྒྱས་པར་
འབྱུང་བ་ལ། དེ་ཡང་གཟུགས་སུ་ཡོད་ཟིན་པ། །ཞེས་བྱ་བ་ནི་འདས་པ་སྟེ་གནོད་པར་བྱེད་པ་དང་ཐོགས་བའི་དོན་གྱིས་སོ། །གཟུགས་སུ་ཡོད་པར་འགྱུར་བ་ཞེས་བྱ་བའི་ནི་མ་འོངས་བ་འབྱུང་བའི་ཆོས་ཅན་ཏེ་དོན་དེ་གཉིས་ཁོ་ནས་སོ། །དེ་དང་རིགས་མཐུན་པ་ཞེས་བྱ་བ་ནི་འབྱུང་བའི་ཆོས་ཅན་དང་རིགས་མཐུན་པ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཡིན་ནོ། །བུད་ཤིང་བཞིན་ནོ་ཞེས་བྱ་བ་ནི་བུས་ཟིན་པ་གང་ཡིན་པ་དང་འབུད་པར་འགྱུར་བ་གང་ཡིན་པ་དང་དེ་དང་རིགས་མཐུན་པ་དེ་ཡང་བུད་ཤིང་ཡིན་ནོ། །དེ་དང་རིགས་མཐུན་པའི་བུད་ཤིང་ནི་བུད་ཤིང་གི་དོན་དུ་བརྟགས་པ་གང་ཞིག་མེ་དང་མ་ཕྲད་པ་ཁོ་ནར་བར་མ་དོར་འཇིག་པར་འགྱུར་བ་ཡིན་ནོ། །འོ་ན་ནི་རྣམ་པར་རིག་བྱེད་མ་ཡིན་པ་གཟུགས་མ་ཡིན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། །ཐོགས་པ་མེད་པའི་ཕྱིར་རོ། །ཐོགས་པ་མེད་པ་ཉིད་ཀྱི་ཕྱིར་དེ་ནི་གནོད་པར་བྱར་ཡང་མེད་ལ་ཐོགས་པར་འགྱུར་བ་ཡང་མེད་དོ། །དེ་ཡང་རྣམ་པར་རིག་བྱེད་ལ་གཟུགས་སུ་ཡོད་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྣམ་པར་རིག་བྱེད་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་སློང་བར་བྱེད་པ་ཡིན་ནོ། །ཐོགས་པ་དང་བཅས་པ་དེ་ལ་གཟུགས་སུ་ཡོད་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ལ་ཡང་གཟུགས་སུ་ཡོད་པར་འགྱུར་ཏེ། དཔེར་ན་གྲིབ་མ་ཀུན་ནས་སློང་བར་བྱེད་པའི་ཤིང་ལྗོན་པ་གཡོས་པར་གྲིབ་མ་གཡོ་བ་དེ་དང་འདྲའོ། །འགྱུར་བ་མེད་པའི་ཕྱིར་མ་ཡིན་ཏེ་ཞེས་བྱ་བ་འདིས་ནི་དམ་བཅས་པའི་སྐྱོན་འཛིན་པར་བྱེད་དེ། ཕ་རོལ་པོས་ནི་འདི་སྐད་དུ་རྣམ་པར་རིག་བྱེད་མ་ཡིན་པ་ནི་ཀུན་ནས་བསླང་བར་བྱ་བ་ཡིན་པའི་ཕྱིར་རང་ཀུན་ནས་སློང་བར་བྱེད་པར་འགྱུར་བའི་རྗེས་སུ་བྱེད་དེ། ཤིང་ལྗོན་པ་དང་གྲིབ་མ་བཞིན་ནོ་ཞེས་དམ་བཅས་སོ། །དམ་བཅས་པ་འདི་ནི་སྔར་ཁས་བླངས་པ་དང་འགལ་བ་ཅན་ཡིན་ཏེ། ཁས་ནི་རྣམ་པར་རིག་བྱེད་གྱུར་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་མི་འགྱུར་བར་བླངས་ཏེ། འདི་ལྟར་ཐལ་མོ་སྦྱར་བ་བཤིག་སྟེ་ཐལ་མོ་ཁོང་སྟོང་དུ་སྦྱར་བའི་ལུས་ཀྱི་རྣམ་པར་རིག་བྱེད་འགྱུར་རོ་ཞེས་བྱ་བར་ཁས་ལེན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་སྒྲུབ་པ་འདི་ནི་མི་རུང་ངོ༌། །རྣམ་པར་རིག་བྱེད་ལོག་ན་རྣམ་པར་རིག་བྱེད་མ་ཡིན་པ་ཡང་ལྡོག་པར་འགྱུར་ཏེ་
ཞེས་བྱ་བ་འདིས་ནི་དམ་བཅས་པ་འདིའི་ཆོས་ཅན་གྱི་ཁྱད་པར་ལས་བཟློག་པ་འཛིན་པར་བྱེད་དེ། གལ་ཏེ་གྲིབ་མ་ཤིང་གི་ཆོས་ཡིན་པར་འདོད་ན་ཤིང་ལོག་ན་གྲིབ་མ་ཡང་ལྡོག་པ་མཐོང་བས་དེ་དང་འདྲའོ། །འདིར་ལ་ལ་དག་འགྱུར་བ་མེད་པའི་ཕྱིར་མ་ཡིན་ཏེ་ཞེས་བྱ་བ་ནི་ལེགས་པར་སྨྲས་པ་མ་ཡིན་ནོ་ཞེས་སུན་འབྱིན་པར་བྱེད་དོ། །རྣམ་པར་རིག་བྱེད་གྱུར་ན་རྣམ་པར་རིག་བྱེད་མ་ཡིན་པ་ཡང་འགྱུར་བ་ཁོ་ན་སྟེ། རྣམ་པར་རིག་བྱེད་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཡིན་ན། རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་དུ་འགྱུར་རོ་ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བ་ཉིད་འདི་ལྟར་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་དུ་འགྱུར་གྱི་འགྱུར་པ་ནི་མ་ཡིན་ནོ། །ཆོས་སྐྱེས་པ་ཡང་གཞན་དུ་འབྱུང་བ་ནི་འགྱུར་བ་ཡིན་ལ། དེ་ནི་གཟུགས་སུ་ཡོད་པར་བསམས་པ་ཡིན་ནོ། །གཞན་དག་ན་རེ་རྟེན་གྱི་འབྱུང་བ་ལ་གཟུགས་སུ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་སྔ་མའོ། །འབྱུང་བ་སྨོས་པ་ནི་གཞིའི་འབྱུང་བ་བསྟན་པའི་ཕྱིར་རོ། །དེས་ན་གཞན་ལ་ཡང་ཐལ་བར་འགྱུར་བར་བྱ་བའི་ཕྱིར་དེ་ལྟ་ན་འོ་ན་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་ཞེས་བྱ་བ་རྒྱས་པར་སྨོས་སོ། །རྟེན་མིག་ལ་སོགས་པ་གཟུགས་སུ་ཡོད་པའི་ཕྱིར་དེ་དག་གིས་རྣམ་པར་ཤེས་པ་རྣམས་ཀྱང་གཟུགས་ཉིད་དུ་ཐལ་བར་འགྱུར་རོ། །ཉེ་བར་བཀོད་པ་འདི་ནི་མི་མཐུན་པ་ཡིན་ཏེ་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་སྔ་མའི་ཕྱོགས་པ་འགའ་ཞིག་ལན་འདེབས་པ་ཡིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གྲིབ་མ་ཡང་ཤིང་ལྗོན་པ་ལ་འབྱར་བར་བརྟེན་ཏེ་འབྱུང་ལ། འོན་ཀྱང་ནོར་བུ་ལ་དེ་དང་འདྲ་བ་ཡིན་ནོ། །དེ་དག་ནི་དེ་དག་གི་སྐྱེ་བའི་རྒྱུ་མཚན་ཙམ་ཡིན་པ་ཞེས་བྱ་བ་ནི་འབྱར་བ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལ་ཅིག་ཤོས་ཀྱིས་འདི་ནི་རེ་ཞིག་བྱེ་བྲག་ཏུ་སྨྲ་བའི་མ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་སྨྲས་ཏེ་འདི་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་ནི་རྫས་ཐ་དད་པའི་ཕྱིར་གྲིབ་མའི་ཁ་དོག་གི་རྡུལ་ཕྲ་རབ་ཀྱང་རང་གི་འབྱུང་བ་བཞི་ཚན་ལ་བརྟེན་
ཏེ་འབྱུང་གི་ཤིང་ལྗོན་པ་ལ་ནི་མ་ཡིན་ལ་དེ་བཞིན་དུ་འོད་ཀྱང་རང་གི་འབྱུང་བ་བཞི་ཚན་ལ་བརྟེན་ཏེ་འབྱུང་གི་ནོར་བུ་ལ་ནི་མ་ཡིན་ནོ། །དེ་ལྟར་ན་ནོར་བུ་དང་ཤིང་ལྗོན་པ་དག་བཞིའི་རྒྱུ་མ་ཡིན་པའི་ཕྱིར་འབྱུང་བ་ཆེན་པོ་དང་རྣམ་པར་རིག་བྱེད་མ་ཡིན་པ་ལྟར་གྲིབ་མ་དང་འོད་དག་འབྲེལ་པ་མེད་པས་དཔེ་དང་དངོས་གཉིས་མི་མཐུན་པ་ཡིན་ནོ། །གྲིབ་མ་དང་འོད་དེ་དག་ལ་བརྟེན་པ་ཉིད་ཡིན་ཡང་ཞེས་བྱ་བ་ནི་ཅི་སྟེ་དེ་དག་གིས་རྗེས་སུ་བྱེད་པའི་ཕྱིར་གྲིབ་མ་ནི་རང་གི་འབྱུང་བ་ལ་བརྟེན་ལ་འབྱུང་བ་དེ་དག་ནི་ཤིང་ལྗོན་པ་ལ་བརྟེན་ནོ། །འོན་ཀྱང་རང་གི་འབྱུང་བ་ལ་བརྟེན་ནས་བྱུང་བ་དེ་དག་ནི་ནོར་བུ་ལ་བརྟེན་ཏོ་ཞེས་བྱ་བ་བརྒྱུད་པའི་སྒོ་ནས་བརྟེན་པ་ཉིད་དུ་ཁས་ལེན་ཀྱང་འོན་ཀྱང་མི་མཐུན་ཏེ། གྲུབ་པའི་མཐའ་ལས། འདོད་གཏོགས་རྣམ་རིག་མིན་སྐད་ཅིག །ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེས། །ཞེས་འབྱུང་བས་རྣམ་པར་རིག་བྱེད་མ་ཡིན་པའི་རྟེན་དག་འགགས་ཀྱང་དེ་མི་འགག་པར་ཁས་ལེན་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་ལན་དུ་མི་རུང་ངོ༌། །གཞན་དག་ནི་འདི་ལ་ཞེས་བྱ་བ་ནི་སློབ་དཔོན་འདི་ཉིད་ཡིན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ནི་ཤིང་ལྗོན་པ་ལ་གྲིབ་མ་ཉིད་དང་ཞེས་བྱ་བ་རྒྱས་པར་བཤད་པར་གྱུར་པ་གང་ཡིན་པ་དེའི་གཞུང་གཟུགས་པའི་ཕྱིར། རྟེན་ནི་ཐ་དད་དུ་གྱུར་པ་སྟེ་ཞེས་བྱ་བ་སྨོས་ཏེ་རྣམ་པ་གཉིས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཁ་ཅིག་ནི་གཟུགས་སུ་རུང་བ་སྟེ་མིག་ལ་སོགས་པའོ་ཞེས་བྱ་བ་ནི་ཐོགས་པ་དང་བཅས་པའི་ཕྱིར་རོ། །ལ་ལ་ནི་གཟུགས་སུ་མི་རུང་བ་སྟེ་ཡིད་དོ་ཞེས་བྱ་བ་ནི་བཟློག་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདྲ་བར་ཐལ་པ་མེད་དེ་ཞེས་བྱ་བ་ནི་རྟེན་གཟུགས་སུ་ཡོད་ཀྱང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་གཟུགས་ཉིད་ཡིན་པར་ཐལ་བར་མི་འགྱུར་བའོ། །གཟུགས་སུ་ཡོད་པས་ན་གཟུགས་སོ་ཞེས་བྱ་བ་ནི་གཞི་གཟུགས་སུ་ཡོད་པས་ན་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟར་རྣམ་པར་རིག་བྱེད་ལས་བྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་དེ་ལྟར་འབད་འབད་དེ་གཟུགས་ཉིད་ཡིན་པར་གྱུར་ན་ཡང་ཡིན་དུ་ཟད་ན། ཏིང་ངེ་འཛིན་ལས་བྱུང་བ་གོ་ཇི་ལྟར་གཟུགས་ཉིད་ཡིན་ཞེས་རྒོལ་བར་བྱེད་ན། དེ་ལ་ཡང་དེ་དང་རིགས་མཐུན་པའི་ཕྱིར་གཟུགས་ཡིན་ནོ། །དེ་དང་རིགས་མཐུན་
པ་ཉིད་ཀྱང་གང་ཞེ་ན། འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པའོ་སྙམ་དུ་བསམས་པ་སྟེ། དེ་དག་ནི་རྒྱུར་བྱས་པའི་གཟུགས་སྐྱེད་པ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དབང་དོན་དེ་དག་ཁོ་ན་ལ། །ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ནི་འདུལ་བའི་དབང་གིས་གསུམ་སྟེ། ཕུང་པོ་དང་སྐྱེ་མཆེད་དང་ཁམས་བསྟན་པའོ། །དེ་དག་ལས་ཀྱང་ཆོས་གང་དག་ཕུང་པོ་དག་གི་ནང་དུ་བསྟན་པ་དེ་དག་ཉིད་ཁམས་དང་སྐྱེ་མཆེད་དག་གི་ནང་དུ་ཡང་བསྟན་ཏེ། འདིས་ནི་འདུས་མ་བྱས་འབའ་ཞིག་ལྷག་པར་ཟད་དོ། །ཆོས་མངོན་པ་ཐམས་ཅད་ནི་མདོ་རྣམ་པར་འཆད་པ་ཡིན་པས་དེའི་ཕྱིར། དབང་དོན་དེ་དག་ཁོ་ན་ལ། །ཞེས་བྱ་བ་འདི་རྒྱས་པར་གསུངས་ཏེ། སློབ་དཔོན་འདི་ནི་ཟོར་ཡང་བ་ལ་མཁས་པ་ཡིན་པས་ཚོར་བའི་ཕུང་པོ་ལ་སོགས་པའི་མཚན་ཉིད་མ་བཤད་པ་ཉིད་དུ། ཟོར་ཡང་བར་གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་ཀྱི་ཆོས་རྣམས་སྐྱེ་མཆེད་དང་ཁམས་དག་གི་ནང་དུ་སྟོན་པར་བྱེད་དེ། དབང་པོ་དེ་དག་དང་དོན་དེ་དག་ནི་དབང་དོན་ཏོ། །དེ་དག་ཁོ་ན་ལ་ཞེས་བྱ་བའི་ཁྱད་པར་ནི་དབང་པོ་གཞན་བསལ་བའི་ཕྱིར་དང༌། དོན་གཞན་བསལ་བའི་ཕྱིར་རོ། །སྐྱེ་མཆེད་རྣམ་པར་གཞག་པ་ནི་གྲངས་བཞིན་དུ་སྐྱེ་མཆེད་བཅུ་སྟེ་མིག་གི་སྐྱེ་མཆེད་དང་གཟུགས་ཀྱི་སྐྱ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་དང་རེག་བྱའི་སྐྱེ་མཆེད་ཀྱི་བར་ཡིན་ནོ། །ཁམས་རྣམ་པར་གཞག་པ་ནི་དེ་དག་ཉིད་ཁམས་བཅུ་སྟེ་མིག་གི་ཁམས་དང་གཟུགས་ཀྱི་ཁམས་ནས། ལུས་ཀྱི་ཁམས་དང་རེག་བྱའི་ཁམས་ཀྱི་བར་ཡིན་ནོ། །གཟུགས་ཀྱི་ཕུང་པོ་དང་དེའི་སྐྱེ་མཆེད་དང་ཁམས་རྣམ་པར་གཞག་པ་བཤད་ཟིན་ཏོ་ཞེས་བྱ་བ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་འཆད་པར་འགྱུར་བ་ཡིན་པའི་ཕྱིར་གཟུགས་ཀྱི་ཕུང་པོའི་སྐྱེ་མཆེད་དང་ཁམས་རྣམ་པར་གཞག་པ་ཐམས་ཅད་ནི་མ་བཤད་ན། ཅི་སྟེ་བཤད་ཟིན་ཏོ་ཞེས་འདི་སྐད་བརྗོད་ཅེ་ན། བསྟན་པ་འདི་ནི་ཕལ་ཆེ་བ་བཙན་པར་བྱས་པ་ཡིན་ནོ། །གཟུགས་ཀྱི་ཕུང་པོའི་སྐྱེ་མཆེད་དང་ཁམས་རྣམ་པར་གཞག་པ་ཕལ་ཆེར་བཤད་ཟིན་ཏོ་ཞེས་བྱ་བའི་ཐ་ཚིག་སྟེ། མོན་སྲན་སྡེའུ་ཅུང་ཟད་ཅིག་ཡོད་ཀྱང་མོན་སྲན་གྲེའུའི་ཕུང་པོར་ཐ་སྙད་འདོགས་པ་བཞིན་ནོ། །མྱོང་བ་རྣམ་པ་གསུམ་ཞེས་བྱ་བ་
ནི་ཉམས་སུ་མྱོང་བས་ན་མྱོང་བའོ། །གང་གི་ཡིན་ཞེ་ན། སེམས་སམ་གང་ཟག་གི་ཡིན་ནོ། །དེ་ཡང་བདེ་བ་དང་སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་རྣམ་པ་གསུམ་སྟེ། དངོས་པོའི་སེམས་པ་དང་ཡོངས་སུ་གདུང་བ་དང་དེ་གཉིས་ཀ་ལས་མ་གཏོགས་པའི་རང་གི་ངོ་བོ་མངོན་སུམ་དུ་བྱེད་པའི་ངོ་བོ་ཉིད་ཡིན་ནོ། །ཡང་ན་དེས་ཡུལ་ཉམས་སུ་མྱོང་བར་འགྱུར་བས་མྱོང་བའོ། །ཡང་ན་ཉམས་སུ་མྱོང་བར་བྱེད་པས་མྱོང་བའོ། །གཞན་དག་ན་རེ་སེམས་ལས་བྱུང་བའི་ཁྱད་པར་རེག་པ་ཉམས་སུ་མྱོང་བ་ལུས་དང་སེམས་རྒྱས་པ་དང་འགྲིབ་པ་དང་དེ་གཉི་ག་ལས་མ་གཏོགས་པའི་གནས་སྐབས་སུ་ཞུགས་པ་ཡིན་ནོ་ཞེས་ཟེར་རོ། །ཉམས་སུ་ཞེས་བྱ་བ་ནི་མཚན་ཉིད་ཡིན་པས་རེག་པའི་རྟགས་ཡིན་ནོ། །རེག་པའི་མཚན་མ་ཉམས་སུ་མྱོང་བ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་ཚོར་བའི་ཕུང་པོ་ཡིན་ནོ། །མཚན་མར་འཛིན་པའི་བདག་ཉིད་དོ། །ཞེས་བྱ་བ་ལ། མཚན་མ་ནི་དངོས་པོའི་གནས་སྐབས་ཀྱི་ཁྱད་པར་ཏེ་སྔོན་པོ་ལ་སོགས་པ་ཡིན་ནོ། །དེ་འཛིན་པ་ནི་ཡོངས་སུ་གཅོད་པའོ། །དེའི་བདག་ཉིད་ནི་དེའི་ངོ་བོ་ཉིད་དོ། །སྡུག་བསྔལ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་དམར་པོ་ལ་སོགས་པ་བསྡུ་སྟེ་འདི་ནི་འདུ་ཤེས་ཀྱི་ཕུང་པོ་ཡིན་ནོ། །གལ་ཏེ་འདུ་ཤེས་ཡོངས་སུ་གཅོད་པའི་བདག་ཉིད་ཡིན་ན་གོ་དེ་དང་མཚུངས་པར་ལྡན་ན་མཚན་མ་ལ་འཛིན་པས་རྣམ་པར་ཤེས་པའི་ཚོགས་ལྔ་རྣམ་པར་རྟོག་པ་ཅན་དུ་འགྱུར་རོ་ཞེ་ན་མི་འགྱུར་ཏེ། རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པའི་འདུ་ཤེས་ནི་གསལ་བ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་མཚུངས་པར་ལྡན་པ་ནི་གསལ་བ་ཡིན་པས་དེ་ཁོ་ན་རྣམ་པར་རྟོག་པ་དང་བཅས་པ་ཡིན་པར་བཤད་དོ། །འདུ་ཤེས་ཀྱི་ཚོགས་དྲུག་སྟེ་ཚོར་བ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་རྒྱས་པར་བཤད་པའི་དེ་བཞིན་དུ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་འདུ་ཤེས་ཞེས་བྱ་བ་རྒྱས་པར་བརྗོད་པར་བྱའོ། །བཞི་ལས་གཞན་ཡང་ཞེས་བྱ་བ་ནི་ཕུང་པོའི་སྐབས་ཡིན་པའི་ཕྱིར་ཕུང་པོ་བཞི་ལས་སོ། །གཟུགས་ཀྱི་ཕུང་པོ་ལ་
སོགས་པ་གསུམ་བཤད་པ་དག་དང་རྣམ་པར་ཤེས་པའི་ཕུང་པོ་ལས་ཏེ་བསྟན་ཟིན་པ་དང་འཆད་པར་འགྱུར་བ་དང༌། བཞི་ལས་གཞན་པའི་འདུ་བྱེད་རྣམས་ནི་འདུ་བྱེད་ཀྱི་ཕུང་པོའོ། །བཅོམ་ལྡན་འདས་ཀྱིས་མདོ་ལས། སེམས་པའི་ཚོགས་དྲུག་གོ་ཞེས་བྱ་བ་གསུངས་ཞེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་གོ་ཞེས་གསུངས་པ་ཡིན་ནོ། །མངོན་པར་འདུ་བྱ་བ་ལ་གཙོ་བོ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟ་བུ་དང་འདི་ལྟ་བུར་འགྱུར་བར་བྱའོ་ཞེས་མངོན་པར་འདུ་བྱ་བ་ལ་གཙོ་བོ་ཡིན་ཏེ། ལས་ཀྱི་རྒྱུ་ཅན་གྱི་སྐྱེ་བ་དག་ཅེས་འབྱུང་བའི་ཕྱིར་རོ། །འདུན་པ་དང་ཐོབ་པ་ལ་སོགས་པ་ནི་སེམས་པའི་རྗེས་སུ་བྱེད་པའི་ཕྱིར་ཏེ། དེའི་རྣམ་པའི་རྒྱུའི་དངོས་པོའི་རྗེས་སུ་བྱེད་པའི་སྒོ་ནས་འདུ་བྱེད་ཀྱི་ཕུང་པོ་ཁོ་ན་ཡིན་པར་རིག་པར་བྱའོ། །དེ་ལྟ་ཡིན་དང་འདུ་བྱེད་པར་ཞུགས་པའི་ཆོས་ཀྱི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །གཞན་དག་ན་རེ་འདུས་བྱས་མངོན་པར་འདུ་བྱ་བ་ལ་སེམས་པ་གཙོ་བོ་ཡིན་པར་བཤད་པས། དེའི་ཕྱིར་མདོ་ལས་སེམས་པ་སྨོས་ཏེ། ཕུང་པོ་འདི་ཉིད་འདུས་བྱས་ཀྱི་ཆོས་མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པ་བསྡུས་པའི་སྒོ་ནས་གཙོ་བོར་གྱུར་པ་ཡིན་པས་འདུ་བྱེད་ཀྱི་ཕུང་པོར་བཤད་དེ། འདུས་བྱས་ཀྱི་ཕུང་པོ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །འདུས་བྱས་མངོན་པར་འདུ་བྱེད་དེ་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་མིང་གིས་མ་འོངས་པའི་ཕུང་པོ་ལྔ་ལ་འདུས་བྱས་ཞེས་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་སེམས་པ་འབའ་ཞིག་འདུ་བྱེད་ཀྱི་ཕུང་པོ་ཡིན་པ་ཁོ་ནར་འདོད་ཀྱི་གཞན་དག་ནི་མ་ཡིན་ན་འདུན་པ་ལ་སོགས་པ་སེམས་ལས་བྱུང་བ་ལྷག་མ་རྣམས་དང་ཐོབ་པ་ལ་སོགས་པ་ལྡན་པ་མ་ཡིན་པ་རྣམས་གཟུགས་ལ་སོགས་པའི་ཕུང་པོ་དག་ཏུ་ཡང་གཟུགས་སུ་རུང་བ་ལ་སོགས་པ་མེད་པའི་ཕྱིར་མ་འདུས་ལ། འདུ་བྱེད་ཀྱི་ཕུང་པོར་ཡང་དེ་ལྟར་མདོ་ཇི་ལྟ་བ་བཞིན་དུ་བྱ་ན་དེར་བསྡུར་མི་རུང་བའི་ཕྱིར་མ་འདུས་པས། ཕུང་པོར་མ་འདུས་པའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་ཉིད་དུ་མི་འབྱུང་བས་ཡོངས་སུ་ཤེས་པ་དང་སྤང་བར་ཡང་མི་
འགྱུར་ཏེ། ཡོངས་སུ་ཤེས་པ་ནི་སྡུག་བསྔལ་ལོ། །སྤང་བ་ནི་ཀུན་འབྱུང་བའོ། །མངོན་པར་མ་ཤེས་པ་ནི་འཇིག་རྟེན་པའི་ལམ་གྱིས་སོ། །ཡོངས་སུ་མ་ཤེས་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་སོ། །རྣམ་པ་གཅིག་ཏུ་ན་མངོན་པར་མ་ཤེས་པ་ནི་མཐོང་བའི་ལམ་གྱིས་སོ། །ཡོངས་སུ་མ་ཤེས་པ་ནི་བསྒོམ་པའི་ལམ་གྱིས་སོ། །དེ་བཞིན་དུ་མ་སྤངས་པར་ཞེས་གསུངས་ཏེ་ཞེས་བྱ་བ་ནི་མདོ་གཞན་ཞིག་ཡིན་ཏེ། ཆོས་གཅིག་ཡོངས་སུ་མ་ཤེས་ཤིང་མ་སྤངས་པར་ཡང་སྡུག་བསྔལ་གྱི་མཐར་བྱེད་པར་ང་མི་སྨྲའོ་ཞེས་བྱ་བའི་ཐ་ཚིག་གོ །འཇིག་རྟེན་ལས་འདས་པའི་ལམ་གྱིས་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དག་ཡོངས་སུ་མ་ཤེས་མོད་ཀྱི་འོན་ཀྱང་སྡུག་བསྔལ་གྱི་མཐར་བྱེད་པར་འདོད་པ་མ་ཡིན་ནམ་ཞེ་ན། ཀུན་ནས་ཉོན་མོངས་པའི་དངོས་པོ་ལས་དགོངས་ཏེ་གསུངས་པའི་ཕྱིར་དང་མདོ་སྡེ་པའི་ལྟ་བ་ལྟར་ན་ཡང་བཏགས་པ་ཡོད་པ་ཡིན་པའི་ཕྱིར་ཉེས་པ་མེད་དེ། དེ་དག་ཀུན་ནས་ཉོན་མོངས་པའི་དངོས་པོ་མ་ཡིན་ན་འདི་གཉིས་ཡོངས་སུ་ཤེས་པར་བྱ་བ་ཉིད་ཀྱིས་ཅི་ཞིག་བྱ། འོ་ན་ནི་འགོག་པ་དང་ལམ་གྱི་བདེན་པ་དག་ཀྱང་ཀུན་ནས་ཉོན་མོངས་པའི་དངོས་པོ་མ་ཡིན་པས་ཡོངས་སུ་ཤེས་པར་བྱ་བར་མི་འགྱུར་རོ་ཞེ་ན། དེ་གཉིས་ནི་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་དང་འབྲེལ་བ་ཡོད་པའི་ཕྱིར། ཡོངས་སུ་ཤེས་པར་བྱ་བ་ཉིད་དུ་རྣམ་པར་གཞག་སྟེ། འདི་ལྟར་རྣལ་འབྱོར་པ་ནི་འདི་ལྟར་སྡུག་བསྔལ་འདིའི་འགོག་པ་ནི་གང་ཡིན་ཐབས་གང་ཞིག་གིས་ནི་འགོག་པ་དེ་འཐོབ་པར་འགྱུར་ཞེས་རྣམ་པར་དཔྱོད་པར་བྱེད་པས་འགོག་པ་དང་ལམ་གྱི་བདེན་པ་དག་ཀྱང་ཡོངས་སུ་ཤེས་ཀྱི། ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོ་ག་པ་དག་ནི་སྡུག་བསྔལ་དང་འབྲེལ་པ་མེད་པས་དེ་དག་ཡོངས་སུ་མི་ཤེས་སོ། །སྦྱོར་བའི་གནས་སྐབས་ན་ནི་དེ་དག་ཀྱང་འཇིག་རྟེན་པའི་ལམ་གྱིས་ཆོས་ཐམས་ཅད་བདག་མེད་པའོ་ཞེས་སྤྱིའི་ངོ་བོར་སྒོམ་པར་བྱེད་དོ། །རྣམ་པར་རིག་བྱེད་མ་ཡིན་དང༌། །འདུས་མ་བྱས་རྣམས་བཅས་པ་ནི། །ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པ་དང་བཅས་ཤིང་ནམ་མཁའ་ལ་སོགས་པ་འདུས་
མ་བྱས་རྣམས་དང་བཅས་པའོ། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །ཞེས་བྱ་བ་ནི་སྐྱེ་མཆེད་དང་ཁམས་ནི་སྐྱེ་མཆེད་ཁམས་སོ། །འདི་ནི་ཆོས་ཀྱང་ཡིན་ལ་སྐྱེ་མཆེད་དང་ཁམས་ཀྱང་ཡིན་པས་ཆོས་ཀྱི་སྐྱེ་མཆེད་ཁམས་སོ། །འདི་དག་ལ་དེ་སྐད་ཅེས་བྱ་བ་ཡོད་པས་ན་འདི་དག་ནི་ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱའོ། །གང་དག་ཅེ་ན། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་དག་སྟེ། སྐྱེ་མཆེད་རྣམ་པར་གཞག་པར་ནི་ཆོས་ཀྱི་སྐྱེ་མཆེད་ཅེས་བྱའོ། །ཁམས་རྣམ་པར་གཞག་པར་ནི་ཆོས་ཀྱི་ཁམས་ཞེས་བྱའོ། །རྫས་བདུན་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པ་དང་ཚོར་བའི་ཕུང་པོ་དང་འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། ནམ་མཁའ་དང་སོ་སོར་བརྟགས་པས་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་བྱ་བ་ནི་ཕུང་པོའི་སྐབས་ཡིན་པའི་ཕྱིར་རྣམ་པར་ཤེས་པའི་ཕུང་པོ་ནི་སོ་སོར་རྣམ་པར་རིག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སོ་སོར་ཞེས་བྱ་བ་ནི་ཟློས་པའི་དོན་ཏེ་ཡུལ་དང་ཡུལ་ལ་སོ་སོར་ཞེས་བྱ་བའི་ཐ་ཚིག་གོ །དམིགས་པ་ནི་དངོས་པོ་ཙམ་འཛིན་པའོ། །ཚོར་བ་ལ་སོགས་པ་སེམས་ལས་བྱུང་བའི་ཁྱད་པར་རྣམས་ནི་ཁྱད་པར་འཛིན་པའི་ངོ་བོ་དག་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་དྲུག་ཅེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ །རྣམ་པར་ཤེས་པ་དྲུག་དང་ཡིད། །ཅེས་བྱ་བ་ལ་རྣམ་པར་ཤེས་པའི་ཁམས་དྲུག་ནི་གྲངས་བཞིན་ནོ། །མིག་གི་རྣམ་པར་ཤེས་པ་གང་ཡིན་བ་དེ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ཡིན་ལ། དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་བར་གང་ཡིན་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཡིན་ཞིང་དེ་དྲུག་སྤྱིར་ནི་ཡིད་ཀྱི་ཁམས་ཡིན་ནོ་ཞེས་རིག་པར་བྱའོ། །དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་བྱ་བ་ལ་དྲུག་པོ་ཞེས་བྱ་བ་ནི་ངེས་པར་བཟུང་བའི་དྲུག་པ་ཡིན་ནོ། །དྲུག་པོ་དག་ནི་ནང་ནས་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདས་མ་ཐག་པ་སྨོས་པ་ནི་རྣམ་པར་ཤེས་པ་གཞན་གྱིས་བར་དུ་ཆོད་པ་བཟློག་པའི་ཕྱིར་རོ། །གང་གི་དེ་མ་ཐག་པ་གང་ཞིག་རྣམ་
པར་ཤེས་པ་གཞན་གྱིས་བར་དུ་མ་ཆོད་པ་དེ་ནི་དེའི་རྟེན་ཡིན་གྱི། བར་དུ་ཆོད་པ་ནི་དེའི་རྟེན་མ་ཡིན་ཏེ། འདི་ནི་གཞན་གང་ཞིག་དེས་བར་དུ་མ་ཆོད་པའི་རྟེན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སེམས་མེད་པའི་གནས་སྐབས་ན་སྙོམས་པར་འཇུག་པའི་སེམས་འདས་ནས་ཡུན་རིང་ཡང་རྣམ་པར་ཤེས་པ་གཞན་གྱིས་བར་དུ་མ་ཆོད་པའི་ཕྱིར་ལྡང་བའི་སེམས་ཀྱི་རྟེན་ཡིན་ནོ། །འདས་པ་སྨོས་པ་ནི་ད་ལྟར་བྱུང་བ་བསལ་བའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ད་ལྟར་བྱུང་བ་ནི་དེའི་གནས་སྐབས་ལ་རྟེན་ཅན་ཡིན་ནོ། །དེའི་ཕྱིར་དེ་ནི་འདས་པ་ཡིན་པར་འདོད་དེ་དེ་ཉིད་འདི་སྐད་དུ། དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། །ཞེས་བྱ་བ་ཡིན་ནོ། །རྣམ་ཤེས་སྨོས་པ་ནི་འདས་མ་ཐག་པའི་ཚོར་བ་ལ་སོགས་པ་བཟློག་པའི་ཕྱིར་རོ། །གང་ཡིན་དེ་ཡིད་དོ་ཞེས་བྱ་བ་ནི་རིགས་བསྟན་པའི་ཕྱིར་ཟློས་པ་དང་ལྡན་པ་ཡིན་ནོ། །འགྲེལ་པ་ལས་ནི་རྫས་ཀྱི་དངོས་པོ་བརྗོད་པར་འདོད་པས་རྣམ་པར་ཤེས་པ་གང་དང་གང་འགགས་མ་ཐག་པ་དེ་ནི་ཡིད་ཀྱི་ཁམས་ཞེས་བྱ་སྟེ་ཞེས་ཟློས་པ་དང་ལྡན་པའི་ཕྱིར་རོ། །དཔེར་ན་བུ་དེ་ཉིད་ཅེས་བྱ་བ་ནི་དཔེར་ན་བུ་དེ་ཉིད་གཞན་གྱི་ཕ་ཞེས་བྱ་བའི་མིང་འཐོབ་ལ་འབྲས་བུ་དེ་ཉིད་གཞན་གྱི་ས་བོན་ཞེས་བྱ་བའི་མིང་འཐོབ་པ་དེ་བཞིན་དུ་འདིར་ཡང༌། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེ་ཉིད་གཞན་གྱི་རྟེན་ཡིན་པས་ཡིད་ཀྱི་ཁམས་ཞེས་བྱ་བའི་མིང་འཐོབ་པོ། །བཅུ་བདུན་ནམ་བཅུ་གཉིས་སུ་གྱུར་ན་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཁམས་དྲུག་གང་དག་ཡིན་པ་དེ་དག་ནི་ཡིད་ཀྱི་ཁམས་ཡིན་ལ་ཡིད་ཀྱི་ཁམས་གང་ཡིན་པ་དེ་ཉིད་རྣམ་པར་ཤེས་པའི་ཁམས་དྲུག་ཡིན་པས་གཅིག་གི་ནང་དུ་གཅིག་འདུས་ཏེ། གལ་ཏེ་རྣམ་པར་ཤེས་པའི་ཁམས་དྲུག་ཡིན་པར་བཟུང་ན་ནི་ཡིད་ཀྱི་ཁམས་དོན་མེད་པས་ཁམས་བཅུ་བདུན་དུ་འགྱུར་རོ། །གལ་ཏེ་ཡིད་ཀྱི་ཁམས་ཡིན་པར་བཟུང་ན་ནི་རྣམ་པར་ཤེས་པའི་ཁམས་དྲུག་དོན་མེད་པས་ཁམས་བཅུ་གཉིས་སུ་འགྱུར་རོ། །དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔའི་རྟེན་ནི་མིག་ལ་སོགས་པ་རང་གི་རྟེན་ཡོད་པའི་ཕྱིར་བསྒྲུབ་པར་མི་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་མེད་པས་དེའི་རྟེན་རབ་ཏུ་བསྒྲུབ་པའི་ཕྱིར་
ཡིད་ཀྱི་ཁམས་རྣམ་པར་གཞག་གོ །རྟེན་ལ་སོགས་པ་དྲུག་ཚན་ནི་གཟུགས་ལ་སོགས་པ་ཆོས་ལ་ཐུག་པའི་བར་རོ། །རྟེན་དྲུག་ཚན་ནི་མིག་ལ་སོགས་པ་ཡིད་ལ་ཐུག་པའི་བར་རོ། །བརྟེན་པ་དྲུག་ཚན་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐུག་པའི་བར་རོ། །དམིགས་པ་དྲུག་ཚན་ནི་གཟུགས་ལ་སོགས་པ་ཆོས་ལ་ཐུག་པའི་བར་རོ། །རྣལ་འབྱོར་སྤྱོད་པའི་ལྟ་བ་ལྟར་ན་ནི་ཡིད་ཀྱི་ཁམས་རྣམ་པར་ཤེས་པ་དྲུག་ལས་མ་གཏོགས་པ་ཡང་ཡོད་དོ། །གོས་དམར་བའི་སྡེ་བ་རྣམས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་སྙིང་གི་དངོས་པོ་ཡིན་པར་བརྗོད་དེ་དེ་ནི་གཟུགས་མེད་པའི་ཁམས་ན་ཡང་ཡོད་དོ་ཞེས་བརྗོད་དོ། །དེ་དག་ནི་གཟུགས་མེད་པའི་ཁམས་དག་ན་ཡང་གཟུགས་ཡོད་པར་འདོད་དེ་གཟུགས་མེད་པ་ཞེས་བྱ་བ་ནི་ཅུང་ཟད་ཡོད་པའི་དོན་ཡིན་ཏེ་ཅུང་ཟད་ཟེར་བ་ལྟ་བུའོ་ཞེས་ཟེར་རོ། །སེམས་ཐ་མ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དུས་ཀྱིའོ། །ཡིད་མ་ཡི་མར་འགྱུར་ཏེ་ཞེས་བྱ་བ་ནི་ཡིད་ཀྱི་ཁམས་མ་ཡིན་པར་འགྱུར་ཏེ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་མེད་དོ་ཞེས་བྱ་བ་ནི་སྐྱེ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་ཡིད་ཀྱི་ངོ་བོར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཐ་མ་མེད་དེ་དེ་ཡང་ཡིད་ཀྱི་ངོ་བོར་རྟེན་ཉིད་དུ་གནས་པའི་ཕྱིར་རོ། །རྒྱུ་གཞན་མ་ཚང་བའི་ཕྱིར་ཞེས་བྱ་བ་ནི་ཡང་སྲིད་པའི་ལས་དང་ཉོན་མོངས་པས་མ་ཚང་བའི་ཕྱིར་རོ། །རྣམ་པར་ཤེས་པ་ཕྱི་མ་མི་སྐྱེ་བར་ཟད་དོ་ཞེས་བྱ་བ་ནི་ཡང་སྲིད་པར་ཉིད་མཚམས་སྦྱོར་བའི་རྣམ་པར་ཤེས་པ་མེད་དོ་སྙམ་དུ་བསམས་པའོ། །འདིར་དཔྱད་པར་བྱ་སྟེ་འདི་སྐད་དུ་རྟེན་དང་བརྟེན་པ་དང་དམིགས་པ་དྲུག་ཚན་རྣམ་པར་གཞག་པས་ཁམས་བཅོ་བརྒྱད་དག་ཏུ་འགྱུར་རོ་ཞེས་བཤད་པ། བརྟེན་པ་དྲུག་ཚན་རྣམ་པར་གཞག་པ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ཡིན་ན། བརྟེན་པ་དྲུག་ཚན་འདིའི་རྟེན་དྲུག་ཚན་རྣམ་པར་གཞག་པ་གོ་ཅི་གྲངས་བཞིན་དུ་མིག་གི་རྣམ་པར་ཤེས་པའི་རྟེན་མིག་གི་ཁམས་ཡིན་པ་ནས་ཡིད་ཀྱི་རྣམ་པར་ཤེས་
པའི་ཁམས་ཀྱི་རྟེན་ཡིད་ཀྱི་ཁམས་ཡིན་པའི་བར་དུ་ཡིན་ནམ་ཞེ་ན། སྨྲས་པ་དེ་ལྟ་ཡིན་ནོ། །འོ་ན་གང་གི་ཚེ་མིག་དེ་དང་མཚུངས་པ་ཡིན་པ་དེ་གང་གི་རྟེན་ཡིན་གང་གི་ཡང་མ་ཡིན་ནོ། །འོ་ན་ཅི་སྟེ་འདི་སྐད་དུ་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་རྟེན་ནི་མིག་གི་ཁམས་སོ་ཞེས་བྱ་བ་ལ་སོགས་པ་བཤད་ཅེ་ན། མིག་གི་རྟེན་ཡིན་པ་ཁོ་ན་འོ། །དེ་དང་མཚུངས་པའི་མིག་གང་ཅུང་ཟད་རྟེན་མ་ཡིན་པ་དེ་ཡང་དེ་དང་རིགས་མཐུན་པའི་ཕྱིར་མིག་གི་ཁམས་ཉིད་དུ་རྣམ་པར་གཞག་པ་ཁོ་ནའོ། །ལུས་ཀྱི་ཁམས་ཀྱི་བར་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཡིད་ཀྱི་ཁམས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཁོ་ནའི་རྟེན་ཡིན་ཞེ་ན། སྨྲས་པ་མ་ཡིན་ནོ། །དེ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟེན་ཡིན་པར་འདོད་དོ། །འདི་ལྟར། ཐ་མའི་རྟེན་འདས་ལྔ་རྣམས་ཀྱི། །དེ་དག་ལྷན་ཅིག་སྐྱེས་པའང་ཡིན། །ཞེས་འབྱུང་ངོ༌། །འོ་ན་ཅི་སྟེ་འདི་སྐད་དུ། དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །ཅེས་བཤད་ཅེ་ན། དེ་གཞན་དག་གི་རྟེན་ཡིན་ཞེས་ཏེ་དྲུག་པའི་རྟེན་ཡིན་པར་རབ་ཏུ་མི་འགྲུབ་པར་ནི་མི་འགྱུར་ཏེ། འདི་ནི་སྲིད་པའི་སྒོ་ནས་དྲུག་པའི་རྟེན་ཡང་ཡིན་ནོ། །དམིགས་པ་དྲུག་ཚན་ཡང་མིག་གི་རྣམ་པར་ཤེས་པའི་དམིགས་པ་ནི་གཟུགས་ཀྱི་ཁམས་ཡིན་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པས་ནི་ཆོས་ཀྱི་ཁམས་ཡིན་པའི་ཕྱིར་ཡིན་ནོ་ཞེས་བྱ་བ་འདི་དཔྱད་པར་བྱ་སྟེ། ཅི་ལྟར་མིག་གི་རྣམ་པར་ཤེས་པའི་དམིགས་པ་གཟུགས་ཇི་སྙེད་པ་དེ་གཟུགས་ཀྱི་ཁམས་ཡིན་པ་སྟེ་དེ་བཞིན་དུ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་གྱི་དམིགས་པ་རེག་བྱ་ཇི་སྙེད་པར་རེག་བྱའི་ཁམས་ཡིན་ལ། དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་གྱི་དམིགས་པ་ཇི་སྙེད་པ་དེ་ཐམས་ཅད་ཀྱང་ཆོས་ཀྱི་ཁམས་ཡིན་ནམ་ཞེ་ན། འདི་ལ་གནས་བརྟེན་ན་རེ་ཆོས་ཀྱི་ཁམས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་ཟེར་ཏེ་ཁམས་བཅོ་བརྒྱད་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདིའི་ལྟར་ན་ཇི་ལྟར་ཕྱི་དང་ནང་གི་ཁམས་རྣམ་པར་གཞག་པ་འགྲུབ་པར་འགྱུར། མིག་ལ་སོགས་པ་བཅུ་གཉིས་ནང་གི་ཡིན་པར་འདོད་ལ་དྲུག་ནི་ཕྱིའི་ཡིན་པར་
འདོད་ན་གལ་ཏེ་དེ་དག་ཀྱང་ཆོས་ཀྱི་ཁམས་ཀྱི་ནང་དུ་བསྡུ་ན་འཆོལ་བར་འགྱུར་རོ་ཞེ་ན། གནས་བརྟན་ན་རེ་འདི་དག་ནང་དང་ཕྱི་ཉིད་ཡིན་པ་ནི་རྣམ་གྲངས་པ་ཡིན་ཏེ། གང་དག་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟེན་ཡིན་པ་དེ་དག་ནི་མིག་ལ་སོགས་པ་ཡིན་པས་ནང་གི་ཡིན་ལ་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ཡིན་པས་ཕྱིའི་ཡིན་ནོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་མདོ་དང་འགལ་བས་དེ་ལྟར་མི་འདོད་དོ། །མདོ་ལས་ནི་འདི་སྐད་དུ་དགེ་སློང་ཆོས་ནི་ཕྱིའི་སྐྱེ་མཆེད་དེ་སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པ་བསྟན་དུ་མེད་པ་ཐོགས་པ་མེད་པ་ཞེས་འབྱུང་སྟེ། དེ་ལྟ་བས་ན། ཆོས་ཀྱི་ཁམས་ནི་རྣམ་པར་རིག་བྱེད་མ་ཡིན་པ་དང༌། ཚོར་བ་དང་འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། ནམ་མཁའ་དང༌། སོ་སོར་བརྟགས་པས་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རྫས་བདུན་པར་འདོད་པར་བྱའོ། །འོ་ན་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དམིགས་པ་བསྟན་པ་ནི་མ་ཚང་བ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་དམིགས་པ་བསྟན་པ་ནི་མ་ཚང་བ་ཡིན་པར་མི་འདོད་དོ་ཞེ་ན། དེ་ནི་དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་མིག་ལ་སོགས་པ་དྲུག་ནི་རྟེན་ཉིད་དུ་བསྟན་པའི་ཕྱིར་དང༌། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ནི་བརྟེན་པ་ཉིད་དུ་བསྟན་པའི་ཕྱིར་དང༌། གཟུགས་ལ་སོགས་པ་ལྔ་ནི་རྣམ་པར་ཤེས་པའི་ཚོགས་ལྔའི་དམིགས་པར་བསྟན་པའི་ཕྱིར་དེ་དག་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་ཡང་ཆོས་ཀྱི་ཁམས་སུ་མ་བཞག་གོ་ཞེས་བརྗོད་དོ། །མདོར་བསྡུ་ན། ཕུང་པོ་དང་ནི་སྐྱེ་མཆེད་དང༌། །ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། །ཞེས་བྱ་བ་ནི་སྐྱེ་མཆེད་ལ་སོགས་པས་ཀྱང་ཐམས་ཅད་བསྡུས་མོད་ཀྱི་མདོར་བསྡུས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱས་པར་རོ། །འདི་ནི་བསྟན་པ་གསུམ་ལས་བཀར་ཏེ་མདོར་བསྡུ་ན་ཞེས་བཤད་དོ། །གཟུགས་ཀྱི་ཕུང་པོས་ནི་གཟུགས་ཀྱི་ཕུང་པོ་དང་དབང་པོ་དང་དོན་གྱི་ངོ་བོ་ཉིད་ཀྱི་སྐྱེ་མཆེད་དང་ཁམས་བཅུ་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སྟེ་རྣམ་པར་རིག་བྱེད་མ་ཡིན་པ་བསྡུས་
སོ། །ཡིད་ཀྱི་སྐྱེ་མཆེད་ཀྱིས་ནི་རྣམ་པར་རིག་བྱེད་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དེ་ཉིད་དང་རྣམ་པར་ཤེས་པའི་ཁམས་བདུན་བསྡུས་སོ། །ཆོས་ཀྱི་ཁམས་ཀྱིས་ནི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་དག་དང་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་བསྡུ་སྟེ་འདིར་རྣམ་པར་རིག་བྱེད་མ་ཡིན་པ་ནི་ལན་གཉིས་བསྡུས་སོ། །དཔེར་ན་མིག་གི་དབང་པོ་ནི་ཞེས་བྱ་བ་ལ་མིག་གི་དབང་པོ་ནི་ཚོར་བ་ལ་སོགས་པའི་ཕུང་པོ་དང་རྣ་བ་ལ་སོགས་པའི་སྐྱེ་མཆེད་དང་ཁམས་དང་འགོག་པའི་བདེན་པ་དང་ལམ་གྱི་བདེན་པའི་ངོ་བོ་ཉིད་དང་མི་ལྡན་པ་ཡིན་ནོ། །དེའི་ཕྱིར་འདི་སྐད་དུ། མིག་གི་དབང་པོ་ནི་གཟུགས་ཀྱི་ཕུང་པོ་དང་མིག་གི་སྐྱེ་མཆེད་དང་ཁམས་དག་དང་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་དག་གིས་བསྡུས་ཏེ་དེ་དག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་གི་ངོ་བོ་དང་མི་བདེན་པའི་ཕྱིར་ཕུང་པོ་ལ་སོགས་པ་གཞན་དག་གིས་ནི་མ་ཡིན་ནོ་ཞེས་བཤད་དོ། །འདིར་ནི་མང་པོས་ཉུང་དུ་བསྡུས་པ་ཡིན་གྱི་ཉུང་ངུས་མང་པོ་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། གཟུགས་ཀྱི་ཕུང་པོ་ནི་གཟུགས་ཐམས་ཅད་སྡུད་པར་བྱེད་པ་ཡིན་པའི་ཕྱིར་མང་པོ་ཡིན་ཞིང་མིག་གི་དབང་པོ་ནི་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཉུང་དུ་ཡིན་ལ། གཟུགས་ཀྱི་ཕུང་པོས་མིག་གི་དབང་པོ་བསྡུས་ཀྱི། མིག་གི་དབང་པོས་ནི་གཟུགས་ཀྱི་ཕུང་པོ་མ་ཡིན་ཏེ། མིག་གི་དབང་པོ་ལས་མ་གཏོགས་པའི་གཟུགས་ཀྱང་ཡོད་པའི་ཕྱིར་རོ། །དཔེར་ན་གླང་པོ་ཆེའི་རྗེས་ཀྱིས་བྱའི་རྗེས་བསྡུས་ཀྱི། བྱའི་རྗེས་ཀྱིས་ནི་གླང་པོ་ཆེའི་རྗེས་མ་བསྡུས་པ་དེ་དང་འདྲའོ། །མཉམ་པས་མཉམ་པ་ཕན་ཚུན་བསྡུས་པ་ནི་དཔེར་ན་མིག་གི་དབང་པོ་མིག་གི་སྐྱེ་མཆེད་ཀྱིས་བསྡུས་པ་དང་མིག་གི་སྐྱེ་མཆེད་ཀྱང་མིག་གི་དབང་པོས་བསྡུས་པ་ལྟ་བུ་སྟེ། འདི་ནི་ཆོས་མངོན་པའི་ལུགས་ཡིན་པར་རིག་པར་བྱའོ། །དཔེར་ན་བསྡུ་བའི་དངོས་པོ་བཞི་པོ་དག་གིས་འཁོར་རྣམས་ཞེས་བྱ་བ་ལ། བསྡུ་བའི་དངོས་པོ་བཞི་ནི་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་ཉིད་དང༌། དོན་མཐུན་པ་ཉིད་དོ། །འཁོར་བཞི་ནི་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དག་གོ །
དེ་དག་གིས་དེ་དག་བསྡུས་པ་སྟེ། དེ་ནི་རེས་འགའ་བ་ཡིན་ནོ། །རེས་འགའ་ཞིག་འབྱུང་བ་ནི་རེས་འགའ་བ་སྟེ་རེས་འགའ་ཞིག་འདི་དག་ལ་སྦྱིན་པར་བྱེད་ཅིང་སྙན་པར་ཡང་སྨྲ་བར་བྱེད་ཀྱི་བསྡུས་པ་ནི་མ་ཡིན་ནོ། །བརྡར་བཏགས་པ་ནི་ཐ་སྙད་པ་སྟེ་ངོ་བོ་ཉིད་ཀྱིས་བསྡུས་པ་ནི་དོན་དམ་པ་ཞེས་བཤད་དོ། །མིག་ལ་སོགས་པ་གཉིས་མོད་ཀྱི། །རིགས་དང་སྤྱོད་ཡུལ་རྣམ་པར་ཤེས། །འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད། །ཅེས་བྱ་བ་ནི་དོན་གྱིས་ན་འདི་སྐད་དུ་རིགས་ལ་སོགས་པ་ཐ་དད་པའི་ཕྱིར་ཅི་རིགས་པར་ཁམས་ཐ་དད་པར་རྣམ་པར་གཞག་གི་རྟེན་ཐ་དད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དེ་ལ་མིག་གི་ཁམས་ལ་སོགས་པ་ཕན་ཚུན་རིགས་དང་སྤྱོད་ཡུལ་དང་རྣམ་པར་ཤེས་པ་ཐ་དད་པ་ཡིན་ནོ། །གཟུགས་ཀྱི་ཁམས་ལ་སོགས་པ་ནི་རིགས་དང་རྣམ་པར་ཤེས་པ་ཐ་དད་པ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་རྣམས་ནི་རིགས་དང་སྤྱོད་ཡུལ་ཐ་དད་པ་ཡིན་ནོ། །ཆོས་ཀྱི་ཁམས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་སྤྱོད་ཡུལ་ཡིན་ནོ། །དེ་བཞིན་དུ་རྣ་བ་དང་སྣ་བ་དག་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་རིགས་འདྲ་བ་ནི་གཉི་ག་རྣ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྤྱོད་ཡུལ་འདྲ་བ་ནི་གཉི་གའི་ཡུལ་སྒྲ་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་འདྲ་བ་ནི་གཉི་ག་རྣ་བའི་རྣམ་པར་ཤེས་པ་གཅིག་གི་རྟེན་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྣ་བའི་ཁམས་ནི་གཅིག་ཁོ་ན་ཡིན་ནོ། །དེ་བཞིན་དུ་སྣ་ལ་ཡང་སྦྱར་བར་བྱའོ། །འོ་ན་འདི་དགོས་པ་གཞན་མེད་པའི་ཕྱིར་གཉིས་མི་འབྱུང་བར་ཐལ་བར་འགྱུར་རོ་ཞེ་ན་དེའི་ཕྱིར་རོ། །མཛེས་བྱའི་ཕྱིར་ན་གཉིས་འབྱུང་ངོ༌། །ཞེས་བྱ་བ་སྨོས་སོ། །མིག་དང་རྣ་བའི་རྟེན་གཅིག་དང་སྣའི་བུ་ག་གཅིག་ཏུ་གྱུར་ན་ཤིན་ཏུ་མི་མཛེས་པར་འགྱུར་རོ་ཞེས་བྱ་བ་ནི་མིག་དང་རྣ་བའི་རྟེན་གཅིག་དང་སྣའི་བུ་ག་གཅིག་ཏུ་གྱུར་ན་ཤིན་ཏུ་མི་སྡུག་པར་འགྱུར་རོ། །རྔ་མོ་དང་བྱི་ལ་དང་འུག་པ་ལ་སོགས་པའི་མིག་ལ་སོགས་པ་གཉིས་འབྱུང་ཡང་རྟེན་མི་མཛེས་པ་མ་ཡིན་ནམ་ཞེ་ན། རིགས་གཞན་ལ་ལྟོས་
ན་ནི་དེ་དག་རྟེན་མཛེས་པ་མ་ཡིན་ནོ། །རང་གི་རིགས་ལ་ལྟོས་ནས་ནི་གང་ལ་མིག་ལ་སོགས་པ་གཉིས་ཡོད་པ་དེའི་རྟེན་རང་གི་རིགས་དེའི་ནང་ན་མཛེས་པ་ཡིན་གྱི་གང་ལ་མེད་པ་དེ་ནི་མི་སྡུག་པ་ཡིན་པས་སུན་འབྱིན་པ་དེ་ནི་མི་རུང་ངོ༌། །སློབ་དཔོན་འདུས་བཟང་མདོ་འདིའི་དོན་འགྲེལ་པ་ནི། མཛེས་བྱའི་ཕྱིར་ཞེས་བྱ་བ་ནི་བདག་པོའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། འཇིག་རྟེན་ན་དབང་པོ་ཕུན་སུམ་ཚོགས་པ་ནི་མཛེས་པའོ་ཞེས་བརྗོད་དོ། །དབང་པོ་གང་དག་རྟེན་མ་ཚང་བ་དེ་དག་ནི་མཐོང་བ་དང་ཐོས་པ་དང་སྣོམ་པ་ཡོངས་སུ་མ་དག་པས་བདག་པོ་མ་ཡིན་པར་འགྱུར་ཏེ། ཇི་ལྟར་མིག་གཉིས་ཀྱིས་མཐོང་བ་ཡོངས་སུ་དག་པ་དེ་ལྟར་གཅིག་གིས་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་གཉིས་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ན་འདི་དག་གི་དབང་པོ་ཉིད་ཉམས་པར་འགྱུར་བས་དེའི་དོན་ནི་འདི་སྐད་ཅེས་བྱ་བར་འགྱུར་ཏེ། གསལ་བར་དམིགས་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལ་ཡང་འདི་སྐད་དུ་ལས་ཀྱིས་ཡོངས་སུ་གསལ་བར་དམིགས་པའི་རྟེན་དུ་གྱུར་པ་རྒྱ་ཆེན་པོ་གཅིག་ཁོ་ན་ཞིག་སྐྱེད་འདོད་ཅིག །རྟེན་རྣམ་པར་ཆད་པས་ཅི་ཞིག་བྱ་ཞེས་བརྗོད་པར་ནི་ནུས་སོ།། །།བམ་པོ་བཞི་པ། བྱེ་བྲག་ཏུ་བཤད་པ་ལས་ནི། ཁ་ཅིག་ན་རེ་མཛེས་པར་བྱ་བའི་ཕྱིར་གཉིས་འབྱུང་ངོ་ཞེས་ཟེར་རོ་ཞེས་བྱ་བ་དང༌། གཞན་དག་ན་རེ་གསལ་བར་བྱ་བའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ཕྱོགས་འདི་གཉི་ག་བྲིས་སོ། །ཞར་ལ་འོངས་པ་རྫོགས་སོ།། །།ལས་ཀྱི་དབང་གིས་དབང་པོ་འབྱུང་བ་མ་ཡིན་ནམ། མཛེས་པར་བྱ་བའི་ཕྱིར་དང་གསལ་བར་བྱ་བའི་ཕྱིར་ཞེས་བྱ་བ་གཞན་ཉིད་བརྗོད་ཅི་དགོས་ཤེ་ན། འདིར་ལས་ཀྱི་དབང་ཁོ་ནས་དབང་པོ་གཉིས་འབྱུང་བར་བཤད་པ་ཡིན་ནོ། །ཇི་ལྟར་ཞེ་ན་སེམས་ཅན་རྣམས་རྟེན་གྱི་ཡན་ལག་དེ་ལྟར་རྣམ་པར་ཕྱེ་བ་ལས་མཛེས་པའི་མངོན་པའི་ང་རྒྱལ་ཐོག་མ་མེད་པའི་དུས་ནས་གོམས་པ་འབྱུང་སྟེ། དེའི་ཕྱིར་དེ་འདོད་པ་སྔོན་དུ་འགྲོ་བ་དང་གསལ་བར་དམིགས་པའི་འདོད་པ་སྔོན་དུ་འགྲོ་བའི་ལས་ཀྱི་དབང་པོ་དེ་
གཉིས་མངོན་པར་གྲུབ་པ་ལས་མཛེས་པར་བྱ་བའི་ཕྱིར་དང༌། གསལ་བར་བྱ་བའི་ཕྱིར་འབྱུང་ངོ་ཞེས་བཤད་པ་ཡིན་ནོ། །སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ཞེས་བྱ་བ་ནི་འདི་དག་ལ་སྤུངས་པ་དང་སྐྱེ་བའི་སྒོ་དང་རིགས་མོད་པས་ན་འདི་དག་ནི། སྤུངས་པ་དང་སྐྱེ་སྒོ་རིགས་ཀྱི་དོན་དག་ཡིན་ནོ། །གང་དག་ཡིན་ཞེ་ན། ཕུང་པོ་དང་སྐྱེ་མཆེད་དང༌། ཁམས་ཞེས་བྱ་བ་དག་ཡིན་ནོ། །རྣམ་པ་གཅིག་ཏུ་ན་སྤུངས་པ་དང་སྐྱེ་བའི་སྒོ་དང་རིགས་ཞེས་བྱ་བ་རྣམས་ཀྱི་དོན་དག་ཡིན་ཏེ། གང་དག་ཡིན་ཞེ་ན་ཕུང་པོ་དང༌། སྐྱེ་མཆེད་དང༌། ཁམས་དག་ཡིན་ནོ། །མདོ་ལས། འབྱུང་བའི་ཕྱིར་སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ་ཞེས་བྱ་བ་ནི་སྤུངས་པའི་དོན་གང་ཡིན་པ་དེ་ནི་ཕུང་པོའི་དོན་ཏེ་དེ་ནི་མདོ་ལས། གཟུགས་གང་ཡིན་པ་ཅི་ཡང་རུང༌། །འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བའམ་ཞེས་བྱ་བ་རྒྱས་པར་སྟོན་པ་ཡིན་ནོ། །གཅིག་ཏུ་ཞེས་བྱ་བ་ལ། གཅིག་ཏུ་ནི་རྣམ་པ་གཅིག་ཏུའོ། །མི་རྟག་པ་ཉིད་ཀྱིས་འགགས་པའོ་ཞེས་བྱ་བ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་མི་རྟག་པ་ཉིད་ཀྱིས་འགགས་པའོ་ཞེས་བྱ་བའི་ཐ་ཚིག་གོ །མི་རྟག་པ་ཉིད་སྨོས་པ་ནི་འགོག་པ་གཞན་བསལ་བའི་ཕྱིར། འགོག་པ་ནི་རྣམ་པ་ལྔ་སྟེ་མཚན་ཉིད་ཀྱིས་འགོག་པ་དང༌། སྙོམས་པར་ཞུགས་པས་འགོག་པ་དང༌། སྐྱེ་བས་འགོག་པ་དང༌། སོ་སོར་བརྟགས་པས་འགོག་པ་དང༌། སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །དེ་ལ་གལ་ཏེ་གཟུགས་འདས་བ་ནི་འགགས་པའོ་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་པར་འགྱུར་ན་ནི་ཁྱད་པར་དུ་མ་བྱས་པའི་ཕྱིར་སྙོམས་པར་འཇུག་པས་འགོག་པ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ། །དེ་དག་ནི་འདས་པའི་དོན་ཉིད་ཡིན་པར་མི་འདོད་དོ། །སྙོམས་པར་འཇུག་པས་འགོག་པ་ནི་སེམས་དང་སེམས་ལས་བྱུང་བ་མ་འོངས་པ་དག་ཁོ་ནའི་ཡིན་ལ་སྐྱེ་བས་འགོག་པ་ཡང་དེ་དག་ཁོ་ནའི་ཡིན་ནོ། །སོ་སོར་བརྟགས་པས་འགོག་པ་ནི་ཟག་པ་དང་བཅས་པ་ཁོ་ནའི་ཡིན་ནོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཡང་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དག་ཁོ་ནའི་ཡིན་ནོ། །དེ་ལྟ་
བས་ན་མཚན་ཉིད་ཀྱི་འགོག་པ་སྨོས་པའི་ཕྱིར་མི་རྟག་པ་ཉིད་འདི་སྨོས་སོ། །མ་འོངས་པ་ནི་མ་བྱུང་བའོ་ཞེས་བྱ་བ་ནི་ད་ལྟར་བྱུང་བ་ཉིད་དུ་མ་ཡིན་པའོ། །ད་ལྟར་བྱུང་བ་ནི་བྱུང་ལ་མ་འགགས་པའོ་ཞེས་བྱ་བ་ལ། བྱུང་བ་སྨོས་པ་ནི་མ་འོངས་པ་ལས་ཁྱད་པར་དུ་བྱས་པའི་ཕྱིར་ལ། མ་འགགས་པ་སྨོས་པ་ནི་འདས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། མ་འོངས་པ་ནི་མ་འགགས་པ་ཡིན་མོད་ཀྱི་བྱུང་བ་མ་ཡིན་ནོ། །འདས་པ་ཡང་བྱུང་བ་ཡིན་མོད་ཀྱི་མ་འགགས་པ་ནི་མ་ཡིན་ནོ། །ནང་གི་ནི་རང་གི་རྒྱུད་ལ་ཡོད་པའོ་ཞེས་བྱ་བ་ནི་མིག་ལ་སོགས་པ་དང་གཟུགས་ལ་སོགས་པའོ། །གཞན་གྱི་ཕྱིའོ་ཞེས་བྱ་བ་ནི་དེ་དག་ཉིད་གཞན་གྱི་རྒྱུད་ལ་ཡོད་པ་དང་སེམས་ཅན་དུ་བགྲང་བ་མ་ཡིན་པའོ། །ཡང་ན་སྐྱེ་མཆེད་ཀྱི་སྒོ་ནས་སོ་ཞེས་བྱ་བ་ནི་ནང་གི་ནི་མིག་ལ་སོགས་པ་ལྔ་རང་དང་གཞན་གྱི་རྒྱུད་ལ་ཡོད་པའོ། །གཞན་གྱི་ཕྱི་སྟེ་གཟུགས་ལ་སོགས་པ་ཡུལ་ལྔ་རང་དང་གཞན་གྱི་རྒྱུད་ལ་ཡོད་པ་དང་སེམས་ཅན་དུ་བགྲང་བ་མ་ཡིན་པ་དང་ཕྱིའི་སྐྱེ་མཆེད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཡང་ཡིན་ནོ། །རགས་པ་ནི་ཐོགས་པ་དང་བཅས་པའོ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་བསྩགས་པའི་ཕྱིར་རོ། །ཕྲ་བ་ནི་ཐོགས་པ་མེད་པའོ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །ཡང་ན་ལྟོས་པ་པ་ཡིན་ནོ་ཞེས་བྱ་བ་ནི་ཡང་ན་ལྟོས་པས་རགས་པ་དང་ཕྲ་བར་འགྱུར་ཏེ། དཔེར་ན་སྲོ་མ་ལ་ལྟོས་ནས་ཤིག་རགས་པ་ཡིན་ལ་ཤིག་ལ་ལྟོས་ནས་སྲོ་མ་ཕྲ་བ་ཡིན་པ་ལྟ་བུའོ། །དེ་བས་ན་དེ་ལྟ་ཡིན་དང་ཐོགས་པ་དང་བཅས་པ་ཉིད་ནི་རགས་པ་ཡང་ཡིན་ལ་ཕྲ་བ་ཡང་ཡིན་གྱི། ཐོགས་པ་མེད་པ་ནི་བསྩགས་པ་མ་ཡིན་པའི་ཕྱིར་ཕྲ་བ་ཁོ་ན་ཡིན་ནོ། །ལྟོས་པ་པ་ཡིན་པའི་ཕྱིར་མི་འགྲུབ་པོ་ཞེས་བྱ་བ་ནི་སྲོ་མ་ཕྲ་མོ་དེ་ཉིད་ཉི་ཟེར་གྱི་རྡུལ་ལ་ལྟོས་ནས་རགས་པ་ཡིན་ལ་རགས་པ་དེ་ཉིད་ཤིག་དང་ནས་ལ་ལྟོས་ནས་ཕྲ་བ་ཡིན་པས་ཕ་རོལ་དང་ཚུ་རོལ་བཞིན་རགས་པ་དང་ཕྲ་བ་རྣམ་པར་མི་གནས་ན་ཇི་ལྟར་ན་རགས་པ་ཡང་ཕྲ་བ་ཡིན་ལ་ཕྲ་བ་ཡིན་བ་ཡང་རགས་པ་ཡིན། མ་ཡིན་ཏེ་ལྟོས་པས་ཐ་དད་པའི་ཕྱིར་
རོ་ཞེས་བྱ་བ་ནི་ལྟོས་པས་བྱ་བྲག་ཡོད་པ་ནི་ལྟོས་པས་ཐ་དད་པ་སྟེ། དེའི་ཕྱིར་མ་གྲུབ་པ་མ་ཡིན་ནོ། །གང་ཁོ་ན་ལ་ལྟོས་ཏེ་རགས་པ་ཡང་ཕྲ་བ་ཡིན་པ་ནི་ནམ་དུ་ཡང་དེ་ལ་ལྟོས་ཏེ་ཕྲ་བ་མ་ཡིན་ཏེ། གཞན་ཡང་དེ་ལ་ལྟོས་ཏེ་ཕྲ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཕ་དང་བུ་བཞིན་ཞེས་བྱ་བ་ནི་དཔེར་ན་ལྷ་སྦྱིན་གྱི་བུ་ནི་མཆོད་སྦྱིན་ཡིན་ལ་མཆོད་སྦྱིན་གྱི་བུ་ནི་ཁྱབ་འཇུག་བཤེས་ཡིན་ན། མཆོད་སྦྱིན་དེ་ཁྱབ་འཇུག་བཤེས་ལ་ལྟོས་ཏེ། དེ་ནི་ཕ་ཡིན་ལ་ལྷ་སྦྱིན་ལ་ལྟོས་ཏེ་དེ་ནི་བུ་ཡིན་ནོ། །ལྟོས་པ་པ་ཡིན་པའི་ཕྱིར་འདི་ཕའི་ངོ་བོར་མི་འགྲུབ་པ་ཡང་མ་ཡིན་ཏེ། ལྟོས་པས་ཐ་དད་པའི་ཕྱིར་རོ། །མཆོད་སྦྱིན་དེ་ནི་ཁྱབ་འཇུག་བཤེས་དེ་ཉིད་ལ་ལྟོས་ཏེ་བུ་ཡང་མ་ཡིན་ལ་ལྷ་སྦྱིན་དེ་ཉིད་ལ་ལྟོས་ཏེ་ཕ་ཡང་མ་ཡིན་པ་དེ་དང་འདྲའོ། །ངན་པ་ནི་ཉོན་མོངས་པ་ཅན་ནོ་ཞེས་བྱ་བ་ནི་དམ་པ་རྣམས་ཀྱིས་སྨད་པའི་ཕྱིར་རོ། །གྱ་ནོམ་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའོ་ཞེས་བྱ་བ་ནི་ཉོན་མོངས་པས་སུན་མ་ཕྱུང་བའི་ཕྱིར་རོ། །རིང་བ་ནི་འདས་པ་དང་མ་འོངས་པའོ་ཞེས་བྱ་བ་ནི་རྒྱུད་ཉམས་པའི་ཕྱིར་དང་དེར་མ་ཕྱིན་པའི་ཕྱིར་རོ། །ཉེ་བ་ནི་ད་ལྟར་བྱུང་བ་ཞེས་བྱ་བ་ནི་རྒྱུད་ཉེ་བའི་ཕྱིར་རོ། །རྣམ་པར་ཤེས་པའི་བར་དུ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་ཚོར་བ་གང་ཡིན་པ་ཅི་ཡང་རུང་འདས་པ་འམ་མ་འོངས་པ་འམ་ད་ལྟར་བྱུང་བ་འམ་ནང་གི་འམ་ཕྱིའི་འམ་རགས་པའམ་ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་རིང་པོ་ན་ཡོད་པ་གང་ཡིན་པ་དང་ཉེ་བ་ན་ཡོད་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ། ཚོར་བའི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པ་ལ་ཡང་དེ་ཐམས་ཅད་གཅིག་ཏུ་བསྡུས་ནས་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །འདི་དག་གིས་འདས་པ་ལ་སོགས་པ་ཉིད་གཟུགས་ཇི་ལྟར་བ་བཞིན་ནོ། །འདི་ནི་ཁྱད་པར་ཡིན་ཏེ། ཚོར་བ་ལ་སོགས་པའི་རགས་པ་ནི་དབང་པོ་ལྔ་ལ་བརྟེན་པའི་ཚོར་བ་ལ་སོགས་པ་བཞིན་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་རང་ལ་ཡོད་པའི་རགས་པ་
ཉིད་ནི་མེད་དོ། །ཕྲ་བ་ནི་ཡིད་ལས་བྱུང་བ་སྟེ། རྟེན་ཀྱང་ལུས་ཅན་མ་ཡིན་པའི་ཕྱིར་རོ། །ཡང་ན་ས་ལས་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་རགས་པ་དང་ཕྲ་བ་སྟེ། རགས་པ་ནི་འདོད་པ་ན་སྤྱོད་པའི་ཚོར་བའོ། །ཕྲ་བ་ནི་དཔེ་གཉིས་ལ་འདི་བཞིན། བསམ་གཏན་དང་པོའི་ས་པའོ། །རགས་པ་ནི་བསམ་གཏན་དང་པོའི་ས་བའོ། །ཕྲ་བ་ནི་བསམ་གཏན་གཉིས་པའི་ས་པའོ་ཞེས་བྱ་བ་ནས། དེ་བཞིན་དུ་རགས་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པ་ཡིན་ནོ། །ཕྲ་བ་ནི་སྲིད་པའི་རྩེ་མོའི་ས་པ་ཞེས་བྱ་བའི་བར་ཡིན་ནོ། །ཚོར་བ་ཇི་ལྟ་བར་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །བཙུན་པ་ཞེས་བྱ་བ་ནི་མདོ་སྡེ་པའི་གནས་བརྟན་འགའ་ཞིག་གམ། ཡང་ན་མིང་དེ་ཞེས་བྱ་བ་ཞིག་ཡིན་ནོ། །སྐལ་ལྡན་ཁྱད་པར་ཅན་ན་རེ་དེ་ནི་གནས་བརྟན་ཆོས་སྐྱོབ་ཡིན་ནོ་ཞེས་ཟེར་རོ། །འདི་ལ་བདག་ནི་གལ་ཏེ་དེ་ཆོས་སྐྱོབ་ཡིན་ན་ནི་འདས་པ་དང་མ་འོངས་པ་ཡོད་པ་ཉིད་དུ་སྨྲ་བ་ཡིན་པས། མདོ་སྡེ་པ་མ་ཡིན་ནོ་ཞེས་སྨྲས་ཏེ། དངོས་སྟོན་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟར་དངོས་པོ་གཞན་ཉིད་དུ་འགྱུར་བར་སྨྲ་བ་ནི་བཙུན་པ་ཆོས་སྐྱོབ་ཡིན་ཏེ། དེ་ན་རེ་ཆོས་དུས་རྣམས་སུ་འཇུག་པ་ན་དངོས་པོ་གཞན་ཉིད་དུ་འགྱུར་གྱི་རྫས་གཞན་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་ཟེར་རོ་ཞེས་གྲག་གོ་ཞེས་འཆད་པར་འགྱུར་རོ། །བཙུན་པ་འདི་ནི་མདོ་སྡེ་བའི་ལྟ་བ་ལ་འཚེལ་བ་ཡིན་ནོ། །བྱེ་བྲག་ཏུ་བཤད་པའི་ནང་དུ་བཙུན་པ་ན་རེ་ཞེས་བྱ་བ་ལ་སོགས་པ་བྲིས་སོ། །བཙུན་པ་ཆོས་སྐྱོབ་ཀྱང་བྱེ་བྲག་ཏུ་བཤད་པའི་ནང་དུ་བཙུན་པ་ཆོས་སྐྱོབ་བ་ན་རེ་ཞེས་བྱ་བ་ལ་སོགས་པ་རང་གི་མིང་ཁོ་ན་བྲིས་སོ། །དེས་ན་བཙུན་པ་འདི་ནི་ཆོས་སྐྱོབ་ལས་གཞན་པ་མདོ་སྡེ་པའི་དགེ་སློང་གནས་བརྟན་འགའ་ཞིག་ཡིན་ནོ་ཞེས་བྱ་བར་མངོན་ནོ། །དབང་པོ་ལྡས་གཟུང་བར་བྱའོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལྔའོ། །གཞན་ནི་ཕྲ་བའོ་ཞེས་བྱ་བ་ནི་མིག་ལ་སོགས་པ་ལྔ་དང་རྣམ་པར་རིག་བྱེད་མ་ཡིན་པའོ། །ཡིད་དུ་འོང་བའོ་ཞེས་བྱ་བ་ནི་ཡིད་ལ་ཁྱབ་པ་ནི་ཡིད་དུ་འོང་བ་སྟེ་ཡིད་དུ་འཐད་པ་ཞེས་བྱ་བའི་ཐ་ཚིག་གོ །རིང་བ་ནི་ཡུལ་མི་སྣང་བའོ་ཞེས་བྱ་བ་ནི་གཞིའི་ཡུལ་དང་རྟེན་གྱི་
གཞིའི་ཡུལ་གྱི་དབང་དུ་བྱས་པའོ། །བལྟ་བར་ནུས་པ་ནི་སྣང་བའོ། །འདི་ལ་ཡུལ་སྣང་བ་ཡོད་པས་ན་ཡུལ་སྣང་བ་ཅན་ཏེ་གཞིའི་ཡུལ་ལམ་རྟེན་གྱི་གཞིའི་ཡུལ་སྣང་བ་ཅན་ནོ། །དཔེར་ན་རྒྱ་ཤུག་གི་རྫ་མ་འམ་མིག་ལ་སོགས་པ་ལྟ་བུ་སྟེ་དེ་ནི་ཉེ་བ་ཡིན་ནོ། །ཡུལ་མི་སྣང་བ་ཅན་ནི་དེ་ལས་བཟློག་སྟེ་རིང་བ་ཡིན་ནོ། །རིང་བ་ནི་མི་སྣང་བའོ་ཞེས་མ་བཤད་པ་ནི་ལ་ལ་ཉེ་ཡང་ཤིན་ཏུ་ཕྲ་བའི་ཕྱིར་མི་སྣང་བ་དེ་ནི་ཡུལ་སྣང་བ་ཅན་ཡིན་པའི་ཕྱིར་རིང་བར་ཡང་མི་འདོད་པས་སོ། །ཡང་ཅིའི་ཕྱིར་བཙུན་པ་དེ་ལྟར་བཤད་ཅེ་ན། འདས་པ་ལ་སོགས་པ་ནི་རང་གི་མིང་གིས་བསྟན་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་ཟློས་པའི་སྐྱོན་དུ་འགྱུར་རོ། །དེ་དག་གི་རིང་བ་དང་ཉེ་བ་ཉིད་ནི་རྟེན་གྱི་དབང་གིས་སོ་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་དེ་དག་ནི་ལུས་ཅན་མ་ཡིན་པ་ཉིད་ཀྱིས་ཡུལ་ན་མི་གནས་པའི་ཕྱིར་ཏེ། དེ་ལྟ་བས་ན་འདི་སྐད་དུ་ཐག་རིང་པོ་ན་ཡོད་པ་ནི་མི་སྣང་བ་ལ་བརྟེན་པའི་ཚོར་བ་ལ་སོགས་པའོ། །ཉེ་བ་ན་ཡོད་པ་ནི་སྣང་བ་ལ་བརྟེན་པ་དག་གོ་ཞེས་བརྗོད་པར་བྱའོ། །རགས་པ་དང་ཕྲ་བ་ཉིད་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་རགས་པ་ནི་དབང་པོ་ལྔ་ལ་བརྟེན་པའོ། །ཕྲ་བ་ནི་ཡིད་ལས་བྱུང་བའོ་ཞེས་བྱ་བ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བ་འབྱུང་བ་མཆེད་པར་བྱེད་པས་ན་སྐྱེ་མཆེད་རྣམས་སོ། །གཉིས་ལ་བརྟེན་ཏེ་རྣམ་པར་ཤེས་པ་སྐྱེ་བ་ཐམས་ཅད་སྐྱེ་མཆེད་ཉིད་ཡིན་པར་འགྲུབ་པོ། །རྟེན་ཏམ་རྒྱུད་གཅིག་ལ་ཞེས་བྱ་བ་ལ་རྟེན་ནི་ལུས་ཀྱི་མཚན་ཉིད་སྤྱིའོ། །རྒྱུད་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རྒྱུན་གྱི་མཚན་ཉིད་དོ། །རང་གི་རིགས་ཀྱི་ཡིན་ཏེ་ཅི་ཞེ་ན། འབྱུང་གནས་དག་ཅེས་བྱ་བར་སྐབས་དང་སྦྱར་རོ། །སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མིག་སྔར་སྐྱེས་པ་ནི་ཕྱི་མའི་སྐལ་བ་མཉམ་པའི་རྒྱུ་ཡིན་པས་འབྱུང་གནས་ནི་ཁམས་ཡིན་ཏེ། གང་ལས་གསེར་ལ་སོགས་པ་འབྱུང་བ་དེ་དག་ནི་དེ་དག་གི་འབྱུང་གནས་ཡིན་ནོ། །འདུས་མ་བྱས་ཁམས་མ་ཡིན་པར་འགྱུར་ཏེ་འདུས་མ་བྱས་ནི་འདུས་མ་བྱས་སམ་གཞན་གྱི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ནོ། །འོ་ན་ནི་
སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ཡིན་ནོ་ཞེས་བྱ་བ་ཅི་ཞེ་ན་འབྱུང་གནས་དག་ཅེས་སྐབས་དང་སྦྱར་རོ། །གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་གདོན་མི་ཟ་བར་ཁམས་ཐམས་ཅད་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་སྐྱེ་བའི་དམིགས་པ་ཡིན་པ་དང་བདག་པོ་ཡིན་པས་འབྱུང་གནས་དག་ཡིན་ནོ། །སྤུངས་པ་དང་གང་ཟག་བཞིན་ནོ་ཞེས་བྱ་བ་ནི་ཕུང་པོ་ནི་སྤུངས་པའི་སྒྲར་བརྗོད་པར་བྱ་བ་ཡིན་པའི་ཕྱིར་བཏགས་པའི་ཡོད་པ་ཡིན་ཏེ་འབྲུ་སྤུངས་པ་བཞིན་པའམ་གང་ཟག་བཞིན་ནོ། །གང་ཟག་དེ་ནི་གཟུགས་ལ་སོགས་པ་གདགས་པའི་རྒྱུ་ལ་མ་ལྟོས་པར་གཟུང་དུ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་བཏགས་པའི་ཡོད་པ་ཡིན་ཏེ་འབྲུ་སྤུངས་པ་བཞིན་ནོ། །བྱ་བའི་ཁུར་ཁྱེར་བའི་དོན་ཞེས་བྱ་བ་ནི་བྱ་བ་ཉིད་ཁུར་ཡིན་པས་བྱ་བའི་ཁུར་ཏེ་འདིས་དེ་ཁྱེར་བས་ན་ཁྱེར་བའོ། །བྱ་བའི་ཁུར་ཁྱེར་བ་ནི་ལུས་ཀྱི་ཕྱོགས་ཡིན་ཏེ། དེ་ནི་འཇིག་རྟེན་ན་ཕྲག་ཁུར་ཁྱེར་བའོ་ཞེས་བརྗོད་དོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་འདིས་ཀྱང་བྱ་བའི་ཁུར་ཁྱེར་བ་ཡིན་ནོ། །དེ་ལྟ་བས་ན་ཕྲག་ཁུར་ཁྱེར་བ་དང་འདྲ་བར་ཕུང་པོ་ཡིན་ནོ་ཞེས་སྒྲ་ཉེ་བར་བཏགས་པ་ཡིན་ནོ། །ཡོངས་སུ་ཆད་པའི་དོན་ནི་མཚམས་ཀྱི་དོན་ཞེས་བྱ་བའི་ཐ་ཚིག་སྟེ། གཟུགས་སུ་ཡོངས་སུ་ཆད་པ་ནས་རྣམ་པར་ཤེས་པར་ཡོངས་སུ་ཆད་པའི་བར་ཡིན་ནོ། །དེ་ནི་མདོ་དང་འགལ་ལོ་ཞེས་བྱ་བ་ནི་བྱ་བའི་ཁུར་ཁྱེར་བའི་དོན་དང་ཡོངས་སུ་ཆད་པའི་དོན་དེ་གཉི་གའོ། །མདོ་དང་འགལ་བ་ནི་མདོ་ལས་འདས་པའོ། །མདོ་ལས་ཞེས་བྱ་བ་ནི་དེ་རྒྱས་པར་སྟོན་པར་བྱེད་པ་ཡིན་ནོ། །སོ་སོར་ཕུང་པོ་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་ཇི་ལྟར་ཞེ་ན། སྨྲས་པ། གཟུགས་འདས་པ་ལ་སོགས་པ་འདི་ཐམས་ཅད་རེ་རེ་ཞིང་སོ་སོར་གཟུགས་ཀྱི་ཕུང་པོ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །འདུས་པས་འདུས་པ་ཅན་གྱི་རྫས་ཞེས་བྱ་བ་བསྟན་པ་ཡིན་ཏེ། དེ་ནི་གཟུགས་འདས་པ་ལ་སོགས་པ་དེ་དག་སྤུངས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །མདོ་ལས་ཀྱང༌། དེ་ཁོ་ན་སྐད་དུ་སའི་
ཁམས་གང་ཞེ་ན། སྐྲ་དང་སྤུ་དག་ཅེས་བྱ་བ་རྒྱས་པར་གསུངས་ཏེ། སྐྲ་ལ་སོགས་པའི་རྫས་རེ་རེ་ཡང་སའི་ཁམས་ཡིན་ནོ་ཞེས་བྱ་བར་མངོན་ནོ། །ལན་འདི་ནི་བྱ་བའི་ཁུར་ཁྱེར་བའི་དོན་དང་ཡོངས་སུ་ཆད་པའི་དོན་གྱིས་ཕྱོགས་དག་ལ་ཡང་བརྗོད་པར་ནུས་སོ། །དེ་ལྟར་ནི་ཤེས་པར་མི་ནུས་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཐམས་ཅད་གཅིག་ཏུ་བསྡུས་ནས་ཞེས་འབྱུང་བའི་ཕྱིར་རེ་རེ་ཞིང་གཟུགས་ཀྱི་ཕུང་པོ་ཡིན་ནོ་ཞེས་བྱ་བར་ནི་ཤེས་པར་མི་ནུས་སོ། །གལ་ཏེ་དོན་དེ་ལྟ་ཡིན་པར་གྱུར་ན་ནི་དེ་ཐམས་ཅད་གཟུགས་ཀྱི་ཕུང་པོ་ཡིན་ནོ་ཞེས་བྱ་བ་ཁོ་ན་ཞིག་བཤད་པར་འགྱུར་རོ། །གཅིག་ཏུ་བསྡུས་ནས་ཞེས་འབྱུང་བ་དོན་མེད་པ་ཡིན་ནོ། །དེ་ལྟ་བས་ན་གཟུགས་ཀྱི་ཕུང་པོ་དག་ནི་སྤུངས་པ་བཞིན་དུ་བཏགས་པའི་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་གྱིས་གཞག་པའི་ཕྱོགས་ཡིན་ནོ། །གཟུགས་ཀྱི་ཕུང་པོ་བསྟན་པ་ལ། རྫས་སུ་ཡོད་པར་རྟོགས་པ་ནི་དེ་འདུས་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཁོང་དུ་ཆུད་པར་བྱའོ། །གཟུགས་ཅན་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གཟུགས་ཅན་སྨོས་པ་ནི་གཟུགས་ཅན་མ་ཡིན་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། གཟུགས་ཅན་མ་ཡིན་པ་ཡིད་ཀྱི་སྐྱེ་མཆེད་ནི་འདུས་པ་མ་ཡིན་ཡང་རྒྱུའི་ངོ་བོ་འཛིན་ནོ། །མིག་གི་སྐྱེ་མཆེད་ལ་སོགས་པ་གཟུགས་ཅན་རྣམས་ཀྱང་འདུས་པ་ཁོ་ན་སེམས་དང་སེམས་ལས་འབྱུང་བ་སྐྱེ་བའི་སྒོ་ཉིད་དུ་མཆེད་པར་བྱེད་ཀྱི་མ་འདུས་པ་དག་ནི་མ་ཡིན་པས་འདུས་པའི་མཚན་ཉིད་ཡིན་པའི་ཕྱིར་ཕུང་པོ་བཞིན་དུ་བཏགས་པའི་ཡོད་པར་འགྱུར་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསྩགས་པ་ལ་བརྟེན་པ་དང་དམིགས་པ་ཡིན་པའི་ཕྱིར་རོ། །མ་ཡིན་ཏེ་འདུས་པ་རྣམས་རེ་རེ་ནས་རྒྱུའི་ངོ་བོར་གྱུར་པའི་ཕྱིར་ཞེས་བྱ་བ་དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚོགས་པ་འདུས་པ་རྣམས་རེ་རེ་ནས་རྒྱུ་ཡིན་པའི་ཕྱིར་རོ། །འདི་ལྟར་མིག་ལ་སོགས་པའི་རྡུལ་ཕྲ་རབ་མང་པོ་ཕན་ཚུན་ལྟོས་པ་འདི་དག་རེ་རེ་ཞིང་རྒྱུའི་ངོ་བོ་ཡིན་གྱི་འདུས་པ་དག་ནི་མ་ཡིན་ནོ། །དཔེར་ན་ཤིང་དྲང་བར་བྱ་བ་ལ་འདྲེན་པར་བྱེད་པ་མང་
པོ་དག་རེ་རེ་ནས་ནུས་པ་མེད་ཀྱི་འདུས་པ་ཕན་ཚུན་ལྟོས་པ་རྣམས་ཀྱིས་ནུས་པ་ལྟ་བུའམ། དཔེར་ན་སྐྲ་སོ་སོ་ན་གནས་པ་དག་གིས་རབ་རིབ་ཅན་གྱི་མིག་གི་རྣམ་པར་ཤེས་པ་སྐྱེད་པར་མི་ནུས་ཀྱི་འདུས་པ་དག་གིས་མ་འབྱར་ཀྱང་ནུས་པ་དེ་བཞིན་དུ་མིག་ལ་སོགས་པ་དབང་པོའི་རྡུལ་ཕྲ་རབ་དག་དང༌། གཟུགས་ལ་སོགས་པ་ཡུལ་གྱི་རྡུལ་ཕྲ་རབ་དག་ཀྱང་མིག་ལ་སོགས་པའི་རྣམ་པར་ཤེས་པ་བསྐྱེད་པར་བྱ་བ་ལ་རེ་རེས་ནུས་པ་མེད་ཀྱི་འདུས་པ་དག་གིས་ནི་ནུས་ཏེ། དངོས་པོ་རྣམས་ཀྱིས་ནུས་པ་ནི་དེ་ལྟ་བུ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཡུལ་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གལ་ཏེ་མང་པོ་རྣམས་སྐྱེ་བའི་སྒོའི་ངོ་བོ་ཡིན་པས་འདུས་པ་སྐྱེ་མཆེད་ཉིད་ཡིན་པར་འགྱུར་གྱི་རྫས་སྐྱེ་མཆེད་ཉིད་མ་ཡིན་ན་ནི་དབང་པོ་དང་ཡུལ་གྱི་རྡུལ་ཕྲ་རབ་འདུས་པ་རྣམས་སྐྱེ་བའི་སྒོའི་ངོ་བོ་ཡིན་པས་དེ་དག་འདུས་པ་སྐྱེ་མཆེད་ཉིད་ཡིན་པར་འགྱུར་གྱི། སོ་སོར་ནི་སྐྱེ་མཆེད་ཉིད་དུ་མི་འགྱུར་བ་ཞིག་ན། མདོ་ལས་སྐྱེ་མཆེད་བཅུ་གཉིས་ཞེས་འབྱུང་བའི་ཕྱིར་སོ་སོར་སྐྱེ་མཆེད་ཉིད་ཡིན་པར་ཡང་འདོད་དོ། །འདི་ལ་བསྒྲུབ་པ་ཡང་འབྱུང་སྟེ་མིག་གི་སྐྱེ་མཆེད་རྫས་ཀྱི་རྡུལ་ཕྲ་རབ་འདུས་པ་དག་གང་དག་དང་ལྷན་ཅིག་བྱེད་པ་དེ་དག་དང་ལྷན་ཅིག་འདུས་པའི་བདག་ཉིད་ཀྱི་སྐྱེ་མཆེད་དུ་གྱུར་པ་ནི་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པའི་རྒྱུ་ཡིན་པའི་ཕྱིར་མིག་གི་སྐྱེ་མཆེད་དང་གཟུགས་ཀྱི་སྐྱེ་མཆེད་རྫས་ཀྱི་རྡུལ་ཕྲ་རབ་འདུས་པ་བཞིན་ནོ། །མིག་གི་སྐྱེ་མཆེད་རྫས་ཀྱི་རྡུལ་ཕྲ་རབ་འདུས་པ་ཇི་ལྟ་བ་དེ་བཞིན་དུ་ལུས་ཀྱི་སྐྱེ་མཆེད་རྡུལ་ཕྲ་རབ་འདུས་པའི་བར་དུ་ཡང་སྦྱར་བར་བྱའོ། །བྱེ་བྲག་ཏུ་བཤད་པ་ལས་ནི་ཞེས་བྱ་བ་འདིས་ཀྱང་ཕུང་པོ་དག་བཏགས་པའི་ཡོད་པའོ་ཞེས་བྱ་བར་སྟོན་ཏོ། །འདི་ནི་ཁྱད་པར་ཡིན་ཏེ། དེ་དག་ནི་རྫས་སུ་མེད་ཀྱང་དེ་ལ་ཉེ་བར་བཏགས་ནས་རབ་ཏུ་བསྟན་ཏོ་ཞེས་ཁྱད་པར་དུ་བྱ་བའི་ཕྱིར་ནི་ཞེས་བྱ་བའི་སྒྲ་སྨོས་སོ། །ཕུང་པོ་བཏགས་པའི་ཡོད་པར་ལྟ་ན་ནི་ཞེས་བྱ་བ་ནི་ཕུང་པོ་ཞེས་བྱ་བ་བཏགས་པའི་ཡོད་པ་ཡིན་པར་ལྟ་བ་སྟེ། སྤུངས་པ་ཞེས་བྱ་བ་བཏགས་
པའི་ཡོད་པ་ཡིན་པར་ལྟ་ན་ཞེས་བྱ་བའི་ཐ་ཚིག་གོ །རྡུལ་ཕྲ་རབ་ཁམས་གཅིག་དང་ཞེས་བྱ་བ་ནི་མིག་ལ་སོགས་པ་གཟུགས་ཅན་གྱི་ཁམས་བཅུ་པོ་དག་ལས་གང་ཡང་རུང་བ་ཞིག་གི་ཕྱོགས་ཡིན་ནོ། །དེ་བཞིན་དུ་སྐྱེ་མཆེད་དེ་དག་ཉིད་ལས་གང་ཡང་རུང་བ་ཞིག་དང༌། གཟུགས་ཀྱི་ཕུང་པོའི་ཕྱོགས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཏགས་པ་ཡིན་པར་ལྟ་བ་ལ་ནི་ཕྱོགས་ཅན་ལ་འཇུག་པའི་སྒྲ་ཕྱོགས་ལ་རྣམ་པར་མི་འཇོག་གོ །འོན་ཏེ་མི་ལྟ་ན་ནི་ཞེས་བྱ་བ་ཅི་ཞེ་ན། ཕུང་པོ་བཏགས་པ་ཡིན་པར་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེ་རྡུལ་ཕྲ་རབ་ཁམས་གཅིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་སྐྱེ་མཆེད་དང་ཁམས་གང་ཡང་རུང་བ་ཞིག་བཤད་པ་གང་ཡིན་པ་དང་གཟུགས་ཀྱི་ཕུང་པོ་གཅིག་ཁོ་ན་ཡིན་ནོ། །ཕྱོགས་ཡིན་ཡང་ཕྱོགས་ཅན་བཞིན་དུ་ཉེ་བར་འདོགས་པ་ཡང་ཡོད་དོ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཕྱོགས་ཡིན་ཡང་གཟུགས་ཀྱི་སྐྱེ་མཆེད་དང་ཁམས་གང་ཡང་རུང་བ་ཞིག་བཞིན་དུ་གཟུགས་ཀྱི་ཕུང་པོ་ཉེ་བར་འདོགས་སོ། །དཔེར་ན་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་གོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རས་ཡུག་ཅེས་བྱ་བའི་སྒྲ་སྤྱི་ལ་འཇུག་པ་ཡིན་ཡང་ཕྱོགས་རེ་རས་ཡུག་གི་ཕྱོགས་གཅིག་ལ་ཡང་ཉེ་བར་འདོགས་པ་དེ་བཞིན་དུ་ཕུང་པོ་ཞེས་བྱ་བའི་སྒྲ་འདས་པ་ལ་སོགས་པའི་གཟུགས་སྤྱི་ལ་འཇུག་པ་ཡང་ཕྱོགས་རྡུལ་ཕྲ་རབ་ལ་ཉེ་བར་འདོགས་སོ། །གཟུགས་ལ་སོགས་པའི་ཕུང་པོ་ཞེས་བྱ་བ་ཡིན་པའི་ཕྱིར་ཕུང་པོ་དག་ཁོ་ན་བཏགས་པའི་ཡོད་པ་ཡིན་གྱི། སྐྱེ་མཆེད་དང་ཁམ་དག་ནི་མ་ཡིན་ཏེ། གང་གི་ཚེ་གཟུགས་དག་ཁོ་ན་ཕུང་པོ་ཡིན་ནོ་ཞེས་ཚིག་སྡུད་པ་དེའི་ཚེ་རྫས་སུ་ཡོད་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདིར་འདི་དཔྱད་པར་བྱ་སྟེ། གལ་ཏེ་དབང་པོ་རྡུལ་ཕྲ་རབ་རྣམས་དང་ཡུལ་གྱི་རྡུལ་ཕྲ་རབ་རྣམས་རྣམ་པར་ཤེས་པ་བསྐྱེད་པར་བྱ་བ་ལ་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་དུ་འདྲ་ན་འདིར་ཅིའི་ཕྱིར་གཉིས་ཀྱི་འདི་རྣམས་དབང་པོའི་རྡུལ་ཕྲ་རབ་འབའ་ཞིག་བཞིན་དུ་སྐྱེ་མཆེད་གཅིག་ཉིད་དུ་རྣམ་པར་མི་གཞག་ཅེ་ན། འདི་
ལྟར་མིག་གི་དབང་པོ་ལ་སོགས་པའི་རྡུལ་ཕྲ་རབ་ཐམས་ཅད་ནི་རང་གི་རྣམ་པར་ཤེས་པ་སྐྱེ་བའི་ཐུན་མོང་གི་རྒྱུ་ཡིན་གྱི་ཡུལ་གྱི་རྡུལ་ཕྲ་རབ་དག་ནི་དེ་ལྟ་མ་ཡིན་ནོ། །འདི་ལྟར་མིག་གི་དབང་པོའི་རྡུལ་ཕྲ་རབ་དག་ནི་ཡུལ་སྔོན་པོའི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་ཡང་ཡིན་ལ་སེར་པོ་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེ་བ་ཡང་ཡིན་ནོ། །སྔོན་པོའི་རྡུལ་ཕྲ་རབ་དག་ནི་རང་གི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་ཁོ་ན་ཡིན་གྱི་སེར་པོ་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེ་བ་ནི་མ་ཡིན་ནོ། །དེ་བས་ན་མིག་གི་དབང་པོའི་རྡུལ་ཕྲ་རབ་དག་དང་དེའི་ཡུལ་གྱི་རྡུལ་ཕྲ་རབ་རྣམས་མི་འདྲ་བར་འཇུག་པའི་ཕྱིར་དང༌། གནས་སོ་སོ་ན་གནས་པའི་ཕྱིར་མིག་དང་གཟུགས་ཀྱི་རྡུལ་ཕྲ་རབ་རྣམས་སྐྱེ་མཆེད་གཅིག་ཉིད་དུ་རྣམ་པར་གཞག་ཏུ་མི་རུང་སྟེ། དེ་བཞིན་དུ་ལུས་ཀྱི་དབང་པོ་དང་རེག་བྱའི་རྡུལ་ཕྲ་རབ་རྣམས་སྐྱེ་མཆེད་གཅིག་ཉིད་དུ་རྣམ་པར་གཞག་ཏུ་མི་རུང་བའི་བར་དུ་བརྗོད་པར་བྱའོ། །རྨོངས་དབང་འདོད་རྣམས་གསུམ་གྱི་ཕྱིར། །ཞེས་བྱ་བ་ནི་ཀུན་ཏུ་རྨོངས་པ་དང་ཤེས་རབ་དང་མོས་པ་རྣམས་པ་གསུམ་གྱི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །རྨོངས་པ་དང་དབང་པོ་དང་འདོད་པ་དང་དག་རྣམ་པ་གསུམ་སྟེ། དེའི་ཕྱིར་རིལ་པོའི་བདག་ཏུ་འཛིན་པས་ཞེས་བྱ་བ་ནི། ཁ་ཅིག་ནི་སེམས་ལས་བྱུང་བ་རྣམས་ལ་རིལ་པོར་བཟུང་ནས་དེ་དག་ཉིད་ལ་བདག་ཏུ་འཛིན་ཏེ། །རིལ་པོར་བཟུང་ནས་བདག་ཏུ་འཛིན་པ་འཇུག་པའི་ཕྱིར་རོ། །དེ་དག་ལ་ནི་ཕུང་པོ་བསྟན་ཏེ། །དེ་ནི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་བྱེ་བྲག་གི་སེམས་ལས་བྱུང་བ་རྣམ་པ་གསུམ་དུ་བསྟན་ཏེ། འདི་ལ་འདི་ནི་རིལ་པོ་གཅིག་པུ་མ་ཡིན་གྱི་སེམས་ལས་བྱུང་བའི་ཁྱད་པར་ཡིན་ནོ་ཞེས་བདག་ཏུ་འཛིན་པའི་གཉེན་པོར་བྱས་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཁ་ཅིག་བདག་གི་དངོས་པོ་འདི་ནི་རིལ་པོའི་ངོ་བོ་ཡིན་ལ་བདག་དེ་ཡང་ཚོར་བ་པོ་དང༌། འདུ་ཤེས་པ་པོ་དང་སེམས་པ་པོ་ཡིན་ནོ་སྙམ་དུ་ཀུན་ཏུ་རྨོངས་པའོ། །དེ་དག་ལ་ཕུང་པོ་བསྟན་ཏེ། འདི་ནི་བདག་གི་ངོ་བོ་གོང་བུ་མ་ཡིན་གྱི་འདི་ལ་འདི་དག་ནི་སེམས་ལས་བྱུང་བ་རྣམས་ཡིན་ཏེ། ཚོར་
བ་དང༌། འདུ་ཤེས་དང༌། འདུ་བྱེད་དག་འཇུག་པ་ཡིན་ནོ་ཞེས་བདག་ཏུ་འཛིན་པའི་གཉེན་པོར་བྱས་པ་ཡིན་ནོ། །ཁ་ཅིག་ནི་གཟུགས་ཁོ་ན་ལའོ་ཞེས་བྱ་བ་ནི་རིལ་པོར་འཛིན་པས་ཀུན་ཏུ་རྨོངས་སོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེ་དག་ལ་ནི་སྐྱེ་མཆེད་བསྟན་ཏེ། དེ་ལ་ནི་གཟུགས་ནི་མིག་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་མང་པོར་རྣམ་པར་ཕྱེ་བའི་སེམས་ལས་བྱུང་བ་རྣམས་ནི་ཆོས་ཀྱི་སྐྱེ་མཆེད་གཅིག་ཁོ་ནར་བསྟན་ལ། སེམས་ཀྱང་ཡིད་ཀྱི་སྐྱེ་མཆེད་ཉིད་དུ་བསྟན་ཏོ། །ཁ་ཅིག་ནི་གཟུགས་དང་སེམས་དག་ལའོ་ཞེས་བྱ་བ་ནི་རིལ་པོར་འཛིན་པས་ཀུན་ཏུ་རྨོངས་སོ་ཞེས་བྱ་བ་ཁོ་ནར་སྐབས་དང་སྦྱར་རོ། །དེ་དག་ལ་ནི་ཁམས་བསྟན་ཏེ། དེ་ལ་ནི་གཟུགས་ཀྱང་མིག་ལ་སོགས་པའི་བྱེ་བྲག་གིས་མང་པོར་རྣམ་པར་ཕྱེ་ལ་སེམས་ཀྱང་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཁམས་ཀྱི་བྱེ་བྲག་གིས་མང་པོར་རྣམ་པར་ཕྱེའི། སེམས་ལས་བྱུང་བ་རྣམས་ནི་མ་ཡིན་ཏེ། ཆོས་ཀྱི་ཁམས་ཉིད་ཁོ་ནར་བསྟན་པའི་ཕྱིར་རོ། །དེས་ནི་གཟུགས་དང་སེམས་ལ་རིལ་པོར་འཛིན་པའི་ཀུན་ཏུ་རྨོངས་པའི་གཉེན་པོར་བྱས་པ་ཡིན་ནོ། །དབང་པོ་དག་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་ཟག་ནི་རྣམ་པ་གསུམ་སྟེ། དབང་པོ་རྣོན་པོ་དང་འབྲིང་པོ་དང་རྟུལ་པོའི་ཕྱིར་རོ། །ཡང་ན་གང་ཟག་ནི་རྣམ་པ་གསུམ་སྟེ། མགོ་སྨོས་པས་གོ་བ་དང༌། རྣམ་པར་སྤྲོས་ན་གོ་བ་དང༌། ཚིག་ལྷུར་ལེན་པའོ། །དེ་ལ་དབང་པོ་རྣོན་པོ་རྣམས་ལ་ནི་ཕུང་པོ་བསྟན་ཏེ། དེ་དག་ནི་དབང་པོ་རྣོ་བའི་ཕྱིར་ཕུང་པོ་ཕྱེ་བ་ཁོ་ནས་སྐྱེ་མཆེད་དང་ཁམས་དབྱེ་བ་རྟོགས་པར་ནུས་ཏེ་ཇི་སྐད་དུ། དགེ་སློང་གང་ཁྱོད་མ་ཡིན་པ་དེ་ནི་ཁྱོད་ཀྱིས་སྤང་བར་བྱའོ། །གསོལ་པ་བཅོམ་ལྡན་འདས་གློ་བར་ཆུད་དོ་ཞེས་འབྱུང་བ་ལྟ་བུ་དང༌། ཇི་སྐད་དུ་དགེ་སློང་མདོར་བསྡུས་ཏེ་བཤད་པ་འདིའི་དོན་ཇི་ལྟར་ཤེས། བཙུན་པ་གཟུགས་ནི་བདག་མ་ལགས་ཏེ། ཆོས་དེ་ནི་བདག་གིས་སྤང་བར་བགྱིའོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལྟ་བུ་ཡིན་ནོ། །དབང་པོ་འབྲིང་རྣམས་ལ་ནི་སྐྱེ་མཆེད་བསྟན་ཏེ། དེ་དག་ནི་དབང་པོ་
འབྲིང་ཡིན་པའི་ཕྱིར་འབྲིང་དུ་བསྟན་པ་ཁོ་ནས་ཡིན་གྱི་ཤིན་ཏུ་རྒྱས་པས་ནི་མ་ཡིན་ཏེ། སྐྱེ་མཆེད་དང་ཕྱེ་བས་ཁམས་རབ་ཏུ་དབྱེ་བ་རྟོགས་པར་ནུས་ཀྱི་མདོར་བསྡུས་པ་ཕུང་པོ་རབ་ཏུ་ཕྱེ་བས་ནི་མ་ཡིན་ནོ། །དབང་པོ་རྟུལ་པོ་རྣམས་ལ་ནི་ཁམས་བསྟན་ཏེ། དེ་དག་ནི་དབང་པོ་རྟུལ་པའི་ཕྱིར་རྣམ་པར་མ་ཕྱེ་བ་རང་གི་བློའི་མཐུས་རྟོགས་པར་མི་ནུས་སོ། །འདོད་པ་ཡང་རྣམ་པ་གསུམ་སྟེ་ཞེས་བྱ་བ་ནི་སྔོན་གོམས་པའི་སྦྱོར་བ་ལས་འདོད་པ་རྣམ་པ་གསུམ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཞི་གནས་སྤྱོད་པ་རྣམས་ནི་མདོར་བསྡུས་པ་འདོད་དོ། །ཞི་གནས་དང་ལྷག་མཐོང་སྤྱོད་པ་རྣམས་ནི་བར་མ་འདོད་དོ། །ལྷག་མཐོང་སྤྱོད་པ་རྣམས་ནི་རྒྱས་པ་འདོད་དོ། །ཡང་ཅིའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་སེམས་ལས་བྱུང་བ་དག་ལ་རིལ་པོའི་བདག་ཏུ་འཛིན་པས་རྨོངས་པ་རྣམས་ལ་ཕུང་པོ་བསྟན་ཏོ་ཞེས་རྒྱུ་བཤད་ཟིན་པ་མ་ཡིན་ནམ་ཞེ་ན། དེ་དག་ལ་སེམས་ལས་བྱུང་བ་རྣམས་རྣམ་པར་ཕྱེའོ་ཞེས་བཤད་པ་ནི་བདེན་ན། ཚོར་བ་དང་འདུ་ཤེས་དག་ཁོ་ན་འདུ་བྱེད་ཀྱི་ཕུང་པོ་ལས་ལོགས་ཤིག་ཏུ་ཕུང་པོར་བྱས་ཀྱི། གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད་ཅེ་ན། འདོད་པ་ལ་ལྷག་པར་ཞེན་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདོད་པ་དག་དང་ལྟ་བ་དག་ལ་མངོན་པར་ཞེན་པ་ཡིན་ནོ། །རྩོད་པའི་རྩ་བ་ལྷག་པར་ཞེན་པ་དེ་གཉིས་ཀྱི་རྒྱུའི་གཙོ་བོ་ནི་གོ་རིམས་བཞིན་དུ་ཚོར་བ་དང་འདུ་ཤེས་དག་སྟེ་ཞེས་བྱ་བ་ནི་གཙོ་བོ་སྨོས་པས་དོན་གྱིས་ན་མ་རིག་པ་ལ་སོགས་པ་ནི་གཙོ་བོའི་རྒྱུ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཚོར་བ་རོ་མྱང་བའི་དབང་གིས་ནི་ཁྱིམ་པ་རྣམས་འདོད་པ་རྣམས་ལ་མངོན་པར་ཞེན་ལ། འདུ་ཤེས་ཕྱིན་ཅི་ལོག་གི་དབང་གིས་ནི་ལྟ་བ་རྣམས་ལའོ། །ཅི་ཞེ་ན། མངོན་པར་ཞེན་ཏོ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ཤིང་ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང་བདག་མེད་པ་ལ་སོགས་པ་ལ་བདག་ལ་སོགས་པར་འདུ་ཤེས་པ་རྣམས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལ་སོགས་པ་ལྟ་བ་དེ་དང་དེ་དག་ལ་མངོན་པར་ཞེན་ཏོ། །དེ་དག་ཀྱང་གང་ཞེ་ན། ཕལ་ཆེར་རབ་ཏུ་བྱུང་བ་ཡིན་ནོ། །ཚོར་བ་ལ་ཞེན་ཅིང་ཞེས་བྱ་བ་རྒྱས་པར་
འབྱུང་བ་ནི་ཚོར་བ་ལ་ཞན་ཅིང་ཕྱིན་ཅི་ལོག་བཞིས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་འཁོར་བ་ན་སྐྱེ་བ་བརྒྱུད་པར་བྱེད་དོ། །གོ་རིམས་ཀྱི་རྒྱུ་དེའི་ཕྱིར་ཡང་ཞེས་བྱ་བ་ནི་ཕུང་པོའི་གོ་རིམས་སུ་བླག་པ་ལ། རགས་པ་དང་ནི་ཀུན་ཉོན་མོངས། །སྣོད་སྩོགས་དོན་ཁམས་ཇི་བཞིན་ནོ། །ཞེས་བྱ་བ་རྒྱུ་བཞི་འཆད་པར་འགྱུར་བ་ཡིན་ནོ། །གཟུགས་ནི་ཐོགས་པ་དང་བཅས་པའི་ཕྱིར་ཐམས་ཅད་པས་རགས་སོ། །གཟུགས་ཅན་མ་ཡིན་པ་རྣམས་ཀྱི་ནང་ན་ཡང་ཚོར་བ་ནི་རྒྱུ་བ་རགས་པའི་ཕྱིར། འདི་ལྟར་ངའི་ལག་པ་ལ་ཚོར་རོ་རྐང་པ་ལ་ཚོར་རོ་ཞེས་ཐ་སྙད་འདོགས་སོ། །འདུ་ཤེས་ནི་གཉིས་པས་ཆེས་རགས་སོ། །རྣམ་པར་ཤེས་པས་ནི་འདུ་བྱེད་དེ། །དེའི་ཕྱིར་གང་ཆེས་རགས་པ་སྔར་བཤད་དོ་ཞེས་བྱ་བ་ནི་རྒྱུ་དང་པོ་ཡིན་ནོ། །ཡང་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་ཕོ་དང་མོ་དག་ཕན་ཚུན་གཟུགས་ལ་མངོན་པར་དགའ་སྟེ། དེ་དག་ཀྱང་ཚོར་བའི་རོ་མྱང་བ་ལ་ཆགས་པའི་ཕྱིར་རོ། །དེ་ལ་ཆགས་པ་ཡང་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །ཕྱིན་ཅི་ལོག་དེ་ཡང་ཀུན་ནས་ཉོན་མོངས་པ་དག་གིས་སོ། །སེམས་ཀྱང་དེ་དག་གིས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱས་པས་ཀུན་ནས་ཉོན་མོངས་པའི་གོ་རིམས་ཇི་བཞིན་ནོ་ཞེས་བྱ་བ་ནི་གཉིས་པ་ཡིན་ནོ། །ཡང་ན་སྣོད་ལ་སོགས་པའི་དོན་གྱིས་ཏེ་གཟུགས་ལ་སོགས་པའི་ཕུང་པོ་ནི་སྣོད་དང་ཟས་དང་ཚོད་མ་དང་བྱན་པོ་དང་ཟ་བ་པོ་ལྟ་བུའོ་ཞེས་བྱ་བ་ནི་གསུམ་པའོ། །ཡང་ན་ཁམས་ཀྱིས་ཏེ་འདོད་པའི་ཡོན་ཏན་གཟུགས་ཀྱིས་རབ་ཏུ་ཕྱེ་བ་ནི་འདོད་པའི་ཁམས་སོ། །ཚོར་བས་རབ་ཏུ་ཕྱེ་བ་ནི་བསམ་གཏན་རྣམས་སོ། །འདུ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ནི་གཟུགས་མེད་པ་གསུམ་མོ། །འདུ་བྱེད་ཙམ་གྱིས་རབ་ཏུ་ཕྱེ་བ་ནི་སྲིད་པའི་རྩེ་མོ་སྟེ། འདི་དག་ནི་རྣམ་པར་ཤེས་པ་གནས་པ་བཞི་ཡིན་ལ་དེ་དག་ལ་རྣམ་པར་ཤེས་པ་གནས་སོ་ཞེས་ཕུང་པོའི་གོ་རིམས་ཞིང་དང་ས་བོན་གྱི་གོ་རིམས་ལྟ་བུར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུ་བཞི་པ་ཡིན་ནོ། །གང་གི་ཕྱིར་འདི་དག་ཆེས་རགས་པ་དང་ཀུན་ནས་ཉོན་མོངས་པའི་གོ་རིམས་ཀྱི་རྒྱུ་དང་ཟས་དང་ཚོད་མ་ལྟ་བུ་དང་དེ་དག་གིས་ཁམས་གཉིས་རབ་ཏུ་ཕྱེ་བའི་གོ་རིམས་ཀྱི་རྒྱུ་དེ་ཉིད་ཀྱི་ཕྱིར། ཚོར་བ་དང༌། འདུ་ཤེས་དག་
ལོགས་ཤིག་ཏུ་ཕུང་པོར་བྱས་སོ། །དོན་དུ་མི་རུང་བའི་ཕྱིར་རེ་ཞིག་དེ་དག་ཉིད་ཀྱི་ནང་དུ་བསྡུ་བར་མི་ནུས་སོ་ཞེས་བྱ་བ་ནི་གཟུགས་ཀྱི་ངོ་བོ་ཉིད་དོ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་གྱི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བར་གཟུགས་ལ་སོགས་པའི་དོན་དུ་མི་རུང་ཞིང་མི་སྲིད་པའི་ཕྱིར་ཕུང་པོ་ལྔ་པོ་དེ་དག་ཉིད་ཀྱི་ནང་དུ་བསྡུ་བར་ནི་མི་ནུས་ཏེ། དེ་དག་གི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །ཕུང་པོ་དྲུག་པ་བརྗོད་པར་ཡང་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། དོན་དུ་མི་རུང་བའི་ཕྱིར་ཏེ་འདས་པ་ལ་སོགས་པའི་དོན་དུ་མི་རུང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །འདུས་མ་བྱས་རྣམས་མང་བའི་ཕྱིར་འདུས་མ་བྱས་ཀྱི་ཕུང་པོ་གཞན་ཞིག་ཏུ་རུང་བ་མ་ཡིན་ནམ་འདས་པ་ལ་སོགས་པའི་དོན་གྱིས་ཅི་ཞིག་བྱ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ་འདུས་མ་བྱས་རྣམས་ལ་ཡུལ་དང་ཉེ་བ་མེད་པས་མདོར་བསྡུར་མི་རུང་བའི་ཕྱིར་རོ། །ཡང་ཀུན་ནས་ཉོན་མོངས་པའི་གཞི་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཟག་པ་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་གཞི་ཡང་མ་ཡིན་ལ་འདུས་མ་བྱས་པའི་ཡིན་ཕྱིར་རྣམ་པར་བྱང་བའི་གཞི་ཡང་མ་ཡིན་ཏེ། རྣམ་པར་བྱང་བའི་གཞི་ནི་རྣམ་པར་བྱང་བའི་རྒྱུ་ཡིན་པར་བསམས་པའོ། །རྣམ་པ་གཅིག་ཏུ་གཟུགས་ཀྱི་ཕུང་པོ་ཞེས་བཤད་པ་ནས་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བའི་བར་དུ་བཤད་ནས། གཟུགས་ཀྱི་ཕུང་པོ་ནས་རྣམ་པར་ཤེས་པའི་ཕུང་པོའི་བར་ནི་ཀུན་ནས་ཉོན་མོངས་པའི་གཞི་དང་རྣམ་པར་བྱང་བའི་གཞི་ཡིན་ནོ་ཞེས་བྱ་བར་ཤེས་ཀྱི་འདུས་མ་བྱས་ཀྱི་ཕུང་པོ་ཞེས་བཤད་ན་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གཞི་ཡིན་ནོ་ཞེས་བྱ་བར་ཡང་མི་ཤེས་པས་འདུས་མ་བྱས་ཀྱི་ཕུང་པོ་ཞེས་བྱ་བ་ནི་མི་སྲིད་དོ། །ཁམས་དང་སྐྱེ་མཆེད་དག་ལ་ཡང་དེ་ལྟར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་དེ་སྐད་དུ་སྨྲ་བ་དེ་དག་གི་ལྟར་ན་ཇི་ལྟར་བུམ་པ་ཆག་པ་བུམ་པ་མ་ཡིན་པ་དེ་བཞིན་དུ་ཁམས་ཞིག་པ་ཡང་ཁམས་མ་ཡིན་ལ། སྐྱེ་མཆེད་ཞིག་པ་ཡང་སྐྱེ་མཆེད་མ་ཡིན་པས་ཆོས་ཀྱི་ཁམས་དང་སྐྱེ་མཆེད་དྲུག་ཏུ་འདུས་མ་བྱས་རྣམ་པར་མ་བཞག་པར་འགྱུར་བ་ཞིག་ན། འདི་སྐད་དུ་ཁམས་དང་སྐྱེ་མཆེད་དེ་དག་གི་ནང་དུ་ནི་ཆོས་ཐམས་ཅད་བསྡུས་པར་འདོད་དོ་ཞེས་ཀྱང་བཤད་དོ། །ཕུང་པོ་
རྣམས་ཀྱི་རྣམ་པ་གཞན་བཤད་ཟིན་ཏོ། །རིམ་ནི་ཞེས་བྱ་བ་འདིར་ནི་ཞེས་བྱ་བའི་སྒྲ་རྣམ་པར་བརྗོད་པ་ལ་ལྟོས་པ་ཉེ་བར་འགོད་དོ་ཞེས་སྟོན་པར་བྱེད་པ་ཡིན་ནོ། །ཐམས་ཅད་པས་རགས་སོ་ཞེས་བྱ་བ་ནི་གཟུགས་ནི་བསྟན་དུ་ཡོད་པ་དང་ཐོགས་པ་དང་བཅས་པ་ལ་སོགས་པ་དང་ལྡན་པའི་ཕྱིར་ཚོར་བ་ལ་སོགས་པ་ཐམས་ཅད་པས་རགས་པ་ཡིན་ནོ། །ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་ནང་ན་ཡང་ཞེས་བྱ་བ་ནི་དམིགས་ཀྱིས་བསལ་བ་དྲུག་པ་ཡིན་ནོ། །ཚོར་བ་ནི་རྒྱུ་བ་རགས་པའི་ཕྱིར་རགས་པ་ཡིན་ཏེ། །ཀུན་ཏུ་འབྱུང་བ་རགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །འདུ་ཤེས་ནི་འདུ་བྱེད་དང་རྣམ་པར་ཤེས་པ་དང་གཉིས་པས་རགས་པ་ཡིན་ཏེ་མཚན་མ་ཡོངས་སུ་གཅོད་པས་ཤེས་པར་སླ་བའི་ཕྱིར་རོ། །རྣམ་པར་ཤེས་པ་བས་ནི་འདུ་བྱེད་རགས་ཏེ་བདེ་བར་འགྱུར་བར་བྱའོ། །སྡུག་བསྔལ་བར་འགྱུར་བར་མི་བྱའོ་ཞེས་མངོན་པར་འདུ་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་དམིགས་པ་ཙམ་གྱི་མཚན་ཉིད་ཡིན་པའི་ཕྱིར་ཐམས་ཅད་པས་ཕྲ་བ་ཡིན་ནོ། །གདུལ་བྱ་རྣམས་ལ་ཡང་དོན་ཇི་ལྟར་རགས་པ་བཞིན་བསྟན་པར་བྱ་བར་རིགས་པས་ཕུང་པོའི་གོ་རིམས་དེ་ལྟ་བུ་ཡིན་ནོ། །ཕོ་དང་མོ་དེ་དག་ཀྱང་ཚོར་བའི་རོ་མྱང་པ་ལ་ཆགས་པའི་ཕྱིར་ཕན་ཚུན་གཟུགས་ལ་མངོན་པར་དགའ་བར་འགྱུར་རོ། །དེ་ལ་ཆགས་པ་ཡང་ཞེས་བྱ་བ་ནི་ཚོར་བ་ལ་ཆགས་པའོ། །འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟག་པ་ལ་སོགས་པ་མཚན་མར་འཛིན་པའི་ཕྱིར་རོ། །ཚོར་བ་བདེ་བ་ཡང་དུ་འདུ་བྱེད་དང་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ནོ། །སྣོད་དང་ཟས་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཟུགས་ནི་ཚོར་བའི་རྟེན་ཡིན་པའི་ཕྱིར་སྣོད་ལྟ་བུ་ཡིན་ནོ། །ཚོར་བ་ནི་རོ་མྱང་བ་བྱ་བ་ཡིན་པའི་ཕྱིར་ཟས་ལྟ་བུ་ཡིན་ནོ། །འདུ་ཤེས་ནི་ཚོར་བ་ལ་དེའི་མཚན་མར་འཛིན་པས་གསལ་བར་བྱེད་པའི་ཕྱིར་ཚོད་མ་ལྟ་བུ་ཡིན་ནོ། །ཡང་ན་འདུ་ཤེས་ཀྱི་དབང་གིས་ཚོར་བ་འདོད་པས་ན་འདུ་ཤེས་ནི་ཚོད་མ་ལྟ་བུ་ཡིན་ནོ། །སེམས་པ་ནི་རྣམ་པར་སྨིན་པའི་ཚོར་བ་མངོན་པར་འདུས་བྱས་ནས་ཉེ་བར་གཏོད་པའི་
ཕྱིར་བྱན་པོ་ལྟ་བུ་ཡིན་ནོ། །དེ་ལ་ཕན་འདོགས་པའི་ཕྱིར་རྣམ་པར་ཤེས་པ་ནི་ཟ་བ་པོ་ལྟ་བུ་ཡིན་ཏེ་གོ་རིམས་ནི་སྣོད་ལ་སོགས་པའི་དོན་གྱིས་ཡིན་ནོ། །ཡང་ན་ཁམས་ཀྱིས་ཏེ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་དག་ཉིད་གཟུགས་དག་ཡིན་ཏེ་དེ་དག་གིས་རབ་ཏུ་ཕྱེ་ཞིང་ཤས་ཆེ་བ་ནི་འདོད་པའི་ཁམས་སོ། །ཚོར་བས་རབ་ཏུ་ཕྱེ་བ་ནི་བསམ་གཏན་རྣམས་ཏེ་བསམ་གཏན་དང་པོ་ནི་ཡིད་བདེ་བ་དང་བདེ་བའི་དབང་པོས་རབ་ཏུ་ཕྱེ་བ་ཡིན་ནོ། །གཉིས་པ་ནི་ཡིད་བདེ་བའི་དབང་པོས་རབ་ཏུ་ཕྱེ་བ་ཡིན་ནོ། །གསུམ་པ་ནི་བདེ་བའི་དབང་པོས་རབ་ཏུ་ཕྱེ་བ་ཡིན་ནོ། །བསམ་གཏན་བཞི་པ་ནི་བཏང་སྙོམས་ཀྱི་དབང་པོ་ཡོངས་སུ་དག་པས་རབ་ཏུ་ཕྱེ་བ་ཡིན་ནོ། །འདུ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ནི་གཟུགས་མེད་པ་གསུམ་སྟེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་ནམ་མཁའི་འདུ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་འདུ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི་ཅི་ཡང་མེད་པའི་འདུ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །འདུ་བྱེད་ཙམ་གྱིས་རབ་ཏུ་ཕྱེ་བ་ནི་སྲིད་པའི་རྩེ་མོ་སྟེ་དེ་ན་ནི་སེམས་པས་ཚེ་བསྐལ་བ་བརྒྱད་ཁྲི་འཕེན་པར་བྱེད་དོ། །ཅིའི་ཕྱིར་རྣམ་པར་ཤེས་པ་ཐམས་ཅད་པས་ཕྱིས་བཤད་ཅེ་ན། དེའི་ཕྱིར་འདི་དག་ནི་རྣམ་པར་ཤེས་པ་གནས་པ་དག་ཡིན་ལ་ཞེས་བྱ་བ་རྒྱས་པར་སྨོས་སོ། །རྣམ་པར་ཤེས་པ་གནས་པ་ནི་བཞི་སྟེ། གཟུགས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་གནས་པ་ནི་འདོད་པའི་མི་ཁམས་སོ། །ཚོར་བར་ཉེ་བར་འགྲོ་བ་ནི་བསམ་གཏན་དག་གོ །འདུ་ཤེས་སུ་ཉེ་བར་འགྲོ་བ་ནི་གཟུགས་མེད་པ་གསུམ་མོ། །འདུ་བྱེད་དུ་ཉེ་བར་འགྲོ་བ་ནི་སྲིད་པའི་རྩེ་མོའོ། །དེ་དག་ལ་བརྟེན་པའི་ཕྱིར་རྣམ་པར་ཤེས་པ་གནས་པ་བཞི་པོ་དེ་དག་ལ་རྣམ་པར་གནས་པས་ཐམས་ཅད་པས་ཕྱིས་བཤད་དེ་དེ་ལྟར་ན། ཕུང་པོའི་གོ་རིམས་ཞིང་དང་ས་བོན་གྱི་གོ་རིམས་ལྟ་བུར་བསྟན་པའི་ཕྱིར་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཕུང་པོ་ནི་ལྔ་སྟེ་མི་ཉུང་མི་མང་ངོ་ཞེས་བྱ་བ་ནི་རགས་པ་ལ་སོགས་པའི་རྒྱུས་ན་མི་མང་ཉུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ལྔའི་ཡུལ་ནི་ད་ལྟར་ཡིན་པའི་ཕྱིར་སྔར་སྨོས་སོ་ཞེས་བྱ་བ་ནི་གང་དག་
གི་ཡུལ་ད་ལྟར་ཡིན་པ་དེ་དག་ནི་ཡུལ་གསལ་བ་ཡིན་པས་གཟུང་བར་སླ་བའི་ཕྱིར་སྔར་བཤད་དོ། །ཡུལ་ད་ལྟར་ཡིན་པ་དག་ནི་སྔར་འཇུག་པར་འགྱུར་བ་ད་ལྟར་ན་ཡང་སྔར་བཤད་དོ། །ཡིད་ནི་ཡུལ་ལ་མ་ངེས་པ་ཅན་ཡིན་ཏེ་ཞེས་བྱ་བ་ནི་ཡུལ་འཆོལ་བའི་ཕྱིར་རྟོགས་པར་དཀའ་བ་དང་ཕལ་ཆེར་ཕྱིས་འཇུག་པ་ཡིན་ནོ། །ཇི་ལྟར་ཞེ་ན། ཁ་ཅིག་གི་ཡུལ་ནི་ད་ལྟར་ཡིན་པ་ནས་ཁ་ཅིག་གི་ཡུལ་ནི་དུས་གསུམ་དང་དུས་མ་ཡིན་པའི་བར་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། བར་ཞེས་བྱ་བའི་སྒྲ་སྨོས་པས་ནི་ཁ་ཅིག་གི་ཡུལ་ནི་འདས་པ་ཡིན་ལ། ཁ་ཅིག་གི་ཡུལ་ནི་མ་འོངས་པ་ཡིན་ནོ། །ཁ་ཅིག་གི་ཡུལ་ནི་དུས་གསུམ་ཡིན་པ་ནི་དཔེར་ན་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་ལྟ་བུ་ཡིན་ནོ། །ཁ་ཅིག་གི་ཡུལ་དུས་མ་ཡིན་པ་ཡིན་པ་ནི་ཡུལ་འདུས་མ་བྱས་ཡིན་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་ཡིད་ནི་ཡུལ་མ་ངེས་པ་ཡིན་ཞིང་དེ་བཞིན་དུ་དེ་ནི་རྟོགས་པར་བྱ་བར་སླ་བ་ཡང་མ་ཡིན་པས་ཕྱིས་བཤད་དེ་འཇིག་རྟེན་ན་ཡང་རྟོགས་པར་སླ་བ་སྔར་སྟོན་པར་སྣང་ངོ༌། །འབྱུང་བ་ལས་གྱུར་དོན་ཕྱིར་བཞི། །ཞེས་བྱ་བ་ནི་མིག་ལ་སོགས་པ་བཞིའི་ཡུལ་རྒྱུར་བྱས་པའི་གཟུགས་ཡིན་ཏེ། དེ་ལྟ་བས་ན་དེ་ནི་ལུས་ལས་སྔར་བཤད་དོ། །ལུས་ཀྱི་ཡུལ་ནི་མ་ངེས་ཏེ་རེས་འགའ་ནི་འབྱུང་བ་དག་ཡིན་ལ་རེས་འགའ་ནི་འབྱུང་བ་ལས་གྱུར་བ་དག་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཚེ་རྣམ་པར་བཅད་ནས་འཛིན་པ་ནའོ། །རེས་འགའ་ནི་གཉི་ག་ཡིན་ཏེ་གལ་ཏེ་རྣམ་པར་མ་བཅད་པར་འཛིན་ནའོ། །ལྷག་མ་ཅི་རིགས་པར་ཆེས་རྒྱང་རིང་བ་དང་མྱུར་བར་འཇུག་པས་གཞན་པས་སྔར་སྨོས་ཏེ་ཞེས་བྱ་བ་ལ། ལྷག་མ་ནི་མིག་ལ་སོགས་པ་སྟེ། གཞན་པས་ཅི་ཞིག་པར་སྔར་སྨོས་སོ། །ཆེས་རིང་མྱུར་འཇུག་ཕྱིར་ཞེས་བྱ་བ་ནི་གཉིས་པས་གཉིས་དང་གཅིག་པས་གཅིག་དང༌། ཡང་གཅིག་པས་གཅིག་རིང་དུ་འཇུག་པ་དང་ཆེས་རིང་དུ་འཇུག་པ་དང་ཆེས་མྱུར་བར་འཇུག་པའི་ཕྱིར་ཞེས་རྣམ་པར་ཕྱེ་ནས་སྦྱར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟ་ཞེ་ན། སྨྲས་པ། མིག་དང་རྣ་བ་ནི་ཡུལ་རྒྱང་རིང་བའི་ཕྱིར་སྣ་དང་ལྕེ་གཉིས་པས་དེ་དག་སྔར་སྨོས་སོ། །མིག་དང་རྣ་བ་དེ་གཉིས་ལས་ཀྱང་
མིག་ནི་ཆེས་རྒྱང་རིང་བ་ལ་འཇུག་སྟེ་ཆུ་ཀླུང་རྒྱང་རིང་པོ་ནས་མཐོང་ཡང་དེའི་སྒྲ་མི་ཐོས་པས་དེའི་ཕྱིར་དེ་སྔར་སྨོས་སོ་ཞེས་བྱ་བར་སྦྱར་ཏེ་མིག་དེ་རྣ་བ་བས་སྔར་སྨོས་པ་ཡིན་ནོ། །དེ་གཉིས་ལས་ཀྱང་སྣ་ནི་ཆེས་མྱུར་བར་འཇུག་པའི་ཕྱིར་ཞེས་བྱ་བ་ནི་སྣ་དང་ལྕེ་དེ་གཉིས་ལས་ལྕེ་བས་སྣ་སྔར་སྨོས་པ་ཡིན་ནོ། །ཇི་ལྟ་ཞེ་ན། ཟས་ལྕེ་དང་མ་ཕྲད་པ་གཉིས་ཀྱི་དྲི་འཛིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདིར་འདི་དཔྱད་པར་བྱ་སྟེ་སྣ་དང་ལྕེ་དག་ཡུལ་ཕྲད་ནས་འཛིན་པ་ཡིན་ན་ཇི་ལྟར་སྣ་དེས་ཟས་ལ་ཡོད་པའི་དྲི་འཛིན་ཅེ་ན། དེས་ཟས་ལ་ཡོད་པར་འཛིན་པར་བྱེད་པ་ནི་མ་ཡིན་གྱི་རླུང་ལ་དྲི་གཞན་ཞིག་འབྱུང་བ་ཡིན་ནོ། །ཡང་ན་ཟས་ཀྱི་ཡན་ལག་ཕྲ་མོ་དང་ལྷན་ཅིག་འོངས་པའི་དྲི་འཛིན་པར་བྱེད་དེ། དབུགས་མ་བརྔུབས་པར་དྲི་འཛིན་པ་མེད་པའི་ཕྱིར་རོ། །འོ་ན་ནི་ཟས་ལྕེ་དང་མ་ཕྲད་པ་ཉིད་ཀྱི་དྲི་འཛིན་པའི་ཕྱིར་ཞེས་བྱ་བ་ནི་བརྗོད་པར་མི་བྱའོ་ཞེ་ན། ཟས་གོང་བུའི་ངོ་བོ་གང་ཡིན་བ་དེ་ལྕེ་དང་མི་ཕྲད་པར་ཞེས་བྱ་བར་བསམས་ནས་སྨྲས་པ་ཡིན་པའི་ཕྱིར། ཉེས་པ་མེད་དེ། དེ་ལྟར་ན་སྔ་ནི་ཟས་ཀྱི་ཡན་ལག་དང་ལྷན་ཅིག་འོངས་པའི་དྲི་གང་ཡིན་པ་ཡང་སྣོམ་པར་བྱེད་པས་ཆེས་མྱུར་བར་འཇུག་པ་ཡིན་ནོ། །ལྕེ་ནི་ཟས་ཀྱི་ཡན་ལག་དང་ལྷན་ཅིག་འོངས་པའི་རོ་མྱོང་བར་མི་བྱེད་ཀྱི་ཟས་གོང་བུ་དང་ལྷན་ཅིག་འོངས་པའི་རོ་ཁོ་ན་མྱོང་བར་བྱེད་པས་དེ་ཆེས་མྱུར་བར་འཇུག་པ་མ་ཡིན་ནོ་ཞེས་བྱ་བ་ཁོང་དུ་ཆུད་པར་བྱའོ། །བྱེ་བྲག་གི་དོན་ཇི་ལྟ་བུ་ཡིན་ཞེ་ན་ཞེས་བྱ་བ་བསྟན་པའི་ཕྱིར་ཅི་ནས་ཀྱང་ཡུལ་དང་ཡུལ་ཅན་ཉིད་དུ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཅི་ནས་ཀྱང་གཟུགས་ལ་སོགས་པ་ཡུལ་དང་མིག་གི་དབང་པོ་ལ་སོགས་པ་ལྔ་ཡུལ་ཅན་ཉིད་དུ་རྣམ་པར་གཞག་པའི་སྒོ་ནས་བཅུ་པོ་འདི་དག་རེ་རེ་ནས་སྐྱེ་མཆེད་ཡིན་གྱི། སྤྱིར་གཟུགས་ཀྱི་སྐྱེ་མཆེད་དོ་ཞེས་བྱ་བར་སྐྱེ་མཆེད་ཉིད་གཅིག་ཁོ་ན་ཞིག་ཡིན་པ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱ་བ་ཡིན་ནོ། །དེ་ལྟ་ན་ནི་ཕན་ཚུན་བྱེ་བྲག་ཏུ་མ་བྱས་པར་འགྱུར་རོ། །གལ་ཏེ་བྱེ་བྲག་ཏུ་བྱས་པའི་དོན་དུ་མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་དང་སྒྲའི་སྐྱེ་མཆེད་ནས་རེག་བྱའི་སྐྱེ་མཆེད་ཀྱི་བར་དགུ་པོ་དག་གི་མིང་གཞན་བརྗོད་ན་ཅིའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་ཀྱི་མིང་ཡང་གཞན་ཞིག་མི་
བརྗོད་ཅེ་ན། དེའི་ཕྱིར་མིག་ལ་སོགས་པ་བྱེ་བྲག་ཏུ་བྱས་པ་དག་གིས་གང་མིག་ལ་སོགས་པར་ནི་མིང་མ་བཏགས་ལ་གཟུགས་ནི་ཡིན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དུ་ཤེས་པར་འགྱུར་བས་འདིའི་མིང་གཞན་མ་བརྗོད་དོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་བ་ལང་མདོ་རིས་བཏབ་པ་ཐམས་ཅད་ཀྱི་ནང་ན་བ་ལང་མདོ་རིས་མ་བཏབ་པ་གང་ཡིན་པ་དེ་ནི་མདོ་རིས་མེད་པ་ཉིད་མངོན་མཚན་ཡིན་པ་དེ་དང་འདྲའོ། །གཙོ་བོ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། གཟུགས་ཀྱི་སྐྱེ་མཆེད་ནི་རྒྱུ་གསུམ་གྱི་གཙོ་བོ་ཡིན་ཏེ། ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་གནོད་པའི་མཚན་ཉིད་ཀྱི་གཟུགས་སུ་རུང་བའི་ཕྱིར་དང༌། འདི་ནི་འདིའི་ཆེ་གེ་མོ་ཞིག་ནའོ་ཞེས་ཡུལ་རྟག་ཏུ་རུང་བའི་ཕྱིར་དང༌། འཇིག་རྟེན་ན་ཡང་འདི་ཁོ་ན་གཟུགས་སོ་ཞེས་གྲགས་པའི་ཕྱིར་རོ། །བྱེ་བྲག་གི་དོན་ཉིད་ཀྱིས་གཅིག་ནི་ཆོས་ཀྱི་སྐྱེ་མཆེད་དུ་བཤད་ཅེས་བྱ་བ་ནི་བྱེ་བྲག་གི་དོན་ཅི་ལྟ་ཞེ་ན་ཅི་ནས་ཀྱང་ཡུལ་དང༌། ཡུལ་ཅན་ཉིད་དུ་རྣམ་པར་གཞག་པའི་སྒོ་ནས་བཅུ་གཉིས་པོ་འདི་དག་སོ་སོར་སྐྱེ་མཆེད་ཡིན་གྱི་སྤྱིར་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱ་བ་ཡིན་ལ། མིག་ལ་སོགས་པ་བྱེ་བྲག་ཏུ་བྱས་པ་དག་གིས་གང་མིག་ལ་སོགས་པ་ནི་མིང་མ་བཏགས་ལ་ཆོས་ནི་ཡིན་པ་དེ་ཆོས་ཀྱི་སྐྱེ་མཆེད་དུ་ཤེས་པར་འགྱུར་བས་འདིའི་མིང་གཞན་མ་བརྗོད་དོ། །ཚོར་བ་ལ་སོགས་པ་ཞེས་བྱ་བའི་སྩོགས་པ་ཞེས་བྱ་བའི་སྒྲས་ནི་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་འདུས་མ་བྱས་རྣམས་བསྡུའོ། །རྣམ་པ་ཉི་ཤུ་ཞེས་བྱ་བ་ནི། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །ཞེས་འབྱུང་བའི་ཕྱིར་རོ། །མིག་གསུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཤའི་མིག་ནི་བདག་ཅག་ལ་སོགས་པའི་ཡིན་ནོ། །ལྷའི་མིག་ནི་ལྷ་རྣམས་ཀྱི་ཡིན་ནོ། །འཕགས་པའི་ཤེས་རབ་ཀྱི་མིག་ནི་འཕགས་པ་རྣམས་ཀྱི་ཡེ་ཤེས་ཟག་པ་མེད་པ་བདེན་པ་བཞི་ལ་དམིགས་པ་ཡིན་ནོ། །དེའི་ཕྱིར་གཟུགས་ཁོ་ན་མིག་གསུམ་གྱི་སྤྱོད་ཡུལ་ཡིན་གྱི་མིག་ལ་སོགས་པ་ནི་མ་ཡིན་ཏེ། དེ་ལྟ་བས་ན་དེ་ཁོ་ན་གཟུགས་ཀྱི་སྐྱེ་མཆེད་དུ་བཤད་ཀྱི་གཞན་དག་ནི་མ་ཡིན་ནོ། །གང་དག་གི་ལྟར་ན་སངས་རྒྱས་ཀྱི་གསུང་ཚིག་གི་རང་བཞིན་ཡིན་པ་ཞེས་བྱ་བ་ནི་མདོ་སྡེ་པ་གང་དག་
གི་ལྟར་ན་ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་ཡིན་པ་དེ་དག་གི་ལྟར་ན་དེ་དག་ནི་གཟུགས་ཀྱི་ཕུང་པོས་བསྡུས་ཏེ་སྒྲའི་སྐྱེ་མཆེད་ནི་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཕྱིར་རོ། །གང་དག་གི་ལྟར་ན་མིང་གི་རང་བཞིན་ཡིན་པ་ཞེས་བྱ་བ་ནི་སྡེ་པ་གཞན་གང་དག་གི་ལྟར་ན་སེམས་དང་ལྡན་པ་མ་ཡིན་པ་མིང་ཡོད་པ་དེ་དག་གི་ལྟར་ན་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་ཏེ། །མིང་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའི་ཕྱིར་རོ། །ཆོས་མངོན་པ་པ་རྣམས་ཀྱི་ལྟར་ན་ནི་སངས་རྒྱས་ཀྱི་གསུང་གཉི་གའི་རང་བཞིན་ཡིན་པར་འདོད་དེ། འདི་ལྟར་ཡེ་ཤེས་ལ་འཇུག་པ་ལ་སངས་རྒྱས་ཀྱི་གསུང་གང་ཞེ་ན། གང་དེ་བཞིན་གཤེགས་པའི་བཀའ་དང་གསུང་དང་བརྗོད་པ་དང་དབྱངས་དང་ངེས་པའི་གསུང་གི་ལམ་དང་གསུང་དབྱངས་དང་གསུང་གི་ཕྲིན་ལས་དང་གསུང་གི་རྣམ་པར་རིག་བྱེད་ཡིན་ནོ། །སངས་རྒྱས་ཀྱི་གསུང་དགེ་བ་ཡིན་པར་བརྗོད་པར་བྱ་བའམ། ལུང་དུ་མ་བསྟན་པ་ཡིན་པར་བརྗོད་པར་བྱ་ཞེ་ན། དགེ་བ་ཡང་ཡིན་ལ་ལུང་དུ་མ་བསྟན་པ་ཡིན་ནོ། །དགེ་བ་གང་ཞེ་ན། དེ་བཞིན་གཤེགས་པ་དགེ་བའི་ཐུགས་དང་ལྡན་ཞིང་གསུང་བཀའ་སྩོལ་བའི་གསུང་གསུང་གི་རྣམ་པར་རིག་བྱེད་དོ། །ལུང་དུ་མ་བསྟན་པ་གང་ཞེ་ན། དེ་བཞིན་གཤེགས་པ་ལུང་དུ་མ་བསྟན་པའི་ཐུགས་དང་ལྡན་ཞིང་ཞེས་བྱ་བ་འབྱུང་བ་སྟེ་སྔ་མ་བཞིན་ནོ། །ཡང་དེ་ཉིད་ལས་མཇུག་ཐོགས་སུ་སངས་རྒྱས་ཀྱི་གསུང་ཞེས་བྱ་བ་འདི་ཆོས་གང་ཞིག་ཅེ་ན། གང་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་གོ་རིམས་སུ་བཀོད་པ་དང༌། གོ་རིམས་སུ་བཞག་པ་དང་གོ་རིམས་སུ་ཡང་དག་པར་སྦྱར་བའོ་ཞེས་འབྱུང་སྟེ། ཆོས་མངོན་པ་པ་དེ་དག་གི་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་པོ་དེ་དག་གཟུགས་ཀྱི་ཕུང་པོ་དང་འདུ་ཕྱེད་ཀྱི་ཕུང་པོས་བསྡུས་པ་ཡིན་ནོ། །མདོ་ལས་ནི་བདག་གིས་བཅོམ་འདས་ལས་མངོན་སུམ་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷན་ཅིག་བཟུང་ངོ་ཞེས་ཀྱང་འབྱུང་ངོ༌། །སྡེ་པ་གཞན་གྱིས་མདོ་ལས་ཀྱང༌། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་འབྱུང་ངོ༌། །ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཞེས་བྱ་བ་ནི་བསྟན་བཅོས་ཀྱི་ཚད་ནི་བསྟན་བཅོས་ཚད་དེ་རེ་ཞིག་ཁ་ཅིག་ན་རེ་འདི་ལ་ཚད་བསྟན་
བཅོས་ཀྱི་ཚད་ཡོད་པས་ན་ཆོས་ཀྱི་ཕུང་པོ་འདི་ནི་བསྟན་བཅོས་ཀྱི་ཚད་ཙམ་མོ་ཞེས་ཟེར་རོ། །དེ་ནི་ཤ་ལོ་ཀ་དྲུག་སྟོང་ངོ༌། །ཞེས་བྱ་བ་ནི་བསྟན་བཅོས་ཀྱི་ཕུང་པོ་ཞེས་བ་དེའི་གཞུང་གི་ཚད་ནི་ཤ་ལོ་ཀ་དྲུག་སྟོང་ཡོད་དེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་པོ་དེ་དག་ནི་ནུབ་སྟེ་འདི་གཅིག་པུ་ལུས་སོ་ཞེས་ཟེར་རོ། །ཕུང་པོ་ལ་སོགས་གཏམ་རེ་ཡིན། །ཞེས་བྱ་བ་ནི་གཞན་དག་ནི་ཟེར་རོ་ཞེས་བྱ་བར་ཚིག་ཁོང་ནས་དྲང་སྟེ་ཕུང་པོ་ལ་སོགས་པའི་གཏམ་རེ་རེ་ནི་ཆོས་ཀྱི་ཕུང་པོ་ཡིན་ལ་དེ་དག་ཀྱང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲིའི་གྲངས་ཡིན་པར་རྣམ་པར་འཆད་པར་བྱེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་ནི་འདི་ལས་འཆད་པར་འགྱུར་རོ། །སྨོན་ནས་ཤེས་པ་དང་ཉོན་མོངས་པ་མེད་པ་ལ་སོགས་པ་ཞེས་བྱ་བའི་སྩོགས་པ་ཞེས་བྱ་བ་སྨོས་པས་ནི་བསྡུ་པའི་དངོས་པོ་དང་ལས་ཀྱི་ལམ་དང་མི་སྡུག་པ་དང་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་ལ་སོགས་པ་བཟུང་ངོ༌། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་བྱ་བ་ལ་ནི་ཞེས་བྱ་བའི་སྒྲ་ནི་སྔར་བཤད་པའི་ཕྱོགས་བསལ་བའི་ཕྱིར་རམ་ངེས་པར་བཟུང་བའི་དོན་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་ལ་སོགས་པ་སྤྱོད་པ་ཐ་དད་པས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ལྟ་བ་དང་ཐེ་ཚོམ་ལ་སོགས་པ་བསྡུས་ཏེ། སེམས་ཅན་ཁ་ཅིག་ནི་འདོད་ཆགས་སྤྱོད་པ་ཡིན་ལ་ཁ་ཅིག་ནི་ཞེ་སྡང་སྤྱོད་པ་ཡིན། ཁ་ཅིག་ནི་གཏི་མུག་སྤྱོད་པ་ཡིན་ཁ་ཅིག་ནི་ང་རྒྱལ་སྤྱོད་པ་ཡིན་ཁ་ཅིག་ལ་ནི་ལྟ་བ་སྤྱོད་པ་ཡིན་ཁ་ཅིག་ནི་ཐེ་ཚོམ་སྤྱོད་པ་ཡིན། ཁ་ཅིག་ནི་འདོད་ཆགས་དང་ཞེ་སྡང་སྤྱོད་པ་ཡིན་ཁ་ཅིག་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤྱོད་པ་ཡིན། ཁ་ཅིག་ནི་འདོད་ཆགས་ཀྱི་བསམ་པ་ཅན་ཡིན་ལ་ཞེ་སྡང་སྦྱོར་བ་ཡིན། ཁ་ཅིག་ནི་ཞེ་སྡང་གི་བསམ་པ་ཅན་ཡིན་ལ་འདོད་ཆགས་སྦྱོར་པ་ཡིན། ཁ་ཅིག་ནི་ཞེ་སྡང་སྤངས་ལ་འདོད་ཆགས་པ་ལྟར་འཆོས་པ་ཡིན། ཁ་ཅིག་ནི་འདོད་ཆགས་སྤངས་ལ་ཞེ་སྡང་བ་ལྟར་འཆོས་པ་ཡིན་ཏེ། དེ་དག་གི་གཉེན་པོར་བཅོམ་ལྡན་འདས་ཀྱིས་དེ་དག་གསུངས་པ་ཡིན་ནོ། །ཕུང་པོ་དང་སྐྱེ་མཆེད་དང་ཁམས་གཞན་གང་དག་ཅེས་བྱ་བ་རྒྱས་
པར་འབྱུང་བ་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་གང་དག་ཡིན་པ་དེ་དག་ཀྱང་བསྟན་བཅོས་འདི་ལས་ཇི་སྐད་དུ་རྣམ་པར་གཞག་པ་བཞིན་དེ་དག་རང་རང་གི་ངོ་བོ་ཉིད་དཔྱད་ནས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་འདི་དག་ཉིད་དུ་བསྡུ་བར་བྱ་ཞིང་ནང་དུ་ཆུད་པར་བྱ་སྟེ་ཕུང་པོ་དག་ནི་ཕུང་པོ་རྣམས་ཀྱི་ནང་དུ་བསྡུ་བར་བྱ་བ་ལ་སྐྱེ་མཆེད་དག་ཀྱང་སྐྱེ་མཆེད་རྣམས་ཀྱི་ནང་དུ་བསྡུའོ། །ཁམས་དག་ཀྱང་ཁམས་རྣམས་ཀྱི་ནང་དུ་བསྡུའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོས་བསྡུས་སོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་ལུས་དང་ངག་གིས་སྤོང་བའི་གཟུགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ལྷག་མ་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སོགས་པ་ནི་སེམས་ལས་བྱུང་བ་ཡིན་པའི་ཕྱིར་རོ། །འདིར་རྣམ་པར་གྲོལ་བ་ནི་མོས་པ་ཡིན་པར་བསམས་པ་ཡིན་ནོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་ཤེས་རབ་ཀྱི་བྱེ་བྲག་ཁོ་ན་ཡིན་ནོ། །བརྒྱད་ནི་མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ་ཞེས་བྱ་བ་བརྒྱད་གང་ཞེ་ན། ཟད་པར་ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོའི་སྐྱེ་མཆེད་དག་ཡིན་ནོ། །དེ་དག་ཡིན་ནོ་བརྒྱད་མ་ཆགས། །ཞེས་སྟོན་པར་འགྱུར་བས་མ་ཆགས་པའི་རང་བཞིན་ཡིན་ལ་མ་ཆགས་པ་ཡང་ཆོས་ཀྱི་སྐྱེ་མཆེད་ཀྱི་ནང་དུ་འདུས་པས་དེ་ནི་དེས་བསྡུས་པ་ཡིན་ནོ། །འཁོར་རྣམས་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གིས་བསྡུས་ཏེ་ཚོགས་པ་འདི་ལ་མ་ཆགས་པ་དེའི་འཁོར་རྗེས་སུ་འབྲང་བའི་གཟུགས་ནི་གཟུགས་ཀྱི་ཕུང་པོ་ཡིན་ནོ། །ཚོར་བ་དང་འདུ་ཤེས་ནི་ཚོར་བ་དང་འདུ་ཤེས་ཀྱི་ཕུང་པོ་ཡིན་ནོ། །སེམས་པ་ལ་སོགས་པ་མཚུངས་པར་ལྡན་པ་དག་དང་སྐྱེ་བ་ལ་སོགས་པ་ལྡན་པ་མ་ཡིན་པ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ནོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ཡིན་ཏེ། །དེ་ལྟར་ན་དེ་དག་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ནོ། །དགུ་པ་དང་བཅུ་པ་ཟད་པར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དག་ནི་འོག་ནས་འཆད་པར་
འགྱུར་རོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་དེ་དག་ཀྱང་མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །འཁོར་རྣམས་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ་ཞེས་སྔ་མ་བཞིན་དུ་རྣམ་པར་བཤད་པར་བྱའོ། །ཟད་པར་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དག་དང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་པོ་སྟེ། ནམ་མཁའ་དང་རྣམ་ཤེས་དང་ཅི་ཡང་མེད་པ་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དག་ནི་ཕུང་པོ་བཞིའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གིས་བསྡུས་ཏེ། དེ་ན་གཟུགས་ཀྱི་ཕུང་པོ་དག་ནི་མེད་དོ། །རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་པོ་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་ལས་ལྔ་པོ་འདི་དག་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་ཡིན་ཏེ། ལྔ་གང་ཞེ་ན། འདི་ལས་དགེ་སློང་ལ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མ་ལྟ་བུ་གང་ཡང་རུང་བ་ཞིག་ཆོས་སྟོན་པར་བྱེད་ན་ནི་དེ་ལ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མ་ལྟ་བུ་གང་ཡང་རུང་བ་ཞིག །ཇི་ལྟ་ཇི་ལྟར་ཆོས་སྟོན་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་དེ་དག་ལ་དོན་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་ཞིང་ཆོས་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་རོ། །དོན་སོ་སོ་ཡང་དག་པར་རིག་ཅིང་ཆོས་སོ་སོ་ཡང་དག་པར་རིག་པ་དེ་ལ་རབ་ཏུ་དགའ་བ་སྐྱེའོ། །རབ་ཏུ་དགའ་བ་ལ་དགའ་བ་སྐྱེའོ། །ཡིད་དགའ་བར་གྱུར་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་ཤིང་ཏུ་སྦྱངས་ན་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ། །བདེ་བར་གྱུར་ན་སེམས་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཐོང་ན་ཡིད་འབྱུང་བར་འགྱུར་རོ། །ཡིད་འབྱུང་བར་གྱུར་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། །
འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་དང་པོ་ཡིན་ནོ། །གང་ལ་གནས་ན་དགེ་སློང་ངམ་དགེ་སློང་མ་དྲན་པ་ཉེ་བར་མི་གནས་པ་ཡང༌། ཉེ་བར་གནས་པར་འགྱུར་སེམས་མཉམ་པར་མ་བཞག་པ་ཡང་མཉམ་པར་འཇོག་པར་འགྱུར་ཟག་པ་ཡོངས་སུ་མ་ཟད་པ་དག་ཀྱང་ཡོངས་སུ་ཟད་པར་འགྱུར། མྱ་ངན་ལས་འདས་པ་གྲུབ་པ་དང་བདེ་བ་བླ་ན་མེད་པ་མ་ཐོབ་པ་ཡང་ཐོབ་པར་འགྱུར་བ་ཡིན་ནོ། །གཞན་ཡང་འདི་ལ་དགེ་སློང་ལ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མ་ལྟ་བུ་གང་ཡང་རུང་བ་ཞིག་ཆོས་སྟོན་པར་ཡང་མི་བྱེད་མོད་ཀྱི་འོན་ཀྱང་ཇི་ལྟ་ཇི་ལྟར་ཇི་ལྟར་ཐོས་པ་དང་ཇི་ལྟར་བསྟན་པ་དང་ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་དབྱངས་ཀྱིས་རྒྱས་པར་ཁ་ཏོན་བྱེད་པ་དེ་ལྟ་དེ་ལྟར་ཆོས་དེ་དག་ལ་དོན་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་ཞིང་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་རྣམ་པར་གྲོ་བའི་སྐྱེ་མཆེད་གཉིས་པ་ཡིན་ཏེ། གང་ལ་གནས་ན་ཞེས་བྱ་བ་སྔ་མ་བཞིན་ནོ། །གཞན་ཡང་འདི་ལ་དགེ་སློང་ལ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མ་ལྟ་བུ་གང་ཡང་རུང་བ་ཞིག་ཆོས་སྟོན་པར་མི་བྱེད་ལ་ཇི་ལྟར་ཐོས་པ་དང་ཇི་ལྟར་བསྟན་པ་དང་ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་དབྱངས་ཀྱིས་རྒྱས་པར་ཁ་ཏོན་ཡང་མི་བྱེད་མོད་ཀྱི། འོན་ཀྱང་ཇི་ལྟར་ཐོས་པ་དང་ཇི་ལྟར་བསྟན་པ་དང་ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་གཞན་དག་ལ་རྒྱས་པར་རབ་ཏུ་སྟོན་པར་བྱེད་དེ། ཇི་ལྟ་ཇི་ལྟར། ཇི་ལྟར་ཐོས་པ་དང་ཇི་ལྟར་བསྟན་པ་དང་ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་གཞན་དག་ལ་རྒྱས་པར་རབ་ཏུ་སྟོན་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་དེ་དག་ལ་དོན་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་ཞིང་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་གསུམ་པ་ཡིན་ཏེ། གང་ལ་གནས་ན་ཞེས་བྱ་བ་སྔ་མ་བཞིན་ནོ། །གཞན་ཡང་འདི་ལ་དགེ་སློང་ལ་སྟོན་པའམ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཁ་ཏོན་ཡང་མི་བྱེད་གཞན་དག་ལ་རྒྱས་པར་རབ་ཏུ་སྟོན་པར་ཡང་མི་བྱེད་སེམས་པར་ཡང་བྱེད་མོད་ཀྱི། འོན་ཀྱང་ཇི་ལྟར་ཐོས་པ་ནས་ཇི་ལྟར་ཀུན་ཆུབ་པར་བྱས་པའི་བར་རྣམས་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོགས་
པར་བྱེད་དེ། ཇི་ལྟ་ཇི་ལྟར། ཇི་ལྟར་ཐོས་པ་ནས་ཇི་ལྟར་ཀུན་ཆུབ་པར་བྱས་པའི་བར་རྣམས་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོགས་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་དེ་དག་ལ་དོན་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་ཞིང་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་བཞི་པ་ཡིན་ཏེ། གང་ལ་གནས་ན་ཞེས་བྱ་བ་སྔ་མ་བཞིན་ནོ། །གཞན་ཡང་འདི་ལ་དགེ་སློང་ལ་སྟོན་པའམ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཁ་དོན་ཡང་མི་བྱེད་གཞན་དག་ལ་རྒྱས་པར་རབ་ཏུ་སྟོན་པར་ཡང་མི་བྱེད་སེམས་པར་ཡང་མི་བྱེད་མོད་ཀྱི་འོན་ཀྱང་འདིས་ཏིང་ངེ་འཛིན་གྱི་རྒྱུ་མཚན་བཟང་པོ་གང་ཡང་རུང་བ། འདི་ལྟ་སྟེ། རྣམ་པར་བསྔོས་པའམ་རྣམ་པར་རྣགས་པའམ་རྣམ་པར་བམས་པའམ་རྣམ་པར་འབུས་གཞིག་པའམ་རྣམ་པར་དམར་བའམ་རྣམ་པར་ཟོས་པའམ་རྣམ་པར་འཐོར་བའམ་རུས་གོང་ངམ་ཀེང་རུས་ཤིག་ཤིན་ཏུ་རབ་ཏུ་ལེགས་པར་བཟུང་བ་ཡིན་ལེགས་པར་ཡིད་ལ་བྱས་པ་ཡིན་ལེགས་པར་བསྒོམས་པ་ཡིན་ལེགས་པར་བསྟེན་པ་ཡིན་ལེགས་པར་ཁོང་དུ་ཆུད་པར་བྱས་པ་ཡིན་ཏེ། འདིར་ཇི་ལྟ་ཇི་ལྟར་ཏིང་ངེ་འཛིན་གྱི་རྒྱུ་མཚན་བཟང་པོ་གང་ཡང་རུང་བ་ཞེས་བྱ་བ་ནས་ལེགས་པར་ཁོང་དུ་ཆུད་པར་བྱས་པ་ཡིན་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། དེ་ལྟ་དེ་ལྟར་ཆོས་དེ་དག་ལ་དོན་སོ་སོ་ཡང་དག་པར་རིག་པར་ཡང་འགྱུར་ཞིང་ཞེས་བྱ་བ་སྔ་མ་བཞིན་ནོ། །འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་པ་ཡིན་ཏེ། གང་ལ་གནས་ན་ཞེས་གསུངས་ཏེ་སྔ་མ་བཞིན་ནོ། །རྣམ་པར་གྲོལ་བ་སྐྱེ་བའི་སྒོ་ནི་ཤེས་རབ་ཀྱི་བྱེ་བྲག་ཡིན་ལ། ཤེས་རབ་ཀྱང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་ཡིན་ནོ། །འཁོར་རྣམས་དང་བཅས་ན་ནི་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་རྣམས་ཀྱིས་བསྡུས་པ་ནི་སྟོན་པ་དང་ཁ་ཏོན་བྱེད་པ་དང་གཞན་ལ་ཡང་དག་པར་རབ་ཏུ་སྟོན་པ་དག་ལ་སྒྲ་ཐོས་པའི་ཕྱིར་སྒྲའི་སྐྱེ་མཆེད་ཡོད་ལ་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་ནི་ཤེས་རབ་ཀྱི་འཁོར་དུ་གྱུར་པ་ཡིན་ཏེ། ཐམས་ཅད་ན་ཡོང་པས་དེ་གསུམ་གྱིས་བསྡུས་པ་ཡིན་ནོ། །སྐྱེ་མཆེད་གཉིས་ལས་ཞེས་བྱ་བ་ནི་མདོ་ལས་སེམས་ཅན་གཟུགས་ཅན་ལ་འདུ་ཤེས་མེད་ཅིང་
སོ་སོར་འདུ་ཤེས་མེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འདུ་ཤེས་མེད་པའི་སེམས་ཅན་རྣམས་ལྟ་བུ་སྟེ་འདི་ནི་སྐྱེ་མཆེད་དང་པོ་ཡིན་ནོ། །སེམས་ཅན་གཟུགས་མེད་པ་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་དུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་ལྟ་བུ་སྟེ་འདི་ནི་སྐྱེ་མཆེད་གཉིས་པའོ་ཞེས་གསུངས་པ་ཡིན་ཏེ་སྐྱེ་མཆེད་འདི་གཉིས་ལས་འདུ་ཤེས་མེད་པའི་སེམས་ཅན་ནི་སྐྱེ་མཆེད་བཅུས་བསྡུས་ཏེ། དེ་ན་དྲི་དང་རོའི་སྐྱེ་མཆེད་དག་ཁོ་ན་མེད་པའི་ཕྱིར་རོ། །ཡིད་ཀྱི་སྐྱེ་མཆེད་ནི་དེ་དག་ལ་འཆི་འཕོ་དང་སྐྱེ་བའི་དུས་དག་ན་ཡོད་དོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གིས་ཏེ་བསྡུས་སོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེ་དག་ལ་གཟུགས་མེད་པའི་ཕྱིར་རོ། །ཁམས་མང་པོ་པ་ལས་ཁམས་དྲུག་ཅུ་རྩ་གཉིས་བསྟན་པ་ཞེས་བྱ་བ་ནི་མདོ་ལས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཇི་ཙམ་གྱི་མཁས་པ་ཁམས་ལ་མཁས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མཁས་པ་ནི་ཁམས་བཅོ་བརྒྱད་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། ཀུན་དགའ་བོ་མིག་གི་ཁམས་དང་གཟུགས་ཀྱི་ཁམས་དང་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་ནས་དེ་བཞིན་དུ་ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བའི་བར་དུ་ཁམས་བཅོ་བརྒྱད་བོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་ན་ཞེས་བྱ་བ་དང་ཁམས་དྲུག་ཀྱང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། སའི་ཁམས་དང༌། ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ནམ་མཁའི་ཁམས་དང་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་དང༌། ཁམས་གཞན་དྲུག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བ་ཡིན་ཏེ། འདོད་པའི་ཁམས་དང༌། གནོད་སེམས་ཀྱི་ཁམས་
དང༌། རྣམ་པར་འཚེ་བའི་ཁམས་དང༌། ངེས་པར་འབྱུང་བའི་ཁམས་དང༌། གནོད་སེམས་མེད་པའི་ཁམས་དང༌། རྣམ་པར་མི་འཚེ་བའི་ཁམས་ཞེས་བྱ་བ་དང༌། ཁམས་གཞན་དྲུག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། བདེ་བའི་ཁམས་དང༌། སྡུག་བསྔལ་གྱི་ཁམས་དང༌། ཡིད་བདེ་བའི་ཁམས་དང༌། ཡིད་མི་བདེ་བའི་ཁམས་དང༌། བཏང་སྙོམས་ཀྱི་ཁམས་དང༌། མ་རིག་པའི་ཁམས་ཞེས་བྱ་བ་དང༌། ཁམས་བཞི་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། ཚོར་བའི་ཁམས་དང༌། འདུ་ཤེས་ཀྱི་ཁམས་དང༌། འདུ་བྱེད་ཀྱི་ཁམས་དང༌། རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་དང༌། ཁམས་གསུམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་ཞེས་བྱ་བ་དང༌། ཁམས་གཞན་གསུམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་དང༌། འགོག་པའི་ཁམས་ཞེས་བྱ་བ་དང༌། ཁམས་གཞན་གསུམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། འདས་པའི་ཁམས་དང༌། མ་འོངས་པའི་ཁམས་དང༌། ད་ལྟར་བྱུང་བའི་ཁམས་ཞེས་བྱ་བ་དང༌། ཁམས་གཞན་གསུམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། ངན་པའི་ཁམས་དང༌། བར་མའི་ཁམས་དང༌། གྱ་ནོམ་པའི་ཁམས་ཞེས་བྱ་བ་དང༌། ཁམས་གཞན་གསུམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། དགེ་བའི་ཁམས་དང༌། མི་དགེ་བའི་ཁམས་དང༌། ལུང་དུ་མ་བསྟན་པའི་ཁམས་ཞེས་བྱ་བ་དང༌། ཁམས་གཞན་གསུམ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། སློབ་བའི་ཁམས་དང༌། མི་སློབ་པའི་ཁམས་དང༌། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཁམས་ཞེས་བྱ་བ་དང༌། ཁམས་གཉིས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། ཟག་པ་དང་
བཅས་པའི་ཁམས་དང༌། ཟག་པ་མེད་པའི་ཁམས་ཞེས་བྱ་བ་དང༌། ཁམས་གཞན་གཉིས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། འདུས་བྱས་ཀྱི་ཁམས་དང༌། འདུས་མ་བྱས་ཀྱི་ཁམས་ཞེས་བྱ་བའི་ཁམས་འདི་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ན་ཀུན་དགའ་བོ་འདི་ཙམ་གྱིས་ན་མཁས་པ་ཁམས་ལ་མཁས་པ་ཞེས་གསུངས་པ་ཡིན་ནོ། །སྦྱར་བའི་ཚིག་འདི་དག་ནི་རེ་རེ་ལ་བར་དུ་བརྗོད་པར་བྱ་སྟེ། བདག་གིས་ནི་མངས་སུ་དོགས་པས་མ་བྲིས་སོ་ཞེས་བྱ་བར་རྟོགས་པར་བྱའོ། །ཅི་རིགས་པར་བསྡུ་བར་རིག་པར་བྱའོ་ཞེས་བྱ་བ་ནི་རེ་ཞིག་ཁམས་བཅོ་བརྒྱད་ནི་དེ་དག་ཉིད་ཡིན་པས་དེ་དག་ནི་འདི་དག་གིས་བསྡུས་པ་ཡིན་ནོ། །དེ་བཞིན་དུ་གང་ལ་སའི་ཁམས་ལ་སོགས་པ་དྲུག་འབྱུང་བ་དེ་དག་ལས་ཀྱང་དང་པོའི་གཞི་ནི་རེག་བྱའི་ཁམས་ཀྱིས་བསྡུས་སོ། །ནམ་མཁའི་ཁམས་ནི་སྣང་བ་དང་མུན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་ཀྱི་ཁམས་སུ་འདུས་སོ། །རྣམ་པར་ཤེས་པའི་ཁམས་ནི་སེམས་ཀྱི་ཁམས་བདུན་དུ་འདུས་སོ། །འདོད་པའི་ཁམས་ལ་སོགས་པ་དྲུག་ལས་འདོད་པའི་ཁམས་ནི་འདིར་འདོད་པའི་འདོད་ཆགས་ཡིན་པར་བཞེད་དེ། དེ་ཡང་སེམས་ལས་བྱུང་བ་ཡིན་ལ་གནོད་སེམས་ཀྱི་ཁམས་ལ་སོགས་པ་ཡང་སེམས་ལས་བྱུང་བ་ཁོ་ན་ཡིན་པས་དེ་དག་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་སོ། །བདེ་བའི་ཁམས་ལ་སོགས་པ་དྲུག་ཀྱང་དེ་ཉིད་དུ་འདུས་སོ། །ཚོར་བའི་ཁམས་ལ་སོགས་པ་བཞི་ལས་གསུམ་ནི་ཆོས་ཀྱི་ཁམས་སུ་འདུས་སོ། །རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་བདུན་དུ་འདུས་སོ། །འདོད་པའི་ཁམས་ལ་སོགས་པ་གསུམ་ལས་འདོད་པའི་ཁམས་ནི་ཁམས་བཅོ་བརྒྱད་དུ་འདུས་སོ། །གཟུགས་ཀྱི་ཁམས་ནི་དྲི་དང་རོ་དང་སྣ་དང་ལྕེའི་རྣམ་པར་ཤེས་པ་དག་མ་གཏོགས་པ་ཁམས་བཅུ་བཞིར་འདུས་སོ། །གཟུགས་མེད་པའི་ཁམས་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དག་ཏུ་འདུས་སོ། །གཟུགས་ཀྱི་ཁམས་ལ་སོགས་པ་གསུམ་ལས་གཉིས་ཀྱི་བསྡུ་བ་ནི་བཤད་ཟིན་ཏོ། །འགོག་པའི་ཁམས་ནི་ཆོས་ཀྱི་
ཁམས་སུ་འདུས་སོ། །འདས་པའི་ཁམས་ལ་སོགས་པ་གསུམ་ནི་སོ་སོར་ཁམས་བཅོ་བརྒྱད་དུ་འདུས་སོ། །ངན་པ་ལ་སོགས་པའི་ཁམས་གསུམ་ནི་འདོད་པའི་ཁམས་ལ་སོགས་པ་ཁོ་ན་ཡིན་པས་འདི་དག་གི་བསྡུ་བ་ནི་བཤད་ཟིན་ཏོ། །དགེ་བའི་ཁམས་ལ་སོགས་པ་གསུམ་ལས་དགེ་བ་དང་མི་དགེ་བའི་ཁམས་དག་ནི་གཟུགས་དང་སྒྲ་དང་ཆོས་ཀྱི་ཁམས་དག་དང་སེམས་ཀྱི་ཁམས་བདུན་དུ་འདུས་སོ། །ལུང་དུ་མ་བསྟན་པའི་ཁམས་ནི་ཁམས་བཅོ་བརྒྱད་དུ་འདུས་སོ། །སློབ་པོ་དང་མི་སློབ་པའི་ཁམས་ལ་སོགས་པ་གསུམ་ལས་དང་པོ་གཉིས་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དག་ཏུ་འདུས་སོ། །གསུམ་པ་ནི་ཁམས་བཅོ་བརྒྱད་དུ་འདུས་སོ། །ཟག་པ་དང་བཅས་པ་ཟག་པ་མེད་པའི་ཁམས་ལས་དང་པོ་ནི་ཁམས་བཅོ་བརྒྱད་དུ་འདུས་སོ། །གཉིས་པ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དག་ཏུ་འདུས་སོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ལས་དང་པོ་ནི་ཁམས་བཅོ་བརྒྱད་དུ་འདུས་སོ། །གཉིས་པ་ནི་ཆོས་ཀྱི་ཁམས་སུ་འདུས་ཏེ་དེ་དག་ནི་ཁམས་དྲུག་ཅུ་རྩ་གཉིས་ཡིན་ནོ། །དེར་གང་དག་ཅེས་བྱ་བ་ནི་ཁམས་མང་པོའི་བར་རོ། །དེ་དག་ལས་གཉིས་ཀྱི་མཚན་ཉིད་མ་བཤད་ན་ཞེས་བྱ་བ་ནི་སའི་ཁམས་ལ་སོགས་པ་དང༌། འདི་དག་གི་ནི་མཚན་ཉིད་ནི། །འཛིན་པ་ལ་སོགས་ལས་སུ་གྲུབ། །སྲ་གཤེར་དྲོ་ཉིད་གཡོ་བ་རྣམས། །ཞེས་བྱ་བ་བཤད་ཟིན་ཏོ། །ནམ་མཁའི་ཁམས་ཀྱི་མཚན་ཉིད་ཀྱང༌། །དེ་ལ་ནམ་མཁའ་མི་སྒྲིབ་པ། །ཞེས་བཤད་ཟིན་ལ། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ཀྱང༌། །རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་སྨོས་པའི་ཕྱིར་བཤད་ཟིན་མ་ཡིན་ནམ་ཞེ་ན། རྣམ་པར་ཤེས་པ་ཐམས་ཅད་ཀྱི་མཚན་ཉིད་ནི་བཤད་པ་བདེན་ན། རྣམ་པར་ཤེས་པའི་ཁམས་གོ་ཅི་འདིར་རྣམ་པར་ཤེས་པ་ཅུང་ཟད་ཅིག་ཁོ་ན་ཡིན་ནོ་ཞེས་བྱ་བར་བསམ་པ་ཡིན་ནམ་འོན་ཏེ་ཐམས་ཅད་ཡིན་ཞེས་བྱ་བར་རྣམ་པར་མ་ཕྱེ་ལ། ནམ་མཁའ་ལ་ཡང་འདུས་མ་བྱས་ཀྱི་མཚན་ཉིད་ཅན་བཤད་ཀྱི་ནམ་མཁའི་ཁམས་ནི་མ་ཡིན་ནོ། །འདི་ནི་གདོན་མི་ཟ་བར་ནམ་
མཁའ་ལས་གཞན་ཡིན་ཏེ། མདོ་ལས་དགེ་སློང་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ་སྙམ་པའི་བློ་འདིས། གཉིས་ཀྱི་མཚན་ཉིད་མ་བཤད་ན་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་དེ་ཅི་ནམ་མཁའ་ཉིད་ནམ་མཁའི་ཁམས་ཡིན་ལ་རྣམ་པར་ཤེས་པ་ཐམས་ཅད་ཀྱང་རྣམ་པར་ཤེས་པའི་ཁམས་ཡིན་པར་རིག་པར་བྱའམ་ཞེས་བྱ་བ་སྨོས་སོ། །ཁ་དང་སྣ་ལ་སོགས་པ་ཞེས་བྱ་བའི་སོགས་པ་ཞེས་བྱ་བའི་སྒྲས་ནི་རྣ་བ་ལ་སོགས་པ་བསྡུའོ། །སྣང་དང་མུན་པ་དག་ཡིན་ལོ། །ཞེས་བྱ་བ་ལ་ལོ་ཞེས་བྱ་བའི་སྒྲས་ནི་ཕ་རོལ་པའི་གཞུང་ལུགས་རྗོད་པར་བྱེད་པ་ཡིན་ཏེ་རང་གི་གཞུང་ལུགས་ནི་ནམ་མཁའ་ཐོགས་པ་དང་བཅས་པའི་རྫས་མེད་པ་ཙམ་ཡིན་ནོ་ཞེས་བྱ་བར་བསམ་པ་ཡིན་པར་མངོན་ནོ། །མཚན་མོ་དང་ཉིན་མོའི་རང་བཞིན་ཞེས་བྱ་བ་ནི་མཚན་མོ་ཡོད་པའི་མུན་པ་དང་ཉིན་མོའི་འོད་ཀྱི་མཚན་ཉིད་ཀྱི་སྣང་བ་ཡིན་པར་འདོད་པའི་ཕྱིར་ཏེ། བསྟན་པ་འདི་ནི་ཕལ་ཆེ་བའི་དབང་དུ་བྱས་པ་ཡིན་ནོ། །ཐོགས་པ་ཞེས་བྱ་བ་ནི་ཤིན་ཏུ་གནོད་པར་བྱར་རུང་བའི་ཕྱིར་བརྩེགས་པར་གནས་པའི་གཟུགས་ཏེ། དེ་ནི་དེའི་ཉེ་འཁོར་རོ། །ལོ་ཞེས་བྱ་བ་ནི་བརྩེགས་པ་ལ་གནས་པ་ནི་བརྩེགས་པར་གནས་པ་སྟེ་ཤིན་ཏུ་གནོད་པར་བྱེད་པའམ་གནོད་པར་བྱ་བ་ཡིན་པས་ན་བརྩེགས་པ་ཡིན་ནོ། །དེ་ནི་དེའི་ཉེ་འཁོར་རོ། །ཞེས་བྱ་བ་ནི་བརྩེགས་པ་རྩིག་པ་ལ་སོགས་པ་དེའི་ཉེ་འཁོར་ཡིན་ཞིང་ཉེ་བར་གནས་པ་ཡིན་ཏེ། དེ་ལ་ལྟོས་ནས་རྣམ་པར་གཞག་ཅེས་བྱ་བའི་ཐ་ཚིག་གོ །རྣམ་པར་བཤད་པ་འདི་ལ་ཡང་ལོ་ཞེས་བྱ་བའི་སྒྲ་ནི་བྱེ་བྲག་ཏུ་སྨྲ་བའི་རྣམ་པར་བཤད་པ་ཡིན་པར་རབ་ཏུ་བསྟན་པའི་ཕྱིར་རོ། །རང་གི་གཞུང་ལུགས་ནི་གང་འོག་ནས་འབྱུང་བ་ཡིན་ཏེ། དེས་སྨྲས་པ། འདི་ལ་གཟུགས་གཞན་ཐོགས་པ་མེད་པས་དེ་ལ་གཟུགས་གཞན་མི་ཐོགས་པའི་ཕྱིར་དེ་ནི་ཐོགས་མེད་ཀྱང་ཡིན་ལ། བརྩེགས་པར་གནས་པའི་གཟུགས་གཞན་གྱི་ཉེ་འཁོར་ཡང་ཡིན་ཏེ། ཕྱོགས་འདི་ལ་ནི་དེ་ནི་ཐོགས་མེད་ཀྱང་ཡིན་ལ་དེ་ནི་ཉེ་འཁོར་ཡང་ཡིན་པས་ཐོགས་མེད་ཉེ་འཁོར་ཡིན་ནོ་ཞེས་བྱ་བར་ཚིག་བསྡུའོ། །ཟག་དང་བཅས་པའི་རྣམ་ཤེས་ནི། །
ཞེས་བྱ་བ་ནི་སྐྱེ་བའི་རྒྱུའི་རྣམ་པར་ཤེས་པ་ཡིན་པར་འདོད་པའི་ཕྱིར་རོ། །གལ་ཏེ་ཅིའི་ཕྱིར་སྙམ་ན། དེའི་ཕྱིར་སྨྲས་པ། འདི་ལྟར་ཁམས་དྲུག་པོ་འདི་དག་ནི། སྐྱེ་བའི་རྟེན་ཡིན་པར་འདོད་དེ། དགེ་སློང་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བྱ་བ་དང༌། ཁམས་དྲུག་ལ་བརྟེན་ནས་མའི་མངལ་དུ་བུ་འཇུག་གོ་ཞེས་འབྱུང་བའི་ཕྱིར་རོ། །དེ་དག་ནི་ཉིད་མཚམས་སྦྱོར་བའི་སེམས་ནས་འཆི་བའི་སེམས་ཀྱི་བར་དུ་སྐྱེ་བའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་དག་ནི་སྐྱེ་བ་བསྐྱེད་པར་བྱེད་པ་དང༌། གསོ་བར་བྱེད་པ་དང༌། འཕེལ་བར་བྱེད་པ་ཡིན་པའི་ཕྱིར་གཞིར་གྱུར་པ་སྟེ། འདི་ལ་སྐྱེད་པར་བྱེད་པ་ནི་རྣམ་པར་ཤེས་པའི་ཁམས་ཡིན་ཏེ། ཉིང་མཚམས་སྦྱོར་བའི་ས་བོན་ཡིན་ནོ། །གསོ་བར་བྱེད་པ་ནི་འབྱུང་བ་དག་ཡིན་ཏེ། དེའི་རྟེན་དུ་གྱུར་པའི་ཕྱིར་རོ། །འཕེལ་པར་བྱེད་པ་ནི་ནམ་མཁའི་ཁམས་ཡིན་ཏེ། གོ་འབྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་དག་ལ་ཁམས་ཉིད་ཡིན་པར་བརྗོད་དེ། །ཉིང་མཚམས་སྦྱོར་བ་འཛིན་པས་ན་ཁམས་དག་ཡིན་ནོ། །ཟག་པ་མེད་པའི་ཆོས་རྣམས་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་སྐྱེ་བ་དང་འགལ་བའི་ཕྱིར་སྐྱེ་བའི་རྟེན་མ་ཡིན་ནོ། །བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན། ཁྱད་པར་གང་ཞིག་དང་ལྡན་ན་དངོས་པོ་དེ་དེ་ལྟར་བསྟན་པར་ནུས་པའི་ཁྱད་པར་དེ་ནི་བསྟན་པ་ཞེས་བྱའོ། །ཡང་ན་ཚིག་གིས་གཞན་གྱི་མིག་གི་རྣམ་པར་ཤེས་པ་བསྐྱེད་པ་ནི་བསྟན་པ་ཡིན་ལ། དེ་དང་ལྷན་ཅིག་འཇུག་པ་ནི་བསྟན་ཡོད་དེ་གཟུགས་ཀྱི་ཁམས་གཅིག་པུ་ཡིན་ནོ། །འདིར་ཁམས་བཅོ་བརྒྱད་དག་ལས་གཟུགས་ཀྱི་ཁམས་གཅིག་ཁོ་ནས་བསྟན་དུ་ཡོད་པའོ་ཞེས་དམིགས་ཀྱིས་བསྩལ་པའི་ཕྱིར་རོ། །ལྷག་མ་རྣམས་ནི་བསྟན་དུ་མེད་པའོ་ཞེས་བཤད་པར་འགྱུར་རོ། །བསྟན་དུ་ཡོད་པ་ཉིད་འདིས་ཀྱང་གཙོ་བོ་ཡིན་པར་བཤད་པ་ཡིན་པར་ཟློས་པའི་ཉེས་པར་ཐལ་བ་མ་ཡིན་ཏེ། དེ་ནི་གྲུབ་པའི་ཕྱིར་རོ། །བསྟན་དུ་ཡོད་པ་ཉིད་ལ་སོགས་པའི་བྱེ་བྲག་འདི་དག་ཀྱང་ཕལ་ཆེར་མདོ་ལས་གསུངས་པ་ཁོ་ན་ཡིན་པས་རབ་ཏུ་བསྟན་ཏེ།
འདི་ལྟར་མདོ་ལས། དགེ་སློང་མིག་ནི་ནང་གི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་དང༌། གཟུགས་ཅན་བསྟན་དུ་མེད་པ་ཐོགས་པ་དང་བཅས་པའོ་ཞེས་བྱ་བ་ནས། དགེ་སློང་ལུས་ནི་ནང་གི་སྐྱེ་མཆེད་ཡིན་ཏེ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དགེ་སློང་ཡིད་ནི་ནང་གི་སྐྱེ་མཆེད་ཡིན་ཏེ། གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པ་ཐོགས་པ་མེད་པའོ། །དགེ་སློང་གཟུགས་དག་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་ཅན་བསྟན་དུ་ཡོད་པ་ཐོགས་པ་དང་བཅས་པའོ། །དགེ་སློང་སྒྲ་དག་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་འདི་དག་རྒྱུར་བྱས་པ་གཟུགས་ཅན་བསྟན་དུ་མེད་ཅིང་ཐོགས་པ་དང་བཅས་པའོ་ཞེས་བྱ་བ་ནས། དགེ་སློང་རེག་བྱ་དག་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་དང༌། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་ཅན་བསྟན་དུ་མེད་པ་ཐོགས་པ་མེད་པ་དང་བཅས་པའོ། །དགེ་སློང་སྐྱེ་མཆེད་རྣམས་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པ་བསྟན་དུ་མེད་པ་ཐོགས་པ་མེད་པའོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་དག་ཀྱང་མཛོད་ཀྱི་གནས་དང་པོ་ཡོངས་སུ་རྫོགས་ཀྱི་བར་དུ་ཁམས་རྣམས་ཀྱི་རབ་ཏུ་དབྱེ་བ་ཁོ་ནར་སྟོན་ཏེ། གཟུགས་དང་རྣམ་པར་ཤེས་པའི་ཁྱད་པར་ཡིན་པའི་ཕྱིར་རོ། །ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་བྱ་བ་ལ་གཟུགས་ཅན་སྨོས་པ་ནི་གཟུགས་ཅན་མ་ཡིན་པ་བསལ་བའི་ཕྱིར་རོ། །གཟུགས་ནི་གཟུགས་སུ་རུང་བ་སྟེ་དེ་འདི་དག་ལ་ཡོད་པས་གཟུགས་ཅན་རྣམས་སོ། །བཅུ་ཞེས་བྱ་བ་ནི་མིག་གི་ཁམས་ལ་སོགས་པ་ལྔ་དང༌། དེ་དག་གི་ཡུལ་གྱི་ཁམས་ལྔ་ཁོ་ན་ཡིན་ནོ། །ཆོས་ཀྱི་ཁམས་ཇི་ལྟར་བརྩལ་བར་བྱས་པ་ཡིན། དེ་ལ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པའི་ཕྱིར་དེ་ཡང་གཟུགས་ཅན་ནོ་ཞེས་བརྗོད་པར་ནུས་སོ་ཞེ་ན། གཟུགས་ཅན་ཞེས་ངེས་པར་གཟུང་བའི་ཕྱིར་དེ་བརྩལ་བ་བྱས་པ་ཡིན་ཏེ། ཁམས་གང་དག་གཟུགས་ཅན་གྱི་ངོ་བོ་ཉིད་ཡིན་པ་དེ་དག་ཁོ་ན་གཟུང་བར་བྱ་བ་ཡིན་ན། ཆོས་ཀྱི་ཁམས་ནི་གཟུགས་
ཅན་དང་གཟུགས་ཅན་མ་ཡིན་པའི་ངོ་བོ་ཉིད་ཀྱང་ཡིན་ནོ། །རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་བྱེད་པ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་ན་ཐོགས་པ་དང་བཅས་པའི་དངོས་པོ་གཅིག་ཡོད་པ་དེར་གཟུགས་ཅན་གཉིས་པ་སྐྱེ་བར་མི་འགྱུར་ཏེ། དཔེར་ན་ལག་པའམ་རྡོ་བ་ལ་ལག་པ་རྡུགས་ཤིང་ཐོགས་པ་སྟེ། ལག་པའི་གནས་སམ་རྡོ་བའི་གནས་སུ་ལག་པ་མི་འབྱུང་བའམ་རྡོ་བ་ཡང་དེ་གཉིས་ལ་སྟེ་རྡོ་བ་ལག་པ་དང་རྡོ་བ་དག་གི་གནས་སུ་མི་འབྱུང་བ་ལྟ་བུ་ཡིན་ནོ། །ཆུ་ལ་སོགས་ལ་ཞེས་བྱ་བ་ནི་རང་གི་ཡུལ་ཆུ་ལ་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ །མི་ཕལ་ཆེའི་ལྟ་བུའོ་ཞེས་བྱ་བ་ཕལ་ཆེ་བ་སྨོས་པ་ནི་ཉ་བ་ལ་སོགས་པ་བསལ་བའི་ཕྱིར་རོ། །གཉི་གར་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་ནི་ངེས་པར་མངལ་དུ་འཆི་བ་རྣམས་ཀྱི་ལྟ་བུའོ། །རྣམ་པ་དེ་དག་ཅེས་བྱ་བ་ནི་རྣམ་པ་དེ་རྣམས་ཞེས་བྱ་བའི་ཐ་ཚིག་གོ །ཕ་བང་ནི་ཁ་རྐུབ་དག་ཡིན་ནོ། །བྱི་ལ་ལ་སོགས་པ་ཞེས་བྱ་བའི་སོགས་པ་སྨོས་པས་ནི་ཆོམ་རྐུན་པའི་མི་ལ་སོགས་པ་དང༌། སྟག་ལ་སོགས་པ་བསྡུའོ། །གང་ཞིག་གང་ལ་བྱེད་པ་དེ་ནི་དེའི་ཡུལ་ཡིན་ལ་ཞེས་བྱ་བ་ནི་བྱེད་པ་ནི་རྩལ་ཡིན་ཏེ་མིག་དང་རྣ་བ་ལ་སོགས་པ་གཟུགས་དང་སྒྲ་ལ་སོགས་པ་ལ་ལྟ་བ་དང་ཉན་པ་ལ་སོགས་པ་ནི་བྱེད་པ་ཡིན་ནོ། །དེ་ཡང་རང་གི་སེམས་དང་སེམས་ལས་བྱུང་བ་དག་ལ་རྟེན་གྱི་ངོ་བོའི་ནུས་པའི་ཁྱད་པར་གྱི་མཚན་ཉིད་ཡིན་པར་རིག་པར་བྱའོ། །གཟུགས་ལ་སོགས་པ་གང་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ཁར་བ་ལ་བརྟེན་པའི་ཚུལ་དུ་འཛིན་པ་དེ་ནི་དམིགས་པ་ཡིན་ནོ། །དེ་ལྟར་ན་དམིགས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཁོ་ནའི་ཡིན་ལ་ཡུལ་ནི་སེམས་དང་སེམས་ལས་བྱུང་བ་འབའ་ཞིག་གིས་མ་ཡིན་གྱི་མིག་ལ་སོགས་པ་ཡང་ཡིན་ནོ། །དེ་ལས་གཞན་དུ་མི་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་འཇིག་རྟེན་ན་གང་ཞིག་ཤིང་ངམ་རྩིག་པ་གང་ལས་གཞན་དུ་མི་འཇུག་པ་དེ་ནི་དེ་ལ་ཐོགས་པ་ཡིན་ནོ། །དེ་བཞིན་མིག་ལ་སོགས་པ་ཡང་ཡུལ་གཞན་དུ་བྱེད་པ་མི་བྱེད་ཀྱི་རང་གི་ཡུལ་ཁོ་ན་ལ་བྱེད་དེ། །དེ་ལྟ་བས་ན་དེ་ལ་ཐོགས་པ་ཡིན་ནོ་ཞེས་
བྱའོ། །ཡང་ན་འདི་ལ་གཏོད་པ་ནི་ཐོགས་པ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཡུལ་འདི་ལ་གཏོད་པར་བྱེད་པ་ནི་གཏོད་པའོ། །རང་གི་ཡུལ་ལ་འཇུག་པ་གང་ཡིན་པའོ་ཞེས་བྱ་བ་ནི་བྱེད་ཅེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན་བཅུ་པོ་དག་ནི་སྒྲིབ་པ་ལ་ཐོགས་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་བྱ་བ་འདིར་ཁམས་བཅུ་པོ་དག་ནི་སྒྲིབ་པ་ལ་ཐོགས་པས་ཐོགས་པ་དང་བཅས་པར་འདོད་པ་ཡིན་ནོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་དག་ཀྱང་ཡུལ་དང་དམིགས་པ་ལ་ཐོགས་པ་དག་གི་ཐོགས་པ་དང་བཅས་པ་ཉིད་ཡིན་པས་དྲི་མ་མུ་བཞི་སྟེ་མུ་བཞི་ནི་རྣམ་པ་བཞི་ཞེས་བྱ་བའི་ཐ་ཚིག་གོ །ཚིག་ཕྱི་མ་དང་སྦྱོར་བ་སྟེ་ཞེས་བྱ་བ་ནི་གལ་ཏེ་དྲི་བའི་ཆ་ཕྱི་མ་བཟུང་ནས་ལན་འདེབས་པར་བྱེད་ན་དེ་ནི་ཚིག་ཕྱི་མ་དང་སྦྱོར་བ་ཡིན་ནོ། །གལ་ཏེ་ཆ་སྔ་མ་བཟུང་ན་ལན་འདེབས་པར་བྱེད་ན་དེ་ནི་ཚིག་སྔ་མ་དང་སྦྱོར་བ་ཡིན་ནོ། །དེ་དག་ནི་ཡུལ་ལ་ཐོགས་པས་ཀྱང་ཡིན་ནོ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། དེ་དག་ནི་ཡུལ་ལ་ཐོགས་པ་དང་དམིགས་པ་ལ་ཐོགས་པས་ཐོགས་པ་དང་བཅས་པ་ཡིན་ནོ། །དབང་པོ་ལྔ་ནི་དམིགས་པ་ལ་ཐོགས་པས་ཐོགས་པ་དང་བཅས་པ་མ་ཡིན་ཏེ། དམིགས་པ་མེད་པའི་ཕྱིར་རོ། །གང་ལ་ཡིད་སྐྱེ་བར་འདོད་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྟེན་ཏམ་དམིགས་པ་གང་ལ་ཡིད་སྐྱེ་བར་འདོད་པ་ལ་བར་ཆད་ཀྱི་སྒྲིབ་པ་གཞན་དག་གིས་ཐོགས་ཤིང་མི་སྐྱེ་བར་བྱེད་ནུས་པ་དེ་ཁོ་ན་ཐོགས་པ་དང་བཅས་པ་ཡིན་ཏེ། བར་ཆད་ཀྱི་སྒྲིབ་པའི་མཚན་ཉིད་ཀྱི་ཐོགས་པས་ཐོགས་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་བྱེད་པའི་མཚན་ཉིད་ཐོགས་པས་ཐོགས་པ་དང་བཅས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་དག་ཀྱང་གང་ཞེ་ན། དབང་པོ་ལྔ་དང་ཡུལ་ལྔའི་ཁམས་ཀྱི་ངོ་བོ་ཉིད་ཡིན་ནོ། །བཟློག་པ་ནི་ཐོགས་པ་མེད་པར་འདོད་དོ་ཞེས་བྱ་བ་ནི་གང་ཡིད་སྐྱེ་བར་འདོད་པ་ལ་གཞན་དག་གིས་ཐོགས་པར་བྱ་མི་ནུས་པ་སྟེ། དཔེར་ན་ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་ལ་ཡིད་ཀྱི་རྣམ་པར་
ཤེས་པ་སྐྱེ་བ་ལ་གཞན་དག་གིས་བར་ཆད་ཀྱི་སྒྲིབ་པ་བྱ་བར་མི་ནུས་པ་ལྟ་བུ་ཡིན་ནོ། །དེའི་ཕྱིར་སེམས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཁམས་ནི་ཐོགས་པ་མེད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ལུང་མ་བསྟན་བརྒྱད་ཅེས་བྱ་བ་ནི་བརྒྱད་ཀྱི་ལུང་དུ་མ་བསྟན་པ་ཁོ་ནའོ་ཞེས་ངེས་པར་བཟུང་བ་ཡིན་ཏེ། དགེ་བ་དང་མི་དགེ་བའི་ངོ་བོར་ལུང་དུ་མ་བསྟན་པའི་ཕྱིར་ན་ལུང་དུ་མ་བསྟན་པ་དག་ཡིན་ནོ། །གང་དག་དགེ་བ་དང་མི་དགེ་བ་མ་གཏོགས་པ་དེ་དག་ཁོ་ན་ལ་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་བྱ་བར་འདོད་ཀྱི། དགེ་བ་དང་མི་དགེ་བ་རྣམས་ནི་དགེ་བ་དང་མི་དགེ་བའི་ངོ་བོར་ལུང་དུ་བསྟན་པའི་ཕྱིར་དགེ་བ་ཡང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་དུ་ལུང་དུ་མ་བསྟན་པ་མ་ཡིན་ལ་མི་དགེ་བ་ཡང་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་དུ་ལུང་དུ་མ་བསྟན་པའི་ཕྱིར་མ་ཡིན་ཏེ། སྒྲ་འཇུག་པ་ནི་བརྡར་བཏགས་པ་ལ་འཇུག་པ་ཡིན་ནོ། །གཞན་རྣམས་གསུམ་ཞེས་བྱ་བ་ནི་ཁམས་ཞེས་བྱ་བར་སྐབས་དང་སྦྱར་ཏེ། གཞན་དག་ནི་རྣམ་པ་གསུམ་ཁོ་ན་ཡིན་གྱི་རྣམ་པ་གཅིག་ཀྱང་མ་ཡིན་ལ། རྣམ་པ་གཉིས་ཀྱང་མ་ཡིན་ནོ་ཞེས་ངེས་པར་བཟུང་བ་ཡིན་ནོ། །མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དག་ནི་དགེ་བ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་ཀྱི་ཁམས་བདུན་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། མཚུངས་པར་ལྡན་པ་དག་ནི་དགེ་བ་ཡིན་ནོ། །ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། མཚུངས་པར་ལྡན་པ་དག་མི་དགེ་བ་ཡིན་ནོ། །སྨད་པ་ལས་འདས་ཤིང་ངན་སོང་ལས་རྒལ་བས་ན་དགེ་བའོ། །རྣམ་པ་གཅིག་ཏུ་ན་ཤེས་རབ་ནི་རྩྭ་ཀུ་ཤ་དང་འདྲ་བར་རྣོ་བས་ཀུ་ཤ་ཞེས་བྱ་སྟེ། དེ་ལེན་ཅིང་ཀུན་ཏུ་ལེན་པས་ན་དགེ་བའོ། །གཞན་མ་ཆགས་པ་ལ་སོགས་པ་དང་ཆགས་པ་ལ་སོགས་པ་དང་མཚུངས་པར་མི་ལྡན་པ་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །ཆོས་ཀྱི་ཁམས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མ་ཆགས་པ་ལ་སོགས་
པའི་ངོ་བོ་ཉིད་ནི་གང་འདི་བཤད་ཟིན་པ་ཡིན་ནོ། །མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དག་ནི་ཚོར་བ་ལ་སོགས་པ་ཡིན་ནོ། །མ་ཆགས་པ་ལ་སོགས་པ་ཀུན་ནས་བསླང་བ་ནི་ཐོབ་པ་དང༌། སྐྱེ་བ་ལ་སོགས་པ་ལྡན་པ་མ་ཡིན་པ་དང་རྣམ་པར་རིག་བྱེད་མ་ཡིན་པ་ཡིན་ནོ། །གཞན་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ཏེ་ཆོས་ཀྱི་ཁམས་རྣམ་པ་བཞི་ནི་དགེ་བ་ཡིན་ནོ། །ཆགས་པ་ལ་སོགས་པའི་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང༌། ཀུན་ནས་བསླང་བ་ནི་མི་དགེ་བའོ། །གཞན་ནི་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་མ་ཆགས་པ་ལ་སོགས་པའི་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང་ཀུན་ནས་བསླང་བ་ཡང་མ་ཡིན་པ་དང༌། ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ཅི་རིགས་པར་དེ་དག་གིས་ཐོབ་པ་དང༌། སྐྱེ་བ་ལ་སོགས་པ་ཡིན་ཏེ་ཆོས་ཀྱི་ཁམས་འདི་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །དེ་ལས་གཞན་པ་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བའི་གཟུགས་དང་སྒྲའི་ཁམས་དེ་དག་ལས་གཞན་པ་ལུང་དུ་མ་བསྟན་པའི་སེམས་ཀྱིས་ཀུན་ནས་བསླང་བའི་གཟུགས་དང་སྒྲའི་ཁམས་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་བསྡུས་པ་གང་ཡིན་པ་དག་དང་རྣམ་པར་རིག་བྱེད་ཀྱིས་མ་བསྡུས་པ་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །འདོད་ཁམས་གཏོགས་པ་ཐམས་ཅད་དོ། །ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་ཙམ་གྱིས་བསྡུས་པ་ཡིན་པའི་ཕྱིར་ཐམས་ཅད་འདོད་པའི་ཁམས་སུ་གཏོགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་གི་རེ་རེས་ཐམས་ཅད་བསྡུས་པ་ནི་མ་ཡིན་ནོ། །དེའི་ཕྱིར། གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །ཞེས་བྱ་བ་སྨོས་སོ། །དེ་གཉིས་ནི་ཁམ་གྱི་ཟས་ཡིན་པའི་ཕྱིར་ལ་ཞེས་བྱ་བ་ནི་དྲི་དང་རོ་དེ་གཉིས་ཏེ་དྲི་ཡང་ཁམ་གྱི་ཟས་ཕྲ་མོ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་རེག་བྱའི་ཁམས་ཀྱང་མེད་པར་ཐལ་བར་འགྱུར་ཏེ་ཞེས་བྱ་བ་ནི་ཁམ་གྱི་ཟས་ཡིན་པའི་ཕྱིར་གཟུགས་ཀྱི་ཁམས་འདི་ན་རེག་བྱའི་ཁམས་མེད་པར་ཐལ་བར་འགྱུར་ཏེ། གྲུབ་པའི་མཐའ་ལས། ཁམ་གྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་
ཉིད་དོ། །ཞེས་འབྱུང་བའི་ཕྱིར་རོ། །དྲི་དང་རོ་དག་ཀྱང་དེ་ལྟར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་གང་དག་ཟས་ཀྱི་རང་བཞིན་མ་ཡིན་པ་དེ་དག་དེ་ན་ཡོད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །རེག་བྱ་ཡོད་དུ་བཅུག་ཀྱང་ཞེས་བྱ་བ་ཅི་ཞེ་ན། ལོངས་སྤྱོད་པ་སྟེ། དབང་པོའི་རྟེན་གྱི་དངོས་པོ་དང་གཞིའི་དངོས་པོ་དང་བགོ་བའི་དངོས་པོར་རོ། །གཞན་དག་ན་རེ་ནི་ཞེས་བྱ་བ་ནི་བཙུན་པ་དཔལ་ལེན་ཏོ། །ཤིན་ཏུ་སྦྱངས་པ་དང་ལྷན་ཅིག་པར་གྱུར་པ་ཞེས་བྱ་བ་ནི་ཤིན་ཏུ་སྦྱངས་པ་དང་ལྷན་ཅིག་སྐྱེས་ཏེ། ལུས་ལས་སུ་རུང་བ་དང་ལྷན་ཅིག་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །འདིར་སློབ་དཔོན་གྱི་བཙུན་པ་དཔལ་ལན་གྱི་གཞུང་ལུགས་ཁྱད་དུ་བསད་དེ། བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་གླགས་དང་བཅས་པར་མཐོང་ནས་རྣམ་པར་གཏན་ལ་དབབ་པ་བརྩམ་པའི་ཕྱིར། དེ་ལྟར་ན་ནི་འོ་ན་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ནི་ཤུགས་ཀྱིས་ནི་འདི་སྐད་དུ་གཟུགས་ཀྱི་ཁམས་ན་དྲི་དང་རོ་དག་མེད་དེ། དགོས་པ་མེད་པའི་ཕྱིར་ཕོའི་དབང་པོ་བཞིན་ནོ་ཞེས་བྱ་བ་དམ་བཅས་པར་འགྱུར་རོ། །ཕྱོགས་དེར་སློབ་དཔོན་སུན་འབྱིན་པར་བྱེད་དེ། ཕྱོགས་འདི་ནི་ཆོས་ཅན་གྱི་ཁྱད་པར་ལས་བཟློགས་པས་སྐྱོན་ཆགས་པའི་མཚན་ཉིད་ཡིན་པའི་ཕྱིར་སྐྱོན་ཅན་ཡིན་ནོ། །གཟུགས་ཀྱི་ཁམས་ཀྱི་དྲི་དང་རོ། །ཞེས་བྱ་བ་རང་འཛིན་པར་བྱེད་པ་ཡོད་པ་ཅན་ནི་ཆོས་ཅན་ཡིན་པར་འདོད་པ་ཡིན་ན། དེ་རང་འཛིན་པར་བྱེད་པ་མེད་པ་ཅན་ཉིད་དུ་འགྱུར་ཏེ། དཔེར་ན་ཕོ་དང་མོའི་དབང་པོ་དགོས་པ་མེད་པ་ཉིད་ཀྱིས་རང་འཛིན་པར་བྱེད་པ་མེད་པ་ཅན་དག་ཡིན་པ་ལྟར་དྲི་དང་རོ་ཞེས་བྱ་བའི་ཡུལ་ཅན་ཡང་དེ་དང་འདྲ་བར་འགྱུར་རོ། །གང་གིས་ན་ཆོས་ཅན་ལས་བཟློག་པ་འདི་གསལ་བར་འགྱུར་བའི་རྗེས་སུ་དཔག་པ་ཡང་གསལ་བར་ཡོད་དེ། གཟུགས་ཀྱི་ཁམས་ན་སྣ་དང་ལྕེའི་དབང་པོ་དག་མེད་དེ། དགོས་པ་མེད་པའི་ཕྱིར་ཕོ་དང་མོའི་དབང་པོ་བཞིན་ནོ། །བྱེ་བྲག་ཏུ་སྨྲ་བའི་ཕྱོགས་པ་འགའ་ཞིག་གིས་ལན་གདབ་པའི་ཕྱིར་དགོས་པ་ཡོད་དེ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སྣ་དང་ལྕེའི་དབང་པོ་
དེ་དག་མེད་པར་ནི་རྟེན་མཛེས་པ་ཉིད་དང༌། ངག་གི་རྣམ་པར་རིག་བྱེད་དུ་ཡང་མི་འགྱུར་ཏེ་མཐོང་བས་གནོད་པ་འདིས་ནི་ཐལ་བར་འགྱུར་བ་ཟློག་པར་བྱེད་དེ། འདིར་རྗེས་སུ་དཔག་པ་ལ་མཐོང་བས་གནོད་པར་འགྱུར་རོ། །དེ་ཡང་གང་ཡིན་ཞེ་ན། གཟུགས་ཀྱི་ཁམས་ན་སྣ་དང་ལྕེའི་དབང་པོ་དག་ཡོད་དེ། དགོས་པ་དང་བཅས་པའི་ཕྱིར་མིག་གི་དབང་པོ་བཞིན་ནོ། །སློབ་དཔོན་གྱིས། གལ་ཏེ་དགོས་པ་དེར་ཟད་ན། །ཞེས་བྱ་བ་རྒྱས་པར་སྨོས་ཏེ། རྟེན་ཁོ་ན་ས་ལུས་མཛེས་པ་དང་ཚིག་སྨྲ་བར་འགྱུར་གྱི་དབང་པོས་ནི་མ་ཡིན་པས་དགོས་པ་དང་བཅས་པ་ཉིད་ཀྱི་གཏན་ཚིགས་མ་གྲུབ་པ་ཉིད་དུ་སྟོན་པར་བྱེད་དོ། །བྱེ་བྲག་ཏུ་སྨྲ་བའི་ཕྱོགས་པ་ཞིག་གིས་དབང་པོ་མེད་པའི་རྟེན་མི་སྲིད་དེ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གཟུགས་ཀྱི་ཁམས་ན་དབང་པོ་མེད་པའི་སྣ་དང་ལྕེའི་དབང་པོའི་རྟེན་མི་སྲིད་དེ། རྟེན་ཡིན་པའི་ཕྱིར་ཕོའི་དབང་པོའི་རྟེན་བཞིན་ནོ། །འདིས་ནི་དགོས་པ་དང་བཅས་པ་ཉིད་དུ་གྲུབ་པ་ཉིད་དུ་འཇོག་པར་བྱེད་དོ། །སློབ་དཔོན་གྱིས་དེ་ནི་དགོས་པ་མེད་པའི་ཕྱིར་མི་སྲིད་པར་རིགས་ཀྱི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཕོའི་དབང་པོའི་རྟེན་དེ་ནི་དགོས་པ་མེད་པའི་ཕྱིར་མི་སྲིད་པར་རིགས་ཀྱི་སྣ་དང་ལྕེའི་དབང་པོའི་རྟེན་ནི་ལུས་མཛེས་པར་བྱ་བ་དང་མངོན་པར་བརྗོད་པར་དགོས་པའི་ཕྱིར་དགོས་པ་དང་བཅས་པ་ཡིན་ཏེ། དེའི་ཕྱིར་འདི་དག་ནི་དབང་པོ་མེད་པར་ཡང་སྲིད་པར་རིགས་སོ། །འདིར་སྒྲུབ་པ་ཡང་བརྗོད་པར་བྱ་སྟེ། གཟུགས་ཀྱི་ཁམས་ན་དབང་པོ་མེད་པའི་སྣ་དང་ལྕེའི་དབང་པོའི་རྟེན་སྲིད་དེ། དགོས་པ་དང་བཅས་པའི་ཕྱིར་མིག་གི་དབང་པོའི་རྟེན་བཞིན་ནོ། །འདིས་ནི་དགོས་པ་དང་བཅས་པ་ཉིད་མ་གྲུབ་པ་དེ་ཉིད་རྣམ་པར་འཇོག་པར་བྱེད་དོ། །དེ་ལྟར་འདིར་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་པ་དགོས་པ་དང་བཅས་པ་ཉིད་དུ་སྨྲ་བ་འགའ་ཞིག་བཀག་པ་དང༌། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་དེ་ལྟ་ན་ནི་འོ་ན་སྣ་དང་ལྕེའི་དབང་པོ་དག་ཀྱང་མེད་པར་ཐལ་བར་འགྱུར་ཏེ། དགོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སུན་འབྱིན་པ་ལྟར་སྣང་བ་ཉིད་དུ་བསྟན་པའི་ཕྱིར་དགོས་པ་མེད་པར་ཡང་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། དཔེར་ན་མངལ་
དུ་ངེས་པར་འཆི་བ་རྣམས་ཀྱི་དབང་པོ་དགོས་པ་མེད་པར་མངོན་པར་འགྲུབ་པ་ལྟ་བུ་སྟེ། དེ་དག་གིས་ནི་གཟུགས་མཐོང་བ་ལ་སོགས་པར་མི་འགྱུར་རོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་ན་དགོས་པ་མེད་ཀྱང་སྣ་དང་ལྕེའི་དབང་པོ་མངོན་པར་འགྲུབ་པར་འགྱུར་རོ། །འདིས་ནི་གཟུགས་ཀྱི་ཁམས་ན་སྣ་དང་ལྕེའི་དབང་པོ་དག་མེད་དེ། དགོས་པ་མེད་པའི་ཕྱིར་ཕོའི་དབང་པོ་བཞིན་ནོ་ཞེས་བྱ་བའི་དགོས་པ་མེད་པ་ཉིད་མ་ངེས་པ་ཡིན་པར་རབ་ཏུ་སྟོན་ཏོ། །སློབ་དཔོན་གྱི་དགོས་པ་མེད་པ་ནི་ཡིན་མོད་ཀྱི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དགོས་པ་མེད་པར་དབང་པོ་གྲུབ་པ་ནི་ཡིན་མོད་ཀྱི་འདུས་བྱས་རྣམས་ནི་རྒྱུ་དང་བཅས་པ་ཡིན་པའི་ཕྱིར་རྒྱུ་མེད་པ་ཅན་ནི་མ་ཡིན་ནོ། །གང་ཡང་ཡུལ་ལས་སྲིད་པ་དང་བྲལ་བ་དེ་ནི་གདོན་མི་ཟ་བར་དབང་པོ་ལས་ཀྱང་སྲེད་པ་དང་བྲལ་བ་ཡིན་ཏེ་ཞེས་བྱ་བ་འདིས་ནི་རྒྱུ་མེད་པར་རབ་ཏུ་སྟོན་པར་བྱེད་དོ། །དེའི་ཕྱིར་སྒྲུབ་པ་ནི་འདི་སྐད་དུ་བརྗོད་པར་བྱའོ། །གཟུགས་ཀྱི་ཁམས་ན་སྣ་དང་ལྕེའི་དབང་པོ་དག་མེད་དེ། རྒྱུ་མེད་པའི་ཕྱིར་རྒྱུ་མེད་པའི་མྱུ་གུ་བཞིན་ནམ་ཕོའི་དབང་པོ་ལྟ་བུའོ། །ཡང་ན་ཕོའི་དབང་པོ་ཡང་ཅི་སྟེ་འགྲུབ་པར་མི་འགྱུར་ཞེས་བྱ་བ་ནི་སློབ་དཔོན་ཉིད་རྣམ་པར་རྟོག་པ་སློང་བར་བྱེད་པ་ཡིན་ནོ། །བསམ་པ་གང་ཡིན་ཞེ་ན། གལ་ཏེ་དགོས་པ་མེད་པ་དང་རྒྱུ་མེད་པར་ཡང་སྣ་དང་ལྕེའི་དབང་པོ་དག་འབྱུང་ན་ནི་ཕོའི་དབང་པོ་ཡང་ཅི་སྟེ་འགྲུབ་པར་མི་འགྱུར་སྙམ་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ཕྱོགས་ནི་གཟུགས་ཀྱི་ཁམས་ཀྱི་སེམས་ཅན་གྱི་རྒྱུད་ནི་སྣ་དང་ལྕེའི་དབང་ཕོ་དང་བཅས་པ་ཡིན་ཏེ། གཟུགས་ཅན་ཡིན་པའི་ཕྱིར་འདོད་པ་ན་སྤྱོད་པའི་སེམས་ཅན་གྱི་རྒྱུད་བཞིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །སློབ་དཔོན་ནི་ཕོའི་དབང་པོ་ཡང་ཅི་སྟེ་གྲུབ་པར་མི་འགྱུར་ཞེས་ཟེར་ཏེ་འདིས་ནི་ཕྱོགས་ཏེ་ཆོས་ཅན་གྱི་ཁྱད་པར་ལས་བཟློག་པ་ཡིན་པར་སྟོན་པར་བྱེད་དེ། གཟུགས་ཀྱི་ཁམས་ཀྱི་སེམས་ཅན་གྱི་རྒྱུད་ཕོའི་དབང་པོ་མེད་པ་ཅན་ནི་ཆོས་ཅན་ཡིན་ལ། དེ་ལས་བཟློག་པ་ནི་ཕོའི་དབང་པོ་ཡོད་པ་ཅན་ཉིད་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ལན་གདབ་པའི་ཕྱིར་
མི་མཛེས་པ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ཇི་ལྟར་ཞེ་ན། གཟུགས་ཀྱི་ཁམས་ན་ནི་ཕོའི་དབང་པོ་མེད་དེ། མི་མཛེས་པར་བྱེད་པའི་ཕྱིར་ཞར་བ་དང་ཞ་བོ་བཞིན་ནོ། །རྗེས་སུ་དཔག་པ་དེ་ལ་གནོད་དང༌། ཁོ་བོ་ཅག་གི་དམ་བཅས་པ་འདི་བཟློག་པ་མ་ཡིན་ཏེ། རིགས་པ་ཅན་གྱི་གྲུབ་པའི་མཐའ་ལས་ཀྱང༌། གལ་ཏེ་མཐོང་བས་མི་གནོད་ན། །ཞེས་བྱ་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །སློབ་དཔོན་གྱིས་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་རྣམས་ཀྱི་ཅིའི་ཕྱིར་མི་མཛེས་པར་འགྱུར་ཞེས་བྱ་བ་སྨོས་ཏེ། མདོམས་སུ་སྤ་བ་ནི་མདོམས་ཀྱི་སྦ་བའོ། །མདོམས་ནི་གང་གིས་ནི་ཕོའི་དབང་པོ་དཀྲིས་པ་ཡིན་ནོ། །སྦ་བ་ནི་ཕོའི་དབང་པོའོ། །སྦུབས་ནི་གང་དུ་མདོམས་ཀྱི་སྦ་བ་དེ་གནས་པའོ། །གང་དག་ལ་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དེ་ཡོད་པ་དེ་དག་ནི་མདོམས་ཀྱིས་བ་བ་སྦུབས་སུ་ནུབ་པ་རྣམས་ཏེ་དེ་དག་གི་ཅི་སྟེ་མི་མཛེས་པར་འགྱུར་མཛེས་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ །འདིས་ནི་མི་མཛེས་པར་བྱེད་པ་ཉིད་མ་གྲུབ་པར་སྟོན་པར་བྱེད་དོ། །དགོས་པའི་དབང་གིས་འབྱུང་བ་ཡང་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། །བྱེ་བྲག་ཏུ་སྨྲ་བ་མི་མཛེས་པར་བྱེད་པའི་ཕྱིར་རོ་ཞེས་སྨྲ་བ་རྣམས་ཀྱིས་ནི་དོན་གྱི་ཤུགས་ཀྱིས་ན་འདི་སྐད་དུ་ཕོའི་དབང་པོ་ནི་དགོས་པའི་དབང་གིས་བསྐྱེད་པར་བྱ་བ་ཡིན་ནོ་ཞེས་དམ་བཅས་པ་ཡིན་ནོ། །དེ་ཡང་རྗེས་སུ་དཔགས་པས་ཕྱོགས་སུ་མི་རུང་བར་འགྱུར་ཏེ། ཆོས་ཅན་གྱི་ངོ་བོ་ཉིད་ལས་བཟློག་པས་སྐྱོན་དང་བཅས་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། སྨྲས་པ། ཕོའི་དབང་པོ་ནི་དགོས་པའི་དབང་གིས་བསྐྱེད་པར་བྱ་བ་ཡིན་ལ། རང་གི་རྒྱུས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། ཞར་བ་དང་ཞ་བོ་བཞིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་འོ་ན་ནི་མདོ་ལས་དབང་པོ་མ་ཚང་བ་མ་ཡིན་ཞིང་མེད་པ་མ་ཡིན་ནོ་ཞེས་འབྱུང་བ་དང་འགལ་ལོ་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། གཟུགས་ཀྱི་ཁམས་ཀྱི་སེམས་ཅན་གྱི་རྒྱུད་ནི་སྣ་དང་ལྕེའི་དབང་པོ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ནི་ཕྱོགས་ཡིན་ནོ། །ཕྱོགས་དེ་ནི་ཕྱོགས་སྔ་མ་དང་འགལ་བའི་ཕྱིར་སྐྱོན་
དང་བཅས་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ནི་གཟུགས་ན་སྤྱོད་པའི་སེམས་ཅན་རྣམས་དབང་པོ་མ་ཚང་བ་མེད་ཅིང་མེད་པ་མ་ཡིན་ནོ་ཞེས་གསུངས་སོ། །དབང་པོ་མ་ཚང་བ་མེད་པ་ནི་ཞར་བ་དང་ཞ་བོ་ལ་སོགས་པ་ཉིད་མེད་པའི་ཕྱིར་རོ། །མེད་པ་མ་ཡིན་པ་ནི་མིག་ལ་སོགས་པ་མེད་པ་མ་ཡིན་ནོ། །སློབ་དཔོན་གྱིས་དེ་ནི་དབང་པོ་གང་དག་སྲིད་པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །མདོའི་དོན་གཟུགས་ཀྱི་ཁམས་དེ་ན་སྣ་དང་ལྕེའི་དབང་པོ་མ་གཏོགས་པའི་མིག་ལ་སོགས་པ་གང་དག་སྲིད་པ་དེ་དག་གིས་དབང་པོ་མེད་པ་མ་ཡིན་ནོ། །ཞེས་བྱ་བར་བཟུང་བའི་ཕྱིར་འགལ་བ་མེད་དོ། །འདི་སྐད་དུ་བརྗོད་དོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨ་བ་རྣམས་སོ། །ཡོད་པ་ཉིད་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཟུགས་ཀྱི་ཁམས་དེ་ན་སྣ་དང་ལྕེའི་དབང་པོ་དག་ནི་ཡོད་པ་ཉིད་ཀྱི་དྲི་དང་རོ་དག་ནི་མ་ཡིན་ནོ། །སེམས་ཅན་རྣམས་ནི་ལུས་ཀྱི་སྒོ་སྟེ་རང་གི་རྒྱུད་ཀྱི་སྒོ་ནས་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་ལ་སྲེད་པ་ཀུན་ཏུ་སྦྱོར་ཅིང་འབྱུང་ལ། ལས་ཀྱང་དེས་མངོན་པར་བརླན་པ་ཡིན་པས་གཟུགས་ཀྱི་ཁམས་ཀྱི་སྣ་དང་ལྕེའི་དབང་པོ་དག་ནི་རྒྱུ་དང་བཅས་པ་ཡིན་ནོ། །དེ་བས་ན་རྒྱུ་དང་བཅས་པའི་ཕྱིར་གཟུགས་ཀྱི་ཁམས་ན་འདི་དག་ཡོད་པ་ཁོ་ན་སྟེ་རྒྱུ་དང་བཅས་པའི་མྱུ་གུ་ལ་སོགས་པ་བཞིན་ནོ། །འདིས་ནི་གཟུགས་ཀྱི་ཁམས་ན་སྣ་དང་ལྕེའི་དབང་པོ་དག་མེད་དེ། རྒྱུ་མེད་པའི་ཕྱིར་རོ་ཞེས་སྒྲུབ་པ་སྨྲས་པ་གང་ཡིན་པ་དེ་མ་གྲུབ་པོ་ཞེས་བྱ་བར་སྟོན་པར་བྱེད་དོ། །ཕོའི་དབང་པོ་ནི་འཁྲིག་པའི་སྒོ་ནས་ཏེ། ཅི་ཞེ་ན་སྲིད་པ་ཀུན་ཏུ་སྤྱོད་ཅེས་བྱ་བར་སྐབས་དང་སྦྱར་རོ། །གཟུགས་ན་སྤྱོད་པའི་སེམས་ཅན་རྣམས་ནི་འཁྲིག་པའི་འདོད་ཆགས་དང་བྲལ་བ་ཡིན་ཏེ། དེ་ལྟ་བས་ན་དེ་ལ་སྲིད་པ་སྔོན་དུ་འགྲོ་བའི་ལས་མེད་དོ། །དེ་ལྟ་བས་ན་རྒྱུ་མེད་པའི་ཕྱིར་དེ་ན་ཕོའི་དབང་པོ་མེད་དེ། རྒྱུ་མེད་པའི་མྱུ་གུ་ལ་སོགས་པ་ལྟ་བུ་ཡིན་པས་གཟུགས་ཀྱི་ཁམས་ན་ཁམས་བཅུ་བཞིའོ་ཞེས་བྱ་བ་གྲུབ་པ་ཡིན་ནོ། །གཟུགས་མེད་གཏོགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཡིད་དང་ནི། ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། །
དག་ཁོ་ན་གཟུགས་མེད་པའི་ཁམས་སུ་གཏོགས་པ་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་བའི་ཕྱིར་ཁམས་གཞན་དག་ནི་མེད་དོ་ཞེས་བཤད་པ་ཡིན་ནོ། །གང་གི་ཕྱིར་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་དེར་སྐྱེ་བ་དེའི་ཕྱིར་དེ་ན་གཟུགས་ཅན་གྱི་རང་བཞིན་གྱི་ཁམས་བཅུ་པོ་མིག་ལ་སོགས་པ་ལྔ་དང་གཟུགས་ལ་སོགས་པ་ལྔ་ཡང་མེད་དོ། །དེ་དག་ལ་བརྟེན་པ་དང་དམིགས་པ་རྣམ་པར་ཤེས་པའི་ཁམས་ལྔ་ཡང་མེད་དོ་ཞེས་བྱ་བ་ནི་གང་དག་ལ་གོ་རིམས་བཞིན་དུ་རྟེན་དང་དམིགས་པ་མིག་ལ་སོགས་པ་དང་གཟུགས་ལ་སོགས་པ་དེ་དག་ཡོད་པ་དེ་དག་ནི་དེ་དག་ལ་བརྟེན་པ་དང་དམིགས་པ་ཡིན་ནོ། །དེ་ན་དམིགས་པ་ལ་སོགས་པ་རྟེན་རྣམས་དང་གཟུགས་ལ་སོགས་པ་དམིགས་པ་རྣམས་མེད་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཁམས་དེ་དག་ཀྱང་མེད་དོ། །དེ་གསུམ་ཟག་བཅས་ཟག་པ་མེད། །ཅེས་བྱ་བ་ནི་འདི་གསུམ་ཁོ་ན་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་ནོ་ཞེས་ངེས་པར་བཟུང་བ་ཡིན་ནོ། །ལྷག་མ་རྣམས་ནི་ཟག་བཅས་སོ། །ཞེས་བྱ་བ་འདི་ཅིའི་ཕྱིར་བརྗོད། འདི་གསུམ་ཁོ་ན་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་ནོ་ཞེས་ངེས་པར་བཟུང་བས་ལྷག་མ་རྣམས་ནི་ཟག་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བར་གྲུབ་པ་མ་ཡིན་ནམ་ཞེ་ན་མ་གྲུབ་བོ། །ཇི་ལྟ་ཞེ་ན་ལྷག་མ་རྣམས་ཟག་པ་དང་བཅས་པ་ཁོ་ན་ཞིག་ཡིན་ནམ་ཟག་པ་མེད་པ་ཁོ་ན་ཞིག་ཡིན་སྙམ་དུ་ཐེ་ཚོམ་ཟ་བར་འགྱུར་རོ། །དེ་དག་བཟློག་པའི་ཕྱིར། །ལྷག་མ་རྣམས་ནི་ཟག་བཅས་སོ། །ཞེས་བྱ་བ་འདི་བརྗོད་དོ། །རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཞེས་བྱ་བ་ལ་ནི་ཞེས་བྱ་བའི་སྒྲ་ནི་རྟོག་པ་དང་དཔྱོད་པ་དང་བཅས་པ་ཁོ་ནའོ་ཞེས་ངེས་པར་བཟུང་བ་ཡིན་ནོ། །ཐ་མ་གསུམ་ནི་རྣམ་གསུམ་མོ། །ཞེས་བྱ་བ་ནི་ཐ་མ་དག་ཁོ་ན་རྣམ་པ་གསུམ་མོ་ཞེས་ངེས་པར་བཟུང་བ་ཡིན་ནོ། །རྟོག་པ་དང་དཔྱོད་པ་དག་ལས་གཞན་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་དག་ནི་ཆོས་ཀྱི་ཁམས་མཚུངས་པ་དང་ལྡན་པའི་ངོ་བོ་ཡིན་ཏེ། དེ་གཉིས་འདིར་བསྡུས་པར་ཐལ་བར་འགྱུར་བས་ཡོངས་སུ་སྤང་
བར་བྱའོ། །རྟོག་པ་ནི་རྣམ་པ་གཞན་གཉིས་པའི་ནང་དུ་འདུ་བར་འགྱུར་རོ། །དཔྱོད་པ་ཡང་བསམ་གཏན་ཁྱད་པར་ཅན་ལས་སྐྱེས་པ་ནི་རྣམ་པ་གསུམ་པའི་ནང་དུ་འདུའོ། །དེ་ལས་གཞན་པ་ནི་རྣམ་པ་གསུམ་ཆར་གྱི་ནང་དུ་ཡང་མི་འདུའོ་ཞེས་འཆད་པར་འགྱུར་རོ། །ཡིད་ཀྱི་ཁམས་ལ་སོགས་པ་ཆོས་ཀྱི་ཁམས་མཚུངས་པར་ལྡན་པ་ལ་ཐུག་པའི་བར་འདི་དག་འདོད་པའི་ཁམས་དང་བསམ་གཏན་དང་པོའི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ན་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དག་ཡིན་ཏེ་རྟོག་པ་དང་དཔྱོད་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བསམ་གཏན་ཁྱད་པར་ཅན་ན་ནི་རྟོག་པ་མེད་པའི་ཕྱིར་རྟོག་པ་མེད་པ་ཡིན་ལ་དཔྱོད་པ་དང་མཚུངས་པར་ལྡན་པའི་ཕྱིར་དཔྱོད་པ་ཙམ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཉིས་པ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་བར་གྱི་ནི་རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པ་ཡིན་ནོ། །ཆོས་ཀྱི་ཁམས་མཚུངས་པར་ལྡན་པ་མ་ཡིན་པ་ཐམས་ཅད་དང་ཞེས་བྱ་བ་ནི་ཅི་རིགས་པར་ཁམས་གསུམ་པའི་གཟུགས་དང་སེམས་དང་ལྡན་པ་མ་ཡིན་པ་དང་འདུས་མ་བྱས་རྣམས་སོ། །བསམ་གཏན་ཁྱད་པར་ཅན་གྱི་དཔྱོད་པ་ནི། རྟོག་པ་མེད་པའི་ཕྱིར་རྟོག་པ་ཡང་མེད་ལ། དཔྱོད་པ་གཉིས་པ་མེད་པའི་ཕྱིར་དཔྱོད་པ་ཡང་མེད་པ་ཡིན་ནོ། །དཔྱོད་པ་རྣམ་པ་གསུམ་པོ་འདི་དག་གི་ནང་དུ་མི་འདུ་ན་ཞེས་བྱ་བ་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོའི་ས་པའི་དཔྱོད་པ་ནི་རེ་ཞིག་རྣམ་པ་དང་པོ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་ཞེས་བྱ་བའི་ནང་དུ་ནི་མི་འདུ་སྟེ། དེ་ནི་རྟོག་པ་དང་བཅས་པ་ཡིན་མོད་ཀྱི་དཔྱོད་པ་དང་བཅས་པ་ནི་མ་ཡིན་ཏེ། དཔྱོད་པ་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ། །གཉིས་པ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་ཞེས་བྱ་བའི་ནང་དུ་ཡང་མི་འདུ་སྟེ་རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་དང་དཔྱོད་པ་གཉིས་པ་མེད་པའི་ཕྱིར་རོ། །གསུམ་པ་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་ཅེས་བྱ་བའི་ནང་དུ་ཡང་མི་འདུ་སྟེ། དེ་ནི་དཔྱོད་པ་གཉིས་པ་མེད་པའི་ཕྱིར། །དཔྱོད་པ་མེད་པ་ཡིན་མོད་ཀྱི་རྟོག་པ་མེད་པ་ནི་མ་ཡིན་
ཏེ། རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་ཅི་སྐད་དུ་བརྗོད་པར་བྱ་ཞེ་ན། དེའི་ཕྱིར་དཔྱོད་པ་མེད་ཅིང་རྟོག་པ་ཙམ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དཔྱོད་པ་གཉིས་པ་མེད་པའི་ཕྱིར་དཔྱོད་པ་མེད་པའོ། །རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་རྟོག་པ་ཙམ་མོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རྟོག་པ་དང་དཔྱོད་པ་དང་བཅས་པའི་ས་ན་དཔྱོད་པ་མེད་ཅིང་རྟོག་པ་ཙམ་ཞེས་བྱ་བ་དཔྱོད་པ་དེ་ལྟ་བུ་ནི་རྣམ་པ་བཞི་པ་ཡིན་ནོ། །ལྷག་མ་རྣམས་ནི་གཉི་ག་སྤངས་ཞེས་བྱ་བ་ནི་ལྷག་མ་ནི་མ་བཤད་པ་གཟུགས་ཅན་གྱི་ཁམས་བཅུ་ཡིན་ནོ། །དེ་དག་རྟོག་པ་མེད་ཅིང་དཔྱོད་པ་ཙམ་ཞིག་གམ་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་ཞིག་ཡིན་སྙམ་དུ་ཐེ་ཚོམ་ཟ་བས་ལྷག་མ་རྣམས་ནི་གཉི་ག་སྤངས་པ་ཁོ་ནའོ་ཞེས་ངེས་པར་འཛིན་པར་བྱེད་པ་ཡིན་ཏེ། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ན་རྣམ་པར་རྟོག་པ་མེད་པ་དག་ཅེས་བྱ་ཞེས་ན་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི། སྔོན་པོའོ་སྙམ་དུ་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །རྣམ་པར་རྟོག་པ་ནི་རྣམ་པ་གསུམ་མོ་ཞེས་གྲག་གོ་ཞེས་བྱ་བ་ལ། གྲག་ཅེས་བྱ་བའི་སྒྲ་ནི་གཞན་གྱི་གཞུང་ལུགས་རྗོད་པར་བྱེད་པ་ཡིན་ནོ། །རང་གི་བསམས་པ་ནི་སེམས་པ་དང་ཤེས་རབ་ཀྱི་ཁྱད་པར་ཡིན་པས་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ཆོས་གཞན་ནི་མེད་དོ་སྙམ་པ་ཡིན་ཏེ། འདི་ལྟར་འདིས་ཕུང་པོ་ལྟན་པ་ལས་རྟོག་པ་གང་ཞེ་ན། ཀུན་ཏུ་རྩོལ་བ་ཡིད་ཀྱི་བརྗོད་པ་དེ་སེམས་པ་དང་ཤེས་རབ་ཀྱི་ཁྱད་པར་གནག་སེམས་རྟིང་བའོ། །དཔྱོད་པ་གང་ཞེ་ན། སོ་སོར་རྟོག་པ་ཡིད་ཀྱི་བརྗོད་པ་སྟེ་སེམས་པ་དང་ཤེས་རབ་ཀྱི་ཁྱད་པར་དེ་བཞིན་དུ་གང་སེམས་ཞི་བ་བའོ་ཞེས་བཤད་དེ། གཏན་ལ་མི་འབེབས་པའི་གནས་སྐབས་ན་ནི་སེམས་པའོ། །གཏན་ལ་འབེབས་པའི་གནས་སྐབས་ན་ནི་ཤེས་རབ་བོ་ཞེས་རྣམ་པར་གཞག་གོ། །།བམ་པོ་དྲུག་པ། དེ་བས་ན་དེ་དག་ལ་ངོ་བོ་ཉིད་ཀྱི་རྟོག་པ་ཡོད་ཀྱི་ཞེས་བྱ་བ་ལ་དེ་བས་ན་ཞེས་བྱ་བ་ནི་ཚིག་གི་ཕྲད་དམ་དེ་ལྟ་བས་ན་ཞེས་བྱ་བའི་དོན་ཡིན་ནོ། །ངོ་བོ་ཉིད་ཁོ་
ནས་རྣམ་པར་རྟོག་པ་རྩིང་བའི་མཚན་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ནི་རྟོག་པ་ཡིན་ནོ། །དེ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་འདི་རྣམས་ལ་མཚུངས་པར་ལྡན་པའི་སྒོ་ནས་ཡོད་དེ་དེ་ལྟ་བས་ན་རྣམ་པར་རྟོག་པ་དང་བཅས་པ་དག་ཅེས་བྱ་བའོ། །གཞན་དག་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་འདི་དག་ལ་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དག་མེད་དེ། དེ་ལྟ་བས་ན་རྣམ་པར་རྟོག་པ་མེད་པ་དག་ཅེས་བྱའོ། །དཔེར་ན་རྟ་རྐང་གཅིག་པ་ལ་རྐང་མེད་ཅེས་བྱ་བ་བཞིན་ནོ་ཞེས་བྱ་བ་ལ། རྐང་པ་གསུམ་བཅད་ནས་རྐང་པ་གཅིག་ཡོད་ཀྱང་རྐང་མེད་ཅེས་བྱ་བ་དེ་བཞིན་དུ་རྣམ་པར་རྟོག་པ་གཅིག་ཡོད་པ་ལ་ཡང་རྣམ་པར་རྟོག་པ་མེད་པ་ཞེས་བྱའོ། །དེ་ནི་ངེས་པར་རྟོག་པའི་རྣམ་པར་རྟོག་པའོ་ཞེས་བྱ་བ་ནི་ཡིད་ཀྱི་ཤེས་རབ་མཉམ་པར་གཞག་པ་མ་ཡིན་པ་ཐོས་པ་དང་བསམས་པ་ལས་བྱུང་བ་དང་སྐྱེས་ནས་ཐོབ་པའོ། །དེ་ནི་ཡིད་ལ་ཡོད་པས་ན་ཡིད་ཀྱིའོ། །གཡེང་ཞེས་བྱ་བ་ནི་སྣ་ཚོགས་པ་སྟེ་དམིགས་པ་སྣ་ཚོགས་པ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་ཟབ་པ་དང་བྲལ་བ་སྟེ་ཡང་དང་ཡང་རུ་དམིགས་པ་ལ་བརྟེན་པའི་གཡེང་བའོ། །ཅིའི་ཕྱིར་ངེས་པར་རྟོག་པའི་རྣམ་པར་རྟོག་པ་ཞེས་བྱ་ཞེ་ན། དམིགས་པ་དེ་དང་དེ་ལ་མིང་དུ་ལྟོས་ནས་འཇུག་པའི་ཕྱིར་དང་གཟུགས་དང་ཚོར་བ་དང་མི་རྟོག་པ་དང་སྡུག་བསྔལ་བ་ཞེས་བྱ་བ་ལ་སོགས་པར་ངེས་པར་རྟོག་པའི་ཕྱིར་རོ། །མཉམ་པར་གཞག་པ་ནི་བསྒོམས་པ་ལས་བྱུང་བ་སྟེ་མིང་ལ་མི་ལྟོས་པར་དམིགས་པ་ལ་འཇུག་པས་འདི་ནི་ངེས་པར་རྟོག་པའི་རྣམ་པར་རྟོག་པ་ཞེས་མི་བྱའོ། །ཡིད་ཀྱི་དྲན་པ་ཉིད་མཉམ་པར་གཞག་པ་དང་མཉམ་པར་གཞག་པ་མ་ཡིན་པ་ཐམས་ཅད་ཅེས་བྱ་བ་ནི་མཉམ་པར་གཞག་པ་དང་མཉམ་པར་གཞག་པ་མ་ཡིན་པའོ། །དེ་ནི་མཚན་ཉིད་དྲན་པ་གང་ཞེ་ན། སེམས་ཀྱིས་མངོན་པར་བརྗོད་པའོ་ཞེས་འབྱུང་བའི་ཕྱིར་མིང་ལ་མི་ལྟོས་པར་དམིགས་པའི་དོན་ཉམས་སུ་མྱོང་བ་ཙམ་ལ་འཇུག་པ་ཡིན་ནོ་ཞེས་གྲག་གོ །རྣམ་པར་ཤེས་པའི་ཚིགས་ལྔ་དང་མཚུངས་པར་ལྡན་པ་ནི་ཉམས་སུ་མྱོང་བ་
དོན་མངོན་པར་བརྗོད་པ་ལ་འཇུག་པ་མ་ཡིན་པའི་ཕྱིར་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ཡིན་པར་མི་འདོད་དོ། །དམིགས་བཅས་སེམས་ཀྱི་ཁམས་བདུན་ནོ། །ཞེས་བྱ་བ་ནི་བདུན་ཁོ་ན་དམིགས་པ་དང་བཅས་པ་ཡིན་ལ་དམིགས་པ་དང་བཅས་པ་ཁོ་ན་བདུན་ཡིན་ནོ་ཞེས་གཉི་གར་ངེས་པར་བཟུང་བ་ཡིན་ནོ། །ཆོས་ཀྱི་ཕྱེད་ཀྱང་དམིགས་པ་དང་བཅས་པ་ཡིན་ཏེ་ཞེས་བྱ་བ་འདི་ནི་བཤད་ཟིན་པ་ལས་མ་གཏོགས་པར་བརྗོད་པ་ཡིན་ཏེ། འདིར་ཡང་ཆོས་ཀྱི་ཕྱེད་ཁོ་ན་དམིགས་པ་དང་བཅས་པ་ཡིན་ལ་དམིགས་པ་དང་བཅས་པ་ཁོ་ན་ཡང་ཆོས་ཀྱི་ཕྱེད་ཡིན་ནོ་ཞེས་གཉི་གར་ངེས་པར་གཟུང་བ་ཡིན་ནོ། །གང་གི་ཕྱིར་བདུན་ཁོ་ན་དམིགས་པ་དང་བཅས་པ་དང་ཆོས་ཀྱི་ཕྱེད་ཁོ་ན་དམིགས་པ་དང་བཅས་པའོ་ཞེས་བྱ་བར་ངེས་པར་བཟུང་བ་ཡོད་པ་དེའི་ཕྱིར། །ལྷག་མ་གཟུགས་ཅན་གྱི་ཁམས་བཅུ་པོ་དག་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་ལྡན་པ་མ་ཡིན་པ་ནི་དམིགས་པ་མེད་པ་ཞེས་བྱ་བར་གྲུབ་པོ་ཞེས་བྱ་བར་བཤད་པ་ཡིན་ནོ། འདི་ལྟར་ངེས་པར་མ་བཟུང་ན་ནི་དོན་འདི་གྲུབ་པར་མི་འགྱུར་རོ། །མ་ཟིན་དགུ་ཞེས་བྱ་བ་ནི་དགུ་ནི་མ་ཡིན་པ་ཁོ་ནའོ་ཞེས་ངེས་པར་བཟུང་བ་ཡིན་ནོ། །བརྒྱད་པའི་ཕྱེད་དང་བཅས་ཏེ་ཞེས་བྱ་བ་ནི་ལྷན་ཅིག་ཅེས་བྱ་བའི་ཐ་ཚིག་གོ ། བརྒྱད་པོ་དེ་དག་རྣམས་ཞེས་བྱ་བ་ནི་སེམས་ཀྱི་ཁམས་བདུན་པོ་དེ་དག་དང་གང་གི་ཕྱེད་དམིགས་པ་དང་བཅས་པར་བཤད་པའི་ཆོས་ཀྱི་ཁམས་སོ། །བརྒྱད་སྨོས་པ་ནི་ཆོས་ཀྱི་ཁམས་ཀྱི་ཕྱེད་བསྡུས་པར་ཤེས་པར་འགྱུར་ན་མི་རུང་བས་ཆོས་ཀྱི་ཁམས་མཐའ་དག་བསྡུ་བའི་དོན་ཡིན་ཏེ། བརྒྱད་པོ་དེ་དག་དང་གཞན་སྒྲ་དང་དགུ་ནི་མ་ཟིན་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དགུ་པོ་གཞན་ནི་རྣམ་པ་གཉིས་ཞེས་བྱ་བ་ལ་དགུ་ནི་མིག་ལ་སོགས་པ་ལྔ་དང་སྒྲ་མ་གཏོགས་པ་གཟུགས་ལ་སོགས་པ་བཞིའོ། །དེ་དག་ནི་རྣམ་པ་གཉིས་ཁོ་ན་སྟེ། ཟིན་པ་དང་མ་ཟིན་པ་ཁོ་ན་ཡིན་ཞེས་བྱ་བའི་ཐ་ཚིག་གིས་ཟིན་པ་ཁོ་ན་མི་མ་ཡིན་ནོ་ཞེས་བྱ་བ་འདིའི་དོན་དུ། །དགུ་པོ་གཞན་ནི་རྣམ་པ་གཉིས། །ཞེས་བྱ་བ་མདོར་བྱས་སོ། །ཕན་པ་དང་གནོད་པ་དག་གིས་ཕན་ཚུན་མཐུན་པར་
བྱེད་པའི་ཕྱིར་ཞེས་བྱ་བ་ནི་མིག་གི་ཁམས་ལ་སོགས་པ་ལ་ཕན་པ་དང་གནོད་པ་མིག་སྨན་དང་ལག་པས་བསྣུན་པ་ལ་སོགས་པའི་མཚན་ཉིད་དག་གིས་ཀྱང་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ཕན་པ་དང་གནོད་པ་དག་ཏུ་འགྱུར་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ཕན་པ་དང་གནོད་པ་ཡིད་བདེ་བ་དང་ཡིད་མི་བདེ་བའི་མཚན་ཉིད་དག་གིས་ཀྱང་མིག་གི་ཁམས་ལ་སོགས་པ་ལ་ཕན་པ་དང་གནོད་པ་དག་ཏུ་འགྱུར་རོ། །དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་རྟེན་གྱི་དངོས་པོས་ཉེ་བར་བཟུང་བ་ཞེས་བྱ་བ་སྟེ། བདག་གིར་བྱས་ཞེས་བྱ་བའི་ཐ་ཚིག་གོ །འཇིག་རྟེན་ན་སེམས་པ་དང་བཅས་པ་ཞེས་བརྗོད་པ་གང་ཡིན་པའོ་ཞེས་བྱ་བ་ནི་སྲོག་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ །རེག་བྱ་རྣམ་པ་གཉིས་ཡིན་ཏེ། །ཞེས་བྱ་བ་ནི་རེག་བྱ་ཁོ་ན་རྣམ་པ་གཉིས་ཡིན་ལ་རྣམ་པ་གཉིས་ཁོ་ན་རེག་བྱ་ཡིན་ནོ་ཞེས་གཉི་གར་ངེས་པར་བཟུང་བ་ཡིན་ནོ། །ལྷག་མ་གཟུགས་ཅན་དགུ་པོ་ནི། །འབྱུང་གྱུར་ཅེས་བྱ་བ་འདིར་ཡང་གཉི་གར་ངེས་པར་བཟུང་བ་ཡིན་ནོ། །ཆོས་ཁམས་ཕྱོགས་གཅིག་ཀྱང༌། འབྱུང་བ་ལས་གྱུར་པ་ཡིན་ཞེས་བྱ་བ་འདིར་ཡང་གཉི་གར་ངེས་པར་བཟུང་བ་ཡིན་ནོ། །གང་གི་ཕྱིར་འདི་དག་གཉི་གར་ངེས་པར་བཟུང་བ་དེའི་ཕྱིར། །ལྷག་མ་སེམས་ཀྱི་ཁམས་བདུན་དང་རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པ་ཆོས་ཀྱི་ཁམས་ནི་གཉི་ག་མ་ཡིན་པའོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །འབྱུང་བ་རྣམ་པ་བཞི་ཉིད་དང་སྲ་བ་ལ་སོགས་པའི་མཚན་ཉིད་དུ་ངེས་པར་བཟུང་བའི་ཕྱིར་ཞེས་བྱ་བ་ནི་བཞི་ཉིད་དུ་ངེས་པར་བཟུང་བའི་ཕྱིར་རེག་བྱའི་ཁམས་ལ་ས་དང་ཆུ་དང་མེ་དང་རླུང་གི་ཁམས་དང་འབྱུང་བ་བཞི་ཡོད་པ་ཡིན་ནོ། །དེ་ལ་འཇམ་པ་ཉིད་ལ་སོགས་པ་དང་མིག་ལ་སོགས་པ་ནི་འབྱུང་བ་དག་མ་ཡིན་ནོ། །སྲ་བ་ལ་སོགས་པའི་མཚན་ཉིད་དུ་ངེས་པར་བཟུང་བའི་ཕྱིར་ས་དང་ཆུ་དང་མེ་དང་རླུང་གི་ཁམས་དག་གི་ནང་དུ་མིག་ལ་སོགས་པ་ཆོས་གཞན་འདུ་བར་མི་འགྱུར་རོ། །ཇི་ལྟ་ཞེ་ན། འབྱུང་བ་ཆེན་པོ་བཞི་ནི་སའི་ཁམས་
དང་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་སོ། །སའི་ཁམས་གང་ཞེ་ན། སྲ་བ་ཉིད་དོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །དེ་དག་ཀྱང་རེག་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྲ་བ་ལ་སོགས་པ་དེ་དག་རེག་བྱ་ཡིན་པའི་ཕྱིར་རོ། །འདི་ལྟར་དེ་དག་ནི་རེག་བྱ་ཡིན་ལ་ཁ་དོག་ལ་སོགས་པ་ནི་བལྟ་བྱ་དང་མཉན་བྱ་དང་བསྣམ་བྱ་དང་མྱང་བྱ་ཡིན་ནོ། །དེ་དག་རེག་བྱ་ཡིན་པར་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་སྨྲས་པ། མིག་ལ་སོགས་པས་ཀྱང་སྲ་བ་ལ་སོགས་པ་མི་འཛིན་ཏོ། །འོ་ན་ཅི་ཞེ་ན། ལུས་ཀྱི་དབང་པོ་ཁོ་ནས་ཏེ། དེའི་ཕྱིར་དེ་དག་ནི་རེག་བྱ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །གལ་ཏེ་ཁ་དོག་ལ་སོགས་པ་དེ་དག་ཀྱང་རེག་བྱ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་ལུས་ཀྱི་དབང་པོས་ཀྱང་ཁ་དོག་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཅི་ཞེ་ན་འཛིན་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། །མདོ་ལས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་གཞན་ལས་ཀྱང་རྒྱས་པར་བསྟན་པ་ཡིན་ནོ། །ཇི་ལྟར་ཞེ་ན། དགེ་སློང་རེག་བྱ་རྣམས་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་ཅན་བསྟན་དུ་མེད་པ་ཐོགས་པ་དང་བཅས་པའོ་ཞེས་བྱ་བའི་བར་འདི་རྒྱས་པར་གསུངས་ཏེ། ལྷག་མ་མིག་ལ་སོགས་པའི་སྐྱེ་མཆེད་ནི་འབྱུང་བ་དག་མ་ཡིན་ཞེས་གསལ་བར་ཀུན་ཏུ་བསྟན་པ་ཡིན་ནོ། །འོ་ན་མདོ་ལས་གང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མིག་གི་ཤའི་གོང་བུ་ལ་སྲ་བ་དང་མཁྲང་བར་གྱུར་པ་གང་ཡིན་པ་ཞེས་བྱ་བ་ནི་མཁྲང་བའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་སྟེ། མིག་གི་དབང་པོ་ནི་སྲ་བའི་ངོ་བོ་ཉིད་ཡིན་ནོ་སྙམ་དུ་བསམས་ནས་རྒོལ་བར་བྱེད་པ་ཡིན་ནོ། །དེ་དང་ཐ་མི་དད་པར་འདུག་པའི་ཤའི་གོང་བུ་ལ་དེ་སྐད་དུ་བསྟན་པར་ཟད་དོ་ཞེས་བྱ་བ་ནི་མིག་གི་དབང་པོ་དང་ཐ་མི་དད་པར་འདུག་པའི་རྟེན་ལ་དེ་སྐད་ཅེས་བརྗོད་པ་ཡིན་ནོ། །མིག་གི་རྟེན་ལ་ཡང་མིག་ཉེ་བར་འདོགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཤའི་གོང་བུ་ཞེས་སྨོས་ཀྱི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དབང་པོ་ཁོ་ན་ཡིན་པར་བཞེད་ན་མིག་ལ་ཞེས་བྱ་བ་ཁོ་ན་ཞིག་
བཤད་པར་འགྱུར་རོ། །མི་འདི་ནི་ཁམས་དྲུག་པ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མངལ་དུ་འཇུག་པའི་སྒོ་ལས་སམ་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ནའོ། །འབྱུང་བ་ཙམ་ཡིན་པར་བསྟན་པའི་ཕྱིར་འབྱུང་བ་ལས་གྱུར་པ་མེད་དོ་ཞེས་བྱ་བའི་ཀླན་ཀའི་དོགས་པ་བསྡུ་བར། སེམས་ཅན་གྱི་རྫས་ཀྱི་གཞི་བསྟན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སེམས་ཅན་གྱི་རྫས་ཀྱི་གཞི་ཡང་དག་པར་བསྟན་པའི་ཕྱིར་རོ། །ས་ལ་སོགས་པ་བཞི་ནི་སེམས་ཅན་གྱི་གཞི་ཡིན་ཏེ། དེ་རྣམས་ལ་སོགས་པ་རེག་པའི་སྐྱེ་མཆེད་ལྔ་པོ་དག་འབྱུང་བའི་ཕྱིར་རོ། །ཡིད་ཀྱི་ཁམས་ཀྱང་སེམས་ཀྱི་གཞི་ཡིན་ཏེ། དེ་ལས་ཡིད་ཀྱི་རིག་པའི་སྐྱེ་མཆེད་འབྱུང་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་སའི་ཁམས་ལ་སོགས་པ་བཞི་ནི་རྒྱུར་བྱས་པའི་གཟུགས་ཀྱི་རྟེན་ཡིན་པའི་ཕྱིར་ལ། རྣམ་པར་ཤེས་པའི་ཁམས་ཀྱང་སེམས་ལས་བྱུང་བ་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་སེམས་ཅན་གྱི་གཞི་ཡིན་ནོ། །ཇི་ལྟར་ཤེས་ཤེ་ན། ཡང་རེག་པའི་སྐྱེ་མཆེད་དྲུག་ཅེས་གསུངས་པའི་ཕྱིར་ཏེ་མདོ་དེ་ཉིད་ལས་ཕྱིས་རེག་པའི་སྐྱེ་མཆེད་ནི་དྲུག་སྟེ། མིག་གི་རེག་པའི་སྐྱེ་མཆེད་ནས་ཡིད་ཀྱི་རེག་པའི་སྐྱེ་མཆེད་ཀྱི་བར་རོ་ཞེས་བྱ་བ་གསུངས་སོ། །དེའི་ཕྱིར་དགེ་སློང་མི་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་གསུངས་པ་ནི་སེམས་ཅན་གྱི་རྫས་ཀྱི་གཞི་ཡང་དག་པར་བསྟན་པའི་ཕྱིར་ཡིན་གྱི་འབྱུང་བ་ཙམ་དུ་གནས་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །ཇི་ལྟར་རྣམ་པར་ཤེས་པའི་ཁམས་ལས་ཐ་དད་པ་མ་ཡིན་ཡང༌། ཡང་ཡིད་ཀྱི་སྐྱེ་མཆེད་སྨོས་པ་དེ་བཞིན་དུ་མིག་ལ་སོགས་པ་ཡང་ཁམས་བཞི་ལས་ཐ་དད་པ་མ་ཡིན་བཞིན་དུ་ཡང་བརྗོད་པར་གྱུར་པ་ཞིག་མ་ཡིན་ནམ། དེའི་ཕྱིར་ཡང་རེག་པའི་སྐྱེ་མཆེད་སྨོས་པས་འབྱུང་བ་ལས་གྱུར་པ་ལོགས་ཤིག་ན་ཡོད་པ་ཉིད་དུ་མ་གྲུབ་པོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་སའི་ཁམས་ལ་སོགས་པ་ཁོ་ན་རེག་པའི་སྐྱེ་མཆེད་དག་ཡིན་པར་གྱུར་ན་དེ་དག་ཉིད་ཀྱི་རེག་པའི་སྐྱེ་མཆེད་ཅེས་བྱ་བ་ཁོ་ན་བཤད་པར་འགྱུར་བ་ཞིག་ན་དེ་ལྟ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མིག་གི་རེག་པའི་སྐྱེ་མཆེད་ནས་ཡིད་ཀྱི་རེག་པའི་སྐྱེ་མཆེད་ཀྱི་བར་རོ་ཞེས་གསུངས་ཏེ། དེའི་ཕྱིར་སའི་ཁམས་ལ་སོགས་པ་མ་གཏོགས་པ་མིག་ལ་སོགས་པ་ཡོད་དོ་ཞེས་བྱ་
བར་ཤེས་སོ། །རྣམ་པར་ཤེས་པའི་ཁམས་ནི་མིག་ལ་སོགས་པའི་རེག་པའི་སྐྱེ་མཆེད་སྨོས་པའི་ཞར་ལ་ཡང་བརྗོད་པར་ཟད་དོ། །རེག་པའི་སྐྱེ་མཆེད་ཅེས་བྱ་བའི་དོན་གང་ཡིན་ཞེ་ན། སེམས་ལས་བྱུང་བ་རག་པའི་རྟེན། །ཞེས་བྱ་བའི་ཐ་ཚིག་གོ །སེམས་ལས་བྱུང་བ་རྣམས་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་དགེ་སློང་མི་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་གསུངས་པ་སྒྲ་ཇི་བཞིན་ཁོ་ནར་རྫས་རྣམས་བཟུང་གི་དེ་ལ་བརྟེན་པའི་རྫས་གཞན་དག་མ་ཡིན་ན་དེས་ན་འདིར་རྣམ་པར་ཤེས་པའི་ཁམས་ཙམ་སྨོས་པའི་ཕྱིར་དེ་ལ་བརྟེན་པ་སེམས་ལས་བྱུང་བ་རྣམས་མ་བསྡུས་པར་ཐལ་བར་འགྱུར་རོ་ཞེས་བྱ་བར་འདིར་འགྱུར་རོ། །གལ་ཏེ་འདོད་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། མ་ཡིན་ཏེ། ཕྱོགས་འདི་ནི་ཉེས་པ་དང་བཅས་པའི་ཕྱིར་རོ། །སེམས་ལས་བྱུང་བ་རྣམས་ནི་སེམས་ཀྱི་ཁྱད་པར་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ནི་རང་གི་གྲུབ་པའི་མཐའ་དང་འགལ་བའི་ཕྱིར་ཉེས་པ་དང་བཅས་པ་ཡིན་ནོ། །དེའི་ཕྱིར་སེམས་ཉིད་སེམས་ལས་བྱུང་བ་རྣམས་ཡིན་ནོ་ཞེས་ཁས་བླང་བར་ཡང་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཞེ་ན། མདོ་ལས་འདུ་ཤེས་དང་སེམས་པའི་ཆོས་འདི་ནི་སེམས་ལས་བྱུང་བ་སེམས་ལ་བརྟེན་པའོ་ཞེས་འབྱུང་བའི་ཕྱིར་རོ། །འདིར་བསྒྲུབ་པ་ཡང་འབྱུང་སྟེ། འདུ་ཤེས་དང་ཚོར་བ་དག་ནི་སེམས་ལས་དོན་གཞན་དུ་གྱུར་པ་ཡིན་ཏེ། ཕུང་པོ་བསྟན་པ་ལོགས་ཤིག་ཏུ་བསྟན་པའི་ཕྱིར་གཟུགས་ཀྱི་ཕུང་པོ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་འདུ་ཤེས་དང་ཚོར་བ་དག་ནི་རང་གི་རྟེན་ལས་དོན་གཞན་དུ་གྱུར་པ་ཡིན་ཏེ། དེ་ལ་བརྟེན་པའི་ཕྱིར་རོ། །གང་ཞིག་རང་གི་རྟེན་ལ་བརྟེན་པ་དེ་ནི་རང་གི་རྟེན་ལས་དོན་གཞན་དུ་གྱུར་པ་ཡིན་ཏེ། དཔེར་ན་རྩིག་པ་ལ་བརྟེན་པའི་རི་མོ་ལྟ་བུའོ། །སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་འདོད་ཆགས་དང་བཅས་པས་འདོད་ཆགས་དང་བཅས་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །སེམས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །སེམས་ཞེ་སྡང་དང་བཅས་པ་ལ་ཞེ་སྡང་དང་བཅས་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བ་རྒྱས་
པར་འབྱུང་བ་ཡིན་ནོ། །འདིར་སྒྲུབ་པ་ནི་སེམས་འདོད་ཆགས་དང་བཅས་པའོ་ཞེས་བྱ་བ་སེམས་འདོད་ཆགས་དང་ཕན་ཚུན་དོན་གཞན་པ་ཉིད་ཡིན་ནོ། །ལྷན་ཅིག་ལྡན་པར་བསྟན་པས་བསྟན་པའི་ཕྱིར་ནག་པ་བུ་དང་བཅས་པ་ཞེས་བྱ་བ་བཞིན་ནོ། །གཟུགས་ཅན་བཅུ་ནི་བསགས་པའོ། །ཞེས་བྱ་བ་ནི་བཅུ་ཁོ་ན་རྡུལ་ཕྲ་རབ་བསགས་པའི་ངོ་བོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ངེས་པར་བཟུང་བ་འདིས་ན་ཁམས་གཞན་དག་ནི་བསགས་པ་མ་ཡིན་ནོ་ཞེས་བྱ་བར་འགྲུབ་པོ། །ཕྱི་རོལ་གྱི་ནི་ཁམས་བཞི་ཡིན། །ཞེས་བྱ་བ་ནི་སྒྲ་མ་གཏོགས་པ་གཟུགས་ལ་སོགས་པའོ། །དགྲ་སྟ་དང་ཤིང་ཞེས་བྱ་བ་ལ་སོགས་པའོ་ཞེས་བྱ་བ་ནི་དགྲ་སྟ་ཞེས་བྱ་བ་ལ་སོགས་པ་ནི་གཅོད་པར་བྱེད་པ་ཡིན་ལ་ཤིང་ཞེས་བྱ་བ་ལ་སོགས་པ་ནི་གཅད་པར་བྱ་བ་ཡིན་ཏེ། སྲིད་པའི་ཕྱིར་དེ་སྐད་ཅེས་བཤད་ཀྱི་རེས་འགའ་ནི་དགྲ་སྟ་ཞེས་བྱ་བ་ལ་སོགས་པ་ཡང་གཅད་པར་བྱ་བ་ཡིན་ཏེ། །འབྲེལ་བ་འབྱུང་བ་ཅན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ལ་འབྲེལ་པར་འབྱུང་བ་ནི་རྣམ་པར་མ་བྱེ་བར་འབྱུང་བའི་ངང་ཚུལ་ཡོད་པས་ན་འདུས་པའི་རྒྱུན་འབྲེལ་བར་འབྱུང་བ་ཅན་ཡིན་ཏེ། གཟུགས་ལ་སོགས་པ་འདུས་པའི་རྒྱུན་ཞེས་བྱ་བའི་ཐ་ཚིག་གོ །དེ་རྣམ་པར་འབྱེད་པ་སྐྱེད་པ་གང་ཡིན་པ་ནི་རྣམ་པར་འབྱེད་པ་སྐྱེད་པར་བྱེད་པ་ཡིན་ཏེ། དེ་ནི་གཅོད་པ་ཡིན་ནོ། །དངོས་པོ་སྐད་ཅིག་མ་རྣམས་དགྲ་སྟ་ལ་སོགས་པ་མེད་ཀྱང་འཆད་པར་འགྱུར་བ་ཁོ་ན་ཡིན་མོད་ཀྱི་རྒྱུན་འགག་པ་ནི་དགྲ་སྟ་ལ་སོགས་པ་ཡིན་པས་དགྲ་སྟ་ལ་སོགས་པས་གཅོད་པར་བྱེད་པ་ཡིན་ནོ་ཞེས་བཤད་དེ། རྒྱུ་ཚོགས་པའི་ཁྱད་པར་གྱི་དབང་གིས་འབྲས་བུའི་ཁྱད་པར་འབྱུང་བ་ཡིན་ནོ། །དེ་ལ་ཁམས་བཞི་པོ་ཁོ་ན་གཅོད་པར་བྱེད་པ་དང་གཅད་པར་བྱ་བ་ཡིན་ནོ་ཞེས་ངེས་པར་བཟུང་སྟེ། དེ་ལྟར་ངེས་པར་བཟུང་བས་ཁམས་གཞན་དག་ནི་གཉི་ག་མ་ཡིན་པའོ་ཞེས་བྱ་བ་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་ལུས་ཀྱི་དབང་པོ་ལ་སོགས་པ་ནི་གཅད་པར་བྱ་བ་མ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདིར་ནི་མིག་གི་དབང་པོ་ལ་སོགས་པ་ལ་ཞེས་བརྗོད་པར་བྱ་བ་ཡིན་པ་ལས། ཅིའི་ཕྱིར་ལུས་ཀྱི་དབང་པོ་ལ་སོགས་པ་ཞེས་སྨོས་ཤེ་ན། འདི་ལྟར་གལ་ཏེ་འཆད་པར་འགྱུར་ན་ལུས་ཀྱི་དབང་པོ་ལ་བཅད་པ་ཡོངས་སུ་གསལ་བར་འགྱུར་བས། དེའི་ཕྱིར་
ལུས་ཀྱི་དབང་པོ་ལ་སོགས་པའི་དབང་པོ་དག་བརྗོད་དོ། །ཡན་ལག་མ་ལུས་པར་བཅད་ཅིང་ཡན་ལག་དག་ཉིང་ལག་བཅད་ན་དེ་དག་ལ་གཉིས་སུ་བྱར་མེད་པའི་ཕྱིར་ཏེ་ལུས་ཀྱི་དབང་པོ་ལ་སོགས་པ་དེ་དག་གཉིས་སུ་བྱར་མེད་པའི་ཕྱིར་རོ། །དེ་དག་ལ་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་ཡང་སྨྲས་པ། དབང་པོ་རྣམས་ལ་ནི་གཉིས་སུ་འགྱུར་བ་མེད་དེ་བཅད་པའི་ཡན་ལག་ལུས་དང་བྲལ་བ་ལ་དབང་པོ་མེད་པའི་ཕྱིར་རོ། །ཡན་ལག་བཅད་པ་ལུས་དང་བྲལ་བ་གང་ཡིན་པ་དེ་ལ་དབང་པོ་མེད་དོ་ཞེས་བྱ་བ་འདི་ཡང་ཇི་ལྟ་ཤེས་ཤེ་ན། འདི་ལྟར་དེ་དག་དང་རེག་བྱ་ལ་སོགས་པ་ལ་བརྟེན་ནས་ལུས་ལ་སོགས་པའི་རྣམ་པར་ཤེས་པ་མི་སྐྱེའོ། །འོ་ན་ཇི་ལྟར་སྣའི་རྩེ་མོ་བཅད་དེ་ཡང་སྦྱར་བས་ལུས་ཀྱི་རྣམ་པར་ཤེས་པ་བསྐྱེད་ཅེ་ན། སྣའི་དྲུང་བ་དང་འབྲེལ་པས་ཡང་ལུས་ཀྱི་དབང་པོ་སྐྱེ་བའི་ཕྱིར་ཉེས་པ་མེད་དོ། །གལ་ཏེ་དེ་ལ་ལུས་ཀྱི་དབང་པོ་མེད་ན་ཇི་ལྟར་འདི་ན་རྨིགས་བུ་ལ་སོགས་པའི་མཇུག་མ་བཅད་པ་དག་འགུལ་ཞེ་ན། དེ་ནི་རླུང་གི་ཁམས་ཀྱི་འགྱུར་བ་ཡིན་གྱི་ལུས་ཀྱི་དབང་པོའི་ལས་ནི་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གཅོད་པར་བྱེད་པ་ཡང་མ་ཡིན་ཏེ། ནོར་བུའི་འོད་བཞིན་དུ་དང་བའི་ཕྱིར་རོ་ཞེས་བྱ་བ་ནི་དཔེར་ན་ནོར་བུའི་འོད་དང་པའི་ཕྱིར་གཅོད་པར་བྱེད་པ་མ་ཡིན་པ་ལྟར་དབང་པོ་རྣམས་ཀྱང་དེ་དང་འདྲའོ། །དེ་བཞིན་བསྲེག་བྱ་འཇལ་བྱེད་པའོ། །ཞེས་བྱ་བའི་དེ་བཞིན་ཞེས་བྱ་བའི་སྒྲས་ནི་ཕྱིའི་ཁམས་བཞི་པོ་དེ་དག་ཉིད་དེ་དང་འདྲ་བའི་དོན་དུ་རབ་ཏུ་སྟོན་པར་བྱེད་པ་ཡིན་ནོ། །ཤིང་ལ་སོགས་པ་མེས་བྱས་པའི་འགྱུར་བ་ནི་སྲེག་པ་ཡིན་ལ་དེ་ཡང་དབང་པོ་དག་ལ་མེད་དེ། ནོར་བུའི་འོད་བཞིན་དུ་དང་པའི་ཕྱིར་རོ། །དེ་དག་ནི་ཤིང་ལ་སོགས་པ་ལྟ་བུའམ་པགས་པ་ལ་སོགས་པ་ལྟ་བུར་འགྱུར་བ་མེད་དོ། །འོ་ན་ཅི་ཞེ་ན། དེ་དང་འབྲེལ་པ་ལས་རྒྱུན་ཆད་པར་འགྱུར་རོ། །ཁམས་བཞི་པོ་དེ་དག་ཉིད་སྲང་ལ་སོགས་པར་གྱུར་པ་ནི་འཇལ་བར་བྱེད་པ་ཡིན་གྱི་དབང་པོ་རྣམས་ནི་མ་ཡིན་ཏེ། དེ་བཞིན་དུ་གསལ་བའི་ཕྱིར་རོ། །ཁམས་ལུས་ཅན་མ་ཡིན་པ་རྣམས་ནི་ལུས་མེད་པ་ཉིད་ཀྱི་ཕྱིར་བཅད་པ་ལ་སོགས་པ་མི་སྲིད་པས་དེ་དག་གི་བཅད་པ་ལ་སོགས་པ་བསམ་པར་མི་བྱའོ། །སྒྲ་ཡང་མ་ཡིན་ཏེ་ཆད་པ་ཡིན་པའི་ཕྱིར་རོ་ཞེས་
བྱ་བ་ཅི་ཞེ་ན། གཅོད་པར་བྱེད་པ་དང་གཅོད་པར་བྱ་བ་འམ་བསྲེག་པར་བྱ་བའམ་འཇལ་བར་བྱེད་པ་སྟེ། རྒྱུན་ཆགས་པར་མི་འདུག་པའི་ཕྱིར་རོ། །སྲེག་དང་གཞལ་ལ་མི་མཐུན་སྨྲ། །ཞེས་བྱ་བ་ནི་སྒྲ་ཡང་མ་ཡིན་ཏེ། ཆད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་འོག་མ་ལ་ཡང་སྦྱར་བར་བྱའོ། །ཁ་ཅིག་ནི་བསམ་པ་ནི་ཁམས་བཞི་པོ་དེ་དག་ཉིད་སྲེག་པར་བྱེད་པ་ཡང་ཡིན་ལ་འཇལ་བར་བྱེད་པ་ཡང་ཡིན་ཏེ། སྲེག་པར་བྱེད་པ་ནི་མེ་དང་རྩི་དྲག་པོ་ལ་སོགས་པ་ཡིན་ལ་དེ་ལ་ཡང་ཁམས་བཞི་པོ་སྤྱིར་ཐལ་བ་ལ་སོགས་པ་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །གཞལ་བར་བྱ་བ་ནི་ལན་ཚྭ་ལ་སོགས་པ་ཡིན་ལ། དེ་ལ་ཡང་སྤྱིར་སྲང་མདའི་མགོ་དམའ་བར་བྱེད་པའི་རྒྱུ་ཡིན་ནོ་སྙམ་པ་ཡིན་ནོ། །མེའི་ཁམས་ཁོ་ན་སྲེག་པར་བྱེད་པ་ཡིན་ལ་ལྕི་བ་ཉིད་ཁོ་ན་གཞལ་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་མེའི་ཁམས་མེ་འབར་བ་ལ་སོགས་པའི་རྣམ་པ་བྱ་བ་ལ་ཤས་ཆེ་བ་ཁོ་ན་སྲེག་པར་བྱེད་པ་ཡིན་ཏེ། སའི་ཁམས་ལ་སོགས་པ་ནི་རང་གི་བྱ་བ་ལ་ཤས་ཆེ་བ་ཉིད་ཡིན་ཡང་སྲེག་པར་བྱེད་པ་ཉིད་མ་ཡིན་པ་མཐོང་བའི་ཕྱིར་རོ། །རྒྱུར་བྱས་པའི་གཟུགས་ལྕི་བ་ཉིད་བྱ་བ་ལ་ཤས་ཆེ་བ་ཁོ་ན་གཞལ་བར་བྱ་བ་ཡིན་ཏེ། སྣང་བ་ལ་སོགས་པ་རྫས་ཡང་བ་ལ་གཟུགས་ལ་སོགས་པ་བྱ་བ་ལ་ཤས་ཆེ་བ་ཉིད་ཡིན་ཡང་གཞལ་བར་བྱ་བ་ཉིད་མ་ཡིན་པར་མཐོང་བའི་ཕྱིར་རོ། །ནང་གི་ལྔ་ཞེས་བྱ་བ་ལ་ནང་གི་ཞེས་བྱ་བ་སྨོས་པ་ནི་གཟུགས་ལ་སོགས་པ་བཟློག་པའི་ཕྱིར་རོ། །ལྔ་སྨོས་པ་ནི་ཡིད་ཀྱི་བཟློག་པའི་ཕྱིར་རོ། །ནང་གི་ལྔ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དང་རྒྱས་པ་ལས་བྱུང་བ་ཁོ་ན་ཡིན་གྱི་རྒྱུ་མཐུན་པ་ལས་བྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལས་མ་གཏོགས་པ་རྒྱུ་མཐུན་པ་མེད་པའི་ཕྱིར་རོ། །རྒྱུ་མཐུན་པ་ནི་རྒྱུ་དང་འདྲ་བ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་དང་རྒྱས་པ་ལས་བྱུང་བ་དག་ཀྱང་རྒྱུ་མཐུན་པ་ལས་བྱུང་བ་ནི་ཡིན་མོད་ཀྱི་དེ་དག་རྣམ་པར་སྨིན་པ་ལས་སྐྱེས་པ་དང་རྒྱས་པ་ལས་བྱུང་བ་ཉིད་ཁོ་ནས་བསྡུས་པའི་ཕྱིར་རྒྱུ་མཐུན་པ་ལས་བྱུང་བའོ་ཞེས་བྱ་བར་མི་བཟུང་བའི་ཕྱིར་ནི་གང་དག་རང་གི་རྒྱུ་དང་འདྲ་བ་ཡང་ཡིན་ལ་རྣམ་པར་སྨིན་པ་ལས་སྐྱེས་པ་དང་རྒྱས་པ་ལས་བྱུང་བ་ཡང་མ་ཡིན་པ་དེ་དག་རྒྱུ་མཐུན་
པ་ལས་བྱུང་བ་ཡིན་པར་འདོད་དོ། །མིག་ལ་སོགས་པ་ནི་དེ་ལྟ་བུ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པར་སྨིན་པ་ལས་སྐྱེས་པ་དང་རྒྱས་པ་ལས་བྱུང་བ་དག་ཡིན་ཏེ། དེའི་ཕྱིར་དེ་དག་ལས་མ་གཏོགས་པ་རྒྱུ་མཐུན་པ་མེད་པའི་ཕྱིར་ཞེས་བྱ་བ་འདི་སྨོས་སོ། །ཡང་དེ་དག་ལ་རྒྱུ་མཐུན་པ་ལས་བྱུང་བ་མེད་དོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། ཤི་བ་ལ་རྗེས་སུ་འཇུག་པ་མེད་པའི་ཕྱིར་རོ། །མིག་གི་ཁམས་ལ་སོགས་པ་ནི་གཟུགས་ལ་སོགས་པ་བཞིན་དུ་ཤི་བ་ལ་རྗེས་སུ་འཇུག་པ་མེད་དོ། །རྣམ་པར་སྨིན་པའི་རྒྱུ་ལས་སྐྱེས་པ་ནི་ཞེས་བྱ་བ་ནི་འབྲས་བུ་རྣམ་པར་སྨིན་པའི་རྒྱུ་ནི་རྣམ་པར་སྨིན་པའི་རྒྱུའོ། རྣམ་པར་སྨིན་པའི་རྒྱུ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་བ་གླང་གི་ཤིང་རྟ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་རྒྱུ་ཞེས་བྱ་བའི་སྒྲ་མི་མངོན་པར་བྱས་པའི་ཕྱིར་བ་ལང་གི་ཤིང་རྟ་ཞེས་བྱ་བ་བཞིན་ཏེ། དཔེར་ན་བ་ལང་དག་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་བྱ་བ་ལྟ་བུའོ། །ཡང་ན་འབྲས་བུའི་དུས་སུ་ཕྱིན་པའི་ལས་ནི་ཞེས་བྱ་བ་ནི་མཇུག་ཐོགས་སུ་འབྲས་བུ་རྣམ་པར་སྨིན་པ་སྐྱེ་བའི་སྐད་ཅིག་མ་ལ་གནས་པ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་རྒྱུ་ལ་འབྲས་བུ་བཏགས་པ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལས་ཀྱི་མཚན་ཉིད་ཀྱི་རྒྱུ་རྣམ་པར་སྨིན་པའི་ངོ་བོ་ཉིད་མ་ཡིན་པ་ཡང་རྣམ་པར་སྨིན་པ་ཞེས་བྱ་སྟེ། དེ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དཔེར་ན་འབྲས་བུ་ལ་རྒྱུ་བཏགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མིག་ལ་སོགས་པ་རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་ནི་སྔོན་གྱི་ལས་ཡིན་ཞེས་བྱ་བ་ལྟ་བུ་ཡིན་ཏེ། སྔོན་གྱི་སྐྱེ་བ་ལ་ཡོད་པས་ནི་སྔོན་གྱི་ཉིད་སྔོན་གྱི་ལས་ཡིན་ནོ། །རེག་པའི་སྐྱེ་མཆེད་དེ་དག་ནི་སྔོན་གྱི་ལས་ཀྱི་ངོ་བོ་ཉིད་མ་ཡིན་ཡང་དེ་ལས་སྐྱེས་པའི་ཕྱིར་སྔོན་གྱི་ལས་ཡིན་ནོ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་བཟློག་སྟེ་ཉེ་བར་བཏགས་པ་ཡིན་པར་བལྟའོ། །ཟས་དང་ལེགས་པར་བྱ་བ་དག་གཉིད་ལོག་པ་དང་ཏིང་ངེ་འཛིན་གྱི་ཁྱད་པར་དག་གིས་རྒྱས་པར་བྱས་པ་རྣམས་ནི་རྒྱས་པ་ལས་བྱུང་བ་དག་གོ་ཞེས་བྱ་བ་ལ་ཁྱད་པར་གྱི་སྒྲ་ནི་རེ་རེ་ལ་སྦྱར་བར་བྱའོ། །དེ་ལ་ཟས་དང་གཉིད་ལོག་པ་དག་ནི་འཇིག་རྟེན་ན་གྲགས་པ་ཟད་དོ། །ལེགས་པར་བྱ་བ་ནི་ལུས་བསྐུ་བ་དང༌། སྨན་མར་བཏང་
བ་ལ་སོགས་པའི་ངོ་བོ་ཉིད་དོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་དོ། །ཉེ་བར་བསགས་པ་ནི་རྒྱས་པའོ། །བསགས་པ་ལ་ཡོད་པ་ནི་རྒྱས་པ་ལས་བྱུང་བ་སྟེ་དམག་ལ་ཡོད་པ་བཞིན་ནོ། །ཡང་ན་བསགས་པ་ཉིད་རྒྱས་པ་ལས་བྱུང་བ་སྟེ་འདུལ་བ་ལས་བྱུང་བ་བཞིན་ནོ། །གཞན་དག་ན་རེ་ཚངས་པར་སྤྱོད་པས་ཀྱང་ཞེས་བྱ་བ་ནི་ཚངས་པར་སྤྱོད་པ་དབང་པོ་ཉེ་བར་ཞི་བ་རྣམས་ཀྱིས་ལུས་རྒྱས་པར་མཐོང་བའི་ཕྱིར་རོ། །དེས་ནི་མི་གནོད་པ་ཙམ་དུ་ཟད་ཀྱི་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པས་ནི་ལུས་ཉམ་ཆུང་བར་འགྱུར་བ་ཚངས་པར་སྤྱོད་པས་ནི་ལུས་ཉམ་ཆུང་བར་མི་འགྱུར་རོ། །དེ་ལྟ་བས་ན་སྨྲས་པ་ཚངས་པར་སྤྱོད་པ་དེས་ནི་མི་གནོད་པ་ཙམ་དུ་ཟད་ཀྱི་རྒྱས་པ་མ་ཡིན་ནོ། །རྒྱས་པ་ནི་ཟས་ལ་སོགས་པས་ཡིན་པ་ཉིད་དོ། །འོ་ན་ཅིའི་ཕྱིར། རབ་ཏུ་བྱུང་བ་ཚངས་པར་སྤྱོད་པ་ཁ་ཅིག་གིས་ལུས་ཉམ་ཆུང་བར་འགྱུར་ཞེ་ན། དེ་ནི་འདོད་པའི་ཡོངས་སུ་གདུང་བ་ལ་སོགས་པ་དང་ལྡན་པ་ལས་འགྱུར་བར་ཟད་དོ། །ཕྱིར་བཞིན་དུ་ཀུན་དུ་སྲུང་ངོ་ཞེས་བྱ་བ་ནི་རྒྱས་པའི་རྒྱུད་ནི་རྣམ་པར་སྨིན་པའི་རྒྱུད་ལ་བསྐོར་ཏེ་གནས་པས་ཀུན་ཏུ་བསྲུང་བ་ཡིན་ཏེ། །སྒྲ་ནི་རྒྱས་པ་ལས་བྱུང་བ་ཞེས་བྱ་བ་ནི་ལུས་ཉམ་ཆུང་བ་མ་ཡིན་པའི་སྒྲ་གསང་མཐོ་བ་མཐོང་བའི་ཕྱིར་རོ། །འདོད་དགུར་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་བདག་གིས་སྒྲ་བསྒྲགས་པར་བྱའོ་ཞེས་བྱ་བར་འདོད་ན་ནི་འབྱུང་ལ་མི་འདོད་ན་ནི་མི་འབྱུང་ངོ༌། །རྣམ་པར་སྨིན་པ་ལས་སྐྱེས་པའི་ཆོས་ནི་མི་འདོད་བཞིན་དུ་ཡང་འབྱུང་སྟེ། དེ་ལྟ་བས་ན་སྒྲ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་ནོ། །འདི་ལ་སྒྲུབ་པ་ཡང་བརྗོད་པར་བྱ་སྟེ། སྒྲ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་ཏེ། འདོད་དགུར་འབྱུང་བའི་ཕྱིར་སེམས་ལས་བྱུང་བ་ཚུལ་བཞིན་ཡིད་ལ་བྱེད་པ་བཞིན་ནོ། །གང་ཞིག་རྣམ་པར་སྨིན་པ་ལས་སྐྱེས་པ་དེ་ནི་འདོད་དགུར་འབྱུང་བ་མ་ཡིན་ཏེ། དཔེར་ན་མིག་གི་དབང་པོ་ལྟ་བུའོ། །འོ་ན་གང་བསྟན་བཅོས་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་འདིས་ནི་དམ་བཅས་པ་རང་གི་གྲུབ་པའི་མཐའ་དང་འགལ་བ་ཉིད་འཛིན་པར་བྱེད་པ་ཡིན་ནོ། །ཁ་ཅིག་ན་རེ་བརྒྱུད་པ་འདི་ནི་གསུམ་པ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མགྲིན་པར་ཚིག་རྩུབ་པོ་སྤོང་བའི་ལས་ཀྱི་ལམ་གྱི་རྣམ་པར་སྨིན་པའི་ངོ་བོ་
ཉིད་ཀྱི་འབྱུང་བ་དག་འགྲུབ་ལ་དེ་དག་ལས་སྒྲ་འབྱུང་བ་ཡིན་ནོ། །ཕྱོགས་གཉིས་པ་ལ་ཡང་ལས་དག་ལས་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་འབྱུང་བ་རྣམས་འགྲུབ། དེ་ལས་ནི་ཟས་ཀྱིས་རྒྱས་པའམ་ཏིང་ངེ་འཛིན་གྱིས་རྒྱས་པའི་སྒོ་ནས་རྒྱས་པ་ལས་བྱུང་བ་རྣམས་འགྲུབ། དེ་དག་ལས་ནི་རྒྱུ་མཐུན་པ་ལས་བྱུང་བ་སྔོན་གྱི་འབྱུང་བ་ལས་མ་གཏོགས་པ་གསར་དུ་བྱུང་བ་རྣམས་འགྲུབ། དེ་དག་ལས་ནི་སྒྲ་འགྲུབ་པོ་ཞེས་བྱ་བ་ཡིན་ཏེ། དེའི་ཕྱིར་སྒྲ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ནོ། །ཚིག་ཀྱང་པ་སྤངས་པས་ཚངས་པའི་དབྱངས་ཉིད་འགྲུབ་པོ་ཞེས་བྱ་བ་ནི་བརྒྱུད་དེ་འགྲུབ་པ་ལས་དགོངས་ཏེ་གསུངས་པ་ཡིན་ཏེ། འདིས་ནི་དམ་བཅས་པ་དེའི་རང་གི་གྲུབ་པའི་མཐའ་དང་འགལ་པ་ཉིད་ཡོངས་སུ་སྤོང་བར་བྱེད་དོ། །གལ་ཏེ་སྒྲ་བཞིན་དུ་རིགས་པ་དང་འགལ་བར་འགྱུར་ན་ཞེས་བྱ་བ་ནི་སྒྲ་ནི་འདོད་དགུར་འབྱུང་བས་རྣམ་པར་སྨིན་པའི་རིགས་པ་དང་འགལ་བའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་པར་བཤད་དོ། །གལ་ཏེ་ལུས་ཀྱི་ཚོར་བ་དེ་ཡང་དེ་དང་འདྲ་བར་འདོད་དགུར་འབྱུང་བ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་པར་འགྱུར་བ་ཞིག་ན་དེ་ནི་འདོད་དགུར་འབྱུང་བ་མ་ཡིན་ཏེ། མིག་ལ་སོགས་པ་བཞིན་ནོ། །དེ་ལྟ་བས་ན་རྣམ་པར་སྨིན་པ་ལས་སྐྱེས་པ་ཞེས་བྱ་བ་རུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཡང་ཅི་འདྲ་བ་ཞིག་ཡིན་ཞེ་ན། གང་བདེ་བ་དང་སྡུག་བསྔལ་གྱི་རྐྱེན་ཉེ་བར་གཏོད་པ་མེད་པར་འབྱུང་བ་ཡིན་ནོ། །སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུས་བསྐྱེད་པ་རྣམས་ནི་རྒྱུ་མཐུན་པ་ལས་བྱུང་བ་དག་གོ་ཞེས་བྱ་བ་ནི་སྐལ་པ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་དག་ཁོ་ནས་བསྐྱེད་པ་ཡིན་གྱི་རྣམ་པར་སྨིན་པའི་རྒྱུས་ནི་མ་ཡིན་ཞེས་ངེས་པར་བཟུང་བ་ཡིན་ནོ། །རྣམ་པར་སྨིན་པའི་རྒྱུས་པ་བསྐྱེད་པ་རྣམས་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དག་གོ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་རྒྱུས་བསྐྱེད་པ་ཁོ་ན་ཡིན་གྱི་རྣམ་པར་སྨིན་པའི་རྒྱུ་ཁོ་ནས་སྐྱེད་པ་ནི་མ་ཡིན་ཞེས་བྱ་བར་ངེས་པར་བཟུང་བ་ཡིན་ཏེ། རྣམ་པར་སྨིན་པ་ལས་སྐྱེས་པ་ནི་སྐལ་བ་མཉམ་པའི་རྒྱུས་ཀྱང་བསྐྱེད་པ་ཡིན་ནོ། །འདིར་ཡང་ཐོགས་པ་མེད་པ་བརྒྱད་ནི་རྒྱུ་མཐུན་པ་ལས་བྱུང་བ་དང༌། རྣམ་པར་སྨིན་པ་ལས་སྐྱེས་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་ངོ༌། །དེ་དག་
བསགས་པ་མེད་པའི་ཕྱིར་རྒྱས་པ་ལས་བྱུང་བ་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་བསགས་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །གཞན་རྣམ་གསུམ་ཞེས་བྱ་བ་ནི་གཞན་དག་ཁོ་ན་རྣམ་པ་གསུམ་ཡིན་ནོ་ཞེས་བྱ་བ་ངེས་པར་བཟུང་ངོ༌། །དེ་ལ། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་ཞེས་བྱ། ཞེས་འབྱུང་བའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་ནི་དབང་པོ་དང་ཐ་མི་དད་པར་འདུག་པ་དག་ཁོ་ན་ཡིན་ནོ། །རྒྱུ་མཐུན་པ་ལས་བྱུང་བ་དང་རྒྱས་པ་ལས་བྱུང་བ་ནི་དབང་པོ་ཐ་དད་པར་འདུག་པ་དག་ཀྱང་ཡིན་ནོ། །ཡང་དབང་པོ་དང་ཐ་དད་པར་འགྱུར་བ་དག་ལ་ཡང་རྒྱུ་མཐུན་པ་ལས་བྱུང་བ་ཡོད་དོ་ཞེས་བྱ་བར་ཇི་ལྟར་ཤེས་ཤེ་ན། ཤི་བ་ལ་ཡང་དེ་རྗེས་སུ་འཇུག་པ་མཐོང་བའི་ཕྱིར་ཏེ། སེམས་ཅན་དུ་བགྲང་བ་མ་ཡིན་པ་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པར་ནི་མི་འདོད་དོ། །རྫས་དང་ལྡན་པ་གཅིག་ཅིག་ཁོ་ན་རྫས་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་བ་ཡིན་ནོ། །བརྟན་པའི་ཕྱིར་རྫས་སོ་ཞེས་བྱ་བ་ནི་མི་འཇིག་པའི་ཕྱིར་རོ། །སྐད་ཅིག་མ་གཅིག་རྒྱུ་མཐུན་པ་ལས་བྱུང་བ་མ་ཡིན་པར་འགྱུར་ཏེ་ཞེས་བྱ་བ་ནི་སྐད་ཅིག་མ་གཅིག་སྐལ་བ་མི་མཉམ་པས་བསྐྱེད་པ་ཡིན་ནོ། །སྐད་ཅིག་མ་སྔ་མ་ཟག་པ་མེད་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་སྐད་ཅིག་ཡིན་གྱི་དོན་འདི་སྐད་ཅིག་མ་གཞན་དུ་རྣམ་པར་འཇིག་པ་ཞེས་བྱ་བ་ཡིན་པར་ནི་མི་འདོད་དོ། །དེ་ལྟ་མ་ཡིན་ན་ཁམས་ཐ་མ་དག་ཁོ་ན་སྐད་ཅིག་མ་ཡིན་ནོ་ཞེས་ངེས་པར་བཟུང་བའི་ཕྱིར་དེ་ལས་གཞན་པའི་ཁམས་རྣམས་ནི་སྐད་ཅིག་མ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །ཡང་ཇི་ལྟར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚོགས་ལ་ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཅིག་ཅར་དུ་འབྱུང་བ་རྣམ་པར་ཤེས་པ་གཉིས་འཕྲད་པར་མི་འདོད་དོ་ཞེ་ན། དེ་གཉིས་ཅིག་ཅར་འབྱུང་ངོ་ཞེས་ནི་མི་ཟེར་རོ། །འོ་ན་ཅི་ཞེ་ན། འདིར་རྣམ་པར་ཤེས་པ་ལ་ཁམས་གཉིས་ཉིད་དུ་རྣམ་པར་གཞག་ཏེ་མིང་གཉིས་སུ་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་མཚུངས་པར་ལྡན་པའི་སེམས་ནི་ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཡིན་ནོ་ཞེས་བྱ་བར་སྨོས་
སོ། །ལྷག་མ་དེ་དང་ལྷན་ཅིག་འབྱུང་བ་རྣམས་ནི་ཆོས་ཀྱི་ཁམས་སོ་ཞེས་བྱ་བ་ནི་བཟོད་པའི་ཚོགས་དེ་ལ་སེམས་ལས་གཞན་པའི་ཆོས་ལྷག་མ་དེ་དང་ལྷན་ཅིག་འབྱུང་བ་རྣམས་ཏེ། འདི་ལྟ་སྟེ་ཟག་པ་མེད་པའི་སྡོམ་པ་དང་ཚོར་བ་དང་འདུ་ཤེས་དང་སེམས་པ་ལ་སོགས་པ་མཚུངས་པར་ལྡན་པ་རྣམས་དང་དེ་དག་གི་ཐོབ་པ་དང་སྐྱེ་བ་ལ་སོགས་པ་ནི་ཆོས་ཀྱི་ཁམས་ཡིན་ནོ། །ལྡན་པ་ཐོབ་པ་ཞེས་བྱ་བ་ནི་སྔར་མ་ཐོབ་པའི་ཐོབ་པ་འཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ །མིག་གི་རྣམ་པར་ཤེས་པ་དང་ཡང་ཡིན་ནམ་ཞེས་བྱ་བ་ཅི་ཞེ་ན། ལྡན་པ་ཐོབ་པ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །སོ་སོ་ཐོབ་ཅེས་བྱ་བ་འདིས་ནི་མུ་དང་པོ་དང་གཉིས་པ་དག་བསྟན་ཏོ། །ལྷན་ཅིག་ཏུ་ཡང་ཞེས་བྱ་བ་འདིས་ནི་མུ་གསུམ་པ་བསྟན་ཏོ། །བཞི་པ་ནི་བཤད་པ་ལས་མ་གཏོགས་པ་ཡིན་ནོ་ཞེས་བྱ་བར་རྟོགས་པར་སླ་བའི་ཕྱིར་མ་བསྟན་ཏོ། །ཡང་ན་ཡང་ཞེས་བྱ་བའི་སྒྲ་སོ་སོ་ཡང་མ་ཡིན་ལྷན་ཅིག་ཀྱང་མ་ཡིན་པ་ཡང་ཡོད་དོ་ཞེས་འདི་ཡང་བཤད་པ་ཡིན་ནོ། །འདོད་པའི་ཁམས་ན་རིམ་གྱིས་མིག་གི་དབང་པོ་ཐོབ་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ན་གནས་པའི་གང་ཟག་རིམ་གྱིས་ཏེ་ནུར་ནུར་པོ་ལ་སོགས་པའི་རིམ་གྱིས་སམ་འཆི་བའི་རིམ་གྱིས་མིག་གི་དབང་པོ་འཐོབ་པོ། །གང་དང་ལྡན་པ་ཡིན་ཅི་འདོད་པའི་ཁམས་ཁོ་ན་ཡིན་ནམ་ཞེ་ན་སྨྲས་པ། མ་ཡིན་ཏེ། ཁྱད་པར་མེད་པར་ཏེ་འདོད་པ་དང་ལྡན་པ་འང་རུང་གཟུགས་དང་ལྡན་པ་འང་རུང་འཐོབ་པ་ནའོ། །ནུར་ནུར་པོ་ལ་སོགས་པའི་གནས་སྐབས་སམ་དེ་བཞིན་དུ་རིམ་གྱིས་འཆི་བ་དང་མིག་མེད་པ་འཆི་བ་ན་མིག་གི་ཁམས་དང་མི་ལྡན་པ་ཡིན་གྱི། ནུར་ནུར་པོ་ལ་སོགས་པའི་གནས་སྐབས་སམ་དེ་བཞིན་དུ་འཆི་བའི་གནས་སྐབས་ན་དེ་མེད་པའི་ཕྱིར་སྐྱེ་མཆེད་དྲུག་འབྱུང་བའི་གནས་སྐབས་སམ་སྲིད་པ་བར་མའི་གནས་སྐབས་དེའི་ཚེ་དེ་དང་ལྡན་པ་འཐོབ་པོ། །མིག་གི་རྣམ་པར་ཤེས་པའི་ཁམས་དང་མི་ལྡན་པ་ལྡན་པ་འཐོབ་པ་ནི་མ་ཡིན་ཏེ། འདི་ལྟར་འདི་ནི་སྔར་སྲིད་པ་བར་མར་ཉིད་མཚམས་སྦྱོར་བའི་ཚེ་ན་དགེ་བ་དང་ཉོན་མོངས་པ་དང་འདས་པ་དང་མ་འོངས་པ་དེ་དང་ལྡན་པ་ཁོ་ན་ཡིན་ནོ། །འདི་ནི་གནས་སྐབས་ཁྱད་པར་ཅན་གྱི་དབང་དུ་བྱ་བ་ཡིན་གྱི་ཐོབ་པ་དང་ལྡན་པ་ཐོབ་པའི་གནས་སྐབས་ནི་མ་ཡིན་ནོ། །མིག་གི་རྣམ་པར་ཤེས་པའི་
ཁམས་དང་ཡན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་དེ་ལ་དེ་ན་མིག་གི་རྣམ་པར་ཤེས་པ་མེད་པའི་ཕྱིར་དེ་དང་སྔོན་མི་ལྡན་པ་ལས་བསམ་གཏན་དང་པོའི་ས་པའི་མིག་གི་རྣམ་པར་ཤེས་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ངོ་བོ་ཉིད་མངོན་དུ་བྱེད་པ་དེའི་ཚེ་ན་མིག་གི་རྣམ་པར་ཤེས་པའི་ཁམས་དང་མི་ལྡན་པ་ལྡན་པ་འཐོབ་བོ། །མིག་གི་ཁམས་དང་ནི་མི་ལྡན་པ་ལྡན་པ་འཐོབ་པ་མ་ཡིན་ཏེ། ཐོབ་ཟིན་པ་དང་འདྲ་བར་ལྡན་པའི་ཕྱིར་རོ། །དེ་དག་ནས་ཤི་འཕོས་ནས་འོག་མར་སྐྱེ་བ་ནའོ་ཞེས་བྱ་བ་ནི། བསམ་གཏན་གཉིས་པ་ལ་སོགས་པ་ནས་ཤི་འཕོས་ནས་འོག་མ་བསམ་གཏན་དང་པོ་དང་འདོད་པའི་ཁམས་སུ་སྐྱེ་བ་སྲིད་པ་བར་མར་ཉིད་མཚམས་སྦྱོར་བ་ན་མིག་གི་རྣམ་པར་ཤེས་པའི་ཁམས་དགེ་བ་དང་ཉོན་མོངས་པ་ཅན་འདས་པ་དང་མ་འོངས་པ་དང་མི་ལྡན་པ་ལྡན་པ་འཐོབ་པོ། མིག་གི་ཁམས་དང་ནི་མ་ཡིན་ནོ། །ཐོབ་ཟིན་པ་བཞིན་དུ་ལྡན་པའི་ཕྱིར་རོ། །གཉི་ག་དང་ལྡན་པ་ཐོབ་པ་ཡང་ཡོད་དེ་ཞེས་བྱ་བ་ནི་གཟུགས་མེད་པ་ནས་ཤི་འཕོས་པ་ན་སྔོན་མིག་གི་རྣམ་པར་ཤེས་པའི་ཁམས་དག་དང་མི་ལྡན་པ་ལས་སྲིད་པ་བར་མ་ཉིང་མཚམས་སྦྱོར་བའི་གནས་སྐབས་ཁོ་ན་མིག་གི་ཁམས་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་དགེ་བ་དང་ཉོན་མོངས་པ་ཅན་འདས་པ་དང་མ་འོངས་པ་དང་ལྡན་པ་འཐོབ་སྟེ་སྲིད་པ་བར་མ་པ་རྣམས་ནི་དབང་པོ་མ་ཚང་བ་མ་ཡིན་ནོ། །གཉི་ག་དང་མ་ཡིན་པ་ཡོད་དེ་རྣམ་པ་དེ་དག་ལས་མ་གཏོགས་པའོ་ཞེས་བྱ་བ་ནི་མུ་གསུམ་བཤད་པའི་ཆོས་རྣམ་པ་གསུམ་མ་གཏོགས་པར་ཞེས་བྱ་བའི་ཐ་ཚིག་སྟེ། གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་དེ་ཉིད་དུ་སྐྱེ་བ་ནི་གཉི་ག་དང་མི་ལྡན་པ་ལྡན་པ་མི་འཐོབ་པོ། །དེ་ན་ནི་མི་ལྡན་པ་ཉིད་ཡོད་ཀྱི་ལྡན་པ་ཐོབ་པ་ནི་མེད་དོ། །བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་མིག་གི་རྣམ་པར་ཤེས་པ་མངོན་དུ་མི་བྱེད་པ་ཡང་གཉི་ག་དང་མི་ལྡན་པ་ལྡན་པ་མི་འཐོབ་བོ། །ཇི་ལྟ་ཞེ་ན་མིག་གི་ཁམས་དང་ནི་ལྡན་པ་འཐོབ་མོད་ཀྱི་མིག་གི་ཁམས་དང་མི་ལྡན་པ་ནི་མ་ཡིན་ནོ། །མིག་གི་རྣམ་པར་ཤེས་པའི་ཁམས་དང་ནི་མི་ལྡན་མོད་ཀྱི་ལྡན་པ་
འཐོབ་པ་ནི་མ་ཡིན་ཏེ། དེ་མངོན་དུ་མི་བྱེད་པའི་ཕྱིར་རོ། །འདོད་པའི་ཁམས་ནི་གནས་པ་མིག་དང་ལྡན་པ་ཅིག་ཅར་ཤི་བས་ནི་སྲིད་པ་བར་མར་ཉིང་མཚམས་སྦྱོར་བ་ཆ་གཉི་ག་དང་མི་ལྡན་པ་ལས་ལྡན་པ་མི་འཐོབ་སྟེ་དེ་དག་དང་ལྡན་པའི་ཕྱིར་རོ། །གང་མིག་གི་ཁམས་དང་ལྡན་པ་ངེ་མིག་གི་རྣམ་པར་ཤེས་པའི་ཁམས་དང་ཡང་ཡིན་ནམ་ཞེ་ན་ཞེས་བྱ་བ་ནི། སོ་སོ་དང༌། །ལྷན་ཅིག་ཏུ་འང་འཐོབ་པ་ཡོད་ཅེས་བྱ་བའི་མདོ་འདི་ཉིད་ཀྱིས་མུ་བཞི་པ་འདི་ཡང་བསྒྲེ་བར་བྱེད་པ་ཡིན་ནོ། །འཐོབ་པ་ནི་རྙེད་པ་ཡིན་ནོ། །རེས་འགའ་ནི་བརྗོད་པར་འདོད་པའི་སྒོ་ནས་ཐོབ་པ་ཙམ་ལ་ཡང་བྱ་སྟེ་མུ་བཞི་པའི་དང་པོ་ལ་ནི་རྙེད་པ་ཡིན་ནོ། །གཉིས་པ་ལ་ནི་ཐོབ་པ་ཙམ་ཡིན་ནོ། །མུ་དང་པོ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་ནི་དབང་པོ་རྣམས་མ་ཚང་བ་མ་ཡིན་པས་མིག་གི་དབང་པོ་དང་ནི་གདོན་མི་ཟ་བར་ལྡན་ལ། མིག་གི་རྣམ་པར་ཤེས་པའི་ཁམས་དང་ནི་མི་ལྡན་ཏེ། དེ་ན་མེད་པའི་ཕྱིར་དང་བསམ་གཏན་དང་པོའི་ས་པའི་མིག་གི་རྣམ་པར་ཤེས་པ་ནི་མངོན་དུ་མི་བྱེད་པའི་ཕྱིར་རོ། །འདོད་པའི་ཁམས་ན་མིག་མ་ཐོབ་པ་དང་ཉམས་པའོ་ཞེས་བྱ་བ་ནི་འདི་ལ་མིག་མ་ཐོབ་པ་འམ་ཉམས་པ་ཡོད་པས་མིག་མ་ཐོབ་པ་དང་ཉམས་པའོ། །མིག་མ་ཐོབ་པ་ནི་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ནའོ། །མིག་ཉམས་པ་ནི་མིག་མེད་པར་གྱུར་པ་སྟེ་དེ་ནི་འདོད་པའི་ཁམས་ན་སྲིད་པ་བར་མར་ཉིང་མཚམས་སྦྱོར་བ་ན་ཐོབ་པའི་མིག་གི་རྣམ་པར་ཤེས་པ་དགེ་བ་དང་ཉོན་མོངས་པ་ཅན་དང་ལྡན་གྱི་མིག་གི་ཁམས་དང་ནི་མ་ཡིན་ཏེ། དེ་ནི་མེད་པའི་ཕྱིར་རོ། །མིག་ཐོབ་པ་དང་མ་ཉམས་པ་ཞེས་བྱ་བ་ནི་འདི་ལ་མིག་ཐོབ་པ་དང་མ་ཉམས་པ་ཡོད་པས་ན་མིག་ཐོབ་པ་དང་མ་ཉམས་པ་སྟེ། དེ་ནི་འདོད་པའི་ཁམས་ན་མིག་གི་ཁམས་དང་མིག་གི་རྣམ་པར་ཤེས་པའི་ཁམས་སོ། །དེ་བཞིན་དུ་སྔར་ཐོབ་པ་དང༌། དེའི་ཚེ་ལུང་དུ་མ་བསྟན་པ་དང་ཡང་ལྡན་པ་ཡིན་ནོ། །བསམ་གཏན་དང་པོར་སྐྱེས་པ་ཡང་དེ་གཉིས་དང་ལྡན་པ་ཡིན་ཏེ། དེ་ལ་རང་གི་ས་པ་ཡང་གདོན་མི་ཟ་བར་ཡོད་པའི་ཕྱིར་ལ་གཞན་གྱིས་པའི་མིག་ཀྱང་སྲིད་པའི་ཕྱིར་རོ། །བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་ལྟ་བའོ་ཞེས་བྱ་བ་ནི་བསམ་
གཏན་དང་པོའི་ས་པའི་མིག་གི་རྣམ་པར་ཤེས་པ་མངོན་དུ་བྱེད་པ་ན་ཞེས་བྱ་བའི་ཐ་ཚིག་སྟེ་དེ་ཡང་གདོན་མི་ཟ་བར་འདི་གཉིས་དང་ལྡན་ནོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་སུ་སྐྱེད་པའོ། །ཅི་རིགས་པར་བརྟག་པར་བྱའོ་ཞེས་བྱ་བ་ན་གང་མིག་གི་ཁམས་དང་མི་ལྡན་པ་ལྡན་པ་འཐོབ་པ་དེ་གཟུགས་ཀྱི་ཁམས་དང་ཡང་ཡིན་ནམ་གང་གཟུགས་ཀྱི་ཁམས་དང་ཡང་ཡིན་པ་དེ་མིག་གི་ཁམས་དང་ཡང་ཡིན་ནམ་ཞེ་ན། མིག་གི་ཁམས་དང་གཟུགས་ཀྱི་ཁམས་དག་སོ་སོ་དང་ལྷན་ཅིག་ཏུ་ཡང་འཐོབ་པ་ཡོད། རེ་ཞིག་སོ་སོ་ནི་མིག་གི་ཁམས་དང་ཡིན་ལ་གཟུགས་ཀྱི་ཁམས་དང་མ་ཡིན་པ་ཡང་ཡོད་དེ། རིམ་གྱིས་མིག་གི་དབང་པོ་ཐོབ་པ་ནའོ། །གཟུགས་ཀྱི་ཁམས་དང་ཡིན་ལ་མིག་གི་ཁམས་དང་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བའི་མུ་འདི་ནི་མེད་དོ། །ལྷན་ཅིག་ཏུ་ཡང་ནི་གཉི་ག་དང་མི་ལྡན་པ་ལྡན་པ་ཐོབ་པ་ཡང་ཡོད་དེ། གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་དང་གཟགས་ཀྱི་ཁམས་སུ་སྐྱེ་བ་ནའོ། །གཉི་ག་དང་མ་ཡིན་པ་ཡང་ཡོད་དེ། རྣམ་པ་དེ་དག་མ་གཏོགས་པའོ། །གང་མིག་གི་ཁམས་དང་ལྡན་པ་དེ་གཟུགས་ཀྱི་ཁམས་དང་ཡང་ཡིན་ནམ་ཞེ་ན། ཚིག་སྔ་མ་དང་སྦྱོར་བ་སྟེ་རེ་ཞིག་གང་མིག་གི་ཁམས་དང་ལྡན་པ་དེ་ནི་གཟུགས་ཀྱི་ཁམས་དང་ཡང་ཡིན་ནོ། །གཟུགས་ཀྱི་ཁམས་དང་ཡིན་ལ་མིག་གི་ཁམས་དང་མ་ཡིན་པ་ཡང་ཡོད་ལ། ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ན་མིག་མ་ཐོབ་པ་དང་མིག་ཐོབ་པ་ཉམས་པའོ། །གང་མིག་གི་རྣམ་པར་ཤེས་པའི་ཁམས་དང་མི་ལྡན་པ་ལྡན་པ་འཐོབ་པ་དེ་གཟུགས་ཀྱི་ཁམས་དང་ཡང་ཡིན་ནམ། གང་གཟུགས་ཀྱི་ཁམས་དང་ཡིན་པ་དེ་རྣམ་པར་ཤེས་པའི་ཁམས་དང་ཡང་ཡིན་ནམ་ཞེ་ན། དེ་བཞིན་དུ་དེ་གཉིས་ནི་སོ་སོ་དང༌། ལྷན་ཅིག་ཏུ་ཡང་ཐོབ་པ་ཡང་ཡོད་དོ། །རེ་ཞིག་སོ་སོ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་དང་ཡིན་ལ་གཟུགས་ཀྱི་ཁམས་དང་མ་ཡིན་པ་ཡང་ཡོད་དེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་མིག་གི་རྣམ་པར་ཤེས་པ་མངོན་དུ་བྱེད་པ་ནའོ། །གཟུགས་ཀྱི་ཁམས་དང་ཡིན་ལ་མིག་གི་རྣམ་པར་ཤེས་པའི་ཁམས་དང་མ་ཡིན་པ་
ཡང་ཡོད་དེ། གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེ་བ་ནའོ། །ལྷན་ཅིག་ཏུ་ཡང་ནི་གཉི་ག་དང་མི་ལྡན་པ་ལྡན་པ་འཐོབ་པ་ཡང་ཡོད་དེ། གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་དང་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ནའོ། །གཉི་ག་དང་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །གང་མིག་གི་རྣམ་པར་ཤེས་པའི་ཁམས་དང་ལྡན་པ་དེ་གཟུགས་ཀྱི་ཁམས་དང་ཡང་མ་ཡིན་ནམ། གང་གཟུགས་ཀྱི་ཁམས་དང་ཡིན་པ་དེ་མིག་གི་རྣམ་པར་ཤེས་པའི་ཁམས་དང་ཡང་ཡིན་ནམ་ཞེ་ན། ཚིག་ཕྱི་མ་དང་སྦྱོར་བ་སྟེ་རེ་ཞིག་གང་མིག་གི་རྣམ་པར་ཤེས་པའི་ཁམས་དང་ལྡན་པ་དེ་ནི་གཟུགས་ཀྱི་ཁམས་དང་ཡང་ཡིན་ནོ། །གཟུགས་དང་ཡིན་ལ་མིག་གི་རྣམ་པར་ཤེས་པ་དང་མ་ཡིན་པ་ཡང་ཡོད་དེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་མིག་གི་རྣམ་པར་ཤེས་པ་མངོན་དུ་མི་བྱེད་པ་ནའོ། མིག་དང་རྣམ་པར་ཤེས་པ་དང་གཟུགས་རྣམས་ཀྱི་འཐོབ་པ་དང་ལྡན་པ་བསམ་པ་ཇི་ལྟ་བ་དེ་བཞིན་དུ་རྣ་བ་དང༌། རྣམ་ཤེས་ཁམས་དག་སོ་སོ་དང༌། །ལྷན་ཅིག་ཏུ་ཡང་འཐོབ་པ་ཡོད། །ཅེས་བྱ་བ་ལ་སོགས་པ་རྣ་བ་དང་རྣམ་པར་ཤེས་པ་དང་སྒྲའི་ཁམས་རྣམས་ཀྱི་འཐོབ་པ་དང་ལྡན་པ་ཡང་བསམ་པར་བྱའོ། །ནང་གི་བཅུ་གཉིས་ཞེས་བྱ་བ་ནི་གཉི་གར་ངེས་པར་བཟུང་བ་ཡིན་ཏེ་ངེས་པར་བཟུང་བ་ཁོ་ནས་གཟུགས་ལ་སོགས་པ་གཞན་ནི་ཕྱིའི་ཡིན་ན་ཞེས་བྱ་བར་གྲུབ་བོ། །བདག་གི་དབང་དུ་བྱས་པ་ནི་གང་གིའོ། །ཡང་ན་བདག་གི་ཆེད་དུ་བྱས་པ་ནི་ནང་གིའོ། །ཡང་ན་ནང་གི་ཉིད་དམ་མངལ་ཡོད་པས་ན་ནང་གིའོ། །ངར་འཛིན་པའི་རྟེན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བདག་ཏུ་སྨྲ་བ་རྣམས་ནི་ངར་འཛིན་པའི་རྟེན་ནི་བདག་ཡིན་ནོ་ཞེས་བྱ་རྟོགས་པར་བྱེད་དེ་ངར་འཛིན་པའི་རྟེན་ནི་སེམས་ཡིན་པས་བདག་ཅེས་ཉེ་བར་འདོགས་སོ། །ཇི་ལྟ་ཞེ་ན། སྨྲས་པ་ཚིགས་སུ་བཅད་པ་ལས། མཁས་པས་བདག་ཉིད་ཤིན་ཏུ་ནི། །དུལ་བས་མཐོ་རིས་ཐོབ་པར་འགྱུར། །ཞེས་གསུངས་སོ། །ཡང་སེམས་བདག་ཅེས་བྱ་བའི་སྒྲར་བརྗོད་དོ་ཞེས་བྱ་བ་ཡང་ཇི་ལྟར་ཤེས་ཤེ་ན་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གཞན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏོ། ཚིགས་སུ་བཅད་པ་གཞན་
ལས། སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བས་ནི་བདེ་བ་འདྲེན། །ཞེས་གསུངས་སོ། །དེས་ན་དོན་ནི་ཆོས་གང་དག་ནང་སེམས་སུ་བྱ་བ་འམ་ནང་སེམས་ཀྱི་དབང་དུ་བྱས་ནས་རྟེན་གྱི་ངོ་བོར་ཉེ་བར་གྱུར་པར་འདུག་པ་དེ་དག་ནི་ནང་གི་ཡིན་ལ་གང་དག་ཡུལ་གྱི་ངོ་བོར་འདུག་པ་དེ་དག་ནི་ཕྱིའི་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །ཉེ་བར་གྱུར་པ་ཡང་ཅི་ཞིག་ཡིན་ཞེ་ན། གང་གི་ཕྱིར་རྣམ་པར་ཤེས་པ་དེ་གྱུར་པའི་རྗེས་སུ་བྱེད་པ་ཡིན་ནོ། །མིག་ལ་སོགས་པ་ཁོ་ན་ལ་རྣམ་པར་ཤེས་པ་ཡོད་པར་མངོན་གྱི་གཟུགས་ལ་སོགས་པ་ལ་ནི་མ་ཡིན་ཏེ། འདི་ལྟར་སེམས་ནི་དབང་པོ་དང་འབྲེལ་པའི་ལུས་ཀྱི་ཕྱོགས་ན་ཡོད་པར་ཡོངས་སུ་གཅོད་པའི་ཡུལ་གྱི་ཕྱོགས་ན་ནི་མ་ཡིན་ནོ། །དེ་ལྟ་ན་འོ་ན་ནི་རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི། རེ་ཞིག་འདིར་རྣམ་པར་ཤེས་པའི་ཁམས་ལྔ་པོ་དག་ནི་ཡུལ་དང་དབང་པོ་དང་དུས་མཉམ་པའི་ཕྱིར་ད་ལྟར་གྱི་ཁོ་ན་ཡིན་པར་བཟུང་སྟེ་རྣམ་པར་ཤེས་པའི་ཚོགས་ལྔ་ནི་ད་ལྟར་གྱི་ཡུལ་ཅན་ཡིན་ལ། འདིར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་ད་ལྟར་གྱི་ཁོ་ན་ཡིན་པར་རྣམ་པར་གཞག་གོ །གང་གི་ཕྱིར་རྟེན་ཡིད་ཀྱི་ཁམས་ཀྱང་འདས་མ་ཐག་པ་ལས་རྣམ་པར་འཇོག་སྟེ། ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དག་ནི་དུས་ཀྱི་བྱེ་བྲག་ཁོ་ནའི་སྒོ་ནས་ཐ་དད་པར་རྣམ་པར་གཞག་པ་ཡིན་པ་དེའི་ཕྱིར་དེ་དག་ནི་ནང་གི་ཡིན་པར་མི་འགྱུར་ཏེ་དེ་དག་ཡིད་ཀྱི་ཁམས་ཉིད་དུ་མ་གྱུར་ཅིང་འདས་པ་ཉིད་དུ་མ་གྱུར་པ་ནི་སེམས་ཀྱི་རྟེན་དུ་མི་འགྱུར་རོ། །གང་གི་ཚེ་ཡིན་པ་དེའི་ཚེ་ཡང་དེ་དག་ཉིད་དེ་དག་ཡིན་ཏེ་མཚན་ཉིད་ལས་མི་འདའོ་ཞེས་བྱ་བའི་ཚིག་འདིས་ཅི་ཞིག་བསྒྲུབས་ཤེ་ན། འདིས་ནི་འབྱུང་བར་འགྱུར་བའི་རྟེན་གྱི་ངོ་བོས་ནང་གི་ཉིད་ཡིན་པའི་ཕྱིར་ད་ལྟར་གྱི་འདི་དག་ཀྱང་རྟེན་གྱི་ངོ་བོ་ཡིན་པར་འགྱུར་རོ་ཞེས་བྱ་བ་འདི་བསྒྲུབས་པ་ཡིན་ནོ། །གལ་ཏེ་ཡང་རྣམ་པར་ཤེས་པ་མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདས་པའི་དུས་ན་ཡིད་ཀྱི་ཁམས་ཀྱི་མཚན་ཉིད་ཡོད་པ་གང་ཡིན་པ་དེ་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་དག་ན་ཡང་ཡོད་པ་ཁོ་ནའོ་སྙམ་དུ་བསམས་པ་ཡིན་ནོ། །མཚན་
ཉིད་ནི་དུས་རྣམས་སུ་འཁྲུལ་པ་མེད་དོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཡོངས་སུ་འདོར་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཞེས་བྱ་བ་ནི་བརྟེན་པ་དང་བཅས་པ་ཞེས་བྱ་བ་ནི་ཆོས་ཞེས་བྱ་བ་ནི་རྟེན་པ་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་འཛིན་པར་བྱེད་པ་ཡིན་ནོ། །གང་ཞིག་རྣམ་པར་ཤེས་པ་གང་གི་ཡུལ་དུ་ངེས་ལ་ཞེས་བྱ་བ་ནི་འདི་ལྟ་སྟེ་གཟུགས་ནི་མིག་གི་རྣམ་པར་ཤེས་པའི་ཡུལ་དུ་ངེས་པ་ནས་ཆོས་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་གྱི་བར་དུ་ངེས་ལ་གལ་ཏེ་དེ་ལ་མིག་གི་རྣམ་པར་ཤེས་པ་སྐྱེས་པ་འམ་སྐྱེ་པའི་ཆོས་ཅན་ཡིན་པ་ཡིན་པ་ནས་གལ་ཏེ་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་སྐྱེས་པ་འམ་སྐྱེ་བའི་ཆོས་ཅན་གྱི་ཡུལ་དེ་ནི་རྟེན་པ་དང་བཅས་པ་ཞེས་བྱའོ། །དེའི་དམིགས་པ་ཡང་རང་གི་ངོ་བོ་དང་ལྷན་ཅིག་འབྱུང་བ་མ་གཏོགས་པའོ་ཞེས་བྱ་བ་ནི་རང་གི་ངོ་བོ་དང་ལྷན་ཅིག་འབྱུང་བ་རྣམས་མ་གཏོགས་པ་སྟེ་རང་གི་ངོ་བོ་དང་ལྷན་ཅིག་འབྱུང་བ་མ་གཏོགས་པ་ཆོས་ཐམས་ཅད་ནི་རྣམ་པར་ཤེས་པ་དེའི་དམིགས་པའི་ངོ་བོ་ཉིད་ཡིན་ནོ། །རང་གི་བདག་ཉིད་ལ་བྱེད་པ་ནི་འགལ་བའི་ཕྱིར་ཏེ་སོར་མོའི་རྩེ་མོ་དེ་ཉིད་ལ་སོར་མོའི་རྩེ་མོ་དེ་ཉིད་ཀྱིས་རེག་པར་འགྱུར་བ་ཡང་མེད་ལ། རལ་གྲིའི་སོ་སོ་དེ་ཉིད་ཀྱིས་གཅོད་པར་འགྱུར་བ་ཡང་མེད་དོ། །ཤིན་ཏུ་ཉེ་བའི་ཕྱིར་དེ་དང་ལྷན་ཅིག་འབྱུང་བ་མཚུངས་པར་ལྡན་པ་འམ་མཚུངས་པར་ལྡན་པ་མ་ཡིན་པ་དག་ཀྱང་མ་ཡིན་ཏེ། མིག་ལ་ཡོད་པའི་མིག་རྩི་ནི་དེས་མི་འཛིན་ཏོ། །སེམས་ཀྱི་སྐད་ཅིག་མ་དེ་ཡང་སེམས་ཀྱི་སྐད་ཅིག་མ་གཞན་གྱི་དམིགས་པ་ཡིན་ཞེས་བྱ་བ་ནི་སྐད་ཅིག་མ་སྔ་མ་ལ་རང་གི་ངོ་བོ་དང་ལྷན་ཅིག་འབྱུང་བའི་ཆོས་གང་དག་དམིགས་པར་མ་གྱུར་པ་དེ་དག་ཀྱང་དམིགས་པར་གྱུར་པས་སྐད་ཅིག་མ་གཉིས་ཀྱི་དམིགས་པར་ནི་ཆོས་ཐམས་ཅད་འགྱུར་རོ། །དེ་ལྟ་བས་ན་ཆོས་ཀྱི་ཁམས་ནི་རྟག་ཏུ་རྟེན་པ་དང་བཅས་པ་ཡིན་ཏེ་ཆོས་ཀྱི་ཁམས་ནི་ཡིད་ཀྱི་ཁོ་ན་ཡིན་པར་ངེས་སོ། །ལྷག་མ་ནི། དེ་དང་མཚུངས་པ་དག་ཀྱང་ཡིན། །ཀྱང་ཞེས་བྱ་བའི་སྒྲ་ནི་རྟེན་པ་དང་བཅས་པ་དག་ཀྱང་ཡིན་པའོ་ཞེས་བྱ་བ་ནི་ལྷག་མ་དག་ཁོ་ན་རྟེན་པ་དང་བཅས་པ་དང་མཚུངས་པ་ཡིན་ནོ་ཞེས་ངེས་པར་འཛིན་པར་བྱེད་པ་ཡིན་ནོ། །ཆོས་ཀྱི་
ཁམས་ཁོ་ན་རྟེན་པ་དང་བཅས་པའོ་ཞེས་ངེས་པར་བཟུང་བའི་ཕྱིར་ལྷག་མ་རྣམས་རྟེན་པ་དང་བཅས་པ་ནི་མ་ཡིན་པས་རྟེན་པ་དང་བཅས་པ་དང་དེ་དང་མཚུངས་པ་དག་ཏུ་འགྲུབ་པར་འགྱུར་པ་མ་ཡིན་ནམ་ཞེ་ན། འགྲུབ་པར་མི་འགྱུར་ཏེ་རྟེན་པ་དང་བཅས་པ་དག་ཁོ་ན་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་མོད་ཀྱི་དེ་དང་མཚུངས་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་འགྱུར་བས་དེ་བཟློག་པའི་ཕྱིར་ལྷག་མ་ནི། དེ་དང་མཚུངས་པ་དག་ཀྱང་ཡིན། །ཞེས་བྱ་བ་འདི་བརྩམས་ཏེ་རྟེན་པ་དང་བཅས་པ་དག་ཁོ་ན་ཡང་མ་ཡིན་ལ་དེ་དང་མཚུངས་པ་དག་ཁོ་ན་ཡང་མ་ཡིན་ནོ། །གང་ཞིག་རང་གི་ལས་མི་བྱེད། །ཅེས་བྱ་བ་ནི་དེ་དང་མཚུངས་པ་དག་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ་དེ་དང་མཚུངས་པ་དག་ཅེས་བྱ་བའི་མཇུག་ཐོགས་སུ་བཤད་པ་ཡིན་པའི་ཕྱིར་རོ། །གང་ཞིག་རང་གི་ལས་བྱེད་པ་ནི་རྟེན་པ་དང་བཅས་པའོ་ཞེས་བཤད་པར་འགྱུར་རོ་ཞེས་བྱ་བ་ནི་རང་གི་ལས་མི་བྱེད་པ་དེ་ཁོ་ན་དེ་དང་མཚུངས་པ་ཡིན་ལ་དེ་དང་མཚུངས་པ་ཁོ་ན་རང་གི་ལས་མི་བྱེད་པ་ཡིན་ནོ་ཞེས་ངེས་པར་བཟུང་བ་དང༌། དོན་གྱི་ཤུགས་ཀྱིས་ན་རང་གི་ལས་བྱེད་པ་ནི་རྟེན་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གཟུགས་རྣམས་མཐོང་བ་ཞེས་བྱ་བ་ནི་མཐོང་བར་འགྱུར་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ལྟ་ན་དེ་རིང་འདས་པ་དང་ཁར་རྩང་འདས་པ་དང་ཡང་ཡོངས་སུ་བསྡུས་པར་འགྱུར་གྱི་དེ་ལྟ་མ་ཡིན་ནམ་ཁྱབ་པའི་མཚན་ཉིད་དུ་འགྱུར་རོ། །ཡང་ན་ཇི་སྐད་ཁོ་ནར་འབྱུང་བ་དེ་ནི་མཚོན་པ་ཙམ་དུ་ཟད་པར་བལྟ་བར་བྱ་སྟེ་དེ་རིང་འདས་པ་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་ཡིད་ཀྱི་བར་ལ་ཡང་རང་གི་ཡུལ་ལ་བྱེད་པས་བརྗོད་པར་བྱའོ་ཞེས་བྱ་བ་ནི་རང་གི་ཡུལ་ལ་རྩལ་གྱིས་བརྗོད་པར་བྱའོ། །ཇི་ལྟ་ཞེ་ན། རྣ་བ་གང་གིས་སྒྲ་རྣམས་ཐོས་པ་འམ་ཉན་པར་འགྱུར་བའི་རྣ་བ་དེ་ནི་རྟེན་པ་དང་བཅས་པའོ་ཞེས་བྱའོ་ཞེས་བྱ་བ་སྟེ་ཐམས་ཅད་ལ་སྐྱར་བར་བྱའོ།། །།བམ་པོ་བདུན་པ། རྣམ་པར་ཤེས་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་འབྲེལ་པ་དང་འབྲེལ་བ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ །གཅིག་གི་མིག་རྟེན་པ་དང་བཅས་པ་དེ་ནི་
ཐམས་ཅད་ཀྱི་རྟེན་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དང་མཚུངས་པ་རྣམས་ཀྱང་དེ་བཞིན་ཏེ་ཞེས་བྱ་བ་ནི་གཅིག་གི་མིག་དེ་དང་མཚུངས་པ་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་དེ་དང་མཚུངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཕྲད་ནས་འཛིན་པའི་ཕྱིར་ཞེས་བྱ་བ་ནི་དྲི་ལ་སོགས་པ་གང་དག་ལྷས་བྱིན་གྱི་ལྕེའི་དབང་པོ་ལ་སོགས་པ་དང་ཕྲད་ནས་འཛིན་པ་དེ་དག་མཆོད་སྦྱིན་གྱིས་མི་འཛིན་ཏེ་རང་གི་སྣའི་དབང་པོ་ལ་སོགས་པ་གནས་པའི་ཕྱིར་རོ། །དེ་བས་ན་ཐུན་མོང་མ་ཡིན་པའི་ཕྱིར་རོ། །འདི་དག་ནི་མིག་ལ་སོགས་པ་བཞིན་དུ་བསྒྲེ་བའི་རིགས་ཏེ་གཅིག་གི་དྲི་རྟེན་པ་དང་བཅས་པ་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་ཡིན་ལ་དེ་དང་མཚུངས་པ་ཡང་དེ་བཞིན་ནོ་ཞེས་བརྗོད་པར་བྱའི། གཟུགས་ཇི་ལྟར་དྲི་ལ་སོགས་པ་ཡང་དེ་དང་འདྲའོ་ཞེས་ནི་བརྗོད་པར་མི་བྱའོ། །གཅིག་གི་སྣ་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེད་པར་འགྱུར་བའི་དྲི་ལ་སོགས་པ་གང་དག་ཡིན་པ་དེ་དག་ཉིད་གཞན་དག་གིས་ཡང་ཡིན་པ་སྲིད་པ་དེ་ནི་ཡོད་ཀྱི་ཞེས་བྱ་བ་ནི་གལ་ཏེ་དེ་དག་ལྷས་བྱིན་གྱི་སྣའི་དབང་པོ་ལ་སོགས་པ་དང་ཕྲད་པར་གྱུར་ན་ནི་ལྷས་བྱིན་གྱི་རྣམ་པར་ཤེས་པ་སྐྱེད་པར་འགྱུར་ལ། ཇི་སྟེ་མཆོད་སྦྱིན་གྱི་སྣའི་དབང་པོ་ལ་སོགས་པ་དང་ཕྲད་ན་ནི་མཆོད་སྦྱིན་གྱི་རྣམ་པར་ཤེས་པ་སྐྱེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་གཞན་དག་གི་ཡང་ཡིན་ཞེས་བྱ་བ་ནི་དེ་ལ་ཡོད་པའི་སྲིན་བུ་ཕྲ་མོ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་སྐྱེད་པར་འགྱུར་གྱི་དྲི་ལ་སོགས་པ་དེ་དག་གང་གིས་སྣའི་དབང་པོ་ལ་སོགས་པ་དང་ཕྲད་པའི་ལྷས་བྱིན་དེ་ཁོ་ནའི་རྣམ་པར་ཤེས་པ་སྐྱེད་པར་འགྱུར་བ་ནི་མ་ཡིན་ནོ། །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཕན་ཚུན་རྟེན་པ་ཞེས་བྱ་བ་ནི་ཕན་ཚུན་རྟེན་དང་ཡུལ་དང་བརྟེན་པའི་ངོ་བོར་མངོན་དུ་འཇུག་པ་སྟེ། འདི་ལྟར་དབང་པོའི་ཁམས་དག་ནི་ཅི་རིགས་པར་རྣམ་པར་ཤེས་པའི་ཁམས་དག་གི་ནི་རྟེན་གྱི་ནི་ངོ་བོར་བརྟེན་ཏེ་རྟེན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཡུལ་རྣམས་ཀྱི་ནི་ཡུལ་ཅན་གྱི་ངོ་བོར་རོ། །དེ་བཞིན་དུ་ཡུལ་གྱི་ཁམས་དག་ཀྱང་རང་གི་དབང་པོའི་ཁམས་རྣམས་ཀྱི་ནི་ཡུལ་གྱི་ངོ་བོར་རྟེན་ཏོ། །རྣམ་པར་ཤེས་པའི་ཁམས་རྣམས་ཀྱི་ནི་ཡུལ་དང་དམིགས་པའི་ངོ་བོར་རྟེན་ཏེ། དེ་བཞིན་དུ་
རྣམ་པར་ཤེས་པའི་ཁམས་དག་ཀྱང་རང་རང་གི་དབང་པོའི་ཁམས་རྣམས་ཀྱི་རྟེན་ཅན་གྱི་ངོ་བོར་རྟེན་ཏོ། །ཡུལ་གྱི་ཁམས་རྣམས་ཀྱི་ནི་ཡུལ་ཅན་དང་དམིགས་པ་ཅན་གྱི་ངོ་བོར་རྟེན་ཏོ། །དེ་བས་ན་ཕན་ཚུན་རྟེན་པ་ནི་བརྟེན་པ་ཡིན་ནོ། །བྱེད་པ་རྟེན་པ་ནི་བརྟེན་པའོ་ཞེས་བྱ་བ་ལ། བྱེད་པ་ནི་མིག་ལ་སོགས་པའི་བྱེད་པ་ནི་བལྟ་བ་ལ་སོགས་པ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་རྣམས་ཀྱི་ནི་རྣམ་པར་ཤེས་པར་བྱེད་པ་ཉིད་དོ། །ཡུལ་གྱི་ཁམས་རྣམས་ཀྱི་ནི་དེ་དག་གི་ཡུལ་ལམ་དམིགས་པའི་ངོ་བོ་ཡིན་ནོ། །བྱེད་པ་དེ་ལ་བརྟེན་པ་ནི་བརྟེན་པ་ཡིན་ཏེ་དེ་འདི་དག་ལ་ཡོད་པས་ན་ཞེས་བྱ་བའི་ཐ་ཚིག་གོ །འདི་ནི་རབ་ཏུ་བསྟན་པ་ཙམ་ཁོ་ནར་ཟད་ཀྱི་ཚིག་རྣམ་པར་སྦྱར་བ་ནི་འདི་ལྟར་བྱའོ། །རྟེན་པ་དང་ལྷན་ཅིག་འདུག་པས་རྟེན་པ་དང་བཅས་པས་སམ་འདི་དག་ལ་རྟེན་པ་འདྲ་བ་ཡོད་པས་འདི་དག་ནི་རྟེན་པ་མཚུངས་པ་དག་ཡིན་ནོ། །འབྲས་བུ་རེག་པ་མཚུངས་པའི་ཕྱིར་ཞེས་བྱ་བ་ཅི་ཞེ་ན། །རྟེན་པ་དང་མཚུངས་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། །བརྟེན་པར་བྱ་བ་ཡིན་པས་ན་རྟེན་པ་སྟེ་ཚིག་རྣམ་པར་སྦྱར་བ་ནི་སྔ་མ་བཞིན་ནོ། །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་འདི་རྣམས་ཀྱི་འབྲས་བུ་སེམས་ལས་བྱུང་བ་རེག་པ་དྲན་པ་ཡིན་ཏེ། མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ། །གསུམ་འདུས་པ་ལས་རེག་པའོ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །གང་དག་རྟེན་པ་དང་བཅས་པ་མ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མིག་ལ་སོགས་པ་རྟེན་པ་དང་བཅས་པ་མ་ཡིན་པ་གང་དག་ཡིན་པ་དེ་དག་ནི་རྟེན་པ་དང་བཅས་པའི་མཚན་ཉིད་དུ་བཤད་པ་དེ་དག་དང་མཚུངས་ཤིང་འདྲ་བས་ན་དེ་དང་མཚུངས་པ་ཡིན་ཏེ་འདིར་མཚུངས་པ་ཞེས་བྱ་བའི་སྒྲ་ནི་འདྲ་བའི་དོན་ཡིན་ནོ། །མཐོང་བས་སྤང་བར་བྱ་བ་ཞེས་བྱ་བ་ལ་མཐོང་བ་ནི་དང་པོ་ཉིད་དུ་བདེན་པ་མཐོང་བ་ཡིན་ཏེ། ཟག་པ་མེད་པའི་སེམས་ཀྱི་སྐད་ཅིག་མ་བཅོ་ལྔས་བསྡུས་པ་ཡིན་ནོ། །བསྒོམ་པ་ནི་དེ་ཉིད་ལ་ཡང་དང་ཡང་དུ་ལྟ་བ་ཡིན་ནོ། །ཡང་ན་བསྒོམ་པ་ནི་འཇིག་རྟེན་པའི་མཉམ་པར་གཞག་པའི་ཤེས་པ་ཡིན་ནོ། །བཅུ་ནི་བསྒོམ་པས་སྤང་བྱ་ཡིན། །ལྔ་ཡང་ཡིན་ཏེ་ཞེས་བྱ་བ་ནི་གཟུགས་ཅན་གྱི་ཁམས་བཅུ་དང་དེ་དག་གི་རྣམ་པར་ཤེས་པའི་ཁམས་ལྔ་
ཡིན་ནོ། །དེ་དག་ཁོ་ན་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། ཐ་མའི་གསུམ་རྣམ་གསུམ་ཞེས་འབྱུང་བའི་ཕྱིར་ཐ་མའི་གསུམ་ལས་གཞན་པ་ནི་ཁམས་བཅོ་ལྔ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ་དེ་དག་ནི་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་ངོ༌། །རྣམ་པ་གསུམ་སྟ་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་བར་བྱ་བ་དང༌། སྤང་བར་བྱ་བ་མ་ཡིན་པ་དག་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་དག་ཁོ་ན་རྣམ་པ་གསུམ་ཡིན་ནོ། །ཕྲ་རྒྱས་བརྒྱད་བཅུ་རྩ་བརྒྱད་དང་དེ་དག་དང་ལྷན་ཅིག་འབྱུང་བ་ཞེས་བྱ་བ་ལ་ཕྲ་རྒྱས་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཡིན་ནོ། །དེ་དག་དང་ལྷན་ཅིག་འབྱུང་བ་ནི་རྣམ་པར་ཤེས་པ་དང་ཚོར་བ་ལ་སོགས་པ་མཚུངས་པར་ལྡན་པ་རྣམས་དང་མཚུངས་པར་ལྡན་པ་མ་ཡིན་པ་དེ་དག་གི་མཚན་ཉིད་དང་རྗེས་ཀྱི་མཚན་ཉིད་དག་ཡིན་ནོ། །དེ་དག་གི་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་རྣམས་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བའི་སྒྲ་ནི་ཕྲ་རྒྱས་ལ་སོགས་པ་དང་སྦྱར་ཏེ། ཕྲ་རྒྱས་དེ་དག་དང༌། དེ་ངག་དང་ལྷན་ཅིག་འབྱུང་བ་རྣམས་ཀྱིས་ཐོབ་པ་དག་ཡིན་ནོ། །ཐོབ་པ་དག་དང་ཕྲ་རྒྱས་དང་ལྷན་ཅིག་འབྱུང་བ་ཡིན་མོད་ཀྱི་ཐམས་ཅད་ནི་མ་ཡིན་ཏེ། །ཐོབ་པ་ཁ་ཅིག་ནི་ཕྲ་རྒྱས་ལ་སོགས་པ་དང་ལྷན་ཅིག་འབྱུང་བ་ཡིན་ཏེ་ལྷན་ཅིག་སྐྱེས་པ་གང་དག་ཡིན་པའོ། །ཁ་ཅིག་ནི་དེ་དག་པས་སྔ་མ་དང་འཕྱི་བར་འགྱུར་ཏེ། དེའི་ཕྱིར་ཐོབ་པ་ལོགས་ཤིག་ཏུ་སྨོས་སོ། །རྗེས་སུ་འབྲང་བ་དང་བཅས་པ་རྣམས་ཞེས་བྱ་བ་སྨོས་པས་ནི་རྗེས་ཀྱི་ཐོབ་པ་དག་དང་དེ་དག་གི་མཚན་ཉིད་དག་བསྡུའོ། །ཟག་པ་དང་བཅས་པ་ལྷག་མ་རྣམས་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ་ཞེས་བྱ་བ་ནི་ཁམས་ཐ་མ་གསུམ་པོ་དེ་དག་ཉིད་མཐོང་བས་སྤང་བར་བྱ་བ་རྣམས་ལས་གཞན་པ་ཟག་པ་དང་བཅས་པ་ལྷག་མ་གང་དག་ཡིན་པ་དེ་དག་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། ཕྲ་རྒྱས་བཅུ་དང་དེ་དག་དང་ལྷན་ཅིག་འབྱུང་བ་རྣམས་དང་དེ་དག་གིས་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་རྣམས་ཏེ་དགེ་བ་ཟག་པ་དང་བཅས་པ་རྣམས་དང་འདུ་བྱེད་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཟག་པ་དང་བཅས་པ་རྗེས་སུ་འབྲང་
བ་དང་བཅས་པ་ཡིན་ནོ། །ཟག་པ་མེད་པ་རྣམས་ནི་སྤང་བར་བྱ་བ་མ་ཡིན་པ་དག་གོ་ཞེས་བྱ་བ་ནི་ལམ་གྱི་བདེན་པ་དང་འདུས་མ་བྱས་ཀྱི་ངོ་བོ་ཉིད་ཡིན་ནོ། །སྤང་བར་བྱ་བ་གཞན་ཡང་ཡོད་པ་མ་ཡིན་ནམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སོ་སོའི་སྐྱེ་བོ་ཉིད་ཀྱང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་འདུ་བྱེད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བའི་ནང་དུ་གཏོགས་ལ་ངན་སོང་བར་འགྱུར་བའི་ལུས་དང་ངག་གི་ལས་ཀྱང་གཟུགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་པར་བཤད་པས། དེའི་ཕྱིར་གནས་མའི་བུའི་སྡེ་པ་དག །འཕགས་པའི་ལམ་དང་འགལ་བའི་ཕྱིར། །ཞེས་རྒོལ་བར་བྱེད་དེ། སོ་སོའི་སྐྱེ་བོ་ཉིད་ཀྱང་འཕགས་པའི་ལམ་སྐྱེས་པ་ན་མེད་ལ་ངན་སོང་བར་ངེས་པའི་ལས་ཡོད་ན་ཡང་འཕགས་པའི་ལམ་མི་སྐྱེའོ། །འཕགས་པའི་ལམ་སྐྱེས་ན་ནི་ངན་སོང་བའི་ལས་ཀྱང་མི་འབྱུང་སྟེ། དེ་ལྟ་བས་ན་གཉི་ག་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་བཞིན་དུ་མཐོང་བས་སྤང་བར་བྱ་བ་ཡིན་ནོ་ཞེས་རྗོད་པར་བྱེད་དེ། དེ་དགག་པའི་ཕྱིར་འདི་བཤད་ཟིན་ཀྱང་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་མདོར་བསྡུས་ནས་ཡང༌། ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན། །ཞེས་བྱ་བ་བརྗོད་དེ། མཐོང་བ་ནི་མཐོང་བ་ཡིན་ནོ། །ཉོན་མོངས་ཅན་མིན་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་དགེ་བ་ཟག་པ་དང་བཅས་པ་ཡིན་ཏེ་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །གཟུགས་ནི་ཉོན་མོངས་ཅན་ཡིན་ཡང་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །དྲུག་པ་མིན་སྐྱེས་ནི་རྣམ་པར་ཤེས་པའི་ཚོགས་ལྔ་ལས་སྐྱེས་པ་ཡིན་ཏེ། དེ་ནི་གཟུགས་མ་ཡིན་ཞིང་ཉོན་མོངས་པ་ཅན་ཡིན་ཡང་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །འདི་ལས་གཞན་ཇི་སྐད་བཤད་པ་ལྟ་བུ་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །སོ་སོའི་སྐྱེ་བོ་ཉིད་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ལུང་དུ་མ་བསྟན་པ་ཡིན་ཏེ་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་དང་འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་རྣམས་ནི་ཆོས་དགེ་བ་དག་དང་མི་ལྡན་པར་འདོད་ལ་སོ་སོའི་སྐྱེ་བོ་ཉིད་དང་མི་ལྡན་
ཏེ། འདི་ལྟར་དེ་དག་ནི་སོ་སོའི་སྐྱེ་བོ་ཡིན་པར་འདོད་དོ། །དེ་ལྟ་བས་ན་དེ་དག་ནི་སོ་སོའི་སྐྱེ་བོ་ཉིད་ནི་དགེ་བ་ཡང་མ་ཡིན་ནོ། །དེ་ནི་འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེ་དང་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡང་མ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་དངོས་པོ་ནི་ངོ་བོ་ཉིད་ཀྱིས་སྤོང་བར་འདོད་དེ། ཐོབ་པ་བཅད་པར་སྤོང་བ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་སོ་སོའི་སྐྱེ་བོ་ཉིད་དེ་ཉོན་མོངས་པ་ཅན་ཞིག་ཡིན་ཕར་གྱུར་ན་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་ལ་དེའི་ཐོབ་པ་ཆད་པས་དེ་དང་མི་ལྡན་པ་ཞིག་ན། དེ་དག་དེ་དང་ལྡན་པར་ཡང་འདོད་དེ། །འདི་ལྟར་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་དེ་དག་ནི་སོ་སོ་སྐྱེ་བོ་ཁོ་ན་ཡིན་པར་འདོད་དོ། །ཉོན་མོངས་པ་ཅན་མ་ཡིན་པའི་ལུང་དུ་མ་བསྟན་པ་ཉིད་ཅིག་ཡིན་ན་ནི་ཉེས་པ་མེད་དོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་འདུན་པའི་འདོད་ཆགས་སྤོང་བར་འདོད་དེ། དེ་ལ་དམིགས་པའི་ཉོན་མོངས་པའི་ཐོབ་པ་གཅོད་ཅེས་བྱ་བའི་ཐ་ཚིག་གོ །དེའི་བདག་ཉིད་ཀྱི་ཐོག་པ་གཅོད་པར་ནི་མི་འདོད་དོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གཟུགས་ལ་འདུན་པའི་འདོད་ཆགས་གང་ཡིན་པ་དེ་སྤོངས་ཤིག་འདུན་པའི་འདོད་ཆགས་སྤངས་ནས་དེ་ལྟ་ན་ཁྱེད་ཀྱིས་གཟུགས་སྤངས་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་གསུངས་སོ། །དེ་ལྟ་བས་ན། དེ་དག་གི་སོ་སོའི་སྐྱེ་བོ་ཉིད་ཉོན་མོངས་པ་ཅན་མ་ཡིན་པའི་ལུང་དུ་མ་བསྟན་པ་སྤངས་ཀྱང་མིག་ལ་སོགས་པ་བཞིན་དུ་ཀུན་ཏུ་འབྱུང་སྟེ། དེའི་ཕྱིར་དེ་དང་ལྡན་པ་ཡིན་ནོ། །ཡང་ཅིའི་ཕྱིར་སོ་སོའི་སྐྱེ་བོ་ཉིད་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་མ་ཡིན་ལ་ལུས་དང་ངག་གི་ལས་ནི་གཟུགས་ཡིན་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་མ་ཡིན་ཞེ་ན། བདེན་པ་དག་ལ་ལོག་པར་མི་རྟོག་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སོ་སོའི་སྐྱེ་བོ་ཉིད་ནི་ཉོན་མོངས་པས་སྐྱོན་ཅན་དུ་གྱུར་པ་མ་ཡིན་པའི་ཕྱིར་དང་དམིགས་པར་བྱེད་པ་མ་ཡིན་པའི་ཕྱིར་སྡུག་བསྔལ་ལ་སོགས་པའི་བདེན་པ་དག་ལ་ལོག་པར་མི་རྟོག་སྟེ། ཕྱིན་ཅི་ལོག་གི་ངོ་བོར་མི་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ །ལུས་དང་ངག་གི་ལས་ཀྱང་དམིགས་པར་བྱེད་པ་མ་ཡིན་པ་ཉིད་ཀྱིས་ལོག་པར་མི་རྟོག་སྟེ། དེ་ལྟ་བས་ན་གཉི་ག་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །བདེན་པ་དག་ལ་ལོག་
པར་མི་རྟག་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ནི་དྲུག་པ་མ་ཡིན་པ་ལས་སྐྱེས་པ་ལ་ཡང་བསྒྲེ་བར་བྱའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ན་སོ་སོའི་སྐྱེ་བོ་ཉིད་དུ་ཡང་ཐལ་བར་འགྱུར་པའི་ཡང་ཕྱིར་རོ་ཞེས་བྱ་བའི་རྒྱུ་བསྡུ་བ་འདི་ནི་སོ་སོ་སྐྱེ་བོ་ཉིད་ཁོ་ན་མཐོང་བས་སྤང་བར་བྱ་བ་ཉིད་ཡིན་པ་བཟློག་པའི་ཕྱིར་བརྗོད་པ་ཡིན་ཏེ། ལུས་དང་ངག་གི་ལས་དང་ནི་འབྲེལ་པ་མེད་པའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ན་སོ་སོའི་སྐྱེ་བོ་ཉིད་ཀྱི་ཐོབ་པ་འཆད་ཀྱི། འགགས་པར་འགྱུར་བའི་ལམ་གྱིས་ནི། །དེའི་སྒྲིབ་པ་རབ་ཏུ་སྤོང༌། །ཞེས་འབྱུང་བའི་ཕྱིར་ཆད་ཟིན་པ་ནི་མ་ཡིན་ཏེ། དེས་སྤང་བར་བྱ་བའི་ཉོན་མོངས་པའི་ཐོབ་པ་བཞིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པས་ན་ནི་དེའི་ཐོབ་པ་ཆད་པ་ཡིན་ནོ། །དེས་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་གནས་སྐབས་ན་དེའི་ཐོབ་པ་ཡོད་པའི་ཕྱིར་གང་ཟག་དེ་སོ་སོའི་སྐྱེ་བོ་ཉིད་ཡིན་པར་འགྱུར་བ་ཞིག་ན། འདི་ནི་དེའི་གནས་སྐབས་ན་འཕགས་པའི་ལམ་ཐོབ་པའི་ཕྱིར་སོ་སོའི་སྐྱེ་བོ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་པར་ཡང་མི་ནུས་སོ། །འདི་ལྟར་སོ་སོའི་སྐྱེ་བོ་ཉིད་ཀྱི་མཚན་ཉིད་ནི། སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོབ་པའོ་ཞེས་བྱ་བ་ཡིན་ལ་མ་ཐོབ་པ་དེ་ཡང་འཕགས་པའི་ཆོས་རྣམས་ཐོབ་ནས་ལྡོག་སྟེ། དེ་ལྟ་བས་ན་འདི་ནི་འཕགས་པ་ཁོ་ན་ཡིན་ནོ། །རེ་ཞིག་བྱེ་བྲག་ཏུ་སྨྲ་བ་ཁྱེད་རྣམས་ལ་འདི་དྲི་བར་བྱ་སྟེ། ཅི་སོ་སོའི་སྐྱེ་བོ་ཉིད་དེ་བསྒོམ་པའི་ལམ་ཐོབ་པ་ཁོ་ནས་སྤོང་བར་འགྱུར་རམ། སྨྲས་པ་མ་ཡིན་ཏེ། སོ་སོའི་སྐྱེ་བོ་ཉིད་དེ་ནི་འདོད་པ་ན་སྤྱོད་པ་ནས་སྲིད་པའི་རྩེ་མོ་པའི་བར་ས་དགུ་པ་ཡིན་ལ་དེ་ཡང་ཉོན་མོངས་པ་ཅན་མ་ཡིན་པ་ཡིན་ནོ། །དེས་ན་སོ་སོའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤོང་བའི་ཕྱིར་གནས་སྐབས་ན་སྤོང་བར་འགྱུར་ཏེ་ཟག་པ་དང་བཅས་པ་ཉོན་མོངས་པ་ཅན་མ་ཡིན་པ་ཐམས་ཅད་ནི་རྣམ་པར་གྲོལ་བའི་ལམ་དགུ་པ་ཁོ་ན་ལ་སྤོང་བར་འགྱུར་རོ། །གལ་ཏེ་དེ་ལྟ་ན་འདོད་ཆགས་དང་མ་བྲལ་བའི་གནས་སྐབས་ན་འཕགས་པ་སོ་སོའི་སྐྱེ་བོ་ཡིན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། སོ་སོའི་སྐྱེ་བོ་ཉིད་རྣམ་པར་
ཉམས་པའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཕན་ཆད་དེ་རྣམ་པར་ཉམས་པ་ཁོ་ན་ཡིན་གྱི། སྤང་བ་ནི་མ་ཡིན་ནོ། །རྣམ་པར་ཉམས་པ་དང་སྤང་བ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། རྣམ་པར་ཉམས་པ་ནི་ཐོབ་པ་ཆད་པ་ཡིན་པར་རྣམ་པར་གཞག་གོ །སྤངས་པ་ནི་གཉེན་པོ་ཐོབ་པ་ཡིན་པར་རྣམ་པར་གཞག་གོ །དེ་ལྟ་བས་ན་ཐོབ་པ་ཆད་པས་སོ་སོའི་སྐྱེ་བོ་ཉིད་དེ་དང་མི་ལྡན་པའི་ཕྱིར་དེའི་གནས་སྐབས་ན་འཕགས་པ་ཁོ་ན་ཡིན་གྱི་སོ་སོའི་སྐྱེ་བོ་ནི་མ་ཡིན་པས་ཉེས་པ་མེད་དོ། །མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། །ལྟ་བ་ཡིན་ཏེ་ཞེས་བྱ་བ་ནི་མིག་ཁོ་ན་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་ཁོ་ན་ལྟ་བ་ཡིན་ནོ་ཞེས་བྱ་བར་ངེས་པར་འཛིན་པ་ཡིན་ན། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །སློབ་པའི་ཟག་པ་མེད་པའོ། །ཞེས་བྱ་བ་ནི་ཤེས་རབ་ཅེས་བྱ་བ་སྐབས་དང་སྦྱར་རོ། །མི་སློབ་པའི་ནི་མི་སློབ་པའི་འོ་ཞེས་བྱ་བ་ནི་མི་སློབ་པའི་ཟག་པ་མེད་པའི་ཤེས་རབ་ནི་མི་སློབ་པ་ཡིན་ནོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་ཞེས་བརྗོད་པར་བྱ་སྟེ། ཟད་དང་མི་སྐྱེ་བློ་ལྟ་མིན། །ཞེས་འཆད་པར་འགྱུར་རོ། །སྤྲིན་བཅས་པ་དང་སྤྲིན་མེད་པ། །ཞེས་བྱ་བ་རྒྱས་པར་འཇིག་རྟེན་པ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་དང་སློབ་པ་དང་མི་སློབ་པའི་ལྟ་བ་དག་གིས་ཆོས་ལ་ལྟའོ་ཞེས་བྱ་བའི་བར་དུ་འབྱུང་བ་ནི་འཇིག་རྟེན་ལ་ཡོད་པས་ན་འཇིག་རྟེན་པའོ། །ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ། །འདི་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་ཡང་ཡིན་ལ་འཇིག་རྟེན་པ་ཡང་ཡིན་པས། འཇིག་རྟེན་པ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ། །འཇིག་རྟེན་པ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་དང་སློབ་པ་དང་མི་སློབ་པ་ནི་འཇིག་རྟེན་པ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་དང་སློབ་པ་དང་མི་སློབ་པ་མ་ཡིན་ཏེ་དེ་དག་གི་ཆོས་ལ་ལྟའོ། །ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཇི་ལྟར་
སྤྲིན་དང་བཅས་པའི་མཚན་མོ་གཟུགས་ལ་ལྟ་བ་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་འཇིག་རྟེན་པའི་ལྟ་བ་ཉོན་མོངས་པ་ཅན་གྱིས་ཆོས་ལ་ལྟ་བ་ཡིན་ཏེ། ཤིན་ཏུ་མི་གསལ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་སྤྲིན་མེད་པའི་མཚན་མོ་དེ་ཉིད་གཟུགས་ལ་ལྟ་བ་བཞིན་དུ་འཇིག་རྟེན་པའི་ལྟ་བ་ཉོན་མོངས་པ་ཅན་མ་ཡིན་པས་ཆོས་ལ་ལྟ་བ་ཡིན་ཏེ། མི་གསལ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་སྤྲིན་དང་བཅས་པའི་ཉིན་མོ་གཟུགས་ལ་ལྟ་བ་དེ་བཞིན་དུ་སློབ་པའི་ལྟ་བས་ཆོས་ལ་ལྟ་བ་ཡིན་ཏེ། མི་གསལ་བ་ཡིན་གྱི་ཤིན་ཏུ་ནི་མ་ཡིན་ནོ། །ཇི་ལྟར་སྤྲིན་མེད་པའི་ཉིན་མོ་གཟུགས་ལ་ལྟ་བ་དེ་བཞིན་དུ་མི་སློབ་པའི་ལྟ་བས་ཆོས་ལ་ལྟ་བ་ཡིན་ཏེ། ཤིན་ཏུ་རབ་ཏུ་གསལ་ཞེས་བྱ་བའི་ཐ་ཚིག་གོ །ངེས་རྟོག་མེད་པའི་ཞེས་བྱ་བ་ནི་རྟོག་པ་མེད་པའི་ཕྱིར་ཏེ། རྟོག་པ་ནི་ཡུལ་ལ་ངེས་པར་དཔྱོད་པ་སྔོན་དུ་འགྲོ་བའི་ངེས་པར་འདྲེན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ནམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྟོག་པ་མེད་པ་དེ་ཉིད་ཀྱི་ཕྱིར་ཡིད་ཀྱི་ཤེས་རབ་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པ་ཉོན་མོངས་པ་ཅན་ནམ་ཉོན་མོངས་པ་ཅན་མ་ཡིན་པ་ཟད་པ་དང་མི་སྐྱེ་བ་ཤེས་པ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་གཞན་ཡང་ལྟ་བ་མ་ཡིན་ནོ། །གཟུགས་ལ་ལྟ་བའི་དོན་གྱིས་ཏེ། །ཞེས་བྱ་བ་ནི་མིག་གི་རྟོག་པར་བྱེད་པ་ཉིད་ཀྱི་ལྟ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཟུགས་ལ་ལྟ་བའི་དོན་གྱིས་ཏེ་ཤེས་རབ་ནི་རྟོག་པར་བྱེད་པ་ཉིད་ཀྱིས་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །རྣམ་པར་ཤེས་པ་གཞན་དང་ལྡན་པས་ཀྱང་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གཞན་མངོན་དུ་གྱུར་པའི་གང་ཟག་གིས་ཏེ་རྣམ་པར་ཤེས་པ་གཞན་ལ་ཆགས་པས་ཞེས་བྱ་བའི་ཐ་ཚིག་གོ །མཐོང་བར་འགྱུར་རོ་ཞེས་བྱ་བ་ནི་མིག་གི་དབང་པོ་དང་ཡུལ་ལ་སོགས་པ་ཉེ་བའི་ཕྱིར་རོ། །གང་གི་ཕྱོགས་མིག་གི་རྣམ་པར་ཤེས་པས་མཐོང་ངོ་ཞེས་བྱ་བ་དེའི་ལྟར་ན་ནི་དེའི་རྣམ་པར་ཤེས་པ་མེད་པས་ཉེས་པ་མེད་དོ། །རྣམ་པར་ཤེས་པ་དེ་ཁོ་ནས་མཐོང་བར་འགྱུར་རོ་ཞེས་བྱ་བ་ནི་དེ་ཡོད་ན་མཐོང་བ་ཡོད་པའི་ཕྱིར་དང་དེ་མེད་ན་མེད་པའི་ཕྱིར་རོ། །གང་ཕྱིར་བར་དུ་ཆོད་པ་ཡི། །
གཟུགས་ནི་མཐོང་བ་མིན་ཕྱིར་ལོ། །ཞེས་བྱ་བ་ལ། ལོ་ཞེས་བྱ་བའི་སྒྲ་ནི་ཕ་རོལ་པོའི་གཞུང་ལུགས་སྟོན་པར་བྱེད་པ་ཡིན་ནོ། །དེ་ནི་ཐོགས་པ་མེད་པའི་ཕྱིར། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་ནི་ལུས་ཅན་མ་ཡིན་པས་རྩིག་པ་ལ་སོགས་པ་ལས་ཀྱང་འདས་ཏེ་མཐོང་བར་འགྱུར་རོ། །རྣམ་པར་ཤེས་པར་སྨྲ་བས། བསྒྲིབས་པ་ལ་ནི་རྣམ་པར་ཤེས་པ་མི་སྐྱེ་བ་ཉིད་དེ་ཞེས་བྱ་བ་སྨྲས་ཏེ། ཡུལ་སྣང་བར་མ་གྱུར་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཅི་སྟེ་མི་སྐྱེ་ཞེས་བྱ་བ་ནི་ཐོགས་པ་མེད་པ་ཡིན་པའི་ཕྱིར་རྩིག་པ་ལ་སོགས་པ་ལས་ཀྱང་འདས་ཏེ། རྩིག་པ་ལ་སོགས་པས་བསྒྲིབས་པའི་ཡུལ་ལ་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །གང་གི་ལྟར་ན་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་ཁོ་བོ་གང་གི་ཕྱོགས་མིག་གིས་མཐོང་ངོ་ཞེས་བྱ་བ་ཡིན་པ་དེའི་ལྟར་ན་ནི་ཁོ་བོ་མིག་ཐོགས་པ་དང་བཅས་པའི་ཕྱིར་རྩིག་པ་ལ་སོགས་པས་བསྒྲིབས་པ་ལ་འཇུག་པ་མེད་དེ་མིག་ལྟ་བར་འཇུག་པ་མེད་དོ། །འོ་ན་ནི་བྱེ་བྲག་ཏུ་སྨྲ་བའི་ལྟར་ན་ཡང་བསྒྲིབས་པ་ལ་ཡང་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཀླན་ཀ་ཁོང་ནས་དབྱུང་བའི་དོགས་པ་བསུ་བར་བྱེ་བྲག་ཏུ་སྨྲ་བ་དེ་ཉིད་ཀྱིས་ཡང་རྣམ་པར་ཤེས་པ་ཡང་རྟེན་དང་ལྷན་ཅིག་ཏུ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་མིག་བསྒྲིབས་པ་ལ་འཇུག་པ་མེད་པར་རུང་བ་ལྟར་རྣམ་པར་ཤེས་པ་ཡང་རྟེན་དང་ལྷན་ཅིག་ཡུལ་གཅིག་ལ་འཇུག་པའི་ཕྱིར་མི་སྐྱེ་བར་རུང་སྟེ་རྣམ་པར་ཤེས་པ་འཇུག་པ་མེད་དོ། །མིག་གི་ཡུལ་བསྒྲིབས་པའི་དོན་གང་ཡིན་པར་གྱུར་པ་དེ་ཉིད་རྣམ་པར་ཤེས་པའི་ཡང་ཡིན་པས་རྣམ་པར་ཤེས་པ་ཡང་མི་སྐྱེ་བར་རུང་གི་རྣམ་པར་ཤེས་པར་སྨྲ་བ་ཁྱེད་ཀྱི་ལྟར་ན་ནི་རྣམ་པར་ཤེས་པ་ཐོགས་པ་མེད་པ་ཡིན་པས་བསྒྲིབས་པ་ལ་ཡང་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བ་ཞིག་ན་སྐྱེ་བར་ཡང་མི་འགྱུར་ཏེ། དེ་ལྟ་བས་ན་མིག་གིས་མཐོང་གི་རྣམ་པར་ཤེས་པས་ནི་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །དེ་ལྟར་རྣམ་པར་ཤེས་པར་སྨྲ་བ་བཀག་པ་དང་སློབ་དཔོན་གྱིས་དེའི་ཕྱོགས་བཟུང་ནས་མིག་ཀྱང་ལུས་ཀྱི་དབང་པོ་བཞིན་དུ་ཡུལ་དང་ཕྲད་པ་ཞིག་ཡིན་ནམ་ཅི་ལྷག་ཅེ་ན་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཇི་ལྟར་ལུས་ཀྱི་དབང་པོ་ཡུལ་དང་ཕྲད་པ་རྩིག་པ་ལ་སོགས་པ་ལ་
ཐོགས་པས་དེ་ཕན་ཆད་དུ་འཇུག་པར་མི་འགྱུར་བའི་ཕྱིར་རྩིག་པ་ལ་སོགས་པས་བསྒྲིབས་པའི་ཡུལ་མི་འཛིན་པ་དེ་བཞིན་དུ་མིག་ཀྱང་ཡུལ་དང་ཕྲད་ཅིང་རྩིག་པ་ལ་སོགས་པའི་ཐོགས་པས་ཐོགས་པར་གྱུར་ལ་དེ་ཕན་ཆད་དུ་འགྲོ་བར་མི་འགྱུར་བས་རྩིག་པ་ལ་སོགས་པས་བསྒྲིབས་པའི་ཡུལ་མི་འཛིན་པ་ཞིག་ཡིན་ནམ་ཅི། དེ་ནི་རུང་བ་མ་ཡིན་ཏེ། དེ་ལྟ་བས་ན། ཐོགས་པ་དང་བཅས་པའི་ཕྱིར་མིག་གིས་བསྒྲིབས་པ་མི་མཐོང་ངོ་ཞེས་བརྗོད་པར་མི་བྱའོ། །མཆིང་བུ་དང་ལྷང་ཚེར་དང་ཤེལ་དང་ཆུ་དག་གིས་བར་དུ་ཆོད་པ་ཡང་ཇི་ལྟར་མཐོང་བར་འགྱུར་ཏེ་ཞེས་བྱ་བ་ནི་མཆིང་བུ་དང་ལྷང་ཚེར་དང་ཤེལ་དང་ཆུས་བར་དུ་ཆོད་ཅིང་བསྒྲིབས་པའི་གཟུགས་ཀྱང་ཇི་ལྟར་མཐོང་སྟེ། ཐོགས་པ་དང་བཅས་པ་ཡིན་པའི་ཕྱིར་རྩིག་པ་ལ་སོགས་པས་ཆོད་པ་བཞིན་མཆིང་བུ་ལ་སོགས་པས་ཆོད་པ་ཡང་མིག་གིས་མཐོང་བར་མི་འགྱུར་བ་ཞིག་ན། དེ་ནི་གྲུབ་པའི་མཐའ་ལས་མཐོང་བར་འགྱུར་རོ་ཞེས་འབྱུང་ངོ༌། །གང་དུ་སྣང་བ་ལ་གེགས་མེད་ན་ཞེས་བྱ་བ་ནི་སྣང་བ་ཡོད་ན་ཡུལ་སྣང་བར་གྱུར་པ་ཡིན་པས་རྣམ་པར་ཤེས་པ་སྐྱེ་བ་སྲིད་དེ་རྣམ་པར་ཤེས་པའི་རྒྱུ་ནི་འདི་སྐད་དུ་མིག་གི་དབང་པོ་མ་ཉམས་པ་ཡིན་ཡུལ་སྣང་བར་གྱུར་པ་ཡིན་ཏེ་དེ་ལས་སྐྱེས་པའི་ཡིད་ལ་བྱེད་པ་ཉེ་བར་གནས་པ་ཡིན་ནོ་ཞེས་འབྱུང་ངོ༌། །དེའི་ཕྱིར་མཆིང་བུ་ལ་སོགས་པས་བསྒྲིབས་པའི་གཟུགས་དེ་མེད་ལ་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཉིད་ལ་གང་ལ་མཆིང་བུ་ལ་སོགས་པའི་ངོ་བོ་ཉིད་མ་ཡིན་པ་རྩིག་པ་ལ་སོགས་པ་ཐིབས་པོ་ཅན་དག་གིས་གེགས་ཡོད་པའི་བསྒྲིབས་པ་དེ་ལ་ནི་མི་སྐྱེའོ། །ཅི་ཞེ་ན། མིག་གི་རྣམ་པར་ཤེས་པའོ། །མ་སྐྱེས་པའི་ཕྱིར་བསྒྲིབས་པ་མི་མཐོང་སྟེ་ཁྱེད་ཀྱིས་ཅི་སྟེ་མི་སྐྱེ་ཞེས་རྒྱུ་དྲིས་པ་གང་ཡིན་པ་དེའི་རྒྱུ་ནི་འདི་ཡིན་པར་སྨྲའོ། །འོ་ན་གང་མདོ་ལས་མིག་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མིག་གིས་གཟུགས་རྣམས་མཐོང་ནས་མཚན་མར་འཛིན་པར་མི་འགྱུར་ཞིང་མངོན་རྟགས་སུ་འཛིན་པར་མི་འགྱུར་ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ། །གང་གི་ཕྱིར་མིག་གིས་མཐོང་བ་དེའི་ཕྱིར་གང་ཟག་གི་མིག་གིས་མཐོང་ངོ་སྙམ་དུ་བསམས་པ་ཡིན་ནོ། །སློབ་དཔོན་གྱིས་དེར་ནི་
དགོངས་པ་ནི་དེ་ལ་བརྟེན་ཏེ་ཞེས་བྱ་བ་འདི་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །དེར་ནི་དགོངས་པ་ནི་མིག་ལ་བརྟེན་ཏེ་ཞེས་བྱ་བ་འདི་ཡིན་ཏེ། མིག་ལ་བརྟེན་ཏེ་རྣམ་པར་ཤེས་པས་མཐོང་ནས་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ཤེས་ཤེ་ན། དཔེར་ན་ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་པར་བྱས་ནས་ཞེས་བྱ་བ་སྨོས་སོ། །ཡིད་ལ་བརྟེན་ཏེ་ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱས་ནས་ཤེས་པར་བྱ་བ་ཡིན་གྱི་འདས་མ་ཐག་པའི་ཡིད་ཀྱིས་ནི་ཆོས་རྣམས་རྣམ་པར་མི་ཤེས་པ་ནི་ད་ལྟར་གྱི་གནས་སྐབས་ན་བྱ་བ་བྱེད་པ་ཡིན་ནོ། །ཡང་ན་བརྟེན་པའི་ལས་རྟེན་ལ་ཉེ་བར་བཏགས་པ་ཡིན་ཏེ་ཞེས་བྱ་བ་ནི་བརྟེན་པ་རྣམ་པར་ཤེས་པའི་ལས་མཐོང་བ་རྟེན་མིག་ལ་ཉེ་བར་བཏགས་པ་ཡིན་ཏེ། རྣམ་པར་ཤེས་པས་མཐོང་བ་ལ་མིག་གིས་མཐོང་ངོ་ཞེས་ཉེ་བར་བཏགས་པ་ཡིན་ནོ། །དཔེར་ན་ཁྲིའུ་དག་འབོད་དོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི། དཔེར་ན་ཁྲིའུ་ལ་འདུག་པའི་མི་དག་འབོད་པ་ལ་ཁྲིའུ་དག་འབོད་དོ་ཞེས་ཉེ་བར་འདོགས་པ་དེ་དང་འདྲའོ། །ཇི་ལྟར་མདོ་ལས་མིག་གི་རྣམ་པར་ཤེས་པར་བྱ་བའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ཕྱོགས་ཀྱང་མིག་གིས་ནི་རྣམ་པར་མི་ཤེས་སོ། །འོ་ན་ཅི་ཞེ་ན། རྣམ་པར་ཤེས་པས་རྣམ་པར་ཤེས་སོ་ཞེས་བྱ་བ་འདི་ཡིན་ནོ། །འོན་ཀྱང་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་སྡུག་པ་རྣམས་ཞེས་གསུངས་ཏེ། དེར་ནི་གདོན་མི་ཟ་བར་བརྟེན་པའི་ལས་རྟེན་ལ་བརྗོད་པ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གཟུགས་རྣམས་མཐོང་བར་བྱ་བ་ལ་སྒོ་ཡིན་ནོ་ཞེས་ཀྱང་གསུངས་ཏེ་ཞེས་བྱ་བ་ནི་སྒོ་དང་འདྲ་བས་ན་སྒོ་ཡིན་ཏེ་རྒྱུ་དང་རྟེན་ཡིན་ནོ་ཞེས་བྱ་བར་བསམས་པ་ཡིན་ནོ། །ལུང་འདིས་ནི་མིག་གི་སྒོ་ནས་རྣམ་པར་ཤེས་པས་མཐོང་ངོ་ཞེས་དེ་ལ་བརྟེན་ཏོ་ཞེས་བཤད་པའི་དོན་གང་ཡིན་པ་དེ་ཉིད་གཞུང་འཛུགས་པར་བྱེད་པ་ཡིན་ནོ། །དེར་ནི་ལྟ་བ་ལ་སྒོ་ཞེས་བྱ་བར་ཟད་དོ་ཞེས་བྱ་བ་ན་བྲམ་ཟེ་མིག་ནི་འདི་ལྟ་སྟེ། གཟུགས་རྣམས་མཐོང་བར་བྱ་བ་ལ་སྒོ་ཡིན་ནོ་ཞེས་ཀྱང་གསུངས་ཏེ་ཞེས་བྱ་བ་འདིར་རོ། །མིག་ནི་གཟུགས་རྣམས་མཐོང་བར་བྱ་བ་ལ་ལྟ་བ་ཡིན་ནོ་ཞེས་བྱ་བ་འདི་ནི་མི་རུང་ངོ་ཞེས་བྱ་བ་འདི་ནི་འདིར་ཚིག་ཏུ་མི་རུང་བས་མི་རུང་ངོ་ཞེས་བྱ་བར་
བསམས་པའོ། །གལ་ཏེ་འདིས་ལྟ་བས་ན་མཐོང་བའོ་ཞེས་བྱེད་པ་ཡིན་པ་འམ་ལྟ་བར་བྱེད་པས་ན་བྱད་པ་པོ་ཡིན་པ་འམ་ལྟ་བའི་ཕྱིར་ཞེས་ངོ་བོ་སྒྲུབ་པ་ཡིན་ཡང་མཐོང་བ་ནི་ལྟ་བ་ཡིན་པས་མཐོང་བ་དེའི་ཕྱིར་ཞེས་བྱ་བ་འདི་ཇི་ལྟར་རུང༌། འདི་ལྟར་མིག་ལས་མ་གཏོགས་པའི་མཐོང་བ་ནི་མེད་དོ། །གལ་ཏེ་ལྟ་བར་བྱེད་པ་ཡིན་ནོ་སྙམ་ན་རྣམ་པར་ཤེས་པ་ལས་མ་གཏོགས་པ་མེད་དེ། རྣམ་པར་ཤེས་པ་ཁོ་ན་ལྟ་བར་བྱེད་པ་ཡིན་གྱི་འདི་ལས་གཞན་ཡོད་པར་ནི་མ་མཐོང་ངོ༌། །གལ་ཏེ་དོན་མིག་ནི་གཟུགས་རྣམས་བལྟ་བར་བྱ་ཞིང་རྣམ་པར་ཤེས་པར་བྱ་བ་ལ་སྒོ་དང་ཁུང་ཡིན་ནོ་ཞེས་བྱ་བར་བཟུང་ན་དེ་ནི་རུང་ངོ༌། །དཔེར་ན་ཤེས་རབ་འགའ་ཞིག་ལ་མཐོང་བ་ཞེས་ཀྱང་བྱ། རབ་ཏུ་ཤེས་པ་ཞེས་ཀྱང་བྱ་ཞེས་བྱ་བའི་ཉེ་བར་བཀོད་པ་འདིས་ནི་མཐོང་བ་དང་རྣམ་པར་ཤེས་པ་དག་དོན་གྱི་ངོ་བོ་གཞན་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །གང་ཞིག་དེ་སྐད་དུ་བརྗོད་པའི་བྱེ་བྲག་དེ་ཡང་གང་ཞེ་ན། ལྟ་བའི་བདག་ཉིད་དུ་བཤད་པ་གང་ཡིན་པ་སྟེ། དེ་ལས་གཞན་འཕགས་བློ་གཉི་ག །ཞེས་འབྱུང་བའི་ཕྱིར་དང་མདོ་ལས་ཀྱང་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་དེ་ཞེས་འབྱུང་བའི་ཕྱིར་རོ། །རྣམ་པར་ཤེས་པ་འགའ་ཞིག་ཅེས་སྨོས་པའི་ཕྱིར་རྣམ་པར་ཤེས་པ་ཐམས་ཅད་ཀྱིས་མཐོང་བ་ནི་མ་ཡིན་ནོ་ཞེས་ཀྱང་བཤད་པར་འགྱུར་ཏེ། མིག་གི་རྣམ་པར་ཤེས་པས་མཐོང་ངོ་ཞེས་བྱ་བའི་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །ལྟ་བར་བྱ་བ་གཞན་གང་ཞིག་ཡིན་ཞེས་བྱ་བ་ནི་གང་ལ་དམིགས་པར་བྱེད་པ་ཉིད་ཡོད་པས་དེ་ནི་མཐོང་བར་རུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ནི་ཀླན་ཀར་མི་རུང་སྟེ། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་རྣམ་པར་ཤེས་པས་རྣམ་པར་ཤེས་ན་ཡང་རྣམ་པར་ཤེས་པ་བྱེད་པ་པོར་གྱུར་པའི་ཕྱིར་རྣམ་པར་ཤེས་པའི་བྱ་བ་གཞན་གང་ཞིག་ཡོད་ཅེས་བྱ་བ་བརྗོད་དགོས་པས་མཚུངས་པར་ཀླན་ཀར་འགྱུར་རོ། །དེ་ལ་བྱེད་པ་པོ་དང་བྱ་བའི་བྱེ་བྲག་ཀྱང་མེད་ཅེས་བྱ་བ་ནི་བྱེད་པ་པོ་རྣམ་པར་ཤེས་པ་དང་བྱ་བ་རྣམ་པར་ཤེས་པའི་མཚན་ཉིད་དག་ལ་བྱེ་བྲག་གཞན་ཉིད་མེད་མོད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་སོ་ཞེས་བྱེད་པ་པོ་
དང་བྱ་བ་འབྲེལ་བར་ཐ་སྙད་འདོགས་པ་ཡང་ཡོད་པའོ། །དེ་བཞིན་དུ་འདིར་ཡང་མིག་གིས་ལྟའོ་ཞེས་བྱ་བར་འགྱུར་བས་དེ་ནི་ཀླན་ཀར་མི་རུང་ངོ༌། །གཞན་དག་ན་རེ་མཐོང་བ་ནི་མིག་གི་རྣམ་པར་ཤེས་པ་ཡིན་ནོ་ཞེས་ཟེར་ཏེ་དེའི་རྟེན་དུ་གྱུར་པའི་ཕྱིར་མཐོང་ངོ་ཞེས་བྱ་སྟེ་དཔེར་ན་དྲིལ་སྒྲོགས་པའི་རྟེན་དུ་གྱུར་པའི་ཕྱིར་དྲིལ་སྒྲོགས་སོ་ཞེས་བྱ་བ་བཞིན་ནོ་ཞེས་ཟེར་རོ། །རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །འཇིག་རྟེན་ན་རྣམ་པར་ཤེས་པ་དེ་ནི་མཐོང་བའོ་ཞེས་གྲགས་ཏེ་ཞེས་བྱ་བ་ནི་འཇིག་རྟེན་ན་མཐོང་བའོ་ཞེས་གྲགས་ཀྱི་རྣམ་པར་ཤེས་པའོ་ཞེས་བྱ་བ་ནི་མ་གྲགས་སོ། །ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་འདི་ལྟར་དེ་སྐྱེས་ན་གཟུགས་མཐོང་ངོ་ཞེས་ནི་མི་ཟེར་རོ་ཞེས་བྱ་བ་སྨོས་སོ། །བྱེ་བྲག་ཏུ་བཤད་པ་ལས་ཀྱང་ཞེས་བྱ་བ་ནི་དོན་དེ་ཉིད་མངོན་པར་བརྗོད་དོ་སྙམ་དུ་བསམས་པ་ཡིན་ཏེ། མིག་དང་ཕྲད་པ་ནི་མིག་ལམ་དུ་སྣང་བར་གྱུར་པའོ། །རྣམ་པར་ཤེས་པ་ནི་ཡོད་པ་ཙམ་གྱིས་ཞེས་བྱ་བ་ནི་རྟེན་གྱི་ངོ་བོའི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དཔེར་ན་ཉི་མས་ཉིན་པར་བྱེད་དོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་ཉི་མ་ཡོད་པ་ཙམ་གྱིས་ཉིན་པར་བྱེད་དོ་ཞེས་བྱ་བའོ། །དེ་བཞིན་དུ་རྣམ་པར་ཤེས་པས་རྣམ་པར་ཤེས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། །འཇིག་རྟེན་ན་དེ་ལྟར་གྲགས་པའི་ཕྱིར་རོ། །དེ་ནི་བྱེད་པ་མེད་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་བྱེད་པ་མེད་པ་ཞེས་བྱ་བ་ནི་འདུས་པ་ལས་དོན་གཞན་དུ་གྱུར་པའི་བྱེད་པ་པོ་དང་བྱ་བ་འགོག་པར་བྱེད་པ་ཡིན་ནོ། །ཆོས་ཙམ་ཞེས་བྱ་བ་ནི་རང་གི་རྒྱུད་ཀྱི་བྱེད་པ་པོ་འགོག་པར་བྱེད་པ་ཡིན་ནོ། །རྒྱུ་དང་འདྲས་བུ་ཙམ་ཞེས་བྱ་བ་ནི་བྱེད་པ་པོ་མེད་ཀྱང་རྒྱུ་དང་འབྲས་བུ་དག་བྱ་བ་དང་བྱེད་པར་འབྲེལ་པར་སྟོན་པར་བྱེད་པ་ཡིན་ནོ། །དེ་ལ་འདུན་པའི་སྒོ་ནས་མིག་གིས་མཐོང་ངོ༌། །རྣམ་པར་ཤེས་པས་རྣམ་པར་ཤེས་སོ་ཞེས་ཉེ་བར་འདོགས་པར་བྱེད་ཅེས་བྱ་བ་ནི་དངོས་པོ་གང་ཞིག་ཐ་སྙད་གདགས་པའི་ཡན་ལག་ཡིན་པ་དེས་འདིར་ཐ་སྙད་ཡང་དག་པར་གྲུབ་པར་བྱ་བའི་ཕྱིར་ཡོད་པ་མ་ཡིན་ཡང་ཡོད་པའི་ངོ་བོར་ཀུན་བརྟགས་ནས་མིག་གིས་མཐོང་ངོ༌། །
རྣམ་པར་ཤེས་པས་རྣམ་པར་ཤེས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བྱེད་པ་པོ་དང་བྱ་བ་ལ་སོགས་པ་རྣམ་པར་འཇོག་པར་བྱེད་དོ། །འདི་ལ་མངོན་པར་ཞེན་པར་མི་བྱའོ་ཞེས་བྱ་བ་ནི་ངོ་བོ་ཉིད་ནི་དངོས་པོ་ལ་ལྟོས་ནས་གཞན་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་རོ། ལྗོངས་ཀྱི་མིའི་ངེས་པའི་ཚིག་ལ་མངོན་པར་ཞེན་པར་མི་བྱའོ་ཞེས་བྱ་བ་ནི་ལྗོངས་ཀྱི་མིའི་ནང་ན་ངེས་ཤིང་གཏན་ལ་བབ་པར་བརྗོད་པ་ནི་ལྗོངས་ཀྱི་མིའི་ངེས་པའི་ཚིག་སྟེ། དེ་དག་ལ་འདི་ངེས་པའི་ཚིག་འདི་ཡིན་པས་དེའི་ཕྱིར་ཞེས་མངོན་པར་ཞེན་པར་མི་བྱ་བ་འམ་ངེས་པའི་ཚིག་ཐམས་ཅད་དོན་དང་ལྡན་པ་ཁོ་ན་ཞེས་བརྟགས་པར་མི་བྱའོ། །འཇིག་རྟེན་གྱི་མིང་ལ་མངོན་པར་བརྒྱུག་པར་མི་བྱའོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་མིང་བདག་དང་སྲོག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྒྲོ་བཏགས་པར་མི་བྱ་སྟེ། ཡང་དག་པ་མ་ཡིན་པ་ལ་སྒྲོ་བཏགས་ནས་ལུས་ལ་སོགས་པ་མ་གཏོགས་པའི་བདག་ཡོད་དོ་ཞེས་བྱ་བར་རྟོག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་འཇིག་རྟེན་གྱི་མིང་ལ་མངོན་པར་བརྒྱུག་པར་མི་བྱའོ་ཞེས་བྱ་བ་འདི་འདའ་བར་མི་བྱ་བ་སྟེ། དོན་དམ་པའི་ཕྱིར་མིང་ཡུང་མེད་དོ་ཞེས་རྣམ་པར་བརྟག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འདའ་བ་དང་བརྒལ་བ་ཞེས་བྱ་བ་ནི་དོན་གཅིག་གོ ། གཉི་ག་དག་གིས་ཀྱང་ཞེས་བྱ་བ་ལས་ཀྱང་ཞེས་བྱ་བའི་སྒྲས་ནི་གཅིག་གིས་ཀྱང་མཐོང་བ་ཡིན་ནོ། །ངེས་པ་མེད་དེ་ཞེས་བྱ་བ་ནི་གཉི་ག་ཕྱེ་ན་མཐོང་བ་བཞིན་དུ་གསལ་ལོ་ཞེས་བཤད་པ་ཡིན་ནོ། །གང་ཡང་རུང་བ་ཞིག་གཞན་དུ་གྱུར་ན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མིག་ཕྱེ་བ་དང་ཕྱེད་ཕྱེ་བ་དག་ལས་གང་ཡང་རུང་བ་ཞིག་གཞན་དུ་གྱུར་པ་ནའོ། །གཉིས་ལས་གང་ཡང་རུང་བ་ཞིག་གཞན་དུ་གྱུར་ན་སྟེ། གལ་ཏེ་ཕྱེ་བ་གང་ཡིན་པ་དེ་ཕྱེད་ཕྱེ་བ་འམ་ཐམས་ཅད་བཙུམས་པར་བྱས་པ་འམ། །ཕྱེད་ཕྱེ་བ་གང་ཡིན་པ་དེ་གལ་ཏེ་ཐམས་ཅད་བཙུམས་པ་འམ་ཐམས་ཅད་ཕྱེ་བ་བྱས་ན་དེའི་ཚེ་ཟླ་བ་གཉིས་སུ་མཐོང་བར་མི་འགྱུར་རོ། །དེའི་ཕྱིར་འདིར་མིག་གཉི་གཡང་རྣམ་པར་ཤེས་པ་བསྐྱེད་པར་བྱ་བ་ལ་ཞོ་ཤ་ཡོད་དོ་ཞེས་བྱ་བར་ཤེས་སོ། །རྣམ་པར་ཤེས་པ་ནི་གཟུགས་བཞིན་དུ་ཡུལ་ན་ནི་གནས་པའི་ཕྱིར་ཞེས་བྱ་བ་ནི་བཟློག་པའི་དཔེ་ཡིན་ཏེ། ཇི་ལྟར་གཟུགས་ཡུལ་ན་གནས་པའི་ཕྱིར་རྟེན་
རྣམ་པར་ཆད་པས་རྣམ་པར་ཆད་པར་འགྱུར་བ་ལྟར་རྣམ་པར་ཤེས་པ་ནི་དེ་ལྟ་མ་ཡིན་ནོ། །རྣམ་པར་ཤེས་པ་ནི་ཡུལ་ན་གནས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལུས་ཅན་མ་ཡིན་པའི་ཕྱིར་ཡུལ་ན་མི་གནས་པ་ཡིན་ནོ། །ཡུལ་ན་མི་གནས་པའི་ཕྱིར་ན་རྟེན་རྣམ་པར་ཆད་པས་རྣམ་པར་ཆད་པར་མི་འགྱུར་རོ། །འདི་ལྟང་གཟུགས་རྒྱང་རིང་པོ་ནས་མཐོང་ཞེས་བྱ་བ་ནི་གང་ན་གཟུགས་སྣང་བ་དེ་ན་དེ་འཛིན་པར་བྱེད་པའི་མིག་གི་དབང་པོ་མེད་དེ། དེ་ཚད་མས་མི་དམིགས་པའི་ཕྱིར་དེ་ན་ལྷས་བྱིན་ལ་སོགས་པ་མེད་པ་བཞིན་ནོ། །མིག་ལ་ཇི་ལྟ་བ་དེ་བཞིན་དུ་རྣ་བ་ལ་ཡང་བརྗོད་པར་བྱའོ། །ཅིག་ཤོས་ཀྱིས་སྨྲས་པ། མིག་དང་རྣ་བ་ནི་རང་གི་ཡུལ་གྱི་ཕྱོགས་དང་ཕྲད་པ་ཡིན་ཏེ། དབང་པོ་ཡིན་པའི་ཕྱིར་སྣའི་དབང་པོ་ལ་སོགས་པ་ལྟ་བུའོ། །རྗེས་སུ་དཔག་པ་འདིས་ནི་གཏན་ཚིགས་དེ་ནི་ཚད་མས་མི་དམིགས་པ་ཉིད་མ་གྲུབ་པར་སྟོན་པར་བྱེད་དོ། །སློབ་དཔོན་གྱིས་ཡུལ་དང་ཕྲད་པ་ཉིད་གཅིག་ཡིན་ན་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གལ་ཏེ་མིག་དང་རྣ་བ་ཡུལ་དང་ཕྲད་པ་ཡིན་པར་བརྟགས་ན་ནི་མིའི་ནང་ན་འདི་ན་བསམ་གཏན་པ་རྣམས་ལ་ལྷའི་མིག་དང་རྣ་བ་སྐྱེ་བར་མི་འགྱུར་རོ། །གལ་ཏེ་མིག་དང་རྣ་བས་ཅི་རིགས་པར་ཡུལ་ཤིན་ཏུ་བསྐལ་བར་ཡོད་པ་དག་རྩིག་པ་ལ་སོགས་པས་ཆོད་པའི་གཟུགས་དང་སྒྲ་འཛིན་པར་བྱེད་ན་དེ་ལྟ་ན་འདི་ལྷའི་ཉིད་ཡིན་པར་སྲིད་པར་འགྱུར་བ་ཞིག་ན་དེ་ཡང་ཡུལ་དང་ཕྲད་པ་ཉིད་ཅིག་ཡིན་ན་མི་འགྱུར་ཏེ། སྣ་ལ་སོགས་པ་བཞིན་ནོ། །དཔེར་ན་སྣ་དང་ལྕེ་དག་ཡུལ་དང་ཕྲད་པའི་ཕྱིར་བསམ་གཏན་པ་རྣམས་ལ་ལྷའི་དག་སྐྱེ་བར་མི་འགྱུར་བ་དེ་དང་འདྲའོ། །འདིས་ནི་ཕྱོགས་རང་གི་ཡུལ་གྱི་ཕྱོགས་དང་ཕྲད་པ་ཉིད་ཆོས་ཅན་གྱི་ཁྱད་པར་ལས་བཟློག་པའི་སྐྱོན་དང་བཅས་པ་ཉིད་དུ་སྟོན་པར་བྱེད་དེ། མིག་དང་རྣ་བ་ལྷའི་མིག་དག་ཡིན་པར་སྲིད་པ་ནི་ཆོས་ཅན་ཡིན་ནོ། །ལྷའི་ཉིད་ཀྱི་ངོ་བོ་ཡིན་པར་མི་སྲིད་པ་ནི་ཁྱད་པར་ལས་བཟློག་པ་སྟེ། དེར་འགྱུར་བས་ན་ཉེས་པ་ཡིན་ནོ། །སྐྱོན་འདིས་ན་རྗེས་སུ་དཔག་པར་མི་རུང་བའི་ཕྱིར་དེ་ཚད་མས་མི་དམིགས་པ་ཉིད་དུ་རྣམ་པར་འཇོག་པར་བྱེད་དོ། །དེ་ལྟ་བས་ན་མིག་དང་རྣ་བ་ནི་ཡུལ་དང་མ་ཕྲད་པ་ཡིན་ནོ། །གལ་ཏེ་ཡུལ་དང་མ་ཕྲད་པ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཉེ་བ་དང་ཤིན་ཏུ་རིང་བ་ན་ཡོད་པ་དང་བར་དུ་ཆོད་པའང་རུང་དེ་དང་མ་
ཕྲད་པར་འདྲ་བས་དེ་མཐོང་བར་ཐལ་བར་བྱེད་པ་ཡིན་ནོ། །ཕ་རོལ་པོའི་འདི་ཅི་སྒྲུབ་པ་ཞིག་ཡིན་ནམ་འོན་ཏེ་སུན་འབྱིན་པ་ཞིག །གལ་ཏེ་རེ་ཞིག་འདི་སྐད་དུ་མིག་དང་རྣ་བས་ནི་ཤིན་ཏུ་རིང་བ་དང་བར་དུ་ཆོད་པ་འཛིན་པར་འགྱུར་ཏེ། ཡུལ་དང་མ་ཕྲད་པ་ཡིན་པའི་ཕྱིར་ཡུལ་ཉེ་བ་ལྟ་བུའོ་ཞེས་སྒྲུབ་པ་ཡིན་ན་ནི་དེ་ནི་བསྒྲུབ་པར་མི་རུང་སྟེ། །བདག་ཉིད་ལ་གཏན་ཚིགས་མ་ངེས་པའི་ཕྱིར་དང༌། སྔར་ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །འོན་ཏེ་མིག་དང་རྣ་བའི་མཚན་ཉིད་ཀྱི་ཆོས་ཅན་མ་ཕྲད་པ་ཐམས་ཅད་འཛིན་པར་བྱེད་པ་ཉིད་དུ་ཐལ་བར་འགྱུར་བར་སུན་འབྱིན་པ་ཡིན་ན་ནི་དེ་ནི་སུན་འབྱིན་པར་མི་རུང་སྟེ། རྗེས་སུ་དཔག་པས་གནོད་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། རེ་ཞིག་ཁབ་ལོང་གིས་ཀྱང་ལྕགས་མ་ཕྲད་པ་ཐམས་ཅད་ཅི་སྟེ་མི་འདྲེན་ཞེས་བྱ་བ་སྨོས་སོ། །དྲིལ་བའི་སྒོ་ནས་ཁབ་ལོང་དཔེར་ཉེ་བར་བཀོད་དེ་མིག་དང་རྣ་བ་མ་ཕྲད་ཕར་འཛིན་པར་བྱེད་པ་མ་ཡིན་པ་ཉིད་དུ་སྒྲུབ་པར་བྱེད་དོ། །མིག་དང་རྣ་བ་ནི་མ་ཕྲད་པ་ཐམས་ཅད་འཛིན་པར་བྱེད་པ་མ་ཡིན་ཏེ་མ་ཕྲད་པ་ཐམས་ཅད་འཛིན་པའི་མཐུན་མེད་པའི་ཕྱིར་ཁབ་ལོང་བཞིན་ནོ། ཁབ་ལོང་ནི་ལྕགས་མ་ཕྲད་པ་འཛིན་པར་བྱེད་དེ་འདྲེན་པར་བྱེད་ཅེས་བྱ་བའི་ཐ་ཚིག་ཡིན་ཡང་མ་ཕྲད་པ་ཐམས་ཅད་འཛིན་པར་བྱེད་པ་ནི་མ་ཡིན་པ་ལྟར་མིག་དང་རྣ་བ་ཡང་དེ་དང་འདྲའོ། །ཡུལ་དང་ཕྲད་པ་ཉིད་ཅིག་ཡིན་ཡང་ཅིའི་ཕྱིར་མིག་སྨན་ནམ་ཐུར་མ་ཕྲད་པ་ཐམས་ཅད་མི་མཐོང་སྟེ་དེ་ནི་མཚུངས་སོ་ཞེས་བྱ་བ་ནི་ཡུལ་ཤིན་ཏུ་རིང་བ་དང་བར་དུ་ཆོད་པ་ནི་མིག་དང་རྣ་བས་མི་འཛིན་ཏེ། གཟུང་བར་མི་རུང་བའི་ཕྱིར་མིག་སྨན་དང་ཐུར་མ་ཕྲད་པ་ལྟ་བུའོ། །ཡང་ན་མིག་དང་རྣ་བ་ནི་རང་གི་གཟུང་བར་བྱ་བ་ཐམས་ཅད་འཛིན་པར་བྱེད་པ་མ་ཡིན་ཏེ། དབང་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རྣ་བའི་དབང་པོ་ལ་སོགས་པ་ལྟ་བུའོ། །སྣ་ལ་སོགས་པ་ཡུལ་དང་ཕྲད་པ་ཡིན་ཡང་ལྷན་ཅིག་འབྱུང་བའི་དྲི་ལ་སོགས་པ་མི་འཛིན་པའི་ཕྱིར་ཐམས་ཅད་ནི་མ་ཡིན་ཏེ། དབང་པོ་རྣམས་ཀྱིས་ནུས་པ་འདི་འདྲ་བས་སྣ་ལ་སོགས་པ་དང་ལྷན་ཅིག་འབྱུང་བའི་དྲི་དང་རོ་དང་རེག་བྱ་དག་མི་འཛིན་ཏོ། །ཡིད་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཕྲད་པ་ཉིད་ནི་ལུས་ཅན་རྣམས་ཁོ་ནའི་ཡིན་པར་རྣམ་པར་གཞག་གི །ལུས་ཅན་མ་ཡིན་པ་རྣམས་ནི་མ་ཡིན་པས་ཡུལ་
དང་ཕྲད་པ་ཡིན་ཞེས་བྱ་བ་ནི་དཔྱད་པར་མི་བྱའོ། །གསུམ་གཞན་དུ་ཞེས་བྱ་བ་ནི་གསུམ་ནི་ཕྲད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་བར་འདོད་པའི་ཕྱིར་བརྩམས་པ་ཡིན་ནོ། །དེ་ལྟ་བ་མ་ཡིན་ན་ཡུལ་དང་ཕྲད་པ་དང་མ་ཕྲད་པ་ཡང་ཡིན་ནོ་ཞེས་བྱ་བར་ཡང་སྲིད་པར་འགྱུར་རོ། །དབུགས་མ་རྔུབས་པར་ནི་མི་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྣར་དབུགས་རྔུབས་པ་དང་ལྷན་ཅིག་འབྱུང་བ་ཕྲ་མོ་བཞི་འོངས་པ་གང་ཡིན་པ་དེའི་དྲི་སྣས་སྣོམ་པར་བྱེད་དོ། །གཞན་དག་ན་རེ་རླུང་ལས་དྲི་གཞན་འབྱུང་ངོ་ཞེས་ཟེར་རོ། །འདྲེས་པར་འགྱུར་བ་ནི་ཡུལ་གཅིག་པར་འགྱུར་པའོ། །འོན་ཏེ་ཕྱོགས་གཅིག་གིས་ཡིན་ན་ནི་ཞེས་བྱ་བ་ཅི་ཞེ་ན། རེག་པར་འགྱུར་ན་ནི་ཞེས་བྱ་བར་སྦྱར་རོ། །འོ་ན་ཇི་ལྟར་སྒྲ་མངོན་པར་འགྲུབ་པར་འགྱུར་ཞེས་བྱ་བ་ནི་གལ་ཏེ་མི་རེག་ན་བསྣུན་དུ་མེད་པས་སྒྲ་མངོན་པར་འགྲུབ་པར་མི་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཏེ་ཞེས་ཟེར་བ་ནི་ཁ་ཅེ་པ་རྣམས་ཡིན་ཏེ་གལ་ཏེ་རེག་པར་གྱུར་ན་ལག་པས་ལག་པ་ལ་བསྣུན་ན་བྱིང་བར་འགྱུར་ཏེ་རྒྱ་སྐྱེགས་ལ་རྒྱ་སྐྱེགས་གཞན་བཞིན་ནོ། །ཇི་ལྟར་བསགས་པ་ལ་བརྒྱབ་ན་ཞིག་པར་མི་འགྱུར་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཕན་ཚུན་མ་རེག་པའི་ཚོགས་ལ་ལག་པ་ལ་སོགས་པས་བརྒྱབ་ན་ཇི་ལྟར་ཞིག་པར་མི་འགྱུར་ཞེས་བྱ་བ་ཡིན་ནོ། །དེ་དག་གི་དབུས་ན་ཆུང་ཟད་ཀྱང་མེད་པ་གང་ཡིན་པ་དེ་ཁོ་ན་འདབ་ཆགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ནང་ན་སྣང་བ་ལ་སོགས་པ་མེད་པས་འདི་དག་འདབ་ཆགས་པ་ཉིད་དུ་རྣམ་པར་གཞག་སྟེ། དེ་ཁོ་ན་ནི་ཕྲད་པ་ཉིད་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །ཡང་ཞེས་བྱ་བ་ནི་གཞན་ཡང་ཞེས་བྱ་བའི་ཐ་ཚིག་སྟེ། འདུས་པ་རྣམས་ནི་ཆ་ཤད་དང་བཅས་པ་ཡིན་པའི་ཕྱིར་རེག་པར་འགྱུར་བས་གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་རེག་པར་གྱུར་ན་ནི་རྫས་རྣམས་འདྲེས་པར་འགྱུར་རོ། །གལ་ཏེ་ཕྱོགས་གཅིག་གིས་ན་ནི་ཆ་ཤས་དང་བཅས་པར་ཐལ་བར་འགྱུར་ཞེས་ཉེས་པ་སྨྲས་པ་གང་ཡིན་པའི་ཉེས་པ་མེད་དོ། །རྒྱུའི་ཕྱིར་ཞེས་བྱ་བ་ནི་གང་གི་རྒྱུ་ཅི་འདྲ་བ་དེ་ནི་རེག་པ་འམ་མ་རེག་པ་དེའི་རྒྱུའི་ཕྱིར་ཞེས་བྱ་བ་བཤད་པ་ཡིན་ནོ། །རེས་འགའ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་རེག་པའི་རྒྱུ་ཅན་ཞེས་བྱ་བ་ནི་འདི་ལ་ཕན་ཚུན་རེག་པའི་རྒྱུ་ཡོད་པས་ན་རེག་པའི་རྒྱུ་ཅན་
གྱིས་མ་རེག་པ་ཡིན་ནོ། །གང་གི་ཚེ་རྣམ་པར་ཞིག་པ་ནའོ་ཞེས་བྱ་བ་ནི་དཔེར་ན་བོང་པ་སྐམ་པོ་ཕྱེ་མར་བྱས་པ་ལྟ་བུའོ། །གང་གི་ཚེ་བསགས་པར་གྱུར་པ་ནའོ་ཞེས་བྱ་བ་ནི་དཔེར་ན་ཁ་བ་ལྟ་བུ་སྟེ་དེ་ནི་སྔོན་ཕྲ་ལ་ཕྱིས་ཆེན་པོར་འགྱུར་རོ། །གང་གི་ཚེ་བསགས་པ་དར་ལྡན་པ་བསགས་པ་ནའོ་ཞེས་བྱ་བ་ནི་དཔེར་ན་འཇིམ་པའི་གོང་བུ་གཉིས་ཕྲད་པ་ལྟ་བུའོ། །སྐད་ཅིག་མ་ཕྱི་མར་གནས་པར་འགྱུར་རོ་ཞེས་བྱ་བ་ནི་སྐྱེས་ནས་རེག་པ་དང་ལྡན་པའི་ཕྱིར་རོ། །བཙུན་པ་ན་རེག་པ་ནི་རེག་པ་ནི་མེད་ཀྱི་འདབ་ཆགས་པ་ལ་རེག་གོ་སྙམ་དུ་འདུ་ཤེས་པར་ཟད་དོ་ཞེས་ཟེར་ཏེ་བཙུན་པའི་ལུགས་འདོད་པར་བྱའོ་ཞེས་བྱ་བ་བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་ཅིའི་ཕྱིར་འདོད་པར་མི་བྱ། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ཀྱང་འདི་སྐད་དུ་དེ་དག་གི་དབུས་ན་ཅུང་ཟད་ཀྱང་མེད་པ་གང་ཡིན་པ་དེ་ཁོ་ན་འདབ་ཆགས་པ་ཉིད་ཡིན་ནོ་ཞེས་སྨྲས་པ་མ་ཡིན་ནམ་ཞེ་ན། དེ་སྐད་ཅེས་ནི་སྨྲས་མོད་ཀྱི་ཚིག་དེ་ནི་གླགས་དང་བཅས་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་དབུས་ན་ཆུག་ཟད་ཀྱང་མེད་པ་གང་ཡིན་པ་ཞེས་སྨྲ་བ་རྣམས་ནི་དབུས་ན་སྣང་བ་ལ་སོགས་པ་ཡོད་པར་མི་འདོད་ཀྱི་རྡུལ་ཕྲ་རབ་གཞན་འཇུག་པའི་གོ་སྐབས་མེད་པར་ནི་མི་སྨྲའོ། །གཞན་དུ་རྡུལ་ཕྲ་རབ་བར་དང་བཅས་པ་རྣམས་ཀྱི་བར་དག་ཏུ་འགྲོ་བ་ལས་སུ་འགོག་ན་ཞེས་བྱ་བ་ནི་འགྲོ་བ་དང་ལྡན་པ་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །ཉེས་པ་གཞན་འདི་ཡང་ཡོད་དེ། །ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་རྣམས་རྟོག་པར་བྱེད་པ་ལྟར་རྡུལ་ཕྲ་རབ་རྣམས་ལས་བསགས་པ་དག་གཞན་པ་ཡང་མ་ཡིན་པས་དེ་དག་ཁོ་ན་བསགས་པ་ལ་རེག་པ་ཡིན་ཏེ། དཔེར་ན་གཟུགས་སུ་རུང་བ་ལྟ་བུའོ་ཞེས་བྱ་བ་ནི་འདུས་པ་ཁོ་ན་ཡིན་གྱི་གཅིག་པུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་རྡུལ་ཕྲ་རབ་ལ་ཕྱོགས་ཆ་ཐ་དད་པར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སློབ་དཔོན་རྡུལ་ཕྲ་རབ་ཡོངས་སུ་མ་གྲུབ་པར་འཆད་པར་འདོད་ནས་དཔྱོད་པར་བྱེད་པ་ཡིན་ཏེ། གལ་ཏེ་རྡུལ་ཕྲ་རབ་གཅིག་ལ་ཤར་ཕྱོགས་ལ་སོགས་ཏེ་ཕྱོགས་ཀྱི་ཆ་ཐ་དད་པར་རྟོག་ན་ནི་ཕན་ཚུན་རེག་གམ་མ་རེག་ཀྱང་རུང་སྟེ། ཆ་ཤས་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་མ་ཡིན་ན་ནི་ཞེས་བྱ་བ་ཅི་ཞེ་ན། ཕྱོགས་ཆ་ཐ་དད་པར་ཞེས་བྱ་བར་སྦྱར་རོ། །རེག་ཀྱང་ཐལ་བར་མི་འགྱུར་རོ་ཞེས་བྱ་བ་ཅིར་ཞེ་ན། ཆ་ཤས་
དང་བཅས་པ་ཉིད་དུའོ། །འདིར་སྒྲུབ་པ་ནི་རྡུལ་ཕྲ་རབ་ནི་ཆ་ཤས་མེད་པ་མ་ཡིན་ཏེ། ཕྱོགས་ཆ་ཐ་དད་པ་དང་ལྡན་པའི་ཕྱིར་མོན་སྲན་གྲེའུའི་ཕུང་པོ་བཞིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ཕྱོགས་ཆ་ཐ་དད་པ་དང་ལྡན་པ་ཉིད་འདི་མི་འདོད་དེ། ཕྱོགས་ཆ་ཐ་དད་པ་ནི་བསགས་པའི་གཟུགས་དག་ཁོ་ནའི་ཡིན་པར་རྟོག་གོ །འདི་སྐད་དུ་ཡུལ་ཐ་མི་དད་པ་ཉིད་དུ་གྱུར་ན་མི་རུང་བས་ཐོགས་པ་དང་བཅས་པ་རྣམས་ཀྱི་ཡུལ་ཐ་དད་པ་ཉིད་དང་བར་དང་བཅས་པ་ཉིད་དག་ཡིན་ཡང་དེ་དག་འདབ་ཆགས་པར་གནས་པའི་ཕྱིར་ཐོགས་པ་དང་བཅད་པ་ཉིད་ཀྱིས་འགྲོ་བའི་གགས་བྱེད་དོ་ཞེས་བྱ་བ་གང་ཡིན་པ་འདི་ནི་ཆོས་ཉིད་ཡིན་ནོ་ཞེས་ཀྱག་བརྗོད་དོ། །མགལ་མེའི་འཁོར་ལོ་ལ་སོགས་པ་བཞིན་དུ་མྱུར་དུ་འཇུག་པས་རི་ལ་སོགས་པ་འཛིན་ཏམ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཆད་དང་མཉམ་པ་ཁོ་ནའི་དོན་འཛིན་པར་འདོད་ན་ཇི་ལྟར་རི་ཆེན་པོ་དག་ཅིག་ཅར་འཛིན་པ་ལྟ་བུར་སྣང་གི་རིམ་གྱིས་ནི་མ་ཡིན་ནོ་སྙམ་པའི་དོགས་པ་བསུ་བར་དེ་ལྟར་འཛིན་པའི་རིགས་པ་མྱུར་དུ་འཇུག་པས་ཞེས་བྱ་བ་ལ་སོགས་པས་རྗོད་པར་བྱེད་དེ་དཔེར་ན་འགལ་མེའི་འཁོར་ལོ་ལ་སོགས་པ་འཛིན་པ་རིམ་གྱིས་ཡིན་ཡང་ཅིག་ཅར་ལྟ་བུར་མངོན་པའོ། །དེ་བཞིན་དུ་རི་དང་ཆུ་བོའི་སྒྲ་ལ་སོགས་པ་འཛིན་པ་ཡང་མྱུར་དུ་འཇུག་པ་ཡིན་ནོ། །འོན་ཏེ་མཉམ་པ་དང་མི་མཉམ་པ་ཞིག་ལ་ཞེས་བྱ་བ་ནི་རྒུན་འབྲུམ་ལ་སོགས་པ་ལ་ལྟ་ན་ནི་མཉམ་པ་ཡིན་ལ་སྐྲའི་རྩེ་མོ་དང་རི་ལ་སོགས་པ་ལ་ལྟ་ན་ནི་མི་མཉམ་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །མིག་ཕྱེ་བ་ཙམ་གྱིས་ཞེས་བྱ་བ་ནི་རིམ་གྱིས་མཐོང་བ་མ་ཡིན་པའི་ལུགས་ཀྱིས་སོ། །དེ་བཞིན་དུ་རྣ་བས་ཞེས་བྱ་བ་རྒྱས་བར་འབྱུང་བ་ནི་རེས་འགའ་ནི་ཆུང་སྟེ། གང་གི་ཚེ་སྦྲང་བུའི་སྒྲ་ཐོས་པ་ནའོ། །རེས་འགའ་ནི་མཉམ་སྟེ། གང་གི་ཚེ་འགའ་ཞིག་གིས་སྒྲ་རྣ་བའི་རྡུལ་ཕྲ་རབ་དང་ཚད་མཉམ་པ་ཐོས་པ་ནའོ། །རེས་འགའ་ནི་ཆེ་སྟེ། གང་གི་ཚེ་འབྲུག་གི་སྒྲ་ཐོས་པ་ནའོ་ཞེས་བྱ་བ་ཡིན་ནོ། །གོ་སྙོད་ཀྱི་མེ་ཏོག་བཞིན་དུ་གནས་ཏེ་ཞེས་བྱ་བ་ནི་གོ་སྙོད་ནག་པོའི་མེ་ཏོག་བཞིན་དུ་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ །རྣ་བའི་འབྲུག་གི་ནང་ན་གནས་སོ་ཞེས་བྱ་བ་ནི་རྣ་བའི་ནང་ན་གྲོ་བའི་ཁ་དོག་གི་རྣམ་པ་ལྟ་བུ་ཡོད་པ་གང་ཡིན་པ་དེ་ནི་གྲོ་བ་དང་འདྲ་བས་འབྲུག་ཡིན་ཏེ་རྣ་བའི་དབང་པོའི་རྡུལ་ཕྲ་
རབ་དག་ནི་དེའི་ནང་ན་གནས་སོ། །མཚུལ་བའི་ནང་ན་ཞེས་བྱ་བ་ལ་མཚུལ་བ་ནི་སྣའི་རྒྱུད་དོ། །ཕྲེང་བ་བཞིན་དུ་གནས་སོ་ཞེས་བྱ་བ་ནི་ཕྲེང་བ་མ་འགྲུས་པར་ཀོར་ཀོར་པོར་གནས་པ་ཡིན་ནོ། །སྐྲའི་རྩེ་མོའི་ཁྱོན་ཙམ་ཞིག་ལྕེའི་དབང་པོའི་རྡུལ་ཕྲ་རབ་དག་གིས་མ་ཁེབས་སོ་ཞེས་གྲག་གོ་ཞེས་བྱ་བ་ལ། གྲག་ཅེས་བྱ་བའི་སྒྲ་ནི་ལུང་ཡིན་པར་བསྟན་པའི་ཕྱིར་རོ། །མ་ཁེབས་པ་ནི་མ་ཁྱབ་པའོ། །ཐམས་ཅད་ཀྱིས་རྣམ་པར་ཤེས་པ་སྐྱེད་ན་ནི་ལུས་ཞིགས་པར་འགྱུར་རོ་ལོ་ཞེས་བྱ་བ་ལ། ལོ་ཞེས་བྱ་བའི་སྒྲས་ནི་ལས་ཀྱི་མཐུན་ཁོ་ནས་འཇིག་པར་མི་འགྱུར་བ་ཡིན་ནོ་ཞེས་མ་དད་པ་སྟོན་པར་བྱེད་པ་ཡིན་ནོ། །རྟེན་དང་དམིགས་པ་ནི་བསགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟེན་བསགས་པ་ཡིན་པའི་ཕྱིར་དང་དམིགས་པ་བསགས་པ་ཡིན་པའི་ཕྱིར་རོ། །ཐ་མའི་རྟེན་འདས་ཞེས་བྱ་བ་ནི་འདས་པ་ཁོ་ནའོ་ཞེས་བྱ་བར་ངེས་པར་བཟུང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་དབང་པོ་གཉིས་ཀྱི་རྟེན་ཅན་ཡིན་ཏེ། མིག་གི་དབང་པོ་ལ་སོགས་པའི་རྟེན་ཅན་དང་ཡིད་ཀྱི་དབང་པོའི་རྟེན་ཅན་དག་ཡིན་པ་དེའི་ཕྱིར་མུ་བཞི་པ་འབྱུང་སྟེ། མུ་དང་པོ་ནི་མིག་ཡིན་ནོ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོར་ཡིན་གྱི། མིག་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་མ་ཡིན་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་དངོས་པོར་ནི་མ་ཡིན་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་མཚན་ཉིད་ནི། སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །ཅེས་བྱ་བ་ཡིན་ནོ། །མུ་གཉིས་པ་ནི་ཆོས་ཀྱི་ཁམས་སེམས་ལས་བྱུང་བ་འདས་མ་ཐག་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ནི་མཚུངས་པ་དེ་མ་ཐག་པའི་དངོས་པོར་ཡིན་གྱི་རྟེན་གྱི་དངོས་པོར་ནི་མ་ཡིན་ཏེ། རྣམ་པར་ཤེས་པའི་རྟེན་ནི་མིག་ལ་སོགས་པ་ཡིད་ལ་ཐུག་པའི་བར་དྲུག་ཁོ་ན་ཡིན་པར་འདོད་ཀྱི་གཞན་དག་ནི་མ་ཡིན་ནོ། །གསུམ་པ་ནི་འདས་མ་ཐག་པའི་ཡིད་ཡིན་ནོ་ཞེས་བྱ་བ་ནི་གཉི་གའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་ཡིན་ཏེ་ཞེས་བྱ་བ་ནི་མུ་གསུམ་ལས་མ་གཏོགས་པ་ལྡན་པ་མ་ཡིན་པ་དང་འདུས་མ་བྱས་ལ་སོགས་པ་ཡིན་ནོ། །དེ་བཞིན་དུ་
ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་ཡང་རང་གི་དབང་པོ་བརྗོད་པར་བྱའོ་ཞེས་བྱ་བ་ནི་གང་རྣ་བའི་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོར་ཡིན་པ་དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་དངོས་པོར་ཡང་ཡིན་ནམ་ཞེ་ན། མུ་བཞི་སྟེ་མུ་དང་པོ་ནི་རྣ་བ་ཡིན་ནོ། །གཉིས་པ་ནི་ཆོས་ཀྱི་ཁམས་སེམས་ལས་བྱུང་བ་འདས་མ་ཐག་པ་ཡིན་ནོ། །གསུམ་པ་ནི་འདས་མ་ཐག་པའི་ཡིད་ཡིན་ནོ། །མུ་བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་ཡིན་ཏེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཚིག་སྔ་མ་དང་སྦྱོར་བ་སྟེ་ཞེས་བྱ་བ་ནི་གང་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོར་ཡིན་པ་དེ་ནི་དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་དངོས་པོར་ཡང་ཡིན་ནོ་ཞེས་ཚིག་སྔ་མ་དང་སྦྱོར་བ་ཡིན་ནོ། །རེ་ཞིག་གང་རྟེན་གྱི་དངོས་པོར་ཡིན་པ་དེ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་དངོས་པོར་ཡང་ཡིན་ནོ་ཞེས་བྱ་བ་ནི་རེ་ཞིག་མཚུངས་པ་དེ་མ་ཐག་པའི་རྐྱེན་འདི་ནི་གདོན་མི་ཟ་བར་ཡིད་ཡིན་ནོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་དངོས་པོར་ཡིན་ལ་རྟེན་གྱི་དངོས་པོར་མ་ཡིན་པ་ཡང་ཡོད་དོ། །ཆོས་ཀྱི་ཁམས་སེམས་ལས་བྱུང་བ་འདས་མ་ཐག་པའོ་ཞེས་བྱ་བ་ནི་མིག་ལ་སོགས་པ་རྟེན་དྲུག་གི་ངོ་བོ་མ་ཡིན་པའི་ཕྱིར་རོ། །དེ་དག་གྱུར་པས་འགྱུར་ཉིད་ཕྱིར། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མིག་ལ་སོགས་པ་དེ་དག་གྱུར་པས་འགྱུར་པ་ནི། །དེ་དག་གྱུར་བས་འགྱུར་བ་སྟེ་དེ་དག་གྱུར་པས་འགྱུར་བ་ནི་དེ་དག་གྱུར་པས་འགྱུར་པའོ། །འདི་དག་ལ་དེ་ཡོད་པས་རྣམ་པར་ཤེས་པ་རྣམས་ནི་དེ་དག་གྱུར་པས་འགྱུར་པ་ཡིན་ནོ། །དེ་ངོ་བོ་ནི་དེ་དག་གྱུར་པས་འགྱུར་བ་ཉིད་ཡིན་ནོ། །དེའི་ཕྱིར་འདི་དག་གི་རྟེན་མིག་ལ་སོགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེ་སྤར་བཟུང་ངོ༌། །ཕན་པ་དང་གནོད་པ་དང་གསལ་བ་དང་མི་གསལ་བ་ཉིད་ཀྱི་རྗེས་སུ་བྱེད་པའི་ཕྱིར་ཞེས་བྱ་བ་ནི་མིག་ལ་སོགས་པ་ལ་མིག་སྨན་ལ་སོགས་པས་ཕན་བཏགས་ཤིང་རྡུལ་ལ་སོགས་པས་གནོད་པ་བྱས་ན་གོ་རིམས་བཞིན་དུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བདེ་བ་དང་བཅས་པ་སྐྱེད་པའི་ཕྱིར་དང༌། སྡུག་བསྔལ་དང་བཅས་པ་སྐྱེད་པའི་ཕྱིར་རྗེས་སུ་བྱེད་པ་ཡིན་ནོ། །དེ་དག་གསལ་བ་དང་མི་གསལ་བ་ཉི་
སྐྱེད་པའི་ཕྱིར་གསལ་བ་དང་མི་གསལ་བ་ཉིད་ཀྱི་རྗེས་སུ་ཡང་བྱེད་དོ། །དེའི་ཕྱིར་མིག་ལ་སོགས་པ་གྱུར་པས་རྣམ་པར་ཤེས་པ་འགྱུར་བ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །གཟུགས་གསལ་ན་རྣམ་པར་ཤེས་པ་གསལ་བ་སྐྱེ་བ་སྣང་ལ། མི་གསལ་ན་མི་གསལ་བ་ཡང་མ་ཡིན་ནམ་ཞེ་ན། གཟུགས་གསལ་བ་དང་མི་གསལ་བ་ཉིད་ཡིན་ན་མིག་གི་རྣམ་པར་ཤེས་པ་རྗེས་སུ་བྱེད་མོད་ཀྱི་མིག་དང་གཟུགས་དག་གྱུར་པའི་གནས་སྐབས་ན་ནི་མིག་གི་གནས་སྐབས་ཉིད་ན་མིག་གི་རྣམ་པར་ཤེས་པ་རྗེས་སུ་བྱེད་པའི་གཟུགས་ཀྱི་གནས་སྐབས་སུ་ནི་མ་ཡིན་ནོ། །འདི་ལྟར་མིག་ལ་ནི་ཕན་བཏགས་ལ་གཟུགས་ནི་ཉེ་བར་བཅོམ་ན་དེའི་འདོད་ཆགས་དང་བྲལ་བ་བར་མར་གནས་སྐབས་ལ་མིག་གི་རྣམ་པར་ཤེས་པ་འགྱུར་བ་མེད་པར་སྐྱེའི་སྡུག་བསྔལ་དང་བཅས་པར་སྐྱེ་བ་ནི་མ་ཡིན་ནོ། །གཟུགས་ལ་ནི་ཕན་བཏགས་ལ་མིག་ནི་ཡོངས་སུ་མ་སྤངས་ལ་མིག་སེར་གྱི་ནད་དམ་རབ་རིབ་ཀྱི་གནོད་པས་ཉམས་ན་སེར་པོར་མཐོང་བར་འཁྲུལ་པ་འམ། སྐྲ་ཤད་ལ་སོགས་པ་མཐོང་བར་འབྱུང་བར་འགྱུར་རོ། །དེ་བཞིན་དུ་གཟུགས་ནི་གསལ་ལ་མིག་ནི་རྡུལ་གྱིས་མི་གསལ་བར་གྱུར་ན་ཡང་མིག་གི་རྣམ་པར་ཤེས་པ་མི་གསལ་བར་སྐྱེའོ། །དེ་བཞིན་དུ་གཟུགས་མི་གསལ་ལ་གསལ་ཏེ་མི་གསལ་བར་གྱུར་ན་ཡང་མིག་གི་རྣམ་པར་ཤེས་པ་གསལ་བར་སྐྱེའོ།། །།བམ་པོ་བརྒྱད་པ། འདི་ལྟར་བྱ་རྒོད་ཀྱི་མིག་ནི་རང་བཞིན་གྱིས་གསལ་པས་རོའི་གཟུགས་མི་གསལ་ཡང་དཔག་ཚད་དུ་མས་བར་དུ་ཆོད་པ་ལ་ཡང་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དེའི་ཕྱིར་ཐུན་མོང་མ་ཡིན་ཕྱིར། །ཞེས་བྱ་བ་ནི་རྟེན་དུ་གྱུར་པ་དེའི་ཕྱིར་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །རྟེན་གྱི་དངོས་པོ་ནི་བཤད་ཟིན་པས་དེའི་ཕྱིར་གུས་པར་མི་བྱེད་ཀྱི་ཐུན་མོང་མ་ཡིན་པ་ཉིད་ཁོ་ན་བཤད་པའི་ཕྱིར་ཇི་ལྟར་ན་ཐུན་མོང་མ་ཡིན་པ་ཉིད་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་གྱི་མིག་གི་རྣམ་པར་ཤེས་པ་ཡང་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ལ་ཡོད་པའི་རྣམ་པར་ཤེས་པ་ཡང་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་
ཁོ་ནས་རྣམ་པར་ཤེས་པ་བསྟན་ཞེས་བྱ་བ་ནི་མིག་ལ་སོགས་པས་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་བསྟན་གྱི། གཟུགས་ལ་སོགས་པས་གཟུགས་ཀྱི་རྣམ་པར་ཤེས་པ་ནས་ཆོས་ཀྱི་རྣམ་པར་ཤེས་པའི་བར་དུ་ནི་མ་ཡིན་ནོ། །དཔེར་ན་རྔ་བོ་ཆེའི་སྒྲ་དང་ནས་ཀྱི་མྱུ་གུ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་ཐུན་མོང་མ་ཡིན་པའི་ཕྱིར་འཇིག་རྟེན་ན་རྔ་བོ་ཆེའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་རྔ་བོ་ཆེ་དང་ནས་དེ་དག་གི་སྒོ་ནས་སྟོན་གྱི། །དབྱིག་པའི་སྒྲ་དང་ཞིང་གི་མྱུ་གུ་ཞེས་བྱ་བ་ནི་མ་ཡིན་པ་ལྟ་བུའོ། །དབྱུག་པ་ཡང་རྔ་པ་ཊ་ཧ་ལ་སོགས་པའི་སྒྲའི་རྒྱུར་འགྱུར་ལ། ཞིང་ཡང་འབྲས་སཱ་ལུ་དང་གྲོ་ལ་སོགས་པའི་མྱུ་གུའི་རྒྱུར་འགྱུར་མོད་ཀྱི་ཐུན་མོང་ཡིན་པའི་ཕྱིར་དེ་དག་གི་སྒོ་ནས་སྟོན་པར་མི་བྱེད་ཀྱི། །ཐུན་མོང་མ་ཡིན་པའི་ཕྱིར་རྔ་བོ་ཆེ་དང་ནས་དག་གི་སྒོ་ནས་སྟོན་པ་ལྟར། འདིར་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །གཞན་ཡང་གཉི་ག་སེམས་ཅན་དུ་བགྲང་བ་ཡིན་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་ཡིན་ཏེ། གཟུགས་ནི་སེམས་ཅན་དུ་བགྲང་བ་མ་ཡིན་པ་ཡང་ཡིན་ནོ། །མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། དེ་ནི་རྒྱུ་ཡིན་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པ་བདེ་བ་དང༌། སྡུག་བསྔལ་གྱི་ཚོར་བ་དང་མཚུངས་པར་ལྡན་པའི་མིག་ཕན་པ་དང་གནོད་པར་ཞུགས་པའི་ཕྱིར་རོ། །མིག་ནས་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། ཐུན་མོང་མ་ཡིན་པ་ཉིད་དུ་དེའི་སྒོ་ནས་འཇུག་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་ཡིན་ཏེ། སེམས་ཅན་དུ་བགྲང་བ་ཉིད་བདག་པོར་གྱུར་པའི་ཕྱིར་རོ། །མིག་ལ་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་སྟེ། དེ་དང་མཚུངས་པར་ལྡན་པའི་ཚོར་བ་བདེ་བ་དང་སྡུག་བསྔལ་བ་ནི་མིག་ཁོ་ན་ལ་ཡོངས་སུ་གཅད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱ་སྟེ། དེ་ལྟར་ན་མིག་ལ་སོགས་པ་ཁོ་ནའི་སྒོ་ནས་རྣམ་པར་ཤེས་པ་བསྟན་པར་རུང་གི་གཟུགས་ལ་སོགས་པའི་སྒོ་ནས་ནི་མ་ཡིན་ནོ། །བསམ་གཏན་གསུམ་པ་དང༌། བཞི་པའི་ས་པའི་མིག་གིས་དེ་དག་གིས་པ་དང་ས་འོག་མའི་གཟུགས་རྣམས་ལ་ལྟ་བའི་ཡང་
དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་ནི་འདོད་པའི་ཁམས་སུ་སྐྱེས་པ་དེ་ཁོ་ནའི་སྦྱར་བར་བྱ་བ་ཡིན་ནོ། །བསམ་གཏན་གསུམ་པ་ལ་སོགས་པའི་མིག་གིས་ལྟ་བའི་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་ནི་བསམ་གཏན་དང་པོར་སྐྱེས་པ་དེ་ཁོ་ནའི་བསམ་གཏན་གསུམ་པ་དང་བཞི་པའི་མིག་གིས་ལྟ་བའི་སྦྱར་བར་བྱ་བ་ཡིན་ནོ། །ལུས་ལ་འོག་མའི་མིག་མ་ཡིན། །ཞེས་བྱ་བ་ནི་ས་འོག་མ་པ་ཞེས་བྱ་བའི་ཐ་ཚིག་སྟེ། རང་གི་ས་པ་དང༌། ས་འོག་མ་ནི་ཁས་བླངས་པ་ཡིན་ནོ། །ལུས་དང་མིག་དང་གཟུགས་རྣམས་ནི་འདོད་པ་ན་སྤྱོད་པ་ནས་བསམ་གཏན་བཞི་པའི་ས་པའི་བར་ས་ལྔ་པ་དག་ཡིན་ནོ་ཞེས་བྱ་བ་ལ་ལུས་ནི་ཁོག་པ་སྟེ། ལུས་ལ་སོགས་པ་འདི་དག་ནི་གཟུགས་མེད་པའི་ཁམས་ན་མེད་པའི་ཕྱིར་འདོད་པ་ན་སྤྱོད་པ་དང་བསམ་གཏན་དང་པོའི་ས་པ་ནས་བསམ་གཏན་བཞི་པའི་ས་པའི་བར་དག་ཡིན་ནོ། །མིག་གི་རྣམ་པར་ཤེས་པ་ནི་འདོད་པ་ན་སྤྱོད་པ་དང་བསམ་གཏན་དང་པོའི་ས་པ་དང་ས་གཉིས་པ་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་དང་བསམ་གཏན་དང་པོའི་ས་པ་དག་ཡིན་ཏེ། དེ་དག་ན་རྟོག་པ་དང་དཔྱོད་པ་དག་ཡོད་པའི་ཕྱིར་ལ་མིག་གི་རྣམ་པར་ཤེས་པ་ཡང་གདོན་མི་ཟ་བར་རྟོག་པ་དང་དཔྱོད་པ་དང་བཅས་པའི་ཕྱིར་རོ། །མིག་གི་གོང་མའི་གཟུགས་མ་ཡིན་ཞེས་བྱ་བ་ནི་མིག་གི་ཡུལ་ནི་གོང་མའི་གཟུགས་མ་ཡིན་ཏེ། ས་གོང་མའི་གཟུགས་ནི་ཕྲ་བའི་ཕྱིར་རོ། །རང་གི་ས་པ་དང་ས་འོག་མ་པ་ནི་ཁས་བླངས་པ་ཡིན་ནོ། །རྣམ་པར་ཤེས་པའང་ཅི་ཞེ་ན་གོང་མ་ནི་མིག་གི་མ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། ས་འོག་མ་པ་འདོད་པ་ན་སྤྱོད་པའི་མིག་གི །མིག་གི་རྣམ་པར་ཤེས་པ་བསམ་གཏན་དང་པོའི་ས་པ་ནི་མ་ཡིན་གྱི་རང་གི་ས་པ་དང༌། ས་འོག་མ་པ་ནི་ཁས་བླངས་པ་ཡིན་ནོ། །འདོད་པ་ན་སྤྱོད་པའི་མིག་གི །མིག་གི་རྣམ་པར་ཤེས་པ་ནི་རང་གི་ས་པ་འདོད་པ་ན་སྤྱོད་པ་ཁོ་ན་ཡིན་ལ། བསམ་གཏན་དང་པོའི་ས་པའི་མིག་གི །མིག་གི་རྣམ་པར་ཤེས་པ་ཡང་བསམ་གཏན་དང་པོའི་ས་པ་ཁོ་ན་ཡིན་གྱི། འདིའི་མིག་གི་རྣམ་པར་ཤེས་པ་འདོད་པ་ན་སྤྱོད་པ་ནི་མ་ཡིན་ནོ། །ས་འོག་མ་པ་ནི་ཁས་བླངས་པ་ཡིན་ནོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་སྐད་ཅེས་བཤད་
པ་བདེན་མོད་ཀྱི། འོན་ཀྱང་རང་གི་མེད་ན་ས་འོག་མ་པ་ཡིན་པར་འདོད་ཀྱི་ཡོད་ན་ནི་མ་ཡིན་ནོ། །བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པའི་མིག་ནི་རང་གི་མེད་པས་མིག་གི་རྣམ་པར་ཤེས་པ་བསམ་གཏན་དང་པོའི་ས་པ་ཁོ་ན་ཡིན་གྱི། །འདོད་པ་ན་སྤྱོད་པ་མ་ཡིན་ཏེ། ཤིན་ཏུ་དམན་པའི་ཕྱིར་རོ། །ས་འོག་མ་པ་ནི་ཁས་བླངས་པ་ཡིན་ནོ་ཞེས་བྱ་བ་ནི་སྲིད་པའི་ཕྱིར་དེ་སྐད་དུ་བཤད་པར་ཟད་དོ། །འདིའི་ཞེས་བྱ་བ་བཤད་མ་ཐག་པའི་མིག་གི་རྣམ་པར་ཤེས་པའི་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རིགས་ཀྱི་ཡུལ་ནི་དེ་ལྟར་ཐམས་ཅད་ཡིན་ནོ། །ཅི་རིགས་པར་ནི་སྦྱར་བར་བྱ་སྟེ། འདོད་པ་ན་སྤྱོད་པའི་མིག་གི་རྣམ་པར་ཤེས་པའི་ནི་རང་གི་ས་པའི་གཟུགས་ཁོ་ན་ཡིན་ནོ། །བསམ་གཏན་དང་པོའི་ས་པའི་མིག་གི་རྣམ་པར་ཤེས་པ་བསམ་གཏན་དང་པོའི་ས་པའི་མིག་གི་རྟེན་ཅན་གྱི་ཡུལ་ནི་རང་གི་ས་པ་དང་ས་འོག་མ་ཡིན་ནོ། །བསམ་གཏན་བཞི་པའི་ས་པའི་མིག་གི་རྟེན་ཅན་གྱི་ཡུལ་ནི་བསམ་གཏན་བཞི་པའི་ས་པ་དང་དེའི་འོག་མའི་ས་པ་ཐམས་ཅད་ཡིན་ནོ། །དེ་བཞིན་དུ་བསམ་གཏན་གཉིས་པའི་ས་པའི་བར་གྱིས་མིག་གི་རྟེན་ཅན་གྱི་ཡུལ་ནི་གཉིས་པའི་ས་པའི་དང་དེའི་འོག་མའི་ས་པ་ཡིན་ནོ། །དེ་ལྟར་ན་རྣམ་པར་ཤེས་པའི་རིགས་ཀྱི་ཡུལ་ནི་ས་གོང་མ་དང་འོག་མ་དང་རང་གི་ས་པ་ཐམས་ཅད་ཡིན་ནོ། །ལུས་ཀྱི་ཡང་གཟུགས་དང་རྣམ་པར་ཤེས་པ་དག་ཐམས་ཅད་དུ་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལུས་ཁོག་པའི་ནི་གཟུགས་དང་རྣམ་པར་ཤེས་པ་རང་གི་ས་པ་དང་ས་གོང་མ་དག་ཡིན་ནོ། །བསམ་གཏན་དང་པོའི་ས་པའི་ལུས་ཀྱི་རྣམ་པར་ཤེས་པ་ནི་བསམ་གཏན་དང་པོའི་ས་པ་ཁོ་ན་ཡིན་ལ། གཟུགས་ནི་རང་དང་འོག་མ་དང་གོང་མའི་ས་པ་ཡིན་ཏེ། རང་གི་རྟེན་གྱི་མིག་ཇི་ལྟ་བ་བཞིན་ནོ། །བསམ་གཏན་གཉིས་པ་ལ་སོགས་པའི་ས་པའི་ལུས་ཀྱི་ནི་རྣམ་པར་ཤེས་པ་ནི་ས་འོག་མ་པ་ཁོ་ན་ཡིན་ཏེ། བསམ་གཏན་དང་པོའི་ས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གཟུགས་ནི་བསམ་གཏན་གཉིས་པ་དང་གསུམ་པའི་ས་པའི་ལུས་ཀྱི་ནི་གཟུགས་ནི་རང་དང་གོང་མ་དང་འོག་མའི་ས་པ་ཡིན་ཏེ། རང་གི་རྟེན་གྱི་མིག་ཇི་ལྟ་བ་བཞིན་ནོ། །བསམ་གཏན་བཞི་པའི་ལུས་
ཀྱི་ནི་གཟུགས་ནི་དེ་ཡན་ཆད་ན་གཟུགས་མེད་པའི་ཕྱིར་རང་དང་ས་འོག་མ་པ་ཡིན་ཏེ། རང་གི་རྟེན་གྱི་མིག་ཇི་ལྟ་བ་བཞིན་ནོ། །རྣ་བའང་དེ་བཞིན་དུ་ཞེས་བྱ་བ་ནི་མིག་གི་ཇི་སྐད་དུ་བཤད་པ་དེ་བཞིན་དུ་རྣ་བའང་བཤད་པར་བྱ་བ་ཡིན་ནོ། །ཇི་ལྟར་ཞེ་ན། ཡང་ལུས་གང་ལ་གནས་ཏེ་རྣ་བས་སྒྲ་རྣམས་ཉན་པ་ན་ཅི་ལུས་དང་རྣ་བ་དང་སྒྲ་དང་རྣམ་པར་ཤེས་པ་དེ་རྣམས་ས་གཅིག་པ་ཁོ་ན་ཞིག་ཡིན་ནམ། འོན་ཏེ་གཞན་གྱི་ས་པ་ཡང་ཡིན་ཞེ་ན། སྨྲས་པ། ཐམས་ཅད་ལ་བྱེ་བྲག་ཡོད་དེ། འདོད་པའི་ཁམས་སུ་སྐྱེ་བ་རང་གི་རྣ་བས་རང་གི་སྒྲ་རྣམས་ལ་ཉན་པ་ན་ཐམས་ཅད་རང་གི་ས་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདིས་འདི་ནི་ངེས་པ་ཡིན་ཏེ་ཞེས་བྱ་བའི་བར་བརྗོད་པར་བྱ་བའོ། །ལུས་ལ་འོག་མའི་རྣ་བ་མིན། །རྣ་བའི་གོང་མའི་སྒྲ་མ་ཡིན། །རྣམ་པར་ཤེས་པ་འང་སྒྲ་ནི་འདིའི། ལུས་ཀྱི་འང་གཉི་ག་ཐམས་ཅད་དུ། །ཞེས་བྱ་བ་རྒྱས་པར་སྦྱར་བར་བྱའོ་ཞེས་བྱ་བ་ཇི་ལྟར་ཞེ་ན་ལུས་ལ་འོག་མའི་རྣ་བ་ཡིན། ལུས་དང་རྣ་བ་དང་སྒྲ་རྣམས་ནི་འདོད་པ་ན་སྤྱོད་པ་ནས་བསམ་གཏན་བཞི་པའི་བར་ས་ལྔ་པ་ཡིན་ནོ། །རྣམ་པར་ཤེས་པ་ནི་འདོད་པ་ན་སྤྱོད་པ་དང༌། བསམ་གཏན་དང་པོའི་ས་པ་དང་ས་གཉིས་པ་ཡིན་ནོ། །དེ་ལས་གོང་མ་པའི་ལུས་ཡིན་པ་ས་དེ་པ་འམ་ས་གོང་མ་པའི་རྣ་བ་ཡིན་གྱི། ས་འོག་མ་པ་ནི་མ་ཡིན་ནོ། །འདིའི་རྣ་བའི་ཡུལ་ནི་དེའི་ས་པ་འམ་ས་འོག་མ་པའི་སྒྲ་ཡིན་གྱི། རྣ་བའི་གོང་མའི་སྒྲ་མ་ཡིན། ས་གོང་མ་པའི་སྒྲ་ས་འོག་མ་པའི་རྣ་བས་ཐོས་པར་ནི་ནམ་ཡང་མི་ནུས་སོ། །རྣམ་པར་ཤེས་པ་འམ་གོང་མ་ནི་རྣ་བའི་མ་ཡིན་ཏེ་སྒྲ་བཞིན་ནོ། །སྒྲ་ནི་འདིའི་ལུས་ཀྱི་འང་གཉི་ག་ཐམས་ཅད་དུ་འདིའི་ཞེས་བྱ་བ་བཤད་མ་ཐག་པའི་རྣ་བའི་རྣམ་པར་ཤེས་པའི་ཡུལ་ནི་གོང་མ་དང་འོག་མ་དང་རང་གི་ས་པའི་སྒྲ་ཐམས་ཅད་པ་ཡིན་ནོ། །ལུས་ཀྱི་ཡང་སྒྲ་དང་རྣམ་པར་ཤེས་པ་དག་ཐམས་ཅད་དུ་ཡིན་ནོ། །ཡིད་མ་ངེས་ཏེ་ཞེས་བྱ་བ་ནི་ཇི་ལྟར་ལུས་ལ་འོག་མའི་མིག་དང་རྣ་བ་མ་ཡིན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པས་མིག་དང་རྣ་བ་ངེས་པ་དེ་ལྟར་ཡིད་ནི་མ་ངེས་སོ། །དེ་ཉིད་ཀྱི་ཕྱིར་ས་ལྔ་པའི་ལུས་ལ་ཡང་སྙོམས་པར་འཇུག་པ་དང་སྐྱེ་བའི་ཚེ་ཡིད་
ལ་སོགས་པ་ཅི་རིགས་པར་ས་ཐམས་ཅད་པ་ཡིན་ཞེས་བྱ་བ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་ནི་འདོད་པ་ན་སྤྱོད་པ་ནས་སྲིད་པའི་རྩེ་མོའི་བར་ས་ཐམས་ཅད་པ་ཡིན་ཏེ། འདི་ལྟ་སྟེ་འདོད་པའི་ཁམས་སུ་སྐྱེས་པ་ཞིག་གལ་ཏེ་འདོད་པ་ན་སྤྱོད་པའི་ཡིད་ཀྱི་མཇུག་ཐོགས་སུ་འདོད་པ་ན་སྤྱོད་པའི་ཆོས་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་འདོད་པ་ན་སྤྱོད་པ་ཁོ་ན་ཞིག་བསྐྱེད་ན་ཐམས་ཅད་འདོད་པ་ན་སྤྱོད་པ་ཡིན་ནོ། །གལ་ཏེ་སྐྱེ་བའི་ཚེའམ་སྙོམས་པར་འཇུག་པའི་ཚེ་བསམ་གཏན་དང་པོའི་ས་པ་ནས་སྲིད་པའི་རྩེ་མོའི་ས་པའི་བར་ལས་ཅི་རིགས་པར་དེ་ཁོ་ན་བཞིན་དུ་འདོད་པ་ན་སྤྱོད་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེད་པར་བྱེད་ན་ཡིད་ནི་དེ་དག་པ་ཡིན་ནོ། །ལྷག་མ་རྣམས་ནི་འདོད་པ་ན་སྤྱོད་པ་ཡིན་ནོ། །ཇི་སྟེ་དེ་ཉིད་ན་དེའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་ན་ནི་དམིགས་པ་བསམ་གཏན་དང་པོའི་ས་པ་ནས་སྲིད་པའི་རྩེ་མོ་ས་པའི་བར་གྱི་ཆོས་རྣམས་ཡིན་པས་ཆོས་ནི་དེ་དག་པ་ཡིན་ནོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་བསམ་གཏན་དང་པོར་སྐྱེས་པ་ནས་སྲིད་པའི་རྩེ་མོར་སྐྱེས་པའི་བར་དུ་ཅི་རིགས་པར་བརྗོད་པར་བྱའོ། །ཞར་ལ་འོངས་པའི་སྐབས་རྫོགས་སོ་ཞེས་བྱ་བ་ནི། མིག་དང་ནི། རྣམ་ཤེས་ཁམས་དག་སོ་སོ་དང༌། །ལྷན་ཅིག་ཏུ་ཡང་འཐོབ་པ་ཡོད། །ཅེས་བྱ་བ་འདིའི་སྐབས་དང་སྦྱར་བ་འམ། ཡང་ལུས་གང་ལ་གནས་ཏེ་མིག་གིས་གཟུགས་རྣམས་ལྟ་བ་ན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ནི་ཞར་ལ་འོངས་པའི་སྐབས་ཡིན་ཏེ། ལྟ་བ་དང་འབྲེལ་པའི་སྒོ་ནས་འོངས་པའི་ཕྱིར་རོ། །གཉིས་ཀྱིས་རྣམ་ཤེས་ཕྱི་ཡི་ལྔ། །ཞེས་བྱ་བ་ལ་ལྔ་སྨོས་པ་ནི་ཆོས་ཀྱི་ཁམས་བཟློག་པའི་ཕྱིར་རོ། །ཕྱིའི་སྨོས་པ་ནི་མིག་ལ་སོགས་པ་གསལ་བའི་ཕྱིར་ཏེ། ཕྱིའི་ལྔ་ཁོ་ན་གཉིས་ཀྱིས་རྣམ་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་ངེས་པར་བཟུང་བའི་ཕྱིར་ཁམས་གཞན་བཅུ་གསུམ་ནི་རྣམ་པར་ཤེས་པའི་ཚོགས་ལྔའི་ཡུལ་མ་ཡིན་པའི་ཕྱིར་རྣམ་པར་ཤེས་པ་གཅིག་གིས་རྣམ་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །འདུས་མ་བྱས་ཆོས་རྟག་པའོ། །ཞེས་བྱ་བ་ནི་འདུས་མ་བྱས་ཁོ་ན་རྟག་པ་ཡིན་ཏེ། དུས་རྣམས་སུ་འཕོ་བ་མེད་པའི་ཕྱིར་རྟག་པ་དག་ཡིན་ནོ། །ཆོས་ཀྱི་
ཕྱེད་དང་གང་དག་ནི། །བཅུ་གཉིས་ནང་གི་བཤད་དབང་པོ། །ཞེས་བྱ་བ་ནི་ཁམས་དག་ཅེས་བྱ་བར་སྐབས་དང་སྦྱར་རོ། །དབང་པོ་ཉི་ཤུ་རྩ་གཉིས་གསུངས། །ཞེས་བྱ་བ་ནི་བྲམ་ཟེ་རང་བཞིན་ཉན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། །བཅོམ་ལྡན་འདས་དང་ཐབས་ཅིག་མངོན་སུམ་དུ་ཡང་དག་པར་མགུ་བ་དང་ཀུན་ཏུ་དགའ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །འདུག་ནས་ཀྱང་བཅོམ་ལྡན་འདས་ལ་བྲམ་ཟེ་རང་བཞིན་ཉན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གོ་ཏ་མ་དབང་པོ་རྣམས་དབང་པོ་རྣམས་ཞེས་བགྱི་ན། ཀྱེ་གཽ་ཏ་མ་དབང་པོ་རྣམས་ནི་དུ་ཞིག་མཆིས། ཇི་སྙེད་ཅིག་གིས་ནི་དབང་པོ་རྣམས་བསྡུས་པ་ལགས། བྲམ་ཟེ་དབང་པོ་ནི་ཉི་ཤུ་རྩ་གཉིས་པོ་འདི་དག་ཡིན་ཏེ། ཉི་ཤུ་རྩ་གཉིས་གང་ཞེ་ན། མིག་གི་དབང་པོ་དང༌། རྣ་བའི་དབང་པོ་དང༌། སྣའི་དབང་པོ་དང༌། ལྕེའི་དབང་པོ་དང༌། ལུས་ཀྱི་དབང་པོ་དང༌། ཡིད་ཀྱི་དབང་པོ་དང༌། མོའི་དབང་པོ་དང༌། ཕོའི་དབང་པོ་དང༌། སྲོག་གི་དབང་པོ་དང༌། བདེ་བའི་དབང་པོ་དང༌། སྡུག་བསྔལ་གྱི་དབང་པོ་དང༌། ཡིད་བདེ་བའི་དབང་པོ་དང༌། ཡིད་མི་བདེ་བའི་དབང་པོ་དང༌། བཏང་སྙོམས་ཀྱི་དབང་པོ་དང༌། དད་པའི་དབང་པོ་དང༌། བརྩོན་འགྲུས་ཀྱི་དབང་པོ་དང༌། དྲན་པའི་དབང་པོ་དང༌། ཏིང་ངེ་འཛིན་གྱི་དབང་པོ་དང༌། ཤེས་རབ་ཀྱི་དབང་པོ་དང༌། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང༌། ཀུན་ཤེས་པའི་དབང་པོ་དང༌། ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །བྲམ་ཟེ་འདི་དག་ནི་དབང་པོ་ཉི་ཤུ་རྩ་གཉིས་ཡིན་ཏེ། འདི་ཙམ་གྱིས་དབང་པོ་རྣམས་བསྡུས་པའི་ཕྱིར་རོ། །དེ་ནས་བྲམ་ཟེ་རང་བཞིན་ཉན་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་མངོན་པར་དགའ་ནས་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་ཞེས་བྱ་བ་ཡིན་ནོ། །ཆོས་ཀྱི་ཕྱེད་ཅེས་བྱ་བ་ནི། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཅེས་བྱ་བའི་ཐ་ཚིག་གོ །ཆོས་མངོན་པ་པ་རྣམས་ནི་སྐྱེ་མཆེད་དྲུག་རྣམ་པར་གཞག་པ་ལ་མ་གུས་པས་ཞེས་བྱ་བ་ནི་མིག་གི་སྐྱེ་མཆེད་ནས། ལུས་ཀྱི་སྐྱེ་མཆེད་དང་
ཡིད་ཀྱི་སྐྱེ་མཆེད་ཅེས་བྱ་བའི་བར་སྐྱེ་མཆེད་དྲུག་རྣམ་པར་གཞག་པ་རིགས་པའི་ངོ་བོ་ལ་མ་གུས་པས། ཡིད་ཀྱི་དབང་པོ་སྲོག་གི་དབང་པོའི་མཇུག་ཐོགས་སུ་འདོན་ཏེ་དམིགས་པ་དང་བཅས་པའི་ཕྱིར་རོ། །ཚོར་བའི་དབང་པོ་ལ་སོགས་པ་དམིགས་པ་དང་བཅས་པ་རྣམས་ནི་དེའི་མཇུག་ཐོགས་སུ་འདོན་ཏེ། སྲོག་གི་དབང་པོ་ལ་སོགས་པ་དབང་པོ་བཅུ་གཅིག་ཅེས་བྱ་བ་ནི་སྲོག་གི་དབང་པོ་དང༌། ཚོར་བའི་དབང་པོ་ལྔ་དང༌། དད་པ་ལ་སོགས་པའི་དབང་པོ་ལྔའོ། །གསུམ་པོ་དག་གི་ཆའོ་ཞེས་བྱ་བ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་རྫས་དགུའི་བདག་ཉིད་དག་ལས་ཡིད་ཀྱི་དབང་པོ་མ་གཏོགས་པ་གཞན་བརྒྱད་ནི་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གོ །མིག་ལ་སོགས་པ་རང་གི་མིང་གིས་སྨོས་པ་ཞེས་བྱ་བ་ནི་མིག་ལ་སོགས་པའི་ཁམས་ལྔ་ནི་དབང་པོ་ལྔ་སྟེ། མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་ཡིན་ནོ། །མོ་དང་ཕོའི་དབང་པོ་དག་ནི་ལུས་ཀྱི་ཕྱོགས་གཅིག་ཁོ་ན་ཡིན་པས་མིག་ལ་སོགས་པའི་ཁམས་ལྔ་ནི་དབང་པོ་བདུན་ཡིན་ནོ། །སེམས་ཀྱི་ཁམས་བདུན་ནི་ཡིད་ཀྱི་དབང་པོ་ཡིན་ནོ། །དེ་ལྟར་ན་ནང་གི་ཁམས་བཅུ་གཉིས་ནི་དབང་པོ་བརྒྱད་ཡིན་ནོ། །ནང་གི་ཁམས་བཅུ་གཉིས་ཁོ་ན་དང་ཆོས་ཀྱི་ཕྱེད་ཁོ་ན་དབང་པོ་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་བའི་ཕྱིར་གཟུགས་ལ་སོགས་པའི་ཁམས་ལྔ་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་དེ་ལས་གཞན་པ་ནི་དབང་པོ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་དོན་གསལ་བ་ཞེས་བྱ་བ་སློབ་དཔོན་རྒྱལ་པོའོ་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པ་ལས་ཁམས་བསྟན་པ་ཞེས་བྱ་བ་སྟེ་མཛོད་ཀྱི་གནས་དང་པོའོ།། །།དབང་པོ་རྣམས་བཤད་པ་ལ་ཞེས་བྱ་བ་ནི་མཛོད་ཀྱི་གནས་དང་པོ་དང་གཉིས་པ་འབྲེལ་པ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་དབང་པོ་རྣམས་བཤད་པ་ལ་ཞེས་སྨོས་པ་ཡིན་ཏེ། གང་གི་ཕྱིར་མཛོད་ཀྱི་གནས་ཀྱི་མཇུག་ནས། ཆོས་ཀྱི་ཕྱེད་དང་གང་དག་ནི། །བཅུ་གཉིས་ནང་གིར་བཤད་དབང་པོ། །ཞེས་བཤད་པ་དེའི་ཕྱིར་འདི་སྨོས་སོ་ཞེས་བྱ་བར་སྦྱར་རོ། །
བརྡ་སྤྲོད་པ་པ་རྣམས་ཀྱི་དབང་པོ་ཞེས་བྱ་བའི་སྒྲའི་དོན་བྱེ་བྲག་ཏུ་བཤད་པ་གཞན་དུ་བྱས་ཏེ། དེའི་ཕྱིར་དབང་པོའི་དོན་ཅི་ཞེ་ན་ཞེས་འདྲི་བར་བྱེད་དོ། །དབང་ནི་དབང་ཕྱུག་དམ་པའོ་ཞེས་འབྱུང་སྟེ་སྐད་ཀྱི་བྱིངས་དེ་ནི་དབང་བྱེད་པས་ན་དབང་པོ་རྣམས་སོ་ཞེས་བྱ་བའི་ངོ་བོ་ཡིན་པར་བལྟ་བར་བྱའོ། །དབང་པོ་མང་བའི་ཕྱིར་དབང་བྱེད་པས་ན་དབང་པོ་རྣམས་སོ་ཞེས་མང་པོའི་ཚིག་གིས་བསྟན་པར་བྱས་པ་ཡིན་ནོ། །དེ་ལྟ་བས་ན་དབང་བྱེད་པ་ཞེས་བྱ་བའི་སྒྲ་འདི་ནི་དབང་པོ་ཞེས་བྱ་བར་བྱས་པ་ཡིན་ནོ། །དེས་ན་ངེས་པའི་ཚིག་གི་ཚུལ་གྱིས་ན་དབང་པོ་ཞེས་བྱ་བར་འགྱུར་ཏེ། དཔེར་ན་གླང་པོ་ཞེས་བྱ་བ་ལྟ་བུའོ། །བརྡ་སྤྲོད་པ་པ་རྣམས་ཀྱིས་ནི་འདི་ལ་ཚང་ཚིང་ཡོད་པས་ན་གླང་པོ་ཆེ་ཞེས་བྱའོ་ཞེས་གླང་པོ་ཆེ་ཞེས་བྱ་བའི་སྒྲས་ལྡན་པའི་དོན་དུ་རྣམ་པར་འཆད་པར་བྱེད་དོ། །ངེས་པའི་ཚིག་དག་ཏུ་ནི་དེ་ལ་མ་གུས་པས་ཚང་ཚིང་ན་རྒྱུ་བའི་ཕྱིར་གླང་པོ་ཆེ་ཡིན་ནོ་ཞེས་ངེས་པའི་ཚིག་གི་ཚིག་གི་ཚུལ་གྱིས་སྒྲུབ་པར་བྱེད་དེ། འདིར་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །གལ་ཏེ་བརྡ་སྤྲོད་པའི་ཚུལ་ཏུ་དབང་པོའི་རྟགས་ནི་དབང་པོའོ་ཞེས་བྱ་བར་བྱེ་བྲག་ཏུ་བཤད་པ་ནི་དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏོ་ཞེས་བྱ་བར་ཉམས་པར་འགྱུར་བ་ཞིག་ན་དབང་བྱེད་པའི་དོན་ཡིན་པར་ཡང་འདོད་དོ། །དེ་ལྟ་བས་ན་དབང་པོ་ཞེས་བྱ་བའི་སྒྲའི་དོན་བྱེ་བྲག་ཏུ་བཤད་པ་འདི་ལྟ་བུར་འདོད་པར་བྱའོ། །མཐོང་བ་དང་ཐོས་ནས་ཡང་བ་ཡོངས་སུ་སྤོང་བའི་ཕྱིར་ཞེས་བྱ་བ་ནི་ངམ་གྲོག་ལ་སོགས་པ་མཐོང་བ་དང་སྟག་ལ་སོགས་པའི་སྒྲ་ཐོས་ནས་ཡང་བ་ཡོངས་སུ་སྤོང་བའི་ཕྱིར་རོ། །མཚུངས་པར་ལྡན་པ་དང་བཅས་པ་དག་ཅེས་བྱ་བ་ནི་སེམས་ལས་བྱུང་བ་དང་བཅས་པ་དག་གོ །གཟུགས་ལྟ་བ་དང་སྒྲ་མཉན་པ་དག་གི་ཞེས་བྱ་བ་ནི་མིག་གིས་མཐོང་ངོ༌། །རྣ་བས་ཐོས་སོ་ཞེས་བྱ་བ་ལ་སོགས་པ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའ་ཡིན་ནོ། །དེ་ལ་ནི་མིག་དང་རྣ་བ་དག་ནི་མཐོང་བ་དང་མཉན་པ་གཏོད་པར་བྱེད་པའི་ཁྱད་པར་གྱི་མཚན་ཉིད་ཅན་དག་གི་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ལ་དབང་བྱེད་པ་ཡིན་ནོ། །སྔ་མ་བཞིན་དུ་ལུས་
མཛེས་པར་བྱ་བ་ལ་ཞེས་བྱ་བ་ནི་སྣ་ལ་སོགས་པ་མེད་པའི་སེམས་ཅན་རྣམས་ནི་མི་མཛེས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ལུས་མི་མཛེས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་གིས་ཁམ་གྱི་ཟས་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ཞེས་བྱ་བ་ནི་སྣ་ལ་སོགས་པ་དེ་དག་གིས་དེ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །དྲི་ཇི་ལྟར་ཁམ་གྱི་ཟས་ཉིད་ཡིན་ཞེ་ན་སྣས་དྲིའི་ཟས་རྣམ་པར་བཅད་ནས་ཁམ་དུ་བྱེད་པའི་ཕྱིར་རོ། །རེག་བྱ་ཇི་ལྟར་ཁམ་གྱི་ཟས་ཉིད་ཡིན་ཞེ་ན། ལུས་ཀྱི་ཁྲུས་དང་བསྐུ་བ་ལ་སོགས་པས་རེག་བྱའི་ཟས་སྤུའི་བུ་གའི་ཁར་རྣམ་པར་བཅད་ནས་ཁམ་དུ་བྱེད་པའི་ཕྱིར་རོ། །བཞི་རྣམ་གཉིས་ལའོ་ཞེས་བྱ་བ་ལ། ལོ་ཞེས་བྱ་བ་ནི་ཕ་རོལ་པོའི་གཞུང་ལུགས་བསྟན་པ་ཡིན་ཏེ་རང་གི་གཞུང་ལུགས་ནི་འོག་ནས་འབྱུང་བ་ཡིན་ནོ། །གཉིས་ལ་ཞེས་བྱ་བ་ནི་རེ་རེ་ལ་སྦྱར་བར་བྱའོ། །སེམས་ཅན་གྱི་བྱེ་བྲག་ནི་མོའོ་ཕོའོ་ཞེས་བྱ་བ་ལ་མོ་ཞེས་བྱ་བ་ནི་རིས་མཐུན་པ་ཅིག་ཡིན་ལ་ཕོ་ཞེས་བྱ་བ་ནི་གཞན་ཡིན་ཏེ། དེ་གཉིས་ཀྱི་བྱེ་བྲག་ཡིན་ནོ། །སེམས་ཅན་གྱི་ཁྱད་པར་ཞེས་བྱ་བ་ནི་ཇུ་མ་ལ་སོགས་པ་དབྱིབས་དང་རོ་དང་སྤྱོད་པ་གཞན་པ་ཉིད་དེ་ཁྱད་པར་ཡོད་པ་ཞེས་བྱ་བའི་ཐ་ཚིག་བོ།། །གཞན་དག་ན་རེ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ལ་ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་ཡིན་ཏེ། གཟུགས་ན་སྤྱོད་པ་རྣམས་ལ་ཕོའི་དབང་པོ་མེད་ཀྱང་ཁྱད་པར་དུ་གྲུབ་པའི་ཕྱིར་སེམས་ཅན་གྱི་བྱེ་བྲག་དང་ཁྱད་པར་དག་ལ་དབང་བྱེད་པ་ནི་མ་ཡིན་ཏེ། སེམས་ཅན་གྱི་བྱེ་བྲག་ནི་ཁྱད་པར་གྱིས་བྱས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་དག་དང་མི་ལྡན་པ་དང་ཉམས་པ་ཞེས་བྱ་བ་དེ་དག་ནི་མི་ལྡན་པ་ཡང་ཡིན་ལ། །ཉམས་པ་ཡང་ཡིན་པས་མི་ལྡན་པ་དང་ཉམས་པའོ། །མོ་དང་ཕོའི་དབང་པོ་དེ་དག་དང་མི་ལྡན་པ་དང་ཉམས་པ་རྣམས་ནི་དེ་དག་དང་མི་ལྡན་པ་དང་ཉམས་པའོ། །གང་དག་ཡིན་ཞེ་ན། ཟ་མ་དང་མ་ནིར་དང་མཚན་གཉིས་པ་རྣམས་ཡིན་ནོ། །དེ་དག་དང་མི་ལྡན་པ་ནི་ཟ་མ་རྣམས་ཡིན་ཏེ། དེ་དག་ལ་མོ་དང་ཕོའི་དབང་པོ་མེད་པའི་ཕྱིར་རོ། །ཟ་མ་དང་མ་ནིང་དག་
ལ་ཁྱད་པར་ཅི་ཡོད་ཅེ་ན། ཟ་མ་ནི་རང་བཞིན་གྱིས་མོ་དང་ཕོའི་དབང་པོ་མེད་པ་དག་ཡིན་ནོ། །མ་ནིང་ནི་གནོད་པས་དབང་པོ་ཉམས་པ་དག་ཡིན་ནོ། །འདུལ་བ་ལས་ནི་རང་བཞིན་གྱིས་མ་ནིང་དང་ཕྲག་དོག་ཅན་དང་འཁྱུད་པའི་མ་ནིང་དང་མ་ནིང་ཟླ་ཕྱེད་པ་དང༌། བཅས་པའི་མ་ནིང་ཞེས་བྱ་བ་མ་ནིང་ཁོ་ན་ལྔ་འབྱུང་སྟེ། དེ་ལས་རང་བཞིན་གྱིས་མ་ནིང་འབྱུང་བ་ནི་འདིར་ཟ་མ་ཡིན་པར་འདོད་དེ། གང་ཞིག་རང་བཞིན་གྱིས་མཚན་མ་མེད་པ་དེ་ནི་རང་བཞིན་གྱིས་མ་ནིང་ཡིན་ལ། ལྷག་མ་ནི་འདིར་མ་ནིང་དང་ཡིན་པར་འདོད་དེ། །རེ་ཞིག་བཅད་པའི་མ་ནིང་ནི་དབང་པོ་བཅད་པ་ཡིན་པའི་ཕྱིར་དབང་པོ་མ་ཚང་བ་ཡིན་ནོ་ཞེས་བྱ་བར་གསལ་བ་ཉིད་དོ། །མ་ནིང་ཟླ་ཕྱེད་པ་ལ་སོགས་པ་ནི་དབང་པོ་ལས་སུ་མི་རུང་བ་ཉིད་ཀྱིས་དེ་དག་ཉམས་པ་ཁོ་ན་ཡིན་ནོ། །དབང་པོ་ལས་སུ་རུང་བ་ཉིད་ཀྱི་དུས་ན་ཡང་དེ་དག་ཉམས་པ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་པ་ཁོ་ན་སྟེ། དེའི་དབང་པོ་ལས་སུ་རུང་བ་ཉིད་ནི་ཕོའི་དགའ་བའི་ཁྱད་པར་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་དང༌། བུ་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །འདིར་ཟ་མ་དང་མ་ནིང་ཞེས་བྱ་བ་སོ་སོར་འབྱུང་བ་ནི་དབང་པོ་ཡོད་པའི་ཕྱིར་སྙམ་དུ་སེམས་པ་བཟློག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འདུལ་བ་བཞིན་དུ་ཆོས་མངོན་པ་འདི་ལས་ཀྱང་མ་ནིང་ཞེས་བྱ་བ་ཁོ་ན་བཏོན་པར་འགྱུར་རོ། །མཚན་གཉིས་པ་རྣམས་ནི་དེ་དག་ཉམས་པ་ཡིན་ཏེ། གནས་ཉམས་པས་ཉམས་པའི་ཕྱིར་དང་བདེ་བ་ཆུང་ངུའི་རྒྱུ་ཉིད་ཀྱིས་ཉམས་པའི་ཕྱིར་རོ། །གཞན་དག་ན་རེ་ནི་དེ་དག་དང་མི་ལྡན་པ་རྣམས་ནི་ཟ་མ་ཡིན་ལ་དེ་དག་ཉམས་པ་རྣམས་ནི་མ་ནིང་ཡིན་ཏེ། གནོད་པས་ཉམས་པའི་ཕྱིར་རོ། །མཚན་གཉིས་པ་རྣམས་ཀྱང་དེ་དག་ཉམས་པ་ཡིན་ཏེ་གནས་ཉམས་པས་ཉམས་པའི་ཕྱིར་དང༌། བདེ་བ་ཆུང་ངུའི་རྒྱུ་ཉིད་ཀྱིས་ཉམས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་དག་ལ་ནི་སྡོམ་པ་ལ་སོགས་པ་མེད་དོ། །ཟ་མ་མ་ནིང་སྒྲ་མི་སྙན། མཚན་གཉིས་མ་གཏོགས་མི་རྣམས་ལ། སྡོམ་མིན་ཞེས་བྱ་བ་དང༌། ཟ་མ་སོགས་ལ་མི་འདོད་དོ། །ཕན་དང་ངོ་མཚར་ཆུང་བའི་ཕྱིར། །ཞེས་བྱ་བ་དང༌།
སྐྱེས་པ་བུད་མེད་ཀྱི་འཆད་དོ་ཞེས་འབྱུང་བའི་ཕྱིར་རོ། །ཕོ་དང་མོ་རྣམས་ལ་ནི་དེ་དག་ཡོད་དེ། །དེའི་ཕྱིར་མོ་དང་ཕོའི་དབང་པོ་དག་ནི་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་པ་ཡིན་ནོ། །སྡོམ་པ་དང་འབྲས་བུ་འཐོབ་པ་དང་འདོད་ཆགས་དང་བྲལ་བ་རྣམས་ཞེས་བྱ་བ་ནི་སྡོམ་པ་ནི་རྣམ་པ་གསུམ་སྟེ། སོ་སོ་ཐར་བའི་སྡོམ་པ་དང༌། བསམ་གཏན་གྱི་སྡོམ་པ་དང༌། ཟག་པ་མེད་པའི་སྡོམ་པའོ། །དེ་དག་ལ་ནི་སྡོམ་པ་གཅིག་ཀྱང་མེད་ན་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྡོམ་པའང་དེ་བཞིན་ལ་ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་ལ་རྒྱུན་ཏུ་ཞུགས་པ་ལ་སོགས་པ་འབྲས་བུ་འཐོབ་པ་དང་འདོད་པ་ལ་སོགས་པའི་འདོད་ཆགས་བྲལ་བ་ཡང་མི་སྲིད་དོ། །མོ་དང་ཕོ་རྣམས་ལ་ནི་སྲིད་པས། །དེའི་ཕྱིར་ཕོ་དང་མོའི་དབང་པོ་རྣམ་པར་བྱང་བ་ལ་ཡང་དབང་བྱེད་པ་ཡིན་ནོ། རིས་མཐུན་པར་མཚམས་སྦྱོར་བ་དང་ཡང་དག་པར་འཛིན་པ་དག་ལ་ཞེས་བྱ་བ་ནི་སྲོག་གི་དབང་པོ་ནི་རིས་མཐུན་པར་སྐྱེ་བ་ལ་སྟེ། དེ་ནི་རིས་མཐུན་པར་མཚམས་སྦྱོར་བ་ལ་དབང་བྱེད་པར་རྣམ་པར་གཞག་གོ །རིས་མཐུན་པ་ཡང་དག་པར་འཛིན་པ་ལ་ཡང་དབང་བྱེད་པ་ཡིན་ཏེ། སྲོག་གི་དབང་པོའི་དབང་གིས་ དེའི་འོག་ཏུ ་གནས་པའི་ཕྱིར་རོ། །ཡིད་ཀྱི་དབང་པོ་ནི་ཡང་སྲིད་པར་མཚམས་སྦྱོར་བ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱིས་ཡང་སྲིད་པར་མཚམས་སྦྱོར་བའི་ཕྱིར་རོ། །འདི་སྲོག་གི་དབང་པོ་ལས་ཁྱད་པར་ཅི་ཡོད་ཅེ་ན། སྲོག་གི་དབང་པོ་ནི་སྲིད་པ་བར་མ་ཁོ་ནར་མཚམས་སྦྱོར་བ་ཡིན་ལ། ཡིད་ཀྱི་དབང་པོ་ནི་སྐྱེ་བའི་སྲིད་པར་ཡང་ཡིན་ནོ། །སྲོག་གི་དབང་པོ་ནི་དུས་མཉམ་དུ་རིས་མཐུན་པ་དང་དེར་མཚམས་སྦྱོར་བར་བྱེད་ཀྱི་ཡིད་ཀྱི་དབང་པོ་ནི་དུས་ཐ་དད་པ་ཡིན་ཡང༌། ཡང་སྲིད་པར་མཚམས་སྦྱོར་བར་བྱེད་དོ། །དབང་གི་ངོ་བོ་དང་མཐུན་པར་བྱེད་པ་ཞེས་བྱ་བ་ནི་འཇིག་རྟེན་ནམ་ཆོས་ནི་སེམས་ཀྱི་དབང་གི་ངོ་བོ་དང་མཐུན་པར་བྱེད་པ་ཡིན་ནོ། །ཇི་སྐད་དུ་འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད་དོ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ལས་ཀྱང༌། འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། སེམས་ཀྱིས་ཡོངས་སུ་དྲངས་པ་ཡིན། །སེམས་ཀྱི་
ཆོས་ནི་གཅིག་པུ་ཡི། །དབང་གི་རྗེས་སུ་ཆོས་ཀུན་འགྲོ། །ཞེས་གསུངས་པ་ཡིན་ནོ། །དེ་དག་ལ་འདོད་ཆགས་ལ་སོགས་པ་རྒྱས་པར་འགྱུར་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་འདི་དག་ལ་དམིགས་པ་འམ་མཚུངས་པར་ལྡན་པའི་སྒོ་ནས་བདེ་བ་ལ་སོགས་པ་དེ་དག་ལ་རྒྱས་པར་འགྱུར་བའི་ངང་ཚུལ་ཡོད་པས་ན་འདོད་ཆགས་ལ་སོགས་པ་འདི་དག་ནི་དེ་དག་ལ་རྒྱས་པར་འགྱུར་བ་ཡིན་ནོ། །དེའི་ངོ་བོ་ནི་དེ་དག་ལ་རྒྱས་པར་འགྱུར་བ་ཉིད་དོ། །དེའི་ཕྱིར་ཏེ། ཇི་སྐད་དུ་བདེ་བའི་ཚོར་བ་ལ་ནི་འདོད་ཆགས་རྒྱས་པར་འགྱུར་ལ། སྡུག་བསྔལ་ལ་ནི་ཞེ་སྡང༌། སྡུག་བསྔལ་ཡང་མ་ཡིན་པ་དེ་བ་ཡང་མ་ཡིན་པ་ལ་ནི་གཏི་མུག་གོ་ཞེས་གསུངས་པ་ལྟ་བུའོ། །དེ་དག་གིས་རྣམ་པར་བྱང་བར་བྱེད་དོ་ཞེས་བྱ་བ་ནི་དེ་དག་གིས་རྣམ་པར་དག་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་དད་པ་ལ་སོགས་པ་འདི་དག་ནི་ཉོན་མོངས་པ་རྣམ་པར་དག་པར་བྱ་བ་ལ་དབང་ཕྱེད་དོ་ཞེས་བཤད་པ་ཡིན་ནོ། །གཞན་དག་ན་རེ་བདེ་བ་ལ་སོགས་པ་རྣམས་ནི་རྣམ་པར་བྱང་བ་ལ་ཡང་དབང་བྱེད་དེ་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲའི་དོན་ནི་བདེ་བ་ལ་སོགས་པ་ནི་ཀུན་ནས་ཉོན་མོངས་པ་འབའ་ཞིག་ལ་དབང་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པར་བྱང་བ་ལ་ཡང་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཆོས་མངོན་པ་པ་ཁོ་ན་ཁ་ཅིག་དེ་སྐད་ཅེས་ཟེར་ཏེ། དེ་དག་རྣམ་པར་བྱང་བ་ལ་དབང་བྱེད་པ་ཡོད་དེ་ཞེས་བྱ་བའི་ལུང་འདི་ལྟར་བདེ་བར་གྱུར་བའི་སེམས་མཉམ་པར་འཇོག་པར་འགྱུར་རོ་ཞེས་གསུངས་པ་ཡང་ཁྱེར་ཏེ་འོངས་བར་བྱེད་དོ། །སྡུག་བསྔལ་གྱི་རྒྱུ་ཅན་གྱི་དད་པ་ནི་འདི་ལ་རྒྱུ་སྡུག་བསྔལ་ཡོད་པས་ན། དད་པ་འདི་ནི་སྡུག་བསྔལ་གྱི་རྒྱུ་ཅན་ཡིན་ནོ། །སྡུག་བསྔལ་གྱི་རྒྱུ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །སྡུག་བསྔལ་ཡོད་ན་འགའ་ཞིག་ཆོས་སམ་དཀོན་མཆོག་གསུམ་ལ་དད་པ་སྐྱེ་བའམ་རབ་ཏུ་འབྱུང་བ་མངོན་པར་འདོད་པར་འགྱུར་རོ། །ཡིད་བདེ་བ་ལ་སོགས་པ་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་ཅེས་བྱ་བ་ནི་ཡིད་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་དག་དང་ཡིད་མི་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་དག་དང༌། བཏང་སྙོམས་ངེས་པར་འབྱུང་
བ་ལ་བརྟེན་པ་དྲུག་དག་སྟེ། ངེས་པར་འབྱུང་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ལམ་ཡིན་ནོ། །གཞན་དག་ན་རེ་ཁམས་སམ་འཁོར་བ་ལ་ངེས་པར་འབྱུང་ཞིང་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་ཟེར་རོ། །མདོ་ལས་ཇི་སྐད་དུ་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ཏེ། ཡིད་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་སྐྱེའོ་ཞེས་གསུངས་པ་ལྟ་བུ་སྟེ། ངེས་པར་འབྱུང་བ་ལ་དམིགས་པ་འམ། ངེས་པར་འབྱུང་བ་དང་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་ཡིད་དང་ཆོས་རྣམས་ལ་བརྟེན་ཏེ་ཡིད་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་སྐྱེའོ་ཞེས་བྱ་བའི་བར་དང༌། དེ་བཞིན་དུ་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ཏེ་ཡིད་མི་བདེ་བ་སྐྱེའོ་ཞེས་བྱ་བའོ། །དེ་བཞིན་དུ་ཡིད་དང་ཞེས་བྱ་བའི་བར་དང༌། དེ་བཞིན་དུ་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བརྟེན་ཏེ་བཏང་སྙོམས་ངེས་པར་འབྱུང་བ་ལ་བརྟེན་པ་སྐྱེའོ་ཞེས་བྱ་བ་དང་དེ་བཞིན་དུ་ཡིད་དང་ཞེས་བྱ་བའི་བར་གསུངས་པ་ལྟ་བུ་ཡིན་ཏེ། ལ་ལ་ནི་ངེས་པར་འབྱུང་བ་ཐོབ་པར་འགྱུར་རོ་སྙམ་དུ་ཡིད་བདེ་བ་ཡིན་ནོ། །ལ་ལ་ནི་བདག་གིས་ངེས་པར་འབྱུང་བའི་ཕྱིར་འབད་པ་མ་བྱས་སོ་སྙམ་དུ་ཡིད་མི་བདེ་བ་ཡིན་ནོ། །ལ་ལ་ནི་གཟུགས་ལ་སོགས་པ་དེ་དག་ལ་སོ་སོར་བརྟགས་ནས་བཏང་སྙོམས་སུ་བྱེད་པ་ཡིན་ནོ། །གཞན་དག་ན་རེ་ནི་ཞེས་བྱ་བ་ནི་མདོ་སྡེ་པ་དག་ཡིན་ནོ། །རྣམ་པར་ཤེས་ནས་ཡང་བ་ཡོངས་སུ་སྤོང་བའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཤེས་པས་ཡང་བ་ཡོངས་སུ་སྤོང་བར་བྱེད་ཀྱི་མིག་དང་རྣ་བས་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །རྣམ་པར་ཤེས་པ་ལས་གཞན་པ་གཟུགས་མཐོང་བ་འམ་སྒྲ་ཐོས་པ་ཡང་མེད་ཅེས་བྱ་བ་ནི་གཟུགས་མཐོང་བ་དང་སྒྲ་ཐོས་པ་ནི་དཔྱད་ན་འཛིན་པ་ལས་ལོགས་ཤིག་ན་ཡོད་པར་མི་དམིགས་ལ། འཛིན་པ་ཡང་རྣམ་པར་ཤེས་པ་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟ་བས་ན་མིག་དང་རྣ་བའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་དག་སྐྱེད་པ་ལ་དབང་བྱེད་པར་བཤད་པ་གང་ཡིན་པ་དེ་ཉིད་དེ་ཡིན་གྱི་འདི་དག་གཞན་ལ་དབང་བྱེད་པ་
ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ཡིད་ནི་དོན་ཐམས་ཅད་ལ་དམིགས་པར་བྱ་བ་ལ་ཞེས་བྱ་བ་སྨོས་པ་ནི་རང་གི་དོན་ལ་དམིགས་པ་དང་དབང་བྱེད་ཕྱིར་ཞེས་བྱ་བ་ཁོ་ནས་གྲུབ་པ་ལས་ཡིད་ནི་དོན་ཐམས་ཅད་ལ་དམིགས་པར་བྱ་བ་ལ་ཞེས་འབྱུང་བའི་ས་པ་ནི་ཆོས་ཐམས་ཅད་ཆོས་ཀྱི་ཁམས་ཀྱི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ཏེ་འདི་ནི་གོང་དུ་རྣམ་པར་བཤད་ཟིན་ཏོ། །འདི་ལ་དོན་རྣམས་ཀྱང་དབང་བྱེད་མ་ཡིན་ནམ་ཞེས་བྱ་བ་ནི་གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེའོ་ཞེས་འབྱུང་བའི་ཕྱིར་རོ། །ལྷག་པར་དབང་བྱེད་པ་ཉིད་ནི་དབང་བྱེད་པ་ཉིད་ཡིན་ལ་ཞེས་བྱ་བ་ནི་ལྷག་པར་དབང་བྱེད་པ་ནི་དབང་བྱེད་པ་ཡིན་ནོ། །དེའི་ངོ་བོ་ནི་ལྷག་པར་དབང་བྱེད་པ་ཉིད་དོ། །གཟུགས་ཐམས་ཅད་ལ་དམིགས་པར་བྱ་བ་ལ་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མིག་གི་ངོ་བོ་གཅིག་པུ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་གཟུགས་ཐམས་ཅད་དམིགས་པར་བྱ་བ་ལ་རྒྱུ་ཡིན་པའི་ཕྱིར་རོ། །གཟུགས་ཀྱི་ངོ་བོ་གཅིག་པུ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་གཟུགས་ཐམས་ཅད་དམིགས་པར་བྱ་བ་ལ་རྒྱུ་ཉིད་མ་ཡིན་ཏེ། གཟུགས་སྔོན་པོ་ནི་གཟུགས་སེར་པོ་དམིགས་པར་བྱ་བ་ལ་རྒྱུ་མ་ཡིན་ནོ། །དམིགས་པ་དེ་གསལ་བ་ཉིད་ལ་སོགས་པའི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་དམིགས་པ་ནི་མིག་ལ་སོགས་པ་གསལ་བ་དང་མི་གསལ་བ་ཉིད་ཀྱི་རྗེས་སུ་བྱེད་དེ། །འདི་ལྟ་སྟེ་མིག་གསལ་ན་ནི་དེའི་དམིགས་པ་གསལ་ལ། མིག་མི་གསལ་ན་ནི་མི་གསལ་བ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་མི་དགེ་བ་དང་དགེ་བ་དང་ཚོར་བ་དང་བཅས་པ་དང་ཚོར་བ་མེད་པའི་རྗེས་སུ་བྱེད་པ་སྟེ། ཡིད་མི་དགེ་ན་ནི་དམིགས་པ་མི་དགེ་བ་ཡིན་ལ། དགེ་ན་ནི་དགེ་བ་ཡིན། །ཚོར་བ་དང་བཅས་ན་ནི་ཚོར་བ་དང་བཅས་པ་ཡིན། །ཚོར་བ་མེད་ན་ནི་ཚོར་བ་མེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དམིགས་པ་གཟུགས་ཀྱིས་གསལ་བ་དང་མི་གསལ་བ་ཉིད་ལ་སོགས་པའི་རྗེས་སུ་བྱེད་པ་ནི་མ་ཡིན་ཏེ། དེའི་ཕྱིར། །དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ལྟ་བས་ན་མིག་ལ་སོགས་པ་ལྷག་པར་དབང་
བྱེད་པ་ཡིན་གྱི། །གཟུགས་ལ་སོགས་པ་ནི་མ་ཡིན་ནོ། །ལུས་ལས་མོ་དང་ཕོའི་དབང་དག་ཅེས་བྱ་བ་འདི་ལ་སྒྲུབ་པ་ནི་མོ་དང་ཕོའི་དབང་པོ་ནི་ལུས་ཀྱི་དབང་པོའི་ངོ་བོ་ཉིད་ཡིན་ཏེ། རེག་བྱའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་མོ་དང་ཕོའི་དབང་པོའི་ངོ་བོ་ཉིད་མ་ཡིན་པའི་ལུས་ཀྱི་དབང་པོ་བཞིན་ནོ། །ཆོས་མི་མཐུན་པ་ནི་མིག་གི་དབང་པོ་ལྟ་བུའོ། །མོའི་དབང་པོ་ནི་རང་བཞིན་ང་རོ་དང་གཡོ་བ་དང་བསམ་པ་དག་ཅེས་བྱ་བ་ལ། མོའི་བསམ་པ་ནི་མོ་ནི་ཕོ་ལ་སེམས་པ་ཡིན་ནོ། །ཕོ་ནི་བཟློག་པ་ཡིན་ཏེ་དེ་ལྟ་ཡིན་དང་མོ་དང་ཕོའི་དབང་པོ་དག་ནི་སེམས་ཅན་གྱི་ཁྱད་པར་ཁོ་ན་ལ་དབང་བྱེད་པ་ཡིན་ནོ། །སྲོག་གི་དབང་པོ་ནི་རིས་མཐུན་པར་གནས་པར་བྱ་བ་ལ་དབང་བྱེད་པ་ཡིན་གྱི་བྱེ་བྲག་ཏུ་སྨྲ་བའི་ལྟ་བུར་རིས་མཐུན་པའི་བར་མཚམས་སྦྱོར་བ་ལ་དབང་བྱེད་པ་ནི་མ་ཡིན་ཏེ། དེ་ལ་ནི་ཡིད་ཁོ་ན་དབང་བྱེད་པའི་ཕྱིར་རོ། །ཚོར་བ་རྣམས་ནི་ཀུན་ནས་ཉོན་མོངས་པར་བྱ་བ་ལ་དབང་བྱེད་དེ་ཞེས་བྱ་བ་འདི་ལ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་དང་གཞུང་ལུགས་གཅིག་གོ །འདི་ལྟར་དེ་དག་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཉོན་མོངས་པ་རྣམས་ཀྱང་རྣམ་པར་གནོན་པ་ནི་འཇིག་རྟེན་པའི་ལམ་གྱི་རྣམ་པ་དག་གིས་སོ། །ལམ་ཡང་འདྲེན་པར་བྱེད་པ་པར་བྱང་བའི་ཚོགས་ལ་དབང་བྱེད་དོ་ཞེས་བཤད་པ་ཡིན་ནོ། དག་གིས་སོ། །དེ་ལྟར་ན་དད་པ་ལ་སོགས་པ་ནི་རེ་རེ་ཞིང་རྣམ་པར་བྱང་བའི་ཚོགས་ལ་དབང་བྱེད་དོ་ཞེས་བཤད་པ་ཡིན་ནོ། །སེམས་རྣམ་པར་མ་གྲོལ་བ་ལ་ཡོངས་སུ་མྱ་ངན་ལས་འདའ་བ་མེད་ཅེས་བྱ་བ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་ཟད་པ་ཞེས་པ་ལ་སོགས་པ་ཟག་པ་མེད་པའི་དབང་པོ་ཡིན་ནོ། །དེ་ཉིད་ཀྱང་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་ཕྱིར་དང་རྒྱུད་རྣམ་པར་གྲོལ་བའི་ཕྱིར་རྣམ་པར་གྲོལ་བ་ཡིན་ལ། དེ་ཐོབ་པ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ལྟ་བས་ན་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདའ་བ་ལ་དབང་བྱེད་པར་རྣམ་པར་གཞག་གོ །མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་
རྒྱས་པར་འབྱུང་བ་ནི་ཆོས་མཐོང་བ་ནི་མཐོང་བའི་ཆོས་ཏེ་མཐོང་བའི་ཚེ་ཞེས་བྱ་བའི་ཐ་ཚིག་གོ །གནས་པ་བདེ་བ་ནི་བདེ་བར་གནས་པའོ། །མཐོང་བའི་ཆོས་ལ་བདེ་བར་གནས་པ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའོ། །རྣམ་པར་གྲོལ་བས་དགའ་བ་དང་བདེ་བ་སོ་སོར་ཡང་དག་པར་མྱོང་བའི་ཕྱིར་རོ་ཞེས་བྱ་བ་ལ། རྣམ་པར་གྲོལ་བ་ནི་ཉོན་མོངས་པ་སྤངས་པའོ། །དགའ་བ་ནི་ཡིད་བདེ་བའོ། །བདེ་བ་ནི་ཤིན་ཏུ་སྦྱངས་པའི་བདེ་བའོ། །རྣམ་པར་གྲོལ་བས་དགའ་བ་དང་བདེ་བ་སོ་སོར་ཡང་དག་པར་མྱོང་བ་ནི་རྣམ་པར་གྲོལ་བས་དགའ་བ་དང་བདེ་བ་སོ་སོར་ཡང་དག་པར་མྱོང་བ་སྟེ། དེའི་ཕྱིར་རོ། །འདི་སྐད་དུ་རྣམ་པར་གྲོལ་བས་དགའ་བ་དང་བདེ་བ་ཡང་དག་པར་མྱོང་བ་ཉིད་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ངག་དང་ལག་པ་དང་རྐང་པ་དང་རྐུབ་དང་མདོམས་རྣམས་ཀྱང་དབང་པོ་ཉིད་དུ་ཁ་བསྐང་བར་བྱའོ་ཞེས་བྱ་བ་ནི་མིག་གི་དབང་པོ་ལ་སོགས་པ་མ་གཏོགས་པ་ངག་གི་དབང་པོ་ལ་སོགས་པར་རྟོག་པར་བྱེད་པ་ཡིན་ཏེ། ངག་གི་དབང་པོ་ནི་གང་གིས་ན་ཚིག་སྨྲ་བར་བྱེད་པ་ཡིན་ནོ། །ལག་པའི་དབང་པོ་ནི་གང་གིས་ན་རྫས་ཅུང་ཟད་ལེན་པར་བྱེད་པ་ཡིན་ནོ། །རྐང་པའི་དབང་པོ་ནི་གང་གིས་ན་འགྲོ་བར་བྱེད་པ་ཡིན་ཏེ། འཆག་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །རྐུབ་ཀྱི་དབང་པོ་ནི་གང་གིས་ན་རྟུག་པ་རྟུག་པར་བྱེད་པ་ཡིན་ནོ། །མདོམས་ཀྱི་དབང་པོ་ནི་ལུས་ཀྱི་དབང་པོ་ཕྱོགས་གཅིག་ལས་མ་གཏོགས་པ་གང་གིས་ན་ཀུན་ཏུ་དགའ་བའི་ཁྱད་པར་འཐོབ་པ་ཡིན་ནོ། །མ་རིག་པ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་དོན་གང་གིས་དབང་པོ་ཉིད་ཤུ་རྩ་གཉིས་སུ་གསུངས་པ་དེ་མ་རིག་པ་ལ་སོགས་པ་དང་འབྲེལ་པ་མེད་པའི་ཕྱིར་དབང་པོ་ཉིད་དུ་ཁ་བསྐང་བར་མི་བྱའོ། །དོན་དེ་ཡང་གང་ཞེ་ན་སེམས་ཀྱི་རྟེན་དང་དེའི་བྱེ་བྲག་ཅེས་བྱ་བ་རྒྱས་པར་སྨོས་ཏེ། སེམས་ཀྱི་རྟེན་དང༌། རྟེན་དེའི་བྱེ་བྲག་དང༌། གནས་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཚོགས་དང༌། རྣམ་པར་བྱང་བ་ཞེས་བྱ་བ་ཡིན་ནོ། །སྐྱེ་མཆེད་དྲུག་པོ་དེ་དག་ནི་སེམས་ཅན་གྱི་རྫས་ཀྱི་གཞི་
ཡིན་ནོ་ཞེས་བྱ་བ་ནི་དེ་ལས་གཞན་པ་རྣམས་དེ་དག་ལ་བརྟེན་པའི་ཕྱིར་རོ། །འདི་ལྟར་དབང་པོ་དྲུག་གི་དབང་གིས་རྟེན་དང༌། ཡུལ་གྱི་རྣམ་པར་ཤེས་པ་དྲུག་འབྱུང་བ་ཡིན་ནོ། །འདི་དག་ཀྱང་སེམས་ཅན་གྱི་རྫ་ཡིན་པར་ནི་འདོད་མིད་ཀྱི་གཞི་ནི་མ་ཡིན་ཏེ། དེ་ལ་སོགས་པའི་དབང་གིས་སྐྱེ་མཆེད་དྲུག་བྱུང་བ་ནི་མ་ཡིན་ནོ། །ལྔས་ནི་རྣམ་པར་བྱང་བའི་ཚོགས་སོགས་པར་བྱེད་དོ་ཞེས་བྱ་བ་ནི་དད་པ་ལ་སོགས་པས་སོ། །གསུམ་གྱིས་ནི་རྣམ་པར་བྱང་བར་བྱེད་དེ་ཞེས་བྱ་བ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པས་སོ། །རྟོག་པ་གཞན། འཇུག་པའི་རྟེན་དང་མི་སྐྱེ་དང༌། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འཇུག་པའི་ཕྱོགས་དང་ལྡོག་པའི་ཕྱོགས་ཀྱི་དབང་དུ་བྱས་ནས་བཤད་པ་ཡིན་ཏེ། འཇུག་པ་སྟེ་འཁོར་བའི་རྟེན་དང༌། སྐྱེ་བ་དང་གནས་པ་དང་ཉེ་བར་སྤྱོད་པ་དང་ལྡོག་པ་སྟེ། མྱ་ངན་ལས་འདས་པའི་རྟེན་དང༌། སྐྱེ་བ་དང༌། གནས་པ་དང༌། ཉེ་བར་སྤྱོད་པ་ཡིན་ནོ། །འདི་ཙམ་གྱིས་ན་སྐྱེས་བུའི་དོན་ཡོངས་སུ་རྫོགས་པ་དེ་ལས་གཞན་པའི་དབང་པོ་གདགས་པ་ནི་དོན་མེད་པ་ཡིན་ནོ། །ཁྱེད་ཀྱི་དེའི་སྒྲ་ལ་སོགས་པ་དམིགས་པ་ནི་དང་པོ་ཡིན་ནོ། །ཡོན་ཏན་དང་སྐྱེས་བུའི་ཁྱད་པར་དམིགས་པ་ནི་མཐའ་ཡིན་ནོ་ཞེས་སྐྱེས་བུའི་དོན་ཡོངས་སུ་རྫོགས་པ་འདོན་ཏོ། །དེ་ལ་སྐྱེ་མཆེད་དྲུག་པོ་སེམས་ཅན་གྱི་རྫས་ཀྱི་གཞིར་གྱུར་པས་ནི་འཁོར་བས་ན་འཇུག་པའི་རྟེན་ཡིན་ནོ། །སྐྱེ་བ་ནི་ཕོ་དང་མོའི་དབང་པོ་དག་ཡིན་ནོ་ཞེས་བྱ་བ་ནི་འདི་ནི་སྐྱེ་བར་འགྱུར་བས་ན་སྐྱེ་བའོ། །ཅིའི་ཕྱིར་ཞེ་ན། དེ་ལས་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གང་ཞིག་ཅེ་ན། སྐྱེ་མཆེད་དྲུག་སྟེ། ཡིད་དང་ལུས་ཀྱི་དབང་པོ་དག་ནི་དེ་དག་ལས་མངོན་སུམ་དུ་སྐྱེ་བའི་ཕྱིར་ལ། མིག་ལ་སོགས་པ་བཞི་ནི་རིམ་གྱིས་སྐྱེ་བའི་ཕྱིར་རོ། །གནས་པ་ནི་སྲོག་གི་དབང་པོ་ཡིན་ཏེ། སྐྱེ་མཆེད་དྲུག་གནས་པར་བྱེད་པའི་ཕྱིར་རོ། །ཚོར་བ་རྣམས་ཀྱིས་ནི་ཉེ་བར་སྤྱོད་པར་བྱེད་དེ་བ་ལ་སོགས་པས་སོ། །ལྡོག་པའི་རྟེན་ནི་དད་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ནི་དད་པ་ལ་སོགས་པ་ནི་གཞིར་གྱུར་པ་ཡིན་པའི་ཕྱིར་རོ། །སྐྱེ་བ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་ཡིན་ནོ་ཞེས་བྱ་བ་ནི་དང་པོར་སྐྱེས་པ་སྟེ། ཐོག་པ་མ་ཉིད་དུ་ཟག་པ་མེད་པ་སྐྱེ་བ་ཡིན་
པའི་ཕྱིར་རོ། །གནས་པ་ནི་ཀུན་ཤེས་པའི་དབང་པོ་ཡིན་ཏེ་རྒྱུན་ཆགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོས་ནི་ཉེ་བར་སྤྱོད་པར་བྱེད་དོ་ཞེས་བྱ་བ་ནི་དེས་ན་སེམས་རྣམས་པར་གྲོལ་བས་དགའ་བ་དང་བདེ་བ་སོ་སོར་ཡང་དག་པར་མྱོང་བའི་ཕྱིར་རོ། །དེའི་ཕྱིར་དབང་པོ་ནི་དེ་སྙེད་ཅིག་ཡིན་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་ནི་དབང་པོ་ཉིད་ཡིན་པར་མི་འདོད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་ཀྱི་ཕྱིར་དེ་དག་གི་གོ་རིམས་ཀྱང་དེ་ཡིན་ནོ་ཞེས་བྱ་བ་ནི་མིག་གི་དབང་པོ་ནས་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱ་བའི་བར་ཡིན་ཏེ། འཇུག་པ་དང་ལྡོག་པའི་རྟེན་ལ་སོགས་པར་གྱུར་བའི་ཕྱིར་རོ། །ངག་ནི་ཚིག་སྨྲ་བར་བྱ་བ་ལ་དབང་པོ་ཉིད་མ་ཡིན་ཏེ་སློབ་པའི་ཁྱད་པར་ལ་ལྟོས་པའི་ཕྱིར་རོ་ཞེས་བྱ་བ་ནི་བུས་པ་སྐྱེས་མ་ཐག་པ་བསླབ་པ་མེད་པ་ཁོ་ནར་མིག་གིས་གཟུགས་མཐོང་ལ་ཚིག་ནི་དེ་ལྟར་སྨྲ་བར་མི་བྱེད་དོ། །དེ་ལྟ་བས་ན་དབང་པོའི་ལས་ལས་འདས་པའི་ཕྱིར་དག་དབང་པོ་ཉིད་ཡིན་པར་འོས་པ་མ་ཡིན་གྱི། །ཚིག་ཏུ་སྨྲ་བ་དེ་ནི་ལྕེའི་དབང་པོའི་རྟེན་ཁོ་ནའི་ལས་ཡིན་ནོ། །ལག་པ་དང་རྐང་པ་ཡང་ལེན་པ་དང་འགྲོ་བ་ལས་གཞན་མ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ལག་པ་ཉིད་གཞན་དུ་བྱུང་བ་ལ་ལེན་པ་ཞེས་བྱ་ལ། རྐང་པ་ཉིད་གཞན་དུ་བྱུང་བ་ལ་འགྲོ་བ་ཞེས་བྱ་བ་སྟེ། ལས་མེད་པའི་ཕྱིར་དང༌། རང་གི་བདག་ཉིད་ལ་བྱེད་པ་ཡང་འགའ་བའི་ཕྱིར་ལག་པ་དང་རྐང་པ་ནི་དབང་པོ་ཉིད་མ་ཡིན་ནོ། །སྦྲུལ་ལ་སོགས་པ་ལ་ཞེས་བྱ་བ་ནི་སྦྲུལ་ལ་སོགས་པ་ལ་རྐང་པ་དང་ལག་པ་མེད་མོད་ཀྱི། །འོན་ཀྱང་དེ་དག་ལེན་པ་དང་འགྲོ་བར་འགྱུར་བས་ལག་པ་དང་རྐང་པ་ནི་དབང་པོ་ཉིད་མ་ཡིན་ནོ། །གལ་ཏེ་དེ་དག་ལ་ཡང་ཕྲ་མོ་ཡོད་དོ་ཞེ་ན། བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་མ་ཡིན་ཏེ་འདི་གཉིས་ཀྱང་དབང་པོ་ཉིད་མ་ཡིན་ནོ། །རྟུག་པར་བྱ་བ་ལ་ཞེས་བྱ་བ་ནི་མི་གཙང་བ་རྟུག་པར་བྱ་བ་ལའོ། །བུ་གའི་ནམ་མཁའ་ལ་གནས་པའི་རྫ་ལྕི་བ་ནས་གང་ཅི་ཡང་རུང་སྟེ། རྐུབ་ཀྱི་གནས་ལས་གཞན་ན་ཡང༌། ལྟུང་བའི་ཕྱིར་རྫས་ལྕི་བ་ནི་ལྕི་བ་ཉིད་ཁོ་ནའི་ཕྱིར་རང་ལྟུང་གི་དབང་པོས་བྱས་པ་ནི་མ་ཡིན་ནོ། །དེ་རླུང་གིས་ཀྱང་བྲོ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མི་གཙང་བའི་རྫས་ལྕི་བ་དེ་རླུང་གིས་བྲོ་བར་བྱེད་
པའི་ཕྱིར་དེ་ནི་རླུང་ཁོ་ནའི་ལས་ཡིན་གྱི། རྐུབ་ཀྱི་དབང་པོ་ནི་མ་ཡིན་ཏེ། དེ་ནི་མི་དམིགས་པའི་ཕྱིར་རོ། །མདོམས་ཀྱང་ཀུན་དུ་དགའ་པར་བྱ་བ་ལ་དབང་པོ་ཉིད་མ་ཡིན་ཏེ་ཞེས་བྱ་བ་ལ། ཚིག་གི་དོན་གྱི་ཀུན་ཏུ་དགའ་བར་བྱ་བ་ལ་ལུས་ཀྱི་དབང་པོའི་ཕྱོགས་གཅིག་པོ་མོ་དང་ཕོའི་དབང་པོ་ལས་མ་གཏོགས་པའི་མདོམས་སུ་བཏགས་པ་དབང་པོ་ཉིད་མ་ཡིན་ཏེ་ཉོན་མོངས་པ་ཅན་གྱི་བདེ་བ་དེ་ནི་ལུས་ཀྱི་དབང་པོའི་ཕྱོགས་གཅིག་གི་མོ་དང་པོའི་དབང་པོས་བྱས་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། ལྐོག་མ་དང་སོ་དང་མིག་གི་ལམ་དང་ཚིགས་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གལ་ཏེ་ཇི་སྐད་དུ་བཤད་བའི་རྒྱུས་དབང་པོ་དག་ནི་དེ་སྙེད་ཁོ་ན་ཡིན་ནོ་ཞེས་བྱ་བར་མི་འདོད་ན་ཀློག་མ་ཡང་མིད་པ་དང་སོ་ཡང་བཅའ་བ་དང་མིག་གི་ལམ་ཡང་འབྱེད་པ་དང་འཛུམས་པ་དང༌། ཚིགས་ཀྱང་རུས་པའི་ཚིགས་བསྐུམ་པ་དང་རྐྱང་བའི་བྱ་བ་དག་ལ་དབང་པོ་ཉིད་ཡིན་པར་ཐལ་བར་འགྱུར་རོ། །རྒྱུར་གྱུར་པ་ཐམས་ཅད་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་གནག་ཞིག་གང་ལ་རྩལ་ཡོད་པ་དེ་དེ་ལ་དབང་པོ་ཉིད་ཡིན་པར་འདོད་ཀྱི་གོང་དུ་བཤད་པའི་རྒྱུ་དེས་པ་དེ་ནི་མི་འདོད་ན་ས་བོན་ལ་སོགས་པ་རྒྱུར་གྱུར་པ་ཐམས་ཅད་རང་གི་བྱ་བ་སྟེ་རང་གི་འབྲས་བུ་མྱུ་གུ་ལ་སོགས་པའི་མཚན་ཉིད་ཀྱི་བྱ་བ་ལ་དབང་པོ་ཉིད་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེ་ལྟ་བས་ན་དག་ལ་སོགས་པ་ནི་དབང་པོ་ཉིད་ཡིན་པར་རིགས་པ་མ་ཡིན་ནོ། །དེ་ལ་མིག་ལ་སོགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་དེ་ལ་ཞེས་བྱ་བ་ནི་ཚིག་གི་ཕྲད་ཡིན་ནོ། །བསྟན་ཟིན་ཏོ་ཞེས་བྱ་བ་ནི། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། མིག་ལ་སོགས་གཟུགས་དང་བ་རྣམས། །ཞེས་བྱ་བ་དང༌། ལུས་ལས་མོ་དང་ཕོའི་དབང་དག །ཅེས་བྱ་བ་ཡིན་ནོ། །སྲོག་གི་དབང་པོ་ཞེས་བྱ་བ་ནི། སྲོག་ནི་ཚེ་ཡིན་དྲོད་དང་ནི། རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་བྱ་བ་འདིར་རོ། །དད་པ་ལ་སོགས་པ་རྣམས་ནི་སེམས་ལས་བྱུང་བ་དག་གི་ནང་ནས་ཞེས་བྱ་བ་ནི། དད་དང་བག་ཡོད་ཤིན་ཏུ་སྦྱངས། །ཞེས་བྱ་བའི་ཕྱོགས་འདིར་རོ། །ཚོར་བ་ལ་སོགས་པ་ཡང༌། ཚོར་བ་མྱོང་བ་ཞེས་བྱ་བ། ཚོར་དང་སེམས་པ་འདུ་ཤེས་དང༌། །ཞེས་བྱ་བ་འབྱུང་
བའི་ཕྱིར་བསྟན་ཟིན་པ་ཡང་ཡིན་ལ། སེམས་ལས་བྱུང་བ་དག་གི་ནང་ནས་འཆད་པར་འགྱུར་བ་ཡང་མ་ཡིན་ནམ་ཞེ་ན། ཚོར་བའི་སྤྱིའི་ངོ་བོ་བཤད་ཟིན་པ་དང་འཆད་པར་འགྱུར་བ་བདེན་མོད་ཀྱི་ཁྱད་པར་རྣམ་པར་དབྱེ་བའི་ངོ་བོ་ནི་འདི་ནས་འཆང་པར་འདོད་པས། བདེ་བ་ལ་སོགས་པ་བཤད་པར་བྱ་སྟེ་ཞེས་བྱ་བ་སྨོས་སོ། །འོ་ན་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་ནི་བཤད་མི་དགོས་ཏེ། འདི་ལྟར་ཡིད་ཀྱི་མཚན་ཉིད་ནི་བཤད་ཟིན་ཏོ། །དད་པ་ལ་སོགས་པ་ནི་སེམས་ལས་བྱུང་བ་དག་གི་ནང་ནས་འཆད་པར་འགྱུར་རོ། །བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་རྣམས་ནི་འདི་ནི་འཆད་དོ་ཞེ་ན། འདི་དག་ཀྱང་བཤད་དགོས་པ་ཁོ་ནའོ། །འདི་ལྟར་འདི་དག་ནི་རྫས་དགུའི་ངོ་བོ་ཉིད་ཡིན་པར་བསྟན་དགོས་སོ། །གནས་སྐབས་འདི་ན་ནི་རྫས་དགུ་པོ་འདི་དག་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱ་བར་འགྱུར་ལ། གནས་སྐབས་འདི་ན་ནི་ཀུན་ཤེས་པའི་དབང་པོ་ཞེས་བྱ་བར་འགྱུར། གནས་སྐབས་འདི་ན་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བར་འདི་དག་གི་གནས་སྐབས་ཀྱི་ཁྱད་པར་ཏེ་བསྟན་དགོས་སོ། །དེའི་ཕྱིར་བདེ་བ་ལ་སོགས་པ་དང་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་བཤད་པར་བྱ་སྟེ་ཞེས་བྱ་བ་ནི་ལེགས་པར་སྨྲས་པ་ཡིན་ནོ། །ལུས་ཚོར་སིམ་པ་མ་ཡིན་གང༌། །ཞེས་བྱ་བ་ལ་ལུས་ཚོར་ཞེས་བྱ་བ་ནི་ཡིད་ཀྱིས་བཟློག་པའི་ཕྱིར་རོ། །སིམ་པ་མ་ཡིན་ཞེས་བྱ་བ་ནི་སིམ་པ་བཟློག་པའི་ཕྱིར་རོ། །དེ་ལ་ལུས་དག་ནི་མིག་ལ་སོགས་པ་ལྔ་ཡིན་ཏེ་རྡུལ་ཕྲ་རབ་ལ་སོགས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ལུས་དེ་ལ་ཡོད་པའམ་རྟེན་ལུས་དང་ལྷན་ཅིག་སྤྱོད་པས་ན་ལུས་ཀྱི་ཡིན་ཏེ་དབང་པོ་ལྔ་ལ་བརྟེན་པའི་ཚོར་བ་གནོད་པར་བྱེད་པ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་དབང་པོ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །སིམ་པ་ནི་བདེ་བའོ་ཞེས་བྱ་བ་ནི་འདིར་ལུས་ཀྱི་ཞེས་བྱ་བ་དང་དབང་པོ་ཞེས་བྱ་བར་སྦྱར་བར་བྱ་སྟེ། སིམ་པ་ཞེས་བྱ་བ་སྨོས་པ་ནི་སིམ་པ་མ་ཡིན་པ་བཟློག་པའི་ཕྱིར་རོ། །འདི་སྐད་དུ་དབང་པོ་ལྔ་ལ་བརྟེན་པའི་ཚོར་བ་སིམ་པ་ཕན་འདོགས་པར་བྱེད་པ་དེ་ནི་བདེ་བའི་དབང་པོ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །བསམ་གཏན་
གསུམ་པ་ན། སེམས་ཀྱི་དེ་ནི་བདེ་དབང་པོ། །ཞེས་བྱ་བ་ནི་བསམ་གཏན་གསུམ་པ་ན་ནི་སེམས་ཀྱི་ཚོར་བ་སིམ་པ་ཡང་བདེ་བའི་དབང་པོ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་གོ །ཅིའི་ཕྱིར་དེ་ནི་སེམས་ཀྱི་སིམ་པ་ཁོ་ན་ཡིན་པར་གཟུང་གི་ལུས་ཀྱི་ནི་མ་ཡིན་ཞེ་ན། འདིར་དེ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པའི་ཕྱིར་ལུས་ཀྱི་ཚོར་བ་ནི་མེད་དོ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་བསམ་གཏན་གསུམ་པ་ན་དེ་ཡིད་བདེ་བའི་དབང་པོ་མ་ཡིན་ཞེ་ན། དེའི་ཕྱིར་བསམ་གཏན་གསུམ་པ་ན་ནི་དགའ་བའི་འདོད་ཆགས་དང་བྲལ་བའི་ཕྱིར་དེ་བདེ་བའི་དབང་པོ་ཁོ་ན་ཡིན་ཞེས་བྱ་བ་སྨོས་ཏེ། འདི་ལྟར་མདོ་ལས་དགའ་བའི་འདོད་ཆགས་དང་བྲལ་བ་རྣམས་བཏང་སྙོམས་སུ་གནས་སོ་ཞེས་བྱ་བ་ནས་རྒྱས་པར་དྲན་པ་དང་ལྡན་ཞིང་བདེ་བར་གནས་སོ་ཞེས་བྱ་བ་དང༌། བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བའི་བར་གསུངས་སོ། །གལ་ཏེ་དགའ་བ་ནི་ཡིད་བདེ་བ་ལས་གཞན་ཡིན་ནོ་སྙམ་ན་དེའི་ཕྱིར་དགའ་བ་ནི་ཡིད་བདེ་བ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །སེམས་ཀྱི་སིམ་པ་མ་ཡིན་པ། །ཡད་མི་བདེ་བའོ་ཞེས་བྱ་བ་ནི་སེམས་ཀྱི་ཚོར་བ་གནོད་པར་བྱེད་པ་ནི་ཡིད་མི་བདེ་བ་ཡིན་ནོ། །བཏང་སྙོམས་ནི་བར་མའོ་ཞེས་བྱ་བ་ནི་བཏང་སྙོམས་ཀྱི་དབང་པོ་ནི་ཚོར་བ་བར་མ་གང་ཡིན་པ་སྟེ། སིམ་པ་ཡང་མ་ཡིན་སིམ་པ་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གཉི་གའི་ཞེས་བྱ་བ་ནི་འདི་ལ་ཡན་ལག་གཉི་ག་ཡོད་པས་ན་གཉི་གའི་སྟེ་ལུས་ཀྱི་དང་སེམས་ཀྱི་ཞེས་བྱ་བའི་ཐ་ཚིག་གོ །མི་རྟོག་ཕྱིར་ཞེས་བྱ་བ་ནི་མངོན་པར་སྤྱོད་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ཕལ་ཆེར་ཞེས་བྱ་བ་སྨོས་པ་ནི་ཏིང་ངེ་འཛིན་ལས་སྐྱེས་པ་དང་རྣམ་པར་སྨིན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཡོངས་སུ་སྤང་བའི་ཕྱིར་རོ། །ལུས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལུས་ཀྱི་བདེ་བ་དང་སྡུག་བསྔལ་ནི་རྣམ་པར་རྟོག་པས་སྐྱེ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡུལ་གྱི་དབང་གིས་ནི་དགྲ་བཅོམ་པ་རྣམས་ལ་ཡང་སྐྱེ་བས་ཞེས་བྱ་བ་སྨོས་ཏེ། ཡུལ་གྱི་དབང་ཁོ་ནས་དགྲ་བཅོམ་པ་སྡུག་པ་དང་མི་སྡུག་པ་རྣམ་པར་རྟོག་པ་སྤངས་པ་རྣམས་ལ་ཡང་ལུས་ཀྱི་བདེ་བ་དང་སྡུག་བསྔལ་བསྐྱེད་པས་སོ། །
དེའི་ཕྱིར་དེ་དག །དབང་པོ་ཉིད་དུ་ཐ་དད་ཀྱི། །ཞེས་བྱ་བ་ནི་ལུས་དང་སེམས་ཀྱི་བདེ་བ་དག་དང་སྡུག་བསྔལ་དེ་དག་དབང་པོ་ཉིད་དུ་ཐ་དད་དེ་སོ་སོར་བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོ་དང་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་ཞེས་བྱ་བ་ཡིན་གྱི། བཏང་སྙོམས་ནི་ལུས་ཀྱིའམ་སེམས་ཀྱིའམ་རྣམ་པར་སྨིན་པ་ལས་སྐྱེས་པའམ་རྒྱུ་མཐུན་པ་ལས་བྱུང་བ་ཡང་རུང་སྟེ། རྣམ་པར་མི་རྟོག་པ་ཁོ་ནར་མངོན་པར་རྟོགས་པ་མེད་པ་ཁོ་ནར་རང་གི་ངང་གིས་མངོན་པར་འདུ་བྱེད་པ་མེད་པར་སྐྱེ་བས་དེ་ལྟ་བས་ན་དབང་བོ་ཉིད་དུ་ཐ་དད་པ་མེད་པར་བཏང་སྙོམས་ཀྱི་དབང་པོ་ཞེས་དབང་པོ་གཅིག་ཏུ་བྱས་སོ།། །།བམ་པོ་དགུ་པ། ལུས་ཀྱི་བདེ་བ་ཡང་གཞན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལུས་ཀྱི་བདེ་བ་ཡང་ཉམས་སུ་མྱོང་བའི་ངོ་བོའི་ཁྱད་པར་གཞན་གྱིས་རྗེས་སུ་འཛིན་ལ་སེམས་ཀྱི་ཡང་གཞན་གྱིས་ཏེ་ལུས་ཀྱི་ནི་བརྟེན་པ་ཡིན་ལ། སེམས་ཀྱི་ནི་མི་བརྟེན་པ་ཡིན་ནོ། །དེ་བཞིན་དུ་ལུས་ཀྱི་སྡུག་བསྔལ་ཡང་ཉམས་སུ་མྱོང་བའི་ངོ་བོའི་ཁྱད་པར་གཞན་གྱིས་ཡིན་ལ། སེམས་ཀྱི་ཡང་གཞན་གྱི་ཡིན་ནོ། །བཏང་སྙོམས་ལ་བྱེ་བྲག་མེད་དེ་ཞེས་བྱ་བ་ནི་རང་གི་ངོ་བོ་དང་ཁྱད་པར་གྱི་མཚན་ཉིད་ཀྱི་བྱེ་བྲག་མེད་དོ། །དེ་བས་ན་བཏང་སྙོམས་ཀྱི་ཕྱིར་ཏེ་བཏང་སྙོམས་སུ་བྱ་བའི་ཕྱིར་བྱེ་བྲག་མེད་པས་རང་གི་ངོ་བོ་དང་ཁྱད་པར་མེད་པས་ཐ་དད་པ་མེད་དོ། །མཐོང་བསྒོམ་མི་སློབ་ལམ་ལ་དགུ། །ཞེས་བྱ་བ་ནི་མཐོང་བ་ཞེས་བྱ་བ་ནི་མཐོང་བ་ཡིན་ནོ། །མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་ནི་མཐོང་བསྒོམ་མི་སློབ་ལམ་ཡིན་ནོ། །ལམ་གསུམ་པོ་དེ་ཉིད་ལ་ཡིད་དང༌། བདེ་བ་དང༌། ཡིད་བདེ་བ་དང༌། བཏང་སྙོམས་དང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཅེས་བྱ་བའི་རྫས་དགུ་པོ་གང་དག་ཡིན་པ་དེ་དག་ནི་མཐོང་པའི་ལམ་ལ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ། །བསྒོམ་པའི་ལམ་ལ་ནི་ཀུན་ཤེས་པའི་དབང་པོ་ཞེས་བྱའོ། །མི་སློབ་པའི་ལམ་ལ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ་ཞེས་བྱ་བ་རྣམ་པར་བཞག་སྟེ། རྫས་དེ་དག་ནི་ཕན་ཚུན་ལྟོས་ནས་མིང་དེ་དང་དེ་འཐོབ་
བོ། དགུ་ཞེས་བྱ་བ་ནི་ཚོགས་པ་གཞན་ལ་ལྟོས་ནས་དེ་སྐད་ཅེས་བཤད་པ་ཡིན་གྱི་ཚོགས་པ་གཅིག་ལ་རྫས་དགུ་ཡོད་པ་མ་ཡིན་ཏེ། བདེ་བ་དང་ཡིད་བདེ་བ་དང༌། བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བ་ཁོ་ན་ཞིག་ཡོད་པའི་ཕྱིར་རོ། །གལ་ཏེ་ལམ་དེ་མི་ལྕོགས་པ་མེད་པ་དང༌། བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་བཞི་པ་དང༌། ནམ་མཁའ་དང༌། རྣམ་ཤེས་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱིས་པ་ཞིག་ཡིན་ན་ནི་དེ་ལ་བཏང་སྙོམས་ཀྱི་དབང་པོ་ཁོ་ན་ཡོད་ཀྱི་བདེ་བ་དང༌། ཡིད་བདེ་བའི་དབང་པོ་དག་ནི་མེད་དོ། །གལ་ཏེ་བསམ་གཏན་དང་པོ་དང༌། གཉིས་བའི་ས་པ་ཞིག་ཡིན་ན་ནི་དེ་ལ་ཡིད་བདེ་བའི་དབང་པོ་ཁོ་ན་ཡོད་དོ། །གལ་ཏེ་བསམ་གཏན་གསུམ་པའི་ས་པ་ཞིག་ཡིན་ན་ནི་དེ་ལ་བདེ་བའི་དབང་པོ་ཁོ་ན་ཡོད་ཀྱི་གཞན་ནི་མེད་དོ། །མི་ཤེས་པ་ཀུན་ཤེས་པར་བྱ་བ་ཞུགས་པ་ཡིན་ནོ་ཞེས་བྱ་བ་ནི་བདེན་པ་བཞི་མི་ཤེས་པ་ཀུན་ཤེས་པར་བྱ་ཞིང་ཀུན་རྟོགས་པར་བྱ་བར་ཞུགས་པ་སྟེ། ཀུན་ཤེས་པར་བྱའོ་སྙམ་དུ་བསམས་པའོ། །དེའི་དབང་པོ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཡིན་ནོ། །བསྒོམ་པའི་ལམ་ནི་སྔོན་མ་མཐོང་བ་ཀུན་ཤེས་པར་བྱ་བ་ནི་མེད་ཀྱི་ཕྲ་རྒྱས་ལྷག་མ་སྤངས་པའི་ཕྱིར་ཏེ། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་བདེན་པ་བཞི་པོ་དེ་ཉིད་ཀུན་ཤེས་པར་བྱེད་དོ། །གང་ཟག་ཀུན་ཤེས་པ་དེའི་དབང་པོ་ཡིན་པའམ་ཀུན་ཤེས་པ་ཉིད་དབང་པོ་ཡིན་པས་ན་ཀུན་ཤེས་པའི་དབང་པོའོ། །མི་སློབ་པའི་ལམ་ལ་ནི་ཀུན་ཤེས་སོ་སྙམ་དུ་རྟོག་པ་ནི་ཀུན་ཤེས་པ་སྟེ་ཞེས་བྱ་བ་ནི་དོན་བརྗོད་པ་ཙམ་དུ་ཟད་དེ་སྒྲའི་ཚིག་རྣམ་པར་སྦྱར་བ་ནི་འདི་ལྟར་བྱའོ། །ཀུན་ཤེས་པ་ཞེས་བྱ་བ་ནི་ཀུན་རྟོགས་པ་ཡིན་ནོ། །དེ་འདི་ལ་ཡོད་པས་སམ་འདི་ཀུན་ཤེས་པ་སྲུང་བའི་ངང་ཚུལ་ཡིན་པས་ན་ཀུན་ཤེས་པ་དང་ལྡན་པ་ཡིན་ནོ། །དེ་ལྟ་བུའི་དབང་པོ་ནི་ཞེས་བྱ་བ་ནི་ཀུན་ཤེས་པ་དང་ལྡན་པ་ནི་དེ་ལྟ་བུའི་དབང་པོ་ནི་ཞེས་བྱ་བའི་ཐ་ཚིག་གོ །གསུམ་ནི་དྲི་མ་མེད་ཅེས་བྱ་བ་ནི་གསུམ་ནི་དྲི་མ་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་བ་ཡིན་ནོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་རྣམ་པའི་བྱེ་བྲག་འདི་ཁམས་བསྟན་པ་
ལས། ཟག་མེད་ལམ་གྱི་བདེན་པ་དང༌། །ཞེས་བྱ་བ་དང༌། དེ་གསུམ་ཟག་བཅས་ཟག་པ་མེད། །ལྷག་མ་རྣམས་ནི་ཟག་བཅས་སོ། །ཞེས་འབྱུང་བའི་ཕྱིར་བཤད་ཟིན་མ་ཡིན་ནམ་ཞེ་ན། རྣམ་པའི་བྱེ་བྲག་དེ་ལྟ་བུ་ལ་སོགས་པ་འདི་ནི་བཤད་པ་བདེན་མོད་ཀྱི་དེ་ནི་སྤྱིའི་ངོ་བོར་བཤད་ཀྱི་བྱེ་བྲག་གི་ངོ་བོར་ནི་མ་ཡིན་ཏེ། དེ་བས་ན་སློབ་མས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་རྣམ་པའི་བྱེ་བྲག་དེ་ལྟ་བུ་ལ་སོགས་པ་འདི་ནི་ཚིག་རེ་རེའི་ངོ་བོ་ནས་བརྗོད་དོ་ཞེས་བྱ་བར་ཡང་བརྗོད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དགུ་རྣམ་གཉིས་ཞེས་བྱ་བ་དོར་བྱ་མི་དགོས་ཏེ། གཅིག་ཏུ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ངེས་པར་གཟུང་བ་ཁོ་ནས་དགུ་རྣམ་གཉིས་ཞེས་བྱ་བ་འགྲུབ་པར་འགྱུར་རོ། །གལ་ཏེ་འདི་དག་གཅིག་ཏུ་ཟག་པ་མེད་པ་ཁོ་ནར་གྱུར་བ་ཡིན་ན་ནི་གཅིག་ཏུ་ཟག་པ་མེད་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པའི་ནང་དུ་སྟོན་པར་འགྱུར་རོ། །འོན་ཏེ་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་པར་གྱུར་ན་ནི་གཅིག་ཏུ་ཟག་པ་དང་བཅས་པ་གཟུགས་ཅན་གྱི་དབང་པོ་དང་སྲོག་དང་སྡུག་བསྔལ་དང་ཡིད་མི་བདེ་བའི་ནང་དུ་སྟོན་པར་འགྱུར་བ་ཞིག་ན། དེ་ལྟ་ཡང་མ་ཡིན་པས་དེའི་ཕྱིར་དགུ་རྣམས་གཉིས་ཞེས་བྱ་བ་གྲུབ་པ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟ་ཡིན་མོད་ཀྱི་གཞུང་ལུགས་གཞན་བཟློག་པའི་ཕྱིར་ཡང༌། དགུ་རྣམ་གཉིས་ཞེས་བྱ་བ་འདི་བརྗོད་དེ། དགུ་ནི་རྣམ་གཉིས་ཁོ་ན་ཡིན་གྱི་ཇི་ལྟར་ཁ་ཅིག་བརྗོད་ཅིང་དེ་གྲུབ་པར་བྱ་བའི་ཕྱིར་ལུང་ཡང་ཁྱེར་ཏེ་འོང་བ་ལྟ་བུར་ཟག་པ་མེད་པ་དག་ནི་མ་ཡིན་ནོ། །གང་ལ་དབང་པོ་ལྔ་པོ་འདི་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། ཐམས་ཅད་དུ་ཐམས་ཅད་མེད་པ་ཞེས་བྱ་བ་ནི་ཆུང་ངུ་དད་འབྲིང་དང་ཆེན་པོའི་བྱེ་བྲག་གི་རྣམ་པ་ཐམས་ཅད་དུའོ། །ཐམས་ཅད་ཅེས་བྱ་བ་ནི་ལྔ་ཆར་མེད་པ་ཞེས་བྱ་བའི་ཐ་ཚིག་གོ ། སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པར་ང་སྨྲའོ་ཞེས་འབྱུང་བའི་ཕྱིར་དོན་གྱིས་ན་འདི་སྐད་དུ་གང་ལ་འདི་དག་ཡོད་པ་དེ་ནི་འཕགས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །སློབ་དཔོན་གྱིས་དེ་དག་ཟག་པ་མེད་པ་ཉིད་ཡིན་པར་བྱ་བའི་སྐབས་སུ་དེ་ནི་ཁུངས་སུ་མི་རུང་སྟེ་ཞེས་བྱ་བ་སྨོས་སོ། །འདི་ལྟ་
སྟེ་འཕགས་པའི་གང་ཟག་རྣམ་པར་གཞག་པར་མཛད་ནས། གང་ལ་དབང་པོ་འདི་དག་ཅེས་གསུངས་པའི་ཕྱིར་རོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། དགེ་སློང་དག་དབང་པོ་ནི་ལྔ་པོ་འདི་དག་ཡིན་ནོ། །ལྔ་གང་ཞེ་ན། དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང་པོའི་བར་ཡིན་ཏེ། དབང་པོ་ལྔ་པོ་འདི་དག་རྣོ་བ་དང་ཡོངས་སུ་རྫོགས་པས་དགྲ་བཅོམ་པ་ཡིན་ནོ། །དེ་བས་ཆེས་ཞན་པ་དང་ཆེས་རྟུལ་བས་ཕྱིར་མི་འོང་བ་ཡིན་ནོ། །དེ་བས་ཆེས་ཞན་པ་དང་ཆེས་རྟུལ་བས་ལན་ཅིག་ཕྱིར་འོང་བ་ཡིན་ནོ། །དེ་བས་ཆེས་ཞན་པ་དང་ཆེས་རྟུལ་བས་རྒྱུན་དུ་ཞུགས་པ་ཡིན་ནོ། །དེ་བས་ཆེས་ཞན་པ་དང་ཆེས་རྟུལ་བས་ཆོས་ཀྱི་རྗེས་སུ་འབྲང་བ་ཡིན་ནོ། །དེ་བས་ཆེས་ཞན་པ་དང་ཆེས་རྟུལ་བས་དད་པས་རྗེས་སུ་འབྲང་བ་ཡིན་ནོ། །དགེ་སློང་དག་དེ་ལྟར་ན་དབང་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་སྟོབས་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་གང་ཟག་གི་ཕ་རོལ་ཏུ་ཕྱིན་པ་དག་མངོན་ནོ། །གང་ལ་དབང་པོ་ལྔ་པོ་འདི་དག་ཐམས་ཅད་དུ་ཐམས་ཅད་མེད་པ་དེ་ནི་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པར་ང་སྨྲའོ་ཞེས་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་ལྟར་འཕགས་པའི་གང་ཟག་རྣམ་པར་གཞག་པ་མཛད་ནས་གང་ལ་དབང་པོ་འདི་དག་ཅེས་གསུངས་པ་ཡིན་ཏེ། །ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་དད་པ་ལ་སོགས་པ་ཟག་པ་དང་བཅས་པ་དང་ལྡན་པ་ལ་ནི་འགལ་བ་མེད་དོ། །ཡང་ན་སོ་སོའི་སྐྱེ་བོ་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་ནང་པ་དང་ཕྱི་རོལ་པའོ། །དགེ་བའི་རྩ་བ་ཀུན་ཏུ་མ་ཆད་པ་ནི་ནང་པ་ཡིན་ཏེ། སངས་རྒྱས་པས་བསྡུས་པའི་ཕྱིར་རོ། །དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ནི་ཕྱི་པ་ཡིན་ཏེ། དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྱི་རོལ་ཞེས་ཁྱད་པར་དུ་བྱས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པར་ང་སྨྲའོ་ཞེས་བྱ་བ་ཁོ་ན་ཞིག་བཤད་པར་འགྱུར་རོ། །མདོ་ལས་ཀྱང་ཞེས་བྱ་བ་ནི། ཡང་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ཞིག་ན་འདི་སྙམ་དུ་དགོངས་ཏེ། བདག་གིས་ཆོས་ཟབ་མོ་ཟབ་པར་སྣང་ལ་བལྟ་བར་དཀའ་བ་རྟོགས་པར་དཀའ་བ་བརྟག་པར་བྱ་བ་མ་ཡིན་པ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་ཆ་ཕྲ་བ་
མཁས་ཤིང་མཛངས་ལ་ཤེས་པས་རིག་པར་བྱ་བ་རྟོགས་པ་དེ་བདག་གིས་གཞན་དག་ལ་བསྟན་ཏེ། གཞན་དག་གིས་དེ་མ་ཤེས་པར་གྱུར་ན་དེས་ནི་བདག་ལ་གནོད་པར་ཡང་འགྱུར་ཞིང་ཚེགས་སུ་ཡང་འགྱུར་ལ་སེམས་ལ་ཉམ་ང་བར་ཡང་འགྱུར་བས། མ་ལ་བདག་གཅིག་པུ་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དགོན་པ་ལ་གཞོལ་བར་རྣལ་འབྱོར་དང་ལྡན་པར་གནས་པར་བྱ་བ་གོར་མ་ཆག་སྙམ་མོ། །དེ་ནས་ཚངས་པ་མི་མཇེད་ཀྱི་བདག་པོ་འདི་སྙམ་དུ་སེམས་ཏེ། ད་ལྟར་འཇིག་རྟེན་གྱི་ཁམས་འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བ་ནི་བརྒྱ་ལམ་ན་རེས་འགའ་ཞིག་འབྱུང་བར་ཟད་དེ། དཔེར་ན་ཨུ་དུམ་བཱ་རའི་མེ་ཏོག་དང་འདྲ་ན། བཅོམ་ལྡན་འདས་དེ་ཡང་ཐུགས་ལས་ཆུང་ངུར་བཞུགས་པར་དགོངས་ཀྱི་ཆོས་བསྟན་པར་མི་དགོངས་པས། ཀྱེ་མ་འཇིག་རྟེན་འདི་ནི་མ་རུང་ངོ༌། །ཀྱེ་མ་འཇིག་རྟེན་འདི་ནི་རབ་ཏུ་མ་རུང་ངོ༌། །མ་ལ་བདག་གིས་བཅོམ་ལྡན་འདས་ལ་གསོལ་བ་གདབ་གོར་མ་ཆག་གོ་སྙམ་མོ། །དེ་ནས་ཚངས་པ་མི་མཇེད་ཀྱི་བདག་པོ་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བའམ་བརྐྱང་བ་ལས་བསྐུམས་པ་ཙམ་དུ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་དེའི་ཚེ་ཚངས་པས་ཚིགས་སུ་བཅད་དེ་གསོལ་པ། མ་ག་དྷཱ་ཡི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མ་རྗེས་སུ་འབྲེལ་ཡ་འབྱུང༌། །བདུད་རྩི་སྒོ་མོ་དབྱེ་བར་མཛོད་ཅིག་ཆོས། །རྡུལ་བྲལ་ཉོན་མོངས་མེད་པ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཚངས་པ་ང་ཡིས་ཐ་བ་ཀུན། །བཅོམ་ནས་ཚེགས་ཆེན་གྱིས་རྟོགས་པའི། །ཆོས་འདི་སྲིད་པའི་འདོད་ཆགས་ཀྱིས། །བཀྲིས་པས་བདེ་བླག་རྟོགས་མ་ཡིན། །རྒྱུན་ཕྱོགས་ལས་ནི་བཟློག་པའི་ལམ། །ཟབ་ལ་ཤིན་ཏུ་བལྟ་དཀའ་སྟེ། །འདོད་ཆགས་ཀྱིས་ཆགས་མུན་པ་ཡི། །ཕུང་པོས་བསྒྲིབས་པས་མི་མཐོང་ངོ༌། །ཚངས་པས་གསོལ་པ། བཅོམ་
ལྡན་འདས་སེམས་ཅན་འཇིག་རྟེན་དུ་སྐྱེས་ཤིང་འཇིག་རྟེན་དུ་རྒས་པ་རྣམས་ལ་དབང་པོ་རྣོན་པོ་དག་ཀྱང་མཆིས་དབང་པོ་འབྲིང་པོ་དག་ཀྱང་མཆིས་དབང་པོ་རྟུལ་པོ་དག་ཀྱང་མཆིས་སོ་ཞེས་གསུངས་པ་ཡིན་ནོ། །ཆོས་ཀྱི་འཁོར་ལོ་མ་བསྐོར་བ་ཁོ་ནའི་ཚེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། དད་པ་ལ་སོགས་པའི་དབང་པོ་གང་དག་གིས་དེ་དག་སྐལ་པ་དང་ལྡན་པར་བཤད་པ་ཡིན་ཏེ། གང་གི་ཕྱིར་ཆོས་ཀྱི་འཁོར་ལོ་མ་བསྐོར་བའི་ཚེ་དབང་པོ་རྣོན་པོ་དག་ཀྱང་ཡོད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེའི་ཕྱིར་དད་པ་ལ་སོགས་པ་ཟག་པ་དང་བཅས་པ་དག་ཡོད་པ་ཉིད་དོ། །འཇིག་རྟེན་ལྷ་དང་བཅས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་སྲིད་དུ་ང་འཇིག་རྟེན་ལྷ་དང་བཅས་པ་བདུད་དང་བཅས་པ་ཚངས་པ་དང་བཅས་པ་དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ་ལྷ་དང་མིར་བཅས་པ་འདི་ལས་གྲོལ་བ་དང༌། ངེས་པར་བྱུང་བ་དང༌། མི་ལྡན་པ་དང་བྲལ་བ་དང་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་མང་དུ་གནས་པར་མི་འགྱུར་རོ་ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ། །ཟག་པ་མེད་པ་རྣམས་ལ་ནི་ཡོངས་སུ་བརྟགས་པའི་རྣམ་པ་འདི་མེད་དོ་ཞེས་བྱ་བ་ནི་ཟག་པ་མེད་པ་རྣམས་ལ་ནི་རོ་མྱང་བ་དང་ཉེས་དམིགས་དང་ངེས་པར་འབྱུང་བ་རུང་བ་མ་ཡིན་ནོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཕྱིར་མི་འོང་བ་ནི་མ་ཡིན་ཏེ། རྒྱུད་ཉོན་མོངས་པ་ལས་རྣམ་པར་མ་གྲོལ་བའི་ཕྱིར་རོ། །རྫུ་འཕྲུལ་དང་ལྡན་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་ཐོབ་པའོ། །སེམས་ལ་དབང་ཐོབ་པ་ཞེས་བྱ་བ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའོ། །འཚོ་བའི་ཡོ་བྱད་ཅེས་བྱ་བ་ནི་འཚོ་བར་བྱེད་པའི་ཡོ་བྱད་དེ་དེ་དང་མཐུན་པའི་ཕྱིར་རོ། །ཕུལ་ནས་དེ་བསམས་ཏེ་ཞེས་བྱ་བ་ནི་ཚེ་དེ་བསམས་ནས་ཏེ་སེམས་ལ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ཞེ་ན། བདག་གི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེའི་ཚེའི་རྣམ་པར་སྨིན་པར་གྱུར་ཅིག་སྙམ་པ་ཡིན་ནོ། །རབ་ཀྱི་མཐའ་པ་ཞེས་བྱ་བ་འདིའི་མཚན་ཉིད་ནི་འཕེལ་བའི་རབ་ཏུ་ཕྱེ་བ་ཡིན་ཞེས་འཆད་པར་འགྱུར་བ་ཡིན་ནོ། །སེམས་སྐྱེད་པར་བྱེད་ཅིང་ཚིག་ཏུ་ཡང་སྨྲ་བར་བྱེད་དེ་ཞེས་བྱ་བ་ནི་སེམས་དང་ཚིག་དག་ཀྱང་དེ་གྲུབ་པར་བྱ་བའི་ཕྱིར་སྐྱེད་ཅིང་སྨྲ་བར་བྱེད་དེ་རྒྱུ་གཅིག་གིས་བསྒྲུབ་པར་བྱ་བའི་འབྲས་བུ་ནི་མེད་དོ། །དེ་ལྟ་
བས་ན་འདི་ནི་སྲོག་གི་དབང་པོ་རྣམ་པར་སྨིན་པ་ཁོ་ན་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ལོངས་སྤྱོད་ཀྱི་རྣམ་པར་སྨིན་པའི་ལས་གང་ཡིན་པ་དེའི་ཚེའི་རྣམ་པར་སྨིན་པ་འབྱིན་པར་འགྱུར་བས་བསམ་གཏན་བསྒོམ་པའི་སྟོབས་ཀྱིས་དེ་འདྲེན་པར་བྱེད་པ་ཡིན་ནོ། །རྣམ་པར་སྨིན་པའི་ལྷག་མ་རྣམ་པར་སྨིན་པར་བྱེད་ཅེས་བྱ་བ་ནི་ཚེ་རབས་གཞན་གྱི་ལས་དུས་མ་ཡིན་པར་འཆི་བས་འབྲས་བུ་ཡོངས་སུ་མ་རྫོགས་པའི་རྣམ་པར་སྨིན་པའི་ལྷག་མ་བསྒོམ་པའི་སྟོབས་ཀྱིས་དྲངས་ནས་སོ་སོར་མྱོང་བར་བྱེད་དོ། །དེ་དག་གི་དེ་ལྟ་བུ་ཞེས་བྱ་བ་ནི་རྣལ་འབྱོར་པ་དེ་དག་གིའོ། །སྔོན་གྱི་ལས་ལས་གྲུབ་པ་དབང་པོའི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་པའི་དུས་འཕེན་པ་ཞེས་བྱ་བ་ནི་སྔོན་གྱི་ཚེ་རབས་ཀྱི་ལས་ནི་སྔོན་གྱི་ལས་སོ། །དེ་ལས་སྐྱེས་པ་ནི་སྔོན་གྱི་ལས་ལས་སྐྱེས་པའོ། །དབང་པོའི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་པ་ནི་རྒྱུན་ཏོ། །གནས་པའི་དུས་ནི་གནས་པའི་དུས་སོ། །དེ་འཕེན་པ་ནི་ཀུན་ཏུ་འཕེན་པ་སྟེ། གནས་པའི་དུས་འཕེན་པ་ཡིན་ནོ། །དེ་སྲིད་དུ་འཁོར་བའི་སྐད་ཅིག་མ་རྒྱུན་ཆགས་པར་ནུས་པ་ནི་འཕེན་པ་ཡིན་ཏེ། དེས་གནས་པའི་དུས་འདི་ཀུན་ཏུ་འཕེན་པར་བྱེད་དོ། །རྣལ་འབྱོར་བ་རྣམས་ནི་སྔོན་གྱི་ལས་ལས་སྐྱེས་པ་དབང་པོའི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་པའི་དུས་འཕེན་པ་ནི་ཟློག་པར་བྱེད་ལ། སྔོན་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པ་གློ་བུར་བ་ནི་འཕེན་པར་བྱེད་དོ། །དྲི་བ་ལས་དྲི་བ་གཞན་འབྱུང་སྟེ་ཞེས་བྱ་བ་ནི། འོ་ན་དགེ་སློང་དགྲ་བཅོམ་པའི་ཚེའི་འདུ་བྱེད་དག་འཇོག་པར་བྱེད་པའི་སྲོག་གི་དབང་པོ་གང་ཡིན་པ་དེ་གང་གི་རྣམ་པར་སྨིན་པ་ཡིན་ཞེས་བྱ་བའི་དྲི་བ་འདི་ལས་ཅིའི་ཕྱིར་ཚེའི་འདུ་བྱེད་དག་བྱིན་གྱིས་རློབ་པར་བྱེད་ཅེས་པ་དྲི་བ་གཞན་ཡིན་ནོ། །གཞན་ལ་ཕན་པའི་དོན་ཏམ་བསྟན་པ་གནས་པར་བྱ་བའི་དོན་དུ་སྟེ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཞན་ལ་ཕན་པའི་དོན་དང་བསྟན་པ་གནས་པར་བྱ་བའི་དོན་མཛད་པ་ཁོ་ན་ཡིན་ནོ། །ལུས་ནད་ལ་སོགས་པར་གྱུར་པ་ཞེས་བྱ་བ་ནི་སྡུག་བསྔལ་གསུམ་དང་ལྡན་པའི་ཕྱིར་ནད་དང་འབྲས་དང་ཟུག་རྔུ་ལ་སོགས་པ་ལྟ་བུ་ཡིན་ནོ། །གང་དུའམ་གང་ཞིག་གི་ཞེས་བྱ་བ་ལ་གང་དུ་ཞེས་བྱ་བའི་དྲི་བ་འདིའི་ལན་ནི་མིའི་ནང་ཁོ་
ན་དག་ཏུ་སྟེ་གླིང་གསུམ་པོ་དག་ཏུ་ཞེས་བྱ་བ་ཡིན་ནོ། །གང་ཞིག་གི་ཞེས་བྱ་བའི་ལན་ནི་དགྲ་བཅོམ་པ་ཕོ་མོ་རབ་ཀྱི་མཐའི་བསམ་གཏན་ཐོབ་པ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་སྟེ་ཞེས་བྱ་བ་ཡིན་ནོ། །དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཏིང་ངེ་འཛིན་ལ་ཡང་དབང་བ་ནི་རབ་ཀྱི་མཐའི་བསམ་གཏན་ཐོབ་ན་དབང་པོ་རྣོ་བའི་ཕྱིར་རོ། །ཉོན་མོངས་པ་དག་གིས་ཀྱང་རྒྱུད་ཉེ་བར་མ་བསྟན་པ་ནི་ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །མཐོང་བས་ཐོབ་པ་ནི་ཏིང་ངེ་འཛིན་ལ་དབང་བ་ཉིད་ཡོད་མོད་ཀྱི་དེའི་རྒྱུད་ཉོན་མོངས་པ་དག་གིས་ཉེ་བར་མ་བསྟན་པ་ནི་མ་ཡིན་ནོ། །དུས་ཀྱི་རྣམ་པར་གྲོལ་བ་ནི་རྒྱུད་ཉོན་མོངས་པ་དག་གིས་མ་བསྟན་པ་ཡིན་མོད་ཀྱི་ཏིང་ངེ་འཛིན་ལ་དབང་བ་ཉིད་མ་ཡིན་ནོ། །དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ལ་ནི་གཉི་ག་ཡོད་དོ། །མང་པོའི་ཚིག་ནི་ཞེས་བྱ་བ་ནི་ཚེའི་འདུ་བྱེད་དག་ཅེས་སྨོས་པ་གང་ཡིན་པ་དེ་ནི་མང་པོའི་ཚིག་ཡིན་ནོ། །དེ་ལྟ་བས་ན་ཚེ་དང་སྲོག་གི་འདུ་བྱེད་ཀྱི་སྐད་ཅིག་མ་མང་པོ་རྣམས་ལ་ཞེས་བྱ་བ་སྨོས་ཏེ། ཚེའི་འདུ་བྱེད་རྒྱུད་ལ་ཡོད་པ་མང་པོ་རྣམས་ལ་འདོར་ཞིང་བྱིན་གྱིས་རློབ་པའི་ཕྱིར་ཏེ་རྒྱུན་གྱིས་དོན་མངོན་པར་བསྒྲུབ་པའི་ཕྱིར་དང་སྐད་ཅིག་མ་གཅིག་ནི་གནོད་པར་མི་བྱེད་པའི་ཕྱིར་གཅིག་ལ་འདོར་བའམ་བྱིན་གྱིས་རློབ་པ་ནི་དགོས་པ་མེད་དོ། །དུས་གཞན་གྱི་བར་དུ་འཇུག་པ་ཚེའི་རྫས་གཅིག་བུ་ནི་མེད་དོ་ཞེས་བྱ་བ་ནི་དུས་གཞན་གྱི་བར་དུ་འདུག་པའི་ངང་ཚུལ་ཅན་ནི་དུས་གཞན་གྱི་བར་དུ་འདུག་པའོ། །སྐད་ཅིག་མི་མ་ཡིན་པ་སྟེ་ཁ་ཅིག་ན་རེ་ཚེའི་རྫས་དེ་ལྟ་བུ་དེ་མེད་དོ་ཞེས་བསྟན་པའི་ཕྱིར་རོ་ཞེས་ཟེར་རོ། །འདུ་བྱེད་མང་པོ་རྣམས་ལ་ཞེས་བྱ་བ་འདི་ནི་མདོ་སྡེ་བ་རྣམས་ཀྱི་ཕྱོགས་ཡིན་ཏེ། སྐད་ཅིག་མ་གཅིག་ཁོ་ན་ལ་གང་དག་ལ་ཆོ་ཞེས་གདགས་པའི་འདུ་བྱེད་དེ་དག་མང་པོ་ཞིག་ཡོད་ཀྱི་ཚེ་ཞེས་བྱ་བའི་རྫས་གཅིག་པུ་ཞིག་ཡོད་པ་ནི་མ་ཡིན་ནོ། །འདུ་བྱེད་དེ་དག་ཀྱང་ཕུང་པོ་ལྔའི་ངོ་བོ་ཉིད་དམ་ཕུང་པོ་བཞིའི་ངོ་བོ་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ལྟ་མ་ཡིན་ན་འདུ་བྱེད་སྨོས་པ་མཛད་པར་མི་འགྱུར་གྱི། འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་སྲོག་དག་བྱིན་གྱིས་བརླབས་ནས་ཚེ་དག་བཏང་ངོ་ཞེས་བརྗོད་པར་འགྱུར་རོ། །འཆི་བ་ལ་མངའ་བ་ཉིད་དུ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་འཆི་བ་
ལ་དབང་བ་ཉིད་མངའོ་ཞེས་པར་རོ། །ཟླ་བ་གསུམ་ཁོ་ན་བྱིན་གྱིས་བརླབས་ཏེ་ཕྱིན་ཆད་ནི་འདུལ་བའི་དོན་མེད་པའི་ཕྱིར་མ་ཡིན་ནོ་ཞེས་བྱ་བ་ནི་ཟླ་བ་གསུམ་བསྡུས་པ་སྟེ་ཟླ་བ་གསུམ་ཉིད་ཟླ་བ་གསུམ་མོ། །ཟླ་བ་གསུམ་ཕྱིན་ཆད་ནི་འདུལ་བའི་དོན་མེད་པའི་ཕྱིར་མ་ཡིན་ཏེ། སངས་རྒྱས་ཀྱི་མཛད་པའི་མཇུག་ནི་ཤིན་ཏུ་བཟང་ལྡན་ཡིན་པའི་ཕྱིར་རོ། །བསྐལ་པ་ལས་ལྷག་པ་ཞེས་བྱ་བ་ལ། བསྐལ་པ་ནི་བསྐལ་པ་གཅིག་རངས་པ་ཡིན་ནོ། །བསྐལ་པ་བས་ལྷག་པ་ནི་བསྐལ་པ་བས་ལྷག་པ་ཡིན་ཏེ། བསྐལ་པ་བས་ཐལ་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་བསྒྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་དམ་བཅས་པ་བསྒྲུབ་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་ཚིག་ཙམ་དུ་འགྱུར་རོ། །ཕུང་པོ་དང་འཆི་བདག་གི་བདུད་དག་ལས་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་བདུད་ནི་བཞི་སྟེ་ལྷའི་བུའི་བདུད་དང༌། ཉོན་མོངས་པའི་བདུད་དང༌། ཕུང་པོའི་བདུད་དང༌། འཆི་བདག་གི་བདུད་དོ། །དེ་ལ་ཐུན་དང་པོ་ལ་ལྷའི་བུའི་བདུད་ལས་རྒྱལ་ལོ། །ཐུན་གཉིས་པ་ལ་ལྷའི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ནས་ཐུན་གསུམ་པ་ལ་ཉོན་མོངས་པའི་བདུད་ལས་རྒྱལ་ལོ། །ཡུལ་ཡངས་པ་ཅན་དུ་སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་ཚེའི་འདུ་བྱེད་དག་བོར་ཏེ། ཕུང་པོའི་བདུད་ལས་རྒྱལ་བར་བྱ་བའི་ཕྱིར་ཕུང་པོ་དག་བཏང་ངོ༌། །དེ་དག་བཏང་ནས་ནོངས་པར་འགྱུར་ཏེ། དེ་བས་ན་འཆི་བདག་གི་བདུད་ལས་རྒྱལ་བར་བྱ་བའི་ཕྱིར་བྱིན་གྱིས་བརླབས་སོ་ཞེས་ཟེར་རོ། །ཞར་ལ་འོངས་པ་རྫོགས་སོ་ཞེས་བྱ་བ་ནི་དྲི་བ་ལས་དྲི་བ་གཞན་འབྱུང་བ་གང་ཡིན་པའོ། །བཅུ་གཉིས་གཉིས་ཞེས་བྱ་བ་ནི་བཅུ་གཉིས་ཁོ་ན་རྣམ་པ་གཉིས་ཁོ་ནའོ་ཞེས་བྱ་བར་ངེས་པར་གཟུང་ངོ༌། །དད་པ་ལ་སོགས་པ་ཀུན་ཤེས་པའི་དབང་པོ་དང་ལྡན་པ་ལ་ཐུག་པའི་བར་བརྒྱད་དང་ཡིད་མི་བདེ་བ་མ་གཏོགས་པ་གཅིག་ཏུ་རྣམ་པར་སྨིན་པ་སྲོག་གི་དབང་པོ་ལས་གཞན་པ་དབང་པོ་བཅུ་གཉིས་ནི་རྣམ་པར་སྨིན་པ་ཡང་ཡིན་ལ་རྣམ་པར་སྨིན་པ་མ་ཡིན་པ་ཡང་ཡིན་ཏེ། དེ་ལ་མིག་ལ་སོགས་པ་ཕོའི་དབང་པོ་ལ་ཐུག་པའི་བར་བདུན་གཉིད་ལོག་པ་པས་མངོན་པར་བསྒྲུབས་པ་རྒྱས་པ་ལས་བྱུང་བ་རྣམས་ནི་རྣམ་པར་སྨིན་
པ་མ་ཡིན་ནོ། །ཡིད་དང་སྡུག་བསྔལ་དང་བདེ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཡིད་ལ་སོགས་པ་དགེ་བ་དང་ཉོན་མོངས་པ་ཅན་གང་དག་ཡིན་པ་དེ་དག་ཀྱང་རྣམ་པར་སྨིན་པ་མ་ཡིན་ལ་ལུང་དུ་མ་བསྟན་པ་སྤྱོད་ལམ་པ་དང་བཟོའི་གནས་པ་དང་སྤྲུལ་པ་བའི་ངོ་བོ་ཉིད་གང་དག་ཡིན་པ་དེ་དག་ཀྱང་ཅི་རིགས་པར་རྣམ་པར་སྨིན་པ་མ་ཡིན་ནོ། །ཅི་རིགས་པར་ཞེས་བྱ་བའི་ཁྱད་པར་སྨོས་པ་ནི་སྤྱོད་ལམ་པ་ལ་སོགས་པ་ཡིད་ཀྱི་ཉིད་ཡིན་པས་སྡུག་བསྔལ་གྱི་དབང་པོ་མི་སྲིད་པའི་ཕྱིར་ལ། བདེ་བ་དང་ཡིད་བདེ་བ་དག་ཀྱང་ཁ་ཅིག་ཏུ་མི་སྲིད་པའི་ཕྱིར་རོ། །དེ་ལ་འདོད་པའི་ཁམས་ན་ནི་སྤྱོད་ལམ་པའི་ཡིད་ཀྱི་དབང་པོ་དང་དེ་དང་མཚུངས་པར་ལྡན་པ་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་དག་རྣམ་པར་སྨིན་པ་མ་ཡིན་ནོ། །གཟུགས་ཀྱི་ཁམས་ན་ནི་སྤྱོད་ལམ་པ་དང་དེ་དང་མཚུངས་པར་ལྡན་པའི་ཚོར་བའི་དབང་པོ་ནི་རྣམ་པར་སྨིན་པ་མ་ཡིན་ཏེ་ས་ཇི་ལྟ་བ་བཞིན་ནོ། །སྤྲུལ་བ་པ་ནི་ས་ལྔ་པ་ཡིན་ཏེ། དེ་ལ་ནི་བཏང་སྙོམས་ཀྱི་དབང་པོ་ཁོ་ན་རྣམ་པར་སྨིན་པ་མ་ཡིན་ནོ། །བཙུན་པ་གོ་ཆ་མཐའ་ཡས་ན་རེ་ནི་སྤྱོད་ལམ་པ་དང་བཟོའི་གནས་པ་དང་སྤྲུལ་པ་བ་རྣམས་ནི་རྟག་ཏུ་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པ་དག་ཡིན་ནོ་ཞེས་ཟེར་རོ། །ལྷག་མ་རྣམས་ནི་རྣམ་པར་སྨིན་པ་ཡིན་ནོ་ཞེས་བྱ་བ་ནི་དགེ་བ་དང་ཉོན་མོངས་པ་ཅན་དང་སྤྱོད་ལམ་པ་དང་སྤྲུལ་པ་པའི་ངོ་བོ་ཉིད་ཀྱི་དབང་པོ་ལ་སོགས་པ་ལས་གཞན་པའི་ཡིད་ཀྱི་དབང་པོ་ལ་སོགས་པ་རྣམ་པར་སྨིན་པ་ལས་སྐྱེས་པ་དག་ནི་རྣམ་པར་སྨིན་པ་ཡིན་ནོ། །ལྷག་མ་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་པ་ཞེས་བྱ་བར་གྲུབ་པོ་ཞེས་བྱ་བ་ནི་སྲོག་གི་དབང་པོ་དང་མིག་ལ་སོགས་པ་བཅུ་གཉིས་མ་གཏོགས་པ་སྟེ། དེ་དག་ངེས་པར་བཟུང་བ་ཁོ་ནས་ལྷག་མ་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། ཡིད་མི་བདེ་བ་ནི་དགེ་བ་དང་མི་དགེ་བ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་མ་ཡིན་ཏེ་འདི་ལྟར། དེ་གཅིག་ནི། རྣམ་པར་སྨིན་བཅས་ཞེས་འཆད་པར་འགྱུར་རོ། །དད་ལ་སོགས། དགེ་བརྒྱད། ཅེས་འབྱུང་བས་རྣམ་པར་སྨིན་པ་མ་ཡིན་ཏེ་རྣམ་པར་སྨིན་པའི་མཚན་
ཉིད། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་ཞེས་བྱ་ཞེས་བྱ་བ་མེད་པའི་ཕྱིར་རོ། །གལ་ཏེ་ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་ནོ་ཞེ་ན། ལུང་འདི་དང་འགལ་ལོ་ཞེས་བསྟན་པའི་ཕྱིར་ལས་ནི་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཚུངས་པར་ལྡན་པ་མྱོང་བར་འགྱུར་བའི་དབང་དུ་མཛད་ནས་ཞེས་བྱ་བ་མྱོང་བར་འགྱུར་བ་ནི་ཚོར་བ་སྟེ། འདི་ལ་ཡིད་མི་བདེ་བ་མྱོང་བར་འགྱུར་བ་ཡོད་པས་ན་ཡིད་མི་བདེ་བ་མྱོང་བར་འགྱུར་བའི་ལས་སོ། །འོ་ན་ནི་ཡིད་བདེ་བ་དང་བཏང་སྙོམས་མྱོང་བར་འགྱུར་བའི་ལས་དག་ཀྱང་ཞེས་བྱ་བ། ཕ་རོལ་པོའི་བསམ་པ་ནི་མཚུངས་པར་ལྡན་པ་ཙམ་ཡིན་པར་སྨྲས་པའི་ཕྱིར་ཡིད་མི་བདེ་བ་བཞིན་དུ་ཡིད་བདེ་བ་དང་བཏང་སྙོམས་དག་ཀྱང་རྣམ་པར་སྨིན་པ་མ་ཡིན་པར་འགྱུར་བ་སྙམ་པ་ཡིན་ནོ། །མཚུངས་པར་ལྡན་པ་ཡིན་ཡང་ཉེས་པ་མེད་ལ་རྣམ་པར་སྨིན་པ་ཡིན་ཡང་ཉེས་པ་མེད་དོ་ཞེས་བྱ་བ་འདི་ལ་ཡིད་བདེ་བ་མྱོང་བར་འགྱུར་བ་ཡོད་པས་ཡིད་བདེ་བ་མྱོང་བར་འགྱུར་བའི་ལས་ཡིན་ནོ་ཞེས་བྱས་ན་ཡང་ཉེས་པ་མེད་ལ། འདི་ལ་ཡིད་བདེ་བ་རྣམ་པར་སྨིན་པ་ཉིད་དུ་མྱོང་བར་འགྱུར་བ་ཡོད་པས་ན་ཡིད་བདེ་བ་མྱོང་བར་འགྱུར་བའི་ལས་སོ་ཞེས་བྱས་ན་ཡང་ཉེས་པ་མེད་པའོ། །གོ་སྐབས་མེད་པས་ན་དེ་ནི་དེ་ལྟར་ཤེས་སོ་ཞེས་བྱ་བ་ནི་གལ་ཏེ་ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་ནོ་ཞེས་བྱ་བར་རིགས་པས་ཡོངས་སུ་དཔྱད་ན་སྟེ། དེ་བས་ན་གོ་སྐབས་མེད་པས་འདི་སྐད་དུ་མཚུངས་པར་ལྡན་པ་མྱོང་བར་འགྱུར་བའི་དབང་དུ་མཛད་ནས་ཞེས་རྣམ་པར་འཆད་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཞིག་ཡོད་ཅེས་བྱ་བ་སྨོས་སོ། །ཡང་ན་ལ་ལར་ནི་མཚུངས་པར་ལྡན་པ་མྱོང་བར་འགྱུར་བ་ཉིད་ཡིན་ནོ། །ལ་ལར་ནི་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ཉིད་དོ་ཞེས་བྱ་བའི་གོ་སྐབས་མེད་པས་ན་དེ་ནི་དེ་ལྟར་ཤེས་སོ། །གལ་ཏེ་ཁྱོད་འོ་ན་ནི་ཐམས་ཅད་དུ་མཚུངས་པར་ལྡན་པ་མྱོང་བར་འགྱུར་བ་ཉིད་ཡིན་ནོ་ཞེས་སྨྲ་ན། བསམ་པ་འདས་མ་ཐག་པ་འདི་ལ་བརྟགས་ནས་ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཞིག་ཡོད་ཅེ་ན་ཞེས་བྱ་བ་སྨོས་སོ། །ཡིད་མི་བདེ་བ་ནི་ཞེས་བྱ་བ་ནི་
མི་འདོད་པ་སེམས་པར་བྱེད་པ་ལ་སོགས་པ་ཀུན་ཏུ་རྟོག་པའི་ཁྱད་པར་དག་གིས་སྐྱེད་པར་བྱེད་ཅིང་རྣམ་པར་ཞི་བར་བྱེད་པ་ཡིན་ནོ། །ཡིད་བདེ་བ་ཡང་དེ་དང་འདྲ་བས་ཞེས་བྱ་བ་ནི་འདོད་པ་སེམས་པ་ལ་སོགས་པ་ཀུན་ཏུ་རྟོག་པའི་ཁྱད་པར་དག་གིས་སྐྱེད་པར་བྱེད་ཅིང་རྣམ་པར་ཞི་བར་བྱེད་པ་ཡིན་ནོ། །འོ་ན་འདོད་ཆགས་དང་བྲལ་བ་རྣམས་ལ་ཞེས་བྱ་བ་ནི་འདི་ལྟར་འདོད་ཆགས་དང་བྲལ་བ་རྣམས་ལ་ཡིད་མི་བདེ་བ་ལྡོག་སྟེ། འདོད་ཆགས་དང་བྲལ་བ་རྣམས་ལ་རྣམ་པར་སྨིན་པར་གྱུར་བ་མིག་ལ་སོགས་པ་ནི་མི་ལྡོག་གི་ཡིད་མི་བདེ་བ་ནི་ལྡོག་སྟེ། བསྟན་བཅོས་ལས་ཡིད་མི་བདེ་བ་དང་འདོད་ཆགས་དང་བྲལ་ཞིང་མི་ལྡན་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །མདོ་ལས་ཀྱང་འདོད་ཆགས་དང་མ་བྲལ་བ་ལ་ནི་ཟུག་རྔུའི་ཚོར་བ་གཉིས་བཤད་དེ། ལུས་ཀྱི་སྡུག་བསྔལ་དང་སེམས་ཀྱི་ཡིད་མི་བདེ་བ་ཡང་སོ་སོར་མྱོང་བར་འགྱུར་རོ་ཞེས་བྱ་བ་དང༌། འདོད་ཆགས་དང་བྲལ་བ་ལ་ནི་ཟུག་རྔུ་གཅིག་སྟེ། ལུས་ཀྱི་སྡུག་བསྔལ་ཁོ་ན་སོ་སོར་མྱོང་བར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་གསུངས་པ་ཡིན་ནོ། །དེ་དག་གིས་ཡིད་བདེ་བ་ལུང་དུ་མ་བསྟན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཡིད་བདེ་བ་ལུང་དུ་མ་བསྟན་པ་རྣམ་པར་སྨིན་པ་ཡང་ཅི་འདྲ་བ་ཞིག་ཡོད་པར་འགྱུར། དེ་དག་གི་ཡིད་བདེ་བ་ནི་སྙོམས་པར་འཇུག་པས་བསྡུས་པས་འབྱུང་ལ་དེ་ཡང་དགེ་བ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་མ་ཡིན་ཏེ། དེའི་ཕྱིར་དེ་དག་གི་ཡིད་བདེ་བ་རྣམ་པར་སྨིན་པ་ཅི་འདྲ་བ་ཞིག་ཡིན་པ་བརྗོད་པར་བྱ་དགོས་སོ། །ཅི་འདྲ་བ་ཡང་རུང་སྟེ་ཞེས་བྱ་བ་ནི་ཡོངས་སུ་མི་ཆོད་ཀྱང་དེ་ནི་ཡོད་པ་ཁོ་ནའོ་ཞེས་སྟོན་པར་བྱེད་པ་ཡིན་ཏེ་དེ་ལ་རྣམ་པར་སྨིན་པའི་གོ་སྐབས་ཡོད་དུ་ཟིན་ཀྱང་ཡིད་མི་བདེ་བ་ནི་སྙོམས་པར་འཇུག་པའི་གནས་སྐབས་ན་ཡང་རུང་སྟེ། རྣམ་པ་ཐམས་ཅད་དུ་མི་འབྱུང་བས་དེའི་ཕྱིར་རྣམ་པར་སྨིན་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །ཡིད་ཀྱི་དབང་པོ་ནི་གཉི་གའི་རྣམ་པར་སྨིན་པ་ཡིན་ནོ་ཞེས་བྱ་བ་ནི་བདེ་འགྲོ་དང་ངན་འགྲོ་གཉི་གར་དགེ་བ་དང་མི་དགེ་བ་གཉི་གའི་རྣམ་པར་སྨིན་པ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །བརྒྱད་པ་སྲོག་གི་དབང་པོ་རྣམས་བདེ་འགྲོ་ན་ནི་དགེ་བའི་རྣམ་
པར་སྨིན་པ་ཡིན་ལ་ཞེས་བྱ་བ་འདི་ནི་སྤྱིར་བསྟན་པ་ཡིན་ནོ། །དེ་ལ་ཇི་ལྟར་མཚན་གཉིས་པ་སྡུག་པ་མ་ཡིན་པར་འདོད་པ་དགེ་བའི་རྣམ་པར་སྨིན་པ་ཡིན་ཞེ་ན། བདེ་འགྲོ་ན་མི་དགེ་བས་མཚན་གཉིས་པོ་དེའི་གནས་རྙེད་པ་ཡིན་གྱི་ཞེས་བྱ་བ་སྨོས་ཏེ། འདིའི་གནས་ཉམས་པ་ཡིན་ཏེ། དེའི་ཕྱིར་འདི་མི་དགེ་བས་རྙེད་པ་ཡིན་ཏེ་ལྡན་པ་མ་ཡིན་པའི་ཆོས་ཡིན་གྱི་མཚན་གཉིས་ནི་དགེ་བ་ཁོ་ནའི་རྣམ་པར་སྨིན་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་གཅིག་ནི། རྣམ་པར་སྨིན་བཅས་ཞེས་བྱ་བ་ནི་དེ་གཅིག་ནི་རྣམ་པར་སྨིན་པ་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་ནི་ཞེས་བྱ་བའི་སྒྲ་ནི་ཁོ་ན་ཡིན་ཞེས་བྱ་བའི་དོན་དང་རིམ་པ་གཞན་དུ་སྦྱར་བ་ཞེས་བྱ་བ་སྨོས་ཏེ། གནས་གཞན་དུ་སྦྱར་ཞེས་བྱ་བའི་ཐ་ཚིག་གོ །དེ་གཅིག་རྣམ་པར་སྨིན་བཅས་ནི། །ཞེས་བྱས་ནས་ནི་རིམ་པ་གཞན་དུ་སྦྱར་བར་མི་འགྱུར་ཏེ་ཚིགས་སུ་བཅད་པ་བསྡེབས་པ་དང་མཐུན་པར་དེ་སྐད་ཅེས་བཤད་པ་ཡིན་ནོ། །དེ་ནི་ལུང་དུ་མ་བསྟན་པ་ཡང་མེད་ལ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་བར་བྱ་བའི་རིགས་པ་སྟོན་པར་བྱེད་པ་ཡིན་ཏེ། །རྣམ་པར་སྨིན་པ་མེད་པའི་དངོས་པོ་ནི་གཉིས་སུ་འདོད་དེ། ལུང་དུ་མ་བསྟན་པ་དང༌། ཟག་པ་མེད་པའོ། །དེ་ནི་རྣམ་པར་རྟོག་པའི་ཁྱད་པར་གྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པ་ཡང་མ་ཡིན་ལ། མཉམ་པར་གཞག་པ་མ་ཡིན་པའི་ཕྱིར་ཟག་པ་མེད་པ་ཡང་མ་ཡིན་ནོ། །ལུང་དུ་མ་བསྟན་པ་ནི་ས་བོན་རུལ་བ་བཞིན་དུ་རྣམ་པར་སྨིན་པ་འབྱིན་པར་མི་ནུས་པ་མ་ཡིན་ནོ། །ཟག་པ་མེད་པ་ནི་སྲིད་པས་མངོན་པར་མ་བརླན་པའི་ཕྱིར་རྣམ་པར་སྨིན་པ་འབྱིན་པར་མི་ནུས་ཏེ། ས་བོན་མ་བརླན་པ་བཞིན་ནོ། །ཤུགས་ཀྱིས་ན་དེ་ནི་མི་དགེ་བ་འམ་དགེ་བ་ཟག་པ་དང་བཅས་པ་ཡིན་པར་འགྱུར་ཏེ། དེའི་ཕྱིར་ཡིད་མི་བདེ་བ་ནི་རྣམ་པར་སྨིན་པ་དང་བཅས་པ་ཁོ་ན་ཡིན་གྱི་རྣམ་པར་སྨིན་པ་མེད་པ་ནི་མེད་དོ། །བཅུ་རྣམ་གཉིས་ཞེས་བྱ་བ་ནི་བཅུ་ཁོ་ན་རྣམ་པ་གཉིས་ཡིན་ལ་རྣམ་གཉིས་ཁོ་ན་བཅུ་ཡིན་ནོ་ཞེས་ངེས་པར་གཟུང་བ་ཡིན་ནོ། །རྣམ་གཉིས་ཞེས་བྱ་བ་ནི་རྣམ་པར་སྨིན་པ་དང་བཅས་པ་དང་རྣམ་པར་
སྨིན་པ་མེད་པ་དག་ཡིན་ནོ། །ཡིད་དང་ཚོར་གཞན་དད་ལ་སོགས། །ཞེས་བྱ་བ་ལ། ཚོར་ཞེས་བྱ་བ་ནི་ཚོར་བ་ཡིན་ནོ། །གཞན་ཞེས་བྱ་བ་སྨོས་པས་ནི་ཡིད་མི་བདེ་བ་མ་གཏོགས་པ་གཟུང་སྟེ། ཡིད་མི་བདེ་བ་ནི་བཤད་ཟིན་པའི་ཕྱིར་རོ། །དད་ལ་སོགས་པ་ཞེས་བྱ་བ་ནི་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དག་བཟུང་ངོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །གཞན་ནི་རྣམ་པར་སྨིན་པ་མེད་པ་བཞིན་ནོ་ཞེས་བྱ་བ་ནི་ཡིད་མི་བདེ་བ་ལ་སོགས་པ་ཇི་སྐད་བཤད་པ་དམིགས་ཀྱིས་བསྩལ་བའི་ཕྱིར་སྲོག་དང་གཟུགས་ཅན་གྱི་དབང་པོ་བདུན་དང་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་ནི་གོ་རིམས་བཞིན་དུ་ལུང་དུ་མ་བསྟན་པའི་ཕྱིར་དང༌། ཟག་པ་མེད་པ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་མེད་པ་དག་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དགེ་བ་བརྒྱད་ཅེས་བྱ་བ་ནི་བརྒྱད་ནི་དགེ་བ་ཁོ་ནའོ་ཞེས་བྱ་བར་ངེས་པར་གཟུང་བ་ཡིན་ནོ། །ཡིད་མི་བདེ་བ་དང༌། རྣམ་གཉིས་ཞེས་བྱ་བ་ནི་རྣམ་གཉིས་ཁོ་ན་ཡིད་མི་བདེ་བ་ཡིན་ལ་ཡིད་མི་བདེ་བ་ཁོ་ན་རྣམ་གཉིས་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་བ་ཡིན་ཏེ། རྣམ་གཉིས་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའོ། །དགེ་བ་ཡང་ཡིན་ལ་ལུང་དུ་མ་བསྟན་པ་ཡང་ཡིན་པ་དང་མི་དགེ་བ་ཡང་ཡིན་ལ་ལུང་དུ་མ་བསྟན་པ་ཡིན་ཞེས་བྱ་བ་རྣམ་གཉིས་གཞན་ཡང་ཡོད་ན་དེ་ཇི་ལྟར་འདི་སྐད་དུ་དགེ་བ་ཡང་ཡིན་མི་དགེ་བ་ཡང་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་ཞེ་ན། རྣམ་པར་བཤད་པའི་སྒོ་ནས་བྱེ་བྲག་རྟོགས་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཡིད་མི་བདེ་བ་རྣམ་པར་སྨིན་པ་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་སྟེ། དེ་ལྟ་བ་ན་འདི་ཁོ་ན་རྣམ་པ་གཉིས་ཡིན་པར་འགྱུར་རོ། །ཚོར་གཞན་ནི་ཡིད་མི་བདེ་བ་མ་གཏོགས་པའི་ཚོར་བ་བཞི་སྟེ། དེ་ནི་བཤད་ཟིན་པའི་ཕྱིར་རོ། །རྣམ་གསུམ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ཡིན་ནོ། །རྣམ་གསུམ་ནི་རྣམ་པ་གསུམ་སྟེ། མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དག་ནི་དགེ་བ་ཡིན་ནོ། །ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དག་ནི་མི་དགེ་བ་ཡིན་ནོ། །དེ་ལས་གཞན་པ་དག་ནི་
ལུང་དུ་མ་བསྟན་པ་ཡིན་ནོ། །གཞན་ནི་རྣམ་པ་གཅིག་ཅེས་བྱ་བ་ནི་བརྒྱད་པ་སྲོག་གི་དབང་པོ་དང་གཞན་ནི་རྣམ་པ་གཅིག་ཁོ་ནའོ་ཞེས་བྱ་བར་ངེས་པར་གཟུང་བར་བྱ་བ་ཡིན་ཏེ། ལུང་དུ་མ་བསྟན་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ །འདིའི་དོན་དུ་འདི་ཡར་སྨོས་ཏེ། དེ་ལྟ་མ་ཡིན་ན་དེ་མི་དགེ་བ་ཁོ་ན་ཡིན་པའམ་དགེ་བ་དང་ལུང་དུ་མ་བསྟན་པ་ཁོ་ན་ཡིན་པར་ཡང་དོགས་པར་འགྱུར་རོ། །དེ་ལྟ་བས་ན་མངོན་པར་འདོད་པའི་རྣམ་པ་གཅིག་བུ་ཉིད་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་ཡང་བརྗོད་དེ། འདི་ལ་རྣམ་པ་གཅིག་ཉིད་གང་ཞིག་སྲིད་པ་དེ་ཡིན་ནོ། །སྲིད་པ་ཡང་གང་ཡིན་ཞེ་ན། ལུང་དུ་མ་བསྟན་པ་ཡིན་ནོ། །དྲི་མེད་མ་གཏོགས་འདོད་པར་གཏོགས། །ཞེས་བྱ་བ་ནི་དྲི་མ་མེད་པ་ཁོ་ན་མ་གཏོགས་པ་འདོད་པར་གཏོགས་པ་ཡིན་ནོ། །དེ་ནི་དེ་ལྡན་པ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི་ཁམས་གསུམ་མ་གཏོགས་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ །ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་གཏོགས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཕོ་དང་མོ་ནི་ཕོ་མོའོ། །དེ་དག་གི་དབང་པོ་ནི་ཕོ་མོའི་དབང་པོ་དག་ཡིན་ནོ། །སྡུག་བསྔལ་དག་ཅེས་བྱ་བ་ནི་སྡུག་བསྔལ་གྱི་ཚོར་བའི་ངོ་བོ་ཉིད་དག་ཡིན་ཏེ། སྡུག་བསྔལ་དང་ཡིད་མི་བདེ་བ་ཞེས་བྱ་བའི་ཐ་ཚིག་གོ །ཕོ་དང་མོའི་དབང་པོ་དེ་དག་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དག་དང་འདིར་སྦྱར་བ་དྲི་མ་མེད་པ་མ་གཏོགས་པ་དབང་པོ་ལྷག་མ་རྣམས་ནི་གཟུགས་སུ་གཏོགས་པ་ཡིན་ནོ། །ག་ལས་འབྱུང་ཞེས་དྲིས་པ་དང་མདོ་བསྟན་པའི་ཕྱིར་གནས་མ་ཡིན་ཞིང་གོ་སྐབས་མེད་དེ་ཞེས་བྱ་བ་ནི་རྒྱས་པར་སྨོས་ཏེ། མདོ་འདི་ལས་སོ་སྙམ་དུ་བསམས་པའོ། །ཕོའི་ངོ་བོ་གཞན་འདོད་པའི་ཁམས་ན་ཕོ་རྣམས་ལ་ཡོད་པ་གང་ཡིན་པ་ནི་ཡོད་དོ་ཞེས་བྱ་བ་ནི་ནུ་མ་ལ་སོགས་པ་དབྱིབས་དང་ང་རོ་དང་སྤྱོད་པ་གཞན་པ་ཉིད་དོ། །སྡུག་བསྔལ་གྱི་དབང་པོ་མེད་དོ་ཞེས་བྱ་བ་ནི་ལུས་དང་བའི་ཕྱིར་བ་སྣུན་པ་ལས་བྱུང་བ་དེ་མེད་ལ་མི་དགེ་བ་མེད་པའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་མེད་དོ། །ཞི་གནས་ཀྱིས་བརླན་པའི་ཕྱིར་ཡིད་མི་བདེ་བའི་དབང་པོ་མེད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་ཞི་གནས་ཀྱི་ཏིང་ངེ་འཛིན་
གྱིས་ཁོང་ཁྲོ་བ་དང་བྲལ་བས་རྒྱུད་ལ་རྩུབ་བག་མེད་པ་དེའི་ཕྱིར་ཡིད་མི་བདེ་བ་མེད་དོ། །ཀུན་ནས་མནར་སེམས་ཀྱི་གཞི་མེད་པའི་ཕྱིར་ཞེས་བྱ་བ་ལ། ཀུན་ནས་མནར་སེམས་ནི་འཁྲུག་པའོ། །དེའི་གཞི་ནི་ཡུལ་ཡིན་པས་ཀུན་ནས་མནར་སེམས་ཀྱི་གཞིའོ། །ཀུན་ནས་མནར་སེམས་ཀྱི་གཞི་ནི་དགུ་སྟེ། བདག་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་ཞེས་བྱ་བ་ཀུན་ནས་མནར་སེམས་ཀྱི་གཞི་གསུམ་དང༌། བདག་གི་མཛའ་བོ་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་ཞེས་བྱ་བ་ཀུན་ནས་མནར་སེམས་ཀྱི་གཞི་གཞན་གསུམ་དང༌། བདག་གི་དགྲ་བོ་ལ་ཕན་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ་ཞེས་བྱ་བ་ཀུན་ནས་མནར་སེམས་ཀྱི་གཞི་གཞན་གསུམ་མོ། །ཀུན་ནས་མནར་སེམས་ཀྱི་གཞི་དགུ་པོ་འདི་དག་མེད་པའི་ཕྱིར་ཡུལ་གྱིས་བྱས་པའི་ཡིད་མི་བདེ་བ་ཡང་མེད་ཀྱི་རྒྱུས་བྱས་པ་མེད་པ་འབའ་ཞིག་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །རང་གི་རྒྱུད་ལ་ཡོད་པའི་ཁོང་ཁྲོ་བ་བྱས་པ་གང་ཡིན་པ་དེ་ནི་རྒྱུས་བྱས་པ་ཡིན་ལ། ཀུན་ནས་མནར་སེམས་ཀྱི་གཞི་དགུས་བྱས་པ་གང་ཡིན་པ་དེ་ནི་རྐྱེན་གྱིས་བྱས་པ་ཡིན་ནོ། །གཟུགས་ཅན་དང་བདེ་བ་ཡང་ཞེས་བྱ་བའི་ཡང་ཞེས་བྱ་བའི་སྒྲས་ནི་གོང་དུ་བཤད་པ་སྦྱར་བར་བྱ་བ་ཡིན་ཏེ། དེའི་ཕྱིར་ཕོ་དང་མོའི་དབང་པོ་དག་དང་བདེ་བ་དག་དང་དྲི་མ་མེད་པ་ཡང་མ་གཏོགས་སོ་ཞེས་བྱ་བར་སྦྱར་རོ་ཞེས་བྱ་བ་སྨོས་སོ། །གཟུགས་ཅན་གྱི་དབང་པོ་ནི་མིག་ལ་སོགས་པའོ། །བདེ་བ་དག་ཅེས་བྱ་བ་ནི་བདེ་བའི་ཚོར་བའི་ངོ་བོ་ཉིད་དག་སྟེ། བདེ་བ་དང༌། ཡིད་བདེ་བའི་དབང་པོ་དག་གོ །ཚོར་བ་གསུམ་ནི་བདེ་བ་དང་ཡིད་བདེ་བ་དང༌། བཏང་སྙོམས་དག་ཡིན་ཏེ། བདེ་བའི་དབང་པོ་བསམ་གཏན་གསུམ་པའི་ས་པ། །མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་དང་མཚུངས་པར་ལྡན་པ་གང་ཡིན་པ་དེ་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །དེ་ཉིད་ན་དེ་ལས་གཞན་པའི་ཟག་པ་དང་བཅས་པ་དང་རྣམ་པར་ཤེས་པའི་ཚོགས་ལྔ་པ་འདོད་པ་ན་སྤྱོད་པ་དང་རྣམ་པར་ཤེས་པའི་ཚོགས་གསུམ་པ་བསམ་གཏན་དང་པོའི་ས་པ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །བདེ་བའི་དབང་པོའི་ཟག་པ་མེད་པ་ནི་སྤང་བར་བྱ་བ་མ་ཡིན་
པ་ཡིན་ནོ། །ཡིད་བདེ་བ་ཡང་མཐོང་བས་སྤང་བར་བྱ་བ་དང་མཚུངས་པར་ལྡན་པ་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །དེ་ལས་གཞན་པ་ཟག་པ་དང་བཅས་པ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །ཟག་པ་མེད་པ་ནི་སྤང་བར་བྱ་བ་མ་ཡིན་ནོ། །བཏང་སྙོམས་ནི་ཐམས་ཅད་ན་ཡོད་པ་ཉིད་པས་རྟོགས་པར་སླའོ། །གཉིས་ཀྱིས་སྤང་བ་ཡིད་མི་བདེ་ཞེས་བྱ་བ་ནི་ཡིད་བདེ་བ་མ་ཡིན་པ་དང་ལྡན་པས་ཡིད་བདེ་བ་མ་ཡིན་པའོ། །དེའི་ངོ་བོ་ནི་ཡིད་བདེ་བ་མ་ཡིན་པ་ཉིད་དེ། །ཡིད་མི་བདེ་བ་ཞེས་བྱ་བའི་ཐ་ཚིག་སྟེ། མཐོང་བས་སྤང་བར་བྱ་བ་དང་ལྡན་པ་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །དེ་ལས་གཞན་པ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་མཉམ་པར་གཞག་པ་མ་ཡིན་པའི་ཕྱིར་སྤང་བར་བྱ་བ་མ་ཡིན་པ་ནི་མེད་དོ། །འདོད་པར་དང་པོར་རྣམ་སྨིན་གཉིས། །རྙེད་དེ་ཞེས་བྱ་བ་ནི་འདོད་པའི་ཁམས་ནི་འདོད་པ་གཙོ་བོ་ཡིན་པའི་ཕྱིར་འདོད་པ་རྣམས་ཞེས་བསྟན་ཞེས་འཆད་པར་འགྱུར་རོ། །འདོད་པའི་ཁམས་ན་སེམས་ཅན་སྒོ་ང་ལས་སྐྱེ་བ་དང༌། མངལ་ནས་སྐྱེ་བ་དང་དྲོད་གཤེར་ལས་སྐྱེ་བ་རྣམས་ཀྱིས་དང་པོ་ཁོ་ནར་རྣམ་པར་སྨིན་པའི་བདག་ཉིད་ཀྱི་དབང་པོ་གཉིས་རྙེད་པར་འགྱུར་ཏེ། ལུས་ཀྱི་དབང་པོ་དང་སྲོག་གི་དབང་པོའོ། །ཅིའི་ཕྱིར་ཞེ་ན། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །རང་གི་ས་པའི་ཉོན་མོངས་ཀུན། །ཞེས་འབྱུང་བའི་ཕྱིར་ཡིད་དང་བཏང་སྙོམས་ཀྱི་དབང་པོ་དག་ནི་ཉིད་མཚམས་སྦྱོར་བའི་ཚེ་གདོན་མི་ཟ་བར་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་ལ། མིག་ལ་སོགས་པ་ཡང་གནས་སྐབས་དེ་ན་མེད་པའི་ཕྱིར་རོ། །རྫུས་ཏེ་སྐྱེས་པས་མིན་ཞེས་བྱ་བ་ནི་དམིགས་ཀྱིས་བསལ་བ་སྟེ། བྱེ་བྲག་ཏུ་མ་ཕྱེ་བའི་ཕྱིར་རྫུས་ཏེ་སྐྱེ་བ་རྣམས་ཀྱིས་ཀྱང་དེ་དང་འདྲ་བར་གཉིས་ཁོ་ན་ཞིག་འཐོབ་པར་འགྱུར་རོ་ཞེས་བྱ་བར་ཐལ་བར་འགྱུར་བས། དེ་ལྟ་བས་ན་འདི་བཀག་པ་ཡིན་ནོ། །ཅི་རྫུས་ཏེ་སྐྱེ་བ་རྣམས་ཀྱིས་དེ་གཉིས་མ་རྙེད་པ་ཁོ་ན་ཞིག་ཡིན་ནམ་ཞེ་ན། རྙེད་པར་འགྱུར་མོད་ཀྱི་གཉིས་ཁོ་ན་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ཡིས་དྲུག་གམ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་སོ། །གལ་ཏེ་མཚན་མེད་པ་ཞིག་
ཡིན་ན་སྟེ་ཞེས་བྱ་བ་ནི་གལ་ཏེ་ཕོ་དང་མོའི་དབང་པོ་མེད་པ་ཞིག་ཡིན་ནོ། །འདི་ལྟར་བསྐལ་བ་དང་པོ་བ་རྣམས་ལྟ་བུའོ་ཞེས་བྱ་བ་ནི་དུས་ཀྱི་དང་པོ་བྱུང་བ་རྣམས་ཏེ། སྔ་བྱུང་སེམས་ཅན་གཟུགས་ཅན་བཞིན། །ཞེས་འབྱུང་བའི་ཕྱིར་རོ། །དྲུག་དང་ཞེ་ན། མིག་ལ་སོགས་པ་ལྔ་དང་དྲུག་པ་སྲོག་གི་དབང་པོའོ། །སྩོགས་པ་ཞེས་བྱ་བའི་ནི་སྒྲས་ནི་དམྱལ་བ་ལ་སོགས་པ་གཟུང་སྟེ། སྲིད་པ་བར་མ་དང་སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བའི་གནས་སྐབས་ན་དེ་དག་དང་པོར་འཐོབ་བོ། །ཡང་ཅི་རྫུས་ཏེ་སྐྱེ་བ་དག་ལ་ཡང་མཚན་གཉིས་པ་ཡོད་དམ་ཞེ་ན་ཞེས་བྱ་བ་ལ། ཀླན་ཀ་བའི་བསམ་པ་ནི་མཚན་གཉིས་འབྱུང་བ་ནི་དམན་པ་ཡིན་ལ་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ནི་ཁྱད་པར་ཅན་ཡིན་ན་འདི་གཉིས་ཇི་ལྟར་ལྡན་སྙམ་དུ་བསམས་པ་ཡིན་ནོ། །གཟུགས་གཙོ་བོ་ཡིན་པའི་ཕྱིར་གཟུགས་རྣམས་ཞེས་བསྟན་ཏེ་ཞེས་བྱ་བ་ལ། གཟུགས་གཙོ་བོ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་རྣམས་དང་བའི་ཕྱིར་ཏེ། འོད་གསལ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པ་གཅིག་ཏུ་གཟུགས་ཀྱི་ཁམས་ནི་འདོད་པའི་ཡོན་ཏན་གཙོ་བོ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཟུགས་ཙམ་གཙོ་བོ་ཡིན་ཏེ། གཟུགས་མེད་པ་བཞིན་དུ་གཟུགས་མེད་པ་གཙོ་བོ་ཡང་མ་ཡིན་ནོ། །མདོ་ལས་ཀྱང་ཞེས་བྱ་བ་ནི་མདོ་ལས་ཀྱང་འདི་ལྟ་བུ་སྣང་བས་འདི་བདག་གིས་བྱས་པ་ཁོ་ན་ནི་མ་ཡིན་ནོ་ཞེས་བྱ་བར་སྟོན་པ་ཡིན་ནོ། །གང་དག་གཟུགས་རྣམས་ལས་འདས་ནས་གཟུགས་མེད་པའི་རྣམ་པར་ཐར་བ་ཞི་བ་དེ་དག་ཀྱང་མི་རྟག་པ་མི་བརྟན་པ་ཡིད་བརྟན་དུ་མི་རུང་བར་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ། །རྫུས་ཏེ་སྐྱེ་བ་མཚན་མེད་པ་དག་གིས་རྙེད་པ་གང་ཡིན་པའོ་ཞེས་བྱ་བ་ནི་བསྐལ་བ་དང་པོ་པ་དག་གིས་སོ། །སྙོམས་པར་འཇུག་པ་རིང་བའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་སྔར་གཟུགས་ཀྱི་སྙོམས་པར་འཇུག་པ་ཡིན་ལ་ཕྱིས་གཟུགས་མེད་པའི་སྙོམས་པར་འཇུག་པ་ཡིན་པ་དེའི་ཕྱིར་གཟུགས་ཀྱི་ཁམས་པས་གཟུགས་མེད་པའི་ཁམས་གོང་མ་ཡིན་ནོ། །སྐྱེ་བའི་མ་ཆོག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་སྐྱེ་
བའི་སྒོ་ནས་གཟུགས་ཀྱི་ཁམས་པས་གཟུགས་མེད་པའི་ཁམས་མཆོག་ཡིན་ཏེ། དེ་ན་བསྐལ་པ་སྟོང་ཕྲག་དུ་མར་རབ་ཏུ་ཞི་བའི་རྣམ་པར་སྨིན་པར་འགྱུར་བ་དེའི་ཕྱིར་ཡང་འདི་གོང་མ་ཡིན་གྱི་སྐྱེ་བའི་ཡུལ་གྱི་སྒོ་ནས་ནི་མ་ཡིན་ཏེ། གཟུགས་མེད་ཁམས་ན་གནས་མེད་དོ། །ཞེས་འབྱུང་བའི་ཕྱིར་རོ། །གཟུགས་མེད་དག་ཏུ་འཆི་བ་ནི་ཞེས་བྱ་བ་ནི་འཆི་བར་འགྱུར་བ་ན་སྟེ་གཟུགས་མེད་པའི་ཁམས་ན་ནི་དབང་པོ་འདི་གསུམ་ཁོ་ན་འགག་པར་འགྱུར་རོ། །འདི་ནི་དམིགས་ཀྱིས་བསལ་བ་དང་བཅས་པ་ཡིན་པར་རིག་པར་བྱ་སྟེ། དགེ་ལ་ཐམས་ཅད་དག་ཏུ་ལྔ། །ཞེས་འབྱུང་བའི་ཕྱིར་རོ། །གཟུགས་ན་བརྒྱད་ཅེས་བྱ་བ་ནི་གཟུགས་ཀྱི་ཁམས་ནི་དེ་དག་ཉིད་མིག་ལ་སོགས་པ་ལྔ་དང་བཅས་ཏེ་བརྒྱད་ཁོ་ན་ཅིག་ཅར་འགག་པར་འགྱུར་ཏེ། དབང་པོ་ཚང་བར་འཆི་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྫུས་ཏེ་སྐྱེ་བ་ཐམས་ཅད་ནི་དབང་པོ་རྣམས་ཚང་བར་སྐྱེ་ཞིང་འཆིའོ་ཞེས་བྱ་བ་སྨོས་སོ། །འདོད་པར་བཅུ་འམ་དགུ་འམ་བརྒྱད། །ཅེས་བྱ་བ་ནི་མཚན་གཉིས་པ་ཞིག་ཡིན་ལ་གལ་ཏེ་དབང་པོ་ཚང་ན་བཅུ་འགག་པར་འགྱུར་རོ། །མཚན་གཅིག་པ་ཞིག་ཡིན་ན་ནི་དགུའོ། །མཚན་མེད་པ་ཞིག་ཡིན་ན་ནི་བརྒྱད་དེ། གལ་ཏེ་དབང་པོ་མ་ཚང་བ་ལོང་བའམ་འོན་པ་ཞིག་ཡིན་ན་ནི་དེའི་ཚེ་དབང་པོ་དབྲི་བར་བྱའོ། །འདོད་པའི་ཁམས་ཀྱི་འདི་ཐམས་ཅད་ཀྱང་དམིགས་ཀྱིས་བསལ་བ་དང་བཅས་པ་ཁོ་ན་ཡིན་པར་རིག་པར་བྱའོ། །དམིགས་ཀྱིས་བསལ་བ་དེ་བསྟན་པའི་ཕྱིར། རིམ་གྱིས་འཆི་བ་དག་ལ་བཞི། །ཞེས་བྱ་བ་སྨོས་སོ། །དེ་རྣམས་ལ་ནི་སོ་སོར་འགག་པ་མེད་དོ་ཞེས་བྱ་བ་འདི་དག་ནི་འདོད་པའི་ཁམས་ན་ཕན་ཚུན་བྲལ་ཏེ་འགག་པ་མེད་དོ་སྙམ་དུ་བསམ་པ་ཡིན་ནོ། །དགེ་ལ་ཀུན་ཏུ་ལྔ་ཡང་ཡིན། །ཞེས་བྱ་བ་འདི་ནི། གཟུགས་མེད་དག་ཏུ་འཆི་བ་ནི། །ཡིད་དང་སྲོག་དང་བཏང་སྙོམས་ཉིད། །ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འཆི་བའི་ཚུལ་གོང་དུ་བཤད་པ་ཐམས་ཅད་ཀྱི་དམིགས་ཀྱིས་བསལ་བ་ཡིན་ནོ། །འཆི་བའི་སེམས་ནི་རྣམ་པ་གསུམ་སྲིད་དེ་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་དང་དགེ་བའོ། །
དེ་ལ་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་འཆི་བའི་ཚུལ་ནི་སྤྱིར་བསྟན་པའི་ཚུལ་གྱིས་བཤད་ཟིན་ཏོ། །དགེ་བའི་སེམས་ཀྱིས་འཆི་བ་ལ་ནི་དད་པ་ལ་སོགས་པ་ལྔ་བསྣན་པར་བྱ་སྟེ། དད་པ་ལ་སོགས་པ་འདི་དག་ནི་དགེ་བའི་སེམས་ལ་གདོན་མི་ཟ་བར་ཡོད་དོ། །དེས་ན་གང་དུ་གསུམ་བཤད་པ་དེར་ནི་བརྒྱད་དོ། །གད་དུ་བརྒྱད་ཡིན་པ་དེར་ནི་བཅུ་གསུམ་མོ། །གང་དུ་བཅུ་ཡིན་པ་དེར་ནི་བཅོ་ལྔའོ། །གང་དུ་དགུ་ཡིན་པ་དེར་ནི་བཅུ་བཞིའོ། །ཡང་གང་དུ་བརྒྱད་ཡིན་པ་དེར་ནི་བཅུ་གསུམ་མོ། །གང་དུ་བཞི་ཡིན་པ་དེར་ནི་དགུའོ་ཞེས་བྱ་བ་རྒྱས་པར་བརྩི་བར་བྱའོ། །གཟུགས་དང་གཟུགས་མེད་པ་ཁམས་དག་ན་ནི་རིམ་གྱིས་འཆི་བ་མེད་དོ། །དབང་པོའི་སྐབས་སུ་དབང་པོའི་ཆོས་ཐམས་ཅད་དཔྱད་པར་བྱ་སྟེ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་དབང་པོའི་སྐབས་སུ་བྱ་བ་ནི་དབང་པོའི་ཆོས་ཏེ་དབང་པོའི་གནས་སྐབས་ཀྱི་ཁྱད་པར་རམ་བྱེད་པའི་ཁྱད་པར་ཐམས་ཅད་དཔྱད་པར་བྱ་སྟེ་ཞེས་ཟེར་རོ། །གཞན་དག་ན་རེ་དབང་པོའི་སྐབས་ཏེ་དབང་པོའི་ཕུང་པོ་ལས་དབང་པོའི་ཆོས་གནས་སྐབས་ཀྱི་ཁྱད་པར་རམ་བྱེད་པའི་ཁྱད་པར་ཐམས་ཅད་དཔྱད་དེ་བསྟན་བཅོས་འདི་ཡང་བསྡུས་པ་ཡིན་པའི་ཕྱིར་རོ་སྙམ་དུ་བསམ་པ་ཡིན་ནོ་ཞེས་ཟེར་རོ། །འབྲས་བུ་ཐ་མ་གཉིས་དགུས་ཐོབ། །ཅེས་བྱ་བ་ནི་དབང་པོ་དགུ་དག་གིས་འཐོབ་པ་ནི་དགུས་འཐོབ་པའོ། །གང་ཞིག་ཅེ་ན། འབྲས་བུ་ཐ་མ་གཉིས་སོ། །ཐ་མ་ན་འདུག་པ་ནི་ཐ་མ་དག་གོ །འབྲས་བུ་ཐ་མ་ནི་འབྲས་བུ་ཐ་མ་དག་སྟེ་དེ་གཉིས་སོ། །ཡང་ཐ་མ་དག་ཀྱང་གང་ཡིན་ཞེ་ན་རྒྱུན་དུ་ཞུགས་པ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུའོ་ཞེས་བྱ་བ་ནི་ཇི་ལྟར་དབྱུག་པ་ལ་ཐ་མ་གཉིས་ཡོད་པ་དེ་བཞིན་དུ་སྦྲེངས་ཏེ་འདུག་པ་རྣམས་ལས་རྒྱུན་དུ་ཞུགས་པའི་འབྲས་བུ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ནི་ཐ་མ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་ནི་བར་མ་དག་ཡིན་ནོ། །འབྲས་བུ་ཐ་མ་དེ་གཉིས་ནི་དབང་པོ་དགུ་ཁོ་ནས་འཐོབ་སྟེ། དགུ་པོ་གང་དག་གིས་ཤེ་ན། དད་པ་ལ་སོགས་པ་དང༌། ཀུན་ཤེས་པ་དང་ལྡན་པའི་དབང་པོ་མ་
གཏོགས་པ་དག་དང༌། ཡིད་དང་བཏང་སྙོམས་ཀྱི་དབང་པོ་དང་དགུས་འཐོབ་སྟེ་ཞེས་བྱ་བ་སྨོས་སོ། །དེ་ལ་མངོན་པར་རྟོགས་པའི་རིམ་པ་ནི་འདི་ལྟ་བུ་ཡིན་ཏེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པ་དང༌། ཀུན་འབྱུང་བ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་བ་ལ་ཆོས་ཤེས་པ་དང༌། ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་བ་ལ་རྗེས་སུ་ཤེས་པ་དང༌། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང༌། འགོག་པ་ལ་ཆོས་ཤེས་པ་དང༌། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། འགོག་པ་ལ་རྗེས་སུ་ཤེས་པ་དང༌། ལམ་ལ་ཆོས་ཤེས་པའི་བཟོད་པ་དང༌། ལམ་ལ་ཆོས་ཤེས་པ་དང༌། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། ལམ་ལ་རྗེས་སུ་ཤེས་པ་ཞེས་བྱ་བ་སྐད་ཅིག་མ་བཅུ་དྲུག་ནི་མངོན་པར་རྟོགས་པ་ཞེས་བྱའོ། །དེ་ལ་དེ་ལས་སྐད་ཅིག་པ་ཅྭ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་འབྱུང་བའི་ཕྱིར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་བར་སྐད་ཅིག་མ་བཅོ་ལྔ་ནི་མཐོང་བའི་ལམ་ཡིན་ཏེ། དེ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ། །སྐད་ཅིག་མ་བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པ་དེ་ནི་བསྒོམ་པའི་ལམ་ཡིན་ལ། དེ་ནས་བཟུང་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་གྱི་ཟག་པ་མེད་པའི་ལམ་དེ་ཐམས་ཅད་ཀྱང་བསྒོམ་པའི་ལམ་ཡིན་ཏེ། དེ་ནི་ཀུན་ཤེས་པའི་དབང་པོ་ཞེས་བྱའོ། །དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་གནས་སྐབས་ན་འཐོབ་བོ། །དེ་ན་ནི་དད་པ་ལ་སོགས་པའི་དབང་པོ་ལྔ་གདོན་མི་ཟ་བར་ཡོད་དེ་གནས་སྐབས་དེ་ནི་དགེ་བ་ཡིན་པའི་ཕྱིར་རོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ཀུན་ཤེས་པར་བྱེད་པའི་དབང་པོའི་ངོ་བོ་ཉིད་འདི་ནི་ད་ལྟར་གྱི་ཡིན་ནོ། །ཡིད་ཀྱི་དབང་པོ་ཡང་དེ་དང་མཚུངས་པར་ལྡན་པ་ཡིན་ནོ། །མི་ལྕོགས་པ་མེད་པ་ལ་བརྟེན་པ་ཡིན་པའི་ཕྱིར་བཏང་སྙོམས་ཀྱི་དབང་པོ་ཡང་
གདོན་མི་ཟ་བར་ཡོད་དོ། །མི་ལྕོགས་པ་མེད་པ་ནི་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གནས་སྐབས་དེ་ན་ལམ་ལ་རྗེས་སུ་ཤེས་པ་ཀུན་ཤེས་པའི་དབང་པོའི་ངོ་བོ་ཉིད་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་བར་འདུག་པ་ཡིན་ནོ། །དེའི་ཕྱིར་འབྲས་བུ་དེ་ནི་དད་པ་ལ་སོགས་པ་ལྔ་དང་ཀུན་ཤེས་པར་བྱེད་པའི་དབང་པོ་དང་ཀུན་ཤེས་པའི་དབང་པོ་དང་ཡིད་དང་བཏང་སྙོམས་ཀྱི་དབང་པོ་དག་སྟེ། དགུས་འཐོབ་པར་འགྱུར་རོ། །གཉི་གས་ཀྱང་དེ་འཐོབ་སྟེ་ཞེས་བྱ་བ་ནི་དེ་ནི་བར་ཆད་མེད་པའི་ལམ་ཀུན་ཤེས་པར་བྱེད་པའི་དབང་པོའི་ངོ་བོ་ཉིད་དང་རྣམ་པར་གྲོལ་བའི་ལམ་ཀུན་ཤེས་པའི་དབང་པོའི་ངོ་བོ་ཉིད་ཀྱིས་འཐོབ་བོ། །གོ་རིམས་བཞིན་དུ་འབྲལ་བའི་ཐོབ་པ་འདྲེན་པར་བྱེད་པ་དང་རྟེན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་ནི་བྲལ་བའི་ཐོབ་པ་དེ་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་ཏེ། སྐྱེ་བར་བྱེད་པ་ཡིན་པའི་ཕྱིར་དང༌། རྣམ་པར་གྲོལ་བའི་ལམ་ནི་དེའི་རྟེན་ཡིན་པའི་ཕྱིར་ཏེ་གཞི་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །།བམ་པོ་བཅུ་པ། གཉིས་ཀྱིས་ཆོམ་རྐུན་ཕྱིར་ཕྱུང་བ་དང་སྒོ་བཅད་པ་དང་འདྲ་སྟེ། ཇི་ལྟར་མི་གཉིས་ལས་གཅིག་གིས་ནི་ཆོམ་རྐུན་ཕྱིར་འབྱིན་པར་བྱེད་ཅིང་གཉིས་པས་དེ་ལ་སྒོ་གཅོད་པར་བྱེད་པ་དེ་བཞིན་དུ། བར་ཆད་མེད་པའི་ལམ་གྱིས་ནི་བྲལ་བའི་ཐོབ་པ་འདྲེན་པར་བྱེད་དེ། ཉོན་མོངས་པའི་ཐོབ་པ་བླངས་ཏེ་འགག་པའི་ཕྱིར་རོ། །རྣམ་པར་གྲོལ་བའི་ལམ་གྱིས་ནི་རྟེན་བྱེད་དེ་བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །དགྲ་བཅོམ་པ་ཉིད་ནི་དད་པ་ལ་སོགས་པ་དང༌། ཀུན་ཤེས་པར་བྱེད་པའི་དབང་པོ་མ་གཏོགས་པ་དག་དང་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གནས་སྐབས་ན་ཐོབ་སྟེ། དད་པ་ལ་སོགས་པ་དང་ཡིད་ནི་སྔ་མ་བཞིན་ནོ། །གནས་སྐབས་དེ་ན་བར་ཆད་མེད་པའི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚོགས་ཀུན་ཤེས་པའི་དབང་པོ་ངོ་བོ་ཉིད་ནི་ད་ལྟར་གྱི་ཡིན་ནོ། །བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་ཅེས་བྱ་བ་ནི་གལ་ཏེ་བསམ་གཏན་གསུམ་པ་ལ་བརྟེན་ནས་དགྲ་བཅོམ་པ་ཉིད་འཐོབ་ན་ནི་དེ་ན་བདེ་བའི་དབང་པོ་ད་ལྟར་གྱི་ཡིན་ནོ། །
འོན་ཏེ་བསམ་གཏན་དང་པོའམ་གཉིས་པ་ལ་བརྟེན་ནས་འཐོབ་ན་ནི་དེ་ན་ཡིད་བདེ་བའི་དབང་པོ་ཡིན་ནོ། །ཇི་སྟེ་མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་དང་བསམ་གཏན་བཞི་པ་དང་རྣམ་ཤེས་དང་ནམ་མཁའ་དང་ཅི་ཡང་མེད་པའི་སྐྱེ་མཆེད་རྣམས་ལས་གང་ཡང་རུང་བ་ཞིག་ལ་བརྟེན་ནས་འཐོབ་ན་ནི་དེ་ན་བཏང་སྙོམས་ཀྱི་དབང་པོ་ད་ལྟར་གྱི་ཡིན་ནོ། །གནས་སྐབས་འདི་ན་རྣམ་པར་གྲོལ་བའི་ལམ་ཟད་པ་ཤེས་པའི་ཚོགས་ཀུན་ཤེས་པ་དང་ལྡན་པའི་དབང་པོའི་ངོ་བོ་ཉིད་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡིན་ནོ། །དེའི་ཕྱིར་འབྲས་བུ་དེ་ནི་དད་པ་ལ་སོགས་པ་ལྔ་དང་ཀུན་ཤེས་པའི་དབང་པོ་དང་ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང༌། ཡིད་ཀྱི་དབང་པོ་དང་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་སྟེ། དགུས་འཐོབ་པར་འགྱུར་རོ། །དེ་ནི་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་དག་གིས་འཐོབ་ཅེས་བྱ་བ་ནི། སྔ་མ་བཞིན་དུ་བཤད་པར་བྱའོ། །གཉིས་ནི་བདུན་དང་བརྒྱད་དང་དགུས་ཞེས་བྱ་བ་ནི་འབྲས་བུ་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །རེ་རེ་ཞིང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་བདུན་ནམ་བརྒྱད་དམ་དགུ་དག་གིས་འཐོབ་ལ་ཕྱིར་མི་འོང་བའི་འབྲས་བུ་ཡང་དེ་དང་འདྲའོ། །དེ་བསྟན་པའི་ཕྱིར། རེ་ཞིག་གལ་ཏེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ་དེ་ལ་ཡང་འཇིག་རྟེན་པའི་ལམ་གྱིས་འཐོབ་ན་ནི་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་པའི་ལམ་ནི། ཞི་སོགས་རགས་སོགས་རྣམ་པ་ཅན། །གོང་དང་འོག་མ་སྤྱོད་ཡུལ་ཅན། །ཞེས་འབྱུང་བའི་ཕྱིར་ཞི་བ་ལ་སོགས་པ་དང་རགས་པ་ལ་སོགས་པའི་རྣམ་པ་ཅན་ཡིན་ཏེ། དེས་ན་འདི་ན་རྣལ་འབྱོར་པ་ས་གོང་མ་ལ་ནི་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བར་ལྟ་ལ་འོག་མ་ནི་རགས་པ་དང་སྡུག་བསྔལ་བ་དང་རྩིག་པ་སྟུག་པོ་ལྟ་བུར་ལྟའོ། །དེ་ཡང་རྣམ་པ་བཞིར་བརྗོད་དེ། སྦྱོར་བའི་ལམ་དང་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་དང་ཁྱད་པར་ཅན་གྱི་ལམ་མོ། །དེ་ལ་སྦྱོར་བའི་ལམ་ནི་གང་ལ་བར་ཆད་མེད་པའི་ལམ་སྐྱེ་བ་སྟེ། དེ་ཡང་གང་གིས་ན་ཉོན་མོངས་པ་རྣམས་སྤོང་བར་བྱེད་པ་ཡིན་ནོ། །རྣམ་
པར་གྲོལ་བའི་ལམ་ཡང་བར་ཆད་མེད་པའི་ལམ་གྱི་མཇུག་ཐོགས་སུ་སྐྱེ་བ་སྟེ། ཉོན་མོངས་པ་སྤངས་པའི་ཐོབ་པའི་རྟེན་བྱེད་པ་ཡིན་ནོ། །ཁྱད་པར་ཅན་གྱི་ལམ་ནི་དེ་ཡན་ཆད་ཀྱི་ལམ་ཁྱད་པར་ཅན་ཡིན་ཏེ། ལམ་དེས་ནི་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་དང་ཆེན་པོའི་འབྲིང་པོ་དང་ཆེན་པོའི་ཆུང་ངུ་དང༌། འབྲིང་པོའི་ཆེན་པོ་དང་འབྲིང་པོ་དང་འབྲིང་པོའི་ཆུང་ངུ་དང༌། ཆུང་ངུའི་ཆེན་པོ་དང་ཆུང་ངུའི་འབྲིང་པོ་དང་ཆུང་ངུའི་ཆུང་ངུ་ཞེས་བྱ་བ་དགུ་སྤང་བར་བྱ་བ་ཡིན་ནོ། །དེ་ལ་གལ་ཏེ་སོ་སོའི་སྐྱེ་བོ་ཞིག་སྤོང་བར་བྱེད་ན་ནི་དེས་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་བསྲེས་ཏེ་ཆུང་ངུ་དང་ཆེན་པོ་ལ་སོགས་པའི་བྱེ་བྲག་གི་རྣམ་པར་དགུར་བྱས་ནས་སྤོང་སྟེ། བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་ཆུང་ངུའི་ཆུང་ངུ་དག་གིས་ནི་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་སྤོང་ལ། དེ་བཞིན་དུ་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་ཆེན་པོའི་ཆེན་པོ་དག་གིས་ནི་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆུང་ངུའི་བར་དུ་སྤོང་ངོ༌། །འཕགས་པ་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དག་ཁོ་ན་དེ་བཞིན་དུ་རྣམ་པ་དགུར་བྱས་ནས་སྤོང་སྟེ། མཐོང་བས་སྤང་བར་བྱ་བ་རྣམས་ནི་མཐོང་བའི་ལམ་གྱིས་སྔར་སྤངས་ཟིན་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་ནི་མི་རྟོག་པ་ལ་སོགས་པའི་རྣམ་པའི་བྱེ་བྲག་གིས་རྣམ་པ་བཅུ་དྲུག་ཡིན་ལ། དེ་ཡང་དེ་བཞིན་དུ་སྦྱོར་བའི་ལམ་ལ་སོགས་པར་ཁྱད་པར་གྱིས་བཞིར་དབྱེའོ། །འདིར་ཡང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་ཆུང་ངུའི་ཆུང་ངུ་དག་གིས་ནི་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་སྤོང་ལ། དེ་བཞིན་དུ་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་ཆེན་པོའི་ཆེན་པོས་ནི་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆུང་ངུ་སྤོང་སྟེ། འདི་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་དག་གི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ། །དེ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐར་གྱིས་འཐོབ་པ་འམ། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་འཐོབ་ཀྱང་རུང་སྟ། དེ་ལ་མཐར་གྱིས་པ་ནི་གང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ནས་རིམ་གྱིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པ་
ཡིན་ནོ། །འདི་ཡང་གང་ཞིག་ཅེ་ན། གང་ཞིག་འཆིང་བ་མཐའ་དག་དང་ལྡན་པ་ཞིག་གམ། གལ་ཏེ་རྣམ་པ་གཅིག་ལ་སོགས་པ་སྤངས་ལ་རྣམ་པ་དྲུག་པ་མ་སྤངས་པར་ངེས་པ་ལ་འཇུག་པ་ཡིན་ཏེ། དེ་ནི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པ་ཡིན་ནོ། །དེ་ཞི་གནས་སྤྱད་པ་ཡིན་པའི་ཕྱིར་བ་སྒོམ་པས་སྤང་བར་བྱ་བའི་ཕྱིར་རྣམ་པ་གཅིག་གམ་དྲུག་པ་ཁོ་ནའི་བར་སྤང་བར་བྱ་བའི་དོན་དུ་འཇིག་རྟེན་པའི་ལམ་ཡང་སྐྱེས་པར་བྱེད་ན་ནི་དེ་རྣམ་པ་དྲུག་སྤངས་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་ལ། འབྲས་བུ་དེ་ནི་དད་པ་ལ་སོགས་པ་ལྔ་དང་ཡིད་ཀྱི་དབང་པོ་ལྔ་དང་མི་ལྕོགས་པ་མེད་པ་ལ་བརྟེན་པ་ཡིན་པའི་ཕྱིར་བདུན་པ་བཏང་སྙོམས་ཀྱི་དབང་པོ་དང་དབང་པོ་བདུན་དག་གིས་འཐོབ་བོ། །འོན་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ན་ནི་དེ་དག་ཁོ་ན་དང་བརྒྱད་པ་ཀུན་ཤེས་པའི་དབང་པོ་དང༌། དབང་པོ་བརྒྱད་དག་གིས་འཐོབ་སྟེ། དད་པ་ལ་སོགས་པའི་དབང་པོ་དེ་དག་ཁོ་ན་ཟག་པ་མེད་པ་ཡིན་པའི་ཕྱིར་ཀུན་ཤེས་པའི་དབང་པོ་ཞེས་བྱ་བའི་མིང་འཐོབ་བོ། །ཅི་སྟེ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ཞིག་གིས་འཐོབ་ན་ནི་ཞེས་བྱ་བ་ནི་གང་ཞིག་སོ་སོའི་སྐྱེ་བོའི་གནས་སྐབས་ལ་འཇིག་རྟེན་པའི་ལམ་གྱིས་རྣམ་པ་དྲུག་པ་སྤངས་པར་གྱུར་པ་རྣམ་པ་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བའི་ཕྱིར་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ཞེས་བྱ་སྟེ། གལ་ཏེ་དེས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པ་ནའོ། །ཇི་ལྟར་འཐོབ་ཅེ་ན། གོང་དུ་བཤད་པའི་མངོན་པར་རྟོགས་པའི་རིམ་གྱིས་ལམ་ལ་ཆོས་ཤེས་པའི་བཟོད་པའི་གནས་སྐབས་ན་འཐོབ་བོ། །དགུས་འཐོབ་སྟེ་གང་དག་ཁོ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་དད་པ་ལ་སོགས་པ་དང་ཀུན་ཤེས་པ་དང་ལྡན་པའི་དབང་པོ་མ་གཏོགས་པ་དག་དང་ཡིད་དང་བཏང་སྙོམས་ཀྱི་དབང་པོ་དག་དང་ཞེས་བྱ་བ་སྔ་མ་བཞིན་དུ་བཤད་པར་བྱ་སྟེ། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མ་ཐོབ་པ་ཁོ་ནར་སྐད་ཅིག་མ་བཅུ་དྲུག་པ་ཁོ་ན་ལ་ལན་ཅིག་ཕྱིར་འོང་བ་ཡིན་པར་འགྱུར་རོ། །གལ་ཏེ་ཕྱིར་མི་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ་ཞེས་བྱ་བ་ལ། འདིར་
མཐར་གྱིས་པ་ནི་གང་ཞིག་རྒྱུན་དུ་ཞུགས་པའི་འབྲས་བུ་དང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ནས་འབྲས་བུ་འཐོབ་པ་འམ་གང་ཞིག་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བར་གྱུར་པས་རྒྱུན་དུ་ཞུགས་པའི་འབྲས་བུ་མ་ཐོབ་པ་ཁོ་ནར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཉིད་ཐོབ་ནས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་ཡིན་ནོ། །དེ་ཡང་གལ་ཏེ་འཇིག་རྟེན་པའི་ལམ་གྱིས་འཐོབ་ན་ནི་དེ་དབང་པོ་བདུན་གྱིས་འཐོབ་སྟེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐར་གྱིས་བ་ཇི་ལྟ་བ་བཞིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དད་པ་ལ་སོགས་པ་དང་ཡིད་དང་བཏང་སྙོམས་ཀྱི་དབང་པོ་དག་གིས་འཐོབ་བོ་ཞེས་བྱ་བའི་ཐ་ཚིག་གོ །འོན་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ན་ནི་དེ་བརྒྱད་ཀྱིས་འཐོབ་སྟེ་དེ་དང་འདྲའོ་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཇི་ལྟ་བ་ཁོ་ན་བཞིན་ནོ། །བརྒྱད་ཀྱིས་འཐོབ་ཅེས་བྱ་བ་ནི་ཐ་ཚིག་གོ །བརྒྱད་པ་ནི་ཀུན་ཤེས་པའི་དབང་པོ་ཡིན་ནོ། །ཇི་སྟེ་འདོད་ཆགས་དང་བྲལ་བ་ཞིག་གིས་ཐོབ་ན་ནི་ཞེས་བྱ་བ་ནི་གང་ཞིག་འཇིག་རྟེན་པའི་ལམ་གྱིས་རྣམ་པ་དགུ་པ་སྤངས་ཏེ། འདོད་པའི་ཁམས་ཙམ་ལས་འདོད་ཆགས་དང་བྲལ་བའམ་བསམ་གཏན་དང་པོ་ནས་ཅི་ཡང་མེད་པའི་བར་ལས་ཀྱང་འདོད་ཆགས་དང་བྲལ་བ་ཞིག་ཕྱིར་མི་འོང་བའི་འབྲས་བུ་འཐོབ་ན་ནི་དེ་དགུས་འཐོབ་བོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཇི་ལྟ་བ་བཞིན་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་མཐོང་བའི་ལམ་གྱིས་འཐོབ་ལ་འདི་ཡང་མཐོང་བའི་ལམ་ཁོ་ནས་འཐོབ་པས་འདྲ་བ་ཡིན་ནོ། །འདི་ནི་ཁྱད་པར་ཡིན་གྱི། རྟེན་གྱི་བྱེ་བྲག་ལས་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་བསམ་གཏན་གསུམ་པ་ལ་བརྟེན་ནས་ངེས་པ་ལ་འཇུག་ན་ནི་དེ་ལ་བདེ་བའི་དབང་པོ་ཡིན་ནོ། །འོན་ཏེ་བསམ་གཏན་དང་པོ་དང་གཉིས་པ་ལ་བརྟེན་ནས་འཇུག་ན་ནི་དེ་ན་ཡིད་བདེ་བའི་དབང་པོ་ཡིན་ནོ། །ཅི་སྟེ་མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་དང༌། བསམ་གཏན་བཞི་པ་རྣམས་ལས་གང་ཡང་རུང་བ་ཞིག་ལ་བརྟེན་ནས་འཇུག་པ་ན་ནི་དེ་ན་བཏང་སྙོམས་ཀྱི་དབང་པོ་ཡིན་ནོ། །གང་གི་ཚེ་འདི་མཐར་གྱིས་པ་ཞིག་ཡིན་ལ་
ཞེས་བྱ་བ་ནི་གང་གི་ཚེ་འདི་མཐར་གྱིས་བ་སྟེ་སྔོན་འབྲས་བུ་ཐོབ་པ་དབང་པོ་རྣོན་པོ་ཞིག་ཡིན་ལ་དེ་རྣམ་ན་ཡིན་ཏེ། གལ་ཏེ་འཇུག་ན་དེ་ན་ཡང་བཏང་སྙོམས་ཀྱི་དབང་པོ་གཞིའི་བསམ་གཏན་ལ་འཇུག་པ་དེའི་ཚེ་ཡང་དབང་པོ་བརྒྱད་ཀྱིས་ཕྱིར་མི་འོང་བའི་འབྲས་བུ་འཐོབ་སྟེ། དེ་ལ་རྣམ་པར་གྲོལ་བའི་ལམ་ནི་བསམ་གཏན་གྱི་དངོས་གཞིས་བསྡུས་པ་ཡིན་ལ་དེ་ན་ནི་ཡིད་བདེ་བའི་དབང་པོ་ཡིན་ནོ། །བར་ཆད་མེད་པའི་ལམ་ནི་མི་ལྕོགས་པ་མེད་པས་བསྡུས་པ་ཁོ་ན་ཡིན་ཏེ། གལ་ཏེ་འཇུག་ན་དེ་ན་ཡང་བཏང་སྙོམས་ཀྱི་དབང་པོ་ཁོ་ན་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ན་དད་པ་ལ་སོགས་པ་ལྡན་དང་ཡི་དང་བཏང་སྙོམས་དང་ཡིད་བདེ་བའི་དབང་པོ་དག་དང་བརྒྱད་ཀྱིས་འཐོབ་བོ། །དེ་ནི་གཉི་གས་ཀྱང་འཐོབ་བོ་ཞེས་བྱ་བ་ནི་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དག་གིས་སོ། །ཆོམ་རྐུན་ཕྱིར་འབྱིན་པ་དང་སྒོ་གཅོད་པ་བཞིན་ཏེ་འདི་ནི་བཤད་ཟིན་ཏོ། །འོན་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཇུག་ན་ནི་ཞེས་བྱ་བ་ནི་མཐར་གྱིས་པ་དབང་པོ་རྣོན་པོ་དེ་ཉིད་ཡིན་པར་རིག་པར་བྱ་སྟེ། སྐབས་ལ་བབ་པ་ཡིན་པའི་ཕྱིར་རོ། །དེ་དབང་པོ་དགུས་འཐོབ་པ་ནི་བཤད་མ་ཐག་པའི་དབང་པོ་དེ་དག་ཁོ་ན་དང་དགུ་བ་ཀུ་ཤེས་པའི་དབང་པོས་ཏེ། དབང་པོ་དེ་དག་ཉིད་ཟག་པ་མེད་པའི་ཕྱིར་ཀུན་ཤེས་པའི་དབང་པོ་ཞེས་བྱ་བའི་མིང་འཐོབ་བོ། །འདིར་འདི་བརྗོད་པར་བྱ་སྟེ། ཅིའི་ཕྱིར་མཐར་གྱིས་པ་ཁོ་ན་བཤད་ཀྱི། འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ནི་མ་ཡིན་ཞེ་ན། འདོད་ཆགས་དང་བྲལ་བ་སྔོན་དུ་འབྲོ་བ་ནི་མི་ལྕོགས་པ་མེད་པ་ལ་བརྟེན་ཏེ་མཐོང་བའི་ལམ་བསྐྱེད་པས་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ལ་བསམ་གཏན་དང་པོའི་དངོས་གཞི་ལ་འཇུག་པ་མ་ཡིན་ཏེ། ཐོབ་ཟིན་པ་དེ་ལ་མ་གྲུབ་པའི་ཕྱིར་རོ། །མཐར་གྱིས་པ་ནི་དངོས་གཞིའི་བསམ་གཏན་དོན་དུ་གཉེར་བ་ཡིན་ཏེ། དེ་སྔོན་མ་ཐོབ་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་དངོས་གཞི་ཁོ་ན་ལ་འཇུག་པ་གང་ཡིན་པ་ནི་སྲིད་པ་ཡོད་དོ། །འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ནི་བདེན་པ་བཞི་མཐོང་བ་ལ་གུས་པ་བྱས་པ་ཡིན་གྱི་བསམ་གཏན་ལ་ནི་མ་ཡིན་པས་སེམས་ཀྱི་སྐད་ཅིག་མ་བཅུ་
དྲུག་པ་དེ་ལ་དངོས་གཞིའི་བསམ་གཏན་ལ་མི་འཇུག་གོ་སྙམ་དུ་བསམ་པ་ཡིན་ནོ། །འབྲས་བུ་ཐ་མ་གཉིས་དགུས་འཐོབ། །ཅེས་བཤད་པ་དེ་འགལ་བར་བསྟན་པའི་ཕྱིར། འོ་ན་ཆོས་མངོན་པ་ལས་ཞེས་བྱ་བ་སྨོས་ཏེ། ཡི་ཤེས་ལ་འཇུག་པ་ལས་དབང་པོ་དུ་དག་གཅིག་གིས་དགྲ་བཅོམ་པ་ཉིད་འཐོབ་ཅེ་ན། བཅུ་གཅིག་གིས་འཐོབ་པོ་ཞེས་བཤད་པ་གང་ཡིན་པ་དེ་ཇི་ལྟར་མི་འགལ་སྙམ་དུ་བསམས་པ་ཡིན་ནོ། །འགའ་ཞིག་སྲིད་ཕྱིར་ཞེས་བྱ་བ་ནི་གང་ཟག་གཅིག་འགའ་ཞིག་ལ་སྲིད་ཀྱི་ཐམས་ཅད་ལ་སྲིད་པ་ནི་མ་ཡིན་པ་སྟེ། དབང་པོ་རྟུལ་པོ་འགའ་ཞིག་ཡོངས་སུ་ཉམས་ཤིང་ཡོངས་སུ་ཉམས་ནས་རྟེན་གྱི་བྱེ་བྲག་གིས་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམ་གྲངས་པ་དག་གིས་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བས་དེའི་ཕྱིར་འདི་སྐད་དུ་བཅུ་གཅིག་གིས་ཤེས་བཤད་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་རྫས་རེ་རེ་ཞིག་སྐྱེ་བའི་ཕྱིར་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་དུས་གཅིག་ཏུ་ཕྲད་པ་སྲིད་པ་ནི་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །གང་ཟག་དབང་པོ་རྟུལ་པོ་གང་ཞིག་མི་ལྕོགས་པ་མེད་པ་འམ་གཞན་གྱི་བཏང་སྙོམས་ཀྱི་དབང་པོ་ལ་བརྟེན་ནས་དགྲ་བཅོམ་པ་ཉིད་འཐོབ་པར་བྱེད་ན་དེའི་ནི་དེའི་བཏང་སྙོམས་ཀྱི་དབང་པོས་འཐོབ་པ་ཡིན་ནོ། །དེ་ལས་ཀྱང་ཡོངས་སུ་ཉམས་པར་གྱུར་ཏེ་ དེའི་འོག་ཏུ ་ཡང་བསམ་གཏན་དང་པོ་དང་གཉིས་པ་ལ་བརྟེན་ནས་དགྲ་བཅོམ་པ་ཉིད་འཐོབ་པར་བྱེད་ན་དེའི་དེ་ནི་ཡིད་བདེ་བའི་དབང་པོས་འཐོབ་པ་ཡིན་ནོ། །ཡང་དེ་ལས་ཀྱང་ཡོངས་སུ་ཉམས་པར་གྱུར་ཏེ་ དེའི་འོག་ཏུ ་ཡང་དེ་བསམ་གཏན་གསུམ་པ་ལ་བརྟེན་ནས་དགྲས་བཅོམ་པ་ཉིད་འཐོབ་པར་བྱེད་ན་ནི་དེ་ནི་བདེ་བའི་དབང་པོས་འཐོབ་པ་ཡིན་ནོ། །འབྲས་བུ་འཐོབ་པ་དེ་ལ་དད་ལ་སོགས་པ་ལྔ་དང་ཡིད་དང་ཀུན་ཤེས་པ་དང་ཀུན་ཤེས་པར་ལྡན་པའི་དབང་པོ་རྣམས་དང་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་ལས་གང་ཡང་རུང་བ་ཞིག་སྟེ། དབང་པོ་དགུ་ནི་རེ་རེ་ལ་བྱ་བ་བྱེད་པ་ཡིན་ལ། དེ་ཡང་དང་ཡང་འཐོབ་པའི་ཕྱིར་བཅུ་གཅིག་གིས་ཞེས་བཤད་པ་ཡིན་ནོ། །འདི་ཕྱིར་མི་འོང་བ་ལ་ཡང་ཇི་ལྟར་ཐལ་བར་
མི་འགྱུར་ཞེ་ན་ཞེས་བྱ་བ་ནི་ཅིའི་ཕྱིར་བསྟན་བཅོས་དེ་ལས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཁོ་ན་བཅུ་གཅིག་གིས་འཐོབ་པ་ཞེས་བཤད་ཀྱི་ཕྱིར་མི་འོང་བའི་འབྲས་བུ་ཡང་ཞེས་ནི་མ་བཤད་ཅེ་ན། འདི་ནི་ཡོངས་སུ་ཉམས་ཕན་ཆད་ནམ་ཡང་བདེ་བའི་དབང་པོས་འཐོབ་པ་མེད་དོ་ཞེས་བྱ་བ་ནི་ཕྱིར་མི་འོང་བ་འདི་བསམ་གཏན་གསུམ་པ་ཡན་ཆད་ཀྱི་ས་ཐོབ་པོ་ཞེས་པ་ལས། ས་གོང་མ་ཉིད་ལས་ཡོངས་སུ་ཉམས་པར་གྱུར་ན་འདི་ནི་ཕྱིར་མི་འོང་བའི་འབྲས་བུ་ལས་ཡོངས་སུ་ཉམས་པ་ཞེས་མི་བྱ་སྟེ། བསམ་གཏན་གཉིས་པའི་བར་ཡང་དེ་དང་འདྲའོ། །གང་གི་ཚེ་དང་པོ་ལས་ཡོངས་སུ་ཉམས་པར་གྱུར་པ་དེའི་ཚེ་ནི་ཕྱིར་མི་འོང་བའི་འབྲས་བུ་ལས་ཡོངས་སུ་ཉམས་པ་ཞེས་བྱ་སྟེ། ཕྱིར་མི་འོང་བའི་འབྲས་བུ་ནི་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པའི་སྒོ་ནས་རྣམ་པར་གཞག་གོ །གང་གི་ཚེ་དེ་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་དེའི་ཚེ་ནི་བསམ་གཏན་གསུམ་པ་མེད་ན་དེ་ཇི་ལྟར་ཕྱིར་མི་འོང་བའི་འབྲས་བུ་བདེ་བའི་དབང་པོས་འཐོབ་པར་འགྱུར། དེའི་ཕྱིར་འདི་ནི་ཡོངས་སུ་ཉམས་ཕན་ཆད་ནམ་ཡང་བདེ་བའི་དབང་པོས་འཐོབ་པ་མེད་དོ་ཞེས་བཤད་པ་ཡིན་ནོ། །འདི་ཡིད་བདེ་བའི་དབང་པོས་འཐོབ་པར་འགྱུར་རམ་ཅི་ན་གང་གི་ཕྱིར་བདེ་བའི་དབང་པོ་ཁོ་ན་འགོག་ཅེ་ན། གལ་ཏེ་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་དངོས་གཞིའི་བསམ་གཏན་ལ་འཇུག་པར་བྱེད་ན་འཐོབ་པར་འགྱུར་རོ། །དེ་ནི་མེད་དེ། གང་ཞིག་ཡོངས་སུ་ཉམས་པར་འགྱུར་བ་དེ་ནི་དབང་པོ་རྟུལ་པོ་ཡིན་ལ་དབང་པོ་རྟུལ་པོ་གང་ཡིན་པ་དེ་ཡང་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་དངོས་གཞི་ལ་འཇུག་པར་མི་ནུས་སོ། །དབང་པོ་རྣོན་པོས་ནི་ནུས་ཏེ། དབང་པོ་སྤོ་བ་ནི་དཀའ་བའི་ཕྱིར་རོ་ཞེ་ན། དེ་ནི་བདེན་ན་འོན་ཀྱང་གལ་ཏེ་དབང་པོ་རྟུལ་པོ་མཐར་གྱིས་འཐོབ་པ་འདི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་སྟེ། དེ་ལས་ཀྱང་ཡོངས་སུ་ཉམས་པར་གྱུར་ནས་དབང་པོ་འཕོ་བར་བྱེད་ལ་དབང་པོ་འཕོས་ནས་ཀྱང་དབང་པོ་རྣོན་པོར་གྱུར་ཏེ་སྔར་བཤད་པའི་རིམ་པ་ཁོ་ནས་ཕྱིར་མི་འོང་བའི་འབྲས་བུ་འཐོབ་བོ། །གལ་ཏེ་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་དངོས་
གཞི་ལ་འཇུག་པར་བྱེད་ན། དེ་ཕྱིར་མི་འོང་བའི་འབྲས་བུ་དེ་དགུའམ་བརྒྱད་ཀྱིས་འཐོབ་པར་འགྱུར་ཏེ། འཇིག་རྟེན་པའི་ལམ་གྱིས་འཇུག་ན་ནི་དད་པ་ལ་སོགས་པ་ལྔ་དང་ཡིད་ཀྱི་དབང་པོ་དང་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་བཏང་སྙོམས་ཀྱི་དབང་པོ་དང་རྣམ་པར་གྲོལ་བའི་ལམ་དངོས་གཞིའི་བསམ་གཏན་གྱིས་བསྡུས་པ་ཡིད་བདེ་བའི་དབང་པོས་འཐོབ་པ་པོ། ཇི་སྟེ་འཇིག་རྟེན་ལས་འདས་པས་འཇུག་པར་བྱེད་ན་ནི་དགུ་པ་ཀུན་ཤེས་པའི་དབང་པོ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་བས་ན་འདི་ནི་ཡོངས་སུ་ཉམས་ཕན་ཆད་ནམ་ཡང་བདེ་བའི་དབང་པོས་འཐོབ་པ་མེད་དོ་ཞེས་བྱ་བ་ནི་ལེགས་པར་སྨྲས་པ་ཡིན་ནོ། །འོ་ན་ནི་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བས་དེ་བཅུ་གཅིག་གིས་འཐོབ་པར་འགྱུར་རོ། །ཇི་ལྟ་ཞེ་ན། གང་ཟག་དབང་པོ་རྟུལ་པོ་བསམ་གཏན་གསུམ་པ་ཐོབ་པ་བསམ་གཏན་གསུམ་པ་ལ་བརྟེན་ནས་ངེས་པ་ལ་འཇུག་པར་བྱེད་ན་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ལ་ཕྱིར་མི་ལྡོག་པར་འགྱུར་ཏེ། དེས་འབྲས་བུ་དེ་བདེ་བའི་དབང་པོ་དང་དད་པ་ལ་སོགས་པ་ལྔ་དང་ཡིད་དང་ཀུན་ཤེས་པ་དང་ཀུན་ཤེས་པར་བྱེད་པའི་དབང་པོ་དག་གིས་འཐོབ་པོ། །དེ་ཕྱིར་མི་འོང་བའི་འབྲས་བུ་དེ་ལས་ཡོངས་སུ་ཉམས་པ་དང་དབང་པོ་སྦྱངས་ནས་དབང་པོ་རྣོན་པོའི་བདག་ཉིད་དུ་བྱས་ཏེ་མི་ལྕོགས་པ་མེད་པ་ཁོ་ན་ལ་བརྟེན་ནས་ཕྱིར་མི་འོང་བའི་འབྲས་བུ་འཐོབ་པ་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་དངོས་གཞི་ལ་འཇུག་པར་བྱེད་ན། དེའི་འབྲས་བུ་དེ་སྔ་མ་བཞིན་དུ་བཏང་སྙོམས་ཀྱི་དབང་པོ་དང་ཡིད་བདེ་བའི་དབང་པོ་དང་དད་པ་ལ་སོགས་པ་ལྔ་དང་བརྒྱད་པ་ཡིད་ཀྱི་དབང་པོ་དང་དགུ་པ་ཀུན་ཤེས་པའི་དབང་པོས་ཀྱང་འཐོབ་པོ། །དེ་ལྟར་ན་གང་ཟག་དེས་ནི་དུས་གཉིས་དག་ཏུ་ཕྱིར་མི་འོང་བའི་འབྲས་བུ་དེ་དབང་པོ་བཅུ་གཅིག་གིས་འཐོབ་པར་འགྱུར་རོ་ཞེ་ན། དེའི་ཕྱིར་དེ་དག་དགག་པའི་དོན་དུ་འདོད་ཆགས་དང་བྲལ་བ་ཉིད་སྔོན་དུ་འགྲོ་བ་ལ་ནི་ཡོངས་སུ་ཉམས་པར་འགྱུར་བ་མེད་དེ། དེའི་འདོད་ཆགས་དང་བྲལ་བ་ནི་ལམ་གཉིས་ཀྱིས་འཐོབ་པའི་ཕྱིར་རོ་ཞེས་བྱ་བ་འདི་སྨོས་ཏེ། འདོད་པའི་འདོད་ཆགས་དང་བྲལ་བ་ནི་གང་ལ་བརྟེན་ཏེ་ངེས་པ་
ལ་ཞུགས་ཀྱང་རུང་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེ་ལྟ་བས་ན་དེའི་འདོད་ཆགས་དང་བྲལ་བ་སྟེ་འདོད་པའི་འདོད་ཆགས་དང་བྲལ་བ་ནི་ལམ་གཉིས་ཀྱིས་ཏེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པས་འཐོབ་པའི་ཕྱིར་རོ། །འདི་ལ་འབྲས་བུ་ནི་རྣམ་པ་གཉིས་ཏེ། འབྲས་བུ་འདུས་བྱས་འདུས་མ་བྱས། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་ཕྱིར་མི་འོང་བའི་འབྲས་བུ་བྲལ་བའི་མཚན་ཉིད་འདུས་མ་བྱས་གང་ཡིན་པ་དེ་ནི་སྔར་འཇིག་རྟེན་པའི་ལམ་གྱིས་འཐོབ་ལ་ངེས་པ་ལ་འཇུག་པ་ན་ཡང་དེ་ཡང་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་སྟེ། དེའི་འཐོབ་པ་དེ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་རྣམ་པ་གཉིས་ཡིན་ནོ། །དེ་ལྟ་བས་ན་དེའི་འདོད་ཆགས་དང་བྲལ་བ་ནི་བརྟན་པ་ཡིན་ནོ། །དེ་བས་ན་འདི་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །འབྲས་ལས་ཉམས་འགྱུར་དང་པོ་ལས་མ་ཡིན། །ཞེས་འབྱུང་བའི་ཕྱིར་དང༌། མཐོང་བས་སྤང་བར་བྱ་བ་རྣམས་ནི་གཞི་མེད་པ་ཡིན་པའི་ཕྱིར། རྒྱུ་གཞན་འདི་ཡང་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་དེ་འདིར་མ་བཤད་ཅེ་ན། འདི་ཡང་བརྗོད་པར་བྱ་བ་ཡིན་མོད་ཀྱི་འོན་ཀྱང་གཞན་དག་འདི་སྐད་དུ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པར་མ་གྱུར་ཀྱང་ཅིའི་ཕྱིར་ཡོངས་སུ་ཉམས་པ་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཙམ་གྱིས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པར་གོ་མི་འགྱུར་ཞེས་སྨྲ་བར་འགྱུར་རོ། །ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པས་ཕྱིར་མི་འོང་བའི་འབྲས་བུར་འགྱུར་ཏེ། དེ་ལ་འཇིག་ཚོགས་ལ་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདོད་པའི་འདུན་པ་དང་གནོད་སེམས་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །དེ་དག་ཀྱང་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བས་དེས་མངོན་པར་རྟོགས་པའི་མཐའ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་དེ་ན་དེའི་མཐུས་ཟག་པ་མེད་པའི་རིགས་རྣམས་ཐོབ་པའི་ཕྱིར་འཇིག་རྟེན་པའི་ལམ་གྱིས་སྤངས་པའི་ཐོབ་པ་ཡང་ཟག་པ་མེད་པའི་ཐོབ་པར་འགྱུར་ཏེ། གནས་
སྐབས་དེ་ན་ཕྱིར་མི་འོང་བའི་འབྲས་བུ་འདུས་བྱས་ཟག་པ་མེད་པ་རྣམ་པར་གྲོལ་བའི་ལམ་དགུ་པའི་ངོ་བོ་ཉིད་དང༌། འདུས་མ་བྱས་འདོད་པའི་འདུན་པ་ལ་སོགས་པ་སྤངས་པ་འཐོབ་པར་འགྱུར་རོ། །དེ་ལྟ་བས་ན་འཕགས་པས་དེའི་འདོད་ཆགས་དང་བྲལ་བ་ལམ་གཉིས་ཀྱིས་འཐོབ་པའི་ཕྱིར་རྒྱུ་འདི་ཁོ་ན་བཤད་དེ། འདོད་པའི་འདུན་པ་ལ་སོགས་པ་སྤངས་པ་ལམ་གཉིས་ཀྱིས་འཐོབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །བཏང་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། །ཞེས་བྱ་བ་ནི་བཏང་སྙོམས་སམ་སྲོག་གམ་ཡིད་དང་ལྡན་ཞིང་མ་བྲལ་བ་ནི་གདོན་མི་ཟ་བར་གསུམ་དང་ལྡན་ཏེ། བཏང་སྙོམས་དང་སྲོག་དང་ཡིད་ཀྱི་ངོ་བོ་ཉིད་དེ་དག་ཁོ་ན་དང་ལྡན་པ་ཡིན་ནོ། །འདི་དག་ནི་ཕན་ཚུན་མེད་ན་མི་ལྡན་པ་ཡིན་ཞེས་བྱ་བ་ནི་གང་ཞིག་གཅིག་དང་ལྡན་པ་དེ་གཞན་གཉིས་དང་ཡང་ལྡན་པ་ཡིན་ནོ། །དེའི་ཕྱིར་འདི་དག་ལྡན་པར་རྣམ་པར་འཇོག་པར་བྱེད་ཀྱི་མིག་ལ་སོགས་པ་ནི་མི་བྱེད་དོ། །དེ་ལྟ་བས་ན་མིག་དང་རྣ་བ་དང་སྣ་དང་ལྕེའི་དབང་པོ་དག་དང་ནི་ཞེས་བྱ་བ་སྨོས་ཏེ། གཟུགས་མེད་པའི་ཁམས་སུ་སྐྱེས་པ་ནི་མིག་དང་རྣ་བ་དང་སྣ་དང་ལྕེའི་དབང་པོ་དག་དང་མི་ལྡན་ནོ། །འདིར་ལུས་ཀྱི་དབང་པོ་མ་སྨོས་པ་ནི་འདོད་པའི་ཁམས་ན་ནི་གང་གིས་མ་ཐོབ་པ་དང་རྣམ་པར་ཉམས་པ་ཞེས་བྱ་བ་བསྡུ་བའི་དོན་མིག་ལ་སོགས་པ་ཁོ་ན་ལ་སྲིད་ཀྱི་ལུས་ལ་ནི་མ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གཟུགས་མེད་པར་སྐྱེས་པ་ནི་གཟུགས་ཅན་གྱི་དབང་པོ་དག་དང་མི་ལྡན་ནོ་ཞེས་བྱ་བ་ཁོ་ན་ཞིག་བརྗོད་པར་འགྱུར་རོ། །མ་ཐོབ་པ་དང་རྣམ་པར་ཉམས་པ་དག །ཅེས་བྱ་བ་ལ། མ་ཐོབ་པ་ནི་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ནའོ། །རྣམ་པར་ཉམས་པ་དག་ནི་ལོང་བ་ཉིད་ལ་སོགས་པའི་གནས་སྐབས་དང་རིམ་གྱིས་འཆི་བ་ཐོབ་པ་རྣམ་པར་ཉམས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་མི་ལྡན་ནོ་ཞེས་ཁྱད་པར་དུ་བྱས་པ་ནི་འཕགས་པ་ནི་གདོན་མི་ཟ་བར་ལྡན་པའི་ཕྱིར་རོ། །དེའི་ཟག་པ་མེད་པའི་བདེ་བ་ནི་ས་འཕོས་པས་གཏོང་བ་མེད་དོ། །ཡིད་མི་བདེ་བ་དང་འདོད་པའི་འདོད་ཆགས་དང་བྲལ་བ་དང་ནི་མི་ལྡན་ནོ་ཞེས་བྱ་བ་ནི་འདི་ན་གནས་པའམ། ཁམས་གཞན་ན་གནས་པའམ་སོ་སོའི་སྐྱེ་བོའམ་
འཕགས་པ་ཡང་རུང་མི་ལྡན་པ་ཡིན་ནོ། །སོ་སོའི་སྐྱེ་བོ་དང་འབྲས་བུ་ལ་གནས་པ་དག་ཅེས་བྱ་བ་ནི་འབྲས་བུ་ལ་གནས་པ་རྒྱུན་དུ་ཞུགས་པ་ལ་སོགས་པ་ནི་མངོན་པར་རྟོགས་པའི་རྗེས་ལ་རྣམ་པར་ཉམས་པའི་ཕྱིར་ཀུན་ཤེས་པར་བྱེད་པའི་དབང་པོ་དེ་དང་མི་ལྡན་ནོ། །ཀུན་ཤེས་པའི་དབང་པོ་མཐོང་བའི་ལམ་ལ་གནས་པ་དག་ནི་མ་ཐོབ་པའི་ཕྱིར་མི་ལྡན་ལ་མི་སློབ་པའི་ལམ་ལ་གནས་པ་དག་ནི་འབྲས་བུ་ཐོབ་པ་ན་རྣམ་པར་ཉམས་པའི་ཕྱིར་མི་ལྡན་ནོ། །མ་བཀག་པའི་གནས་སྐབས་དག་ཏུ་ནི་ཇི་སྐད་བཤད་པ་དང་ཞེས་བྱ་བ་ནི་དེ་ལས་གཞན་པའི་གནས་སྐབས་དག་ཏུ་ནི་དབང་པོ་གང་དང་གང་བཤད་པའི་དབང་པོ་དེ་དང་དེ་ལྡན་པར་རིག་པར་བྱ་སྟེ། ད་ལ་འདོད་པའི་ཁམས་ན་ནི་མ་ཐོབ་པ་དང་རྣམ་པར་ཉམས་པའི་གནས་སྐབས་མ་གཏོགས་པ་མིག་ལ་སོགས་པ་ལྕེ་ལ་ཐུག་པའི་བར་དག་དང་ལྡན་ནོ། །ལུས་ཀྱི་དབང་པོ་དང་ནི་འདོད་པ་དང་གཟུགས་ཀྱི་ཁམས་སུ་སྐྱེས་པ་ལྡན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བདེ་ལུས་ལྡན་པ་བཞི་དག་དང༌། །ཞེས་བྱ་བ་ནི་ལྡན་ལ་ཞེས་བྱ་བ་དང་ངེས་པར་ལྡན་ཞེས་བྱ་བར་སྦྱར་ཏེ་གྲངས་ཀྱི་གོ་རིམས་བརྗོད་པར་འདོད་པས་ དེའི་འོག་ཏུ ་བདེ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བདེ་བའི་དབང་པོ་དང་ལྡན་པ་ཞེས་བྱ་བ་ནི་བསམ་གཏན་བཞི་པ་དང་གཟུགས་མེད་པའི་ཁམས་སུ་སྐྱེས་པའི་སོ་སོའི་སྐྱེ་བོ་ལས་མ་གཏོགས་པ་ཐམས་ཅད་ནི་བདེ་བའི་དབང་པོ་དང་ལྡན་ལ། དེ་བཞིན་དག་དང་ནི་གདོན་མི་ཟ་བར་ལྡན་པ་མ་ཡིན་ཏེ། མིག་ལ་སོགས་པ་ལྕེའི་དབང་པོ་ལ་ཐུག་པའི་བར་དག་དང་ནི་གཟུགས་མེད་པའི་ཁམས་དང༌། འདོད་པའི་ཁམས་ན་ཡང་མ་ཐོབ་པ་དང༌། རྣམ་པར་ཉམས་པའི་གནས་སྐབས་ན་མི་ལྡན་ནོ། །ལུས་ཀྱི་དབང་པོ་དང་ནི་གཟུགས་མེད་པའི་ཁམས་ན་ནི་མི་ལྡན་ནོ། །ཕོ་དང་མོའི་དབང་པོ་དང་ནི་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་དང་འདོད་པའི་ཁམས་ན་མ་ཐོབ་པ་དང་རྣམ་པར་ཉམས་པའི་གནས་སྐབས་ན་ཡང་མི་ལྡན་ནོ། །སྡུག་བསྔལ་གྱི་དབང་པོ་དང་ནི་གཟུགས་དང་གཟུགས་མེད་པའི་ཁམས་དག་ན་མི་ལྡན་ནོ། །ཡིད་བདེ་བའི་དབང་པོ་དང་ནི་སོ་སོའི་སྐྱེ་བོའི་བསམ་གཏན་
གསུམ་པར་སྐྱེས་པ་དང་མི་ལྡན་ནོ། །ཡིད་མི་བདེ་བའི་དབང་པོ་དང་ནི་འདོད་པའི་འདོད་ཆགས་དང་བྲལ་བའི་གནས་སྐབས་ན་མི་ལྡན་ནོ། །དད་པ་ལ་སོགས་པ་ལྔ་དང་ནི་དགེ་བའི་རྩ་བ་ཀུན་དུ་ཆད་པའི་གནས་སྐབས་ན་མི་ལྡན་ནོ། །ཀུན་ཤེས་པར་བྱེད་པའི་དབང་པོ་དང་ནི་སོ་སོའི་སྐྱེ་བོ་དང་འབྲས་བུ་ལ་གནས་པའི་གནས་སྐབས་ན་མི་ལྡན་ནོ། །ཀུན་ཤེས་པའི་དབང་པོ་དང་ནི་སོ་སོའི་སྐྱེ་བོ་དང་མཐོང་བའི་ལམ་དང་མི་སློབ་པའི་གནས་སྐབས་ན་མི་ལྡན་ནོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ནི་སོ་སོའི་སྐྱེ་བོ་དང་སློབ་པའི་གནས་སྐབས་ན་མི་ལྡན་ནོ། །གང་ཞིག་ལུས་ཀྱི་དབང་པོ་དང་ལྡན་པ་དེ་ཡང་བཞི་དང་ལྡན་ནོ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་ཀྱི་ཁམས་སུ་སྐྱེས་པ་ནི་ལུས་ཀྱི་དབང་པོ་དང་ལྡན་པ། དེ་གཞན་དག་དང་ནི་གདོན་མི་ཟ་བར་ལྡན་པ་མ་ཡིན་ཏེ། མིག་ལ་སོགས་པ་དག་དང་ནི་འདོད་པའི་ཁམས་ན་མ་ཐོབ་པ་དང་རྣམ་པར་ཉམས་པའི་གནས་སྐབས་ན་མི་ལྡན་ནོ། །ཕོ་དང་མོའི་དབང་པོ་དག་དང་ནི་གནས་སྐབས་དེ་དང་གཟུགས་ཀྱི་ཁམས་ན་མི་ལྡན་ནོ། །སྡུག་བསྔལ་དང་ནི་དེ་ཉིད་ན་མི་ལྡན་ནོ། །བདེ་བ་དང་ནི་སོ་སོའི་སྐྱེ་བོ་བསམ་གཏན་བཞི་པར་སྐྱེས་པ་དང་མི་ལྡན་ནོ། །ཡིད་བདེ་བ་དང་ནི་སོ་སོའི་སྐྱེ་བོ་བསམ་གཏན་གསུམ་པ་དང་བཞི་པར་སྐྱེས་པ་མི་ལྡན་ནོ། །ཡིད་མི་བདེ་བ་དང་དད་པ་ལ་སོགས་པ་གཞན་དག་དང་མི་ལྡན་པ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །མིག་སོགས་ལྡན་ལ་ལྔ་དང་ལྡན། །ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལྡན་པ་ལ་ཞེས་བྱ་བའི་ཐ་ཚིག་གོ །དེ་དང་ཞེས་བྱ་བ་ནི་མིག་དེ་དང་སྟེ་མིག་ཡོད་ན་ལུས་ཀྱི་དབང་པོ་གདོན་མི་ཟ་བར་ཡོད་ཀྱི། རྣ་བ་ལ་སོགས་པ་ནི་མ་ཡིན་ཏེ། འདོད་པའི་ཁམས་ན་མ་ཐོབ་པ་དང་རྣམ་པར་ཉམས་པ་སྲིད་པའི་ཕྱིར་རོ། །ཕོ་དང་མོའི་དབང་པོ་ལ་སོགས་པ་ལ་འཁྲུལ་པ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །རྣ་བ་དང་སྣ་དང་ལྕེའི་དབང་པོ་དག་དང་ལྡན་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ་ཞེས་བྱ་བ་ནི་གང་ཞིག་རྣ་བའི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་བཏང་སྙོམས་དང་སྲོག་དང་ཡིད་དང་ལུས་ཀྱི་དབང་པོ་དག་དང་དེ་དང་དབང་པོ་ལྔ་དང་ལྡན་ཏེ་ཞེས་བྱ་བ་དེ་ལྟ་བུར་ཐམས་ཅད་སྦྱར་བར་བྱའོ། །ཡིད་བདེ་ལྡན་ཡང་ཞེས་པ་ཅི་ཞེ་ན།
གདོན་མི་ཟ་བར་ལྔ་དང་ལྡན་ནོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཅིའི་ཕྱིར་ཡིད་བདེ་བ་མིག་ལ་སོགས་པ་ཁོ་ནའི་ནང་དུ་མི་བསྡུ་ཞེ་ན། གནས་གཞན་ནས་འབྱུང་བའི་ཕྱིར་རོ། །འདི་ལྟར་སོགས་པ་ཞེས་བྱ་བའི་སྒྲས་བསྡུས་ན་ནི་འཆོལ་བར་འགྱུར་རོ། །བསམ་གཏན་གཉིས་པར་སྐྱེས་པ་བསམ་གཏན་གསུམ་པར་མ་ཐོབ་པ་བདེ་བའི་དབང་པོ་གང་དང་ལྡན་པ་ཡིན་ཞེ་ན་ཞེས་བྱ་བ་ནི་བདེ་བའི་དབང་པོ་འདོད་པའི་ཁམས་ན་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པ་ཡོད་ལ་བསམ་གཏན་དང་པོ་ན་ནི་རྣམ་པར་ཤེས་པའི་ཚོགས་གསུམ་པ་ཡོད། བསམ་གཏན་གསུམ་པ་ན་ནི་ཡིད་ཀྱི་ཡོད་དོ། །དེའི་ཕྱིར་བསམ་གཏན་གཉིས་པར་སྐྱེས་པ་བདེ་བའི་དབང་པོ་འོག་མ་དང་ཡང་མི་ལྡན་ནོ། །དེ་ནི་ས་འཕོས་པས་བཏང་བའི་ཕྱིར་རོ། །བསམ་གཏན་གསུམ་པའི་ས་པ་དང་ཡང་མི་ལྡན་ཏེ། དེ་ནི་མ་ཐོབ་པའི་ཕྱིར་རོ་སྙམ་དུ་བསམས་ནས་རྒོལ་བར་བྱེད་པ་ཡིན་ནོ། །བདེ་བའི་དབང་པོ་གང་དང་ལྡན་ཞེ་ན། བསམ་གཏན་གསུམ་པའི་ཉོན་མོངས་པ་ཅན་དང་ལྡན་ནོ་ཞེས་བྱ་བ་སྨོས་ཏེ། གྲུབ་པའི་མཐའ་ནི་སེམས་ཅན་འོག་མར་སྐྱེས་པ་ཐམས་ཅད་ནི་ས་གོང་མ་བའི་ཉོན་མོངས་པ་ཅན་མ་སྤངས་པ་དང་ལྡན་ནོ་ཞེས་བྱ་བ་ཡིན་ནོ། །དབང་པོ་ལྷག་མ་འཁྲུལ་པ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །སྡུག་བསྔལ་ལྡན་བདུན་དང་ཞེས་བྱ་བ་ནི་འདི་ནི་འདོད་པའི་ཁམས་སུ་སྐྱེས་པ་ཡིན་ཏེ། དེ་ལྟ་བས་ན་གདོན་མི་ཟ་བར་ལུས་ཀྱི་དབང་པོ་དང་ལྡན་ནོ། །ཚོར་བའི་དབང་པོ་བཞི་དང་ཞེས་བྱ་བ་ནི་ཡིད་མི་བདེ་བ་མ་གཏོགས་པ་དག་དང་ངོ༌། །ཡིད་དང་སྲོག་གི་དབང་པོ་དག་ཀྱང་ཡོད་པས་གདོན་མི་ཟ་བར་དབང་པོ་བདུན་དང་ལྡན་པ་ཡིན་ནོ། །དབང་པོ་ལྷག་མ་འཁྲུལ་པ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །མོའི་དབང་སོགས་ལྡན་བརྒྱད་དང༌། །ཞེས་བྱ་བ་ནི་མོ་ཕ་ཕོ་དང་ཡིད་མི་བདེ་བ་དང་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །སྲོག་དང་ཡིད་དང་བདེ་བ་དང་སྡུག་བསྔལ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་ནི་བཤད་ཟིན་པའི་ཕྱིར་ལ། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ལ་སོགས་པ་གསུམ་ནི་འཆད་པར་འགྱུར་བའི་ཕྱིར་
དབང་པོ་བརྒྱད་པོ་འདི་དག་ཁོ་ན་གཟུང་བ་ཡིན་ནོ། །གང་ཞིག་མོའི་དབང་པོ་དང་ལྡན་པ་དེ་ནི་ཞེས་བྱ་བ་ནི་མོའི་དབང་པོ་དང་ལྡན་པ་ནི་འདོད་པའི་ཁམས་སུ་སྐྱེས་པ་ཡིན་པས་དེའི་ཕྱིར་དེ་ནི་གདོན་མི་ཟ་བར་དབང་པོ་བརྒྱད་དང་འདི་དག་ཁོ་ན་བཟུང་བ་ཡིན་ནོ། །བདུན་པོ་དེ་དག་དང་ལྡན་ཞེ་ན། བདུན་པོ་དེ་དག་དང་མོའི་དབང་པོ་དང་ཞེས་བྱ་བ་སྨོས་ཏེ། ལུས་དང་སྲོག་དང་ཡིད་དག་དང་ཚོར་བའི་དབང་པོ་བཞི་སྟེ་བདུན་དང་བརྒྱད་པ་མོའི་དབང་པོ་དང་ལྡན་ནོ། །མིག་ལ་སོགས་པ་ནི་ཉམས་པ་ལ་སོགས་པ་ཇི་སྐད་བཤད་པ་སྲིད་པའི་ཕྱིར་རྒྱུ་དེ་དག་གིས་ན་ལྷག་མ་དག་ནི་ངེས་པ་མེད་དོ། །ཕོའི་དབང་པོ་དང་ལྡན་པ་ཡང་མོའི་དབང་པོ་དང་ལྡན་པ་བཞིན་བརྗོད་པར་བྱའོ། །ཡིད་མི་བདེ་བ་དང་ལྡན་པ་ཡང་འདོད་པར་སྐྱེས་ཤིང་འདོད་པའི་འདོད་ཆགས་དང་བྲལ་བ་ཡིན་པས་དེ་དང་འདྲ་བར་བདུན་པོ་དེ་དག་ཡིད་མི་བདེ་བ་དང་ལྡན་པ་ཡིན་ནོ། །དད་པ་དང་ལྡན་པ་ཡང་ཁམས་གསུམ་པའི་སེམས་ཅན་ཡིན་པས་དད་པ་ལ་སོགས་པ་མེད་ན་མི་འབྱུང་བ་ལྔ་པོ་དེ་དག་དང༌། བཏང་སྙོམས་དང་སྲོག་དང་ཡིད་དག་དང་ལྡན་ནོ། །ལྷག་མ་དག་དང་ནི་མ་ངེས་ཏེ་སྔ་མ་བཞིན་ནོ། །དད་པ་དང་ལྡན་པ་ཇི་ལྟ་བར་ཤེས་རབ་དང་ལྡན་པའི་བར་དུ་ཡང་དེ་དང་འདྲའོ། །ཀུན་ཤེས་པ་ལ་དབང་བྱེད་པས་ན་ཀུན་ཤེས་པ་དང་ལྡན་པའི་དབང་པོའོ་ཞེས་བྱ་བ་ནི་ཀུན་ཤེས་པ་ཁོ་ན་ལ་དབང་བྱེད་པ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་སྟེ། མ་ལུས་པར་ཤེས་པའི་དབང་པོ་ཞེས་བྱ་བའི་ཐ་ཚིག་གོ །ཀུན་ཤེས་པའི་དབང་པོ་ཡང་ཀུན་ཤེས་པ་ལ་དབང་བྱེད་པ་ནི་ཡིན་མོད་ཀྱི་མ་ལུས་པར་ནི་མ་ཡིན་ཏེ། སྤང་བར་བྱ་བ་ལྷག་མ་དང་བཅས་པའི་ཕྱིར་རོ། །ཡང་ན་ཚིག་གི་ཕྱོགས་གཅིག་སྨོས་ནས་ཀུན་ཤེས་པ་དང་ལྡན་པའི་གང་ཟག་ལ་ཀུན་ཤེས་པ་དང་ལྡན་པ་ཞེས་བརྗོད་དོ། །དེའི་དབང་པོ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ། །གང་ཞིག་ཀུན་ཤེས་པའི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཐ་བར་བཅུ་གཅིག་དང་ལྡན་ནོ་ཞེས་བྱ་བ་ནི་ཀུན་ཤེས་པའི་དབང་པོ་དང་ལྡན་པ་ནི་སློབ་པ་འབྲས་བུ་ལ་གནས་པ་ཡིན་ཏེ། ཁམས་གསུམ་ཆར་ན་ཡང་ཡོད་དོ། །བསམ་གཏན་བཞི་པ་དང་གཟུགས་མེད་པར་སྐྱེས་པ་དེ་ཇི་ལྟར་བདེ་བ་དང་ཡིད་བདེ་བའི་དབང་པོ་དག་དང་ལྡན་
ཞེ་ན། ཇི་ལྟར་འཕགས་པ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བ་ན་གདོན་མི་ཟ་བར་ཡིད་བདེ་བའི་དབང་པོ་འཐོབ་ལ། བསམ་གཏན་གཉིས་པ་ལས་འདོད་ཆགས་དང་བྲལ་བ་ན་ཡང་བདེ་བའི་དབང་པོ་འཐོབ་པོ། །དེ་དག་ནི་ས་འཕོས་ཀྱང་གཏོང་བར་མི་འགྱུར་ཏེ། འདི་ལྟར། ས་འཕོས་ཉམས་པ་དག་གིས་ནི། །བསམ་གཏན་གཏོགས་པའི་དགེ་བ་གཏོང༌། །དེ་བཞིན་གཟུགས་མེད་གཏོགས་འཕགས་ནི། །འབྲས་ཐོས་སྦྱངས་དང་ཉམས་རྣམས་ཀྱིས། །ཞེས་འཆད་པར་འགྱུར་རོ། །འབྲས་བུ་ཐོབ་པ་དང་དབང་པོ་སྦྱོང་བ་ན་ཡང་ཞུགས་པའི་ལམ་དང་དབང་པོ་རྟུལ་པོའི་ལམ་གྱིས་བསྡུས་པ་དེ་དག་གཏོང་མོད་ཀྱི་འོན་ཀྱང་འབྲས་བུ་དང་དབང་པོ་རྣོན་པོས་བསྡུས་པ་གཞན་དག་ནི་འཐོབ་པར་འགྱུར་རོ། །དེ་ལྟ་བས་ན་བསམ་གཏན་བཞི་པ་དང་གཟུགས་མེད་པར་སྐྱེས་པའི་འཕགས་པ་ནི་བདེ་བ་དང་ཡིད་བདེ་བའི་དབང་པོས་འཕོས་པ་ཡང་ཡོངས་སུ་མ་བཏང་བ་དེ་དག་དང་ལྡན་པ་ཁོ་ན་ཡིན་ནོ། །ལྷག་མ་དག་དང་ནི་སྔ་མ་བཞིན་དུ་མ་ངེས་པ་ཡིན་ནོ། །ཀུན་ཤེས་བྱེད་པའི་དབང་ལྡན་ལ། །བཅུ་གསུམ་དག་དང་ལྡན་པ་ཡིན། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་དང་ལྡན་པ་ནི་འདོད་པའི་ཁམས་ཁོ་ནར་ཀུན་ཤེས་པར་བྱེད་པའི་དབང་པོ་སྐྱེད་པའི་ཕྱིར་འདོད་པ་ན་སྤྱོད་པའི་སེམས་ཅན་ཡིན་ཏེ། མི་སྐྱོ་ལུང་ལས་འདིར་རྩོམ་ཞིང༌། །དེ་མཐར་ཕྱིན་ཞེས་འབྱུང་ཕྱིར་རོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་གདོན་མི་ཟ་བར་འདི་ལ་ལུས་ཀྱི་དབང་པོ་ཡང་ཡོད་ལ། ཡིད་མི་བདེ་བ་མ་གཏོགས་པ་ཚོར་བ་བཞི་ཡང་ཡོད་དེ། དེས་ནི་འདོད་ཆགས་དང་བྲལ་བའི་གནས་སྐབས་ན་འཁྲུལ་པའི་ཕྱིར་རོ། །དེ་ལ་གདོན་མི་ཟ་བར་ཞེས་བྱ་བར་སྦྱར་ཏེ། དབང་པོ་བཅུ་གསུམ་དང་གདོན་མི་ཟ་བར་ཁོ་ནར་ལྡན་ནོ་ཞེས་བྱ་བར་ངེས་པར་གཟུང་བ་ཡིན་གྱི། བཅུ་གསུམ་ཁོ་ན་དང་ཞེས་བྱ་བ་ནི་མ་ཡིན་ནོ། །ལྷག་མ་དག་དང་ནི་མ་ངེས་ཏེ། ལོང་བ་ལ་སོགས་པ་ལ་ཡང་མཐོང་བའི་ལམ་སྲིད་པའི་ཕྱིར་རོ། །མོ་དང་ཕོའི་དབང་པོ་དག་མ་ཚང་ན་ཡང་ཇི་ལྟར་མཐོང་བའི་ལམ་སྐྱེ་བར་འགྱུར་ཏེ། མོ་དང་ཕོའི་དབང་པོ་དང་མི་ལྡན་པ་དང་ཉམས་པ་རྣམས་ལ་སྡོམ་པ་དང་འབྲས་བུ་འཐོབ་པ་
དང་འདོད་ཆགས་དང་བྲལ་བ་མེད་དོ་ཞེ་ན། རེ་ཞིག་ཁ་ཅིག་ན་རེ་སྡོམ་པ་ཐོབ་པ་རྣམས་ཀྱི་འབྲས་བུ་འཐོབ་པར་འགྱུར་ལ། མཚན་གཉིས་འབྱུང་བས་སོ་སོར་ཐར་པའི་སྡོམ་པ་གཏོང་བར་འགྱུར་གྱི་དེ་དག་ཉམས་པས་ནི་མ་ཡིན་ནོ། །ཡང་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གོམས་པ་ལ་རིམ་གྱིས་འཆི་བས་མོ་དང་ཕོའི་དབང་པོ་འགགས་ཀྱང་མཐོང་བའི་ལམ་སྐྱེ་བར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་འདིར་ནི་གང་ཟག་སྤྱིའི་དབང་དུ་བྱས་པ་ཡིན་གྱི་གཅིག་ཁོ་ན་ལ་གདོན་མི་ཟ་བར་དབང་པོ་དང་ལྡན་པ་དང་འཁྲུལ་པ་བརྗོད་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། ཇི་ལྟར་ཞེ་ན། བཏང་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། །ཞེས་བྱ་བ་འདོད་པའི་ཁམས་སུ་སྐྱེས་པ་ཡང་རུང་སྲིད་པའི་རྩེ་མོའི་བར་དུ་སྐྱེས་པ་ཡང་རུང་སྟེ། བཏང་སྙོམས་དང་ལྡན་པའི་གང་ཟག་ཇི་སྙེད་པ་དེ་ཐམས་ཅད་གདོན་མི་ཟ་བར་གསུམ་དང་ལྡན་པ་ཡིན་ནོ། །མིག་ལ་སོགས་པ་འཁྲུལ་པ་ནི་ཐམས་ཅད་དུ་ཅི་རིགས་པར་སྦྱར་ཏེ། ལ་ལ་ནི་གཟུགས་ཅན་གྱི་དབང་པོ་དག་དང་མི་ལྡན་པ་ཉིད་ཡིན་ཏེ། གཟུགས་མེད་པའི་ཁམས་སུ་སྐྱེས་པ་གང་ཡིན་པའོ་ཞེས་བྱ་བ་ནས་རྒྱས་པར་ལ་ལ་ནི་དད་པ་ལ་སོགས་པ་དང་མི་ལྡན་ཏེ་དགེ་བའི་རྩ་བ་ཀུན་དུ་ཆད་པ་གང་ཡིན་པའོ་ཞེས་བྱ་བའི་བར་ཡིན་ཏེ། གཟུགས་མེད་པའི་ཁམས་སུ་སྐྱེས་པ་དེ་ཉིད་ནི་མ་ཡིན་ཏེ། །ཡང་འདིར་ཀུན་ཤེས་པར་བྱེད་པའི་དབང་པོ་དང་ལྡན་པ་ཇི་སྙེད་པ་དེ་ཐམས་ཅད་ནི་གདོན་མི་ཟ་བར་ཇི་སྐད་བཤད་པའི་དབང་པོ་བཅུ་གསུམ་ལྡན་པ་ཡིན་ནོ། །འགའ་ཞིག་ལ་འཁྲུལ་པ་ནི་ཅི་རིགས་པར་ཁོ་ནར་སྦྱར་བར་བྱ་སྟེ། འདིར་ལྟར་ལ་ལ་ནི་མིག་གི་དབང་པོ་དང་མི་ལྡན་ཏེ། ལོང་བ་གང་ཡིན་པའོ། །ལ་ལ་ནི་རྣ་བའི་དབང་པོ་དང་མི་ལྡན་ཏེ་འོན་པ་གང་ཡིན་པའོ་ཞེས་བྱ་བ་ནས་དེ་བཞིན་དུ་ལ་ལ་ནི་མོའི་དབང་པོ་དང་མི་ལྡན་ཏེ་ཕོ་གང་ཡིན་པའོ། །ལ་ལ་ནི་ཕོའི་དབང་པོ་དང་མི་ལྡན་ཏེ་མོ་གང་ཡིན་པའོ། །ལ་ལ་ནི་ཡིད་མི་བདེ་བ་དང་མི་ལྡན་ཏེ་འདོད་ཆགས་དང་བྲལ་བ་གང་ཡིན་པའོ་ཞེས་བྱ་བ་དེ་ལྟ་བུ་ཁོ་ན་ཁོང་དུ་ཆུད་པར་བྱའོ། །དགེ་མེད་ནང་ན་ཉུང་ལྡན་པ། །ལུས་ཚོར་སྲོག་ཡིད་བརྒྱད་དང་ལྡན། །ཞེས་བྱ་བ་ནི་གང་ཟག་གཅིག་འགའ་ཞིག་ནང་ན་ཉུང་བ་
དང་ལྡན་པ་གང་ཡིན་པ་དེ་ཉུང་དུ་ཇི་སྲིད་ཅིག་དང་ལྡན་ཞེ་ན། སྨྲས་པ། དགེ་མེད་ནི་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ཡིན་ནོ། །དེ་ཡང་འདོད་པའི་ཁམས་ཁོ་ནའི་ཡིན་པས་འདི་ལ་འདོད་པའི་འདོད་ཆགས་དང་བྲལ་བ་ཡང་མི་སྲིད་དོ། །དེ་ལྟ་བས་ན་འདི་ལ་ཐམས་ཅད་དུ་ཚོར་བའི་དབང་པོ་ལྔ་ཆར་ཡང་ཡོད་ལ་ལུས་ཀྱི་དབང་པོ་ཡང་ཡོད་སྲོག་དང་ཡིད་ཀྱི་དབང་པོ་དག་ཀྱང་ཡོད་པ་ཁོ་ནའོ། །མིག་ལ་སོགས་པ་ནི་མེད་དེ། རིམ་གྱིས་འཆི་བའི་གནས་སྐབས་དང༌། ལོང་བ་ཉིད་ལ་སོགས་པའི་གནས་སྐབས་ན་དེ་དག་མེད་པའི་ཕྱིར་རོ། །མྱོང་བར་བྱེད་པ་ནི་ཚོར་བ་སྟེ་ཞེས་བྱ་བ་ནི་བྱེད་པ་པོར་སྒྲུབ་པ་ཡིན་ནོ། །ཚོར་བ་ནི་ཚོར་བ་སྟེ་ཞེས་བྱ་བ་ནི་ངོ་བོར་བསྒྲུབ་པ་ཡིན་ཏེ། དཔེར་ན་ཕུན་སུམ་ཚོགས་པ་ལ་ཕུན་སུམ་ཚོགས་པའོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་ཁུངས་སྟོན་པར་བྱེད་པ་ཡིན་ནོ། །གཟུགས་མེད་བྱིས་པའང་དེ་བཞིན་ཏེ། །ཞེས་བྱ་བ་ལ་དེ་བཞིན་ཞེས་བྱ་བའི་སྒྲས་ནི་གྲངས་ཙམ་མཐུན་པར་སྦྱོར་བ་ཡིན་ནོ། །དགེ་བ་སྨོས་པས་ནི་དད་པ་ལ་སོགས་པ་གཟུང་བར་བྱ་སྟེ། གཅིག་ཏུ་དགེ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དགེ་བ་དག་ཁོ་ན་ཡིན་གྱི་མི་དགེ་བ་དང་ལུང་དུ་མ་བསྟན་པ་མ་ཡིན་གྱི་མི་དགེ་བ་དང་ལུང་དུ་མ་བསྟན་པ་མ་ཡིན་པ་གང་དག་ཡིན་པ་དེ་དག་ནི་དགེ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་ཡང་བསྡུས་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་དེ་དག་ཀྱང་གཅིག་ཏུ་དགེ་བ་ཡིན་ཏེ་དེ་ལྟ་བས་ན་དེ་དག་བསྡུས་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །མ་ཡིན་ཏེ་བརྒྱད་ཀྱི་སྐབས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། དགེ་མེད་ནང་ན་ཉུང་ལྡན་པ། །བརྒྱད་དང་ཞེས་བྱ་བ་འདིས་བསྒྲེ་བ་བརྒྱད་དོ། །བཏང་སྙོམས་སྲོག་ཡིད་དགེ་རྣམས་དང༌། །ཞེས་བཤད་ཀྱི་སྒྲ་མཚམས་བཅད་པའི་ཕྱིར་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་བཙལ་བར་བྱ་བ་ཡིན་ནོ། །བྱིས་པའི་སྐབས་ཡིན་པའི་ཕྱིར་ཞེས་བྱ་བ་ནི། གཟུགས་མེད་བྱིས་པའང་དེ་བཞིན་ཏེ། །ཞེས་འབྱུང་བའི་ཕྱིར་འདིར་ནི་བྱིས་པའི་དབང་དུ་བྱས་པ་ཡིན་ནོ། །སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོབ་པའོ་ཞེས་
འབྱུང་བ་ཀུན་ཤེས་པར་བྱེད་པའི་དབང་པོ་མེད་ན་སོ་སོའི་སྐྱེ་བོ་ཡིན་ནོ། །དེ་ལྟ་བས་ན་ཟག་པ་མེད་པ་དེ་དག་ལ་ཐལ་བར་མི་འགྱུར་རོ། །མཚན་གཉིས་པ་དབང་པོ་ཚང་བ་ཞེས་བྱ་བ་ནི་མཚན་གཉིས་པ་གལ་ཏེ་མིག་ལ་སོགས་པ་ཚང་བ་ཞིག་ཡིན་ན་དེ་ལྟ་ན་བཅུ་དགུ་དང་ལྡན་གྱི་གཞན་དུ་ནི་མ་ཡིན་ནོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་གཉིས་པོ་ལས་གང་ཡང་རུང་བ་ཞིག་ཅེས་བྱ་བ་ནི་ཆགས་པ་དང་བཅས་པ་མ་ཡིན་པའི་ཕྱིར་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་གཅིག་ཏུ་སྤང་བར་བྱ་བ་ཡིན་ནོ། །འཕགས་པ་ཡིན་པས་ཀུན་ཤེས་པར་བྱེད་པའི་དབང་པོ་དང་ཀུན་ཤེས་པའི་དབང་པོ་དག་ནི་གདོན་མི་ཟ་བར་རྣམ་གྲངས་པར་ལྡན་པ་ཡིན་ཏེ་གང་གི་ཚེ་ཀུན་ཤེས་པར་བྱེད་པའི་དབང་པོ་ཡོད་པ་དེའི་ཚེ་ནི་ཀུན་ཤེས་པའི་དབང་པོ་མེད་ལ་གང་གི་ཚེ་ཀུན་ཤེས་པའི་དབང་པོ་ཡོད་པ་དེའི་ཚེ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་མེད་དོ། །ཁམས་རབ་ཏུ་དབྱེ་བའི་ཞར་ལ་འོངས་པ་དབང་པོ་རྣམས་ཀྱི་རབ་ཏུ་དབྱེ་བ་རྒྱས་པར་བཤད་ཟིན་ཏོ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་ལས་དབང་པོ་ནི་དུ་དབང་པོ་མ་ཡིན་པ་ནི་དུ་ཞེས་བྱ་བ་ནི་ཁམས་རབ་ཏུ་དབྱེ་བའི་ཞར་ལ་འོངས་པ། ཆོས་ཀྱི་ཕྱེད་དང་གང་དག་ནི། །བཅུ་གཉིས་ནང་གིར་བཤད་དབང་པོ། །ཞེས་བྱ་བའི་དབང་པོ་དེ་རྣམས་ཀྱི་རབ་ཏུ་དབྱེ་བ་སྟེ། གསུམ་ནི་དྲི་མ་མེད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྒྱས་པར་བཤད་ཟིན་ཏོ།། །།ཅི་འདུས་བྱས་ཀྱི་ཆོས་འདི་དག་ཅེས་བྱ་བ་ནི་གོང་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བཤད་པ་གང་དག་ཡིན་པའོ། །ཇི་ལྟར་མཚན་ཉིད་ཐ་དད་པ་ཞེས་བྱ་བ་ནི་གཟུགས་ནི་གཟུགས་སུ་རུང་བའོ། །ཚོར་བ་ནི་མྱོང་བའོ། །འདུ་ཤེས་ནི་མཚན་མར་འཛིན་པའོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདུས་བྱས་སྨོས་པ་ནི་སྐྱེ་བ་དང་ལྡན་པའི་ཕྱིར་རོ། །འོན་ཏེ་ཁ་ཅིག་ངེས་པར་ལྷན་ཅིག་སྐྱེ་བ་ཡང་ཡོད་ཅེས་བྱ་བ་ནི་ཁ་ཅིག་ལྷན་ཅིག་སྐྱེས་པ་ཡོད་མོད་ཀྱི་ངེས་པར་ལྷན་ཅིག་སྐྱེ་བ་ནི་མ་ཡིན་ཏེ་དཔེར་ན་མིག་ལ་སོགས་པ་དང་ལྷན་ཅིག་སྐྱེ་བ་དེ་དག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྟ་བུ་སྟེ། མིག་ལ་སོགས་པ་ནི་རྟེན་པ་དང་བཅས་པ་དང་དེ་དང་མཚུངས་པ་ཡོད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་སྐད་དུ་འདྲིའོ། །ཆོས་འདི་
དག་ཐམས་ཅད་ནི་ལྔར་འགྱུར་རོ་ཞེས་བྱ་བ་ནི་གཞི་ལྔའི་ཚུལ་གྱིས་དེ་ལྟར་ཆོས་ཐམས་ཅད་བསྡུས་པར་རྣམ་པར་འཇོག་པ་ཡིན་ནོ། །གཟུགས་ལ་སོགས་པའི་ཚོགས་ཀྱི་སྒོ་ནས་སྟོན་པ་ནི་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། །དེ་ལ་འདུས་མ་བྱས་ལ་ནི་སྐྱེ་བ་མེད་པ་ཉིད་དོ་ཞེས་བྱ་བ་ནི་དེ་ལ་ངེས་པར་ལྷན་ཅིག་སྐྱེ་བ་བསམ་པར་མི་བྱ་བ་ཡིན་ནོ། །ཐམས་ཅད་པས་ཕྲ་བའི་གཟུགས་ནི་རྡུལ་ཕྲ་རབ་ཅེས་བྱ་བ་ནི་རྫེས་ཀྱི་རྡུལ་ཕྲ་རབ་མ་ཡིན་པའོ། །གང་ལ་ཤར་དང་ནུབ་ཀྱི་ཆ་མེད་པ་གཟུགས་ཐམས་ཅད་པས་ཆུང་བ་དེ་ནི་རྫས་ཀྱི་རྡུལ་ཕྲ་རབ་ཅེས་བྱ་བར་འདོད་དོ། །དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར། །བསྩགས་པའི་རྡུལ་ཕྲ་རབ་ཅེས་བྱ་བ་སྨོས་སོ། །འདོད་ན། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་བ་ནི་འདོད་པའི་ཁམས་ན་གང་གི་ཚེ་འདི་ལ་སྒྲ་མི་འབྱུང་བ་དེའི་ཚེ་ངེས་པར་རྫས་བརྒྱད་པ་ཁོ་ན་ཡིན་ནོ། །འདི་ལས་རྫས་ཉུང་བ་ཅན་ནི་མ་ཡིན་ནོ། །དབང་པོ་གཞན་ལྡན་ཞེས་བྱ་བ་འདི་ལ་དབང་པོ་གཞན་ཡོད་པས་ན་དབང་པོ་གཞན་ལྡན་ཏེ་མིག་ལ་སོགས་པ་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ །གང་ལ་མིག་དང་རྣ་བ་ལ་སོགས་པ་ཡོད་པ་དེ་ལ་ནི་ལུས་ཀྱི་དབང་པོ་ཡང་ཡོད་པར་འགྱུར་ཏེ། མིག་ལ་སོགས་པ་ནི་དེ་ལ་རག་ལུས་ཏེ་འབྱུང་བའི་ཕྱིར་རོ། །རྡུལ་ཕྲ་རབ་དེ་དག་སྒྲ་དང་བཅས་པ་ཞིག་ཏུ་སྐྱེ་ན་ནི་ཞེས་བྱ་བ་ནི་རྫས་བརྒྱད་པ་ལ་སོགས་པའོ། །བསྩགས་པའི་རྡུལ་ཕྲ་རབ་དག་སྒྲ་དང་བཅས་པ་ཞིག་ཏུ་སྐྱེ་ན་ནི་གོ་རིམས་བཞིན་དུ་རྫས་དགུ་དང་བཅུ་དང་བཅུ་གཅིག་པར་སྐྱེས་ཏེ། རྫས་བརྒྱད་པ་གང་ཡིན་པ་དེ་ནི་རྫས་དགུ་པ་ཡིན་ནོ། །རྫས་དགུ་པ་གང་ཡིན་དེ་ནི་རྫས་བཅུ་པ་ཡིན་ནོ། །རྫས་བཅུ་པ་གང་ཡིན་པ་དེ་ནི་རྫས་བཅུ་གཅིག་པ་ཡིན་ནོ། །དབང་པོ་དང་ཐ་མི་དད་པའི་སྒྲ་ཡང་ཡོད་དེ་ཞེས་བྱ་བ་ནི་གང་ཞིག་དབང་པོ་དང་ཐ་དད་པར་བྱ་མི་ནུས་པ་དེ་ནི་དབང་པོ་དང་ཐ་མི་དད་པའི་སྒྲ་ཡིན་ཏེ་དབང་པོ་དང་ཐ་མི་དད་པར་འདུག་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་འབྱུང་བ་རྣམས་ཐ་མི་དད་པ་ལས་འདི་ན་འདུས་པ་ཁ་ཅིག་ཁོ་ན་ནི་སྲ་བར་དམིགས་ཞེས་བྱ་བ་ལ་སོགས་པ་ནི་སྲ་བ་ནི་སའི་ཁམས་ཡིན་ལ་
གཤེར་བ་ནི་ཆུའི་ཁམས་ཡིན། དྲོ་བ་ནི་མེའི་ཁམས་ཡིན། གཡོ་བ་ནི་རླུང་གི་ཁམས་ཡིན་པ་འབྱུང་བ་མཉམ་པར་ཡོད་པའི་ཕྱིར་དེ་དག་འདུས་པ་མཚུངས་པའི་ངོ་བོ་དག་ཏུ་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །གང་ཞིག་གང་ན་ཆེས་གསལ་ཞིང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ནི་ས་ལ་སོགས་པའི་མཚན་ཉིད་ཀྱི་རྫས་གང་ཞིག་འདུས་པ་གང་ལ་ཆེས་གསལ་ཞིང་མངོན་པ་ཡིན་ནོ། །མཐུའི་སྒོ་ནས་ཞེས་བྱ་བ་ནི་ནུས་པའི་སྒོ་ནས་ཡིན་གྱི་རྫས་ཀྱི་སྒོ་ནས་ཤས་ཆེ་བར་གྱུར་པ་ནི་མ་ཡིན་ནོ། །དེ་ནི་དེ་ན་དམིགས་ཏེ་ཞེས་བྱ་བ་ནི་རྫས་དེ་ནི་འདུས་པ་དེ་ན་དམིགས་ཤིང་འཛིན་པ་ཡིན་ནོ། །ཁབ་དང་སྡོང་བུའི་ཚོགས་ལ་རེག་པ་ལྟ་བུ་ཞེས་བྱ་བ་དེ་ལ་ཁབ་ནི་འཇིག་རྟེན་ལ་ལྕགས་ལས་བྱས་པར་གྲགས་པ་ཡིན་ནོ། །སྡོང་བུ་ནི་ལྡུམ་བུ་བི་ར་ན་ལ་སོགས་པའི་མེ་ཏོག་གི་རྩ་བའི་སྡོང་བུ་ཡིན་ཏེ་སྐྱེ་བོ་ཕལ་པ་ཡན་ཆད་ལ་མེ་ཏོག་གི་རྩ་བ་ཞེས་གྲགས་པ་གང་ཡིན་པའོ། །ཁབ་དང་སྡོང་བུ་དེ་དག་གི་ཚོགས་ལ་རེག་པ་སྟེ་ཆེས་གསལ་ཞིང་མཐུའི་སྒོ་ནས་ཤས་ཆེ་བའི་འབྱུང་བ་དེ་དམིགས་པ་ནི་དེ་དང་འདྲའོ། །འདི་སྐད་དུ་ཇི་ལྟར་ཁབ་དང་སྡོང་བུ་རྣམས་ཀྱི་ཚོགས་མཉམ་པར་ཡོད་ཀྱང་རྣོ་བའི་ཕྱིར་ཁབ་དག་ཁོ་ནའི་རེག་པ་གསལ་བར་དམིགས་ཀྱི་རྟུལ་པའི་ཕྱིར་སྡོང་བུ་རྣམས་ཀྱི་ནི་མ་ཡིན་པ་དེ་བཞིན་དུ་ཤིང་ལ་སོགས་པ་ཁ་ཅིག་ཁོ་ན་ལ་སྲ་བ་དམིགས་ལ། ཁ་ཅིག་ལ་ནི་གཤེར་བ་སྟེ། ཆུ་ལའོ། །ཁ་ཅིག་ལ་ནི་དྲོ་བ་སྟེ། མེ་ལའོ། །ཁ་ཅིག་ལ་ནི་གཡོ་བ་སྟེ་རླུང་ལ་ཡིན་ཡང་ཚོགས་པ་དེ་དང་དེ་ལ་འབྱུང་བ་ཆེན་པོ་བཞི་དག་མེད་པ་ནི་མ་ཡིན་ནོ། །ཕྱེ་དང་ལན་ཚྭའི་ཕྱེ་མའི་རོ་བཞིན་ཞེས་བྱ་བ་ནི་དཔེར་ན་ཕྱེའི་ཕྱེ་མ་དང་ལན་ཚྭའི་ཕྱེ་མ་རྣམས་ཀྱི་རོ་དམིགས་པ་ལྟ་བུ་ཡིན་ཏེ། ལན་ཚྭའི་ཕྱེ་མའི་རོ་ཁོ་ན་གསལ་བར་དམིགས་ཀྱི་ཕྱེ་མའི་རོ་ནི་མ་ཡིན་པ་ལྟར་འདིར་ཡང་དེ་དང་འདྲའོ། །སྡུད་པ་དང༌། འཛིན་པ་དང༌། སྨིན་པ་དང༌། གཡོ་བའི་ཕྱིར་ཞེས་བྱ་བ་ནི་སྡུད་པའི་ལས་ཀྱིས་ན་ཤིང་ལ་སོགས་པ་ལ་ཆུའི་ཁམས་ཡོད་པ་ཉིད་དུ་རྟོགས་ཏེ། གལ་ཏེ་དེ་ན་ཆུའི་ཁམས་མེད་པར་གྱུར་ན་དེས་སྤར་གང་གཏོར་བ་བཞིན་དུ་རྣམ་པར་འགྱེས་པར་འགྱུར་རོ། །ཆུ་ལ་གྲུ་ལ་སོགས་
པ་འདེགས་པའི་ལས་ཀྱིས་ན་སའི་ཁམས་ཡོད་པ་ཉིད་དུ་རྟོགས་སོ། །སྨིན་པར་བྱེད་པའི་ལས་ཀྱིས་ནི་མེའི་ཁམས་ཡོད་པ་ཉིད་དུ་རྟོགས་ཏེ། གལ་ཏེ་དེ་མེད་པར་གྱུར་ན་ཤིང་ལ་སོགས་པ་འདྲུལ་བར་འགྱུར་རོ། །གཡོ་བའི་ལས་ཀྱིས་ན་རླུང་གི་ཁམས་ཡོད་པ་ཉིད་དུ་རྟོགས་ཏེ། གལ་ཏེ་དེ་མེད་པར་གྱུར་ན་དེ་འཕེལ་ཞིང་རྒྱས་པར་མི་འགྱུར་རོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །རྐྱེན་དང་ཕྲད་ན་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ནི་མེ་ལ་སོགས་པའི་རྐྱེན་དང་ཕྲད་ན་སྲ་བ་ལ་སོགས་པ་ཡང་གཤེར་བ་ལ་སོགས་པར་འགྱུར་བའི་ཕྱིར་ལ། གཤེར་བ་ལ་སོགས་པ་ཡང་སྲ་བ་ཉིད་ལ་སོགས་པར་འགྱུར་བའི་ཕྱིར་རོ། །དཔེར་ན་མེར་གྱུར་པ་ཡོད་ན་སྲ་བ་ལྕགས་ཀྱང་ནལ་ནལ་པོར་འགྱུར་ཏེ། དེས་ན་ལྕགས་ལ་ཆུའི་ཁམས་ཡོད་དོ་ཞེས་བྱ་བར་ཤེས་སོ། །དེ་བཞིན་དུ་གཤེར་བ་ཡང་གྲང་བ་ཉིད་ལ་སོགས་པའི་རྐྱེན་དང་ཕྲད་ན་སྲ་བར་འགྱུར་ཏེ། དེས་ན་འདི་ལ་སའི་ཁམས་ཡོད་པ་ཉིད་དུ་ཤེས་སོ། །དེ་བཞིན་དུ་འདྲུད་པ་ལས་དྲོ་བར་དམིགས་ཏེ། དེས་ན་འདི་ལ་མེའི་ཁམས་ཡོད་དོ་ཞེས་བྱ་བར་ཤེས་སོ། །དེ་བཞིན་དུ་གཞན་ལ་ཡང་ཅི་རིགས་པར་སྦྱར་རོ།། །། བམ་པོ་བཅུ་གཅིག་པ། གཞན་དག་ན་རེ་ཆུ་ལ་གྲང་བའི་ཁྱད་པར་གྱི་སྒོ་ནས་དྲོ་བ་ཡོད་པར་ཁོང་དུ་ཆུད་དོ་ཞེས་ཟེར་རོ་ཞེས་བྱ་བ་ནི་བཙུན་པ་དཔལ་ལེན་ཏེ། གང་གི་ཕྱིར་ཆུ་གྲང་བ་དང་ཤིན་ཏུ་གྲང་བ་དང་ཆེས་ཤིན་ཏུ་གྲང་བ་དག་དམིགས་པ་དེའི་ཕྱིར་དེ་ལ་མེ་ཆུང་བ་དང་ཤིན་ཏུ་ཆུང་བ་དང་ཆེས་ཤིན་ཏུ་ཆུང་བ་འབྱུང་བས་གྲང་བའི་ཁྱད་པར་དུ་གྱུར་པ་ཡིན་ཏེ། དེས་ན་དེ་ལ་མེའི་ཁམས་ཡོད་པར་ཤེས་སོ། །མ་འདྲེས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཞུང་ལུགས་དེ་སློབ་དཔོན་སུན་འབྱིན་པར་བྱེད་པ་ཡིན་ཏེ། དཔེར་ན་དགྲ་ལ་རྫས་གཞན་དང་འདྲེས་ཤིང་འཁྲུགས་པར་གྱུར་པ་མེད་ཀྱང་ཁྱད་པར་ཡང་ཡོད་དེ། ངོ་བོ་ཉིད་ཀྱི་བྱེ་བྲག་གིས་སྒྲ་གསལ་བ་དང་ཤིན་ཏུ་གསལ་བ་དང་ཆེས་ཤིན་ཏུ་གསལ་བ་ཡོད་པ་ལྟར་འདིར་ཡང་དེ་དང་འདྲ་བར་འགྱུར་རོ། །ཡང་དཔེར་ན་ཚོར་བ་རྫས་གཞན་ཅི་དང་ཡང་འདྲེས་པ་མ་ཡིན་ཡང༌།
ངོ་བོ་ཉིད་གསུམ་གྱི་ཁྱད་པར་གྱིས་ཤིན་ཏུ་དང་ཆེས་ཤིན་ཏུ་ཁྱད་པར་ཡང་ཡོད་པ་ལྟར་འདིར་ཡང་དེ་དང་འདྲ་བས། འདིས་ནི་མེ་ཡོད་པ་ཉིད་དུ་ཤེས་པར་མི་འགྱུར་ཏེ། ཆུ་དེ་དག་ཉིད་ཁ་ཅིག་ནི་གྲང་བ་ཡིན་ལ། ཁ་ཅིག་ནི་ཤིན་ཏུ་གྲང་བ་ཡིན། ཁ་ཅིག་ནི་ཆེས་ཤིན་ཏུ་གྲང་བ་ཡིན་པར་ཟད་དོ། །གཞན་དག་ན་རེ་དེ་དག་ལ་དེ་དག་ས་བོན་གྱི་སྒོ་ནས་ཡོད་ཀྱི་ཞེས་ཟེར་རོ་ཞེས་བྱ་བ་ནི་མདོ་སྡེ་པ་རྣམས་ཏེ། ས་བོན་གྱི་སྒོ་ནས་ཞེས་བྱ་བ་ནི་ནུས་པའི་སྒོ་ནས་ཏེ། མཐུའི་སྒོ་ནས་ཞེས་བྱ་བའི་ཐ་ཚིག་གོ །རང་གི་ངོ་བོར་ནི་མ་ཡིན་ཞེས་བྱ་བ་ནི་རྫས་སུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ནི་གང་གིས་ན་རྣལ་འབྱོར་པ་དག་མོས་པའི་ཁྱད་པར་གྱིས་གསེར་གྱི་ཁམས་དང༌། དངུལ་གྱི་ཁམས་དང༌། ཟངས་ཀྱི་ཁམས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཁམས་དག་བྱེད་པར་འགྱུར་བ་ནུས་པ་ཁོ་ན་ཡོད་དོ། །ཅིའི་ཕྱིར་ཞེ་ན། ཤིང་གི་ཕུང་པོ་འདི་ལ་ཁམས་རྣམ་པ་སྣ་ཚོགས་ཡོད་དོ་ཞེས་གསུངས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེར་ནི་བཅོམ་ལྡན་འདས་ཀྱིས་ཁམས་ཀྱི་ནུས་པ་ལ་དེ་སྐད་ཅེས་བཤད་པ་ཡིན་ཏེ། དེ་ལ་གསེར་དང༌། དངུལ་ལ་སོགས་པའི་ཁམས་མང་པོ་དག་རང་གི་ངོ་བོར་ཡོད་པའི་གོ་སྐབས་ནི་མེད་དོ། །རླུང་ལ་ཁ་དོག་ཇི་ལྟར་ཡོད་ཅེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཁོ་ན་ལ་བརྒལ་བ་ཡིན་ནོ། །འདོད་ན་དབང་པོ་མེད་པ་དང༌། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་ངེས་པར་བྱས་པ། ཇི་ལྟར་རླུང་ལ་ཁ་དོག་ཡོད་ཅེས་དམིགས་ཀྱིས་སེལ་བར་བྱེད་དེ། དེ་ལ་ནི་ཁ་དོག་ཇི་ལྟར་ཡང་མི་དམིགས་སོ། །དོན་འདི་ནི་དད་པར་བྱ་བ་ཡིན་གྱི། རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་ནོ་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཡིན་ཏེ། དོན་འདི་ནི་ཡིད་ཆེས་པ་དམ་པ་དག་གིས་བཤད་པ་ཡིན་པས་ཡིད་ཆེས་པར་བྱ་བ་ཡིན་གྱི་རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ཡང་ན་འདྲེས་པར་དྲི་འཛིན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་རྣམ་པ་གཅིག་ཏུ་ན་རྗེས་སུ་དཔག་པ་ཡང་ཡོད་དོ་ཞེས་སྟོན་པར་བྱེད་པ་ཡིན་ནོ། །དྲི་དང་ལྡན་པའི་རྫས་དང་འབྲལ་བ་ལས་རླུང་གི་དྲི་དམིགས་ལ་དྲི་དེ་ཡང་ཁ་དོག་ལ་འཁྲུལ་པ་མེད་དེ། གང་གི་དྲི་ཡོད་པ་དེ་ན་ཁ་དོག་ཡོད་པར་འགྱུར་རོ། །འདིར་སྒྲུབ་པའི་ཚིག་ནི་རླུང་ནི་ཁ་དོག་དང་ལྡན་པ་ཡིན་ཏེ། དྲི་དང་ལྡན་པའི་
ཕྱིར་སྣ་མའི་མེ་ཏོག་ལྟ་བུ་ཞེས་བྱ་བ་ཡིན་ནོ། །གཟུགས་ཀྱི་ཁམས་ན་ནི་དྲི་དང་རོ་དག་མེད་པར་བཤད་པས་ཞེས་བྱ་བ་ནི། དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །ཞེས་འབྱུང་བའི་ཕྱིར་རོ། །དེས་ན་དེ་ན་ཡོད་པའི་རྡུལ་ཕྲ་རབ་རྣམས་ནི་རྫས་དྲུག་དང་བདུན་དང་བརྒྱད་དང་ལྡན་པ་ཞེས་བྱ་བ་ལ། དེ་ན་ཡོད་པ་ནི་དེ་ན་ཡོད་པ་དག་གོ །དེ་ན་ཡོད་པའི་རྡུལ་ཕྲ་རབ་ལ་སོགས་པའི་རྡུལ་ཕྲ་རབ་དག་གི་དབང་དུ་བྱས་པ་ཡིན་ཏེ། འདི་ན་དབང་པོ་ཡང་མེད་སྒྲ་ཡང་མེད་པ་རྫས་བརྒྱད་པར་བཤད་པ་གང་ཡིན་པ་དེ་ནི་དེ་ན་རྫས་དྲུག་པ་ཡིན་ལ། ལུས་ཀྱི་དབང་པོ་དང་རྫས་དགུ་པ་གང་ཡིན་པ་དེ་ནི་རྫས་བདུན་པ་ཡིན་ནོ། །དབང་པོ་གཞན་དང་ཡང་ལྡན་པ་རྫས་བཅུ་པ་གང་ཡིན་པ་དེ་ནི་རྫས་བརྒྱད་པ་ཡིན་ནོ། །ཡང་འདི་དག་སྒྲ་དང་བཅས་པ་ཞིག་ཡིན་ན་ནི་རྫས་བདུན་པ་དང་བརྒྱད་པ་དང་དགུ་པ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །བཤད་ཟིན་པ་དང་འདྲ་བའི་ཕྱིར་ཡང་མི་བཤད་དོ་ཞེས་བྱ་བ་ནི་བཤད་ཟིན་པ་དང་མཚུངས་པའི་ཕྱིར་ཡང་མི་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ཅི་འདིར་རྫས་ཁོ་ན་ལ་རྫས་སུ་གཟུང་ངམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དངོས་ཀྱི་ཚུལ་གྱིས་གང་ལ་རང་གི་མཚན་ཉིད་ཡོད་པའི་རྫས་གང་ཡིན་པ་དེ་ལ་རྫས་སུ་གཟུང་ངམ་འོན་ཏེ་སྐྱེ་མཆེད་ཀྱི་རྫས་ཀྱི་དབང་དུ་བྱས་པ་ཡིན། སྐྱེ་མཆེད་ལ་ཡང་སྤྱི་དང་ཁྱད་པར་གྱི་མཚན་ཉིད་ཡོད་པའི་ཕྱིར་རྫས་ཤེས་བརྗོད་པར་མི་ནུས་སོ། །དེས་ན་ཅིར་འགྱུར་ཞེས་བྱ་བ་ནི་དེས་ན་ཉེས་པ་ཅིར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་རྫས་ཁོ་ན་ལ་རྫས་སུ་བཟུང་ན་ནི་ཞེས་བྱ་བ་ནི་གལ་ཏེ་གཟུགས་ཀྱི་མཐའི་མཚན་ཉིད་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་རྫས་ལ་རྫས་སུ་བཟུང་ན་ནི་རྫས་བརྒྱད་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་འདི་ཧ་ཅང་ཉུང་བར་སྨྲས་པ་ཡིན་ཏེ་ཁ་ཅིག་ལ་ཅི་རིགས་པར་རྫས་གཞན་དབྱིབས་དང་ཡང་བ་ཉིད་དང༌། ལྕི་བ་ཉིད་དང༌། འཇམ་པ་ཉིད་དང༌། རྩུབ་པ་ཉིད་དང༌། གྲང་བ་དང༌། བཀྲེས་པ་དང༌། སྐོམ་པ་དག་ཀྱང་ཡོད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་རྫས་བརྒྱད་པ་གང་ཡིན་པ་དེ་ནི་རྫས་དགུ་པ་ཡིན་པ་ནས་རྫས་བཅུ་བཞི་པའི་བར་ཡིན་པར་འགྱུར་བས་རྫས་བརྒྱད་པའི་ངེས་པ་ཉམས་པར་འགྱུར་ཏེ། རྫས་དགུ་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་བཞིན་དུ་གཟུགས་
ཀྱི་ཁམས་ན་ཡང་རྫས་དྲུག་དང་བདུན་དང་བརྒྱད་པའི་ངེས་པ་ཉམས་པར་ཁོང་དུ་ཆུད་པར་བྱའོ། །རྫས་བཞི་དང་ལྡན་པ་ཞེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་གང་གི་ཕྱིར། རེག་བྱ་རྣམ་པ་གཉིས་ཡིན་ཏེ། །ཞེས་འབྱུང་བས་ས་ལ་སོགས་པ་འབྱུང་བ་རྣམས་ཀྱང་རེག་བྱའི་སྐྱེ་མཆེད་ཡིན་པ་དེའི་ཕྱིར་འདོད་པ་ན་སྒྲ་མེད་པ་ནི་གཟུགས་དང་དྲི་དང་རོ་དང་རེག་བྱ་ཞེས་བྱ་བ་རྫས་བཞི་པ་ཡིན་ལ་སྒྲ་དང་བཅས་ན་ནི་རྫས་ལྔ་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །རྟེན་དུ་གྱུར་པ་གང་ཡིན་པའོ་ཞེས་བྱ་བ་ནི་ས་ལ་སོགས་པ་བཞིའོ། །རྟེན་ཅན་དུ་གྱུར་པ་གང་ཡིན་པའོ་ཞེས་བྱ་བ་ནི་གཟུགས་དང་དྲི་དང་རོ་དང་རེག་བྱའི་ཕྱོགས་གཅིག་གོ །དེ་ལྟར་ན་དབྱིབས་ཀྱང་གཟུགས་ཀྱི་ནང་དུ་འདུས་པའི་ཕྱིར་ལ་ཡང་བ་ཉིད་ལ་སོགས་པ་ཡང་རེག་བྱ་ཡིན་པས་འདི་ཧ་ཅང་ཉུང་བར་སྨྲས་པ་མ་ཡིན་ལ་རྟེན་དུ་གྱུར་པ་རྣམས་རེག་བྱའི་སྐྱེ་མཆེད་ཀྱི་ནས་ཕྱུང་སྟེ། རྣམ་པ་བཞིར་བསྟན་པའི་ཕྱིར་ཧ་ཅང་མངས་པ་ཡང་མ་ཡིན་ཡོ། །དེ་ལྟ་བས་ན་འབྱུང་བའི་རྫས་རྣམས་མང་པོར་འགྱུར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་ལ། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའི་ནི་རྒྱུར་བྱས་པའི་གཟུགས་སྔོན་པོའམ་སེར་པོ་གཅིག་གི་རྟེན་འབྱུང་བ་བཞི་ཚན་གང་ཡིན་པ་དེ་ཉིད་རྒྱུར་བྱས་པའི་གཟུགས་གཞན་དྲིའམ་རོའི་རྟེན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེའི་རྟེན་ནི་འབྱུང་བ་བཞི་ཚན་གཞན་ཁོ་ན་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདིར་ནི་རིགས་ལ་རྫས་སུ་བཟུང་སྟེ། །ཞེས་བྱ་བ་ནི་འདིར་ནི་འབྱུང་བ་བཞི་ཚན་གྱི་རིགས་ལ་རྫས་སུ་བཟུང་སྟེ། འབྱུང་བ་བཞི་ཚན་གཞན་དག་ཀྱང་འབྱུང་བ་བཞི་ཚན་གཅིག་གི་རིགས་ཇི་ལྟ་བ་དེ་ལས་ནི་མི་འདའོ། །དེ་ལྟར་འབད་དེ་བྱེ་བྲག་ཏུ་བཤད་ཅི་དགོས་ཞེས་བྱ་བ་ནི་འདིར་ཅུང་ཟད་ཅིག་ནི་རྫས་ཁོ་ན་ལ་རྫས་སུ་གཟུང་སྟེ། རྟེན་དུ་གྱུར་པ་གང་ཡིན་པའོ། །ཅུང་ཟད་ཅིག་ནི་སྐྱེ་མཆེད་ཀྱི་རྫས་སུ་གཟུང་སྟེ། རྟེན་ཅན་དུ་གྱུར་པ་གང་ཡིན་པའོ། །རྟེན་ཅན་དུ་གྱུར་པ་དེ་ཡང་དེའི་རིགས་ལ་གཟུང་བར་བྱའོ་ཞེས་བྱ་བ་ཡིན་ནོ། །ཚིག་ནི་འདུན་པའི་སྒོ་ནས་འཇུག་པ་ཡིན་པས་དོན་ལ་བརྟག་པར་བྱའོ་ཞེས་བྱ་བ་ནི་མདོར་བསྡུས་པ་དང་རྒྱས་པར་བྱས་པའི་རྗེས་སུ་བྱེད་པའི་ཚིག་ནི་འདུན་པ་སྟེ། འདོད་པའི་སྒོ་ནས་འཇུག་པ་ཡིན་པས་ཅི་དེ་རྣམས་ངེས་པར་
ལྷན་ཅིག་སྐྱེ་བ་ཡིན་ནམ་མ་ཡིན་ཞེས་དེ་དག་གི་དོན་ལ་བརྟག་པར་བྱའོ། །རྣལ་འབྱོར་སྤྱོད་པ་སེམས་པར་བྱེད་པ་དག་ནི་བསགས་པར་གནས་པ་དག་ལ་འབྱུང་བ་དང་འགྱུར་བ་ལས་གྱུར་པ་རྣམས་ངེས་པར་བརྗོད་དོ། །ཇི་ལྟ་ཞེ་ན། སྨྲས་པ། འདུས་པ་ལས་འབྱུང་བ་གཅིག་ལས་གྱུར་པ་ཡང་ཡོད་དེ། འདི་ལྟ་སྟེ་བོང་རྡོག་སྐམས་པ་ལྟ་བུའོ། །འབྱུང་བ་གཉིས་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་གཤེར་བ་ལྟ་བུའོ། །འབྱུང་བ་གསུམ་ལས་གྱུར་པ་ཡང་ཡོད་དེ། །དེ་ཉིད་དྲོ་བ་ལྟ་བུའོ། །འབྱུང་བ་ཐམས་ཅད་ལས་གྱུར་པའི་བར་ཡང་ཡོད་དེ་བོང་རྡོག་གཤེར་བ་དང་དྲོ་བ་དེ་ཉིད་འགྲོ་བའི་གནས་སྐབས་ནའོ། །རྒྱུར་བྱས་པའི་གཟུགས་ལ་ཡང་འདུས་པ་གང་ལ་རྒྱུར་བྱས་པའི་གཟུགས་གང་ཞིག་དམིགས་པ་དེ་ནི་དེ་ལ་ཡོད་དོ་ཞེས་བྱ་བར་རིག་པར་བྱ་སྟེ། འདུས་པ་ལ་རྒྱུར་བྱས་པའི་གཟུགས་གཅིག་དང་ལྡན་པ་ཡང་ཡོད་དེ། འདི་ལྟ་སྟེ་འོད་ལྟ་བུའོ། །རྒྱུར་བྱས་པའི་གཟུགས་གཉིས་དང་ལྡན་པ་ཡང་ཡོད་དེ་འདི་ལྟ་སྟེ་རླུང་སྒྲ་དང་དྲི་དང་བཅས་པ་ལྟ་བུའོ། །རྒྱུར་བྱས་པའི་གཟུགས་གསུམ་དང་ལྡན་པ་ཡང་ཡོད་དེ། འདི་ལྟ་སྟེ་དུ་བ་ལྟ་བུའོ། །དེ་ནི་གཟུགས་དང་དྲི་དང་རེག་བྱའི་ཁྱད་པར་གྱིས་རབ་ཏུ་ཕྱེ་བའི་ཕྱིར་ཏེ། འདི་ལ་རེག་བྱའི་ཁྱད་པར་ནི་ཡང་བ་ཉིད་ཡིན་པར་རིག་པར་བྱའོ། །རྒྱུར་བྱས་པའི་གཟུགས་བཞི་དང་ལྡན་པ་ཡང་ཡོད་དེ། འདི་ལྟ་སྟེ་ཨ་ག་རུའི་སྡོང་བུ་ལྟ་བུའོ། །རྒྱུར་བྱས་པའི་གཟུགས་ལྔ་དང་ལྡན་པ་ཡང་ཡོད་དེ། འདི་ལྟ་སྟེ་དེ་ཉིད་སྒྲ་དང་བཅས་པ་ལྟ་བུའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བརྗོད་པར་བྱའོ། །ལྷག་མ་རྣམས་ཀྱི་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དང་ལྡན་པ་མ་ཡིན་པ་དག་གིའོ། །སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཅེས་བྱ་བ་ནི་སེམས་ཀྱང་སེམས་ལས་བྱུང་བ་དག་མེད་པར་མི་སྐྱེ་ལ་སེམས་ལས་བྱུང་བ་དག་ཀྱང་སེམས་མེད་པར་མི་སྐྱེའོ་ཞེས་བྱ་བར་ངེས་པར་གཟུང་བ་ཡིན་གྱི་སེམས་ཐམས་ཅད་ཀྱང་སེམས་ལས་བྱུང་བ་ཐམས་ཅད་དང་ངེས་པར་ལྷན་ཅིག་སྐྱེའོ་ཞེས་བྱ་བ་ཡང་མ་ཡིན་ལ། སེམས་ལས་བྱུང་བ་ཐམས་ཅད་ཀྱང་སེམས་ཐམས་ཅད་དང་ངེས་པར་ལྷན་ཅིག་སྐྱེའོ་ཞེས་བྱ་བ་ཡང་མ་
ཡིན་ནོ། །ཐམས་ཅད་འདུས་བྱས་མཚན་ཉིད་དང་ཞེས་བྱ་བ་ནི་དེ་ཐམས་ཅད་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ལ་སོགས་པ་དེ་དག་དང་གདོན་མི་ཟ་བར་ལྷན་ཅིག་སྐྱེས་པ་ཡིན་ནོ། །དེ་ཡང་གང་ཞིག་ཅེ་ན། གཟུགས་སམ་སེམས་སམ་སེམས་ལས་བྱུང་བ་དག་གམ་ལྡན་པ་མ་ཡིན་པ་དག་ཀྱང་རུང་གང་ཅུང་ཟད་སྐྱེ་བ་དེ་ཐམས་ཅད་ནི་ཞེས་བྱ་བ་སྨོས་ཏེ། འདུས་མ་བྱས་ནི་སྐྱེ་བ་མེད་པ་ཁོ་ནའོ་ཞེས་གོང་ཉིད་དུ་སྨོས་ཟིན་པའི་ཕྱིར་རོ། །བྱེ་བྲག་ཏུ་བྱ་བའི་ཕྱིར་རམ་ཞེས་བྱ་བའི་སྒྲ་སྨོས་སོ་ཞེས་བྱ་བ་ནི་ཁ་ཅིག་ནི་ཐོབ་པ་དང་ལྷན་ཅིག་སྐྱེ་སྟེ། སེམས་ཅན་དུ་བགྲང་བ་གང་ཡིན་པའོ། །ཁ་ཅིག་ནི་མི་སྐྱེ་སྟེ། སེམས་ཅན་དུ་བགྲང་བ་མ་ཡིན་པ་གང་ཡིན་པའོ་ཞེས་བྱེ་བྲག་ཏུ་བྱ་བ་ཡིན་ནོ། །སོ་སོར་བརྟགས་པ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དག་ལ་ཡང་ཐོབ་པ་ཡོད་མོད་ཀྱི་དེ་དག་སྐྱེ་བར་ནི་མི་འགྱུར་བས་དེ་གཉིས་མ་སྨོས་ཏེ། འདི་ནི་ངེས་པར་ལྷན་ཅིག་སྐྱེ་བ་ལས་བརྩམས་པ་ཡིན་ནོ། །སེམས་ཅན་དུ་བགྲང་བ་མ་ཡིན་པ་ལ་ཐོབ་པ་མེད་དོ་ཞེས་བྱ་བ་འདི་ལ་གཏན་ཚིགས་ཅི་ཞིག་ཡོད་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་ཡིན་པའི་ཕྱིར་རོ། །ལྷན་ཅིག་སྐྱེ་བའི་ཐོབ་པ་ཁོ་ན་དང་ཐོབ་པ་དང་ལྡན་པ་ལྷན་ཅིག་སྐྱེ་བའི་དུས་སྔ་མ་དང་ཕྱིས་སྐྱེ་བ་དང་ནི་མ་ཡིན་པ་ཁོ་ནའོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གོ་སྐབས་ཀྱི་ཡུལ་ཏེ་ཞེས་བྱ་བ་ནི་སྐྱེ་བའི་ཡུལ་ཞེས་བྱ་བའི་ཐ་ཚིག་གོ །ས་མང་པོ་པ་རྣམས་ཞེས་བྱ་བ་ནི་སེམས་ཐམས་ཅད་ལ་འབྱུང་བའི་ཕྱིར་མང་པོ་པ་ཉིད་ཡིན་ནོ། །ཆོས་བཅུ་པོ་འདི་དག་ནི་སེམས་ཀྱི་སྐད་ཅིག་ཐམས་ཅད་ལ་ཚོགས་པར་འབྱུང་ངོ་ཞེས་གྲག་གོ་ཞེས་བྱ་བ་ལ། གྲག་ཅེས་བྱ་བའི་སྒྲ་ནི་གཞན་གྱི་གཞུང་ལུགས་བསྟན་པའི་ཕྱིར་རོ། །རང་གི་གཞུང་ལུགས་ནི་འདུན་པ་ལ་སོགས་པ་སེམས་ཐམས་ཅད་ལ་མི་འབྱུང་བ་ཡིན་ཏེ། འདི་ལྟར་སློབ་དཔོན་འདིས་ཕུང་པོ་ལྔའི་ནང་དུ་འདུན་པ་གང་ཞེ་ན། བསམས་པའི་དངོས་པོ་ལ་མངོན་པར་འདོད་པའོ། །མོས་པ་གང་ཞེ་ན་ངེས་པའི་དངོས་པོ་དེ་བཞིན་དུ་ངེས་པར་འཛིན་པའོ་ཞེས་བྱ་བ་ལ་སོགས་པ་བྲིས་སོ། །སེམས་པ་ནི་སེམས་མངོན་པར་འདུ་བྱེད་པའོ་ཞེས་བྱ་བ་ནི་སེམས་རབ་ཏུ་གཡོ་བར་བྱེད་པ་སྟེ། རབ་ཏུ་གཡོ་བར་
བྱེད་པ་བཞིན་དུ་རབ་ཏུ་གཡོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཡུལ་ལ་མཚན་མར་འཛིན་པའོ་ཞེས་བྱ་བ་ནི་ཡུལ་གྱི་ཁྱད་པར་འཛིན་པའོ་ཞེས་བྱ་བའི་ཐ་ཚིག་གོ །རེག་པ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འདུས་པ་ལས་སྐྱེས་པའི་རེག་པའོ་ཞེས་བྱ་བ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འདུས་པ་ལས་སྐྱེས་པའི་རེག་པ་ནི་རེག་པ་དང་འདྲ་བར་རེག་པ་ཡིན་ཏེ། གང་དང་ལྡན་པས་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་ཕན་ཚུན་རེག་པ་བཞིན་དུ་རེག་པ་ཡིན་ནོ། །ཆོས་རབ་ཏུ་རྣམ་པར་འབྱེད་པའོ་ཞེས་བྱ་བ་ནི་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པས་རབ་ཏུ་རྣམ་པར་འབྱེད་པ་འམ། འདིས་རབ་ཏུ་རྣམ་པར་འབྱེད་པར་འགྱུར་བས་རབ་ཏུ་རྣམ་པར་འབྱེད་པའོ། །གང་གིས་ན་ཆོས་འདྲེས་པ་ལྟ་བུ་རྣམས་ལ་མེ་ཏོག་དག་ལྟར་འདི་དག་ནི་ཟག་པ་དང་བཅས་པའོ། །འདི་དག་ནི་ཟག་པ་མེད་པའོ། །འདི་དག་ནི་གཟུགས་ཅན་ནོ། །འདི་དག་ནི་གཟུགས་ཅན་མ་ཡིན་པའོ་ཞེས་བྱ་བར་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་སྟེ། དམིགས་ཀྱིས་སེལ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །གྲགས་པ་ཡིན་པའི་ཕྱིར་ཤེས་རབ་ཅེས་བརྗོད་པར་བྱ་བ་ལས་ཚིག་ལེའུར་བྱས་པ་ལས་ཚིགས་སུ་བཅད་པ་བསྡེབས་པ་དང་མཐུན་པར་བློ་གྲོས་ཞེས་བཤད་པ་ཡིན་ནོ། །དྲན་པ་ནི་དམིགས་པ་མི་བརྗེད་པའོ་ཞེས་བྱ་བ་ནི་གང་དང་ལྡན་པས་ཡིད་ཀྱིས་དམིགས་པ་མི་བརྗེད་པ་སྟེ། དེ་མངོན་པར་བརྗོད་པ་ལྟ་བུ་དེ་ནི་དྲན་པ་ཡིན་ནོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ་ཞེས་བྱ་བ་ནི་དམིགས་པ་ལ་སེམས་འཇུག་ཅིང་གཏོད་པར་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ །ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་པའམ། ཡིད་ལ་བྱེད་ཅིང་གཏོད་པར་བྱེད་པས་ན་ཡིད་ལ་བྱེད་པའོ། །འདོད་པ་ནི་དེའི་དམིགས་པ་ལ་ཡོན་ཏན་དུ་ངེས་པར་འཛིན་པའོ། །གཞན་དག་ན་རེ་འདོད་པ་ཡིན་ནོ་ཞེས་ཟེར་རོ། །རྣལ་འབྱོར་སྤྱོད་པ་སེམས་པར་བྱེད་པ་དག་ནི་ཇི་ལྟར་ངེས་པ་བཞིན་འཛིན་པ་ཡིན་ནོ་ཞེས་བྱ་བར་སེམས་སོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་དོ་ཞེས་བྱ་བ་ལ། རྩེ་དང་དམིགས་པ་ཞེས་བྱ་
བ་ནི་དོན་གཅིག་སྟེ། གང་དང་ལྡན་པས་སེམས་དམིགས་པ་གཅིག་ལ་རྒྱུན་ཆགས་སུ་འཇུག་པ་ནི་ཏིང་ངེ་འཛིན་ཡིན་ནོ། །གལ་ཏེ་ཏིང་ངེ་འཛིན་སེམས་ཐམས་ཅད་ལ་ཡོད་ན་ཅིའི་ཕྱིར་བསམ་གཏན་དག་ལ་འབད་པར་བྱེད་ཅེ་ན་སྟོབས་དང་ལྡན་པའི་ཏིང་ངེ་འཛིན་བསྒྲུབ་པའི་ཕྱིར་རོ། །ཇི་ལྟར་སེམས་གཅིག་ལ་སེམས་ལས་བྱུང་བ་མཚན་ཉིད་ཐ་དད་པ་བཅུ་ཡོད་པ་ཉིད་དུ་ཤེས་ཤེ་ན། དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་བྱེ་བྲག་ནི་ཕྲ་བས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ཁྱད་པར་དེ་ནི་རེ་ཞིག་རྒྱུན་རྣམས་ལ་ཡང་བརྟགས་པར་དཀའ་ན་དུས་ཀྱི་མཐའི་མཚན་ཉིད་སྐད་ཅིག་མ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་རེ་ཞིག་སྨན་ལ་སོགས་པ་གཟུགས་ཅན་རྣམས་ཏེ་ལུས་ཅན་རྣམས་ལ་ཡང་ཨ་རུ་ར་ལ་སོགས་པ་རོ་མང་པོ་ཁ་ཅིག་གི་རོའི་ཁྱད་པར་དབང་པོས་གཟུང་བར་བྱ་བ་སྟེ། ལྕེའི་དབང་པོས་གཟུང་བར་བྱ་བ་རྣམས་ངེས་པར་གཟུང་བར་དཀའ་ཞིང་ཡོངས་སུ་གཅད་པར་དཀའ་བ་ཡིན་ན་ཆོས་གང་དག་གཟུགས་ཅན་མ་ཡིན་ཞིང་བློས་གཟུང་བར་བྱ་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་ཡིད་ཆེས་པས་བསྟན་པ་ཡིན་པའི་ཕྱིར་དེ་ཁོ་ན་བཞིན་དུ་ཡིད་ཆེས་པར་བྱའོ་སྙམ་དུ་བསམས་པ་ཡིན་ནོ། །དད་པ་ནི་སེམས་དང་བའོ་ཞེས་བྱ་བ་ནི་དད་པ་དང་ལྡན་པས་སེམས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་རྙོག་པ་དངས་པར་འགྱུར་རོ། །ནོར་བུ་ཆུའི་དང་བྱེད་དང་ལྡན་པས་ཆུ་བཞིན་ནོ། །གཞན་དག་ན་རེ་བདེན་པ་དང་དཀོན་མཆོག་དང་ལས་དང་འབྲས་བུ་རྣམས་ལ་མངོན་པར་ཡིད་ཆེས་པ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་བདེན་པ་བཞི་དང་དཀོན་མཆོག་གསུམ་དང་ལས་དགེ་བ་དང་མི་དགེ་བ་དག་དང་འབྲས་བུ་འདོད་པ་དང་མི་འདོད་པ་དག་ལ་འདི་དག་ནི་ཡོད་པ་ཁོ་ནའོ་སྙམ་དུ་མངོན་པར་ཡིད་ཆེས་ཤིང་མངོན་པར་རྟོགས་པ་ནི་དད་པ་ཡིན་ནོ་ཞེས་དད་པ་ནི་དེ་ལྟ་བུའི་རྣམ་པ་ཡིན་པར་སྟོན་པ་ཡིན་ནོ། །བག་ཡོད་པ་ནི་དགེ་བའི་ཆོས་རྣམས་བསྒོམ་པའོ་ཞེས་བྱ་བ་ལ། སྒོམ་པ་ཞེས་བྱ་བ་ནི། །རྙེད་དང་རྟེན་ཞེས་བྱ་བ་ནི། །དགེ་བ་འདུས་བྱས་སྒོམ་པའོ། །ཞེས་འབྱུང་བའི་ཕྱིར་དགེ་བའི་ཆོས་
རྣམས་རྙེད་པ་དང་བསྟེན་པའི་ངོ་བོ་ཉིད་ཡིན་ནོ། །དེ་ཇི་ལྟར་སེམས་ལས་བྱུང་བ་བག་ཡོད་པ་ཞེས་བྱ་བར་འགྱུར་ཞེ་ན། གང་ཞིག་ཡོད་ན་རྙེད་པ་དང་བསྟེན་པའི་བསྒོམ་པ་དེ་ཡོད་པ་དེ་ནི་བག་ཡོད་པ་སྟེ། གཅེས་སུ་བྱེད་པའི་མཚན་ཉིད་ཡིན་ནོ། །དེའི་ཕྱིར་དེ་དག་ཉིད་ལ་གཅེས་སུ་འཛིན་པ་ཉིད་གང་ཡིན་པའོ་ཞེས་བྱ་བ་སྨོས་ཏེ། དེ་ལྟ་ཡིན་པར་བསྒོམ་པའི་རྒྱུ་ལ་སྒོམ་པ་ཉེ་བར་གདགས་པ་ནི་བྱས་པ་ཡིན་ནོ། །སེམས་ཀུན་དུ་སྲུང་བའོ་ཞེས་བྱ་བ་ནི་གང་གིས་ཀུན་ནས་ཉོན་མོངས་པ་དག་ལས་སེམས་ཀུན་དུ་སྲུང་བ་དེ་ནི་བག་ཡོད་པ་ཡིན་ནོ། །སེམས་ལས་སུ་རུང་བ་ཉིད་ཅེས་བྱ་བ་ནི་གང་དང་ལྡན་པས་སེམས་ལས་སུ་རུང་བར་འགྱུར་པ་དེ་ནི་སེམས་ལས་སུ་རུང་བ་ཉིད་དེ། སེམས་ཡང་བའོ་ཞེས་བྱ་བའི་ཐ་ཚིག་གོ །མདོ་ལས་ལུས་ཤིན་ཏུ་སྦྱངས་པ་ཞེས་ཀྱང་གསུངས་པ་མ་ཡིན་ནམ་ཞེ་ན་ཞེས་བྱ་བ་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་སུ་འགྱུར་བའི་རྣམ་གྲངས་གང་ཡིན་ཞེ་ན། ལུས་ཤིན་ཏུ་སྦྱངས་པ་ཡང་ཡོད་ལ་སེམས་ཤིན་ཏུ་སྦྱངས་པ་ཡང་ཡོད་དོ། །དེ་ལ་ལུས་ཤིན་ཏུ་སྦྱངས་པ་གང་ཡིན་པ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དེ་ཡང་མངོན་པར་ཤེས་པ་དང་རྫོགས་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པར་འགྱུར་པ་ཡིན་ལ་སེམས་ཤིན་ཏུ་སྦྱངས་པ་གང་ཡིན་པ་གང་དག་བྱང་ཆུབ་ཀྱི་ཡན་ལག་དེ་ཡང་མངོན་པར་ཤེས་པ་དང༌། རྫོགས་པའི་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པར་འགྱུར་བ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །ཇི་ལྟར་ན་ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ་རུང་བ་ཉིད་དོ་ཞེས་བྱ་བ་འདི་གཅིག་ཁོ་ན་བརྗོད་ཅེ་ན། དེ་ནི་ལུས་ཀྱི་ཚོར་བ་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཚོར་བ་སེམས་ལས་བྱུང་བ་ཡིན་ཡང་རྡུལ་ཕྲ་རབ་བསགས་པའི་བདག་ཉིད་ཀྱི་དབང་པོ་ལ་བརྟེན་པའི་ཕྱིར་ལུས་ཀྱི་ཞེས་བྱ་བ་ལྟར་ཤིན་ཏུ་སྦྱངས་པ་འདི་ཡང་དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །དེ་ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་ཏུ་རུང་བར་འགྱུར་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་ནི་མཉམ་པར་བཞག་པ་མ་ཡིན་པའི་ཕྱིར་འདྲི་བར་བྱེད་པ་ཡིན་ནོ། །འོ་ན་དེར་ནི་ལུས་ལས་སུ་རུང་བ་ཁོ་ན་ཞེས་བྱ་བ་རྒྱས་པར་
འབྱུང་བ་ནི་མདོ་དེར་ནི་ལུས་ཉམ་ང་བ་མེད་པ་ཁོ་ན་ལུས་ལས་སུ་རུང་བ་ཉིད་ཡིན་ཏེ། ཡིད་དགའ་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་འབྱུང་བའི་ཁྱད་པར་དགའ་བས་དྲངས་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་ཞེས་བྱ་བ་ནི་ཚོགས་པ་སོ་སོ་ན་འདུག་པའི་ཕྱིར་དང༌། ཟག་པ་དང་བཅས་པ་ཡིན་པའི་ཕྱིར་མི་རུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །དགའ་བ་དང་དགའ་བའི་གནས་ལྟ་བུའི་ཆོས་རྣམས་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་གསུངས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མུ་སྟེགས་ཅན་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ལ་འདི་སྐད་ཅེས། ཁྱེད་ལ་དགེ་སློང་གཽ་ཏ་མས་འདི་སྐད་དུ་དགེ་སློང་དག་ཁྱེད་ཚུར་ཤེག་སྒྲིབ་པ་ལྔ་པོ་སེམས་འཁྲུག་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ་དག་སྤོང་ལ། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་ཤིག་ཅེས་བཤད་དོ་ཞེས་གྲག་སྟེ། ཁོ་བོ་ཅག་ཀྱང་དེ་སྐད་དུ་སྨྲ་ན། དེ་ལ་ཁོ་བོ་ཅག་དང་དགེ་སྦྱོང་གཽ་ཏ་མར་ཆོས་སྟོན་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་དེ་དག་ལ་ལྔ་ཡོད་པ་ལས་བཅུར་འགྱུར་བ་དང་བཅུ་ཡོད་པ་ལས་ལྔར་རྣམ་པར་གཞག་པ་འདི་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་ཁོང་ཁྲོ་བ་དང༌། དེ་དང་མཐུན་པའི་ཕྱིར་ཁོང་ཁྲོ་བའི་རྒྱུ་མཚན་ཀུན་ནས་མནར་སེམས་ཀྱི་གཞི་དགུ་ཡང་གནོད་སེམས་ཀྱི་སྒྲིབ་པར་བཤད་དོ། །དེ་བཞིན་དུ་དགའ་བ་དང་དེ་དང་མཐུན་པའི་ཕྱིར་དགའ་བའི་རྒྱུ་མཚན་ཡང་ཞེས་བྱ་བའི་དབྱེ་བ་འདིས་བདུན་ཡོད་པ་ལས་བཅུ་བཞིར་འགྱུར་ལ་བཅུ་བཞི་ཡོད་པ་བདུན་དུ་རྣམ་པར་གཞག་པ་འདི་ཡང་ཡོད་དོ། །རྟོག་པ་དང་རྩོལ་བ་དག་ཤེས་རབ་ཀྱི་རང་བཞིན་མ་ཡིན་ཡང་ཞེས་བྱ་བ་ནི་དེ་དག་ནི་གོ་རིམས་བཞིན་དུ་རྟོག་པ་དང་བརྩོན་འགྲུས་ཀྱི་རང་བཞིན་ཡིན་པའི་ཕྱིར་དེ་གཉིས་ཤེས་རབ་ཀྱི་རང་བཞིན་མ་ཡིན་ནོ། །གང་གི་ཚེ་ལམ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་ཞེས་ཕུང་པོ་གསུམ་དུ་མཛད་པ་ན་ནི་ཤེས་རབ་ཀྱི་ཕུང་པོ་གང་ཞེ་ན། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་རྩོལ་བའོ་ཞེས་ཤེས་རབ་ཀྱི་ཕུང་པོ་བསྟན་པ་དེའི་ནང་
དུ་བཤད་དོ། །བཏང་སྙོམས་ནི་སེམས་མཉམ་པ་ཉིད་ཅེས་བྱ་བ་ནི་གང་དང་ལྡན་པས་སེམས་ལྷུན་གྱིས་གྲུབ་པར་མཉམ་པར་འདུག་པ་དེ་ནི་བཏང་སྙོམས་ཏེ། འདུ་བྱེད་ཀྱི་བཏང་སྙོམས་ཞེས་བྱའོ། །བཏང་སྙོམས་ནི་རྣམ་པ་གསུམ་སྟེ། ཚོར་བའི་བཏང་སྙོམས་དང༌། འདུ་བྱེད་ཀྱི་བཏང་སྙོམས་དང༌། ཚད་མེད་པའི་བཏང་སྙོམས་སོ། །འདི་དག་གི་བྱེ་བྲག་ནི་ཤེས་པར་དཀའོ་ཞེས་བཤད་པ་མ་ཡིན་ནམ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་བྱེ་བྲག་ནི་ཕྲ་བས་དེ་ནི་རེ་ཞིག་རྒྱུན་རྣམས་ལ་ཡང་ཡོངས་སུ་གཅད་པར་དཀའ་ན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཤེས་པར་བྱ་བ་དཀའ་བ་ནི་ཤེས་པར་དཀའ་བ་སྟེ་སེམས་ཀྱི་སྐད་ཅིག་མ་གཅིག་ལ་རེག་པ་ལ་སོགས་པ་ཆོས་ཀྱི་ཁྱད་པར་མི་འགལ་བ་ཡོད་པར་ཤེས་པར་དཀའ་བ་ཡང་ཤེས་པར་ཡོད་ཀྱི་སེམས་ཀྱི་སྐད་ཅིག་མ་གཅིག་ལ་རྩོལ་བ་དང་རྩོལ་བ་མེད་པ་དག་ཡོད་པ་གང་འགལ་བཞིན་དུ་ཡང་མི་འགལ་ལོ་ཞེས་བྱ་བ་ནི་ཤིན་ཏུ་ཤེས་པར་དཀའ་སྟེ་རྣམ་པར་འཇོག་པ་ཞེས་བྱ་བའི་ཚིག་ལྷག་མ་ཡིན་ནོ། །སེམས་ཀྱི་སྐད་ཅིག་མ་གཅིག་ལ་བདེ་བ་དང་སྡུག་བསྔལ་འགལ་བ་དག་ཡོད་པ་ནི་མ་མཐོང་ངོ༌། །རྩོལ་བ་ཡང་གཞན་དུ་འབྱུང་ལ་ཞེས་བྱ་བ་ནི་རྩོལ་བ་ཡང་དམིགས་པ་གཞན་ལ་འབྱུང་ལ་རྩོལ་བ་མེད་པ་ཡང་གཞན་དུ་འབྱུང་བས་འགལ་བ་མེད་དོ། །འདི་ལས་འདི་ལྟ་བུའི་རིགས་གཞན་ཡང་འབྱུང་བས་ཞེས་བྱ་བ་ནི་འགལ་བའི་རིགས་ཏེ་དཔེར་ན་རྟོག་པ་དང་དཔྱོད་པ་དག་ལྟ་བུའོ། །དེ་དག་གི་མཚན་ཉིད་ནི། །རྟོག་དང་དཔྱོད་པ་རྩིང་ཞིབ་དག །ཅེས་འབྱུང་བའི་ཕྱིར་རྟོག་པ་ནི་སེམས་རྩིང་བ་ཉིད་ཡིན་ལ་དཔྱོད་པ་ནི་སེམས་ཞིབ་པ་ཉིད་ཡིན་ཏེ་དེ་དག་ཀྱང་གཅིག་ལ་ཡོད་པ་འགལ་ལོ་ཞེས་འཆད་པར་འགྱུར་རོ། །དེའི་ངང་ཚུལ་གང་ཡིན་པ་དེ་འདི་ལ་ཡང་རིག་པར་བྱའོ་ཞེས་བྱ་བ་ནི་འདི་གཉིས་ནི་རྣམ་གྲངས་ཀྱིས་འབྱུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ནི་འོག་ནས་འཆད་པར་འགྱུར་རོ་ཞེས་བྱ་བ་ནི། མ་གུས་ངོ་ཚ་མེད་ཁྲེལ་མེད། །ཁ་ན་མ་ཐོས་འཇིགས་མི་ལྟ། །ཞེས་བྱ་བ་འདིར་བཟློག་སྟེ་སྨོས་པའི་ཕྱིར་རོ། །དེ་ནི་ཤེས་རབ་ཀྱི་བདག་ཉིད་ཡིན་ལ་ཞེས་བྱ་བ་ནི་གཏི་མུག་མེད་པ་དེ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའོ། །ཤེས་
རབ་ནི་ས་མང་པོ་པ་ཡིན་པས་ཞེས་བྱ་བ་ནི། བློ་གྲོས་དྲན་ཞེས་འབྱུང་བའི་ཕྱིར་རོ། །འདི་དགེ་བའི་ས་མང་པོ་ཁོ་ན་ཡིན་པར་ནི་མི་བརྗོད་དོ། །འོ་ན་ཅི་ཞེ་ན་ནི་དགེ་བའི་ས་ཆེན་པོ་ལ་སོགས་པ་ཡང་ཡིན་ནོ། །རྣམ་པར་ཐོ་མི་འཚམས་པའོ་ཞེས་བྱ་བ་ནི་གང་དང་ལྡན་པས་གཞན་ལ་རྣམ་པར་ཐོ་འཚམས་པར་མི་བྱེད་པ་དེ་ནི་སེམས་ལས་བྱུང་བ་རྣམ་པར་མི་འཚེ་བ་སྟེ་རྣམ་པར་འཚེ་བའི་གཉེན་པོ་ཡིན་ནོ། །སེམས་མངོན་པར་སྤྲོ་བའོ་ཞེས་བྱ་བ་ནི་དགེ་བ་བྱ་བ་ལ་མངོན་པར་སྤྲོ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཡིན་ནོ། །མི་དགེ་བ་བྱ་བ་ལ་སེམས་མངོན་པར་སྤྲོ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་མ་ཡིན་ཏེ། དེ་ནི་འབྱིང་བའི་བདག་ཉིད་ཡིན་པའི་ཕྱིར་གསུང་རབ་ལས་ལེ་ལོ་ཁོ་ན་ཡིན་པར་འབྱུང་སྟེ། འདི་སྐད་དུ་བཅོམ་ལྡན་འདས་ཀྱིས། འདི་ལ་ཕྱི་རོལ་པ་རྣམས་ཀྱི་བརྩོན་འགྲུས་གང་ཡིན་པ་དེ་ནི་ལེ་ལོ་ཁོ་ན་ཡིན་ནོ་ཞེས་གསུངས་སོ། །རྨོངས་པ་ཞེས་བྱ་བ་ནི་མ་རིག་པ་སྟེ་ཞེས་བྱ་བ་ནི་འོག་ནས། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་ཅེས་བྱ་བ་རྣམས་འཆད་པར་འགྱུར་བ་ཡིན་ནོ། །སྒོམ་པའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་སོ་ཞེས་བྱ་བ་ནི་བསྒོམ་པ་མེད་པ་ཙམ་ཞིག་ཡིན་པར་རྟོགས་པར་གྱུར་ན་མི་རུང་བས། སྒོམ་པའི་མི་མཐུན་པའི་ཕྱོགས་ལ་ཞེས་སྨོས་ཏེ། ལེ་ལོ་ལ་སོགས་པ་ལ་ཡང་དེ་བཞིན་དུ་རྣམ་པར་བཤད་པར་བྱའོ། །ལུས་ལྕི་བ་ཉིད་དང་སེམས་ལྕི་བ་ཉིད་ཅེས་བྱ་བ་ནི་ཤིན་ཏུ་སྦྱངས་པའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཡིན་ནོ། །ལུས་ཀྱི་ཚོར་བ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ཚོར་བ་སེམས་ལས་བྱུང་བ་ཁོ་ན་ཡིན་ཡང་དབང་པོ་གཟུགས་ཅན་ལ་བརྟེན་པའི་ཕྱིར་ལུས་ཀྱི་ཡིན་པར་རྣམ་པར་བཤད་པ་ལྟར་ལུས་ཀྱི་རྨུགས་པ་ཡང་དེ་དང་འདྲ་སྟེ། རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པའི་རྨུགས་པ་ནི་ལུས་ཀྱི་ཞེས་བྱའོ། །རྒོད་པ་ནི་སེམས་རྣམ་པར་མ་ཞིབ་ཞེས་བྱ་བ་ནི་སེམས་ལས་བྱུང་བའི་ཆོས་རྒོད་པ་བྲོ་གར་དང༌། གླུ་དང་སྟེག་པ་དང༌། ཆ་བྱད་དང༌། རྒྱན་ལ་སོགས་པའི་གཞི་བྱེད་པའི་ལས་ཅན་ཡིན་ནོ། །དེ་ལས་རྨུགས་པ་མི་འབྱུང་སྟེ་ཞེས་བྱ་བ་ནི་ཆོས་མངོན་པ་དེ་ལས་སོ། །འགྱུར་བ་ཞེས་བྱ་པ་ནི་ལྷ་རྣམས་དགའ་བ་ཡིན་གྱི་འདོད་པ་ཤེས་པ་ནི་མ་ཡིན་
ནོ་ཞེས་བྱ་བ་ནི་ཡི་གེ་ལས་འབྱུང་བ་ཚད་མར་བྱེད་པ་ཙམ་གྱིས་ཉོན་མོངས་པའི་ས་མང་པོ་པ་བཅུར་འགྱུར་རོ་ཞེས་བྱ་བའི་འགྱུར་བ་འདི་ཁོ་ན་ཤེས་པ་ནི་ལྷ་རྣམས་དགའ་བ་ཡིན་གྱི་སློབ་དཔོན་རྣམས་ཀྱི་འདོད་པ་སྟེ། བསམ་པ་ཤེས་པ་ནི་མ་ཡིན་ནོ། །ལྷ་རྣམས་དགའ་བ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན། ཁ་ཅིག་ན་རེ་དྲང་པོའི་རང་བཞིན་ཅན་ནི་ལྷ་རྣམས་དགའ་བ་ཡིན་ཏེ། གཡོན་ཅན་ནི་ལྷ་རྣམས་དགའ་བ་མ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་བླུན་པོ་ནི་ལྷ་རྣམས་དགའ་བ་ཡིན་ཏེ། གང་ཞིག་དབང་ཕྱུག་རྣམས་དགའ་བ་དེ་ནི་གཏམས་ཤིང་མ་བསླབས་པ་བླུན་པོ་ཡིན་ནོ། །དཔེར་ན་གཏི་མུག་མེད་པ་ཞེས་བྱ་བ་ནི་གཏི་མུག་མེད་པའི་དགེ་བའི་རྩ་བ་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་ས་མང་པོ་པ་ཞེས་བྱ་བར་རྣམ་པར་གཞག་གི་དགེ་བའི་ས་མང་པོ་པ་ཁོ་ན་ཡིན་པར་ནི་ངེས་པར་མི་གཟུང་སྟེ། དེའི་ཕྱིར་དགེ་བའི་ས་མང་པོ་པ་དག་གི་ནང་དུ་མ་བཏོན་པ་དེ་བཞིན་དུ་བརྗེད་ངས་པ་ལ་སོགས་པ་ལྔ་ཡང་ས་མང་པོ་པ་ཡིན་པའི་ཕྱིར་ཉོན་མོངས་པའི་ས་མང་པོ་པ་ཁོ་ན་དག་ཡིན་ནོ་ཞེས་བྱ་བ་ནི་ངེས་པར་མི་གཟུང་སྟེ། དེའི་ཕྱིར་འདི་དག་ཉོན་མོངས་པའི་ས་མང་པོ་དག་གི་ནང་དུ་མི་གདོན་ཏོ། །ཇི་ལྟ་ཞེ་ན། དྲན་པ་ཉོན་མོངས་པ་ཅན་ཁོ་ན་བརྗེད་ངས་པ་ཡིན་ལ་ཏིང་ངེ་འཛིན་ཉོན་མོངས་པ་ཅན་ཁོ་ན་རྣམ་པར་གཡེང་བ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ལ། ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཤེས་རབ་ཉོན་མོངས་པ་ཅན་ཁོ་ན་ཤེས་བཞིན་མ་ཡིན་པ་ཡིན་ལ། ཡིད་ལ་བྱེད་པ་ཉོན་མོངས་པ་ཅན་ཁོ་ན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ནོ། །མོས་པ་ཉོན་མོངས་པ་ཅན་ཁོ་ན་ལོག་པར་མོས་པ་ཡིན་ནོ་ཞེས་སྟོན་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གང་དག་ས་མང་པོ་པ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཕྱིར་དེ་ལྟར་དྲན་པ་ལ་སོགས་པ་བརྗེད་ངས་པ་ལ་སོགས་པར་རྣམ་པར་གཞག་པ་སྟེ་དེ་དག་ལ་མ་གཏོགས་པ་མེད་པ་དེ་ཉིད་ཀྱི་ཕྱིར་མུ་བཞི་པ་འབྱུང་བ་ཡིན་ནོ། །གང་དག་ས་མང་པོ་པ་ཡིན་པ་དེ་དག་ཉོན་མོངས་པའི་ས་མང་པོ་པ་ཡང་ཡིན་ནམ་ཞེས་བྱ་བ་ནི་ཚིག་ཟུར་གྱིས་ཀུན་དུ་འདྲི་བར་བྱེད་པ་ཡིན་ནོ། །མུ་བཞི་ནི་ས་ཆེན་པོ་པ་ཡིན་ལ་ཉོན་མོངས་པའི་ས་ཆེན་པོ་པ་མ་ཡིན་པ་
དག་ཀྱང་ཡོད་དོ། །ཉོན་མོངས་པའི་ས་ཆེན་པོ་པ་ཡིན་ལ་ས་ཆེན་པོ་པ་མ་ཡིན་པ་དག་ཀྱང་ཡོད་དོ། །ས་ཆེན་པོ་པ་ཡང་ཡིན་ལ་ཉོན་མོངས་པའི་ས་ཆེན་པོ་པ་ཡང་ཡིན་པ་དག་ཀྱང་ཡོད་དོ། །ས་ཆེན་པོ་པ་ཡང་མ་ཡིན་ལ་ཉོན་མོངས་པའི་ས་ཆེན་པོ་པ་ཡང་མ་ཡིན་པ་དག་ཀྱང་ཡོད་དོ་ཞེས་བྱ་བ་ཡིན་ནོ། །གསུམ་པ་ནི་དྲན་པ་ལ་སོགས་པ་ཞེས་བྱ་བ་ནི་བརྗེད་ངས་པ་ལ་སོགས་པ་ལྔ་ཇི་སྐད་བཤད་པ་གང་དག་ཡིན་པ་སྟེ། དེ་དག་ནི་ས་མང་པོ་པ་ཡང་ཡིན་ལ་ཉོན་མོངས་པའི་ས་མང་པོ་པ་ཡང་ཡིན་ནོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་བཤད་པ་ལ་མ་གཏོགས་པའི་ཆོས་གཞན་ཏེ། དགེ་བའི་ས་མང་པོ་པ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་དང་གཟུགས་ལ་སོགས་པ་ཡིན་ནོ། །དེ་དག་གི་མུ་བཞི་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་གཡེང་བ་མུ་གཉིས་པར་གཞག་པར་བྱའི་མུ་གསུམ་པར་ནི་མ་ཡིན་ནོ། །དེས་ན་འདི་སྐད་དུ་བརྗོད་པར་བྱ་སྟེ། མུ་དང་པོ་ནི་སྔ་མ་བཞིན་ནོ། །གཉིས་པ་ནི་མ་དད་པ་དང་ལེ་ལོ་དང་མ་རིག་པ་དང་རྒོད་པ་དང་བག་མེད་པ་དང་རྣམ་པར་གཡེང་བའོ། །གསུམ་པ་ནི་དྲན་པ་ལ་སོགས་པ་བཞི་སྟེ། བརྗེད་ངས་པ་དང་ཤེས་བཞིན་མ་ཡིན་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང༌། ལོག་པར་སྨོས་པའོ། །མུ་བཞི་པ་ནི་སྔ་མ་བཞིན་ནོ། །དེ་ལས་རྨུགས་པ་མི་འབྱུང་སྟེ། །ཞེས་སྨྲས་པ་གང་ཡིན་པ་དེའི་ལན་གདབ་པའི་ཕྱིར་རྨུགས་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པར་འདོད་པས་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ཉོན་མོངས་པ་དག་གི་ནང་དུ་མ་བཏོན་པ་སུ་ཞིག་གིས་ཉེས་ཞེས་བྱ་བ་ནི་ཅི་དེ་ལས་རྨུགས་པ་འདི་ནི་མི་འབྱུང་བ་ཁོ་བོས་ཉེས་སམ་ཅི་ཆོས་མངོན་པ་པས་ཉེས་ཞེས་བྱ་བ་ཡིན་ཏེ། རྨུགས་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པ་ཉིད་དུ་འདོད་པའི་ཕྱིར་འདི་ནི་ཆོས་མངོན་པ་བྱེད་པ་ཁོ་ནས་ཉེས་པ་ཡིན་གྱི་ཁོ་བོས་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་སྐད་དུ་གདོན་པར་བྱ་བ་ཡིན་མོད་ཀྱི་ཞེས་བྱ་བ་ནི་ཆོས་མངོན་པ་པ་རྣམས་ཀྱིས་བསྟན་བཅོས་དེ་ལས་རྨུགས་པ་མི་འབྱུང་བའི་གཏན་ཚིགས་སྨྲས་པ་ཡིན་ནོ། །ཤིན་ཏུ་མྱུར་བར་མེད་པར་འགྱུར་གྱི་རྒོད་པ་སྤྱོད་པ་ནི་མ་ཡིན་ནོ་ཞེས་ཟེར་རོ་ཞེས་གྲག་གོ་ཞེས་བྱ་བ་ལ།
གྲག་ཅེས་བྱ་བའི་སྒྲ་ནི་ཡིད་མི་ཆེས་པར་སྟོན་པ་ཡིན་ནོ། །ཇི་ལྟར་ན་ཉོན་མོངས་པ་ཅན་གྱི་ཆོས་ཏིང་ངེ་འཛིན་དཀར་པོ་དང་མཐུན་པར་འགྱུར་ཏེ། ཞུམ་པ་དང་རྒོད་པ་དག་ནི་ཏིང་ངེ་འཛིན་གྱི་ལམ་གཅོད་པ་ཡིན་ན་དེ་ཇི་ལྟར་ལམ་གཅོད་པ་ཉིད་མཐུན་པ་ཡིན། འདི་དག་ནི་ནམ་དུ་ཡང་ལྷན་ཅིག་སྤྱོད་པ་ཉིད་འདོར་བར་མི་འགྱུར་མོད་ཀྱི་ཞེས་བྱ་བ་ནི་རྨུགས་པ་དང་རྒོད་པ་འདི་དག་ནི་རེས་འགའ་ཡང་ལྷན་ཅིག་སྤྱོད་པའི་ཆོས་ཉིད་མི་འདོར་རོ་ཞེས་བྱ་བའི་ཐ་ཚིག་གོ །འོན་ཀྱང་གང་ཞིག་གང་ལ་ཤས་ཆེ་བ་ཞེས་བྱ་བ་ནི་དེ་ལྟ་ཡིན་མོད་ཀྱི་རྨུགས་པའམ་རྒོད་པ་གང་ཞིག་གང་ཟག་གང་ལ་ཤས་ཆེ་བའི་གང་ཟག་དེ་ནི་དེ་སྤྱོད་པ་སྟེ། རྨུགས་པ་སྤྱོད་པ་འམ་རྒོད་པ་སྤྱོད་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཚོགས་ལ་ལར་ཆོས་འགའ་ཞིག་ཤས་ཆེ་བར་འགྱུར་རོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དགེ་བ་ལ་སོགས་པ་ལའོ། །མི་དགེ་བ་ལ་ནི་ཁྲེལ་མེད་དང༌། །ངོ་ཚ་མེད་པའོ་ཞེས་བྱ་བའི་སྒྲ་ནི་ཁྱད་པར་དུ་བྱ་བའམ་མི་དགེ་བ་ཁོ་ན་ལའོ་ཞེས་ངེས་པར་གཟུང་བར་བྱ་བ་ཡིན་ནོ། །ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་ཞེས་བྱ་བ་ལ་ཆུང་ངུ་ནི་ཆུང་བའོ། །དེ་ཡང་གང་ཡིན་ཞེ་ན། མ་རིག་པ་ཙམ་སྟེ། མ་རིག་པ་ཉིད་འབའ་ཞིག་ཅེས་བྱ་བའི་ཐ་ཚིག་གོ །མ་རིག་པ་ཙམ་དེ་དང་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གཞན་དང་མ་ཡིན་པའོ། །བསྒོམ་པས་སྤང་བར་བྱ་བ་དང༌། །ཞེས་བྱ་བ་ནི་མཐོང་བས་སྤངས་པར་བྱ་བ་མ་ཡིན་པའོ། །ཡིད་ཀྱི་ས་པ་ཁོ་ན་དང༌། །ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དང་མ་ཡིན་པ་སྟེ། གང་གི་ཕྱིར་ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་འདི་དག་ཡིད་ཀྱི་ས་པ་ཁོ་ན་ཡིན་པ་དེའི་ཕྱིར་འདི་ཁོ་ན་དང་མཚུངས་པར་ལྡན་པས་ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་ཞེས་བྱའོ། །འདོད་ཆགས་ལ་སོགས་པའི་ཚོགས་ལ་ནི་གདོན་མི་ཟ་བར་མ་རིག་པ་ཡོད་པར་འགྱུར་བས་འདོད་ཆགས་ལ་སོགས་པ་ཆུང་ངུ་མ་ཡིན་ནོ། །དེ་ལྟར་ན་གང་ཟག་སེམས་ཅན་ཐམས་ཅད་ལ་འབྱུང་པ་དེ་དག་ནི་ས་མང་པོ་པ་ཡིན་ནོ། །གང་དག་དགེ་བ་ཁོ་ན་ལ་འབྱུང་བ་དེ་དག་ནི་དགེ་བའི་ས་མང་པོ་པ་ཡིན་
ནོ། །གང་དག་ཉོན་མོངས་པ་ཅན་བསྒྲིབས་པ་དང་མི་དགེ་བ་ལས་འབྱུང་བ་དེ་དག་ནི་ཉོན་མོངས་པའི་ས་མང་པོ་པ་ཡིན་ནོ། །གང་དག་མི་དགེ་བ་ཁོ་ན་ལ་འབྱུང་བ་དེ་དག་ནི་མི་དགེ་བའི་ས་མང་པོ་པ་ཡིན་ནོ། །གང་དག་ཉོན་མོངས་པ་ཆུང་ངུ་དང་མཚུངས་པར་ལྡན་པའི་སེམས་ལ་འབྱུང་བ་དེ་དག་ནི་ཉོན་མོངས་པ་ཆུང་ངུའི་ས་པ་དག་ཡིན་ནོ། །འདི་དག་ནི་ཉེ་བའི་ཉོན་མོངས་པ་དག་གི་ནང་ནས་སྟོན་པར་འགྱུར་རོ་ཞེས་བྱ་བ་ནི་ཕྲ་རྒྱས་བསྟན་པ་ལས་སོ། །མ་ངེས་པ་གཞན་དག་ཀྱང་ཞེས་བྱ་བ་ནི་གང་དག་རེས་འགའ་ནི་སེམས་དགེ་བ་ལ་འབྱུང་ལ། རེས་འགའ་ནི་མི་དགེ་བ་ལ་འབྱུང༌། རེས་འགའ་ནི་ལུང་དུ་མ་བསྟན་པ་ལ་འབྱུང་བའོ། །གཉིད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་མི་དགའ་བ་དང་གླལ་བྱེད་པ་དང་ཟས་ཀྱི་དྲོད་མི་ཟིན་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་དང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་མ་ངེས་པ་ཉིད་ཡིན་པར་སྡུད་པར་བྱེད་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་འདི་དག་ནི་རྣམ་པ་ལྔ་པོ་དག་ལས་གང་ཡང་རུང་བ་ཞིག་ཏུ་ངེས་པ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་མེད་པའི་ཕྱིར་ས་མང་པོ་དག་ཀྱང་མ་ཡིན་ནོ། །དེ་དགེ་བ་ལ་མེད་པའི་ཕྱིར་དགེ་བའི་ས་མང་པོ་དག་ཀྱང་མ་ཡིན་ནོ། །དེ་ཉོན་མོངས་པ་ཐམས་ཅད་ལ་ཡོད་པ་མ་ཡིན་པའི་ཕྱིར་ཉོན་མོངས་པའི་ས་མང་པོ་དག་ཀྱང་མ་ཡིན་ཏེ། ཁོང་ཁྲོ་བ་དང་བཅས་པའི་སེམས་ལ་ཡང་འདོད་ཆགས་མེད་ལ། འདོད་ཆགས་དང་བཅས་པའི་སེམས་ལ་ཡང་ཁོང་ཁྲོ་བ་མེད་དོ། །དེ་བཞིན་དུ་ཉོན་མོངས་པ་གཞན་དག་ལ་ཡང་བརྗོད་པར་བྱའོ། །འདིར་སློབ་དཔོན་དབྱིག་གཉེན་གྱིས་བསྡུ་བའི་ཚིགས་སུ་བཅད་པ། རྟོག་དང་དཔྱོད་དང་འགྱོད་པ་དང༌། །གཉིད་དང་ཁོང་ཁྲོ་ཆགས་པ་དང༌། །ཡིད་དང་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་བྱ་བ་སྨྲས་ཏེ། བརྒྱད་མ་ངེས་པར་བཤད་པ་འདི་ནི་རྣར་མི་འོང་ངོ༌། །ལྟ་བ་དག་ཀྱང་ཅིའི་ཕྱིར་མ་ངེས་པ་ཡིན་པར་མི་འདོད་དེ། ལོག་པར་ལྟ་བ་ནི་ཁོང་ཁྲོ་བ་དང་བཅས་པའམ་ཐེ་ཚོམ་དང་བཅས་པའི་སེམས་ལ་མི་འབྱུང་སྟེ། མི་དགེ་བ་ནི་མ་འདྲེས་དང༌། །ལྟ་དང་ལྡན་ལའང་
ཉི་ཤུ་འབྱུང༌། །ཉོན་མོངས་བཞི་དང་ཁྲོ་སོགས་དང༌། །འགྱོད་པ་སྟེ་ནི་ཉི་ཤུ་གཅིག །ཅེས་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་གྱི་ན་ཞིག་བཤད་པ་ཡིན་པར་བལྟའོ། །རེ་ཞིག་འདོད་པ་ན་སྤྱོད་པའི་སེམས་ནི་རྣམ་པ་ལྔ་སྟེ་ཞེས་བྱ་བ་ནི་དགེ་བ་གཅིག་དང་མི་དགེ་བ་རྣམ་པ་གཉིས་ཏེ་མ་འདྲེས་པ་མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་དང༌། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་དང༌། ལུང་དུ་མ་བསྟན་པ་ཡང་རྣམ་པ་གཉིས་ཏེ་བསྒྲིབས་ལ་ལུང་དུ་མ་བསྟན་པ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དང་མཚུངས་པར་ལྡན་པ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམ་པར་སྨིན་པ་ལས་སྐྱེས་པ་ལ་སོགས་པའོ། །ངན་པར་བྱས་པའི་ངོ་བོ་ནི་འགྱོད་པའོ་ཞེས་བྱ་བ་ནི་ངན་པར་བྱས་པའི་དོན་གྱི་ཆོས་དེ་ནི་སེམས་ལས་བྱུང་བ་ཡིན་ནོ་ཞེས་བྱ་བར་མི་སྦྱར་རོ། །དེ་ལྟ་བས་ན་འདིར་ནི་འགྱོད་པ་ལ་དམིགས་པའི་ཆོས་ཞེས་བྱ་བ་སྨོས་སོ། །རང་བཞིན་ཅི་ཞེ་ན། ཡིད་ལ་གཅགས་པ་ཞེས་བྱ་བ་སྨོས་སོ། །གལ་ཏེ་འགྱོད་པ་ལ་དམིགས་པའི་ཆོས་ལ་འགྱོད་པ་ཞེས་བྱ་ན་དེ་དང་མཚུངས་པར་ལྡན་པ་སེམས་ལས་བྱུང་བ་གཞན་དག་ཀྱང་འགྱོད་པ་ཡིན་པར་འགྱུར་རོ་ཞེ་ན། དེ་དག་ནི་གཙོ་བོ་མ་ཡིན་པའི་ཕྱིར་རོ། །ཡིད་ལ་གཅགས་པའི་གནས་སྐབས་ན་ནི་འགྱོད་པའི་མཚན་ཉིད་ཀྱི་སེམས་ལས་བྱུང་བ་ངན་པར་བྱས་པའི་རྣམ་པ་ཅན་ཤས་ཆེ་བ་ཡིན་གྱི་སེམས་ལས་བྱུང་བ་གཞན་དག་ནི་དེའི་རྣམ་པའི་རྗེས་སུ་བྱེད་པ་ཡིན་ཏེ། ཆོས་འགའ་ཁོ་ན་ཞིག་ཚོགས་པ་ལ་ལར་གཙོ་བོ་ཡིན་ནོ་ཞེས་བརྗོད་དོ། །སྟོང་པ་ཉིད་ལ་དམིགས་པའི་རྣམ་པར་ཐར་པའི་སྒོ་ལ་སྟོང་པ་ཉིད་ཅེས་བྱ་བ་ཞེས་བྱ་བ་ནི་ཕུང་པོ་རྣམས་ལ་ནང་གི་བྱེད་པའི་སྐྱེས་བུ་དང་བྲལ་བ་ཉིད་ལ་དམིགས་པའི་རྣམ་པར་ཐར་པའི་སྒོ་ཏིང་ངེ་འཛིན་གྱི་ཁྱད་པར་ལ་སྟོང་པ་ཉིད་ཅེས་བྱ་བ་དང༌། རྣམ་པར་བསྔོས་པ་དང༌། རྣམ་པར་བམ་པ་ལ་སོགས་པ་མི་སྡུག་པ་ལ་དམིགས་པའི་མ་ཆགས་པ་ལ་མི་སྡུག་པ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་སེམས་ལས་བྱུང་བའི་ཆོས་འགྱོད་པ་ལ་དམིགས་པ་ལ་འགྱོད་པ་
ཞེས་བྱའོ། །གྲོང་ཐམས་ཅད་ལྷགས་སོ། །ཡུལ་ཐམས་ཅད་ལྷགས་སོ་ཞེས་གནས་ཀྱིས་གནས་པ་སྟོན་ཞེས་བྱ་བ་ལ། གྲོང་ནི་ས་ཁྱོན་ལྷས་དང་བཅས་པ་སྦྱིན་ཡིན་ཏེ། གནས་པ་མི་རྣམས་ལྷགས་ན་སྨྲ་བ་པོ་གྲོང་ཐམས་ཅད་ལྷགས་སོ་ཞེས་ཟེར་རོ། །དེ་བཞིན་དུ་ཡུལ་ཐམས་ཅད་ལྷགས་སོ་ཞེས་ཟེར་རོ། །འགྱོད་པ་ཡང་ཡིད་ལ་གཅགས་པའི་གནས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ཡིད་ལ་གཅགས་པའི་དམིགས་པ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་ལྟར་བསྟན་དུ་རུང་ངོ༌། །ཡང་འདི་ནི་འབྲས་བུ་ལ་རྒྱུ་བཏགས་པ་ཡིན་ཏེ་ཞེས་བྱ་བ་ནི་རྒྱུ་ནི་འགྱོད་པ་ཡིན་ལ། འབྲས་བུ་ནི་ཡིད་ལ་གཅགས་པ་ཡིན་ནོ། །འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པ་ཡིན་ཏེ། རྒྱུ་རྗོད་པར་བྱེད་པའི་སྒྲ་ནི་འབྲས་བུ་ལ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དཔེར་ན་རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་ནི་སྔོན་གྱི་ལས་ཡིན་ཞེས་བྱ་བ་ནི་དཔེར་ན་མིག་ལ་སོགས་པ་རེག་པའི་སྐྱེ་མཆེད་དག་ནི་སྔོན་གྱི་ལས་ཚེ་རབས་སྔ་མ་ལ་བྱས་པའི་འབྲས་བུ་ཡིན་པ་ལས་དེ་དག་ལ་ལས་ཉེ་བར་འདོགས་པ་དེ་དང་འདྲའོ། །འོ་ན་གང་མ་བྱས་པ་ལ་དམིགས་པ་དེ་ཇི་ལྟར་འགྱོད་པ་ཡིན་ཞེ་ན་ཞེས་བྱ་བ་ནི་གང་མ་བྱས་པ་དེ་ནི་བྱས་པ་མ་ཡིན་ནོ་སྙམ་དུ་བསམས་ནས་རྒོལ་བར་བྱེད་པ་ཡིན་ནོ། །མ་བྱས་པ་ལ་ཡང་བྱས་པ་ཞེས་བྱ་བ་ཡོད་དེ་ཞེས་བྱ་བ་ནི་དོན་མ་བྱས་པ་ལ་ཡང་བྱས་པ་ཞེས་བྱ་བའི་སྒྲ་སྦྱོར་བར་འགྱུར་རོ། །ཇི་ལྟ་ཞེ་ན། བདག་གིས་མ་བྱས་པ་གང་ཡིན་པ་དེ་མ་ལེགས་པ་བྱས་སོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི་དེ་ནི་བྱས་པ་དང་འདྲ་བའི་ཕྱིར་རོ། །དགེ་བ་མ་བྱས་ནས་གདུང་བ་གང་ཡིན་པའོ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་དགེ་བ་མ་བྱས་ནས་གདུང་ཞིང་ཡིད་ལ་གཅགས་པར་འགྱུར་བ་གང་ཡིན་པ་སྟེ་དེ་ནི་དགེ་བ་ཡིན་ནོ། །མི་དགེ་བ་བྱས་ནས་ཞེས་བྱ་བ་ཅི་ཞེ་ན། གདུང་བ་ཞེས་བྱ་བར་སྐབས་དང་སྦྱར་ཏེ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བྱས་ནས་གདུང་བ་གང་ཡིན་པ་དེ་ཡང་དགེ་བ་ཡིན་ནོ། །བཟློག་པ་ནི་འགྱོད་པ་མི་དགེ་བ་ཡིན་ནོ་ཞེས་བྱ་བ་ནི་མི་དགེ་བ་མ་བྱས་པ་དང་དགེ་བ་བྱས་ནས་གདུང་བ་གང་ཡིན་པ་སྟེ། མི་དགེ་བ་མ་བྱས་ནས་ཡིད་ལ་གཅགས་པར་འགྱུར་བ་གང་
ཡིན་པ་བདག་གིས་མ་བྱས་པ་གང་ཡིན་པ་དེ་ནི་བདག་གིས་མ་ལེགས་པར་བྱས་སོ་སྙམ་པ་དེ་ཡང་འགྱོད་པ་མི་དགེ་བ་ཡིན་ལ། སྦྱིན་པ་ལ་སོགས་པ་དགེ་བ་བྱས་ནས་ཡིད་ལ་གཅགས་པ་གང་ཡིན་པ་གང་སྦྱིན་པ་ལ་སོགས་པ་བྱས་པ་ནི་བདག་གིས་མ་ལེགས་པར་བྱས་སོ་སྙམ་པ་དེ་ཡང་འགྱོད་པ་མི་དགེ་བ་ཡིན་ལ། དེ་གཉི་ག་ཡང་གཉི་ག་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཚུལ་གྱིས་ན་འགྱོད་པ་དགེ་བ་དང་མི་དགེ་བ་དེ་གཉི་ག་ཡང་དགེ་བ་དང་མི་དགེ་བ་གཉི་ག་ལ་བརྟེན་པ་ཡིན་ནོ། །མ་འདྲེས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ལས་ལོགས་ཤིག་ཏུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །ལྟ་དང་ལྡན་ལའང་ཞེས་བྱ་བའི་ཡང་ཞེས་བྱ་བའི་སྒྲ་ནི་མི་དགེ་བ་ལ་ཞེས་བྱ་བར་སྦྱར་བའི་ཕྱིར་རོ། །འདི་ལྟར་ས་མང་པོ་པ་ཁོ་ནའི་ཤེས་རབ་ཀྱི་ཁྱད་པར་འགའ་ཞིག་ལ་ལྟ་བ་ཞེས་བྱའོ་ཞེས་བྱ་བ་ནི་ངེས་པར་རྟོག་པར་བྱེད་པའི་ཤེས་རབ་གང་ཡིན་པ་དེ་ནི་ལྟ་བ་ཡིན་ལ་དེ་ཡང་འདིར་མི་དགེ་བ་ཡིན་པར་ཡོངས་སུ་གཟུང་ངོ༌། །དེ་ལྟ་བས་ན་ལོག་པར་ལྟ་བའམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འགྱོད་པ་དང་ནི་ཉི་ཤུ་གཅིག །ཅེས་བྱ་བ་འདིར་ནི་འགྱོད་པ་དང་ཡང་ཞེས་བྱ་བ་མི་མངོན་པར་བསྟན་པར་བལྟ་བར་བྱའོ། །ཆོས་མངོན་པ་རྣམས་ན་རེ་ཉོན་མོངས་བཞི་དང་ཞེས་བྱ་བ་ལ་སོགས་པར་སོ་སོར་ཚིག་ཡོངས་སུ་རྫོགས་པར་རིག་པར་བྱ་སྟེ། འདོད་ཆགས་ལ་སོགས་པ་ནི་ཕན་ཚུན་མཚུངས་པར་ལྡན་པར་མི་འགྱུར་རོ་ཞེས་ཟེར་རོ། །ཉོན་མོངས་པ་དེ་དང་མ་འདྲེས་པར་བཤད་པ་ཉི་ཤུའོ་ཞེས་བྱ་བ་ནི་ས་མང་པོ་པ་བཅུ་དང༌། ཉོན་མོངས་པའི་ས་མང་པོ་པ་དྲུག་དང༌། མི་དགེ་བའི་ས་མང་པོ་པ་གཉིས་དང༌། རྟོག་པ་དང་དཔྱོད་པ་ཞེས་བྱ་བ་ཉི་ཤུ་དང་ཉོན་མོངས་པ་དེ་སྟེ། འདོད་ཆགས་སམ་ཁོང་ཁྲོ་བའམ་ང་རྒྱལ་ལམ་ཐེ་ཚོམ་གང་ཡང་རུང་བ་ཞིག་དང་ཉི་ཤུ་རྩ་གཅིག་ཡིན་ཏེ་ཉི་ཤུ་རྩ་གཅིག་ཡིན་པ་ཁོ་ནའོ་ཞེས་ཡིན་པར་ངེས་པར་འཛིན་པར་ཁོང་དུ་ཆུད་པར་བྱའོ། །ཁྲོ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་ལ་ཡང་ཞེས་བྱ་བ་ནི་ཁྲོ་བ་དང༌། ཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་ཚིག་འཆབ་སེར་སྣ་དང༌། སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །
ཞེས་བྱ་བ་འདི་དག་དང་ལྡན་པའི་སེམས་ལ་ཡང་སྔ་མ་བཞིན་དུ་མ་འདྲེས་པར་བཤད་པ་དེ་དག་དང༌། ཉེ་བའི་ཉོན་མོངས་པ་དེ་སྟེ་ཁྲོ་བའམ་རྣམ་པར་འཚེ་བའི་བར་ལས་གང་ཡང་རུང་བ་ཞིག་དང་སེམས་ལས་བྱུང་བ་ཉི་ཤུ་རྩ་གཅིག་འབྱུང་ངོ༌། །འགྱོད་པ་དང་མཚུངས་པར་ལྡན་པ་ལ་ཡང་སྔར་བཤད་པ་རྣམས་དང་འགྱོད་པ་དེ་དང་ཉི་ཤུ་རྩ་གཅིག་འབྱུང་སྟེ། འགྱོད་པ་ཡང་ཉོན་མོངས་པ་གཅིག་རྐྱ་ཐུབ་པ་ཡིན་པར་འདོད་དོ། །མདོར་ན་མི་དགེ་བའི་སེམས་མ་འདྲེས་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མི་དགེ་བའི་སེམས་མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་དང་མི་དགེ་བ་ལྟ་བ་དང་མཚུངས་པར་ལྡན་པ་ལ་ཡང་ཉི་ཤུ་འབྱུང་ལ་མི་དགེ་བ་ཉིད་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་ལ་ནི་ཉི་ཤུ་རྩ་གཅིག་འབྱུང་ངོ༌། །བསྒྲིབས་ལ་ལུང་དུ་མ་བསྟན་པ། །ཞེས་བྱ་བ་ནི་ཉོན་མོངས་པས་བསྒྲིབས་ལ་དགེ་བ་དང་མི་དགེ་བ་ཉིད་དུ་ལུང་དུ་མ་བསྟན་པ་ཡིན་ནོ། །མ་བསྒྲིབས་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ཏེ། རྣམ་པར་སྨིན་པ་ལས་སྐྱེས་པ་དང༌། སྤྱོད་ལམ་པ་དང༌། བཟོའི་གནས་སྐབས་དང༌། སྤྲུལ་པ་པའི་ངོ་བོ་ཉིད་ཡིན་ནོ། །ཉི་འོག་པ་དག་ནི་འགྱོད་པ་ལུང་དུ་མ་བསྟན་པར་ཡང་འདོད་དེ་ཞེས་བྱ་བ་ནི་ཁ་ཆེའི་ཡུལ་ལས་གཞན་པའི་ཡུལ་ན་འཁོད་པ་གང་དག་ཡིན་པ་དེ་དག་ནི་ཉི་འོག་པའོ། །བཅུ་གསུམ་འབྱུང་བར་འགྱུར་ཞེས་བྱ་བ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁ་ཅིག་ལ་བཅུ་གསུམ་པ་འགྱོད་པས་ལྷག་པར་བསྣན་པས་སོ། །གཉིད་ནི་རྨི་རྨིའི་གནས་སྐབས་སམ་རྨི་ལམ་རྨི་བའི་གནས་སྐབས་ནའོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བསྟན་བཅོས་ལས་འབྱུང་བའི་ཕྱིར་རོ། །ཇི་སྐད་དུ་ཞེ་ན། གཉིད་དགེ་བ་ཡིན་པར་བརྗོད་པར་བྱ་བའམ། མི་དགེ་བ་ཡིན་པར་བརྗོད་པར་བྱ་བའམ། ལུང་དུ་མ་བསྟན་པ་ཡིན་པར་བརྗོད་པར་བྱ་ཞེ་ན། དགེ་བ་ཡིན་པར་ཡང་བརྗོད་པར་བྱའོ། །མི་དགེ་བ་ཡིན་པར་ཡང་བརྗོད་པར་བྱའོ། །ལུང་དུ་མ་བསྟན་པ་ཡིན་པར་ཡང་བརྗོད་པར་བྱའོ་ཞེས་འབྱུང་བ་ཡིན་ནོ། །གང་ལ་ཉི་ཤུ་རྩ་གཉིས་འབྱུང་བ་དེ་ལ་ནི་ཉི་ཤུ་རྩ་གསུམ་མོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་ལ་སེམས་ལས་བྱུང་བ་
ཉི་ཤུ་རྩ་གཉིས་འབྱུང་བར་བཤད་པ་དེར་ནི་གཉིད་དེ་ཉི་ཤུ་རྩ་གསུམ་པ་ཡིན་ཏེ་ཉི་ཤུ་རྩ་གསུམ་དུ་ཁ་སྐོང་བ་ཞེས་བྱ་བའི་ཐ་ཚིག་གོ །གང་ལ་ཉི་ཤུ་རྩ་གསུམ་འབྱུང་བ་ནི། །ལ་ལ་དག་ཏུ་འགྱོད་པ་བསྣན། །ཞེས་བྱ་བ་ཡིན་ཏེ། དེ་ལ་ནི་གཉིད་དེ་ཉི་ཤུ་རྩ་བཞི་པ་ཡིན་ནོ། །དེ་བཞིན་དུ། ལུང་མ་བསྟན། གཞན་ལ་བཅུ་གཉིས་དག་ཏུ་འདོད། །ཅེས་བྱ་བ་འདིར་ནི་གཉིད་བཅུ་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱ་སྟེ། ཉི་འོག་པའི་གཞུང་ལུགས་ལྟར་འགྱོད་པས་བསྣན་ན་ནི་གཉིད་བཅུ་བཞི་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བསམ་གཏན་དང་པོ་ན་ནི་ཇི་སྐད་བཤད་པ་ལས་ཞེས་བྱ་བ་ནི་སེམས་ལས་བྱུང་བ་ལྷན་ཅིག་ངེས་པར་འབྱུང་བ་ཇི་སྐད་བརྗོད་པ་དེ་ལས་སོ། །འགྱོད་པ་དང་གཉིད་རྣམ་པ་ཐམས་ཅད་དུ་མེད་ཅེས་བྱ་བ་ནི་དགེ་བ་ཡང་མེད་ལ་ལུང་དུ་མ་བསྟན་པ་ཡང་མེད་ན་མི་དགེ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འགྱོད་པ་དང་གཉིད་ནི་རྣམ་པ་ཐམས་ཅད་དུ་མེད་པ་ཁོ་ནའོ་ཞེས་བྱ་བ་ཡིན་ནོ། །གཡོ་དང་སྒྱུ་དང་རྒྱགས་པ་མ་གཏོགས་པ་ཞེས་བྱ་བ་ནི། འདོད་དང་བསམ་གཏན་དང་པོ་ནི། །གཡོ་སྒྱུ་ཚངས་པ་འདྲིད་ཕྱིར་རོ། །རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན། །ཞེས་འབྱུང་བས་དེ་དག་མ་གཏོགས་ཏེ་དེ་ན་ད་དག་ཡོད་པའི་ཕྱིར་རོ། །གཞན་ཐམས་ཅད་ནི་དེ་དང་འབྲེལ་ལོ་ཞེས་བྱ་བ་ནི་དགེ་བའི་སེམས་ལ་ནི་ཉི་ཤུ་འབྱུང་སྟེ་སྔ་མ་བཞིན་ནོ། །བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་འདྲེས་པ་དང་ལྟ་བ་དང་ལྡན་པ་ལ་ཡང་བཅོ་བརྒྱད་འབྱུང་སྟེ་འདོད་པའི་ཁམས་བཞིན་ནོ། །གཞན་ཉོན་མོངས་པ་འདོད་ཆགས་དང་ང་རྒྱལ་དང་ཐེ་ཚོམ་དང་མཚུངས་པར་ལྡན་པ་དང་ཉེ་བའི་ཉོན་མོངས་པ་གཡོ་དང་སྒྱུ་དང་རྒྱགས་པ་དང་མཚུངས་པར་ལྡན་པ་ལ་ནི་བཅུ་དགུ་འབྱུང་སྟེ། དེ་ལ་ནི་དེ་དག་ཉོན་མོངས་པའམ་ཉེ་བའི་ཉོན་མོངས་པ་དེ་དང་བཅུ་དགུ་འབྱུང་ངོ༌། །མ་བསྒྲིབས་ལ་ལུང་དུ་བསྟན་པ་རྣམ་པར་སྨིན་པ་ལས་སྐྱེས་པ་དང༌། སྤྱོད་ལམ་དང་སྤྲུལ་པ་ལ་ནི་བཅུ་གཉིས་འབྱུང་སྟེ། སྔ་མ་བཞིན་ནོ། །རྟོག་པའམ་བསམ་གཏན་ཁྱད་པར་ཅན། །ཞེས་བྱ་བ་ལ་ཡང་ཞེས་བྱ་བའི་སྒྲ་འགྱོད་པ་དང་གཉིད་དང་མི་དགེ་བ་རྣམས་ཀྱང་ཞེས་བྱ་བ་ཡིན་ནོ། །ཅི་ཞེ་ན། མེད་དོ་ཞེས་བྱ་
བར་སྐབས་དང་སྦྱར་རོ། །རྟོག་པ་མེད་ཀྱི་ལྷག་མ་དང་ནི་དེ་དང་འདྲའོ། །ཇི་སྐད་བཀག་པ་མེད་དོ་ཞེས་བྱ་བ་ནི་འགྱོད་པ་དང་གཉིད་དང་མི་དགེ་བ་དང་རྟོག་པ་དག་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །དཔྱོད་པ་དང་ཡང་ཞེས་བྱ་བའི་སྒྲས་ནི་གཡོ་དང་སྒྱུ་ཡང་མེད་དོ་ཞེས་བྱ་བ་ནི་དཔྱོད་པ་དང་ཞེས་བྱ་བ་འདི་ཙམ་ཞིག་བརྗོད་པར་བྱ་བ་ལས། ཡང་ཞེས་བྱ་བའི་སྒྲ་ལྷག་མས་ནི་དོན་ལྷག་པ་ཡིན་ཏེ་དོན་གཞན་དེ་ན་གཡོ་དང་སྒྱུ་ཡང་མེད་དོ་ཞེས་བྱ་བ་འདི་ཡང་ཡིན་པར་འགྱུར་རོ།། །།བམ་པོ་བཅུ་གཉིས་པ། རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན། །ཞེས་འབྱུང་བའི་ཤུགས་ཀྱིས་ན་རྒྱགས་པ་ནི་མ་གཏོགས་པ་ལ་མ་ཡིན་ནོ། །ལྷག་མ་ནི་དེ་དང་འདྲའོ་ཞེས་བྱ་བ་ནི་དགེ་བ་ལ་རྟོག་པ་དང༌། དཔྱོད་པ་མ་གཏོགས་པ་ཉི་ཤུ་འབྱུང་ངོ༌། །མ་འདྲེས་པ་དང་ལྟ་པ་དང་ལྡན་པ་ལ་ཡང་བཅུ་དྲུག་འབྱུང་ངོ༌། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་ལྡན་པ་དང༌། ཉེ་བའི་ཉོན་མོངས་པ་རྒྱགས་པ་དང་ལྡན་པ་ལ་ཡང༌། ས་མང་པོ་པ་བཅུ་དང༌། ཉོན་མོངས་པའི་ས་མང་པོ་པ་དྲུག་དང༌། ཉོན་མོངས་པ་དེའམ་ཉེ་བའི་ཉོན་མོངས་པ་དེ་དང་བཅུ་བདུན་འབྱུང་ངོ༌། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ལས་ས་མང་པོ་བཅུ་ཁོ་ན་འབྱུང་ངོ་ཞེས་བྱ་བར་བརྩི་བར་བྱའོ། །ཚངས་པའི་བར་དུ་སྒྱུ་ཡོད་པར་འབྱུང་གི་ཞེས་བྱ་བར་རྒྱས་པར་འབྱུང་བ་ནི་གཡོ་ཡང་སྒྱུ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དེ་ན་ཡོད་པར་བསྡུས་པ་ཡིན་ནོ། །འཁོར་དང་འབྲེལ་བ་མ་ཡིན་པའི་ཕྱིར་གོང་ན་ནི་མེད་དོ་ཞེས་བྱ་བ་ནི་གང་དག་ལ་འཁོར་ཡོད་པ་དེ་དག་ལ་འཁོར་བསྡུ་བའི་ཕྱིར་གཡོ་དང་སྒྱུ་འབྱུང་ངོ༌། །འཁོར་ནི་བརྒྱད་དུ་འབྱུང་སྟེ། རྒྱལ་རིགས་ཀྱི་འཁོར་དང༌། བྲམ་ཟེའི་འཁོར་དང༌། ཁྱིམ་བདག་གི་འཁོར་དང༌། དགེ་སློང་གི་འཁོར་དང༌། རྒྱལ་ཆེན་བཞིའི་རིས་ཀྱི་འཁོར་དང༌། སུམ་ཅུ་རྩ་གསུས་པའི་འཁོར་དང༌། བདུད་ཀྱི་འཁོར་དང༌། ཚངས་པའི་འཁོར་རོ། །འདིའི་གོང་ན་ནི་དེ་དག་ལས་འགའ་ཡང་མེད་པས་གཡོ་ངང་སྒྱུ་མེད་དོ། །ཚངས་པ་ལ་ནི་འཁོར་ཡོད་དེ། དེ་ལྟ་བས་ན་བཤད་པ་དེ་ནི་རང་གི་འཁོར་གྱི་ནང་དུ་འདུག་པ་ལ་དགེ་སློང་རྟ་ཐུལ་ཚངས་པའི་འཇིག་རྟེན་དུ་སོན་པས་འབྱུང་བ་ཆེན་པོ་འདི་དག་མ་ལུས་པར་
གང་དུ་འགག་པར་འགྱུར་ཞེས་དྲིས་པ་དང༌། མི་ཤེས་ཤིང་འབྱུང་བ་ཆེན་པོ་བཞི་གཟུགས་མེད་པའི་ཁམས་སུ་མ་ལུས་པར་འགག་གོ་ཞེས་བྱ་བར་ཁོང་དུ་མ་ཆུད་པས་གཏམ་རླུང་བསྐུར་བའི་གཏམ་གྱི་སྐབས་བྱས་སོ། །ཁོ་བོ་ནི་ཚངས་པའོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཚངས་པའོ་ཞེས་སྨྲས་ནས་ཚངས་པ་ཆེན་པོའོ་ཞེས་སྨྲས་པ་ནི་ཚངས་པ་གཞན་དག་པས་བདག་ཉིད་ཁྱད་པར་དུ་འཕགས་པར་རབ་ཏུ་བསྟན་པའི་ཕྱིར་རོ། །དབང་ཕྱུག་ནི་དབང་བྱེད་པའི་ངང་ཚུལ་ཅན་ནོ། །བྱེད་པ་པོའོ། །སྤྲུལ་པ་པོའོ། །འབྱིན་པ་པོའོ་ཞེས་བྱ་བ་ནི་རྣམ་གྲངས་སམ་ཕྱི་མ་ཕྱི་མས་རྣམ་པར་བཤད་པའི་ཚུལ་ཡིན་ནོ། །ཕ་དང་འདྲ་བ་ནི་ཕ་ལྟ་བུའོ། །གང་དག་གི་ཞེ་ན། དངོས་པོ་རྣམས་ཀྱིའོ། །བཤད་ཟིན་ཏོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ས་དེ་དང་སེམས་དེ་དང་སེམས་ལས་བྱུང་བ་དེ་སྙེད་པ་དེ་ནི་བཤད་ཟིན་པ་ཡིན་ནོ། །གཞུང་ལས་སེམས་ལས་བྱུང་བ་ཁ་ཅིག་ནི་ཐ་དད་དུ་བྱ་བ་འབྱུང་བ་ཞེས་བྱ་བ་ནི་བསྟན་བཅོས་ལས་འབྱུང་བའོ། །ཁ་ཅིག་ནི་དེ་ལས་འབྱུང་བ་ཞེས་འདོན་ཏེ། དོན་ནི་དེ་ཁོ་ནར་ཟད་དོ། །ཡོན་ཏན་རྣམས་དང་ཡོན་ཏན་ཅན་རྣམས་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་དང་ལྡན་པས་རང་དང་གཞན་ལ་ཡོད་པའི་ཡོན་ཏན་བྱམས་པ་དང་སྙིང་རྗེ་ལ་སོགས་པ་དང༌། གང་ཟག་ཡོན་ཏན་ཅན་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དག་ལ་གུས་པར་མི་བྱེད་པ་དེ་ནི་མ་གུས་པ་ཉིད་དོ། །འདི་ལ་གུས་པ་མེད་པ་ཡོད་པས་ན་མ་གུས་པའོ། །དེའི་ངོ་བོ་ནི་མ་གུས་པ་ཉིད་དེ་སེམས་ལས་བྱུང་བའི་ཁྱད་པར་ཡིན་ནོ། །དེ་ཡང་གང་ཞིག་ཡིན་ཞེ་ན། རྣམ་གྲངས་བཀུར་བ་མེད་པ་ཉིད་དང་འཇིགས་པས་དབང་མི་སྒྱུར་བ་ཉིད་ཅེས་བྱ་བ་སྨོས་ཏེ། སློབ་མ་ལ་དབང་བྱེད་པས་ན་བཀུར་བ་སྟེ། བླ་མ་ལྟ་བུ་ཡིན་ནོ། །འདི་ལ་བཀུར་སྟི་མེད་པ་ཡོད་པས་ན་བཀུར་བ་མེད་པའོ། །དེའི་ངོ་བོ་ནི་བཀུར་བ་མེད་པ་ཉིད་དེ། ངོ་བོ་བརྗོད་པས་ནི་སེམས་ལས་བྱུང་བ་ཡིན་པས་གཟུང་བར་བྱའོ། །འཇིགས་པ་ཞེས་བྱ་བ་ནི་སེམས་ལས་བྱུང་བའི་ཆོས་ཡིན་ནོ། །འདི་ལ་འཇིགས་པས་དབང་སྒྱུར་བའི་ངང་ཚུལ་ཡོད་པས་ན་འཇིགས་པས་དབང་སྒྱུར་བའོ། །འཇིགས་པས་
དབང་སྒྱུར་བ་མེད་པ་ནི་འཇིགས་པས་དབང་མི་སྒྱུར་བའོ། །དེའི་ངོ་བོ་ནི་འཇིགས་པས་དབང་མི་སྒྱུར་བ་ཉིད་དེ། དེ་ཁོ་ན་ངོ་ཚ་མེད་པ་ཡིན་ནོ། །འདི་ལ་ངོ་ཚ་མེད་པ་ཡོད་པས་ན་ངོ་ཚ་མེད་པའོ། །དེའི་ངོ་བོ་ནི་ངོ་ཚ་མེད་པ་ཉིད་དེ་གུས་པ་དང་བཅས་པའི་མི་མཐུན་པའི་ཆོས་ཡིན་གྱི་དེ་མེད་པ་ཙམ་ནི་མ་ཡིན་ནོ། །ཁྲེལ་མེད་ཁ་ན་མ་ཐོ་འཇིགས་མི་ལྟ། །ཞེས་བྱ་བ་ལ་ཁ་ན་མ་ཐོ་བ་ནི་བརྗོད་དུ་མི་རུང་བ་སྟེ་དེའི་ཕྱིར་ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་དམ་པ་རྣམས་ཀྱིས་སྨད་པ་སྟེ་ཞེས་བྱ་བ་སྨོས་སོ། །དེ་ལ་འཇིགས་པར་མི་ལྟ་བ་ནི་ཁྲེལ་མེད་པའོ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་ལ་མི་འདོད་པའི་འབྲས་བུ་ཅན་དུ་མི་ལྟ་བ་ནི་ཞེས་བྱ་བའི་ཐ་ཚིག་གོ །འདི་ལས་འཇིགས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་འཇིགས་པ་ཞེས་བྱ་བའི་སྒྲ་མི་ཟད་པར་བྱེད་པ་ཡིན་པར་སྒྲུབ་པ་ཡིན་ཏེ། དེ་ལྟ་བས་ན་འཇིགས་པ་ཞེས་བྱ་བའི་སྒྲ་མི་འདོད་པའི་འབྲས་བུ་ཅན་དུ་མི་ལྟ་བ་ནི་ཞེས་བྱ་པའི་འབྲས་བུ་ལ་བྱའོ། །འཇིགས་པ་མེད་པར་ལྟ་བ་འཇིགས་པར་མི་ལྟ་བ་ཡིན་ནམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་རེ་ཞིག་འདི་སྐད་དུ་འཇིགས་པ་ཡིན་ལ་འདི་ལ་མི་འཇིགས་པར་ལྟ་བའི་ངང་ཚུལ་ཡོད་པས་ན་འཇིགས་པར་མི་ལྟའོ། །དེའི་ངོ་བོ་ནི་མི་འཇིགས་པར་མི་ལྟ་བ་ཉིད་དོ་ཞེས་བྱ་བར་བཤད་ན་ནི་ཤེས་རབ་ཡིན་པར་ཤེས་པར་འགྱུར་ཏེ་ཤེས་རབ་ཀྱིས་ནི་མི་འཇིགས་པར་ལྟ་བ་ཡིན་ནོ། །འོན་ཏེ་འདི་སྐད་དུ་འདི་ལ་འཇིགས་པར་ལྟ་བའི་ངང་ཚུལ་ཡོད་པས་ན་འཇིགས་པར་ལྟ་བའོ། །འཇིགས་པར་མི་ལྟ་བས་ན་མི་འཇིགས་པར་ལྟའོ། །དེའི་ངོ་བོ་ནི་འཇིགས་པར་མི་ལྟ་བ་ཉིད་དོ་ཞེས་བྱ་བའམ། ཡང་ན་འཇིགས་པར་ལྟ་བའི་ངོ་བོ་ནི་འཇིགས་པར་ལྟ་བ་ཉིད་དོ། །འཇིགས་པར་མི་ལྟ་བའི་ངོ་བོ་ནི་འཇིགས་པར་མི་ལྟ་བ་ཉིད་དོ་ཞེས་བྱ་བར་བཤད་ན་ནི་མ་རིག་པ་ཡིན་པར་ཤེས་པར་འགྱུར་ཏེ་མ་རིག་པ་དང་ལྡན་པས་འཇིགས་པར་ལྟ་བར་མི་འགྱུར་རོ། །ལྟ་བ་ཡང་ལྟ་བ་ཉིད་མ་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཤེས་རབ་ཀྱང་མ་ཡིན་ལ་མ་རིག་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤེས་རབ་དང་མ་རིག་པ་དེ་གཉིས་ཀྱི་རྒྱུ་མཚན་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་ནི་འཇིགས་པར་མི་ལྟ་བ་ཡིན་ནོ། །དེ་ནི་ཁྲེལ་
མེད་པ་ཞེས་བྱའོ་ཞེས་བྱ་བ་ནི་འདིས་ཁྲེལ་ཡོད་པར་བྱེད་པས་ན་ཁྲེལ་ཡོད་པའོ། །ཁྲེལ་ཡོད་པ་མ་ཡིན་པ་ནི་ཁྲེལ་མེད་པའོ། །ཡང་གཞན་དག་ངོ་ཚ་ཤེས་པ་ཡང་འཛེམ་པ་ཡིན་ལ་ཁྲེལ་ཡོད་པ་ཡང་འཛེམ་པ་ཡིན་པས་སྐད་ཀྱི་བྱིངས་དོན་གཅིག་པ་འདི་དག་ཇི་ལྟར་དོན་ཐ་དད་པར་རྗོད་པར་བྱེད་པ་ཉིད་ཡིན་སྙམ་ནས་མ་རངས་ཏེ་བདག་ལ་ལྟོས་ནས་ཞེས་བྱ་བ་རྒྱས་པར་སྨྲས་སོ། །དེ་ལྟ་ན་ཡང་ལྟོས་པ་གཉིས་ཅིག་ཅར་ཇི་ལྟར་འགྲུབ་པར་འགྱུར་ཞེས་བྱ་བ་ནི་ཀླན་ཀ་པས་ཕྱོགས་འདི་ལ་ཡང་ཅིག་ཅར་ལྟོས་པ་གཉིས་མི་སྲིད་དོ་ཞེས་བྱ་བར་མཐོང་ནས་སྨྲས་པ་ཡིན་ནོ། །དེ་ལྟ་ན་ཡང་ཞེས་བྱ་བའི་ཡང་ཞེས་བྱ་བའི་སྒྲ་ནི་ཕྱོགས་འདི་ཡང་སྐྱོན་ཆགས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ཏེ། སེམས་གཅིག་ལ་ངོ་ཚ་མེད་པ་དང་ཁྲེལ་མེད་པ་འབྱུང་བར་མི་འགྱུར་རོ་སྙམ་དུ་བསམས་ནས་ལྟོས་པ་གཉིས་ཅིག་ཅར་ཇི་ལྟར་འགྲུབ་པར་འགྱུར་ཞེས་རྒོལ་བར་བྱེད་དོ། །བདག་དང་གཞན་ལ་ལྟོས་པ་ཅིག་ཅར་རོ་ཞེས་ནི་མི་ཟེར་རོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་དག་རྣམ་གྲངས་ཀྱིས་འབྱུང་ངོ་ཞེས་སྟོན་པར་བྱེད་པ་ཡིན་ཏེ། ཁ་ཅིག་ལ་ནི་བདག་ལ་ལྟོས་ནས་ཀྱང་ཉེས་པ་རྣམས་ཀྱིས་མི་འཛེམ་པ་འབྱུང་ལ་ཁ་ཅིག་ལ་ནི་གཞན་ལ་ལྟོས་ནས་འབྱུང་ངོ༌། །བཟློག་པ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་རེ་ཞིག་རྟོག་པ་དང་པོ། མ་གུས་ངོ་ཚ་མེད་ཁྲེལ་མེད། །ཁ་ན་མ་ཐོ་འཇིགས་མི་ལྟ། །ཞེས་བྱ་བ་འདི་ལྟར་ནའོ། །གུས་པ་དང་བཅས་པ་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ་ཁ་ན་མ་ཐོ་བ་དག་ལ་འཇིགས་པར་ལྟ་བ་ཉིད་ནི་ཁྲེལ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་འཇིགས་པར་ལྟ་བ་ཉིད་ཀྱི་རྒྱུ་མཚན་ནི་ཁྲེལ་ཡོད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རྟོག་པ་གཉིས་པ་བདག་ལ་ལྟོས་ནས་ཉེས་པ་རྣམས་ཀྱིས་མི་འཛེམ་པ་ནི་ངོ་ཚ་མེད་པ་ཡིན་ལ་གཞན་ལ་ལྟོས་ནས་ནི་ཁྲེལ་མེད་པ་ཡིན་ནོ་ཞེས་བྱ་བ་ལྟར་ན་ནི་བདག་ལ་ལྟོས་ནས་ཉེས་པ་དག་གིས་འཛེམ་པ་ནི་ངོ་ཚ་ཤེས་པ་ཡིན་ལ། གཞན་ལ་ལྟོས་ནས་ནི་ཁྲེལ་ཡོད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ་ཞེས་དེ་ལྟར་ན་ཡང་ལྟོས་པ་གཉིས་ཞེས་བྱ་བའི་ཀླན་ཀའི་ལན་རྒྱས་པར་བརྗོད་པར་བྱའོ། །ཁ་ཅིག་དགའ་བ་དང་གུས་པ་
དག་གཅིག་པ་ཉིད་དུ་སེམས་ཏེ་དེ་ལྟ་བས་ན་དེ་དག་གི་ཐ་དད་དུ་བྱ་བ་རབ་ཏུ་བསྟན་པའི་ཕྱིར་དགའ་དད་ཅེས་བྱ་བ་མོས་ཏེ། དགའ་བ་ཁོ་ན་དད་པ་ཡིན་གྱི་གུས་པ་ནི་མ་ཡིན་ནོ། །དགའ་བ་དང་དད་པ་ཁོ་ན་མ་ཡིན་ཏེ། དེའི་ཕྱིར་དགའ་བ་ནི་རྣམ་པ་གཉིས་ཏེ་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པའོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དད་པ་ཡིན་ལ་དགའ་བ་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་ནི་མུ་བཞི་པ་ཡིན་ནོ། །སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་དག་ལ་ནི་མངོན་པར་ཡིད་ཆེས་པའི་ངོ་བོ་དད་པ་ཁོ་ན་ཡིན་གྱི་དགའ་བ་ནི་མ་ཡིན་ཏེ་དགའ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །དགའ་བ་ཡིན་ལ་དད་པ་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་ནི་དགའ་བའི་ངོ་བོའི་སྲེད་པ་ཡིན་གྱི་མངོན་པར་ཡིད་ཆེས་པའི་ངོ་བོ་ནི་མ་ཡིན་པས་དད་པ་ནི་མ་ཡིན་ནོ། །གཉི་ག་ཡིན་པ་ནི་དད་པ་ཡང་ཡིན་ལ་དགའ་བ་ཡང་ཡིན་པ་སྟེ། འགོག་པ་དང་ལམ་གྱི་བདེན་པ་དག་མངོན་པར་ཡིད་ཆེས་པར་བྱ་བའི་ངོ་བོ་ཡིན་པའི་ཕྱིར་དང་དགའ་བར་བྱ་བ་ཡིན་པའི་ཕྱིར་དེ་གཉི་གའི་བདག་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གཉི་ག་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་གཞན་དག་དང་ལྡན་པ་མ་ཡིན་པ་དག་གོ །དེ་ལྟར་ཆོས་ལ་དམིགས་པའི་དགའ་བ་དང་དད་པའི་མུ་བཞི་པ་སྦྱར་ནས་གང་ཟག་ལ་དམིགས་པའི་མུ་བཞི་པ་སྦྱར་བའི་ཕྱིར། གང་ཟག་ལ་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དེ་ལ་ལྷན་ཅིག་གནས་པས་ན་ལྷན་ཅིག་གནས་པ་དག་སྟེ། རབ་ཏུ་བྱུང་བའི་སློབ་མ་གང་དག་ཡིན་པའོ། །བླ་མ་དང་ཉེ་བར་གནས་པས་ཉེ་གནས་དག་སྟེ། གནས་འཆར་བ་དང་འདོན་པས་འབྲེལ་བ་དག་ཡིན་ནོ། །བུ་ལ་སོགས་པ་དེ་དག་ལ་ནི་དགའ་བ་ཁོ་ན་ཡིན་གྱི་གུས་པ་ནི་མ་ཡིན་ནོ། །ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་ནི་ཅི་རིགས་པར་སྦྱར་རོ། །གུས་པ་ནི་དགའ་བ་མ་ཡིན་ཏེ། གུས་ཉིད་ངོ་ཚ་ཤེས་ཞེས་བྱ་བ་མཚན་ཉིད་འབྱུང་ངོ༌། །གུས་པ་ཡིན་ལ་དགའ་བ་མ་ཡིན་པ་ནི་གུས་པར་བྱ་བའི་གནས་ཡིན་པའི་ཕྱིར་རོ། །གཉི་ག་ཡིན་པ་ནི་དགའ་བ་དང་གུས་པ་སྟེ་དེ་གཉི་གའི་བདག་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གཉི་ག་མ་ཡིན་པ་
རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་སྐྱེ་བོ་གཞན་འབྲེལ་པ་མེད་ཅིང་ཡོན་ཏན་མེད་པ་གང་ཡིན་པ་སྟེ། དེ་ལ་ནི་དགའ་བ་དང་གུས་པ་མེད་དོ། །དེ་སྔོན་དུ་འགྲོ་བའི་དགའ་བ་ནི་དགའ་བ་ཡིན་ཞེས་བྱ་བ་ནི་སློབ་དཔོན་ན་རེ་ཡོན་ཏན་ལ་ཡིད་ཆེས་པ་སྔོན་དུ་འགྲོ་བའི་དགའ་བ་སྟེ་དེ་ནི་དགའ་བ་ཡིན་ཏེ་དེ་ལྟ་བས་ན་དད་པ་ཉིད་དགའ་བ་མ་ཡིན་ནོ་ཞེས་ཟེར་རོ། །གུས་ཉིད་ངོ་ཚ་ཤེས་ཞེས་བྱ་བ་ནི་ངོ་ཚ་ཤེས་པ་ཇི་སྐད་བཤད་པ་སྟེ། གུས་པ་དང་བཅས་པ་ཉིད་དེ། བཀུར་བ་དང་བཅས་པ་ཉིད་དང་འཇིགས་པས་དབང་སྒྱུར་བ་དང་བཅས་པ་ཉིད་ཅེས་བཤད་པའི་ངོ་ཚ་ཤེས་པ་གང་ཡིན་པ་དེ་ནི་གུས་པ་ཡིན་ནོ། །དེ་ལྟར་ན་དགའ་བ་ནི་དད་པའི་མཚན་ཉིད་ནི་ཡིན་ལ་གུས་པ་ནི་ངོ་ཚ་ཤེས་པའི་མཚན་ཉིད་ཡིན་ནོ་ཞེས་དེ་དག་གི་ཐ་དད་དུ་བྱ་བ་བཤད་པ་ཡིན་ནོ། །བཀུར་བ་དང་བཅས་པ་ཉིད་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་ངོ་ཚ་ཤེས་པ་ཡང་དེ་བཞིན་དུ་ཆོས་དག་དང་གང་ཟག་དག་ལ་ངོ་ཚ་ཤེས་པ་ཡིན་ནོ། །གང་དག་གང་ཟག་ལ་དམིགས་པའི་དད་པ་དང་ངོ་ཚ་ཤེས་པ་དེ་དག་དེ་ན་མེད་དོ་ཞེས་བྱ་བ་ནི་གང་ཟག་ལ་དམིགས་པའི་དད་པ་དང་ངོ་ཚ་ཤེས་པ་གང་དག་གཅིག་ཉིད་ཡིན་པར་སེམས་པ་དག་གི་དབང་དུ་བྱས་པ་ཡིན་ཏེ། དེ་དག་ཁོ་ན་གཟུགས་མེད་པའི་ཁམས་ན་མེད་ལ་འདོད་པ་དང་གཟུགས་ཀྱི་ཁམས་དག་ན་ཡོད་དོ་ཞེས་བཤད་པ་ཡིན་ནོ། །སེམས་གཅིག་ལ་དེ་གཉིས་ཇི་ལྟར་ལྡན་ཞེས་བྱ་བ་ནི་སེམས་དེ་ཉིད་དེ་དག་དང་ལྡན་པས་རྩིང་བ་ཡང་ཡིན་ལ་ཞིབ་པ་ཡང་ཡིན་པར་མི་རུང་སྟེ། འགལ་བའི་ཕྱིར་རོ། །བོར་བ་ཞེས་བྱ་བ་ནི་བ་སྒྱུར་ཏེ་བོར་བ་ཞེས་བྱ་བའི་ཐ་ཚིག་གོ །ཧ་ཅང་མི་འཁྱག་པ་ནི་ཏེ་བོར་སྲ་བར་མི་འགྱུར་བའོ། །ཧ་ཅང་མི་འཇུ་བ་ནི་ཏེ་བོར་རྐྱང་རྐྱང་པོར་མི་འགྱུར་བའོ། །ཧ་ཅང་ཞིབ་པར་ཡང་མི་འགྱུར་བ་ལ་ཧ་ཅང་རྩིང་བར་ཡང་མི་འགྱུར་ཞེས་བྱ་བ་ནི་བར་མར་གནས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་ན་འོ་ན་ནི་རྒྱུ་མཚན་དུ་གྱུར་པ་ཡིན་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་ལྟར་ཆུ་དང་ཉི་མ་དག་མར་སར་འཁྱག་པ་དང་འཇུ་བ་དག་གི་རྒྱུ་མཚན་དུ་གྱུར་པ་ཡིན་གྱི་དེ་དག་གི་ངོ་བོ་ཉིད་དེ་འཁྱག་པ་ཉིད་དང་འཇུ་བ་ཉིད་ཀྱི་ངོ་བོ་ཉིད་དག་ནི་མ་ཡིན་པ་དེ་བཞིན་དུ་རྟོག་པ་དང་དཔྱོད་པ་དག་ཀྱང་སེམས་རྩིང་བ་ཉིད་དང་ཞིབ་
པ་ཉིད་དག་གི་རྒྱུ་མཚན་དུ་གྱུར་པ་ཡིན་གྱི་རྩིང་བ་དང་ཞིབ་པ་ཉིད་ཀྱི་ངོ་བོ་ཉིད་ནི་མ་ཡིན་ནོ། །དེས་ན་འདི་སྐད་དུ་སེམས་རྩིང་བ་ཉིད་ཀྱི་རྒྱུ་ནི་རྟོག་པ་ཡིན་ལ་སེམས་ཞིབ་པ་ཉིད་ཀྱི་རྒྱུ་ནི་དཔྱོད་པ་ཡིན་ནོ་ཞེས་བརྗོད་དགོས་སོ། །ཁྱོད་ཁས་ལེན་པས་འདི་ནི་ཉེས་པ་མེད་དོ་ཞེས་ཟེར་ན་དེའི་ཕྱིར་ཉེས་པ་གཞན་རྩིང་བ་དང་ཞིབ་པ་ནི་ལྟོས་པ་ཅན་ཡང་ཡིན་པས་ཞེས་བྱ་བ་རྒྱས་པར་སྨོས་སོ། །ས་དང་རྣམ་པའི་བྱེ་བྲག་གིས་ཞེས་བྱ་བ་ནི་སའི་བྱེ་བྲག་དང་རྣམ་པའི་བྱེ་བྲག་གིས་ཏེ་རེ་ཞིག་སའི་བྱེ་བྲག་གིས་ནི་བསམ་གཏན་དང་པོ་ལ་ལྟོས་ན་འདོད་པའི་ཁམས་མངོན་པར་འདུ་བྱ་བ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རྩིང་བ་ཡིན་ལ། འདོད་པའི་ཁམས་ལ་ལྟོས་ན་བསམ་གཏན་དང་པོ་མངོན་པར་འདུ་བྱ་བ་ཆུང་ངུས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ཞིབ་པ་ཡིན་ཏེ་རབ་ཏུ་ཞིབ་པ་ཡིན་ནོ། །ཡང་དེ་ཉིད་བསམ་གཏན་གཉིས་པ་ལ་ལྟོས་ན་རྩིང་བ་ཡིན་ཏེ་སྲིད་པའི་རྩེ་མོ་ཕྲ་བ་ཡིན་པའི་བར་དུ་ཡང་དེ་དང་འདྲའོ། །རྣམ་པའི་བྱེ་བྲག་གིས་ཀྱང་ས་དེ་ཉིད་ན་རྩིང་བ་དང་ཞིབ་པ་ཉིད་དག་ལྟོས་པ་ཅན་ཡིན་ཏེ། དཔེར་ན་འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་གྱི་ཉོན་མོངས་པ་རྣམས་སམ་ཡོན་ཏན་རྣམས་ཀྱི་རྣམ་པའི་གཞི་གསུམ་པོ་དེ་དག་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོ་གང་དག་ཡིན་པ་དེ་དག་ལས་ཉོན་མོངས་པ་ཆེན་པོ་རྩིང་བ་ཡིན་ཞིང་ཆུང་ངུ་ནི་ཞིབ་པ་ཡིན་ལ་ཉོན་མོངས་པ་ལས་བཟློག་པ་ནི་ཡོན་ཏན་དག་ཡིན་པ་ལྟ་བུའོ། །དེ་ལྟར་ན་རྩིང་བ་དང་ཞིབ་པ་ཉིད་དག་པ་དང་རྣམ་པའི་བྱེ་བྲག་གིས་ལྟོས་པ་ཅན་ཉིད་ཀྱང་ཡིན་པས་སྲིད་པའི་རྩེ་མོའི་བར་དུ་རྩིང་བ་དང་ཞིབ་པ་ཉིད་དག་ཡོད་པར་འགྱུར་བ་ཞིག་ན་རྟོག་པ་དང་དཔྱོད་པ་དག་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོའི་ས་པ་ཡིན་པའི་ཕྱིར་དེ་ཡང་མི་འདོད་དེ། རྩིང་པ་དང་ཞིབ་པ་ཉིད་ཀྱི་རང་བཞིན་ཐ་དད་པར་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྟོག་པ་ཡང་གཞན་ཡིན་ལ་དཔྱོད་པ་ལ་ཡང་གཞན་ཡིན་ནོ་ཞེས་རྟོག་པ་དང་དཔྱོད་པ་དག་རང་བཞིན་ཐ་དད་པར་འདོད་དོ། །རྩིང་བ་ཉིད་དང་ཞིབ་པ་ཉིད་ཀྱིས་ནི་གོ་རིམས་བཞིན་དུ་རྟོག་པ་དང་དཔྱོད་པ་དག་ངོ་བོ་ཉིད་ཐ་དད་པར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚོར་བ་དང་འདུ་ཤེས་རང་བཞིན་ཐ་དད་པ་དག་ནི་རྩིང་བ་དང་ཞིབ་པ་ཉིད་དུ་འགྱུར་ཏེ། རྩིང་བ་དང་ཞིབ་པ་ཉིད་ཁོ་ནས་ནི་དེ་དག་
ངོ་བོ་ཉིད་ཐ་དད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མྱོང་བའི་མཚན་ཉིད་དང༌། མཚན་མར་འཛིན་པའི་མཚན་ཉིད་ཀྱིས་དེ་དག་ངོ་བོ་ཉིད་ཐ་དད་པ་ཡིན་ཏེ། དེའི་ཕྱིར་ཡང་འདི་གཉིས་ཀྱི་མཚན་ཉིད་མེད་པ་ཡིན་ནོ། །གཞན་དག་ན་རེ་ནི་ཞེས་བྱ་བ་ནི་མདོ་སྡེ་པ་རྣམས་སོ། །ངག་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི་ངག་ཀུན་ནས་སློང་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲའི་མ་བརྟགས་མ་དཔྱད་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་དག་གིས་འདི་དང་འདི་ལྟ་བུ་ཞིག་སྨྲ་བར་བྱའོ་སྙམ་པ་ཡིན་ནོ། །དེ་ལ་རྩིང་བ་གང་དག་ཡིན་པ་དེ་དག་ནི་ངག་མངོན་པར་འདུ་བྱེད་པའི་རྟོག་པ་ཡིན་ཏེ་ལས་ཀྱིས་ངོ་བོ་ཉིད་བསྟན་གྱི་རང་གི་མཚན་ཉིད་གཞན་དུ་རབ་ཏུ་བསྟན་པར་མི་ནུས་སོ། །དེ་བཞིན་དུ་ཞིབ་པ་གང་དག་ནི་དཔྱོད་པ་ཡིན་ནོ། །རྟོག་པ་འདི་ལ་ནི་རྟོག་པ་དང་དཔྱོད་པ་དག་སྤྱིའི་ངོ་བོ་དང་རྣམ་གྲངས་ཀྱིས་འབྱུང་བ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་ཚོགས་དག་ཀུན་ནས་སློང་བར་བྱེད་པ་ཡིན་པའི་ཕྱིར་རོ། །སེམས་གཅིག་ལ་དེ་གཉིས་ཇི་ལྟར་ལྡན་ཞེས་སྨྲས་པས་དེའི་ཕྱིར་བྱེ་བྲག་ཏུ་སྨྲ་བས། གལ་ཏེ་སེམས་གཅིག་ལ་རྩིང་བ་ཡང་ཆོས་གཞན་ཡིན་ཞིབ་པ་ཡང་ཆོས་གཞན་ཡིན་ན་ཞེས་བྱ་བ་རྒྱས་པར་སྨྲས་ཏེ་སེམས་གཅིག་ལ་རྟོག་པ་རགས་པའི་ངོ་བོ་ཉིད་ཀྱང་ཆོས་གཞན་ཡིན་ཞིང་དཔྱོད་པ་ཞིབ་པའི་ངོ་བོ་ཉིད་ཀྱང་གཞན་ཡིན་ལ། དེ་དག་ཀྱང་གོ་རིམས་བཞིན་དུ་སེམས་རྩིང་པ་དང་ཞིབ་པ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་སེམས་རྩིང་བ་ཉིད་དང་ཞིབ་པ་ཉིད་དག་ཅེས་བྱའོ། །ཡང་ན་སེམས་ལ་རྩིང་པ་ཡོད་པས་ན་སེམས་རྩིང་བའོ། །སེམས་རྩིང་པའི་ངོ་བོ་ནི་སེམས་རྩིང་བ་ཉིད་དོ། །སེམས་ཞིབ་པ་ཉིད་ཀྱང་དེ་བཞིན་དུ་བརྗོད་པར་བྱ་སྟེ། འདི་ལ་འགལ་བ་ཅི་ཞིག་ཡོད། གལ་ཏེ་རྟོག་པ་དང་དཔྱོད་པ་དག་ཚོར་བ་དང་འདུ་ཤེས་བཞིན་དུ་རིགས་ཐ་དད་པ་ཞིག་ཡིན་ན་ནི་འགལ་བ་མེད་དོ། །ཚོར་བ་ནི་རྩིང་བ་ཡིན་ལ་འདུ་ཤེས་ནི་ཞིབ་པ་ཡིན་ཏེ། དེ་དག་ལ་ནི་རིགས་ཐ་དད་པ་ཡོད་བས་རྩིང་བ་དང་ཞིབ་པ་ཉིད་ཡོད་ཀྱང་སེམས་གཅིག་ལ་འབྱུང་བ་འགལ་བ་མེད་ཀྱི་རིགས་གཅིག་པ་དམིགས་ཀྱིས་མ་ཕྱེ་བའི་མཚན་ཉིད་ཅན་ཁ་ཅིག་གིས་གཅིག་པ་ཉིད་དུ་ཡང་གཟུང་བ་ལ་ནི་ཆུང་ངུ་དང་ཆེན་པོ་ཉིད་དེ་རྩིང་བ་དང་
ཞིབ་པའི་མཚན་ཉིད་ཅིག་ཅར་འབྱུང་བ་མི་སྲིད་དོ། །ཤུགས་ཀྱིས་ན་ཅིག་ཅར་མ་ཡིན་པར་འབྱུང་བར་འགྱུར་རོ་ཞེས་བཤད་པ་ཡིན་ཏེ། འདི་ལྟར་ཚོར་བའམ་ཆོས་གཞན་ཡང་རུང་སྟེ། རྣམ་གྲངས་ཀྱིས་ནི་ཆུང་ངུ་ཉིད་དང་ཆེན་པོ་ཉིད་བསྟེན་པར་འགྱུར་རོ། །དེ་ལྟ་ན་ནི་གསལ་བར་མི་འགྱུར་ཏེ་ཞེས་བྱ་བ་ཅི་ཞེ་ན། རིགས་ཐ་དད་པའོ། །ཅིའི་ཕྱིར་ཞེ་ན། རིགས་རེ་རེ་ལ་ཡང་ཆུང་ངུ་དང་ཆེན་པོ་ཡོད་པའི་ཕྱིར་ཏེ། ལྟོས་པའི་བྱེ་བྲག་གི་ཚོར་བ་ནི་རྩིང་བ་ཡང་ཡིན་ལ་ཞིབ་པ་ཡང་ཡིན་ནོ། །ཇི་ལྟ་ཞེ་ན། ཚོར་བ་ནི་འདུ་ཤེས་ལ་ལྟོས་ན་ནི་རྩིང་བ་ཡིན་ལ་གཟུགས་ལ་ལྟོས་ན་ནི་ཞིབ་པ་ཡིན་ནོ། །དེ་བཞིན་དུ་འདུ་ཤེས་ཀྱང་འདུ་བྱེད་ལ་ལྟོས་ན་ནི་རྩིང་བ་ཡིན་ལ་ཚོར་བ་ལ་ལྟོས་ན་ནི་ཞིབ་པ་ཡིན་ནོ། །ཡང་ན་རྟོག་པ་དང་དཔྱོད་པ་ཉིད་དང་འདྲ་བ་སྟེ། ཁྱེད་ཀྱི་ལྟར་ན་ཡང་འདོད་པ་ན་སྤྱོད་པའི་རྟོག་པ་དང་དཔྱོད་པ་དག་ནི་རྩིང་བ་ཡིན་ལ་བསམ་གཏན་དང་པོའི་ས་པ་དག་ནི་ཞིབ་པ་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་གྱི་དཔྱོད་པ་ནི་ཆེས་ཞིབ་པ་ཡིན་ནོ། །དེ་ལྟར་ན་རིགས་རེ་རེ་ལ་ཆུང་ངུ་དང་ཆེན་པོ་ཡོད་པའི་ཕྱིར། དེ་ལྟ་ན་ནི་གསལ་བར་མི་འགྱུར་ཏེ་ཆུང་ངུ་དང་ཆེན་པོ་ཉིད་ཀྱིས་རིགས་གསལ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་སློབ་དཔོན་འདུས་བཟང་ན་རེ་མཐུའི་དུས་ཐ་དད་པའི་ཕྱིར་སེམས་གཅིག་ཁོ་ན་ལ་རྩིང་བ་དང་ཞིབ་པ་ཉིད་དག་འབྱུང་བ་འགལ་བ་མེད་དེ། གང་གི་ཚེ་སེམས་དང་སེམས་ལས་བྱུང་བའི་ཚོགས་ལ་རྟོག་པ་བྱ་བ་ལ་ཤས་ཆེ་བར་གྱུར་བ་དེའི་ཚེ་ནི་སེམས་རྩིང་བ་ཡིན་ལ། གང་གི་ཚེ་དཔྱོད་པ་ཤས་ཆེ་བ་དེའི་ཚེ་ནི་ཞིབ་པ་ཡིན་ནོ། །འདོད་ཆགས་དང་གཏི་མུག་སྤྱོད་པར་ཐ་སྙད་འདོགས་པ་བཞིན་ཏེ། འདོད་ཆགས་དང་གཏི་མུག་ཅིག་ཅར་འབྱུང་མོད་ཀྱི་དེ་གཉིས་ལས་གང་ཡང་རུང་བ་ཞིག་བྱ་བ་ལ་ཤས་ཆེ་བ་དང་ལྡན་པའི་སྒོ་ནས་འདོད་ཆགས་སྤྱོད་པའམ་གཏི་མུག་སྤྱོད་པའོ་ཞེས་ཐ་སྙད་འདོགས་པ་ལྟར་འདིར་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །འདི་ལ་བདག་ནི་ཚོགས་པ་ཁ་ཅིག་ལ་ཆོས་འགའ་ཞིག་བྱ་བ་ལ་ཤས་ཆེ་བ་ནི་ཡིན་མོད་ཀྱི་འོན་ཀྱང་འདི་གཉིས་ཀྱི་མཚན་ཉིད་རྣམ་པར་མ་ཕྱེ་བས་འདི་ནི་གྱི་ནའོ་ཞེས་སྨྲའོ། །རྟོག་པ་དང་དཔྱོད་པ་དག་གི་མཚན་ཉིད་སེམས་རྩིང་བ་ཉིད་དང་ཞིབ་པ་ཉིད་ཡིན་པར་བཤད་པ་མ་
ཡིན་ནམ་ཞེ་ན། བཤད་པ་ནི་བདེན་ན་རིགས་རེ་རེ་ལ་ཡང་རྩིང་བ་དང་ཞིབ་པ་ཡོད་པའི་ཕྱིར་དེ་དག་གི་མཚན་ཉིད་རྩིང་བ་དང་ཞིབ་པ་ཉིད་ཡིན་པར་འོས་པ་མ་ཡིན་ཏེ། ཇི་སྐད་བཤད་པ་ལྟ་བུ་ཡིན་པས་འདིས་ནི་བདག་རངས་པར་མི་འགྱུར་རོ། །གཞན་དག་ན་རེ་སེམས་གཅིག་ལ་རྟོག་པ་དང་དཔྱོད་པ་དག་མི་འབྱུང་བ་ཉིད་དོ་ཞེས་ཟེར་རོ་ཞས་བྱ་བ་ནི་སློབ་དཔོན་གྱི་གཞུང་ལུགས་ཡིན་ཏེ། གཞུང་ལུགས་འདི་ལ་ནི་ཇི་སྐད་བཤད་པའི་ཉེས་པར་མི་འགྱུར་རོ། །རྣམ་གྲངས་ཀྱིས་འབྱུང་བ་འདི་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། འདི་ལ་སྔོན་གྱི་སློབ་དཔོན་ན་རེ་རྟོག་པ་གང་ཞེ་ན། སེམས་པའམ་ཤེས་རབ་ལ་བརྟེན་ནས་གོ་རིམས་བཞིན་དུ་གཏན་ལ་མི་འབེབས་པ་དང་གཏན་ལ་འབེབས་པའི་གནས་སྐབས་དག་ན་ཡིད་ཀྱི་བརྗོད་པ་ཀུན་དུ་ཚོལ་བར་བྱེད་པ་ཡིན་ཏེ། དེ་ཡང་སེམས་རྩིང་བ་ཉིད་ཡིན་ནོ། །དཔྱོད་པ་གང་ཞེ་ན། སེམས་པའམ་ཤེས་རབ་ལ་བརྟེན་ནས་གོ་རིམས་བཞིན་དུ་གཏན་ལ་མི་འབེབས་པ་དང་གཏན་ལ་འབེབས་པའི་གནས་སྐབས་དག་ན་ཡིད་ཀྱི་བརྗོད་པ་སོ་སོར་རྟོག་པར་བྱེད་པ་ཡིན་ཏེ། དེ་ཡང་སེམས་ཞིབ་པ་ཉིད་ཡིན་ནོ་ཞེས་འཆད་དེ། ཕྱོགས་འདི་ནི་རྟོག་པ་དང་དཔྱོད་པ་དག་ངོ་བོ་ཉིད་གཅིག་པ་འདུས་པའི་ངོ་བོ་རྣམ་གྲངས་ཀྱིས་འབྱུང་བ་ཡིན་ལ་ཀུན་དུ་ཚོལ་བ་དང་སོ་སོར་རྟོག་པའི་རྣམ་པ་ཙམ་གྱིས་ཐ་དད་པ་ཡིན་པར་འདོད་དོ། །འདིར་དཔེ་ནི་ཁ་ཅིག་ན་རེ་འདི་ལྟ་སྟེ་བུམ་པ་མང་པོ་ཞིག་ཡོད་པ་ལས་ཐལ་མོས་བསྣུན་ཏེ། འདིའི་ནང་ན་གང་ནི་སྲ་གང་ནི་འཕན་ཡོད་ཅེས་སྨྲ་བ་གང་ཡིན་པ་དེ་ནི་རྟོག་པ་ཡིན་ལ། མཇུག་ཏུ་འདིའི་ནང་ན་འདི་སྙེད་ཅིག་ནི་འཕན་ཡོད་དོ་ཞེའམ་སྲའོ་ཞེས་བྱ་བར་འཛིན་པ་གང་ཡིན་པ་དེ་ནི་དཔྱོད་པ་ཡིན་ནོ་ཞེས་ཟེར་རོ། །ད་ནི་ཇི་ལྟར་བསམ་གཏན་དང་པོ་ཡན་ལག་ལྔ་པར་བཤད་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་བ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ་ཞེས་གསུངས་པའི་མདོ་འདི་ལས་ཡན་ལག་ལྔ་པར་གསུངས་པ་དེ་ཇི་ལྟ་བུ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ས་ལས་དེ་ཡན་ལག་ལྔ་པར་བཤད་ཀྱི་སྐད་ཅིག་ལས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསམ་གཏན་དང་
པོའི་ས་རེས་འགའ་ནི་རྟོག་པ་དང་ལྡན་ལ་རེས་འགའ་ནི་དཔྱོད་པ་དང་ལྡན་ཏེ། དེ་ལྟ་བས་ན་རྒྱུད་ཀྱི་དབང་དུ་མཛད་ནས་ཡན་ལག་ལྔ་པར་བཤད་ཀྱི་སྐད་ཅིག་མའི་དབང་དུ་མཛད་པ་ནི་མ་ཡིན་པས་ཉེས་པ་མེད་དོ། །ཕ་རོལ་པོ་ལས་གང་ཡང་རུང་བའི་ཁྱད་པར་ཞིག་ཡོངས་སུ་བརྟགས་ནས་ཞེས་བྱ་བ་ནི་ཕ་རོལ་པོ་ལས་ཡང་དག་པའམ་ཡང་དག་པ་མ་ཡིན་པའི་ཁྱད་པར་ཞིག་ཡོངས་སུ་བརྟགས་ནས་བདག་ནི་དཔའ་བོ་ནོར་དང་ལྡན་ནོ། །ཚུལ་ཁྲིམས་དང་ལྡན་ནོ། །བློ་ཕུན་སུམ་ཚོགས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པ་དེ་ནི་ང་རྒྱལ་ཞེས་བྱ་བ་སེམས་ལས་བྱུང་བའི་ཆོས་ཡིན་ནོ། །སེམས་ནི་ཡོངས་སུ་གཏུགས་པའོ། །ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲས་ནི་ཁྱད་པར་དུ་བྱ་བའི་དོན་ཏམ། རིམ་པ་གཞན་དུ་སྦྱར་བ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་རྒྱགས་པ་ནི་རང་གི་ཆོས་རྣམས་ཁོ་ན་ལ་ཆགས་པའི་ཞེས་བྱ་བ་རྒྱས་པར་སྨོས་སོ། །སེམས་ཡོངས་སུ་གཏུགས་པ་ཞེས་བྱ་བ་ནི་གང་གིས་ན་རང་གི་ཆོས་གཟུགས་དང་དཔའ་བ་ལ་སོགས་པ་ཁོ་ན་ལ་ཆགས་པས་སེམས་ཡོངས་སུ་གཏུགས་ཤིང་ཀུན་དུ་འགགས་པར་འགྱུར་བ་དེ་ནི་འདོད་ཆགས་རྒྱུ་མཐུན་པའི་རྒྱགས་པ་ཡིན་ནོ། །སློབ་དཔོན་འདུས་བཟང་ན་རེ་ནི་རང་གི་ཆོས་རྣམས་ཁོ་ན་ལ་ཆགས་པའི་སེམས་རྒྱགས་པ་དགེ་བའི་ཆོས་བྱ་བ་དག་ལས་ཡོངས་སུ་གཏུགས་ཤིང་ཕྱིར་ལོག་པ་དེ་ནི་རྒྱགས་པ་ཡིན་ནོ་ཞེས་ཟེར་རོ། །རྒྱགས་པ་ཡང་འདོད་ཆགས་ལས་སྐྱེས་པ་ཀུན་དུ་དགའ་བའི་བྱེ་བྲག་ཡིན་ནོ་ཞེས་བྱ་བ་ནི་ཡིད་དགའ་བ་ཉོན་མོངས་པ་ཅན་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་མི་འདོད་དེ། འདི་ལྟར་ཡིད་བདེ་བ་ནི་བསམ་གཏན་གཉིས་པའི་བར་ན་ཡོད་ལ་རྒྱགས་པ་ནི། རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན། །ཞེས་འབྱུང་བའི་ཕྱིར་ཁམས་གསུམ་པ་ཡིན་ནོ། །སེམས་ལས་འབྱུང་བ་རྣམས་སེམས་དང་བཅས་ཏེ་རྣམ་པར་རེ་རེ་ནས་བཤད་ཟིན་ཏོ་ཞེས་བྱ་བ་ནི་སེམས་ནི་རེ་ཞིག །རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རང་གི་མཚན་ཉིད་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། དགེ་བ་དང༌། མི་དགེ་བ་ལ་སོགས་པའི་རབ་ཏུ་དབྱེ་བས་རྣམ་པ་རེ་རེ་ནས་བཤད་ཟིན་ལ་སེམས་ལས་བྱུང་བ་དག་ཀྱང་རང་གི་
མཚན་ཉིད་དང་ཕན་ཚུན་གྱི་ཁྱད་པར་དང་རང་སེམས་ཀྱི་གྲངས་ངེས་པར་གཟུང་བ་དང༌། འདོད་པ་དང༌། བསམ་གཏན་དང་པོའི་ས་ལ་སོགས་པའི་རབ་ཏུ་དབྱེ་བས་བཤད་ཟིན་ཏོ། །དོན་གཅིག་ཅེས་བྱ་བ་ནི་སེམས་གང་ཡིན་པ་དེ་ཉིད་ཡིན་ལ། དེ་ཉིད་རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ནོ། །འདི་ལ་དོན་གཅིག་པ་ཡོད་པས་ན་དོན་གཅིག་པ་ཡིན་ནོ། །ངེས་པའི་ཚིག་གི་ཁྱད་པར་ནི་བརྗོད་པར་བྱ་སྟེ། འབྱེད་པས་ན་སེམས་སོ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་འབྱེད་པས་ན་ཞེས་བྱ་བའི་ཐ་ཚིག་སྟེ། ངེས་པའི་ཚིག་གི་ཚུལ་གྱིས་ན་དེ་ལྟར་གྲུབ་པ་ཡིན་ནོ། །ཤེས་པས་ནི་ཡིད་དོ་ཞེས་བྱ་བ་ནི་ཡིད་ཅེས་པའི་སྐད་ཀྱི་བྱིངས་འདི་ནི་ཤེས་པའི་དོན་ཡིན་ནོ། །དམིགས་པ་རྣམ་པར་ཤེས་པས་ན་རྣམ་པར་ཤེས་པས་ན་རྣམ་པར་ཤེས་པའོ། །དགེ་བ་དང་མི་དགེ་བའི་ཁམས་དག་གིས་བསགས་པས་ན་སེམས་སོ་ཞེས་བྱ་བ་ནི་མདོ་སྡེ་པའི་གཞུང་ལུགས་དང་རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ཀྱིས་ནི་བག་ཆགས་གནས་པའི་ཚུལ་གྱིས་ན་སེམས་ཡིན་ནོ། །རྟེན་དུ་གྱུར་པ་ནི་ཡིད་དོ། །བརྟེན་པར་གྱུར་པ་ནི་རྣམ་པར་ཤེས་པའོ་ཞེས་བྱ་བ་ནི་རྟེན་གྱི་དངོས་པོ་ལ་ལྟོས་པ་ནི་ཡིད་ཡིན་ཏེ། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་བྱ་བའི་དོན་ཡོངས་སུ་གཟུང་བའི་ཕྱིར་རོ། །བརྟེན་པའི་དངོས་པོ་ལ་ལྟོས་པ་ནི་རྣམ་པར་ཤེས་པ་ཡིན་ཏེ། གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེའོ་ཞེས་འབྱུང་བའི་ཕྱིར་རོ། །སེམས་དང་སེམས་བྱུང་དང༌། །རྟེན་དང་དམིགས་དང་རྣམ་བཅས་དང༌། །མཚུངས་པར་ལྡན་པ་འང་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲ་སྨོས་པ་ན་དོན་གཅིག་དང་སྦྱར་བའི་ཕྱིར་ཏེ་སེམས་དང་སེམས་བྱུང་ཞེས་བྱ་བའི་སྒྲ་འདིར་བརྗོད་པ་གང་དག་ཡིན་པ་དེ་དག་ཉིད་རྟེན་བཅས་ཞེས་བྱ་བའི་སྒྲ་འདིས་བརྗོད་པར་བྱ་བ་ཡིན་ཏེ་དམིགས་པ་དང་བཅས་པ་དག་དང་རྣམ་པ་དང་བཅས་པ་དང་མཚུངས་པར་ལྡན་པ་དག་ཀྱང་དེ་དང་འདྲ་སྟེ། དེ་ལ་དབང་པོ་ལ་བརྟེན་པའི་ཕྱིར་རྟེན་དང་བཅས་པ་དག་ཡིན་ཏེ་སྐྱེ་མཆེད་དྲུག་ལ་བརྟེན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ཡུལ་ལ་འཛིན་པའི་ཕྱིར་དམིགས་པ་དང་བཅས་པ་དག་སྟེ། སེམས་དང་སེམས་ལས་བྱུང་བ་དག་ནི་དམིགས་པ་མེད་པར་སྐྱེ་བར་མི་འགྱུར་རོ། །དམིགས་པ་དེ་ཉིད་ལ་རྣམ་པ་རེ་རེ་ནས་བྱེ་བྲག་ཏུ་གཅོད་
པའི་ཕྱིར་རྣམ་པ་དང་བཅས་པ་དག་སྟེ། གང་གིས་ན་དེ་དག་དམིགས་པ་དང་བཅས་པ་ཡིན་པའི་ཕྱིར་དམིགས་པ་དེ་ལ་རྣམ་པ་རེ་རེ་ནས་འཛིན་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། རྣམ་པར་ཤེས་པས་ནི་སྔོན་པོའམ་སེར་པོའི་དངོས་པོ་རྣམ་པར་ཤེས་ཏེ། དམིགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་དམིགས་པའི་དངོས་པོ་དེ་ཉིད་ནི་ཚོར་བས་ནི་ཉམས་སུ་མྱོང་ངོ༌། །འདུ་ཤེས་ཀྱིས་ནི་ཡོངས་སུ་གཅོད་དོ། །སེམས་པས་ནི་མངོན་པར་འདུ་བྱེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །ཡང་ན་དམིགས་པ་དེ་ཉིད་ལ་རྣམ་པར་ཤེས་པས་ནི་སྤྱིའི་ངོ་བོར་དམིགས་པར་བྱ་བའི་ཚུལ་དུ་འཛིན་ལ། བྱེ་བྲག་གི་ངོ་བོ་ནི་ཚོར་བས་ནི་མྱོང་བར་བྱ་བའི་ཚུལ་དུ་འཛིན་ཏོ། །འདུ་ཤེས་ཀྱིས་ནི་ཡོངས་སུ་གཅད་པར་བྱ་བའི་ཚུལ་དུ་འཛིན་ཏོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །མཉམ་པར་ལྡན་པའི་ཕྱིར་མཚུངས་པར་ལྡན་པ་དག་གོ་ཞེས་བྱ་བ་ནི་ཕན་ཚུན་མཉམ་པར་མི་འབྲལ་བས་ན་མཚུངས་པར་ལྡན་པ་ཡིན་ནོ། །རྟེན་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་མཚུངས་པ་དག་གིས་ཞེས་བྱ་བ་ནི་རྟེན་གང་གིས་སེམས་སྐྱེ་བའི་རྟེན་དེ་ཉིད་ཀྱི་ཚོར་བ་དང་འདུ་ཤེས་དང་སེམས་པ་ལ་སོགས་པ་སྐྱེ་ལ། དེ་བཞིན་དུ་དམིགས་པ་གང་གིས་སེམས་སྐྱེ་བ་དེ་ཉིད་ཀྱིས་ཚོར་བ་ལ་སོགས་པ་སྐྱེའོ། །རྣམ་པ་གང་གིས་སེམས་སྐྱེ་བ་དེ་ཉིད་ཀྱིས་ཚོར་བ་ལ་སོགས་པ་སྐྱེ་སྟེ། གལ་ཏེ་སེམས་སྔོན་པོའི་རྣམ་པ་ཅན་ཡིན་ན་དེ་དང་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་སྔོན་པོའི་རྣམ་པ་ཅན་ཁོ་ནར་སྐྱེའོ། །སེམས་དུས་གང་དུ་སྐྱེ་བ་དེ་ཁོ་ནར་ཚོར་བ་ལ་སོགས་པ་སྐྱེའོ། །ཇི་ལྟར་སེམས་རྫས་གཅིག་ཁོ་ནར་སྐྱེ་བ་དེ་བཞིན་དུ་ཚོར་བ་ཡང་རྫས་གཅིག་ཁོ་ནར་སྐྱེའི་གཉིས་སམ་གསུམ་ནི་མ་ཡིན་ཏེ། འདུ་ཤེས་ཀྱི་རྫས་དང་སེམས་པའི་རྫས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །དེའི་ཕྱིར་ཐ་མ་དེ་ཁོ་ན་རྟོགས་པར་དཀའ་བས། ཇི་ལྟར་སེམས་གཅིག་ཁོ་ན་ཡིན་པ་དེ་བཞིན་དུ་སེམས་ལས་བྱུང་བ་རྣམས་ཀྱང་རྫས་རེ་རེ་ཡིན་པའོ་ཞེས་བཤད་དོ། །སློབ་དཔོན་ལྡན་པ་མ་ཡིན་པ་བཤད་པར་འདོད་ནས་གླེང་སློང་བར་བྱེད་དེ། སེམས་དང་སེམས་ལ་ལས་བྱུང་བ་རྒྱས་པ་དང་རབ་ཏུ་དབྱེ་བ་དང་བཅས་པ་དག་ནི་བསྟན་ཟིན་ཏོ། །ད་ནི་མཚུངས་
པར་ལྡན་པ་མ་ཡིན་པ་དག་གི་སྐབས་ལ་བབ་པས་བརྗོད་པར་བྱའོ་སྙམ་དུ་བསམས་པ་ཡིན་ནོ། །རྒྱས་པ་དང་རབ་ཏུ་དབྱེ་བ་དང་བཅས་པ་དག་ཅེས་བྱ་བ་ནི་རྒྱས་པ་དང་རབ་ཏུ་དབྱེ་བ་ནི་རྒྱས་པ་དང་རབ་ཏུ་དབྱེ་བ་དག་གོ །རྒྱས་པ་དང་རབ་ཏུ་དབྱེ་བ་དག་དང་ལྷན་ཅིག་འདུག་པ་ནི་རྒྱས་པ་དང་རབ་ཏུ་དབྱེ་བ་དང་བཅས་པ་དག་གོ །ཡང་ན་རྒྱས་པ་དང་རབ་ཏུ་དབྱེ་བ་ནི་རྒྱས་པ་དང་རབ་ཏུ་དབྱེ་བའོ། །རྒྱས་པ་དང་རབ་ཏུ་དབྱེ་བ་དང་ལྷན་ཅིག་པ་ནི་རྒྱས་པ་དང་རབ་ཏུ་དབྱེ་བ་དང་བཅས་པ་དག་གོ །དེ་ལ་རེ་ཞིག་སེམས་ནི། རྣམ་ཤེས་སོ་སོར་རྣམ་རིག་པ་ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། །ཞེས་བྱ་བ་ལ་སོགས་པས་རྒྱས་པ་དང་རབ་ཏུ་དབྱེ་བ་དང་བཅས་པར་བསྟན་ཟིན་ཏོ། །སེམས་ལས་བྱུང་བ་དག་ཀྱང༌། ཚོར་བ་མྱོང་བ་ཞེས་བྱ་བ་ནས་བཟུང་སྟེ། སེམས་བྱུང་རྣམ་ལྔ་ཞེས་བྱ་བའི་བར་རྒྱས་པར་བསྟན་ཟིན་ཏོ། །མིང་གི་ཚོགས་ལ་སོགས་པ་ཡང༌། །ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲ་སྨོས་པ་ནི་དེ་ལྟ་བུ་དང་མཐུན་པའི་ལྡན་པ་མ་ཡིན་པ་རབ་ཏུ་བསྟན་པའི་ཕྱིར་རོ། །སེམས་དང་ལྡན་པ་མ་ཡིན་པ་དགེ་འདུན་གྱི་དབྱེན་ལ་སོགས་པ་རྫས་སུ་འདོད་དེ། བསྟན་བཅོས་ལས་ཀྱང་གང་དག་དེ་ལྟ་བུ་དང་མཐུན་པ་ཡང་ཞེས་བཤད་པའི་ཕྱིར་རོ། །སེམས་དང་ལྡན་པ་མ་ཡིན་པ་དག་ཅེས་བྱ་བ་ལ། སེམས་སྨོས་པ་ནི་སེམས་དང་རིགས་མཐུན་པ་ཡིན་པར་རབ་ཏུ་བསྟན་པའི་ཕྱིར་ཏེ་སེམས་དང་མི་ལྡན་པ་ནི་སེམས་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ །འདི་དག་གི་སེམས་དང་རིགས་མཐུན་པ་ཉིད་གང་ཡིན་ཞེ་ན། འདི་དག་གཟུགས་ཅན་མ་ཡིན་པ་གང་ཡིན་པའོ། །གཟུགས་ནི་ལྡན་པ་མ་ཡིན་པ་ཉིད་ཡིན་ཡང་གཟུགས་ཅན་ཡིན་པ་ཉིད་ཀྱི་ཕྱིར་ལྡན་པ་མ་ཡིན་པ་ཞེས་བྱ་བའི་མིང་མི་འཐོབ་བོ། །ཡང་ན་འདི་དག་ནི་མིང་གི་ངོ་བོ་ཉིད་ཡིན་པ་དེ་དག་གི་མིང་ཉིད་དེ་སེམས་དང་རིགས་མཐུན་པ་ཡིན་ནོ། །སེམས་ལས་བྱུང་བ་དག་ཀྱང་སེམས་དང་རིགས་མཐུན་པ་ཡིན་མོད་ཀྱི་དམིགས་པ་ལ་སེམས་དང་ལྷན་ཅིག་མཚུངས་པར་ལྡན་པ་ཡིན་པས་དེ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་ལྡན་པ་མ་ཡིན་པ་ཞེས་བྱ་བ་སྨོས་སོ། །འདུས་མ་བྱས་ཀྱང་དམིགས་པ་མེད་པ་ཉིད་ཀྱིས་དེ་དག་དང་རིགས་མཐུན་པ་ཡིན་པས་དེ་བསལ་པའི་ཕྱིར་འདུ་
བྱེད་ཅེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་འདུ་བྱེད་འདི་དག་ནི་སེམས་དང་མཚུངས་པར་ལྡན་པ་ཡང་མ་ཡིན་ལ་གཟུགས་ཀྱི་རང་བཞིན་ཡང་མ་ཡིན་པས་སེམས་དང་ལྡན་པ་མ་ཡིན་པ་དག་ཅེས་བྱའོ་ཞེས་བྱ་བ་སྨོས་སོ། །དེ་ལ་ཞེས་བྱ་བ་ནི་ཚིག་གི་ཕྲད་དམ་དམིགས་ཀྱིས་བསལ་བ་ཡིན་ནོ། །རེ་ཞིག་ཅེས་བྱ་བའི་སྒྲ་ནི་རིམ་པ་ཡིན་ནོ། །ཐོབ་པ་རྙེད་དང་ལྡན་པའོ། །ཞེས་བྱ་བ་ལ། ཐོབ་པ་ཞེས་བྱ་བ་ནི་སྤྱིའི་མིང་ཡིན་ནོ། །རྙེད་པ་དང་ལྡན་པ་ཞེས་བྱ་བ་ནི་ཁྱད་པར་གྱི་མིང་ཡིན་ནོ། །རྙེད་པ་དང་སོ་སོར་རྙེད་པ་ཞེས་བྱ་བ་ནི་དོན་གཅིག་གོ །ལྡན་པ་དང་ཀུན་དུ་ལྡན་པ་ཞེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ནོ། །སོ་སོར་རྙེད་པ་ཞེས་བཤད་ན་ནི་ཀུན་དུ་ལྡན་པ་མ་བསྡུས་པར་འགྱུར་ལ། ཀུན་དུ་ལྡན་པ་ཞེས་བཤད་ན་ནི་སོ་སོར་རྙེད་པ་མ་བསྡུས་པར་འགྱུར་གྱི། ཐོབ་པ་ཞེས་བཤད་ན་ནི་གཉི་ག་བསྡུས་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། ཐོབ་པ་ནི་རྣམ་པ་གཉིས་ཏེ། མ་ཐོབ་པ་དང་རྣམ་པར་ཉམས་པ་ལས་རྙེད་པ་དང་ཐོབ་ནས་ལྡན་པའོ་ཞེས་བྱ་བ་སྨོས་སོ། །མ་ཐོབ་པ་དང་རྣམ་པར་ཉམས་པ་ནི་མ་ཐོབ་པ་དང་རྣམ་པར་ཉམས་པ་སྟེ་རྙེད་པ་ནི་མ་ཐོབ་པ་དང་རྣམ་པར་ཉམས་པ་ལས་རྙེད་པའོ། །མ་ཐོབ་པ་ལས་ནི་འདི་ལྟ་སྟེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལྟ་བུའོ། །རྣམ་པར་ཉམས་པ་ལས་ནི་འདི་ལྟ་སྟེ་འདི་ལྟ་སྟེ་འདོད་པ་ན་སྤྱོད་པ་འདོད་ཆགས་དང་བྲལ་བས་བོར་བ་ཁམས་སུ་ཕྱིར་འོང་བའམ་ཡོངས་སུ་ཉམས་པས་སོ་སོར་རྙེད་པ་ལྟ་བུའོ། །ཐོབ་ནས་ནི་སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་ལྡན་པ་ཡིན་ཏེ། དེ་རྗེས་སུ་འབྲང་བའི་ཕྱིར་རོ། །སོ་སོར་རྙེད་པ་གང་ཡིན་པ་དང་ཀུན་དུ་ལྡན་པ་གང་ཡིན་པ་རྣམ་པ་དེ་གཉི་ག་ཡང་ཐོབ་པ་ཡིན་ཏེ་ཐོབ་པ་ཞེས་བྱ་བའི་སྒྲ་ནི་སོ་སོར་རྙེད་པ་དང་ཀུན་དུ་ལྡན་པ་ལ་ཡང་སྦྱར་བར་བྱའོ། །ཐ་དད་པ་མ་ཡིན་པར་བརྗོད་པར་འདོད་ན་ནི་ཐོབ་པ་དང་སོ་སོར་རྙེད་པ་དང་ཀུན་དུ་ལྡན་པ་ཞེས་བྱ་བ་དོན་གཅིག་སྟེ། འདི་ལྟར་སྐད་ཅིག་མ་དང་པོ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཐོབ་པ་སོ་སོར་རྙེད་པ་ཡིན་པར་འདོད་ལ་དེ་ཡང་ཀུན་དུ་ལྡན་པ་ཞེས་བྱ་བར་བརྗོད་པར་འགྱུར་ཏེ། ཀུན་ཤེས་བྱེད་པའི་དབང་ལྡན་པ། བཅུ་གསུམ་དག་དང་ལྡན་པ་ཡིན། །ཞེས་འབྱུང་བའི་ཕྱིར་སྐད་ཅིག་མ་དང་པོ་ལ་གནས་
པའི་འཕགས་པའི་གང་ཟག་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་ལྡན་པ་ཞེས་བྱའོ། །ཇི་ལྟར་འདི་མཚན་ཉིད་དུ་བསྟན་པ་ཡིན། །ཐོབ་པ་གང་ཞེ་ན། སོ་སོར་རྙེད་པ་དང་ཀུན་དུ་ལྡན་པའོ་ཞེས་ཐ་དད་པར་བརྗོད་པར་འདོད་ཀྱང་རྣམ་གྲངས་ཀྱི་ཚིག་གིས་ནི་མཚན་ཉིད་དུ་བསྟན་པར་མི་རུང་ངོ་ཞེ་ན། རྣམ་གྲངས་ཀྱི་ཚིག་ཡིན་ཡང་རེས་འགའ་མཚན་ཉིད་དུ་རུང་བར་འགྱུར་ཏེ་མེ་ནི་དུ་བ་ཅན་ནོ། །མེ་ནི་རྟགས་ཀྱིས་གོ་བའོ་ཞེས་བྱ་བ་ལྟ་བུའོ། །མདོ་ལས་ཀྱང་མ་རིག་པ་གང་ཞེ་ན། གང་སྔོན་གྱི་མཐའ་མི་ཤེས་པ་དང་ཕྱི་མའི་མཐའ་མི་ཤེས་པའོ་ཞེས་བྱ་བ་རྒྱས་པར་གསུངས་སོ། །བཟློག་པ་ནི་མ་ཐོབ་པའོ་ཞེས་བྱ་བར་གྲུབ་པའོ་ཞེས་བྱ་བ་ནི་བཟློག་པ་ཁོ་ནས་མ་ཐོབ་པ་གྲུབ་པའི་ཕྱིར་འདིའི་དོན་དུ་མདོ་མི་བྱའོ་ཞེས་བྱ་བར་བསམས་པ་ཡིན་ཏེ། བཟློག་པ་ཁོ་ནས་མ་ཐོབ་པ་ནི་སོ་སོར་མ་རྙེད་པ་དང་ཀུན་དུ་མི་ལྡན་པའོ་ཞེས་བྱ་བ་འདི་གསུམ་ཤེས་པར་འགྱུར་རོ། །དེ་བཞིན་དུ་སོ་སོར་མ་རྙེད་པ་དང་ཀུན་དུ་མི་ལྡན་པ་དག་ནི་མ་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་མིང་ཡིན་ནོ། །དེ་ལྟ་བས་ན་འདི་སྐད་དུ་མ་ཐོབ་པ་ནི་རྣམ་པ་གཉིས་ཏེ། སྔོན་མ་ཐོབ་པ་རྣམས་སོ་སོར་མ་རྙེད་པ་དང་ཐོབ་སྟེ་རྣམ་པར་ཉམས་པ་རྣམས་དང་ཀུན་དུ་མི་ལྡན་པ་ཞེས་བརྗོད་པར་བྱའོ། །ཡང་ན་སོ་སོར་མ་རྙེད་པ་དང་རྣམ་པར་ཉམས་པ་དང་པོ་མ་ཐོབ་པ་ནི་སོ་སོར་མ་རྙེད་པ་ཡིན་ནོ། །སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་ནི་ཀུན་དུ་མི་ལྡན་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཐོབ་དང་མ་ཐོབ་རང་རྒྱུད་དུ། །གཏོགས་པ་རྣམས་ཀྱི་ཞེས་བྱ་བ་ནི་ཐོབ་པ་དང་མ་ཐོབ་པ་དག་ནི་རང་གི་རྒྱུད་དུ་གཏོགས་པའི་འདུས་བྱས་དག་ཁོ་ནའི་ཡིན་གྱི་གཞན་གྱི་རྒྱུད་དུ་གཏོགས་པ་དག་ནི་མ་ཡིན་ནོ་ཞེས་ངེས་པར་འཛིན་པ་ཡིན་ཏེ། སེམས་ཅན་གཞན་གྱི་རྒྱུད་དུ་གཏོགས་པའི་ཆོས་རྣམས་རང་གི་རྒྱུད་ལ་ཐོབ་པ་དང་མ་ཐོབ་པ་དག་ཏུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་གཞན་གྱི་དག་དང་ནི་འགའ་ཡང་ལྡན་པ་མེད་དོ་ཞེས་བྱ་བ་སྨོས་སོ། །རྒྱུད་དུ་མ་གཏོགས་པ་རྣམས་ཀྱི་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་སེམས་ཅན་གྱི་རྒྱུད་དུ་མ་གཏོགས་པ་རྣམས་ཀྱི་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་སེམས་ཅན་དུ་མི་བགྲང་བ་
དག་དང་ནི་འགའ་ཡང་ལྡན་པ་མེད་དོ་ཞེས་བྱ་བ་སྨོས་སོ། །མེ་ཏོག་ཕྲེང་དང་རྒྱན་ལ་སོགས་པ་དང་ཤིང་དང་རྩིག་པ་ལ་སོགས་པ་ལ་ཡོད་པའི་གཟུགས་ལ་སོགས་པ་ནི་སེམས་ཅན་དུ་བགྲང་བ་མ་ཡིན་པ་ཡིན་ནོ། །མིག་ལ་སོགས་པ་ནི་སེམས་ཅན་དུ་བགྲང་བ་ཡིན་ནོ། །སྒྲ་ལ་སོགས་པ་ཡང་དབང་པོ་གཟུགས་ཅན་དང་འབྲེལ་བའི་ཕྱིར་སེམས་ཅན་དུ་བགྲང་བ་ཁོ་ན་ཡིན་པར་རིག་པར་བྱ་སྟེ། དེ་ལ་ཕན་པ་དང་གནོད་པས་འགྱུར་བའི་རྗེས་སུ་བྱེད་པའི་ཕྱིར་རོ། །འདི་ལྟར་དབང་པོ་གཟུགས་ཅན་ལ་གནོད་པ་ལ་སྐྲ་ལ་སོགས་པའི་འགྱུར་བ་སྐྱ་བོ་ལ་སོགས་པ་སྣང་ལ། སྨན་བཅུད་ཀྱིས་ལེན་ཟོས་པའི་ཕན་པ་ལས་སྐྱ་བོ་ལ་སོགས་པ་མེད་པར་འགྱུར་བ་སྣང་ངོ༌། །གྲུབ་པའི་མཐའ་ནི་ཐོབ་པ་སེམས་ཅན་དུ་བགྲང་བ་ཐམས་ཅད་ཀྱིས་ཀྱང་ཡང་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འགོག་གཉིས་ཀྱི་ཞེས་བྱ་བ་ནི་ཐོབ་པ་དང་མ་ཐོབ་པ་དག་སེམས་ཅན་དུ་བགྲང་བ་མ་ཡིན་པ་སོ་སོར་བརྟགས་པ་དང༌། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དག་གི་ཡང་ཡིན་ནོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ནི་སེམས་ཅན་ཐམས་ཅད་རྐྱེན་མ་ཚང་བ་ཇི་ལྟ་བ་བཞིན་དུ་ལྡན་ནོ། །འཆིང་བ་མཐའ་དག་དང་ལྡན་པ་སྐད་ཅིག་མ་དང་པོ་ལ་གནས་པ་མ་གཏོགས་པ་ཞེས་བྱ་བ་ལ། སྐད་ཅིག་མ་དང་པོ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །དེ་ལ་གནས་པ་ནི་སྐད་ཅིག་མ་དང་པོ་ལ་གནས་པའོ། །འདི་དག་ལ་འཆིང་བ་མཐའ་དག་ཡོད་པས་ན། འཆིང་བ་མཐའ་དག་དང་ལྡན་པ་སྟེ། ཉོན་མོངས་པའི་རྣམ་པ་ཐམས་ཅད་མ་སྤངས་པ་ཡིན་ནོ། །དེ་དག་ནི་འཆིང་བ་མཐའ་དག་དང་ལྡན་པ་ཡང་ཡིན་ལ་སྐད་ཅིག་དང་པོ་ལ་གནས་པ་ཡང་ཡིན་པས་འཆིང་བ་མཐའ་དག་དང་ལྡན་པ་སྐད་ཅིག་མ་དང་པོ་ལ་གནས་པའོ། །དེ་དག་མ་གཏོགས་པ་འཕགས་པ་ཐམས་ཅད་དེ་དེ་དག་ནི་སོ་སོར་བརྟགས་པས་འགོག་པ་དང་ལྡན་ནོ། །འཆིང་བ་མཐའ་དག་དང་ལྡན་པ་སྐད་ཅིག་མ་དང་པོ་ལ་གནས་པའི་འཕགས་པ་རྣམས་ནི་མི་ལྡན་ཏེ། གྲུབ་པའི་མཐའ་ནི་འགག་པར་འགྱུར་བའི་ལམ་གྱིས་ནི། དེ་ཡི་སྒྲིབ་པ་རབ་ཏུ་སྤོངས། །ཞེས་བྱ་བ་ཡིན་པའི་ཕྱིར་གནས་སྐབས་དེ་ནི་བཟོད་པས་གཞོམ་པར་བྱ་བའི་
ཉོན་མོངས་པ་རྣམས་འཆད་ཀྱི་ཆད་པ་ནི་མ་ཡིན་ནོ། །དེའི་འགོག་པ་ཡང་འཐོབ་ཀྱི། ཐོབ་པ་ནི་མ་ཡིན་ནོ། །རྣམ་པ་གཅིག་སྤངས་པ་ལ་སོགས་པའི་འཕགས་པའི་གནས་སྐབས་དེ་ན་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འགོག་པ་དང་ལྡན་ནོ། །དེ་ཕན་ཆད་སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་ནི་ཟག་པ་མེད་པའི་ལམ་གྱིས་ཐོབ་པའི་འགོག་པ་དང་ཡང་ལྡན་པ་ཁོ་ནའོ། །སོ་སོའི་སྐྱེ་བོ་ཁ་ཅིག་ཀྱང་ལྡན་ནོ་ཞེས་བྱ་བ་ནི་རྣམ་པ་གཅིག་སྤངས་པ་ལ་སོགས་པའོ། །ནམ་མཁའ་དང་ནི་འགའ་ཡང་ལྡན་པ་མེད་དེ་ཞེས་བྱ་བ་ནི་འབྲེལ་བ་མེད་པའི་ཕྱིར་རོ། །འགོག་པ་དག་དང་ནི་འབྲེལ་པ་ཡོད་དེ། དེ་ལྟ་བས་ན་ནམ་མཁའི་ཐོབ་པ་མེད་དོ། །གང་ལ་ཐོབ་པ་མེད་པ་དེ་ལ་ནི་མ་ཐོབ་པ་ཡང་མེད་དོ་ཞེས་བྱ་བ་འདི་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའ་ཡིན་ནོ། །འདི་ག་ལས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དང་མིག་ལ་སོགས་པ་བཞིན་དུ་རང་གི་ངོ་བོ་དང་འབྲས་བུ་མི་དམིགས་པའི་ཕྱིར་འདྲི་བ་ཡིན་ནོ། །མདོ་ལས་ཏེ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་ལུང་གིས་སྒྲུབ་པར་བྱེད་པ་ཡིན་ནོ། །མི་སློབ་པའི་ཆོས་བཅུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། མི་སློབ་པའི་འཕགས་པའི་ལམ་ཡན་ལག་བརྒྱད་དང་ཡང་དག་པའི་རྣམ་པར་གྲོལ་བ་དང་ཡང་དག་པའི་ཡེ་ཤེས་སོ། །དེ་དག་སྐྱེད་ཅིང་མངོན་དུ་གྱུར་ཅིང་སོ་སོར་རྙེད་ཅིང་དང་པོ་ར་ཐོབ་ཅིང་ཀུན་དུ་ལྡན་པས་ན་ཕིས་ཐོབ་པས་ནའོ། །ཡན་ལག་ལྔ་རྣམ་པར་སྤངས་པ་ནི་ཡན་ལག་ལྔ་སྤངས་པ་ཞེས་བྱ་བའི་ཐ་ཚིག་གོ །ཡན་ལག་ལྔ་ནི་འཇིག་ཚོགས་ལ་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ཐེ་ཚོམ་དང༌། འདོད་པའི་འདུན་པ་དང༌། གནོད་སེམས་སོ། །བདག་ནི་ཕྱིར་མི་འོང་བའི་འབྲས་བུ་འཐོབ་པ་ན་དེ་དག་སྤངས་སོ་ཞེས་བྱ་བར་ནི་མི་རུང་གི །གོང་མའི་ཆ་དང་མཐུན་པ་གཟུགས་ཀྱི་འདོད་ཆགས་དང༌། གཟུགས་མེད་པའི་འདོད་ཆགས་དང་རྒོད་པ་དང་ང་རྒྱལ་དང་མ་རིག་པ་ཞེས་བྱ་བ་གང་ཡིན་པ་ཡན་ལག་ལྔ་པོ་འདི་དག་སྤངས་པར་ནི་རུང་ངོ་ཞེས་བྱ་བར་བལྟ་སྟེ། དགྲ་བཅོམ་པས་འདྲ་བ་ཐོབ་པའི་ཕྱིར་ཐ་མལ་བར་འདུག་པ་ན་ཡང་འཕགས་པ་
ཞེས་བྱའོ། །འདིར་སྒྲུབ་པ་ནི་ཀུན་དུ་ལྡན་པ་ནི་རྫས་སུ་ཡོད་པ་ཡིན་ཏེ། མདོ་ལས་གསུངས་པའི་ཕྱིར་སྐྱེ་མཆེད་ཀྱི་རྫས་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །སློབ་དཔོན་གྱིས་ཕྱིར་སྨྲས་པ། འོ་ན་ནི་དེས་ན་སེམས་ཅན་དུ་མི་སྟོན་པ་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་དང༌། སེམས་ཅན་གཞན་བཙུན་མོ་རིན་པོ་ཆེ་ལ་སོགས་པ་དང་ལྡན་པ་ཡང་རྫས་སུ་ཡོད་པར་འགྱུར་ཏེ། མདོ་ལས་འབྱུང་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། རྒྱལ་པོ་ཞེས་བྱ་བ་ནས་རྒྱས་པར་འབྱུང་ཞེས་བྱ་བའི་བར་མདོས་སྟོན་པར་བྱེད་དེ། དགེ་སློང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཡིན་ནོ། །དེའི་རིན་པོའི་ཆེ་སྣ་བདུན་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང༌། གླང་པོ་རིན་པོ་ཆེ་དང༌། རྟ་རིན་པོ་ཆེ་དང༌། ནོར་བུ་རིན་པོ་ཆེ་དང༌། བཙུན་མོ་རིན་པོ་ཆེ་དང༌། ཁྱིམ་བདག་རིན་པོ་ཆེ་དང༌། །བདུན་པ་ནི་བློན་པོ་རིན་པོ་ཆེ་ཁོ་ན་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ཏེ། མདོ་ལས་ནི་རིན་པོ་ཆེ་འདི་བདུན་དང་ལྡན་པར་གསུངས་ལ། རྫས་སུ་ཡོད་པ་ནི་མ་ཡིན་པས་མ་ངེས་པ་ཉིད་དུ་སྟོན་པར་བྱེད་པ་ཡིན་ནོ། །ཡང་ན་རྗེས་སུ་དཔག་པ་དང་འགལ་བའི་ཕྱིར་འདི་དམ་བཅས་པའི་སྐྱོན་འཛིན་པ་ཡིན་ནོ། །ཇི་ལྟར་ཞེ་ན། སྨྲས་པ། མི་སློབ་པའི་ཆོས་བཅུའི་ལྡན་པ་ནི་རྫས་སུ་ཡོད་པ་མ་ཡིན་ཏེ། ལྡན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་འཁོར་ལོས་སྒྱུར་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་བཞིན་ནོ། །འདི་ནི་དམ་བཅས་པ་ཆོས་ཀྱི་རང་གི་ངོ་བོ་ལས་བཟློག་པ་ཡིན་པར་སྟོན་པར་བྱེད་དོ། །དབང་ཉིད་དགའ་མགུར་བྱེད་ཅེས་བྱ་བ་ནི་འདོད་དགུར་བྱེད་པ་ཉིད་ཡིན་ནོ། །དེར་ནི་དབང་བ་ཉིད་ཡིན་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་བསྟན་པའི་མདོའོ། །གཞན་དུ་ནི་རྫས་ཡིན་ཞེས་བྱ་བ་ནི་མི་སློབ་པའི་ཆོས་བཅུ་དང་ལྡན་པ་བསྟན་པའི་མདོའོ། །དེ་ལྟ་ན་ཡང་མི་རུང་བ་ཅི་ཞིག་ཡོད་ཅེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་གསུང་རབ་ལས་དངོས་པོ་རྫས་སུ་ཡོད་པ་དང་བརྟགས་པའི་ཡོད་པ་ཞེས་བྱ་བ་ནི་རྣམ་པ་གཉིས་སུ་བཞེད་ན་ཇི་ལྟར་རིགས་པ་མ་ཡི་ཞེས་ཟེར་བ་ཡིན་ནོ། །སློབ་དཔོན་གྱིས་མི་རུང་བ་འདི་ཡོད་དེ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདི་ན་དངོས་པོ་རྫས་སུ་ཡོད་པ་གང་ཡིན་པ་དེ་ནི་མངོན་སུམ་གྱིས་
གཟུང་བར་བྱ་བའམ་རྗེས་སུ་དཔག་པས་གཟུང་བར་བྱ་བ་ཡིན་པར་འགྱུར་རོ། །དེ་ལ་མངོན་སུམ་གྱིས་གཟུང་བར་བྱ་བ་ནི་གཟུགས་དང་སྒྲ་ལ་སོགས་པ་ཡིན་ཏེ་དབང་པོ་ལྔས་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཡིད་ཀྱིས་གཟུང་བར་བྱ་བ་ཡང་ཅུང་ཟད་ཅིག་མངོན་སུམ་ཡིན་ཏེ། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རང་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །མིག་དང་རྣ་བ་ལ་སོགས་པ་ནི་དེ་དག་ཡོད་དམ་མེད་ན་དེ་དག་ཡོད་པ་དང་མེད་པའི་ཕྱིར་རྗེས་སུ་དཔག་པས་གཟུང་བར་བྱ་བ་ཡིན་ཏེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་བྱ་བས་རྗེས་སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་རོ། །ཐོབ་པ་ནི་མངོན་སུམ་གྱིས་གཟུང་བར་བྱ་བ་ཡང་མ་ཡིན་ལ་རྗེས་སུ་དཔག་པར་བྱ་བ་ཡང་མ་ཡིན་ཏེ། དེ་གྲུབ་པར་བྱ་བའི་རྗེས་སུ་དཔག་པ་ཁ་ན་མ་ཐོ་བ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་རྫས་ཀྱི་ཆོས་མི་སྲིད་པའི་ཕྱིར་མི་རུང་ངོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །ད་ནི་སློབ་དཔོན་གྱིས་ཕྱོགས་གླེང་ཞིང་གླེངས་ནས་སུན་དབྱུང་བར་བྱ་བའི་ཕྱིར་གལ་ཏེ་ཆོས་རྣམས་སྐྱེ་བའི་རྒྱུ་ལ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གང་ལ་ཐོབ་པ་ཡོད་པ་དེ་ནི་རྒྱུ་ཡོད་པའི་ཕྱིར་སྐྱེ་བར་འགྱུར་ན། འདུས་མ་བྱས་ཀྱི་ནི་མ་ཡིན་པར་འགྱུར་ཏེ་འདི་ལྟར་འདུས་མ་བྱས་ནི་བསྐྱེད་པར་བྱ་བ་མ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའི་ཆོས་གང་དག་མ་ཐོབ་པ་རྣམས་དང་གང་དག་ས་འཕོས་པ་དང་འདོད་ཆགས་དང་བྲལ་བས་བཏང་བ་འདི་ལྟ་སྟེ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་མ་ཡིན་པ་དང༌། ཉོན་མོངས་པ་ཅན་དང༌། ས་གོང་མ་པའི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། དེ་དག་ཇི་ལྟར་ཁམས་སུ་ཕྱིར་འོང་བའམ་ཡོངས་སུ་ཉམས་པས་སྐྱེ་བར་འགྱུར། །དེ་དག་གི་ཐོབ་པ་ནི་ཡོད་པ་མ་ཡིན་ཏེ། མ་སྐྱེས་ལ་འགག་པའི་ཕྱིར་རོ། །གལ་ཏེ་ལྷན་ཅིག་སྐྱེས་པའི་ཐོབ་པའི་རྒྱུ་ཅན་ཞེས་བྱ་བ་ནི་དེ་དག་གི་སྐྱེ་བ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། ལྷན་ཅིག་སྐྱེས་པའི་ཐོབ་པ་དེའི་ཚེ་སྐྱེ་བ་གང་ཡིན་པ་དེ་དག་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་ན། དེའི་ཚེ་སྐྱེ་བའམ་སྐྱེས་པའི་སྐྱེ་བ་ཅི་ཞིག་བྱེད་པར་འགྱུར་ཞེས་བྱ་བ་སྨོས་ཏེ། ཅི་ཞིག་བྱེད་པའི་ངང་ཚུལ་ནི་ཅི་ཞིག་བྱེད་པའོ། །སྐྱེ་བ་ནི་མཚན་གཞིའི་ཆོས་སྐྱེད་པར་
བྱེད་ལ། སྐྱེ་བའི་སྐྱེ་བས་ནི་མཚན་ཉིད་སྐྱེ་བ་དེ་སྐྱེད་པར་བྱེད་དོ། །དེས་ན་གལ་ཏེ་མཚན་གཞི་ཆོས་རྣམས་ཀྱི་སྐྱེ་བ་ཐོབ་པའི་རྒྱུ་ཅན་ཡིན་པར་བརྗོད་ན། དེ་ལ་སྐྱེ་བ་ཅི་ཞིག་བྱེད། །འོན་ཏེ་མཚན་ཉིད་རྣམས་ཀྱི་སྐྱེ་བ་དེའི་རྒྱུ་ཅན་ཡིན་པར་བརྗོད་ན། དེའི་ཕྱིར་སྨྲས་པ། །སྐྱེ་བའི་སྐྱེ་བ་ཅི་ཞིག་བྱེད་ཅེས་རྟོག་པར་བྱེད་དོ། །ཡང་ན་གལ་ཏེ་ཁྱེད་སྐྱེ་བས་ནི་ཆོས་སྐྱེད་པར་བྱེད་ལ། ཐོབ་པས་ནི་སྐྱེ་བ་སྐྱེད་པར་བྱེད་དོ་ཞེས་ཟེར་ན་དེའི་ཕྱིར་སྐྱེ་བའི་སྐྱེ་བ་ཅི་ཞིག་བྱེད་ཅེས་བརྗོད་པ་ཡིན་ནོ། །འཆིང་བ་མཐའ་དག་དང་ལྡན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་དག་གིས་ཉོན་མོངས་པའི་རྣམ་པ་གཅིག་ཀྱང་མ་སྤངས་པ་དེ་དག་ནི་འཆིང་བ་མཐའ་དག་དང་ལྡན་པ་ཡིན་ནོ། །འཆིང་བ་མཐའ་དག་དང་ལྡན་པ་དེ་དག་གི་ཉོན་མོངས་པ་ཆུང་དུ་དང་འབྲིང་དང་ཆེན་པོ་སྐྱེ་བའི་ཁྱད་པར་དུ་ཡང་མི་འགྱུར་ཏེ་ཐོབ་པ་བྱེ་བྲག་མེད་པའི་ཕྱིར་རོ།། །།བམ་པོ་བཅུ་གསུམ་པ། འཆིང་བ་མ་ཚང་བ་རྣམས་ཀྱི་ཐོབ་པ་མ་ཐང་བའི་ཕྱིར་ཉིན་མོངས་པ་ཆུང་དུ་དང་འབྲིང་པོ་དང་ཆེན་པོ་སྐྱེ་བའི་ཁྱད་པར་དུ་ཡོངས་སུ་རྟོགས་པར་འགྱུར་གྱི་འཆིང་བ་མཐའ་དག་དང་ལྡན་པ་རྣམས་ཀྱིས་ནི་མ་ཡིན་ཏེ། །ཐོབ་པ་རྣམས་འདྲ་བའི་ཕྱིར་རོ། །དེ་ལས་དེའི་བྱེ་བྲག་ཏུ་འགྱུར་ན་ནི་ཞེས་བྱ་བ་ནི་སྔོན་གོམས་པའམ་རྒྱུ་གཞན་དེ་ལས་དེ་དག་གི་བྱེ་བྲག་ཏུ་འགྱུར་ཏེ། འཆིང་བ་མཐའ་དག་དང་ལྡན་པ་འགའ་ཞིག་གི་ནི་ཆེན་པོ་ཡིན་ལ་འགའ་ཞིག་གི་ནི་འབྲིང་ཡིན། །འགའ་ཞིག་གི་ནི་ཆུང་ངུ་ཡིན་ནོ་ཞེ་ན། ཉོན་མོངས་པ་ཆུང་དུ་ལ་སོགས་པ་སྐྱེ་བ་ཐ་དད་པའི་རྒྱུ་དེ་ཁོ་ན་ལས་སྐྱེ་བ་ཡིན་ཏེ་དེ་ལྟ་བས་ན་ཐོབ་པ་ནི་སྐྱེ་བའི་རྒྱུ་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས་དེ་སྐད་དུ་ཟེར་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། རྣམ་པར་གཞག་པའི་རྒྱུ་ཡིན་ཏེ། ཐོབ་པ་མེད་ན་འཇིག་རྟེན་པའི་ཡིད་དང་ལྡན་པ་ཞེས་བྱ་བ་ནི་འཇིག་རྟེན་ལ་ཡོད་པས་ན་འཇིག་རྟེན་པ་ཡིན་ནོ། །ཡིད་ཉིད་ཡིན་ཏེ་འདི་དག་ལ་འཇིག་རྟེན་པའི་ཡིད་ཡོད་པས་ན་འཇིག་རྟེན་པའི་ཡིད་དང་ལྡན་པའོ། །འཕགས་པ་དང་སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི་འཕགས་པ་རྣམས་དང་སོ་སོའི་སྐྱེ་བོ་རྣམས་སོ། །འཇིག་རྟེན་པའི་ཡིད་དང་ལྡན་པ་སྨོས་པ་ནི་འཕགས་པ་ཁྱད་པར་དུ་བྱ་བ་ཡིན་ཏེ།
སོ་སོའི་སྐྱེ་བོ་རྣམས་ནི་རྟག་ཏུ་འཇིག་རྟེན་པའི་ཡིད་དང་ལྡན་པ་ཡིན་ནོ། །ཡང་ན་འདུ་ཤེས་མེད་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་གནས་སྐབས་ན་སོ་སོའི་སྐྱེ་བོ་ཁྱད་པར་དུ་བྱ་བ་ཡང་སྲིད་དོ། །འཕགས་པ་དང་སོ་སོའི་སྐྱེ་བོ་དེ་རྣམས་ལ་ཞེས་བྱ་བ་དྲུག་པ་ནི་དམིགས་ཀྱིས་བསལ་བ་འམ། འབྲེལ་བའི་མཚན་ཉིད་ཡིན་ནོ། །དེ་དག་རྣམ་པར་གཞག་པར་མི་འགྱུར་བ་ནི་ཡོངས་སུ་བཅད་པ་སྟེ། གང་གིས་རྣམ་པར་གཞག་པ་བྱས་པ་དེ་ནི་ཐོབ་པ་ཡིན་ནོ། །ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་དང་མ་སྤངས་པ་ཉིད་ཀྱི་བྱེ་བྲག་ལས་ཞེས་བྱ་བ་ནི་ཉོན་མོངས་པ་སྤངས་པ་དག་ནི་འཕགས་པ་ཡིན་ནོ། །ཉོན་མོངས་པ་མ་སྤངས་པ་དག་ནི་སོ་སོའི་སྐྱེ་བོ་ཡིན་ནོ། །དེའི་ངོ་བོ་ཉིད་དོ། །དེ་ཉིད་བྱེ་བྲག་ཡིན་པས་ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་ཉིད་ཀྱི་བྱེ་བྲག་སྟེ། དེ་ལས་འདི་རྣམ་པར་གཞག་པར་འགྱུར་བར་འོས་སོ། །སོ་སོའི་སྐྱེ་བོ་ཁ་ཅིག་ཀྱང་ཉོན་མོངས་པ་སྤངས་པ་མ་ཡིན་ནམ། །ཇི་ལྟར་ན་འཕགས་པ་དག་ཁོ་ན་ཉོན་མོངས་པ་སྤངས་པའོ་ཞེས་ངེས་པར་གཟུང་ཞེ་ན། གཏན་དུ་ཡང་དག་པར་བཅོམ་པའི་ཕྱིར་དེ་སྐད་དུ་བཤད་པ་ཡིན་ནོ། །འདི་ཉིད་དུ་ཡང་ཇི་ལྟར་འགྱུར་ཞེས་བྱ་བ་འདི་དག་ནི་ཉོན་མོངས་པ་སྤངས་པའོ། །འདི་དག་ནི་ཉོན་མོངས་པ་མ་སྤངས་པའོ་ཞེས་བྱ་བའི་རྣམ་པར་གཞག་པ་གང་ཡིན་པ་དེར་ཡང་ཇི་ལྟར་འགྱུར། །ཐོབ་པ་ཡོད་ན་ནི་ཉོན་མོངས་པའི་ཐོབ་པ་ལས་དེ་དང་བྲལ་བ་དང་མ་བྲལ་བའི་སྒོ་ནས་དེ་རྣམ་པར་གཞག་པ་འདི་ཡང་འགྲུབ་སྟེ་ཉོན་མོངས་པའི་ཐོབ་པ་དང་བྲལ་བ་དང་མ་བྲལ་བའི་སྒོ་ནས་སོ། །ཆད་པ་དང་མ་ཆད་པའི་སྒོ་ནས་ཞེས་བྱ་བའི་ཐ་ཚིག་སྟེ། གང་དག་དེའི་ཐོབ་པ་དང་བྲལ་བ་དེ་དག་ནི་འཕགས་པ་ཡིན་ལ་གང་དག་མ་བྲལ་བ་དེ་དག་ནི་སོ་སོའི་སྐྱེ་བོ་ཡིན་ནོ། །སོ་སོ་སྐྱེ་བོ་ཁ་ཅིག་ཀྱང་ཉོན་མོངས་པ་ཐོབ་པ་དང་བྲལ་བ་མ་ཡིན་ནམ་ཞེ་ན། བྲལ་བ་ནི་ཡིན་མོད་ཀྱི་འཇིག་རྟེན་ལས་འདས་པའི་ལམ་གྱིས་ནི་མ་ཡིན་ནོ། །འོ་ན་ཉོན་མོངས་པའི་ཐོབ་པ་དང་བྲལ་བ་འདི་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཡིན་གྱི་འཇིག་རྟེན་པས་ནི་མ་ཡིན་ནོ་ཞེས་འཇིག་རྟེན་ལས་འདས་པའི་ལམ་གྱིས་བྱས་པའི་
ཁྱད་པར་དེ་ཡང་ཇི་ལྟར་ཡོངས་སུ་ཆོད་པར་འགྱུར་ཞེ་ན། བྲལ་བའི་ཐོབ་པ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཁྱད་པར་ཡོད་པའི་ཕྱིར་རོ། །འདི་ནི་རྟེན་གྱི་བྱེ་བྲག་ལས་འགྲུབ་པར་འགྱུར་ཏེ་ཞེས་བྱ་བ་ནི་ལུས་ཀྱི་ཁྱད་པར་ཁོ་ན་ལས་འདི་དག་ནི་ཉོན་མོངས་པ་སྤངས་པའོ། །འདི་དག་ནི་མ་སྤངས་པའོ་ཞེས་བྱ་བའི་རྣམ་པར་གཞག་པ་འདི་འགྲུབ་པར་འགྱུར་རོ། །དེ་དག་གི་སྤང་བར་བྱ་བ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བ་དག་གོ །དེ་ལྟར་གྱུར་པ་ཡིན་ཞེས་བྱ་བ་ནི་དེ་ལྟར་གཞན་དུ་གྱུར་བ་ཡིན་ནོ། །འབྲུ་མེས་ཚིག་པ་བཞིན་ན་ཞེས་བྱ་བ་ནི་ཇི་ལྟར་འབྲུ་མེས་ཚིག་པ་ས་བོན་དུ་གྱུར་པ་མ་ཡིན་པ་དེ་བཞིན་དུ་ཇི་སྐད་བཤད་པའི་ཚུལ་གྱིས་རྟེན་ཉོན་མོངས་པ་རྣམས་ཀྱི་ས་བོན་དུ་གྱུར་པ་མ་ཡིན་ན་ཉོན་མོངས་པ་སྤངས་པའོ་ཞེས་བྱ་བའོ། །ས་བོན་གྱི་དངོས་པོ་ཉམས་པར་བྱས་ན་ཞེས་བྱ་བ་ནི་རྟེན་ལ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །གང་གིས་ཤེ་ན། འཇིག་རྟེན་པས་ཏེ་ས་བོན་ལ་གནོད་པ་ཙམ་ཡོད་པའི་ཕྱིར་ཉོན་མོངས་པ་སྤངས་པའོ་ཞེས་བརྗོད་པར་ནུས་སོ། །བཟློག་པ་ནི་མ་སྤངས་པ་ཡིན་ཞེས་བྱ་བ་ནི་རྟེན་ལ་ས་བོན་མ་བསྲེགས་པའམ། །ས་བོན་གྱི་དངོས་པོ་ཉམས་པར་མ་བྱས་ནའོ། །གང་སྤངས་པ་དེ་དག་དང་ནི་ཞེས་བྱ་བ་ནི་རྒྱས་པར་འབྱུང་བ་ནི་འདོད་པ་ན་སྤྱོད་པ་ནས་སྲིད་པའི་རྩེ་མོ་བའི་བར་གྱི་མཐང་བས་སྤང་བར་བྱ་བའམ། །འདོད་པ་ན་སྤྱོད་པ་ནས་སྲིད་པའི་རྩེ་མོ་བའི་བར་གྱི་བསྒོམས་པས་སྤངས་བར་བྱ་བ་བཤད་མ་ཐག་པའི་ཚུལ་གྱིས་མ་སྤངས་པ་གང་ཡིན་པ་དེ་དང་ནི་ལྡན་ལ་དེ་བཞིན་དུ་སྲིད་པའི་རྩེ་མོ་བའི་བར་གྱི་སྤངས་པ་དེ་དང་ནི་མི་ལྡན་ནོ་ཞེས་གདགས་ཏེ་འདི་ནི་བཏགས་པའི་ཆོས་ཡིན་ཞེས་སྟོན་པར་བྱེད་པ་ཡིན་ནོ། །དགེ་བའི་ཆོས་རྣམས་ཀྱང་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལས་ཀྱང་ཞེས་བྱ་བའི་སྒྲའི་དོན་ནི་ཇི་ལྟར་ཉོན་མོངས་པ་ཅན་རྣམ་པ་གཉིས་ཡིན་པ་ལྟར་ཞེས་བྱ་བའམ་བསྡུ་བ་ཡིན་ཏེ་དགེ་བ་རྣམས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་གི་ས་བོན་གྱི་དངོས་པོ་ཉམས་པར་མ་བྱས་པའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བས་ཐོབ་པ་དེ་དག་གི་ས་བོན་ནི་དེ་དག་གི་ས་བོན་ནོ། །དེ་དག་གི་ས་བོན་གྱི་དངོས་པོ་ནི་དེ་དག་གི་
ས་བོན་གྱི་དངོས་པོའོ། །གང་ལ་ཞེ་ན། རྟེན་ལའོ། །དེ་དག་གིས་བོན་ཉམས་པར་མ་བྱས་པ་ནི་དེ་དག་གི་ས་བོན་གྱི་དངོས་པོ་ཉམས་པར་མ་བྱས་པ་སྟེ། དེ་དག་གི་ས་བོན་གྱི་དངོས་པོ་ཉམས་པར་མ་བྱས་པ་དེའི་ཕྱིར་དེ་དང་ལྡན་ནོ། །གང་དག་དང་ཞེ་ན། མ་འབད་པར་སྐྱེ་བའི་དགེ་བ་དག་དང་ངོ༌། །ཉམས་པར་བྱས་པའི་ཕྱིར་མི་ལྡན་ཞེས་བྱ་སྟེ་ཞེས་བྱ་བ་དེ་གང་ཞིག་ཡིན་ཞེ་ན། སྨྲས་པ། དགེ་བའི་རྩ་བ་ཀུན་དུ་ཆད་པ་ཡིན་ནོ། །དེ་དང་ཡང་ཞེས་བྱ་བ་ནི་རྟེན་ལ་དེ་དག་གིས་ས་བོན་གྱི་དངོས་པོ་བཅོམ་པ་དེ་ཡང་ལོག་པར་ལྟ་བས་ཡིན་པར་རིག་པར་བྱའི་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་རྒྱུད་ལ་དགེ་བའི་ཆོས་རྣམས་ཀྱི་ས་བོན་གྱི་དངོས་པོ་གཏན་དུ་བཅོམ་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་རྒྱུད་ལ་འཕགས་པའི་ལམ་གྱིས་ཉོན་མོངས་པ་རྣམས་གཏན་དུ་ཡང་དག་པར་བཅོམ་པ་ལྟར་སྙམ་དུ་བསམས་པ་ཡིན་ནོ། །གང་དག་འབད་དེ་སྐྱེ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྦྱོར་བ་ལས་བྱུང་བ་སྐྱེས་པ་གང་དག་ཡིན་པ་དེ་དག་དང་སྟེ། དེ་དག་སྐྱེ་བ་ནི་དེ་དག་སྐྱེ་བའོ། །དེ་དག་སྐྱེ་བ་ལ་དབང་ཉིད་ནི་ནུས་པའི་ཁྱད་པར་ཏེ། དེ་ཐོགས་པ་མེད་པའི་ཕྱིར་རོ། །གང་ལ་ཞེ་ན། རྒྱུད་ལ་སྟེ་ལྡན་པ་ཞེས་བྱའོ། །གང་དག་དང་ཞེ་ན། འབད་དེ་སྐྱེ་བའི་དགེ་བ་རྣམས་དང་ངོ༌། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་འདིར་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱི་ས་བོན་ཁོ་ན་ནུས་པའི་ཁྱད་པར་ལྡན་པའི་གནས་སྐབས་ན་འཕགས་པའི་ལམ་གྱིས་རྩ་ནས་མ་བཏོན་པ་དང་འཇིག་རྟེན་པའི་ལམ་གྱིས་ཉམ་པར་པར་མ་བྱས་པ་དང་མ་འབད་པར་སྐྱེ་བའི་དགེ་བ་རྣམས་ལོག་པར་ལྟ་བས་ཉམས་པར་མ་བྱས་པ་དང༌། དབང་ཉིད་ཀྱི་དུས་ན་རྒྱུས་པར་གྱུར་པ་སྟེ། འབད་དེ་སྐྱེ་བའི་དགེ་བའི་ས་བོན་ཞེས་བྱ་བར་སྐབས་དང་སྦྱར་རོ། །ལྡན་པ་ཞེས་བྱ་བ་ནི་མིང་ཐོབ་ཀྱི་གང་བྱེ་བྲག་ཏུ་སྨ་བ་རྣམས་ཀྱིས་བརྟགས་པ་ལྟ་བུ་རྫས་གཞན་ནི་མེད་དོ། །ས་བོན་ཞེས་བྱ་བ་འདི་ཆི་ཞིག་ཡིན་ཞེས་བྱ་བ་ནི་རྫ་སུ་ཡོད་དུ་རེ་ནས་འདྲི་བ་ཡིན་ནོ། །འབྲས་བུ་སྐྱེད་པར་བྱེད་པ་ལ་ནུས་པའི་མིང་དང་གཟུངས་གང་ཡིན་པའོ་ཞེས་བྱ་བ་ནི་ཕུང་པོ་ལྔ་སྐྱེད་པར་ནུས་པ་གང་ཡིན་པའོ། །མངོན་སུམ་མ་ནི་བར་དུ་མ་ཆོད་པའོ། །
བརྒྱུད་པ་ནི་ཐག་རིང་བའོ། །འགྱུར་བ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེས་བྱ་བ་འདི་གྲངས་ཅན་པའི་འགྱུར་བ་ལྟ་བུ་ཡིན་པར་དོགས་ནས་འདྲི་བ་ཡིན་ནོ། །རྒྱུད་གཞན་ཉིད་དུ་འགྱུར་བའོ་ཞེས་བྱ་བ་ནི་གཞན་ཉིད་དུ་འབྱུང་བ་ཡིན་ནོ། །རྒྱུད་ཅེས་བྱ་བ་འདི་ཡང་ཅི་ཞིག་ཡིན་ཞེས་བྱ་བ་ནི་ཇི་ལྟར་གྲངས་ཅན་པ་དག་གི་ལྟར་རྫས་གནས་པ་ལ་ཆོས་གཞན་ལོག་ན་ཆོས་གཞན་འབྱུང་བ་ཡིན་པ་དེ་བཞིན་དུ་རྒྱུད་གནས་པ་ཞིག་གཞན་ཉིད་དུ་འགྱུར་བ་ཞིག་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཅི་ཞེ་ན། འདུ་བྱེད་དུས་གསུམ་པ་རྒྱུ་དང་འབྲས་བུར་གྱུར་པ་སྟེ་རྒྱུ་དང་འབྲས་བུ་ནི་རྒྱུ་དང་འབྲས་བུའོ། །རྒྱུ་དང་འབྲས་བུ་ཞེས་བྱ་བ་ནི་བར་མ་ཆད་པར་འབྱུང་བ་སྟེ། འདུ་བྱེད་དུས་གསུམ་པ་དག་ལ་རྒྱུད་ཅེས་རྣམ་པར་གཞག་གོ །གང་ལས་གསུངས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་གང་ལས་གསུངས་པ་ཡིན་ནོ། །ཅི་ཞེ་ན། སྨྲས་པ། ཆགས་པ་དང་ལྡན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་སྟེ་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྐྱེད་པའི་སྐལ་བ་དང་མི་ལྡན་ཞིང་རུང་བ་མ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ་གལ་ཏེ་ཐོབ་པ་ས་བོན་ཡིན་ནས་ས་བོན་ནི་རྟག་ཏུ་ཡོད་པས་དྲན་པ་ཉེ་བར་གཞག་པ་སྐྱེ་བར་མི་འགྱུར་རོ་ཞེ་ན། ཁྱེད་ཀྱི་ལྟ་བུར་ཐོབ་པ་ཡིན་ན་ཡང་དེ་སྐྱེད་པར་མི་འགྱུར་བས་འདི་ནི་མཚུངས་སོ། །དེ་ལྟ་བས་ན་དེར་ནི་ལྡན་པ་ཆགས་པ་དང་དུ་ལེན་པའམ་མི་སེལ་བ་ཡིན་ཏེ་ཞེས་བྱ་བ་གཉི་གར་ཡང་བརྗོད་པར་བྱ་སྟེ། དང་དུ་ལེན་པ་ནི་གནང་བའོ། །མི་སེལ་བ་ནི་རྣམ་པར་ཞིག་བར་བྱེད་པའོ། །དེ་འགོག་པ་བཏགས་པའི་ཆོས་དེ་འགོག་པ་མི་ལྡན་པའོ། །རྣམ་པ་ཐམས་ཅད་དུ་བཏགས་པའི་ཆོས་ཡིན་གྱི་རྫས་ཀྱི་ཆོས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་སྐྱེ་བའི་རྒྱུ་ཡིན་ཡང་རུང་གལ་ཏེ་རྣམ་པར་གཞག་པའི་རྒྱུ་ཡིན་ཡང་རུང་གལ་ཏེ་རྟེན་གྱི་བྱེ་བྲག་ཡིན་ཡང་རུང༌། །གལ་ཏེ་དང་དུ་ལེན་པའམ་མི་སེལ་བ་ཡིན་ཡང་རུང་སྟེ། རྣམ་པ་ཐམས་ཅད་དུ་སྟེ་རྣམ་པ་ཀུན་དུ་བཏགས་པའི་ཆོས་ཡིན་ནོ། །བཏགས་པ་དང་ཀུན་རྫོབ་དང་ཐ་སྙད་ཀྱི་ཆོས་ནི་བཏགས་པའི་ཆོས་སོ། །རྫས་ཀྱི་ཆོས་མ་ཡིན་པ་ནི་རྫས་སུ་ཡོད་པའི་ཆོས་ཀྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་དེ་རྫས་ཀྱང་ཡིན་ལ་ཆོས་ཀྱང་ཡིན་པས་དེ་ནི་རྫས་
ཀྱི་ཆོས་ཏོ། །གཟུགས་ལ་སོགས་པ་བཞིན་དུ་ཡོད་པའི་རང་གི་མཚན་ཉིད་ཀྱི་ཆོས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སློབ་དཔོན་འདུས་བཟང་ན་རེ་ཐོབ་པ་ནི་འདི་ལ་ནི་འདི་ཡོད་དོ་ཞེས་བྱ་བར་ཤེས་པའི་རྟགས་དང་ཐོབ་པའི་ཆོས་ཆུད་མི་ཟ་བའི་རྒྱུ་ཡིན་ནོ་ཞེས་ཟེར་ཏེ། འདི་ལ་ནི་འདི་ཡོད་དོ་ཞེས་བྱ་བར་ཤེས་པའི་རྟགས་ཡིན་ནོ་ཞེས་བྱ་བ་འདི་ནི་མ་གྲུབ་སྟེ། རྟེན་གྱི་ཁྱད་པར་ཡོད་ན་དེར་ཤེས་སོ་ཞེས་སྨྲའོ། །གལ་ཏེ་ཡང་ཐོབ་པའི་ཆོས་ཆུད་མི་ཟ་བའི་རྒྱུ་ཐོབ་པ་ཡིན་པར་འདོད་ན། ཐོབ་པ་ཡོངས་སུ་གཏོང་བར་ཡང་མི་འགྱུར་བ་ཁོ་ན་ཞིག་ན། ཡོངས་སུ་གཏོང་བར་ཡང་མི་འགྱུར་ཏེ། དེ་ལྟ་བས་ན་འདི་ནི་གཏན་ཚིགས་སུ་མི་རུང་ངོ༌། །སློབ་དཔོན་གྱི་ས་བོན་ནུས་པའི་ཁྱད་པར་གྱི་མཚན་ཉིད་ཡིན་པར་རྣམ་པར་གཞག་པ་དེ་ཉིད་སུ་ན་འབྱིན་པར་བྱེད་དེ། ནུས་པའི་ཁྱད་པར་འདི་སེམས་ལས་དོན་གཞན་པ་ཞིག་ཡིན་ནམ། འོན་ཏེ་དོན་གཞན་མ་ཡིན་པ་ཞིག་ཡིན། གལ་ཏེ་དོན་གཞན་པ་ཞིག་ཡིན་ནོ་ཞེ་ན་ནི་ཐོབ་པ་ཡོད་དོ་ཞེས་བྱ་བར་གྲུབ་པ་ཡིན་ཏེ། མིང་ཙམ་ལ་རྩོད་པར་ཟད་དོ། །ཇི་ལྟར་དོན་གཞན་མ་ཡིན་པ་ཞིག་ཡིན་ནོ་ཞེ་ན་ནི་མི་དགེ་བ་ཡང་དགེ་བའི་ས་བོན་ཡིན་པར་ཁས་བླངས་པ་ཡིན་ལ་དགེ་བ་ཡང་མི་དགེ་བའི་ས་བོན་ཡིན་པར་ཁས་བླངས་པ་ཡིན་ཏེ། སུ་ཞིག་ཚ་བ་དང་མེ་དོན་ཐ་དད་པ་མ་ཡིན་པ་ལས་ཚ་བ་ཁོ་ན་སྲེག་པར་བྱེད་པ་ཡིན་གྱི་མེ་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་འགྱུར། དགེ་བའི་ས་བོན་ཡང་མི་དགེ་བའམ་ལུང་དུ་མ་བསྟན་པའི་སེམས་ལ་ཡོད་ལ། དེ་བཞིན་དུ་མི་དགེ་བའི་ས་བོན་ཡང་དགེ་བའམ་ལུང་དུ་མ་བསྟན་པའི་སེམས་ལ་ཡོད་དོ། །དེ་བཞིན་དུ་ལུང་དུ་མ་བསྟན་པའི་ས་བོན་ཡང་དགེ་བ་དང་མི་དགེ་བ་ལ་ཡོད་ལ། ཟག་པ་དང་བཅས་པའི་ས་བོན་ཡང་ཟག་པ་མེད་པ་ལ་ཡོད། ཟག་པ་མེད་པའི་ས་བོན་ཡང་ཟག་པ་དང་བཅས་པ་ལ་ཡོད་པས་འཆོལ་བའི་ཉེས་པར་ཐལ་བར་འགྱུར་རོ་ཞེས་ཟེར་རོ། །འདི་ལ་བདག་སྨྲ་བར་བྱ་སྟེ། དོན་ཐ་དད་པ་མ་ཡིན་ན་འཆོལ་བའི་ཉེས་པར་འགྱུར་རོ། །ས་བོན་དེ་ནི་སེམས་ལས་དོན་གཞན་པ་མ་ཡིན་ལ། དོན་གཞན་མ་ཡིན་པ་ཡང་མ་ཡིན་ཏེ། བརྟེན་ནས་བཏགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །
ཇི་སྟེ་དོན་གཞན་པ་མེད་དོ་ཞེས་བྱས་ན་ཡང་ཉེས་པ་མེད་དེ། དགེ་བའི་སེམས་སྐྱེས་པས་ནི་རང་གི་རྒྱུད་ཀྱི་སེམས་རང་གི་རིགས་དང་མཐུན་པའམ་གཞན་གྱི་རིགས་དང་མཐུན་པ་ལ་ས་བོན་འཇོག་པར་བྱེད་དོ། །རྒྱུའི་ཁྱད་པར་དེ་ལས་འབྲས་བུའི་ཁྱད་པར་འགྱུར་བས་དེ་ལས་ནི་སེམས་ཁྱད་པར་ཅན་དེ་སྐྱེ་སྟེ། སེམས་ཁྱད་པར་ཅན་དེ་ནི་དགེ་བའི་ས་བོན་གྱིས་དགོས་པ་བྱེད་པ་ལ་ནུས་པ་དེ་སྐྱེའོ། །དེ་བཞིན་དུ་མི་དགེ་བས་ཀྱང་རང་གི་རྒྱུད་ཀྱི་སེམས་རང་གི་རིགས་དང་མཐུན་པའམ། གཞན་གྱི་རིགས་དང་མཐུན་པ་ལས་ས་བོན་འཇོག་པར་འགྱུར་ལ། དེ་ལས་ནི་སེམས་ཁྱད་པར་ཅན་མི་དགེ་བའི་ས་བོན་གྱིས་དགོས་པ་བྱེད་པ་ལ་ནུས་པ་དེ་སྐྱེའོ། །དེ་བཞིན་དུ་ལུང་དུ་མ་བསྟན་པས་ཀྱང་རང་གི་རྒྱུད་ཀྱི་སེམས་རང་གི་རིགས་དང་མཐུན་པའམ། གཞན་གྱི་རིགས་དང་མཐུན་པ་ལ་ས་བོན་འཇོག་པར་འགྱུར་ལ། དེ་ལས་ནི་ཁྱད་པར་ཅན་ལུང་དུ་མ་བསྟན་པའི་ས་བོན་གྱིས་དགོས་པ་བྱེད་པ་ལ་ནུས་པ་དེ་སྐྱེའོ། །ཟག་པ་དང་བཅས་པས་ཀྱང་ཟག་པ་མེད་པའི་སེམས་ལ་ས་བོན་འཇོག་པར་འགྱུར་ལ། ཟག་པ་མེད་པས་ཀྱང་ཟག་པ་དང་བཅས་པ་ལ་འཇོག་པར་འགྱུར་ཏེ། དེ་ལྟར་ན་ཕན་ཚུན་ས་བོན་འཇོག་པར་བྱེད་པ་དང་ཕན་ཚུན་སྐྱེད་པར་བྱེད་དེ། སེམས་གཞན་ལས་སྐྱེ་བ་ན་ཕན་ཚུན་བསྒོ་བར་བྱ་བ་དང་སྒོ་བར་བྱེད་པ་ཉིད་དུ་འཇུག་གོ །དགེ་བས་མི་དགེ་བའི་སེམས་ལ་ནུས་པའི་ཁྱད་པར་བཞག་ཅེས་ཏེ་མི་དགེ་བ་དེ་དགེ་བ་ཉིད་དུ་འགྱུར་བའམ། དགེ་བ་དེ་མི་དགེ་བ་ཉིད་དུ་འགྱུར་བ་ཡང་མེད་དེ་ནུས་པའི་ཁྱད་པར་ཙམ་དུ་ཟད་དོ། །ནུས་པ་དང་ས་བོན་དང་བག་ཆགས་ཞེས་བྱ་བ་འདི་ནི་དོན་གཅིག་གོ །དེ་བཞིན་དུ་ཟག་པ་དང་བཅས་པས་ཟག་པ་མེད་པ་ལ་ནུས་པའི་ཁྱད་པར་བཞག་ལ། ཟག་པ་མེད་པས་ཀྱང་ཟག་པ་དང་བཅས་པ་ལ་ནུས་པའི་ཁྱད་པར་བཞག་ཅེས་ཏེ། ཟག་པ་དང་བཅས་པ་དེ་ཡང་ཟག་པ་མེད་པར་མི་འགྱུར་ལ། ཟག་པ་མེད་པ་ཡང་ཟག་པ་དང་བཅས་པར་མི་འགྱུར་རོ་ཞེས་བྱ་བའི་བར་མི་དགེ་བ་ལ་སོགས་པའི་བག་ཆགས་ལ་ཡང་བརྗོད་པར་བྱའོ། །བྱེ་བྲག་ཏུ་སྨྲ་བ་ཁྱེད་ཀྱི་ལ་ཡང་བསམ་པར་བྱ་སྟེ། གང་གི་ཚེ་ཟག་པ་དང་བཅས་
པའི་སེམས་ཀྱི་མཇུག་ཐོགས་སུ་ཟག་པ་མེད་པ་འམ། ཟག་པ་མེད་པའི་སེམས་ཀྱི་མཇུག་ཐོགས་སུ་ཟག་པ་དང་བཅས་པ་སྐྱེ་བ་དེའི་ཚེ། ཅི་ཟག་པ་དང་བཅས་པའི་ཚོགས་སམ། ཟག་པ་མེད་པའི་ཚོགས་སྔ་མ་ཚོགས་ཕྱི་མ་སྐྱེ་བ་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སོགས་པའི་ངོ་བོར་ནུས་པ་དང་ལྡན་པ་ཞིག་ཡིན་ནམ། འོན་ཏེ་ནུས་པ་དང་མི་ལྡན་པ་ཞིག་ཡིན། དེ་ལས་ཅིར་འགྱུར། གལ་ཏེ་ནུས་པ་དང་མི་ལྡན་ན་ནི་འདིའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སོགས་པ་ཉམས་པར་འགྱུར་རོ། །འོན་ཏེ་ནུས་པ་དང་ལྡན་ནོ་ཞེ་ན། ཟག་པ་དང་བཅས་པའི་སེམས་ལ་ཡོད་པ་དེ་ཟག་པ་དང་བཅས་པ་ཞིག་གམ། འོན་ཏེ་ཟག་པ་མེད་པ་ཞིག་ཡིན། ཟག་པ་དང་བཅས་པའི་སེམས་དེ་ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་སེམས་གཞན་གྱིས་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སོགས་པའི་ངོ་བོ་བྱེད་པ་ན། ཅི་ནུས་པ་གང་ཁོ་ནས་ཟག་པ་དང་བཅས་པའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སོགས་པའི་ངོ་བོ་བྱེད་པར་འགྱུར་བ་དེ་ཁོ་ནས་ཟག་པ་མེད་པ་ཡིན་ནམ། གལ་ཏེ་དེ་ཁོ་ནས་ཡིན་ན་ནི་ཇི་ལྟར་ནུས་པ་འཚོལ་བར་མི་འགྱུར། འོན་ཏེ་གཞན་ཞིག་གི་ཟག་པ་མེད་པའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སོགས་པ་བྱེད་པར་འགྱུར་ན་ནི་ཇི་ལྟར་ན་གཅིག་ལ་སེམས་དེ་ལས་གཞན་མ་ཡིན་པའི་ནུས་པ་འདི་གཉིས་ཀྱི་ངོ་བོ་ཐ་དད་པ་ཉིད་དང་འབྲས་བུ་ཐ་དད་པ་ཉིད་དུ་རུང་བར་ཡང་འགྱུར་ན་ནི། ཁོ་བོ་ཅག་གི་ལྟར་ན་ཡང་སེམས་ལས་གཞན་མ་ཡིན་པའི་ནུས་པ་རྣམས་དེ་ལ་གནས་པ་དང༌། འབྲས་བུ་ཐ་དད་པར་ཡང་འགྱུར་རོ། །དེ་བཞིན་དུ་ཟག་པ་དང་བཅས་པའི་སེམས་ཟག་པ་མེད་པའི་སེམས་ཀྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སོགས་པའི་ངོ་བོར་འགྱུར་བ་ཡང་ཅི་རིགས་པར་དེ་དང་འདྲ་བ་ཁོ་ནར་ནུས་པ་དེ་དག་གི་ངོ་བོ་ཐ་དད་པ་དང༌། འབྲས་བུ་ཐ་དད་པར་ཡང་བརྗོད་པར་བྱའོ། །དེས་ནི་མི་དགེ་བ་དེ་ཡང་དགེ་བའི་ས་བོན་ཡིན་པར་ཁས་བླངས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་པ་དེ་རིགས་པ་མ་ཡིན་ཏེ། དགེ་བས་ནུས་པའི་ཁྱད་པར་བཞག་པས་ཁྱད་པར་ཅན་དུ་བྱས་པའི་མི་དགེ་བའི་སེམས་ནུས་པ་ཅན་ནི་མི་དགེ་བའི་ས་བོན་
གྱི་བྱ་བ་མི་བྱེད་དོ། །འོ་ན་ཅི་ཞེ་ན། དགེ་བའི་ས་བོན་གྱི་བྱ་བ་ཁོ་ན་བྱེད་དོ། །རང་གི་ནུས་པའི་ཁྱད་པར་བསྐྱེད་པས་ཁྱད་པར་ཅན་དུ་བྱས་པའི་མི་དགེ་བས་ནི་མི་དགེ་བའི་ས་བོན་གྱིས་བྱ་བ་བྱེད་ན་དེ་ཇི་ལྟར་ན་དགེ་བའི་ས་བོན་མི་དགེ་བ་ཡིན་ནོ་ཞེས་བྱ་བ་འདི་བརྗོད། མི་དགེ་བའི་སེམས་ལ་དགེ་བའི་ས་བོན་དེ་བཞག་ན་ཇི་ལྟར་མི་དགེ་བར་མི་འགྱུར་ཞེས་སྨྲ་བར་བྱེད་ན་ནི་ཁྱེད་ཀྱིས་ས་བོན་གྱི་དོན་མི་ཤེས་ཏེ། དགེ་བའི་སེམས་སྐྱེ་བས་ནི་ཇི་ལྟར་ན་མངོན་སུམ་མམ་བརྒྱུད་པས་སེམས་དེ་རང་སྐྱེད་པར་རུང་བར་འགྱུར་བ་དེ་ལྟ་བུའི་ནུས་པའི་ཁྱད་པར་ཅན་གྱི་སེམས་མི་དགེ་བ་བསྐྱེད་པར་འགྱུར་བས་ས་བོན་ནི་ནུས་པའི་ཁྱད་པར་ཁོ་ནར་ཟད་ཀྱི་ས་བོན་ཞེས་བྱ་བ་ཅུང་ཟད་མེད་དེ། བཏགས་པའི་ཡོད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཐོབ་པ་དང་མ་ཐོབ་པ་དག་ནི་བཏགས་པའི་ཡོད་པ་ཞེས་བྱའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་དག་རྫས་སུ་ཡོད་པ་ཁོ་ན་ཡིན་ནོ་ཞེས་བརྗོད་དོ། །ཆོས་འདས་པ་རྣམས་ཀྱི་ཐོབ་པ་འདས་པ་ཡང་ཡོད། ཅེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ལ་འདས་པ་རྣམས་ཀྱི་ནི་འདི་ལྟ་སྟེ། ཉོན་མོངས་པ་ཅན་རྣམས་ཀྱི་ཐོབ་པ་འདས་པ་ནི་གང་སྐྱེས་ལ་འགག་པ་སྟེ། དེ་ནི་སྔར་སྐྱེ་བ་ཡང་ཡོད། ལྷན་ཅིག་སྐྱེ་བ་ཡང་ཡོད། དུས་ཕྱིས་སྐྱེ་བ་ཡང་ཡོད་དོ། །དེ་དག་ཉིད་ཀྱི་ཐོབ་པ་མ་འོངས་པ་ནི་མ་སྐྱེས་པ་ཡིན་ཏེ་ཕྱིས་སྐྱེ་བའོ། །དེ་ལྟར་བྱུང་བ་ནི་སྐྱེས་ལ་མ་འགགས་པའོ། །མ་འོངས་པ་རྣམས་ཀྱི་ཐོབ་པ་ཡང་འདས་པ་ནི་གང་སྔར་སྐྱེ་བ་སྐྱེས་ལ་འགགས་པ་ཡིན་ནོ། །མ་འོངས་པ་ནི་མ་སྐྱེས་པ་ཡིན་ནོ། །ད་ལྟར་བྱུང་བ་ནི་གང་སྔར་སྐྱེ་བ་སྐྱེས་ལ་མ་འགགས་པ་ཡིན་ནོ། །དེ་བཞིན་དུ་ད་ལྟར་བྱུང་བ་རྣམས་ཀྱི་ཐོབ་པ་ཡང་འདས་པ་ནི་སྔར་སྐྱེ་བ་སྐྱེས་ལ་འགགས་པ་ཡིན་ནོ། །མ་འོངས་པ་ནི་གང་མ་སྐྱེས་པ་ཡིན་ནོ། །ད་ལྟར་བྱུང་བ་ནི་གང་ལྷན་ཅིག་སྐྱེ་བ་ཡིན་ནོ། །འདས་པ་ལ་སོགས་པའི་རིགས་ཀྱི་སྤྱི་བཟུང་ནས་དེ་སྐད་དུ་བཤད་པ་ཡིན་གྱི་འདས་པ་གཅིག་ལ་གདོན་མི་ཟ་བར་ཐོབ་པ་རྣམ་པ་གསུམ་ཡོད་པ་ནི་མ་ཡིན་ནོ། །ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། །ཞེས་འབྱུང་བའི་ཕྱིར་རྣམ་པར་སྨིན་པ་འདས་པ་ལ་ནི་ཐོབ་པ་འདས་པའམ། མ་
འོངས་པ་མེད་དོ། །གལ་ཏེ་རྫས་རེ་རེའི་ཐོབ་པ་རྣམ་པར་འཇོག་པར་བྱེད་ན་ནི་སྲིད་པའི་ཕྱིར་དེ་ལྟ་བུར་ཡིན་པར་འགྱུར་ཏེ། ཉོན་མོངས་པ་ཅན་དང་སྐྱེས་ནས་ཐོབ་པའི་དགེ་བ་འདས་པ་ལ་སོགས་པའི་ཐོབ་པ་ནི་གདོན་མི་ཟ་བར་འདས་པ་ལ་སོགས་པ་ཡིན་ནོ། །སོ་སོའི་སྐྱེ་བོ་ལ་འཕགས་པའི་ལམ་ཟག་པ་མེད་པ་མ་སྐྱེས་པའི་ཐོབ་པ་འདས་པ་ནི་མེད་དོ། །སྤྱིར་བསྟན་པ་འདི་ནི། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། །ཞེས་འབྱུང་བའི་ཕྱིར་དམིགས་ཀྱིས་བསལ་བ་དང་བཅས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །འདུས་མ་བྱས་རྣམས་ཀྱིས་ཐོབ་པ་འདས་པ་ནི་སྐྱེས་ལ་འགགས་པ་ཡིན་ལ། མ་འོངས་པ་ནི་མ་སྐྱེས་པ་ཡིན། ད་ལྟར་བྱུང་བ་ནི་སྐྱེས་ལ་མ་འགགས་པ་ཡིན་ཏེ། འདིར་ནི་རྟོགས་པར་སླ་བས་མདོར་མ་བྱས་སོ། །འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ཐོབ་པར་ནི་རིམ་བཞིན་དུ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡིན་ནོ་ཞེས་བྱ་བ་ནི་འདོད་པའི་ཁམས་སུ་སྐྱེས་པའི་སེམས་ཅན་གྱི་འདོད་པ་ན་སྤྱོད་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་འདོད་པ་ན་སྤྱོད་པ་ཡིན་ནོ། །དེ་ཉིད་ཀྱི་གཟུགས་ན་སྤྱོད་པ་རྣམས་ཀྱི་ནི་གཟུགས་ན་སྤྱོད་པ་ཡིན་ནོ། །དེ་ཉིད་ཀྱི་གཟུགས་མེད་པ་རྣམས་ཀྱི་ནི་གཟུགས་མེད་པ་ན་སྤྱོད་པ་ཡིན་ནོ། །གཟུགས་ཀྱི་ཁམས་སུ་སྐྱེས་པའི་ཡང་འདོད་པ་ན་སྤྱོད་པ་འདི་ལྟ་སྟེ། སྤྲུལ་བའི་སེམས་རྣམས་ཀྱི་ནི་འདོད་པ་ན་སྤྱོད་པ་ཡིན་ནོ། །གཟུགས་ན་སྤྱོད་པ་རྣམས་ཀྱི་ནི་གཟུགས་ན་སྤྱོད་པ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ནི་གཟུགས་མེད་པ་ན་སྤྱོད་པ་ཡིན་ནོ། །གཟུགས་མེད་པའི་ཁམས་སུ་སྐྱེས་པའི་ནི་དེའི་ཁམས་ཀྱི་ཐོབ་པ་དེའི་ཁམས་པ་ཁོ་ན་ཡིན་ནོ། །མ་གཏོགས་རྣམས་ཀྱི་རྣམ་པ་བཞི། །ཞེས་བྱ་བ་ནི་ཁམས་སུ་མ་གཏོགས་པ་ཟག་པ་མེད་པ་འདུས་བྱས་དང་འདུས་མ་བྱས་རྣམས་ཀྱི་ཐོབ་པ་ནི་མདོར་བསྡུ་ན་རྣམ་པ་བཞི་པོ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང༌། ཟག་པ་མེད་པ་སྟེ་མ་གཏོགས་པ་ཐམས་ཅད་ཀྱི་མདོར་བསྡུ་ན་ཞེས་བྱ་བའི་ཐ་ཚིག་གོ །རེ་རེ་ཞིང་རྣམ་པ་བཞི་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ནི་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་ཏེ། འདོད་
པའི་ཁམས་སུ་སྐྱེས་པའི་འདོད་པ་ན་སྤྱོད་པ་ལ་སོགས་པའི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་ཐོབ་པ་ནི་ཅི་རིགས་པར་འདོད་པ་ན་སྤྱོད་པ་ཡིན་ནོ། །གཟུགས་ཀྱི་ཁམས་སུ་སྐྱེས་པའི་གཟུགས་ན་སྤྱོད་པ་ལ་སོགས་པའི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་ཐོབ་པ་ནི་གཟུགས་ན་སྤྱོད་པ་ཡིན་ནོ། །གཟུགས་མེད་པའི་ཁམས་སུ་སྐྱེས་པའི་གཟུགས་མེད་པ་ན་སྤྱོད་པ་ལ་སོགས་པའི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་ཐོབ་པ་ནི་གཟུགས་མེད་པ་ན་སྤྱོད་པ་ཡིན་ནོ། །དེའི་ཐོབ་པ་ནི་སེམས་ཅན་གྱི་རྒྱུད་ཁོ་ནས་རྣམ་པར་གཞག་གི་གང་དག་ལ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཡོད་པ་དེ་དག་གི་དབང་གིས་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་པར་གྱུར་ན་ནི་ལམ་གྱི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་ཐོབ་པ་ཟག་པ་མེད་པར་འགྱུར་རོ། །སོ་སོར་བརྟགས་པས་འགོག་པའི་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡང་ཡིན་ལ་ཟག་པ་མེད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་གཉེན་པོ་མ་ཡིན་པའི་ཕྱིར་འདོད་པ་ན་སྤྱོད་པ་ནི་མེད་དེ། གཟུགས་ན་སྤྱོད་པའི་ལམ་གྱིས་ཐོབ་པ་ནི་གཟུགས་ན་སྤྱོད་པ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པའི་ལམ་གྱིས་ཐོབ་པ་ནི་གཟུགས་མེད་པ་ན་སྤྱོད་པ་ཡིན་ནོ། །ཟག་པ་མེད་པའི་ལམ་གྱིས་ཐོབ་པ་ནི་ཟག་པ་མེད་པ་ཡིན་ནོ། །འཕགས་པས་གཟུགས་ན་སྤྱོད་པའི་ལམ་གྱིས་ཐོབ་པ་ནི་གཟུགས་ན་སྤྱོད་པ་དང་ཟག་པ་མེད་པ་ཡིན་ལ། གཟུགས་མེད་པའི་ལམ་གྱིས་ཐོབ་པ་ནི་གཟུགས་མེད་པ་ན་སྤྱོད་པ་དང་ཟག་པ་མེད་པ་ཡིན་ཏེ། །འཇིག་རྟེན་པ་ཡིད་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་འབྱུང་བའི་ཕྱིར་རོ། །ལམ་གྱི་བདེན་པ་ནི་ཟག་པ་མེད་པ་ཉིད་ཅེས་བྱ་བ་ནི་འདིའི་ཐོབ་པ་འཇིག་རྟེན་པ་ཡིན་པ་འགོག་པར་བྱེད་པ་ཡིན་ནོ། །དེ་ནི་མདོར་བསྡུས་ཏེ་རྣམ་པ་བཞི་ཡིན་ནོ་ཞེས་བྱ་བ་ནི་མདོར་བསྡུ་ན་རྣམ་པ་བཞི་འབྱུང་སྟེ། ཁམས་གསུམ་པ་དང་ཟག་པ་མེད་པའོ་ཞེས་བཤད་པའི་དོན་བསྟན་པ་ཁོང་དུ་ཆུད་པར་བྱེད་པ་ཡིན་ནོ། །སློབ་པའི་ཆོས་རྣམས་ཀྱི་ཞེས་བྱ་བ། སློབ་པའི་ཆོས་ནི་སློབ་པའི་ཟག་པ་མེད་པའི་ཆོས་རྣམས་ཡིན་ནོ། །མི་སློབ་པ་ནི་མི་སློབ་པའི་ཟག་པ་མེད་
པ་དག་ཡིན་ཏེ་འདི་དག་ཀྱང་ལམ་གྱིས་བདེན་པའི་ངོ་བོ་ཉིད་ཁོ་ན་ཡིན་པར་བལྟ་བར་བྱའོ། །སློབ་པ་དང་མི་སློབ་པ་དག་ལས་གཞན་པ་རྣམས་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་སྟེ། འདུས་མ་བྱས་ཀྱི་བར་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པར་འདོད་དོ། །དེ་དག་གི་ཐོབ་པ་ནི་སློབ་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། སློབ་པ་དང་མི་སློབ་པ་དང་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའོ། །འཕགས་པ་མ་ཡིན་པས་ཐོབ་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོས་ཐོབ་པའོ། །དེ་ཉིད་སློབ་པའི་ལམ་གྱིས་ཞེས་བྱ་བ་ནི་སོ་སོར་བརྟགས་པས་འགོག་པ་དེ་ཉིད་འཕགས་པའི་ལམ་གྱིས་ཐོབ་པ་ནི་སློབ་པའོ། །མི་སློབ་པས་ཐོབ་པ་ནི་མི་སློབ་པའོ་ཞེས་བྱ་བ་ནི་ཟད་པ་ཤེས་པ་དང་མཚུངས་པར་ལྡན་པའི་ལམ་གྱིས་ཐོབ་པའི་སྟེ། ཟད་པ་ཤེས་པ་ནི་བྲལ་བའི་ཐོབ་པའི་རྟེན་ཡིན་པའི་ཕྱིར་རོ། །དེ་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་དེ་ནི་སློབ་པ་རྡོ་རྗེ་ལྟ་བུས་འཐོབ་མོད་ཀྱི། དེས་ཐོབ་པ་ཉིད་དུ་བརྗོད་པ་ནི་སློབ་པས་ཐོབ་པ་ལས་མི་སློབ་པའི་ཐོབ་པ་ཁྱད་པར་དུ་མ་བྱས་པར་འགྱུར་བས་སློབ་པ་དེས་ཐོབ་པ་མི་སློབ་པ་ཞེས་མ་བཤད་པ་ཡིན་ནོ། །དེ་ཉིད་འཕགས་པའི་ལམ་གྱིས་ཐོབ་པ་ནི་ཟག་པ་མེད་པ་ཞེས་བྱ་བ་ནི་སོ་སོར་བརྟགས་པས་འགོག་པ་དེ་ཉིད་འཕགས་པའི་ལམ་གྱིས་ཐོབ་པ་ནི་ཟག་པ་མེད་པའོ། །ལམ་གྱིས་བདེན་པའི་ཐོབ་པ་ཟག་པ་མེད་པ་ཡང་ཞེས་བྱ་བར་སྐབས་དང་སྦྱར་རོ། །འཕགས་པས་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་སོ་སོར་བརྟགས་པས་འགོག་པའི་ཐོབ་པ་ཅི་ཟག་པ་དང་བཅས་པ་ཞིག་ཡིན་ནམ། །འོན་ཏེ་ཟག་པ་མེད་པ་ཞིག་ཡིན། སྨྲས་པ་གཉི་ག་ཡིན་ནོ། །དེ་ཅིའི་ཕྱིར་མ་བཤད་ཅེ་ན། རྣམ་པར་བཤད་པ་རྗེས་མཆད་པ་ཡིན་ཏེ། འོག་ནས། །འཇིག་རྟེན་པ་ཡི་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་འདི་སྟོན་པར་འགྱུར་བས་མི་བརྗོད་ཀྱི་འདིར་ནི་ཐོབ་པ་མ་འདྲེས་པ་གང་ཡིན་པ་དེ་ཁོ་ན་བརྗོད་པར་རིག་པར་བྱའོ། །སྟོབས་ཆུང་བའི་ཕྱིར་ཞེས་བྱ་བ་ནི་དེ་མངོན་པར་འདུ་བྱ་བ་མེད་པར་ལྡན་པས་སྟོབས་ཆུང་བ་ཉིད་ཡིན་ནོ། །མངོན་པར་ཤེས་པ་ལུང་དུ་མ་བསྟན་པ་གཉིས་ཞེས་བྱ་བ་ནི་ལྷའི་
མིག་གི་མངོན་པར་ཤེས་པ་དང༌། ལྷའི་རྣ་བའི་མངོན་པར་ཤེས་པའོ། །སྤྲུལ་བའི་སེམས་མ་གཏོགས་པ་ཅི་ཞེ་ན། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། །ཞེས་བྱ་བར་སྦྱར་རོ། །དེ་དག་ནི་སྦྱོར་བའི་ཁྱད་པར་གྱིས་འགྲུབ་པས་སྟོབས་དང་ལྡན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལྷའི་མིག་ལ་སོགས་པ་དེ་དག་གོ །ཅི་ཞེ་ན་ཐོབ་པ་སྔར་དང་ཕྱིས་དང་ལྷན་ཅིག་སྐྱེ་བ་ཡིན་ནོ། །སྦྱོར་བའི་ཁྱད་པར་གྱིས་འགྲུབ་པས་ཞེས་བྱ་བ་ནི་ལྷའི་མིག་གི་མངོན་པར་ཤེས་པ་ལ་སོགས་པ་སྦྱོར་བའི་ཁྱད་པར་གྱིས་འགྲུབ་པ་ཡིན་ནོ། །སྦྱོར་བའི་ཁྱད་པར་གྱིས་འགྲུབ་པ་དེའི་ཕྱིར་སྟོབས་དང་ལྡན་པ་ཉིད་ཡིན་ནོ། །སྟོབས་དང་ལྡན་པའི་ཕྱིར་ཐོབ་པ་སྔར་དང་ཕྱིས་དང་ལྷན་ཅིག་ཏུ་སྐྱེ་བ་ཡང་ཡིན་ནོ་ཞེས་བྱ་བར་དོན་སྦྱར་རོ། །བཟོ་ཡི་གནས་པ་ཁ་ཅིག་དང༌། །ཞེས་བྱ་བ་ནི་དཔེར་ན་ལས་ཐམས་ཅད་པ་ལྟ་བུའོ། །སྤྱོད་ལམ་པ་དཔེར་ན་གནས་བརྟན་རྟ་ཐུལ་ལྟ་བུ་ཤིན་ཏུ་གོམས་པའི་སྟེ། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ཤིན་ཏུ་དང་དུ་གྱུར་བར་འདོད་དོ། །ཅི་ཞེ་ན། ཐོབ་པ་སྔར་དང་ཕྱིས་དང་ལྷན་ཅིག་སྐྱེ་བར་ཞེས་བྱ་བ་ཡིན་ནོ། །བསྒྲིབས་པའི་གཟུགས་ཀྱི་འང་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲ་ནི་བསྡུ་བའི་དོན་ཡིན་ཏེ་ལྷན་ཅིག་སྐྱེ་བ་ཡོད་དོ་ཞེས་སྡུད་པར་བྱེད་པ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་གཟུགས་དེ་ཡང་བསམ་གཏན་དང་པོའི་ས་བའི་རྣམ་པར་རིག་བྱེད་ཀྱི་གཟུགས་ཁོ་ན་ཡིན་པར་རིག་པར་བྱ་སྟེ། དེ་ལས་གཞན་པའི་ས་དག་ན་ནི་ཀུན་ནས་སློང་བ་མེད་པའི་ཕྱིར་རོ། །ཆེན་པོས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་ཆེན་པོས་བསྒྲིབས་པའི་རྣམ་པར་རིག་བྱེད་སློང་བའི་རྣམ་པར་རིག་བྱེད་ཀྱི་སེམས་ཆེན་པོ་དེ་ཉིད་ཀྱིས་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་སློབ་པར་མི་བྱེད་དེ་དེ་བས་ན་སྟོབས་ཆུང་བ་ཉིད་དུ་གྲུབ་པོ། །སྟོབས་ཆུང་བ་ཉིད་དུ་གྲུབ་པ་དེའི་ཕྱིར་ཐོབ་པ་ལྷན་ཅིག་སྐྱེ་བ་ཁོ་ན་ཡིན་ནོ། །ཐོབ་པའི་བྱེ་བྲག་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ལ་སོགས་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱི་ཐོབ་པ་ནི་ལྷན་ཅིག་སྐྱེ་བ་ཡིན་ལ། མངོན་པར་ཤེས་པ་གཉིས་ལ་སོགས་པའི་ཐོབ་པ་ནི་སྔར་དང་ཕྱིས་དང་ལྷན་ཅིག་སྐྱེ་བ་ཡང་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གི་བྱེ་བྲག་ཡིན་ནོ། །འདོད་པ་ན། གཟུགས་ཀྱི་སྔར་ནི་སྐྱེ་བ་
མེད། །ཅེས་བྱ་བ་ནི་འདོད་པ་ན་སྤྱོད་པའོ། །དགེ་བ་དང༌། མི་དགེ་བའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ཐོབ་པ་ནི་རྣམ་པ་ཐམས་ཅད་དུ་སྔར་སྐྱེ་བ་མེད་དེ། །གལ་ཏེ་དགེ་བའི་ཡང་རུང༌། གལ་ཏེ་མི་དགེ་བའི་ཡང་རུང་སྟེ། མེད་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ །ལྷན་ཅིག་སྐྱེ་བ་དང་ཕྱིས་སྐྱེ་བ་ནི་ཡོད་དོ་ཞེས་བྱ་བ་ནི་ཅི་རིགས་པར་སྦྱར་བ་སྟེ། འདི་ལྟ་སྟེ། རྣམ་པར་རིག་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་སྐད་ཅིག་མ་དང་པོའི་ཐོབ་པ་ནི་ཐོག་མར་ལྷན་ཅིག་སྐྱེ་བ་ཡིན་ནོ། །མེད་པ་ཁོ་ན་པ་ལ་སོགས་པ་ལ་ནི་སྐད་ཅིག་མ་དེ་ཉིད་ཀྱི་དུས་ཕིས་སྐྱེ་བ་ཡང་ཡིན་ཏེ། དེ་བཞིན་དུ་སྐད་ཅིག་མ་གཉིས་པ་ལ་སོགས་པ་གཞན་དག་གི་ཐོབ་པ་ཡང་ལྷན་ཅིག་སྐྱེ་བ་དང་དུས་ཕྱིས་སྐྱེ་བ་ཡིན་པར་རིག་པར་བྱའོ། །འདོད་པ་ན་སྤྱོད་པའི་གཟུགས་ཁོ་ནའི་ཐོབ་པ་ལྔར་སྐྱེ་བ་བཀག་པས་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པའི་གཟུགས་ཀྱི་ཐོབ་པ་ནི་དུས་གསུམ་དུ་སྐྱེ་བ་ཡོད་དོ་ཞེས་སྐབས་ཕྱེ་བ་ཡིན་ནོ། །ཅིའི་ཕྱིར་མ་ཐོབ་པ་རྣམ་པ་ཐམས་ཅད་དུ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་པར་རྣམ་པར་གཞག་ཅེ་ན། གལ་ཏེ་ཉོན་མོངས་པ་རྣམས་ཀྱི་མ་ཐོབ་པ་ཉོན་མོངས་པ་ཅན་ཡིན་པར་འགྱུར་ན་ནི་ཉོན་མོངས་པ་སྤངས་པ་ལ་ཉོན་མོངས་པ་ཁོ་ན་བཞིན་དུ་མེད་པར་འགྱུར་རོ། །གལ་ཏེ་དགེ་བ་ཡིན་པར་གྱུར་ན་ནི་དགེ་བའི་རྩ་བ་ཀུན་དུ་ཆད་པ་ལ་ཡང་མེད་པར་འགྱུར་ལ། ཟག་པ་མེད་པའི་ཆོས་རྣམས་ཀྱི་མ་ཐོབ་པ་ཡང་ཟག་པ་མེད་པར་གྱུར་པས་སོ་སོའི་སྐྱེ་བོ་ཡིན་པར་མི་འགྱུར་ཏེ། རྟག་ཏུ་འཕགས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །དེ་བས་ན་ཤུགས་ཀྱིས་མ་ཐོབ་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་གཞག་གོ །ད་ལྟར་བྱུང་བའི་མ་ཐོབ་པ་ད་ལྟར་བྱུང་བ་ནི་མེད་དོ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་ཆོས་ལ་ནི་ཐོབ་པ་ཡོད་དོ། །དེ་ལྟ་བས་ན་འདི་ལ་མ་ཐོབ་པ་དེ་ལྟར་བྱུང་བ་མེད་དེ། དེ་ལ་ཐོབ་པ་དང་མ་ཐོབ་པ་ཕྲད་པ་མི་སྲིད་པའི་ཕྱིར་རོ། །འདས་པ་དང་མ་འོངས་པ་དག་གིས་ནི་དུས་གསུམ་པ་ཡིན་ནོ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་ཡོད་ཏན་མ་ཐོབ་པ་དང༌། ཐོབ་ནས་རྣམ་པར་ཉམས་པ་དང༌། མ་འོངས་པ་རྣམས་དང་མིག་ལ་སོགས་པ་གང་
ལ་ཐོབ་པ་མེད་པའི་མ་ཐོབ་པ་ནི་འདས་པ་ཡང་ཡོད་ལ་མ་འོངས་པ་ཡང་ཡོད། །ད་ལྟར་བྱུང་བ་ཡང་ཡོད་དོ། །དེ་དག་གི་མ་ཐོབ་པ་ནི་རྒྱུན་གྱི་ཚུལ་དུ་སྐྱེ་བ་ཡང་འགྱུར། །འགག་པར་ཡང་འགྱུར། །མ་འོངས་པ་ན་འདུག་པར་ཡང་འགྱུར་རོ། །འདོད་སོགས་གཏོགས་དང་དྲི་མེད་ཀྱིའང༌། །ཞེས་བྱ་བ་ལ། ཡང་ཞེས་བྱ་བ་ནི་རྣམ་པ་གསུམ་དང་སྦྱར་བའི་ཕྱིར་རོ། །འདོད་པའི་ཁམས་ལ་སོགས་པ་གཏོགས་ཤིག་མ་བྲལ་བ་ནི་འདོད་སོགས་གཏོགས་སོ། །འདོད་པ་ལ་སོགས་པར་གཏོགས་པ་རྣམས་དང༌། དྲི་མ་མེད་པ་རྣམས་ཀྱི་མ་ཐོབ་པ་ནི་རྣམ་པ་གསུམ་སྟེ། དེ་ནི་སྐྱེ་བའི་རྟེན་གྱི་དབང་གིས་རྣམ་པར་གཞག་པའི་ཕྱིར་རོ། །མ་ཐོབ་པ་ནི་ཆོས་དང་ལྷན་ཅིག་གནས་པ་ཅན་མ་ཡིན་པས་ཐོབ་པ་བཞིན་དུ་ཆོས་ཀྱི་དབང་གིས་ནི་རྣམ་པར་མི་གཞག་གོ །དེ་ལྟ་བས་ན་འདོད་པའི་ཁམས་སུ་སྐྱེས་པའི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་དང༌། ཟག་པ་མེད་པའི་ཆོས་རྣམས་ཀྱི་མ་ཐོབ་པ་ནི་འདོད་པ་ན་སྤྱོད་པ་ཡིན་ལ། གཟུགས་ཀྱི་ཁམས་སུ་སྐྱེས་པའི་ནི་གཟུགས་ན་སྤྱོད་པ་ཡིན་ནོ། །གཟུགས་མེད་པའི་ཁམས་སུ་སྐྱེས་པའི་ནི་གཟུགས་མེད་པ་ན་སྤྱོད་པ་ཡིན་ཏེ། འདི་ལྟ་སྟེ་འདོད་པའི་ཁམས་སུ་སྐྱེས་པའི་སྦྱོར་བ་ལས་བྱུང་བའི་ཡོན་ཏན་རྣམས་དང༌། དགེ་བའི་རྩ་བ་ཀུན་དུ་ཆད་པའི་གནས་སྐབས་ན་སྐྱེ་བས་ཐོབ་པ་རྣམས་ཀྱི་མ་ཐོབ་པ་དང༌། འདོད་ཆགས་དང་བྲལ་བ་མ་ཡིན་པའི་ཕྱིར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཀྱི་མ་ཐོབ་པ་དང༌། སོ་སོའི་སྐྱེ་བོ་ཡིན་པའི་ཕྱིར་ཟག་པ་མེད་པ་རྣམས་ཀྱི་མ་ཐོབ་པ་ནི་འདོད་པ་ན་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་སུ་སྐྱེས་པའི་འདོད་པ་ན་སྤྱོད་པའི་ས་འཕོས་པས་བཏང་བ་རྣམས་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་སྦྱོར་བ་ལས་བྱུང་བའི་ཡོན་ཏན་རྣམས་དང༌། སོ་སོའི་སྐྱེ་བོ་ཡིན་པའི་ཕྱིར་འཕགས་པའི་ཆོས་རྣམས་ཀྱི་མ་ཐོབ་པ་དེ་ནི་གཟུགས་ན་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་སྐྱེས་པའི་འདོད་པ་དང༌། གཟུགས་ནས་སྤྱོད་པ་ས་འཕོས་པས་བཏང་བ་རྣམས་དང༌། གཟུགས་མེད་པ་ན་སྤྱོད་པ་སྦྱོར་བ་ལས་བྱུང་
བའི་ཡོན་ཏན་རྣམས་དང༌། སོ་སོའི་སྐྱེ་བོ་ཡིན་པའི་ཕྱིར་འཕགས་པའི་ཆོས་རྣམས་ཀྱི་མ་ཐོབ་པ་ནི་གཟུགས་མེད་པ་ན་སྤྱོད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་ཀྱི་མ་རྙེད་པའོ་ཞེས་བྱ་བ་བསྟན་བཅོས་ལས་འབྱུང་བ་འདིས་ནི་མ་ཐོབ་པ་ལ་ཟག་པ་མེད་པ་ཉིད་མེད་པར་སྟོན་པར་བྱེད་པ་ཡིན་ནོ། །འཕགས་པའི་ཆོས་གང་དག་གིས་མ་རྙེད་པ་ཡིན་ཞེས་བྱ་བ་ནི་འཕགས་པའི་ཆོས་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་བཟུང་སྟེ། ཟག་པ་མེད་པའི་ལམ་ཐམས་ཅད་ཡིན་པས་དེའི་ཕྱིར་དེ་སྐད་དུ་འདྲིའོ། །ཐམས་ཅད་ཀྱི་ཡིན་ཏེ། ཁྱད་པར་མེད་པར་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་ནས་མི་སློབ་པའི་ཡེ་ཤེས་ལ་ཐུག་པའི་བར་རྣམས་ཀྱི་མ་རྙེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཁྱད་པར་དུ་མ་བྱས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ཀྱང་འཕགས་པའི་ལམ་ལྷག་མ་རྣམས་ཀྱི་མ་རྙེད་པ་ཡོད་པས་འཕགས་པ་མ་ཡིན་པར་འགྱུར་རོ། །དེ་ལྟ་བས་ན་རྙེད་པ་མེད་པར་གང་ཡིན་པ་སྟེ་ཞེས་བྱ་བ་འདི་སྨོས་ཏེ། རྙེད་པ་མེད་པར་མ་རྙེད་པ་གང་ཡིན་པ་དེ་ནི་སོ་སོའི་སྐྱེ་བོ་ཉིད་ཅེས་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་འཕགས་པའི་ཆོས་རྙེད་ཀྱང་འཕགས་པའི་ཆོས་གཞན་དག་གི་མ་རྙེད་པ་སོ་སོའི་སྐྱེ་བོ་ཉིད་ཡིན་པར་འདོད་ན། སངས་རྒྱས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱུད་ལ་ཡོད་པའི་འཕགས་པའི་ཆོས་དག་དང་མི་ལྡན་པའི་ཕྱིར་འཕགས་པ་མ་ཡིན་པར་འགྱུར་ཏེ། མ་རྙེད་པ་འབའ་ཞིག་སྨོས་ན་ནི་འདི་ལྟ་བུར་ཐལ་བར་འགྱུར་རོ། །འོ་ན་ནི་འཕགས་པའི་ཆོས་རྣམས་ཀྱི་རྙེད་པ་ཁོ་ནའོ་ཞེས་ཁོ་ན་ཞེས་བྱ་བའི་སྒྲ་གདོན་དགོས་སོ། །ཚིག་གཅིག་པུ་དག་ཀྱང་ངེས་པར་འཛིན་པ་ཡིན་ཏེ་ཞེས་བྱ་བ་ནི་ཚིག་གཅིག་པུ་དག་འབའ་ཞིག་ཀྱང་ཞེས་བྱ་བའི་ཐ་ཚིག་གོ །དཔེར་ན་ཆུ་འཐུང་བའོ། །རླུང་ཟ་བའོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་ཆུ་ཁོ་ན་འཐུང་བའོ། །རླུང་ཁོ་ན་ཟ་བའོ་ཞེས་མ་བརྗོད་ཀྱང་ཁོ་ན་ཞེས་བྱ་བའི་སྒྲའི་དོན་ཡང་རྟོགས་པར་འགྱུར་བ་ལྟར་འདིར་
ཡང་དེ་དང་འདྲའོ། །རྣམ་པ་གཅིག་ཏུ་ནི་ཇི་ལྟར་གང་ཞིག་ཆུ་ཁོ་ན་འཐུང་བར་བྱེད་པ་དེ་ནི་ཆུ་འཐུང་བ་ཡིན་ལ། གང་ཞིག་རླུང་ཁོ་ན་ཟ་བར་བྱེད་པ་དེ་ནི་རླུང་ཟ་ཡིན་ནོ་ཞེས་འདིར་ཁོ་ན་ཞེས་བྱ་བ་མངོན་པར་བསྟན་པ་ཉིད་ཀྱི་ངེས་པར་འཛིན་པའི་དོན་གོ་བར་འགྱུར་བ་དེ་བཞིན་དུ། འདིར་ཡང་མ་རྙེད་པ་ཁོ་ནའོ་ཞེས་བྱ་བ་ཡིན་ནོ། །གཞན་དག་ན་རེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་དེ་དང་ལྷན་ཅིག་འབྱུང་བ་རྣམས་ཀྱིའོ་ཞེས་ཟེར་རོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། དེ་དང་ལྷན་ཅིག་འབྱུང་བ་ཚོར་བ་ལ་སོགས་པའི་ཆོས་རྣམས་ཀྱི་མ་རྙེད་པ་ནི་སོ་སོའི་སྐྱེ་བོ་ཉིད་ཡིན་ནོ། །ཕྱོགས་འདི་ལ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེས་ཀྱང་འཕགས་པའི་ཆོས་ལྷག་མ་རྣམས་ཀྱི་མ་ཐོབ་པ་ཡོད་པས་འཕགས་པ་མ་ཡིན་པར་འགྱུར་རོ་ཞེས་ཉེས་པ་སྨྲས་པ་གང་ཡིན་པ་དེར་མི་འགྱུར་རོ། །འོ་ན་གང་གི་ཚེ་འབྲས་བུ་ཐོབ་པ་དེའི་ཚེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་དེ་དང་ལྷན་ཅིག་འབྱུང་བ་རྣམས་པར་ཉམས་པར་འགྱུར་བས་འབྲས་བུ་ཐོབ་པ་ནི་འཕགས་པ་མ་ཡིན་པར་འགྱུར་ཞེས་བྱ་བའི་ཉེས་པ་ཡང་ཡོངས་སུ་སྤང་པའི་ཕྱིར་སྨྲས་པ། དེ་དག་བཏང་བས་བཟོད་པ་དང་དེ་དང་ལྷན་ཅིག་འབྱུང་བ་དེ་དག་བཏང་བས་འཕགས་པ་མ་ཡིན་པ་ཉིད་དུ་ཐལ་བར་ཡང་མི་འགྱུར་ཏེ། དེ་དག་གི་མ་རྙེད་པ་གཏན་དུ་བཅོམ་པའི་ཕྱིར་མ་རྙེད་པ་དེ་ཤིན་ཏུ་རྣམ་པར་ཉམས་པའི་ཕྱིར་རོ། །འདི་ཇི་ལྟར་གཏན་དུ་བཅོམ་པ་ཡིན་ཞེ་ན། དེའི་རྒྱུད་ལ་ཡང་མི་སྐྱེ་བའི་ཕྱིར་རོ། །འོ་ན་ནི་དེ་དག་ཀྱང་རིགས་གསུམ་པ་ཡིན་ནོ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་ཀྱི་རིགས་ཡིན་ན། གང་དག་གི་མ་རྙེད་པ་ཡིན། །ཐམས་ཅད་ཀྱིའོ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་རིགས་ཀྱི་ཡིན་ནོ། །འོ་ན་ནི་ཉེས་པ་དེ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་ཀྱང་རིགས་གསུམ་ཆར་མ་རྙེད་པས་འཕགས་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ལན་ཡང་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་དེ་ནི་རྙེད་པ་མེད་པ་གང་ཡིན་པ་སྟེ་ཞེས་བྱ་བ་ནས་རྒྱས་པར་དཔེར་ན་ཆུ་འཐུང་བའོ་རླུང་ཟ་བའོ་ཞེས་བྱ་བའི་བར་ཡིན་ནོ། །འོ་ན་ནི་འབད་པ་དོན་མེད་པ་
ཡིན་ནོ་ཞེས་བྱ་བ་ནི་བཟོད་པའི་ལྷག་མ་འཕགས་པའི་ཆོས་གཞན་གྱི་མ་རྙེད་པ་ཡོད་པས་འཕགས་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་འདི་སྤང་པའི་ཕྱིར་བཟོད་པ་དང་དེ་དང་ལྷན་ཅིག་འབྱུང་བ་རྣམས་ཀྱི་མ་རྙེད་པ་རྣམས་ནི་སོ་སོའི་སྐྱེ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་འབད་པ་གང་ཡིན་པ་དེ་ནི་དོན་མེད་པར་འགྱུར་ཏེ། འདི་ནི་ཕྱོགས་སྔ་མའི་ཉེས་པ་སྤོང་བ་ཁོ་ན་ལ་འབད་པ་བྱེད་པར་ཟད་དོ། །འཕགས་པའི་ཆོས་རྣམས་མ་སྐྱེས་པའི་རྒྱུད་ཅེས་བྱ་བ་ནི་འདི་ལ་འཕགས་པའི་ཆོས་རྣམས་མ་སྐྱེས་པ་ཡོད་པས་ན་འཕགས་པའི་ཆོས་རྣམས་མ་སྐྱེས་པའི་རྒྱུད་ནི་སོ་སོའི་སྐྱེ་བོ་ཉིད་ཡིན་ཏེ། འཕགས་པའི་ཆོས་རྣམས་མ་སྐྱེས་པའི་ཕུང་པོའི་རྒྱུད་ཅེས་བྱ་བའི་ཐ་ཚིག་གོ །ཤུགས་ཀྱིས་ན་འཕགས་པའི་ཆོས་རྣམས་སྐྱེས་པའི་རྒྱུད་ནི་འཕགས་པ་ཉིད་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གནས་གྱུར་བའི་ཕྱིར་རོ། །ཡང་མ་ཐོབ་པ་འདི་ཇི་ལྟར་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་མ་ཐོབ་པ་གླེང་བར་བྱེད་པ་ཡིན་གྱི་འཕགས་པའི་ཆོས་མ་ཐོབ་པ་འབའ་ཞིག་ནི་མ་ཡིན་ནོ། །རེ་ཞིག་འདི་ལྟ་སྟེ་ཞེས་བྱ་བ་འདི་ནི་དཔེར་བརྗོད་པ་ཡིན་ནོ། །དེ་ནི་རྙེད་པས་རྣམ་པར་ཉམས་པར་འགྱུར། །ཞེས་བྱ་བ་ནི་མ་རྙེད་པའི་མཚན་ཉིད་ཀྱི་སོ་སོའི་སྐྱེ་བོ་ཉིད་དེ་ནི་འཕགས་པའི་ལམ་དེ་རྙེད་པས་རྣམ་པར་ཉམས་པར་འགྱུར་རོ། །སོ་སོའི་སྐྱེ་བོ་ཉིད་དེ་ཁམས་གང་ཞིག་ཡིན་ཞེ་ན། ཁ་ཅིག་ན་རེ་ཁམས་གསུམ་པ་ཡིན་ནོ་ཞེས་ཟེར་རོ། །མ་རྙེད་པ་ནི་སྐྱེ་བའི་རྟེན་གྱི་དབང་གིས་རྣམ་པར་གཞག་པ་མ་ཡིན་ནམ། སོ་སོའི་སྐྱེ་བོ་ཉིད་ཀྱང་མ་རྙེད་པའི་ངོ་བོ་ཉིད་ཡིན་པས། ད་ལྟ་བས་ན་འདོད་པ་ན་སྤྱོད་པའི་སེམས་ཅན་ལ་ནི་འདོད་པ་ན་སྤྱོད་པ་ཁོ་ནའི་སོ་སོའི་སྐྱེ་བོ་ཉིད་ཡིན་གྱི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ནི་མ་ཡིན་ཏེ། དེའི་ཕྱིར་ཁམས་གསུམ་པ་ཡིན་པ་རྣམ་པར་ཉམས་པར་འགྱུར་བས་འདི་ནི་རུང་བ་མ་ཡིན་པར་བལྟའོ། །འོན་ཏེ་དེ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་བའི་ཕྱིར་དེ་ཁམས་གསུམ་པ་རྣམ་པར་ཉམས་སོ་ཞེས་ཉེ་བར་བཏགས་ཏེ་རྟོགས་པ་ཡིན་ན་ནི། །དེ་ནི་ཡིན་དུ་ཟད་དེ་འདི་ནི་མི་འགོག་གོ །འདོད་པ་ན་སྤྱོད་པའི་སོ་སོའི་སྐྱེ་བོ་གཅིག་ཁོ་ནའི་ཐོབ་པ་ཡོད་ལ་དེ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ན་རྣམ་པར་
ཉམས་པར་འགྱུར་རོ་ཞེས་བྱ་བར་ཤེས་ཏེ། དེ་ཡང་འདོད་པའི་འདོད་ཆགས་དང་བྲལ་བ་རྣམ་པར་གྲོལ་བའི་ལམ་དགུ་བ་ལ་སྤོང་བར་འགྱུར་རོ། །འཕགས་པ་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་སྐྱེས་བའི་ས་སོ་ན་ཡོད་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་ཐོབ་པ་ནི་འཕགས་པའི་ལམ་ཐོབ་པའི་མཐུ་ཁོ་ནས་སྐྱེ་བར་མི་འགྱུར་ལ། དེ་དག་ནི་སོ་སོར་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་སྤོང་པར་འགྱུར་རོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ས་འཕོས་པ་ལས་ཞེས་བྱ་བ་ནི་གང་གི་ཚེ་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱས་ཏེ་བསམ་གཏན་དང་པོར་འཕོས་པ་དེའི་ཚེ་འདོད་པ་ན་སྤྱོད་པའི་སོ་སོར་སྐྱེ་བོ་ཉིད་དེ་རྣམ་པར་ཉམས་པར་འགྱུར་ཏེ། བསམ་གཏན་དང་པོའི་ས་བའི་སོ་སོའི་སྐྱེ་བོ་ཉིད་སྐྱེ་བའི་ཕྱིར་འཕགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་ས་འཕོས་པས་གཟུགས་ན་སྤྱོད་པའི་སོ་སོའི་སྐྱེ་བོ་ཉིད་རྣམ་པར་ཉམས་པར་འགྱུར་རོ། །ས་གོང་མ་ནས་ས་འོག་མར་འཕོས་པས་ཀྱང་ས་གོང་མ་བའི་སོ་སོའི་སྐྱེ་བོ་རྣམ་པར་ཉམས་པར་འགྱུར་རོ་ཞེས་བྱ་བར་བརྗོད་པར་འགྱུར་རོ། །གཞན་དག་གི་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་འཕགས་པའི་ལམ་གྱི་ཐོབ་པས་མ་ཐོབ་པ་སོ་སོའི་སྐྱེ་བོ་ཉིད་རྣམ་པར་ཉམས་པར་འགྱུར་རོ་ཞེས་བྱ་བ་སྦྱར་བ་དེ་བཞིན་དུ་ཐོབ་པ་དང་བསམས་པ་ལས་བྱུང་བ་ལ་སོགས་པའི་ཆོས་རྣམས་ཀྱི་མ་ཐོབ་པ་རྣམ་པར་ཉམས་པར་འགྱུར་བ་ཡང་སྦྱར་བར་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན། རེ་ཞིག་འདོད་པ་ན་སྤྱོད་པའི་ཐོས་པ་དང་བསམས་པ་ལས་བྱུང་བ་ལ་སོགས་པའི་ཆོས་རྣམས་ཀྱི་མ་ཐོབ་པའི་རྙེད་པ་ནི་ཐོབ་པས་རྣམ་པར་ཉམས་པར་འགྱུར་ལ། སྐྱེ་བར་ཐོབ་པའི་དགེ་བ་རྣམས་དགེ་བའི་རྩ་བ་ཀུན་དུ་ཆད་པའི་མ་ཐོབ་པ་ཡང་ཐོབ་པས་རྣམ་པར་ཉམས་པར་འགྱུར་རོ། །ས་འཕོས་པའི་ལས་ནི་གང་གི་ཚེ་འདི་འདོད་པའི་ཁམས་ནས་ཤི་འཕོས་ཏེ་བསམ་གཏན་དང་པོར་སྐྱེ་བས་འཕོ་བ་དེའི་ཚེ་དེའི་ས་པ་འགྲོ་བས་བསྡུས་པའི་ཕུང་པོ་རྣམས་ཀྱི་མ་ཐོབ་པ་རྣམ་པར་ཉམས་པར་འགྱུར་ཏེ་འགྲོ་བ་དག་ནི་ཉོན་མོངས་པ་ཅན་མ་ཡིན་ཞིང་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ་ཞེས་འཆད་པར་འགྱུར་ལ། ལུང་
བསྟན་ནམ་འཐོབ་ལྷན་ཅིག་སྐྱེ། །ཞེས་ཀྱང་བཤད་ཟིན་ཏོ། །དེ་བཞིན་དུ་བསམ་གཏན་དང་པོའི་ས་བའི་སྦྱོར་བ་ལས་བྱུང་བ་རྣམས་ཀྱི་མ་ཐོབ་པ་ནི་ཐོབ་པས་རྣམ་པར་ཉམས་པར་འགྱུར་རོ། །ས་འཕོས་པ་ལས་ནི་ས་གོང་མ་པ་འགྲོ་བས་བསྡུས་པའི་ས་དེར་འཕོས་པས་རྣམ་པར་ཉམས་པར་འགྱུར་རོ། །ཁ་ཅིག་གི་ས་འཕོ་བ་རྣམ་པར་བཤད་པ་དཔེར་བརྗོད་པ་འདི་ནི་བྱེ་བྲག་ཏུ་མ་ཕྱེད་པར་བལྟ་སྟེ། ས་གོང་མས་བསྡུས་པའི་ཕུང་པོ་རྣམས་ཀྱི་མ་ཐོབ་པ་ནི་ས་འཕོས་པས་རྣམ་པར་ཉམས་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད་དོ། །འོ་ན་ཅི་ཞེ་ན། དེ་ཐོབ་པས་ཀྱང་ཡིན་ནོ། །དཔེར་བརྗོད་པ་འདི་ནི་མ་འཆོལ་བར་བལྟ་སྟེ། འདི་ལྟ་སྟེ་བསམ་གཏན་གཉིས་པ་ལ་སོགས་པའི་སྦྱོར་བ་ལས་བྱུང་བའི་ཡོན་ཏན་རྣམས་ཀྱི་མ་ཐོབ་པ་ནི་དེ་དག་མ་ཐོབ་པ་འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་ལ་ཡོད་ལ། དེ་གལ་ཏེ་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བར་བྱས་ནས་བསམ་གཏན་དང་པོར་སྐྱེ་ན། དེ་དག་གི་མ་ཐོབ་པ་དེ་ནི་ས་འཕོས་པས་རྣམ་པར་ཉམས་པར་འགྱུར་རོ། །དེ་དག་གི་བསམ་གཏན་དང་པོའི་ས་བའི་ཐོབ་པ་ནི་སྐྱེ་བ་ཁོ་ན་སྟེ། དེ་བཞིན་དུ་གཞན་དག་གི་ཡང་སྦྱར་བར་བྱའོ། །དེ་ལྟ་ན་ཐོབ་པ་རྣམས་ཐུག་པ་མེད་པར་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེས་བྱ་བ་ནི་ཐོབ་པའི་ཡང་ཐོབ་པ་ཡོད་ལ་དེའི་ཡང་གཞན་དེའི་ཡང་གཞན་ཡོད་པས་ཐུག་པ་མེད་པ་ཡིན་ནོ། །ཕན་ཚུན་ལྡན་པའི་ཕྱིར་ཞེས་བྱ་བ་ནི་ཐོབ་པའི་ཐོབ་པ་དང་ལྡན་པས་ཐོབ་པ་དང་ལྡན་ལ། ཐོབ་པ་དང་ལྡན་པས་ནི་ཐོབ་པའི་ཐོབ་པ་དང་ལྡན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཐོབ་པ་སྐྱེས་པས་ཞེས་བྱ་བ་རྒྱས་པར་འབྱུང་ནི། །ཐོབ་པ་སྐྱེས་པས་ཆོས་སམ་སེམས་དེ་དང་ཡང་ལྡན་པར་འགྱུར་ལ། ཐོབ་པའི་ཐོབ་པ་དང་ཡང་ལྡན་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཐོབ་པའི་ཐོབ་པ་སྐྱེས་པས་ཐོབ་པ་ཁོ་ན་དང་ལྡན་པར་འགྱུར་རོ། །དེ་ལྟར་ན་ཐོབ་པ་ནི་གཉི་ག་ལ་བྱ་པ་བྱེད་ལ་ཐོབ་པའི་ཐོབ་པ་ནི་གཅིག་ལ་ཡིན་ཏེ། དེའི་ཕྱིར་ཐུག་པ་མེད་པ་མ་ཡིན་ནོ། །དགེ་བ་ཡང་རུང་ཉོན་མོངས་པ་ཅན་ཡང་རུང་ཞེས་བྱ་བ་ནི་འདི་གཉིས་ཀྱི་ཐོབ་པ་སྔར་སྐྱེ་བ་དང་དུས་ཕྱིས་སྐྱེ་བ་ཡོད་པའི་ཕྱིར་སྨོས་པ་ཡིན་ཏེ། ལུང་དུ་མ་བསྟན་པའི་ཐོབ་
པ་ནི་ལྷན་ཅིག་སྐྱེ་བ་ཁོ་ན་ཡིན་ནོ། །སྐད་ཅིག་མ་གཉིས་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྐད་ཅིག་མ་གཉིས་པ་ལ་ཆོས་དེ་དང་དེའི་ཐོབ་པ་དང་ཐོབ་པའི་ཐོབ་པ་དག་ཅེས་བྱ་བ་ཐོབ་པ་གསུམ་སྐྱེ་སྟེ། ཐོབ་པ་དག་དང་ལྡན་པས་དེ་དག་དང་ལྡན་པར་འགྱུར་རོ། །ཡང་ཐོབ་པ་གསུམ་པོ་དེ་དག་དང་ལྡན་པར་བྱ་བའི་ཕྱིར་ཐོབ་པའི་ཐོབ་པ་གསུམ་སྐྱེ་སྟེ། ཐོབ་པ་དྲུག་ཏུ་འགྱུར་རོ། །སྐད་ཅིག་མ་དང་པོ་དང་གཉིས་པ་ལས་སྐྱེས་པའི་རྫས་རྣམས་ཀྱི་ཞེས་བྱ་བ་ནི་ཆོས་དང་བཅས་པ་དང་རྫས་དགུའི་ཐོབ་པ་དགུ་པོ་རྗེས་ཀྱི་ཐོབ་པ་དང་བཅས་པས་བཅོ་བརྒྱད་དུ་འགྱུར་རོ། །དེ་ལྟར་ཐོབ་པ་རྣམས་གོང་ནས་གོང་དུ་སྤེལ་བའི་འགྲེས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཐོབ་པ་རྣམས་ཀྱི་སྐད་ཅིག་མ་གོང་ནས་གོང་དུ་སྤེལ་བའམ། ཐོབ་པ་རྣམས་སྐད་ཅིག་མ་གོང་ནས་གོང་དུ་སྤེལ་བ་སྟེ་དེའི་འགྲེས་ནི་གོང་ནས་གོང་དུ་སྤེལ་བའི་འགྲེས་སོ། །གོང་ནས་གོང་དུ་སྤེལ་བའི་འགྲེས་དེས་ཐོབ་པ་འདི་དག་བསྐྱེད་ནའོ། །ཕྱོགས་ཙམ་ཞིག་བསྟན་པར་བྱ་སྟེ། སྐད་ཅིག་མ་བཞི་པ་ལ་ནི་སྐད་ཅིག་མ་དང་པོ་ལ་སྐྱེས་པའི་ཆོས་དང་ཐོབ་པ་དང་རྗེས་ཀྱི་ཐོབ་པ་དག་དང་བཅས་པ་གསུམ་ཡང་ཡོད་ལ་སྐད་ཅིག་མ་གཉིས་པ་ལ་སྐྱེས་པའི་ཐོབ་པ་དང་རྗེས་ཀྱི་ཐོབ་པའི་ཕྱིས་ཀྱི་ཐོབ་པ་དང་ལྡན་པ་དྲུག་ཀྱང་ཡོད་དོ། །དེ་བཞིན་དུ་སྐད་ཅིག་མ་གསུམ་པ་ལ་སྐྱེས་པའི་ཐོབ་པ་དང་རྗེས་ཀྱི་ཐོབ་པ་ཕྱིས་ཀྱི་ཐོབ་པ་དང་ལྡན་པ་བཅོ་བརྒྱད་ཀྱང་ཡོད་པས་སྐད་ཅིག་མ་བཞི་པ་ལ་ནི་སྐད་ཅིག་མ་དང་པོ་དང་གཉིས་པ་དང་གསུམ་པ་ལ་སྐྱེས་པ་རྣམས་ཀྱི་ཐོབ་པ་ཉི་ཤུ་རྩ་བདུན་རྗེས་ཀྱི་ཐོབ་པ་དེ་སྙེད་དང་བཅས་ན་ཐོབ་པ་ལྔ་བཅུ་རྩ་བཞི་སྐྱེ་བར་འགྱུར་རོ། །སྐད་ཅིག་མ་ལྔ་པ་ལ་ནི་སྐད་ཅིག་མ་དང་པོ་དང་གཉིས་པ་དང་གསུམ་པ་ལ་སྐྱེས་པ་རྣམས་ཀྱི་ཐོབ་པ་དང་རྗེས་ཀྱི་ཐོབ་པ་ལྔ་བཅུ་རྩ་བཞི་དང་སྐད་ཅིག་མ་བཞི་པ་ལ་སྐྱེས་པ་རྣམས་ཀྱི་ཐོབ་པ་དང་རྗེས་ཀྱི་ཐོབ་པ་ལྔ་བཅུ་རྩ་བཞི་པ་ཕྲག་གཉིས་ཡོད་པས་ལྔ་བཅུ་རྩ་བཞི་པ་ཕྲག་གསུམ་སྟེ། ཐོབ་པ་བརྒྱ་དྲུག་ཅུ་རྩ་གཉིས་སྐྱེ་བར་འགྱུར་ཏེ། དེ་ལྟར་གོང་ནས་གོང་དུ་སྤེལ་བའི་བསྒྲེ་བས་བརྗོད་པར་བྱའོ། །འདས་པ་དང་མ་འོངས་པ་ཞེས་བྱ་བ་འདིར་ད་ལྟར་བྱུང་བ་མ་སྨོས་པ་ནི་གདོན་མི་ཟ་བ་མ་ཡིན་
རིག་པའི་ཕྱིར་རོ། །སྐྱེས་ནས་ཐོབ་པ་ཞེས་བྱ་བ་འདིར་སྦྱོར་བ་ལས་བྱུང་བ་མ་སྨོས་པ་ཡང་གདོན་མི་ཟ་བ་མ་ཡིན་པ་ཉིད་ཀྱི་ཕྱིར།། །།བམ་པོ་བཅུ་བཞི་པ། །ཐོག་མ་དང་ཐ་མ་མེད་པའི་འཁོར་བར་གཏོགས་པ་ཞེས་བྱ་བ་ནི་སྲོག་ཆགས་གཅིག་ལ་ཡང་སྐད་ཅིག་སྐད་ཅིག་ལ་ཡང་ཐོག་མེད་པ་དང་ཐ་མ་མེད་པའི་འཁོར་བར་གཏོགས་པ་རྣམས་ཀྱིས་ཐོབ་པ་མཐའ་ཡས་ཤིང་ཚད་མེད་པ་དག་སྐྱེ་བར་འགྱུར་ན་མང་པོ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ཡིན་ནོ། །རྫས་མཐའ་ཡས་པ་ཉིད་ནི་ཐོབ་པའི་རྫས་མཐའ་ཡས་པ་ཞེས་བྱ་བའི་ཐ་ཚིག་གོ །ཀྱེ་མ་འདི་ནི་ཐོབ་པ་རྣམས་ཀྱི་དགའ་སྟེན་ཆེན་པོ་ཞིག་སྟེ་ཞེས་བྱ་བ་འདི་ནི་བསྟིང་བ་ཡིན་ནོ། །སྟེས་ཏེ་ཐོབ་པ་རྣམས་གཟུགས་ཅན་མ་ཡིན་པའི་ཕྱིར་རོ། །ཐོགས་པ་མེད་པས་འདི་ལྟར་གོ་སྐབས་རྙེད་དོ། །སྐལ་མཉམ་སེམས་ཅན་འདྲ་བའོ། །ཞེས་བྱ་བ་ནི་འདི་དག་ལ་སྐལ་བ་བསྟེན་པ་མཚུངས་པ་ཡོད་པས་ན་སྐལ་བ་མཉམ་པའོ། །དེའི་ངོ་བོ་ནི་སྐལ་བ་མཉམ་པ་ཉིད་དོ། །ཡང་ན་སྐལ་བ་བསྟེན་པ་མཚུངས་པས་ན་སྐལ་བ་མཉམ་པའོ། །དེ་ཉིད་སྐལ་བ་མཉམ་པ་ཉིད་དང་དང་ལྡན་པས་སྐལ་བ་མཉམ་པར་འགྱུར་བ་དེ་ནི་རྫས་ཡིན་ནོ། །སེམས་ཅན་རྣམས་ཀྱི་འདྲ་བ་ནི་སྤྱི་སྟེ་མཚུངས་པ་ཞེས་བྱ་བའི་ཐ་ཚིག་གོ །སེམས་ཅན་སྨོས་པ་ནི་སེམས་ཅན་མ་ཡིན་པ་བསལ་བའི་ཕྱིར་ཏེ། སེམས་ཅན་རྣམས་དང་སེམས་ཅན་དུ་བགྲང་བའི་ཆོས་རྣམས་ཀྱི་འདྲ་བ་ནི་སྐལ་བ་མཉམ་པ་ཉིད་ཡིན་གྱི། །སེམས་ཅན་དུ་བགྲང་བ་མ་ཡིན་པ་སཱ་ལུ་དང་ནས་ལ་སོགས་པ་དག་གི་ནི་ཡིན་པར་མི་འདོད་དོ། བསྟན་བཅོས་ལས་ནི་འདིའི་མིང་རིས་མཐུན་པ་ཞེས་འབྱུང་ངོ་ཞེས་བྱ་བ་ནི་བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་ལས་ནི་རིས་མཐུན་པ་ཞེས་བྱ་བའི་མིང་འདིས་སེམས་དང་ལྡན་པ་མ་ཡིན་པ་གང་ཡིན་པ་བསྟན་ཏོ། །འདིར་ནི་ཚིགས་སུ་བཅད་པ་བསྡེབས་པ་དང་མཐུན་པར་སྐལ་བ་མཉམ་པ་ཉིད་ཅེས་བྱ་བའི་མིང་འདིས་བསྟན་ཏོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཡང་ཐ་དད་པ་མ་ཡིན་པ་དང་ཐ་དད་པ་སྟེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཡོད་པ་གང་ཡིན་པ་དེ་ནི་སེམས་ཅན་རེ་རེ་
ཞིང་གཞན་དང་གཞན་ཡིན་ཡང་འདྲ་བའི་ཕྱིར་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །དེ་ཇི་ལྟར་བྱེ་བྲག་པ་རྣམས་ཀྱི་ལྟ་བུ་གཅིག་པུ་དང་རྟག་པ་ནི་མ་ཡིན་ནོ། །ཐ་དད་པ་ནི་ཁ་ཅིག་ལ་ནི་ཡོད་ལ་ཁ་ཅིག་ལ་ནི་མེད་པ་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་ཐ་དད་པ་ལ་ནི་ཞས་བྱ་བ་རྒྱས་པར་སྨོས་ཏེ། ཁམས་ནི་འདོད་པ་ལ་སོགས་པ་གསུམ་མོ། །གྲོ་བ་ནི་དམྱལ་བ་ལ་སོགས་པ་ལྔའོ། །སྐྱེ་གནས་ནི་སྒོ་ང་ལ་སོགས་པ་བཞིའོ། །རིགས་ནི་བྲམ་ཟེ་ལ་སོགས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དགེ་བསྙེན་མ་དང་དགེ་སློང་མ་དང་སླེབ་པ་ཡང་མ་ཡིན་པ་མི་སློབ་པ་ཡང་མ་ཡིན་པ་ལ་སོགས་པ་བསྡུས་པས་སོ། །ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་སྒོ་ནས་སོ་ཞེས་བྱ་བ་ནི་ཕུང་པོའི་སྐལ་བ་མཉམ་པ་ཉིད་ནས་ཆོས་ཀྱི་ཁམས་ཀྱི་སྐལ་བ་མཉམ་པ་ཉིད་ཀྱི་བར་ཡིན་ནོ། །ཁྱད་པར་མེད་པར་ཞེས་བྱ་བ་ནི་སྤྱིའི་ངོ་བོ་ཡིན་ནོ། །འདོགས་པར་ཡང་ཞེས་བྱ་བ་ནི་བརྗོད་པར་ཡང་ཞེས་བྱ་བའི་ཐ་ཚིག་གོ །ཕུང་པོ་ལ་སོགས་པ་བློ་དང་འདོགས་པ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་བ་ནི་གལ་ཏེ་ཕུང་པོའི་སྐལ་པ་མཉམ་པ་ཉིད་ཀྱི་རྫས་ཁྱད་པར་མེད་པ་ཞིག་མེད་ན་ཕན་ཚུན་ཁྱད་པར་ཐ་དད་པའི་ཕུང་པོ་རྣམས་ལ་བྱེ་བྲག་མེད་པར་ཕུང་པོ་ཕུང་པོ་ཞེས་བྱ་བའི་བློ་འཇུག་པ་དང༌། འདོགས་པར་ཡང་མི་འགྱུར་ཞེས་བྱ་བ་ཡིན་ནོ། །ཁ་ཅིག་ནི་ཁམས་ལ་སོགས་པ་བློ་དང་འདོགས་པ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་འདོན་པར་བྱེད་དེ། དེ་དག་གི་ལྟར་ན་འདི་སྐད་དུ་གལ་ཏེ་སྐལ་བ་མཉམ་པ་ཉིད་ཅེས་བྱ་བ་ནས་རྒྱས་པར་ཕན་ཚུན་ཁྱད་པར་ཐ་དད་པའི་ཁམས་རྣམས་ལ་ཁྱད་པར་མེད་པར་འདོད་པ་ན་སྤྱོད་པ་འདོད་པ་ན་སྤྱོད་པ་ཞེས་བྱ་བའི་བློ་དང་འདོགས་པར་ཡང་མི་འགྱུར་རོ་ཞེས་བརྗོད་པར་བྱའོ། །འཆི་འཕོ་བར་ཡར་ཡང་འགྱུར་ཞིང་སྐྱེ་བར་ཡང་འགྱུར་ལ་སེམས་ཅན་གྱི་སྐལ་བ་མཉམ་པར་ཉིད་འདོར་བར་ཡང་མི་འགྱུར་འཐོབ་པར་ཡང་མི་འགྱུར་བ་ཡོད་དམ་ཞེས་བྱ་བ་ལ། སེམས་ཅན་གྱི་སྐལ་བ་མཉམ་པ་ཉིད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་སྐལ་བ་མཉམ་པ་ཉིད་ནི་སེམས་ཅན་གྱི་སྐལ་བ་མཉམ་པ་ཉིད་དེ་མི་ཉིད་ལ་སོགས་པའི་མཚན་ཉིད་ཡིན་ནོ། །སེམས་ཅན་སྨོས་པ་
ནི་ཆོས་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། མུ་བཞི་པ་འདིར་ནི་སེམས་ཅན་གྱི་སྐལ་བ་མཉམ་པ་ཉིད་བརྗོད་པར་འདོད་པ་ཡིན་གྱི་ཆོས་ཀྱི་སྐལ་བ་མཉམ་པ་ཉིད་ནི་མ་ཡིན་ནོ། །འདིར་ནི་སེམས་ཅན་སེམས་ཅན་ཞེས་བྱ་བའི་རྣམ་པའི་སྐལ་བ་མཉམ་པ་ཉིད་ཀྱང་ཡིན་པར་མི་འདོད་དེ། །གལ་ཏེ་དེ་ཡིན་པར་འདོད་པར་གྱུར་ན་སེམས་ཅན་གྱི་སྐལ་བ་མཉམ་པ་ཉིད་དེ་ནི་འགྲོ་བ་འཕོས་ཀྱང་དེའི་སོ་ན་འདུག་པའི་ཕྱིར་མུ་གསུམ་པ་གྲུབ་པར་མི་འགྱུར་རོ། །མུ་བཞི་ཞེས་བྱ་བ་ལ། དེ་ཉིད་དུ་སྐྱེ་བ་ནའོ་ཞེས་བྱ་བ་ནི། འདི་ལྟ་སྟེ། མིའི་གྲོ་བ་ནས་ཤི་འཕོས་ཏེ། མིའི་འགྲོ་བ་ཁོ་ནར་སྐྱེ་བ་ན་འཆི་བའི་ཕྱིར་འཆི་འཕོ་བར་ཡག་འགྱུར་ཞིང་དེ་ཉིད་དུ་ཉིང་མཚམས་སྦྱོར་བ་དང་ལྡན་པའི་ཕྱིར་སྐྱེ་བར་ཡང་འགྱུར་ལ་འདིས་མིའི་སྐལ་བ་མཉམ་པ་ཉིད་འདོར་བ་ཡང་མི་འགྱུར་ལ། འཐོབ་པར་ཡང་མི་འགྱུར་ཏེ། མིའི་སྐལ་བ་མཉམ་པ་ཉིད་དེ་དེའི་སོ་ན་འདུག་པའི་ཕྱིར་རོ། །གཉིས་པ་ནི་ངེས་པ་ལ་འཇུག་པ་ན་སྟེ་ཞེས་བྱ་བ་ནི་དེས་ནི་སེམས་ཅན་གྱི་སྐལ་བ་མཉམ་པ་ཉིད་དེ་སོ་སོའི་སྐྱེ་བོའི་ངོ་བོ་ཉིད་འདོད་ཞིང་འཕགས་པའི་ངོ་བོ་ཉིད་གཞན་འཐོབ་བོ། །གསུམ་པ་ནི་འགྲོ་བ་འཕོ་བ་ལས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། མིའི་འགྲོ་བ་ནས་ཤི་འཕོས་ཏེ་ལྷའི་འགྲོ་བར་སྐྱེ་བ་ན་དེ་བཞིན་དུ་འཆི་བའི་ཕྱིར་འཆི་འཕོ་བར་ཡང་འགྱུར་ཞིང༌། །དེ་ཉིད་དུ་ཉིང་མཚམས་སྦྱོར་བ་དང་ལྡན་པའི་ཕྱིར་སྐྱེ་བར་ཡང་འགྱུར་ལ། སེམས་ཅན་གྱི་སྐལ་བ་མཉམ་པ་ཉིད་མིའི་སྐལ་བ་མཉམ་པ་ཉིད་ཀྱི་མཚན་ཉིད་འདོར་བར་ཡང་འགྱུར་ཞིང་ལྷའི་སྐལ་བ་མཉམ་པ་ཉིད་ཀྱི་མཚན་ཉིད་གཞན་འཐོབ་པར་ཡང་འགྱུར་རོ། །བཞི་པ་ནི་རྣམ་པར་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་མུའི་ངོ་བོ་ཉིད་ཀྱི་རྣམ་པར་དག་མ་གཏོགས་པའོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟ་སྟེ། སོ་སོའི་སྐྱེ་བོའམ་འཕགས་པ་གསོན་པོས་ཅུང་ཟད་ཀྱང་མི་ཐོབ་པ་ལྟ་བུའོ། །གལ་ཏེ་སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་ཅེས་བྱ་བའི་རྫ་ཞིག་ཡོད་ན་གོ་སོ་སོའི་སྐྱེ་བོ་ཉིད་ཀྱིས་ཅི་ཞིག་བྱ་སྟེ་ཞེས་བྱ་བ་ནི་མི་དགོས་སོ་ཞེས་བྱ་བའི་ཚིག་ལྷག་མ་ཡིན་ནོ། །སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་ཁོ་ནས་སོ་སོའི་སྐྱེ་བོ་ཞེས་བྱ་བར་ཡོངས་སུ་ཆོད་པར་འགྱུར་རོ། །དཔེར་
ན་མིའི་སྐལ་བ་མཉམ་པ་ཉིད་ཁོ་ནས་མི་ཞེས་བྱ་བ་ལྟ་བུ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་དག་མ་རྙེད་པ་བཞིན་དུ་མིའི་སྐལ་བ་མཉམ་པ་ཉིད་ལས་མི་ཉིད་ཅེས་བྱ་བ་ངོ་བོ་ཉིད་གཞན་ཞིག་ཏུ་རྟོག་པར་ནི་མི་བྱེད་དོ། །དེ་ལ་སྒྲུབ་པ་ནི་སོ་སོའི་སྐྱེ་བོ་ཉིད་ནི། །རང་གི་སྐལ་བ་ཉམ་པ་ཉིད་ལས་གཞན་པ་མ་ཡིན་ཏེ། རང་གི་སྐལ་བ་མཉམ་པ་ཉིད་ཀྱི་རྐྱེན་གྱིས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་མི་ཉིད་ལྟ་བུའོ། །འཇིག་རྟེན་གྱིས་ནི་སྐལ་བ་མཉམ་པ་ཉིད་གཟུགས་ཅན་མ་ཡིན་པའི་ཕྱིར་མི་མཐོང་བ་ཉིད་ལ་ཞེས་བྱ་བ་ནི་འཇིག་རྟེན་གྱི་མིག་གིས་ནི་སྐལ་བ་མཉམ་པ་ཉིད་གཟུགས་ཅན་མ་ཡིན་པའི་ཕྱིར་ཏེ་གཟུགས་མེད་བའི་ཕྱིར་རམ། གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་མི་མཐོང་ངོ༌། །ཇི་ལྟར་མི་མཐོང་བ་དེ་བཞིན་དུ་མི་ཐོས་པ་ནས་རེག་པར་མི་འགྱུར་བའི་བར་དུ་དེ་དང་འདྲ་སྟེ། འདིས་ནི་མངོན་སུམ་གྱིས་མ་གྲུབ་པ་ཉིད་དུ་སྟོན་པར་བྱེད་དོ། །འདི་ཤེས་རབ་ཀྱིས་ཀྱང་ཡོངས་སུ་མི་ཆོད་མེད་ཀྱི་ཞེས་བྱ་བ་འདིས་ནི་རྗེས་སུ་དཔག་པས་ཀྱང་མི་འགྲུབ་བོ་ཞེས་སྟོན་པར་བྱེད་དོ། །སེམས་ཅན་རྣམས་ཀྱི་རིགས་ཐ་མི་དད་པ་ཡང་ཁོང་དུ་ཆུད་དོ་ཞེས་བྱ་བ་ནི་དེ་མེད་པར་ཡང་ངོ༌། །དེ་ལས་ཇི་ལྟ་བུ་ཞིག་བྱེད་ཅེས་བྱ་བ་ནི་རིགས་ཐ་མི་དད་པ་རྟོགས་པ་ཡོད་པ་དེ་ནི་སྐལ་བ་མཉམ་པ་ཉིད་རྫ་གཞན་དུ་བརྟགས་པས་བྱས་པ་མ་ཡིན་ཏེ་ཚད་མས་མི་དམིགས་པ་ཉིད་ཀྱིས་དེའི་ལས་མི་སྲིད་པའི་ཕྱིར་རོ། །ཁྱོད་སྤྱིའི་བློ་ནི་རྒྱུ་མཚན་མེད་པ་འབྱུང་བར་འོས་པ་མ་ཡིན་ཏེ་དེས་ན་སྤྱིའི་བློ་དེའི་རྒྱུ་མཚན་གང་ཡིན་པ་དེ་ནི་སྐལ་བ་མཉམ་པ་ཉིད་ཅེས་བྱ་བའི་རྫས་ཡིན་ནོ་ཞེ་སྨྲ་བར་འགྱུར་ན། ཁོ་བོ་ཅག་ཀྱང་སྤྱིའི་བློ་དེ་རྒྱུ་མཚན་དང་བཅས་པ་ཡིན་པར་ནི་སྨྲ་སྟེ། བློ་དེ་ནི་འདྲ་བས་བྱས་པ་ཡིན་ལ་འདྲ་བ་དེ་ཡག་རྫ་གཞན་མ་ཡིན་ནོ་ཞེས་སྨྲའོ། །དེའི་ཕྱིར་གཞན་ཡང་སེམས་ཅན་མ་ཡིན་པ་སྐལ་བ་མཉམ་པ་ཉིད་ཀྱང་ཅིའི་ཕྱིར་མི་འདོད་ཅེས་བྱ་བ་རྒྱས་པར་སྨོས་ཏེ། སེམས་ཅན་སེམས་ཅན་སྙམ་པའི་སྤྱིའི་བློ་ནི་སྐལ་བ་མཉམ་པ་ཉིད་རྫ་གཞན་གྱི་རྒྱུ་མཚན་ཅན་མ་ཡིན་ཏེ། སྤྱིའི་རྣམ་པ་ཅན་དུ་འབྱུང་བའི་ཕྱིར་སཱ་ལུ་དང་ནས་དང་མོན་སྲན་གྲེའུ་ལ་སོགས་པའི་སྤྱིའི་བློ་ལྟ་བུའོ། འདི་དག་གི་སྤྱིའི་བློ་ནི་སཱ་ལུ་དང་ནས་
ལ་སོགས་པའི་རང་གི་རིགས་འདྲ་པས་བྱས་པ་ཡིན་ལ། དེ་དག་གི་རང་གི་རིགས་འདྲ་བ་ཡང་རང་ལས་དོན་གཞན་ནི་མ་ཡིན་ནོ། །སྐལ་བ་མཉམ་པ་ཕན་ཚུན་ཐ་དད་པ་དེ་དག་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་ཅན་གྱི་སྐལ་བ་མཉམ་པ་ཉིད་ཀྱང་གཞན་ཡིན་ལ། ཁམས་ཀྱི་སྐལ་བ་མཉམ་པ་ཉིད་ཀྱང་གཞན་ཡིན། འགྲོ་བའི་སྐལ་བ་མཉམ་པ་ཉིད་ཀྱང་གཞན་ཡིན་ནོ་ཞེས་སྐལ་བ་མཉམ་པ་ཉིད་ཕན་ཚུན་ཐ་དད་པར་འདོད་དོ། །ཁྱེད་ནི་དེ་དག་ལ་འདི་ཡང་སྐལ་བ་མཉམ་པ་ཉིད་དོ། །འདི་ཡང་སྐལ་བ་མཉམ་པ་ཉིད་དོ་ཞེས་ཐ་མི་དད་པར་སྐལ་བ་མཉམ་པ་ཉིད་དོ་ཞེས་བྱ་བར་འདོགས་པ་འདི་བྱེད་དེ། །གལ་ཏེ་དེ་ལ་ཡང་གང་གིས་ན་སྐལ་བ་མཉམ་པ་ཉིད་ཀྱི་སྤྱིའི་བློ་འབྱུང་བར་འགྱུར་བ་མཉམ་པ་གཞན་ཞིག་ཡོད་པར་ཁས་ལེན་ན་དེའི་ཕྱོགས་སྔ་མ་དང་འགལ་བའི་ཕྱིར་ཕྱོགས་སུ་མི་རུང་ངོ༌། །དེ་ལྟ་ན་ནི་བྱེ་བྲག་པ་རྣམས་ཀྱིས་གསལ་བར་བྱས་པ་ཡིན་ཏེ་ཞེས་བྱ་བ་ནི་འབར་བར་བྱས་ཤིང་གཞུང་བཙུགས་སོ་སྙམ་དུ་བསམས་པ་ཡིན་ཏེ། དེ་དག་ཀྱང་སྤྱིའི་དངོས་པོར་སྨྲ་བ་ཡིན་ལ་ཁྱེད་ཀྱང་ཡིན་པས་སོ། །གཅིག་ཡིན་ཡང་མེ་ཏོག་གི་ཕྲེང་བའི་སྐུད་པ་ལྟ་བུའམ། འབྱུང་པོའི་མགུལ་དུ་སྲད་བུ་སྦྲེངས་པ་ལྟར་དུ་མ་ལ་འཇུག་པ་འདི་ནི་བྱེ་བྲག་པ་དེ་དག་གི་ཁྱད་པར་ཡིན་ནོ། །སྤྱིའི་རྫས་སུ་སྨྲ་བའི་ཕྱིར་གལ་ཏེ་གསལ་བར་བྱས་ཀྱང་རུང༌། གཅིག་དང་དུ་མ་དང་རྟག་པ་ཉིད་དང་མི་རྟག་པ་ཉིད་ལ་སོགས་པ་ཁྱད་པར་དུ་སྨྲ་བའི་ཕྱིར་གསལ་བར་མ་བྱས་ཀྱང་རུང་སྟེ། བྱེ་བྲག་པ་རྣམས་ཀྱིས་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་བརྟགས་ཞེས་ཏེ་རྣམ་པར་མི་གཞག་པ་ནི་མ་ཡིན་ནོ། །བརྒྱ་ལ་ནི་མི་རྣམས་དང་སྐལ་བ་མཉམ་པ་འདི་ལྟ་བུ་ཉིད་དུ་འོང་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྲོག་གཅོད་པ་ཀུན་དུ་བསྟེན་པ་དང་གོམས་པར་བྱས་པ་དང་ལེན་མང་དུ་བྱས་པས་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ། །བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པ་འདི་ལྟ་བུ་ཉིད་དུ་འོད་ན་ཡང་སྲོག་བཅད་པས་ཚེ་ཐུང་བར་འགྱུར་རོ་ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ཏེ། རྣམ་པ་འདི་ལྟ་བུ་ནི་འདི་ལྟ་བུའོ། །དེའི་ངོ་བོ་ནི་འདི་ལྟ་བུ་ཉིད་དོ། །སློབ་དཔོན་འདུས་
བཟང་ན་རེ་ནི་ལུས་དང་དབང་པོ་དང་དབྱིབས་དང་སྤྱོད་པ་དང་ཟས་ལ་སོགས་པ་བསྟེན་པ་མཚུངས་པ་ཉིད་ཀྱི་རྒྱུ་དང་ཕན་ཚུན་མངོན་པར་དགའ་བའི་རྒྱུ་མཚན་ནི་སྐལ་བ་མཉམ་པ་ཉིད་ཡིན་ནོ་ཞེས་ཟེར་ཏེ། འདི་ནི་ཁོ་བོ་ཅག་ཀྱང་དེ་སྐད་དུ་སྨྲ་མོད་ཀྱི་སྐལ་བ་མཉམ་པ་ཉིད་དེ་རྫས་གཞན་ནི་མ་ཡིན་ཏེ། འདུ་བྱེད་དེ་དག་ཁོ་ན་དེ་ལྟ་བུའི་རྒྱུའི་ངོ་བོར་འགྱུར་བར་ཟད་དོ་ཞེས་བྱ་བ་འདི་ཁོ་ནས་གསལ་བ་ཡིན་ནོ། །འདུ་ཤེས་མེད་པ་ལ་འདུ་ཤེས། །མེད་པར་སེམས་དང་སེམས་བྱུང་རྣམས། །འགོག་པའོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་འདུ་ཤེས་མེད་པ་རྣམས་ཀྱི་ཡིན་པས། འདུ་ཤེས་མེད་པ་པའམ་འདུ་ཤེས་མེད་པ་དག་ན་ཡོད་པས་འདུ་ཤེས་མེད་པ་པའོ། །སེམས་དང་སེམས་ལས་བྱུང་བ་རྣམས་འདིས་འགོག་པར་འགྱུར་བ་འམ། སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པས་ན་འགོག་པའོ། །གང་གིས་མ་འོངས་པའི་དུས་ན་འདུག་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དུས་གཞན་གྱི་བར་དུ་དུས་རེ་ཞིག་འགོག་ཅིང་སྐྱེར་མི་སྟེར་བ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་འདུ་ཤེས་མེད་པ་པ་ཞེས་བྱ་བའི་རྫས་ཡིན་ནོ། །རླུང་གིས་ཆུ་འགོག་པ་བཞིན་ནོ། །ཞེས་བྱ་བ་ནི་འགག་བཞིན་ཞེས་བྱ་བའི་ཐ་ཚིག་གོ །བསམ་གཏན་ཁྱད་པར་ཅན་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་བསམ་གཏན་ཁྱད་པར་ཅན་གང་དག་གི་ཕྱོགས་གཅིག་ན་ཚངས་པ་ཆེན་པོ་ཁ་ཅིག་འཁོད་པའི་ལྷ་དེ་དག་ནི་ཚངས་པའི་མདུན་ན་འདོན་ཞེས་བྱ་བ་ཡིན་པ་དེ་བཞིན་དུ་འདུ་ཤེས་མེད་པའི་སེམས་ཅན་དག་ཀྱང་འབྲས་བུ་ཆེ་བ་ཞེས་བྱ་བའི་ཕྱོགས་གཅིག་ན་འཁོད་ཀྱི་དེའི་ས་གཞན་ནི་མེད་དོ། །སྐྱེ་བའི་དུས་དང་འཆི་འཕོ་བའི་དུས་ན་འགྱུར་ཏེ་ཞེས་བྱ་བ་ནི་འདུ་ཤེས་ཅན་དུ་ཞེས་བྱ་བར་སྦྱར་ཏེ། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ཉིད་མཚམས་སྦྱོར་བ་དང་ལྡན་པའི་ཕྱིར། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། །ཞེས་བྱ་བར་ངེས་པའི་ཕྱིར་རོ། །སྔོན་གྱི་སྙོམས་པར་འཇུག་པའི་འདུ་བྱེད་ཡོངས་སུ་ཟད་པའི་ཕྱིར་ཞེས་བྱ་བ་ནི་སྔོན་གྱི་སྙོམས་པར་འཇུག་པའི་འདུ་བྱེད་ཀྱི་མཚན་ཉིད་རྣམ་པར་སྨིན་པའི་རྒྱུ་ཡོངས་སུ་ཟད་པའི་ཕྱིར་ཏེ། དེའི་འབྲས་བུ་ཡོངས་སུ་རྫོགས་སོ་ཞེས་བྱ་བའི་ཐ་ཚིག་གོ །གཞན་དག་ན་རེ་སྔོན་གྱི་སྙོམས་
པར་འཇུག་པའི་འདུ་བྱེད་ཀྱི་འཕེན་པ་ཡོངས་སུ་ཟད་པའི་ཕྱིར་རོ་ཞེས་ཟེར་རོ། །སྔོན་མེད་པ་མ་བསགས་པའི་ཕྱིར་ཞེས་བྱ་བ་ནི་སེམས་མེད་པ་ལས་མ་བསགས་པའི་ཕྱིར་སྙམ་དུ་བསམས་པ་ཡིན་ནོ། །མདའ་འཕངས་པ་ཤུགས་ཟད་པ་དག་ས་ལ་ལྷུང་བ་བཞིན་དུ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཚིག་གོང་མ་འདི་ནི་བསྐྱེད་པར་བྱ་བའི་དོན་ཡིན་ལ། དོན་གྱི་དབང་གིས་ན་འགྲོ་བའི་དོན་ཡིན་པར་འགྱུར་ཏེ་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ །གཞན་དག་ན་རེས་ལ་འགྲོ་ཞེས་བྱ་བའི་ཚིག་ལྷག་མ་ཡིན་ནོ་ཞེས་ཟེར་རོ། །སེམས་ཅན་འདུ་ཤེས་མེད་པ་རྣམས་ཀྱི་སྙོམས་པར་འཇུག་པའམ། སྙོམས་པར་འཇུག་པ་འདུ་ཤེས་མེད་པ་ཅན་ཡིན་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའོ། །དེ་བཞིན་ཞེས་བྱ་བའི་སྒྲས་ནི་དེ་ཙམ་ཞིག་མཐུན་པར་འདྲེན་ཏོ་ཞེས་བྱ་བ་ནི་རྣམ་སྨིན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་དོན་གྱི་ཁྱད་པར་མི་འདོད་པའི་ཕྱིར་ཏེ་འདུ་ཤེས་མེད་པས་ནི་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ལ། སྙོམས་པར་འཇུག་པ་འདི་ནི་དགེ་བ་ཁོ་ན་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །རྣམ་པར་སྨིན་པ་ནི་ཕུང་པོ་ལྔ་ཞེས་བྱ་བ་ནི་འཆི་འཕོ་བ་དང་སྐྱེ་བའི་དུས་ན་སེམས་དང་སེམས་ལས་བྱུང་བ་རྣམས་རྣམ་པར་སྨིན་པ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་དེ་ཐོབ་པ་ཡོངས་སུ་ཉམས་ཀྱང་ངེས་པ་ཁོ་ནར་ཡང་བསྐྱེད་ནས་འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེ་ཉིད་ཀྱི་ཕྱིར་དེ་ཐོབ་པ་ནི་ངེས་པ་ལ་མི་འཇུག་སྟེ། འཕགས་པ་ནི་ངེས་པ་ལ་ཞུགས་པ་ཁོ་ནས་ངན་སོང་གི་འགྲོ་བ་དང༌། འདུ་ཤེས་མེད་པ་དང༌། ཚངས་པ་ཆེན་པོ་དང༌། སྒྲ་མི་སྙན་དུ་སྐྱེ་བ་དང༌། སྲིད་པ་བརྒྱད་པར་སྐྱེ་བ་ལ་སོགས་པའི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སོ་སོར་འཐོབ་པོ། །འདི་ལ་རྣམ་པར་ལྟུང་བའི་གནས་ལྟ་བུར་གཟིགས་པས་ཞེས་བྱ་བ་ནི་འདི་ངན་སོང་གི་གནས་ལྟ་བུར་གཟིགས་པ་ཞེས་བྱ་བའི་ཐ་ཚིག་གོ །གཞན་དག་ན་རེ་རེའི་གཡང་ས་ལ་སོགས་པ་རྣམ་པར་ལྟུང་བའི་གནས་ལྟ་བུར་རོ་ཞེས་ཟེར་རོ། །སོ་སོའི་སྐྱེ་བོ་ངེས་པར་འབྱུང་བའི་འདུ་ཤེས་ཅན་དག་ནི་དེ་ལ་སྙོམས་པར་འཇུག་སྟེ། ཐར་པར་འདུ་ཤེས་པ་དག་ཅེས་བྱ་
བའི་ཐ་ཚིག་གོ །འཕགས་པ་དག་ནི་དེ་ལྟར་འདུ་ཤེས་ཕྱིན་ཅི་ལོག་པ་ཅན་མ་ཡིན་ནོ། །བསམ་གཏན་བཞིན་དུ་འཐོབ་མ་ཞེས་བྱ་བ་ནི་རྣལ་འབྱོར་པ་དག་བསམ་གཏན་བཞི་པ་ཐོབ་ནས་ཐོག་མ་མེད་པ་ཅན་གྱི་འཁོར་བ་ནས་བསམ་གཏན་བཞི་པ་སྔོན་ཐོབ་པ་འདས་པ་དང་མ་འོངས་པ་སོ་སོར་འཐོབ་པར་འགྱུར་ཏེ། དེ་ལྟ་བས་ན་ཅི་དེ་དང་འདྲ་བ་ཁོ་ནར་འདས་པ་དང་མ་འོངས་པ་དག་ཀྱང་འཐོབ་བམ་ཞེས་འདྲི་བར་བྱེད་དོ། །རེ་ཞིག་གཞན་དག་གིས་ཀྱང་མི་འཐོབ་བོ་ཞེས་བྱ་བ་ནི་རེ་ཞིག་སྙོམས་པར་འཇུག་པ་འདི་གང་དག་གིས་བདག་ཉིད་ཀྱི་ཡིན་པ་སོ་སོའི་སྐྱེ་བོ་དག་གིས་ཀྱང་འདས་པ་མི་འཐོབ་ན། འདི་གང་དག་གི་བདག་ཉིད་ཀྱི་མ་ཡིན་པ་འཕགས་པ་དག་གིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ཡིན་ནོ། །འདི་ནི་འདྲིས་པ་ཡིན་ཡང་ཞེས་བྱ་བ་ནི་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སྔོན་ཐོབ་པ་ཡིན་ཡང་ངོ༌། །མངོན་པར་འདུ་བྱ་བ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དང༌། སེམས་མེད་པ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འབད་པ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །དུས་གཅིག་འཐོབ་ཅེས་བྱ་བ་ནི་དུས་མཉམ་པ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །སོ་སོར་ཐར་པའི་སྡོམ་པ་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་རྣམ་པ་བརྒྱད་ཅར་ཡང་གང་གི་ཚེ་ཡང་དག་པར་ནོད་པ་དེའི་ཚེ་དེ་འཐོབ་ལ་དེའི་འཐོབ་པ་ཡང་སྐད་ཅིག་མ་དེ་ཉིད་ཀྱི་ཚེ་སྐྱེ་བ་ལྟ་བུའོ། །སྐད་ཅིག་མ་གཉིས་པ་ལ་སོགས་པར་ནི་ཇི་སྲིད་སྙོམས་པར་འཇུག་པ་དེ་མི་གཏོང་བ་དེ་སྲིད་དུ་སྙོམས་པར་འཇུག་པ་ཐོབ་པ་དེ་དང་ལྡན་པ་ཡིན་ནོ། །དེ་གཏོང་བ་ནི་ཡོངས་སུ་ཉམས་པ་འམ་འཕོས་པའི་སྒོ་ནས་ཡིན་ནོ། །སེམས་མེད་པ་པ་ཡིན་པའི་ཕྱིར་མ་འོངས་པ་ནི་མི་འཐོབ་སྟེ་དགེ་བའི་སེམས་ནི་མ་འོངས་པ་ཐོབ་པར་འགྱུར་གྱི་སེམས་མེད་པ་འདི་ནི་མ་ཡིན་པས་དེ་དང་འདྲ་བར་མ་འོངས་པ་འཐོབ་པར་མི་འགྱུར་རོ། །འགོག་པ་ཞེས་པའང་དེ་བཞིན་ཉིད་ཅེས་བྱ་བ་ནི་སྙོམས་པར་འཇུག་པ་ཞེས་བྱ་བ་དང་སྦྱར་རོ། །ཉིད་ཅེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་ཡིན་ཏེ། ཇི་ལྟར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བསྟན་པ་དེ་བཞིན་ཞེས་བྱ་བའི་སྒྲས། སེམས་དང་སེམས་པ་ལས་བྱུང་རྣམས། །འགོག་པའོ་ཞེས་བྱ་བ་མཐུན་པར་བསྒྲེས་པ་དེ་
བཞིན་དུ་འགོག་པའི་སྙོམས་པར་འཇུག་པ་བསྟན་པ་འདི་ཡང་རྣམ་པ་དེ་ཉིད་མཐུན་པར་བསྒྲེའོ་ཞེས་བྱ་བ་ཡིན་ནོ། །ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་ཞེས་བྱ་བ་ལ། གནས་པ་ནི་རྩེད་མོས་གནས་པ་དང་འདྲ་བར་གནས་པ་སྟེ། ཏིང་ངེ་འཛིན་གྱི་ཁྱད་པར་ཡིན་ནོ། །གནས་པ་ཞི་བ་ནི་ཞི་བར་གནས་པའོ། །ཞི་བར་གནས་པར་བྱ་བར་འདུ་ཤེས་པ་ནི་ཞི་བར་གནས་པར་འདུ་ཤེས་པའོ། །འདི་ལ་དེ་སྔོན་དུ་འགྲོ་བ་ཡོད་པས་ན་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་འགྲོ་བའི་ཡིད་ལ་བྱེད་པ་སྟེ། ཡིད་ལ་སེམས་པ་ཞེས་བྱ་བའི་ཐ་ཚིག་གོ །འདུ་ཤེས་དང་ཚོར་བ་ཀུན་དུ་འབྱུང་བས་ཡོངས་སུ་སྐྱོ་བ་རྣམས་ནི་དེ་ལ་ཞི་བར་གནས་པའི་འདུ་ཤེས་སུ་འགྱུར་ཏེ། ཡིད་ལ་བྱེད་པ་དེ་ལྟ་བུས་འགོག་པའི་སྙོམས་པར་འཇུག་པ་འདི་ལ་སྙོམས་པར་འཇུག་གོ །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དེ་ལ་ནི་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བས་ཏེ་ཐར་པའི་འདུ་ཤེས་སྔོན་དུ་བཏང་བས་ཞེས་བྱ་བའི་ཐ་ཚིག་གོ །ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཞེས་བྱ་བ་ལ། ལན་གྲངས་གཞན་ནི་ཚེ་རབས་གསུམ་པ་ལ་སོགས་པ་ཡིན་ཏེ། དེ་ལ་མྱོང་བར་འགྱུར་བ་ཡིན་ནོ། །ཇི་ལྟ་ཞེ་ན། འཕགས་པ་གང་ཞིག་འདོད་པའི་ཁམས་སུ་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་ནས་སྲིད་པའི་རྩེ་མོར་སྐྱེ་བར་འགྱུར་བ་དེའི་དེ་ནི་སྐྱེས་ནས་མྱོང་བར་འགྱུར་བ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །གང་ཞིག་དེ་ལས་ཡོངས་སུ་ཉམས་ནས་གཟུགས་ཀྱི་ཁམས་སུ་སྐྱེས་ཏེ་དུས་གཞན་ཞིག་ན་ཡང་སྲིད་པའི་རྩེ་མོ་ཐོབ་ནས་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་དམ་མ་བསྐྱེད་ཀྱང་རུང་སྲིད་པའི་རྩེ་མོར་སྐྱེ་བར་འགྱུར་བ་དེ་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཡིན་ནོ། །གང་ཞིག་འདིར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་ནི་མ་ངེས་པ་ཡིན་ནོ། །ཆད་པས་འཇིགས་པའི་ཕྱིར་ཞེས་བྱ་བ་ནི་བདག་གི་ངོ་བོ་ཐམས་ཅད་ཆད་པས་འཇིགས་པའི་ཕྱིར་ཏེ། ཡང་སྲིད་མེད་པས་གནོད་འགྱུར་ཏེ། །གཡང་སས་བྱིས་པ་རྣམས་བཞིན་ནོ། །ཅིའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཆད་པས་འཇིགས་པར་མི་འགྱུར་
ཞེ་ན། དེ་ལ་གཟུགས་ཡོད་པའི་ཕྱིར་ཏེ་གཟུགས་པ་ལ་བདག་ཏུ་འདུ་ཤེས་པ་ལ་མངོན་པར་ཞེན་ནས་དེ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལ་ནི་གཟུགས་མེད་པའི་ས་པ་ཡིན་པའི་ཕྱིར་གཟུགས་ཀྱང་མེད་པས་བདག་གི་ངོ་བོ་ཐམས་ཅད་མེད་པར་མཐོང་ནས་དེ་ལ་སྙོམས་པར་འཇུག་པར་སྤྲོ་བ་མེད་དོ། །གཟུགས་མེད་པ་དག་ན་རིས་མཐུན་པ་དང་སྲོག་གི་དབང་པོ་ལ་སོགས་པ་སེམས་དང་ལྡན་པ་མ་ཡིན་པ་དག་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་དེ་ལ་བདག་གི་འདུ་ཤེས་སུ་མངོན་པར་ཞེན་ནས་དེ་ལ་སྙོམས་པར་མི་འཇུག་ཅེ་ན། ལྡན་པ་མ་ཡིན་པ་རྣམས་ནི་བལྟར་མི་སྣང་བའི་ཕྱིར་རོ། །འཕགས་པའི་ལམ་གྱི་སྟོབས་ཀྱིས་བསྐྱེད་པའི་ཡང་ཕྱིར་རོ་ཞེས་བྱ་བ་ཡང་དེ་འཕགས་པའི་ལམ་གྱིས་སྐྱེད་དོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ནི་དེ་ལ་མོས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མཐོང་བའི་ཚེ་ལ་མྱ་ངན་ལས་འདས་པ་ནི་མཐོང་བའི་ཆོས་མྱ་ངན་ལས་འདས་པ་སྟེ། དེ་ནའོ། །དེ་ལ་མོས་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ཡིན་ནོ་སྙམ་དུ་སྨོས་པ་ནི་དེ་ལ་མོས་པའོ། །ཡང་ན་དེས་སྨོས་པ་ནི་དེ་ལ་མོས་པའོ། །དེ་ལ་མོས་པས་ན་དེ་ལ་མོས་པའི་ཕྱིར་ཏེ། འཕགས་པ་རྣམས་ནི་མཐོང་བའི་ཚེ་མྱ་ངན་ལས་འདས་པ་ནི་འདི་ཡིན་ནོ་ཞེས་དེ་ལ་མོས་སོ། །ཡང་ཁ་ཅིག་ནི་འདི་སྐད་དུ་མྱ་ངན་ལས་འདས་པ་མཐོང་བ་དེ་ལ་མོས་པའི་ཕྱིར་རོ་ཞེས་འདོན་ཅིང་འདི་སྐད་དུ་འདིས་མྱ་ངན་ལས་འདས་པ་མཐོང་བས་ན་མྱ་ངན་ལས་འདས་པ་མཐོང་བའོ། །འཕགས་པ་དེ་དེ་ལ་མོས་པ་ནི་དེ་ལ་མོས་པའོ། །དེ་ལ་མོས་ན་དེ་ལ་མོས་པའི་ཕྱིར་རོ་ཞེས་འཆད་དེ། འདི་སྐད་དུ་འཕགས་པ་ཆོས་མཐོང་བ་དེ་ལ་མོས་ཀྱི་གཞན་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །སོ་སོའི་སྐྱེ་བོ་ཡང་འཇིག་རྟེན་པའི་ལམ་གྱིས་མྱ་ངན་ལས་འདས་པ་མཐོང་བ་མ་ཡིན་ནམ་ཞེ་ན། སོ་སོའི་སྐྱེ་བོས་ནི་མྱ་ངན་ལས་འདས་པ་མཐོང་བ་མ་ཡིན་གྱི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ཏེ། སོ་སོའི་སྐྱེ་བོ་ནི་དེའི་གོང་མའི་ས་ལ་ཞི་བར་ལྟ་བས་འདོད་ཆགས་དང་བྲལ་བ་ཐོབ་ཀྱི་མྱ་ངན་ལས་འདས་པར་ནི་མ་ཡིན་པས་འདི་ནི་ཀླན་ཀར་མི་རུང་ངོ༌། །འདི་ནི་སྦྱོར་བས་ཐོབ་པར་བྱ་བ་ཁོ་ན་ཡིན་ཞེས་བྱ་བ་ནི་
སྙོམས་པར་འཇུག་པ་འདི་ཡང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཁོ་ན་བཞིན་དུ་མངོན་པར་འདུ་བྱ་བ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པས་དེ་ཁོ་ན་བཞིན་དུ་དུས་གཅིག་འཐོབ་བོ། །ཇི་ལྟ་ཞེ་ན། འདས་པ་ཡང་མི་འཐོབ་ལ་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་ཡོངས་སུ་ཉམས་ནས་ཡང་དེ་སྐྱེད་པར་བྱེད་པ་དེའི་ཚེ་ཡང་སྦྱོར་བས་སྔོན་མེད་པ་ཁོ་ན་ཞིག་འཐོབ་སྟེ། སོ་སོར་ཐར་པའི་སྡོམ་པ་བཞིན་ནོ་ཞེས་བྱ་བ་རྒྱས་པར་རྣམ་པར་བཤད་པར་བྱའོ། །དེ་ནི་སེམས་ཀྱི་སྟོབས་ཀྱིས་འཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཀྱི་སྟོབས་ཀྱིས་མ་འོངས་པ་འཐོབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཐུབ་པའི་བྱང་ཆུབ་ཀྱིས་ཐོབ་བྱ། །ཞེས་བྱ་བ་འདི་ནི་སྦྱོར་བས་ཐོབ་པར་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྤྱིར་བསྟན་པའི་དམིགས་ཀྱིས་བསལ་བ་ཡིན་ཏེ། དེ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཚུལ་ཡིན་པའི་ཕྱིར་རོ། །ཟད་དང་མི་སྐྱེས་ཤེས་བྱང་ཆུབ། །ཅེས་འཆད་པར་འགྱུར་བ་དེའི་ཕྱིར། ཟད་པ་མཁྱེན་པ་དང་དུས་མཉམ་དུ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་ཟད་པ་མཁྱེན་པ་ན་ཟག་པ་དང་བཅས་པ་འདི་དག་ཀྱང་འཐོབ་བོ། སངས་རྒྱས་རྣམས་ཀྱི་ནི་སྦྱོར་བ་ལས་བྱུང་བ་ཅུང་ཟད་ཀྱང་མེད་ཅེས་བྱ་བ་ནི་བསྟོད་པ་བྱེད་པས་ཇི་སྐད་དུ། དགེ་བའི་མཐར་ཕྱིན་ཁྱོད་ཀྱིས་ནི། །སྦྱོར་བ་ལས་བྱུང་ཅུང་ཟད་མེད། །ཁྱོད་ཀྱི་གང་དུ་བཞེད་ངེས་པ། །བཞེད་པ་ཙམ་ལ་རག་ལས་ལགས། །ཞེས་བཤད་པ་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་གཉི་གའི་ཆ་ལས་རྣམ་པར་གྲོལ་བར་ཇི་ལྟར་འགྲུབ་ཅེས་བྱ་བ་ལ། གཉི་གའི་ཆ་ནི་ཉོན་མོངས་པའི་སྒྲིབ་པ་དང་སྙོམས་པར་འཇུག་པའི་སྒྲིབ་པ་སྟེ། དེ་ལས་རྣམ་པར་གྲོལ་བའོ། །འགྲུབ་སྟེ་དེ་བསྐྱེད་ཟིན་པ་བཞིན་དུ་ཞེས་བྱ་བའི་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་འགྲུབ་སྟེ། བཅོམ་ལྡན་འདས་ནི་སྔོན་མངོན་དུ་བྱས་པ་བཞིན་དུ་དེ་ལ་མངའ་བརྙེས་པའི་ཕྱིར་དེ་མངོན་དུ་བྱ་བའི་མཐུ་དང་ལྡན་པའི་ཕྱིར་རོ། །འདི་ནི་དང་པོ་ཁོ་ནར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ནུབ་ཕྱོགས་པ་དག་ན་རེ་གང་བྱང་ཆུབ་སེམས་དཔའ་སྲིད་པ་ཐམ་པ་སྲིད་པའི་རྩེ་མོ་ཐོབ་པར་འགྱུར་ནས་བསམ་གཏན་བཞི་པ་ལ་བརྟེན་ཏེ་མཐོང་བའི་
ལམ་བསྐྱེད་ནས། དེ་ལས་ལངས་ཏེ་སྲིད་པའི་རྩེ་མོ་ལ་སྙོམས་པར་འཇུག་ཅིང་དེ་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་ཡང་བསམ་གཏན་བཞི་པ་ལ་བརྟེན་ཏེ་སྲིད་པའི་རྩེ་མོ་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པར་བྱས་ནས། ཟད་པ་མཁྱེན་པ་ཕྱིན་ཆད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ་ཞེས་བྱ་བ་འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལྟ་བས་ན་དེས་སློབ་པའི་གནས་སྐབས་ན་སྐྱེད་པར་བྱེད་དོ་ཞེས་ཟེར་རོ། །ཁ་ཆེའི་ཡུལ་གྱི་ནུབ་ཕྱོགས་ན་འཁོད་པ་རྣམས་ནི་ནུབ་ཕྱོགས་པ་དག་གོ །ལུགས་ཀྱི་ཚིག་ཅེས་བྱ་བ་ནི་གནས་བརྟན་ཉེ་སྲུངས་ཀྱི་བསྟན་བཅོས་ཏེ། གང་ལས་དེ་བཞིན་གཤེགས་པ་ནི་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་ནས་ཟད་པ་མཁྱེན་པ་བསྐྱེད་པར་མཛད་དོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་འདི་འབྱུང་བ་ཡིན་ནོ། །བདེན་པ་མངོན་པར་རྟོགས་ན་བཅུ་དྲུག་ཅེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་བཟུང་སྟེ། ལམ་ལ་རྗེས་སུ་ཤེས་པ་ཞེས་བྱ་བའི་བར་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གོ །སྲིད་པའི་རྩེ་མོ་ལ་འདོད་ཆགས་དང་བྲལ་བ་ན་བཅོ་བརྒྱད་ཅེས་བྱ་བ་ནི་སྲིད་པའི་རྩེ་མོ་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པ་དགུ་སྤོང་བར་བྱེད་པ་བར་ཆད་མེད་པའི་ལམ་དགུ་དང༌། རྣམ་པར་གྲོལ་བའི་ལམ་དགུ་སྟེ། དེ་ལྟར་ན་བཅོ་བརྒྱད་དོ། །བཅུ་དྲུག་དང་བཅོ་བརྒྱད་པོ་དེ་དག་ནི་སུམ་ཅུ་རྩ་བཞིར་འགྱུར་རོ། །ས་འོག་མ་པའི་ཉོན་མོངས་པ་རྣམས་ནི་ཡང་སྤང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་ལ་སོགས་པའི་ཉོན་མོངས་པ་རྣམས་ནི་སོ་སོའི་སྐྱེ་བོའི་གནས་སྐབས་ཉིད་ན་འཇིག་རྟེན་པའི་ལམ་གྱིས་སྤངས་ཟིན་པའི་ཕྱིར་རོ། །གལ་ཏེ་ཉོན་མོངས་པ་སྤངས་ཟིན་པའི་གཉེན་པོ་བསྐྱེད་པར་མི་བྱའོ་ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །འོ་ན་ཅིའི་ཕྱིར་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སྤངས་ཟིན་པ་ལས་མངོན་པར་རྟོགས་པའི་དུས་ན་ཉེས་པ་དེ་དག་གི་གཉེན་པོ་ཆོས་ཤས་པའི་ཕྱོགས་དང་མཐུན་པའི་ལམ་སྐྱེད་པར་བྱེད་ཅེ་ན། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ནི་དེ་མེད་ན་
མེད་པ་ཡིན་པའི་ཕྱིར་ཏེ། ཆོས་ཤེས་པའི་ཕྱོགས་དང་མཐུན་པ་སྐྱེ་བ་མེད་པར་ནི་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་མངོན་དུ་འགྱུར་བ་མི་སྲིད་དོ། །ཤེས་པའི་རྗེས་སུ་ཤེས་པ་ཉིད་ནི་གང་དེའི་རྗེས་ལ་འབྱུང་བ་འདི་ཡིན་ནོ། །ནུབ་ཕྱོགས་པ་དག་དང་ཅིར་འགྱུར་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། གལ་ཏེ་བར་སྐབས་སུ་མི་འདྲ་བ་ཟག་པ་དང་བཅས་པའི་སེམས་མངོན་དུ་བྱས་ནའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་བསམ་པ་ལྡང་བ་ཅན་དུ་འགྱུར་ཏེ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བྱང་ཆུབ་སེམས་དཔའ་དེ་བསམ་པ་ལྡང་བ་ཅན་དུ་འགྱུར་རོ། །གཞན་དག་ན་རེ་དགེ་བའི་རྩ་བ་ལས་ལྡང་བར་འགྱུར་ཏེ། བསམ་པའི་དོན་ནི་དགེ་བའི་རྩ་བའི་དོན་ཡིན་ནོ་ཞེས་ཟེར་རོ། །འདི་སྐད་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ནི་གང་དག་མངོན་དུ་གྱུར་པས་ཇི་སྲིད་དུ་སྐད་ཅིག་ཁོ་ན་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཀྱི་བར་དེ་སྲིད་དུ་ལྡང་བར་མི་འགྱུར་བ་དེ་ལྟ་བུ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཉི་འོག་པ་དག་གིས་བསམ་པ་མི་ལྡང་བ་ཅན་ཡིན་པ་བདེན་མོད་ཀྱི་ཁྱེད་བརྗོད་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །སྔ་མ་ཁོ་ན་ཡིན་ནོ་བརྗོད་དོ་ཞེས་བྱ་བ་ནི་ཟད་པ་མེད་པ་མཁྱེན་པ་དང་དུས་མཉམ་དུ་ཞེས་བྱ་བའི་ཕྱོགས་གང་ཡིན་པའོ། །གཉིས་ཀྱི་རྣམ་པའི་བྱེ་བྲག་མང་པོ་ཞིག་ཡོད་མོད་ཀྱི་ཞེས་བྱ་བ་ནི་གཅིག་ནི་བསམ་གཏན་ཐ་མ་ན་ཡོད་པ་ཡིན་ལ་ཅིག་ཤོས་ནི་སྲིད་པའི་རྩེ་མོ་ལས་སྐྱེས་པ་ཡིན་ནོ། །གཅིག་ལ་ནི་ངེས་པར་འབྱུང་བའི་འདུ་ཤེས་ཀྱིས་སྙོམས་པར་འཇུག་ལ་ཅིག་ཤོས་ལ་ནི་གནས་པར་འདོད་པས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པའི་བྱེ་བྲག་མང་པོ་ཞིག་ཡོད་པའོ། །འདི་གཉིས་ཀྱི་མཚུངས་པ་ནི། གཉི་ག་འདོད་དང་གཟུགས་བསྟེན་ཅན། །ཞེས་བྱ་བ་ཡིན་ནོ། །གཟུགས་ཀྱི་སྲིད་པ་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་ལ་ལ་གཟུགས་ཀྱི་སྲིད་པ་ཡིན་པའི་སྲིད་པ་འདི་ཐམས་ཅད་རྣམ་པར་འདྲིད་པ་ཅན་ལྔའི་སྲིད་པ་ཡང་ཡིན་ནམ་ཞེས་བྱ་བ་མུ་བཞི་པ་ཡིན་ནོ། །གཟུགས་ཀྱི་སྲིད་པ་ཡིན་ལ་སྲིད་པ་འདི་རྣམ་པར་འདྲིད་པ་ཅན་ལྔ་མ་ཡིན་པ་ཡང་ཡོད་དེ་
གཟུགས་ན་སྤྱོད་པའི་སེམས་ཅན་ལྷ་འདུ་ཤེས་ཅན་སེམས་མི་འདྲ་བ་ལ་གནས་པ་རྣམས་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་རྣམས་དང༌། ལྷ་འདུ་ཤེས་མེད་པས་ཐོབ་པ་རྣམས་ཀྱི་སྲིད་པ་གང་ཡིན་པ་ལྟ་བུའོ། །རྣམ་པར་འདྲིད་པ་ཅན་ལྔའི་སྲིད་པ་ཡིན་ལ་འདི་གཟུགས་ཀྱི་སྲིད་པ་མ་ཡིན་པ་ཡང་ཡོད་དེ། འདོད་པ་ན་སྤྱོད་པའི་སེམས་ཅན་སེམས་འདྲ་བ་ལ་གནས་པ་རྣམས་ཀྱི་སྲིད་པ་གང་ཡིན་པ་ལྟ་བུའོ། །གཟུགས་ཀྱི་སྲིད་པ་ཡིན་ལ་སྲིད་པ་དེ་ཡང་རྣམ་པར་འདྲིད་པ་ཅན་ལྔ་ཡིན་པ་ཡང་ཡོད་དོ། །གཟུགས་ན་སྤྱོད་པའི་ལྷ་འདུ་ཤེས་ཅན་སེམས་འདྲ་བ་ལ་གནས་པ་རྣམས་དང༌། འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་འདུ་ཤེས་མེད་པ་པ་མ་ཐོབ་པའི་སྲིད་པ་གང་ཡིན་པ་ལྟ་བུའོ། །གཟུགས་ཀྱི་སྲིད་པ་ཡང་མ་ཡིན་ལ་སྲིད་པ་འདི་རྣམ་པར་འདྲིད་པ་ཅན་ལྔ་ཡང་མ་ཡིན་པ་ཡང་ཡོད་དེ། འདོད་པ་ན་སྤྱོད་པའི་སེམས་ཅན་སེམས་མི་འདྲ་བ་ལ་གནས་པ་རྣམས་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་སྲིད་པ་གང་ཡིན་པ་དང༌། གཟུགས་མེད་པའི་སྲིད་པ་གང་ཡིན་པ་ལྟ་བུའོ། །འདིར་དཔེར་བརྗོད་པ་ནི་མུ་དང་པོ་ཡིན་ནོ། །གཟུགས་ཀྱི་སྲིད་པ་ནི་གཟུགས་ན་སྤྱོད་པའི་ཕུང་པོ་ཡིན་ནོ། །རྣམ་པར་འདྲིད་པ་ཅན་ལྔ་ནི་ཕུང་པོ་ལྔ་ཞེས་བྱ་བའི་ཐ་ཚིག་སྟེ། རྣམ་པར་འདྲིད་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་རང་གི་ཕུང་པོའི་མིང་ཡིན་ནོ། །ཁྱད་པར་དུ་འདྲིད་པས་ན་རྣམ་པར་འདྲིད་པ་སྟེ། གཞན་དུ་འགྱུར་བས་རྣམ་པར་སླུ་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་འདི་ལ་ཡོད་པས་ན་རྣམ་པར་འདྲིད་པ་ཅན་ནོ། །རྣམ་པར་སླུ་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡིན་པས་རྣམ་པར་སླུ་བའི་ཕྱིར་རོ། །དེ་ལ་གལ་ཏེ་གཟུགས་ཀྱི་ཁམས་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཡོད་པར་མི་བཞེད་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་འགོག་
པའི་སྙོམས་པར་འཇུག་པ་ལ་སོགས་པ་ལ་སྙོམས་པར་ཞུགས་པ་རྣམས་ཞེས་གསུངས་པར་མི་འགྱུར་རོ། །དེས་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གཟུགས་ན་སྤྱོད་པ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །དེ་ལ་ཡང་ཁྱད་པར་ནི་འདི་ཡོད་དེ་ཞེས་བྱ་བ་ནི་ཆོས་མཚུངས་པ་དེ་ལ་ཡང་ཁྱད་པར་ཡོད་པ་ཡིན་ནོ། །ཕྱིས་ནི་གཟུགས་ཀྱི་ཁམས་སུ་ཡང༌། །ཞེས་བྱ་བ་ནི་འཕགས་པ་གང་དག་གིས་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་དེ་དེ་ལས་ཡོངས་སུ་ཉམས་པ་ལས་བསམ་གཏན་ཐོབ་ནས་གཟུགས་ཀྱི་ཁམས་སུ་སྐྱེ་བ་སྔར་ཡོངས་སུ་ཉམས་པ་དེ་དག་གིས་སྔོན་གོམས་པའི་དབང་གིས་གཟུགས་ཀྱི་ཁམས་སུ་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་པར་འགྱུར་རོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་སོ་སོའི་སྐྱེ་བོ་དག་གིས་དང་པོ་ནས་ཀྱང་གཟུགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་བས་ཁྱད་པར་ནི་འདི་ཡོད་དོ། །ཅི་འདི་ལས་ཀྱང་ཡོངས་སུ་ཉམས་པ་ཡོད་དམ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་འདི་ནི་མྱ་ངན་ལས་འདས་པ་དང་འདྲ་བ་ཡིན་ན་ཇི་ལྟར་ཡོངས་སུ་ཉམས་པར་འགྱུར་སྙམ་ནས་ཡིད་མི་ཆེས་ཏེ་འདྲི་བ་ཡིན་ནོ། །འཆར་བྱེད་ཀྱི་མདོ་ཞེས་བྱ་བ་ནི་མདོ་འདི་འཕགས་པ་ཤཱ་རིའི་བུས་བཤད་པ་ཡིན་ཏེ། དེ་ལ་འཆར་བྱེད་རྒོལ་བར་བྱེད་པ་ཡིན་པས་འཆར་བྱེད་ཀྱི་མདོ་ཞེས་བྱའོ། །ཇི་ལྟ་ཞེ་ན། གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡང་ཡིན། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཡང་ཡིན། ཤེས་རབ་ཕུན་སུམ་ཚོགས་པ་ཡང་ཡིན་པ་དེ་ནི་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་དང་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡན་པའི་གནས་དེ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་མཐོང་བའི་ཆོས་ཁོ་ན་ལ་དང་པོ་ཉིད་དུ་ཀུན་ཤེས་པའི་ཆོས་ཐོབ་པར་ཡང་མི་བྱེད་ཅིང་འཆི་བའི་དུས་ཀྱི་ཚེ་ཡང་མ་ཡིན་ལ། ལུས་ཞིག་ནས་ཀྱང་ཁམ་གྱི་ཟས་ཟ་བའི་ལྷ་ལས་འདས་ཏེ་ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་ཞིག་ཏུ་སྐྱེ་བར་འགྱུར་རོ། །དེ་དེར་སྐྱེས་ནས་ཡང་དང་ཡང་དུ་འདུ་
ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བའི་གནས་དེ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནས་ཡང་དེའི་ཚེ་ཚེ་དང་ལྡན་པ་འཆར་བྱེད་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །དེ་ནས་ཚེ་དང་ལྡན་པ་འཆར་བྱེད་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་དགེ་སློང་ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་ཞིག་ཏུ་སྐྱེས་ནས་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡན་པའི་གནས་དེ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །ཚེ་དང་ལྡན་པ་འཆར་བྱེད་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ལན་གཉིས་ལན་གསུམ་དུ་འདི་སྐད་དུ། ཚེ་དང་ལྡན་པ་འདི་ནི་གནས་མ་ཡིན་ཏེ་ཞེས་བྱ་བ་སྔ་མ་བཞིན་དུ་སྨྲས་པ་དང༌། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་པར་གྱུར་ཏེ། བདག་གིས་བཤད་པ་ལ་དགེ་སློང་འདི་ལན་གསུམ་གྱི་བར་དུ་ཕྱིར་སྤོང་བར་བྱེད་ཕྱིར་ཁྲོ་བར་བྱེད་ལ་ཚངས་པ་མཚུངས་པར་སྤྱོད་པ་འགའ་ཡང་བདག་གིས་བཤད་པ་ལ་རྗེས་སུ་ཡི་རང་བར་མི་བྱེད་པས། མ་ལ་བདག་བཅོམ་ལྡན་འདས་ག་ལ་བ་དེར་འགྲོ་གོར་མ་ཆག་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་འདི་ལ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡང་ཡིན་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་ནས་ཡང་དེའི་ཚེ་ཚེ་དང་ལྡན་པ་འཆར་བྱེད་ཅེས་བྱ་བ་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་འཆར་བྱེད་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ལན་གཉིས་ལན་གསུམ་གྱི་བར་དུ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་པར་གྱུར་ཏེ། སྟོན་པའི་སྤྱན་སྔ་ན་ཡང་དགེ་སློང་འདི་བདག་གིས་བཤད་པ་ལ་ལན་གསུམ་གྱི་བར་དུ་སྤོང་བར་བྱེད་ཕྱིར་ཁྲོ་བར་བྱེད་ལ། ཚངས་པ་མཚུངས་པར་སྤྱོད་པ་འགའ་ཡང་བདག་
གིས་བཤད་པ་ལ་རྗེས་སུ་ཡི་རང་བར་མི་བྱེད་པས། མ་ལ་བདག་ཅང་མི་སྨྲ་བར་འཇུག་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་བྱེད་ལ་བཀའ་སྩལ་པ། འཆར་བྱེད་ཁྱོད་ཀྱིས་ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་གང་ཞིག་ཡིན་པར་ཤེས། གསོལ་པ། བཙུན་པ་གཟུགས་ཅན་མ་ལགས་པ་འདུ་ཤེས་ལས་བྱུང་བ་ཇི་སྙེད་པ་མ་ལགས་སམ། བཀའ་སྩལ་པ། སྐྱེས་བུ་རྨོངས་པ་རེ་ཞིག་དེ་ལྟ་ན་གོ །ལོང་བ་མིག་མེད་པ་ཁྱོད་ཁོ་ན་མིག་དང་ལྡན་པ་དགེ་སློང་ཤཱ་རིའི་བུ་དང་ལྷན་ཅིག་ཆོས་མངོན་པ་འམ་འདུལ་བའི་གཏམ་བྱ་བར་སེམས་སམ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་བྱེད་མངོན་སུམ་དུ་སྤྱོས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱང་དགེ་སློང་གནས་བརྟན་ལ་རྣམ་པར་འཚེ་བ་ཡལ་བར་འཇོག་གམ། ཁྱོད་སྐྱེས་བུ་རྨོངས་པས་དགེ་སློང་གནས་བརྟན་གཙེས་ན་སྙིང་རྗེ་ཡང་མ་སྐྱེས་སམ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་བྱེད་དང་ཚེ་དང་ལྡན་པ་ཀུན་དགའ་བོ་མངོན་སུམ་དུ་སྤྱོས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལ་དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡང་ཡིན། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཡང་ཡིན་ཞེས་བྱ་བ་རྒྱས་པར་གནས་འདི་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་བཀའ་སྩལ་ནས། བཅོམ་ལྡན་འདས་བཞེངས་ཏེ་ནང་དུ་ཡང་དག་འཇོག་པར་གཙུག་ལག་ཁང་དུ་གཤེགས་སོ་ཞེས་བྱ་བ་ཡིན་ནོ། །འདིར་ནི་ཚེ་དང་ལྡན་པ་འཆར་བྱེད་ནི་ཡིད་ལས་བྱུང་བའི་ལུས་གང་ཡང་རུང་བ་འདི་ནི་གཟུགས་མེད་པ་ན་སྤྱོད་པ་ཡིན་པར་བཤད་དོ་སྙམ་དུ་ཡིད་ལ་བྱས་ནས་བརྒལ་བ་བྱས་པ་ཡིན་ཏེ། དེ་ན་ནི་གཟུགས་ནི་མེད་ཀྱི་ཡིད་ཁོ་ན་མཚུངས་པར་ལྡན་པ་དང་བཅས་པ་ཡོད་དོ། །དེ་ལྟ་བས་ན་དེའི་བསམ་པ་ནི་དེ་ན་ཡོད་པའི་ལུས་ནི་ཡིད་ལས་བྱུང་བ་ཡིན་ལ། དེ་ཡང་སྙོམས་པར་འཇུག་པ་འདི་ལ་སྙོམས་པར་མི་འཇུག་གོ་སྙམ་པ་ཡིན་ནོ། །འཕགས་པ་ཤཱ་རིའི་
བུས་ནི་ཡིད་ལས་བྱུང་བའི་ལྷའི་ལུས་གཟུགས་ན་སྤྱོད་པ་ཡིན་པར་བསམས་པ་ཡིན་ཏེ། ཁུ་ཆུ་དང་ཁྲག་ལས་མ་བརྟན་པར་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་བྱེད་འདི་ལ་འཆར་བྱེད་ཁྱོད་ཀྱིས་ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་གང་ཞིག་ཡིན་པར་ཤེས་ཞེས་སྨྲས་སོ། །དེས་ཀྱང་བཙུན་པ་གཟུགས་ཅན་མ་ལགས་པ་འདུ་ཤེས་ལས་བྱུང་བ་ཇི་སྙེད་པ་མ་ལགས་སམ་ཞེས་དེ་ལྟ་བུར་ཁས་བླངས་པ་དང༌། བཅོམ་ལྡན་འདས་ཀྱིས་ཡིད་ལས་བྱུང་བའི་ལྷའི་ལུས་གཟུགས་ན་སྤྱོད་པ་ཁོ་ན་ཡིན་པར་དགོངས་ནས། འཕགས་པ་ཤཱ་རིའི་བུའི་གཞུང་ལུགས་གཞུང་གཟུགས་པའི་ཕྱིར་ཚེ་དང་ལྡན་པ་འཆར་བྱེད་ལ། སྐྱེས་བུ་རྨོངས་པ་རེ་ཞིག་དེ་ལྟ་ན་གོ །ལོང་བ་མིག་མེད་པ་ཁྱོད་ཁོ་ན་མིག་དང་ལྡན་པ་དགེ་སློང་ཤཱ་རིའི་བུ་དང་ལྷན་ཅིག་ཆོས་མངོན་པའམ་འདུལ་བའི་གཏམ་བྱ་བར་སེམས་སམ་ཞེས་སྤྱོས་སོ། །གནས་དེ་ཡོད་དོ་ཞེས་བྱ་བ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་ལྡན་པ་གང་ཡིན་པའི་གནས་ཏེ། ཡང་དག་པ་ཇི་ལྟ་བ་བཞི་ན་རབ་ཏུ་ཤེས་སོ། །དང་པོ་ཉིད་དུ་ཞེས་བྱ་བ་ནི་དང་པོ་ཁོ་ནར་ཞེས་བྱ་བའི་ཐ་ཚིག་གོ ། ཀུན་ཤེས་པ་འཐོབ་པར་ཞེས་བྱ་བ་ནི་དགྲ་བཅོམ་པ་འཐོབ་པར་ཞེས་བྱ་བའི་དོན་ཏོ། །སྙོམས་པར་འཇུག་པ་འདི་ནི་སྲིད་པའི་རྩེ་མོ་པ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འགོག་པའི་སྙོམས་པར་འཇུག་པ་ནི་སྲིད་པའི་རྩེ་མོ་པ་ཡིན་ཏེ། གང་གིས་དེ་འཐོབ་པ་དེ་ནི་སྲིད་པའི་རྩེ་མོ་ཁོ་ནར་སྐྱེ་བར་འགྱུར་གྱིས་གཟུགས་ཀྱི་ཁམས་སུ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་མདོ་ལས་དེ་གཟུགས་ཀྱི་ཁམས་སུ་སྐྱེས་ཏེ་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བར་གསུངས་ཏེ། དེ་ལྟ་བས་ན་འདི་ལས་ཡོངས་སུ་ཉམས་པ་ཡོད་དོ་ཞེས་བྱ་བར་ཤེས་སོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་ནི་འདི་རུང་ན། མདོ་སྡེ་པ་རྣམས་ལྟར་ན་གོ་ཇི་ལྟར་རུང༌། འགོག་པ་འཐོབ་པ་ནི་འཕགས་པ་ཁོ་ན་ཡིན་ལ། མདོ་སྡེ་པ་རྣམས་ཀྱི་གྲུབ་པའི་མཐའ་ནི་འཕགས་པའི་ལམ་ལས་ཡོངས་སུ་ཉམས་པ་
མེད་དོ་ཞེས་བྱ་བ་ཡིན་ནོ། །འཕགས་པ་དེ་ཇི་ལྟར་འཕགས་པའི་ལམ་གོང་མ་ལས་ཡོངས་སུ་ཉམས་པར་འདོད་ཅེ་ན། དེ་དག་གི་ལྟར་ན་ཡང་མདོ་འདི་མི་འགལ་ལོ། །ཇི་ལྟ་ཞེ་ན། འགའ་ཞིག་སྲིད་པའི་རྩེ་མོ་ཐོབ་ནས་ངེས་པ་ལ་འཇུག་པ་གང་ཡིན་པ་དེ་ནི་ཕྱིར་མི་འོང་བ་ཡིན་པ་ལས་འགོག་པའི་སྙོམས་པར་འཇུག་པ་སྐྱེད་པར་ཡང་བྱད་ཅིང༌། དེ་སྲིད་པའི་རྩེ་མོའི་འགོག་པའི་སྙོམས་པར་འཇུག་པ་ལས་ཡོངས་སུ་ཉམས་པར་ཡང་འགྱུར་གྱི། ལམ་ལས་ནི་མ་ཡིན་ཏེ། ས་གོང་མ་པའི་འཕགས་པའི་ལམ་ནམ་ཡང་མ་བསྐྱེད་པའི་ཕྱིར་རོ། །དེ་ཡོངས་སུ་ཉམས་པར་གྱུར་ནས་བསམ་གཏན་བསྐྱེད་དེ་གཟུགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་རོ། །དེ་ལྟ་བས་ན་འདི་ལས་ཡོངས་སུ་ཉམས་པ་ཡོད་ཀྱི་འཕགས་པའི་ལམ་ལས་ཡོངས་སུ་ཉམས་པ་ནི་མ་ཡིན་པས་རང་གིས་གྲུབ་པའི་མཐའ་དང་འགལ་བ་མེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་ནི་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་དང་འགོག་པའི་སྙོམས་པར་འཇུག་པའོ། །འདི་ནི་རྩོམ་པ་དང་པོ་ལ་ངེས་པ་ཡིན་ཏེ་ཞེས་བྱ་བ་ནི་དང་པོར་སྙོམས་པར་འཇུག་པ་སྐྱེད་པར་བྱེད་པ་ལ་ཞེས་བྱ་བའི་ཐ་ཚིག་གོ །མྱོང་བར་འགྱུར་བར་ངེས་པ་དང་གཉི་ག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། མྱོང་བར་འགྱུར་བར་ངེས་པ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྟེ། སྐྱེས་ནས་མྱོང་བར་འགྱུར་པའི་ཕྱིར་རོ། །གཉི་གང་མྱོང་བར་འགྱུར་བ་ནི་འགོག་པའི་སྙོམས་པར་འཇུག་པའོ། །མྱོང་བར་འགྱུར་བར་ངེས་པ་དང༌། མ་ངེས་པ་ཞེས་བྱ་བའི་ཐ་ཚིག་སྟེ། མྱོང་བར་འགྱུར་བར་ངེས་པ་ནི་ཕྱིར་མི་འོང་བའི་འོ། །མྱོང་བར་འགྱུར་བར་མ་ངེས་པ་ནི་དགྲ་བཅོམ་པའི་སྟེ། འདི་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །དང་པོར་བསྐྱེད་པ་ལས་ཀྱང་ཞེས་བྱ་བ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་ལ་ལ་དང་པོར་མི་དག་གི་ནང་དུ་སྐྱེད་པར་བྱེད་ལ། ལ་ལ་ནི་གཟུགས་ཀྱི་ཁམས་སུའོ། །འགོག་པའི་སྙོམས་པར་འཇུག་པ་ནི་མི་དག་གི་ནང་ཁོ་ནར་སྐྱེད་པར་བྱེད་ལ་ཡོངས་སུ་ཉམས་ན་ནི་གཟུགས་ཀྱི་ཁམས་སུའོ། །
ཡང་ཅིའི་ཕྱིར་འདི་མི་དག་གི་ནང་ཁོ་ནར་སྐྱེད་པར་བྱེད་ལ། ཕྱིར་མི་འོང་བ་འདུ་ཤེས་དང་ཚོར་བའི་སྒོ་ནས་རྟོག་པ་དང་དཔྱོད་པ་ལ་སོགས་པ་སེམས་ལས་བྱུང་བ་རབ་ཏུ་རྒྱུ་བས་ཡོངས་སུ་སྐྱོབ་པ་དང་ཞི་བར་གནས་པས་བདེ་བར་གནས་པར་བྱའོ་སྙམ་ནས་འགོག་པའི་སྙོམས་པར་འཇུག་པ་སྐྱེད་པར་བྱེད་དོ། །ཕྱིར་མི་འོང་བ་གཟུགས་ཀྱི་ཁམས་སུ་སྐྱེས་པ་ནི་གཟུགས་ཀྱི་ཁམས་ཞི་བ་ཡིན་པའི་ཕྱིར་དེ་ན་ཡོད་པའི་སེམས་དང་སེམས་ལས་བྱུང་བ་འབྱུང་བས་དེ་ལྟར་གནོད་པར་མི་བྱེད་པས་དང་པོར་དེར་སྐྱེད་པར་མི་བྱེད་དོ། །ཡོངས་སུ་ཉམས་ན་ནི་སྔོན་གོམས་པས་དེ་སྐྱེད་པར་བྱེད་དོ། །གཟུགས་མེད་པའི་ཁམས་སུ་སྐྱེས་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་དུ་ཉེ་བར་འགྲོ་བར་སྐྱེས་པ་ཡང་ཞི་བ་དེ་ཉིད་ཀྱི་ཕྱིར་སྐྱེད་པར་མི་བྱེད་དོ། །རྣམ་པ་གཅིག་ཏུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཐལ་བར་འགྱུར་བའི་ཕྱིར་ཏེ་དེ་ན་གཟུགས་ནི་མེད་དོ། །གལ་ཏེ་སེམས་དང་སེམས་ལས་བྱུང་བ་ཡང་འགགས་པར་གྱུར་ན་སེམས་དང་ལྡན་པ་མ་ཡིན་པ་རྣམས་འབའ་ཞིག་གནས་པའི་མཐུ་མེད་པའི་ཕྱིར་འདི་ཡོངས་སུ་མྱ་ངན་ལས་འདའ་བ་ཁོ་ནར་འགྱུར་རོ། །མྱོང་བར་འགྱུར་བར་ངེས་པའི་ལས་འབྲས་བུ་ཡོངས་སུ་རྫོགས་པ་བགེགས་ཀྱི་ངོ་བོར་གནས་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་མི་སྲིད་དོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་ཐར་པའི་འདུ་ཤེས་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་འགྲོ་བའི་ཡིད་ལ་བྱེད་པས་སྙོམས་པར་འཇུག་པས་གཟུགས་ཀྱི་ཁམས་སུ་ཡང་དང་པོར་སྙོམས་པར་འཇུག་གོ །ཡང་ཅིའི་ཕྱིར་འདི་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་སྙོམས་པར་འཇུག་པ་འདི་གཉི་ག་ཡང་སེམས་དང་སེམས་ལས་བྱུང་བ་ནི་ཐམས་ཅད་འགག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་འགོག་པ་ཞེས་བརྗོད་དགོས་སོ་སྙམ་དུ་བསམས་པ་ཡིན་ནོ། །དེ་དག་དང་མི་མཐུན་པས་དེ་དག་ལ་སྙོམས་པར་འཇུག་པར་སྦྱོར་བའི་ཕྱིར་ཞེས་བྱ་བ་ནི་འདུ་ཤེས་དང་ཚོར་བ་དང་མི་མཐུན་པས་སྙོམས་པར་འཇུག་པ་དེ་དག་ལ་སྦྱོར་བའི་ཕྱིར་རོ། །འདུ་ཤེས་དང་མི་མཐུན་པས་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་
སྦྱོར་པ་ཡིན་ཏེ། འདུ་ཤེས་ནི་ཟུག་རྔུའོ། །འདུ་ཤེས་ནི་ནད་དོ། །འདུ་ཤེས་ནི་འབྲས་སོ། །འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ་སྙམ་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །འདུ་ཤེས་དང་ཚོར་བ་དང་མི་མཐུན་པས་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སྦྱོར་རོ། །གཞན་གྱི་སེམས་ཤེས་པ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་གཞན་གྱི་སེམས་ཤེས་པ་ཞེས་བྱ་བ་ནམ་ཡང་གཞན་གྱི་སེམས་ཤེས་པས་སེམས་ལས་བྱུང་བ་མི་ཤེས་པ་མ་ཡིན་མོད་ཀྱི་འོན་ཀྱང་དང་པོར་གཞན་གྱི་སེམས་ཤེས་པར་བྱའོ་སྙམ་དུ་སྦྱོར་བའི་ཕྱིར་གཞན་གྱི་སེམས་ཤེས་པ་ཞེས་བྱ་བའི་སེམས་དང་སེམས་ལས་བྱུང་བ་ཤེས་པ་ཞེས་ནི་མི་བྱ་བ་དེ་བཞིན་དུ་འདིར་ཡང་སྙོམས་པར་འཇུག་པ་འདི་གཉིས་ལ་དེ་སྐད་ཅེས་བྱའོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ནི་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་འདུ་ཤེས་མེད་པ་པ་སེམས་མེད་པ་པ་ཁོ་ན་དག་ཡིན་ནོ་ཞེས་ཟེར་ལ། གནས་བརྟན་དབྱིག་བཤེས་ལ་སོགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མི་གསལ་བ་ཁོ་ནས་སེམས་དང་བཅས་པ་དག་ཡིན་ནོ་ཞེས་ཟེར། རྣལ་འབྱོར་སྤྱོད་པ་པ་དག་ནི་ཀུན་གཞི་རྣམ་པར་ཤེས་པས་སེམས་དང་བཅས་པ་དག་ཡིན་ནོ་ཞེས་ཟེར་ཏེ་གྲུབ་པའི་མཐའ་ཐ་དད་པས་དེ་ལྟ་བས་ན། ད་ནི་ཇི་ལྟར་འགགས་ནས་ཡུན་རིང་དུ་ལོན་པའི་སེམས་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་འདི་ཉེ་བར་འགོད་པར་བྱེད་དེ། འགགས་ནས་ཡུན་རིང་དུ་ལོན་པ་སྨོས་པ་ནི་འགགས་མ་ཐག་པ་བསལ་བའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་དེ་ནི་འགགས་མ་ཐག་པ་ལ་སོགས་པ་ཡང་ཇི་ལྟ་བུ་ཞིག་ཡིན། གལ་ཏེ་འགགས་མ་ཐག་པ་ཡོད་དོ། །ཞེས་བྱ་བར་ཁས་བླངས་ན་ནི་འགགས་ནས་ཡུན་རིང་དུ་ལོན་པ་ཡང་ཅི་སྟེ་ཡོད་དོ་ཞེས་བྱ་བར་ཁས་མི་བླང་ཞེས་ཟེར་རོ། །འགགས་མ་ཐག་པ་ཡོད་པ་ཉིད་དུ་ནི་མི་སྨྲའོ། །འོན་ཀྱང་སྲང་མདའི་མཐོན་དམན་བཞིན་དུ་ད་ལྟར་གྱི་སེམས་ནི་བདག་ཉིད་ཀྱི་སེམས་གཞན་གྱི་རྒྱུའི་དངོས་པོ་རྣམ་པར་བཞག་ནས་འགགས་ལ་གཞན་ནི་སྐྱེའོ། །དེ་ནི་འགགས་ལ་སེམས་གཞན་ནི་
སྐྱེ་བར་འགྱུར་བས་འགགས་མ་ཐག་པའི་སེམས་ལས་སེམས་གཞན་སྐྱེའོ་ཞེས་བྱ་སྟེ། ད་ལྟ་དང་ཉེ་བར་ཡང་ད་ལྟར་དང་འདྲ་བའི་ཕྱིར་རོ། །གཞན་དག་ན་རེ་ནི་ཞེས་བྱ་བ་ནི་མདོ་སྡེ་པ་རྣམས་ཏེ་རེ་ཞིག་གཟུགས་མེད་པར་སྐྱེས་པ་རྣམས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རེ་ཞིག་ཅེས་བྱ་བའི་སྒྲ་ནི་རིམ་གྱིས་དོན་ཏེ། རེ་ཞིག་དཔེའི་དོན་འདི་ཁོ་ན་བརྗོད་པར་བྱ་སྟེ་ཞེས་བྱ་བའི་ཐ་ཚིག་གོ །གཟུགས་ལ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡོད་པར་མི་འདོད་ན། དེ་ཇི་ལྟར་སྐྱེ་ཞེ་ན། དེ་ནི་སེམས་དེ་ཁོ་ན་ལས་སྐྱེའི་གཟུགས་ལས་ནི་མ་ཡིན་ནོ་ཞེས་སྨྲའོ། །འདི་གཉིས་ནི་ཕན་ཚུན་ས་བོན་ཅན་ཡིན་ནོ་ཞེས་བྱ་བ་ནི་སེམས་ལ་ཡང་དབང་པོ་དང་བཅས་པའི་ལུས་ཀྱི་ས་བོན་ཡོད་ལ་དབང་པོ་དང་བཅས་པའི་ལུས་ལ་ཡང་སེམས་ཀྱི་ས་བོན་ཡོད་དོ་ཞེས་བྱ་བ་ཡིན་ནོ། །ཡོངས་སུ་དྲི་བ་ལས་ཞེས་བྱ་བ་ནི་ཡོངས་སུ་དྲི་བ་ཞེས་བྱ་བའི་བསྟན་བཅོས་གནས་བརྟན་དབྱིག་བཤེས་ཀྱིས་བྱས་བ་ཡིན་ནོ། །དེས་དེ་ལས་བཤད་པ་ཡིན་ཏེ། དེའི་བསྟན་བཅོས་བཞི་ལྔ་པ་ལ་སོགས་པ་ཡང་ཡོད་པས་དེའི་ཕྱིར་ཁྱད་པར་དུ་བྱེད་པ་ཡིན་ནོ། །དེ་ལ་སྐྱོན་དུ་འགྱུར་ཞེས་བྱ་བ་སྐྱོན་གང་ཡིན་ཞེ་ན། ད་ནི་ཇི་ལྟར་འགགས་ནས་ཡུན་རིང་དུ་ལོན་པའི་སེམས་ལས་ཞེས་བཤད་པ་གང་ཡིན་པའོ། །གསུམ་འདུས་པ་ཞེས་བྱ་བ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་སོ། །འདི་ལ་འདུ་ཤེས་དང་ཚོར་བ་དག་ཀྱང་འགག་པར་མི་འགྱུར་རོ་ཞེས་བྱ་བ་ནི་བཙུན་པ་དབྱིག་བཤེས་ཀྱི་གཞུང་ལུགས་འགོག་པའི་སྙོམས་པར་འཇུག་པ་དེ་སེམས་དང་བཅས་པ་ཉིད་ཡིན་ཡང་འདི་ལ་འདུ་ཤེས་དང་ཚོར་བ་དག་འགོག་གོ་ཞེས་བྱ་བ་ཡིན་ཏེ། དེའི་ཕྱིར་དེ་ལྟར་ཐལ་བར་བྱེད་པ་ཡིན་ནོ། །མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པ་ཞེས་བྱ་བ་ནི་མ་རིག་པ་དང་ལྷན་ཅིག་པའི་འདུས་ཏེ་རེག་པ་ནི་མ་རིག་པའི་འདུས་ཏེ་རེག་པའོ། །དེ་ལས་སྐྱེས་པ་ནི་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའོ། །ཚོར་བ་སྐྱེ་བ་ལ་ནི་མ་བྱས་ཞེས་བྱ་བ་ནི་རེག་པ་འདི་ལྟ་བུ་ནི་ཚོར་བའི་རྐྱེན་ཡིན་ནོ་ཞེས་བྱ་བར་རོ། །བཙུན་པ་དབྱངས་སྒྲོགས་དེ་ཉིད་ཀྱིས་མཇུག་བརྟུལ་བའི་ཕྱིར་དེ་ལྟ་བས་ན་སེམས་མེད་པ་པ་
ཡིན་ནོ་ཞེས་ཟེར་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ན་སེམས་མེད་པ་སྙོམས་པར་འཇུག་པ་ཉིད་ཡིན་ཞེས་བྱ་བ་ནི་འདི་སྙམ་དུ་བསམ་གཏན་ལ་སོགས་པ་ནི་སྙམས་པར་འཇུག་པས་སེམས་དང་སེམས་ལས་བྱུང་བ་རྣམས་མཉམ་པར་བྱེད་རྩེ་གཅིག་པར་བྱེད་པས་སྙོམས་པར་འཇུག་པ་ཉིད་ཡིན་པར་འོས་ཀྱི་སྙམ་དུ་བསམས་ནས་འདྲི་བར་བྱེད་པ་ཡིན་ནོ། །འབྱུང་བ་ཆེན་པོ་མཉམ་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ནི་འདིས་འབྱུང་བ་ཆེན་པོ་རྣམས་མཉམ་པར་བྱེད་པས་ན་སྙོམས་པར་འཇུག་པ་ཡིན་ནོ། །དེ་ལྟར་ན་འགོག་པའི་སྙོམས་པར་འཇུག་པ་འདི་དང་བསམ་གཏན་ལ་སོགས་པ་ལ་སྙོམས་པར་འཇུག་པ་ཉིད་ཡོད་དོ། །འདི་ལ་འབྱུང་བ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་ཞེ་ན། སེམས་སྐྱེ་བ་དང་འགལ་བར་ཡང་དག་པར་གནས་པའོ།། །།བམ་པོ་བཅོ་ལྔ་པ། འཐོབ་པར་འགྱུར་བས་ན་ཞེས་བྱ་བ་ནི་དེ་ལ་སྙོམས་པར་འཇུག་ཅིང་འཐོབ་པར་འགྱུར་བས་ན་སྙོམས་པར་འཇུག་པ་སྟེ་ལས་སུ་སྒྲུབ་པ་ཡིན་ནོ། །རྣལ་འབྱོར་པ་དག་བསམ་གཏན་ལ་སོགས་པ་ཡང་འཐོབ་པར་འགྱུར་ཏེ། དེ་ལྟ་བས་ན་བསམ་གཏན་ལ་སོགས་པ་ཡང་སྙོམས་པར་འཇུག་པ་ཉིད་ཡིན་ནོ། །རྫས་སུ་ཞེས་བྱ་བ་ནི་རང་གི་མཚན་ཉིད་དུའོ། །སེམས་སྐྱེ་བ་ལ་བགེགས་བྱེད་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་སེམས་སྐྱེ་བའི་བགེགས་བྱེད་པ་ཡིན་ནོ། །མ་ཡིན་ཏེ་སྙོམས་པར་འཇུག་པའི་སེམས་ཁོ་ན་ཞེས་བྱ་བ་དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྙོམས་པར་འཇུག་པའི་སེམས་ཁོ་ན་དེ་ལ་བགེགས་བྱེད་པའི་ཕྱིར་ཏེ་སེམས་སྐྱེ་བ་ལ་བགེགས་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟ་ཞེ་ན། དེ་བསྟན་པའི་ཕྱིར་སྙོམས་པར་འཇུག་པའི་སེམས་ཁོ་ན་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དེ་ཉིད་སྙོམས་པར་འཇུག་པའི་སེམས་ཁོ་ན་ཡིན་གྱི་རྫས་གཞན་ནི་མེད་དོ། །དེ་དང་འགལ་བའི་རྟེན་བསྐྱེད་པའི་ཕྱིར་ཞེས་བྱ་བ་ནི་སེམས་དང་འགལ་བའི་རྟེན་ཏེ་རྒྱུད་བསྐྱེད་པའི་ཕྱིར་རོ། །སེམས་གང་གིས་ན་གཏན་དུ་མ་ཡིན་པ་དུས་གཞན་གྱི་བར་དུ་མི་འཇུག་པར་འགྱུར་བ་སྟེ། ཙམ་ཞེས་
བྱ་བའི་སྒྲ་ནི་རྫས་གཞན་བཟློག་པའི་ཕྱིར་རོ། །སེམས་གཞན་དང་འགལ་བ་སྟེ། མ་འོངས་པའི་སེམས་དང་འགལ་བ་སྐྱེའོ། །མི་འཇུག་པ་ཙམ་གང་ཡིན་པ་དེ་ལ་སྙོམས་པར་འཇུག་པ་ཞེས་གདགས་ཏེ་འདི་ནི་བཏགས་པའི་ཆོས་ཡིན་གྱི་རྫས་ཀྱི་ཆོས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་རྫས་ཀྱི་ཆོས་མ་ཡིན་ན་འདི་ཇི་ལྟར་འདུས་བྱས་ཞེས་གདགས་ཤེ་ན། སྨྲས་པ། མི་འཇུག་པ་ཙམ་དེ་ཡང་སྔོན་མ་བྱུང་བ་དང་དུས་ཕྱིས་ལངས་པའི་རྣལ་འབྱོར་པ་ལ་མེད་པ་ཡིན་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་འམ། འགོག་པའི་སྙོམས་པར་འཇུག་པར་ཡང་རུང་སྙོམས་པར་འཇུག་པ་འདི་ནི་ཐ་སྙད་དུ་འདུས་བྱས་སུ་གདགས་ཀྱི་རྫས་སུ་ནི་མ་ཡིན་ནོ། །རྟེན་ཉིད་དེ་ལྟར་མཉམ་པར་སྒྲུབ་པ་ཞེས་བྱ་བ་ནི་དེ་ལྟ་བུར་རྣམ་པར་འཇོག་པ་སྟེ། གནས་སྐབས་ཀྱི་ཁྱད་པར་ཡིན་ཏེ། ཁོ་བོ་ཅག་ནི་སྙོམས་པར་འཇུག་པས་བསྐྱེད་པ་འདི་ལ་སྙོམས་པར་འཇུག་པ་ཞེས་འདོགས་སོ་ཞེས་བྱ་བའི་ཐ་ཚིག་གོ །གནས་སྐབས་དེ་ཡང་སྔ་མ་བཞིན་དུ་བྱུང་བར་མ་གྱུར་པ་དང་ཕྱིས་ལངས་པ་ལ་མེད་པས་འདུས་བྱས་ཉིད་དུ་འགལ་བ་མེད་དོ། །ཡང་ན་སྙོམས་པར་འཇུག་པ་ཞེས་འབྱུང་སྟེ། སྙོམས་པར་འཇུག་པ་དེ་འདུས་བྱས་ཀྱི་གནས་སྐབས་ཀྱི་ཁྱད་པར་ཡིན་པའི་ཕྱིར་འདུས་བྱས་ཉིད་དུ་འགྲུབ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །འདུ་ཤེས་མེད་པ་པ་ཡང་དེ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། རྣལ་འབྱོར་པ་འདིས་འདུ་ཤེས་མེད་པ་པ་དེར་སེམས་ཁོ་ན་སེམས་འཇུག་པ་པ་དང་འགལ་བ་པ་འཐོབ་པོ། །མི་འཇུག་པ་ཙམ་དེ་ཡང་སེམས་དང་སེམས་ལས་བྱུང་བ་རྣམས་ཞེས་བྱ་བ་ཚིག་ལྷག་མ་ཡིན་ཏེ། འདུ་ཤེས་མེད་པ་པ་ཞེས་བྱ་བར་གདགས་ཀྱི་རྫས་སུ་ནི་མེད་དོ་ཞེས་བྱ་བར་བསམས་པ་ཡིན་ནོ། །དེ་ལྟ་བས་ན་དྲོད་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དྲོད་དང་རྣམ་པར་ཤེས་པ་འཇུག་པ་ནེ་སྲོག་ལ་རག་ལས་པ་ཡིན་ནོ། །དེ་ལྟ་བས་ན་སྲོག་ནི་དྲོད་དང་རྣམ་པར་ཤེས་པའི་རྟེན་ཡིན་ནོ་ཞེས་བྱ་བ་སྟེ། གནས་པའི་རྒྱུ་ཡང་དེ་དག་ཁོ་ན་ཡིན་ནོ། །རྟག་ཏུ་ལྡོག་པ་མེད་
པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་འདི་དག་རྟག་ཏུ་རྒྱུན་ཆགས་པར་ཐལ་བར་འགྱུར་བའོ། །རིས་མཐུན་པ་གནས་པའི་དུས་ཀྱི་འཕེན་པ་ཡིན་ཞེས་བྱ་བ་ལ། རིས་མཐུན་པ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔའི་ངོ་བོ་ཉིད་ཀྱི་འདུ་བྱེད་དེ་ལྟ་བུ་དེ་དག་ཁོ་ན་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་དག་གནས་པ་ནི་རྒྱུན་ཏོ། །དེའི་དུས་ནི་དེས་ཇི་སྲིད་དུ་གནས་པར་འགྱུར་བའི་འདུ་བྱེད་ཀྱི་མཚན་ཉིད་དེ་སྙེད་པ་དེ་དག་ཁོ་ན་ཡིན་ནོ། །དེ་འཕངས་པ་ནི་ཚེ་རབས་སྔ་མའི་ལས་ཀྱིས་ཉིད་མཚམས་སྦྱོར་བའི་སྐད་ཅིག་མ་ལ་རྒྱུར་རྣམ་པར་གཞག་པ་ཡིན་ནོ། །རྒྱུ་དེ་ཡང་གང་ཞེ་ན། ནུས་པའི་ཁྱད་པར་ཡིན་ཏེ། དེ་ནི་བརྒྱུད་པའི་ཕུང་པོའི་རྒྱུན་གྱི་མཚན་ཉིད་ཀྱི་གནས་པའི་རྒྱུར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གནས་པའི་དུས་འཕངས་པ་ཞེས་བྱ་སྟེ། དུས་རེ་ཞིག་རྒྱུན་ཆགས་པ་ལ་ལྟོས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་གནས་པ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་རིས་མཐུན་པའོ། །འབྲུ་རྣམས་ཀྱི་སྨིན་པའི་དུས་འཕེན་པ་ལྟ་བུ་ནི་ཇི་ལྟར་འབྲུ་རྣམས་ཀྱི་སྨིན་པའི་དུས་ཀྱི་འཕེན་པ་ནུས་པའི་ཁྱད་པར་གྱི་ངོ་བོ་ཉིད་སྐད་ཅིག་མ་བརྒྱུད་པས་ཇི་སྲིད་མ་སྨིན་གྱི་བར་དུ་འབྲུའི་རྒྱུན་གྱི་རྒྱུར་འགྱུར་བ་གང་ཡིན་པ་ས་བོན་གྱི་མྱུ་གུ་ལ་འཇོག་པ་ལྟར་འདི་ཡང་དེ་དང་འདྲའོ། །མདའ་འཕངས་པ་དག་གི་གནས་པའི་དུས་ཀྱི་འཕེན་པ་བཞིན་ཞེས་བྱ་བ་ལ། མདའ་འཕངས་པའི་གནས་པ་ནི་ནམ་མཁའི་ཡུལ་གཞན་དུ་འབྱུང་བ་སྟེ། རྒྱུན་གྱིས་འཇུག་པའོ། །དེའི་དུས་ནི་མཚམས་ཏེ་གང་ཕན་ཆད་དུ་མི་འབྱུང་བའོ། །དེའི་འཕེན་པ་ནི་རྒྱུ་རྣམ་པར་གཞག་པའོ། །རྒྱུ་དེ་ཡང་གང་ཞིག་ཡིན་ཞེ་ན། འབད་པ་ཁྱད་པར་ཅན་དུ་གྱུར་པ་ལས་གྲུབ་པའི་རླུང་གི་ཁམས་ཀྱིས་བསྐྱེད་པའི་ནུས་པའི་ཁྱད་པར་ཡིན་ཏེ། ཇི་ལྟར་མདའ་འཕངས་པ་དག་གི་གནས་པའི་དུས་ཀྱི་འཕེན་པ་རྫས་གཞན་མེད་པ་ལྟར་ཚེའི་མཚན་ཉིད་ཀྱི་འཕེན་པ་འདི་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །གང་ཞིག་སེམས་པ་ཞེས་བྱ་བ་ནི་བྱེ་བྲག་པ་ཡིན་ནོ། །འདུ་བྱེད་ཅེས་བྱ་བ་ཡོན་ཏན་གྱི་ཁྱད་པར་ཞེས་བྱ་བ་ནི་ས་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་འདུ་བྱེད་ཅེས་བྱ་བ་ལས། ལས་སྐྱེས་
པ་དང་ལས་ཀྱི་རྒྱུ་ཅན་ཡིན་པ་མིང་གཉིས་པ་ཤུགས་ཞེས་བྱ་བ་མདའ་ལ་སྐྱེ་སྟེ་དེའི་དབང་གིས་ཡོན་ཏན་འདིའི་དབང་གིས་མ་ལྟུང་གི་བར་དུ་འགྲོ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་དེ་ལ་འདི་དཔེར་མི་རུང་སྟེ། ཇི་ལྟར་འདུ་བྱེད་ཅེས་བྱ་བ་རྫས་གཞན་ཡོད་པ་དེ་བཞིན་དུ་ཚེ་ཡང་ཡོད་པར་འགྱུར་རོ་ཞེ་ན། དེའི་ཕྱིར་སློབ་དཔོན་གྱིས་དེའི་གཞུང་ལུགས་སུན་དབྱུང་བ་དེའི་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དེའི་ཞེས་བྱ་བ་ནི་བྱེ་བྲག་པའིའོ། །དེ་ནི་གཅིག་པུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདུ་བྱེད་དེ་གཅིག་པུ་ཡིན་པའི་ཕྱིར་རོ། །གགས་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཤིང་ལ་རྟུགས་པ་ལ་སོགས་པའི་མཚན་ཉིད་ཀྱི་གགས་བྱེད་པ་མེད་པའི་ཕྱིར་རོ། །ཅི་ཞེ་ན། ཡུལ་གཞན་དག་ཏུ་མགྱོགས་པ་དང་ཆེས་དང་ཤིན་ཏུ་ཆེས་དང་མགྱོགས་པར་ཕྱིན་པའི་དུས་ཀྱི་བྱེ་བྲག་ཀྱང་མི་འཐད་དེ། མགྱོགས་པ་དང་ཆེས་མགྱོགས་པ་དང་ཤིན་ཏུ་ཆེས་མགྱོགས་པའོ། །གང་དག་ཏུ་ཞེ་ན། ཡུལ་གཞན་དག་དང་བཅས་པར་ཏེ་ནམ་མཁའི་ཡུལ་ལ་སོགས་པར་རོ། །དེའི་དུས་དེའི་བྱེ་བྲག་དེ་མི་འཐད་དེ་གོང་དུ་བཤད་པའི་གཏན་ཚིགས་དེ་གཉིས་ཀྱིས་ནི་ཡུལ་གཞན་དག་དང་བཅས་པར་མགྱོགས་པ་དང་ཆེས་མགྱོགས་པ་དང་ཤིན་ཏུ་ཆེས་མགྱོགས་པར་མི་འཐད་དོ། །འདུ་བྱེད་པ་ལ་ཁྱད་པར་མེད་པའི་ཕྱིར་ལྟུང་བར་ཡང་མི་འཐད་དོ། །འདུ་བྱེད་ཡོད་ན་མདའ་ལྟུང་བར་ཡང་མི་འཐད་དེ། རྒྱུ་ཡོད་བཞིན་དུ་འབྲས་བུ་མི་འབྱུང་ངོ་ཞེས་བྱ་བ་འདི་ནི་མི་འདོད་དོ། །གལ་ཏེ་རླུང་གིས་དེ་ལ་གགས་བྱས་སོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་དེ་ལ་རླུང་གིས་གགས་བྱས་པའི་ཕྱིར་རླུང་གགས་བྱེད་པའི་ཁྱད་པར་ལས་མགྱོགས་པ་དང་ཆེས་དང་ཤིན་ཏུ་ཆེས་མགྱོགས་པར་ཕྱིན་པར་ཡང་འཐད་ལ་ལྟུང་བར་ཡང་འཐད་དེ། རེག་པ་དང་ལྡན་པའི་རྫས་ཕྲད་པ་ལས་ལས་མེད་དོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བར་འདོད་ན། འདིར་ཚུ་རོལ་དུ་ལྟུང་བར་ཐལ་བར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། མདའ་འཕངས་ན་རླུང་དང་ལྡན་པས་གཞུ་རྒྱུད་དང་བྲལ་མ་ཐག་ཁོ་ནར་དྲུང་ཉིད་དུ་ལྟུང་བར་འགྱུར་རོ། །འོན་ཏེ་རླུང་གིས་གགས་བྱས་ཀྱང་དུང་དུ་མི་ལྟུང་ན་ནི་གཞར་ཡང་མི་
ལྟུང་བར་འགྱུར་ཏེ་ཕྱིས་ཀྱང་ལྟུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་ཞེ་ན། རླུང་ལ་ཁྱད་པར་མེད་པའི་ཕྱིར་ཏེ་ཉེ་བ་ལ་ཇི་ལྟ་བར་རིང་བ་ལ་ཡང་དེ་དང་འདྲའོ། །ཡ་ང་བ་ཡོངས་སུ་མ་སྤངས་པས་སོ་ཞེས་བྱ་བ་ནི་བག་མེད་པར་ཟ་བ་ལ་སོགས་པའི་ཡ་ང་བ་མ་སྤངས་པས་སོ། །ཚེ་ཟད་ན་བསོད་ནམས་ཟད་པ་འཆི་བ་ལ་ནུས་པ་མེད་དེ་དེའི་ཕྱིར་མུ་གསུམ་པར་མི་འགྱུར་རོ། །དེ་ལྟ་བས་ན་གཉི་ག་ཟད་ན་གཉི་ག་ཟད་པ་ལས་འཆི་བ་ཞེས་བྱ་བ་ནི་གཉི་ག་ཟད་ན་ཞེས་བྱ་བའི་དོན་གང་ཡིན་པ་དེ་ནི་གཉི་ག་ཟད་པས་ཞེས་བྱ་བའི་དོན་འདི་ཡིན་པར་བཤད་པར་རིག་པར་བྱའོ། །ཚེ་མ་ཟད་པར་ཡང་འཆི་བར་འགྱུར་རོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། འབྲུ་ལ་སོགས་པ་དང་ཆོས་མཐུན་པའི་ཕྱིར་ཏེ། འབྲུ་ལ་སོགས་པ་ནི་ས་བོན་གྱི་འཕེན་པ་ཡོངས་སུ་ཟད་ཕན་ཆད་ཞིང་དང་ཆུ་ལ་སོགས་པ་རྐྱེན་གཞན་ཡོད་ཀྱང་འབྲས་བུ་སྨིན་པའམ། འབྲས་བུ་སྨིན་པའི་དུས་སུ་མ་ཕྱིན་པ་ཁོ་ནར་རྒྱུན་ལྡོག་པ་ཡང་མཐོང་སྟེ། ས་བོན་ཤིན་ཏུ་གྲུང་བ་མ་ཡིན་པའི་ཕྱིར་རོ། །ས་བོན་གྲུང་པོའི་འཕེན་པ་ཡོད་ཀྱང་ཆུ་ལ་སོགས་པ་གནས་པ་དང་འཕེལ་བ་ལ་སོགས་པའི་རྐྱེན་མེད་པའི་ཕྱིར་རྒྱུན་ལྡོག་པ་ཡང་མཐོང་ངོ༌། །ས་བོན་གྱི་འཕེན་པ་དང་གནས་པ་དང་འཕེལ་བའི་རྐྱེན་མེད་ན་ཡང་མཐོང་སྟེ། གང་གི་ཚེ་ས་བོན་གྱི་འཕེན་པ་ཡང་ཡོངས་སུ་རྫོགས་པ་ཡིན་ལ་ཆུ་ཡང་མེད་པ་ནའོ། །ས་བོན་གྲུང་པོའི་འཕེན་པ་ཡང་ཡོད་ལ་ཆུ་ལ་སོགས་པ་གནས་པ་དང་འཕེལ་བའི་རྐྱེན་ཡང་ཡོད་ཀྱང་འགྲོ་བ་ལ་སོགས་པའི་གནོད་པས་འབྲུ་ལ་སོགས་པའི་རྒྱུན་ལྡོག་པ་ཡང་མཐོང་བ་ལྟ་བུའོ། །གང་ལ་ལུས་ལ་གནོད་པས་གནོད་པར་འགྱུར་བ་དེ་ནི་རྒྱུད་ལ་རག་ལུས་པའི་ཕྱིར་ཞེས་བྱ་བ་འདི་ནི་ཉི་འོག་པའི་གཞུང་ལུགས་ཡིན་ཏེ། ཚེ་དེ་ནི་ལུས་ཀྱི་རྒྱུད་ལ་རག་ལུས་པ་ཡིན་པས་རྒྱུད་ལ་རག་ལུས་པ་ཞེས་བྱའོ། །ཁ་ཆེ་བའི་གཞུང་ལུགས་ལྟར་ན་ཡང་དོན་ནི་དེ་ཁོ་ནར་ཟད་དེ་གློ་བུར་དང་བཅས་པ་དང་གློ་བུར་མེད་པ་ཞེས་བྱ་བ་སྒྲ་ཙམ་ཞིག་ཐ་དད་པར་ཟད་དོ། །ཡང་ན་རྒྱུད་ལ་རག་ལུས་པ་དེ་ནི་རྒྱུད་ཁོ་ན་ལ་ཡོད་པ་འབའ་ཞིག་ཡིན་གྱི་ལན་ཅིག་སྐྱེས་ནས་གནས་པ་མ་ཡིན་
པས་གློ་བུར་དང་བཅས་པ་ཞེས་བྱ་སྟེ། ལུང་འདིས་ནི་དུས་མ་ཡིན་པར་འཆི་བ་ཡོད་དོ་ཞེས་སྟོན་པར་བྱེད་པ་ཡིན་ནོ། །མདོ་ལས་ཀྱང་དུས་མ་ཡིན་པར་འཆི་བ་ཡོད་པར་འབྱུང་ངོ་ཞེས་བསྟན་པའི་ཕྱིར་མདོ་ལས་ལུས་ཐོབ་པ་ནི་བཞི་སྟེ་ཞེས་བྱ་བ་རྒྱས་པར་སྨོས་ཏ། བདག་ཉིད་འཆི་བ་ནི་བདག་ཉིད་ཀྱིས་འཆི་བའོ། །གཞན་གྱིས་གསོད་པ་ནི་ཕ་རོལ་པོས་གསོད་པའོ། །སངས་རྒྱས་རྣམས་ཀྱི་ཡང་ཡིན་པར་བརྗོད་པར་བྱ་བ་ཅི་ཞེ་ན། བདག་ཉིད་འགྲོངས་བ་དེ་བདག་ཉིད་འགྲོངས་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་བརྫི་བའི་ཆོས་ཅན་དང་སྐུ་ཚེ་གཏོང་བ་ལ་མངའ་བརྙེས་པ་ཡང་ཡིན་ནོ། །ཕལ་ཆེར་ཞེས་བྱ་བ་སྨོས་པ་ནི་མུ་བཞི་པར་བསྟན་པ་དམྱལ་བ་དང་སྲིད་པ་བར་མ་པ་ལ་སོགས་པ་ཡོངས་སུ་སྤངས་པའི་ཕྱིར་རོ། །རྒྱལ་པོའི་དྲང་སྲོང་ནི་སྔོན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་བྱེད་པ་ལས་རབ་ཏུ་བྱུང་བའོ། །རྒྱལ་བའི་ཕོ་ཉ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འགའ་ཞིག་ཕོ་ཉར་བཏང་བ་གང་ཡིན་པ་སྟེ། དཔེར་ན་བཅོམ་ལྡན་འདས་ཀྱིས་ནེ་ཙོ་གཅིག་ཅིག་ཨ་མྲ་སྐྱོང་མའི་ཐོག་ཏུ་བཏང་བ་ལིཙྪ་བཱི་རྣམས་ཀྱིས་ཕྲིན་ཟེར་བ་ཡིན་པར་མཐོང་ནས་མདའ་རུབ་ཀྱིས་བྲུབས་ཀྱང་གསད་པར་མ་ནུས་པ་ལྟ་བུ་སྟེ། ཇི་སྲིད་དུ་ཕོ་ཉའི་བྱ་བ་དེ་མ་བྱས་པ་དེ་སྲིད་དུ་བདག་ཉིད་འཆི་བར་ཡང་མི་འགྱུར་ལ་གཞན་གྱིས་གསོད་པར་ཡང་མི་འགྱུར་རོ། །རྒྱལ་བས་བསྟན་པ་ནི་བཅོམ་ལྡན་འདས་ཀྱིས་འདིས་འདི་སྲིད་ཅིག་ཐུབ་པར་འགྱུར་རོ་ཞེས་བཀའ་སྩལ་པ་གང་ཡིན་པའོ། །ཆོས་ལེན་ཞེས་བྱ་བ་ལ་སོགས་པ་ནི་སྔོན་གྱི་གཏམ་རྒྱུད་དག་ལས་ཁོང་དུ་ཆུད་པར་བྱའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་གཞན་དག་ཀྱང་རྟོགས་པར་བྱ་སྟེ། དེ་དག་ནི་བདག་ཉིད་ཀྱང་འཆི་བར་མི་འགྱུར་ལ་གཞན་གྱིས་ཀྱང་གསོད་པར་མི་འགྱུར་རོ། །སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་གང་དག་ཚེ་དེ་ཁོ་ན་ལ་དགྲ་བཅོམ་པ་ཉིད་འཐོབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཡུམ་དེའི་ལྷུམས་ན་གནས་པ་ནི་བྱང་ཆུབ་སེམས་དཔའ་ལྷུམས་ན་བཞུགས་པའོ། །འཁོར་ལོས་སྒྱུར་བའི་མ་འཁོར་ལོས་སྒྱུར་བ་མངལ་ན་གནས་པ་སྟེ། དེ་དག་ནི་བདག་ཉིད་
ཀྱང་མི་འཆི་ལ་གཞན་གྱིས་ཀྱང་གསོད་པར་མི་འགྱུར་རོ། །གལ་ཏེ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཐམས་ཅད་བདག་ཉིད་ཀྱང་མི་འཆི་ལ་གཞན་གྱིས་ཀྱང་གསོད་པར་མི་འགྱུར་ན། འོ་ན་ཡང་ཅིའི་ཕྱིར་མདོ་ལས་གསུངས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དེ་ན་ནི་གཉི་ག་མེད་དོ་ཞེས་བྱ་བ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དེ་ནའོ། །རང་གི་ས་པའི་འཕགས་པའི་ལམ་ནི་མེད་དེ། ཇི་སྲིད་དུ་འདུ་ཤེས་ལ་སྙོམས་པར་འཇུག་པ་དེ་སྲིད་དུ་དེ་ཀུན་ཤེས་པ་འཐོབ་བོ་ཞེས་འབྱུང་བའི་ཕྱིར་རོ། །ས་གོང་མ་པའི་ཉེར་བསྡོགས་ཀྱང་མེད་དེ་གོང་ནས་མེད་པའི་ཕྱིར་རོ། །གཞན་གྱི་ས་པའི་འཕགས་པའི་ལམ་ཞེས་བྱ་བ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་འཕགས་པའི་ལམ་སྟེ། སྲིད་རྩེར་འཕགས་པ་ཅི་ཡང་མེད། །མངོན་སུམ་བྱས་པས་ཟག་པ་ཟད། །ཅེས་བྱ་བའི་ཕྱིར་རོ། །འོ་ན་ནི་མཐའ་སྨོས་པས་ཞེས་བྱ་བ་ལ། འོ་ན་ཞེས་བྱ་བ་ནི་དོན་གཞན་བརྗོད་པར་འདོད་པའི་ཚིག་གི་ཕྲད་ཡིན་ནོ། །དེ་ལ་སོགས་པ་གོའོ་ཞེས་བྱ་བ་ནི་མཐའ་མ་འདུ་ཤེས་མེད་འདུ་ཤེས་མེད་མིན་དེ་ལ་སོགས་པ་སྟེ་བསམ་གཏན་བཞི་པ་དང་གཟུགས་མེད་པ་ལྷག་མ་གསུམ་མོ། །འདོད་པའི་ཁམས་ནི་དེ་ལ་སོགས་པ་མ་ཡིན་ཏེ། མཉམ་པར་གཞག་པ་མ་ཡིན་པ་ཉིད་ཀྱིས་མི་འདྲ་བའི་ཕྱིར་རོ། །ཡང་ན་སྙོམས་པར་འཇུག་པའི་སྒོ་ནས་དེ་ལ་སོགས་པ་གཟུགས་དང་གཟུགས་མེད་པ་དག་ཁོ་ན་ཡིན་ཏེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་འབྱུང་བའི་ཕྱིར་རོ། །དེ་རྟོགས་པ་ནི་དེ་ལ་སོགས་པ་གོ་བའོ། །གཞན་ལ་ལར་ཡང་འདི་ལྟ་བུ་མཐོང་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། ལ་ལར་ནི་མཐའ་ཡང་དང་པོས་གོ་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདི་ལྟ་སྟེ་ཚངས་རིས་ཀྱི་ལྷ་དག་ལྟ་བུ་ཞེས་བྱ་བ་ནི་ཚངས་རིས་ཀྱི་ལྷ་དག་དང་དེའི་མཐའ་བསྡུས་པས་ཚངས་པའི་མདུན་ན་འདོན་དང་ཚངས་ཆེན་དག་ཀྱང་བདེ་བ་སྐྱེ་བ་དང་པོ་ཡིན་ནོ། །འདི་ལྟ་སྟེ་འོད་གསལ་བའི་ལྷ་རྣམས་ལྟ་བུ་ཞེས་བྱ་བ་ནི་འོད་གསལ་བ་དག་དང་དེ་ལ་སོགས་པ་བསྡུས་པས་འོད་ཆུང་དང་ཚད་མེད་འོད་རྣམས་ཀྱང་བདེ་བ་སྐྱེ་བ་གཉིས་པ་ཡིན་ནོ། །བདེ་བ་སྐྱེ་བ་
ནི་གསུམ་ཁོ་ནར་འདོད་དེ། བདེ་བ་སྐྱེ་བ་གསུམ་པོ་ནི། །བསམ་གཏན་གསུམ་ལ་ས་དགུ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །དཔེའི་ཆོས་ནི་འདི་ཡིན་ཞེས་བྱ་བ་ནི་གང་དེའི་རྣམ་པ་གཅིག་སྟོན་པར་བྱེད་ཀྱི་ཐམས་ཅད་མ་ཡིན་ཡང་ལྷག་མ་རྣམས་རྟོགས་པར་འགྱུར་བ་ནི་དཔེའི་ཚུལ་ཡིན་ཏེ། དཔེར་ན་སྒྲ་ནི་མི་རྟག་པ་སྟེ། བྱས་པའི་ཕྱིར། འདི་ལྟ་སྟེ་བུམ་པ་ལྟ་བུའོ་ཞེས་བྱས་ནས་འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་ནི་དཔེར་བརྗོད་པ་ཡིན་པའི་ཕྱིར་རས་ཡུག་ལ་སོགས་པ་ཡང་བསྡུས་པ་ལྟ་བུའོ། །འདི་ནི་ཉེ་བར་སྦྱར་དུ་མི་རུང་ངོ་ཞེས་བྱ་བ་ནི་དཔེར་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །མི་རྣམས་དང་ལྷ་ཁ་ཅིག་གོ་ཞེས་བྱ་བ་ལ། ལྷ་ཁ་ཅིག་ནི་འདོད་པ་ན་སྤྱོད་པ་དྲུག་དང་བསམ་གཏན་དང་པོར་སྐྱེས་པའི་ལྷ་དང་པོར་བྱུང་བ་མ་གཏོགས་པ་རྣམས་ཏེ་ལུས་ཐ་དད་པ་དང་འདུ་ཤེས་ཐ་དད་པའི་སེམས་ཅན་ནི་འདི་དག་ཁོ་ན་ཙམ་དུ་ཟད་ཀྱི་འདི་དག་ལ་མ་གཏོགས་པ་མེད་པས་འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་འདི་ནི་དཔེར་བརྗོད་པ་མ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་ཉེ་བར་བསྟན་པའི་དོན་ཁོ་ནར་བལྟ་བར་བྱའོ། །ཉེ་བར་བསྟན་པ་ཉིད་ཡིན་དང་དེ་ཁོ་ན་དང་འདྲ་བར་མཐའ་སྨོས་པས་དེ་ལ་སོགས་པ་གོའོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །བཟློག་པ་ནི་འདུས་མ་བྱས་སོ་ཞེས་བྱ་བ་ནི་གང་ལ་འདི་དག་མེད་པ་དེ་ནི་འདུས་མ་བྱས་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདུས་མ་བྱས་ཀྱི་མཚན་ཉིད་གནས་པ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། འདུས་མ་བྱས་ཀྱི་གནས་པ་རྫས་གཞན་གྱི་ངོ་བོ་ནི་མེད་དོ། །འདིར་ནི་འདུས་བྱས་ཀྱི་མཚན་ཉིད་རྫས་གཞན་གྱི་ངོ་བོ་དག་ཡིན་པར་འདོད་པས་འདི་ནི་ཀླན་ཀར་མི་རུང་ངོ༌། །མདོ་ལས་གསུམ་པོ་འདི་དག་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ཇི་ལྟ་བུ་ཞེ་ན། མདོ་ལས་དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ནོ། །གསུམ་གང་ཞེ་ན། དགེ་སློང་དག་འདུས་བྱས་ལ་སྐྱེ་བ་ཡང་མངོན་ནོ། །འཇིག་པ་ཡང་མངོན་ནོ། །གནས་པ་གཞན་དུ་འགྱུར་བ་ཡང་མངོན་ནོ་ཞེས་གསུངས་པ་ཡིན་ནོ། །དེར་བཞི་པ་ཡང་བརྗོད་པར་བྱ་དགོས་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨ་བ་རྣམས་ཡིན་ནོ། །འོ་ན་ནི་གནས་པ་གཞན་དུ་འགྱུར་བ་ཞེས་བྱ་བ་གང་ཡིན་པ་ཞེས་བྱ་བ་ལ། རྒོལ་བ་པོའི་
བསམ་པ་ནི་འདི་ལ་གནས་པ་ཞེས་བྱ་བའི་སྒྲ་གྲག་ན་ནི་ཇི་ལྟར་གནས་པ་མ་གསུངས་སོ་ཞེས་བྱ་བ་འདི་བརྗོད་སྙམ་པ་ཡིན་ནོ། །འདི་ནི་རྒ་བའི་རྣམ་གྲངས་ཡིན་ཞེས་བྱ་བ་ནི་གནས་པ་ལས་གཞན་དུ་འགྱུར་བ་ནི་གནས་པ་གཞན་དུ་འགྱུར་བའོ་ཞེས་རྒ་བ་འདི་བསྟན་པ་ཡིན་ཏེ། དཔེར་སྐྱེ་བའི་རྣམ་གྲངས་འབྱུང་བ་ཞེས་བྱ་བ་དང༌། མི་རྟག་པ་ཉིད་ཀྱིས་འཇིག་པ་ཞེས་བྱ་བ་དེ་བཞིན་དུ་གནས་པ་གཞན་དུ་འགྱུར་བ་ནི་རྒ་བའི་རྣམ་གྲངས་ཡིན་ནོ། །ཡང་ཅིའི་ཕྱིར་མཚན་ཉིད་བཞི་ཡོད་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུམ་ཁོ་ན་ཞིག་གསུངས་ཤེ་ན། དེའི་ཕྱིར་ཆོས་གང་དག་ཅེས་བྱ་བ་རྒྱས་པར་སྨོས་སོ། །འདུལ་བ་རྣམས་སྐྱོ་བར་བྱ་བའི་ཕྱིར་སྐྱེ་བ་དང་རྒ་བ་དང་མི་རྟག་པ་ཉིད་དེ་དག་ཁོ་ན་ཆོས་རྣམས་ཀྱི་མཚན་ཉིད་དུ་གསུངས་ཏེ་མདོ་ལས་བསྟན་པ་ནི་དགོངས་པ་ཅན་ཡིན་ལ་ཆོས་མངོན་པ་ལས་བསྟན་པ་ནི་མཚན་ཉིད་པ་ཡིན་ནོ། །རྒ་བ་དང་མི་རྟག་པ་ཉིད་ཀྱིས་ནི་ད་ལྟར་བྱུང་བ་ནས་འདས་པར་ཏེ་ཞེས་བྱ་བ་ནི་སྦེད་དོ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། རྒ་བ་དང་མི་རྟག་པ་ཉིད་དག་གིས་ན་ད་ལྟར་བྱུང་བའི་དུས་ནས་འདས་པར་སྦེད་དོ། །ཅིའི་ཕྱིར་ཞེ་ན་ཉམ་ཆུང་ངུར་བྱས་ཏེ་འཇོམས་པར་བྱེད་པའི་ཕྱིར་ཏེ། དགའ་བས་ནི་ཉམ་ཆུང་ངུ་བྱེད་ལ་མི་རྟག་པ་ཉིད་ཀྱིས་ནི་འཇོམས་པའི་ཕྱིར་རོ། །མི་རྟག་པ་ཉིད་ཁོ་ནས་ཆོས་ད་ལྟར་བྱུང་བའི་དུས་ནས་འདས་པའི་དུས་སུ་སྦེད་པར་བྱེད་ཀྱི་རྒ་བས་ནི་མ་ཡིན་ཏེ། རྒ་བས་ནི་ཆོས་ཉམ་ཆུང་ངུར་བྱེད་པ་འབའ་ཞིག་ཏུ་ཟད་པ་མ་ཡིན་ནམ། ཅིའི་ཕྱིར་འདི་སྐད་དུ་རྒ་བ་དང་མི་རྟག་པ་ཉིད་དག་གིས་ནི་ད་ལྟར་བྱུང་བ་ནས་འདས་པར་སྦེད་པར་བྱེད་དོ་ཞེས་བཤད་ཅེ་ན། དེའི་ཕྱིར་སྨྲས་པ། ཉམ་ཆུང་ངུར་བྱེད་པ་ཡང་དེ་དུས་སུ་སྦེད་པར་བྱེད་པ་ཁོ་ནར་འགྱུར་ཏེ། ཉམ་ཆུང་ངུར་མ་བྱས་པ་ལ་དུས་སུ་འཕོ་བ་མེད་པས་དགའ་བ་ཡང་དེ་དུས་སུ་སྦེད་པར་རྣམ་པར་གཞག་གོ །འདུས་མ་བྱས་ཀྱང་རང་གི་མཚན་ཉིད་ལ་གནས་པ་ཡོད་པའི་ཕྱིར་ཞས་བྱ་བ་ནི་རང་གི་མཚན་ཉིད་ལ་གནས་པའི་གནས་པ་ཡོད་དོ། །གནས་པ་ཡོད་པ་དེའི་ཕྱིར་གནས་པ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་རྣམ་པར་མ་གཞག་སྟེ། གནས་པ་ནི་འདུས་མ་བྱས་ཀྱི་གནས་སྐབས་ཀྱི་ཁྱད་པར་གྱི་མཚན་ཉིད་ཀྱི་གནས་པ་དང་
འདྲ་བས་ཆོས་ཀྱི་རྗེས་བཅོམ་ལྡན་འདས་ཀྱི་དགོངས་པ་ནི་འདུས་མ་བྱས་དེ་འདུས་བྱས་ཉིད་དུ་ཐལ་བར་འགྱུར་བ་སྤང་བར་བཞེད་ནས་མཚན་ཉིད་དུ་མ་བཤད་དོ་སྙམ་པ་ཡིན་ནོ། །གཞན་དག་རྟོག་པར་བྱེད་པ་ནི་ཞེས་བྱ་བ་ནི་མདོ་ལས་ཀྱང་གནས་པ་བཤད་དོ་ཞེས་བྱ་བར་བརྗོད་པ་ཡིན་ཏེ། མདོ་ལས། རྒ་བ་དང་གནས་པ་བསྡུས་ཏེ་གནས་པ་དང་གཞན་དུ་འགྱུར་བ་ནི་གནས་པ་གཞན་དུ་འགྱུར་བ་ཉིད་དོ་ཞེས་བསྡུས་ཏེ་བཤད་ཀྱི་བྱེ་བྲག་ཏུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ནོ་ཞེས་འབྱུང་བ་འགལ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་དག་ནི་ནང་ན་འདི་ནི་ཆགས་པའི་གཞི་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་དག་ནི་ནང་ན་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་ནང་ནའོ། །འདི་ཞེས་བྱ་བ་ནི་གནས་པའོ། །ཆགས་པའི་གཞི་ནི་ཆགས་པའི་གནས་ཏེ་འདིས་ཆོས་གནས་པར་འགྱུར་རོ་སྙམ་པ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གནས་པ་དེ་ལ་མ་ཆགས་པར་བྱ་བའི་དོན་དུ་གནས་པ་དཔལ་དང་འདྲ་བ་འདི་བཀྲ་མི་ཤིས་པ་རྣམ་ནག་མ་དང་ལྷན་ཅིག་ཏུ་བསྟན་ཏེ། ཁ་ཅིག་ནི་འདི་སྐད་དུ་འདི་ལ་ཆགས་པར་མི་བྱ་སྟེ། འདི་ལྟར་འདི་ནི་བཀྲ་ཤིས་མ་དང་བཀྲ་མི་ཤིས་མ་བཞིན་དུ་མི་རྟག་པ་ཉིད་དང་རྗེས་སུ་འབྲེལ་པ་ཡིན་ནོ་ཞེས་བྱ་བར་འཆད་དོ། །གཞན་དག་ནི་འདི་ལ་ཆགས་པར་མི་བྱ་སྟེ། འདི་ལྟར་འདི་བཀྲ་ཤིས་མ་དང་བཀྲ་མི་ཤིས་མ་བཞིན་དུ་རྒ་བ་དང་རྗེས་སུ་འབྲེལ་བ་ཡིན་ཏེ། གཞན་དུ་འགྱུར་བའི་མཚན་ཉིད་ཀྱི་རྒ་བ་དང་གཅིག་ཏུ་བྱ་བ་ཡིན་གྱི་མི་རྟག་པ་ཉིད་དང་ནི་མ་ཡིན་ནོ་ཞེས་ཟེར་རོ། །དེའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་ནི་བཞི་ཁོ་ནའོ་ཞེས་བྱ་བ་ནི་ཕྱོགས་གཉི་གའི་མཇུག་སྡུད་པ་ཡིན་ནོ། །སྐྱེ་བ་ལ་སོགས་པ་གཞན་ཡང་ཡོད་པར་འགྱུར་རོ་ཞེས་བྱ་བ་ནི་སྐྱེ་བའི་མཐུས་འདུས་བྱས་ཀྱི་ཆོས་འགའ་ཞིག་སྐྱེ་བར་འགྱུར་ན་སྐྱེ་བ་ཡང་འདུས་བྱས་ཡིན་པས། དེ་ལྟ་བས་ན་དེ་ལ་ཡང་སྐྱེ་བ་གཞན་ཡོད་པར་འགྱུར་ཏེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་དང་གྲུབ་པའི་མཐའ་ལས། ཐམས་ཅད་འདུས་བྱས་མཚན་ཉིད་དང་ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་རྒ་བ་ལ་སོགས་པ་ལ་
ཡང་སྦྱར་བར་བྱའོ། །དེ་དག་ནི་སྐྱེ་བའི་སྐྱེ་ལ་སོགས་ཞེས་བྱ་བ་ནི་དེ་དག་སྐྱེ་བའི་སྐྱེ་ལ་སོགས་པ་ཡང་ཞེས་བྱ་བར་འདིར་ཡང་ཞེས་བྱ་བའི་སྒྲ་མི་མངོན་པར་བསྟན་པར་བལྟ་བར་བྱའོ། །རེ་རེ་ལ་ཡང་མཚན་ཉིད་བཞི་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མཚན་ཉིད་རེ་རེ་ལ་མཚན་ཉིད་བཞི་པ་སྟེ། མཚན་ཉིད་བཞི་པོ་ཚན་གཅིག་ཏུ་བྱས་པའི་མཚན་ཉིད་བཞི་པར་འགྱུར་རོ། །མཐའ་ཐུག་པ་མེད་པའི་སྐྱོན་དུ་ཡང་ཞེས་བྱ་བ་ནི་མུ་ཐུག་པ་མེད་པའི་སྐྱོན་དུ་ཡང་སྟེ་སྐྱེ་བ་ལ་ཡང་མི་རྟག་པ་ཉིད་ཀྱི་བར་ཡོད་པ་དང་མི་རྟག་པ་ཉིད་ཀྱི་བར་ལ་ཡང་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་དང་མཐུན་པའི་མཚན་ཉིད་དེ་དག་ལ་ཡང་སྐྱེ་བ་གཞན་ལ་སོགས་པ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཆོས་བརྒྱད་དང་གཅིག་ལ་འཇུག་ཅེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་དང་སྐྱེ་བའི་སྐྱེ་བ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ཆོས་དེ་དག་ནི་རིམ་བཞིན་དུ་ཆོས་བརྒྱད་དང་གཅིག་ལ་འཇུག་སྟེ་སྐྱེ་བ་ལ་སོགས་པ་ནི་ཆོས་བརྒྱད་ལ་འཇུག་གོ །སྐྱེ་བའི་སྐྱེ་བ་ལ་སོགས་པ་ནི་ཆོས་གཅིག་ལའོ། །བདག་ཉིད་རྟོགས་པར་དགུ་ཞེས་བྱ་བ་ནི་མཚན་ཉིད་དང་མཐུན་པའི་མཚན་ཉིད་དག་ལ་ལྟོས་ནས་དེ་སྐད་བཤད་ཀྱི། དེ་ལ་ཅི་རིགས་པར་ཐོབ་པ་ལ་སོགས་པ་དང་འབྱུང་བ་དག་དང་འབྱུང་བ་ལས་གྱུར་བ་དག་མི་འབྱུང་བ་ནི་མ་ཡིན་ཏེ། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་བ་དང༌། །ཐམས་ཅད་འདུས་བྱས་མཚན་ཉིད་དང་མཚན་ཉིད་ཐོབ་པའམ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །སྐྱེ་བས་ནི་བདག་ཉིད་མ་གཏོགས་པར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རང་གི་བདག་ཉིད་ལ་བྱེད་པ་འགལ་བས་དེའི་ཕྱིར་བདག་ཉིད་མ་གཏོགས་པར་ཆོས་བརྒྱད་སྐྱེད་པར་བྱེད་དོ། །བརྒྱད་གང་ཞེ་ན་གཟུགས་སམ་སེམས་ཀྱི་ཆོས་དེ་དང་གནས་པ་དང༌། རྒ་བ་དང༌། མི་རྟག་པ་ཉིད་དང་སྐྱེ་བའི་སྐྱེ་བ་དང༌། གནས་པའི་གནས་པ་དང༌། རྒ་བའི་རྒ་བ་དང༌། མི་རྟག་པ་ཉིད་ཀྱིས་མི་རྟག་པ་ཉིད་སྐྱེད་པར་བྱེད་དོ། །སྐྱེ་བའི་སྐྱེ་བས་ནི་དེ་ཁོ་ན་སྐྱེད་པར་བྱེད་དོ། །དེ་བཞིན་དུ་རྒ་བ་དང་མི་རྟག་པ་ཉིད་དག་ལ་ཡང་སྦྱར་བར་བྱའོ་ཞེས་
བྱ་བ་ནི་རྒ་བས་ནི་བདག་ཉིད་མ་གཏོགས་པ་ཆོས་བརྒྱད་སྐྱེད་པར་བྱེད་དོ། །རྒ་བའི་རྒ་བས་ནི་རྒ་བ་དེ་ཁོ་ན་སྐྱེད་པར་བྱེད་དོ། །མི་རྟག་པ་ཉིད་ཀྱིས་ནི་བདག་ཉིད་མ་གཏོགས་པ་ཆོས་བརྒྱད་སྐྱེད་པར་བྱེད་དོ། །མི་རྟག་པ་ཉིད་ཀྱིས་ནི་མི་རྟག་པ་ཉིད་དེ་ཁོ་ན་སྐྱེད་པར་བྱེད་དོ། །འདི་ནི་ནམ་མཁའ་འདྲལ་བར་སྐྱེད་པ་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པར་འདྲལ་བར་བྱེད་པའོ་སྙམ་དུ་བསམས་པ་ཡིན་ནོ། །ནམ་མཁའ་ནི་ཐོགས་པ་དང་བཅས་པའི་རྫས་མེད་པ་ཙམ་དུ་ཟད་ཀྱི། ནམ་མཁའ་ཞེས་བྱ་བ་ནི་ཅུང་ཟད་ཀྱང་མེད་དེ། དེ་ཇི་ལྟར་དྲལ་བར་མི་ནུས་པའམ། ཇི་ལྟར་མི་རུང་བ་དེ་བཞིན་དུ་སྐྱེ་བ་ལ་སོགས་པ་ཡོད་པ་མ་ཡིན་པའི་ཆོས་འདི་དག་ཀྱང་རྣམ་པ་དབྱེ་བར་མི་ནུས་པའམ་མི་རུང་བ་ཡིན་ནོ། །དེའི་ཕྱིར་སྐྱེ་བ་ལ་སོགས་པ་འདི་དག་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདི་དག་ནི་ཇི་ལྟར་རྣམ་པར་འབྱེད་པ་ལྟར་ཏེ་སྐྱེ་བས་ནི་བདག་ཉིད་མ་གཏོགས་པ་ཆོས་བརྒྱད་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་ལྟ་བུ་རྒྱས་པར་རྣམ་པར་འབྱེད་པར་བྱེད་པ་ལྟར་རྫས་སུ་ཡོད་ཅིང་རང་གི་མཚན་ཉིད་དུ་ཡོད་པ་མ་ཡིན་ནོ། །ཇི་ལྟར་གཟུགས་ལ་སོགས་པའི་ཆོས་རྣམས་ཞེས་བྱ་བ་འདིར། སོགས་པ་ཞེས་བྱ་བའི་སྒྲས་ནི་སྒྲ་ལ་སོགས་པ་དང་ཚོར་བ་ལ་སོགས་པ་དང་མིག་ལ་སོགས་པ་བསྡུའོ། །དེ་ལ་རེ་ཞིག་གཟུགས་དང་སྒྲ་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་མཚན་ཉིད་ཀྱི་མངོན་སུམ་གྱི་ཚད་མས་དམིགས་སོ། །ཚོར་བ་ལ་སོགས་པ་ཡང་རང་རིག་པར་བྱ་བ་ཡིན་པའི་ཕྱིར་མངོན་སུམ་གྱིས་དམིགས་སོ། །མིག་ལ་སོགས་པ་ནི་དེ་དག་ཡོད་དམ་མེད་ན་དེ་དག་ཡོད་དམ་མེད་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟེན་གཟུགས་དང་བ་ནི་མིག་ལ་སོགས་པ་ཡིན་ནོ་ཞེས་བྱ་བར་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྗེས་སུ་དཔག་པས་རྗེས་སུ་དཔོག་པར་བྱེད་དོ། །ལུང་ཡང་མིག་གིས་གཟུགས་རྣམས་མཐོང་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་དང༌། དེ་བཞིན་དུ་རྣ་བས་སྒྲ་རྣམས་ཐོས་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དྲི་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །
དེ་བཞིན་དུ་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ་འདས་པའམ། མ་འོངས་པའམ་ད་ལྟར་བྱུང་བའམ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཚོར་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གཞན་གྱི་རྒྱུད་ལ་ཡོད་པའི་ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པ་རྣམས་ཡོད་པ་ཉིད་དུ་རྗེས་སུ་དཔག་པ་ནི་བདག་ཉིད་ཀྱི་བཞིན་དུ་ལུས་ཀྱི་གཡོ་བ་མཐོང་ནས་དེ་དག་རྟོགས་པའི་ཕྱིར་རོ། །ལུང་ཡང་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་དང་དེ་དང་ལྷན་ཅིག་སྐྱེ་བ་འདུ་ཤེས་དང་ཚོར་བ་དང་སེམས་པ་དག་སྐྱེའོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །སྐྱེ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་བཞིན་དུ་མངོན་སུམ་དུ་ཡང་མི་འགྱུར་ལ་འདི་དག་ཡོད་པ་ཉིད་དུ་ནུས་པའི་རྗེས་སུ་དཔག་པ་ཡང་མེད་དོ། །རྫས་སུ་ཡོད་པ་ཉིད་ཀྱི་ལུང་ཡང་མེད་དོ། །འོ་ན་གང་མདོ་ལས་གསུངས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདུས་བྱས་སྐྱེ་བར་ཡང་སྣང་ངོ་ཞེས་བྱ་བ་རྒྱས་པར་འབྱུང་བའི་ལུང་འདི་ཡོད་པ་མ་ཡིན་ནམ་ཞེས་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ནི་དོན་ལ་རྟོན་པར་གསུངས་སོ་ཞེས་བྱ་བ་ནི་དགེ་སློང་དག་རྟོན་པ་ནི་བཞི་པོ་འདི་དག་ཡིན་ནོ། །བཞི་གང་ཞེ་ན། ཆོས་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་དང༌། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མ་ཡིན་པ་དང༌། ངེས་པའི་དོན་གྱི་མདོ་ལ་རྟོན་གྱི་དྲང་བའི་དོན་ལ་མ་ཡིན་པ་དང༌། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མ་ཡིན་པའོ་ཞེས་བྱ་བ་དང༌། དེ་བཞིན་དུ་དོན་ལ་རྟོན་པ་ཡིན་གྱི་ཚིག་འབྲུ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་འབྱུང་བ་ཡིན་ནོ། །འདིའི་དོན་གང་ཞེ་ན་ཞེས་བྱ་བ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་མདོ་ཉེ་བར་བཀོད་པ་འདིའོ། །དོན་དེ་བསྟན་པའི་ཕྱིར་མ་རིག་པས་ལྡོངས་པའི་བྱིས་པ་རྣམས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདུ་བྱེད་ཀྱི་རྒྱུན་ལ་བདག་དང་བདག་གིར་མོས་པ་ནི་དགའ་བར་གྱུར་པའོ། །མངོན་པར་ཞེན་པ་ནི་ཆགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །འདུས་བྱས་ཉིད་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཅེས་བྱ་བ་ནི་རྣམ་གྲངས་ཡིན་ཏེ་རྐྱེན་རྣམས་འདུས་ཤིང་ཕྲད་ནས་བྱས་པ་ནི་འདུས་བྱས་
སོ། །རྐྱེན་དེ་དང་ཕྲད་ནས་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །སྐད་ཅིག་མ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ནི་རྒྱུན་ཁོ་ན་ལ་འདུས་བྱས་ཉིད་བརྗོད་པར་བཞེད་ནས་གསུངས་པ་ཡིན་གྱི་སྐད་ཅིག་མ་ལ་ནི་མ་ཡིན་ཏེ་སྐད་ཅིག་མ་ནི་རྟོགས་པར་དཀའ་བའི་ཕྱིར་སྐད་ཅིག་མ་ལ་སྐྱེ་བ་དང་འཇིག་པ་དང་གནས་པ་གཞན་དུ་འགྱུར་བ་ཉིད་ཀྱི་ཆོས་དག་མི་མངོན་ནོ། །ཇི་སྟེ་ཁྱོད་དེ་དག་མི་མངོན་ཡང་མཚན་ཉིད་ཡིན་པར་འོས་སོ་སྙམ་དུ་སེམས་ན། དེའི་ཕྱིར། མི་མངོན་པ་དེ་དག་ནི་མཚན་ཉིད་ཡིན་པར་འོས་པ་མ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །མངོན་པ་ཁོ་ན་མཚན་ཉིད་ཡིན་ཏེ། དཔེར་ན་ཆུའི་ཆུ་སྐྱར་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་མདོ་དེ་ལས་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཕྱིར་མདོ་ལས་མངོན་ནོ་ཞེས་བྱ་བ་སྨོས་པ་མཛད་ཀྱི་དེ་ལྟ་མ་ཡིན་ན་འདུས་བྱས་སྐྱེ་བ་ཡང་འཇིག་པ་ཡང་གནས་པ་གཞན་དུ་འགྱུར་བ་ཉིད་ཀྱང་ཞེས་བྱ་བ་ཁོ་ན་ཞིག་བཀའ་སྩལ་བར་འགྱུར་རོ། །འདུས་བྱས་ཀྱི་མཚན་ཉིད་དག་ཅེས་བྱ་བ་ནི་འདུས་བྱས་ཞེས་བྱ་བའི་མཚན་ཉིད་དག་ཡིན་ནོ་ཞེས་བྱ་བའི་དོན་དུ་ཡོངས་སུ་གཟུང་བའི་ཕྱིར་ཡང་འདུས་བྱས་ཞེས་བྱ་བ་སྨོས་སོ། །ཆུ་དང་ཆུ་སྐྱར་ལྟར་ཞེས་བྱ་བ་འདི་ནི་ཆོས་མི་མཐུན་པའི་དཔེ་ཡིན་ཏེ་ཇི་ལྟར་ཆུ་སྐྱར་ཆུ་ཡོད་པ་ཉིད་ཀྱི་མཚན་ཉིད་ཡིན་གྱི། ཆུའི་ཆུ་ཉིད་ཀྱི་མཚན་ཉིད་ནི་མ་ཡིན་པ་དེ་ལྟར་ཤེས་ན་མི་རུང་ངོ༌། །ཅི་ཞེ་ན། འདུས་བྱས་ཀྱི་དངོས་པོ་ཡོད་པ་ཉིད་དག་ཡིན་ནོ་ཞེས་བྱ་བར་རོ། །དགེ་བ་དང་མི་དགེ་བ་ཉིད་ཀྱི་བུ་མོའི་མཚན་བཞིན་ཞེས་བྱ་བ་ནི་ཇི་ལྟར་བུ་མོའི་མཚན་བཟང་བ་དང་མི་བཟང་བ་དག་གོ་རིམས་བཞིན་དུ་དགེ་བ་དང་མི་དགེ་བ་ཉིད་ཀྱི་མཚན་ཉིད་དག་ཡིན་པ་ལྟ་བུར་ཏེ། གལ་ཏེ་འདི་དག་ཀྱང་དེ་དང་འདྲ་བར་འདུས་བྱས་ཀྱི་དངོས་པོ་ཡོད་པ་ཉིད་དམ། །དགེ་བ་ཉིད་དང་མི་དགེ་བ་ཉིད་ཀྱི་མཚན་ཉིད་ཡིན་པར་བཞེད་པར་གྱུར་ན་ནི་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ནོ་ཞེས་བཀའ་སྩལ་བར་འགྱུར་གྱི། འདུས་བྱས་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་ནི་བཀའ་སྩལ་པར་མི་འགྱུར་བ་ཞིག་ན་ཡང་བཀའ་སྩལ་ཡང་སྩལ་ཏོ། །དེས་ན་འདུས་བྱས་ཉིད་མཚན་ཉིད་དག་
ཡིན་ནོ་ཞེས་བྱ་བར་ཤེས་སོ། །ཡང་ཇི་ལྟར་ན་སྐྱེ་བ་ལ་སོགས་པ་ཡོད་པ་མ་ཡིན་པ་རྒྱུན་དག་ལ་རྣམ་པར་བཞག་པའམ་མངོན་པ་ཡིན་ཞེ་ན། སྐྱེ་བ་ལ་སོགས་པ་མེད་ཅེས་ནི་མི་སྨྲའི། ཇི་ལྟར་རྫས་ཀྱི་ངོ་བོར་རྣམ་པར་ཕྱེ་བ་དེ་ལྟར་ནི་ཡོད་པ་མ་ཡིན་ནོ་ཞེས་སྨྲའོ། །འོ་ན་ཁྱེད་ཀྱི་ལྟར་ནི་ཇི་ལྟར་ཡོད་པ་དེ་བཞིན་དུ་སྨྲོས་ཤིག་ཅེ་ན། དེའི་ཕྱིར་རྒྱུན་གྱི་དང་པོ་ནི་སྐྱེ་བ་ཡིན་ནོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ལྡོག་པ་ནི་འཇིག་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱུན་ཞིག་པ་ནི་འཇིག་པ་ཡིན་པའོ། །རྒྱུན་དེ་ཉིད་རྗེས་སུ་འཇུག་པ་ཞེས་བྱ་བ་སྐད་ཅིག་མ་འདྲ་བ་རྗེས་སུ་འཇུག་པའི་ཕྱིར་རྒྱུན་རྗེས་སུ་འཇུག་པ་ནི་གནས་པ་ཞེས་བྱའོ། །དེའི་སྔ་ཕྱིའི་བྱེ་བྲག་ཅེས་བྱ་བ་ནི་སྔ་མ་ལས་སྐད་ཅིག་མ་ཕྱི་མ་བྱེ་བྲག་ཡོད་པའམ་སྐད་ཅིག་སྔ་མ་དང་ཕྱི་མ་དང་གི་བྱེ་བྲག་ནི་སྔ་ཕྱིའི་བྱེ་བྲག་གོ །དེ་ལྟ་ཡིན་པས་ན་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་རྒྱུན་གྱི་ངོ་བོ་ཁོ་ན་ཡིན་པས་ན་ཚེ་དང་ལྡན་པ་མཛེས་དགའི་དྲན་པ་ཉེ་བར་གནས་པ་ལས་བརྩམས་ཏེ་གསུངས་པ་ཡིན་ཏེ། དེའི་ཚོར་བ་རྒྱུན་དང་ལྡན་པ་རིག་བཞིན་དུ་སྐྱེ་ཞིང་རིག་བཞིན་དུ་གནས་པ་དང་རིག་བཞིན་དུ་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པར་འགྱུར་རོ། །རྟོགས་པར་དཀའ་བའི་ཕྱིར་སྐད་ཅིག་མ་དང་ལྡན་པ་ནི་མ་ཡིན་ཏེ། སྐད་ཅིག་མ་ནི་རིག་ཀྱང་གནས་པ་མི་སྲིད་པའི་ཕྱིར་རོ། །དོན་འདི་ཉིད་ཚིགས་སུ་བཅད་པ་གཉིས་ཀྱིས་བསྡུ་བའི་ཕྱིར། །རྒྱུན་གྱི་དང་པོ་སྐྱེ་བ་ཡིན། །ཞེས་བྱ་བ་ལ་སོགས་པ་ཐམས་ཅད་སྨོས་སོ། །གནས་པ་དེ་ཞེས་བྱ་བ་ནི་རྒྱུན་དེ་ཉིད་གནས་པ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ནི་རྒྱུན་དེ་ཉིད་ཀྱིའོ། །དེ་ཆད་ཅེས་བྱ་བ་ནི་རྒྱུན་ཆད་པའོ། །སྐད་ཅིག་མའི་ཆོས་ལ་ནི་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ཡིན་ཏེ། གལ་ཏེ་སྐད་ཅིག་མའི་ཆོས་ནི་གནས་པ་ཞིག་མེད་ན་འཇིག་པར་འགྱུར་བས་གནས་པ་ཡོད་དོ་ཞེས་བྱ་བར་སེམས་ན་ཆོས་དེ་ཡང་གནས་པ་ཡོད་བཞིན་དུ་ཡང་འཇིག་པར་འགྱུར་བ་ཁོ་ན་སྟེ། སྐད་ཅིག་མ་ཡིན་པའི་ཕྱིར་དང༌། འཇིག་པ་ལ་རྒྱུ་མེད་པའི་ཕྱིར་འཇིག་པར་འགྱུར་བ་ཁོ་ནའོ། །དེ་ལྟ་བས་ན་དེར་རྟོག་པ་དོན་མེད་དེ། གནས་པར་རྟོག་པ་དགོས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །སྐད་ཅིག་
གཉིས་པ་ལ་སོགས་པའི་གནས་པ་ལ་གནས་པར་རྟོག་པ་ནི་དོན་མེད་པ་མ་ཡིན་ནོ། །དེའི་ཕྱིར་གནས་པ་ནི་རྒྱུན་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་སྐད་ཅིག་མ་ལ་གནས་པར་རྟོག་པའི་དོན་མེད་པས་སོ། །དེ་ལྟར་བཤད་ན་འདི་ཡང་ཞེས་བྱ་བ་ནི་གནས་པ་ནི་རྒྱུན་ཁོ་ན་ཡིན་པར་བཤད་ན་ཞེས་བྱ་བའི་ཐ་ཚིག་གོ །སྐྱེས་པ་སྐད་ཅིག་མ་ལ་ནི་མི་འཇིག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ལ་ཁ་ཅིག་འདི་སྙམ་དུ་གནས་པ་ཡོད་པའི་ཕྱིར་ཆོས་སྐྱེས་པ་སྐད་ཅིག་མ་གཅིག་ཅིག་མི་འཇིག་པ་ཡིན་ནོ། །གལ་ཏེ་གནས་པ་མེད་ན་ནི་སྐད་ཅིག་མ་གཅིག་པོ་དེ་ཡང་ཡོད་པར་མི་འགྱུར་རོ་སྙམ་དུ་སེམས་ན་མ་ཡིན་ཏེ། དེ་ཡོད་པ་ཉིད་ནི་འདི་ཡོད་ན་འདི་འབྱུང་ཞེས་འབྱུང་བའི་ཕྱིར་རྒྱུ་དང་རྐྱེན་དང་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་གནས་པས་ཉེ་བར་འཛིན་ཏོ་སྙམ་སྟེ། ཇི་སྟེ་རྒྱུ་དང་རྐྱེན་དག་ལས་སྐྱེ་བའི་ཆོས་གནས་པས་ཉེ་བར་འཛིན་ཏོ་ཞེས་བྱ་བར་འདོད་ན། གལ་ཏེ་གནས་པས་ཉེ་བར་མ་བཟུང་ན་ཅི་ཞིག་ཏུ་འགྱུར། བདག་ཉིད་ཡོད་པར་མི་འགྱུར་རོ། །འོ་ན་ནི་གནས་པས་སྐྱེད་པར་བྱེད་པ་ཡིན་པར་འགྱུར་གྱི་གནས་པར་བྱེད་པ་ནི་མ་ཡིན་ནོ། །གལ་ཏེ་གནས་པས་རྒྱུན་ཡོད་པ་གནས་པར་བྱེད་དོ། །ཞེ་ན། རྒྱུ་དང་རྐྱེན་དག་ལ་གནས་པ་ཞེས་བྱ་བར་ཐལ་བར་འགྱུར་ཏེ། རྒྱུ་དང་རྐྱེན་རྣམས་ནི་རྒྱུན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །རིས་མཐུན་པའི་སེམས་ལ་རུང་བར་འགྱུར་རོ་ཞེས་བྱ་བ་ནི་རིས་མཐུན་པ་གཅིག་ལ་སེམས་དུ་མ་ཡང་རིས་མཐུན་པ་གཅིག་ལས་བྱུང་བའི་ཕྱིར་གཅིག་ཅེས་བྱའོ་སྙམ་དུ་བསམས་པ་ཡིན་ཏེ། སེམས་དེ་ལ་སེམས་གཅིག་ལ་ཞེས་བྱ་བར་བརྗོད་དུ་རུང་གི །དེ་ལྟ་མ་ཡིན་ན་སེམས་ཀྱི་སྐད་ཅིག་མ་གཅིག་ལ་ཇི་ལྟར་སྐྱེ་བ་དང་འཆི་བ་དང་གནས་པ་གཞན་དུ་འགྱུར་བ་ཉིད་དུ་འགྱུར། ཕྱི་མ་ཕྱི་མའི་སྐད་ཅིག་མ་རྗེས་སུ་འབྲེལ་པ་ནི་གནས་པའོ་ཞེས་བྱ་བ་ནི་མཚུངས་པའི་ཕྱིར་སྐད་ཅིག་མ་ཕྱི་མ་ནི་སྐད་ཅིག་མ་སྔ་མ་དང་འདྲ་བ་ཡིན་ཏེ། དེའི་ཕྱིར་སྐད་ཅིག་མ་སྔ་མ་དེ་ད་དུང་གནས་པ་དང་འདྲ་བས་ན་སྐད་ཅིག་མ་ཕྱི་མ་ལ་གནས་པ་ཞེས་བྱའོ། །འོ་ན་གང་གི་ཚེ་འདྲ་བར་ཡང་སྐྱེའོ་ཞེས་བྱ་བ་ནི་འོ་ན་གང་གི་ཚེ་འདྲ་བར་སྐྱེ་བ་དེའི་ཚེ་ནི་མི་
འདྲ་བ་ཉིད་མེད་དོ། །གནས་པ་གཞན་དུ་འགྱུར་བ་ཉིད་ནི་མི་འདྲ་བ་ཉིད་ཡིན་པར་བཤད་དེ། དེ་བས་ན་འདྲ་བར་སྐྱེ་བ་ལ་གནས་པ་གཞན་དུ་འགྱུར་བ་ཉིད་མེད་པས་མཚན་ཉིད་མ་ཁྱབ་པ་ཅན་དུ་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །འཕངས་པ་དང་མ་འཕངས་པ་དང་སྟོབས་ཆེན་པོ་དང་སྟོབས་ཆུང་ངུས་འཕངས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ནི་འཕངས་པ་དང་མ་འཕངས་པ་ཡིན་པས་འཕངས་པ་དང་མ་འཕངས་པའོ། །སྟོབས་ཆེན་པོ་དང་སྟོབས་ཆུང་ངུ་དག་གིས་འཕངས་པ་ནི་སྟོབས་ཆེན་པོ་དང་སྟོབས་ཆུང་ངུས་འཕངས་པའོ། །དེ་ནི་འཕངས་པ་དང་མ་འཕངས་པ་ཡང་ཡིན་ལ་སྟོབས་ཆེན་པོ་དང་སྟོབས་ཆུང་ངུས་འཕངས་པ་ཡང་ཡིན་པས་འཕངས་པ་དང་མ་འཕངས་པ་དང་སྟོབས་ཆེན་པོ་དང་སྟོབས་ཆུང་ངུས་འཕངས་པའོ། །དེ་ཅི་ཞེ་ན། རྡོ་རྗེ་ལ་སོགས་པ་སྟེ། སོགས་པ་སྨོས་པས་ནི་ལྕགས་དང་རྡོ་ལ་སོགས་པ་བསྡུའོ། །གཞན་དག་ནི་འདི་ལྟར་ཚིག་རྣམ་པར་སྦྱོར་བར་བྱེད་དེ། འཕངས་པ་དང་མ་འཕངས་པ་ནི་འཕངས་པ་དང་མ་འཕངས་པ་དག་ཡིན་ནོ། །སྟོབས་ཆེན་པོ་དང་སྟོབས་ཆུང་ངུ་དག་གིས་འཕངས་པ་དག་ནི་སྟོབས་ཆེན་པོ་དང་སྟོབས་ཆུང་ངུས་འཕངས་པ་དག་སྟེ། རྣམ་པ་འདི་གཉིས་ནི་འཕངས་པའི་བྱེ་བྲག་ཡིན་ནོ། །འདི་ལ་རྡོ་རྗེ་ལ་འཕངས་པ་དང་མ་འཕངས་པ་དང་སྟོབས་ཆེན་པོ་དང་སྟོབས་ཆུང་ངུས་འཕངས་པ་དང་ཡོད་པས་ན་རྡོ་རྗེ་ལ་སོགས་པ་འཕངས་པ་དང་མ་འཕངས་པ་དང་སྟོབས་ཆེན་པོ་དང་སྟོབས་ཆུང་ངུས་འཕངས་པའོ། །ཚིག་རྣམ་པར་སྦྱར་བ་འདི་ལ་རྡོ་རྗེ་ལ་སོགས་པ་ཁྱད་པར་ཡིན་ལ་འཕངས་པ་དང་མ་འཕངས་པ་དང་སྟོབས་ཆེན་པོ་ཆེན་པོ་དང་སྟོབས་ཆུང་ངུས་འཕངས་པ་ནི་ཁྱད་པར་གྱི་གཞི་ཡིན་ནོ། །དེ་ལྟ་བུའི་རྡོ་རྗེ་ལ་སོགས་པ་དེ་ཅི་རིགས་པར་བུལ་བ་དང་མྱུར་བ་དང་ཆེས་བུལ་པ་དང་ཆེས་མྱུར་བར་ལྟུང་བ་སྟེ་འཕངས་པ་ནི་བུལ་བར་ལྟུང་ངོ༌། །མ་འཕངས་པ་ནི་ཆེས་བུ་ལ་བར་ལྟུང་ངོ༌། །སྟོབས་ཆུང་ངུས་འཕངས་པ་ནི་མྱུར་བར་ལྟུང་ངོ༌། །སྟོབས་ཆེན་པོས་འཕངས་པ་ནི་ཆེས་མྱུར་བར་ལྟུང་ངོ༌། །དེའི་དུས་ཏེ་དེའི་བྱེ་བྲག་གོ །བུལ་བ་དང་མྱུར་བ་དང༌།
ཆེས་བུལ་བ་དང་མྱུར་བར་ལྟུང་བའི་དུས་ཀྱི་བྱེ་བྲག་ལས་དེའི་འབྱུང་བ་རྣམས་ཀྱི་སྟེ་རྡོ་རྗེ་ལ་སོགས་པའི་འབྱུང་བ་རྣམས་ཀྱི་ཡོངས་སུ་གྱུར་པའི་བྱེ་བྲག་སྟེ་འཕངས་པའི་ཡོངས་སུ་གྱུར་པ་ཡང་གང་གིས་ན་བུལ་བར་ལྟུང་བ་སྟེ། གཞན་དུ་ཡིན་ལ་དེ་བཞིན་དུ་སྟོབས་ཆེན་པོས་འཕངས་པའི་ཡོངས་སུ་གྱུར་པ་ཡང་གང་གིས་ན་ཆེས་མྱུར་བར་ལྟུང་བའི་བར་དུ་གཞན་དུ་ཡིན་ནོ། །ཡོངས་སུ་གྱུར་པའི་བྱེ་བྲག་དེ་འགྲུབ་སྟེ་ཡོངས་སུ་གྱུར་པའི་བྱེ་བྲག་འགྲུབ་པ་དེའི་ཕྱིར་དེ་དག་ཁྱད་པར་མེད་པ་མ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །འོ་ན་ནི་སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་ཞེས་བྱ་བར་རྒྱས་པར་འབྱུང་བ་ནི་སྒྲ་དང་མར་མེ་ལ་སོགས་པའི་རྒྱུན་འཇིག་པའི་དུས་ཀྱི་སྐད་ཅིག་མ་ཐ་མ་གང་ཡིན་པ་དང་དགྲ་བཅོམ་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདའ་བའི་ཚེ་སྐྱེ་མཆེད་ལ་སྐད་ཅིག་མ་ཕྱི་མ་མེད་པའི་ཕྱིར་གནས་པ་མེད་དོ། །གནས་པ་མེད་པའི་ཕྱིར་གནས་པ་གཞན་དུ་འགྱུར་བ་ཉིད་མེད་པས་དེའི་མི་འདྲ་བ་ཉིད་ནི་གནས་པ་གཞན་དུ་འགྱུར་བ་ཉིད་དོ་ཞེས་བཤད་པ་གང་ཡིན་པའི་མཚན་ཉིད་རྣམ་པར་བཞག་པ་མ་ཁྱབ་པ་ཅན་དུ་འགྱུར་རོ་ཞེ་ན། གང་ལ་གནས་པ་ཡོད་པ་དེ་ལ་ནི་གདོན་མི་ཟ་བར་གཞན་དུ་འགྱུར་བ་ཉིད་ཀྱང་ཡོད་ལ་གང་ལ་གནས་པ་མེད་པ་དེ་ལ་ནི་གཞན་དུ་འགྱུར་བ་ཉིད་ཀྱང་མེད་དོ་ཞེས་བཤད་པ་ཡིན་ཏེ། མདོ་ལས་ནི་སྲིད་པའི་ཕྱིར་འདི་སྐད་དུ་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དོ་ཞེས་བཤད་པར་ཟད་དོ། །དེ་ལྟ་བས་ན་སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་ལ་སོགས་པ་ལ་ནི་མཚན་ཉིད་སྐྱེ་བ་དང་འཇིག་པ་གཉིས་ཁོ་ནར་ཡོད་པར་འདོད་ལ། དེ་ལས་གཞན་པ་དག་ལ་ནི་གནས་པ་གཞན་དུ་འགྱུར་བ་ཉིད་ཀྱང་ཡོད་དོ། །གཞན་དག་ན་རེ་ནི་སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་ལ་སོགས་པ་ལ་ཡང་རང་གནས་པ་གང་ཡིན་པའི་གནས་པ་ཡོད་ལ། དེའི་གཞན་དུ་འགྱུར་བ་ཉིད་ནི་སྐད་ཅིག་མ་སྔ་མ་ལ་ལྟོས་པ་ཡིན་པས་དེ་དག་ལ་ཡང་མཚན་ཉིད་གསུམ་རྣམ་པར་གཞག་གོ་ཞེས་ཟེར་རོ། །དེ་ནི་ཇི་ལྟར་མཚན་ཉིད་ཀྱི་གཞིའི་ཆོས་དེ་ཉིད་ཀྱི་མཚན་ཉིད་དུ་ཞེས་བྱ་བ་ནི་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དག་ནི་ཆུ་
དང་ཆུ་སྐྱར་བཞིན་དུ་གཞན་ཉིད་ཡིན་པར་མཐོང་ནས་རྒོལ་བར་བྱེད་པ་ཡིན་ནོ། །མདོ་སྡེ་པ་རྣམས་ཀྱིས་དེ་འཁྲུལ་བར་བསྟན་པའི་ཕྱིར། རེ་ཞིག་ཇི་ལྟར་ན་སྐྱེས་བུ་ཆེན་པོའི་མཚན་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་ཆེན་པོའི་མཚན་རྣམས་ནི་སྐྱེས་བུ་ཆེན་པོས་བསྡུས་པའི་ཕྱིར་ཏེ་དེ་ལས་གཞན་པ་མ་ཡིན་ནོ། །སྐྱེས་བུ་ཆེན་པོ་ནི་སྐྱེས་བུ་ཆེན་པོའི་མཚན་ཙམ་མ་ཡིན་གྱི། ཆོས་ཙམ་ནི་མ་བྱུང་བ་ལས་འབྱུང་བ་བྱུང་ནས་ཀྱང་མེད་པར་འགྱུར་བར་འདི་ནི་དཔེར་མི་རུང་ངོ་ཞེས་སྨྲ་ན་འདི་ལ་བདག་སྨྲ་བར་བྱའོ། །འདི་ནི་མཚུངས་པ་ཉིད་དེ། ཇི་ལྟར་སྐྱེས་བུ་ཆེན་པོའི་མཚན་རྣམས་ལ་སྐྱེས་བུ་ཆེན་པོ་ཞེས་ཀྱང་བྱ་སྐྱེས་བུ་ཆེན་པོའི་མཚན་ཞེས་ཀྱང་བྱ་བ་དེ་བཞིན་དུ་འདུས་བྱས་ཀྱི་ཆོས་ལ་ཡང་འདུས་བྱས་ཞེས་ཀྱང་བྱ་ལ་འདུས་བྱས་ཀྱི་མཚན་ཉིད་ཅེས་ཀྱང་བྱ་སྟེ། ཆོས་དེ་ནི་སྐྱེ་བ་ལ་སོགས་པའི་མཚན་ཉིད་གནས་སྐབས་ཀྱི་ཁྱད་པར་གྱིས་མཚོན་པར་བྱེད་དོ། །གང་གི་ཚེ་རྒྱུན་ལ་མཚན་ཉིད་རྣམ་པར་འཇོག་པར་བྱེད་པ་དེའི་ཚེ་ནི་སྤྱིས་སྤྱི་མཚོན་པར་བྱེད་དེ། དཔེར་ན་སྐྱེས་བུ་ཆེན་པོ་ཞེས་བྱ་བ་སྤྱི་སྐྱེས་བུ་ཆེན་པོའི་མཚན་སྤྱིས་མཚོན་པར་བྱེད་པ་བཞིན་ནོ། །འདིས་ནི་ལྐོག་ཤལ་ལ་སོགས་པའི་མཚན་ཉིད་དག་ཀྱང་རྣམ་པར་བཤང་པ་ཡིན་ནོ། །སྲ་བ་ཉིད་ལ་སོགས་པ་དག་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དཔེ་འདི་ནི་འདིའི་གསུང་རབ་ལས་གྲགས་པ་ཡིན་པའི་ཕྱིར་གཉི་ག་ལ་གྲུབ་པ་ཡིན་ཏེ། སའི་ཁམས་ནི་སྲ་བའི་མཚན་ཉིད་ཅན་ཡིན་ནོ་ཞེས་བྱ་བ་མོད་ཀྱི་སྲ་བ་ཉིད་སའི་ཁམས་ལས་གཞན་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཐམས་ཅད་ལའང་སྦྱར་བར་བྱའོ། །སའི་ཁམས་དེ་སྲ་བའི་མཚོན་པར་བྱེད་པ་ན་སྲ་བའི་མཚན་ཉིད་ཅེས་བྱ་བ་དེ་བཞིན་དུ་འདུས་བྱས་དེ་ཉིད་མ་བྱུང་བ་ལས་འབྱུང་བའི་བྱུང་ནས་ཀྱང་མེད་པས་མཚོན་པར་བྱེད་པ་ན་མཚོན་པར་བྱེད་པས་མཚན་ཉིད་ཅེས་བྱ་བ་ཡིན་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་ཅེས་བྱ་མོད་ཀྱི་དེ་ལས་གཞན་པ་ནི་མ་ཡིན་ནོ། །ཇི་ལྟར་གྱེན་དུ་འགྲོ་བ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བྱེ་བྲག་ཏུ་སྨྲ་བ་སྐད་ཅིག་མར་སྨྲ་བའི་ལྟར་ན་དུ་བའི་གྱེན་དུ་འགྲོ་བ་
གཞན་ཡོད་པ་མ་ཡིན་ཏེ། དེ་ཉིད་གྱེན་དུ་ཡུལ་གཞན་དག་ཏུ་འབྱུང་བ་ན་གྱེན་དུ་འགྲོ་བ་ཞེས་བྱ་བའི་མིང་འཐོབ་བོ། །གྱེན་དུ་འགྲོ་བ་དེ་ནི་དེ་དང་ཐ་དད་པ་ལྟར་སྣང་ཡང་དུ་བའི་གྱེན་དུ་འགྲོ་བ་ཉིད་ནི་གཞན་ཡིན་པར་ཡང་མི་འདོད་དོ། །དེ་ནི་དུ་བའི་དེ་ལས་ཀྱང་མི་གཞན་པ་ལྟར་ཞེས་བྱ་བ་ནི་གྱེན་དུ་འགྲོ་བ་དེ་ནི་དུ་བ་ལས་གཞན་པ་ཡང་མ་ཡིན་པ་ལྟར་རོ། །འདིར་ཡང་ཚུལ་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་དེ་སྐྱེ་བ་དང་འཇིག་པ་དང་གཞན་དུ་འགྱུར་བ་ཉིད་དེ་ཐ་དད་པར་སྣང་མོད་ཀྱི་འདུས་བྱས་གཞན་ཡང་མ་ཡིན་ནོ། འདུས་བྱས་གཟུགས་ལ་སོགས་པ་ཇི་སྲིད་དུ་རང་གི་ངོ་བོ་གཟུང་ཡང་ཇི་སྲིད་དུ་མེད་པ་དང་ཕྱིས་མེད་པ་མི་ཤེས་པ་སྟེ་གཟུགས་ལ་སོགས་པ་དེ་དག་གི་སྐྱེ་བ་སྔ་མ་མེད་པ་མི་ཤེས་པའོ། །ཕྱིས་ཅི་ཞེ་ན། མེད་པར་ཏེ་ཇི་སྲིད་དུ་མེད་པ་དང་ཞིག་ནས་མེད་པ་མི་ཤེས་པའོ། །རྒྱུན་གྱི་བྱེ་བྲག་ཇི་སྲིད་དུ་མི་ཤེས་པ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བས་ན་དེ་ཉིད་ཀྱིས་དེ་མཚོན་པ་ཡང་མ་ཡིན་ཞེས་བྱ་བ་ནི་འདུས་བྱས་དེ་ཉིད་ཀྱིས་འདུས་བྱས་དེ་ཉིད་མཚོན་པར་བྱེད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྔ་ན་མེད་པ་ལ་སོགས་པས་འདུས་བྱས་ཉིད་མཚོན་པར་བྱེད་དོ། །གལ་ཏེ་གཟུགས་ལ་སོགས་པའི་རང་གི་ངོ་བོ་བཟུང་བ་ན་འདུས་བྱས་སོ་ཞེས་བྱ་བར་འཛིན་པར་གྱུར་ན་ནི་སྔ་ན་མེད་པ་དང་ཕྱིས་མེད་པ་དང་རྒྱུན་གྱི་བྱེ་བྲག་མ་ཤེས་པ་ཁོ་ནར་དེ་ཤེས་པར་འགྱུར་བ་ཞིག་ན་དེ་ལྟར་ཡང་མི་ཤེས་ཏེ། དེ་ལྟ་བས་ན་དེ་ཉིད་ཀྱིས་དེ་མཚོན་པ་ཡང་མ་ཡིན་ནོ། །གཟུགས་ལ་སོགས་པ་དེ་དག་ལས་སྐྱེ་བ་ལ་སོགས་པ་རྫས་གཞན་ཉིད་དུ་ཡོད་པ་ཡང་མ་ཡིན་ཏེ། རྒྱུན་གྱི་དང་པོ་སྐྱེ་བ་ཡིན། །ཞེས་བྱ་བ་རྒྱས་པར་འབྱུང་བའི་ཕྱིར་རོ། །དེ་དག་ནི་ལྷན་ཅིག་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་དུས་མཉམ་དུ་སྐྱེ་བའི་ཕྱིར་རོ། །བྱ་བའི་དུས་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིའི་ཞེ་ན། བྱ་བའི་དུས་ཐ་དད་པའི་ཕྱིར་ཏེ་རྩལ་གྱི་དུས་ཐ་དད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བསྟན་པའི་ཕྱིར་སྐྱེ་བ་མ་འོངས་པ་ནི་བྱ་བ་བྱེད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་མ་འོངས་པ་
རྫས་སུ་ཡོད་དམ་མེད་ཅེས་བྱ་བ་རེ་ཞིག་མ་འོངས་པ་ཉིད་མེད་དོ་ཞེས་བྱ་བར་སྒྲུབ་པར་འགྱུར་ན་སྐྱེ་བ་མ་འོངས་པ་བྱ་བ་བྱེད་དོ་ཞེས་བྱ་བ་ལྟ་ག་ལ་ཡོད་སྙམ་དུ་བསམས་པ་ཡིན་ནོ། །དེ་ཡོད་དུ་ཆུག་ན་ཡང་ཞེས་བྱ་བ་ནི་རྫས་སུ་ཡོད་དུ་ཆུག་ན་ཡང་སྐྱེ་བ་མ་འོངས་པ་དེ་པ་འོངས་པའི་གནས་སྐབས་ན་བྱ་བ་བྱེད་ན་གོ །ཇི་ལྟར་མ་འོངས་པར་འགྲུབ་པར་འགྱུར་ཏེ་མ་འོངས་པ་ནི་བྱ་བ་མི་བྱེད་པ་ཡིན་ནོ་ཞེས་བྱ་བའི་འགྲུབ་པའི་མཐའ་དེ་དང་འགལ་བར་འགྱུར་རོ། །དེ་ལྟ་བས་ན་དེ་ནི་བརྗོད་པར་མི་བྱའོ། །ཇི་ལྟར་ན་ད་ལྟར་འགྲུབ་པར་འགྱུར་ཞེས་བྱ་བ་ནི་བྱ་བ་ཞིག་པ་ནི་འདས་པ་ཡིན་པར་འདོད་ལ་སྐྱེ་བ་ཡང་མ་འོངས་པ་ཉིད་ན་བྱ་བ་ཞིག་པས་ད་ལྟའི་གནས་སྐབས་ན་འདས་པ་ཁོ་ནར་འགྱུར་གྱི་ད་ལྟར་ཡིན་པར་ནི་མི་འགྱུར་རོ། །དེ་ལྟ་བས་ན་ད་ལྟའི་མཚན་ཉིད་ཀྱང་བརྗོད་པར་བྱ་དགོས་ཏེ་གལ་ཏེ་བྱ་བ་ཡོངས་སུ་རྫོགས་པ་ནི་ད་ལྟ་ཡིན་ནོ་ཞེ་ན། འདས་པ་ཡང་ད་ལྟ་ཡིན་པར་འགྱུར་ཏེ་འདས་པ་ལ་འབྲས་བུ་འབྱིན་པའི་བྱ་བ་ཡོད་པར་འདོད་དེ། འདི་གང་གི་ཚེག་ན་གནས་པར་བྱེད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གནས་པ་དང་རྒ་བ་དང་འཇིག་པའི་བྱ་བ་དག་ནི་ཕན་ཚུན་འགལ་བ་ཡིན་ཏེ། ཆོས་དེ་གནས་པ་ཡང་ཡིན་ལ་འཇིག་པ་ཡང་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་པར་རིགས་པ་ནི་མ་ཡིན་ནོ། །སྐད་ཅིག་མ་ཉིད་ལ་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་དང་པོ་ནི་གནས་པས་གནས་པར་བྱེད་ལ། དེའི་འོག་ཏུ ་ནི་རྒ་བས་རྒས་པར་བྱེད། དེའི་འོག་ཏུ ་ནི་མི་རྟག་པ་ཉིད་ཀྱིས་འཇིག་པར་བྱེད་པས་སྐད་ཅིག་མ་གསུམ་དུ་གནས་པའི་ཕྱིར་སྐད་ཅིག་མ་ཉིད་ལ་གནོད་པར་འགྱུར་རོ། །ཁོ་བོ་ཅག་གི་སྐད་ཅིག་མ་ནི་འདི་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ནུས་པ་ཡོངས་སུ་རྫོགས་པའི་མཚན་ཉིད་ཡིན་གྱི་སྐྱེས་མ་ཐག་ཏུ་འཇིག་པའི་མཚན་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་ན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལྷན་ཅིག་འབྱུང་བ་རྣམས་རིམ་གྱིས་བྱེད་པར་མི་རུང་ན་རེ་ཞིག་གནས་པས་གནས་པར་བྱེད་ཀྱི་དེའི་ཚེ་རྒ་བས་ཀྱང་རྒས་པར་མི་བྱེད་ལ་མི་རྟག་པ་ཉིད་ཀྱིས་ཀྱང་འཇིག་པར་མི་བྱེད་དོ་ཞེས་བྱ་བ་འདི་ག་ལས། ཕྱིས་ཅིའི་ཕྱིར་སྟོབས་དང་མི་ལྡན་པ་ཉིད་དུ་
འགྱུར་ཞེས་བྱ་བ་ནི་ཕྱིས་གང་གིས་ན་སྟོབས་དང་མི་ལྡན་པ་ཉིད་དུ་གྱུར་ན་གང་གི་ཕྱིར་ན་གནས་པ་འདི་ཆོས་དང་ལྷན་ཅིག་གང་ལ་གནས་པ་ཡོད་པའི་ཆོས་དེ་དང་ལྷན་ཅིག་མི་རྟག་པ་ཉིད་ཀྱིས་འཇོམས་པར་བྱེད། བྱ་བ་བྱས་པས་ཡང་མི་ནུས་ཏེ་སྐྱེ་བ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་སྐྱེ་བས་བྱ་བ་བྱས་ཟིན་ཏོ། །བསྐྱེད་པར་བྱ་བ་བསྐྱེད་ནས་ནུས་པ་ཐད་ན་ཡང་སྐྱེད་པར་མི་བྱེད་པ་དེ་བཞིན་དུ་གནས་པས་ཀྱང་གནས་པར་མི་བྱེད་དོ། །སྐྱེ་བས་བསྐྱེད་པར་བྱ་བ་ད་ལྟ་ཉིད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་སྐྱེད་པར་བྱ་བ་ད་ལྟ་ཉིད་དུ་ཁྱེར་ཏེ་འོངས་པ་ནི་ཡང་བསྐྱེད་པར་མི་ནུས་ཀྱི། གནས་པ་ནི་གནས་པར་བྱ་བ་ཡེ་གནས་པར་བྱ་བར་ནུས་ཏེ་གནས་པ་ནི་འཇིག་པའི་བགེགས་བྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །རྒ་བ་དང་མི་རྟག་པ་ཉིད་དེ་དག་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་རྒ་བ་དང་མི་རྟག་པ་ཉིད་དེ་དག་ཁོ་ན་བགེགས་བྱེད་པ་ཡིན་ནོ། །དེ་ན་གནས་པར་བྱ་བ་ཡེ་གནས་པར་བྱ་བར་མི་ནུས་ཏེ་རྒ་བས་ནི་གནས་པ་ཉམ་ཆུང་ངུར་བྱེད་ལ་མི་རྟག་པ་ཉིད་ཀྱིས་ནི་ཉམ་དམས་པ་འཇོམས་པར་བྱེད་དོ། །སློབ་དཔོན་གྱིས་སྨྲས་པ། གལ་ཏེ་རྒ་བ་དང་མི་རྟག་པ་ཉིད་དེ་དག་སྟོབས་དང་ལྡན་པ་ཞིག་ཡིན་ན་ནི་སྔོན་པོ་ཁོ་ན་སྟེ། གནས་པར་བྱ་བ་བྱེད་པའི་ཚེ་དེ་དག་གིས་གནས་པ་དེ་བྱ་བ་བྱེད་དུ་མི་སྟེར་བ་ཡིན་པར་འགྱུར་རོ། །གནས་པའི་བྱ་བ་ལོག་ན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཚེ་གནས་པའི་བྱ་བ་ལོག་པ་དེའི་ཚེ་རྒ་བ་དང་མི་རྟག་པ་ཉིད་དེ་དག་ཀྱང་མི་གནས་ལ་ཆོས་དེ་ཡང་མི་གནས་ཏེ་གནས་པའི་བྱ་བས་དེ་རྣམས་གནས་པར་བརྟགས་པ་ཡིན་ནོ། །དེ་ལྟ་བས་ན་དེ་རྣམས་ཀྱང་མེད་ན་རྒ་བ་དང་མི་རྟག་པ་ཉིད་མི་གནས་པ་དག་གིས་ཇི་ལྟར་རམ་ཆོས་མི་གནས་པ་གང་ལ་བྱ་བ་བྱེད་པར་ནུས་པར་འགྱུར། །ཡང་ན་རྒ་བ་དང་མི་རྟག་པ་ཉིད་དེ་དག་གིས་ཅི་ཞིག་བྱ་སྟེ་གནས་པའི་མཐུས་ཆོས་སྐྱེས་པ་ཙམ་དེས་ཞིག་པར་འགྱུར་བ་ཡིན་ལ་དེ་གནས་པར་བྱ་བ་ཞིག་པ་དེས་ཡལ་བར་བཏང་སྟེ། གནས་པར་མི་བྱེད་ན་ནི་གདོན་མི་ཟ་བར་མི་གནས་པས་མི་གནས་པ་ཡིན་པ་འདི་ཉིད་འདིའི་འཇིག་པ་ཡིན་ན་རྒ་བ་དང་མི་རྟག་པ་ཉིད་དག་གིས་ཅི་
ཞིག་བྱ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཉིད་ལས་དེའི་རྣམ་པ་གཞན་ཉིད་དུ་ནི་རུང་བ་མ་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་དེ་ཉིད་ཡིན་ན་ནི་འདི་གཞན་མ་ཡིན་ནོ། །གཞན་ཡིན་ན་ནི་འོ་ན་དེ་ཉིད་མ་ཡིན་ནོ། །གང་དག་གཞན་ཉིད་ཡིན་པ་དེ་དག་ནི་གཞན་ཡིན་པར་མཐོང་སྟེ། དཔེར་ན་ལྷ་སྦྱིན་དང་མཆོད་སྦྱིན་དག་ལྟ་བུའོ། །གང་ཡང་སྡེ་པ་གཞན་ན་རེ་ཞེས་བྱ་བ་ནི་འཕགས་པ་མང་པོས་བཀུར་བའི་སྡེ་པ་སྟེ། དེ་ནི་བུམ་པ་ལ་སོགས་པ་ནི་འཇིག་པ་ནི་ཐོབ་པ་ལ་སོགས་པས་བྱས་པ་ཡིན་པར་སེམས་སོ། །དེ་ལྟར་ན་གཟུགས་ནི་དུས་གཞན་གྱི་བར་དུ་གནས་པ་ཡིན་ལ། སེམས་དང་སེམས་ལས་བྱུང་བ་རྣམས་ནི་སྐད་ཅིག་མ་ཉིད་ཡིན་ནོ།། །།བམ་པོ་བཅུ་དྲུག་པ། །དེའི་ཕྱིར་བཤད་པ། སེམས་དང་སེམས་ལས་བྱུང་བ་རྣམས་སྐད་ཅིག་མ་ཉིད་དུ་ཁས་བླངས་པས་དེ་དག་ནི་མི་རྟག་པ་ཉིད་སེམས་དང་སེམས་ལས་བྱུང་བའི་མི་རྟག་པ་ཉིད་འཇིག་པའི་རྒྱུ་ལ་མི་ལྟོས་པའི་ཕྱིར་རང་གི་ངང་གིས་འཇིག་པའི་ཕྱིར་གནས་པ་དང་མི་རྟག་པ་ཉིད་དག་ཅིག་ཅར་བྱ་བ་བྱེད་པར་འགྱུར་རོ། །དེའི་ཕྱིར་སེམས་སམ་སེམས་ལས་བྱུང་བ་གཅིག་ལ་ཅིག་ཅར་དུ་གནས་པ་དང་འཇིག་པ་ཉིད་ཕན་ཚུན་འགལ་བ་ཉིད་དུ་ཡང་ཐལ་བར་འགྱུར་རོ། །དེ་ལྟ་ན་མདོ་དེ་ལེགས་པར་དྲངས་པ་ཡིན་ནོ་ཞེས་བྱ་བ་ནི་དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དོ་ཞེས་འབྱུང་བ་གང་ཡིན་པའོ། །ཚོགས་པ་ཡོད་ན་ནི་འབྱུང་ལ་མེད་ན་ནི་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་རྣམས་ཚོགས་པ་ཡོད་ན་ནི་བསྐྱེད་པར་བྱ་བ་འབྱུང་ལ་མེད་ན་ནི་མི་འབྱུང་བའི་ཕྱིར་རོ། །སྐྱེ་བ་ནི་མ་ཡིན་ནོ། །ཅི་ཞེ་ན། མཐུ་མ་ཡིན་པར་བལྟ་བར་བྱ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། རྒྱུ་དང་རྐྱེན་ཚོགས་ཀྱང་བསྐྱེད་པར་བྱ་བ་དེ་རེས་འགའ་ཡོད་ལ་རེས་འགའ་མེད་པ་ནི་མ་ཡིན་ནོ། །འདི་ལ་བཙུན་བ་གོ་ཆ་མཐའ་ཡས་ན་རེ་དཔེར་ན་མིག་སྣང་བ་ལ་སོགས་པ་མེད་པར་མིག་གི་རྣམ་པར་ཤེས་པ་སྐྱེད་པར་མི་བྱེད་མོད་ཀྱི། དེའི་ཕྱིར་དེ་སྐྱེ་བའི་རྒྱུ་མ་ཡིན་པ་ཡང་མ་ཡིན་པ་དེ་བཞིན་དུ་སྐྱེ་བ་ཡང་རྒྱུ་དང་རྐྱེན་དག་མེད་པར་ཆོས་སྐྱེད་པར་མི་བྱེད་མོད་ཀྱི་དེའི་ཕྱིར་དེ་སྐྱེ་བའི་རྒྱུ་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་ཟེར་ཏེ། འདི་
ལ་སྨྲས་པ་འདི་ནི་མི་སྨྲའོ། །སྣང་བ་ལ་སོགས་པ་ཡོད་དུ་ཟིན་ཀྱང་ལོང་བ་དང་ལོང་བ་མ་ཡིན་པ་དག་གི་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང་མི་སྐྱེ་བ་སྣང་བའི་ཕྱིར་མིག་གི་ནུས་པ་ནི་མཐོང་གི་སྐྱེ་བ་ནི་དེ་ལྟ་མ་ཡིན་ནོ། །ཆོས་ཀྱི་རང་བཞིན་ཕྲ་མོ་དག་ཅེས་བྱ་བ་ནི་དཔེར་ན་སེམས་ལས་བྱུང་བ་རེག་པ་ལ་སོགས་པ་ཡོངས་སུ་བཅད་པར་དཀའ་བའི་ཕྱིར་རང་བཞིན་ངོ་བོ་ཉིད་ཕྲ་བ་དག་ཡིན་པ་བཞིན་ནོ། །དེ་ལྟ་བུ་ནི་ཡོད་བདེན་ན་ཆོས་ཁ་ཅིག་ནི་མི་སྣང་ཡང་བྱེད་པའི་སྒོ་ནས་ངེས་པར་འཛིན་པར་འགྱུར་གྱི་སྐྱེ་བ་ནི་དེ་ལྟར་བྱེད་པའི་སྒོ་ནས་ངེས་པར་ཟིན་པར་མི་འགྱུར་རོ། །རེག་པ་ནི་བཅོམ་ལྡན་འདས་ཉིད་ཀྱིས་ངེས་པར་བཟུང་སྟེ། གང་ཅུང་ཟད་ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་གང་ཡིན་པ་དེ་ཐམས་ཅད་ནི་རེག་པ་ལ་བརྟེན་ནས་ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ། །སྐྱེ་བ་ཞིག་མེད་ན་སྐྱེས་ཞེས་བྱ་བ་དང་ཞེས་བྱ་བ་ནི་གཟུགས་ལ་གཟུགས་ཀྱི་བློ་ནི་རང་གི་མཚན་ཉིད་ལ་ལྟོས་པ་ཡིན་གྱི་སྐྱེ་བའོ་སྙམ་པའི་སྐྱེ་བའི་བློ་ནི་རང་གི་མཚན་ཉིད་ལ་ལྟོས་པ་མ་ཡིན་ཏེ། ཚོར་བ་ལ་སོགས་པ་ལ་ཡང་ཡོད་པའི་ཕྱིར་རོ། །དེ་ལྟ་བས་ན་སྐྱེ་བའི་བློ་ནི་སྐྱེ་བའི་རྫས་དོན་གཞན་དུ་གྱུར་པ་ཞིག་ལ་ལྟོས་པ་ཡིན་པར་ངེས་པར་བཟུང་ངོ༌། །གཟུགས་ཀྱི་སྐྱེ་བ་ཞེས་བྱ་བ་དྲུག་པའི་ཚིག་ཏུ་ཡང་མི་འགྱུར་ཞེས་བྱ་བ་ནི་དྲུག་པར་སྟོན་པ་ནི་གཞི་མི་མཐུན་པར་སྦྱར་བ་ཡིན་གྱི། གཞི་མཐུན་པར་སྦྱར་བ་ནི་མ་ཡིན་ནོ། །དེའི་ཕྱིར་དཔེར་ན་གཟུགས་ཀྱི་གཟུགས་ཞེས་མི་བྱ་བ་བཞིན་ནོ་ཞེས་བྱ་བ་སྨོས་སོ། །འདི་ནི་ཆོས་མི་མཐུན་པའི་དཔེ་ཡིན་ཏེ། ཇི་ལྟར་གཟུགས་ནི་གཟུགས་ལས་གཞན་མ་ཡིན་པའི་ཕྱིར་གཟུགས་ཀྱི་གཟུགས་ཞེས་དྲུག་པ་སྟོན་པར་མི་འགྱུར་བ་དེ་བཞིན་དུ་གཟུགས་ཀྱི་སྐྱེ་བ་ཞེས་བྱ་བར་ཡང་མི་འགྱུར་བ་ཞིག་ནའོ། །དེ་ལྟ་བས་ན་དྲུག་པ་བསྟན་པ་འདི་ནི་སྐྱེ་བའི་རྒྱུ་མཚན་ཅན་ཡིན་པར་ཤེས་སོ། །དེ་བཞིན་དུ་མི་རྟག་པ་ཉིད་ཀྱི་བར་དུ་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་གནས་པ་ཞིག་མེད་ན་གནས་པ་ཉིད་དང་གཟུགས་ཀྱི་གནས་པ་ཞེས་བྱ་བ་དྲུག་པའི་ཚིག་ཏུ་ཡང་མི་འགྱུར་ཏེ། དཔེར་ན་གཟུགས་ཀྱི་གཟུགས་ཞེས་བྱ་བ་བཞིན་ནོ། །རྒ་བ་ཞིག་མེད་ན་རྒས་པ་ཉིད་དང་གཟུགས་ཀྱི་
རྒ་བ་ཞེས་བྱ་བ་དྲུག་པའི་ཚིག་ཏུ་ཡང་མི་འགྱུར་ཏེ། དཔེར་ན་གཟུགས་ཀྱི་གཟུགས་ཞེས་བྱ་བ་བཞིན་ནོ། །དེ་བཞིན་དུ་མི་རྟག་པ་ཉིད་ཅིག་མེད་ན་འཇིག་པ་ཉིད་དང་གཟུགས་ཀྱི་འཇིག་པ་ཞེས་བྱ་བ་དྲུག་པའི་ཚིག་ཏུ་ཡང་མི་འགྱུར་ཏེ། དཔེར་ན་གཟུགས་ཀྱི་གཟུགས་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །འོ་ན་ནི་དེས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་སྐྱེས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་བློ་གྲུབ་པར་བྱ་བའི་ཕྱིར་སྐྱེ་བ་ལ་སོགས་པར་བརྟག་ན། བདག་མེད་པ་ཉིད་ཅིག་ཀྱང་འདོད་པར་བྱ་དགོས་ཏེ། བདག་མེད་པའི་བློ་རྒྱུ་མེད་པ་ཡིན་པར་འོས་པ་ནི་མ་ཡིན་ནོ། །འོན་ཏེ་བདག་མེད་པ་ཉིད་ནི་བཏགས་པར་ཡོད་ལ། བདག་མེད་པའི་བློ་ཡང་དེའི་རྒྱུ་མཚན་ཅན་ཡིན་པར་འདོད་ན་ནི། སྐྱེ་བ་ལ་སོགས་པ་ཡང་བཏགས་པའི་ཡོད་པ་ཡིན་ལ་སྐྱེ་བ་ལ་སོགས་པའི་བློ་ཡང་དེའི་རྒྱུ་མཚན་ཅན་ཡིན་པར་འདོད་པར་བྱ་དགོས་སོ། །འདི་ལ་སྒྲུབ་པ་ནི་སྐྱེ་བ་ལ་སོགས་པ་ནི་བཏགས་པའི་ཡོད་པ་མ་ཡིན་ན་སྟེ། རྗེས་སུ་ཡོད་པ་ལ་ལྟོས་ཏེ་གཟུང་བར་བྱ་བ་ཡིན་པའི་ཕྱིར་བདག་མེད་པ་ཉིད་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །གཟུགས་གཅིག་དང༌། གཟུགས་གཉིས་དང༌། ཆེན་པོ་དང༌། ཆུང་ངུ་དང༌། ཐ་དད་པ་དང༌། ལྡན་པ་དང༌། རྣམ་པར་ཕྱེ་བ་དང༌། གཞན་དང༌། གཞན་མ་ཡིན་པ་དང༌། གཟུགས་ཡོད་པ་ཞེས་བྱ་བ་དང༌། དེ་བཞིན་དུ་འདི་ནི་རྫས་སོ། །འདི་ནི་གཟུགས་སོ། །འདི་ནི་བུམ་པའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་བློ་འགྲུབ་པར་བྱ་བའི་ཕྱིར་དང༌། དྲུག་པར་བྱ་བའི་ཕྱིར་བྱེ་བྲག་པས་ཀུན་བརྟགས་པ་གྲངས་ལ་སོགས་པ་དང༌། གཟུགས་ཀྱི་ལྡན་པ་ཡང་ཁས་བླངས་དགོས་སོ། །ཡོད་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་རྫས་ཉིད་དང་གཟུགས་ཉིད་དང་བུམ་པ་ཉིད་ལ་སོགས་པ་བསྡུའོ། །ལྡན་པ་སྨོས་པ་ནི་དཔེར་བརྗོད་པ་ཙམ་དུ་ཟད་དེ་གཟུགས་ཀྱི་ཐ་དད་པ་དང་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །གཟུགས་ཀྱི་རང་བཞིན་ཞེས་བྱ་བའི་དྲུག་པ་འདི་ཡང་ཇི་ལྟར་བརྟག་ཅེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་
ཁྱེད་གཟུགས་ལས་གཟུགས་ཀྱི་རང་བཞིན་གཞན་ཡིན་པར་མི་འདོད་པས་སོ། །སྐྱེ་བ་ཞེས་བྱ་བ་ནི་མ་བྱུང་བ་ལས་བྱུང་བ་ཁོ་ན་ཤེས་པར་བྱ་བའི་དོན་དུ་སྐྱེ་བ་ཁོ་ན་གདགས་པ་མཛད་པ་ཡིན་གྱི་ཞིག་པ་ཞེས་བྱ་བ་ནི་མ་ཡིན་ནོ། །རྣམ་པ་མང་དུ་ཡོད་པ་ཞེས་བྱ་བ་ནི་བྱེ་བྲག་མང་དུ་ཡོད་པ་སྟེ། གཟུགས་དང་ཚོར་བ་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །དེ་བྱེ་བྲག་ཏུ་བྱ་བའི་ཕྱིར་ཏེ་གཟུགས་ཀྱི་སྐྱེ་བ་ཡིན་གྱི་ཚོར་བ་ལ་སོགས་པའི་སྐྱེ་བ་ནི་མ་ཡིན་ནོ་ཞེས་བྱེ་བྲག་ཏུ་བྱ་བའི་ཕྱིར་དྲུག་པར་མཛད་དོ། །གཞན་དུ་ནི་ཤེས་པར་མི་འགྱུར་བར་བྱ་བ་ནི་གཟུགས་ཞེས་བྱ་བ་ཁོ་ན་སྐྱེ་བའི་ཚོར་བ་ཞེས་བྱ་བ་ལ་སོགས་པ་ནི་མ་ཡིན་པའོ། །དེས་ཙན་དན་གྱི་དྲི་ལ་སོགས་པ་དང་མཆི་གུའི་ལུས་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དོན་གཞན་མ་ཡིན་ཡང་དྲུག་པར་སྟོན་པར་བྱེད་དོ། །སངས་རྒྱས་པའི་གྲུབ་པའི་མཐའ་ནི་ཙན་དན་གྱི་དྲི་ལ་སོགས་པ་འདུས་པ་ཙམ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །བྱེ་བྲག་པའི་གྲུབ་པའི་མཐའ་ལ་ལྟོས་ན་དཔེ་ཙན་དན་མ་གྲུབ་པས་དཔེ་གཞན་མཆི་གུའི་ལུས་ཞེས་བྱ་བ་ཉེ་བར་འགོད་དེ། མཆི་གུ་དང་ལུས་གཉིས་ནི་བྱེ་བྲག་པ་རྣམས་ཀྱི་གྲུབ་པའི་མཐས་ཀྱང་དོན་གཞན་མ་ཡིན་མོད་ཀྱི། དྲུག་པར་སྟོན་པར་ཡང་འགྱུར་ཏེ་དེ་ལྟར་སྟོན་པ་དེ་ནི་དོན་གཞན་དུ་ཀུན་བརྟགས་པས་བྱས་པ་ཡིན་ནོ། །དེ་བཞིན་དུ་གནས་པ་ལ་སོགས་པ་ལ་ཡང་ཅི་རིགས་པར་རིག་པར་བྱའོ་ཞེས་བྱ་བ་ནི་དེ་ལྟ་བས་ན་གནས་པ་ཞེས་བྱ་བ་འདི་ནི་རྒྱུན་གྱིས་གནས་པ་ཤེས་པར་བྱ་བའི་དོན་དུ་བཏགས་པ་ཙམ་ཁོ་ན་མཛད་པ་ཡིན་ནོ། །རྒྱུན་གྱིས་གནས་པའི་མཚན་ཉིད་ཀྱི་གནས་པ་དེ་ཡང་རྣམ་པ་མང་དུ་ཡོད་པས་དེ་བྱེ་བྲག་ཏུ་བྱ་བའི་ཕྱིར་གཟུགས་ཀྱི་གནས་པ་ཞེས་དྲུག་པར་མཛད་དེ། ཅི་ནས་ཀྱང་གཟུགས་ཞེས་བྱ་བ་ཁོ་ན་གནས་པར་ཤེས་པར་བྱའི་གཞན་དུ་ནི་ཤེས་པར་མི་འགྱུར་བར་བྱ་བ་ཡིན་ཏེ་ཞེས་བྱ་པ་དང༌། རྒས་པ་ཞེས་བྱ་བ་འདི་ནི་སྔ་ཕྱིའི་ཁྱད་པར་ཤེས་པར་བྱ་བའི་དོན་གདགས་པ་ཙམ་མཛད་པ་ཡིན་ནོ། །སྔ་ཕྱིའི་ཁྱད་པར་ཀྱི་མཚན་ཉིད་ཀྱི་རྒ་བ་དེ་ཡང་རྣམ་པ་མང་དུ་ཡོད་པས་དེ་བྱེ་བྲག་ཏུ་བྱ་བའི་ཕྱིར་གཟུགས་ཀྱི་རང་བཞིན་ཞེས་དྲུག་པར་མཛད་དེ་ཅི་ནས་ཀྱང་གཟུགས་
ཞེས་བྱ་བ་ཁོ་ན་རྒ་བར་ཤེས་པར་བྱའི། གཞན་དུ་ནི་ཤེས་པར་མི་འགྱུར་བར་བྱ་བ་ཡིན་ཏེ་ཞེས་བྱ་བ་དང༌། དེ་བཞིན་དུ་ཞིག་པ་ཞེས་བྱ་བ་འདི་ནི་རྒྱུན་ལྡོག་པ་ཤེས་པར་བྱ་བའི་དོན་དུ་བཏགས་པ་ཙམ་མཛད་པ་ཡིན་ནོ། །རྒྱུན་ལོག་པའི་མཚན་ཉིད་ཀྱི་འཇིག་པ་དེ་ཡང་རྣམ་པ་མང་དུ་ཡོད་པས་དེ་བྱེ་བྲག་ཏུ་བྱ་བའི་ཕྱིར་གཟུགས་ཀྱི་འཇིག་པ་ཞེས་དྲུག་པར་མཛད་དེ་ཅི་ནས་ཀྱང་གཟུགས་ཞེས་བྱ་བ་ཁོ་ན་འཇིག་པར་ཤེས་པར་བྱའི། གཞན་དུ་ནི་ཤེས་པར་མི་འགྱུར་བར་བྱ་བ་ཡིན་ཏེ་ཞེས་བྱ་བ་ཡིན་ཏེ། ཐམས་ཅད་དུ་ཡང་དཔེར་ནི་ཙན་དན་གྱི་དྲི་ལ་སོགས་པ་དང༌། མཆི་གུའི་ལུས་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་དཔེ་གཉིས་ཀྱང་བརྗོད་པར་བྱའོ། །ཡང་ཇི་ལྟར་ཆོས་ཉིད་ཀྱིས་ཞེས་བྱ་བ་ལ། ཆོས་ཉིད་ནི་ཆོས་ཀྱི་རང་བཞིན་ཏེ་ཆོས་ཀྱི་ངོ་བོ་ཉིད་དང་ཆོས་ཀྱི་ངང་ཚུལ་ཅན་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཉིད་ཆོས་ཀྱི་རང་བཞིན་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། མིག་ནི་ཆོས་ཉིད་ཀྱིས་རྟག་པ་དང་བརྟན་པ་དང་ཐེར་ཟུག་དང་མི་འགྱུར་བའི་ཆོས་ཅན་དང་བདག་དང་བདག་གིས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་འདིའི་རང་བཞིན་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ༌། །ཇི་ལྟར་ཆོས་ཉིད་ཀྱི་ནམ་མཁའ་ལ་སོགས་པ་ཐམས་ཅད་སྐྱེ་བ་དང་ལྡན་པར་མི་འདོད་པ་དེ་ལྟར་ཐམས་ཅད་མི་སྐྱེའོ་ཞེས་བྱ་བ་ཁོ་ནར་འདོད་པར་བྱ་སྟེ། འདུས་བྱས་ཁོ་ན་སྐྱེ་བ་དང་ལྡན་པ་ཡིན་གྱི་འདུས་མ་བྱས་ནི་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ལ་ནི་ཆོས་ཉིད་མ་གཏོགས་པ་གཏན་ཚིག་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ན་སྐྱེ་བ་མེད་ཀྱང་འདུས་བྱས་ཁོ་ན་སྐྱེ་བར་འགྱུར་གྱི་འདུས་མ་བྱས་ནི་མ་ཡིན་ནོ། །ཡང་ཇི་ལྟར་སྐྱེ་བ་དང་ལྡན་པར་མཚུངས་པ་ལས་ཞེས་བྱ་བ་གང་དག་ཅེ་ན། གཟུགས་དང་ཚོར་བ་ལ་སོགས་པའོ། །དེ་དག་ལས་གཞན་པའི་རྐྱེན་རྣམས་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་སྐྱེད་པའི་རྐྱེན་རྣམས་ནི་གཟུགས་སྐྱེ་བའི་རྐྱེན་དེ་དག་ལས་གཞན་པ་ཡིན་ཏེ་དེ་དག་ལས་གཞན་པའི་རྐྱེན་དེ་རྣམས་ཀྱིས་ནི་དེ་དག་ལས་གཞན་པ་བསྐྱེད་པར་ནུས་པ་མ་ཡིན་ནོ། །ཚོར་བ་ལ་སོགས་པ་དེ་དག་ལས་གཞན་པ་ནི། དེ་
དག་ལས་གཞན་པའོ། །དེ་ཅི་ཞེ་ན། གཟུགས་ཏེ་ཇི་ལྟར་དེ་དག་ལས་གཞན་པ་དེ་ཚོར་བ་ལ་སོགས་པའི་རྐྱེན་རྣམས་ཀྱིས་བསྐྱེད་པར་ནུས་པ་མ་ཡིན་པ་དེ་བཞིན་དུ་གཟུགས་དང་ཚོར་བ་ལ་སོགས་པའི་རྐྱེན་ཐམས་ཅད་ཀྱིས་ཀྱང་ནམ་མཁའ་ལ་སོགས་པ་འདུས་མ་བྱས་བསྐྱེད་པར་མི་ནུས་པར་འགྱུར་རོ། །སྔ་མ་ནི་རང་གི་ངོ་བོ་ངེས་པའི་སྒོ་ནས་བཤད་པ་ཡིན་ནོ། །འདི་ནི་ནུས་པ་ངེས་པའི་སྒོ་ནས་བཤད་པ་ཡིན་ནོ། །སུན་འབྱིན་པར་བྱེད་པ་དག་ཡོད་ཅེས་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དཔེར་ན་རི་དགས་དག་ཡོད་ཅེས་ཏེ་ནས་མི་རྨོ་བ་མ་ཡིན་གྱི་རྨོ་བ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་སྟེ། དགག་པ་གཉིས་ཀྱི་དོན་རྣམས་མ་གོ་བར་འགྱུར་བ་ལྟ་བུ་དང༌། དཔེར་ན་སྦྲང་བུ་དག་ཡོད་ཅེས་ཏེ། ལ་དུ་མི་བཟའ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བཟའ་བ་ཁོ་ན་ཡིན་པ་དེ་བཞིན་དུ་སུན་འབྱིན་པ་དག་ཡོད་ཅེས་ཏེ། ལུང་ཆོས་མངོན་པའི་བསྟན་བཅོས་དག་དོར་དུ་ནི་མི་རུང་ངོ༌། །དེ་ལྟ་བས་ན་སྐྱོན་རྣམས་ལ་ཡང་ལན་གདབ་པར་བྱ་སྟེ། ཕ་རོལ་པོས་རྣམ་པར་གཞག་པའི་སྐྱོན་རྣམས་ལ་ཡང་ལན་གདབ་པར་བྱ་ལ་གྲུབ་པའི་མཐའི་རྗེས་སུ་འབྲང་བར་ཡང་བྱ་སྟེ། ཡོངས་སུ་མི་དོར་བར་བྱའོ་སྙམ་དུ་བསམས་པ་ཡིན་ནོ། །མིང་གི་ཚོགས་ལ་སོགས་པ་ནི། །མིང་དང་ངག་དང་ཡི་གེའི་ཚོགས། །ཞེས་བྱ་བ་ནི་མིང་གི་ཚོགས་ནི་མིང་གི་ཚོགས་སོ། །ངག་གི་ཚོགས་ནི་ཚིག་གི་ཚོགས་སོ། །ཡི་གེའི་ཚོགས་ནི་ཡི་གེའི་ཚོགས་སོ། །མིང་བྱེད་པ་ཞེས་བྱ་བ་འདི་ནི་འཇིག་རྟེན་གྱི་སྐད་ཡིན་ནོ། །མིང་བྱེད་པ་དང་མིང་འདོགས་ཕ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ཏེ་འདི་ལྟར་འཇིག་རྟེན་ན་སྨྲ་བ་པོ་འདིའི་མིང་ལྷ་སྦྱིན་ཞེས་བྱ་བར་འདོགས་སོ་ཞེས་ཟེར་རོ། །མིང་གི་བྱེད་པ་ནི་མིང་བྱེད་པ་སྟེ་གང་གིས་ན་སེམས་ལས་བྱུང་བའི་ཆོས་འདུ་ཤེས་བྱེད་ཅིང་སྐྱེད་པའོ། །ཡང་ན་མིང་ཉིད་བྱེད་པས་ན་མིང་བྱེད་པ་སྟེ་མིང་སྨོས་པ་ནི་གཞན་བྱེད་པ་བཟློག་པའི་ཕྱིར་རོ། །བྱེད་པ་སྨོས་པ་ནི་སེམས་ལས་བྱུང་བ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཏེ་གལ་ཏེ་མིང་ནི་མིང་སྟེ་ཞེས་བརྗོད་ན་ནི་སེམས་ལས་བྱུང་བ་ཡིན་པར་ཡང་སེམས་ལས་བྱུང་བར་འགྱུར་རོ། །མིང་བྱེད་པ་
ནི་མིང་སྟེ་གཟུགས་དང་སྒྲ་དང་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ངག་ནི་ཚིག་སྟེ་ཞེས་བྱ་བ་ནི་འདིས་གོ་བར་འགྱུར་ཞིང་རྟོགས་པར་གྱུར་པས་ན་ཚིག་གོ །དེའི་ཕྱིར་ཇི་ཙམ་གྱིས་འདོན་པ་ཡོངས་སུ་རྫོགས་པ་སྟེ་ཞེས་བྱ་བར་སྨོས་སོ། །ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འགག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྡུའོ། །ཚིགས་སུ་བཅད་པ་འདིའི་དོན་ནི་འདི་སྐད་དུ། ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བ་ནི་དམ་བཅའ་བ་ཡིན་ནོ། །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་བྱ་བ་ནི་གཏན་ཚིགས་ཡིན་ཏེ་གང་གི་ཕྱིར་སྐྱེ་བ་དང་འཇིག་པའི་ཆོས་དང་ལྡན་པ་དེའི་ཕྱིར་རྟག་པ་དག་གོ་ཞེས་བྱ་བར་ཡོངས་སུ་ཆོད་པར་འགྱུར་རོ། །སྐྱེས་ནས་འགག་པར་འགྱུར་བ་སྟེ། །ཞེས་བྱ་བ་ནི་དཔེ་སྟེ། གང་དག་སྐྱེ་བ་དེ་དག་ནི་འགག་པར་འགྱུར་ཏེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ། །འདུས་བྱས་རྣམས་ཀྱང་དེ་དང་འདྲའོ་ཞེས་འཆད་དོ། །གཞན་དག་ན་རེ་འདི་ནི་དེ་དག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། འདི་ལྟར་སྐྱེས་ནས་འགག་པར་འགྱུར་བ་མཐོང་བའི་ཕྱིར་རོ་ཞེས་གཏན་ཚིགས་མ་གྲུབ་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ། ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་བྱ་བ་འདི་གཉིས་ནི་རྣམ་གྲངས་སུ་བརྗོད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། འདི་ལྟར། སྐྱེས་ནས་འགག་པར་འགྱུར་བ་སྟེ། །ཞེས་བྱ་བ་ནི་གཏན་ཚིགས་སྨོས་པ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་བྱ་བ་ནི་གང་དག་མི་རྟག་པ་དེ་དག་ནི་སྡུག་བསྔལ་བ་ཡིན་ཏེ། དེའི་ཕྱིར། དེ་དག་ཉེ་བར་ཞི་བ་བདེ། །ཞེས་གདུལ་བའི་སྐྱེ་བོ་སྦྱོར་བར་མཛད་པ་ཡིན་ནོ། །གང་གིས་ན་བྱ་བ་དང་ཡོན་ཏན་དང་དུས་ཀྱི་འབྲེལ་པའི་ཁྱད་པར་རྟོགས་པར་འགྱུར་བའོ་ཞེས་བྱ་བ་ནི་དཔེར་ན་འཆད་དོ་འདོན་ཏོ་འགྲོའོ་ཞེས་བྱ་བ་ལྟ་བུ་དང༌། ནག་པོའི་དཀར་ཤམ་
པོའོ་དམར་པོའོ་ཞེས་བྱ་བ་ལྟ་བུ་དང༌། འཚེད་ངོ་འཚེད་པར་འགྱུར་རོ་བཙོས་སོ་ཞེས་བྱ་བ་ལྟ་བུར་བྱ་བ་དང༌། ཡོན་ཏན་དང༌། དུས་རྣམས་ཀྱི་འབྲེལ་བའི་ཁྱད་པར་རྟོགས་པར་འགྱུར་བ་དེ་ནི་ཚིག་ཡིན་ཏེ། འདི་ལྟར་ཚིག་སྤྱི་ལ་འདུག་པ་རྣམས། ཁྱད་པར་ལ་འཇོག་པ་གང་ཡིན་པ་དེ་ནི་ངག་གི་དོན་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་མིང་ནི་རང་གི་མཚན་ཉིད་རྗོད་པར་བྱེད་པ་ཡིན་ལ། ཚིག་ནི་བྱ་བ་ལ་སོགས་པའི་འབྲེལ་པའི་ཁྱད་པར་རྗོད་པར་བྱེད་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཡི་གེ་ནི་ཡི་གེ་སྟེ་ཞེས་བྱ་བ་ནི་ཡི་གེ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ ། ཡི་གེ་རྣམས་ཀྱང་ཡིག་འབྲུའི་ཡན་ལག་དག་གི་མིང་མ་ཡིན་ནམ་ཞེས་བྱ་བ་ནི་ཡིག་འབྲུ་ནི་མི་ལ་སོགས་པས་གླེགས་བུ་ལ་སོགས་པ་ལ་བྲིས་པ་ཡིན་ནོ། །དེ་དག་གི་མིང་ནི་ཡི་གེ་རྣམས་ཡིན་ཏེ། གཟུགས་ཀྱི་མིང་སྨོས་ན། གཟུགས་རྟོགས་པ་བཞིན་དུ་ཡི་གེ་སྨོས་ན་ཡི་གེ་འབྲུ་རྟོགས་པར་འགྱུར་རོ། །དེའི་ཕྱིར་ཡི་གེ་རྣམས་ཀྱང་ཡིག་འབྲུའི་ཡན་ལག་དག་གི་མིང་ཡིན་པར་འགྱུར་བས་མཚན་ཉིད་འཆོལ་པ་ཡིན་ནོ། །དེས་ན་ཡི་གེ་ནི་ཡི་གེ་སྟེ་ཞེས་མིང་ལ་མ་གཏོགས་པ་གཞན་ཉིད་དུ་འདོད་པ་གང་ཡིན་པ་སྟེ་མི་འཐད་དོ། །ཡིག་འབྲུའི་ཡན་ལག་རྣམས་གོ་བར་བྱ་བའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ནི་ལོག་པར་སྨྲས་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། ཡི་གེ་སྨོས་ན་ཡིག་འབྲུ་རྟོགས་པར་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་དེ་ནི་རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པའི་དངོས་པོར་སྒྲོ་བཏགས་པ་ཡིན་པའི་ཕྱིར་ཡིན་གྱི་དེ་དག་གི་མིང་ཡིན་པའི་ཕྱིར་མ་ཡིན་ནོ། །མང་པོའི་དོན་གང་ཡིན་པའོ་ཞེས་བྱ་བ་དེ་ནི་ཚོགས་ཞེས་བྱ་བའི་དོན་ཡིན་ཏེ་སྤྱི་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་ཀྱང་ངག་གི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མདོ་སྡེ་པའི་ཚིག་ཡིན་ནོ། །དེ་ངག་ནི་ངག་གི་རང་བཞིན་མ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བྱེ་བྲག་ཏུ་སྨྲ་བའི་ཚིག་གོ །སྒྲ་ཙམ་གྱིས་ནི་དོན་དག་གོ་བར་མི་འགྱུར་རོ་ཞེས་བྱ་བ་ནི་ཡི་གེའི་བདག་ཉིད་མ་ཡིན་པའི་སྒྲས་ནི་དོན་ངག་གོ་བར་མི་འགྱུར་རོ། །འོ་ན་ཅི་ཞེ་ན། ངག་གི་མིང་ལ་འཇུག་པ་ལ་མིང་དེས་ནི་དག་བདག་གི་ངོ་བོ་བཞིན་དུ་བྱེད་པ་ན་དོན་རྗོད་པར་
བྱེད་དོ་རྟོགས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །མདོ་སྡེ་པས་སྒྲ་ཙམ་ཁོ་ན་ངག་མ་ཡིན་གྱི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཁོ་བོ་ཅག་ཀྱང་ངག་སྒྲ་ཙམ་ཡིན་ནོ་ཞེས་ནི་མི་བརྗོད་ཀྱི་ཡི་གེའི་བདག་ཉིད་ཀྱི་སྒྲ་ལ་ལ་དོན་དག་ལ་མཚམས་བཅད་ཅིང་ཚིག་གིས་གཟུང་བ་གང་ཡིན་པ་དེ་ཁོ་ན་ངག་ཡིན་ནོ། །འདིས་ནི་བརྡ་ལ་ལྟོས་པའི་སྒྲས་ནི་དོན་གོ་བར་བྱེད་ཀྱི་སྒྲའོ་ཅོག་གིས་ནི་མ་ཡིན་ནོ་ཞེས་བྱ་བར་སྟོན་པར་བྱེད་པ་ཡིན་ནོ། །བརྡར་བཏགས་པའི་སྒྲས་དོན་གོ་བར་འགྱུར་པའི་ཕྱིར་དེ་ནི་དོན་གོ་བར་བྱེད་པའི་སྒྲ་ཙམ་ཁོ་ནས་འགྲུབ་པར་འགྱུར་བས་དེ་ནི་དོན་དེ་རྗོད་པར་བྱེད་པ་ཡིན་ནོ། །འདིའི་དོན་ནི་མིང་མེད་པའི་སྒྲ་བརྗོད་པར་བྱ་བའི་དོན་ཅན་གྱིས་ཀྱང་འགྲུབ་བོ་ཞེས་བྱ་བ་འདི་ཡིན་ནོ། །གལ་ཏེ་སྐྱེད་པར་བྱེད་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ངག་ཡོད་ན་སེམས་དང་ལྡན་པ་མ་ཡིན་པ་དེ་སྐྱེད་པར་བྱེད་དོ་ཞེས་བྱ་བར་འདོད་ན། དེས་ན་གལ་ཏེ་སྐྱེད་པར་བྱེད་ན་ནི་ཞེས་བྱ་བའི་རྟོགས་པ་འདི་སློང་བར་བྱེད་དེ། གལ་ཏེ་དེ་ལྟ་ཡིན་ན་ནི་ཁྱུ་མཆོག་ལ་སོགས་པ་ལ་ཡོད་པ་ཡང་རུང་སྒྲ་ཙམ་ཐམས་ཅད་ཀྱིས་མིང་བསྐྱེད་པར་འགྱུར་ཏེ་ངག་ནི་སྒྲའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་ཁྱོད་སྒྲ་ཁྱད་པར་ཅན་ཡི་གེའི་བདག་ཉིད་དུ་འདོད་པ་གང་ཡིན་པ་དེ་ཁོ་ནས་མིང་སྐྱེད་པར་བྱེད་དོ་ཞེས་སྨྲ་ན། འོན་ཏེ་སྒྲའི་ཁྱད་པར་དེ་ལྟ་བུ་ཞིག་མིང་སྐྱེད་པར་བྱེད་པ་ཡིན་པར་འདོད་ན་ནི་དེ་ཉིད་དོན་རྗོད་པར་བྱེད་པ་ཡིན་པར་འགྱུར་གྱི་སེམས་དང་མི་ལྡན་པ་དེ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འོན་ཏེ་གསལ་བར་བྱེད་པ་ཡིན་ནོ་ཞེ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་སྒྲ་སྐྱེ་བས་དོན་བརྗོད་པར་བྱ་བའི་ཕྱིར་སེམས་དང་ལྡན་པ་མ་ཡིན་པ་དེ་སྐྱེད་པར་བྱེད་ཅིང་དེས་དེ་གསལ་བར་བྱེད་དོ་ཞེས་བྱ་བར་འདོད་ན་འདིར་སྒྲ་ཙམ་ཐམས་ཅད་ཀྱིས་གསལ་བར་བྱེད་པར་འགྱུར་རོ་ཞེས་བྱ་བ་སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཡང་སྒྲ་རྣམས་ལ་ཚོགས་པ་མེད་ལ་ཞེས་བྱ་བ་ནི་ཡི་གེ་དུ་མའི་མིང་གང་ཡིན་པ་དེ་སྐྱེ་བར་རྟོག་པ་ནི་སྒྲ་དུ་མ་ལ་ལྟོས་པ་ཡིན་པས་དེའི་ཕྱིར་འདི་ལྟར་དཔྱོད་པར་བྱེད་དེ། །འདི་སྒྲ་རྣམས་ནི་བརྗོད་ནས་འཇིག་པ་ཡིན་ནོ། །དེ་ལྟ་བས་ན་འདི་དག་ལ་ཅིག་ཅར་གནས་པ་མེད་དོ། །རྫས་སུ་
ཡོད་པའི་ཆོས་གཅིག་ལ་ཇི་ལྟར་བུམ་པ་ལ་སོགས་པ་བཏགས་པའི་ཡོད་པ་ལ་བཏགས་པ་ལྟ་བུར་ཆ་ཤས་ཀྱིས་དུམ་བུར་སྐྱེ་བ་ཡང་རིགས་པ་མ་ཡིན་ན་སྐྱེད་པར་བྱེད་པ་ན་ཇི་ལྟར་གང་གིས་མིང་སྐྱེད་པར་བྱེད་དེ། ཚིག་གི་དོན་ནི་གང་གི་ཚེ་སྐྱེད་པར་བྱེད་པ་དེའི་ཚེ་ཇི་ལྟར་སྐྱེད་པར་བྱེད་ཅེས་བྱ་བ་ཡིན་ནོ། །ད་ལྟའི་ངག་གིས་མིང་སྐྱེད་པར་བྱེད་ན་སྒྲའི་མཚན་ཉིད་ཀྱི་ངག་ཐམས་ཅད་ཅིག་ཅར་དུ་ད་ལྟར་ཡིན་པར་ནི་མེད་དེ། གཟུགས་ཞེས་བྱ་བ་ལ་གང་གི་ཚེར་ཞེས་བྱ་བའི་སྒྲ་ད་ལྟ་ཡིན་པ་དེའི་ཚེ་ཨཱུ་ཞེས་བྱ་བ་དང་པ་ཞེས་བྱ་བ་དང་ཨ་ཞེས་བྱ་བ་དག་མ་འོངས་པ་ཡིན་ནོ། །གང་གི་ཚེ་ཨཱུ་ཞེས་བྱ་བ་ད་ལྟར་ཡིན་པ་དེའི་ཚེ་ར་ཞེས་བྱ་བའི་སྒྲ་ནི་འདས་པ་ཡིན་ལ། པ་ཞེས་བྱ་བ་དང་ཨ་ཞེས་བྱ་བ་དག་ནི་མ་འོངས་པ་ཡིན་ནོ། །དེ་བཞིན་དུ་པ་ཞེས་བྱ་བ་དང་ར་ཞེས་བྱ་བ་དག་ཀྱང་གང་གི་ཚེ་རིམ་གྱིས་ད་ལྟར་ཡིན་པ་དེའི་ཚེ་དེ་ལས་གཞན་པ་དག་འདས་པའམ། མ་འོངས་པ་ཡིན་ན་ཇི་ལྟར་ངག་དེས་མིང་སྐྱེད་པར་བྱེད། ཁྱོད་ད་ལྟར་གྱི་ར་ཞེས་བྱ་བས་ནི་གཟུགས་ཀྱི་མིང་དེའི་ཚེ་སྔ་མ་སྐྱེད་པར་བྱེད་དོ། །ད་ལྟར་གྱི་ཨཱུ་ཞེས་བྱ་བའི་སྒྲས་ཀྱང་ཆ་གཉིས་པ་སྐྱེད་པར་བྱེད་དོ། །དེ་བཞིན་དུ་ཨ་ཞེས་བྱ་བའི་སྒྲས་ཀྱང་དེའི་ཆ་བཞི་པའི་བར་སྐྱེད་པར་བྱེད་དོ་ཞེས་སྨྲ་ན། ཆོས་གཅིག་ལ་ཆ་ཤས་ཀྱི་སྐྱེ་བ་མི་སྲིད་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ཏེ། དེ་ནི་བཤད་ཟིན་ཏོ། །རེ་ཞིག་ཇི་ལྟར་ན་འདས་པ་ལ་ལྟོས་པའི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་མ་ཐ་མས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེད་པར་བྱེད་ཅེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་ལེན་པ་ན་ལུས་ཀྱི་རྣམ་པར་རིག་བྱེད་དང་ངག་གི་རྣམ་པར་རིག་བྱེད་དེ་དག་ཚོགས་པ་མེད་མོད་ཀྱི་འོན་ཀྱང་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་མ་འདས་པ་ལ་ལྟོས་པའི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་མ་ཐམས་སོ་སོར་ཐར་པས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེད་པར་བྱེད་དོ། །དེ་བཞིན་དུ་སྒྲའི་སྐད་ཅིག་མ་འདས་པ་ལ་ལྟོས་པའི་སྒྲའི་སྐད་ཅིག་མ་ཐམས་ཅད་ཀྱང་ལུས་དང་མིང་སྐྱེད་པར་བྱེད་དོ་ཞེའོ། །དེ་ལྟ་ན་འོ་ན་ནི་སྒྲ་ཐ་མ་ཁོ་ནས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སྒྲ་ཐ་མས་མི་སྐྱེད་པའི་ཕྱིར་
གང་གིས་དེ་གཅིག་ཁོ་ན་ཐོས་པ་སྟེ། གང་གིས་སྒྲ་ཐ་མ་གཅིག་ཁོ་ན་ཐོས་པ་དེས་ཀྱང་དོན་གོ་བར་འགྱུར་ཏེ་དེའི་མིང་སྐྱེས་པའི་ཕྱིར་དེས་ཀྱང་གཟུགས་ཀྱི་མིང་གིས་དོན་འཛིན་པར་འགྱུར་བ་ཞིག་ན་དེ་ལྟར་གོ་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་རིགས་པ་མ་ཡིན་ནོ། །འོན་ཏེ་འདི་སྙམ་དུ་རྟོག་པར་བྱེད་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ངག་ཀྱང་ཡི་གེའི་སྐད་ཅིག་མར་སྣང་བ་ཡིན་ལ་ཡི་གེ་ཡང་དེར་སྣང་བ་ཡིན་པས། ངག་གིས་ནི་ཡི་གེ་སྐྱེད་པར་བྱེད་ལ་ཡི་གེས་ནི་མིང་སྐྱེད་པར་བྱེད་དོ་ཞེས་བྱ་བ་ཕྱོགས་གཞན་ཉེ་བར་འགོད་པར་བྱེད་པ་ཡིན་ནོ། །འདི་ལ་ཡང་སྐྱོན་དེ་ཉིད་ཡོད་དེ་ཡི་གེ་རྣམས་ལ་ཚོགས་པ་མེད་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། ཡང་ཡི་གེ་རྣམས་ནི་ཚོགས་པ་མེད་ལ་ཆོས་གཅིག་ལ་ཆ་ཤས་ཀྱིས་སྐྱེ་བ་ཡང་རིགས་པ་མ་ཡིན་ན་སྐྱེད་པར་བྱེད་པ་ན་ཇི་ལྟར་ཡི་གེས་མིང་སྐྱེད་པར་བྱེད། རེ་ཞིག་ཇི་ལྟར་ན་འདས་པ་ལ་ལྟོས་པའི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་མ་ཐ་མས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེད་པར་བྱེད། དེ་ལྟ་ན་འོ་ན་ནི་ཡི་གེ་ཐ་མ་ཁོ་ནས་མིང་སྐྱེད་པར་བྱེད་པའི་ཕྱིར་གང་གིས་ཡི་གེ་སྐྱེད་པར་བྱེད་པའི་སྒྲ་ཐ་མ་དེ་གཅིག་ཁོ་ན་ཐོས་པའམ་གང་གིས་ཡི་གེ་དེ་གཅིག་ཁོ་ན་ཐོས་པ་དེས་ཀྱང་གོ་བར་འགྱུར་རོ། །ངག་མིང་གསལ་བར་བྱེད་པ་ཡིན་ན་སྐྱོན་དེ་ཉིད་ཡོད་དོ་ཞེས་བྱ་བ་ནི་སྒྲ་རྣམས་ནི་ཚོགས་པ་མེད་ལ་ཆོས་གཅིག་ལ་ཆ་ཤས་ཀྱིས་གསལ་བར་ཡང་རིགས་པ་མ་ཡིན་ན་གསལ་བར་བྱེད་པ་ན་ཇི་ལྟར་ངག་གིས་མིང་གསལ་བར་བྱེད། རེ་ཞིག་ཇི་ལྟར་ན་འདས་པ་ལ་ལྟོས་པའི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་མ་ཐ་མས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེད་པར་བྱེད། དེ་ལྟར་ན་འོ་ན་ནི་སྒྲ་ཐ་མ་ཁོ་ནས་མིང་གསལ་བར་བྱེད་པའི་ཕྱིར་གང་གིས་དེ་གཅིག་ཁོ་ན་ཐོས་པ་དེས་ཀྱང་དོན་གོ་བར་འགྱུར་རོ། །འོན་ཏེ་འདི་སྙམ་དུ་ངག་གིས་ན་ཡི་གེ་གསལ་བར་བྱེད་ལ་ཡི་གེས་ནི་མིང་གསལ་བར་བྱེད་དོ་སྙམ་དུ་རྟོག་པར་བྱེད་ན་དེ་ལ་ཡང་སྐྱོན་དེ་ཉིད་ཡོད་དེ་ཡི་གེ་རྣམས་ཚོགས་པ་མེད་པའི་ཕྱིར་རོ། །འོ་ན་གང་གི་ལྟར་ན་མིང་ནི་སྒྲ་ཙམ་ཡིན་ཞིང་མིང་ཡི་གེ་དུ་མ་ཡང་ཡིན་ལ། ཡི་གེ་རྣམས་ཚོགས་པ་ཡང་མེད་པ་དེའི་ལྟར་ཇི་ལྟར་མིང་གི་དོན་རྗོད་པར་བྱེད་ཅེ་ན། དོན་ནི་
ཡི་གེ་ཐམས་ཅད་དྲན་པའི་རྗེས་ལ་གོ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མེད་ན་མེད་པའི་ཕྱིར་ཁ་ཅིག་གིས་ནི་ཡི་གེ་དང་པོ་ཐོས་པའི་ཚེ་ཉིད་ན་ཡི་གེ་ལྷག་མ་རྣམས་དྲན་པའི་སྟོབས་ཀྱིས་དོན་གོ་བར་འགྱུར་བ་ཁོ་ནའོ། །ངག་ནི་ཡི་གེ་སྐྱེད་པར་བྱེད་པ་ཡིན་པར་ཡང་མི་རུང་ལ་གསལ་བར་བྱེད་པ་ཡིན་པར་ཡང་མི་རུང་ངོ་ཞེས་བྱ་བ་ནི་གོང་དུ་ནི་ཡི་གེ་སྒྲས་བསྐྱེད་པར་བྱ་བ་དང༌། སྒྲས་གསལ་བར་བྱ་བ་ཡིན་པ་ལྟར་ཁས་བླངས་ནས་ཉེས་པར་བརྗོད་པ་ཡིན་ནོ། །ད་ནི་སྒྲ་ལ་མ་གཏོགས་པ་མི་དམིགས་པའི་ཕྱིར་དེ་ལ་བསྐྱེད་པར་བྱ་བ་དང་གསལ་བར་བྱ་བ་ཉིད་ཀྱང་མེད་དོ་ཞེས་དེ་ཉིད་དུ་དྲུངས་ནས་འབྱིན་པར་བྱེད་པ་ཡིན་གྱི་སྒྲ་རྣམས་ནི་ཚོགས་པ་མེད་པའི་ཕྱིར་ཞེས་བྱ་བའི་སྐྱོན་བརྗོད་པར་བྱ་བ་ནི་མ་ཡིན་ཏེ། སྒྲ་དུ་མ་ལ་ལྟོས་ནས་ཡི་གེ་གོ་བ་ནི་མ་ཡིན་ནོ། །འོན་ཀྱང་ངག་ནི་ཡི་གེའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྒྲ་ཙམ་ཐམས་ཅད་ཀྱིས་ཀྱང་ཡི་གེ་སྐྱེད་པར་འགྱུར་རོ། །འོན་ཏེ་སྒྲའི་ཁྱད་པར་དེ་ལྟ་བུ་ཞིག་ཡི་གེ་སྐྱེད་པར་བྱེད་པ་འམ་གསལ་བར་བྱེད་པ་ཡིན་ནོ་ཞེ་ན། དེ་ཉིད་ཀྱིས་ཡི་གེའི་དོན་བྱེད་པར་འགྱུར་རོ། །འོན་ཏེ་མིང་དོན་དང་ལྷན་ཅིག་སྐྱེས་པ་ཡིན་ཏེ་སྐྱེ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བར་འདོད་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མིང་དོན་དང་ལྷན་ཅིག་སྐྱེ་བར་བརྟགས་ན་མིང་ནི་ངག་གིས་བསྐྱེད་པར་བྱ་བའམ། གསལ་བར་བྱ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཉེས་པར་ཐལ་བར་མི་འགྱུར་རོ་སྙམ་དུ་བསམས་ནས་ཕྱོགས་གཞན་འདི་རྣམ་པར་རྟོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་སྐྱེ་བ་ལ་སོགས་པ་མཚན་ཉིད་རྣམས་དོན་དང་ལྷན་ཅིག་སྐྱེ་བ་ཁོ་ནར་འདོད་པས་དོན་འདས་པ་དང་མ་འོངས་པའི་ད་ལྟར་ངག་ཡིན་པར་མི་འགྱུར་བ་ལྟར་གལ་ཏེ་མིང་ཡང་དེ་དང་འདྲ་བར་འདོད་ན་ནི་དོན་འདས་པ་དང་མ་འོངས་པའི་མིང་ད་ལྟར་ཡིན་པར་མི་འགྱུར་ཏེ་དེས་ན་དོན་འདས་པ་དང་མ་འོངས་པ་ཐ་སྙད་གདགས་པར་མི་ནུས་སོ། །འདས་པ་དང་མ་འོངས་པའི་མིང་གིས་དོན་བརྗོད་པར་ནི་འོས་པ་མ་ཡིན་ཏེ། དཔེར་ན་འདས་པ་དང་མ་འོངས་པའི་ངག་གིས་མིང་སྐྱེད་པ་འམ་གསལ་བར་བྱེད་པར་འོས་པ་མ་ཡིན་པ་བཞིན་ནོ། །མིང་མང་པོ་ཞིག་ཡོད་པ་ཉིད་ཡིན་ན་ལྷན་ཅིག་སྐྱེས་པའི་མིང་ཡོངས་སུ་ཆོད་པར་ཡང་མི་འགྱུར་རོ། །འདུས་
མ་བྱས་རྣམས་མི་སྐྱེ་བ་དང་ལྡན་པའི་ཕྱིར་མིང་ལྷན་ཅིག་སྐྱེ་བར་མི་འགྱུར་བས་འདི་ནི་མིང་འདོད་པ་ཉིད་དོ། །འདི་ནི་འདོད་པར་མི་བྱ་བ་ཁོ་ནའོ་སྙམ་དུ་བསམས་པ་ཡིན་ནོ། །ཚིགས་བཅད་མིད་ལ་བརྟེན་པ་སྟེ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ནི་ངག་ཡིན་ལ་དེ་ནི་མིང་ལ་བརྟེན་པ་ཡིན་ཏེ་མིང་དག་བྱུང་ན་དེ་ཡོད་པའི་ཕྱིར་རོ། །དེ་ལྟ་བས་ན་མིང་རྣམས་དང་ཚིག་ཡོད་དོ་ཞེས་སྨྲ་བའི་སྐབས་ཡོད་པས། དེར་ཡང་དོན་རྣམས་ལ་མཚམས་བཅད་པའི་སྒྲ་ནི་མིང་ཡིན་ལ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དོན་ལ་མཚམས་བཅད་པའི་སྒྲའི་ངོ་བོ་ཉིད་ཀྱི་མིང་རྣམས་བཀོད་པའི་ཁྱད་པར་ཡང་ཚིགས་སུ་བཅད་པ་ཡིན་ཏེ། བསྡེབས་པའི་ཁྱད་པར་ཅན་ཞེས་བྱ་བའི་ཐ་ཚིག་གོ །ཕྲེང་བ་ལྟ་བུ་ཞེས་བྱ་བ་ནི་དཔེར་ན་གྲོག་མ་ལ་སོགས་པ་སྦྲེངས་པའི་ཁྱད་པར་གྱི་ཕྲེང་བ་དེ་ལས་རྫས་གཞན་འབྱུང་བ་མ་ཡིན་པ་དེ་དང་འདྲའོ། །ཕྲེང་བ་ནི་གྲོག་མ་ལ་སོགས་པ་དུས་གཅིག་ན་ཡོད་པ་རྣམས་སྦྲེངས་པའི་ཁྱད་པར་ལ་བྱ་ལ་བཀོད་པའི་ཁྱད་པར་ནི་སྒྲ་རིམ་གྱིས་འབྱུང་བ་རྣམས་ཡིན་ཏེ། དེས་ན་མི་མཚུངས་སོ་ཞེས་སྨྲ་བའི་སྐབས་ལ་བརྟགས་ནས། དཔེ་གཉིས་པ་སེམས་ཀྱི་རིམ་པ་བཞིན་ནོ་ཞེས་བྱ་བ་ཉེ་བར་བཀོད་དེ་ཇི་ལྟར་སེམས་རིམ་གྱིས་འབྱུང་བ་དག་ལས་རིམ་པ་གཞན་ཡོད་པ་མ་ཡིན་པ་དེ་དང་འདྲའོ། །རྟོག་པ་དོན་མེད་པ་ཡིན་ནོ་ཞེས་བྱ་བ་ནི་མིང་དང་ཚིག་དོན་གཞན་དུ་རྟོག་པ་དགོས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཐམས་ཅད་རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་ཞེས་བྱ་བ་ནི་ཁ་ཅིག་ཁོ་ན་རྟོག་གེའི་སྤྱོད་ཡུལ་ཡིན་གྱི་ཐམས་ཅད་ནི་མ་ཡིན་ཏེ། གང་དག་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གཏོགས་པ་ཁོ་ན་ཡིན་པ་དེ་དག་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །སེམས་དང་མི་ལྡན་པའི་ཁྱད་པར་བརྗོད་པར་འདོད་ནས། ཡང་ཅི་མིང་གི་ཚོགས་པ་ལ་སོགས་པ་འདི་དག་ལྡན་པ་འམ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཅི་གང་དང་ལྡན་པ་ནི་ཁམས་གང་དང་ལྡན་པའོ། །སེམས་ཅན་དུ་སྟོན་པ་དང༌། །སེམས་ཅན་དུ་སྟོན་པ་མ་ཡིན་པ་ཞེས་བྱ་བ་ནི་ཅི་ཞེས་བྱ་བ་ཡིན་ནོ། །འདོད་དང་གཟུགས་གཏོགས་སེམས་ཅན་སྟོན། །རྒྱུ་མཐུན་ལུང་བསྟན་མིན་ཞེས་བྱ་བ་ནི་འདོད་
པ་དང་གཟུགས་སུ་གཏོགས་པ་ཁོ་ནའོ། །སེམས་ཅན་དུ་སྟོན་པ་ཁོ་ནའོ། །རྒྱུ་མཐུན་པ་ཁོ་ནའོ་ཞེས་བྱ་བར་གཟུང་བ་ཡིན་ནོ། །དེ་དག་ནི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་མེད་པར་གཏོགས་པའི་མིང་གི་ཚོགས་ལ་སོགས་པ་དེ་དག་ནི་བརྗོད་པར་བྱ་བ་མ་ཡིན་པ་ཡིན་ཏེ། དེ་ན་ཚིག་མེད་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་གང་གི་ཚེ་དེ་དག་མི་བརྗོད་ན་དེ་དག་ཡོད་དོ་ཞེས་བྱ་བར་ཡང་ཇི་ལྟར་ཤེས། དེ་ལྟ་བས་ན་འདོད་པ་དང་གཟུགས་སུ་གཏོགས་པ་ཁོ་ན་ཡིན་གྱི་གཟུགས་མེད་པར་གཏོགས་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །སེམས་ཅན་དུ་སྟོན་པ་ཁོ་ན་ཡིན་ཏེ་སེམས་ཅན་གྱི་རྩོལ་བ་ལས་བྱུང་བའི་ཡི་གེ་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གང་ཞིག་རྗོད་པར་བྱེད་པ་དེ་དེ་དག་དང་ལྡན་ཞེས་བྱ་བ་འདི་ཅི་ཞིག་ཏུ་ཐེ་ཚོམ་ཟ་བར་གྱུར་ཞེ་ན། འདིའི་མིང་ནི་འདིའོ་ཞེས་ཐ་སྙད་འདོགས་པའི་ཕྱིར་བརྗོད་པར་བྱ་བ་དང་ལྡན་པར་འགྱུར་རོ་སྙམ་མོ། །དཔེར་ན་མིག་གི་དབང་པོ་དང་ནི་ལྟ་བར་བྱེད་པ་ཁོ་ན་དང་ལྡན་གྱི་བལྟ་བར་བྱ་བའི་སེམས་ཅན་དང་ནི་མ་ཡིན་པ་དེ་བཞིན་དུ་བརྗོད་པར་བྱེད་པ་ཁོ་ན་དང་ལྡན་གྱི་བརྗོད་པར་བྱ་བ་དང་ནི་མ་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུས་བསྐྱེད་པའི་ཕྱིར་རྒྱུ་མཐུན་པ་ལས་བྱུང་བ་ཁོ་ན་ཡིན་གྱི་འདོད་དགུ་ན་འབྱུང་བའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་མ་ཡིན་ལ་གཟུགས་ཅན་མ་ཡིན་པ་རྣམས་ལ་བསགས་པ་མེད་པའི་ཕྱིར་རྒྱས་པ་ལས་བྱུང་བ་ཡང་མ་ཡིན་ནོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ཡིན་གྱི་དགེ་བ་དང་མི་དགེ་བ་དག་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བ་ཀུན་དུ་ཆད་པ་དང་འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེ་དག་དང་མི་ལྡན་པར་ཐལ་བར་འགྱུར་ཏེ། དེ་ལྟ་མ་ཡིན་ནོ། །གང་གི་ཚེ་དགེ་བའི་རྩ་བ་ཀུན་དུ་ཆད་པ་ཞིག་དགེ་བའི་ཆོས་རྣམས་རྗོད་པར་བྱེད་པ་དེའི་ཚེ་འདི་དགེ་བའི་ཆོས་དང་ལྡན་པར་འགྱུར་ལ། དེ་བཞིན་དུ་འདོད་ཆགས་དང་བྲལ་བ་མི་དགེ་བའི་ཆོས་རྗོད་པར་བྱེད་པ་ལ་ཡང་སྦྱར་བར་བྱའོ། །དེ་ལྟ་བས་ན་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ཁོ་ན་ཡིན་ཏེ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ནི་དགེ་བ་དང་མི་དགེ་བ་དག་དང་མི་འགལ་བའི་ཕྱིར་རོ། །དེ་བཞིན་སྐལ་བ་མཉམ་ཞེས་བྱ་བ་
ལ་དེ་བཞིན་ཞེས་བྱ་བའི་སྒྲས་ནི་སྐལ་བ་མཉམ་པ་སེམས་ཅན་དུ་སྟོན་པ་དང་རྒྱུ་མཐུན་པ་ལས་བྱུང་བ་དང་ལུང་དུ་མ་བསྟན་པ་ཉིད་ཡིན་པ་ཁོ་ན་མཐུན་པར་སྒྲེ་བར་བྱེད་པ་ཡིན་ཏེ་དེའི་ཁམས་སུ་གཏོགས་པ་ནི་དམིགས་ཀྱིས་སེལ་བའི་ཚུལ་གྱིས་འཆད་པར་འགྱུར་བའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲ་ནི་ཁྱད་པར་དུ་བྱ་བའི་དོན་ཡིན་ཏེ་མིང་གི་ཚོགས་ལ་སོགས་པ་ལས་སྐལ་བ་མཉམ་པ་ཁྱད་པར་དུ་བྱེད་པ་ཡིན་ནོ། །ཇི་ལྟར་ཞེ་ན། རྣམ་པར་སྨིན་པའང་ཡིན་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་ཡིན་ཞེས་བྱ་བའི་ཐ་ཚིག་གོ །འདི་ནི་རྒྱུ་མཐུན་པ་ལས་བྱུང་བ་ཡིན་པ་འབའ་ཞིག་ཏུ་མ་ཟད་དོ། །འོ་ན་ཅི་ཞེ་ན། རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །རྒྱས་པ་ལས་བྱུང་བ་ནི་མ་ཡིན་ཏེ་དེ་བཞིན་དུ་བསགས་པ་མེད་པའི་ཕྱིར་རོ། །ཐོབ་རྣམ་གཉིས་ཞེས་བྱ་བ་ལ་རྣམ་གཉིས་ཞེས་བྱ་བའི་སྒྲས་ནི་ཐོབ་པ་རྣམས་ཀྱི་རབ་ཏུ་དབྱེ་བ་རྒྱུ་མཐུན་པ་ལས་བྱུང་བ་དང་རྣམ་པར་སྨིན་པ་ལས་སྐྱེས་པ་ཉིད་ཁོ་ན་བརྗོད་པ་ཡིན་ཏེ། རབ་ཏུ་དབྱེ་བ་གཞན་ནི་བཤད་ཟིན་པའི་ཕྱིར་རོ། །སྐྱེ་བ་ལ་སོགས་པ་མཚན་ཉིད་རྣམས་ཀྱི་རབ་ཏུ་དབྱེ་བ་ཡང་དེ་བཞིན་དུ་དེ་གཉིས་ཁོ་ན་བརྗོད་པར་བྱ་བ་ཡིན་ནོ། །མི་ལྡན་པ་ནི་མ་ཐོབ་པ་ཡིན་ཏེ་དེ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ཡང་རྣམ་པར་སྨིན་པ་ལས་སྐྱེས་པ་ནི་མ་ཡིན་ཏེ། རྣམ་པར་སྨིན་པའི་མི་ལྡན་པ་ཡང་རྣམ་པར་སྨིན་པ་ཡིན་པར་འོས་པ་མ་ཡིན་ནོ། །རྣམ་པར་སྨིན་པ་ནི་འདི་ལྟ་སྟེ་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པའི་ཡིན་པར་འདོད་ན། འདི་གཉིས་ཀྱིས་མ་ཐོབ་པ་ནི་རྣམ་པར་སྨིན་པ་ཡིན་པར་འོས་པ་མ་ཡིན་ཏེ། བློ་སྔོན་དུ་བཏང་བ་སེམས་པའི་བདག་ཉིད་དང་དེ་དང་མཚུངས་པར་ལྡན་པའི་ཆོས་གང་ཡིན་པ་དེ་རྣམ་པར་སྨིན་པའི་རྒྱུ་ཡིན་ན་མི་ལྡན་པ་ནི་དེ་ལྟར་བློ་སྔོན་དུ་བཏང་བའི་ལས་ཀྱིས་བྱས་པ་མ་ཡིན་པས་དེའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་ནོ། །འདི་དག་གི་བརྗོད་པར་བྱ་བ་ལྷག་མ་བཤད་ཟིན་ཅེས་བྱ་བ་ནི་ཐོབ་པ་དང་མཚན་ཉིད་དང་སྙོམས་པར་འཇུག་པ་དང་མི་ལྡན་པ་འདི་དག་གི་བརྗོད་པར་བྱ་བ་སྟེ་རྣམ་པར་བཤད་པར་བྱ་བ་བཤད་ཟིན་ཏེ་རྣམ་པར་བཤད་ཟིན་ཏོ་ཞེས་བྱ་བའི་ཐ་ཚིག་
གོ །ལྷག་མ་དེ་ཡང་གང་ཞེ་ན། ཁམས་སུ་གཏོགས་པ་ཉིད་དང་སེམས་ཅན་དང་སེམས་ཅན་དུ་སྟོན་པ་མ་ཡིན་པ་ཉིད་དང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་དོ། །དེ་ཇི་ལྟར་བཤད་ཟིན་ཅེ་ན། རེ་ཞིག་ཐོབ་པའི་ཁམས་སུ་གཏོགས་པ་ཉིད་ནི། དེར་གཏོགས་རྣམས་ཀྱི་རང་ཁམས་པ། །ཞེས་འབྱུང་བའི་ཕྱིར་བཤད་ཟིན་ཏོ། །སེམས་ཅན་དུ་སྟོན་པ་ཉིད་ནི་ལྡན་པ་ཞེས་འབྱུང་བའི་ཕྱིར་བཤད་ཟིན་ཏེ། །ཐོབ་དང་མ་ཐོབ་རང་རྒྱུད་དུ། །གཏོགས་པ་རྣམས་ཀྱི་ཞེས་འབྱུང་བའི་ཕྱིར་སེམས་ཅན་དུ་བ་གྲང་བ་མ་ཡིན་པའི་འདུས་བྱས་དང་ནི་ལྡན་པ་མེད་དེ། ཇི་ལྟར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་བཤད་ཟིན་ཅེ་ན། དགེ་ལ་སོགས་ཀྱི་དགེ་ལ་སོགས། །ཞེས་འབྱུང་བའི་ཕྱིར་རོ། །མཚན་ཉིད་རྣམས་ཀྱི་ཡང་ཁམས་གསུམ་པ་དང་ལྡན་པ་ཉིད་ཡིན་པར། ཐམས་ཅད་འདུས་བྱས་མཚན་ཉིད་དང༌། །ཞེས་འབྱུང་བའི་ཕྱིར་བཤད་ཟིན་ཏོ། །སེམས་ཅན་དུ་སྟོན་པ་ཉིད་ཀྱང་དེ་ཉིད་ཀྱི་ཕྱིར་བཤད་ཟིན་ཏེ། འདུས་བྱས་ཐམས་ཅད་དང་ལྷན་ཅིག་སྐྱེ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་ཀྱང་བཤད་ཟིན་ཏེ། སེམས་ལས་བྱུང་དང་སྡོམ་གཉིས་དང༌། །སེམས་དང་དེ་དག་གི་མཚན་ཉིད། །སེམས་ཀྱི་རྗེས་འབྲང་དུས་དང་ནི། །འབྲས་སོགས་དགེ་ལ་སོགས་པས་སོ། །ཞེས་འབྱུང་བའི་ཕྱིར་རོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་གཟུགས་ཀྱི་ཁམས་སུ་གཏོགས་པ་ཉིད་ཡིན་པར། བསམ་གཏན་ཐ་མར་ཞེས་འབྱུང་བའི་ཕྱིར་བཤད་ཟིན་ཏོ། །སེམས་ཅན་སྟོན་པ་ཉིད་ཀྱང་དེ་ཉིད་ཀྱི་ཕྱིར་བཤད་ཟིན་ཏེ། སྐྱེས་ནས་མྱོང་འགྱུར་ཉིད་ཅེས་འབྱུང་བའི་ཕྱིར་རོ། །འགོག་པའི་སྙོམས་པར་འཇུག་པའི་ཡང་གཟུགས་མེད་པའི་ཁམས་སུ་གཏོགས་པ་ཉིད་ཡིན་པར། སྲིད་རྩེ་སྐྱེས་ཞེས་འབྱུང་བའི་ཕྱིར་བཤད་ཟིན་ཏོ། །དགེ་བ་ཉིད་ཀྱང་དགེ་བ་ཞེས་འབྱུང་བའི་ཕྱིར་བཤད་ཟིན་ཏོ། །སེམས་ཅན་དུ་སྟོན་པ་ཉིད་ཀྱང་དེ་ཉིད་ཀྱི་ཕྱིར་བཤད་ཟིན་ཏེ། དགེ་བ་འདུས་བྱས་ཡིན་པའི་ཕྱིར་རོ། །མི་ལྡན་པ་ནི་ཁམས་གསུམ་དུ་གཏོགས་པ་ཉིད་ཡིན་པར། འདོད་སོགས་གཏོགས་དང་དྲི་མེད་ཀྱིའང༌། །
ཞེས་འབྱུང་བའི་ཕྱིར་བཤད་ཟིན་ཏོ། །སེམས་ཅན་དུ་སྟོན་པ་ཉིད་ནི་ལྡན་པ་ཞེས་འབྱུང་བའི་ཕྱིར་བཤད་ཟིན་ཏོ། །ལུང་དུ་མ་བསྟན་པ་ཉིད་ཀྱང་མ་བསྒྲིབས་ལུང་མ་བསྟན་ཞེས་འབྱུང་བའི་ཕྱིར་བཤད་ཟིན་ཏོ། །ལྷག་མ་འདུ་ཤེས་མེད་པ་པ་དང་སྲོག་གི་དབང་པོ་དག་ཅི་ཞེ་ན། བརྗོད་པར་བྱ་བ་བཤད་ཟིན་ཏོ་ཞེས་སྦྱར་བར་བྱ་སྟེ། འདུ་ཤེས་མེད་པ་པའི་གཟུགས་སུ་གཏོགས་པ་དང་སེམས་ཅན་དུ་སྟོན་པ་དང་རྣམ་པར་སྨིན་པ་དང་ལུང་དུ་མ་བསྟན་པ་ཉིད་ཡིན་པར་བཤད་ཟིན་ཏོ། རྣམ་སྨིན་དེ་འབྲས་ཆེ་ཞེས་འབྱུང་བའི་ཕྱིར་རོ། །སྲོག་གི་དབང་པོའི་ནི། །ཁམས་གསུམ་དུ་གཏོགས་པ་ཉིད་ཡིན་པར། སྲོག་ནི་ཚེ་ཡིན་ཞེས་འབྱུང་བའི་ཕྱིར་བཤད་ཟིན་ཏེ། ཚེ་ནི་ཁམས་གསུམ་པ་ཡིན་པའི་ཕྱིར་རོ། །སེམས་ཅན་དུ་སྟོན་པ་ཉིད་ཀྱང་མདོ་ལས། སྲོག་ནི་རྣམ་སྨིན་ཞེས་འབྱུང་བའི་ཕྱིར་བཤད་ཟིན་ཏེ། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་ཞེས་བྱ་ལུང་བསྟན་བྱུང༌། །ཞེས་འབྱུང་བའི་ཕྱིར་རྣམ་པར་སྨིན་པ་ནི་སེམས་ཅན་དུ་སྟོན་པ་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདིའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཉིད་ཀྱང་བཤད་ཟིན་པ་ཡིན་ནོ། །སློབ་དཔོན་གྱིས་ནི་བརྗོད་པར་བྱ་བ་བཤད་ཟིན་པ་གོ་དཀའ་བ་གང་ཡིན་པ་དེ་ཇི་ལྟར་ཐོབ་པ་རྣམས་ཀྱི་སེམས་ཅན་དུ་སྟོན་པ་ཉིད་བཤད་ཟིན་ཅེ་ན། ལྡན་པ་ཞེས་བཤད་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་རྣམས་པར་ཕྱེ་བ་ཡིན་ནོ། །རྒྱུ་རྣམས་ནི་གང་རྐྱེན་རྣམས་ནི་གང་ཞེས་བྱ་བ་རྒྱུ་རྣམས་དང་རྐྱེན་རྣམས་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། སྨྲས་པ། ཅུང་ཟད་ཀྱང་མེད་དེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་རྒྱུ་གཉིས་དང་རྐྱེན་གཉིས་ནི་ཡང་དག་པའི་ལྟ་བ་སྐྱེད་པར་བྱེད་པ་ཡིན་ནོ། །གཉིས་གང་ཞེ་ན། གཞན་གྱི་སྒྲ་དང་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་གསུངས་སོ། །རྒྱུ་དང་རྐྱེན་དང་གཞི་དང་བྱེད་རྒྱུ་དང་རྒྱུ་མཚན་དང་རྟགས་རྒྱུ་དང་འབྲས་གནས་ཞེས་བྱ་བ་ནི་རྣམ་གྲངས་དག་ཡིན་ནོ། །འབྲས་གནས་ཞེས་བྱ་བའི་སྒྲ་ནི། རེས་འགའ་ནི་ཤུ་བུ་ལ་ཡོད་ལ། རེས་འགའ་ནི་སོགས་པ་ཉིད་ལ་ཡང་ཡོད་དེ། དཔེར་ན་ཉི་མ་ལ་སོགས་པའི་ལྷ་ཞེས་བྱ་བ་དང༌། ཤུ་བུའི་སྦྱོར་བ་ནི་འབྲས་གནས་ཀྱི་སྦྱོར་བ་ཡིན་ནོ་
ཞེས་བྱ་བ་ལྟ་བུའོ། །གལ་ཏེ་སོ་སོར་ཁྱད་པར་མེད་ན་ཅིའི་ཕྱིར་རྒྱུ་རྣམས་དང་རྐྱེན་རྣམས་སོ་སོར་བསྟན་ཞེ་ན། རྒྱུ་ཡང་དོན་གྱི་ཁྱད་པར་གཞན་དུ་བསྟན་ལ་རྐྱེན་ཡང་གཞན་དུ་བསྟན་པ་ཡིན་ཏེ། རྒྱུ་བསྟན་པ་ལ་ནི་བགེགས་མི་བྱེད་པའི་ངོ་བོ་དང༌། ལྷན་ཅིག་འབྱུང་བ་ཉིད་དང་འདྲ་བ་ཉིད་ལ་སོགས་པའི་དོན་གྱི་ཁྱད་པར་དུ་བཤད་པ་ཡིན་ལ། རྐྱེན་བསྟན་པ་ལ་ནི་མཚུངས་པ་དེ་མ་ཐག་པ་ཉིད་ལ་སོགས་པ་དོན་གྱི་ཁྱད་པར་གཞན་དུ་བཤད་པ་ཡིན་ནོ། །ཡང་ཆོས་མངོན་པ་ཐམས་ཅད་ནི་མདོའི་དོན་དང༌། མདོ་གཏན་ལ་འབེབས་པ་དང༌། མདོ་རྣམ་པར་འཆད་པ་ཡིན་ན་རྒྱུ་དྲུག་པོ་མདོག་ལས་བཤད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་མདོ་དེ་ནི་ནུབ་སྟེ། འདི་ལྟར་གཅིག་ལས་འཕྲོས་པའི་ལུང་ཆོས་རྒྱའི་བར་དུ་བསྟན་པར་གྱུར་པ་ལས་ད་ལྟ་བཅུའི་བར་སྟོན་པར་སྣང་ངོ་ཞེས་བརྗོད་དོ། །འོན་ཀྱང་སོ་སོར་ངེས་པའི་རྒྱུ་སྟོན་པར་བྱེད་པའི་མདོ་དག་དམིགས་པས་དེ་དག་དཔེར་བརྗོད་པར་བྱ་སྟེ། མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་ནི་བྱེད་རྒྱུའི་རྒྱུ་ཡིན་ཏེ་འདིའི་ནི་སྐྱེ་བ་ལ་བགེགས་མི་བྱེད་པའི་ངོ་བོར་གཞག་གོ །ལམ་གྱི་ཡན་ལག་གསུམ་པོ་འདི་དག་ནི་ཡང་དག་པའི་ལྟ་བའི་རྗེས་སུ་འབྲང་བ་ཡིན་ཏེ། ལྷན་ཅིག་སྐྱེ་བའི་ཚོར་བ་དང་འདུ་ཤེས་དང་སེམས་པའོ་ཞེས་བྱ་བ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ་འདི་ནི་ཕན་ཚུན་རྗེས་སུ་འབྲང་བ་དང་བྱ་བ་གཅིག་པའི་དོན་གྱི་རྣམ་པར་གཞག་གོ །སྐྱེས་བུ་གང་ཟག་འདི་ནི་ཆོས་དགེ་བ་རྣམས་དང་ཡང་ལྡན་ལ་མི་དགེ་བ་རྣམས་དང་ཡང་ལྡན་ཞེས་བྱ་བ་ནས་འདི་ལ་དགེ་བའི་རྩ་བ་ཀུན་དུ་མ་ཆད་པ་གང་ལས་འདིའི་དགེ་བའི་རྩ་བ་ལས་དགེ་བའི་རྩ་བ་གཞན་སྐྱེ་བར་འགྱུར་བ་ཆུང་ངུ་དང་ལྷན་ཅིག་གྱུར་པ་ཡོད་ན། དེ་ལྟ་ན་སྐྱེས་བུ་གང་ཟག་འདི་ཕྱིས་རྣམ་པར་དག་པའི་ཆོས་ཅན་དུ་འགྱུར་རོ་ཞེས་འབྱུང་བ་ནི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། འདིར་ནི་འདས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་འབྲས་བུ་འདྲ་བ་འགྲུབ་པའི་དོན་གྱིས་རྣམ་པར་གཞག་གོ །རྟོགས་ནས་ཤེས་པ་དང་མཚུངས་པར་ལྡན་པ་འདི་ནི་མཐོང་བའི་གཞི་ཅན་གྱི་དང་པོའོ། །གང་རྣམ་པར་ཤེས་པ་དེ་
ནི་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་མཚུངས་པར་ལྡན་པའི་རྒྱུ་ཡིན་ཏེ། འདི་ནི་དམིགས་པ་གཅིག་དང་བྱ་བ་གཅིག་པའི་དོན་གྱིས་རྣམ་པར་གཞག་གོ །སྐྱེས་བུ་གང་ཟག་ལོག་པར་ལྟ་བ་ཅན་གྱི་ལུས་ཀྱི་ལས་གང་ཡིན་པ་དང༌། དེའི་ལྟ་བ་ཅན་གྱི་ངག་གི་ལས་གང་ཡིན་པ་དང༌། སེམས་པ་གང་ཡིན་པ་དང༌། སྨོན་པ་གང་ཡིན་པ་དེ་དག་དང་རྗེས་སུ་མཐུན་པའི་འདུ་བྱེད་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་མི་འདོད་པར་འགྱུར་བ་དང་མི་སྡུག་པར་འགྱུར་བ་དང༌། མི་དགའ་བ་ཉིད་དུ་འགྱུར་བ་དང༌། ཡིད་དུ་མི་འོང་བ་ཉིད་དུ་འགྱུར་བར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདིའི་ལྟ་བ་འདི་ལྟ་སྟེ་ལོག་པར་ལྟ་བ་ནི་སྡིག་པ་ཅན་ཡིན་ནོ་ཞེས་འབྱུང་བ་ནི་ཀུན་དུ་འགྲོ་བའི་རྒྱུ་ཡིན་ཏེ། འདི་ནི་སྐལ་བ་མཉམ་པ་དང་སྐལ་བ་མི་མཉམ་པའི་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་རྒྱུན་སྐྱེད་པར་བྱེད་པའི་དོན་གྱིས་རྣམ་པར་གཞག་གོ །འདི་ནི་ལས་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པ་དང་བསྒོམས་པ་ལས་བྱུང་བའི་རྣམ་པར་སྨིན་པ་དེར་སྐྱེས་པ་རྣམས་ཀྱིས་སོ་སོར་ཡང་དག་པར་མྱོང་བར་འགྱུར་རོ། །ཆེད་དུ་བསམས་པའི་ལས་བྱས་ཤིང་བསགས་པའི་རྣམ་པར་སྨིན་པ་ཞེས་འབྱུང་བ་ནི་རྣམ་པར་སྨིན་པའི་རྒྱུ་ཡིན་ཏེ། འདི་ནི་འབྲས་བུ་མི་འདྲ་བ་འཕེན་པར་བྱེད་པ་ཉིད་ཀྱིས་རྣམ་པར་གཞག་གོ །དེའི་ཕྱིར་རྒྱུ་དྲུག་པོ་འདི་དག་ནི་མདོ་ཁོ་ན་ལས་གྲགས་པ་ཡིན་པས་བྱེ་བྲག་ཏུ་སྨྲ་བ་རྣམས། རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་བྱ་བར་བསམས་པ་ཡིན་ནོ། །རང་ལས་གཞན་པ་བྱེད་པའི་རྒྱུ། །ཞེས་བྱ་བ་ནི་བདག་ཉིད་ལས་གཞན་པ་ཞེས་བྱ་བའི་ཐ་ཚིག་སྟེ། རང་གི་མཚན་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རང་གི་བདག་ཉིད་ནི་རྒྱུ་མ་ཡིན་ནོ། །འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་བྱེད་པའི་རྒྱུ་ཡིན་ཞེས་བྱ་བ་ནི་བྱེད་པ་ཉིད་རྒྱུ་ཡིན་པས་ན་བྱེད་པའི་རྒྱུ་སྟེ་རྒྱུ་གང་ཞིག་ཁྱད་པར་གྱི་མིང་གིས་མ་བརྗོད་ལ་རྒྱུའི་ངོ་བོ་སྤྱི་བཟུང་ནས་བརྗོད་པ་དེ་ནི་བྱེད་པའི་རྒྱུ་ཡིན་ནོ། །གང་ཞིག་ཁྱད་པར་གྱི་མིང་དག་གིས་བཤད་པའི་རྒྱུ་གཞན་དག་ཏུ་ནི་ཁྱད་པར་དུ་མ་བྱས་ལ་རྒྱུ་ནི་ཡིན་པ་དེ་ཉིད་དེའི་ཁྱད་པར་ཡིན་ཏེ། དཔེར་ན་གཟུགས་ཀྱི་སྐྱེ་མཆེད་དུ་བཤད་པ་ལྟ་བུ་ཡིན་ནོ། །
སྐྱེ་བ་ལ་བགེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་སྐྱེ་བ་དང་ལྡན་པ་རྣམས་སྐྱེ་བ་ལ་རང་ལས་གཞན་པའི་ཆོས་རྣམས་བགེགས་མི་བྱེད་པའི་ངོ་བོར་གནས་པ་དེའི་ཕྱིར་བྱེད་པའི་རྒྱུ་ཞེས་བྱ་བ་ཡིན་ནོ། །ཟག་པ་གང་དག་མི་ཤེས་པ་དེ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་ཤེས་ན་ཟག་པ་སྐྱེས་པ་དེ་དག་སྐྱེ་བར་མི་འགྱུར་བ་ཞིག་ན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མཐོང་བ་དང་བསྒོམ་པའི་ལམ་མ་སྐྱེས་པའི་གང་ཟག་མི་ཤེས་པ་ལ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱིས་གཞོམ་པར་བྱ་བའི་ཟག་པ་འདོད་ཆགས་ལ་སོགས་པ་གང་དག་ཡིན་པ་དེ་དག་སྐྱེས་ལ། མཐོང་བ་དང་བསྒོམ་པའི་ལམ་སྐྱེས་པའི་གང་ཟག་ཤེས་པ་ལ་ནི་དེ་དག་གིས་གཞོམ་པར་བྱ་བ་འདོད་ཆགས་ལ་སོགས་པ་མི་སྐྱེའོ། །དེས་ན་ཅིར་འགྱུར་ཞེ་ན། སྨྲས་པ། དེ་དག་སྐྱེ་བ་ལ་ཡང་མཐོང་བ་དང་བསྒོམ་པའི་ལམ་གྱིས་བསྡུས་པའི་ཤེས་པ་བགེགས་བྱེད་དོ། །སྐར་མ་རྣམས་མཐོང་བ་ལ་ཡང་ཉི་མའི་འོད་མཐོང་བ་སྐྱེ་བ་ལ་བགེགས་བྱེད་དོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེ་ལྟ་ཡིན་ན་ཇི་ལྟར་རང་གི་ངོ་བོ་ལ་གཏོགས་པ་ཆོས་ཐམས་ཅད་འདུས་བྱས་ཀྱི་བྱེད་པའི་རྒྱུ་ཡིན་ཏེ། འདི་ལྟར་ཟག་པ་སྐྱེ་བ་ལ་ཡང་ཤེས་པ་བྱེད་པའི་རྒྱུ་ལ་ཡིན་ལ་སྐར་མ་མཐོང་བ་སྐྱེ་བ་ལ་ཡང་ཉི་མའི་འོད་བྱེད་པའི་རྒྱུ་ཡིན་ནོ། །འདི་སྐད་དུ་ཟག་པ་སྐྱེ་བ་ལ་ཡང་རང་གི་ངོ་བོ་དང་ཤེས་པ་མ་གཏོགས་པ་ཆོས་ཐམས་ཅད་འདུས་བྱས་ཀྱི་བྱེད་པའི་རྒྱུ་ཡིན་ལ། སྐར་མ་མཐོང་བ་སྐྱེ་བ་ལ་ཡང་རང་གི་ངོ་བོ་དང་ཉི་མའི་འོད་མ་གཏོགས་པ་ཆོས་ཐམས་ཅད་བྱེད་པའི་རྒྱུ་ཡིན་ནོ་ཞེས་བརྗོད་དགོས་པར་འགྱུར་རོ། །སྐྱེ་བ་ལ་བགེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་ཞེས་བྱ་བ་ནི་རྐྱེན་རྣམས་ཚོགས་ན་མཇུག་ཐོགས་སུ་འབྱུང་བའི་ཆོས་ལ་སྐྱེ་བ་ཞེས་བྱ་སྟེ། སྐྱེ་བ་དེ་སྐྱེ་བ་ལ་ཆོས་ཐམས་ཅད་བགེགས་མི་བྱེད་པའི་ངོ་བོར་གནས་པ་ཁོ་ན་ཡིན་གྱི་ཐམས་ཅད་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཤེས་པ་ཡོད་ན་ནི་ཟག་པ་དེ་དག་སྐྱེ་བར་ཡང་མི་འགྱུར་ཏེ། ཐོབ་པ་ལ་སོགས་པ་མེད་པས་རྐྱེན་ཚོགས་པ་མེད་པའི་ཕྱིར་རོ། །སྐར་མ་མཐོང་བ་ཡང་རྐྱེན་ཚོགས་པ་མེད་པ་ཁོ་
ནས་མི་སྐྱེ་བ་ཡིན་ནོ་ཞེས་བྱ་བར་སྦྱོར་རོ། །དེའི་ཕྱིར་རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་ནི་འདུས་བྱས་ཀྱི་བྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་སོ་ན་འདུག་པ་ཡིན་ནོ། །དཔེར་ན་སྤྱོད་པར་བྱེད་པ་མི་འཚེ་བའི་དབང་དུ་བྱས་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མི་རྣམས་གྲོང་གི་བདག་པོ་མི་འཚེ་བ་ལ་བསམས་ནས་བདག་ཅག་ནི་རྗེ་བོས་བདེ་བར་བྱས་སོ་ཞེས་སྨྲ་བ་ལྟ་བུ་ཡིན་ནོ། །ཅིའི་ཕྱིར་དེ་དག་དེ་སྐད་ཅེས་ཟེར་བར་འགྱུར་ཞེ་ན། འདི་ལྟར་དེ་ནི་འཚེ་བར་བྱེད་ནུས་པ་ལས་འཚེ་བར་མི་བྱེད་པས། དཔེར་ན་ཆོས་ཐམས་ཅད་སྐྱེ་བ་ལ་མྱ་ངན་ལས་འདས་པ་དང་མི་སྐྱེ་བའི་ཆོས་ཅན་རྣམས་ཞེས་བྱ་བ་ཅི་ཞེ་ན། ཇི་ལྟར་ན་རྒྱུའི་དངོས་པོ་ཡིན་ཞེས་བྱ་བར་སྦྱར་རོ། །དམྱལ་བ་ལ་སོགས་པ་དག་ལྟ་བུ་ཞེས་བྱ་བ་ནི་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་ལ་སོགས་པ་གཟུགས་མེད་པའི་ཕུང་པོ་སྐྱེ་བ་ལ་ཇི་ལྟར་རྒྱུའི་དངོས་པོ་ཡིན། དམྱལ་བ་ལ་སོགས་པ་སྨོས་པ་ནི་རེས་འགའ་ལུང་འབོགས་པ་ལ་སོགས་པས་རྒྱུར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་དག་མེད་དུ་ཟིན་ཀྱང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་སོགས་པ་དེ་དག་མེད་དུ་ཟིན་ཀྱང༌། ཇི་ལྟར་ཡོད་ཅིང་མེད་པ་མ་ཡིན་པ་དེ་ཁོ་ན་བཞིན་དུ་བགེགས་བྱེད་མི་ནུས་པར་འགྱུར་རོ། །དེའི་ཕྱིར་མྱ་ངན་ལས་འདས་པ་ལ་སོགས་པ་འདི་དག་ཡོད་དམ་མེད་ཀྱང་རུང༌། བགེགས་མི་བྱེད་པ་ཉིད་ལ་ཁྱད་པར་མེད་པ་ཉིད་དེ་དག་མེད་པར་མཚུངས་སོ་ཞེས་བྱ་བའི་ཐ་ཚིག་གོ །སྤྱོད་པར་བྱེད་པར་མི་ནུས་པ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྤྱོད་པར་བྱེད་པ་འཚེ་བར་བྱེད་མི་ནུས་བཞིན་དུ་ཡང་གྲོང་མི་རྣམས་བདག་ཅག་ནི་རྫེ་བོས་བདེ་བ་བྱས་སོ་ཞེས་དེ་སྐད་ང་སྨྲ་བར་འགྱུར་ཏེ། འདིར་དཔེ་ནི་གོང་དུ་བཤད་པ་གང་ཡིན་པ་དེ་ཉིད་ཡིན་ནོ། །དེའི་ཕྱིར་དཔེ་འདི་ཁོ་ནས་མྱ་ངན་ལས་འདས་པ་ལ་སོགས་པ་བགེགས་བྱེད་པར་མི་ནུས་པ་རྣམས་ཀྱང་བགེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་བྱེད་པའི་རྒྱུའི་དངོས་པོར་གྲུབ་པ་ཡིན་ནོ། །ཡང་མེད་པར་མཚུངས་པ་ལས་ཅིའི་ཕྱིར་མྱ་ངན་ལས་འདས་པ་ལ་སོགས་པ་ནི་བྱེད་པའི་རྒྱུ་ཉིད་ཡིན་པར་
འདོད་ལ་མེད་པ་རི་བོང་གི་རྭ་ལ་སོགས་པ་མ་ཡིན་ཞེ་ན། མེད་པའི་དཔེ་མེད་པའི་ཕྱིར་ཏེ། སྤྱོད་པར་བྱེད་པ་མེད་པའི་དབང་དུ་བྱས་ནས་གྲོང་མི་རྣམས་བདག་ཅག་ནི་རྗེ་བོས་བདེ་བར་བྱས་སོ་ཞེས་སྨྲས་པའམ། བདག་ཅག་ནི་རི་བོང་གི་རྭས་བདེ་བར་བྱས་སོ་ཞེས་སྨྲ་བར་འགྱུར་བ་ནི་མེད་པས་འདི་ནི་ཀླན་ཀར་མི་རུང་ངོ༌། །འདི་ནི་སྤྱིར་བསྟན་པ་ཡིན་ཞེས་བྱ་བ་ནི་བྱེད་རྒྱུའི་གཙོ་བོ་གང་ཡིན་པ་དང་གཙོ་བོ་མ་ཡིན་པ་ཐམས་ཅད་ཀྱི་དབང་དུ་བྱས་ནས། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་བཤད་པ་ཡིན་གྱི་གཙོ་བོ་སྐྱེད་པར་བྱེད་པའི་བྱེད་རྒྱུའི་རྒྱུ་གང་ཡིན་པ་དེ་ནི་ཤིན་ཏུ་ཡང་བགེགས་མི་བྱེད་པའི་ངོ་བོར་གནས་པ་ཡིན་གྱི་ཅིག་ཤོས་འབའ་ཞིག་ཡིན་པ་མ་ཡིན་ནོ། །ལུས་ལས་ཟས་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་ལ་ནུས་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཟས་ཀུན་འབྱུང་པས་ལུས་ཀུན་དུ་འབྱུང་བའི་ཕྱིར་རོ་ཞེས་འབྱུང་བའི་ཕྱིར་ཏེ་རོ་ལ་སོགས་པ་འགྱུར་བ་དང་ལྡན་པའི་ཕྱིར་རོ། །མྱུ་གུ་ལ་སོགས་པ་ལ་ས་བོན་ལ་སོགས་པ་བཞིན་ཞེས་བྱ་བ་ནི་ས་བོན་དང་མྱུ་གུ་དང་འདབ་མ་དང་སྡོང་བུ་ལ་སོགས་པ་ནི་མྱུ་གུ་དང་འདབ་མ་དང་སྡོང་བུ་དང་ཡལ་ག་ལ་སོགས་པ་བསྐྱེད་པར་བྱ་བ་ལ་ནུས་པ་ཁོ་ནའོ། །གང་ཞིག་འདི་སྐད་དུ་རྒོལ་བར་བྱེད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བྱེད་རྒྱུའི་ཡོད་ན་འབྲས་བུ་འབྱུང་བར་འགྱུར་རོ་སྙམ་དུ་བསམས་ནས། ཅིའི་ཕྱིར་ཐམས་ཅད་ཅིག་ཅར་སྐྱེ་བར་མི་འགྱུར་ཇི་ལྟར་སྲོག་གཅོད་པར་བྱེད་པ་སྲོག་གཅོད་པ་ལ་བརྟེན་པ་དེ་བཞིན་དུ་ཐམས་ཅད་ཀྱང་དེ་ལ་བརྟེན་པར་ཅིའི་ཕྱིར་མི་འགྱུར་ཞེས་རྒོལ་བར་བྱེད་པ་ཡིན་ནོ། །བྱེད་པ་པོའི་ངོ་བོས་མ་ཡིན་ནོ་ཞེས་བྱ་བ་ནི་འདིའི་དངོས་སུ་བྱེད་པས་བྱེད་རྒྱུ་ཉིད་ཡིན་པ་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་པ་ཡིན་ནོ། །རེ་ཞིག་ཐམས་ཅད་ཅིག་ཅར་སྐྱེ་བར་ཡང་མི་འགྱུར་ཏེ་རྐྱེན་ཚོགས་པ་མེད་པས་མི་སྐྱེ་བའི་ཕྱིར་རོ།། །།བམ་པོ་བཅུ་བདུན་པ། བྱེད་པ་པོ་མ་ཡིན་པའི་ཕྱིར་སྲོག་གཅོད་པ་དང་ལྡན་པ་ཡང་མ་ཡིན་ཏེ་བྱེད་པ་པོ་གང་ཡིན་པ་དེ་ནི་སྲོག་གཅོད་པ་དང་ལྡན་པ་ཁོ་ན་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་སྐྱེ་ལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་
ཤེས་པ་དགེ་བ་དང་མི་དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་ལ་དེ་ལས་ཀྱང་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། བརྒྱུད་པའི་སྒོ་ནས་མྱ་ངན་ལས་འདས་པ་དེ་ཡང་མིག་གི་རྣམ་པར་ཤེས་པའི་རྐྱེན་དུ་གྱུར་པའི་ཕྱིར་ནུས་པ་ཡོད་དོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེ་བཞིན་དུ་གཞན་ལ་ཡང་རྟོགས་པར་བྱ་སྟེ་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པ་ཡང་གཟུགས་མེད་པའི་ཕུང་པོ་སྐྱེ་བ་ལ་ནུས་པ་ཡོད་དོ། །ཇི་ལྟ་ཞེ་ན། ཀྱེ་མ་དམྱལ་བ་པ་དང་ཡི་དགས་ལ་སོགས་པ་འདི་དག་ནི་ཤིན་ཏུ་སྡུག་བསྔལ་ལོ་ཞེས་དམྱལ་བ་ལ་སོགས་པ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བ་སྐྱེའོ། །དེ་ནས་རིམ་གྱིས་ཚུལ་ཁྲིམས་ལ་རྣམ་པར་གནས་པ་བསྒོམ་པ་ལ་སྦྱོར་བའི་སྒོ་ནས་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་སྐྱེ་བ་འཐད་པར་འགྱུར་རོ། །ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཞེས་བྱ་བ་ནི་རྒྱུ་ཞེས་བྱ་བར་སྦྱར་ཏེ་ལྷན་ཅིག་འབྱུང་བའི་རྒྱུ་ནི་ཆོས་གང་དག་ཕན་ཚུན་འབྲས་བུ་ཡིན་པའི་ཆོས་དེ་དག་ཡིན་ཏེ། གང་དག་གཅིག་ལ་གཅིག་འབྲས་བུ་ཡིན་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །ལྷན་ཅིག་འབྱུང་བའི་རྒྱུ་ནི་ལྷན་ཅིག་འབྱུང་བ་དག་ཡིན་ནོ་ཞེས་ནི་མ་བཤད་དོ། །ཅིའི་ཕྱིར་ཞེ་ན། ཆོས་ཁ་ཅིག་ལྷན་ཅིག་འབྱུང་བ་ཡོད་ཀྱང་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པ་རྒྱུར་བྱས་པའི་གཟུགས་འབྱུང་བ་དག་དང་ལྷན་ཅིག་འབྱུང་མོད་ཀྱི། ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ནི་མ་ཡིན་པ་ལྟ་བུའོ། །དེའི་ཕྱིར་ཕན་ཚུན་འབྲས་ཞེས་བྱ་བའི་དོན་སྨོས་པ་ཡིན་ནོ། །མཚན་ཉིད་འདི་ཡང་ལྷག་མ་དང་བཅས་པ་ཡིན་ཏེ། དེའི་ཕྱིར་འོག་ནས་ཕན་ཚུན་འབྲས་བུ་ཉིད་མེད་བཞིན་དུ་ཆོས་ནི་མཐུན་པའི་མཚན་ཉིད་རྣམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ་དེ་དག་ནི་དེའི་མ་ཡིན་པས་ཁ་བསྐང་བར་བྱའོ་ཞེས་འཆད་པར་འགྱུར་རོ། །ཁ་བསྐང་བར་བྱ་བ་ཡང་བསྟན་བཅོས་ཆེན་པོ་ཉིད་ཡིན་པར་རབ་ཏུ་བསྟན་པའི་ཕྱིར་ཏེ། བརྡ་ཕྲད་པ་ལ་སོགས་པའི་བསྟན་བཅོས་ཆེན་པོ་དག་ཁ་སྐོང་བ་དང་བཅས་པར་སྣང་ངོ༌། །འབྱུང་བ་བཞིན་ཞེས་བྱ་བའི་རྐྱེན་ནི་དཔེར་ན་ཞེས་བྱ་བའི་དོན་ཡིན་ནོ། །དེ་ལྟར་ན་འདུས་བྱས་ཐམས་ཅད་ནི་ཅི་
རིགས་པར་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་རྣམས་ཀྱང་མཚན་གཞིའི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ་དེ་ཡང་དེ་དག་གི་ཡིན་པ་དེའི་ཕྱིར་ཅི་རིགས་པར་འདུས་བྱས་ཐམས་ཅད་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ། འདུས་བྱས་ཀྱང་མཚན་ཉིད་དང་ལྡན་པའི་ཕྱིར་ལ་མཚན་གཞི་དང་མཚན་ཉིད་དག་ཀྱང་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །མཚན་ཉིད་གཞན་དག་དང་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ཐམས་ཅད་ནི་ཐམས་ཅད་ཀྱི་མ་ཡིན་པས་ཅི་རིགས་པར་ཞེས་བྱ་བར་སྨོས་སོ། །དེ་དག་དང་སེམས་ཀྱི་སྐྱེ་བ་ལ་སོགས་པ་གང་དག་ཡིན་པ་ཞེས་བྱ་བ་ནི་སེམས་དང་མཚུངས་པར་ལྡན་པ་སེམས་པ་ལ་སོགས་པ་དང༌། བསམ་གཏན་གྱི་སྡོམ་པ་དང་གང་ཟག་པ་མེད་པའི་སྡོམ་པ་དེ་དག་གི་ཆོས་སྐྱེ་བ་ལ་སོགས་པ་གང་ཡིན་པ་དང༌། སེམས་ཀྱི་སྐྱེ་བ་ལ་སོགས་པ་གང་དག་ཡིན་པའི་ཆོས་དེ་དག་ནི་སེམས་ཀྱི་རྗེས་སུ་འཇུག་པ་ཞེས་བྱའོ། །དུས་དང་ནི། འབྲས་སོགས་དགེ་ལ་སོགས་པས་སོ། །ཞེས་བྱ་བ་ནི་དུས་དང་འབྲས་བུ་ལ་སོགས་པ་དང་དགེ་བ་ལ་སོགས་པས་ཡིན་པས་དུས་དང་ནི། འབྲས་སོགས་དགེ་ལ་སོགས་པས་སོ། །རེ་ཞིག་དུས་ལས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་དག་ནི་སེམས་དང་ལྷན་ཅིག་སྐྱེ་བ་གཅིག་པ་དང༌། གནས་པ་གཅིག་པ་དང༌། འགག་པ་གཅིག་པ་ཡིན་ནོ། །དེའི་ངོ་བོར་ཏེ་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་པ་ཉིད་དེ་དང་ངོ༌། །དུས་གཅིག་ཏུ་གཏོགས་པས་ན། དུས་གཅིག་ཏུ་གཏོགས་པའོ། །དེའི་ངོ་བོ་སྟེ་བཞི་པ་དུས་གཅིག་ཏུ་གཏོགས་པ་ཉིད་དེས་ན་དུས་ཀྱི་སྒོ་ནས་སེམས་ཀྱི་རྗེས་སུ་འཇུག་པ་ཡིན་ནོ། །འབྲས་བུ་གཅིག་པ་ཉིད་དང༌། རྣམ་པར་སྨིན་པ་གཅིག་པ་ཉིད་དང༌། རྒྱུ་མཐུན་པ་གཅིག་པ་ཉིད་ཀྱིས་སེམས་ཀྱི་རྗེས་སུ་འཇུག་པ་ཡིན་ནོ། །འདིར་འབྲས་བུ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་དང་འབྲལ་བའི་འབྲས་བུ་ཡིན་ཏེ། རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་ནི་ལོགས་ཤིག་ཏུ་སྨོས་ཟིན་པའི་ཕྱིར་རོ། །བདག་པོའི་འབྲས་བུ་ནི་ཐམས་ཅད་དང་ཐུན་མོང་ཡིན་པས་མ་སྨོས་སོ། །འབྲས་བུ་གཅིག་པ་ཉིད་དང་
ཞེས་བྱ་བ་ལ་སོགས་པའི་གཅིག་ཅེས་བྱ་བའི་སྒྲ་འདི་ནི་གྲངས་སམ་ཐུན་མོང་བ་ཡིན་ནོ། །གཅིག་ཅེས་བྱ་བའི་སྒྲ་སྔ་མ་ནི་ལྷན་ཅིག་པའི་དོན་ཡིན་ཏེ། སེམས་དང་ལྷན་ཅིག་སྐྱེ་བ་དང་གནས་པ་དང་འགག་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །འདི་ལ་གྲངས་ཀྱི་དོན་ནི་མི་སྲིད་དེ། སེམས་ཀྱི་སྐྱེ་བ་གང་ཡིན་པ་དེ་ཉིད་རྗེས་སུ་འཇུག་པ་རྣམས་ཀྱི་ཡིན་པའམ་དེ་དག་གི་གང་ཡིན་པ་དེ་ཉིད་སེམས་ཀྱི་ཡིན་པ་ནི་མེད་དོ། །དེ་ལྟར་ན་རྒྱུ་བཅུས་ཞེས་བྱ་བ་ནི་དུས་ཀྱི་སྒོ་ནས་བཞི་སྟེ། སྐྱེ་བ་གཅིག་པ་ཉིད་དང་གནས་པ་གཅིག་པ་ཉིད་དང༌། འགག་པ་གཅིག་པ་དང༌། དུས་གཅིག་ཏུ་གཏོགས་པ་ཉིད་ཀྱིས་སོ། །སྐྱེ་བ་དང་གནས་པ་དང་འགག་པ་གཅིག་པ་ཉིད་ཀྱིས་ཞེས་བྱ་བ་འདི་ཁོ་ནས་དུས་གཅིག་ཏུ་གཏོགས་པ་འདི་བཤད་པ་མ་ཡིན་ནམ་ཞེ་ན། ཐམས་ཅད་ནི་བཤད་པ་མ་ཡིན་ཏེ། མི་སྐྱེ་བའི་ཆོས་ཅན་གྱི་སེམས་ལ་སེམས་ཀྱི་རྗེས་སུ་འཇུག་པ་རྣམས་དུས་གཅིག་ཏུ་གཏོགས་པ་ཡིན་མོད་ཀྱི་དེ་དག་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་རྒྱུ་བཞི་པ་དུས་གཅིག་ཏུ་གཏོགས་པ་ཉིད་བརྗོད་པ་ཡིན་ནོ། །འབྲས་བུ་དང་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་གཅིག་པ་ཉིད་ཀྱིས་ཞེས་བྱ་བ་གསུམ་དང༌། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་ཀྱིས་ཞེས་བྱ་བ་ཡང་གསུམ་སྟེ་བཅུས་སོ། །རྣམ་གྲངས་ཀྱི་ཚུལ་ལམ་རིགས་ཀྱི་དབང་དུ་བྱས་ནས་འདི་སྐད་དུ་བཅུས་ཞེས་བཤད་ཀྱི་སེམས་གཅིག་ལ་རྒྱུ་བཅུ་ཡོད་པ་ནི་མ་ཡིན་ནོ། །དགེ་བའི་སེམས་ལ་རྒྱུ་མི་དགེ་བའམ་ལུང་དུ་མ་བསྟན་པ་དག་ཡོད་པའང་མ་ཡིན་ལ། མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་མི་སྐྱེ་བའི་ཆོས་ཅན་ལ་ཡང་མ་ཡིན་ནོ། །ལུང་དུ་མ་བསྟན་པའི་སེམས་མི་སྐྱེ་བའི་ཆོས་ཅན་ལ་ནི་དུས་གཅིག་ཏུ་གཏོགས་པ་ཉིད་དང་འབྲས་བུ་དང་རྒྱུ་མཐུན་པ་གཅིག་ཉིད་དག་དང་ལུང་དུ་མ་བསྟན་པ་ཉིད་དང་བཞིས་སོ། །སྐྱེ་བའི་ཆོས་ཅན་ལ་ནི་བཞི་པོ་དེ་དག་ཉིད་དང་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་པ་ཉིད་དག་དང་བདུན་གྱིས་སོ། །ཟག་པ་མེད་པ་ལ་ཡང་དེ་དང་འདྲ་སྟེ། ལུང་དུ་མ་བསྟན་པ་ཉིད་འབའ་ཞིག་ཕྱུང་ལ་དགེ་བ་ཉིད་
ཀྱིས་བསྟན་པར་ཟད་དོ། །མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པ་མི་སྐྱེ་བའི་ཆོས་ཅན་ལ་ནི་གཞི་ཇི་ལྟ་བ་བཞིན་དུ་མི་དགེ་བ་ཉིད་ལ་སོགས་པ་དང་དུས་གཅིག་ཏུ་གཏོགས་པ་ཉིད་དང་འབྲས་བུ་དང་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་གཅིག་པ་ཉིད་དག་དང་ལྔས་སོ། །དེ་དག་སྐྱེ་བའི་ཆོས་ཅན་ལ་ནི་ལྔ་པོ་དེ་དག་ཉིད་དང་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་པ་ཉིད་དང་བརྒྱད་ཀྱིས་སོ། །སེམས་ནང་ན་ཉུང་བ་ནི་ཞེས་བྱ་བ་ནི་ཐམས་ཅད་པས་འཁོར་ཉུང་བའི་སེམས་གང་ཡིན་པ་དེ་ནི་ནང་ན་ཉུང་བ་ཞེས་བྱའོ། །དེ་ཡང་གང་ཞེ་ན། བསམ་གཏན་གཉིས་པ་ཡན་ཆད་ཀྱི་སེམས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ཏེ། དེ་ལ་ནི་རྟོག་པ་དང་དཔྱོད་པ་དག་ཀྱང་མེད་ལ་དགེ་བའི་ས་མང་པོ་ལ་སོགས་པ་ཡང་མེད་ཀྱི། ས་མང་པོ་པ་བཅུ་ཁོ་ན་ཡོད་པར་ཟད་དོ། །དེ་དག་གི་མཚན་ཉིད་ཅེས་བྱ་བ་ནི་ས་མང་པོ་པའི་མཚན་ཉིད་རྣམས་ཏེ། དེ་དག་གི་མཐུན་པའི་མཚན་ཉིད་རྣམས་ནི་ཐག་རིང་བའི་ཕྱིར་རོ། །རང་གི་མཐུན་པའི་མཚན་ཉིད་རྣམས་ཀྱི་ནི་ཡིན་ཏེ་ཉེ་བའི་ཕྱིར་རོ། །དེའི་ཕྱིར་རང་གི་མཚན་ཉིད་དང་མཐུན་པའི་མཚན་ཉིད་བརྒྱད་ཀྱི་ཡིན་ནོ་ཞེས་བྱ་བ་སྨོས་སོ། །རང་གི་མཐུན་པའི་མཚན་ཉིད་མ་གཏོགས་པ་རྣམས་སོ་ཞེས་བྱ་བ་ནི་མཐུན་པའི་མཚན་ཉིད་རྣམས་ནི་མཚན་ཉིད་དག་ལ་བྱེད་པ་ཡིན་ཏེ། སེམས་ནི་ཁྱད་པར་དུ་འཕགས་པ་ཡིན་ལ་དེ་དག་ནི་དམན་པ་ཡིན་པས་སོ། །སེམས་ནི་མཚན་ཉིད་དང་མཐུན་པའི་མཚན་ཉིད་རྣམས་ཀྱི་རྒྱལ་པོ་ལྟ་བུ་ཡིན་ཏེ་དེའི་ཕྱིར་མཐུན་པའི་མཚན་ཉིད་རྣམས་ཀྱི་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་གྱི་དེ་དག་ནི་སེམས་ཀྱི་མ་ཡིན་ནོ། །མཚན་ཉིད་རྣམས་ནི་སེམས་ལ་བྱེད་པ་ཡོད་པས་དེ་དག་ནི་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །གཞན་དག་ན་རེ་བཅུ་བཞི་པ་ཡིན་ཏེ་ཞེས་བྱ་བ་ལ་གཞན་དག་གི་བསམ་པ་ནི་དཔེར་ན་མཐུན་པའི་མཚན་ཉིད་རྣམས་ཆོས་ལ་བྱེད་པ་མེད་དོ། །འོ་ན་ཅི་ཞེ་ན། ཆོས་ཀྱི་མཚན་ཉིད་དག་ལ་ཡིན་ཏེ། དེའི་ཕྱིར་དེ་དག་ཆོས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པར་མི་འདོད་པ་དེ་བཞིན་དུ་དེ་དག་གི་མཚན་ཉིད་རྣམས་ཀྱང་མཚུངས་པར་
ལྡན་པ་དག་ཁོ་ན་ལ་བྱེད་པ་ཡིན་གྱི་སེམས་ལ་ནི་མ་ཡིན་པས་དེ་དག་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་གྱི་སེམས་ནི་དེ་དག་གི་རྒྱལ་པོ་ལྟ་བུ་ཡིན་པས་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ་སྙམ་པ་ཡིན་ནོ། །གལ་ཏེ་ས་མང་པོ་པ་བཅུའི་མཚན་ཉིད་བཞི་བཅུ་པ་གང་དག་ཡིན་པ་དེ་དག་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པར་མི་འདོད་ན་དེ་ལྟ་ན་རབ་ཏུ་བྱེད་པའི་གཞུང་དང་འགལ་བར་འགྱུར་ཏེ། འདི་ལྟར་རབ་ཏུ་བྱེད་པ་ལས་ནི། འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་གྱི་བདེན་པ་ནས་ལམ་གྱི་བདེན་པའི་བར་འདི་དག་ལས་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ནི་དུ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་མ་ཡིན་པ་ནི་དུ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་གང་ཡིན་པ་ནི་དུ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་མ་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་པ་ནི་དུ་ཞེས་དྲི་བ་བྱས་པ་དང་ལན་བཏབ་པ། འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་གཉིས་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་མ་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་ནོ། །གཉིས་ལ་ནི་བྱེ་བྲག་ཡོད་དེ། སྡུག་བསྔལ་བ་དང་ཀུན་འབྱུང་བའི་བདེན་པ་དག་ལ་ནི་རྣམ་པར་དབྱེ་བ་ཡོད་དོ། །ཇི་ལྟ་ཞེ་ན། སྡུག་བསྔལ་གྱི་བདེན་པ་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ཡང་ཡོད། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་པ་ཡང་ཡོད། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་མ་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་པ་ཡང་ཡོད་པས་མུ་གསུམ་པ་ཡིན་ཏེ། མུ་གཉིས་པ་ནི་མེད་དོ། །དེ་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་པ་དང་ད་ལྟར་བྱུང་བ་རྣམས་དང་དེ་དག་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང༌།
ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་ཀུན་དུ་འགྲོ་བ་འདས་པ་དང་ད་ལྟར་བྱུང་བ་རྣམས་དང་དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང༌། འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་འོངས་པ་མ་གཏོགས་པ་དང༌། འཇིག་ཚོགས་ལ་ལྟ་བ་དང་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་ཉིད་དམ་མ་གཏོགས་པ་དེ་དག་ལས་གཞན་པའི་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་གང་ཡིན་པའོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་པ་ནི་མ་གཏོགས་པ་གང་ཡིན་པའོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་མ་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་པ་ནི་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་མ་ཡིན་པའོ། །སྡུག་བསྔལ་གྱི་བདེན་པ་ཇི་ལྟ་བར་ཀུན་འབྱུང་བའི་བདེན་པ་ཡང་དེ་དང་འདྲའོ་ཞེས་བཤད་དེ། རབ་ཏུ་བྱེད་པའི་གཞུང་ཡིན་ནོ། །དེའི་དོན་རྣམ་པར་དབྱེ་བའི་ཕྱིར་སྨྲས་པ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་བཅུ་པོ་འདས་པ་དང་ད་ལྟར་བྱུང་བ་གང་དག་ཡིན་པ་དེ་དག་ཀྱང་མ་གཏོགས་པ་ཡིན་ལ། ཕྲ་རྒྱས་བཅུ་པོ་དེ་དག་དང༌། མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་ཚོར་བ་ལ་སོགས་པ་ཡང་མ་གཏོགས་པ་ཡིན་ནོ། །འདིར་མ་གཏོགས་པ་མ་ཡིན་པ་གང་ཞིག་ཡིན་ཞེ་ན། ཕྲ་རྒྱས་པར་དེ་དག་ཉིད་མ་འོངས་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་ཚོར་བ་ལ་སོགས་པའོ། །འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་འོངས་པ་མ་འོངས་པ་ཡིན་ཏེ། དེ་ནི་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་འོངས་པ་མ་གཏོགས་པ་དང་ཞེས་འབྱུང་བའི་ཕྱིར་མ་གཏོགས་པར་འཇོག་པར་འགྱུར་རོ། །དེ་དག་གི་ཐོབ་པ་དང་སྐྱེ་བ་ལ་སོགས་པ་མ་གཏོགས་པ་མ་ཡིན་པས་མི་བརྩལ་ལོ། །འཇིག་ཚོགས་ལ་ལྟ་བ་དང་དེ་དང་
མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐྱེ་བ་ལ་སོགས་པ་ནི་མ་གཏོགས་པ་ཡིན་ཏེ། དེ་དག་ནི་འཇིག་ཚོགས་ལ་ལྟ་བ་དང་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་ཉིད་དག་མ་གཏོགས་པ་ཞེས་འབྱུང་བའི་ཕྱིར་མ་གཏོགས་པར་འཇོག་པར་འགྱུར་རོ། །དེ་ལྟ་བས་ན་རེ་ཞིག་ཕྲ་རྒྱས་མ་འོངས་པ་དང་དེ་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་ལས་གཞན་པ་ནི། དེ་དག་ལས་གཞན་པའི་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་ཞེས་བྱ་བ་སྟེ། དེ་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ནོ། །འདི་ལ་རྒྱུ་འཇིག་ཚོགས་ལ་ལྟ་བ་ཡོད་པས་ན་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ཏེ། སྐལ་པ་མཉམ་པའི་རྒྱུ་དང་ཀུན་དུ་འགྲོ་བའི་རྒྱུས་འདས་པ་དང་ད་ལྟར་བྱུང་བའི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ནི་མ་ཡིན་ཏེ། ཆོས་མ་འོངས་པ་སྐལ་བ་མཉམ་པའི་རྒྱུའམ་ཀུན་དུ་འགྲོ་བའི་རྒྱུར་རྣམ་པར་གཞག་པ་ནི་མེད་དོ། །འདི་ལ་ལྷན་ཅིག་འབྱུང་བའི་ཕྱིར་རྒྱུའམ་མཚུངས་པར་ལྡན་པའི་རྒྱུ་ཡང་མི་སྲིད་དེ། ཚོགས་པ་གཅིག་ལ་འཇིག་ཚོགས་ལ་ལྟ་བ་གཉིས་མེད་པའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བ་དང་འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་འབྱུང་བའམ་མཚུངས་པར་ལྡན་པ་ནི་མེད་དོ། །མཐར་འཛིན་པར་ལྟ་བ་ལ་སོགས་པ་དང་ལྷན་ཅིག་འབྱུང་བའམ་མཚུངས་པར་ལྡན་པ་ཡང་མ་ཡིན་ཏེ། ཚོགས་པ་ཐ་དད་པའི་ཕྱིར་རོ། །འདི་དག་གི་ལྡན་པ་མ་ཡིན་པ་ཐོབ་པ་དག་དང་སྐྱེ་བ་ལ་སོགས་པ་ཡང་མ་གཏོགས་པ་མ་ཡིན་པ་ཡིན་ནོ། །དེ་དག་ནི་མ་གཏོགས་པ་ལས་གཞན་པ་ཡང་ཡིན་ལ་ཉོན་མོངས་པ་ཅན་ཡང་ཡིན་ཏེ། དེ་དག་ཀྱང་ཀུན་དུ་འགྲོ་བའི་རྒྱུས་སྔར་སྐྱེས་པའི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་གྱི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རེ་ཞིག་ཐོབ་པ་རྣམས་ནི་ཤིང་ལྗོན་པའི་ཕྱི་ཤུན་དང་འདྲ་བར་དེ་ཀུན་དུ་འགྲོ་བ་དག་གི་ཕྱིར་རོལ་ན་འདུག་པ་ཡིན་པའི་ཕྱིར་ཀུན་དུ་འགྲོ་བ་ཡིན་པར་རྣམ་པར་མི་གཞག་
གོ །ཀུན་དུ་འགྲོ་བ་མེད་པའི་ཕྱིར་འཇིག་ཚོགས་ལ་ལྟ་བའི་ཀུན་དུ་འགྲོ་བའི་རྒྱུ་ནི་མ་ཡིན་ནོ། །ཀུན་དུ་འགྲོ་བ་སྐྱེ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་ལས། དེ་དག་དང་ནི་ལྷན་ཅིག་གང༌། །འབྱུང་དེ་འང་ཀུན་འགྲོ་ཐོབ་མ་གཏོགས། །ཞེས་འབྱུང་བའི་ཕྱིར་ཀུན་དུ་འགྲོ་བ་ཡིན་བར་ནི་འདོད་མོད་ཀྱི། དེ་དག་སེམས་དང་སེམས་ལས་བྱུང་བ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་མ་འོངས་པ་རྣམས་ཀྱི་ཀུན་དུ་འགྲོ་བའི་རྒྱུ་ནི་མ་ཡིན་ཏེ། རང་གི་མཚན་གཞི་ལ་བྱེད་པ་ལྷུར་ལེན་པ་ཉིད་ཀྱིས་གཙོ་བོ་མ་ཡིན་པས་སེམས་དང་སེམས་ལས་བྱུང་བ་གཞན་ལ་ཀུན་དུ་འགྲོ་བའི་སྐྱེས་བུའི་བྱེད་པ་མེད་པའི་ཕྱིར་རོ། །སྐྱེ་བ་ལ་སོགས་པ་དེ་དག་ཀུན་དུ་འགྲོ་བར་རྣམ་པར་གཞག་པ་ནི་རང་གི་རྒྱུད་ཀྱི་ཀུན་དུ་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་བསྟན་བཅོས་ཀྱི་དོན་ནི་དེ་དག་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་ནོ་ཞེས་བྱ་བར་སྣང་ངོ༌། །འོ་ན་སྐལ་བ་མཉམ་པའི་རྒྱུ་གོ་ཅི་སྟེ་མ་ཡིན་ཞེ་ན། སྐལ་བ་མཉམ་པའི་རྒྱུར་རྣམ་པར་གཞག་པ་ཡང་སྐྱེས་བུ་བྱེད་པ་ལ་ལྟོས་པ་ཡིན་ཏེ། ཆོས་གང་ཞིག་སྐྱེད་པ་ལ་སྐྱེས་བུ་བྱེད་པ་དང་ལྡན་པ་དེ་ནི་དེའི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། སྐལ་བ་མཉམ་པའི་རྒྱུ་ཇི་ལྟར་འདོད་པར་རྣམ་པར་འཇོག་པའི་ཁུངས་ནི་འདི་ཁོ་ན་ཡིན་ནོ། །བྱེ་བྲག་ཏུ་བཤད་པ་ལས་ཀྱང་འདི་སྐད་དུ། མིག་ནི་མིག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །ལྷ་སྦྱིན་གྱི་མིག་ནི་ལྷ་སྦྱིན་གྱི་མིག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། གཡས་པ་ནི་གཡས་པའི་ཡིན་ལ། གཡོན་པ་ནི་གཡོན་པའི་ཡིན་པ་ནས་མིག་གི་རྫས་ནི་མིག་གི་རྫས་གཞན་གྱི་བར་དུ་ཡིན་ལ། ཕྱི་རོལ་གྱི་དག་ལ་ཡང་ནས་ནི་ནས་ཀྱི་ཡིན་ལ་སཱ་ལཱ་ནི་སཱ་ལུའི་བར་དུ་ཡིན་ནོ་ཞེས་བཤད་དེ། གལ་ཏེ་ལུང་དུ་མ་བསྟན་པ་ཉིད་དུ་མཚུངས་པའི་ཕྱིར་མིག་ཐམས་ཅད་མིག་ཐམས་ཅད་བཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་པར་འདོད་ན་ནི་ངེ་སྐད་དུ་ཁྱད་པར་དུ་བཤད་པར་ཡང་མི་འགྱུར་རོ། །དེ་ལྟ་བས་ན་དེ་དག་ནི་འཇིག་ཚོགས་པ་ལྟ་བའི་རྒྱུ་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གཞན་དག་ན་རེ་རྣམ་པར་བཤད་པ་འདི་ནི་ལྷག་མ་དང་བཅས་པ་ཡིན་ནོ། །དེ་ལྟ་བས་ན་མ་
གཏོགས་པ་ནི་ཕྲ་རྒྱས་དེ་དག་སྐྱེ་བ་ལ་སོགས་པ་དང་བཅས་པ་དང་དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཡིན་པར་རིག་པར་བྱ་སྟེ། གྲུབ་པའི་མཐའ་ལས། དེ་དག་དང་ནི་ལྷན་ཅིག་གང༌། །འབྱུང་དེའང་ཀུན་འགྲོ་ཐོབ་མ་གཏོགས། །ཞེས་འབྱུང་བའི་ཕྱིར་ཆོས་སྔར་སྐྱེས་བ་དེ་དག་ཀུན་དུ་འགྲོ་བའི་རྒྱུའམ་སྐལ་བ་མཉམ་པའི་རྒྱུར་འགྱུར་བ་ན་ཆོས་དང་དེ་དག་དང་མཚུངས་པར་ལྡན་པ་རྣམས་ཀྱི་སྐྱེ་བ་ལ་སོགས་པ་ལྷན་ཅིག་འབྱུང་བའི་རྒྱུར་འགྱུར་བ་གང་དག་ཡིན་པ་དེ་དག་དང་བཅས་ཏེ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འཇིག་ཆོགས་ལ་ལྟ་བ་དང་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐྱེ་བ་དང༌། རྒ་བ་དང་གནས་པ་དང་མི་རྟག་པ་ཉིད་དག་མ་གཏོགས་པ་ཞེས་འབྱུང་ངོ༌། །དེ་ལྟ་བས་ན་སྐྱེ་བ་ལ་སོགས་པ་ཡང་ཁ་ཅིག་ནི་མ་གཏོགས་པ་ཡིན་ལ། དེ་ལས་གཞན་པ་ནི་མ་གཏོགས་པ་མ་ཡིན་པ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །རིགས་པ་ནི་འདིར་གང་གི་ཕྱིར་རིགས་པ་ཡིན་པ་དེའི་ཕྱིར་ཡིན་པའི་ཁོང་དུ་ཆུད་པར་བྱ་བར་བལྟ་བ་ཡིན་ནོ། །ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་དག་ཀྱང་ཀུན་དུ་འགྲོ་བ་འདས་པ་དང་ད་ལྟར་བྱུང་བ་གང་དག་ཡིན་པ་དང་དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་ཚོར་བ་ལ་སོགས་པ་ནི་མ་གཏོགས་པ་ཡིན་ནོ། །ཀུན་འབྱུང་བ་མཐོང་པས་སྤང་བར་བྱ་བ་མ་གཏོགས་པ་མ་ཡིན་པ་གཞན་གང་ཞིག་ཡིན་ཞེ་ན། ཀུན་དུ་འགྲོ་བ་མ་འོངས་པ་གང་དག་ཡིན་པ་དང་དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་ཚོར་བ་ལ་སོགས་པ་སྟེ། དེ་ནི་མ་གཏོགས་པ་མ་ཡིན་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་ཀུན་དུ་འགྲོ་བ་མ་ཡིན་པ་དུས་གསུམ་པ་ཡང་རུང་སྟེ། གང་དག་ཡིན་པ་དང་དེ་དག་ཐམས་ཅད་ཀྱི་ཐོབ་པ་གང་དག་ཡིན་པ་དེ་དག་ཀྱང་མ་གཏོགས་པ་མ་ཡིན་པ་ཡིན་ནོ། །སྐྱེ་བ་ལ་སོགས་པ་ནི་ཕྱོགས་གཅིག་གི་ལྟར་ན་ནི་མ་གཏོགས་པ་མ་ཡིན་པ་ཉིད་དོ། །ཕྱོགས་ཅིག་ཤོས་ཀྱི་ལྟར་ན་ནི་ཁ་ཅིག་ནི་མ་གཏོགས་པ་ཡིན་ནོ། །ཁ་ཅིག་ནི་མ་གཏོགས་པ་མ་ཡིན་ནོ། །ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་མ་གཏོགས་པ་མ་ཡིན་པ་
འདི་ཐམས་ཅད་ནི་ཀུན་དུ་འགྲོ་བའི་རྒྱུས་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ཏེ། སྔར་སྐྱེས་པའི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ནི་མ་ཡིན་ཏེ། ཀུན་དུ་འགྲོ་བ་རྣམས་དང་དེ་དག་དང་ལྷན་ཅིག་འབྱུང་བ་རྣམས་ནི་མ་འོངས་པ་ཡིན་པ་ཉིད་ཀྱིས་ཀུན་དུ་འགྲོ་བའི་རྒྱུ་མ་ཡིན་པའི་ཕྱིར་རོ། །ཀུན་དུ་འགྲོ་བ་མ་ཡིན་པ་འདོད་ཆགས་ལ་སོགས་པ་ནི་དེ་དག་དང་ལྷན་ཅིག་འབྱུང་བ་ཚོར་བ་ལ་སོགས་པ་དང་ཕྱོགས་གཅིག་གི་ལྟར་གྱི་སྐྱེ་བ་ལ་སོགས་པ་དང་ཐོབ་པ་ཐམས་ཅད་ནི་ཀུན་དུ་འགྲོ་བ་མ་ཡིན་པའི་ཕྱིར་རོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་ཅན་ཕྲ་རྒྱས་དང་དེ་དང་མཚུངས་པར་ལྡན་པ་དང་དེས་ཀུན་ནས་བསླང་བ་སྐྱེ་བ་ལ་སོགས་པའི་ངོ་བོ་ཉིད་དག་ཀྱང་མ་གཏོགས་པ་མ་ཡིན་པ་ཡིན་ཏེ། དེ་དག་ནི་ཀུན་དུ་འགྲོ་བའི་རྒྱུས་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ནོ། །དེ་དག་འཇིག་ཚོགས་ལ་ལྟ་བའི་རྒྱུ་ནི་མ་ཡིན་ཏེ། དེ་ཀུན་དུ་འགྲོ་བའི་རྒྱུ་ཉིད་ཡིན་པར་མི་སྲིད་པའི་ཕྱིར་དང༌། རྒྱུ་གཞན་ཡིན་པར་མི་རུང་བའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་གང་ཡིན་པ་ནི་མ་གཏོགས་པ་གང་ཡིན་པའོ་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རྒྱུ་ཕྲ་རྒྱས་འདས་པ་དང་ད་ལྟར་བྱུང་བ་བཅུ་པོ་གང་ཡིན་པ་དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་དང༌། ཕྱོགས་ཅིག་ཤོས་ཀྱི་ལྟར་གྱི་སྐྱེ་བ་ལ་སོགས་པ་གང་ཡིན་པ་དེ་དག་ནི་སྐལ་བ་མཉམ་པའི་རྒྱུ་དང་ཀུན་དུ་འགྲོ་བའི་རྒྱུས་སྔར་སྐྱེས་པའི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ནོ། །འཇིག་ཚོགས་ལ་ལྟ་བའི་སྐྱེ་བ་ལ་སོགས་པ་དང་དེ་དང་མཚུངས་པར་ལྡན་པའི་སྐྱེ་བ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་ལྷན་ཅིག་འབྱུང་བའི་རྒྱུ་དང་སྔར་བཤད་པའི་རྒྱུ་དག་གིས་དེའི་རྒྱུ་ཅན་ཡིན་ནོ། །འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པ་གང་དག་ཡིན་པ་དེ་དག་ནི་མཚུངས་པར་ལྡན་པའི་རྒྱུ་དང་སྔར་བཤད་པའི་རྒྱུ་རྣམས་ཀྱིས་དེའི་རྒྱུ་ཅན་ཡིན་ནོ། །དེ་དག་ཀྱང་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡིན་ནོ། །ཀུན་འབྱུང་
བ་མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བ་འདས་པ་དང་ད་ལྟར་བྱུང་བ་དེ་དག་དང་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་དང་ཕྱོགས་ཅིག་ཤོས་ཀྱི་ལྟར་གྱི་སྐྱེ་བ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་ཀུན་དུ་འགྲོ་བའི་རྒྱུ་ཁོ་ནས་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་ཏེ་དེ་དག་གི་རྒྱུ་ཡང་འཇིག་ཚོགས་ལ་ལྟ་བ་སྔར་སྐྱེས་པ་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་དེ་དག་སྔར་སྐྱེས་པ་ཡིན་ནོ། །སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་མ་ཡིན་པ་དེ་དགེ་བ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་མ་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་ཏེ། རྒྱུ་རྣམ་པ་ལྔ་ཆར་མི་སྲིད་པའི་ཕྱིར་རོ། །འདིར་ནི་སྐྱེད་པར་བྱེད་པའི་རྒྱུའི་དབང་དུ་བྱ་བ་ཡིན་གྱི་ཐུན་མོང་ཡིན་པའི་ཕྱིར་བྱེད་རྒྱུའི་རྒྱུ་ནི་མ་ཡིན་ནོ། །རྣམ་པར་སྨིན་པའི་རྒྱུ་ཡང་རུང་བ་མ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཉིད་ཀྱིས་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་དང་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་ཉིད་དག་མ་གཏོགས་པ་ཞེས་བཤད་པ་གང་ཡིན་པ་དེ་དང་འགལ་བར་འགྱུར་ཏེ། གལ་ཏེ་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་སྐྱེ་བ་ལ་སོགས་པ་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པར་མི་འགྱུར་ན་ནི་དེ་དག་མ་གཏོགས་པར་འཇོག་པར་ཡང་མི་འགྱུར་རོ། །གང་དག་མ་གཏོགས་པ་དེ་དག་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་ནོ། །འོ་ན་ནི་གང་དག་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་ཞེས་དེ་སྐད་དུ་མི་འདོན་པ་དེ་དག་གི་ལྟར་ན་རབ་ཏུ་བྱེད་པའི་གཞུང་ཇི་ལྟར་འགལ་བར་འགྱུར་ཞེས་ཁོང་ནས་དྲང་བར་བྱའོ། །དེ་དག་ནི་འཇིག་ཚོགས་ལ་ལྟ་བའི་སྐྱེ་བ་དང་རྒ་བ་དང་གནས་པ་དང༌། མི་རྟག་པ་ཉིད་དག་མ་གཏོགས་པ་ཞེས་དེ་སྐད་དུ་འདོན་ཏེ། དེ་སྐད་དུ་སྨྲ་བ་དེ་དག་གི་བསམ་པ་ནི་དེ་དག་གི་མཚན་ཉིད་རྣམས་ནི་དེ་དང་མཚུངས་པར་ལྡན་པ་དག་ཁོ་ན་ལ་བྱེད་ཀྱི། འཇིག་ཚོགས་
ལ་ལྟ་བ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་དེ་དག་ན་དེའི་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ནོ་སྙམ་པ་འདི་ཡིན་ནོ། །དེ་དག་གིས་ཀྱང་དེ་སྐད་དུ་གདོན་པར་བྱ་ཞེས་བྱ་བ་ནི་དེ་སྐད་དུ་མ་བཏོན་ན་ཉེས་ཏེ། དེའི་ཕྱིར་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱི་ཞེས་བྱ་བ་འདི་གདོན་དགོས་ཏེ། འཇིག་ཚོགས་ལ་ལྟ་བ་ནི་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱི་བདག་ཉིད་ལྟ་བུར་དོན་དམིགས་པ་དང་བྱ་བ་གཅིག་པའི་ཕྱིར་རོ། །དེ་ལྟ་བས་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་བསམ་པ་ནི་ཇི་ལྟར་མཚན་ཉིད་དེ་དག་དེ་དང་མཚུངས་པར་ལྡན་པ་དེ་རྣམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་ཡང་ཡིན་ནོ་སྙམ་པ་ཡིན་ནོ། །ཡང་ན་དོན་གྱིས་དེ་ལྟར་གོ་བར་བྱའོ་ཞེས་བྱ་བ་ནི་ཁ་ཆེ་བ་རྣམས་ན་རེ་འཇིག་ཚོགས་ལ་ལྟ་བ་སྨོས་པས་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པ་རྣམས་ཀྱང་སྨོས་པའམ་སྐབས་ཀྱི་ཚུལ་གྱིས་ན་དེ་དག་གིས་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱི་ཞེས་བྱ་བ་དེ་ལྟར་གོ་བར་བྱའོ་ཞེས་ཟེར་གྱི། ཉི་འོག་པ་དག་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་པ་ཡིན་ནོ། །དེ་ནི་ལྷན་ཅིག་འབྱུང་བ་ཡང་ཡིན་ནོ་ཞེས་བྱ་བ་ནི་སེམས་པ་ལ་སོགས་པ་ཡིན་ཏེ། སེམས་པ་ལ་སོགས་པ་དང་མཚན་ཉིད་རྣམས་ནི་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡང་ཡིན་ལ་དེ་དག་ནི་ལྷན་ཅིག་འབྱུང་བ་ཡང་ཡིན་ནོ། །ཆོས་ཀྱི་མཐུན་པའི་མཚན་ཉིད་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཆོས་ཀྱི་སྐྱེ་བའི་སྐྱེ་བ་ལ་སོགས་པ་ནི་ལྷན་ཅིག་འབྱུང་བ་ཡིན་གྱི། བསྐལ་པའི་ཕྱིར་ལྷན་ཅིག་འབྱུང་པའི་རྒྱུས་རྒྱུ་ནི་མ་ཡིན་ཏེ། དེ་དག་ནི་སྐྱེ་བ་ལ་སོགས་པ་ལ་བྱེད་ཀྱི་ཆོས་ལ་ནི་མ་ཡིན་ནོ། །དེ་དག་ཕན་ཚུན་དང་ཞེས་བྱ་བ་ནི་མཐུན་པའི་མཚན་ཉིད་དེ་དག་སྐྱེ་བ་ལ་སོགས་པ་ལ་བྱེད་པའི་ཕྱིར་ཕན་ཚུན་ལྷན་ཅིག་འབྱུང་བ་ཡིན་གྱི། ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ནི་མ་ཡིན་ནོ། །ཆོས་ནི་གཙོ་བོ་ཡིན་པའི་ཕྱིར་དེ་དག་གི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ། དེ་ནི་རྒྱལ་པོ་དམག་ལ་ཆས་པ་རང་གི་འཁོར་བྲན་དང་བཅས་པ་ཐམས་ཅད་ཁྲིད་པར་བྱེད་པ་དེ་བཞིན་དུ་འཇུག་གོ །སེམས་ཀྱི་རྗེས་སུ་འཇུག་པའི་མཐུན་པའི་མཚན་ཉིད་རྣམས་དང་ཞེས་བྱ་བ་
ནི་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་གི་མཐུན་པའི་མཚན་ཉིད་རྣམས་ཀྱང་དེ་ཁོ་ན་བཞིན་དུ་སེམས་ཀྱི་ལྷན་ཅིག་འབྱུང་བ་ཡིན་གྱི་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ནི་མ་ཡིན་ནོ། །ཉིད་ཅེས་བྱ་བའི་སྒྲ་ནི་དོན་རབ་ཏུ་བསྟན་པའི་ཕྱིར་རོ། །དེ་དག་ཕན་ཚུན་དང་ཞེས་བྱ་བ་ནི་རྗེས་སུ་འབྲང་བའི་མཐུན་པའི་མཚན་ཉིད་རྣམས་ལྷན་ཅིག་འབྱུང་བ་ཡིན་གྱི་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ནི་མ་ཡིན་ནོ། །རྒྱུར་བྱས་པའི་གཟུགས་ཐོགས་པ་དང་བཅས་པ་ཕན་ཚུན་དང་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྫས་བརྒྱད་ལ་སོགས་པ་ལ་གཟུགས་དང་དྲི་དང་རོ་དང་རེག་བྱའི་མཚན་ཉིད་ནི་ཕན་ཚུན་ལྷན་ཅིག་འབྱུང་བ་ཡིན་གྱི་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ནི་མ་ཡིན་ནོ། །ཐོགས་པ་དང་བཅས་པ་སྨོས་པ་ནི་ཐོགས་པ་མེད་པས་བསྩལ་བའི་ཕྱིར་ཏེ། ཐོགས་པ་མེད་པ་རྣམ་པར་རིག་བྱེད་མ་ཡིན་པའི་ངོ་བོ་ཉིད་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་རྣམ་པ་བདུན་ལྟ་བུ་ནི་ཕན་ཚུན་ལྷན་ཅིག་འབྱུང་བ་ཡང་ཡིན་ལ་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ཡང་ཡིན་ནོ། །ཐམས་ཅད་འབྱུང་བ་དག་དང་ལྟ་བུའོ་ཞེས་བྱ་བ་ནི་རྒྱུར་བྱས་པའི་གཟུགས་ཐོགས་པ་དང་བཅས་པའམ། ཐོགས་པ་མེད་པ་ཡང་རུང་བདག་ཉིད་ཇི་ལྟ་བ་བཞིན་དུ་འབྱུང་བ་རྣམས་དང་ལྷན་ཅིག་འབྱུང་བ་ཡིན་གྱི་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ནི་མ་ཡིན་ནོ། །ཐོབ་པ་དང་ལྡན་པའི་ཆོས་ཀྱི་ཐོབ་པ་ལྷན་ཅིག་སྐྱེས་པ་རྣམས་ཀྱང་ལྷན་ཅིག་སྐྱེ་མོད་ཀྱི་ལྷན་ཅིག་འབྱུང་བ་ཡིན་གྱི་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ནི་མ་ཡིན་ནོ། །ཐོབ་པ་སྔར་དང་ཕྱིས་སྐྱེ་བ་རྣམས་ལ་ནི་ལྷན་ཅིག་འབྱུང་བ་ཉིད་མི་སྲིད་པའི་ཕྱིར་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་དུ་ཐལ་བ་མེད་པས་ལྷན་ཅིག་སྐྱེས་པ་ཞེས་ཁྱད་པར་དུ་བྱས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་དང་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་དུ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་དེ་དག་ནི་ཤིང་ལྗོན་པའི་ཕྱི་ཤུན་བཞིན་དུ་རྒྱུ་མཐུན་པ་ཐ་དད་པའི་ཕྱིར་ཐོབ་པ་དང་ལྡན་པ་དང་ལྷན་ཅིག་སྐྱེས་བུ་བྱེད་པའི་འབྲས་བུ་གཅིག་པ་ཡང་མ་ཡིན་ལ། སེམས་མེད་སྙོམས་པར་འཇུག་པ་དག །འཕེན་བྱེད་མ་ཡིན་ཐོབ་པའང་མིན། །ཞེས་འབྱུང་བའི་
ཕྱིར་རྣམ་པར་སྨིན་པའི་འབྲས་བུ་གཅིག་པ་ཡང་མ་ཡིན་ནོ། །རྒྱུ་མཐུན་པའི་འབྲས་བུ་གཅིག་པ་ཡང་མ་ཡིན་ཏེ། རྒྱུ་ཐ་དད་པའི་ཕྱིར་ཐོབ་པ་རྣམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ནི་རྒྱུ་མཐུན་པ་ཁོ་ན་ཡིན་ནོ། །སེམས་ཀྱི་རྗེས་སུ་འཇུག་པ་རྣམས་ཁོ་ན་དང་འབྲས་བུ་དང་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་གཅིག་པར་འདོད་ཀྱི་ཐོབ་པ་རྣམས་དང་ནི་མ་ཡིན་ནོ། །དེ་དག་ནི་སེམས་དང་ལྷན་ཅིག་སྤྱོད་པའི་ངང་ཚུལ་ཅན་ཏེ་ལྷན་ཅིག་སྤྱོད་པར་ངང་ཚུལ་ཅན་ཏེ་ལྷན་ཅིག་སྤྱོད་པར་བྱེད་པའི་ཚུལ་ཅན་ཡང་མ་ཡིན་ནོ། །དེ་ཐམས་ཅད་ཀྱང་རུང་མོད་ཀྱི་ཞེས་བྱ་བ་ནི་རེ་ཞིག་གང་ལྷན་ཅིག་འབྱུང་པའི་རྒྱུས་རྒྱུ་ཡིན་པར་དེ་ནི་ལྷན་ཅིག་འབྱུང་བ་ཡང་ཡིན་ནོ་ཞེས་བྱ་བ་རྒྱས་པར་བཤད་པ་གང་ཡིན་པའོ། །ས་བོན་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་མྱུ་གུ་དང་སྡོང་བུ་དང་འདབ་མ་ལ་སོགས་པ་བསྡུའོ། །ཚུལ་འདི་མི་སྣང་ཞེས་བྱ་བ་ནི་ལྷན་ཅིག་འབྱུང་བ་དག་གི་རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་ཀྱི་ཚུལ་མི་སྣང་བ་སྟེ། ས་བོན་སྔ་ལ་མྱུ་གུ་འཕྱི་བ་དང༌། བསྣུན་པ་སྔ་ལ་སྒྲ་འཕྱི་བའི་ཕྱིར་རོ། །དཔེར་ན་མར་མེ་དང་འོད་དག་དང་མྱུ་གུ་དང་གྲིབ་མ་དག་ལྟ་བུ་ཡིན་ནོ་ཞེས་བྱ་བ་ཅི་ཞེ་ན། རྒྱུ་དང་འབྲས་བུའི་དངོས་པོ་ཞེས་བྱ་བར་སྦྱར་ཏེ། མར་མེ་ཡང་འོད་དང་བཅས་པར་འབྱུང་གི །འོད་མེད་པར་མ་ཡིན་ལ་མྱུ་གུ་ཡང་ཉིན་པར་སྐྱེ་བ་ཉིད་ན་གྲིབ་མ་འབྱུང་མོད་ཀྱི། འོན་ཀྱང་མར་མེ་ཡང་འོད་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ། མྱུ་གུ་ཡང་གྲིབ་མའི་ཡིན་པ་དེ་དང་འདྲའོ། །རེ་ཞིག་དཔྱད་པར་བྱའོ་ཞེས་རྒྱས་པར་འབྱུང་བ་ལ་ཕ་རོལ་པའི་བསམ་པ་ནི་དཔེ་འདི་མ་གྲུབ་པོ་སྙམ་པ་ཡིན་ནོ། །ཚོགས་པ་སྔར་བྱུང་བ་མར་དང་སྙིང་པོ་ལ་སོགས་པ་ཁོ་ན་མར་མེ་འོད་དང་བཅས་པ་འབྱུང་བའི་རྒྱུ་ཡིན་ཏེ། མར་མེ་དང་འོད་ཀྱི་རྒྱུ་ནི་ཚོགས་པ་དེ་ཁོ་ན་ཡིན་གྱི་འོད་ཀྱི་རྒྱུ་མར་མེ་ཡིན་པར་ནི་མི་འདོད་དོ། །དེ་བཞིན་དུ་མྱུ་གུ་གྲིབ་མ་དང་བཅས་པར་སྐྱེ་བ་ལ། ཡང་ཚོགས་པ་སྔར་བྱུང་བ་ས་བོན་དང་ཉི་མ་ལ་སོགས་པ་ཁོ་ན་བརྗོད་པར་བྱའོ། །ངེས་པར་ཞེས་བྱ་བ་ནི་གང་ཞིག་ཡོད་ན་ཆོས་གང་ཞིག་ངེས་པར་ཡོད་པ་ཡིན་གྱི་མ་ངེས་པ་ནི་མ་ཡིན་པའོ། །དེ་ནི་རྒྱུ་ཡིན་ཞིང་ཅིག་ཤོས་ནི་རྒྱུ་དང་ལྡན་པ་ཡིན་ཏེ། འབྲས་བུའི་
ཆོས་ཡིན་ཞེས་བྱ་བའི་ཐ་ཚིག་གོ །ལྷན་ཅིག་འབྱུང་བའི་ཆོས་དཔེར་ན་འབྱུང་བ་བཞི་དང་སེམས་དང་སེམས་ཀྱི་རྗེས་སུ་འཇུག་པ་རྣམས་དང་མཚན་གཞི་དང་མཚན་ཉིད་རྣམས་ཀྱང་གཅིག་ཡོད་ན་ཐམས་ཅད་ཡོད་ལ་གཅིག་མེད་ན་ཡང་ཐམས་ཅད་མེད་པས་རྒྱུ་དང་འབྲས་བུའི་དངོས་པོ་རིགས་པ་ཡིན་ནོ། །རེ་ཞིག་ལྷན་ཅིག་འབྱུང་བ་རྣམས་ནི་རུང་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལྷན་ཅིག་འབྱུང་བ་རྣམས་ལ་ནི་རྒྱུ་དང་འབྲས་བུའི་དངོས་པོར་འདོད་དེ། དཔེར་ན་མིག་ནི་མིག་གེ་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེ་ཡང་དེ་སྐྱེ་བའི་རྒྱུར་འགྱུར་བ་ལྟ་བུ་ཡིན་ན། ཕན་ཚུན་དུ་གོ་ཇི་ལྟར་རུང་སྟེ་མིག་གི་རྣམ་པར་ཤེས་པ་ནི་མིག་དེའི་རྒྱུ་ཡིན་ནོ་ཞེ་ན་སྨྲས་པ། ཡོད་དམ་མེད་ན་དེ་དག་དང་ལྡན་པའི་གཏན་ཚིགས་དེ་ཉིད་ཀྱི་ཕྱིར་རོ། །ཡོད་པ་དང་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། སེམས་པ་ལ་སོགས་པ་ཡོད་ན་སེམས་ཡོད་པའི་ཕྱིར་དང་མེད་ན་ཡང་མེད་པའི་ཕྱིར་ལ། དེ་དག་ཀྱང་སེམས་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་གཅིག་ཡོད་ན་ཐམས་ཅད་ཡོད་ལ་ཐམས་ཅད་ཡོད་ན་ཡང་གཅིག་ཡོད་པས་དེའི་ཕྱིར་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ན་ནི། །འདོད་ན་དབང་པོ་མེད་པ་ཡི་།ཕྲ་རབ་རྡུལ་ཕྲན་རྫས་བརྒྱད་དོ། །ཞེས་འབྱུང་བས་རྒྱུར་བྱས་པའི་གཟུགས་མེད་ན་མི་འབྱུང་བ་གཟུགས་དང་རོ་དང༌། དྲི་དང་རེག་བྱའི་ངོ་བོ་ཉིད་ཀྱང་ཕན་ཚུན་དེར་ཐལ་བར་འགྱུར་ཏེ་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །འབྱུང་བ་རྣམས་དང་ཡང་རྒྱུར་བྱས་པའི་གཟུགས་དང་ལྷན་ཅིག་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ། །སེམས་ཀྱི་མཐུན་པའི་མཚན་ཉིད་ལ་སོགས་པ་ཡང་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་སེམས་ཀྱི་རྗེས་སུ་འཇུག་པའི་མཐུན་པའི་མཚན་ཉིད་རྣམས་ཀྱང་བསྡུའོ། །སེམས་ལ་སོགས་པ་དང་ཞེས་བྱ་བ་འདིར་ཡང་སོགས་པ་ཞེས་བྱ་བའི་སྒྲས་ནི་སེམས་ཀྱི་རྗེས་སུ་འཇུག་པ་དག་དང་ཡང་ཕན་ཚུན་རྒྱུ་ཉིད་དུ་ཐལ་བར་འགྱུར་བར་བསྟན་ཏོ། །སོགས་པ་ཞེས་བྱ་བའི་སྒྲ་འདི་ཉིད་ཀྱིས་ཐོབ་པ་ལྷན་
ཅིག་སྐྱེས་པ་རྣམས་དང་ཐོབ་པ་དང་ལྡན་པར་ཡང་དེར་ཐལ་བར་འགྱུར་རོ་ཞེས་བརྗོད་པར་བྱའོ། །དབྱུ་གུ་གསུམ་ཕན་ཚུན་སྟོབས་ཀྱིས་གནས་པ་བཞིན་དུ་ཞེས་བྱ་བ་ལ། ཕན་ཚུན་སྟོབས་ཀྱིས་གནས་པ་ནི་གཅིག་གི་མཐུས་གཅིག་གནས་པ་སྟེ། དབྱུ་གུ་གསུམ་ཕན་ཚུན་སྟོབས་ཀྱིས་གནས་པ་བཞིན་དུའོ། །ཇི་ལྟར་དབྱུ་གུ་གསུམ་སྟེ། དབྱུ་གུ་གསུམ་ཕན་ཚུན་སྟོབས་ཀྱིས་གནས་པ་དེ་བཞིན་དུ་ལྷན་ཅིག་འབྱུང་བ་སེམས་དང་སེམས་ལས་བྱུང་བ་རྣམས་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པར་འགྱུར་རོ། །རེ་ཞིག་ཅི་འདིར་དཔྱད་པར་བྱའོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ཡོངས་སུ་བརྟག་པར་བྱ་བ་སྟེ། དཔེ་འདི་མ་གྲུབ་བོ་སྙམ་དུ་བསམས་པ་ཡིན་ནོ། །དབྱུ་གུ་གསུམ་ལྷན་ཅིག་འབྱུང་བ་དེ་དག་གི་སྟོབས་ཏེ། ལྷན་ཅིག་འབྱུང་བའི་སྟོབས་དེས་དབྱུ་གུ་རྣམས་གནས་སམ། འོན་ཏེ་ཚོགས་པ་སྔ་མའི་དབང་གིས་དེ་ལྟར་འབྱུང༌། འོན་ཏེ་ཇི་ལྟར་སྔོན་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་སྤྱིའི་མཚན་ཉིད་ཀྱི་ཚོགས་པའི་དབང་གིས་ལྷན་ཅིག་གནས་པ་དེ་ཁོ་ན་བཞིན་དུ་ཕྱིས་ཀྱང་ཕན་ཚུན་བརྟེན་པ་རྣམས་འབྱུང་བ་ཡིན། དེ་ལ་གཞན་ཡང་ཅུང་ཟད་ཡོད་དོ་ཞེས་བྱ་བ་ནི་ཕན་ཚུན་གྱི་སྟོབས་ཁོ་ནར་མ་ཟད་དོ་ཞེས་སྟོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན་སྨྲས་པ། སྲད་བུ་སྟེ་དབྱུ་གུ་གསུམ་གྱི་ཆིངས་མ་ཡིན་ནོ། །གཟེར་བུ་ནི་ཕུར་བུ་ཞེས་བྱ་བའི་ཐ་ཚིག་གོ །རྟེན་པར་བྱད་པས་ནི་འོག་ནས་སོ། །དེ་དག་ལ་ཡང་ཞེས་བྱ་བ་ནི་ལྷན་ཅིག་འབྱུང་བ་དེ་དག་ལ་ཡང་སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བ་དང་རྣམ་པར་སྨིན་པ་དང་བྱེད་རྒྱུའི་རྒྱུ་སྲད་བུ་ལ་སོགས་པ་ལྟ་བུ་གཞན་དག་ཀྱང་ཡོད་པས་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་གྲུབ་པོ། །ཉོན་མོངས་པ་རྣམས་ནི་ཉོན་མོངས་པ་ཅན་རྣམས་ཀྱི་ཡིན་ནོ་ཞེས་བྱ་བ་ལ། ཉོན་མོངས་པ་ཅན་ནི་མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཡིན་ཏེ། དེ་དག་ནི་ཉོན་མོངས་པ་ཅན་ཉིད་དུ་སྤྱིར་སྐལ་བ་མཉམ་པའི་རྒྱུ་ཉིད་ཡིན་ནོ། །དེས་ན་མི་དགེ་བ་རྣམས་ཀྱང་མི་དགེ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ཞིང་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་
ཀྱང་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱི་ཡིན་ལ། མི་དགེ་བ་རྣམས་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱི་ཡང་ཡིན་ཞིང་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱང་མི་དགེ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ལུང་དུ་མ་བསྟན་པ་རྣམས་ནི་ལུང་དུ་མ་བསྟན་པ་རྣམས་ཀྱི་ཡིན་ནོ་ཞེས་བྱ་བ་ནི་མ་བསྒྲིགས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱི་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ལུང་དུ་མ་བསྟན་པའི་གཟུགས་ཏེ། ལུང་དུ་མ་བསྟན་པའི་གཟུགས་ཀྱི་ཕུང་པོ་ནི་ཕུང་པོ་ལྔ་པོ་དག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ལ་ཚོར་བ་ལ་སོགས་པ་ཕུང་པོ་བཞི་ནི་ཁྱད་པར་དུ་འཕགས་པའི་ཕྱིར་གཟུགས་ཀྱི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ཏེ། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་འབྱུང་བ་དམན་པའི་སྐལ་བ་མཉམ་པའི་རྒྱུ་ཁྱད་པར་ཅན་ཡིན་པར་ནི་མི་འདོད་དོ། །དགེ་བ་དང་མི་དགེ་བའི་གཟུགས་ནི་མངོན་པར་བྱ་བ་ལས་བྱུང་བའི་ཕྱིར་མཉམ་པ་དང་ཁྱད་པར་ཅན་ཡང་ཡིན་པས། དེའི་སྐལ་བ་མཉམ་པའི་རྒྱུ་ནི་བཞི་པོ་ཡིན་ནོ། །ནུར་ནུར་པོ་ནི་ནུར་ནུར་པོ་ལ་སོགས་པ་ཞེས་བྱ་བ་ནི་མངལ་ན་གནས་པའི་གནས་སྐབས་ལྔ་པོ་ནུར་ནུར་པོ་དང་མེར་མེར་པོ་དང་ནར་ནར་པོ་དང་མཁྲང་འགྱུར་དང་རྐ་ལག་འགྱུས་པའི་གནས་སྐབས་དག་དང༌། སྐྱེས་པའི་གནས་སྐབས་ལྔ་པོ་བྱིས་པ་དང་གཞོན་ནུ་དང་ལང་ཚོ་དང་དར་ལ་བབས་པ་དང་རྒས་པའི་གནས་སྐབས་དག་སྟེ། དེ་ལྟར་བཅུ་པོ་དེ་དག་ནི་གནས་སྐབས་བཅུ་པོ་དེ་དག་ནི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། ནུར་ནུར་པོ་ནི་ནུར་ནུར་པོ་གཞན་གྱི་ཡིན་པ་ནས་རྒས་པའི་པར་གྱི་ཡིན་ནོ། །མེར་མེར་པོ་ནི་མེར་མེར་པོ་གཞན་གྱི་ཡིན་པ་ནས་རྒས་པའི་བར་གྱི་ཡིན་ནོ། །དེ་བཞིན་དུ་རྒས་པ་ནི་རྒས་པ་ཁོ་ནའི་བར་དུ་ཡིན་ནོ། །རིས་མཐུན་པ་ཅིག་ལ་ནི་རེ་རེ་ཕྱི་ནས་ཏེ་རེ་རེ་བོར་ནས་བརྗོད་པར་བྱའོ། །རིས་མཐུན་པ་རྣམ་པ་མཐུན་པ་གཞན་དག་ཏུ་སྟེ། གང་གི་ཚེ་མིའི་སྐྱེ་བ་ནས་མིའི་སྐྱེ་བ་ཁོ་ནར་སྐྱེ་བ་དེའི་ཚེ་ནི། གནས་སྐབས་བཅུ་ཆར་ཡང་གནས་སྐབས་བཅུ་པོ་དག་གི་ཡིན་ཏེ་རྒས་པའི་གནས་སྐབས་ཀྱང་གནས་སྐབས་གཞན་བཅུ་ཆར་གྱི་བར་དུ་ཡིན་ནོ། །རྒས་པའི་
གནས་སྐབས་དེ་ནི་སྐད་ཅིག་མ་བཞིན་དུ་ནི་ཚེ་འདིའི་རྒས་པའི་གནས་སྐབས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །འདིའི་ཐ་མ་ནི་ཚེ་རབས་གཞན་གྱི་ནུར་ནུར་པོ་ལ་སོགས་པ་གནས་སྐབས་བཅུ་ཆར་གྱིའང་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཕྱིའི་དག་ལ་ཡང་ནས་ནི་ནས་ཀྱི་ཡིན་ལ་ཞེས་བྱ་བར་རྒྱས་པར་འབྱུང་བ་ནི་ནས་ནི་ནས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི་སཱ་ལུའི་མ་ཡིན་ལ། སཱ་ལུ་ཡང་སཱ་ལུ་ཁོ་ནའི་ཡིན་གྱི་ནས་ཀྱི་ནི་མ་ཡིན་ནོ། །དེ་ལྟ་ན་འདིས་ནི་ལུང་དུ་མ་བསྟན་པ་ཉིད་དུ་མཚུངས་ཀྱང་རང་གི་རྒྱུད་ཁོ་ནའི་སྐལ་བ་མཉམ་པའི་རྒྱུ་ཉིད་ཡིན་གྱི་སྐྱེད་པའི་མཐུ་མེད་པའི་ཕྱིར་རྒྱུད་གཞན་གྱི་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །འདས་པའི་འབྱུང་བ་ཆེན་པོ་རྣམས་ནི་མ་འོངས་པའི་འབྱུང་བ་ཆེན་པོ་རྣམས་ཀྱི་རྒྱུ་དང་བདག་པོ་ཡིན་ནོ་ཞེས་འབྱུང་བ་ནི་རྒྱུའི་རྐྱེན་དང་བདག་པོའི་རྐྱེན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ཅིག་ཅར་འབྱུང་བ་མེད་པའི་ཕྱིར་ལྷན་ཅིག་འབྱུང་བའི་རྒྱུ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དང་སེམས་དང་སེམས་ལས་བྱུང་བ་མ་ཡིན་པའི་ཕྱིར་མཚུངས་པར་ལྡན་པའི་རྒྱུ་ཡང་མ་ཡིན་ནོ། །ཀུན་དུ་འགྲོ་བ་མ་ཡིན་པའི་ཕྱིར་ཀུན་དུ་འགྲོ་བའི་རྒྱུ་ཡང་མ་ཡིན་ནོ། །ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རྣ་པར་སྨིན་པའི་རྒྱུ་ཡང་མ་ཡིན་པས་ཤུགས་ཀྱིས་ན་སྐལ་བ་མཉམ་པའི་རྒྱུ་ཁོ་ན་ཡིན་ནོ་ཞེས་བྱ་བར་ཤེས་སོ། །གལ་ཏེ་འདྲ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ན། དེ་ལྟ་ན་ཕྱིས་སྐྱེས་པ་ཡང་སྔར་སྐྱེས་པའི་སྐལ་བ་མཉམ་པའི་རྒྱུ་ཡིན་པར་འགྱུར་ཞིང༌། ལྷན་ཅིག་སྐྱེས་པ་ཡང་ལྷན་ཅིག་སྐྱེས་པའི་ཡིན་པར་འགྱུར་ལ། མ་སྐྱེས་པ་ཡང་མ་སྐྱེས་པའི་ཡིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་སྨྲས་པ། དེ་དག་ཀྱང་ཐམས་ཅད་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྔར་སྐྱེས་རྣམས། སྔར་སྐྱེས་པ་འདས་པ་དང་ད་ལྟར་བྱུང་བ་སྐལ་བ་མཉམ་པའི་རྒྱུ་ཡིན་པས་ཤུགས་ཀྱིས་ནམ་འོངས་པ་ནི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དེ་ལྟར་ན་འདས་པ་རྣམས་ནི་འདས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ཡིན་ནོ་ཞེས་བྱ་བ་ནི་འདས་པ་སྔར་སྐྱེས་པ་
རྣམས་ནི་འདས་པ་ཕྱིས་སྐྱེས་པ་རྣམས་ཀྱི་ཡིན་ནོ་ཞེས་རྣམ་པར་ཕྱེ་སྟེ་བཤད་པར་བྱའོ། །འདས་པ་དང་ད་ལྟར་བྱུང་བ་རྣམས་ནི་མ་འོངས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི། མ་འོངས་པ་རྣམས་མ་འོངས་པ་རྣམས་ཀྱི་ཡིན་ནོ་ཞེས་ནི་མ་བཤད་པས་དེའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་མེད་དོ་ཞེས་བྱ་བར་ཁོང་དུ་ཆུད་དོ། །ནམ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ནམ་ཡང་རྒྱུ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། རྒྱུ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན་སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ཡོད་དོ་སྙམ་དུ་བསམས་པ་ཡིན་ནོ། །ལྷན་ཅིག་འབྱུང་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་དང༌། རྣམ་པར་སྨིན་པའི་རྒྱུ་དག་ལས་དགོངས་པ་ནི་ཐུགས་ལ་དགོངས་པ་སྟེ། དེས་གསུངས་པ་ཡིན་ནོ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་དང༌། རྣམ་པར་སྨིན་པའི་རྒྱུ་དག་ལས་དགོངས་ནས་གསུངས་པ་དེའི་ཕྱིར་ནམ་ཡང་རྒྱུ་མ་ཡིན་པ་མ་ཡིན་ནོ་ཞེས་གསུངས་པ་ལ་ཉེས་པ་མེད་དེ་བསྟན་པ་འདི་ནི་ཕལ་ཆེའི་དབང་དུ་མཛད་པར་བཞེད་དོ། །ཐ་མའི་གནས་སྐབས་དེ་ལས་དགོངས་ནས་ཞེས་བྱ་བ་ནི་མ་འོངས་པ་ཐ་མའི་གནས་སྐབས་དེ་ལས་དགོངས་ནས་ཞེས་བྱ་བའི་ཐ་ཚིག་སྟེ། དེའི་བསམ་པ་ནི་དུས་གསུམ་ཆར་ན་ཡང་རྒྱུ་ཡིན་ནོ་སྙམ་པ་ཡིན་ནོ། །དེ་ཡི་དེ་ནི་ལན་དུ་མི་རུང་སྟེ། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྨྲ་བ་དེའི་ལན་དུ་མི་རུང་བའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་སྐྱེ་བའི་གནས་སྐབས་ཀྱི་སྔོན་རོལ་ན་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པ་ལས་ཕྱིས་ཡིན་པས་ཏེ། རྟག་ཏུ་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པས་སོ་ཞེས་བྱ་བའི་ཐ་ཚིག་གོ །མ་འོངས་པའི་གནས་སྐབས་མང་པོ་ཞིག་ཡོད་པ་ལས་ཐ་མའི་གནས་སྐབས་གཅིག་གིས་སྐལ་བ་མཉམ་པའི་རྒྱུ་ཉིད་དུ་ངེས་པར་གྱུར་པ་ཡིན་ན། དེ་ན་དེ་ལས་གཞན་པ་ངེས་པར་མ་གྱུར་པ་ཡང་མང་མོ་ཞིག་ཡོད་དོ། །དེ་ལས་ནི་ནམ་ཡང་རྒྱུ་མ་ཡིན་པ་མ་ཡིན་ནོ་ཞེས་སྤྱིར་གསུངས་ཏེ། དེ་ལྟ་བས་ན་དེ་ནི་ལན་དུ་མི་རུང་ངོ༌། །དེ་ལྟ་ན་ནི་གནས་སྐབས་འདི་ན་ཡང་
སྐལ་བ་མཉམ་པའི་རྒྱུ་མ་ཡིན་ནོ་ཞེས་དེ་སྐད་དུ་བརྗོད་པར་ནུས་སོ། །ཆོས་གང་ཞིག་ཆོས་གང་གི་མཚུངས་པ་དེ་མ་ཐག་པ་ཡིན་པ་ཞེས་བྱ་བ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱ་བའི་ཐ་ཚིག་གོ །ཡོངས་སུ་རྟོག་པ་འདིས་བརྗོད་པར་ནུས་ཞེས་བྱ་བ་ནི་ཆོས་དེ་སྐྱེ་བའི་ཚེའི་གནས་སྐབས་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་དུ་ངེས་པར་གྱུར་པ་ཡིན་ཏེ། དེའི་ཕྱིར་ཐ་མའི་གནས་སྐབས་དེ་ལས་དགོངས་ནས་ཞེས་བྱ་བའི་ཡོངས་སུ་རྟོག་པ་འདིས་ནམ་ཡང་མཚུངས་པ་དེ་མ་ཐག་པ་མ་ཡིན་པ་མ་ཡིན་ནོ་ཞེས་བརྗོད་པར་ནུས་པའོ། །ཅིའི་ཕྱིར་འདི་སྐད་དུ་གལ་ཏེ་ཆོས་དེ་མ་སྐྱེས་པར་གྱུར་ནའོ་ཞེས་གསུངས་ཞེས་བྱ་བ་ནི་གལ་ཏེ་ཆོས་དེ་མ་འོངས་པ་ཡིན་ན་དེ་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ཐ་མའི་གནས་སྐབས་སྨྲ་བ་དེ་ཉིད་ཀྱིས་སྒོ་གཉིས་སུ་བསྟན་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། དེར་ཇི་ལྟ་བ་སྟེ་ཆོས་གང་ཞིག་ཆོས་གང་གི་རྒྱུ་ཡིན་པ་དེ་རེས་འགའ་ཞིག་ཆོས་དེའི་རྒྱུ་མ་ཡིན་པ་ཡིན་ནམ་ཞེ་ན་སྨྲས་པ་ནམ་ཡང་མ་ཡིན་ནོ་ཞེས་འབྱུང་བ་དེ་བཞིན་འདིར་ཡང་ཆོས་གང་ཞིག་ཆོས་གང་གིས་མཚུངས་པ་དེ་མ་ཐག་པ་ཡིན་པའི་ཆོས་དེ་རེས་འགའ་ཞིག་ཆོས་དེའི་མཚུངས་པ་དེ་མ་ཐག་པའི་མ་ཡིན་པ་ཡིན་ནམ་ཞེ་ན། སྨྲས་པ། ནམ་ཡང་མ་ཡིན་ནོ་ཞེས་བརྗོད་པར་བྱ་ལ། འདིར་ཇི་ལྟ་བ་སྟེ་ཆོས་གང་ཞིག་ཆོས་གང་གིས་མཚུངས་པ་དེ་མ་ཐག་པ་ཡིན་པའི་ཆོས་དེ་རེས་འགའ་ཞིག་ཆོས་དེའི་མཚུངས་པ་དེ་མ་ཐག་པ་མ་ཡིན་ནམ་ཞེ་ན། སྨྲས་པ། གལ་ཏེ་ཆོས་དེ་མ་སྐྱེས་པར་གྱུར་ནའོ་ཞེས་བྱ་བ་དེ་ལྟ་བུ་བཞིན་དུ་དེར་ཡང་ཆོས་གང་ཞིག་ཆོས་གང་གི་རྒྱུ་ཡིན་པའི་ཆོས་དེ་རེས་འགའ་ཞིག་ཆོས་དེའི་རྒྱུ་མ་ཡིན་པ་ཡིན་ནམ་ཞེ་ན། སྨྲས་པ། གལ་ཏེ་ཆོས་དེ་མ་སྐྱེས་པར་གྱུར་ནའོ་ཞེས་བརྗོད་པར་བྱ་བ་ཡིན་ཏེ། གལ་ཏེ་ཆོས་དེ་མ་འོངས་པ་ཡིན་ན་དེའི་རྒྱུའི་རྐྱེན་དུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་སློབ་དཔོན་གྱིས་དེ་ལྟ་ཡིན་ན་ཡོན་ཏན་ཅི་ཞིག་འཐོབ་པར་འགྱུར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དེ་ལྟར་སྒོ་གཉིས་སུ་བསྟན་པ་ལ་ཡོན་ཏན་ཅི་ཡང་མི་ཐོབ་བོ། །ཆོས་
དེ་ནི་སྐྱེ་བའི་ཚེའི་གནས་སྐབས་ན་དངོས་ཀྱི་ཚུལ་དུ་རྒྱུའམ་མཚུངས་པ་དེ་མ་ཐག་པ་མ་ཡིན་པ་ཉིད་པས་དེ་ལྟ་ན་འདི་བསྟན་བཅོས་བྱེད་པ་ཁ་ཅིག་ཏུ་གླགས་དང་བཅས་པར་སྨྲ་ཞིང་ཁ་ཅིག་ཏུ་གླགས་མེད་པར་སྨྲ་བ་མི་མཁས་པ་ཁོ་ནར་ཡིད་ཆེས་པར་འགྱུར་ཏེ་རེ་ཞིག་གླགས་དང་བཅས་པ་ནི་ཆོས་གང་ཞིག་ཆོས་གང་གི་རྒྱུ་ཡིན་པའི་ཆོས་དེ་རེས་འགའ་ཞིག་ཆོས་དེའི་རྒྱུ་མ་ཡིན་པ་ཡིན་ནམ་ཞེ་ན་སྨྲས་པ། ནམ་ཡང་མ་ཡིན་ནོ་ཞེས་གང་བཤད་པ་དེ་ཡིན་ནོ། །ཇི་ལྟ་ཞེ་ན། ནམ་ཡང་རྒྱུ་མ་ཡིན་པ་མ་ཡིན་ནོ་ཞེས་དེ་སྐད་དུ་སྨྲས་པ་ཡང་ཐ་མའི་གནས་སྐབས་ན་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ་ཞེས་རྗོད་པར་བྱེད་པས་སོ། །གླགས་མེད་པ་ནི་གལ་ཏེ་ཆོས་དེ་མ་སྐྱེས་པར་གྱུར་ན་མཚུངས་པ་དེ་མ་ཐག་པ་མ་ཡིན་ལ་སྐྱེས་པ་ནི་མཚུངས་པ་དེ་མ་ཐག་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདིར་དགོངས་པའི་དོན་ནི་དོན་གཅིག་ཏུ་ངེས་པར་རྣམ་པར་བཞག་ནས་ཡང་གཞན་དུ་འཆད་དོ་སྙམ་པ་ཡིན་ནོ། །དེ་ལྟ་བས་ན་འདིར་ལན་སྔ་མ་ཁོ་ན་ལེགས་པ་ཡིན་ནོ་ཞེས་བྱ་བ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་དང་རྣམ་པར་སྨིན་པའི་རྒྱུ་ལས་དགོངས་ནས་གསུངས་པའི་ཕྱིར་དེ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ཡིན་ནོ། །འོ་ན་གང་འདི་སྐད་དུ་གསུངས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་འདི་ཅིའི་ཕྱིར་ཞེ་ན། སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་མེད་པ་ཁོ་ནའོ་ཞེས་བཤད་དོ། །དེ་ལ་གལ་ཏེ་སྐལ་བ་མཉམ་པར་རྒྱུ་མ་འོངས་པ་མེད་པ་ཞིག་ཡིན་ནོ། །ཅིའི་ཕྱིར་འཇིག་ཚོགས་ལ་ལྟ་བ་མ་འོངས་པ་མ་གཏོགས་པར་བཤད། མ་གཏོགས་པ་གང་ཡིན་པ་དེ་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་ནོ་ཞེས་བཤད་དོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་མ་འོངས་པ་ཇི་ལྟར་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་ཞེ་ན། རེ་ཞིག་ལྷན་ཅིག་མི་འབྱུང་བའི་ཕྱིར་ལྷན་ཅིག་འབྱུང་བའི་རྒྱུ་དང་མཚུངས་པར་ལྡན་པའི་རྒྱུ་ནི་མ་ཡིན་ནོ། །ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་ཡང་མ་ཡིན་ནོ། །ཐུན་མོང་པ་ཉིད་ཀྱིས་མི་བགྲང་བའི་ཕྱིར་བྱེད་རྒྱུའི་རྒྱུ་ཡང་མ་ཡིན་པས་རྒྱུ་ཞིག་
ཡིན་ན་ཤུགས་ཀྱིས་ན་སྐལ་བ་མཉམ་པའི་རྒྱུའམ་ཀུན་དུ་འགྲོ་བའི་རྒྱུ་ཡིན་པར་འགྱུར་རོ། །འདིར་ནི་ཀུན་དུ་འགྲོ་བའི་རྒྱུ་དང་སྐལ་བ་མཉམ་པའི་རྒྱུ་ཁོ་ན་ཡིན་ནོ། །དེའི་ཕྱིར་གལ་ཏེ་འཇིག་ཚོགས་ལ་ལྟ་བ་མ་འོངས་པ་འཇིག་ཚོགས་ལ་ལྟ་བའི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ན་ཅིའི་ཕྱིར་འདི་མུ་གསུམ་པའི་དོན་དུ་མ་གཏོགས་པར་བཤད་ཅེ་ན། བྱེ་བྲག་ཏུ་སྨྲ་བས་དེ་ནི་འདི་སྐད་དུ་འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་ཞེས་བརྗོད་པར་བྱ་ཞེས་བྱ་བ་སྨྲས་ཏེ། འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པ་ཁོ་ན་མ་གཏོགས་པར་བྱ་བ་ཡིན་གྱི། འཇིག་ཚོགས་ལ་ལྟ་བ་ནི་མ་ཡིན་ནོ། །ཚོར་བ་ལ་སོགས་པ་དེ་ནི་ལྷན་ཅིག་འབྱུང་བའི་རྒྱུ་དང་མཚུངས་པར་ལྡན་པའི་རྒྱུས་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་གྱི་སྐལ་བ་མཉམ་པའི་རྒྱུས་ནི་མ་ཡིན་ནོ། །འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང་ཞེས་འབྱུང་བ་འདི་ནི་ཉམས་པ་ཡིན་ཏེ། ཚིག་འོག་མ་ལ་ཡོད་པ་དེ་ཞེས་བྱ་བའི་སྒྲ་དང་ལྷན་ཅིག་གདོན་པར་མི་བྱའི་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པའི་ཁྱད་པར་དུ་བྱ་བའི་ཕྱིར་འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང་མཚུངས་པར་ལྡན་པ་ཞེས་ཚིག་འདི་གཉིས་བསྡུས་ཏེ་གདོན་པར་བྱའོ། །ཡང་ན་དོན་གྱིས་ན་དེ་ལྟར་གོ་བར་བྱའོ་ཞེས་བྱ་བ་ནི་གལ་ཏེ་དེ་སྐད་དུ་འདོན་པར་མི་བྱེད་ན། བཤད་པ་ལས་འབྱུང་བ་དང་མཐུན་པར་འདོན་པ་ནི་བརྩན་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འོ་ན་བཏགས་པའི་བཤད་པ་ཆོས་ཐམས་ཅད་ནི་བཞི་ཚན་དུ་ངེས་པ་ཡིན་ཏེ་ཞེས་གསུངས་པ་འདི་ཇི་ལྟར་དྲང་ཞེས་བྱ་བ་ལ་ཀླན་ཀ་བའི་བསམ་པ་ནི་རྒྱུར་ངེས་པ་ནི་ཆོས་གང་ཞིག་ཆོས་གང་གི་རྒྱུ་ཡིན་པའི་ཆོས་དེ་ནི་ནམ་ཡང་ཆོས་དེའི་རྒྱུ་མ་ཡིན་པ་མ་ཡིན་ཏེ། དུས་གསུམ་ཆར་ན་ཡང་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་འབྲས་བུར་ངེས་པ་ནི་ཆོས་གང་ཞིག་ཆོས་གང་གི་འབྲས་བུ་ཡིན་པ་སྟེ་རྒྱུ་མཐུན་པ་ལ་སོགས་པར་སྦྱར་རོ། །དེ་བཞིན་དུ་རྟེན་དུ་ངེས་པ་ནི་མིག་ལ་
སོགས་པའི་ཆོས་གང་ཞིག་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཆོས་གང་གི་རྟེན་ཡིན་པ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་དམིགས་པར་ངེས་པ་ནི་གཟུགས་ལ་སོགས་པ་ཆོས་གང་ཞིག་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཆོས་གང་གི་དམིགས་པ་ཡིན་པ་ཞེས་བྱ་བར་སྦྱར་ཏེ། དེས་ན་ཆོས་རྣམས་རྒྱུར་ངེས་པའི་ཕྱིར་དུས་གསུམ་ཆར་ཡང་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ་སྙམ་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་ལས་དགོངས་པའི་ཕྱིར་ཉེས་པ་མེད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། འདིར་རྒྱུ་ནི་མཚུངས་པར་ལྡན་པའི་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་གྱི་སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བའི་རྒྱུ་དག་ནི་མ་ཡིན་ཏེ། མ་འོངས་པའི་གནས་སྐབས་སུ་རྣམ་པར་མ་བཞག་པའི་ཕྱིར་རོ། །རྣམ་པར་སྨིན་པའི་རྒྱུ་ཡང་མ་ཡིན་ཏེ། མི་གཡོ་བ་མ་ཡིན་པའི་ལས་ཁ་ཅིག་ཚེ་རབས་གཞན་དུ་ཡང་རྣམ་པར་སྨིན་པ་མི་འབྱིན་པའི་ཕྱིར་རོ། །འབྲས་བུ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་དང་བདག་པོའི་འབྲས་བུ་ཡིན་ཏེ། དེ་གཉིས་ནི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་གི་འབྲས་བུ་ཡིན་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་གཞུང་ལུགས་ནི་མ་འོངས་པ་ཡོད་བཞིན་དུ་སྐྱེའོ་ཞེས་བྱ་བ་འདི་ཡིན་ཏེ། དེ་ལྟ་བས་ན་འདི་སྐད་དུ་དེ་ན་མ་འོངས་པའི་གནས་སྐབས་ན་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པ་ལས་ད་ལྟར་གྱི་གནས་སྐབས་ན་རྒྱུ་ཡིན་པར་གྱུར་པ་མ་ཡིན་ནམ་ཞེས་ཐལ་བར་སྒྲུབ་སྟེ། གྱུར་ཞེས་བྱ་བ་ནི་ཐལ་བར་གྱུར་ཞེས་བྱ་བའི་ཐ་ཚིག་གོ །གནས་སྐབས་ལ་ནི་འདོད་པ་ཁོ་ན་ཡིན་གྱི་རྫས་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྐལ་བ་མཉམ་པའི་རྒྱུ་ཉིད་ཀྱི་གནས་སྐབས་ནི་སྔོན་མ་བྱུང་བ་ལས་དབྱུང་ངོ་ཞེས་བྱ་བ་ཁོ་ནར་འདོད་ཀྱི་རྫས་ཀྱི་རང་གི་མཚན་ཉིད་ནི་སྔོན་མ་བྱུང་བ་ལས་དབྱུང་ངོ་ཞེས་བྱ་བར་མ་ཡིན་ནོ། །ཚོགས་པ་ནི་གནས་སྐབས་ཀྱི་འབྲས་བུ་ཅན་ཡིན་གྱི་རྫས་ཀྱི་འབྲས་བུ་ཅན་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ཚོགས་པ་ནི་ད་ལྟར་གྱི་གནས་སྐབས་ཀྱི་འབྲས་བུ་ཅན་ཡིན་གྱི་རྫས་ཀྱི་ནི་མ་ཡིན་ཏེ་འདི་ལྟར་ཆོས་དེ་ནི་མ་འོངས་པ་
ཡིན་ཡང་རྫས་སུ་ཡོད་ལ་ད་ལྟར་བྱུང་བ་ནི་མ་ཡིན་ནོ། །ཀླན་ཀ་པས་ཅིར་འགྱུར་ཞེ་ན་ཞེས་བྱ་བ་རྒྱས་པར་སྨྲས་པ་དང་བྱེ་བྲག་ཏུ་སྨྲ་བས་བསྟན་བཅོས་ལས་དེ་སྨོས་པར་འགྱུར་རོ་ཞེས་བྱ་བ་སྨོས་སོ། །སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་དེ་སྨོས་པ་ཡང་མེད་དེ་བསྟན་བཅོས་དེ་ལས་དགེ་བའི་རྩ་བ་མ་འོངས་པ་རྣམས་ནི་དགེ་བའི་རྩ་བ་མ་འོངས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ་ཞེས་ནི་མ་བཤད་དོ། །ཀླན་ཀ་པས་འབྲས་བུ་སྨིན་པ་དང་འཛིན་པར་བྱེད་ནུས་པ་གང་ཡིན་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཀླན་ཀ་བའི་བསམ་པ་ནི་སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ཡོད་མོད་ཀྱི་དེ་ནི་འབྲས་བུ་སྨིན་པ་དང་འཛིན་པར་བྱེད་ནུས་པ་མ་ཡིན་གྱི། སྐལ་བ་མཉམ་པའི་རྒྱུ་འདས་པ་དང་ད་ལྟར་བྱུང་བ་གང་ཡིན་པ་འབྲས་བུ་སྨིན་པར་བྱེད་ནུས་པ་དང་འབྲས་བུ་འཕེན་པར་བྱེད་ནུས་པ་དེ་ཁོ་ན་སྨོས་པའི་ཕྱིར་རོ། །སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་སྨོས་པ་ལ་ཉེས་པ་མེད་དེ། དེ་ལ་འབྲས་བུ་སྨིན་པ་དང་འཛིན་པར་བྱེད་པའི་མཐུ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ཡོད་མོད་ཀྱི་འོན་ཀྱང་བསྟན་བཅོས་ལས་མ་བཤད་དོ་སྙམ་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས་དེ་ནི་མ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དེ་ནི་རུང་བ་མ་ཡིན་ཏེ། རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །ཞེས་འབྱུང་བའི་ཕྱིར་དང༌། རྒྱུ་མཐུན་རྒྱུ་དང་འདྲ་བའོ། །ཞེས་འབྱུང་བའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ནི་རྒྱུ་མཐུན་པའི་འབྲས་བུ་དང་བཅས་པ་ཡིན་ན། དེ་ཡང་མ་འོངས་པ་ལ་རིགས་པ་མ་ཡིན་ཏེ། རྒྱུ་མཐུན་པའི་འབྲས་བུ་དེ་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔ་ཕྱི་མེད་པའི་ཕྱིར་ཏེ། མ་འོངས་པས་གནས་སྐབས་ན་ནི་འདི་ནི་སྔ་མའོ། །འདི་ནི་ཕྱི་མའོ་ཞེས་བྱ་བར་ཡོངས་སུ་མི་ཆོད་དེ། འཆོལ་བར་འདུག་པའི་ཕྱིར་རོ། །སྔ་ཕྱི་མེད་ན་ནི་འདྲ་བའི་རྒྱུ་མཐུན་པ་དང་འདྲ་བ་ཡིན་པར་ཡང་མི་རུང་ངོ༌། །འོན་ཏེ་སྐྱེས་པ་འདས་པ་དང་ད་ལྟར་བྱུང་བ་མ་འོངས་པའི་རྒྱུ་མཐུན་པར་འདོད་དོ་ཞེ་ན། དེའི་ཕྱིར་བྱུང་ཟིན་པ་ཡང་མ་འོངས་པའི་རྒྱུ་མཐུན་པར་མི་རུང་སྟེ་ཞེས་བྱ་བ་སྨོས་ཏེ། དཔེར་
ན་ད་ལྟར་གྱི་རྒྱུ་མཐུན་པ་འདས་པ་མ་ཡིན་པ་དེ་བཞིན་དུ་བྱུང་ཟིན་པ་ཡང་མ་འོངས་པའི་རྒྱུ་མཐུན་པ་ཡིན་པར་འོས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་བས་འབྲས་བུ་སྔ་ན་ནི་མི་རུང་བས་ཞེས་བྱ་བ་སྨོས་ཏེ། སྐྱོན་དུ་འགྱུར་བའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་སྔ་བ་དང་ལྷན་ཅིག་པ་མི་རུང་བའི་ཕྱིར་ལ་ཞེས་བྱ་བ་ནི་རྒྱུ་བས་འབྲས་བུ་སྔ་ན་མི་རུང་བས་སྔ་པ་ཡང་མི་རུང་ངོ༌། །མ་འོངས་པའི་གནས་སྐབས་ན་ལྷན་ཅིག་པ་ཡང་མི་རུང་སྟེ། དེ་ལྟར་བྱུང་བའི་གནས་སྐབས་ན་ལྷན་ཅིག་འབྱུང་བའི་རྒྱུ་བཞིན་དུ་རྣམ་པར་སྨིན་པའི་རྒྱུའི་འབྲས་བུ་ལྷན་ཅིག་འབྱུང་བ་མི་དམིགས་སོ།། །།བམ་པོ་བཅོ་བརྒྱད་པ། དེ་ལྟ་བས་ན་མ་འོངས་པའི་དུས་ལ་ཡང་སྔ་ཕྱི་མེད་པའི་ཕྱིར་ཏེ་མ་འོངས་པའི་དུས་འཆོལ་བར་འདུག་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་སྔ་ལ་རྣམ་པར་སྨིན་པའི་འབྲས་བུ་འཕྱི་བར་རུང་བ་མ་ཡིན་ནོ། །དེའི་ཕྱིར་ཡང་སྐལ་བ་མཉམ་པའི་རྒྱུ་བཞིན་དུ་རྣམ་པར་སྨིན་པའི་རྒྱུ་ཡང་མ་འོངས་པ་ཡིན་པར་མི་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བས་དེ་ནི་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། དེ་ལྟ་ན་རྣམ་པར་སྨིན་པའི་རྒྱུ་ཡང་ཞེས་སྨྲས་པ་གང་ཡིན་པའོ། །ཕན་ཚུན་རྒྱུ་མཐུན་པ་ཉིད་དུ་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་འདྲ་བ་གང་ཞིག་གང་གིས་སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཆོས་དེ་ཉིད་དེ་ཁོ་ནའི་ཚེ་དེའི་རྒྱུ་མཐུན་པ་ཡིན་པར་ཇི་ལྟར་རུང་སྟེ། བུ་རང་གི་ཕ་ཉིད་ཀྱི་ཕ་དེ་ཁོ་ནའི་ཚེ་མི་འགྱུར་རོ། །རྣམ་པར་སྨིན་པའི་རྒྱུ་ནི་དེ་ལྟར་ཐལ་བར་མི་འགྱུར་ཏེ་ཞེས་བྱ་བ་ཅི་ཞེ་ན། སྔ་ཕྱི་མེད་བཞིན་དུ་ཡང་ཕན་ཚུན་རྒྱུ་དང་འབྲས་བུ་ཉིད་དུ་ཐལ་བར་མི་འགྱུར་ཏེ་འཐོབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་འབྲས་བུ་དག་མཚན་ཉིད་ཐ་དད་པའི་ཕྱིར་ཏེ། རྣམ་སྨིན་རྒྱུ་ནི་མི་དགེ་དང༌། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་བྱ་བ་དང༌། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །ཞེས་འབྱུང་བའི་ཕྱིར་རྒྱུའི་མཚན་ཉིད་ཀྱང་གཞན་ནོ། །ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། དེའི་མཚན་ཉིད་ནི་མི་དགེ་བ་ཉིད་དང༌། དགེ་བ་ཟག་པ་དང་བཅས་པ་ཉིད་ཡིན་ནོ། །འབྲས་
བུའི་མཚན་ཉིད་ཀྱང་གཞན་ཏེ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཉིད་ཡིན་ནོ། །དེ་ལྟ་བས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་གནས་སྐབས་ཀྱིས་རྣམ་པར་གནས་པ་ནི་གནས་སྐབས་ལས་རྣམ་པར་གནས་པ་སྟེ། སྐལ་བ་མཉམ་པའི་རྒྱུ་ནི་འདས་པའི་གནས་སྐབས་པ་དང་ད་ལྟར་བྱུང་བའི་གནས་སྐབས་པ་ཡིན་གྱི་མ་འོངས་པའི་གནས་སྐབས་པ་ནི་མ་ཡིན་ནོ། །རྣམ་པར་སྨིན་པའི་རྒྱུ་ནི་མཚན་ཉིད་ལས་རྣམ་པར་གནས་པ་ཡིན་ཏེ། མཚན་ཉིད་ཀྱི་རྣམ་པར་གནས་པ་ཡིན་ནོ། །དུས་གསུམ་ཆར་དུ་ཡང་མཚན་ཉིད་ཇི་སྐད་བཤད་པ་བཞིན་ཡིན་པས་རྣམ་པར་སྨིན་པའི་རྒྱུ་ནི་མ་འོངས་པའི་གནས་སྐབས་མི་དགག་གོ །འདིར་འདི་དཔྱད་པར་བྱ་སྟེ། ཅི་མ་འོངས་པའི་དུས་ན་ཆོས་འདྲ་བ་རྣམས་འཆོལ་བར་འདུག་པས་འདི་ནི་རྒྱུའོ། །འདིའི་རྒྱུ་མཐུན་པའི་འབྲས་བུའོ། །ཞེས་བྱ་བར་ཡོངས་སུ་གཅད་མི་ནུས་ཏེ། དེའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་རྣམ་པར་མི་གཞག་གམ། འོན་ཏེ་ཆོས་གང་ཞིག་གང་གི་སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཆོས་དེ་རྒྱུ་དང་རྐྱེན་གྱི་དབང་གིས་དེའི་རྒྱུ་མཐུན་པའི་འབྲས་བུ་ཡིན་པར་ཡང་འགྱུར་བས་དེའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་རྣམ་པར་མ་བཞག་ཅེ་ན། འདི་རྣམ་པར་བཤད་པ་བྱེད་པ་རྣམས་ཀྱིས་ནི་མ་དཔྱད་དོ། །བདག་ནི་ཕྱོགས་སྔ་མ་འདི་ཁོ་ན་ལྟར་ཡིན་ནོ་སྙམ་བྱེད་དོ། །ཅི་དེ་ལྟར་ངེས་སམ་ཞེ་ན་ཞེས་བྱ་བ་ནི་ཅི་རང་གི་ས་པ་ཁོ་ནའོ་ཞེས་ངེས་པར་བཟུང་བ་ཞིག་ཡིན་ནམ་འོན་ཏེ་དེ་ལྟ་མ་ཡིན་པ་ཡང་ཡོད་སྙམ་དུ་བསམས་པ་ཡིན་ནོ། །ས་དགུའི་ལམ་ནི་ཕན་ཚུན་དུ། །ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲ་ནི་ཁྱད་པར་དུ་བྱ་བ་ཡིན་ཏེ། ལམ་ཞེས་བྱ་བ་ལམ་གྱི་བདེན་པ་ཡིན་པར་བརྗོད་པར་འདོད་པས་ཟག་པ་དང་བཅས་པ་ལས་ལམ་གྱི་བདེན་པ་ཁྱད་པར་དུ་ཤེས་པ་ཡིན་ནོ། །ཟག་པ་དང་བཅས་པའི་ཆོས་ཀྱི་སྐལ་བ་མཉམ་པའི་རྒྱུ་ནི་རང་གི་ས་པ་ཁོ་ན་ཡིན་གྱི། གཞན་གྱི་ས་པ་ནི་མ་ཡིན་ལ། ལམ་གྱི་སྐལ་བ་མཉམ་པའི་རྒྱུ་ནི་གཞན་གྱི་ས་པ་ཡང་ཡིན་ནོ། །ས་སྨོས་ན་ནི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་ཡང་གཟུང་གི་ཁམས་མོས་ན་ནི་ཟག་པ་
བཅས་པ་ཁོ་ན་གཟུང་སྟེ། དེའི་ཕྱིར་འདི་ནི་ས་དེ་དག་ཏུ་གློ་བུར་དུ་འོངས་པ་ཡིན་ལ། ས་དེ་པའི་སྲེད་པ་དག་གིས་བདག་གིར་མ་བྱས་པའི་ཕྱིར་ཁམས་དེ་དག་ཏུ་གཏོགས་པ་མ་ཡིན་ཞེས་བྱ་བ་སྨོས་ཏེ། ཟག་པ་མེད་པའི་ཆོས་རྣམས་ནི་ཟག་པ་དང་བཅས་པ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྲེད་པ་དག་གིས་བདག་གིར་མི་བྱེད་དོ། །འོ་ན་གང་གི་ཚེ་མྱ་ངན་ལས་འདས་པ་དང་ལམ་མངོན་པར་འདོད་པ་དེའི་ཚེ་ཇི་ལྟ་བུ་ཞེ་ན། དེ་ནི་ཆོས་ལ་འདུན་པ་དགེ་བ་ཡིན་ཏེ། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །ཞེས་འབྱུང་བའི་ཕྱིར་རོ། །རིགས་མཐུན་པའི་ཞེས་བྱ་བ་ནི་ཟག་པ་མེད་པའི་རིགས་ཀྱིའོ། །དེ་ལྟ་ན་འོ་ན་ནི་ཐམས་ཅད་ཀྱང་ཐམས་ཅད་ཀྱི་སྐལ་བ་མཉམ་པའི་རྒྱུར་འགྱུར་རོ་ཞེ་ན། དེའི་ཕྱིར། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་བྱ་བ་སྨོས་སོ། །འོ་ན་ཅིའི་ཕྱིར་ཕན་ཚུན་དུ་ཞེས་སྨོས་ཤེ་ན། ས་གོང་མ་པ་དང་ས་འོག་མ་པ་དག་ཕན་ཚུན་དུ་ཞེས་དེ་སྐད་དུ་བྱ་བའི་ཕྱིར་ཏེ། ས་གོང་མ་པ་ཡང་ས་འོག་མ་པ་དག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ལ། ས་འོག་མ་པ་ཡང་ས་གོང་མ་པ་དག་གི་ཡིན་ནོ། །འདི་ལྟ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་མཉམ་པ་ཡིན་པས་ཟག་པ་མེད་པ་དེ་ཉིད་མ་འོངས་པ་དང་སྡུག་བསྔལ་ལ་ཆོས་ཤེས་པ་དང་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། མི་སྐྱེ་བ་ཤེས་པའི་བར་ཁྱད་པར་ཅན་གྱི་རྒྱུ་ཡིན་ནོ། །དམན་པའི་ནི་མ་ཡིན་ཏེ། སྡུག་བསྔལ་ལ་ཆོས་ཤེས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་འོངས་པའི་སྐལ་བ་མཉམ་པའི་རྒྱུར་མི་འགྱུར་རོ། །མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་རྣམས་ནི་གསུམ་དང་གཉིས་དང་གཅིག་དག་གི་ཡིན་ནོ་ཞེས་བྱ་བ་ནི་མཐོང་བའི་ལམ་ནི་མཐོང་བའི་ལམ་གཞན་དང༌། བསྒོམ་པའི་ལམ་དང་མི་སློབ་པའི་ལམ་གྱི་སྐལ་བ་མཉམ་པའི་རྒྱུ་ཡིན་པས་གསུམ་གྱི་ཡིན་ནོ། །བསྒོམ་པའི་ལམ་ནི་བསྒོམ་པའི་ལམ་གཞན་དང་མི་སློབ་པའི་ལམ་གྱི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི། མཐོང་བའི་ལམ་གྱི་ནི་མ་ཡིན་པས་
གཉིས་ཀྱི་ཡིན་ནོ། །མི་སློབ་པའི་ལམ་ནི་མི་སློབ་པའི་ལམ་གཞན་གྱི་ཡིན་གྱི་མཐོང་བ་དང་བསྒོམ་པའི་ལམ་དག་གི་ནི་མ་ཡིན་པས་གཅིག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །དེ་ལ་ཡང་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་སོགས་པའི་དེ་ལ་ཡང་དབང་པོ་རྟུལ་པོའི་ལམ་མཐོང་བའི་ལམ་གྱི་ངོ་བོ་ཉིད་ནི་དབང་པོ་རྟུལ་པོ་དང་རྣོན་པོའི་ལམ། དེའི་ངོ་བོ་ཉིད་ཁོ་ནའི་རྒྱུ་ཡིན་ལ་དབང་པོ་རྣོན་པོའི་ལམ་ནི་དབང་པོ་རྣོན་པོའི་ལམ་ཁོ་ནའི་ཡིན་གྱི་དམན་པའི་ཕྱིར་དབང་པོ་རྟུལ་པོའི་ལམ་གྱི་ནི་མ་ཡིན་ནོ། །དེ་བཞིན་དུ་བསྒོམ་པའི་ལམ་དང་མི་སློབ་པའི་ལམ་ལ་ཡང་བརྗོད་པར་བྱ་སྟེ། དེ་བསྟན་པའི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །གང་ཟག་དབང་པོ་རྟུལ་པོ་གཅིག་ལ་ཡང་ལམ་དྲུག་ཅར་ཡོད་ལ་རང་བཞིན་གྱིས་དབང་པོ་རྣོན་པོ་ལ་ནི་གསུམ་ཡོད་དེ། དེ་ལ་དད་པས་རྗེས་སུ་འབྲང་བའི་ལམ་ནི་བདག་ཉིད་ཀྱང་དད་པས་རྗེས་སུ་འབྲང་བའི་ལམ་གཞན་དང་བདག་ཉིད་ཀྱི་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་མ་འོངས་པའི་གནས་སྐབས་དང༌། བདག་ཉིད་ཀྱང་དད་པས་མོས་པ་དང༌། མཐོང་བས་ཐོབ་པ་དང༌། དུས་ཀྱི་རྣམ་པར་གྲོལ་བ་དང༌། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་སྐྱེ་བ་དང་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱི་ཅི་རིགས་པར་སྐལ་བ་མཉམ་པ་མཉམ་པའི་རྒྱུ་ཡིན་པས་དྲུག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །དད་པས་མོས་པའི་ལམ་ནི་དད་པས་མོས་པའི་ལམ་གཞན་དང་མཐོང་བས་ཐོབ་པ་དང༌། དུས་ཀྱི་རྣམ་པར་གྲོལ་བ་དང༌། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་གཞན་གསུམ་གྱི་ཡིན་པས་གཞིའི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །དུས་ཀྱི་རྣམ་པར་གྲོལ་བའི་ལམ་ནི་དུས་ཀྱི་རྣམ་པར་གྲོལ་བའི་ལམ་གཞན་དང༌། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ཡིན་པས་གཉིས་ཀྱི་སྐལ་པ་མཉམ་པའི་རྒྱུ་ཡིན་ནོ། །དད་པས་མོས་པའི་ལམ་ནི་དད་པས་རྗེས་སུ་འབྲང་བ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་དག་གི་རྒྱུ་མ་ཡིན་ཏེ། མཐོང་བའི་ལམ་དུས་སྔ་བའི་ཕྱིར་དང༌། བསྒོམ་པའི་ལམ་ཡང་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་
པར་བྱའོ། །ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་ནི་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་གཞན་དང་མཐོང་བས་ཐོབ་པ་དང་དུས་དང་མི་སྦྱོར་བ་རྣམ་པར་གྲོལ་བའི་ལམ་རྣམས་ཀྱི་ཡིན་པས་གསུམ་གྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །མཐོང་བས་ཐོབ་པའི་ལམ་ནི་མཐོང་བས་ཐོབ་པའི་ལམ་གཞན་དང༌། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་གྱི་ཡིན་པས་གཉིས་ཀྱི་ཡིན་ནོ། །དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་གཞན་ཁོ་ནའི་ཡིན་པས། གཅིག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་ནི་དད་པས་རྗེས་སུ་འབྲང་བའི་ལམ་གྱི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ཏེ། ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་ནི་དབང་པོའི་སྒོ་ནས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དད་པས་མོས་པའི་ལམ་གྱི་ཡང་མ་ཡིན་ཏེ། དབང་པོའི་སྒོ་ནས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །འོ་ན་ནི་དུས་ཀྱི་རྣམ་པར་གྲོལ་བའི་ལམ་མཐོང་བས་ཐོབ་པ་དབང་པོའི་སྒོ་ནས་རྒྱུ་མ་ཡིན་ཏེ་དབང་པོའི་སྒོ་ནས་ཁྱད་པར་དུ་འཕགས་པའི་སྐལ་པ་མཉམ་པའི་རྒྱུ་ཡིན་པར་འགྱུར་རོ་ཞེ་ན། མི་སློབ་པའི་ལམ་གྱིས་བསྡུས་པ་ཡིན་པའི་ཕྱིར་མི་འགྱུར་ཏེ། འབྲས་བུ་དུས་སྔར་བྱུང་ལ་རྒྱུ་དུས་ཕྱིས་བྱུང་བ་ནི་མ་ཡིན་ནོ། །མཐོང་བས་ཐོབ་པའི་ལམ་ཡང་དུས་ཀྱི་རྣམ་པར་གྲོལ་བའི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ཏེ། དབང་པོའི་སྒོ་ནས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ས་གོང་མ་པ་བསམ་གཏན་གཉིས་པ་ནས་བཟུང་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ས་པའི་མཐོང་བའི་ལམ་མམ། བསྒོམ་པའི་ལམ་མམ། མི་སློབ་པའི་ལམ་ནི་ཅི་རིགས་པར་ས་འོག་མའི་ལམ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནས་བཟུང་སྟེ། མི་ལྕོགས་པ་མེད་པའི་བར་གྱི་ས་པའི་མཐོང་བའི་ལམ་མམ། བསྒོམ་པའི་ལམ་མམ། མི་སློབ་པའི་ལམ་དང་ཇི་ལྟར་རིགས་པར་མཉམ་པའམ་ཁྱད་པར་ཅན་ཡིན་ཇི་ལྟར་ན་ཡིན་པར་མི་འགྱུར་ཞེ་ན། ས་འོག་མ་ནི་དམན་པའི་ཕྱིར་རོ། །
དབང་པོ་དང་རྒྱུས་རྒྱས་པར་བྱས་པའི་སྒོ་ནས་ཏེ་ཞེས་བྱ་བ་ལ། རེ་ཞིག་མཐོང་བའི་ལམ་ལ་དབང་པོའི་སྒོ་ནས་ལམ་མཉམ་པའམ་ཁྱད་པར་ཅན་ཡིན་པ་ནི་བསམ་གཏན་བཞི་པའི་དད་པས་རྗེས་སུ་འབྲང་བའི་ལམ་དང་ས་འོག་མའི་དད་པས་རྗེས་སུ་འབྲང་བའི་ལམ་དེ་ཉིད་མཉམ་པ་ཡིན་ཏེ་གཉི་ག་ཡང་དབང་པོ་རྟུལ་པོ་ཡིན་པའི་ཕྱིར་རོ། །དེ་ཉིད་པས་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་ས་འོག་མ་པ་ཁྱད་པར་དུ་འཕགས་པ་ཡིན་ཏེ། དབང་པོ་རྣོན་པོའི་ཕྱིར་རོ། །དེ་བཞིན་དུ་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་བསམ་གཏན་བཞི་པའི་ས་པ་ནི་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་ས་འོག་མ་པ་དང་མཉམ་པ་ཡིན་ནོ། །དེ་བཞིན་དུ་དད་པས་རྗེས་སུ་འབྲང་བ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་བསམ་གཏན་བཞི་པའི་ས་པ་དེ་དག་ཉིད་ས་འོག་མ་པའི་བསྒོམ་པ་དང་མི་སློབ་པའི་ལམ་སོ་སོར་ས་དང་དབང་པོའི་བྱེ་བྲག་གིས་ཐ་དད་པ་དག་དང་ཅི་རིགས་པར་མཉམ་པའམ་ཁྱད་པར་ཅན་ཡིན་པར་སྦྱར་བར་བྱའོ། །དེ་བཞིན་དུ་བསྒོམ་པའི་ལམ་ལ་ཡང་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་དད་པས་མོས་པའི་ལམ་ནི་ས་འོག་མ་པའི་དད་པས་མོས་པའི་ལམ་དང་མཉམ་པ་ཡིན་ཏེ། གཉི་ག་ཡང་དབང་པོ་རྟུལ་པོ་ཡིན་པའི་ཕྱིར་རོ། །དེ་ཉིད་པས་ས་འོག་མ་པའི་མཐོང་བས་ཐོས་པའི་ལམ་ཁྱད་པར་དུ་འཕགས་པ་ཡིན་ཏེ། དབང་པོ་རྣོ་བའི་ཕྱིར་རོ། །དེ་བཞིན་དུ་དེ་ཉིད་ས་འོག་མ་པའི་དུས་ཀྱི་རྣམ་པར་གྲོལ་བའི་ལམ་དང་ནི་མཉམ་པ་ཡིན་ཏེ། གཉི་ག་ཡང་དབང་པོ་རྟུལ་པོ་ཡིན་པའི་ཕྱིར་རོ། །དེ་ཉིད་པས་ས་འོག་མ་པའི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་ཁྱད་པར་ཅན་ཡིན་ཏེ། དབང་པོ་རྣོ་བའི་ཕྱིར་རོ། །དེ་བཞིན་དུ་མི་སློབ་པའི་ལམ་ལ་ཡང་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་མི་སློབ་པའི་ལམ་ནི་ཅི་རིགས་པར་ས་འོག་མ་པ་དང་མཉམ་པའམ་ཁྱད་པར་ཡིན་པར་སྦྱར་བར་བྱ་སྟེ་ཕྱོགས་འདིས་ས་ཐམས་ཅད་སྦྱར་བར་བྱའོ། །རྒྱུས་རྒྱས་པར་བྱས་པའི་སྒོ་ནས་ཇི་ལྟར་ས་གོང་མ་པའི་ས་འོག་མའི་ལམ་དང་མཉམ་པའམ་ཁྱད་པར་ཅན་ཡིན་ཞེ་ན། དེའི་ཕྱིར་ད་ལ་རྒྱུས་ཤིན་ཏུ་རྒྱས་པར་
བྱས་པ་ནི་མཐོང་བའི་ལམ་ལ་སོགས་པ་དང་ཞེས་བྱ་བ་འདི་རྒྱས་པར་སྨོས་སོ། །སོགས་པ་ཞེས་བྱ་བ་སྨོས་པས་ནི་བསྒོམ་པ་དང་མི་སློབ་པའི་ལམ་ཉེ་བར་བསྡུས་ཏེ། ས་གོང་མ་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་བས་ནི་ས་འོག་མ་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་རྒྱུས་རྒྱས་པར་བྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་ནོ། །ས་འོག་མ་པའི་སྡུག་བསྔལ་ལ་ཆོས་ཤེས་པ་བས་ཀྱང་ས་འོག་མ་པའི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའི་རྒྱུས་རྒྱས་པར་བྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་པ་ནས་ས་གོང་མ་པའི་ལམ་ལ་ཆོས་ཤེས་པ་བས་ཀྱང་ས་འོག་མ་པའི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་བར་དུ་རྒྱུས་རྒྱས་པར་བྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་ཏེ། སྐལ་བ་མཉམ་པའི་རྒྱུ་ལྷག་པ་རེ་རེས་རྒྱས་པར་བྱས་པའི་ཕྱིར་རོ། །ས་གོང་མ་པའི་མཐོང་བའི་ལམ་པས་ནི་ས་འོག་མ་པའི་བསྒོམ་པའི་ལམ་རྒྱུས་རྒྱས་པར་བྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་ཏེ། མཐོང་བའི་ལམ་ནི་མཐོང་བའི་ལམ་གྱི་རྒྱུས་རྒྱས་པར་བྱས་པ་ཡིན་ལ། བསྒོམ་པའི་ལམ་ནི་མཐོང་བའི་ལམ་དང་བསྒོམ་པའི་ལམ་གྱི་རྒྱུས་རྒྱས་པར་བྱས་པ་ཡིན་ནོ། །ས་གོང་མ་པའི་མཐོང་བའི་ལམ་དང་བསྒོམ་པའི་ལམ་དག་པས་ཀྱང་ས་འོག་མ་པའི་མི་སློབ་པའི་ལམ་རྒྱུས་རྒྱས་པར་བྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་ཏེ། མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་གྱི་རྒྱུས་རྒྱས་པར་བྱས་པའི་ཕྱིར་རོ། །ས་གོང་མ་པའི་མཐོང་བའི་ལམ་དང་ས་འོག་མ་པའི་མཐོང་བའི་ལམ་དུ་ནི་སྐད་ཅིག་མ་མཐུན་པ་ལ་ལྟོས་ན་རྒྱུས་རྒྱས་པར་བྱས་པའི་སྒོ་ནས་མཉམ་པ་ཡིན་ཏེ། བསྒོམ་པའི་ལམ་དང་བསྒོམ་པའི་ལམ་དུ་དང་མི་སློབ་པའི་ལམ་དང་མི་སློབ་པའི་ལམ་དུ་ཡང་དེ་དང་འདྲའོ། །དེ་ལྟར་ན་ཁ་ཅིག་ས་འོག་མ་པ་ཉིད་ཡིན་ཡང་དབང་པོའི་སྒོ་ནས་མཉམ་པ་ཡིན་ལ་རྒྱུས་རྒྱས་པར་བྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་ཏེ། དཔེར་ན་བསམ་གཏན་དང་པོའི་ས་པའི་དད་པས་རྗེས་སུ་འབྲང་བའི་ལམ་པས་ས་འོག་མ་པའི་དད་པས་མོས་པ་དང་དུས་ཀྱིས་རྣམ་པར་གྲོལ་བའི་ལམ་དག་
ལྟ་བུའོ། །ཁ་ཅིག་ནི་དབང་པོ་དང་རྒྱུས་རྒྱས་པར་བྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་ཏེ། དཔེར་ན་བསམ་གཏན་བཞི་པའི་ས་པའི་དད་པས་རྗེས་སུ་འབྲང་བའི་ལམ་པས་ས་འོག་མ་པའི་མཐོང་བས་ཐོབ་པ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་དག་ལྟ་བུའོ། །ཆུང་ངུའི་ཆུང་ངུ་ལ་སོགས་པ་གོང་ནས་གོང་དུའོ་ཞེས་བྱ་བ་ནི་མཐོང་བའི་ལམ་མ་གཏོགས་ཏེ། དེ་ལ་ཆུང་ངུའི་ཆུང་ངུ་ལ་སོགས་པ་མི་སྲིད་པའི་ཕྱིར་རོ། །དེ་ལ་ས་གོང་མ་པའི་རྣམ་པ་ཆུང་ངུའི་ཆུང་ངུ་བས་ས་འོག་མ་པའི་ཆུང་ངུའི་འབྲིང་པོ་ནས་ཆེན་པོའི་འབྲིང་པོ་བས་ཆེན་པོའི་ཆེན་པོའི་བར་དུ་སྐད་ཅིག་མ་འདྲ་བ་དང་མི་འདྲ་བ་ལ་ལྟོས་ནས་རྒྱུས་རྒྱས་པ་བྱས་པའི་སྒོ་ནས་མཉམ་པའམ་ཁྱད་པར་ཅན་ཡིན་ཏེ། ཁྱད་པར་ཅན་ནི་རྒྱུའི་རྣམ་པ་ལྷག་མ་རེ་རེས་རྒྱས་པར་བྱས་པའི་ཕྱིར་རོ། །དད་པས་རྗེས་སུ་འབྲང་བའི་ལ་མ་ནི་དྲུག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ་ཞེས་གང་བཤད་པ་ཇི་ལྟར་ན་དད་པས་རྗེས་སུ་འབྲང་བའི་ལམ་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་གྱི་སྐལ་པ་མཉམ་པའི་རྒྱུ་ཡིན་ཏེ། དེ་གཉིས་རྒྱུད་གཅིག་ལམ་མངོན་དུ་འགྱུར་བ་ནི་མེད་དོ་ཞེ་ན། དེའི་ཕྱིར་རྒྱུད་གཅིག་ལ་དད་པས་རྗེས་སུ་འབྲང་བ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་དག་མི་སྲིད་མོད་ཀྱི་བྱུང་བ་ནི་མ་འོངས་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །མི་སྲིད་པ་ནི་འདིར་མངོན་དུ་མི་འགྱུར་བ་ལ་བྱའོ། །མེད་པ་ལ་ནི་མ་ཡིན་ཏེ། དབང་པོ་རྟུལ་པོ་རྣམས་ལ་ཡང་དབང་པོ་རྟུལ་པོའི་ལམ་བཞིན་དུ་བདག་ཉིད་ཀྱི་དབང་པོ་རྣོན་པོའི་ལམ་དག་ཀྱང་ཡོད་དོ། །མཐོང་བས་ཐོབ་པ་དང་དུས་ཀྱི་རྣམ་པར་གྲོལ་བའི་ལམ་དག་ནི་གལ་ཏེ་དབང་པོ་འཕོ་བར་བྱེད་ན། དེའི་རྒྱུད་ལ་མངོན་དུ་འགྱུར་ཡང་སྲིད་དོ། །དེ་ལྟ་བས་ན་དད་པས་རྗེས་སུ་འབྲང་བའི་ལམ་བྱུང་བ་ནི་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་མི་སྐྱེ་བའི་ཆོས་ཅན་དང་དད་པས་མོས་པ་དང་མཐོང་བས་ཐོབ་པ་དང་དུས་ཀྱི་རྣམ་པར་གྲོལ་བ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་མ་འོངས་པ་སྐྱེ་བའི་ཆོས་ཅན་ནམ་མི་སྐྱེ་བའི་ཆོས་ཅན་མཉམ་པ་དང་ཁྱད་པར་ཅན་རྣམས་ཀྱི་ཅི་རིགས་པར་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །སློབ་དཔོན་དབྱིག་བཤེས་ན་དེ་ནི་
གང་གི་ཚེ་དད་པས་རྗེས་སུ་འབྲང་བ་ལ་སོགས་པའི་དབང་པོ་འཕོ་བར་བྱེད་ཅིང་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་ལ་སོགས་པ་མངོན་དུ་བྱེད་པ་ན་དད་པས་རྗེས་སུ་འབྲང་བའི་ལམ་བྱུང་བ་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་མ་བྱུང་བ་དང༌། མཐོང་བས་ཐོབ་པའི་ལམ་གྱི་རྒྱུ་ཡིན་ནོ་ཞེས་ཟེར་ཏེ། དེ་ནི་དད་པས་རྗེས་སུ་འབྲང་བའི་དབང་པོ་རྣམས་འཕོ་བ་མེད་པས་རིགས་པ་མ་ཡིན་གྱི། དད་པས་མོས་པ་ལ་སོགས་པ་ནི་འཕོ་བར་འགྱུར་རོ། །སྦྱོར་བ་ལས་བཞེས་བྱ་བ་ལས་སྦྱོར་བས་གྲུབ་པ་ནི་སྦྱོར་བ་ལས་བྱུང་བ་དག་སྟེ། སྦྱོར་བ་ལས་བྱུང་བ་དག་པ་ནི། སྐྱེས་ནས་ཐོབ་པ་ཅན་བསལ་བའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་རྣམས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་ཐོས་པ་ལས་ངེས་པར་བྱུང་བ་གང་དག་ཡིན་པ་དེ་དག་ནི་ཐོས་པ་ལས་བྱུང་བའོ། །བསམས་པ་ལས་བྱུང་བ་རྣམས་ནི་བསམས་པ་ལས་བྱུང་བ་རྣམས་ཀྱི་ཡིན་ཏེ་ཞེས་བྱ་བ་ནི་བསམས་པ་ལས་བྱུང་བ་རྣམས་ཁོ་ནའི་ཡིན་གྱི། མཉམ་དང་ཁྱད་པར་ཅན་གྱི་ཡིན། །སྦྱོར་བྱུང་དེ་གཉིས་ཁོ་ནའི་ཡིན། །ཞེས་འབྱུང་བའི་ཕྱིར་ཐོས་པ་ལས་བྱུང་བ་རྣམས་ཀྱི་ནི་མ་ཡིན་ནོ། །བསྒོམས་པ་ལས་བྱུང་བ་ནི་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདོད་པའི་ཁམས་མཉམ་པར་གཞག་པ་མ་ཡིན་པའི་ཕྱིར་བསྒོམས་པ་ལས་བྱུང་བ་དག་མེད་དོ། །བསམས་པ་ལས་བྱུང་བ་ནི་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། བསམས་པ་ལས་བྱུང་བ་མེད་པའི་གཏན་ཚིགས་ནི་གང་གི་ཚེ་དེ་དག་སེམས་པར་རྩོལ་བ་དེ་ཁོ་ནའི་ཚེ་དེ་དག་གི་ཏིང་ངེ་འཛིན་ཉིད་ཉེ་བར་གནས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་དག་ཀྱང་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའོ། །ཆུང་ངུའི་ཆུང་ངུ་དག་ནི་ཐམས་ཅད་ཀྱི་ཡིན་ལ་ཞེས་བྱ་བ་ནི་ཆུང་ངུའི་ཆུང་ངུ་དག་ནི་མཉམ་པ་ཆུང་ངུའི་ཆུང་ངུ་གཞན་དག་དང་ཁྱད་པར་ཅན་ཆུང་ངུའི་འབྲིང་པོ་ལ་སོགས་པ་གཞན་བརྒྱད་ཀྱི་ཡང་ཡིན་པས་ཐམས་ཅད་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །ཆུང་ངུའི་འབྲིང་པོ་དག་ནི་བརྒྱད་ཀྱི་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པ་ཆུང་ངུའི་ཆུང་ངུ་དོར་ཏེ་དེ་ནི་དམན་པའི་ཕྱིར་
རོ། །ལུགས་ནི་དེ་ལྟའོ་ཞེས་བྱ་བ་ནི་འདི་ལྟ་སྟེ་ཆུང་ངུའི་ཆེན་པོ་ནི་བདུན་གྱི་ཡིན་ལ། འབྲིང་པོའི་ཆུང་ངུ་ནི་དྲུག་གི་ཡིན་པ་ནས། ཆེན་པོའི་ཆེན་པོ་ནི་ངོ་བོ་གཅིག་པ་ཆེན་པོའི་ཆེན་པོ་གཞན་དག་གི་སྐལ་བ་མཉམ་པའི་རྒྱུའི་བར་དུ་ཡིན་པ་སྟེ། དེ་དང་དེ་དག་ནི་དམན་པ་ཡིན་པའི་ཕྱིར་སྔ་མ་སྔ་མ་རྣམས་ནི་དོར་བར་བྱའོ། །སྐྱེས་ནས་ཐོབ་པ་ཅན་གྱི་དགེ་བའི་ཆོས་རྣམས་ཞེས་བྱ་བ་ལ་སྐྱེ་བས་ཐོབ་པ་ནི་སྐྱེས་ནས་ཐོབ་པའོ། །དེ་འདི་དག་ལ་ཡོད་པས་སྐྱེས་ནས་ཐོབ་པ་ཅན་དག་གོ །རྣམ་པ་དགུ་པོ་ཐམས་ཅད་ཕན་ཚུན་དུ་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ་ཞེས་བྱ་བ་ནི་ཆུང་ངུའི་ཆུང་ངུ་རྣམས་ནས་ཆེན་པོའི་ཆེན་པོ་རྣམས་ཁོ་ནའི་བར་གྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ལ་ཆེན་པོའི་ཆེན་པོ་ནི་ཆུང་ངུའི་ཆུང་ངུ་རྣམས་ནས་ཆེན་པོའི་ཆེན་པོ་རྣམས་ཀྱི་བར་གྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །མངོན་པར་འདུ་བྱེད་པ་ལས་བྱུང་བ་མ་ཡིན་པའི་ཕྱིར་མཉམ་པ་དང་ཁྱད་པར་ཅན་དག་ཁོ་ནའི་ནི་མ་ཡིན་ཏེ། སྐལ་བ་མཉམ་པའི་རྒྱུ་མངོན་པར་འདུ་བྱེད་པའི་ལས་བྱུང་བའི་འབྲས་བུ་ནི་དམན་པ་ཡིན་པར་མི་འདོད་ཀྱི་མངོན་པར་འདུ་བྱེད་པ་མེད་པ་ལས་བྱུང་བའི་ནི་མ་ཡིན་ནོ། །ཉོན་མོངས་པ་ཅན་རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་བརྩལ་བ་ལས་བྱུང་བ་མ་ཡིན་པའི་ཕྱིར་རྣམ་པ་དགུ་པོ་ཐམས་ཅད་ཕན་ཚུན་དུ་སྐལ་བ་མཉམ་པའི་རྒྱུ་ཡིན་པས་སྔར་བྱུང་བ་ཐམས་ཅད་ཀྱང་རང་གི་ས་པ་ཕྱིས་འབྱུང་བ་ཐམས་ཅད་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། འདི་ལ་མཉམ་པ་དང་ཁྱད་པར་ཅན་ཉིད་ལ་ལྟོས་པ་ནི་མེད་དོ། །དེ་དག་ནི་གོ་རིམས་བཞིན་དུ་བཞི་དང་གསུམ་དང་གཉིས་དང་གཅིག་དག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ་རྣམ་པར་སྨིན་པ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ལ་སོགས་པ་བཞིའི་སྐལ་པ་མཉམ་པའི་རྒྱུ་ཡིན་ནོ། །སྤྱོད་ལམ་པ་དག་ནི་སྤྲུལ་པ་ནི་སྤྱོད་ལམ་པ་ལ་སོགས་པ་གསུམ་ཁོ་ནའི་ཡིན་གྱི་རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ཀྱི་ནི་མ་ཡིན་ཏེ། དེ་དག་ནི་མངོན་པར་འདུ་བྱེད་པ་ལས་བྱུང་བ་མ་ཡིན་པ་ཉིད་ཀྱིས་དམན་པའི་ཕྱིར་རོ། །བཟོའི་གནས་པ་དག་ནི་གཉིས་ཀྱི་ཡིན་ནོ། །སྤྲུལ་པ་དག་ནི་སྤྲུལ་པ་རྣམས་
ཁོ་ནའི་ཡིན་གྱི་གོང་མ་རྣམས་ཀྱི་ནི་མ་ཡིན་ཏེ། སྔ་མ་སྔ་མ་དག་ནི་ཆོས་མངོན་པར་འདུ་བྱེད་པ་མེད་པ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །སྤྲུལ་པའི་སེམས་བསམ་གཏན་བཞིའི་འབྲས་བུ་འདོད་པ་ན་སྤྱོད་པ་ཡང་ཡིན་ཏེ་ཞེས་བྱ་བ་ནི་བསམ་གཏན་བཞི་པོ་དག་གི་འབྲས་བུ་སྟེ། སྤྲུལ་པའི་སེམས་འདོད་པ་ན་སྤྱོད་པ་ནི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པའི་འབྲས་བུ་ཡིན་པས་རྣམ་པ་བཞིའོ། །དེ་ཡང་གོ་རིམས་བཞིན་དུ་བཞི་དང་གསུམ་དང་གཉིས་དང་གཅིག་དག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། བསམ་གཏན་དང་པོའི་འབྲས་བུ་ནི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པའི་འབྲས་བུའི་སྟེ། བཞིའི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །བསམ་གཏན་གཉིས་པའི་འབྲས་བུ་ནི་བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པའི་འབྲས་བུའི་སྟེ། གསུམ་གྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །བསམ་གཏན་གསུམ་པའི་འབྲས་བུ་ནི་བསམ་གཏན་གསུམ་པ་དང་བཞི་པའི་འབྲས་བུའི་སྟེ་གཉིས་ཀྱི་ཡིན་ནོ། །བསམ་གཏན་བཞི་པའི་འབྲས་བུ་ནི་བསམ་གཏན་བཞི་པའི་འབྲས་བུ་གཞན་ཁོ་ནའི་སྟེ། གཅིག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །འདིར་གང་གིས་དེ་ལྟར་ངེས་པའི་རིགས་པ་ཅི་ཞིག་ཡོད་ཅེ་ན། རིགས་པ་དེ་བསྟན་པར་འདོད་ནས་བསམ་གཏན་གོང་མའི་འབྲས་བུ་ནི་བསམ་གཏན་འོག་མའི་འབྲས་བུའི་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སྤྲུལ་པའི་སེམས་འདོད་པ་ན་སྤྱོད་པ་བསམ་གཏན་བཞི་པའི་འབྲས་བུ་ནི་སྤྲུལ་པའི་སེམས་འདོད་པ་ན་སྤྱོད་པ་བསམ་གཏན་དང་པོའི་འབྲས་བུ་ནས་སྤྲུལ་པའི་སེམས་འདོད་པ་ན་སྤྱོད་པ་བསམ་གཏན་གསུམ་པའི་འབྲས་བུའི་བར་གྱི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། སྐལ་བ་མཉམ་པའི་རྒྱུ་མངོན་པར་འདུ་བྱེད་པ་ཅན་ཏེ། འབད་པ་ཆེན་པོས་བསྒྲུབ་པར་བྱ་བའི་འབྲས་བུ་ནི་དེ་ལྟར་འབད་པ་ཆེན་པོས་བསྒྲུབ་པར་བྱ་བ་མ་ཡིན་པ་དམན་པ་མ་ཡིན་ཏེ། འབད་པའི་ཁྱད་པར་ཇི་ལྟ་བུས་བསམ་གཏན་དང་པོ་ནས་བསམ་གཏན་གསུམ་པའི་བར་སྒྲུབ་པར་བྱེད་པ་དེ་ལྟ་བུ་ཁོ་ནས་སྒྲུབ་པར་
བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འབད་པའི་ཁྱད་པར་ཆེས་མཆོག་ཏུ་གྱུར་པས་སྒྲུབ་པར་བྱེད་དོ། །དེ་ལྟ་བས་ན་འབྲས་བུ་ཡང་འབད་པའི་ཁྱད་པར་མཆོག་ཏུ་གྱུར་པས་སྒྲུབ་པར་བྱེད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །བསམ་གཏན་འོག་མའི་འབྲས་བུ་ནི་བསམ་གཏན་གོང་མའི་འབྲས་བུའི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི་བསམ་གཏན་གོང་མའི་འབྲས་བུ་ནི་བསམ་གཏན་འོག་མའི་འབྲས་བུའི་མ་ཡིན་ནོ། །བསམ་གཏན་བཞི་པའི་འབྲས་བུ་སྦྱར་བ་ཇི་ལྟ་བར་བསམ་གཏན་གསུམ་པ་དང་གཉིས་པའི་འབྲས་བུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་སོ་ཞེས་བྱ་བ་ནི་གང་གི་ཕྱིར་སྐལ་བ་མཉམ་པའི་རྒྱུ་མངོན་པར་འདུ་བྱེད་པ་ཅན་གྱི་འབྲས་བུ་དམན་པ་མ་ཡིན་པ་དེའི་ཕྱིར་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཅི་ཞིག་གསུངས་ཤེ་ན། ཟག་པ་མེད་པ་སྐྱེས་པ་ཟག་པ་མེད་པ་མ་སྐྱེས་པའི་རྒྱུ་མ་ཡིན་པ་ཡོད་དམ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཟག་པ་མེད་པ་སྡུག་བསྔལ་ལ་ཆོས་ཤེས་པ་སྐྱེས་པ་ནི་ཟག་པ་མེད་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་བ་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱི་རྒྱུ་མ་ཡིན་པ་ལྟ་བུ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པ་ནི་མངོན་པར་འདུ་བྱེད་པ་ཅན་ཉིད་ཀྱིས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དག་པས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །འདི་ལྟར་ཉོན་མོངས་པའི་བྲལ་བའི་ཐོབ་པ་དང་ལྷན་ཅིག་ལ་སྐྱེ་བ་གང་ཡིན་པ་དེ་ནི་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཁྱད་པར་ཅན་ཐམས་ཅད་ཀྱང་དམན་པའི་རྒྱུ་མ་ཡིན་པ་ལྟ་བུ་སྟེ། དཔེར་ན་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པའི་མི་སློབ་པའི་ལམ་སྐྱེས་པ་ནི་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་ལམ་ཕྱིས་སྐྱེ་བ་དག་གི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པ་ལྟ་བུའོ། །རྒྱུད་གཅིག་ལ་ངེས་པའི་ཟག་པ་མེད་པའི་ཆོས་སྔོན་ཐོབ་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྒྱུད་གཅིག་ཏུ་གཏོགས་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་འོངས་པ་སྐད་ཅིག་མ་དང་པོ་ཁོ་ན་ལ་ཐོབ་པ་དེ་དག་ནི་མ་སྐྱེས་པ་ལ་ཆོས་ཤེས་པ་སྐད་ཅིག་མ་གཉིས་པ་ལ་སྐྱེས་པའི་རྒྱུ་མ་ཡིན་ཏེ། འདི་ལྟར་འབྲས་བུ་སྔ་བ་ནི་
མེད་དོ། །འདི་ལ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དག་པས་སྡུག་བསྔལ་ལ་ཆོས་ཤེས་པ་ཆོས་སྔ་སྟེ། དེ་ནི་སྐྱེས་ཟིན་པའི་ཕྱིར་ལ་དེ་དག་ནི་མ་སྐྱེས་པའི་ཕྱིར་རོ། །ཡང་ན་འདི་ལྟར་སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་མེད་པའི་ཡང་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་འོངས་པ་དཔག་ཏུ་མེད་པ་ཞིག་ཐོབ་པ་ཁོ་ན་ཡིན་གྱི་སྐྱེས་པ་ནི་མ་ཡིན་ནོ། །ཟག་པ་མེད་པའི་ཆོས་སྔར་སྐྱེས་པ་ཞེས་བྱ་བ་གྱིས་པར་འབྱུང་བ་ནི་གང་དུ་མ་སྐྱེས་པ་ནི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ནོ་ཞེས་ཐོབ་པ་ཙམ་གྱི་ཆོས་ཤིག་དྲིས་པར་ཟད་གྱི་ཆོས་སྐྱེས་པ་ནི་མ་ཡིན་ནོ། །ད་ནི་ཅི་སྐྱེས་པ་ཡང་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པ་ཡོད་དམ་ཞེས་ཁྱད་པར་གྱི་ངོ་བོར་འབྲི་བ་ཡིན་ནོ། །ཆེན་པོ་ཆུང་ངུའི་ལྟ་བུ་སྟེ་ཞེས་བྱ་བ་ནི་ཁྱད་པར་ཅན་དམན་པའི་ལྟ་བ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟ་སྟེ་འབྲས་བུ་གོང་མ་ལས་ཡོངས་སུ་ཉམས་པ་སྟེ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལས་ཡོངས་སུ་ཉམས་པའམ། ཕྱིར་མི་འོང་བའི་འབྲས་བུ་ལས་ཡོངས་སུ་ཉམས་པ་འབྲས་བུ་འོག་མ་མངོན་དུ་བྱེད་པའི་ཚེ་སྟེ་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱེད་པའམ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱེད་པའི་ཚེ་དགྲ་བཅོམ་པ་ཉིད་གྱི་ལམ་ཆེན་པོའི་ཆེན་པོ་སྔར་སྐྱེས་པ་གང་ཡིན་པ་དེ་ནི་ཕྱིར་མི་འོང་བའི་འབྲས་བུའམ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཕྱིས་སྐྱེས་པའི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ཏེ། དམན་པའི་ཕྱིར་རོ། །དེ་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་ལས་ཡོངས་སུ་ཉམས་པའི་ཕྱིར་མི་འོང་བའི་འབྲས་བུའི་ལམ་སྔར་སྐྱེས་པ་གང་ཡིན་པ་དེ་ནི་ལན་ཅིག་ཕྱིར་མི་འོང་བའི་འབྲས་བུ་ཕྱིས་སྐྱེས་པའི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ཏེ། དེ་དམན་པའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཐོབ་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་ཐོབ་པ་སྔར་སྐྱེས་པ་གང་ཡིན་པ་དེ་ནི་སྐད་ཅིག་མ་ཕྱི་མ་དང་ལྷན་ཅིག་སྐྱེས་པ་སྟེ་སྐད་ཅིག་མ་ཕྱི་མ་སྡུག་བསྔལ་ལ་ཆོས་སུ་ཤེས་པའི་བཟོད་པའི་མཚན་ཉིད་ལ་སོགས་པ་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་བར་དག་དང་ལྷན་ཅིག་སྐྱེས་པ་སྡུག་
བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཐོབ་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་དག་ནི་དམན་པའི་ཕྱིར་ལ་དེ་ནི་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ན་དེ་དག་ནི་དམན་པ་ཉིད་ཡིན་ལ་དེ་ནི་ཁྱད་པར་ཅན་ཉིད་ཡིན་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་བས་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཁྱད་པར་ཅན་ཡིན་ཏེ། དེས་གཞོམ་པར་བྱ་བའི་ཉོན་མོངས་པའི་ཐོབ་པ་ལས་རྣམ་པར་གྲོལ་བའི་ཕྱིར་དང༌། རྒྱུས་ཤིན་ཏུ་རྒྱས་པར་བྱས་པའི་ཕྱིར་རོ། །དེ་ལྟ་བས་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཐོབ་པ་རྒྱུས་ཤིན་ཏུ་རྒྱས་པར་བྱས་པ་དག་པས་ཀྱང་སྡུག་བསྔལ་ལ་ཆོས་ཤེས་པའི་ཐོབ་པའི་ཁྱད་པར་ཅན་ཡིན་ནོ། །དེ་དག་ནི་དམན་པ་ཡིན་ཏེ་དེའི་ཐོབ་པ་ཡིན་པའི་ཕྱིར་རོ། །གཞན་ཡང་རྒྱུ་གཉིས་པོ་དེ་ཉིད་ཀྱི་ཕྱིར་སྡུག་བསྔལ་ལ་ཆོས་ཤེས་པའི་ཐོབ་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཐོབ་པ་སྐད་ཅིག་མ་དང་པོ་ལ་སྐྱེས་པ་བས་ཁྱད་པར་ཅན་ཡིན་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཐོབ་པ་དེ་ནི་དམན་པ་ཡིན་ནོ། །དེའི་ཕྱིར་དེ་སྔོན་དུ་འགྲོ་བ་སྐད་ཅིག་མ་ཕྱི་མ་དང་ལྷན་ཅིག་སྐྱེས་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཐོབ་པ་གཞན་དག་ཀྱང་རྒྱུས་ཤིན་ཏུ་རྒྱས་པར་བྱས་པ་ཡིན་ཡང་དམན་པ་ཁོ་ན་ཡིན་ནོ། །དེ་ལྟ་བས་ན་དེ་དག་གི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ནོ། །མཚུངས་ལྡན་རྒྱུ་ནི་སེམས་དག་དང༌། སེམས་བྱུང་ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའམ། མཚུངས་པར་ལྡན་པའི་རྒྱུ་ནི་སེམས་དང་སེམས་ལས་བྱུང་བ་དག་ཁོ་ན་ཡིན་ནོ་ཞེས་རིམ་པ་གཞན་དུ་སྦྱར་བ་ཡིན་ནོ། །དེ་ལྟ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་མཚུངས་པར་ལྡན་པའི་རྒྱུ་ནི་སེམས་དང་སེམས་ལས་བྱུང་བ་ཁོ་ན་ཡིན་ནོ། །ཞེས་དེ་ཙམ་ཞིག་བརྗོད་ན་ནི་དུས་ཐ་དད་ལས་སྐྱེས་པ་རྣམས་ཀྱང་དུས་ཐ་དད་པ་ལས་ཐ་དད་པ་ལས་སྐྱེས་པ་དག་དང་ལྷན་ཅིག་མཚུངས་པར་ལྡན་པའི་རྒྱུར་ཐལ་བ་འགྱུར་ལ། རྒྱུ་ཐ་དད་པ་ལས་སྐྱེས་པ་རྣམས་ཀྱང་རྒྱུ་ཐ་དད་པ་ལས་སྐྱེས་པ་དག་དང་ལྷན་ཅིག་མཚུངས་པར་ལྡན་
པའི་རྒྱུར་ཐལ་བར་འགྱུར་ཏེ། དུས་དང་རྒྱུད་ཀྱིས་ཐ་དད་པ་ད་དག་སེམས་དང་སེམས་ལས་བྱུང་བ་མ་ཡིན་ནོ། །འོ་ན་ནི་རྣམ་པ་དང་དམིགས་པ་གཅིག་པ་དག་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་སེམས་དང་སེམས་ལས་བྱུང་བ་དག་རྣམ་པ་གཅིག་པ་སྟེ། སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་པ་ཅན་དང་དམིགས་པ་གཅིག་པ་སྟེ། སྔོན་པོ་ལ་སོགས་པའི་དམིགས་པ་གཅིག་པ་ཡིན་ན། དེ་ལྟ་ན་དེ་དག་ན་མཚུངས་པར་ལྡན་པའི་རྒྱུ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ན་དུས་ཐ་དད་པ་ལས་སྐྱེས་པ་ཉིད་དང་རྒྱུད་ཐ་དད་པ་ལས་སྐྱེས་པ་ཉིད་བཟློག་པར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟ་ན་ཡང་དེ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་དུས་དང་རྒྱུད་ཐ་དད་པ་ལས་སྐྱེས་པ་རྣམས་ཕན་ཚུན་མཚུངས་པར་ལྡན་པའི་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། སེམས་དང་སེམས་ལས་བྱུང་བ་དུས་དང་རྒྱུད་ཐ་དད་པ་ལས་སྐྱེས་པ་རྣམས་ལ་ཡང་རྣམ་པ་དང་དམིགས་པ་གཅིག་པ་ཉིད་ནི་སྲིད་དོ། །རྒྱུད་ཐ་དད་པ་ལས་སྐྱེས་པ་རྣམས་ལ་ཡང་ཐལ་བར་འགྱུར་ཏེ་ཞེས་བྱ་བ་ནི་དུས་ཐ་དད་པ་ལས་སྐྱེས་པ་ཉིད་གཅིག་པུ་བསྩལ་བར་ཟད་ཀྱི། མང་པོ་ཟླ་བ་ཚེས་པ་ལ་སོགས་པ་ལ་ལྟ་བ་དག་ནི་སེམས་དང་སེམས་ལས་བྱུང་བ་རྣམ་པ་དང་དམིགས་པ་གཅིག་པ་རྣམས་འབྱུང་ངོ༌། །རྟེན་མཚུངས་པ་ཅན་རྣམས་སོ་ཞེས་བྱ་བ་ནི་འདི་དག་ལ་རྟེན་མཚུངས་ཤིང་ཐ་མི་དད་པ་ཡོད་པས་ན་རྟེན་མཚུངས་པ་དག་སྟེ། མཚུངས་པ་ཞེས་བྱ་བའི་སྒྲ་འདྲ་བའི་དོན་ཡིན་པར་བཟུང་ན་ནི་རིགས་འདྲ་བའི་ཕྱིར་དེ་ཉིད་དུ་ཐལ་བར་འགྱུར་རོ། །ཕན་ཚུན་འབྲས་བུའི་དོན་གྱིས་ན་ཞེས་བྱ་བ་ནི་ཇི་ལྟར་ན་འགྲོན་པ་རྣམས་ཕན་ཚུན་གྱི་སྟོབས་ཀྱིས་ལྷན་ཅིག་ལམ་དུ་འགྲོ་བ་དེ་བཞིན་དུ་སེམས་ཀྱང་སེམས་ལས་བྱུང་བའི་འབྲས་བུ་ཡིན་ལ། སེམས་ལས་བྱུང་བ་ཡང་སེམས་ཀྱི་ཡིན་པས་ན་ཕན་ཚུན་དུ་འབྲས་བུ་ཡིན་པའི་ཕྱིར་དོན་འདིས་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །མཚུངས་པ་ལྔས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མཚུངས་པ་ལྔ་པོ་རྟེན་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་མཚུངས་པ་དག་གིས་ཞེས་བྱ་བའི་ཐ་ཚིག་གོ །
མཚུངས་པར་ལྡན་པའི་དོན་གྱིས་ན་ཞེས་བྱ་བ་ནི་མཚུངས་པར་འཇུག་པའི་དོན་གྱིས་ན་མཚུངས་པར་ལྡན་པའི་རྒྱུ་ཡིན་ཏེ། ཇི་ལྟར་ཕན་ཚུན་སྟོབས་ཀྱིས་ལམ་དུ་འགྲོ་བའི་འགྲོན་པ་དེ་དག་ཉིད་ཟས་དང་སྐོམ་དང་ཁྲུས་དང་མལ་ཆ་དང་སྟན་ལ་སོགས་པ་ཡོངས་སུ་སྤྱད་པའི་བྱ་བ་ལ་འདྲ་བར་སྦྱོར་བ་དེ་བཞིན་དུ་འདི་དག་ཀྱང་ཕན་ཚུན་མཚུངས་པར་ལྡན་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཅིག་མེད་ན་ཡང་ཐམས་ཅད་མཚུངས་པར་ལྡན་པས་ཞེས་བྱ་བ་སྨོས་སོ། །ཀུན་འགྲོ་ལྔ་ཞེས་བྱ་བ་ནི་དེ་དག་ཀུན་དུ་འགྲོ་བ་ཡང་ཡིན་ལ་སྔ་མ་ཡང་ཡིན་པས་ཀུན་འགྲོ་སྔ་མ་ཡིན་ཏེ། ཀུན་དུ་འགྲོ་བ་སྔར་སྐྱེས་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ །རང་གི་ས་པའི་ཀུན་དུ་འགྲོ་བའི་ཆོས་སྔར་སྐྱེས་པ་རྣམས་ཞེས་བྱ་བ་ནི་ཕྲ་རྒྱས་ཀུན་དུ་འགྲོ་བ་འདས་པ་དང་ད་ལྟར་བྱུང་བ་རྣམས་ཏེ། ཉོན་མོངས་པ་ཅན་ཉོན་མོངས་པའི་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང་ཀུན་ནས་བསླང་བ་ཕྱི་མ་འདས་པ་དང་ད་ལྟར་བྱུང་བ་ཕྱི་མ་རྣམས་དང་མ་འོངས་པ་རྣམས་ཀྱི་ཀུན་དུ་འགྲོ་བའི་རྒྱུ་ཡིན་ནོ། །བཤད་པར་བྱའོ་ཞེས་བྱ་བ་ནི་མཛོད་ཀྱི་གནས་ལྔ་པ་ལས། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །ལྟ་དང་དེ་བཞིན་ཐེ་ཚོམ་དང༌། །གང་དེ་ལྷན་ཅིག་མ་འདྲེས་པའི། །མ་རིག་གང་ཡིན་ཀུན་དུ་འགྲོ། །ཞེས་བྱ་བ་འདིར་བསྟན་པར་བྱ་བ་ཡིན། ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཉིད་ཡིན་པས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཕྱིར་འདི་ནི་ཉོན་མོངས་པ་ཅན་དག་ཁོ་ནའི་རིགས་ལྔ་ཆར་གྱི་ཡང་ཀུན་དུ་འགྲོ་བའི་རྒྱུ་ཡིན་ལ་སྐལ་བ་མཉམ་པའི་རྒྱུ་ནི་ཉོན་མོངས་པ་ཅན་རྣམས་ཀྱི་ཡང་ཡིན་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཀྱི་ཡང་ཡིན་པ་དེའི་ཕྱིར་ལོགས་ཤིག་ཏུ་རྣམ་པར་གཞག་གོ །འདི་ཇི་ལྟར་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཉིད་ཡིན་ཞེས་བྱ་བ་བསྟན་པའི་ཕྱིར་རིས་གཞན་དག་གི་ཡང་རྒྱུ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། དེ་དག་གི་མཐུས་ནི་ཞེས་བྱ་བ་ནི་ཀུན་དུ་འགྲོ་བ་དེ་དག་གི་མཐུས་རིས་གཞན་པའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་སྐྱེ་བར་འགྱུར་རོ། །དེ་དག་ཀྱང་གང་ཞེ་ན། ཀུན་དུ་འགྲོ་བའི་རྒྱུ་སྡུག་བསྔལ་
མཐོང་བས་སྤང་བར་བྱ་བའི་རིས་གཞན་ནི་ཀུན་འབྱུང་བ་དང་འགོག་པ་དང་ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །ཀུན་དུ་འགྲོ་བས་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་རིས་གཞན་ནི་སྡུག་བསྔལ་དང་འགོག་པ་དང་ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །ཉོན་མོངས་པའི་རིས་ཐམས་ཅད་དུ་འགྲོ་ཞིང་དམིགས་པའམ་ཉོན་མོངས་པའི་རིས་ཐམས་ཅད་ཀྱི་རྒྱུའི་དངོས་པོར་འགྱུར་བས་ན་ཀུན་དུ་འགྲོ་བ་དག་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཉོན་མོངས་པ་ཐམས་ཅད་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཡིན་ནོ། །འཇིག་ཚོགས་ལ་ལྟ་བ་ལས་རབ་ཏུ་སྐྱེ་བ་དང༌། འཇིག་ཚོགས་ལ་ལྟ་བ་ལས་ཀུན་འབྱུང་བ་ཡིན་ནོ་ཞེས་གསུངས་ཏེ། བདག་ཏུ་འཛིན་པའི་སྒོ་ནས་འདོད་ཆགས་དང་ང་རྒྱལ་དང་ཁོང་ཁྲོ་བ་ལ་སོགས་པ་ཀུན་འབྱུང་བའི་ཕྱིར་རོ། །ཇི་འཕགས་པའི་གང་ཟག་གི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱང་ཞེས་བྱ་བ་ནི་འཕགས་པའི་གང་ཟག་གི་ཀུན་དུ་འགྲོ་བ་རྣམས་ནི་མཐོང་བས་སྤང་བར་བྱ་བ་ཡིན་པའི་ཕྱིར་ཐམས་ཅད་སྤང་པ་ཁོ་ན་ཡིན་ལ་འདོད་ཆགས་ལ་སོགས་པ་ནི་སློབ་པ་རྣམས་ཀུན་དུ་སྤྱོད་དེ། དེ་དག་གི་འདོད་ཆགས་ལ་སོགས་པ་དེ་དག་ནི་ཀུན་དུ་འགྲོ་བའི་རྒྱུ་ཅན་མ་ཡིན་ནོ་སྙམ་དུ་སེམས་ཤིང་དེ་སྐད་དུ་འདྲི་བ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཞེས་བྱ་བ་ནི་བྱེ་བྲག་ཏུ་མ་ཕྱེ་བའི་ཕྱིར་སོ་སོའི་སྐྱེ་བོ་དང་འཕགས་པའི་རྒྱུད་ལས་སྐྱེས་པ་རྣམས་ཞེས་བྱ་བར་ཤེས་སོ། །མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་གང་ཡིན་པའོ་ཞེས་བྱ་བ་འདི་ནི་དོན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྨོས་པ་ཡིན་གྱི་འདི་དཔེར་བརྗོད་པ་ནི་མ་ཡིན་ནོ། །ལུང་དུ་མ་བསྟན་པའི་ཆོས་འདུས་བྱས་རྣམས་ཞེས་བྱ་བ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་བཟུང་སྟེ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ནི་འདོད་པའི་ཁམས་ཀྱི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་དེ་དག་དང་མཚུངས་པར་ལྡན་པ་དང༌། ཀུན་ནས་བསླང་བའི་ཆོས་རྣམས་དང་གཟུགས་དང་གཟུགས་
མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་སོ། །འདུས་བྱས་སྨོས་པ་ནི་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་བསྩལ་བའི་ཕྱིར་ཏེ། ཡང་དག་ལུང་མ་བསྟན་བསྟན་དག །ཅེས་འབྱུང་བས་དེ་གཉིས་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །དེ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ནི་ཅི་རིགས་པར་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དེ་དག་ཉིད་སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བ་དང་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུར་གྱུར་པ་དག་གིས་ལུང་དུ་མ་བསྟན་པའི་རྒྱུ་ཅན་ཡིན་གྱི། གཞན་དག་གིས་ནི་མ་ཡིན་ནོ། །ས་གོང་མ་པ་རྣམས་ནི་གཞན་དག་གིས་ཀྱང་ཡིན་ནོ་ཞེས་བྱ་བ་དེར་ནི་གོ་སླའོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ནི་སྐལ་བ་མཉམ་པའི་རྒྱུས་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྒྱུ་ཅན་ཡིན་ནོ། །མི་དགེ་བ་རྣམས་ནི་འདོད་པ་ན་སྤྱོད་པའི་འདོད་ཆགས་ལ་སོགས་པ་ཡིན་ནོ། །དེ་དག་ཀྱང་ཀུན་དུ་འགྲོ་བའི་རྒྱུས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་རྒྱུ་ཅན་ཡིན་ཏེ་འདིར་དཔེར་བརྗོད་པ་ནི་འདི་ཡིན་ནོ། །མི་དགེ་བ་རྣམས་སོ་ཞེས་ཁྱད་པར་དུ་མ་བྱས་པར་འབྱུང་བའི་ཕྱིར་མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་པར་བྱ་བ་རྣམས་འབྱུང་སྟེ། འདི་ནི་འདིར་ཁུངས་གཉིས་པ་ཡིན་ནོ། །དེ་དག་ལས་གཞན་པ་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་གང་ཡིན་པའོ་ཞེས་བྱ་བ་ནི་ཁུངས་གསུམ་པ་ཡིན་ཏེ། དེ་དག་ལས་གཞན་པ་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་ནི་བྱེ་བྲག་ཏུ་མ་ཕྱེ་བའི་ཕྱིར་མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་བར་བྱ་བ་རྣམས་གཟུང་སྟེ། སོ་སོའི་སྐྱེ་བོ་རྣམས་ཀྱི་བཞིན་དུ་འཕགས་པ་རྣམས་ཀྱི་བསྒོམ་པས་སྤང་བར་བྱ་བ་ཡང་ཀུན་དུ་འགྲོ་བའི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་གྱི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ནི་མ་ཡིན་ནོ་ཞེས་དེ་ནི་བཤད་ཟིན་ཏོ། །འོ་ན་བཏགས་པའི་བཤད་པ་ནི་ཞེས་བྱ་བ་ནི་གལ་ཏེ་མི་དགེ་བ་ལུང་དུ་མ་བསྟན་པའི་རྒྱུ་ཅན་དག་ཀྱང་ཡིན་གྱི་མི་དགེ་བའི་རྒྱུ་ཅན་འབའ་ཞིག་ནི་མ་ཡིན་ན། བཏགས་པའི་བཤད་པ་ཡོད་དེ། འཕགས་པའི་གང་ཟག་འདོད་པའི་འདོད་ཆགས་དང་བྲལ་བ་ལས་
ཡོངས་སུ་ཉམས་པ་དེ་ལས་དང་པོར་ཉོན་མོངས་པ་ཅན་གྱི་སེམས་པ་མངོན་དུ་བྱེད་པ་གང་ཡིན་པའོ་ཞེས་བྱ་བ་ཇི་ལྟར་དྲང༌། བཏགས་པའི་བཤད་པའི་དོན་ནི་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པའི་ཆེ་ནི་འཕགས་པའི་གང་ཟག་གི་སེམས་པ་ལྷན་ཅིག་འབྱུང་བའི་རྒྱུ་དང་མཚུངས་པར་ལྡན་པའི་རྒྱུས་མི་དགེ་བའི་རྒྱུ་ཅན་ཁོ་ན་ཡིན་གྱི་ལུང་དུ་མ་བསྟན་པའི་རྒྱུ་ཅན་ནི་མ་ཡིན་ཏེ་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དག་སྤངས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་པར་འགྱུར་རོ་སྙམ་པའི་བསམ་པ་འདིས་རྒོལ་བར་བྱེད་དོ། །བྱེ་བྲག་ཏུ་སྨྲ་བས་དེ་ནི་རྒྱུ་མ་སྤངས་པ་ལ་དགོངས་ནས་གསུངས་པ་ཡིན་གྱི་ཞེས་བྱ་བ་སྨོས་ཏེ་བཏགས་པའི་བཤད་པ་འདི་ནི་ལྷན་ཅིག་འབྱུང་བའི་རྒྱུ་དང་མཚུངས་པར་ལྡན་པའི་རྒྱུ་ལས་དགོངས་ཤིང་ཐུགས་ལ་དགོངས་ནས་གསུངས་པ་ཡིན་ཏེ། སེམས་པ་དེའི་རྒྱུ་མཐོང་བས་སྤང་བར་བྱ་བ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ནི་མཐོང་བའི་ལམ་གྱིས་སྤངས་ཟིན་པའི་ཕྱིར་བཏགས་པའི་བཤད་པ་ལས་མ་གསུངས་སོ། །མི་དགེ་བ་རྣམས་དང་དགེ་བའི་ཆོས་ཟག་པ་དང་བཅས་པ་རྣམས་ཞེས་བྱ་བ་ནི་མི་དགེ་བ་རྣམས་ནི་ཟག་པ་དང་བཅས་པ་ཁོ་ན་ཡིན་པས་བྱེ་བྲག་ཏུ་མ་བྱས་སོ། །དགེ་བ་དག་ནི་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དག་ཀྱང་ཡིན་ཟག་པ་མེད་པ་དག་ཀྱང་ཡིན་པས་དེའི་ཕྱིར་དགེ་བ་ཟག་པ་དང་བཅས་པ་གང་དག་ཡིན་པ་དེ་དག་རྣམ་པར་སྨིན་པའི་རྒྱུ་ཡིན་གྱི་ཟག་པ་མེད་པ་དག་ནི་མ་ཡིན་ནོ་ཞེས་བྱེ་བྲག་ཏུ་བྱེད་དོ། །རྣམ་པར་སྨིན་པའི་ཆོས་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །སྟོབས་ཆུང་བའི་ཕྱིར་ཏེ་ས་བོན་རུལ་བ་བཞིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་ལྟར་ས་བོན་རུལ་བ་དག་སྟོབས་ཆུང་བའི་ཕྱིར་མངོན་པར་བརླན་ཀྱང་མྱུ་གུ་སྐྱེ་བའི་རྒྱུར་མི་འགྱུར་བ་དེ་བཞིན་དུ་ལུང་དུ་མ་བསྟན་པའི་ཆོས་རྣམས་སྲེད་པར་མངོན་པར་བརླན་ཀྱང་རྣམ་པར་སྨིན་པ་སྐྱེ་བའི་རྒྱུར་མི་འགྱུར་ཏེ་སྟོབས་ཆུག་བའི་ཕྱིར་རོ། །ཟག་པ་མེད་པ་རྣམས་ནི་སྟོབས་དང་ལྡན་ཡང་སྲེད་པས་མངོན་པར་མ་བརླན་པའི་ཕྱིར་རྣམ་པར་སྨིན་
པ་འགྲུབ་པར་མི་བྱེད་དོ། །དཔེར་ན་ས་བོན་གྲུང་པོ་སྐམ་པོ་རྣམས་ཆུ་དག་གིས་མ་བརླན་པའི་ཕྱིར་མྱུ་གུ་འགྲུབ་པར་མི་བྱེད་པ་དེ་དང་འདྲའོ། །སྔ་མ་དག་ནི་རང་གི་མཐུ་མེད་པ་ཡིན་ནོ། །གཞན་དག་ནི་ལྷན་ཅིག་བྱེད་པའི་རྒྱུ་གཞན་མེད་པ་ཡིན་ནོ། །གང་དང་ལྡན་པ་ཞེས་བྱ་བ་ནི་ཁམས་གང་དང་ལྡན་པ་སྟེ། ལྡན་པ་མ་ཡིན་པ་འདོད་པ་ལ་སོགས་པ་དང་ལྡན་པ་མ་ཡིན་པ་ཟག་པ་མེད་པ་རྣམས་གང་དང་ལྡན་པའི་རྣམ་པར་སྨིན་པ་ཞིག་མངོན་པར་འགྲུབ་པར་བྱེད་པར་འགྱུར། རྣམ་པར་སྨིན་པ་ནི་ལྡན་པ་ཡིན་པར་འགྱུར་གྱི་མི་ལྡན་པ་ནི་མ་ཡིན་ཏེ། འདོད་པའི་ཁམས་ལ་སོགས་པ་དང་ལྡན་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ལྷག་མ་རྣམས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལྷག་མ་མི་དགེ་བ་རྣམས་དང་དགེ་བ་ཟག་པ་དང་བཅས་པ་རྣམས་ནི་རྣམ་པ་གཉི་ག་ཡིན་ཞིང་རྣམ་པ་གཉིས་ཡིན་པའི་ཕྱིར་ཏེ། སྟོབས་དང་ལྡན་པ་དང་མངོན་པར་བརླན་པའི་རྣམ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཐ་ཚིག་གོ །དེ་དག་ནི་རྣམ་པར་སྨིན་པ་འགྲུབ་པར་བྱེད་དེ། དཔེར་ན་ས་བོན་གྲུང་པོ་མངོན་པར་བརླན་པ་རྣམས་ཀྱིས་མྱུ་གུ་མངོན་པར་འགྲུབ་པར་བྱེད་པ་དང་འདྲའོ། །རྣམ་པར་སྨིན་པའི་རྒྱུ་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་རྣམ་པར་སྨིན་པ་ཞེས་བྱ་བ་རྣམ་པར་སྨིན་པས་ན་རྣམ་པར་སྨིན་པའོ་ཞེས་བྱ་བར་ངོ་བོར་བསྒྲུབ་ན་ནི་རྣམ་པར་སྨིན་པའི་རྒྱུ་ཞེས་དྲུག་པར་བསྡུ་བ་ཡིན་ནོ། །འོན་ཏེ་བདག་ཉིད་རྣམ་པར་སྨིན་པར་འགྱུར་བས་ཞེས་ལས་སུ་སྒྲུབ་ན་ནི་དེ་ལ་རྣམ་པར་སྨིན་པ་ཉིད་རྒྱུ་ཡིན་པས་རྣམ་པར་སྨིན་པའི་རྒྱུའོ་ཞེས་ལས་ཀྱི་གཞིར་བྱ་བ་ཡིན་ནོ། །དེས་ན་ཅིར་འགྱུར་ཞེས་བྱ་བ་ནི་དེས་དེས་ན་ཉེས་པ་ཅིར་འགྱུར་ཞེས་བྱ་བ་ཡིན་ནོ། །གལ་ཏེ་རྣམ་པར་སྨིན་པའི་རྒྱུ་ཞེས་བྱ་བར་ངོ་བོ་སྒྲུབ་པར་བཟུང་ན་ནི་མིག་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བར་དེར་མི་འགྱུར་ཏེ། མིག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པར་སྨིན་པའི་རྒྱུ་ལས་ལས་ཞེས་བྱ་བའི་ཐ་ཚིག་སྟེ། རྣམ་པར་སྨིན་པ་ནི་རྒྱུ་མ་ཡིན་ནོ། །འོན་ཏེ་རྣམ་པར་སྨིན་པ་ཉིད་རྒྱུ་ཡིན་པས་ཞེས་ལས་སུ་སྒྲུབ་པར་གཟུང་ན་ནི། ལས་ཀྱང་རྣམ་
པར་སྨིན་པར་འགྱུར་བས་རྣམ་པར་སྨིན་པ་ཡིན་པའི་ཕྱིར་མིག་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་འགྲུབ་མོད་ཀྱི། འོན་ཀྱང་ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་དེར་ནི་མི་འགྱུར་ཏེ། རྣམ་པར་སྨིན་པ་ནི་ལས་ཁོ་ན་ལ་བྱའི། །རྣམ་པར་སྨིན་པ་ནི་མ་ཡིན་ལ། ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་འདིར་ནི་ངོ་བོ་སྒྲུབ་པའི་དོན་དུ་བཞེད་ཀྱི་ལས་སུ་སྒྲུབ་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་དེར་མི་འགྱུར་རོ། །གཉིས་ཀ་ལྟར་ཡང་རུང་ངོ་ཞེས་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་ལས་སྐྱེས་པ་དང༌། རྒྱས་ལས་བྱུང་བ་ནང་གི་ལྔ། །ཞེས་བྱ་བ་དེར་བཤད་ཟིན་ཏེ། དེར་རྣམ་པར་སྨིན་པའི་རྒྱུ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་བ་ལང་གི་ཤིང་རྟ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི་ངོ་བོ་བསྒྲུབ་པར་གཟུང་བ་ཡིན་ནོ། །ཡང་ན་འབྲས་བུའི་དུས་སུ་ཕྱིན་པའི་ལས་ནི་རྣམ་པར་སྨིན་པ་ཞེས་བྱ་སྟེ། རྣམ་པར་སྨིན་པར་འགྱུར་བའི་ཕྱིར་རོ། །དེ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་སོ་ཞེས་བྱ་བ་ནི་ལས་སུ་སྒྲུབ་པར་གཟུང་བ་ཡིན་ནོ། །འབྲས་བུ་ནི་རྣམ་པར་སྨིན་པ་ཁོ་ན་ཡིན་པས་རྣམ་པར་སྨིན་པའོ་ཞེས་བྱ་བ་ནི་འབྲས་བུ་ཡིན་པར་བརྗོད་པར་འདོད་ན་ནི་ངོ་བོ་སྒྲུབ་པ་ཁོ་ནར་ཡོངས་སུ་གཟུང་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན་མིག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ཡང་བར་གྱི་ཚིག་མི་མངོན་པར་བྱས་ཏེ། ངོ་བོ་སྒྲུབ་པར་སྨིན་པའི་སྒོ་ནས་ཀྱང་གྲུབ་ལ་ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་ཡང་ངོ་སྒྲུབ་པ་སྨོས་པའི་སྒོ་ནས་འགྲུབ་པར་འགྱུར་ཏེ། སྒྲས་རྟོགས་པ་ནི་བརྗོད་པར་འདོད་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །མི་འདྲ་བར་སྨིན་པ་ནི་རྣམ་པར་སྨིན་པའོ་ཞེས། བྱ་བ་ནི་རྒྱུ་དང་མི་འདྲ་བའི་འབྲས་བུ་ཞེས་བྱ་བའི་ཐ་ཚིག་གོ །རྒྱུ་ནི་ལུང་དུ་བསྟན་པ་ཁོ་ན་ཡིན་ལ་འབྲས་བུ་ནི་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་ལ་སོགས་པའི་སྨིན་པ་ནི་འདྲ་བ་ཁོ་ན་ཡིན་པས་ཁྱད་པར་དུ་བྱས་པ་ཡིན་ནི། །བསྟན་
བཅོས་ཆོས་མངོན་པ་ལས་འདི་སྐད་དུ་རྣམ་པར་འཆད་པས་དེའི་ཕྱིར་འདི་སྐད་དུ། རྣམ་པར་སྨིན་པའི་རྒྱུ་ཕུང་པོ་གཅིག་ལ་ཞེས་བྱ་བ་རྒྱས་པར་འགོད་པར་བྱེད་དེ། འདི་ལ་ཐོབ་པ་དག་ནི་ཤིང་ལྗོན་པའི་ཕྱི་ཤུན་བཞིན་དུ་སེམས་པ་ལ་སོགས་པ་ལས་ཐ་དད་པར་གནས་པས་དེ་དག་གི་འབྲས་བུ་ཡང་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པའི་ཚུལ་དུ་ལོགས་ཤིག་ཏུ་བརྗོད་དོ། །འདི་ལ་ཕུང་པོ་གཅིག་ཡོད་པས་ན་རྣམ་པར་སྨིན་པའི་རྒྱུ་ཕུང་པོ་གཅིག་པ་སྟེ། ཕུང་པོ་གང་ལ་ཐོབ་པ་དག་ཡོད་པ་དེ་ཉིད་དེ་ལ་དེ་དག་གིས་སྐྱེ་བ་ལ་སོགས་པ་ཡང་ཡོད་པས་ཕུང་པོ་གཅིག་པ་ཡིན་ནོ། །ཐོབ་པ་དག་གི་འབྲས་བུ་གང་ཡིན་པ་དེ་ཉིད་དེ་དག་གི་སྐྱེ་བ་ལ་སོགས་པའི་ཡང་ཡིན་པས་འབྲས་བུ་ཐུན་མོང་བའི་ཕྱིར་འབྲས་བུ་གཅིག་པ་ཅན་ཡིན་ནོ། །རྣམ་པར་སྨིན་པའི་རྒྱུ་ཕུང་པོ་གཉིས་ལ་འབྲས་བུ་གཅིག་པ་ཅན་ནི་ལུས་དང་ངག་གི་ལས་དང་དེ་དག་གི་སྐྱེ་བ་ལ་སོགས་པ་སྟེ་ལུས་དང་ངག་གི་ལས་དག་ནི་གཟུགས་ཀྱི་ཕུང་པོར་བསྡུས་པའི་ཕྱིར་ལ། དེ་དག་གི་སྐྱེ་བ་ལ་སོགས་པ་ནི་འདུ་བྱེད་ཀྱི་ཕུང་པོར་བསྡུས་པའི་ཕྱིར་ཕུང་པོ་གཉིས་ཡིན་ནོ། །དེ་དག་གི་འབྲས་བུ་ཐ་མི་དད་པའི་ཕྱིར་འབྲས་བུ་གཅིག་པ་ཅན་ཡང་ཡིན་ནོ། །ཕུང་པོ་གཞི་ལ་འབྲས་བུ་གཅིག་པ་ཅན་ནི་སེམས་དང་སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བ་སྐྱེ་བ་ལ་སོགས་པ་དང་བཅས་པ་དག་སྟེ་སེམས་དང་སེམས་ལས་བྱུང་བ་དེ་དག་ནི་ཅི་རིགས་པར་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པས་བསྡུས་པའི་ཕྱིར་ལ་སྐྱེ་བ་ལ་སོགས་པ་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་ཕུང་པོ་བཞི་ཡིན་ནོ། །འབྲས་བུ་ཐུན་མོང་བའི་ཕྱིར་འབྲས་བུ་གཅིག་པ་ཅན་ཡིན་ཏེ། སེམས་ཀྱང་འབྲས་བུ་ཡང་གཞན་ལ་སེམས་ལས་བྱུང་བ་རྣམས་ཀྱི་ཡང་གཞན་པ་ནི་མ་ཡིན་ནོ། །འདོད་པའི་ཁམས་ན་མཉམ་པར་གཞག་པ་མེད་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་ཕུང་པོ་ལྔ་ལ་འབྲས་བུ་གཅིག་པ་ནི་མེད་དོ། །འདི་ན་གཟུགས་ཀྱི་ཕུང་པོས་སྡུག་བསྔལ་ལུས་དང་ངག་གི་ལས་ནི་སེམས་དང་སེམས་ལས་བྱུང་བ་དག་དང་འབྲས་བུ་གཅིག་པར་
མི་འགྱུར་ཏེ། ཚོགས་པ་ཐ་དད་པའི་ཕྱིར་རོ། །ཕུང་པོ་གསུམ་པ་ཅན་ནི་ཁམས་གསུམ་ཆར་ན་ཡང་མེད་དེ། སེམས་དང་སེམས་ལས་བྱུང་བ་རྣམས་ནི་གདོན་མི་ཟ་བར་འབྲས་བུ་གཅིག་པའི་ཕྱིར་དང༌། ཅི་རིགས་པར་ཕུང་པོ་བཞིའི་ངོ་བོ་ཉིད་ཡིན་པའི་ཡང་ཕྱིར་རོ། །གཟུགས་ཀྱི་ཁམས་ན་རྣམ་པར་སྨིན་པའི་རྒྱུ་ཕུང་པོ་གཅིག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཐོབ་པ་སྐྱེ་བ་ལ་སོགས་པ་དང་བཅས་པ་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའི་ཕྱིར་ཕུང་པོ་གཅིག་ཡིན་ནོ། །དེ་བཞིན་དུ་འབྲས་བུ་ཐུན་མོང་པའི་ཕྱིར་འབྲས་བུ་གཅིག་པ་ཅན་ཡང་ཡིན་ནོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྐྱེ་བ་ལ་སོགས་པ་དང་བཅས་པ་ཡང་དེ་དང་འདྲ་བ་ཁོ་ནར་བརྗོད་པར་བྱའོ། །རྣམ་པར་རིག་བྱེད་ནི་གཟུགས་ཀྱིས་བསྡུས་པའི་ཕྱིར་ལ་སྐྱེ་བ་ལ་སོགས་པ་ནི་འདུ་བྱེད་ཀྱི་ཕུང་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཕུང་པོ་གཉིས་པ་ཡིན་ནོ། །འབྲས་བུ་གཅིག་པ་ཅན་ནི་སྔ་མ་བཞིན་ནོ། །དགེ་བའི་སེམས་མཉམ་པར་མ་བཞག་པ་ལ་ནི་རྗེས་སུ་འཇུག་པའི་གཟུགས་མེད་པས་གཟུགས་ཀྱི་ཕུང་པོ་མ་གཏོགས་པ་ཚོར་བ་ལ་སོགས་པའི་ཕུང་པོས་བསྡུས་པའི་ཕྱིར་ཕུང་པོ་བཞི་པ་ཡིན་ནོ། །ཕུང་པོ་ལྔ་པ་ནི་སེམས་མཉམ་པར་བཞག་པ་ན་སྟེ། རྗེས་སུ་འཇུག་པའི་གཟུགས་ནི་སེམས་ལ་སོགས་པ་དང་གཅིག་ཏུ་འབྱུང་བའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ན་གཟུགས་ཐམས་ཅད་མེད་པ་ཉིད་པས་རྣམ་པར་སྨིན་པའི་རྒྱུ་ཕུང་པོ་གཅིག་པ་དང་ཕུང་པོ་བཞི་པ་ཡིན་ཏེ། དེ་ལ་ཐོབ་པ་སྐྱེ་བ་ལ་སོགས་པ་དང་བཅས་པ་ནི་ཕུང་པོ་གཅིག་ཡིན་ཏེ། སྔ་མ་བཞིན་ནོ། །འགོག་པའི་སྙོམས་པར་འཇུག་པ་སྐྱེ་བ་ལ་སོགས་པ་དང་བཅས་པ་ཡང་རྣམ་པར་སྨིན་པའི་རྒྱུ་ཕུང་པོ་གཅིག་པ་ཡིན་ནོ། །འབྲས་བུ་གཅིག་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་གོ་བར་སླའོ། །ལས་ཀྱང་ཡོད་དེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་རྣམ་པར་སྨིན་པ་ནི་སྲོག་གི་དབང་པོ་ཡིན་པ་ལས་དེའི་རྣམ་པར་སྨིན་པ་ནི་གདོན་མི་ཟ་བར་སྲོག་གི་དབང་པོ་དེ་དང་དེའི་སྐྱེ་བ་ལ་སོགས་པ་ལྡན་པ་མ་ཡིན་པ་
རྣམས་ཡིན་ལ། དེ་ཐམས་ཅད་ཀྱང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་རྣམ་པར་སྨིན་པ་སྐྱེ་མཆེད་གཅིག་རྣམ་པར་སྨིན་པར་འགྱུར་རོ། །གང་གི་ཡིད་ཀྱི་སྐྱེ་མཆེད་ཡིན་པ་དེའི་ནི་གཉིས་ཏེ། ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གོ་ཞེས་བྱ་བ་ནི་ཡིད་ཀྱི་སྐྱེ་མཆེད་དེའི་ཚོགས་པ་ལ་ནི་གདོན་མི་ཟ་བར་ཚོར་བ་ལ་སོགས་པ་དང་སྐྱེ་བ་ལ་སོགས་པ་ལྷན་ཅིག་འབྱུང་བ་རྣམ་པར་སྨིན་པའི་ངོ་བོར་འགྱུར་ལ། ཚོར་བ་ལ་སོགས་པ་དང་སྐྱེ་བ་ལ་སོགས་པ་ཡང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་རྣམ་པར་སྨིན་པ་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དང་དེ་གཉིས་རྣམ་པར་སྨིན་པར་འགྱུར་རོ། །གང་གི་རེག་བྱའི་སྐྱེ་མཆེད་ཡིན་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་རེག་བྱའི་སྐྱེ་མཆེད་དེ་ལ་གདོན་མི་ཟ་བར་སྐྱེ་བ་ལ་སོགས་པ་ཡང་ཡོད་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཀྱང་རྣམ་པར་སྨིན་པར་འགྱུར་གྱི་རེག་བྱའི་སྐྱེ་མཆེད་འབའ་ཞིག་པ་ནི་མ་ཡིན་པས་དེའི་སྐྱེ་མཆེད་གཉིས་རྣམ་པར་སྨིན་པར་འགྱུར་རོ། །གང་གི་ལུས་ཀྱི་སྐྱེ་མཆེད་ཡིན་པ་དེའི་ནི་གསུམ་སྟེ་ལུས་ཀྱི་སྐྱེ་མཆེད་དེ་ཉིད་དང་དེ་ནི་གདོན་མི་ཟ་བར་འབྱུང་བ་བཞི་ཚན་ལ་བརྟེན་པའི་ཕྱིར་དེའི་རྟེན་རེག་བྱའི་སྐྱེ་མཆེད་འབྱུང་བ་བཞི་ཚན་དད་དེའི་སྐྱེ་བ་ལ་སོགས་པ་ཡང་ཡོད་པས་དེ་ལ་གསུམ་པ་ཆོས་ཀྱི་སྐྱེ་མཆེད་ཀྱང་རྣམ་པར་སྨིན་པར་འགྱུར་རོ། །དེ་དང་འདྲའོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་རྣམ་པར་སྨིན་པ་གཟུགས་དང་དྲི་དང་རོའི་སྐྱེ་མཆེད་རྣམས་ལས་གང་ཡང་རུང་བ་ཞིག་ཡིན་པ་དེའི་རྣམ་པར་སྨིན་པ་ཡང་དེ་བཞིན་དུ་སྐྱེ་མཆེད་གསུམ་པོ་ཡིན་ཏེ། གཟུགས་ལ་སོགས་པ་གང་ཡང་རུང་བའི་སྐྱེ་མཆེད་དེ་ཉིད་དང་དེའི་རྟེན་འབྱུང་བའི་ངོ་བོ་ཉིད་རེག་བྱའི་སྐྱེ་མཆེད་དང་དེའི་སྐྱེ་བ་ལ་སོགས་པའི་ངོ་བོ་ཉིད་ཆོས་ཀྱི་སྐྱེ་མཆེད་དོ། །གང་གི་མིག་གི་སྐྱེ་མཆེད་ཡིན་པ་དེ་ནི་བཞི་སྟེ། མིག་དེ་ཉིད་དང་མིག་ཀྱང་གདོན་མི་ཟ་བར་ལུས་ལ་རག་ལུས་ཏེ། འབྱུང་བའི་ཕྱིར་ལུས་ཀྱི་སྐྱེ་མཆེད་དང་སྔ་མ་བཞིན་དུ་རེག་བྱ་དང་ཆོས་ཀྱི་སྐྱེ་མཆེད་དག་གོ །གང་གི་རྣ་བ་དང་སྣ་དང་ལྕེའི་སྐྱེ་མཆེད་དག་ཡིན་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་རྣམ་པར་སྨིན་པ་རྣ་བ་
ལ་སོགས་པ་གང་ཡང་རུང་བ་ཞིག་ཡིན་པ་དེའི་རྣམ་པར་སྨིན་པ་ཡང་དེ་དང་འདྲ་བར་སྐྱེ་མཆེད་བཞི་ཡིན་ཏེ། རྣམ་པ་ལ་སོགས་པ་གང་ཡང་རུང་བའི་སྐྱེ་མཆེད་དེ་ཉིད་དང་སྔ་མ་བཞིན་དུ་ལུས་དང་རེག་བྱ་དང་ཆོས་ཀྱི་སྐྱེ་མཆེད་དག་གོ །ལས་དེ་ཡང་ཡོད་དེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྐྱེ་མཆེད་ལྔ་ནས་བཅུ་གཅིག་གི་བར་ཞེས་ཅི་རིགས་པར་སྦྱར་རོ། །རྣམ་པར་སྨིན་པ་སྐྱེ་མཆེད་བཅུ་གཉིས་པ་ནི་མེད་དེ། སྒྲའི་སྐྱེ་མཆེད་རྣམ་པར་སྨིན་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །འདི་ལ་སློབ་དཔོན་དབྱིག་བཤེས་ན་རེ་གང་གི་རྣམ་པར་སྨིན་པ་ཆོས་ཀྱི་སྐྱེ་མཆེད་གཅིག་ཁོ་ན་སྨིན་པར་འགྱུར་བའི་ལས་ཀྱང་ཡོད་དེ་ཞེས་བྱ་བ་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། སྲོག་གི་དབང་པོ་ནི་འཕེན་པར་བྱེད་པའི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། རེ་ཞིག་གལ་ཏེ་འདོད་པའི་ཁམས་ན་ལས་ཀྱི་རྣམ་པར་སྨིན་པར་འགྱུར་ན་གདོན་མི་ཟ་བར་སྐྱེ་མཆེད་དྲུག་མ་དོད་པ་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ན་ནི་ལུས་དང་སྲོག་གི་དབང་པོ་དག་ཡོད་དོ། །སྐྱེ་མཆེད་དྲུག་དོན་ནས་ནི་མིག་ལ་སོགས་པ་དྲུག་དང་ཡིད་ཀྱི་སྐྱེ་མཆེད་བདུན་ཡོད་པར་འགྱུར་རོ། །གཟུགས་ཀྱི་ཁམས་ན་ཡང་བདུན་ཏོ། །གཟུགས་མེད་པའི་ཁམས་ན་ཡང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གདོན་མི་ཟ་བར་ཡོད་པར་འགྱུར་ཏེ། སྲོག་གི་དབང་པོ་ནི་སྐྱེ་བ་ཐམས་ཅད་འཕེན་པར་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཡང་ན་འདིར་ཁམས་གང་ལས་བསམས་ཞེས་སྨྲས་སོ། །གཟུགས་མེད་པའི་ཁམས་ཡིན་ནོ། །དེ་ན་ཡང་སྲོག་གི་དབང་པོ་ནི་འཕེན་པར་བྱེད་པའི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་གདོན་མི་ཟ་བར་ཡིད་ཀྱི་སྐྱེ་མཆེད་ཀྱང་ཡོད་པར་འགྱུར་ལ་རྣམ་པར་སྨིན་པ་ནི་ཚོར་བས་རབ་ཏུ་ཕྱེ་པའི་ཕྱིར་རྣམ་པར་སྨིན་པ་སྲོག་གི་དབང་པོ་ཁོ་ན་རྣམ་པར་སྨིན་པར་འགྱུར་བ་ཡང་མ་ཡིན་པས་དེ་ནི་ཚོར་བ་ལ་སོགས་པ་ཡང་ཡོད་པར་འགྱུར་རོ་ཞེ་ན།། །།བམ་པོ་བཅུ་དགུ་པ། འདིར་སྨྲས་པ། འདི་ནི་སྐད་ཅིག་མ་སྐྱེ་བ་ལས་བསམས་ནས་བཤད་པ་ཡིན་ཏེ། སྐད་ཅིག་མ་གང་ལ་གཟུགས་
མེད་པར་སྐྱེས་པའི་སེམས་རྣམ་པར་སྨིན་པ་ལས་སྐྱེས་པ་ཀུན་དུ་མི་འབྱུང་བའི་སྐད་ཅིག་མ་དེ་ལ་རྣམ་པར་སྨིན་པ་སྲོག་གི་དབང་པོ་ཁོ་ན་འབྱུང་བའི་ཕྱིར་དང༌། ཡིད་ཀྱི་སྐྱེ་མཆེད་ནི་ཀུན་དུ་མི་འབྱུང་བའི་ཕྱིར་རྣམ་པར་སྨིན་པར་སྲོག་གི་དབང་པོ་ཁོ་ན་རྣམ་པར་སྨིན་པར་འགྱུར་ན་ཅིའི་ཕྱིར་དེ་ཀུན་དུ་འབྱུང་བའི་ཚེ་གཞན་ཡིད་ཀྱི་སྐྱེ་མཆེད་ཀྱང་ཡོད་པས་དེའི་རྣམ་པར་སྨིན་པ་ཡིད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཡིན་ཞེས་རྣམ་པར་འཆད་པར་བྱེད། འདི་དཔྱད་པར་བྱ་སྟེ། སྲོག་གི་དབང་པོ་ནི་འཕེན་པར་བྱེད་པའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཡིན་ན་སྲོག་གི་དབང་པོ་རྣམ་པར་སྨིན་པའི་ཚེ་ཡིད་ཀྱི་སྐྱེ་མཆེད་ལ་སོགས་པ་ཡང་རྣམ་པར་སྨིན་པར་འགྱུར་གྱི། སྐྱེ་མཆེད་གཞན་རྣམ་པར་སྨིན་པ་ཡིན་པ་ནི་མི་འགོག་གོ །འདིར་ནི་རྣམ་པར་སྨིན་པའི་རྒྱུ་བསམ་པ་ཡིན་ཏེ་གང་གི་ཆོས་ཀྱི་སྐྱེ་མཆེད་གཅིག་ཁོ་ན་རྣམ་པར་སྨིན་པར་འགྱུར་གྱི་སྐྱེ་མཆེད་གཞན་ནི་མ་ཡིན་པའི་ལས་དེ་ཡང་ཡོད་དེ་ཞེས་བྱ་བ་འདི་ཙམ་ཞིག་བརྗོད་པར་འདོད་པར་ཟད་དོ། །སྲོག་གི་དབང་པོ་འཕེན་པར་བྱེད་པའི་ལས་ཉིད་ལ་ཡིད་ཀྱི་སྐྱེ་མཆེད་ལ་སོགས་པ་ཡང་རྣམ་པར་སྨིན་པར་འགྱུར་གྱི་སྐྱེ་མཆེད་གཅིག་ཁོ་ན་ནི་མ་ཡིན་ནོ་ཞེ་ན། འདི་ལ་སྨྲ་བར་བྱ་སྟེ། དེ་ལ་ཡིད་ལ་སོགས་པ་གཞན་དག་ཡོད་པ་ཡང་ལས་དེ་ཁོ་ནའི་རྣམ་པར་སྨིན་པ་ཡིན་གྱི་ལས་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་ངེས་པ་འདི་ཅིས་བྱས། རིས་མཐུན་པ་ཡང་ལས་གཅིག་གི་རྣམ་པར་སྨིན་པ་ཡིན་ལ། སྲོག་གི་དབང་པོ་ཡང་གཞན་གྱི་ཡིན། ཡིད་ཀྱི་སྐྱེ་མཆེད་ལ་སོགས་པ་ཡང་གཞན་ཁོ་ནའི་ཡིན་ནོ་ཞེས་བྱ་བའི་སྲིད་པ་གང་ཡིན་པ་ནི་ཡོད་དོ། །གལ་ཏེ་ཁྱོད་ཇི་ལྟར་གང་གིས་མིག་གི་སྐྱེ་མཆེད་ཡིན་པ་དེ་ནི་མིག་དང་ལུས་དང་རེག་བྱ་དང་ཆོས་ཀྱི་སྐྱེ་མཆེད་རྣམས་སོ་ཞེས་བྱ་བའི་སྐབས་སུ་གང་གི་རྣམ་པར་སྨིན་པ་མིག་གི་སྐྱེ་མཆེད་ཡིན་པ་དེའི་ནི་གདོན་མི་ཟ་བ་ཡིན་པའི་ཕྱིར་ལུས་ཀྱི་སྐྱེ་མཆེད་ཀྱང་ཡིན་པ་དེ་བཞིན་དུ་ཡིད་ཀྱི་སྐྱེ་མཆེད་ལ་སོགས་པ་ཡང་ལས་དེ་ཁོ་ནའི་རྣམ་པར་སྨིན་པ་ཡིན་ནོ་ཞེས་བྱ་བར་འགྱུར་ན།
དེ་ནི་མ་ཡིན་ཏེ། འགའ་ཞིག་ནི་འགའ་ཞིག་ཁོ་ན་ལ་རག་ལས་ཏེ་འབྱུང་བའི་ཕྱིར་ཏེ། མིག་གི་དབང་པོ་ནི་ལུས་ཀྱི་དབང་པོ་མེད་པར་འབྱུང་བ་མེད་ཀྱི་སྲོག་གི་དབང་པོ་ནི་རྣམ་པར་སྨིན་པའི་ཡིད་མེད་ཀྱང་འབྱུང་བ་ཡོད་པས་འདི་ནི་མི་མཚུངས་སོ། །སློབ་དཔོན་འདུས་བཟང་ན་རེ་གང་གི་རྣམ་པར་སྨིན་པ་ཆོས་ཀྱི་སྐྱེ་མཆེད་ཁོ་ན་རྣམ་པར་སྨིན་པར་འགྱུར་བའི་ལས་ཀྱང་ཡོད་དེ། གང་གི་སྲོག་གི་དབང་པོ་ཡིན་པའོ། །གང་གི་མིག་གི་སྐྱེ་མཆེད་ཡིན་པ་དེའི་ནི་ལྔ་སྟེ། མིག་དང་ལུས་དང་གཟུགས་དང་རེག་བྱ་དང་ཆོས་ཀྱི་སྐྱེ་མཆེད་རྣམས་སོ། །ལྕེའི་སྐྱེ་མཆེད་ཀྱི་བར་དུ་ཡང་དེ་དང་འདྲའོ། །གང་གི་ལུས་ཀྱི་སྐྱེ་མཆེད་ཡིན་པ་དེའི་ནི་བཞི་སྟེ། ལུས་དང་གཟུགས་དང་རེག་བྱ་དང་ཆོས་ཀྱི་སྐྱེ་མཆེད་རྣམས་སོ་ཞེས་ཟེར་ཏེ། གཟུགས་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་ཀྱང་མིག་སྒྲུབ་པར་བྱེད་པའི་ལས་དེ་ཉིད་ཀྱི་རྣམ་པར་སྨིན་པ་ཡིན་ནོ་ཞེས་གཞུང་ལུགས་གཞན་ཞིག་འདོད་པར་བྱེད་དོ། །སློབ་དཔོན་འདི་ནི་གཟུགས་ཀྱི་སྐྱེ་མཆེད་ལས་དེ་ཁོ་ནའི་རྣམ་པར་སྨིན་པ་ཡིན་པར་ངེས་པ་མེད་དོ་ཞེས་བྱ་བ་ཕྱོགས་གཞན་གང་གི་ལུས་ཀྱི་སྐྱེ་མཆེད་ཡིན་པ་དེའི་ནི་གསུམ་མོ། །གང་གི་མིག་གི་སྐྱེ་མཆེད་ཡིན་པ་དེའི་ནི་བཞིའོ་ཞེས་བྱ་བའི་རྗེས་སུ་འབྲང་སྟེ། སྲོག་གི་དབང་པོ་དང་རིས་མཐུན་པ་ལ་སོགས་པ་ཕན་ཚུན་མེད་ན་མི་འབྱུང་བ་རྣམས་གདོན་མི་ཟ་བར་ལས་གཅིག་ཁོ་ནའི་རྣམ་པར་སྨིན་པ་ཡིན་པ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །རྣམ་པར་བཤད་པ་བྱེད་པ་རྣམས་ཀྱིས་ཕྱོགས་དེ་གཉིས་བྲིས་པ་ལ་དེ་དག་གང་ཞིག་གང་ལ་དད་པ་དེ་དེས་ཡོངས་སུ་བཟུང་བར་ཟད་དེ། ཞར་ལ་འོངས་པས་ཆོག་གོ །ཡང་ཇི་ལྟར་ན་ལས་ཁ་ཅིག་གི་རྣམ་པར་སྨིན་པ་ནི་སྐྱེ་མཆེད་གཅིག་རྣམ་པར་སྨིན་པར་གྱུར་པ་ནས་ཁ་ཅིག་གི་ནི་བཅུ་གཅིག་གི་བར་ཡིན་ཞེ་ན། དེའི་ཕྱིར་ལས་ཀྱི་འབྲས་བུ་སྣ་ཚོགས་དང་སྣ་ཚོགས་མ་ཡིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་སོ། །པདྨ་དང་བལ་པོ་སེའུ་དང་ཤིང་ནྱ་གྲོ་ཌྷ་ལ།
སོགས་པ་དག་གི་ས་བོན་ཏེ་པདྨ་ལ་སོགས་པའི་ས་བོན་ནི་འབྲས་བུ་རྩ་བ་དང་མྱུ་གུ་དང་སྡོང་བུ་དང་འདབ་མ་དང་ཟེ་བ་དང་ཟེ་འབྲུ་དང་སྙིང་པོ་སྣ་ཚོགས་པ་ཡིན་ལ། །ཤིང་ནྱ་གྲོ་ཌྷ་ལ་སོགས་པ་ཡང་ཡལ་གའི་མདོ་དང་ཡལ་ག་དང་འདབ་མ་དང་མགོ་ལྕོག་དང་མྱུ་གུ་དང་མེ་ཏོག་དང་འབྲས་བུ་དུ་མ་ཕུན་སུམ་ཚོགས་པ་སྤྲིན་ལྟ་བུར་སྣང་ངོ༌། །ཁ་ཅིག་ནི་འབྲས་བུ་སྣ་ཚོགས་པ་མ་ཡིན་ཏེ། འདི་ལྟ་སྟེ་ནས་དང་གྲོ་ལ་སོགས་པའི་ས་བོན་དག་ལྟ་བུའོ། །འབྲས་བུ་ངོ་བོ་གཅིག་པའི་ཕྱིར་ཏེ་འདི་ནི་ས་བོན་གྱི་ཆོས་ཉིད་ཡིན་ནོ། །ལས་དུས་གཅིག་པའི་སྟེ་འདས་པའི་རྣམ་པར་སྨིན་པ་དུས་གསུམ་པ་སྟེ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམ་པར་སྨིན་པར་ནི་འགྱུར་གྱི་ལས་དུས་གཉིས་པ་ཡང་སྟེ་འདས་པ་དང་ད་ལྟར་བྱུང་བའི་ཡང་དུས་གཅིག་པ་སྟེ་མ་འོངས་པ་ནི་མ་ཡིན་ནོ། །བཟློག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལས་སྐད་ཅིག་མ་མང་པོའི་སྐད་ཅིག་མ་གཅིག་པ་སྟེ། རྒྱུ་བས་འབྲས་བུ་ཧ་ཅང་ཉུང་བར་འགྱུར་དུ་འོང་བའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །རྣམ་པར་སྨིན་པ་ནི་ལས་དང་ལྷན་ཅིག་ཏུ་རྣམ་པར་སྨིན་པ་ཡང་མ་ཡིན་ཏེ། ལྷན་ཅིག་སྐྱེས་པ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་བྱ་བ་བྱེད་པའི་ཕྱིར་ལ་རྣམ་པར་སྨིན་པའི་རྒྱུ་ནི་མི་འདྲ་བར་སྨིན་པ་ལ་ལྟོས་པའི་ཕྱིར་རོ། །རྣམ་པར་སྨིན་པ་མཇུག་ཐོགས་སུ་རྣམ་པར་སྨིན་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མཇུག་ཐོགས་ཀྱི་སྐད་ཅིག་མ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་དྲངས་པའི་ཕྱིར་ཏེ། འདི་ལྟར་མཇུག་ཐོགས་ཀྱི་སྐད་ཅིག་མ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་སྟོབས་ཀྱིས་དྲངས་པ་ཡིན་གྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་འདི་རྣམ་པར་སྨིན་པའི་རྒྱུ་ཡིན་ཡང༌། རྣམ་པར་སྨིན་པའི་རྒྱུའི་སྟོབས་ཀྱིས་དྲངས་པ་ནི་མ་ཡིན་ནོ། །འདི་ནི་དེ་ལྟ་བུ་ཁོ་ན་ཡིན་ཏེ། འདི་ལྟར་མཚུངས་པ་དེ་མ་ཐག་པའི་རྐྱེན་རྣམ་པར་སྨིན་པའི་རྒྱུ་ལས་མཇུག་ཐོགས་ཀྱི་སྐད་ཅིག་མ་རེས་འགའ་ནི་དགེ་བ་རེས་འགའ་ནི་མི་དགེ་བ་རེས་འགའ་ནི་ལུང་དུ་མ་བསྟན་
པར་འབྱུང་ངོ༌། །དེ་ལྟ་མ་ཡིན་ནོ་ལུང་དུ་མ་བསྟན་པ་ཁོ་ནར་འགྱུར་རོ། །རྣམ་པ་གཅིག་ཏུ་མཇུག་ཐོགས་ཀྱི་སྐད་ཅིག་མ་རྣམ་པར་སྨིན་པའི་ངོ་བོ་ཉིད་མ་ཡིན་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་དྲངས་པའི་ཕྱིར་རོ། །རྣམ་པར་སྨིན་པའི་ངོ་བོ་ཉིད་ནི་མ་ཡིན་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་མ་དྲངས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །རྣམ་པར་སྨིན་པའི་རྒྱུ་ལས་འབྲས་བུ་སྨིན་པ་ནི་རྒྱུན་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་རྒྱུན་ཡོད་ན་རྣམ་པར་སྨིན་པའི་རྒྱུ་འདས་པས་རྣམ་པར་སྨིན་པའི་འབྲས་བུ་འབྱིན་པར་འགྱུར་ཏེ། འདི་ནི་ཆོས་ཉིད་ཡིན་ནོ་སྙམ་དུ་བསམས་པའོ། །འདི་དག་གི་དུས་ངེས་པ་དོན་གྱིས་ནི་བཤད་མོད་ཀྱི་ཞེས་བྱ་བ་ནི་དོན་གྱིས་བཤད་ཀྱི་རང་གི་སྒྲས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །བརྗོད་པ་ནི་རྣམ་པ་གཉིས་ཏེ། རང་གི་སྒྲས་བསྟན་པ་དང༌། དོན་གྱིས་བཤད་པའོ། །ཇི་ལྟ་ཞེ་ན། སྐལ་མཉམ་རྒྱུ་ནི་འདྲ་བའོ། །རང་རིས་ས་པའོ་སྔར་སྐྱེས་རྣམས། །ཞེས་བྱ་བ་དང༌། དེ་བཞིན་དུ། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་རང་སར་ཀུན་འགྲོ་ལྔ། །ཞེས་འབྱུང་བའི་ཕྱིར་སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བའི་རྒྱུ་དག་ནི་འདས་པ་དང་ད་ལྟར་བྱུང་བ་དག་ཁོ་ན་ཡོད་ཀྱི་མ་འོངས་པ་དག་ནི་མེད་དོ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་དང་རྣམ་པར་སྨིན་པའི་རྒྱུ་དག་ནི་ཁྱད་པར་མ་སྨོས་པ་ཉིད་ཀྱི་ཕྱིར་དོན་གྱིས་ན་དུས་གསུམ་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བའི་རྒྱུ་དག་ཁོ་ན་སྔར་སྐྱེས་པ་ཡིན་ལ། སྔར་སྐྱེས་པ་ཁོ་ན་ཡང་དེ་དག་ཡིན་ནོ་ཞེས་ངེས་པར་གཟུང་བའི་ཕྱིར་དང༌། ཕན་ཚུན་དུ་འབྲས་བུ་ཉིད་ཡིན་པར་འབྱུང་བའི་ཕྱིར་དང༌། སེམས་ལ་སོགས་པ་དང༌། མི་དགེ་བ་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་འདི་རྣམས་དུས་སུ་མ་གཏོགས་པ་ཉིད་བཟློག་པ་ཡིན་ནོ། །མདོར་བྱ་སྟེ་ཞེས་བྱ་བ་ནི་བསྡུས་ཏེ། མདོར་བྱ་བ་འམ་མདོར་མ་བྱས་པ་མདོར་བྱ་བ་ཡིན་ནོ། འདིར་གཏན་ཚིགས་ནི་བཤད་ཟིན་ཏོ་ཞེས་བྱ་བ་ཇི་ལྟར་བཤད་ཅེ་ན།
སྐལ་བ་མཉམ་པའི་རྒྱུ་ནི་རྒྱུ་མཐུན་པའི་འབྲས་བུས་འབྲས་བུ་དང་བཅས་པ་ཡིན་ན། དེ་ཡང་མ་འོངས་པ་ལ་རིགས་པ་མ་ཡིན་ཏེ། སྔ་ཕྱི་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ཏེ། སྐལ་བ་མཉམ་པའི་རྒྱུའི་གཏན་ཚིགས་བཤད་པ་གང་ཡིན་པ་དེ་ནི་ཀུན་དུ་འགྲོ་བའི་རྒྱུའི་གཏན་ཚིགས་བཤད་པའི་ངོ་བོ་ཡིན་པར་ཡང་རིག་པར་བྱའོ། །ཀུན་དུ་འགྲོ་བའི་རྒྱུ་ནི་སྐལ་བ་མཉམ་པའི་རྒྱུ་དང་འདྲ་སྟེ། སྐལ་བ་མཉམ་པའི་རྒྱུ་ནི་ཉོན་མོངས་པ་ཅན་རྣམས་ཀྱི་རྒྱུ་ཉོན་མོངས་པ་ཅན་ཡིན་ནོ། །ཀུན་དུ་འགྲོ་བའི་རྒྱུ་ཡང་ཉོན་མོངས་པ་ཅན་རྣམས་ཀྱི་རྒྱུ་ཉོན་མོངས་པ་ཅན་ཁོ་ན་ཡིན་ལ། འདི་ནི་ཉོན་མོངས་པ་ཅན་གྱི་ཆོས་སྤྱིའི་རྒྱུ་ཡིན་པ་ཉིད་ཀྱིས་སྐལ་བ་མཉམ་པའི་རྒྱུ་ལས་ལོགས་ཤིག་ཏུ་རྣམ་པར་བཞག་གོ་ཞེས་དེ་ནི་བཤད་ཟིན་ཏོ། །འདི་ནི་སྐལ་བ་མཉམ་པའི་རྒྱུ་ཁོ་ན་བཞིན་དུ་མ་འོངས་པ་ཡང་མེད་ལ་རྒྱུ་མཐུན་པའི་འབྲས་བུས་འབྲས་བུ་དང་བཅས་པ་ཡང་ཡིན་པས་འདིའི་ཚུལ་ནི་དེ་ཁོ་ན་དང་འདྲའོ། །གསུམ་པོ་དག་ནི་དུས་གསུམ་པ་ཞེས་བྱ་བ་ནི་དུས་གསུམ་པ་ཁོ་ན་གསུམ་ཡིན་ལ། གསུམ་ཁོ་ན་ཡང་དུས་གསུམ་པ་ཡིན་ནོ་ཞེས་ངེས་པར་གཟུང་བའི་ཕྱིར་བྱེད་རྒྱུའི་རྒྱུ་ནི་དེ་ལྟ་མ་ཡིན་པར་འགྱུར་རོ། །ཇི་ལྟར་དེ་ལྟ་མ་ཡིན་ཞེ་ན། བྱེད་རྒྱུའི་རྒྱུ་ནི་དུས་ངེས་པ་མ་བསྟན་པས་དུས་ཐམས་ཅད་པ་དང་དུས་དང་བྲལ་བར་ཡང་རིག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། རང་ལས་གཞན་པ་རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་ནི་བྱེད་རྒྱུའི་རྒྱུ་ཡིན་ནོ། །དེའི་ཕྱིར་ན་དེ་ལྟར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །རྒྱུ་དང་འབྲས་བུ་ཞེས་བྱ་བ་འདི་གཉིས་ནི་ཕན་ཚུན་ལྟོས་པ་ཡིན་པས་དེའི་རྒྱུ་དེ་དག་གང་གི་ཡིན་པའི་འབྲས་བུ་དེ་གང་ཞེ་ན་ཞེས་འདྲིའོ། །འདུས་བྱས་བྲལ་བཅས་འབྲས་བུ་ཡིན། །ཞེས་བྱ་བ་ནི་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་མ་གཏོགས་པ་ཆོས་ཐམས་ཅད་འབྲས་བུ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདུས་མ་བྱས་འབྲས་བུ་ཡིན་པའི་ཕྱིར་ཏེ། འདུས་མ་བྱས་འབྲས་བུ་ཡིན་པས་ན་འདིའི་
བདག་ཉིད་ལས་གཞན་པ་འདུས་མ་བྱས་དེ་གང་གི་འབྲས་བུ་ཡིན་པའི་རྒྱུ་གཞན་ཞིག་ཀྱང་ཡོད་པར་འགྱུར་ལ་འདུས་མ་བྱས་རྒྱུ་ཡིན་པའི་ཕྱིར་འདིའི་བདག་ཉིད་ལས་གཞན་པ་འདུས་མ་བྱས་དེ་གང་གི་རྒྱུ་ཡིན་པའི་འབྲས་བུ་གཞན་ཞིག་ཀྱང་ཡོད་པར་འགྱུར་རོ་ཞེ་ན། འདུས་མ་བྱས་ལ་རྒྱུ་དང་འབྲས་བུ་དེ་དག་མེད་དེ། བྲལ་པའི་འབྲས་བུ་ནི་འདུས་མ་བྱས་སོ་སོར་བརྟགས་པས་འགོག་བའི་མཚན་ཉིད་ཡིན་ནོ། །དེ་ལ་ནི་རྒྱུ་གཞན་མེད་དེ། བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །རྒྱུ་ནི་ཡིན་ཏེ། འདུས་བྱས་སྐྱེ་བ་ལ་བགེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །དེ་ལ་འབྲས་བུ་རྣམ་པར་གཞག་པ་ཡང་མེད་དེ། འབྲས་བུ་འཛིན་པ་དང་དམིགས་པའི་མཐུ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྒྱུ་རྣམ་པ་དྲུག་མི་སྲིད་པའི་ཕྱིར་དང་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདི་ལ་ལྷན་ཅིག་འབྱུང་བའི་རྒྱུ་དང་མཚུངས་པར་ལྡན་པའི་རྒྱུ་ནི་མི་སྲིད་དོ། །དེ་དང་ཆོས་འགའ་ཡང་ལྷན་ཅིག་མི་འབྱུང་བའི་ཕྱིར་དང༌། མཚུངས་པར་མི་ལྡན་པའི་ཕྱིར་རོ། །འདི་ལ་སྐལ་བ་མཉམ་པའི་རྒྱུ་ཡང་འགའ་ཡང་མེད་དེ། འདུས་བྱས་དང་མི་འདྲ་བའི་ཕྱིར་དང་ས་མཚུངས་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དང༌། དེ་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཀུན་དུ་འགྲོ་བའི་རྒྱུ་ཡང་མེད་དེ། རྣམ་པར་སྨིན་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་འདི་ལ་རྣམ་པར་སྨིན་པའི་རྒྱུ་ཡང་མེད་དེ། རྣམ་པར་སྨིན་པའི་ཆོས་ནི་སེམས་ཅན་དུ་བགྲང་བ་དང་ཁམས་སུ་གཏོགས་པ་ཡིན་ནོ། །བསྐྱེད་པར་བྱ་བ་མ་ཡིན་པ་ཁོ་ནའི་ཕྱིར་ཡང་དེ་ལ་རྒྱུ་འདི་དག་མེད་དོ། །བསྐྱེད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་འདི་ལ་བྱེད་རྒྱུའི་རྒྱུ་ཡང་མེད་དེ། དེ་ཉིད་ཀྱི་ཕྱིར། ཅིའི་ཕྱིར་ལམ་འབྲལ་བའི་བྱེད་རྒྱུའི་རྒྱུར་མི་འདོད་ཅེ་ན། འདི་ལྟར་དེ་ནི་སྐྱེ་བ་ལ་བགེགས་མི་བྱེད་པའི་ངོ་བོར་རྣམ་པར་གཞག་པ་ཡིན་ན་འདུས་མ་བྱས་ནི་སྐྱེ་བ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །དུས་སུ་མ་གཏོགས་པའི་ཕྱིར་ཡང་འདི་ལ་རྒྱུ་དག་མེད་དེ། རྒྱུ་ནི་དུས་སུ་གཏོགས་པའི་ཆོས་ཀྱི་ཡིན་པར་རྣམ་པར་གཞག་
གོ །དེ་ལྟར་ན་རྒྱུ་རྣམ་པ་དྲུག་མི་སྲིད་པའི་ཕྱིར་འདུས་མ་བྱས་ལ་རྒྱུ་མེད་དོ། །འབྲས་བུ་རྣམ་པ་ལྔ་མི་སྲིད་པའི་ཕྱིར་འདུས་མ་བྱས་ལ་འབྲས་བུ་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། རེ་ཞིག་སྤྱིར་དུས་ལས་རྣམ་པར་གྲོལ་བ་ལ་འབྲས་བུ་འཛིན་པ་དང༌། སྨིན་པའི་མཐུ་མེད་པའི་ཕྱིར་ཏེ། འདི་སྐད་དུ། ལྔ་པོ་ད་ལྟར་འབྲས་བུ་དག །འཛིན་ཏེ་གཉིས་ནི་འབྱིན་པར་བྱེད། །ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འབྱུང་བ་ཡིན་ནོ། །གཞན་ཡང་རེ་ཞིག་བདག་པོའི་འབྲས་བུ་ནི་མེད་དེ་དེ་ནི། །སྔོན་འབྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་འབྱུང་བས་ལྷན་ཅིག་སྐྱེས་པ་དང་ཕྱིས་བྱུང་བ་ཡིན་ན། དེ་ཡང་སྐྱེ་བ་དང་ལྡན་པ་མ་ཡིན་པས་འདི་ལ་འབྲས་བུ་ལྷན་ཅིག་སྐྱེས་པ་དང་ཕྱིས་སྐྱེས་པ་མེད་དོ། །སྐྱེ་བ་དང་ལྡན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རྒྱུ་མཐུན་པའི་འབྲས་བུ་ཡང་མེད་དོ། །རྒྱུ་མཐུན་པའི་འབྲས་བུ་ནི་སྐྱེ་བ་དང་ལྡན་པ་དང་འདྲ་བའི་ཆོས་སྐྱེ་བ་དང་ལྡན་པ་ཡིན་ནོ། །ད་ཉིད་ཀྱི་ཕྱིར་དང༌། སྐྱེས་བུའི་བྱེད་པ་མེད་པའི་ཕྱིར་འདུས་མ་བྱས་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ཡང་མེད་དེ། །གང་གི་མཐུས་གང་ཞིག་སྐྱེ་བའམ་འཐོབ་པ་དེ་ནི་དེའི་སྐྱེས་བུའི་བྱེད་པའི་འབྲས་བུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ན་བྲལ་བའི་འབྲས་བུ་ཡང་མེད་དེ། བྲལ་བ་ནི་ལམ་གྱི་སྟོབས་ཁོ་ནས་འཐོབ་ན་ལམ་དེ་ཡང་འདུས་བྱས་ཡིན་ནོ། རྣམ་པར་སྨིན་པའི་རྒྱུ་དང་ཆོས་མི་མཐུན་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དེ། །རྣམ་པར་སྨིན་པའི་འབྲས་བུ་རྒྱུ་ནི་ཟག་པ་དང་བཅས་པ་ཡིན་ན། འདུས་མ་བྱས་ནི་ཟག་པ་དང་བཅས་པ་ཡང་མ་ཡིན་ནོ། །རྣམ་པ་ཅིག་ཏུ་ན་རྒྱུ་རྣམ་པ་ལྔ་དང་ཆོས་མི་མཐུན་པའི་ཕྱིར་འབྲས་བུ་རྣམ་པ་ལྔ་མི་སྲིད་པས་འདུས་མ་བྱས་ལ་འབྲས་བུ་མི་སྲིད་དོ། །གལ་ཏེ་ལམ་འབྲལ་བའི་བྱེད་རྒྱུའི་རྒྱུ་ཡིན་པར་མི་འདོད་ན། ད་ནི་དེ་གང་གི་འབྲས་བུ་ཡིན་ཏེ། འབྲས་བུ་ནི་རྒྱུ་དང་ལྡན་པར་འགྱུར་དགོས་སོ། །ཡང་ན་ཇི་ལྟར་དེ་རྣམ་པ་གང་གིས་ན་འབྲས་བུ་ཡིན་ཞེ་ན། སྨྲས་པ། རེ་ཞིག་དེ་གང་གི་འབྲས་བུ་ཡིན་ཞེས་གང་སྨྲས་པ་དེ་
ནི་ལམ་གྱི་ཡིན་ནོ། །དེ་ཇི་ལྟར་འབྲས་བུ་ཡིན་ཞེས་གང་སྨྲས་པ་ནི་དེའི་སྟོབས་ཀྱིས་འཐོབ་པའི་ཕྱིར་འབྲས་བུ་ཡིན་ཏེ་ལམ་གྱི་སྟོབས་ཀྱིས་འཐོབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་ཚིག་འདི་ལྟར་སྦྱར་ཏེ། དེ་གང་གི་འབྲས་བུ་ཡིན་ཞེ་ན་ལམ་གྱི་འབྲས་བུ་ཡིན་ནོ། །དེ་ཇི་ལྟར་ན་འབྲས་བུ་ཡིན་ཞེ་ན། དེའི་སྟོབས་ཀྱིས་འཐོབ་པའི་ཕྱིར་རོ་ཞེས་བྱའོ། འོ་ན་ནི་ལམ་དེ་ཐོབ་པ་དེ་ཁོ་ན་ལ་ནུས་པའི་ཕྱིར་ཐོབ་པ་ཁོ་ན་ལམ་གྱི་འབྲས་བུ་ཡིན་གྱི་བྲལ་བ་ནི་མ་ཡིན་ནོ། ཅི་ཞེ་ན། ལམ་གྱི་འབྲས་བུ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེ་ལ་ནུས་པ་མེད་པའི་ཕྱིར་ཞེས་བྱ་བ་ཡིན་ཏེ། །ལམ་ནི་བྲལ་བ་ལ་ནུས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན་རེ་ཞིག་ལམ་ནི་ཇི་ལྟར་ཡང་འདིའི་རྒྱུ་མ་ཡིན་ཏེ། ལམ་ནི་འདིའི་རྒྱུར་རྒྱུ་དྲུག་པོ་དག་ལས་གང་ཡང་མ་ཡིན་ནོ། །བྲལ་བ་ནི་འདིའི་འབྲས་བུ་ཡིན་ཏེ། ཐོབ་པར་བྱ་བའི་འབྲས་བུ་ཡིན་གྱི་བསྐྱེད་པར་བྱ་བ་ནི་མ་ཡིན་ནོ་སྙམ་དུ་བསམས་པའོ། །ཁ་ཅིག་ནི་བྱེད་པ་པོ་དང༌། ཤེས་པར་བྱེད་པ་དང༌། གསལ་བར་བྱེད་པ་དང༌། འཇིག་པར་བྱེད་པ་དང༌། འཐོབ་པར་བྱེད་པ་ཞེས་བྱ་བའི་རྒྱུ་རྣམ་པ་ལྔར་འདོད་དེ། བྱེད་པ་པོའི་རྒྱུ་ནི་མྱུ་གུའི་ས་བོན་ལྟ་བུའོ། །ཤེས་པར་བྱེད་པ་ནི་མེའི་དུ་བ་ལྟ་བུའོ། །གསལ་བར་བྱེད་པ་ནི་བུམ་པའི་མར་མེ་ལྟ་བུའོ། །འཇིག་པར་བྱེད་པ་ནི་བུམ་པའི་ཐོ་བ་ལྟ་བུའོ། །ཐོབ་པར་བྱེད་པ་ནི་ཡུལ་གཞན་དུ་ཕྱིན་པར་བྱ་བའི་ཤིན་རྟ་ལྟ་བུའོ་ཞེས་ཟེར་རོ། །དེ་ལྟར་ན་ལམ་ནི་འདི་ཐོབ་པར་བྱེད་པ་ཡིན་གྱི་སྐྱེད་པར་བྱེད་པའི་རྒྱུ་ནི་མ་ཡིན་ལ་བྲལ་བའི་འབྲས་བུ་ཡང་ཐོབ་པར་བྱ་བ་ཡིན་གྱི་བསྐྱེད་པར་བྱ་བ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཡང་བ་དག་པོའི་འབྲས་བུ་ཡང་མེད་ན་གོ་ཞེས་བྱ་བ་རྣས་པར་འབྱུང་བ་ནི་གལ་ཏེ་འདུས་མ་བྱས་ལ་འབྲས་བུ་ཞིག་ཡོད་པར་གྱུར་ན་དེ་ནི་བྱེད་རྒྱུའི་རྒྱུ་ཉིད་དུ་རྣམ་པར་གཞག་པའི་ཕྱིར་བདག་པོའི་འབྲས་བུ་ཡིན་པར་འགྱུར་གྲང་ན། འདུས་མ་བྱས་ལ་དེ་དག་མེད། །ཅེས་འབྱུང་བའི་ཕྱིར་འདི་ལ་དེ་ཡང་
བཟློག་སྟེ་བཀག་པ་དང་རྒོལ་བར་བྱེད་པ། ཡང་ན་བདག་པོའི་འབྲས་བུ་ཡང་མེད་ན་གོ་ཇི་ལྟར་ན་འདུས་མ་བྱས་བྱེད་རྒྱུའི་རྒྱུ་ཡིན་ཞེས་འདྲི་བར་བྱེད་དོ། །སྐྱེ་བ་ལ་མི་སྒྲིབ་བའི་དངོས་པོས་བྱེད་རྒྱུའི་རྒྱུ་ཡིན་ཏེ་སྐྱེ་བ་ལ་མི་སྒྲིབ་པའི་དངོས་ངོ་ཞེས་སྨོས་པའི་ཕྱིར་འདུས་མ་བྱས་འདི་ནི་འདུས་བྱས་ཁོ་ནའི་བྱེད་རྒྱུའི་རྒྱུར་རྣམ་པར་གཞག་གི་འདུས་མ་བྱས་ཀྱི་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་འདུས་བྱས་བཞིན་དུ་འདིའི་འབྲས་བུ་རྣམ་པར་མི་གཞག་ཅེ་ན། དེའི་ཕྱིར། །དུས་ལས་གྲོལ་བ་ལ་འབྲས་བུ་འཛིན་པ་དང་སྨིན་པའི་མཐུ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དུས་ཀྱིས་བསྡུས་པའི་ཆོས་ཁོ་ན་ལ་འབྲས་བུ་འཛིན་པ་དང་སྨིན་པའི་མཐུ་ཡོད་ཀྱི་གཞན་ལ་ནི་མེད་དེ། ལྔ་པོ་ད་ལྟར་འབྲས་བུ་དག །འཛིན་ཏེ་གཉིས་ནི་འབྱིན་པར་བྱེད། ཅེས་འཆད་པར་འགྱུར་རོ། །རྣམ་གྲངས་ཀྱིས་གསུངས་སོ་ཞེས་བྱ་བ་ནི་སྒྲ་གཞན་གྱིས་བཤད་ཀྱི། རང་གི་སྒྲས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་ཀྱང་མི་རྟག་པ་ཡིན་ན་ཞེས་བྱ་བ་ནི་དེ་དག་ཀྱང་མི་རྟག་པ་ཁོ་ནའོ་ཞེས་ངེས་པར་གཟུང་བའི་ཕྱིར་རྟག་པ་ནི་རྒྱུ་མ་ཡིན་ནོ། །དམིགས་པའི་རྐྱེན་དུ་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་རྒྱུ་གང་དག་ཡིན་པ་དང་རྐྱེན་གང་དག་ཡིན་པ་ཞེས་འབྱུང་བའི་ཕྱིར་ཇི་ལྟར་དེ་ལས་རྒྱུ་དག་མི་རྟག་པར་བཤད་པ་དེ་བཞིན་དུ་རྐྱེན་དག་ཀྱང་མི་རྟག་པ་ཁོ་ནར་བཤད་པ་ཡིན་ནོ། །དེ་ལྟ་བས་ན་འདུས་མ་བྱས་དམིགས་པའི་རྐྱེན་དུ་ཡང་མི་འགྱུར་རོ། །སྐྱེད་པའི་ཞེས་བཀར་བའི་ཕྱིར་ཞེས་བྱ་བ་ནི་གཟུགས་སྐྱེད་པའི་རྒྱུ་གང་དག་ཡིན་པ་དང༌། རྐྱེན་གང་དག་ཡིན་པ་དེ་དག་ཀྱང་མི་རྟག་པ་ཡིན་གྱི། །སྐྱེད་པར་མི་བྱེད་པའི་གང་དག་ཡིན་པ་ནི་མ་ཡིན་ནོ། །རྐྱེན་ནི་རྣམ་པ་གཉིས་ཏེ། སྐྱེད་པར་བྱེད་པ་དག་དང་སྐྱེད་པར་བྱེད་པ་མ་ཡིན་པ་དག་ཡིན་ལ། དམིགས་པའི་རྐྱེན་ནི་སྐྱེད་པར་བྱེད་པ་མ་ཡིན་པ་དག་སྟེ། །དམིགས་བ་ཙམ་ཡིན་པའི་ཕྱིར་རོ། །དམིགས་པའི་རྐྱེན་ནི་ད་ལྟར་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་འཛིན་པའི་ཕྱིར་ཆོས་འགག་པ་
ལ་བྱ་བ་བྱེད་དོ། །གཉིས་པོ་དག་ནི་འགག་པ་ལ་བྱ་བ་བྱེད་ཅེས་འབྱུང་བའི་ཕྱིར་རོ། །རྒྱུ་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྒྱུ་ཡང་སྐྱེད་པར་བྱེད་པ་དང༌། སྐྱེད་པར་བྱེད་པ་མ་ཡིན་པ་ཡིན་ཏེ། དེ་ལྟ་བས་ན་འདུས་མ་བྱས་སྐྱེད་པར་བྱེད་པ་མ་ཡིན་པ་ཡང་མི་སྒྲིབ་པའི་དངོས་པོ་ཙམ་གྱིས་བྱེད་པའི་རྒྱུ་ཉིད་དུ་མི་དགག་པ་མ་ཡིན་ནམ། མདོ་ལས་དམིགས་པའི་རྐྱེན་ཡིན་པར་གསུངས་ཀྱི་ཞེས་བྱ་བ་ནི་རྐྱེན་ནི་བཞི་སྟེ་ཞེས་བྱ་བའི་མདོ་འདི་ལས་སོ། །བཀག་པ་ནི་མེད་དོ་ཞེས་བྱ་བ་ནི་ཆོས་ཉིད་དང་མི་འགལ་བའི་ཕྱིར་ཉེས་པ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །མདོ་རྣམས་ཀྱང་ཕལ་ཆེར་ནུབ་ན་ཞེས་བྱ་བ་ནི་ཡང་དག་པར་བསྡུས་པའི་བཞི་པོ་ཉམས་པའི་ཕྱིར་རོ། །འདི་ལ་སློབ་དཔོན་ནི་ཆོས་ཉིད་དང་འགལ་བ་མེད་པས་འབད་པ་མེད་དེ། འོན་ཀྱང་འདུས་མ་བྱས་ཉིད་ཡོད་པ་ཞིག་ཡིན་ནམ། འོན་ཏེ་མེད་ཅེས་དཔྱོད་པར་ནི་བྱེད་དོ། །འདུས་མ་བྱས་ཐམས་ཅད་ཀྱང་ཞེས་བྱ་བ་ནི་སོ་སོར་བརྟགས་པས་འགོག་པ་འབའ་ཞིག་ཏུ་མ་ཟད་དོ། །གཟུགས་དང་ཚོར་བ་ལ་སོགས་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་སྒྲ་དང་འདུ་ཤེས་དང་མིག་ལ་སོགས་པ་བསྡུས་ཏེ། མདོ་སྡེ་པ་རྣམས་ན་རེ་ཇི་ལྟར་གཟུགས་ལས་ཚོར་བ་ཡང་དངོས་པོ་གཞན་ཡིན་པ་དང་ཚོར་བ་ལས་ཀྱང་འདུ་ཤེས་དངོས་པོ་གཞན་ཡིན་པ་ནས་འདུ་བྱེད་རྣམས་ཀྱི་བར་ལས་རྣམ་པར་ཤེས་པ་དངོས་པོ་གཞན་ཡིན་པ་དེ་བཞིན་ཉིད་དུ་འདུས་མ་བྱས་ནི་གཟུགས་ལ་སོགས་པ་ལྔ་ལས་དངོས་པོ་གཞན་དུ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འདུས་མ་བྱས་ནི་རྫས་སུ་མེད་དོ་ཞེས་ཟེར་རོ། །རེག་བྱ་མེད་པ་ཙམ་ཞེས་བྱ་བ་ནི་ཐོགས་པ་དང་བཅས་པའི་རྫས་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །མ་རྙེད་ན་ཞེས་བྱ་བ་ནི་མ་རྙེད་པ་ནའོ། །ཕྲ་རྒྱས་དང་སྐྱེ་པ་སྐྱེས་པ་འགགས་ནས་སོ་སོར་བརྟགས་པའི་སྟོབས་ཏེ། ཤེས་རབ་ཀྱི་སྟོབས་ཀྱིས་ཕྲ་རྒྱས་དང་སྐྱེ་བ་གཞན་མི་སྐྱེ་བ་ནི་སོ་
སོར་བརྟགས་པས་འགོག་པ་ཡིན། དེ་ལྟར་ན་ཕྲ་རྒྱས་འགོག་པ་ནི་ཀུན་འབྱུང་བའི་བདེན་པ་འགོག་པ་ཡིན་ནོ། །སྐྱེ་བ་འགོག་པ་ནི་སྡུག་བསྔལ་གྱི་བདེན་པ་འགོག་པ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ཕུང་པོ་ལྷག་མ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་རྣམ་པར་གཞག་པའི་ཕྱིར་ཡང་གཉི་ག་སྨོས་པ་ཡིན་ནོ། །མདོ་སྡེ་པའི་ལུགས་ཀྱི་ཕྲ་རྒྱས་ནི་གང་དག་ཡིན། དེ་དག་ཀྱང་སྐྱེ་བ་ནི་སོ་སོར་བརྟགས་པའི་སྟོབས་ཀྱིས་ཇི་ལྟར་འགོག་ཅེ་ན། ཕྲ་རྒྱས་ནི་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ཀྱི་བག་ཆགས་ཡིན་ཏེ། སྐད་ཅིག་མ་དང་པོ་ལ་ནི་ཕྲ་རྒྱས་གང་གི་གཉེན་པོ་སོ་སོར་བརྟགས་པའི་ལམ་གང་ཡིན་པ་དེ་དང་ཕྲ་རྒྱས་དེ་ལྷན་ཅིག་ཏུ་སྐྱེའོ། །སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་ནི་དེའི་སྟོབས་ཀྱིས་དེ་འགོག་གོ །དེའི་སྟོབས་ཁོ་ནས་ཡང་སྲིད་པའི་སྐྱེ་བ་ཉིད་མཚམས་སྦྱོར་བར་མི་བྱེད་པའི་འགོག་པ་ཡང་ཡིན་ནོ། །དཔེར་ན་བར་མ་དོར་འཆི་བའི་རིས་མཐུན་པ་ལྷག་མ་ལྟ་བུའོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རིས་མཐུན་པའི་མི་ལ་སོགས་པའི་མཚན་ཉིད་དམ། ཕུང་པོ་ལྔའི་མཚན་ཉིད་ཀྱི་བདག་གི་ངོ་བོ་ཡིན་ནོ། །དེའི་ལྷག་མ་ནི་དེའི་མཚན་ཉིད་ཁོ་ནར་སྐྱེ་བ་སྟེ། བར་མ་དོར་འཆི་བའི་རིས་མཐུན་པ་ལྷག་མ་དེ་ཡོངས་སུ་མ་རྫོགས་པ་ཁོ་ནར་རྐྱེན་མ་ཚང་བས་མི་སྐྱེ་བ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཡིན་ནོ། །རྐྱེན་མ་ཚང་བ་ནི་ཡོ་བྱད་ལ་སོགས་པའི་རྐྱེན་མ་ཚོགས་པས་ཕུང་པོའི་ཐ་མ་འཆི་བ་ཞེས་བྱ་བ་རྣམས་རིས་མཐུན་པ་མཚམས་སྦྱོར་བར་མི་ནུས་པ་གང་ཡིན་པའོ། །དེའི་ཕྱིར་དེ་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ནོ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཡིན་ནོ། །སྡུག་བསྔལ་མི་སྐྱེ་བ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་མེད་པ་ཡིན་ནོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པར་བཤད་པ་གང་ཡིན་པ་སྡུག་བསྔལ་མི་སྐྱེ་བ་དེ་ཡང་སྐྱེ་བའི་རྒྱུ་ཕྲ་རྒྱས་
མ་ཚང་བ་ནི་སོ་སོར་བརྟགས་པས་བྱས་པའི་ཕྱིར་སོ་སོར་བརྟགས་པ་མེད་པར་མི་འགྲུབ་སྟེ། དེའི་ཕྱིར་དེ་ནི་སོ་སོར་བརྟགས་པས་འགོག་པ་ཁོ་ན་ཡིན་ནོ། །རང་གི་ངང་གིས་འགག་པའི་ཕྱིར་རོ་ཞས་བྱ་བ་ནི་བདག་ཉིད་ཀྱིས་འགག་པའི་ཕྱིར་གྱི་ཤེས་རབ་ཀྱི་མཐུས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །མ་ཞིག་ན་དེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕྲ་རྒྱས་དེ་མ་ཞིག་ན་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་མེད་པའི་ཕྱིར་རོ། །སྐྱེ་བ་ལ་གགས་མ་བྱས་པ་ཅན་ཞེས་བྱ་བ་ནི་འདི་དག་ལ་སྐྱེ་བ་ལ་གགས་མ་བྱས་པ་ཡོད་པས་སྐྱེ་བ་ལ་གགས་མ་བྱས་པ་ཅན་དག་སྟེ། དེ་དག་སྐྱེ་བ་ལ་གགས་བྱེད་པའི་དངོས་པོ་གང་ཡིན་པ་དེ་ནི་འདི་ལ་སོ་སོར་བརྟགས་པའི་མཐུ་ཡིན་ནོ། །གལ་ཏེ་མི་སྐྱེ་བ་ཁོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྤངས་པ་ནི་མྱ་ངན་ལས་འདས་པ་ཡིན་པར་འདོད་དོ། །གལ་ཏེ་མི་སྐྱེ་བ་ལ་མྱ་ངན་ལས་འདས་པ་ཞེས་བྱ་བར་གྱུར་ན་མི་སྐྱེ་བ་ནི་མ་འོངས་པ་ཁོ་ན་ཡིན་གྱི་འདས་པ་དང་ད་ལྟར་བྱུང་བ་ནི་སྐྱེས་ཟིན་པའི་ཕྱིར་མི་སྐྱེ་བ་མེད་ན་ཇི་ལྟར་མདོ་ལས། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སྡུག་བསྔལ་སྤང་བར་འགྱུར་རོ་ཞེས་བཤད། མདོའི་ཚིག་དེ་ནི་ཇི་ལྟར་དྲང༌། གང་གི་ལྟར་ན་མྱ་ངན་ལས་འདས་པ་རྫས་གཞན་ཡིན་པ་དེའི་ལྟར་ན་ནི་དེ་དག་ཀུན་དུ་བསྟེན་པ་ལ་སོགས་པས་འདས་པ་དང་ད་ལྟར་བྱུང་བ་དག་གི་མྱ་ངན་ལས་འདས་པ་ཡང་འཐོབ་པར་འགྱུར་བས་མདོའི་ཚིག་འདི་ལེགས་པར་དྲངས་པ་ཡིན་ནོ། །དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པས་ཞེས་བྱ་བ་ནི་སྡུག་བསྔལ་ལ་དམིགས་པའི་ཉོན་མོངས་པ་སྤངས་པས་ཞེས་བྱ་བའི་ཐ་ཚིག་གོ །གཟུགས་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་ཞེས་བྱ་བ་ལ་འདུན་པ་ནི་མ་འོངས་པ་ལ་དོན་དུ་གཉེར་བའོ། །འདོད་ཆགས་ནི་ཐོབ་པའི་དོན་ལ་ལྷག་པར་ཞེན་པའོ། །རྒྱས་པར་རྣམ་པར་ཤེས་པའི་བར་དུ་གསུངས་ཏེ་ཞེས་བྱ་བ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དག་དང་རྣམ་པར་
ཤེས་པ་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་སྤོངས་ཤིག །འདུན་པ་དང་འདོད་ཆགས་སྤངས་ན་ཁྱེད་ཀྱིས་རྣམ་པར་ཤེས་པ་དེ་ལྟ་བུ་དེ་ཡང་སྤངས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་དུས་གསུམ་པའི་སྡུག་བསྔལ་ཡང་ཞེས་བྱ་བ་ནི་འདུན་པ་དང་འདོད་ཆགས་སྤངས་པ་ཁོ་ན་གཟུགས་ལ་སོགས་པ་སྡུག་བསྔལ་སྤངས་པ་ཡིན་ལ། །འདུན་པ་དང་འདོད་ཆགས་མ་འོངས་པ་དེ་ཡང་མི་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་དུས་གསུམ་པའི་སྡུག་བསྔལ་ཡང་སྤང་བར་རུང་ངོ་ཞེས་སྟོན་པར་བྱེད་དོ། །དེར་ཡང་ཚུལ་ནི་འདི་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཉོན་མོངས་པ་སྤང་བར་འགྱུར་རོ་ཞེས་འབྱུང་བ་དེར་ཡང་ཚུལ་ནི་ཉོན་མོངས་པ་འདོད་ཆགས་སམ་ཞེ་སྡང་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་སྤོངས་ཤིག་ཅེས་བྱ་བ་རྒྱས་པར་སྦྱར་བ་འདི་ཁོ་ན་ཡིན་ཏེ། དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པས་ཀྱང་ཉོན་མོངས་པ་སྤངས་པ་ཡིན་གྱི། རང་གི་ངོ་བོས་ནི་མ་ཡིན་པ་ཉིད་པས་དུས་གསུམ་པའི་ཉོན་མོངས་པ་ཡང་སྤངས་པར་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་དགོངས་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཚེ་རབས་སྔ་མ་པ་ནི་ཚེ་རབས་སྔ་མ་ལ་ཡོད་པ་ཡིན་ནོ། །ཚེ་འདི་པ་ནི་ཚེ་འདི་ལ་ཡོད་པ་ཡིན་ཏེ། དེ་ལྟར་ན་ཉོན་མོངས་པ་སྐད་ཅིག་མ་གཅིག་པ་བསྩལ་པ་ཡིན་ནོ། །འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཚེ་རབས་སྔ་མ་དང་ཚེ་འདི་པའི་ཉོན་མོངས་པ་ཐམས་ཅད་སྦྱར་གྱི་སྐད་ཅིག་མ་གཅིག་ནི་མ་ཡིན་ནོ། །དེའི་ཕྱིར་དཔེར་ན་སྲེད་པ་རྣམ་པར་སྤྱད་པ་དག་ལ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གཞན་དག་ལ་ཡང་དེ་ལྟ་བུ་མཐོང་བས་དེ་ལྟ་བུ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །འདས་པའི་དུས་ཀྱི་སྐད་ཅིག་མ་གཅིག་ལ་སྲེད་པ་རྣམ་པར་སྤྱད་པ་བཅོ་བརྒྱད་ཇི་ལྟར་རུང་སྟེ། དེའི་ཕྱིར་འདས་པའི་ཚེ་རབས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །སྲེད་པར་རྣམ་པར་སྤྱད་པ་བཅོ་བརྒྱད་ནི་དགེ་སློང་དག་བདག་གོ་སྙམ་དུ་འཛིན་པ་ཡོད་ན། བདག་ནི་འདི་
ལྟ་བུ་ཞིག་ཡིན་ནོ་སྙམ་དུ་སེམས་པར་འགྱུར་ཞིང་བདག་ནི་དེ་འདི་ལྟ་ཞིག་ཡིན་ནོ་སྙམ་པ་དང༌། བདག་ནི་ཡོད་པ་ཡིན་ནོ་སྙམ་པ་དང༌། བདག་ནི་མེད་པ་ཡིན་ནོ་སྙམ་པ་དང༌། བདག་ནི་གཞན་དུ་ཡིན་ནོ་སྙམ་དུ་སེམས་པར་ཡང་འགྱུར་རོ། །འདི་འབྱུང་བར་འགྱུར་རོ་སྙམ་དུ་སེམས་པར་འགྱུར་ཞིང་འདི་འབྱུང་བར་མི་འགྱུར་རོ་སྙམ་པ་དང༌། འདི་ལྟ་བུར་འབྱུང་བར་འགྱུར་རོ་སྙམ་པ་དང༌། དེ་ལྟ་བུར་འབྱུང་བར་འགྱུར་རོ་སྙམ་པ་དང༌། གཞན་དུ་འབྱུང་བར་འགྱུར་རོ་སྙམ་དུ་སེམས་པར་ཡང་འགྱུར་རོ། །འདི་འབྱུང་བར་འགྱུར་སྙམ་དུ་སེམས་པར་འགྱུར་ཞིང༌། འདི་ལྟ་བུར་འབྱུང་བར་འགྱུར་རམ་སྙམ་པ་དང༌། དེ་ལྟ་བུར་འབྱུང་བར་འགྱུར་རམ་སྙམ་པ་དང༌། གཞན་དུ་འབྱུང་བར་འགྱུར་རམ་སྙམ་དུ་སེམས་པར་ཡང་འགྱུར་རོ། །འདི་འབྱུང་བར་འགྱུར་རམ་མི་འགྱུར་ཞིག་གུ་སྙམ་དུ་སེམས་པར་འགྱུར་ཞིང་དེ་ལྟར་འབྱུང་བར་འགྱུར་རམ་མི་འགྱུར་ཞིག་གུ་སྙམ་པ་དང༌། འདི་ལྟ་བུར་འབྱུང་བར་འགྱུར་རམ་མི་འགྱུར་ཞིག་གུ་སྙམ་པ་དང༌། གཞན་དུ་འབྱུང་བར་འགྱུར་རམ་མི་འགྱུར་ཞིག་གུ་སྙམ་དུ་སེམས་པར་ཡང་འགྱུར་རོ་ཞེས་བྱ་བ་ཡིན་ཏེ། ད་ལྟར་བྱུང་བའི་བར་དུ་ཡང་དེ་དང་འདྲའོ། །དེ་བཞིན་དུ་འདིར་ཡང་ཚེ་རབས་སྔ་མ་པ་དང་ཚེ་རབས་འདི་པའི་ཉོན་མོངས་པའི་རྒྱུན་མཐའ་དག་སྦྱར་གྱི་སྐད་ཅིག་མ་གཅིག་ནི་མ་ཡིན་ནོ། །དེ་ལྟར་རབ་ཏུ་བསྒྲུབས་ནས་འདོད་པ་བསྟན་པར་བྱ་བའི་ཕྱིར་ཉོན་མོངས་པ་གཉིས་པོ་དེས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཚེ་རབས་སྔ་མ་པ་དང་ཚེ་འདི་པ་ཞེས་བྱ་བའི་ཉོན་མོངས་པ་གཉིས་ཀྱིས་ད་ལྟར་བྱུང་བའི་རྒྱུ་དང་འདི་ལ་མ་འོངས་པ་བསྐྱེད་པའི་ཕྱིར་ས་བོན་གྱི་དངོས་པོ་སྟེ་བག་ཆགས་ཀྱི་མཚན་ཉིད་ཀྱི་ནུས་པ་བཞག་ལ། ས་བོན་གྱི་དངོས་པོ་དེ་སྤངས་པས་ཉོན་མོངས་པ་གཉིས་པོ་དེ་ཡང་སྤངས་པ་ཡིན་ཏེ། དཔེར་ན་རྣམ་པར་སྨིན་པ་ཟད་པས་རྣམ་པར་སྨིན་པ་ཉེ་བར་སྤྱད་ནས་ལས་ཟད་པར་འགྱུར་བ་ཉེ་བར་འདོགས་པ་དེ་དང་འདྲའོ། །
འོ་ན་མ་འོངས་པ་སྤངས་པ་ཇི་ལྟར་རྣམ་པར་གཞག །དེས་གང་ཞིག་སྤངས་པས་དེ་སྤང་བར་འགྱུར་བ་རྒྱུན་ལ་ས་བོན་གྱི་དངོས་པོ་བཞག་པ་ནི་མེད་དོ་ཞེ་ན། དེའི་ཕྱིར་མ་འོངས་པའི་སྡུག་བསྔལ་ལམ་ཉོན་མོངས་པ་ནི་ས་བོན་མེད་པའི་ཕྱིར་གཏན་དུ་མི་སྐྱེ་བ་སྤངས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ས་བོན་མེད་པ་ཡང་སོ་སོར་བརྟགས་པའི་སྟོབས་ཀྱིས་འགྱུར་རོ། །འདས་པ་འགགས་ཟིན་པ་དང་ད་ལྟར་བྱུང་བ་འགགས་པ་ལ་མངོན་དུམ་ཕྱོགས་པ་ལ་ནི་འབད་པ་སྟེ། གཉེན་པོ་བསྐྱེད་པའི་འབད་པ་དོན་དང་བཅས་པ་སྟེ། དགོས་པ་དང་བཅས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་གི་མཆོག་ནི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་ཟད་པ་སྟེ། སོ་སོར་བརྟགས་པས་འགོག་པ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ན་མེད་པ་རྣམས་ཀྱི་མཆོག་མེད་པ་ཡིན་པར་འོས་ཞེས་བྱ་བ་ནི་ཇི་ལྟར་ན་ནམ་མཁའ་ལ་སོགས་པ་འདུས་མ་བྱས་མེད་པ་རྣམས་ཀྱི་མཆོག་འདོད་ཆགས་དང་བྲལ་བ་འདུས་མ་བྱས་མེད་པ་ཡིན་པར་འོས་ཞེས་བྱ་བ་ཡིན་ནོ། །འདིའི་ལན་གདབ་པའི་ཕྱིར་མེད་པ་ཡང་ཁ་ཅིག་ཅེས་བྱ་བ་རྒྱས་པར་སྨོས་སོ། །གཉིས་པའི་ཞེས་བྱ་བ་ནི་གཉིས་པའི་ཀུན་འབྱུང་བའི་བདེན་པའི་འོག་ཏུ་རང་གི་ཤེས་རབ་ཀྱིས་མཐོང་བ་དང་གཞན་དག་ལ་བསྟན་པའི་སྒོ་ནས་བསྟན་པ་སྟེ་གསུམ་དུ་ཁ་སྐོང་བ་ནི་གསུམ་པ་ཡིན་ནོ། །ཅིར་འགྱུར་ཞེས་བྱ་བ་ནི་ཉེས་པ་ཅེར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །ཅི་ཞིག་ཏུ་ཡང་འགྱུར་ཞེས་བྱ་བ་ནི་ཡོན་ཏན་ཅི་ཞིག་ཏུ་འགྱུར་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཏུ་ཡང་འགྱུར་ཞེས་ཡོན་ཏན་ཡོངས་སུ་དྲིས་པ་དང༌། བྱེ་བྲག་ཏུ་སྨྲ་བའི་ཕྱོགས་བསྐྱབ་པར་འགྱུར་རོ་ཞེས་བྱ་བ་སྨོས་སོ། །ཅིར་འགྱུར་ཞེས་བྱ་བ་ཉེས་པ་ཅིར་འགྱུར་ཞེས་སྨྲས་པ་གང་ཡིན་པ་དེ་ལ་ཡང་དག་པ་མ་ཡིན་པ་ཀུན་དུ་བརྟགས་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཉེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །གཟུགས་དང་ཚོར་བ་ལ་སོགས་པ་བཞིན་དུ་ཞེས་བྱ་བ་ནི་མངོན་
སུམ་གྱི་སྒོ་ནས་སོ། །མིག་ལ་སོགས་པ་བཞིན་དུ་ཞེས་བྱ་བ་ནི་ལས་ཀྱི་སྒོ་ནས་སོ། །རྗེས་སུ་དཔག་པའི་སྒོ་ནས་ཞེས་བྱ་བའི་ཐ་ཚིག་གོ །འདི་ནི་ལན་དུ་མ་ཞིག་བཤད་ཟིན་ཏོ། །དངོས་པོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་དངོས་པོའོ། །རྒྱུ་དང་འབྲས་བུ་ལ་སོགས་པའི་དངོས་པོ་མི་སྲིད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་བདག་དང་བདག་པོ་དང་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་པ་ལ་སོགས་པ་བསྡུས་ཏེ། དངོས་པོ་འགགས་པ་ནི་རྒྱུ་དང་འབྲས་བུ་དང་ཡན་ལག་དང་ཡན་ལག་ཅན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་མ་ཡིན་ནོ། །འོ་ན་དེ་ཐོབ་པར་ངེས་པའི་རྒྱུ་གང་ཞིག་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འགོག་པ་འདི་ཁོ་ནའི་ཐོབ་པ་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ་ཞེས་འགོག་པ་དེ་ཐོབ་པར་ངེས་པ་གང་ཡིན་པ་སྟེ་ངེས་པར་ཐོབ་པ་དེའི་རྒྱུ་གང་ཞིག་ཡིན། འགོག་པ་ནི་ཐོབ་པ་དང་ལྷན་ཅིག་འབྲེལ་པ་ཅི་ཡང་མེད་དེ། རྒྱུ་དང་འབྲས་བུ་ལ་སོགས་པའི་འབྲེལ་པ་མི་སྲིད་པའི་ཕྱིར་རོ། །མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་གནས་པ་ཞེས་བྱ་བའི་ཐ་ཚིག་སྟེ། གལ་ཏེ་འདིའི་དངོས་པོ་མེད་པ་ཡིན་ན་ཇི་ལྟར་ཐོབ་པར་རུང༌། གཉེན་པོ་ཐོབ་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འཕགས་པའི་ལམ་ཐོབ་པས་ཉོན་མོངས་པ་དང་ཡང་སྲིད་པའི་སྐྱེ་བ་དང་ཤིན་ཏུ་འགལ་བའི་རྟེན་ཐོབ་པའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱའོ། །དངོས་པོ་མེད་པ་ཙམ་ཉིད་དུ། །ཞེས་བྱ་བ་ལ་ཙམ་ཞེས་བྱ་བའི་སྒྲ་ནི་རྫས་གཞན་ཉིད་ཡིན་པ་བཟློག་པ་ཡིན་པའི་ཕྱིར་རོ། །འདི་སྐད་དུ་སྡུག་བསྔལ་འདི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྤངས་པ་ཞེས་བྱ་བ་ནས་འབྱུང་བ་མེད་པ་ཞེས་བྱ་བའི་བར་འདི་དག་ནི་རྣམ་གྲངས་ཀྱི་སྒྲ་ཡིན་ནོ། །འབྱུང་བ་མེད་པ་ཞེས་བྱ་བ་འདི་ནི་གསལ་བས་དཔེར་བརྗོད་པར་བཤད་པ་ཡིན་ཏེ། འདིར་འབྱུང་བར་མི་འགྱུར་བས་དེའི་ཕྱིར་འབྱུང་བ་མེད་པའོ་ཞེས་བྱ་བ་ནི་གཞིར་
བསྒྲུབ་པ་ཡིན་ནོ་ཞེས་སྟོན་པར་བྱེད་ཀྱི་མི་འབྱུང་བས་ན་འབྱུང་བ་མེད་པའོ་ཞེས་བྱ་བར་ངོ་བོ་སྒྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གང་ཁོ་ནས་དེ་འཐོབ་པར་ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་ལམ་གང་གིས་སྤངས་པ་འཐོབ་པར་ཡོངས་སུ་རྟོག་པའི་ལམ་དེ་ཡོད་དམ་ཐོབ་ན་སྡུག་བསྔལ་མི་འབྱུང་བར་འདོད་པར་གྱིས་ཤིག །གཞན་མྱ་ངན་ལས་འདས་པ་ཡོངས་སུ་བརྟགས་པས་ཅི་ཞིག་བྱ་བ་ཡིན་ནོ། །དེའི་སེམས་ཀྱི་རྣམ་པར་ཐར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ཚེའི་ཡིན་ནོ། །དངོས་པོ་ཇི་ལྟ་བ་བཞིན་ནི་དམིགས་པ་ཇི་ལྟ་བ་བཞིན་ནོ། །ལྡན་པའི་དངོས་པོ་ནི་གང་ལ་ཉོན་མོངས་པ་དང་ལྡན་པར་འགྱུར་བའོ། །དངོས་པོ་དང་བཅས་པའི་ཆོས་རྣམས་ཞེས་བྱ་བ་ནི་རྒྱུ་དང་བཅས་པ་རྣམས་སོ། །ཡོངས་སུ་གཟུང་བའི་དངོས་པོ་ནི་ཡོངས་སུ་གཟུང་བར་བྱ་བ་ཡིན་པས་ན་ཡོངས་སུ་གཟུང་བའོ། །ཐ་མར་བསྟན་པའི་ཕྱིར་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་མཇུག་ནས་རྣམ་པར་སྨིན་པའི་རྒྱུ་འབྱུང་སྟེ། དེའི་འབྲས་བུ་ནི་རྣམ་པར་སྨིན་པ་ཁོ་ན་ཡིན་ནོ། །བྱེད་རྒྱུའི་རྒྱུ་ནི་ཚིགས་སུ་བཅད་པའི་དང་པོ་ནས་འབྱུང་བའི་ཕྱིར་དང་པོ་ཡིན་ཏེ། དེའི་འབྲས་བུ་ནི་བདག་སྐྱེས་ཡིན་ནོ། །བདག་ནི་བདག་པོ་ཡིན་ནོ། །དེ་ལས་སྐྱེས་པ་ནི་བདག་སྐྱེས་ཏེ་བདག་པོའི་འབྲས་བུ་ཞེས་བྱ་བའི་ཐ་ཚིག་གོ །ཁ་ཅིག་ནི། བདག་པོའི་འབྲས་བུ་དང་པོའི་ཡིན་ཞེས་བྱ་བར་འདོན་ཏེ། འབྲས་བུ་འདི་བདག་པོའི་ཡིན་པས་ན་བདག་པོའིའོ། །འོ་ན་ནི་དབང་བྱེད་པ་ཞེས་བྱ་བར་འགྱུར་རོ། །འོན་ཏེ་དམིགས་ཀྱིས་བསྩལ་བའི་ཡུལ་ལ་ཡང་སྤྱིར་བསྟན་པར་སྦྱར་རོ་ཞེས་བྱ་བར་འགྱུར་ན་ནི་དེ་ལྟ་བུའི་ངོ་བོར་ཡང་འགྱུར་རོ། །དེ་ཉིད་དབང་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་མི་སྒྲིབ་པའི་དངོས་པོ་ཙམ་དུ་གནས་པ་གང་ཡིན་པའོ། །སྐྱེད་པའི་དངོས་པོ་ཡང་ཡོད་ཅེས་བྱ་བ་ནི་གཙོ་བོའི་དངོས་པོ་ཡང་སྟེ་སྐྱེད་པར་བྱེད་པའི་དངོས་པོ་ཡང་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན་འདིས་ནི་བྱེད་རྒྱུའི་རྒྱུ་བྱེད་པ་པོ་དང་བཏང་སྙོམས་སུ་འཇུག་པ་རྣམ་པ་གཉི་ག་ལ་ཡང་བདག་པོའི་འབྲས་བུ་
ཡོད་དོ་ཞེས་བསྟན་པར་འགྱུར་རོ། །འདུས་མ་བྱས་ནི་མ་གཏོགས་ཏེ་འདི་ལྟར། སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་འཆད་པར་འགྱུར་རོ། །སྐྱེ་མཆེད་བཅུ་ཞེས་བྱ་བ་ནི་མིག་དང་གཟུགས་ཀྱི་སྐྱེ་མཆེད་དག་ནས། ལུས་དང་རེག་བྱའི་སྐྱེ་མཆེད་དག་གི་བར་ཡིན་ཏེ། མིག་དང་གཟུགས་རྣམས་ལ་བརྟེན་ཏེ་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་ནས་ལུས་དང་རེག་བྱ་རྣམས་ལ་བརྟེན་ཏེ་ལུས་ཀྱི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བའི་བར་འབྱུང་བའི་ཕྱིར་རོ། །འདི་ཡང་བྱེད་རྒྱུའི་རྒྱུ་ཁོ་ན་ཡིན་ཏེ། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ལྷན་ཅིག་འབྱུང་བའི་རྒྱུ་ལ་སོགས་པ་རྒྱུ་ལྔ་པོ་དག་ཡིན་པར་ནི་མི་སྲིད་དོ། །ཡིད་ཀྱི་སྐྱེ་མཆེད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་སྐལ་པ་མཉམ་པའི་རྒྱུ་ལ་སོགས་པ་ཡིན་པར་སྲིད་ལ་ཆོས་ཀྱི་སྐྱེ་མཆེད་ཀྱང་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་ལ་སོགས་པ་ཡིན་པར་སྲིད་པས་བྱེད་རྒྱུའི་རྒྱུ་ཁོ་ན་ཡིན་ནོ་ཞེས་ངེས་པར་མ་བཟུང་ངོ༌། །དེ་ལྟ་བས་ན་སྐྱེ་མཆེད་བཅུ་ཞེས་བཤད་ཀྱི། སྐྱེ་མཆེད་བཅུ་གཉིས་ཞེས་ནི་མ་བཤད་དོ། །སྣོད་ཀྱི་འཇིག་རྟེན་ལ་ལས་རྣམས་ལྟ་བུའོ་ཞེས་བྱ་བ་ཅི་ཞེ་ན། བྱེད་རྒྱུའི་རྒྱུ་ལ་བསྐྱེད་པའི་དངོས་པོ་ཡང་ཡོད་ཅེས་བྱ་བར་སྐབས་དང་སྦྱར་རོ། །སྣོད་ཀྱི་འཇིག་རྟེན་ནི་ལས་དགེ་བ་དང་མི་དགེ་བས་བསྐྱེད་པ་ལུང་དུ་མ་བསྟན་པ་ཡིན་ཡང་རྣམ་པར་སྨིན་པ་ཡིན་པར་མི་འདོད་དེ། རྣམ་པར་སྨིན་པ་ནི་སེམས་ཅན་ཞེས་བྱ་བ་ཡིན་པར་མཚན་ཉིད་ལས་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་བདག་པོའི་འབྲས་བུ་འདི་ནི་བྱེད་རྒྱུའི་རྒྱུ་ཡིན་ནོ། །མིག་འབའ་ཞིག་ལ་ཡོད་པ་མ་ཡིན་གྱི། རྣ་བ་ལ་སོགས་པ་ཡང་ཡོད་དོ། །ཅི་ཞེ་ན། མིག་གི་རྣམ་པར་ཤེས་པ་བསྐྱེད་པ་ལ་བརྒྱུད་པས་དབང་བྱེད་པ་སྟེ་མིག་ལྟ་བུར་མངོན་སུམ་དུ་མ་ཡིན་ནོ། །ཇི་ལྟར་ཤེས་ཤེ་ན་སྨྲས་པ། ཐོས་ན་ལྟ་བར་འདོད་པར་འབྱུང་བའི་ཕྱིར་ཏེ། ལྟ་བར་འདོད་པ་རྣམས་ལ་མིག་གི་རྣམ་པར་ཤེས་པ་སྐྱེའོ་སྙམ་དུ་བསམས་པ་ཡིན་
ནོ། །དེ་ལྟ་བུ་ལ་སོགས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི་བསྣམས་ནས་ལྟ་བར་འདོད་ན་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྦྱར་བར་བྱ་བ་ཡིན་ནོ། །རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །ཞེས་བྱ་བ་ནི་འབྲས་བུ་ཞེས་བྱ་བར་སྦྱར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི་སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བའི་རྒྱུ་དག་ཁོ་ནའི་ཡིན་ནོ་ཞེས་བྱ་བར་ངེས་པར་གསུངས་ཏེ། དེ་གཉིས་ཀྱི་མཇུག་ཐོགས་སུ་འབྱུང་བ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཡང་ཡིན་ནོ། །སྐྱེས་བུ་ནི་གཉིས་ཀྱིས་ཡིན་ཞེས་བྱ་བ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ན་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་གི་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་ངོ༌། །སྐྱེས་བུའི་འབྲས་བུ་ནི་སྐྱེས་བུ་པའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་བྱ་བའི་ཐ་ཚིག་སྟེ། སྐྱེས་བུ་བྱེད་པ་ནི་སྐྱེས་བུའི་དངོས་པོ་དང་ཐ་མི་དད་པའི་ཕྱིར་རོ། །སྐྱེས་བུའི་དངོས་པོ་དང་ཐ་མི་དད་པའི་ཕྱིར་སྐྱེས་བུའི་ལས་ཉིད་སྐྱེས་བུ་བྱེད་པ་ཡིན་ལ། སྐྱེས་བུ་ལས་གཞན་པ་ནི་མ་ཡིན་ཏེ། སངས་རྒྱས་པ་དག་ནི་ལས་དང་ལྡན་པ་དག་ལས། ལས་གཞན་ཡིན་པར་མི་འདོད་དོ། །དེ་ལྟ་བས་ན་སྐྱེས་བུ་བྱེད་པའི་འབྲས་བུ་གང་ཡིན་པ་དེ་ནི་སྐྱེས་བུ་ཁོ་ནའི་ཡིན་པས་སྐྱེས་བུ་པ་ཞེས་བཤད་དོ། །ཆོས་གང་གི་བྱེད་པ་གང་ཡིན་པ་ཞེས་བྱ་བ་ནི་ཆོས་གང་གི་ལས་ཏེ་བྱ་བ་གང་ཡིན་པ་དེ་ནི་དེའི་སྐྱེས་བུ་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ནང་གི་བྱེད་པའི་སྐྱེས་བུ་མེད་པའི་ཕྱིར་སྐྱེས་བུ་ཞེས་བྱ་བ་ནི་ཆོས་ཙམ་དུ་ཟད་པས་དེའི་ཕྱིར་ཆོས་བྱེད་པ་ཞེས་བྱ་བར་འགྱུར་གྱི་སྐྱེས་བུ་བྱེད་པ་ཞེས་བྱ་བར་ནི་མི་འགྱུར་བ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་སྐྱེས་བུའི་བྱེད་པ་ལྟ་བུ་ནི་སྐྱེས་བུ་བྱེད་པ་སྟེ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་ན་བརྟགས་པའི་སྐྱེས་བུའི་སྐྱེས་བུ་བྱེད་པ་ཇི་ལྟ་བར་ཆོས་ཀྱི་ཡང་དེ་དང་འདྲ་བས་སྐྱེས་བུའི་བྱེད་པ་ལྟ་བུར་སྐྱེས་བུ་བྱེད་པ་ཡིན་ནོ། །དཔེ་བསྟན་པའི་ཕྱིར་སྨན་བྱ་རོག་རྐང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨན་བྱ་རོག་གི་རྐང་པ་ལྟ་བུ་ལ་བྱ་རོག་རྐང་ཞེས་བྱ་བ་དང༌། མི་གང་ཞིག་གླང་པོ་ཆེ་མྱོས་པ་ལྟ་བུའམ་དཔའ་བོར་མཐོང་བ་དེ་ལ་གླང་པོ་ཆེ་མྱོས་པ་ཞེས་བྱ་བ་བཞིན་ནོ། །ཅི་གཞན་
དག་ལ་ཡང་ཞེས་བྱ་བ་ནི་རྒྱུ་དག་ལའོ། །རྣམ་པར་སྨིན་པའི་རྒྱུ་མ་གཏོགས་པ་གཞན་དག་ལ་ཡང་ཡོད་དེ་ཞེས་བྱ་བ་ནི་སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བ་དང་བྱེད་རྒྱུའི་རྒྱུ་དག་ལའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་འབྱུང་བའམ་དེ་མ་ཐག་ཏུ་འབྱུང་བ་ཡིན་ཞེས་བྱ་བ་སྨོས་ཏེ། ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་གི་འབྲས་བུ་ལྷན་ཅིག་འབྱུང་བར་བཤད་ལ། དེ་ཡང་སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ན་ཡིན་ཏེ། འབྲས་བུ་གཞན་ལྷན་ཅིག་འབྱུང་བ་ནི་མེད་དོ། །སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བའི་རྒྱུ་དག་གི་ནི་དེ་མ་ཐག་ཏུ་འབྱུང་བ་ཁོ་ན་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ནོ། །བྱེད་རྒྱུའི་རྒྱུ་ནི་གཉི་ག་ཡིན་ནོ། །ཡང་ཅི་སྐྱེས་བུ་བྱེད་པའི་འབྲས་བུ་རྒྱུ་མཐུན་པའི་འབྲས་བུ་དང་བདག་པོའི་འབྲས་བུ་ལས་གཞན་པ་ཞིག་ཡིན་ནམ་ཞེ་ན། སྨྲས་པ་མ་ཡིན་ཏེ། འབྲས་བུ་དེ་ཁོ་ན་དེ་དང་དེའི་མིང་འཐོབ་བོ། །འདི་ལྟར་དེ་ནི་རྒྱུ་དང་འདྲ་བར་འབྱུང་བའི་ཕྱིར་རྒྱུ་མཐུན་པའི་འབྲས་བུ་ཡང་ཡིན་ནོ། །དེའི་སྟོབས་ཀྱིས་འབྱུང་བའི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ་ཡང་ཡིན་ནོ། །བགེགས་མི་བྱེད་པའི་དངོས་པོར་གནས་པས་འབྱུང་བའི་ཕྱིར་བདག་པོའི་འབྲས་བུ་ཡང་ཡིན་ནོ། །རྣམ་པར་སྨིན་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ཅི་ཞེ་ན། ལྷན་ཅིག་འབྱུང་བའམ་དེ་མ་ཐག་ཏུ་བྱུང་བ་ཞེས་བྱ་བར་སྐབས་དང་སྦྱར་རོ། །རྣམ་སྨིན་ལུང་དུ་མ་བསྟན་ཆོས། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལུང་དུ་མ་བསྟན་པ་ཁོ་ན་དང་སེམས་ཅན་ཞེས་བྱ་བ་ཁོ་ན་དང༌། ལུང་དུ་བསྟན་པ་ལས་བྱུང་བ་ཁོ་ནའོ་ཞེས་བྱ་བར་ངེས་པར་གཟུང་སྟེ། ལུང་དུ་མ་བསྟན་ཞེས་བྱ་བ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པར་བརྗོད་པར་འདོད་པ་ཡིན་ནོ། །གང་ལ་སེམས་ཅན་ཞེས་བརྗོད་པ་ཡོད་པ་དེ་ནི། སེམས་ཅན་བརྗོད་པ་སྟེ་སེམས་ཅན་གྱི་རྒྱུན་ལས་སྐྱེས་པ་ཞེས་བྱ་བའི་ཐ་ཚིག་གོ །ལུང་དུ་མ་བསྟན་པ་ལས་ཕྱིས་བྱུང་བ་ནི་ལུང་བསྟན་ཕྱིས་བྱུང་བ་སྟེ། རྒྱས་པ་ལས་བྱུང་བ་དང་རྒྱུ་མཐུན་པ་དག་ནི་ལུང་དུ་བསྟན་པ་ལས་བྱུང་བ་མ་ཡིན་
ནོ། །བསམ་གཏན་གྱི་ཁྱད་པར་ལ་སྙོམས་པར་ཞུགས་པའི་དབང་པོའི་འབྱུང་བ་ཆེན་པོ་རྒྱས་པར་འབྱུང་བ་དེ་ཡང་ལུང་དུ་བསྟན་པ་ལས་བྱུང་བས་དེ་རྣམ་པར་སྨིན་པ་ཡིན་པར་འགྱུར་ལ། སྤྲུལ་པའི་སེམས་ཀྱང་ཏིང་ངེ་འཛིན་གྱི་སེམས་ལས་བྱུང་བའི་ཕྱིར་དེ་དང་འདྲ་བ་ཁོ་ནར་འགྱུར་བ་ཡིན་ནམ་ཞེ་ན། དེ་ནི་ཉེས་པ་མེད་དེ་ལུང་བསྟན་ཕྱིས་བྱུང་ཞེས་བྱ་བ་ལ་ཕྱིས་ཞེས་བྱ་བའི་སྒྲ་ནི་དུས་ཕྱི་མའི་དོན་ཡིན་པས་ལུང་དུ་བསྟན་པ་དགེ་བ་དང་མི་དགེ་བ་ལས་དུས་ཕྱིས་ཁོ་ན་འབྱུང་གི་ཅིག་ཅར་ཡང་མ་ཡིན་ལ་དེ་མ་ཐག་ཏུ་ཡང་མ་ཡིན་པ་གང་ཡིན་པ་དེ་ལ་རྣམ་པར་སྨིན་པ་ཞེས་བྱའོ། །ཏིང་ངེ་འཛིན་ལས་སྐྱེས་པའི་རྒྱས་པ་ནི་ཏིང་ངེ་འཛིན་དང་ལྷན་ཅིག་ཏུ་ཡང་འབྱུང་ལ་དེ་མ་ཐག་ཏུ་ཡང་འབྱུང་ངོ༌། །སྤྲུལ་པའི་སེམས་ནི་དེ་མ་ཐག་པ་ཁོ་ནར་འབྱུང་ངོ༌། །རྣམ་པར་སྨིན་པ་ནི་ས་མཚུངས་པ་ཁོ་ན་ཡིན་པར་འདོད་ལ། དེ་གཉིས་ནི་ས་ཐ་དད་པ་ཡང་ཡིན་པས་རྣམ་པར་སྨིན་པ་ཡིན་པར་ཐལ་བ་མེད་དོ། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །ཞེས་བྱ་བ་ནི་དགེ་བ་དང་ཉོན་མོངས་པ་ཅན་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་འདྲ་བའི་དབང་དུ་བྱས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་དགེ་བར་འདྲ་བའི་ཕྱིར་ཟག་པ་མེད་པ་ཡང་རྒྱུ་དགེ་བ་ཟག་པ་དང་བཅས་པའི་རྒྱུ་མཐུན་པའི་འབྲས་བུར་འགྱུར་རོ་ཞེ་ན་མ་ཡིན་ཏེ། རིས་མི་མཐུན་པའི་ཕྱིར་རོ། །སྐལ་བ་མཉམ་པའི་རྒྱུ་ནི་རིས་མཐུན་པ་ཡིན་པར་འདོད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །དེ་ནི་ས་དང་པོ་ཉོན་མོངས་པ་ཅན་ལས་འདྲ་བ་ཡིན་གྱི་ཞེས་བྱ་བ་ནི་ཀུན་དུ་འགྲོ་བའི་རྒྱུ་ནི་ས་དང་ཉོན་མོངས་པ་ཅན་ལས་འདྲ་བ་ཡིན་པའོ། །གང་དང་ལྷན་ཅིག་ཅེ་ན། འབྲས་བུ་དང་ངོ༌། །ཇི་ལྟ་ཞེ་ན། རེ་ཞིག་ས་ལས་ནི་ཀུན་དུ་འགྲོ་བའི་རྒྱུ་ཡང་འདོད་པ་ན་སྤྱོད་པ་ནས་སྲིད་པའི་རྩེ་མོའི་བར་ཡིན་ལ། དེའི་འབྲས་བུ་ཡང་འདོད་པ་ན་སྤྱོད་པ་ནས་སྲིད་པའི་རྩེ་མོ་པའི་བར་ཡིན་ནོ། །ཉོན་མོངས་པ་ཅན་ལས་ནི་ཀུན་དུ་འགྲོ་བའི་རྒྱུ་ཡང་ཉོན་མོངས་པ་ཅན་ཡིན་ལ། དེའི་འབྲས་བུ་ཡང་ཉོན་མོངས་པ་ཅན་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་ཇི་ལྟ་བར་རྣམ་པ་ལས་ཀྱང་དེ་དང་འདྲ་བ་ནི་མ་
ཡིན་ནོ། །གང་ཞིག་རྣམ་པ་ལས་ཀྱང་འདྲ་བ་ཞེས་བྱ་བ་ནི་ཀུན་དུ་འགྲོ་བའི་རྒྱུ་གང་ཞིག་རང་གི་འབྲས་བུ་དེ་རྣམ་པ་ལས་ཀྱང་འདྲ་བའི་ཀུན་དུ་འགྲོ་བའི་རྒྱུ་དེ་ནི་སྐལ་བ་མཉམ་པའི་རྒྱུ་ཡིན་ཞེས་བྱ་བར་ཁས་ལེན་པ་ཉིད་དོ། །ས་དང་ཉོན་མོངས་པ་ཅན་ཉིད་དུ་འདྲ་བའི་ཕྱིར་ཀུན་དུ་འགྲོ་བའི་རྒྱུ་ཡིན་ལ། དེ་རྣམ་པའི་སྒོ་ནས་ཀྱང་འདྲ་བའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ཡང་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཉི་གའི་ངོ་བོ་ཉིད་ཡིན་པ་ཉིད་ཀྱིས་མུ་གསུམ་པ་སྲིད་པའི་ཕྱིར་མུ་བཞིར་བྱའོ། །མུ་དང་པོ་ནི་སྐལ་བ་མཉམ་པའི་རྒྱུ་ཀུན་དུ་འགྲོ་བ་མ་ཡིན་པའོ་ཞེས་བྱ་བ་ནི་སྐལ་བ་མཉམ་པའི་རྒྱུ་འདོད་ཆགས་ལ་སོགས་པ་སྟེ། དེ་ནི་རང་གི་རིས་ཀྱི་ཉོན་མོངས་པའི་སྐལ་བ་མཉམ་པའི་རྒྱུ་ཁོ་ན་ཡིན་གྱི་ཀུན་དུ་འགྲོ་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ཀུན་དུ་འགྲོ་བའི་རྒྱུ་ནི་མ་ཡིན་ནོ། །གཉིས་པ་ནི་རིས་གཞན་པའི་ཀུན་དུ་འགྲོ་བའི་རྒྱུའོ་ཞེས་བྱ་བ་ནི་ཀུན་དུ་འགྲོ་བའི་རྒྱུ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཡིན་ཏེ། དེ་ནི་ཀུན་དུ་འགྲོ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང༌། རིས་གཞན་གྱི་ཉོན་མོངས་པ་ཅན་གྱི་རྒྱུ་ཡིན་པའི་ཕྱིར་ཀུན་དུ་འགྲོ་བའི་རྒྱུ་ཁོ་ན་ཡིན་གྱི་རིས་གཞན་གྱི་ཉོན་མོངས་པ་ཅན་གྱི་སྐལ་བ་མཉམ་པའི་རྒྱུ་ཉིད་ཡིན་པ་མེད་པའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ནི་མ་ཡིན་ནོ། །གསུམ་པ་ནི་རིས་གཅིག་པའི་ཀུན་དུ་འགྲོ་བའི་རྒྱུའོ་ཞེས་བྱ་བ་ནི་ཀུན་དུ་འགྲོ་བའི་རྒྱུ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཡིན་ཏེ། དེ་ནི་རིས་གཅིག་པའི་ཉོན་མོངས་པ་ཅན་དང་འདྲ་བའི་ཕྱིར་རིས་གཅིག་པའི་ཉོན་མོངས་པའི་སྐལ་བ་མཉམ་པའི་རྒྱུ་ཡིན་ལ། དེ་ནི་རིས་གཅིག་པའི་ཉོན་མོངས་པ་ཅན་གྱི་རྒྱུ་ཉིད་ཡིན་པའི་ཚུལ་གྱིས་དེའི་ཀུན་དུ་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་དང༌། ཀུན་དུ་འགྲོ་བའི་རྒྱུ་ཉིད་དང་ལྡན་པའི་ཕྱིར་ཀུན་དུ་འགྲོ་བའི་རྒྱུ་ཡང་ཡིན་ནོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་མུ་གསུམ་བཤད་པའི་ཆོས་ཀྱི་རྣམ་པ་དག་མ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟ་སྟེ་ཉོན་མོངས་པ་ཅན་གྱི་ཆོས་དག་ནི་དགེ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ཏེ། མི་འདྲ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དང་དགེ་བ་རྣམས་ནི་ཉོན་
མོངས་པ་ཅན་མ་ཡིན་པའི་ཕྱིར་ཀུན་དུ་འགྲོ་བའི་རྒྱུ་ཡང་མ་ཡིན་ཏེ། དེ་བཞིན་དུ་དགེ་བ་རྣམས་ཉོན་མོངས་པ་ཅན་དག་གི་མ་ཡིན་པ་ཡང་སྦྱར་བར་བྱའོ། །ཉོན་མོངས་པ་ཅན་དག་ཀྱང་ཉོན་མོངས་ཅན་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡང་མ་ཡིན་ལ། ཀུན་དུ་འགྲོ་བའི་རྒྱུ་ཡང་མ་ཡིན་ཏེ། འདི་ལྟ་སྟེ། འདོད་ཆགས་ལ་སོགས་པ་ནི་རིས་གཞན་པ་ཡིན་པའི་ཕྱིར་རིས་གཞན་པའི་ཉོན་མོངས་པ་ཅན་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡང་མ་ཡིན་ལ། འདོད་ཆགས་ལ་སོགས་པ་ཀུན་དུ་འགྲོ་བ་མ་ཡིན་པའི་ཕྱིར་ཀུན་དུ་འགྲོ་བའི་རྒྱུ་ཡང་མ་ཡིན་ནོ། །ཀུན་དུ་འགྲོ་བའི་ཆོས་དག་ཀྱང་རིས་གཅིག་པའི་ཉོན་མོངས་པ་ཅན་རྣམས་ཀྱི་ཡང་སྐལ་བ་མཉམ་པའི་རྒྱུ་ཡང་མ་ཡིན་ལ། ཐམས་ཅད་དུ་འགྲོ་བའི་རྒྱུ་ཡང་མ་ཡིན་ཏེ། གལ་ཏེ་དེ་དག་མ་འོངས་པ་ཡིན་ན་ཞེས་བྱ་བར་སྦྱར་རོ། །བྲལ་བའི་བློ་ཡིས་ཟད་པའོ། །ཞེས་བྱ་བ་ནི་བློས་ཐོབ་པར་བྱ་བའི་འགོག་པ་ནི་བྲལ་བའི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེས་ན་ཞེས་བྱ་བ་ནི་རྒྱུ་དེས་ན་སྟེ། གང་གི་ཕྱིར་ཟད་པ་ནི་འགོག་པ་ཡིན་ལ་བློ་དེ་ནི་ཤེས་རབ་ཡིན་པའི་རྒྱུ་དེས་ནི་སོ་སོར་བརྟགས་པས་འགོག་པ་ནི་བྲལ་བའི་འབྲས་བུ་ཡིན་ནོ་ཞེས་བཤད་པར་འགྱུར་རོ་ཞེས་སྟོན་ཏེ། གང་གི་སྟོབས་ཀྱིས་གང་སྐྱེ་བ། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་སྟོབས་ནི། གང་གིས་སྟོབས་སོ་ཞེས་དྲུག་པར་ཚིག་བསྡུས་ཏེ། གང་གི་སྟོབས་ཀྱིས་འདུས་བྱས་གང་སྐྱེ་བའི་འབྲས་བུ་དེ་ནི་དེའི་སྐྱེས་བུ་བྱེད་པ་ལས་སྐྱེས་པ་ཡིན་ནོ། །སྐྱེས་བུ་བྱེད་པ་ལས་སྐྱེས་པ་ནི་སྐྱེས་བུ་བྱེད་པ་ལས་སྐྱེས་པ་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་བྱ་བའི་ཐ་ཚིག་གོ །དཔེར་བརྗོད་པ་སྟོན་པར་བྱེད་དེ། དཔེར་ནས་འོག་མ་པ་འདོད་པ་ན་སྤྱོད་པ་དེའི་སྦྱོར་བའི་སེམས་ཀྱི་འབྲས་བུ་ས་གོང་མ་པ་བསམ་གཏན་དང་པོའི་ས་པ་འམ་བསམ་གཏན་གཉིས་པའི་ས་པའི་ཏིང་ངེ་འཛིན་ལྟ་བུ་སྟེ་སྐྱེས་བུ་བྱེད་པ་ལས་སྐྱེས་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཟག་པ་དང་བཅས་པའི་ཟག་པ་མེད་པ་དང་བསམ་གཏན་གྱི་སེམས་ཅན་སེམས་ཀྱི་སྤྲུལ་པའི་སེམས་ཀྱང་འབྲས་བུ་དེ་ཁོ་ན་
ཡིན་ནོ། སོགས་པ་ཞེས་བྱ་བའི་སྒྲས་ནི་གཞན་ཡང་དཔེར་ན་འདོད་པ་ན་སྤྱོད་པའི་འཆི་བའི་སེམས་ལས་གཟུགས་ན་སྤྱོད་པའི་སྲིད་པ་བར་མའི་སྐད་ཅིག་མ་དང་པོ་ལྟ་བུའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྡུའོ། །རིས་མི་མཐུན་པ་དཔེར་བརྗོད་པ་ནི་རྒྱུ་མཐུན་པའི་འབྲས་བུ་བསྩལ་བའི་ཕྱིར་ཏེ། ས་ཐ་དད་པ་ནི་རྒྱུ་དང་འདྲ་བ་མ་ཡིན་པས་ས་གོང་མ་པའི་ཏིང་ངེ་འཛིན་ཀྱང་ས་འོག་མ་པའི་སྦྱོར་བའི་སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་མ་ཡིན་ལ། ཟག་པ་མེད་པ་ཡང་ཟག་པ་དང་བཅས་པའི་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །རྒྱུ་མཐུན་པའི་འབྲས་བུ་ཐམས་ཅད་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པ་ནི་མ་ཡིན་ཏེ། གང་ཞིག་གང་གི་སྟོབས་ཀྱིས་སྐྱེ་ཞིང་འདྲ་བ་དང་ས་མཚུངས་པ་དང་དེ་མ་ཐག་པ་ཡིན་པ་དེ་ནི་དེའི་སྐྱེས་བུ་བྱེད་པའི་འབྲས་བུ་ཡང་ཡིན་ལ། རྒྱུ་མཐུན་པའི་འབྲས་བུ་ཡང་ཡིན་ནོ། །འདི་ལ་མུ་བཞི་པར་ཡང་འགྱུར་ཏེ། སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ན་ཡིན་ལ་རྒྱུ་མཐུན་པའི་འབྲས་བུ་མ་ཡིན་པ་ཡང་ཡོད་དེ། ཇི་སྐད་བཤད་པ་ལྟ་བུའོ། །རྒྱུ་མཐུན་པའི་འབྲས་བུ་ཁོ་ན་ཡིན་ལ། སྐྱེས་བུ་བྱེད་པའི་འབྲས་བུ་མ་ཡིན་པ་ཡང་ཡོད་དེ། སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བའི་རྒྱུ་དག་གི་འབྲས་བུ་བར་དུ་ཆོད་པ་ལྟ་བུའོ། །གཉི་ག་ཡིན་པ་ཡང་ཡོད་དེ། སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བའི་རྒྱུ་དག་གི་འབྲས་བུ་དེ་མ་ཐག་ཏུ་འབྱུང་བ་ལྟ་བུའོ། །གཉི་ག་མ་ཡིན་པ་ཡང་ཡོད་དེ། དཔེར་ན་རྣམ་པར་སྨིན་པའི་རྒྱུའི་འབྲས་བུ་རྣམ་པར་སྨིན་པ་ལྟ་བུའོ། །སོ་སོར་བརྟགས་པས་འགོག་པ་ཡང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པར་ནི་འདོད་མོད་ཀྱི། རྟག་པའི་ཕྱིར་འདི་རྒྱུའི་སྟོབས་ཀྱིས་སྐྱེ་བ་ནི་མ་ཡིན་ཏེ། དེའི་ཕྱིར་ཚིག་ལེའུར་བྱས་པ་ལས་མ་བཤད་དོ། །དེ་ཉེ་བར་སྦྱར་བའི་ཕྱིར་སོ་སོར་བརྟགས་པས་འགོག་པ་ནི་གང་གི་སྟོབས་ཀྱིས་འཐོབ་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་སྨོས་སྟེ། །སོ་སོར་བརྟགས་པས་འགོག་པ་ནི་སོ་སོར་བརྟགས་པའི་སྟོབས་ཀྱིས་འཐོབ་སྟེ། དེ་ལྟ་བས་ན་སོ་སོར་བརྟགས་པའི་འགོག་པ་སྐྱེས་བུ་བྱེད་པའི་
འབྲས་བུ་ཡིན་ནོ། །སྔོན་བྱུང་བ་མ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྔོན་བྱུང་མ་ཡིན་པ་ནི་སྔར་བྱུང་བ་ལས་གཞན་པའོ། །དེ་གང་ཞེ་ན་ལྷན་ཅིག་འབྱུང་བ་དང་ཕྱིས་འབྱུང་བ་སྟེ། འབྲས་བུ་སྔ་ལ་རྒྱུ་འཕྱི་བ་ནི་མེད་དོ། །འདུས་བྱས་ཀྱི་ཆོས་ཁོ་ན་བདག་པོའི་འབྲས་བུ་ཡིན་གྱི། འདུས་མ་བྱས་ནི་མ་ཡིན་ནོ། །འདུས་བྱས་ཁོ་ནའི་ཡིན་གྱི་འདུས་མ་བྱས་ཀྱི་ནི་མ་ཡིན་ཏེ། འབྲས་བུ་འཛིན་པ་དང་སྨིན་པའི་མཐུ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་དང་བགེགས་མི་བྱེད་པའི་དངོས་པོར་གནས་པའི་ཡང་ངོ༌། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་བྱེད་པ་པོའི་ཡིན་ནོ་ཞེས་བྱ་བ་ནི། གང་གི་སྟོབས་ཀྱི་གང་སྐྱེ་བའི། །འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེ། །ཞེས་འབྱུང་བའི་ཕྱིར་རོ། །བདག་པོའི་འབྲས་བུ་ནི་བྱེད་པ་པོ་མ་ཡིན་པའི་ཡང་ཡིན་ཏེ་ཞེས་བྱ་བ་ནི། སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་འབྱུང་བའི་ཕྱིར་རོ། །གཞན་དག་གི་ནི་བདག་པོའི་འབྲས་བུ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་བཟོ་དེ་བཟོ་བོ་མ་ཡིན་པ་བགེགས་མི་བྱེད་པའི་དངོས་པོར་གནས་པ་རྣམས་ཀྱི་ནི་བདག་པོའི་འབྲས་བུ་ཁོ་ན་ཡིན་གྱི་སྐྱེས་བུ་བྱེད་པའི་འབྲས་བུ་ནི་མ་ཡིན་ནོ། །དེ་ལྟར་ན་མུ་བཞི་པར་འགྱུར་ཏེ་སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ན་ཡིན་ལ་བདག་པོའི་འབྲས་བུ་མ་ཡིན་པ་ཡང་ཡོད་དེ། དཔེར་ན་བྲལ་བའི་འབྲས་བུ་ལྟ་བུའོ། །བདག་པོའི་འབྲས་བུ་ཁོ་ན་ཡིན་ལ། སྐྱེས་བུ་བྱེད་པའི་འབྲས་བུ་མ་ཡིན་པ་ཡང་ཡོད་དེ། རྒྱུ་ཡལ་བར་འདུག་པའི་འབྲས་བུ་དང་འབྲས་བུ་བར་དུ་ཆོད་པ་ལྟ་བུའོ། །གཉི་ག་ཡིན་པ་ཡང་ཡོད་དོ། །རྒྱུ་བྱེད་པ་པོའི་ལྷན་ཅིག་འབྱུང་བ་དང་དེ་མ་ཐག་ཏུ་བྱུང་བ་ལྟ་བུའོ། །གཉི་ག་མ་ཡིན་པ་ཡང་ཡོད་དེ། དཔེར་ན་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ལྟ་བུའོ། །ལྔ་པོ་ད་ལྟར་འབྲས་བུ་འཛིན། །ཞེས་བྱ་བ་ནི་ད་ལྟར་གྱི་དག་ཁོ་ན་འབྲས་བུ་འཛིན་ཏོ་ཞེས་བྱ་བར་ངེས་པར་བཟུང་བ་ཡིན་ནོ། །འཛིན་ཞེས་བྱ་བ་ནི་འཕེན་པར་བྱེད་པ་སྟེ། ས་བོན་གྱི་
དངོས་པོར་ཉེ་བར་གནས་པ་ཞེས་བྱ་བའི་ཐ་ཚིག་གོ །བྱེད་རྒྱུའི་རྒྱུ་ཡང་དེ་དང་འདྲ་མོད་ཀྱི་ཞེས་བྱ་བ་ནི་ད་ལྟར་གྱི་ཁོ་ན་འབྲས་བུ་འཛིན་གྱི་འདས་པ་ཡང་མ་ཡིན་ལ། མ་འོངས་པ་ཡང་མ་ཡིན་མོད་ཀྱི། དེ་ནི་འབྲས་བུ་དང་བཅས་པར་མ་ངེས་པས་མ་བརྗོད་དོ། །འདི་ལྟར་འདུས་མ་བྱས་ཀྱང་བྱེད་རྒྱུའི་རྒྱུ་ཡིན་པར་འདོད་མོད་ཀྱི་འདི་ལ་འབྲས་བུ་ནི་མེད་ལ། མ་འོངས་པ་ཡང་བྱེད་རྒྱུའི་རྒྱུ་ཡིན་མོད་ཀྱི་སྔར་བྱུང་བའི་ཆོས་ཀྱི་འབྲས་བུ་དང་བཅས་པ་ནི་མ་ཡིན་ནོ། །གཉིས་པ་ནི་འབྱིན་པར་བྱེད་ཅེས་བྱ་བ་ནི་ད་ལྟར་གྱི་དག་ཅེས་བྱ་བར་སྐབས་དང་སྦྱར་ཏེ། ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ནི་ད་ལྟར་ཁོ་ན་འབྲས་བུ་འབྱིན་པར་བྱེད་དོ། །རེ་ཞིག་གང་འདས་པ་དག་ནི་རིགས་ན་ཞེས་བྱ་བ་ནི་འདི་གཉིས་ནི། རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །ཞེས་འབྱུང་བའི་ཕྱིར་རྒྱུ་མཐུན་པའི་འབྲས་བུས་འབྲས་བུ་དང་བཅས་པ་དག་ཏུ་བཤད་ན། ད་ལྟར་གྱི་དག་གོ་རྒྱུ་མཐུན་པའི་འབྲས་བུ་ཇི་ལྟར་འབྱིན་ཏེ་ད་ལྟར་གྱི་གནས་སྐབས་ན་ནི་དེ་གཉིས་ཀྱི་རྒྱུ་མཐུན་པའི་འབྲས་བུ་མི་སྣང་ངོ་ཞེ་ན། སྨྲས་པ། མཇུག་ཐོགས་སུ་བསྒྲུབ་པའི་ཕྱིར་ཏེ། ཅི་ཞེ་ན། འབྲས་བུ་འབྱིན་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེ་དག་ཀྱང་འདས་པ་ཡིན་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་དག་འགྲོགས་པ་མེད་པའི་ཕྱིར་རོ། །ཡང་དེ་ཉིད་མི་འབྱིན་ཏོ་ཞེས་བྱ་བ་ནི་དེ་ལྟར་གྱི་གནས་སྐབས་ཁོ་ནར་ཕྱུང་ཟིན་པའི་ཕྱིར་ཡང་འབྲས་བུ་དེ་ཉིད་འབྱིན་པར་ནི་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ད་ལྟར་ཉིད་དུ་ཁྱེར་ཏེ་འོངས་ཟིན་པ་ནི་ཡང་བསྐུར་བར་མི་ནུས་སོ། །གང་གི་ཚེ་དེ་གཉིས་འདས་པས་འབྲས་བུ་འབྱིན་པར་བྱེད་པ་ན་ཡང་དེ་ཁོ་ནའི་ཚེ་རང་གི་འབྲས་བུ་དེ་འབྱིན་པར་བྱེད་དེ་སྐྱེ་བའི་གནས་སྐབས་ཁོ་ནར་འབྲས་བུ་སྒྲུབ་པར་བྱེད་ཀྱི། གཞན་དུ་ནི་མ་ཡིན་ལ། འབྲས་བུ་དེ་ནི་བསྒྲིབས་པ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དགེ་བའི་རྩ་བ་ཀུན་དུ་གཅོད་པས་ཐམས་ཅད་ཀྱི་ཐ་མར་འདོར་བའི་ཐོབ་པ་གང་དག་ཡིན་པའོ་ཞེས་བྱ་བ་འདི་ལ། དགེ་
བའི་རྩ་བ་རྣམས་ནི་རིམ་གྱིས་ཀུན་དུ་འཆད་དོ། །ཇི་ལྟ་ཞེ་ན། ལོག་པར་ལྟ་བ་ནི་ཆུང་ངུའི་ཆུང་ངུ་ནས་ཆེན་པོའི་ཆེན་པོའི་བར་རྣམ་པ་དགུ་ཡིན་ལ། དགེ་བའི་རྩ་བ་དག་ཀྱང་རྣམ་པ་དགུ་ཡིན་ནོ།། །།བམ་པོ་ཉི་ཤུ་པ། དེ་ལ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་བཞིན་དུ་བཟློག་སྟེ། ལོག་པར་ལྟ་བ་ཆུང་ངུའི་ཆུང་ངུས་ནི་དགེ་བའི་རྩ་བ་ཆེན་པོའི་ཆེན་པོ་རྣམས་ཀུན་དུ་འཆད་པར་འགྱུར་བ་ནས་ལོག་པར་ལྟ་བ་ཆེན་པོའི་ཆེན་པོ་ནས་དགེ་བའི་རྩ་བ་ཆུང་ངུའི་ཆུང་ངུ་རྣམས་ཀུན་དུ་འཆད་པའི་བར་དུ་འགྱུར་རོ། །དེ་ལ་ཐ་མའི་གནས་སྐབས་ན་དགེ་བའི་རྩ་བ་ཆུང་ངུའི་ཆུང་ངུ་རྣམས་ནི་ཀུན་དུ་མི་འབྱུང་གི་དེ་དག་གི་ཐོབ་པ་ཆུང་ངུའི་ཆུང་ངུ་དག་ནི་ཀུན་དུ་འབྱུང་ངོ༌། །དེའི་ཚེ་ཐམས་ཅད་ཀྱི་ཐ་མ་དེ་དག་འདོར་བ་ནི་ཐོབ་པ་དེ་དག་གི་ཐོབ་པ་འགག་པ་ཞེས་བྱ་བའི་ཐ་ཚིག་གོ །དགེ་བའི་སྐལ་བ་མཉམ་པའི་རྒྱུ་ཐ་མའི་གནས་སྐབས་ཀྱི་ཐོབ་པ་དེ་དག་ནི་འབྲས་བུ་འཛིན་པར་བྱེད་ཅིང་འབྲས་བུ་ཡོངས་སུ་འཛིན་པར་བྱེད་ཀྱི་བསྐྱེད་པར་བྱ་བའི་དགེ་བའི་རྩ་བ་སྐད་ཅིག་མ་གཞན་མེད་པའི་ཕྱིར་རང་གི་རྒྱུ་མཐུན་པའི་འབྲས་བུ་འབྱིན་པར་ནི་མི་བྱེད་དོ། །མུ་གཉིས་པ་ནི་འབྱིན་པར་བྱེད་ལ་འཛིན་པར་མི་བྱེད་པ་ཞེས་བྱ་བ་ཡིན་ཏེ། དགེ་བའི་རྩ་བ་དག་གི་ཉིང་མཚམས་སྦྱོར་བས་ཐམས་ཅད་ཀྱི་དང་པོར་འཐོབ་པ་གང་དག་ཡིན་པ་ནི་ཐམས་ཅད་ཀྱི་སྔོན་དུ་འཐོབ་པ་གང་དག་ཡིན་པའོ། །དགེ་བའི་རྩ་བ་སྐལ་བ་མཉམ་པའི་རྒྱུ་དེ་དག་ནི་འབྲས་བུ་འབྱིན་པར་བྱེད་ཅིང་རང་དང་རྒྱུ་མཐུན་པའི་འཐོབ་པ་སྐྱེད་པར་བྱེད་ཀྱི། སྔར་ཉིད་བཟུང་ཟིན་པའི་ཕྱིར་འཛིན་པར་ནི་མི་བྱེད་དོ། །མུ་གཉིས་པ་བསྟན་པ་འདི་ནི་སྐྱོན་དང་བཅས་པ་ཡིན་ཏེ། དགེ་བའི་རྩ་བའི་ཉིང་མཚམས་སྦྱོར་བའི་ཚེ་ནི་དགེ་བའི་རྩ་བ་རྣམ་པ་དགུ་ཆར་གྱི་ཡང་འཐོབ་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དག་མཉམ་དུ་འཐོབ་པར་འགྱུར་ལ། དེ་དག་ལས་དགེ་བའི་སྐལ་བ་མཉམ་པའི་རྒྱུ་འདས་པའི་ཐོབ་པ་གང་དག་ཡིན་པ་དེ་ནི་འབྲས་བུ་འབྱིན་པར་བྱེད་ཀྱི་བཟུང་ཟིན་པའི་
ཕྱིར་འཛིན་པར་ནི་མི་བྱེད་དོ་ཞེས་བྱ་བ་འདི་རིགས་ན། དགེ་བའི་སྐལ་བ་མཉམ་པའི་རྒྱུ་ད་ལྟར་གྱི་ཐོབ་པ་དེ་དང་འདྲ་བ་ཁོ་ནར་ཐོབ་པ་གང་དག་ཡིན་པ་དེ་དག་ཇི་ལྟར་འབྲས་བུ་འབྱིན་པར་བྱེད་པ་ཁོ་ན་ཡིན་གྱི་འཛིན་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བར་དམིགས་ཀྱིས་བསལ་བར་འགྱུར་ཏེ། དེ་ནི་འཛིན་པར་བྱེད་པ་ཡང་ཡིན་ལ་འབྱིན་པར་བྱེད་པ་ཡང་ཡིན་ནོ། །དེ་ལྟར་ན་ཁྱད་པར་དུ་མ་བྱས་པའི་མུ་གཉིས་པ་བསྟན་པ་འདི་ནི་སྐྱོན་དང་བཅས་པ་ཡིན་ནོ། །དེ་ལྟ་བས་ན་སློབ་དཔོན་གྱིས་འདི་སྐད་དུ་དེ་དག་ཉིད་ཀྱིས་ཉིང་མཚམས་སྦྱོར་བར་བྱེད་པའི་ཞེས་བརྗོད་པར་བྱ་བ་ནི་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དགེ་བའི་སྐལ་བ་མཉམ་པའི་རྒྱུ་ཐོབ་པ་དེ་དག་ནི་རང་དང་རྒྱུ་མཐུན་པའི་འབྲས་བུ་འབྱིན་པའི་ཕྱིར་འབྲས་བུ་འབྱིན་པར་བྱེད་པ་ཁོ་ན་ཡིན་གྱི། སྔར་བཟུང་ཟིན་པའི་ཕྱིར་འཛིན་པར་བྱེད་པ་ནི་མ་ཡིན་ནོ། །མུ་གསུམ་པ་ནི་འབྲས་བུ་འཛིན་པར་བྱེད་པ་ཡང་ཡིན་ལ་འབྱིན་པར་བྱེད་པ་ཡང་ཡིན་པ་སྟེ། དགེ་བའི་རྩ་བ་ཀུན་དུ་མ་འཆད་པའི་གནས་སྐབས་ལྷག་མ་རྣམས་སུའོ་ཞེས་བྱ་བ་ནི་གནས་སྐབས་གང་དུ་དགེ་བའི་རྩ་བ་རྣམས་ཀུན་དུ་གཅོད་པས་ཐོབ་པ་གང་དག་ཐམས་ཅད་ཀྱི་ཐ་མར་འདོར་བ་དང༌། གནས་སྐབས་གང་དུ་དགེ་བའི་རྩ་བ་རྣམས་ཀྱི་ཉིང་མཚམས་སྦྱོར་བས་ཐོབ་པ་གང་དག་ཐམས་ཅད་ཀྱི་དང་པོར་འཐོབ་པའི་གནས་སྐབས་གཉིས་མ་གཏོགས་པའོ། །དཔེར་ན་བདག་ཅག་ལ་སོགས་པའི་དགེ་བའི་ཐོབ་པ་དག་ལྟ་བུ་སྟེ། འབྲས་བུ་འཛིན་པར་ཡང་བྱེད་ལ་འབྱིན་པར་བྱེད་པ་ཡང་ཡིན་ནོ། །སྐལ་བ་མི་མཉམ་པའི་སྐད་ཅིག་མ་གཞན་གྱིས་བར་དུ་མ་ཆོད་པ་ཞེས་བརྗོད་པར་བྱ་དགོས་སོ་ཞེ་ན། བརྗོད་པར་བྱ་མི་དགོས་ཏེ། ཐོབ་པའི་མཚན་ཉིད་ཀྱི་སྐལ་བ་མཉམ་པའི་རྒྱུ་ལ་ནི་སྐལ་བ་མི་མཉམ་པའི་སྐད་ཅིག་མ་གཞན་གྱིས་བར་དུ་ཆོད་ཀྱང་འབྲས་བུ་འཛིན་པ་དང་འབྱིན་པ་ཡང་སྲིད་པའི་ཕྱིར་རོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པ་སྟེ། དཔེར་ན་ས་གོང་མ་ལས་ཡོངས་སུ་
ཉམས་པའི་དགེ་བའི་སྐལ་བ་མཉམ་པའི་རྒྱུ་ས་གོང་མ་པའི་དགེ་བའི་རྩ་བ་རྣམས་ཀྱི་ཐོབ་པ་གང་དག་ཡིན་པ་དེ་དག་ནི་སྔོན་བཟུང་ཟིན་པའི་ཕྱིར་འབྲས་བུ་འཛིན་པར་ཡང་མི་བྱེད་ལ། ས་དེ་ལས་ཡོངས་སུ་ཉམས་པ་ལ་ས་དེ་པའི་དགེ་བའི་ཆོས་རྣམས་ཀྱི་ཐོབ་པ་མེད་པའི་ཕྱིར་འབྱིན་པར་བྱེད་པ་ཡང་མ་ཡིན་ཏེ། དེ་བཞིན་དུ་དགེ་བའི་རྩ་བ་ཀུན་དུ་ཆད་པའི་གནས་སྐབས་ལ་ཡང་བརྗོད་པར་བྱའོ། །འདི་ལ་སློབ་དཔོན་འདུས་བཟངས་ན་རེ་འདི་སྐད་དུ་དེ་དག་ཉིད་ཀྱིས་ཉིང་མཚམས་སྦྱོར་བར་བྱེད་པའི་ཞེས་བརྗོད་པར་བྱ་བ་ནི་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་རུང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉིང་མཚམས་སྦྱོར་བར་བྱེད་པས་ཐམས་ཅད་ཀྱི་དང་པོར་ཐོབ་པ་གང་དག་ཡིན་པ་དེ་དག་ནི་ཐམས་ཅད་ཀྱི་ཐ་མར་བོར་པ་གང་དག་ཡིན་པ་དེ་དག་ཁོ་ནའི་རྒྱུ་མཐུན་པའི་འབྲས་བུ་ཡིན་པར་མ་ཟད་ཀྱི་དེ་ནི་དེའི་ཐོབ་པའི་རྒྱུ་སྔོན་རོལ་དུ་འགགས་པའི་ཡང་རྒྱུ་མཐུན་པ་ཡིན་ནོ། །དེའི་ཕྱིར་འདི་ནི་ཅི་ནས་ཀྱང་འབྲས་བུ་ཡིན་པར་སྨོས་པས་ཟད་པར་དེའི་སྐལ་བ་མཉམ་པའི་རྒྱུར་བསྡུས་པ་ཉིད་དུ་འགྱུར་སྙམ་དུ་དེ་ཁོ་ནའི་ཕྱིར་བརྗོད་པ་ཡིན་ནོ། །དེ་ལྟ་བས་ན་ཇི་ལྟར་བཀོད་པ་ཉིད་ལེགས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་གཉི་ག་ལ་ཡང་ཚིག་གི་སྐྱོན་བརྗོད་ན། ཚིག་གང་ཞིག་བཟང་ཞེ་ན། འདིར་ནི་ཆོས་མངོན་པ་ལས་བྱུང་བ་ཁོ་ན་བཟང་ངོ་ཞེས་བྱ་བར་བལྟའོ། །དགེ་བའི་ཉིང་མཚམས་སྦྱོར་བའི་ཆོས་ཐོབ་པ་ད་ལྟར་གྱི་ཐོབ་པ་དག་འབྲས་བུ་འབྱིན་པར་ཡང་བྱེད་ལ་འཛིན་པར་ཡང་བྱེད་ཀྱི། འབྱིན་པར་བྱེད་པ་ཁོ་ན་ཡིན་ལ་འཛིན་པར་བྱེད་པ་མ་ཡིན་པ་ནི་མ་ཡིན་པས་ཁྱད་པར་དུ་མ་བྱས་པའི་ཕྱིར་ཉེས་སོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཉེས་པ་མེད་དེ། དགེ་བའི་རྩ་བ་དག་གི་ཉིང་མཚམས་སྦྱོར་བས་ཞེས་བྱ་བ་འདི་ནི་དགེ་བའི་རྩ་བ་ཐོབ་པ་སྐྱེ་བར་ཆས་པའི་གནས་སྐབས་ཁོ་ནར་བརྗོད་པ་ཡིན་གྱི་ད་ལྟར་གྱི་གནས་སྐབས་སུ་ནི་མ་ཡིན་ནོ། །དེ་ན་ནི་ད་ལྟར་གྱི་དགེ་བའི་རྩ་བའི་ཐོབ་པ་དག་འགའ་ཡང་མེད་ན་ཇི་ལྟར་དེ་དག་འབྲས་བུ་འཛིན་པར་བྱེད་པ་ཡང་ཡིན་ལ་འབྱིན་
པར་བྱེད་པ་ཡང་ཡིན་ཞེས་བརྗོད་པར་ནུས། རང་གི་རྒྱུད་ལ་དགེ་བའི་རྩ་བའི་ཐོབ་པ་སྐལ་བ་མཉམ་པའི་རྒྱུར་གྱུར་པ་འདས་པ་དག་ནི་ཐམས་ཅད་ཀྱང་དེའི་ཚེ་དེ་མ་ཐག་ཏུ་སྒྲུབ་པའི་ཚུལ་གྱིས་རང་དང་རྒྱུ་མཐུན་པའི་འབྲས་བུ་འབྱིན་པར་བྱེད་པ་ཁོ་ན་ཡིན་གྱི་སྔོན་བཟུང་ཟིན་པའི་ཕྱིར་འཛིན་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་རིགས་པ་འདིས་ཆོས་མངོན་པ་ལས་འབྱུང་བ་ཁོ་ན་གཞུང་གཟུགས་པར་བྱའོ། །དེ་ལྟར་ཚིག་བྱེ་ཕྲག་ཏུ་མ་ཕྱེ་ན་དགེ་བའི་ཐོབ་པ་མ་འོངས་པ་རྣམས་མུ་གཉིས་པ་ཉིད་དུ་བརྗོད་པར་ཐལ་པར་འགྱུར་ཏེ། དེ་དག་ཀྱང་དེའི་ཚེ་འདས་པའི་ཐོབ་པ་བཞིན་དུ་འཐོབ་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ནི་ཉེས་པ་མེད་དེ་མ་འོངས་པ་རྣམས་ལ་སྐལ་བ་མཉམ་པའི་རྒྱུ་ཉིད་མེད་པའི་ཕྱིར་ལ་འདིར་ནི་སྐལ་བ་མཉམ་པའི་རྒྱུའི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཡང་ཐམས་ཅད་ཀྱི་དང་པོར་འཐོབ་པ་གང་དག་ཡིན་པ་སྟེ་ཞེས་ཐོབ་པ་དག་ཉི་ཚེ་བརྗོད་པར་མི་བྱའི་འདི་སྐད་དུ་གང་དག་ཐམས་ཅད་ཀྱི་དང་པོར་འཐོབ་པ་སྟེ་ཞེས་བརྗོད་པར་བྱ་བ་ཡིན་ནོ། །དགེ་བའི་ཆོས་གང་དག་ཅེས་བྱ་བའི་ཐ་ཚིག་སྟེ། དགེ་བའི་ཉིང་མཚམས་སྦྱོར་བ་ནས་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་དང་པོ་ཉིད་དུ་ཐོབ་པར་འགྱུར་གྱི། དེའི་ཐོབ་པ་དག་འབའ་ཞིག་ནི་མ་ཡིན་ནོ་ཞེ་ན། དེ་ནི་ཡིན་མོད་ཀྱི་འོན་ཀྱང་དགེ་བའི་ཉིང་མཚམས་སྦྱོར་བ་ན་ཐོབ་པ་རྣམས་ཁོ་ན་གདོན་མི་ཟ་བའི་ཕྱིར་དེ་སྐད་བརྗོད་པ་ཡིན་ཏེ། དགེ་བའི་ཐོབ་པ་དག་ནི་ཡང་དག་པའི་ལྟ་བའམ་ཐེ་ཚོམ་གྱིས་ཀྱང་རུང་དགེ་བའི་ཉིད་མཚམས་སྦྱོར་བ་ན་གདོན་མི་ཟ་བར་སྐྱེ་བར་འགྱུར་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཐེ་ཚོམ་གྱིས་དགེ་བའི་ཉིད་མཚམས་སྦྱོར་བ་ན་རེ་ཞིག་འབྱུང་བར་མི་འགྱུར་བས་ཐོབ་པ་དག་ཁོ་ན་བརྗོད་པ་ཡིན་ནོ་ཞེས་རྗོད་པར་བྱེད་དོ། །མི་དགེ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མི་དགེ་བའི་སྐལ་པ་མཉམ་པའི་རྒྱུ་ཡང་མི་དགེ་བའི་སྐལ་བ་མཉམ་པའི་རྒྱུ་འབྲས་བུ་འཛིན་པར་བྱེད་ལ་འབྱིན་པར་བྱེད་པ་མ་ཡིན་པ་ཡང་ཡོད་
དོ་ཞེས་བྱ་བ་རྒྱས་པར་མུ་བཞི་པར་སྦྱར་ཏེ། མུ་དང་པོ་ནི་འདོད་པའི་འདོད་ཆགས་དང་བྲལ་བ་ཐོབ་པ་དང་ལྡན་པས་ཐམས་ཅད་ཀྱི་ཐ་མར་འདོར་བའི་ཐོབ་པ་གང་དག་ཡིན་པ་སྟེ། མི་དགེ་བའི་སྐལ་བ་མཉམ་པའི་རྒྱུ་དེ་དག་ནི་འབྲས་བུ་འཛིན་པར་བྱེད་པ་ཡིན་གྱི་འབྱིན་པར་བྱེད་པ་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། འདི་ལ་ཉོན་མོངས་པ་ཡང་རྣམ་པ་དགུ་ཡོད་པ་ལ་ལམ་ཡང་རྣམ་པ་དགུ་ཡོད་དོ། །དེ་ལ་ལམ་ཆུང་ངུའི་ཆུང་ངུས་ནི་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་སྤོང་བར་འགྱུར་བ་ནས་ཆེན་པོའི་ཆེན་པོས་ནི་ཆུང་ངུའི་ཆུང་ངུའི་བར་དུ་སྤོང་བར་འགྱུར་ཞིང་དེ་རྣམས་ཀྱི་ཐོབ་པ་དག་ཀྱང་དེ་དང་འདྲ་བ་ཁོ་ནར་སྤོང་བར་འགྱུར་རོ། །དེས་ན་འདོད་པའི་འདོད་ཆགས་དང་བྲལ་བ་ཐོབ་པ་དང་ལྡན་པ་ཐམས་ཅད་ཀྱི་ཐ་མར་འདོར་བ་མི་དགེ་བ་ཆུང་ངུའི་ཆུང་ངུའི་ཐོབ་པ་གང་དག་ཡིན་པ་མི་དགེ་བའི་སྐལ་བ་མཉམ་པའི་རྒྱུ་དེ་དག་ནི་འབྲས་བུ་འཛིན་པར་བྱེད་པ་དག་ཡིན་གྱི། མི་དགེ་བའི་ཐོབ་པའི་སྐད་ཅིག་མ་གཞན་མེད་པའི་ཕྱིར་འབྱིན་པར་བྱེད་པ་ནི་མ་ཡིན་ནོ། །གཉིས་པ་ནི་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ཐམས་ཅད་ཀྱི་དང་པོར་མི་དགེ་བ་རྣམས་ཀྱི་ཐོབ་པ་འཐོབ་པ་གང་དག་ཡིན་པ་སྟེ་མི་དགེ་བའི་སྐལ་བ་མཉམ་པའི་རྒྱུ་དེ་དག་ནི་འབྲས་བུ་འབྱིན་པར་བྱེད་པ་ཡིན་གྱི་འཛིན་པར་བྱེད་པ་ནི་མ་ཡིན་ཏེ། སྔ་མ་བཞིན་དུ་བརྗོད་པར་བྱའོ། །འདིར་སློབ་དཔོན་འདི་སྐད་དུ་དེ་དག་ཉིད་ཀྱིས་ཡོངས་སུ་ཉམས་པའི་ཞེས་བརྗོད་པར་བྱ་བ་ཡིན་ནོ་ཞེས་འཆད་པར་བྱེད་དེ། འདོད་པའི་འདོད་ཆགས་དང་བྲལ་བ་ཐོབ་པ་དང་ལྡན་པས་ཐམས་ཅད་ཀྱི་ཐ་མར་འདོད་པས་གང་དག་ཡིན་པ་དེ་དག་ཁོ་ནས་ཞེས་བྱ་བ་ཡིན་ནོ། །དེ་དག་ནི་བཟུང་ཟིན་པའི་ཕྱིར་འཛིན་པར་བྱེད་པ་ནི་མ་ཡིན་གྱི་འབྱིན་པར་བྱེད་པ་ཉིད་ཡིན་པ་འབའ་ཞིག་ཏུ་ཟད་དོ། །ཚིག་སྔ་མ་ལ་ནི་མུ་གཉིས་པ་མི་སྲིད་དེ་ཇི་སྐད་སྔར་བཤད་པ་ཡིན་ནོ། །འདི་ལ་སློབ་དཔོན་འདུས་བཟངས་ན་རེ་དེ་ནི་རུང་བ་མ་ཡིན་ནོ་ཞེས་དེ་ཁོ་ན་བཞིན་དུ་ཕྱིར་རྒོལ་བར་བྱེད་དེ་ཐམས་ཅད་ནི་གོང་མ་
དང་འདྲ་བར་སྦྱར་བར་བྱའོ། །གསུམ་པ་ནི་འདོད་པའི་འདོད་ཆགས་དང་མ་བྲལ་བའི་གནས་སྐབས་ལྷག་མ་རྣམས་སུའོ་ཞེས་བྱ་བ་ནི་གནས་སྐབས་དང་པོ་དང་གཉིས་པ་ཇི་སྐད་བཤད་པའི་གནས་སྐབས་གཉིས་པོ་དེ་དག་ཁོ་ན་མ་གཏོགས་པའི་གནས་སྐབས་རྣམས་སུའོ། །དཔེར་ན་བདག་ཅག་གི་མི་དགེ་བ་རྣམས་ཀྱི་ཐོབ་པ་དག་ལྟ་བུ་སྟེ། མི་དགེ་བའི་སྐལ་བ་མཉམ་པའི་རྒྱུ་དེ་དག་ནི་འབྲས་བུ་འཛིན་པར་བྱེད་པ་ཡང་ཡིན་ལ་འབྱིན་པར་བྱེད་པ་ཡང་ཡིན་ནོ། །བཞི་པ་ནི་ཇི་སྐད་བཤད་པའི་རྣམ་པ་དེ་དག་མ་གཏོགས་པ་སྟེ། དཔེར་ན་འདོད་པའི་འདོད་ཆགས་དང་བྲལ་བ་ཡོངས་སུ་མི་ཉམས་པའི་ཆོས་ཅན་གྱི་མི་དགེ་བ་རྣམས་ཀྱི་ཐོབ་པ་གང་ཡིན་པ་ལྟ་བུ་སྟེ། མི་དགེ་བའི་སྐལ་བ་མཉམ་པའི་རྒྱུ་དེ་ནི་སྔོན་བཟུང་ཟིན་པའི་ཕྱིར་འབྲས་བུ་འཛིན་པར་བྱེད་པ་ཡང་མ་ཡིན་ལ་དེ་ལ་དེའི་ཐོབ་པ་མེད་པའི་ཕྱིར་འབྱིན་པར་བྱེད་པ་ཡང་མ་ཡིན་ནོ། །བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཡང་དེ་བཞིན་དུ་ཞེས་བྱ་བ་བརྒྱས་པར་འབྱུང་བ་ནི་ལུང་དུ་མ་བསྟན་པ་ཡང་དེ་བཞིན་དུ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སྐལ་བ་མཉམ་པའི་རྒྱུ་འབྲས་བུ་འཛིན་པར་བྱེད་ལ་འབྱིན་པར་བྱེད་པ་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་རྒྱས་པར་མུ་བཞི་པར་བྱ་བ་ཡིན་ཏེ་དགྲ་བཅོམ་པ་ཉིད་ཐོབ་པ་དང་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་ལས་ཅི་རིགས་པར་སྦྱར་བར་བྱའོ། །མུ་དང་པོ་ནི་དགྲ་བཅོམ་པ་ཉིད་ཐོབ་པ་དང་ལྡན་པས་ཐམས་ཅད་ཀྱི་ཐ་མར་འདོར་བའི་ཐོབ་པ་གང་དག་ཡིན་པ་སྟེ། བསྒྲིབས་ལ་ལུང་དུ་མ་བསྟན་པའི་སྐལ་བ་མཉམ་པའི་རྒྱུ་དེ་ནི་འབྲས་བུ་འཛིན་པར་བྱེད་པ་ཡིན་གྱི་ཉོན་མོངས་པ་ཅན་གྱི་སྐད་ཅིག་མ་གཞན་མེད་པའི་ཕྱིར་འབྱིན་པར་བྱེད་པ་ནི་མ་ཡིན་ནོ། །གཉིས་པ་ནི་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་ཐམས་ཅད་ཀྱི་དང་པོར་འཐོབ་པ་གང་ཡིན་པའོ། །འདི་སྐད་དུ་དེ་དག་ཉིད་ཀྱིས་ཡོངས་སུ་ཉམས་པའི་ཞེས་བརྗོད་པར་བྱ་བ་ནི་ཡིན་ནོ། །དེ་ལྟ་ན་འབྲས་བུ་འབྱིན་པ་གཅིག་པུ་ཁོ་ན་ཡིན་པར་
བསྟན་པར་འགྱུར་རོ། །ཚིག་སྔ་མ་ལ་གཞུང་གཟུགས་པ་ཡང་རིམ་པ་དེ་ཉིད་ཀྱིས་བརྗོད་པར་བྱའོ། །གསུམ་པ་ནི་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་མ་བྲལ་བའི་གནས་སྐབས་ལྷག་མ་དག་ཏུའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པ་སྟེ། དཔེར་ན་དགྲ་བཅོམ་པ་ཉིད་ཐོབ་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཐོབ་པ་གང་དག་ཡིན་པ་སྟེ། བསྒྲིབས་ལ་ལུང་དུ་མ་བསྟན་པའི་སྐལ་པ་མཉམ་པའི་རྒྱུ་དེ་ནི་ཅི་རིགས་པར་བཟུང་ཟིན་པའི་ཕྱིར་འབྲས་བུ་འཛིན་པར་བྱེད་པ་ཡང་མ་ཡིན་ལ་སྤངས་ཟིན་པའི་ཕྱིར་འབྱིན་པར་བྱེད་པ་ཡང་མ་ཡིན་ནོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ཚིག་ཕྱི་མ་དང་སྦྱོར་བ་སྟེ་ཞེས་བྱ་བ་ལ། ཚིག་ཕྱི་མ་དང་སྦྱོར་བའི་མཚན་ཉིད་ནི་བཤད་ཟིན་པས་ཡང་མི་བཤད་དོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སྐལ་བ་མཉམ་པའི་རྒྱུ་གང་ཞིག་འབྲས་བུ་འཛིན་པར་བྱེད་པ་འབྱིན་པར་བྱེད་པ་ཡང་ཡིན་ནམ་ཞེ་ན། སྨྲས་པ། རེ་ཞིག་འབྱིན་པ་གང་ཡིན་པ་དེ་ནི་འཛིན་པ་ཡང་ཡིན་ཏེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་ཉེ་བ་ཡིན་པའི་ཕྱིར་རོ། །འཛིན་ལ་མི་འབྱིན་པ་ཡང་ཡོད་དེ། དགྲ་བཅོམ་པའི་ཕུང་པོ་ཐ་མ་རྣམས་ཏེ་ཕུང་པོ་ཐམས་ཅད་ངེས་པར་སྤངས་པས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྒྱུ་མཐུན་པ་མེད་པའི་ཕྱིར་རོ། །དམིགས་པ་དང་བཅས་པའི་ངེས་པས་ནི་སྐད་ཅིག་རེ་རེ་ལ་སྟེ་ཞེས་བྱ་བ་ནི་སྔར་ནི་ཅི་རིགས་པར་དམིགས་པ་མེད་པ་རྣམས་ཀྱི་ངེས་པར་བཤད་པ་ཡིན་ནོ། །དམིགས་པ་དང་བཅས་པའི་ངེས་པས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ནའི་སྐལ་བ་མཉམ་པའི་རྒྱུ་ཉིད་བཤད་དོ། །སྐད་ཅིག་རེ་རེ་ལ་སྟེ་ཞེས་བྱ་བ་ནི་སྐད་ཅིག་མ་གཞན་ལ་ལྟོས་ནས་ཡིན་གྱི་ཡོངས་སུ་གཏུགས་ཏེ་ཆད་པའི་སྒོ་ནས་ནི་མ་ཡིན་ནོ། །དགེ་བའི་སེམས་ཀྱི་མཇུག་ཐོགས་སུ། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཚེ་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ཉོན་མོངས་པ་ཅན་ནམ་ལུང་དུ་མ་བསྟན་པའི་
སེམས་མངོན་དུ་བྱེད་པ་དེའི་ཚེ་དགེ་བའི་སེམས་དེ་གང་ལས་དེའི་རྒྱུད་དུ་གཏོགས་པའི་འབྲས་བུ་དགེ་བ་མ་འོངས་པ་བར་དུ་ཆོད་པར་འབྱུང་བར་འགྱུར་བའམ་མི་སྐྱེ་བའི་ཆོས་ཅན་གྱི་འབྲས་བུ་འཛིན་པར་བྱེད་པ་ཡིན་ནོ། །འབྱིན་པར་བྱེད་པ་ནི་མ་ཡིན་ཏེ། འདི་ལྟར་དེའི་མཇུག་ཐོགས་སུ་དགེ་བ་འབྱུང་བ་མེད་ལ་སྐལ་བ་མཉམ་པའི་རྒྱུ་ནི་འབྲས་བུ་འདྲ་བས་འབྲས་བུ་དང་བཅས་པར་འདོད་དོ། །གཉིས་པ་ནི་བཟློག་པའོ་ཞེས་བྱ་བ་ནི་གང་གི་ཚེ་ཉོན་མོངས་པ་ཅན་དང་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ཀྱི་མཇུག་ཐོགས་སུ་དགེ་བའི་སེམས་མངོན་དུ་བྱེད་པ་དེའི་ཚེ་དགེ་བའི་སེམས་དེ་སྔོན་དགེ་བའི་སེམས་གང་གིས་འབྲས་བུ་ཉིད་དུ་བཟུང་བ་དེའི་འབྱིན་པར་བྱེད་པ་ཡིན་གྱི་སྔོན་བཟུང་ཟིན་པའི་ཕྱིར་དེ་འཛིན་པར་བྱེད་པ་ནི་མ་ཡིན་ནོ། །གསུམ་པ་ནི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་དགེ་བ་ཁོ་ནའོ་ཞེས་བྱ་བ་ནི་མངོན་དུ་བྱེད་པའོ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། དགེ་བའི་སེམས་སྔ་མ་དེ་ནི་དགེ་བའི་སེམས་གཉིས་པ་འབྲས་བུ་ཉིད་དུ་འཛིན་པར་བྱེད་པ་ཡང་ཡིན་ལ། དེ་མ་ཐག་ཏུ་སྒྲུབ་པའི་ཕྱིར་འབྱིན་པར་བྱེད་པ་ཡང་ཡིན་ནོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་གང་གི་ཚེ་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་སེམས་ཀྱི་མཇུག་ཐོགས་སུ་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་སེམས་མངོན་དུ་བྱེད་པ་དེའི་ཚེ་དགེ་བའི་སྐལ་བ་མཉམ་པའི་རྒྱུ་དམིགས་པ་དང་བཅས་པ་འདི་བཟུང་ཟིན་པའི་ཕྱིར་འབྲས་བུ་འཛིན་པར་བྱེད་པ་ཡང་མ་ཡིན་ལ། ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་སེམས་མངོན་དུ་བྱེད་པའི་ཕྱིར་འབྱིན་པར་བྱེད་པ་ཡང་མ་ཡིན་ནོ། །མི་དགེ་བ་ལ་སོགས་པ་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་ནི་མི་དགེ་བའི་སྐལ་བ་མཉམ་པའི་རྒྱུ་དམིགས་པ་དང་བཅས་པ་འབྲས་བུ་འཛིན་པར་བྱེད་ལ་འབྱིན་པར་མི་བྱེད་པ་ཡང་ཡོད་དེ་ཞེས་བྱ་བ་མུ་བཞིའོ། །མུ་དང་པོ་ནི་མི་དགེ་བའི་མཇུག་ཐོགས་སུ་དགེ་བའམ་ལུང་དུ་མ་བསྟན་པའི་སེམས་
མངོན་དུ་མི་བྱེད་པའོ། །གཉིས་པ་ནི་བཟློག་པའོ། །གསུམ་པ་ནི་མི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་མི་དགེ་བ་ཁོ་ནའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སྐལ་བ་མཉམ་པའི་རྒྱུ་སྦྱར་བར་བྱ་བ་ཡིན་ཏེ། རེ་ཞིག་བསྒྲིབས་པའི་མུ་དང་པོ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ཀྱི་མཇུག་ཐོགས་སུ་དགེ་བའམ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་མངོན་དུ་བྱེད་པའོ། །གཉིས་པ་ནི་བཟློག་པའོ། །གསུམ་པ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་མཇུག་ཐོགས་སུ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་མུ་དང་པོ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་མཇུག་ཐོགས་སུ་དགེ་བའམ་ཉོན་མོངས་པ་ཅན་གྱི་སེམས་མངོན་དུ་བྱེད་པའོ། །གཉིས་པ་ནི་བཟློག་པའོ། །གསུམ་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་མཇུག་ཐོགས་སུ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །དེའི་ས་བོན་གྱི་དངོས་པོར་ཉེ་བར་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་ནི་འབྲས་བུ་དེའི་ས་བོན་གྱི་དངོས་པོར་ཉེ་བར་འགྲོ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ནི་མདོ་སྡེ་པའི་ལུགས་ཡིན་ཏེ། གླེགས་བམ་ཁ་ཅིག་ལས་ནི་འདི་སྐད་དུ་འབྱུང་བ་མེད་དོ། །འདི་ལྟ་སྟེ། རླུང་གི་དཀྱིལ་འཁོར་གྱི་ཆུའི་དཀྱིལ་འཁོར་ལྟ་བུ་ཞེས་བྱ་བ་ནི་འབྲས་བུ་དེའི་འདི་ལྟ་སྟེ་ཞེས་བྱ་བ་ནི་དཔེར་རབ་ཏུ་བསྟན་པ་ཡིན་ཏེ། རླུང་གི་དཀྱིལ་འཁོར་གྱི་རྟེན་གྱི་འབྲས་བུ་ནི་ཆུའི་དཀྱིལ་འཁོར་ཡིན་ནོ། །བར་དུའོ་ཞེས་བྱ་བའི་སྒྲས་ནི་ཆུའི་དཀྱིལ་འཁོར་གྱི་གསེར་གྱི་ས་གཞི་དང༌། གསེར་གྱི་ས་གཞིའི་རྩྭ་དང་འབྲུ་དང་སྨན་ལ་སོགས་པ་སྟེ། རྟེན་གྱི་འབྲས་བུ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །མི་སྡུག་པའི་ནི་དྲན་པ་ཉེ་བར་གཞག་པ་རྣམས་ནས་བཟུང་སྟེ། མི་སྐྱེ་བ་ཤེས་པའི་བར་
ལྟ་བུ་སྟེ། དེ་བཞིན་དུ་སྦྱོར་བ་གཞན་དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ལ་སོགས་པའི་འབྲས་བུ་ཡང་སྦྱར་བར་བྱའོ། །ཚོགས་པའི་འབྲས་བུ་ནི་ཚོགས་པའི་འབྲས་བུའོ། །མིག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་མིག་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་བསྡུས་ཏེ། དེ་བཞིན་དུ་བསྒོམས་པའི་འབྲས་བུ་ནི་བསྒོམས་པའི་འབྲས་བུའོ་ཞེས་བྱ་བར་ཚིག་བསྡུའོ། །འདི་ཐམས་ཅད་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འབྲས་བུ་རྣམ་པ་བཞི་པོ་འདི་ནི། །སྐྱེས་བུ་བྱེད་པ་དང༌། བདག་པོའི་འབྲས་བུ་དག་གི་ཁོངས་སུ་འདུས་པ་ཡིན་ཏེ། རྟེན་གྱི་འབྲས་བུ་ནི་བདག་པོའི་འབྲས་བུའི་ནང་དུ་འདུས་སོ། །སྦྱོར་བའི་འབྲས་བུ་ལ་སོགས་པ་ནི་སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་གི་ནང་དུ་འདུས་སོ། །ཆོས་ཉོན་མོངས་པ་ཅན་རྣམས་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཉོན་མོངས་པ་ཅན་ནི་ཉོན་མོངས་པ་དེ་དང་མཚུངས་པར་ལྡན་པ་དང༌། དེས་ཀུན་ནས་བསླང་བ་དག་ཡིན་ནོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ནི་རྣམ་པར་སྨིན་པའི་རྒྱུ་ལས་སྐྱེས་པ་དག་ཡིན་ནོ། །ཟག་པ་མེད་པའི་དང་པོ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་དེ་དང་ལྷན་ཅིག་འབྱུང་བ་དག་ཡིན་ནོ། །དེ་དག་གི་ལྷག་མ་རྣམས་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་ལ་སོགས་པ་གསུམ་པོ་དག་གི་སྟེ། རྣམ་པར་སྨིན་པ་ལས་མ་གཏོགས་པའི་ལུང་དུ་མ་བསྟན་པ་སྤྱོད་ལམ་པ་དང་བཟོའི་གནས་པ་དང་སྤྲུལ་པ་དག་གོ །ཟག་པ་མེད་པའི་སྐད་ཅིག་མ་དང་པོ་མ་གཏོགས་པའི་དགེ་བ་རྣམས་སོ་ཞེས་བྱ་བ་ལ། དགེ་བ་ཞེས་བྱ་བ་སྨོས་པས་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་གཟུང་སྟེ། དེ་ལ་ལྷག་མ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་ཚོགས་ལ་སོགས་པ་སློབ་པ་དང་མི་སློབ་པའི་ལམ་ཐམས་ཅད་དང༌། འཇིག་རྟེན་པའི་དགེ་བ་རྣམས་ཁོ་ན་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ལྷག་མ་ཡང་འདིར་ཕུང་པོ་གསུམ་པར་བྱ་སྟེ། དེས་ན་ཆོས་རྣམ་པ་བཞི་པོ་དེ་དག་ནི། ཉོན་མོངས་ཅན་དང་རྣམ་
སྨིན་སྐྱེས། །ལྷག་དང་དང་པོ་འཕགས་རིམ་བཞིན། །རྣམ་སྨིན་ཀུན་འགྲོ་དེ་གཉིས་དང༌། །སྐལ་མཉམ་མ་གཏོགས་ལྷག་ལས་སྐྱེས། །ཞེས་བྱ་བ་སྨོས་ཏེ། རྣམ་སྨིན་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་རྒྱུའོ། །ཆོས་ཉོན་མོངས་པ་ཅན་རྣམས་ནི་རྣམ་པར་སྨིན་པའི་རྒྱུ་མ་གཏོགས་པ་ལྷག་མ་ལྔ་པོ་བྱེད་རྒྱུ་དང་ལྷན་ཅིག་འབྱུང་བ་དང་སྐལ་བ་མཉམ་པ་དང་མཚུངས་པར་ལྡན་པ་དང་ཀུན་དུ་འགྲོ་བ་དག་ལས་ཅི་རིགས་པར་སྐྱེ་སྟེ། རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་བྱེད་རྒྱུའི་རྒྱུ་དང༌། རང་གི་ཚོགས་ཀྱི་སེམས་ལ་སོགས་པའི་མཚན་ཉིད་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་དང༌། རང་གི་རྒྱུད་ཀྱི་ཉོན་མོངས་པ་ཅན་སྔར་བྱུང་བའི་མཚན་ཉིད་ཀྱི་སྐལ་བ་མཉམ་པའི་རྒྱུ་དང༌། འདི་ལྟར་དེ་དག་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་ཡིན་པས་རང་གི་ཚོགས་ཀྱི་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་ཀྱི་མཚུངས་པར་ལྡན་པའི་རྒྱུ་དང༌། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་སྔར་བྱུང་བའི་མཚན་ཉིད་ཀྱི་ཀུན་དུ་འགྲོ་བའི་རྒྱུ་ལས་སྐྱེ་བར་འགྱུར་རོ། །རྣམ་པར་སྨིན་པའི་རྒྱུ་ལས་ནི་མ་ཡིན་ཏེ། རྣམ་པར་སྨིན་པའི་རྒྱུ་ནི་རྣམ་པར་སྨིན་པའི་འབྲས་བུས་འབྲས་བུ་དང་བཅས་པ་ཡིན་ན། །ཆོས་ཉོན་མོངས་པ་ཅན་རྣམས་ནི་རྣམ་པར་སྨིན་པའི་ངོ་བོ་ཉིད་མ་ཡིན་པས་དེ་དག་དེ་ལས་མི་སྐྱེའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ནི་ཀུན་དུ་འགྲོ་བའི་རྒྱུ་མ་གཏོགས་པ་རྒྱུ་དག་ལྷག་མ་ལྔ་པོ་ཁོ་ན་ལས་སྐྱེའོ། །རྣམ་པར་སྨིན་པ་རྣམས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཀུན་དུ་འགྲོ་བའི་རྒྱུ་ལས་ནི་མ་ཡིན་ཏེ། ཀུན་དུ་འགྲོ་བའི་རྒྱུའི་མཚན་ཉིད་ནི། །ཀུན་འགྲོ་ཞེས་བྱ་བ་ཉོན་མོངས་ཅན། །རྣམས་ཀྱི་ཞེས་བྱ་བ་བཞིན་ནོ། །རྣམ་པར་སྨིན་པ་ལས་སྐྱེས་པ་དག་ལོག་པར་ལྟ་བ་ལ་སོགས་པ་ཀུན་དུ་འགྲོ་བ་ལས་སྐྱེ་བར་འགྱུར་མོད་ཀྱི་ཀུན་དུ་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་དེ་ལས་སྐྱེ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པར་སྨིན་པའི་རྒྱུ་ཡིན་ནོ། །ཆོས་ལྷག་མ་རྣམས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལྷག་མ་རྣམས་
ལ་རྣམ་པར་སྨིན་པའི་ངོ་བོ་ཉིད་མེད་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་ཡང་མེད་ལ་ཉོན་མོངས་པ་ཅན་གྱི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ཀུན་དུ་འགྲོ་བའི་རྒྱུ་ཡང་མེད་དོ། །དེའི་ཕྱིར་རྣམ་པར་སྨིན་པ་དང་ཀུན་དུ་འགྲོ་བའི་རྒྱུ་དེ་དག་མ་གཏོགས་པ་ལྷག་མ་བཞི་ལས་སྐྱེ་སྟེ། སྔ་མ་བཞིན་དུ་བཤད་པར་བྱའོ། །ཟག་པ་མེད་པའི་དང་པོ་རྣམས་ནི་རྣམ་པར་སྨིན་པ་དང་ཀུན་དུ་འགྲོ་བའི་རྒྱུ་སྟེ། དང་ཞེས་བྱ་བའི་སྒྲས་དྲངས་པ་དེ་དག་དང་སྐལ་པ་མཉམ་པའི་རྒྱུ་མ་གཏོགས་པ་ལྷག་མ་བྱེད་རྒྱུ་དང་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ལས་ཅི་རིགས་པར་སྐྱེའོ། །ཟག་པ་མེད་པ་རྣམས་ལ་རྣམ་པར་སྨིན་པའི་ངོ་བོ་ཉིད་མེད་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མེད་དོ། །ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཀུན་དུ་འགྲོ་བའི་རྒྱུ་ཡང་མེད་དོ། །ལམ་ནི་སྔོན་མ་བསྐྱེད་པའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ཡང་མེད་དོ། །ཟག་པ་དང་བཅས་པ་ཆོས་ཀྱི་མཆོག་ནི་ཟག་པ་མེད་པའི་ཚོགས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་པར་རུང་བ་མ་ཡིན་ནོ། །དེ་ལྟ་བས་ན་དེ་དག་ལས་མི་སྐྱེའོ། །སེམས་དང་སེམས་ལས་བྱུང་བ་ཡིན། །ཞེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་པ་ཞེས་བྱ་བ་ནི་སྨོས་པ་ནི་མཚུངས་པར་ལྡན་པའི་རྒྱུ་ཡོད་པར་བསྟན་པའི་ཕྱིར་རོ། །ཟག་པ་མེད་པའི་སེམས་དང་ལྡན་པ་མ་ཡིན་པ་ལ་ཐོབ་པ་ལ་སོགས་པ་དང་སྡོམ་པ་གཟུགས་ཅན་གྱི་ངོ་བོ་ཉིད་ཀྱང་ཟག་པ་མེད་པ་དག་ཏུ་རིག་པར་བྱ་སྟེ། སེམས་དང་སེམས་ལས་བྱུང་བ་དག་ལས་གཞན་པ་སེམས་དང་ལྡན་པ་མ་ཡིན་པ་དང༌། གཟུགས་ཅན་ཉོན་མོངས་པ་ཅན་ལ་སོགས་པ་ཉོན་མོངས་པ་ཅན་དང༌། རྣམ་པར་སྨིན་པ་ལས་སྐྱེས་པ་དང༌། ཟག་པ་མེད་པའི་དང་པོ་དེ་དག་ཀྱང་སེམས་དང་སེམས་ལས་བྱུང་བ་རྣམས་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་སྐྱེའོ། །མཚུངས་པར་ལྡན་པའི་རྒྱུ་གཅིག་པུ་མ་གཏོགས་པ་འབའ་ཞིག་ཏུ་ཟད་དོ། །དེ་དག་མཚུངས་པར་ལྡན་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་མཚུངས་པར་ལྡན་པའི་རྒྱུ་ལས་ནི་སྐྱེ་བར་མི་འགྱུར་རོ། །ཇི་ལྟ་ཞེ་ན། སེམས་དང་ལྡན་པ་མ་ཡིན་པ་དང༌། གཟུགས་
ཅན་ཉོན་མོངས་པ་ཅན་རྣམས་ནི་རྣམ་པར་སྨིན་པ་དང་མཚུངས་པར་ལྡན་པའི་རྒྱུ་དག་མ་གཏོགས་པ་རྒྱུ་ལྷག་མ་བཞི་ལས་སྐྱེའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་མ་གཏོགས་པར་ལྷག་མ་བཞི་ཁོ་ན་ལས་སྐྱེའོ། །ལྷག་མ་རྣམས་ནི་རྣམ་པར་སྨིན་པ་དང་ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པའི་རྒྱུ་རྣམས་མ་གཏོགས་པ་ལྷག་མ་གསུམ་ལས་སོ། །ཟག་པ་མེད་པའི་དང་པ་ནི་རྣམ་པར་སྨིན་པ་དང་ཀུན་དུ་འགྲོ་བའི་རྒྱུ་དག་དང་སྐལ་བ་མཉམ་པའི་རྒྱུ་དང་མཚུངས་པར་ལྡན་པའི་རྒྱུ་མ་གཏོགས་པ་ལྷག་མ་རྒྱུ་གཉིས་ལས་སྐྱེའོ། །རྒྱུ་གཅིག་ལས་བྱུང་བའི་ཆོས་ནི་མེད་དོ་ཞེས་བྱ་བ་ནི་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་དག་གདོན་མི་ཟ་བར་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །སྐྱེ་བ་བསྐྱེད་བྱ་སྐྱེད་བྱེད་པ། །རྒྱུ་དང་རྐྱེན་དག་མེད་པར་མིན། །ཞེས་བཤད་པས་ དེའི་ཕྱིར་རྒྱུ་རྒྱས་པར་བཤད་པའི་འོག་ཏུ ་རྐྱེན་རྣམས་གང་ཞེ་ན་ཞེས་འདྲི་བར་བྱེད་དོ། །རྐྱེན་དུ་འདྲ་བ་ནི་རྐྱེན་ཉིད་དོ་ཞེས་བྱ་བ་ནི་རྐྱེན་གྱི་རྣམ་པ་ཞེས་བྱ་བའི་ཐ་ཚིག་སྟེ་བ་ལང་ཉིད་ལྟ་བུ་ཡིན་ནོ། །སེམས་དང་སེམས་བྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་ལས་བྱུང་བ་རྣམས་ཁོ་ན་མཚུངས་པར་དེ་མ་ཐག་པ་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་བ་ཡིན་ནོ། །སྐྱེས་ཞེས་སྨོས་པ་ནི་མ་འོངས་པ་བརྩལ་བའི་ཕྱིར་རོ། །ཐ་མ་པ་ཡིན་ཞེས་སྨོས་པ་ནི་ཕྱི་མ་དང་བཅས་པ་རྣམས་མཚུངས་པ་དེ་མ་ཐག་པ་ཡིན་པའི་ཕྱིར་རོ། །རྐྱེན་འདི་མཚུངས་པ་ཡང་ཡིན་ལ་དེ་མ་ཐག་པ་ཡང་ཡིན་པས་མཚུངས་པ་དེ་ཐག་པའི་རྐྱེན་ཏོ་ཞེས་བྱ་བ་ནི་མཚུངས་པ་ཞེས་བྱ་བའི་སྒྲ་ནི་འདྲ་བའི་དོན་ཡིན་ནོ། །འདོད་པ་ན་སྤྱོད་པའི་གཟུགས་ཀྱི་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །རེས་འགའ་ནི་འདོད་པ་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་གཟུགས་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་འབྱུང་སྟེ། ཟག་པ་དང་བཅས་པའི་བསམ་གཏན་མངོན་དུ་གྱུར་པ་ནའོ་རེས་འགའ་ནི་འདོད་པ་ན་སྤྱོད་པ་དང་ཟག་པ་མེད་པ་འབྱུང་སྟེ། ཟག་པ་མེད་པའི་བསམ་གཏན་མངོན་དུ་གྱུར་པ་ནའོ། །འདོད་པ་ན་སྤྱོད་པའི་སེམས་
ཀྱི་མཇུག་ཐོགས་སུ་འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པ་དང༌། ཟག་པ་མེད་པའི་སེམས་ཅིག་ཅར་ནི་ནམ་ཡང་མི་འབྱུང་བས་གཟུགས་སྔོན་དུ་འགྱུར་བ་འཆོལ་བ་ཡིན་ནོ། །གཉིས་པ་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱས་པ་ལས་འབྱུང་བ་གཉིས་པ་འབྱུང་བའི་ཕྱིར་ཏེ། གང་གི་ཚེ་ཟས་ཟོས་ནས་ཉལ་བ་འམ་བསམ་གཏན་ལ་སྙོམས་པར་འཇུག་པ་དེའི་ཚེ་ཟས་ལས་སྐྱེས་པའི་རྒྱས་པ་ལས་བྱུང་བ་དང༌། གཉིད་ལས་སྐྱེས་པ་འམ། ཏིང་ངེ་འཛིན་ལས་སྐྱེས་པའི་རྒྱས་པ་ལས་བྱུང་བ་འབྱུང་ངོ༌། །བཙུན་པ་ནི་མདོ་སྡེ་པའི་གནས་བརྟན་ཞིག་ཡིན་ནོ། །ཆོས་མང་བ་དང་ཉུང་ངུ་འབྱུང་བའི་ཕྱིར་ཏེ་ཞེས་བྱ་བ་ཅི་ཞེ་ན། གཟུགས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ཞེས་བྱ་བར་སྐབས་དང་སྦྱར་རོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དག་དང་ཞེས་བྱ་བ་ནི། འདོད་པའི་དགེ་བའི་སེམས་ལ་ནི། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །སེམས་ལས་བྱུང་བ་ཉི་ཤུ་གཉིས། །ལ་ལ་དག་ཏུ་འགྱོད་པས་བསྣན། །མི་དགེ་བ་ནི་མ་འདྲེས་དང༌། །ལྷ་དང་ལྡན་ན་འང་ཉི་ཤུ་འབྱུང༌། །ཉོན་མོངས་བཞི་དང་ཁྲོ་སོགས་དང༌། །འགྱོད་པ་དང་ནི་ཉི་ཤུ་གཅིག །བསྒྲིབས་ལ་བཅོ་བརྒྱད་ལུང་མ་བསྟན། །གཞན་ལ་བཅུ་གཉིས་དག་ཏུ་འདོད། །ཅེས་བྱ་བའི་རིམ་པ་འདིས་རེས་འགའ་ནི་སེམས་ལས་བྱུང་བ་མང་པོ་ཉི་ཤུ་རྩ་གསུམ་ལས་སེམས་ལས་བྱུང་བ་ཉུང་ངུ་ཉི་ཤུ་རྩ་གཅིག་གམ་བཅོ་བརྒྱད་དམ་བཅུ་གཉིས་འབྱུང་ལ་རེས་འགའ་ནི་ཉུང་ངུ་ལས་མང་པོ་འབྱུང་སྟེ་བཟློག་པ་ཡིན་ནོ། །རྟོག་པ་དང་དཔྱོད་པ་དང་བཅས་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་ལ་ཞེས་བྱ་བ་ནི། རྟོག་པ་དང་དཔྱོད་པ་དང་བཅས་པ་ལ་སོགས་པའི་ཏིང་ངེ་འཛིན་ཀྱང་ཡོད་ལ། རྟོག་པ་མེད་ལ་དཔྱོད་པ་ཙམ་ཡང་ཡོད། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་ཡང་ཡོད་པས་ཏིང་ངེ་འཛིན་འདི་གསུམ་ལ་སེམས་ལས་བྱུང་བ་ཆེས་མང་བ་དང་ཉུང་ངུ་འབྱུང་སྟེ། དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་དག་ཀྱང་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་པར་འགྱུར་ཞེ་ན། རིགས་གཞན་ལ་ནི་ཡོད་ཀྱི་རང་གི་རིགས་ལ་ནི་མེད་
དེ་ཞེས་བྱ་བ་ནི་རིགས་གཞན་ལ་ནི་ཆེས་མང་པ་དང་ཉུང་ངུ་འབྱུང་བ་ཡོད་ཀྱི་རང་གི་རིགས་ལ་མེད་དོ། །སེམས་འགའ་ལ་རྟོག་པ་དང་དཔྱོད་པ་ལ་སོགས་པའི་རིགས་ཐ་དད་པ་ཡིན་པར་འགྱུར་བ་རྣམས་འབྱུང་བ་དང་མི་འབྱུང་བར་ཡང་འགྱུར་གྱི། ནམ་ཡང་ཚོར་བ་ཚེས་མང་བ་ནི་མ་ཡིན་ཏེ། སེམས་གཅིག་ལ་རེས་འགའ་ནི་ཚོར་བ་གཅིག་གཞན་འགའ་ལ་ནི་གསུམ་མམ་གཉིས་ཞེས་བྱ་བ་ནི་མེད་དོ། །གཟུགས་ནི་རང་གི་རིགས་ལ་ཡང་ཆེས་མང་བ་དང་ཉུང་ངུ་འབྱུང་ངོ༌། །ཡང་ཅི་རང་གི་རིགས་ཁོ་ནའི་ཞེས་བྱ་བ་ནི་ཅི་གང་གིས་ན་སེམས་ལས་བྱུང་བ་ལ་སོགས་པ་ཆེས་མང་བ་དང་ཉུང་ངུ་འབྱུང་བ་ཡོངས་སུ་སྤངས་པར་འགྱུར་བ་ཚོར་བ་ཡང་ཚོར་བ་དུ་མ་བསྐྱེད་པར་མི་ནུས་པའི་ཕྱིར་ཚོར་བ་ཁོ་ནའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ལ་འདུ་ཤེས་ལ་སོགས་པ་ཡང་དེ་དང་འདྲ་བ་ཡིན་གྱི་རིགས་གཞན་གྱི་མ་ཡིན་ཏེ། ཚོར་བ་ནི་འདུས་ཤེས་ལ་སོགས་པའི་མ་ཡིན་པ་ཞིག་ཡིན་ནམ་ཞེ་ན་ཞེས་བྱ་བ་ཡིན་ནོ། །རྒྱུད་འདྲ་བ་པ་དག་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་ཀྱང་སེམས་གཞན་གྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་གྱི། ཚོར་བའི་མ་ཡིན་ལ་ཚོར་བ་གང་ཚོར་བ་གཞན་གྱི་ཡིན་གྱི་སེམས་ཀྱི་མ་ཡིན་བས་སྐལ་བ་མཉམ་པའི་རྒྱུ་ནི་རྒྱུད་འདྲ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རྒྱུད་འདྲ་བས་རྩེན་བ་འམ་ཐ་སྙད་འདོགས་པ་ན་རྒྱུད་འདྲ་བ་པ་དག་སྟེ། ཆོས་མངོན་པ་པ་ཁ་ཅིག་ཡིན་ནོ། །གལ་ཏེ་རྒྱུད་གཅིག་རྒྱུད་གཞན་གྱི་སྐལ་པ་མཉམ་པའི་རྒྱུ་ཡིན་ན་གང་གི་ཚེ་ཉོན་མོངས་པ་ཅན་མ་ཡིན་པའི་མཇུག་ཐོགས་སུ་ཉོན་མོངས་པ་ཅན་འབྱུང་བ་དེ་ལ་ཇི་ལྟར་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་རྣམ་པར་བཞག་ཅེ་ན། དེའི་ཕྱིར་གང་གི་ཚེ་ཉོན་མོངས་པ་ཅན་མ་ཡིན་པའི་མཇུག་ཐོགས་སུ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཉོན་མོངས་པ་བ་ཕྱིས་བྱུང་བ་དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྔོན་འགགས་པའི་ཉོན་མོངས་པ་སྐད་ཅིག་མ་གཞན་གྱིས་བར་དུ་ཆོད་པ་ཡིན་པར་རྣམ་པར་འཇོག་སྟེ། རིགས་མཐུན་པའི་སེམས་གཞན་གྱིས་བར་དུ་མ་ཆོད་པའི་ཕྱིར་རོ། །ཉོན་མོངས་པ་ཅན་མ་ཡིན་བས་པར་དུ་ཆོད་པ་ནི་བར་དུ་ཆོད་པ་མ་ཡིན་པ་ཁོ་ན་སྟེ། རིགས་མི་
མཐུན་པ་ཡིན་པའི་ཕྱིར་རོ། །དཔེར་ན་ལྡང་བའི་སེམས་ཀྱིས་འགོག་པ་ལ་སྙོམས་པར་འཇུག་པའི་སེམས་ལྟ་བུ་སྟེ། སེམས་གཞན་གྱིས་བར་དུ་མ་ཆོད་པའི་ཕྱིར་སྙོམས་པར་འཇུག་པའི་རྫས་ཀྱིས་བར་དུ་ཆོད་ཀྱང་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་རྣམ་པར་གཞག་པ་དེ་དང་འདྲའོ། །ཁམས་གསུམ་པ་དང་ལྡན་པ་མ་ཡིན་པ་རྣམས་ཅིག་ཅར་མངོན་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་འཕགས་པ་འདོད་པའི་ཁམས་ཀྱི་འདོད་ཆགས་དང་མ་བྲལ་བའི་འདོད་པ་ན་སྤྱོད་པའི་ཐོབ་པའི་མཇུག་ཐོགས་སུ་ཁམས་གསུམ་པ་དང་ལྡན་པ་མ་ཡིན་པ་རྣམས་ཀྱི་ཐོབ་པ་དག་འབྱུང་སྟེ། ཁམས་གསུམ་པའི་ཉོན་མོངས་པ་དང་ལྡན་པའི་ཕྱིར་རོ། །དེ་དག་གི་སྐྱེ་བ་ལ་སོགས་པ་ཡང་དེ་དང་འདྲ་བར་འབྱུང་སྟེ། དེ་ལྟར་ན་འཆོལ་བར་མངོན་དུ་འགྱུར་བའི་ཕྱིར་ལྡན་པ་མ་ཡིན་པའི་འདུ་བྱེད་ཐོབ་པ་ལ་སོགས་པ་ཡང་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ནོ། །ཅིའི་ཕྱིར་མ་འོངས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་མི་འདོད་ཅེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གོང་དུ། སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །ཅེས་བཤད་པས་འདས་པ་དང་ད་ལྟར་བྱུང་བ་དག་ཁོ་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་པར་བཤད་དེ། དེའི་ཕྱིར་དེ་སྐད་དུ་འདྲིའོ། །འཆོལ་བ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་མ་འོངས་པའི་དུས་ནི་འཆོལ་བར་འདུག་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་པར་མི་འདོད་དོ། །མ་འོངས་པའི་དུས་འཆོལ་བར་འདུག་པ་ཉིད་ནི་སྔ་ཕྱི་མེད་པའི་ཕྱིར་ཏེ། སྔ་མ་དང་ཕྱི་མ་ཉིད་མེད་པའི་ཕྱིར་རོ། །དུས་སྔ་མ་དང་ཕྱི་མ་དང་ལྡན་པའི་ཕྱིར་ད་ལྟར་གྱི་བས་སྔར་ཞེས་བརྗོད་པར་ནི་ནུས་ན། མ་འོངས་པ་ལ་ནི་སྔ་མ་དང་ཕྱི་མ་ཉིད་མེད་དོ། །དེ་ཉིད་ཀྱི་ཕྱིར་ད་ལྟར་གྱི་ཡང་ད་ལྟར་གྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་མི་འདོད་དེ། སྔ་མ་དང་ཕྱི་མ་ཉིད་མེད་པའི་ཕྱིར་རོ། །འདས་པ་དང་ད་ལྟར་གྱི་ལས་རྗེས་སུ་དཔག་པའི་ཕྱིར་རོ་ཞེས་བྱ་བ་ནི་འདས་པ་དང་ད་ལྟར་གྱི་ལས་རྗེས་སུ་དཔག་པའི་ཕྱིར་ཏེ། འདས་པ་ལས་རྗེས་སུ་དཔག་པ་ཞེས་བྱ་བ་བསྟན་པའི་ཕྱིར་འདས་པའི་
དུས་གཟིགས་ཞེས་བྱ་བ་རྒྱས་པར་སྨོས་སོ། །ད་ལྟར་གྱི་ལས་རྗེས་སུ་དཔག་པ་ཞེས་བྱ་བ་བསྟན་པའི་ཕྱིར་མ་འོངས་ད་ལྟར་བའི་ལས་འདི་ཡང་དེ་ལྟ་བུ་ཡིན་པས་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཕྱི་མའི་མཐའ་མི་མཁྱེན་པར་འགྱུར་རོ་ཞེས་བྱ་བ་ནི་འདིའི་ཐམས་ཅད་མཁྱེན་པ་ཉིད་ཉམས་པར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །འབྲས་བུའི་རྟགས་སུ་གྱུར་པ་ནི་འབྲས་བུའི་མཚན་མར་གྱུར་པའོ། །མངོན་སུམ་དུ་མཛད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མངོན་སུམ་དུ་གཟིགས་པ་མ་ཡིན་པའོ། །སྔ་མ་དང་ཕྱི་མ་ཉིད་མེད་པས་འཆོལ་བར་འདུག་པའི་ཕྱིར་མ་འོངས་པ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་མི་འདོད་དོ་ཞེས་བཤད་པ་དང༌། ཅིའི་ཕྱིར་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་ཞེས་བྱ་བ་འདི་རྒྱས་པར་སྨོས་སོ། །དེ་ལ་བྱེ་བྲག་ཏུ་སྨྲ་བས་ལན་གདབ་པའི་ཕྱིར་གང་ཞིག་གང་ལ་རག་ལུས་ཏེ་སྐྱེ་བ་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཆོས་གང་ཞིག་འཇིག་རྟེན་པའི་ཆོས་ཀྱི་མཆོག་གང་ལ་རག་ལས་ཏེ་སྐྱེ་བ་དེ་ནི་དེའི་མཇུག་ཐོགས་སུ་སྐྱེའོ། །དཔེར་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་མེད་བཞིན་དུ་ས་བོན་ལ་སོགས་པའི་མྱུ་གུ་ལ་སོགས་པ་བཞིན་ཏེ་མྱུ་གུ་ནི་ས་བོན་ལ་རག་ལས་ཏེ་སྐྱེ་བ་ཡིན་པས་དེའི་མཇུག་ཐོགས་སུ་སྐྱེ་ལ་སྡོང་བུ་ལ་སོགས་པ་ཡང་མྱུ་གུ་ལ་སོགས་པ་ལ་དེ་དང་འདྲའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་མེད་བཞིན་དུ་ཡང་ཞེས་བྱ་བ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་མེད་པར་ཡང་ངོ༌། །ཡང་ཞེས་བྱ་བའི་སྒྲས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡོད་ན་ལྟ་ཧ་ཅང་ཡང་སྐྱེ་བར་འགྱུར་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟ་བས་ན་ཚིག་གི་དོན་ནི་གོ་རིམས་དེས་པར་གནས་པ་ཡང་མེད་ལ་དེ་དང་འདྲ་བར་མཇུག་ཐོགས་སུ་སྐྱེ་བར་ངེས་པར་ཡང་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་དགྲ་བཅོམ་པའི་སེམས་དང་སེམས་ལས་བྱུང་བ་ཐ་མ་རྣམས་ཞེས་བྱ་བའི་འདྲི་བ་འདི་ནི་ཐ་མ་མ་ཡིན་ཞེས་བཤད་པས་བྱུང་བ་ཡིན་ནོ། །སེམས་གཞན་དང་འབྲེལ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ལྟར་མཇུག་ཐོགས་སུ་སེམས་གཞན་དང་འབྲེལ་བ་མེད་པས་སོ། །ཡིད་ནི་རྟེན་
གྱི་དངོས་པོས་རབ་ཏུ་ཕྱེ་བ་ཡིན་ཞེས་བྱ་བ་ནི་དཔེར་ན་མིག་སྐྱེས་པ་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོར་གནས་པ་གལ་ཏེ་རྒྱུ་གཞན་མ་ཚང་བ་མིག་གི་རྣམ་པར་ཤེས་པ་མི་སྐྱེ་ཡང་དེ་ལ་མིག་གིས་མ་ལན་པ་དེ་བཞིན་དུ་དགྲ་བཅོམ་པའི་སེམས་ཐ་མ་ཡང་རྐྱེན་གྱི་དངོས་པོར་གནས་ལ་རྒྱུ་གཞན་མ་ཚང་བས་ནི་རྣམ་པར་ཤེས་པ་མི་སྐྱེ་བར་ཟད་དེ་དེས་ལན་པ་ནི་མ་ཡིན་ནོ། །དེ་ནི་བྱེད་པས་རབ་ཏུ་ཕྱེ་བ་མ་ཡིན་ཏེ། སྐྱེད་པར་བྱེད་པའི་སྐྱེས་བུའི་བྱེད་པས་རབ་ཏུ་ཕྱེ་བ་ནི་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ །གལ་ཏེ་དེ་སྐྱེད་པར་བྱེད་པས་རབ་ཏུ་ཕྱེ་བ་ཡིན་པར་གྱུར་ན་ནི་དེ་འབྲས་བུ་སྐྱེ་བ་ཁོ་ན་ཡིན་ན་ཡིད་ཡིན་པར་འགྱུར་བ་ཞིག་ན་དེ་ལྟ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་ནི་བསྐྱེད་པར་བྱ་བ་མེད་ཀྱང་ཡིད་ཡིན་པ་ཁོ་ནའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་བྱེད་པས་རབ་ཏུ་ཕྱེ་བ་ཡིན་ཏེ། བསྐྱེད་པར་བྱ་བ་ཡོད་པ་ཁོ་ན་ཡིན་ན་མཚུངས་པ་ཡིན་པ་དེ་མ་ཐག་པའི་རྐྱེན་ཡིན་གྱི་མེད་ན་ནི་མ་ཡིན་ནོ། །དེས་ཆོས་གང་འབྲས་བུར་བཟུང་བ་སྟེ། མཚུངས་པ་དེ་མ་ཐག་པའི་རྐྱེན་དེས་ཆོས་གང་ཞིག་འདི་བསྐྱེད་པར་བྱའོ་ཞེས་འབྲས་བུར་གཟུང་བ་དེ་ནི་ཆོས་བློ་དང་མི་ལྡན་པ་ཐམས་ཅད་དམ་སྲོག་ཆགས་ཆེད་དུ་བསམས་ཤིང་བྱེད་པ་ཐམས་ཅད་ཀྱིས་ཀྱང་ཇི་ལྟར་མི་སྐྱེ་བར་འགྱུར་བ་སྟེ་དེ་མི་སྐྱེ་བར་བྱའོ་ཞེས་དགག་པར་མི་ནུས་སོ། །ཆོས་གང་དག་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་དེ་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་ཀྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པ་ནི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་དག་ཡིན་ཏེ། དེ་དག་ནི་སེམས་དང་མཚུངས་པ་ཡང་ཡིན་ལ་དེ་མ་ཐག་པ་ཡང་ཡིན་པས། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་ནོ། །རྣམ་པ་གཅིག་ཏུ་ན་འདི་དག་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཡོད་པས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་ཏེ། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནི་སྐད་ཅིག་མ་གཞན་གྱིས་བར་དུ་མ་ཆོད་པ་དག་ཡིན་ནོ། །སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་དེ་དག་ཀྱང་སེམས་དང་སེམས་ལས་བྱུང་བ་རྣམས་དང་སྙོམས་
པར་འཇུག་པ་གཉིས་པོ་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་དག་ཡིན་གྱི། འདུ་ཤེས་མེད་པ་ནི་ལས་ཀྱི་མཐུས་སྐྱེ་བའི་ཕྱིར་བསྟན་བཅོས་ལས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་པར་མི་འབྱུང་ངོ༌། །མུ་དང་པོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་སྙོམས་པར་འཇུག་པ་ལས་ལྡང་བའི་སེམས་ནི་སྙོམས་པར་འཇུག་པ་ལ་འཇུག་པའི་སེམས་ཀྱིས་བསྐྱེད་པ་ཡིན་ཏེ། དེའི་ཕྱིར་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་གྱི་སྙོམས་པར་འཇུག་པའི་སྐད་ཅིག་མས་བར་དུ་ཆོད་པའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ཅན་ནི་མ་ཡིན་ནོ། །སྙོམས་པར་འཇུག་པའི་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནི་སྐད་ཅིག་མ་དང་པོ་མ་གཏོགས་པ་དག་ཅེས་བྱ་བའི་ཐ་ཚིག་གོ །རྐྱེན་དེས་བསྐྱེད་པའི་ཕྱིར་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་གྱི་ཅི་རིགས་པར་སྐད་ཅིག་མ་དང་པོ་ལ་སོགས་པས་བར་དུ་ཆོད་པའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ཅན་ནི་མ་ཡིན་ནོ། །མུ་གཉིས་པ་ནི་སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོའི་སྐྱེ་བ་ལ་སོགས་པ་སྟེ། སྐད་ཅིག་མ་གཞན་གྱིས་པར་དུ་མ་ཆོད་པའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ཅན་ཡིན་གྱི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་གྱི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནི་མ་ཡིན་ཏེ། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནི་སེམས་དང་སེམས་ལས་བྱུང་བ་རྣམས་དང་སྙོམས་པར་འཇུག་པ་གཉིས་ཁོ་ན་ཡིན་པར་འདོད་དོ། །སེམས་དང་བཅས་པའི་གནས་སྐབས་ཀྱི་སྐྱེ་བ་ལ་སོགས་པ་ནི་དེ་དག་ཁྱད་པར་དུ་མ་བྱས་པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་སྐྱེ་བ་ལ་སོགས་པ་ཡིན་ནོ། །སོགས་པ་ཞེས་བྱ་བ་སྨོས་པས་ནི་སྙོམས་པར་འཇུག་པ་གཉིས་མ་གཏོགས་པ་དང་ལྡན་པ་མ་ཡིན་པ་ཐམས་ཅད་བསྡུ་བ་ཁོ་ན་སྟེ། དེ་དག་ཀྱང་དེ་དང་འདྲ་བ་ཉིད་དུ་སེམས་ཀྱི་དེ་མ་ཐག་པ་ཅན་ཡིན་གྱི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནི་མ་ཡིན་ཏེ་སྔ་མ་བཞིན་དུ་བཤད་པར་བྱའོ། །སེམས་དང་བཅས་པའི་གནས་སྐབས་དག་གོ་ཞེས་བྱ་བ་ནི་གང་གི་ཚེ་སེམས་ཀྱི་མཇུག་ཐོགས་སུ་སེམས་འབྱུང་བ་དེའི་ཚེ་སེམས་དང་སེམས་ལས་
བྱུང་བ་ཕྱི་མ་རྣམས་སེམས་སྔ་མས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡང་ཡིན་ལ། སེམས་ཀྱི་དེ་མ་ཐག་པ་ཅན་ཡང་མ་ཡིན་ནོ། །མུ་བཞི་པ་ནི་སྙོམས་པར་འཇུག་པའི་སྐད་ཅིག་མ་གཉིས་པ་ལ་སོགས་པ་དང་ལྡན་པའི་སེམས་ཀྱི་སྐྱེ་བ་ལ་སོགས་པ་སྟེ། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་གྱི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡང་མ་ཡིན་ལ། སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོ་ལ་སོགས་པས་བར་དུ་ཆོད་པའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ཅན་ཡང་མ་ཡིན་ནོ། །གསུམ་པ་དང་བཞི་པ་གང་དག་ཡིན་པ་དེ་དག་ནི་དང་པོ་དང་གཉིས་པ་དག་གོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མུ་དང་པོ་ནི་སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོ་དང༌། སེམས་དང་བཅས་པའི་གནས་སྐབས་རྣམས་ཏེ་དེ་དག་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པའི་ཕྱིར་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་གྱི་སྙོམས་པར་འཇུག་པའི་དེ་མ་ཐག་པ་ཅན་ནི་མ་ཡིན་ཏེ། སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོ་ལ་སྙོམས་པར་འཇུག་པའི་སྐད་ཅིག་མ་སྔ་མ་མེད་པས་དེའི་དེ་མ་ཐག་པ་ཅན་གྱི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ལ། སེམས་དང་བཅས་པའི་གནས་སྐབས་ན་ཡང་སྙོམས་པར་འཇུག་པ་མེད་པའི་ཕྱིར་རོ། །གཉིས་པ་ནི་སྙོམས་པར་འཇུག་པའི་སྐད་ཅིག་མ་གཉིས་པ་ལ་སོགས་པ་དང་ལྡང་བའི་སེམས་ཀྱི་སྐྱེ་བ་ལ་སོགས་པ་སྟེ། ཆོས་འདི་དག་ནི་སྙོམས་པར་འཇུག་པའི་དེ་མ་ཐག་པ་ཅན་ཡིན་གྱི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནི་མ་ཡིན་ནོ། །གསུམ་པ་ནི་སེམས་མེད་པའི་སྙོམས་པར་འཇུག་པ་ལས་ལྡང་པའི་སེམས་དང་སྙོམས་པར་འཇུག་པའི་སྐད་ཅིག་མ་གཉིས་པ་ལ་སོགས་པ་སྟེ། འདི་དག་ནི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡང་ཡིན་ལ་སྙོམས་པར་འཇུག་པའི་དེ་མ་ཐག་པ་ཅན་ཡང་ཡིན་ནོ། །བཞི་པ་ནི་སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོ་དང་སེམས་དང་བཅས་པའི་གནས་སྐབས་ཀྱི་སྐྱེ་བ་ལ་སོགས་པ་སྟེ། ཆོས་འདི་དག་ནི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡང་མ་ཡིན་ལ་སྙོམས་པར་འཇུག་པའི་དེ་མ་ཐག་པ་ཅན་ཡང་མ་ཡིན་ཏེ། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་གྱི་ངོ་བོ་
ཉིད་མ་ཡིན་པའི་ཕྱིར་དང༌། སྙོམས་པར་འཇུག་པའི་སྐད་ཅིག་མ་སྔ་མ་མེད་པའི་ཕྱིར་རོ། །མཚུངས་པར་ལྡན་པ་དང་བཅས་པའི་ཞེས་བྱ་བ་ནི་སེམས་ལས་བྱུང་བ་དང་བཅས་པའི་འོ། །དེ་ལྟ་བུའི་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དམིགས་པར་བྱ་བའི་མཚན་ཉིད་ཡིན་པར་ཕྱིར་རོ། །སྐྱེ་མཆེད་དང་རྫས་དང་སྐད་ཅིག་མ་ངེས་པས་ཞེས་བྱ་བ་ནི་སྐྱེ་མཆེད་དང་རྫས་དང་སྐད་ཅིག་མ་ཡིན་ཏེ་དེ་དག་ངེས་པའོ། །དེས་ན་སེམས་དང་སེམས་ལས་བྱུང་བ་འདི་དག་རང་གིས་དམིགས་པ་ལ་ངེས་པ་ཡིན་ནོ། །དཔེར་ན་རེ་ཞིག་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་ནི་དམིགས་པ་གཟུགས་ཀྱི་སྐྱེ་མཆེད་ལ་ངེས་ཀྱི་སྒྲའི་སྐྱེ་མཆེད་ལ་སོགས་པ་ལ་ནི་མ་ཡིན་ཏེ། སྐྱེ་མཆེད་ངེས་པ་ནི་དེ་ལྟ་བུ་ཡིན་ནོ། །སྐྱེ་མཆེད་དེ་ལ་ཡང་རྫས་ངེས་པས་ནི་གཟུགས་སྔོན་པོ་ལ་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་སྔོན་པོ་འཛིན་པར་བྱེད་པ་ཡིན་པར་ངེས་ཀྱི་སེར་པོ་ལ་སོགས་པ་གཞན་ལ་ནི་མ་ཡིན་ནོ། །དམིགས་པ་གཟུགས་སྔོན་པོ་དེ་ལ་ཡང་གཟུགས་སྔོན་པོའི་སྐད་ཅིག་མ་གང་ཞིག་གང་གི་དམིགས་པ་ཡིན་པ་དེ་ནི་དེ་ཁོ་ནའི་ཡིན་གྱི་གཞན་གྱི་ནི་མ་ཡིན་ཏེ། སྐད་ཅིག་མ་ངེས་བས་ནི་དེ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ལ་ཡང་རྣ་བལ་སོགས་པའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་ལ་སོགས་པ་སྦྱར་བར་བྱའོ། །ཅི་རྟེན་ངེས་པས་ཀྱང་ངེས་པ་ཞིག་ཡིན་ནམ་ཞེས་བྱ་བ་ནི་ཅི་སེམས་དང་སེམས་ལས་བྱུང་བ་འདི་དག་མིག་ལ་སོགས་པའི་རྟེན་ངེས་པས་ཀྱང་ངེས་པ་ཞིག་ཡིན་ནམ་ཞེས་བྱ་བ་ཡིན་ནོ། །སྨྲས་པ། དེ་བཞིན་དེ་དེ་ལྟ་ལྟ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རྐྱེན་འདི་ནི་ལྷག་པ་ཡིན་པས་བདག་པོའི་རྐྱེན་ཏོ་ཞེས་བྱ་བ་ནི་རྒྱུའི་རྐྱེན་ལ་སོགས་པ་བས་ཏེ། རྒྱུའི་རྐྱེན་ནི་པོ་ཟོས་ནས་རྒྱུ་སྔར་ཟད་ལ་དམིགས་པའི་རྐྱེན་ཀྱང་ལྷན་ཅིག་འབྱུང་བ་རྣམས་མ་ཡིན་པས་ལྷག་པ་མ་ཡིན་ནོ། །དམིགས་པའི་རྐྱེན་ཡང་ཆོས་ཐམས་ཅད་ཡིད་ལ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ལྟོས་ནས་སོ། །ཡང་ལྷག་པའི་རྐྱེན་ཡིན་ཏེ་ཞེས་བྱ་བ་གོང་དུ་ནི་བདག་པོ་ལྷག་པ་ནི་བདག་པོའི་རྐྱེན་ཡིན་ནོ་ཞེས་
ཚིག་བསྡུས་པ་ཡིན་ནོ། །ད་ནི་ལྷག་པའི་སྟེ། མང་པོའི་བདག་པོ་སྟེ། དེ་རྐྱེན་ཡིན་པས་བདག་པོའི་རྐྱེན་ནོ་ཞེས་བྱ་བར་ཚིག་བསྡུའོ། །ཇི་ལྟ་ཞེ་ན། ཐམས་ཅད་ཅེས་བྱ་བ་རྒྱས་པར་སྨོས་སོ། །འདུས་བྱས་དང་འདུས་མ་བྱས་ཐམས་ཅད་རང་གི་ངོ་བོ་མ་གཏོགས་པའི་འདུས་བྱས་དམིགས་པ་དང་བཅས་པ་དང་དམིགས་པ་མེད་པ་ཐམས་ཅད་ཀྱི་རྐྱེན་ཡིན་པས་བདག་པོའི་རྐྱེན་ཡིན་ནོ། །དམིགས་པའི་རྐྱེན་ནི་དམིགས་པ་དང་བཅས་པ་ཁོ་ནའི་ཡིན་གྱི་དམིགས་པ་མེད་པའི་ནི་མ་ཡིན་ནོ། །ཚིག་རྣམ་པར་སྦྱར་བ་དང་པོ་ལ་ནི་རྐྱེན་ལྷག་པར་བསྟན་པ་ཡིན་ནོ། །གཉིས་པ་ལ་ནི་རྐྱེན་དང་ལྡན་པའོ། །འགག་པ་ལ་བྱ་བ་བྱེད་དོ་ཞེས་བྱ་བ་ནི་འགག་པ་ཁོ་ན་ལ་ཞེས་ངེས་པར་གཟུང་བ་ཡིན་ཏེ། ཕན་ཚུན་འབྲས་བུ་ཡིན་པའི་ཕྱིར་དང༌། རྟེན་མཚུངས་པའི་ཕྱིར་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུད་དག་དང་གོ་རིམས་བཞིན་ནོ། །གསུམ་པོ་ནི་སྐྱེ་བ་ལའོ་ཞེས་བྱ་བ་ནི་སྐྱེ་བ་ཁོ་ན་ལ་ཞེས་ངེས་པར་གཟུང་བ་ཡིན་ནོ། །དེ་ལས་གཞན་པའི་རྐྱེན་དེ་དག་ལས་བཟློག་པ་ཡིན་ཞེས་བྱ་བ་ནི་ཕྱིས་བཤད་པའི་བྱེད་པའི་དུས་ངེས་པ་ནི་སྔར་བཤད་པའི་མཚུངས་པ་དེ་མ་ཐག་པའི་རྐྱེན་དེ་དང་སྦྱར་ཏེ་སྐྱེ་བ་ལ་བྱ་བ་བྱེད་དོ་ཞེས་བྱ་བའི་དོན་ཡིན་ལ། སྔར་བཤད་པའི་བྱེད་པའི་དུས་ངེས་པ་ནི་ཕྱིས་བཤད་པའི་དམིགས་པའི་རྐྱེན་དང་སྦྱར་ཏེ། འགག་པ་ལ་བྱ་བ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དེ་དག་ནི་བཟློག་སྟེ་བྱ་བ་བྱེད་པ་ཡིན་ནོ། །དེའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྐབས་འབྱེད་པའི་ཕྱིར་སྐྱེ་བ་ལ་བྱ་བ་བྱེད་དོ། །དམིགས་པའི་རྐྱེན་ནི་ད་ལྟར་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་འཛིན་པའི་ཕྱིར་འགག་པ་ལ་བྱ་བ་བྱེད་དོ་ཞེས་བྱ་བ་སྨོས་ཏེ། དམིགས་པའི་རྐྱེན་ནི་འཛིན་པའི་དོན་གྱི་རྣམ་པར་གཞག་ན་སེམས་དང་སེམས་ལས་བྱུང་བ་འདས་པ་དང་མ་འོངས་པ་དག་ནི་གཟུང་བར་བྱ་བའི་དོན་འཛིན་པར་བྱེད་པ་ཡང་མ་ཡིན་ནོ། །འདིའི་བྱ་བ་འདི་ཉིད་ཡིན་ནོ་ཞེས་བྱ་བ་ནི་བདག་པོའི་རྐྱེན་འདིའི་བྱ་བ་ནི་གནས་སྐབས་ཐམས་ཅད་དུ་མི་སྒྲིབ་པའི་དངོས་པོར་འདུག་པ་གང་ཡིན་པ་དེ་ཉིད་ཡིན་ནོ་ཞེས་བྱ་བར་གོ་སླ་བས་བདག་པོའི་
རྐྱེན་གྱི་བྱེད་པའི་དུས་ངེས་པ་མདོར་མ་བྱས་སོ་སྙམ་དུ་བསམས་པ་ཡིན་ནོ། །རྒྱུ་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་མཚུངས་པར་ལྡན་པ་དང༌། ཀུན་དུ་འགྲོ་བ་དང་རྣམ་པར་སྨིན་པའི་རྒྱུ་རྣམས་མི་སྲིད་པའི་ཕྱིར་རོ། །ས་མཚུངས་པའི་དགེ་བའི་ཆོས་ཞེས་བྱ་བ་ནི་གང་དག་གི་སྟོབས་ཀྱིས་སྙོམས་པར་འཇུག་པ་དེ་གཉིས་འབྱུང་བ་སྟེ། འགོག་པའི་སྙོམས་པར་འཇུག་པའི་སྐལ་བ་མཉམ་པའི་རྒྱུའི་རྐྱེན་ནི་སྲིད་པའི་རྩེ་མོ་བའི་ཆོས་དགེ་བ་རྣམས་ཡིན་ནོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་བསམ་གཏན་བཞི་པའི་ས་དག་ཡིན་ནོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྙོམས་པར་འཇུག་པའི་སེམས་མཚུངས་པར་ལྡན་པ་དང་བཅས་པའོ་ཞེས་བྱ་བ་ནི་འགོག་པའི་སྙོམས་པར་འཇུག་པའི་སྐད་ཅིག་མ་ཐམས་ཅད་སེམས་གཞན་གྱིས་བར་དུ་མ་ཆོད་པའི་ཕྱིར་རོ། །སྔ་མ་བཞིན་ནོ་ཞེས་བྱ་བ་ནི་རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་དོ། །སེམས་ཀྱི་མངོན་པར་འདུ་བྱེད་པ་ལས་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཀྱི་རྩོལ་བ་ལས་སྐྱེ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །སེམས་སྐྱེ་བ་ལ་བགེགས་བྱེད་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སེམས་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་བྱ་བ་ལ་ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་དང་རིམ་པ་གཞན་དུ་སྦྱར་བ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བ་དང་སྙོམས་པར་འཇུག་པ་གཉིས་མ་གཏོགས་པ་ཆོས་གཞན་དག་ནི་རྒྱུ་དང་བདག་པོའི་རྐྱེན་གཉིས་ཁོ་ན་ལས་སྐྱེའོ། །དབང་ཕྱུག་དང་སྐྱེས་བུ་དང་གཙོ་བོ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་དུས་དང་རང་བཞིན་དང་རྡུལ་ཕྲ་རབ་ལ་སོགས་པ་བསྡུའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ལ་ཚིག་གི་དོན་བསྡུས་པ་ནི་གལ་ཏེ་རྒྱུ་གཅིག་པུ་དབང་ཕྱུག་གམ་སྐྱེས་བུ་ནི་མེད་དོ་ཞེས་བྱ་བའི་ཕྱོགས་འདི་ལ་གཏན་ཚིགས་ཅི་ཡོད་ཅེས་གཏན་ཚིགས་ཚོལ་བར་བྱེད་ན་དབང་ཕྱུག་ལས་མ་གཏོགས་པའི་གཏན་ཚིགས་བྱས་པས་དེ་འགྲུབ་པས་ན་ཁས་བླངས་པར་འགྱུར་རོ། །དེ་ཁས་བླངས་པའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་རྒྱུ་གཅིག་པུ་དབང་ཕྱུག་གམ་སྐྱེས་བུ་ཡིན་ནོ་ཞེས་སྨྲ་བ་འདི་བསྩལ་
བ་ཡིན་ཏེ། ཡོངས་སུ་སྤངས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་བྱ་བ་ནི་དངོས་པོ་རྣམས་ནི་དབང་ཕྱུག་ལ་སོགས་པ་ལ་མི་སྐྱེའོ། །ཅིའི་ཕྱིར་ཞེ་ན། རིམ་སོགས་ཕྱིར་ཏེ་སོགས་པ་ཞེས་བྱ་བ་སྨོས་པས་ནི་ཡུལ་དད་དུས་ལ་སོགས་པ་བསྡུའོ། །ཡང་ན་རྒྱུ་དུ་མ་ཉིད་དང་ཐུག་པ་མེད་པར་ཐལ་བ་དང་སྐྱེས་བུའི་བྱེད་པ་གཞན་བསྙོན་པར་སྨྲ་བ་རྣམས་བསྡུའོ། །གལ་ཏེ་དབང་ཕྱུག་གམ་གཞན་ཡང་རུང་སྟེ། རྒྱུ་གཅིག་པུ་ཁོ་ན་ཞིག་ཡིན་ན་ཞེས་བྱ་བ་རྒྱས་པར་སྨོས་པ་ནི་གལ་ཏེ་ལྷ་ཆེན་པོའམ་ནོར་ལྷའམ་སྐྱེས་བུ་ལ་སོགས་པ་གཞན་ཡང་རུང་རྒྱུ་གཅིག་པུ་ཁོ་ན་ཞིག་ཡིན་ན་རྒྱུ་ཡོད་པའི་ཕྱིར་འགྲོ་བ་ཐམས་ཅད་ཅིག་ཅར་དུ་འབྱུང་བར་འགྱུར་ཏེ། རྒྱུ་ཡོད་ན་འབྲས་བུ་མི་འབྱུང་ངོ་ཞེས་བྱ་བ་འདི་ནི་མི་འདོད་དོ། །ནུར་ནུར་པོ་ལ་སོགས་པ་དང་མྱུ་གུ་ལ་སོགས་པའི་དངོས་པོ་རྣམས་ནི་རིམ་གྱིས་འབྱུང་བར་ཡང་སྣང་སྟེ། དེ་ལྟ་བས་ན་རང་གི་རྒྱུ་བརྒྱུད་པས་མངོན་པར་འགྲུབ་པ་ཡིན་གྱི་དབང་ཕྱུག་ལ་སོགས་པའི་རྒྱུ་ཅན་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །འགྲོ་བ་ནི་དབང་ཕྱུག་ལ་སོགས་པའི་རྒྱུ་གཅིག་པུ་ཅན་ཡིན་ནོ་ཞེས་ཁས་ཆེ་བ་དེའི་ཕྱོགས་ནི་རང་གི་རྒྱུས་རིམ་གྱིས་སྐྱེ་བ་ཉིད་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་ཀྱི་ཁྱད་པར་གྱིས་ན་སྐྱོན་དང་བཅས་པ་ཉིད་དུ་མངོན་ནོ། །དེ་ནི་དབང་ཕྱུག་གི་འདོད་པའི་དབང་གིས་ཡིན་ནོ་ཞེས་བྱ་བ་ནི་རིམ་གྱིས་ཁྱད་པར་དེ་ནི་དབང་ཕྱུག་གི་འདོད་པའི་དབང་གིས་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ནི་ད་ལྟར་སྐྱེ་བར་གྱུར་ཅིག་ཅེས་བྱ་བ་ནས་འདི་ནི་ཕྱིས་སྐྱེ་བར་གྱུར་ཅིག་ཅེས་བྱ་བའི་བར་སྨོས་ཏེ། རྒྱུ་དབང་ཕྱུག་ཏུ་སྨྲ་བའི་བསམ་པ་ནི་དེ་ལྟར་ན་དངོས་པོ་རྣམས་རིམ་གྱིས་ཀྱང་འབྱུང་ལ་དབང་ཕྱུག་གི་རྒྱུ་ཅན་ཡང་ཡིན་ནོ་སྙམ་པ་ཡིན་ནོ། །འོ་ན་ནི་འདོད་པ་ཐ་དད་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དབང་ཕྱུག་གི་འདོད་པ་ཡང་ཐ་དད་པའི་ཕྱིར་ལ་རྒྱུ་གཅིག་པ་ཉིད་དུ་ཡང་ཁས་བླངས་པའི་ཕྱིར་ཕྱོགས་སྔ་མ་དང་འགལ་བས་ཕྱོགས་ཀྱི་ཆོས་ཀྱི་རང་གི་ངོ་བོ་ལས་བཟློག་པར་གྱུར་པར་འགྱུར་རོ།། །།བམ་པོ་ཉི་ཤུ་གཅིག་པ། འདོད་པ་ཐ་དད་པ་དེ་དང་ཞེས་བྱ་བ་རྒྱས་པར་
འབྱུང་བ་ནི་འདོད་པ་ཐ་དད་པ་དེ་ཡང་དེའི་རྒྱུ་སྟེ། འདོད་པ་ཐ་དད་པ་དེའི་རྒྱུ་དབང་ཕྱུག་ལ་ཐ་དད་པ་མེད་པའི་ཕྱིར་ཅིག་ཅར་འབྱུང་བར་འགྱུར་ཏེ་གཅིག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་ཅིག་ཅར་འབྱུང་བར་འགྱུར་རོ་ཞེས་པ་ཉེས་པ་གོང་དུ་བཤད་པ་དེ་ཉིད་དུ་འགྱུར་རོ། །འོན་ཏེ་དབང་ཕྱུག་ནི་དེ་བསྐྱེད་པར་བྱ་བ་ལ་རྒྱུའི་ཁྱད་པར་ཐ་དད་པ་གཞན་ལ་ཡང་ལྟོས་སོ་སྙམ་དུ་སེམས་ན་དེའི་ཕྱིར་འོན་ཏེ་རྒྱུ་གཞན་ལ་ལྟོས་ན་ནི་ཞེས་བྱ་བ་འདི་རྒྱས་པར་སྨོས་ཏེ། རྒྱུ་དབང་ཕྱུག་ཁོ་ན་ཡིན་པར་མ་ཟད་དོ་ཞེས་བྱ་བར་ཁས་བླངས་ན་ཉེས་པ་དེ་ཉིད་དུ་འགྱུར་རོ། །དེ་དག་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྒྱུའི་བྱེ་བྲག་དེ་དག་ཀྱང་རིམ་གྱིས་སྐྱེ་བར་འདོད་ན་རྒྱུ་གཞན་གྱི་བྱེ་བྲག་རྣམས་ཀྱང་ཡང་རྒྱུ་གཞན་གྱི་བྱེ་བྲག་ལ་ལྟོས་པའི་ཕྱིར་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། དེ་དག་ཀྱང་རྒྱུ་གཞན་གྱི་བྱེ་བྲག་ལ་ལྟོས་ལ་དེ་དག་ཀྱང་རྒྱུ་གཞན་གྱི་བྱེ་བྲག་ལ་ལྟོས་པས་མཐའ་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཤཱ་ཀྱའི་སྲས་པོའི་ལུགས་ཁོ་ན་ཞེས་བྱ་བ་ནི་ཤཱ་ཀྱའི་སྲས་པོའི་ལུགས་འཁོར་བ་ཐོག་མ་མེད་པ་ཞེས་བྱ་བ་འདི་ལས་མ་འདས་པར་འགྱུར་རོ། །ཅིག་ཅར་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྟེ་དབང་ཕྱུག་གི་འདོད་པ་རྣམས་ཅིག་ཅར་ཡིན་ཡང་འགྲོ་བ་ནི་ཅིག་ཅར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདོད་པ་ཇི་ལྟ་བར་སྐྱེ་བའི་ཕྱིར་ཏེ། འདོད་པ་གང་གིས་འདི་ནི་ད་ལྟར་སྐྱེ་བར་གྱུར་ཅིག་སྙམ་པ་དེ་ནི་འདོད་པ་དེ་ལས་ད་ལྟར་ཁོ་ན་སྐྱེ་ལ། གང་གིས་ཕྱིས་སྐྱེ་བར་གྱུར་ཅིག་སྙམ་པ་དེ་ནི་དེ་ལས་ཕྱིས་སྐྱེའོ། །འདི་ནི་ཆེས་ཕྱིས་རྣམ་པ་འདི་ལྟ་བུར་གྱུར་ཅིག་སྙམ་པ་དེ་ནི་དེ་ལས་ཆེས་ཕྱིས་དེ་ཁོ་ན་ལྟ་བུར་སྐྱེ་བར་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་མ་ཡིན་ཏེ། དེ་དག་ལ་ཕྱིས་ཁྱད་པར་མེད་པའི་ཕྱིར་རོ། །འདོད་པ་དེ་དག་ལ་ཕྱིས་ཁྱད་པར་འགའ་ཡང་མེད་དེ། ཇི་ལྟར་སྔོན་རྩོམ་པར་མི་བྱེད་པ་དེ་ཁོ་ན་བཞིན་དུ་ཕྱིས་ཀྱང་རྩོམ་པར་མི་འགྱུར་བའམ། ཇི་ལྟར་ཕྱིས་རྩོམ་པར་མི་བྱེད་པ་ལྟ་བུར་སྔོན་ཡང་དེ་དང་འདྲའོ། །རྣམ་པ་གཅིག་ཏུ་ན་སྐྱེད་པར་བྱེད་པ་གཅིག་ཁོ་ནར་ཟད་ཀྱི་གཞན་ནི་མེད་པས་དེ་དག་ལ་ཁྱད་པར་མེད་དོ། །དེའི་ཕྱིར་དབང་ཕྱུག་གི་
འདོད་པ་དག་བཞིན་དུ་དངོས་པོ་རྣམས་ཅིག་ཅར་དུ་འབྱུང་བར་འགྱུར་པ་ཉིད་དོ། །འོན་ཏེ་འདོད་པའི་ཁྱད་པར་རྣམ་པ་རྒྱུ་གཞན་ལ་ལྟོས་པ་ཉིད་ཡིན་ན་ནི་ཉེས་པ་སྔ་མ་བཞིན་ནོ། །དེ་ལ་དབང་ཕྱུག་མ་ཡིན་པར་འགྱུར་ཏེ་ཞེས་བྱ་བ་ནི་ཐབས་མེད་པར་དེ་བྱེད་པར་མི་ནུས་པའི་ཕྱིར་དགའ་བ་དེ་ལ་དབང་ཕྱུག་མ་ཡིན་པར་འགྱུར་ཏེ། དབང་ཕྱུག་གི་དབང་ཕྱུག་ཉིད་ནི་འདིའི་རྒྱུ་གཞན་ལ་མི་ལྟོས་པར་བྱེད་པར་འགྱུར་བ་གང་ཡིན་པ་འདི་ཡིན་ནོ། །གཞན་ལའང་དེ་ཁོ་ན་དང་འདྲའོ་ཞེས་བྱ་བ་ནི་ཇི་ལྟར་དགའ་བ་ལ་དབང་ཕྱུག་མ་ཡིན་པ་དེ་བཞིན་དུ་གཞན་འཇིག་རྟེན་གསུམ་ཆར་ལ་ཡང་དབང་ཕྱུག་མ་ཡིན་ནོ་ཞེས་བྱ་བར་རྗེས་སུ་དཔག་པའོ། །གལ་ཏེ་ཡང་དབང་ཕྱུག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་དམྱལ་བ་ལ་སོགས་པར་སྐྱེ་དགུ་ཕྱུང་ན་སྟེ། གལ་ཏེ་སྐྱེ་དགུ་གནོད་པ་མང་པོ་དང་འབྲལ་བ་སྟེ། ནད་ལ་སོགས་པ་གནོད་པ་རྣམ་པ་མང་པོ་དུ་མ་དག་དང་འབྲེལ་ཞིང་གཙེས་པ་རྣམས་ཕྱུང་ནས་དགའ་བར་འགྱུར་ན་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་ཐ་ཚིག་འདི་ནི་བསྟིང་བ་ཡིན་ནོ། །གང་ཕྱིར་མ་ལུས་སྲེག་པ་དང༌། །ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཕྱིར་མ་ལུས་པར་སྲེག་པར་བྱེད་པ་དེའི་ཕྱིར་དྲག་པོ་ཞེས་བྱ་སྟེ། ཐམས་ཅད་ལ་ཡང་དེ་དང་འདྲའོ། །དོན་གཞན་དག་གི་ཞེས་བྱ་བ་ནི་མྱུ་གུ་ལ་སོགས་པ་ལ་ས་བོན་ལ་སོགས་པའི་སྐྱེས་བུའི་བྱེད་པ་མངོན་སུམ་དུ་ནི་སྙོམས་པར་འགྱུར་རོ། །རྒྱུ་རྣམས་ལས་གཞན་གྱི་བྱེད་པ་མི་སྣང་བའི་ཕྱིར་རོ་ཞེས་བྱ་བ་ནི་མིག་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་ལས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བ་དང༌། །ས་བོན་དང༌། ཞིང་དང༌། ཆུ་ལ་སོགས་པ་ལས་མྱུ་གུ་ལ་སོགས་པ་སྐྱེ་བ་ལ་གཞན་གྱི་བྱེད་པ་མི་དམིགས་པའི་ཕྱིར་ཏེ། ཇི་ལྟར་དེ་དག་ཡོད་ན་ཡོད་པའི་ཕྱིར་ལ་དེ་དག་མེད་ན་ཡང་མེད་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བ་མིག་ལ་སོགས་པ་དང༌། མྱུ་གུ་ལ་སོགས་པ་སྐྱེ་བ་ལ་ས་བོན་ལ་སོགས་པའི་བྱེད་པ་སྣང་བ་དེ་ལྟ་བུར་མིག་ལ་སོགས་པ་ཡང་ཡོད། ས་བོན་ལ་སོགས་པ་ཡང་ཡོད་ཀྱང་གང་གིས་ན་དེ་ཡང་དེ་དག་སྐྱེ་བ་ལ་བྱེད་པ་ཡིན་པར་རྟོགས་པར་
འགྱུར་བ་དབང་ཕྱུག་མེད་ན་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང༌། མྱུ་གུ་ལ་སོགས་པ་མེད་པ་དང༌། ཡང་དེ་ཡོད་ན་ཡོད་པའང་མ་མཐོང་ངོ༌། །དེའི་ཕྱིར་དེ་བྱེད་པ་མ་མཐོང་བས་རྒྱུ་རྣམས་དང་བཅས་པའི་དབང་ཕྱུག་ལ་རྒྱུར་རྟོག་པར་བྱེད་པ་རྣམས་ནི་གུས་པར་སྨྲ་བ་འབའ་ཞིག་ཏུ་ཟད་པར་འགྱུར་རོ། །གཞན་ཡང་ལྷན་ཅིག་བྱེད་པའི་རྒྱུ་དང་པོ་རྣམས་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དབང་ཕྱུག་ནི་ལྷན་ཅིག་བྱེད་པ་དང་པོ་གང་དག་ཡིན་པ་དེ་དག་ལ་དབང་ཕྱུག་དེའི་དབང་ཕྱུག་མེད་པར་འགྱུར་ཏེ། དེ་དག་ནི་འབྲས་བུ་སྐྱེད་པ་ལ་རང་གི་མཐུས་བྱ་བ་བྱེད་དོ། །ལྷན་ཅིག་བྱེད་པ་དང་པོ་མ་ཡིན་པ་རྣམས་ལ་དབང་ཕྱུག་ཡིན་པས་དང་པོ་ཞེས་བྱ་བ་སྨོས་སོ། །དང་པོ་བྱུང་བ་དབང་ཕྱུག་གི་རྒྱུ་ལས་བྱུང་བ་ཡིན་ཏེ། དེ་ལྟར་ན་སྐྱེས་བུ་བྱེད་པ་མངོན་སུམ་ཡང་བསྙོན་པར་མི་འགྱུར་ལ། རྒྱུ་དག་ལས་གཞན་གྱི་བྱེད་པ་མ་མཐོང་ཡང་འགྲོ་བའི་རྒྱུ་དབང་ཕྱུག་ཡིན་ནོ་ཞེས་བྱ་བ་ཡང་ཉེས་པ་མེད་དོ་ཞེ་ན། དེ་ཡང་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་ཏེ། དང་པོ་བྱུང་བ་དེ་ཡང་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་རྒྱུ་དབང་ཕྱུག་གཅིག་པུ་ཁོ་ནར་ཟད་ཀྱི་གཞན་ནི་མེད་པས་དབང་ཕྱུག་བཞིན་དུ་ཐོག་མ་མེད་པ་ཉིད་དུ་ཐལ་བར་འགྱུར་བ་ཞིག་ན་དེ་ནི་མི་འདོད་དོ། །དེ་ལྟ་བས་ན་དབང་ཕྱུག་ནི་རྒྱུ་མ་ཡིན་ནོ། །དེ་བཞིན་དུ་གཙོ་བོ་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ལ་གཙོ་བོ་ནི་སེམས་པ་མེད་པ་ཡིན་ནོ། །དེ་ལྟ་བས་ན་དེ་ལ་འདོད་པ་རྣམ་པར་གཞག་པ་མ་གཏོགས་པ་ལྷག་མ་དགག་པའི་ཚུལ་བརྗོད་པར་བྱ་བ་ཡིན་ཏེ། གལ་ཏེ་རྒྱུ་གཙོ་བོ་གཅིག་པུ་ཁོ་ན་ཞིག་ཡིན་ན་འགྲོ་བ་ཐམས་ཅད་ཅིག་ཅར་དུ་འབྱུང་བར་འགྱུར་བ་ཞིག་ན། དང་པོ་རྣམས་ནི་རིམ་གྱིས་འབྱུང་བར་ཡང་སྣང་ངོ༌། །འོན་ཏེ་རྒྱུ་གཞན་ལ་ལྟོས་ན་ནི་གཙོ་བོ་གཅིག་བུ་ཁོ་ན་རྒྱུ་མ་ཡིན་པར་འགྱུར་རོ། །དེ་དག་ཀྱང་རིམ་གྱིས་སྐྱེ་བ་ལ་རྒྱུ་གཞན་གྱི་བྱེ་བྲག་ལ་ལྟོས་པའི་ཕྱིར་ཐུག་པ་མེད་པར་ཐལ་བར་འགྱུར་བས་ཞེས་བྱ་བ་རྒྱས་པར་སྦྱར་བར་བྱའོ། །ཡང་འགྲོ་བའི་རྒྱུ་གཅིག་པུ་ཡོངས་སུ་བཟུང་བས་དོན་གཞན་དག་གི་སྐྱེས་བུ་བྱེད་པ་མངོན་སུམ་ནི་བསྙོན་པར་འགྱུར་རོ། །རྒྱུ་རྣམས་དང་བཅས་པའི་གཙོ་བོ་ལ་ཡང་རྒྱུར་རྟོག་པ་
རྣམས་ནི་གུས་པར་སྨྲ་བ་འབའ་ཞིག་ཏུ་ཟད་དེ་རྒྱུ་རྣམས་ལས་གཞན་གྱི་བྱེད་པ་མི་སྣང་བའི་ཕྱིར་རོ། །གཙོ་བོ་དེ་ལྷན་ཅིག་བྱེད་པའི་རྒྱུ་དང་པོ་རྣམས་ལ་ཡང་གཙོ་བོ་མ་ཡིན་པར་འགྱུར་རོ། །འོན་ཏེ་དང་པོ་བྱུང་བ་གཙོ་བོའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེ་ན། དང་པོ་འབྱུང་བ་ཆེན་པོ་ལ་སོགས་པ་འབྱུང་བའི་ངོ་བོ་ཉིད་དེ་ཡང་དང་པོ་མི་དམིགས་པའི་ཕྱིར་གཙོ་བོ་བཞིན་དུ་ཐོག་མ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །གཙོ་བོ་ནི་རྟག་པ་ཡིན་ལ་ཆེན་པོའི་རྒྱུ་ཡང་གཙོ་བོ་ཡིན་པས་གཙོ་བོ་ནི་སྔ་ལ་ཆེན་པོ་ནི་འཕྱིའོ་ཞེས་བྱ་བར་ཡང་མི་འགྲུབ་པོ། །གཙོ་བོ་སྐྱེད་པར་བྱེད་པའི་ཆོས་ཅན་ཡིན་པས་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་དེས་རྟག་ཏུ་འཇུག་པར་ཡང་བྱ་དགོས་སོ། །སྣང་བ་ནི་གསལ་བར་བྱ་བའི་དོན་གསལ་བར་བྱས་ནས་ཡང་གསལ་བར་མི་བྱེད་པ་མ་ཡིན་ཏེ། ངོ་བོ་ཉིད་ནི་དོན་བྱས་པ་ལ་ལྟོས་པ་མེད་དོ། །བློ་མ་སྦྱངས་པ་རྣམས་ནི་དོན་དམ་པའི་བསྟན་བཅོས་དག་གིས་བློ་མ་སྦྱངས་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ །དེའི་རྒྱུ་འབྱུང་བ་རྣམ་པ་གཉིས་ཞེས་བྱ་བ་ནི་འབྱུང་བ་སྔར་བྱུང་བ་རྣམས་ནི་རང་གི་རྒྱུ་ཕྱིས་འབྱུང་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །ཐ་དད་དུ་མི་འཇུག་པ་རྣམས་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །འབྱུང་བའི་རྗེས་སུ་མཐུན་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འབྱུང་བ་ལས་གྱུར་པ་ནི་འབྱུང་བ་རྣམས་ཀྱི་རྗེས་སུ་མཐུན་པར་བྱེད་པ་ཡིན་ཏེ། དེ་དག་གྱུར་ན་འགྱུར་བའི་ཕྱིར་རོ། །སློབ་དཔོན་ལ་སོགས་པ་ལ་བརྟེན་པ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་དགེ་སློང་སློབ་དཔོན་ལ་བརྟེན་པ་བཞིན་ནོ། །སོགས་པ་ཞེས་བྱ་བའི་སྒྲ་ནི་མཁན་པོ་ལ་ཡང་བརྟེན་པ་ཡིན་ཏེ། དེ་དང་འདྲ་བར་འབྱུང་བ་ལས་གྱུར་པ་ཡང་འབྱུང་བ་རྣམས་ལ་བརྟེན་ཏོ། །དེ་ལྟར་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་འབྱུང་བ་དེ་དག་སྐྱེ་བའི་རྒྱུ་ཉིད་དུ་བསྟན་པ་ནི་དེ་དག་ལས་འབྱུང་བ་ལས་གྱུར་པ་སྐྱེ་བའི་ཕྱིར་རོ། །འགྱུར་བའི་རྒྱུ་ཉིད་དུ་ནི་དེའི་རྗེས་སུ་མཐུན་པར་བྱེད་པའི་ཕྱིར་རོ། །རྟེན་གྱི་རྒྱུ་ཉིད་ནི་རྟེན་དུ་གྱུར་པ་ཡིན་པའི་ཕྱིར་རོ། །གནས་པའི་རྒྱུ་ཉིད་ནི་རྒྱུན་མི་འཆད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འཕེལ་བའི་རྒྱུ་ཉིད་ནི་འཕེལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བྱེ་བྲག་མེད་པར་འཇུག་པའི་ཕྱིར་ཞེས་བྱ་བ་ནི་བགེགས་མི་བྱེད་
པའི་དངོས་པོར་གནས་པས་གཞན་དག་གི་ཡང་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །ལུས་དང་ངག་གི་ལས་སེམས་ཀྱི་རྗེས་སུ་འཇུག་པ་ཕན་ཚུན་དུ་ཡིན་གྱི་ཞེས་བྱ་བ་ལུས་ཀྱི་ལས་སེམས་ཀྱི་རྗེས་སུ་འཇུག་པ་ནི་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པས་བསྡུས་པ་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་སྤོང་བའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ངག་གི་ལས་ཀྱང་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པས་བསྡུས་པ་ཁོ་ན་བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ཚིག་རྩུབ་པོ་དང༌། ཚིག་འཁྱལ་པ་སྤོང་བའི་བྱེ་བྲག་གིས་རྣམ་པ་བཞིའོ། །ལུས་དང་ངག་གི་ལས་རྣམ་པ་བདུན་པོ་དེ་ནི་ཕན་ཚུན་དུ་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ། རྒྱུར་བྱས་པའི་གཟུགས་སྲོག་གཅོད་པ་སྤོང་པ་ཡང་གཞན་དྲུག་གི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ་དྲུག་པོ་དེ་དག་ཀྱང་དེའི་ལྷན་ཅིག་འབྱུང་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ལྟ་བུར་ཐམས་ཅད་སྦྱར་བར་བྱའོ། །གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུར་བྱས་པའི་གཟུགས་མིག་ལ་སོགས་པ་ཐམས་ཅད་དང་སོ་སོར་ཐར་བའི་སྡོམ་པ་ལ་སོགས་པས་བསྡུས་པའི་བར་ཡང་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ཏེ། ཚོགས་པ་ཐ་དད་པའི་ཕྱིར་རོ། །སྐལ་བ་མཉམ་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་དགེ་བ་ཡང་རང་གི་རྒྱུད་ཀྱི་དགེ་བ་ཡིན་ལ། ཉོན་མོངས་པ་ཅན་ཡང་ཉོན་མོངས་པ་ཅན་གྱི་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ལུས་དང་ངག་གི་ལས་གང་གི་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པའི་ངོ་བོ་ཉིད་མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པའི་སྟེ་ཅི་རིགས་པར་སྦྱར་བར་བྱའོ། །དེ་རྣམས་གཅིག་ཅེས་བྱ་བ་ནི་རྣམ་པར་སྨིན་པའི་རྒྱུ་གཅིག་པུ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་བ་ཡིན་ཏེ། བྱེད་རྒྱུའི་རྒྱུ་ནི་དེ་ཁོ་ན་བཞིན་དུ་མི་བགྲང་བའི་ཕྱིར་རོ། །ཚོགས་པ་ཐ་དད་པ་ལ་སོགས་པའི་ཕྱིར་ཡང་ལྷན་ཅིག་འབྱུང་བའི་རྒྱུ་ལ་སོགས་པར་མི་རུང་བའི་ཕྱིར་རོ། །གཟུགས་ཀྱི་ཁམས་ན་མི་དགེ་བ་མེད་ཀྱི་ཞེས་བྱ་བ་ནི་དེ་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་ཅན་བསམ་གཏན་དང་པོ་
རྫོགས་པར་བྱས་ཏེ་གནས་སོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་གཟུགས་ཀྱི་ཁམས་ན་མི་དགེ་བ་མེད་པས་མི་དགེ་བས་དཔེན་པ་ལས་སྐྱེས་པ་དགེ་བ་གང་ཡིན་པ་དེ་ནི་དབེན་པ་ལས་སྐྱེས་པ་ཞེས་བྱའོ། །རྒྱུ་ཇི་ལྟ་བར་འབྲས་བུ་ཡང་དེ་དང་འདྲ་བས་དེར་སྐྱེས་པ་ལ་ཡང་མི་དགེ་བ་མེད་དོ་ཞེས་བྱ་བར་མངོན་ནོ། །མཇུག་ཐོགས་སུ་ཞེས་འོག་ནས་འཆད་དེ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་མཇུག་ནས་ཏེ་དེ་འདིར་སྦྱར་བར་བྱའོ། །སྙོམས་པར་འཇུག་པའི་ཚེ་དགེ་བ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སེམས་དགེ་བ་སྦྱོར་བ་ལས་བྱུང་བའི་མཇུག་ཐོགས་སུ་བསམ་གཏན་དང་པོའི་སའི་སེམས་ཉེར་བསྡོགས་པའམ། དངོས་གཞི་པ་འབྱུང་ངོ༌། །ཉིད་མཚམས་སྦྱོར་བའི་ཚེ་བསྒྲིབས་པའོ་ཞེས་བྱ་བ་ནི་ཉིད་མཚམས་སྦྱོར་བའི་ཚེ་འདོད་པ་ན་སྤྱོད་པའི་སེམས་སྐྱེ་བས་ཐོབ་པ་འཆི་བའི་མཇུག་ཐོགས་སུ་གཟུགས་ན་སྤྱོད་པའི་སེམས་བསྒྲིབས་ལ་ལུང་དུ་མ་བསྟན་པ་འབྱུང་སྟེ། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །རང་གི་ས་པའི་ཉོན་མོངས་ཀུན། །ཞེས་འབྱུང་བའི་ཕྱིར་རོ། །སྐྱེ་བ་ནི་འདིར་སྲིད་པ་པར་མར་སྐྱེ་བ་ཡིན་པར་བསམས་པ་སྟེ། དེ་ལྟ་བས་ན་སྲིད་པ་བར་མར་ཉིད་མཚམས་སྦྱོར་བ་ཡང་ཉོན་མོངས་པ་ཅན་ཡིན་པར་རིག་པར་བྱའོ། །རིང་བ་ཉིད་བཞིས་རིང་བ་ཡིན་ཏེ་ཞེས་བྱ་བ་དེ་ལ་རྟེན་རིང་བ་ཉིད་ནི་གཟུགས་ན་སྤྱོད་པའི་རྟེན་གྱིས་འདོད་པ་ན་སྤྱོད་པའི་སྤྲུལ་བའི་སེམས་མངོན་དུ་བྱེད་པ་ཇི་ལྟ་བར་གཟུགས་མེད་པ་ན་སྤྱོད་པའི་རྟེན་གྱིས་འདོད་པ་ན་སྤྱོད་པའི་ཆོས་འགའ་ཡང་མངོན་དུ་མི་བྱེད་པ་གང་ཡིན་པ་འདི་ཡིན་ཏེ་རིང་བ་ཉིད་འདིས་ན་འདོད་པའི་ཁམས་ནས་གཟུགས་མེད་པའི་ཁམས་དག་རིང་བ་ཡིན་ནོ། །རྣམ་པ་རིང་བ་ཉིད་ནི་གཟུགས་ན་སྤྱོད་པས་རགས་པ་ཞེས་བྱ་བ་ལ་སོགས་པ་རྣམ་པ་དག་ཏུ་ཇི་ལྟ་བར་གཟུགས་མེད་པ་ན་སྤྱོད་པའི་སེམས་ཀྱིས་འདོད་པའི་ཁམས་རྣམ་པར་མི་བྱེད་པ་གང་ཡིན་པའོ། །དམིགས་པ་རིང་བ་ཉིད་ནི་གཟུགས་ན་སྤྱོད་པས་ཇི་ལྟ་བར་གཟུགས་མེད་པ་ན་སྤྱོད་པའི་སེམས་ཀྱིས་འདོད་པའི་ཁམས་ལ་མི་དམིགས་པ་གང་ཡིན་པའོ། །གཟུགས་མེད་དངོས་གཞིའི་དགེ་བ་ནི། །ཟག་བཅས་འོག་མ་སྤྱོད་
ཡུལ་མིན། །ཞེས་འབྱུང་བའི་ཕྱིར་གཟུགས་མེད་པ་ན་སྤྱོད་པའི་སེམས་ཀྱིས་གཟུགས་ཀྱི་ཁམས་ཀྱང་མི་དམིགས་པ་མ་ཡིན་ནམ། ཇི་ལྟར་འདོད་པའི་ཁམས་ཁོ་ན་ནས་གཟུགས་མེད་པའི་ཁམས་དག་རིང་བ་ཡིན་ནོ་ཞེས་བྱ་བ་འདི་བརྗོད་ཅེ་ན། གཟུགས་མེད་པ་ན་སྤྱོད་པ་དངོས་གཞིའི་སེམས་ཀྱིས་གཟུགས་ཀྱི་ཁམས་ལ་མི་དམིགས་པ་ནི་བདེན་མོད་ཀྱི་འོན་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱི་སེམས་ཀྱི་བསམ་གཏན་བཞི་པ་ལ་རགས་པ་ལ་སོགས་པའི་རྣམ་པར་དམིགས་ཏེ། དེའི་ཕྱིར་འདོད་པའི་ཁམས་ནས་ལྟ་བུར་གཟུགས་ཀྱི་ཁམས་ནས་གཟུགས་མེད་པའི་ཁམས་དག་རིང་བར་རྣམ་པར་མི་གཞག་གོ །གཉེན་པོ་རིང་བ་ཉིད་ནི་གཟུགས་ཀྱི་ཁམས་ཀྱི་ཇི་ལྟ་བར་གཟུགས་མེད་པའི་ཁམས་དག་འདོད་པའི་ཁམས་ཀྱི་གཉེན་པོ་མ་ཡིན་པ་གང་ཡིན་པ་སྟེ། དེ་ལྟར་ན་རྟེན་དང༌། རྣམ་པ་དང༌། དམིགས་པ་དང༌། གཉེན་པོ་རིང་བ་ཉིད་དག་གིས་ཀྱང་འདོད་པའི་ཁམས་ནས་གཟུགས་མེད་པའི་ཁམས་དག་རིང་བ་ཡིན་ནོ། །དེ་ལྟ་བས་ན་འདོད་པ་ན་སྤྱོད་པའི་དགེ་བའི་མཇུག་ཐོགས་སུ་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་མི་འབྱུང་ངོ༌། །སློབ་པ་དང༌། མི་སློབ་པའོ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་ཚེ་འདོད་པ་ན་སྤྱོད་པའི་དགེ་བ་སྦྱོར་བ་ལས་བྱུང་བའི་མཇུག་ཐོགས་སུ་སློབ་པ་སྔོན་ཐོབ་པ་འབྱུང་སྟེ། མི་སློབ་པ་ཡང་དེ་ཁོ་ན་དང་འདྲའོ། །སྙོན་མོངས་པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བ་ཞེས་བྱ་བ་ནི་རྣལ་འབྱོར་བ་ཉོན་མོངས་པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བ་ནི་ཉིས་ན་ས་འོག་མའི་དགེ་བ་ཡང་སླའི། གོང་མའི་ཉོན་མོངས་པ་ནི་མ་ཡིན་ནོ་སྙམ་ནས་ས་འོག་མའི་དགེ་བ་ལ་བརྟེན་པའི་ཕྱིར་བསྒྲིབས་ལ་ལུང་དུ་མ་བསྟན་པ་ལས་ཀྱང་དགེ་བའི་སེམས་འབྱུང་ངོ༌། །གཟུགས་དང་གཟུགས་མེད་པའི་སེམས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ལ་འཆི་བ་སྲིད་པའི་ཕྱིར་རོ། །དེ་ལས་བཞི་སྟེ་ཞེས་བྱ་བ་ནི་མི་དགེ་བ་ལས་རང་གི་ས་པ་བཞི་ཁོ་ན་སྟེ། མི་དགེ་བ་ནི་ས་གོང་མ་པའི་དགེ་བའི་སྦྱོར་བ་ཉིད་ཡིན་པར་མི་སྲིད་པའི་ཕྱིར་དང༌། དེ་མ་སྤངས་པར་ས་གོང་མར་སྐྱེ་བའི་སེམས་མི་
འབྱུང་བའི་ཕྱིར། སྤྲུལ་པའི་སེམས་ཀྱི་མཇུག་ཐོགས་སུ་དགེ་བ་ཞེས་བྱ་བ་ནི་སྤྲུལ་པ་ལས་ལྡང་བའི་ཚེའོ། །དེའི་མཇུག་ཐོགས་སུ་སེམས་བཅུ་གཅིག་ཁོ་ན་འབྱུང་སྟེ་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བ་དང༌། སྙོམས་པར་འཇུག་པ་དང༌། དེ་ལས་ལྡང་བ་དང་སྤྲུལ་པ་ལ་འཇུག་པའི་ཚེ་དག་ན་སེམས་བཅུ་གཅིག་འབྱུང་བ་སྲིད་དོ། །ཇི་ལྟར་ཞེ་ན་རང་གི་ས་པ་གསུམ་དང་འདོད་པ་ན་སྤྱོད་པ་རྣམས་ཏེ། ལྡང་བའི་ཚེ་དགེ་བ་དང་ཉིང་མཚམས་སྦྱོར་བའི་ཚེ་ཉོན་མོངས་པ་ཅན་གཉིས་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྤྲུལ་བའི་སེམས་དང༌། གཟུགས་མེད་པ་ན་སྤྱོད་པ་ཉིད་མཚམས་སྦྱོར་བའི་ཚེ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང༌། སྙོམས་པར་འཇུག་པའི་ཚེ་དགེ་བ་དང་སློབ་པ་དང་མི་སློབ་པ་དག་གོ །གཟུགས་མེད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་གདོན་མི་ཟ་བར་མི་འབྱུང་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་དང༌། སྙོམས་པར་འཇུག་པ་ལ་སོགས་པར་མི་རུང་བའི་ཕྱིར་རོ། །དེ་ནི་གཟུགས་ན་སྤྱོད་པ་དང་འདོད་པ་ན་སྤྱོད་པའི་སྤྲུལ་བའི་སེམས་ཇི་ལྟ་བར་སྦྱོར་བས་ཐོབ་པར་བྱ་བ་ཡང་མ་ཡིན་ནོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་དང་གཟུགས་མེད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་སོ་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པའི་དགེ་བ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་ལས་མི་འབྱུང་སྟེ། ཉོན་མོངས་པ་ཅན་གཉིས་པོ་དེ་ནི་དེའི་སྦྱོར་བ་ཡིན་པར་འོས་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དང༌། དགེ་བས་ཉིང་མཚམས་སྤྱོར་བ་མེད་པའི་ཕྱིར་དེ་ནི་གཟུགས་མེད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ལས་ཀྱང་མི་འབྱུང་ངོ༌། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་དང་སློབ་པ་དང་མི་སློབ་པ་མ་གཏོགས་སོ་ཞེས་བྱ་བ་ནི་གཟུགས་ན་སྤོད་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་ལ་ཡང་མི་འབྱུང་སྟེ། དེ་དག་མ་སྤངས་པར་གཟུགས་ཀྱི་ཁམས་སུ་ཉིང་མཚམས་སྤྱོད་པ་མེད་པས་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་མི་སྲིད་པའི་ཕྱིར་རོ། །སློབ་པ་དང་མི་སློབ་པ་དག་ལས་ཀྱང་མ་ཡིན་ཏེ། དེ་ན་
ཡོད་པའི་ཉོན་མོངས་པ་ཅན་གྱིས་ལྡན་བ་མི་སྲིད་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་ཞེས་བྱ་བ་ནི་གསུམ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། ཉིད་མཚམས་སྦྱོར་བའི་ཚེ། ཉོན་མོངས་ཅན་གཉིས་དང༌། ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱིས་གཟིར་བ་ལ་དགེ་བའོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནོ་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་ཚེའོ། །ས་འོག་མ་པའི་ཉོན་མོངས་པ་ཅན་རྣམས་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་ཚེའོ། །གཟུགས་མེད་པ་ན་སྤྱོད་པའི་དགེ་བའི་སེམས་ལས་ནི་སེམས་དགུ་འབྱུང་སྟེ་ཞེས་བྱ་བ་ནི་རང་གིས་པ་གསུམ་དང༌། དེའི་སྙོམས་པར་འཇུག་པ་ལས་ལྡན་བའི་ཚེ་དང༌། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པའི་ཚེ་གཟུགས་ན་སྤྱོད་པའི་དགེ་བ་དང་ཉིང་མཚམས་སྦྱོར་བའི་ཚེ་ས་འོག་མ་པའི་ཉོན་མོངས་པ་ཅན་རྣམས་དང་སློབ་པ་དང་མི་སློབ་པའོ། །འདོད་པ་ན་སྤྱོད་པའི་དགེ་བ་དང་འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་མ་གཏོགས་སོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་དགེ་བས་དེའི་སྙོམས་པར་འཇུག་པ་ལས་ལྡང་མི་སྲིད་དེ་ཤིན་ཏུ་བསྐལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དང་མི་གསལ་བའི་ཕྱི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པས་ཀྱང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པས་ཀྱང་ལྡང་བ་མ་ཡིན་ནོ། །འདི་རྣམས་ཀྱི་ཉིང་མཚམས་སྦྱོར་བའམ། མེད་པས་འདི་རྣམས་ནི་དེ་ལས་མི་འབྱུང་ངོ༌། །དེ་དྲུག་གི་ཞེས་བྱ་བ་ནི་མཇུག་ཐོགས་སུ་ཞེས་བྱ་བ་སྐབས་དང་སྦྱར་རོ། །གཟུགས་ན་སྤྱོད་པའི་དགེ་བ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་ཚེའོ། །སློབ་བ་དང་མི་སློབ་པ་དག་ལས་སོ་ཞེས་བྱ་བ་ནི་ལྡང་བའི་ཚེའོ། །གཟུགས་ན་སྤྱོད་པའི་དགེ་བ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱིས་གཟིར་བ་ལའོ། །བསྒྲིབས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་ཉིད་མཚམས་སྦྱོར་བའི་ཚེའོ། །འདོད་པ་དང་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སློབ་པ་དང་མི་སློབ་པ་དག་མ་གཏོགས་སོ་ཞེས་བྱ་བ་ནི་དེས་ས་འོག་མ་པ་ལས་འདོད་
ཆགས་དང་མ་བྲལ་བ་དང་ཉིད་མཚམས་སྦྱོར་པ་མེད་པའི་ཕྱིར་ལ་སློབ་པ་དང་མི་སློབ་པ་དག་ལས་ཀྱང་ལྡང་བར་མི་སྲིད་པའི་ཕྱིར་དེ་ནི་དེ་དག་ལས་མི་འབྱུང་ངོ༌། །བཞི་པོ་དེ་དག་ཉིད་དང་མི་སློབ་པའོ་ཞེས་བྱ་བ་ནི་ལྡང་བའི་ཚེ་ཁམས་གསུམ་པའི་དགེ་བ་དག་དང་རྒྱུན་གྱི་ཚེ་སློབ་པ་དང༌། རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་ཟད་པ་ཤེས་པ་ཡིན་པས་མི་སློབ་པ་སྟེ་ལྔའོ། །བཤད་མ་ཐག་པའི་ལྔ་པོ་དེ་དག་ཉིད་ལས་སོ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་ཚེ་ཁམས་གསུམ་པའི་དགེ་བ་རྣམས་དང༌། རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་འབྱུང་བ་དང་རྒྱུན་གྱི་ཚེའོ། །དེ་ལས་སེམས་ནི་བཞིའོ་ཞེས་བྱ་བ་ནི་སློབ་པ་མ་གཏོགས་པ་སྟེ། མི་སློབ་པ་ལས་ནི་སློབ་པ་མི་འབྱུང་ངོ༌། །ཡོངས་སུ་ཉམས་པའི་ཚེ་ཇི་ལྟར་མི་འབྱུང་ཞེ་ན། ཉོན་མོངས་པ་འབྱུང་བས་བར་དུ་ཆོད་པའི་ཕྱིར་རོ། །སྐྱེས་ནས་ཐོབ་པ་དང་སྦྱོར་བ་ལས་བྱུང་བ་ཞེས་བྱ་བ་ལ་སྐྱེས་ནས་ཐོབ་པ་ནི་འདོད་པ་དང་གཟུགས་ཀྱི་ཁམས་དག་ཏུ་སྲིད་པ་བར་མར་ཉིད་མཚམས་སྦྱོར་བའི་ཚེ་གང་གིས་ཐོབ་པ་དང་པོ་ཉིད་དུ་སྐྱེ་བའི་ཡིན་ནོ། །གཟུགས་མེད་པའི་ཁམས་སུ་ནི་སྐྱེ་བའི་སྲིད་པའི་ཚེ་གང་གིས་ཐོབ་པ་སྐྱེ་བ་ཡིན་ནོ། །སྦྱོར་བ་ལས་བྱུང་བ་ནི་གང་ཞིག་སྦྱོར་བས་འཐོབ་པ་སྟེ། ཁམས་གསུམ་དག་ཏུ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བ་ཅི་རིགས་པར་སྦྱར་རོ། །རྣམ་པར་སྨིན་པ་ལས་སྐྱེས་པ་དང༌། སྤྱོད་ལམ་པ་དང༌། བཟོའི་གནས་དང་སྤྲུལ་པའི་སེམས་ཞེས་བྱ་བ་འདི་དག་ནི་རྒྱུ་དང་ལས་ཀྱི་བྱེ་བྲག་གིས་ཐ་དད་པ་ཡིན་ཏེ། རྣམ་པར་སྨིན་པའི་རྒྱུ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པའོ། །སྤྱོད་ལམ་ཉལ་བ་དང་འདུག་པ་དང༌། འགྲེང་བ་དང༌། འགྲོ་བ་དག་ལས་འབྱུང་བ་ནི་སྤྱོད་ལམ་པ་ཡིན་ནོ། །བཟོའི་གནས་དག་ལ་འབྱུང་བ་ནི་བཟོའི་གནས་པ་ཡིན་ནོ། །སྤྲུལ་པའི་ཕྱིར་སེམས་པ་ནི་སྤྲུལ་པའི་སེམས་སོ། །ཡང་ན་སྤྲུལ་པའམ་སྤྲུལ་པར་བྱ་བ་ལ་འབྱུང་བས་ན་སྤྲུལ་པ་པ་དེ་དེ་ཉིད་ལ་བྱའོ། །ཉི་ཤུར་འགྱུར་རོ་ཞེས་བྱ་བ་ནི་ཇི་ལྟར་ཞེ་ན་དགེ་བ་དྲུག་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་བདུན་དུ་ཕྱེ་ནས་ཞེས་བྱ་བ་སྨོས་ཏེ། ཁམས་གསུམ་དག་ཏུ་སྦྱོར་བ་ལས་བྱུང་བ་དང༌། སྐྱེས་ནས་
ཐོབ་པའི་ངོ་བོར་དགེ་བ་རྣམ་པ་དྲུག་ཏུ་ཕྱེ་བ་དང་འདོད་པའི་ཁམས་སུ་རྣམ་པར་སྨིན་པ་ལས་སྐྱེས་པ་དང༌། སྤྱོད་ལམ་པ་དང༌། བཟོའི་གནས་པ་དང༌། སྤྲུལ་པའི་བྱེ་བྲག་དང༌། གཟུགས་ཀྱི་ཁམས་སུ་རྣམ་པར་སྨིན་པ་ལས་སྐྱེས་པ་དང༌། སྤྱོད་ལམ་པ་དང་སྤྲུལ་པའི་བྱེ་བྲག་གིས་འདོད་པ་དང༌། གཟུགས་ཀྱི་ཁམས་གཉིས་ཀྱིས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་རྣམ་པ་བདུན་དུ་ཕྱེ་ནས་ཏེ། བཅུ་གསུམ་པོ་དེ་དག་དང་ལྷག་མ་མ་ཕྱེ་བ་བདུན་ཁོ་ན་སྟེ། འདི་ལྟ་སྟེ་འདོད་པ་ན་སྤྱོད་པའི་མི་དགེ་བ་དང༌། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང༌། གཟུགས་ན་སྤྱོད་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང༌། གཟུགས་མེད་པ་ན་སྤྱོད་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང༌། སློབ་པ་དང་མི་སློབ་པ་སྟེ་དེ་ལྟར་སེམས་ཉི་ཤུར་འགྱུར་རོ། །སྤྱོད་ལམ་ལ་སོགས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་ན་སྤྱོད་ལམ་པ་དང༌། བཟོའི་གནས་དང་སྤྲུལ་པ་མེད་པའི་ཕྱིར་གསུམ་པོ་འདི་དག་མེད་དེ། དམིགས་པར་གྱུར་པའི་གཟུགས་མེད་པའི་ཕྱིར་རོ། །དེ་དག་གི་དམིགས་པ་ནི་གཟུགས་དང་དྲི་དང་རོ་དང་རེག་བྱ་རྣམས་ཡིན་ནོ་ཞེས་བྱ་བ་དེ་ལ་སྤྱོད་ལམ་པའི་དམིགས་པ་ནི་མལ་ཆ་དང་སྟན་གྱི་གཟུགས་ལ་སོགས་པ་དང་རང་གི་ལུས་ཀྱི་ཡན་ལག་གི་གཟུགས་ལ་སོགས་པ་ཡིན་ནོ། །བཟོའི་གནས་པ་ནི་བཟོའི་གནས་ཀྱི་གཟུགས་ལ་སོགས་པ་ཡིན་ནོ། །སྤྲུལ་པ་པའི་ནི་སྤྲུལ་པའི་གཟུགས་ལ་སོགས་པ་ཡིན་ནོ། །བཟོའི་གནས་པ་ནི་སྒྲ་ཡང་ཡིན་ནོ་ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲ་ནི་ཁྱད་པར་དུ་བྱ་བ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲས་ནི་གཟུགས་ལ་སོགས་པ་བསྡུའོ། །འདིའི་དམིགས་པ་ནི་སྒྲ་ཡང་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པས་བཟོའི་ལུང་གི་སྒྲ་ལ་དམིགས་ནས་བཟོ་སློབ་པས་སོ། །རྣམ་པར་སྨིན་པའི་དམིགས་པ་ནི་མ་སྨོས་པའི་ཕྱིར་གཟུགས་ལ་སོགས་པ་ཐམས་ཅད་ཀྱང་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་དག་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་སྤྱོད་ལམ་པ་ལ་སོགས་པ་གསུམ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཡིན་ཏེ། རྣམ་པར་རྟོག་པའི་མངོན་པར་
འདུ་བྱེད་པས་འབྱུང་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ནི་མ་སྨོས་པའི་ཕྱིར་རྣམ་པར་ཤེས་པ་དྲུག་ཅར་གྱི་ངོ་བོ་ཉིད་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །སྤྱོད་ལམ་པ་དང་བཟོའི་གནས་པ་དག་གི་སྦྱོར་བ་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་ཡིན་ནོ་ཞེས་བྱ་བ་དེ་ལ་སྦྱོར་བའི་གནས་སྐབས་ན་ཡོད་པའི་ཕྱིར་སྦྱོར་བ་པ་དག་སྟེ། འདི་ལྟར་དེ་དག་ནི་མཐོང་བ་དང་རེག་པའི་བར་ལས་སྐྱེའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ལ་ནི་སྦྱོར་བ་མེད་དེ། ལས་ཀྱི་མཐུས་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། །བཟོའི་གནས་པས་མངོན་པར་བསྒྲུབ་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཞན་དག་ན་རེ་བཟོའི་གནས་པའི་ཡིད་ཀྱི་རྣམ་པར་ཤེས་པས་མངོན་པར་བསྒྲུབས་ཤིང་བསྐྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་མཆེད་བཅུ་གཉིས་ལ་དམིགས་པ་སྟེ། མིག་གི་སྐྱེ་མཆེད་ལ་དམིགས་པ་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་ལ་དམིགས་པ་ལ་ལུང་དུ་མ་བསྟན་པ་ཉིད་ཀྱང་ཡོད་དོ་ཞེས་ཟེར་རོ། །དེ་ལྟར་ན་སྤྱོད་ལམ་པ་ལ་སོགས་པའི་ནང་དུ་མ་གཏོགས་པ་གང་ཡིན་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་གཞན་ཡང་ཡོད་དོ་ཞེས་རབ་ཏུ་སྟོན་པར་བྱེད་པ་ཡིན་ཏེ། དེ་ཁོ་ན་ལྟར་ཡིད་པར་ཡང་རྟོགས་པར་བྱའོ། །དེ་ལྟ་མ་ཡིན་ན། གཉིས་པ་སོགས་ན་ལུས་མིག་དང༌། རྣ་བའི་རྣམ་ཤེས་རྣམ་རིག་སློང༌། །གང་ཡིན་དེ་ནི་དང་པོར་རྟོགས། །དེ་ལུང་མ་བསྟན་ཉོན་མོངས་མིན། །ཞེས་བྱ་བ་དང༌། དེ་བཞིན་དུ། རང་གི་ས་པས་སྤྲུལ་པར་བྱེད། །འོག་མ་ཡིས་ནི་སྨྲར་འཇུག་གོ །ཞེས་བྱ་བ་ལ་སོགས་པ་གང་འཆད་པར་འགྱུར་བ་རྣམ་པར་ཤེས་པ་དེ་དག་བཞི་པོ་འདི་དག་གང་གིས་བསྡུས། རེ་ཞིག་རྣམ་པར་སྨིན་པ་ལས་སྐྱེས་པ་དག་ནི་མ་ཡིན་ཏེ། གོང་མར་སྐྱེས་པ་རྣམས་ཀྱི་རྣམ་པར་སྨིན་པའི་ངོ་བོ་ཉིད་ས་འོག་མ་པ་མ་ཡིན་པའི་ཕྱིར་རོ། །སྤྱོད་ལམ་པ་ལ་སོགས་པ་ཡང་མ་ཡིན་ཏེ། སྤྱོད་ལམ་པ་ལ་སོགས་པ་མེད་པའི་ཕྱིར་རོ། །མི་ཤེས་པ་ལ་སོགས་པའི་བག་ཆགས་ཅན་གྱི་སེམས་ཡིན་པར་ཡང་མི་གཞུག་གོ །འདི་ནི་བཙུན་པ་གོ་ཆ་མཐའ་ཡས་ཀྱིས་ཀྱང་རྣམ་པར་བཤད་པའི་བཤད་པ་ལས། བཞི་པོ་དག་ལས་མ་གཏོགས་པར་རྣམ་པར་ཤེས་པ་ལུང་དུ་མ་
བསྟན་པ་གཞན་དག་ཀྱང་ཡོད་དོ་ཞེས་བཤད་དེ། བཤད་པ་འདི་ནི་ལྷག་མ་དང་བཅས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སེམས་ནི་གཟུགས་ན་སྤྱོད་པའི་སྦྱོར་བའི་མཇུག་ཐོགས་ཁོ་ནར་འབྱུང་གི་འདོད་པ་ན་སྤྱོད་པའི་སྦྱོར་བའི་མཇུག་ཐོགས་སུ་ནི་མ་ཡིན་ནོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང༌། སློབ་པ་དང༌། མི་སློབ་པའོ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་ཚེའིའོ། །རང་གི་དགེ་བ་དང་ཉོན་མོངས་པ་ཅན་དག་ཅེས་བྱ་བ་ནི་རང་གི་དགེ་བ་དང་ཉན་མངས་པ་ཅན་དག་སྟེ། སྦྱོར་བའི་ཚེ་ནི་ཉོན་མོངས་པ་ཅན་མེད་པའི་ཕྱིར་ལ། ཉོན་མོངས་པས་ཡོངས་སུ་སྐྱོ་བ་ལ་ནི་སྦྱོར་བ་ལས་བྱུང་བ་སྐྱེ་བའི་ཕྱིར་རོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ལས་ནི་མ་ཡིན་ཏེ། སྟོབས་ཆུང་བ་དང་མངོན་པར་འདུ་བྱེད་པ་ཅན་མ་ཡིན་པའི་ཕྱིར་རོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང༌། ཉོན་མོངས་པ་ཅན་དག་ཅེས་བྱ་བ་ལ་སོགས་པ་དག་ནི་སྦྱོར་བ་ལས་བྱུང་བ་དང༌། སློབ་པ་དང་མི་སློབ་པའི་དག་ལས་ནི་ལྡང་བའི་ཚེའོ། །ཉོན་མོངས་པ་ཅན་ལས་ནི་ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱིས་གཟིར་བ་ལའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་ཅེས་བྱ་བ་ནི་ཉིད་མཚམས་སྦྱོར་བའི་ཚེ་སྐྱེས་ནས་ཐོབ་པའི་སེམས་ལ་ནི་འཆི་བ་སྲིད་དོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་གཟུགས་ན་སྤྱོད་པའི་སྦྱོར་བའི་མཇུག་ཐོགས་ཁོ་ནར་འབྱུང་བར་བཤད་དོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་ཉོན་མོངས་པ་ཅན་དག་ཅེས་བྱ་བ་ནི་སྦྱོར་བ་ལས་བྱུང་བ་དང་ཉོན་མོངས་པ་ཅན་ལས་ཞེས་བྱ་བ་ཡིན་ཏེ། རྒྱས་པར་སྔ་མ་བཞིན་དུ་བཤད་པར་བྱའོ། །མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པའི་མཇུག་ཐོགས་སུ་ཞེས་བྱ་བ་ནི་མི་དགེ་བའི་མཇུག་ཐོགས་དང་བསྒྲིབས་ལ་ལུང་དུ་མ་བསྟན་པའི་མཇུག་ཐོགས་སུ་ཞེས་བརྗོད་པར་བྱ་བ་ཡིན་ཏེ། དེ་དག་ནི་འདྲ་བའི་ཕྱིར་ཅིག་ཅར་དུ་བཤད་དོ། །སྦྱོར་བ་ལས་བྱུང་བ་དང་མངོན་པར་ཤེས་པའི་འབྲས་བུ་ལ་གནས་པ་ལ། འཆི་
བ་མེད་པས་དེའི་ཕྱིར་དེ་དག་ལས་ཉོན་མོངས་པ་ཅན་དེ་གཉིས་མི་འབྱུང་ངོ༌། །ལྷག་མ་ལ་གནས་པ་ལ་ནི་འཆེ་བ་ཡོད་དེ། དེའི་ཕྱིར་ཉིད་མཚམས་སྦྱོར་བའི་ཚེ་དེ་རྣམས་ལས་ཉོན་མོངས་པ་ཅན་དེ་གཉིས་འབྱུང་ངོ༌། །སྦྱོར་བ་ལས་བྱུང་བ་མ་གཏོགས་པ་ཞེས་བྱ་བ་ཡང་དེ་དང་འདྲ་བར་བཤད་པར་བྱའོ། །སྦྱོར་བ་ལས་བྱུང་བ་དང་མངོན་པར་ཤེས་པའི་འབྲས་བུ་དག་མ་གཏོགས་པ་དྲུག་ཅེས་བྱ་བ་ནི་སྟོབས་ཆུང་བ་དང་མངོན་པར་འདུ་བྱེད་པ་ཅན་མ་ཡིན་པའི་ཕྱིར་འདི་དག་གི་མཇུག་ཐོགས་སུ་སྦྱོར་བ་ལས་བྱུང་བ་ཡང་མི་འབྱུང་ལ། གཟུགས་ན་སྤྱོད་པའི་སྦྱོར་བའི་མཇུག་ཐོགས་སུ་འབྱུང་བའི་ཕྱིར་དེ་དག་ལས་མངོན་པར་ཤེས་པའི་འབྲས་བུ་ཡང་མི་འབྱུང་ངོ༌། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་ཅེས་བྱ་བ་ནི་ཉིད་མཚམས་སྦྱོར་བའི་ཚེའོ། །བཟོའི་གནས་པའི་མཇུག་ཐོགས་སུ་ནི་དྲུག་སྟེ་ཞེས་བྱ་བ་ནི་དེ་ལ་གནས་པ་ལ་སྤྱོད་ལམ་པ་དང་རྣམ་པར་སྨིན་པ་ལས་སྐྱེས་པ་ལྟ་བུར་འཆི་བ་མི་སྲིད་པས་འདི་ལ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་མི་སྲིད་དོ། །མངོན་པར་ཤེས་པའི་འབྲས་བུ་རང་ཉིད་ཅེས་བྱ་བ་ནི་རྒྱུན་གྱི་ཚེའོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ཞེས་བྱ་བ་ནི་དེ་ལས་ལྡང་བའི་ཚེ་སྟེ། བསམ་གཏན་ལ་མ་ཞུགས་པར་ནི་མངོན་པར་ཤེས་པའི་འབྲས་བུ་ལས་ལྡང་བ་མེད་དོ། །དེ་ཡང་དེ་གཉིས་ཁོ་ན་ལས་སོ་ཞེས་བྱ་བ་ནི་རྒྱུན་གྱི་ཚེ་དང་དེ་ལ་འཇུག་པའི་ཚེ་མངོན་པར་ཤེས་པའི་འབྲས་བུ་དེའོ། །འདོད་པ་སྤྱོད་པའི་དགེ་བ་དག་ཅེས་བྱ་བ་ནི་ལྡང་བའི་ཚེ་སྟེ་གསལ་བའི་ཕྱིར་སྐྱེས་ནས་ཐོབ་པས་ཀྱང་སྙོམས་པར་འཇུག་པ་ལས་ལྡང་བ་སྲིད་པ་ཡོད་པས་དེའི་ཕྱིར་དགེ་བ་གཉིས་ཀ་ཡང་སྨོས་པ་ཡིན་ནོ། །མངོན་པར་ཤེས་པའི་འབྲས་བུ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སྤྲུལ་པའི་སེམས་སོ། །གཟུགས་མེད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་སློབ་པ་དང་མི་སློབ་པ་ནི་སྙོམས་པར་འཇུག་པའི་ཚེའོ། །སྤྱོད་ལམ་པ་དང་རྣམ་པར་སྨིན་པ་ལས་སྐྱེས་པ་དག་མ་གཏོགས་པ་ཞེས་བྱ་བ་ནི་སྟོབས་ཆུང་བ་དང་མངོན་པར་འདུ་བྱེད་པ་ཅན་མ་ཡིན་པའི་ཕྱིར་རོ། །སྦྱོར་བ་ལས་བྱུང་བ་དང་ཉོན་མོངས་པ་
ཅན་དག་ཅེས་བྱ་བ་ནི་ལྡང་བ་དང་ཉོན་མོངས་པ་ཅན་གྱི་སྙོམས་པར་འདུག་པས་གཟིར་བའི་ཚེ་དག་ནའོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་ཅེས་བྱ་བ་ནི་ཉིད་མཚམས་སྦྱོར་བའི་ཚེའོ། །མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་ཞེས་བྱ་བ་ནི་སྤྲུལ་པའི་སེམས་ནི་སྦྱོར་བ་པའི་མཇུག་ཐོགས་སུ་འབྱུང་བའི་ཕྱིར་རོ། །གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ཞེས་བྱ་བ་ནི་ཉིད་མཚམས་སྦྱོར་བའི་ཚེའོ། །དགེ་བ་དང་ཉོན་མོངས་པ་ཅན་བཞི་ཞེས་བྱ་བ་ནི་དགེ་བ་དག་དང་ཉོན་མོངས་པ་ཅན་དག་ནི་དགེ་བ་དང་ཉོན་མོངས་པ་ཅན་རྣམས་སོ་ཞེས་བྱ་བར་ཚིག་བསྡུ་སྟེ། དགེ་བ་དག་ནི་ས་འོག་མ་པའི་དགེ་བ་ལ་བརྟེན་པའི་ཕྱིར་རོ། །མི་དགེ་བ་དག་ནི་ཉིད་མཚམས་སྦྱོར་བའི་ཚེའོ། །འདོད་པ་ན་སྤྱོད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་རྣམས་ལས་ཉིད་མཚམས་སྦྱོར་བའི་ཚེའོ། །སྦྱོར་བ་ལས་བྱུང་བ་དང༌། བཟོའི་གནས་པ་དང༌། མངོན་པར་ཤེས་པའི་འབྲས་བུ་དག་ལས་གནས་པ་ལ་ནི་འཆི་བ་མེད་པས་དེ་རྣམས་ལས་ནི་མ་ཡིན་ནོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་ཅེས་བྱ་བ་ནི་ཉིད་མཚམས་སྦྱོར་བའི་ཚེ་སྟེ། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ཡང་འདི་ཉིད་ཀྱི་ཚེ་ནའོ། །རང་གི་སྦྱོར་བ་ལས་བྱུང་བ་ཡང་འདི་ལས་མི་འབྱུང་སྟེ། སྤྱོད་ལམ་པ་ནི་སྟོབས་ཆུང་བ་དང༌། མངོན་པར་འདུ་བྱེད་པ་ཅན་མ་ཡིན་པ་ཉིད་ཀྱིས་སྦྱོར་བ་ཡིན་པར་མི་འོས་པའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ་ཞེས་བྱ་བ་ནི་སྤྱོད་ལམ་བཤད་པ་ཇི་ལྟ་བར་འདི་ཡང་དེ་དང་འདྲ་སྟེ། རྣམ་པར་སྨིན་པ་ལས་སྐྱེས་པའི་མཇུག་ཐོགས་སུ་ནི་བདུན་ཏེ་ཞེས་བྱ་བ་ནས་མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་ཞེས་བྱ་བའི་བར་ཚིག་གི་དོན་དེ་དག་ཁོ་ན་ཡིན་ནོ། །མངོན་པར་ཤེས་པའི་འབྲས་བུ་མཇུག་ཐོགས་སུ་ནི་གཉིས་ཏེ། རང་གི་སྦྱོར་བ་ལས་བྱུང་བ་དང༌། མངོན་པར་ཤེས་པའི་འབྲས་བུ་དག་ཁོ་ནའི་ཞེས་བྱ་བ་ནི་ལྡང་བའི་ཚེ་དང་རྒྱུན་གྱི་ཚེའོ། །དེ་ཡང་དེ་དག་ཁོ་ན་ལས་སོ་ཞེས་བྱ་བ་ནི་འཇུག་པའི་ཚེ་དང་རྒྱུན་གྱི་ཚེའོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ཞེས་བྱ་བ་ནི་ལྡང་བའི་ཚེ་ན་སྟེ། སློབ་པ་དང་མི་སློབ་
པ་ཡང་དེ་དང་འདྲའོ། །རང་གི་བཞི་ཞེས་བྱ་བ་ལ་དགེ་བ་ནི་འབྱུང་ངོ་ཞེས་བྱ་བར་གསལ་ལོ། །ཉོན་མོངས་པ་ཅན་ནི་རོ་མྱང་བའི་ཚེའོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ལྡང་བའི་ཚེའོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་ཚེའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་མ་གཏོགས་ཞེས་བྱ་བ་ནི་སྟོབས་ཆུང་བ་དང་མངོན་པར་འདུ་བྱེད་པ་མེད་པར་འཇུག་པའི་ཕྱིར་ཞེས་གཏན་ཚིགས་འཆད་པར་འགྱུར་རོ། །སློབ་པ་དང་མི་སློབ་པ་དག་ལས་སོ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་ཚེའོ། །ས་འོག་མ་པའི་ཉོན་མོངས་པ་ཅན་དག་གོ་ཞེས་བྱ་བ་ནི་ཉིད་མཚམས་སྦྱོར་བའི་ཚེ་འདོད་པ་དང༌། གཟུགས་ན་སྤྱོད་པ་དག་གོ །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་ཉོན་མོངས་པ་ཅན་དག་ཅེས་བྱ་བ་ལ་སྦྱོར་བ་ལས་བྱུང་བའི་ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱིས་གཟིར་བའི་ཕྱིར་རོ། །ཉོན་མོངས་པ་ཅན་ནི་ཉིད་མཚམས་སྦྱོར་བའི་ཚེའོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་ཀྱང་ཉིད་མཚམས་སྦྱོར་བའི་ཚེའོ། །འདོད་པ་དང་གཟུགས་ན་སྤྱོད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་དེ་རྣམས་ལ་གནས་པ་ལ་འཆི་བ་སྲིད་པའི་ཕྱིར་རོ། །སྦྱོར་བ་ལས་བྱུང་བ་མ་གཏོགས་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་མཇུག་ཐོགས་སུ་སྦྱོར་བ་ལས་བྱུང་བ་མི་འགྱུར་བའི་ཕྱིར་རོ། །འོག་མའི་ཉོན་མོངས་པ་ཅན་གསུམ་པོ་ཞེས་བྱ་བ་ནི་ཉིད་མཚམས་སྦྱོར་བའི་ཚེ་ཁམས་གཉིས་པོ་དག་གོ །འདོད་པ་ན་སྤྱོད་པའི་སྐྱེ་གནས་ཐོབ་པ་ཞེས་བྱ་བ་ནི་འདི་ནི་གསལ་བའི་ཕྱིར་སློབ་པ་ལས་ལྡང་བའི་སེམས་ཡིན་པ་སྲིད་དེ་གསལ་བའི་ཕྱིར་ཞེས་གཏན་ཚིགས་འཆད་པར་འགྱུར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྐྱེས་ནས་ཐོབ་པ་དག་ནི་དེ་ལྟར་གསལ་བ་མ་ཡིན་པས་དེ་དག་ནི་མི་འབྱུང་ངོ༌། །སློབ་པ་ནི་རྒྱུན་གྱི་ཚེའོ། །མི་སློབ་པ་ནི་རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུའོ། །སློབ་པ་གཅིག་པུ་མ་གཏོགས་པ་ཞེས་བྱ་བ་ནི་མི་སློབ་པ་ལས་སློབ་པ་མི་འབྱུང་སྟེ། དེ་ལྟ་བས་ན་མི་སློབ་པའི་མཇུག་ཐོགས་སུ་ལྔ་ཡིན་གྱི་དྲུག་ནི་མ་ཡིན་ནོ། །སློབ་པ་ལས་ཇི་ལྟ་བ་བཞིན་ཏེ། དེ་དག་ནི་སློབ་པ་བཞིན་དུ་ལྔ་
ཡིན་པར་བརྗོད་པར་བྱའོ། །འདིར་སེམས་ཉི་ཤུའི་མཚུངས་པ་དེ་མ་ཐག་པའི་རྐྱེན་མདོར་མ་བྱས་པའི་མདོ་ལྟ་བུའི་བསྡུས་པའི་ཚིགས་སུ་བཅད་པ་དག་ནི། འདོད་དགེ་སྦྱོར་བྱུང་བ་ལས་བཅུ་གཅིག །དེ་བརྒྱད་ལས་དགེ་གཞན་ལས་ནི། །དགུ་སྟེ་དེ་ནི་བཅུ་གཅིག་ལས། །ཉོན་མོངས་པ་ཅན་ལས་བདུན་ཏེ། །དེ་དག་སོ་སོར་བཅུ་བཞི་ལས། སྤྱོད་ལམ་རྣམ་སྨིན་སྐྱེས་ལས་བརྒྱད། །དེ་དག་བདུན་ལས་བཟོའི་གནས་ལས། །དྲུག་སྟེ་དེ་ནི་བདུན་ལས་སོ། །སྤྲུལ་པ་ལས་གཉིས་དེ་གཉིས་ལས། །གཟུགས་ན་སྦྱོར་བྱུང་དགེ་བ་ལས། བཅུ་གཉིས་དེ་ནི་བཅུ་ལས་སོ། །མ་འབད་བྱུང་དགེ་ལས་བརྒྱད་དེ། །ལྔ་ལས་ཉོན་མོངས་ཅན་ལ་དགུ། །དེ་ནི་བཅུ་གཅིག་ལས་ཡིན་ཏེ། །སྤྱོད་ལམ་རྣམ་སྨིན་སྐྱེས་ལས་བདུན། །གཉིས་པོ་དེ་ནི་ལྔ་ལས་སོ། །མངོན་ཤེས་འབྲས་ལས་སེམས་གཉིས་ཏེ། །དེ་བཞིན་དེ་ནི་གཉིས་ཉིད་ལས། །གཟུགས་མེད་འབད་བྱུང་དགེ་ལས་བདུན། །དེ་ནི་དྲུག་པོ་ཁོ་ན་ལས། །མ་འབད་བྱུང་བའི་དགེ་ལས་བདུན། །དེ་བཞིན་ལས་གཞན་བརྒྱད་པ་ནི། །ཉོན་མོངས་ཅན་ལས་དེ་བཅུ་ལས། །རྣམ་སྨིན་སྐྱེས་ལས་རྣམ་དྲུག་སྟེ། །བཞི་ལས་སློབ་པ་ལས་དྲུག་གོ །དེ་ནི་བཞི་པོ་ཁོ་ན་ལས། །མི་སློབ་པ་ལ་ལྔ་དེ་ཡང༌། ལྔ་པོ་དག་གི་མཇུག་ཐོགས་སུ། །སྤྱོད་ལམ་དང་བཟོ་མངོན་པར་འདུ་བྱ་བ་ལ་ཞུགས་པའི་ཕྱིར་ཞེས་བྱ་བ་ནི་དེ་དག་ལས་སྦྱོར་བ་ལས་བྱུང་བ་མི་འབྱུང་ངོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །འདིར་ཅི་རིགས་པར་སྤྱོད་ལམ་པ་དང་བཟོའི་གནས་པའི་མཇུག་ཐོགས་སུ་སྦྱོར་བ་ལས་བྱུང་བ་མི་འབྱུང་སྟེ། དེ་དག་ནི་གཞན་མངོན་པར་འདུ་བྱ་བ་ལ་ཞུགས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལྟར་སྤྱོད་ལམ་པ་ནི་སྤྱོད་ལམ་མངོན་པར་འདུ་བྱ་བ་ལ་ཞུགས་པ་ཡིན་ཏེ། འགྲོ་བ་ལ་སོགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །བཟོའི་གནས་པ་ཡང་བཟོ་མངོན་པར་འདུ་བྱ་བ་ལ་ཞུགས་པ་ཡིན་ཏེ། འདི་ཁོ་ན་བྱའོ་སྙམ་པ་དེ་ལྟ་བུའི་རྣམ་པ་ཅན་དུ་ཞུགས་པའི་ཕྱིར་རོ། །སྟོབས་ཆུང་བ་དང་མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་མཇུག་ཐོགས་སུ་སྦྱོར་བ་ལས་བྱུང་བ་མི་འབྱུང་བ་
ཡིན་ཏེ། རྣམ་པར་སྨིན་པ་ལས་སྐྱེས་པ་དེ་ནི་ལུང་དུ་མ་བསྟན་པའི་ཕྱིར་སྟོབས་ཆུང་བ་ཡང་ཡིན་ལ། སྔོན་གྱི་ལས་ཀྱིས་འཕངས་པའི་ཕྱིར་དང༌། འབད་པ་མེད་པར་འབྱུང་བའི་ཕྱིར་མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ཡང་ཡིན་ནོ། །རྣམ་པ་གཅིག་ཏུ་ན་སྤྱོད་ལམ་དང་བཟོ་མངོན་པར་འདུ་བྱ་བ་ལ་ཞུགས་པའི་ཕྱིར་སྤྱོད་ལམ་པ་དང་བཟོའི་གནས་པའི་མཇུག་ཐོགས་སུ་སྦྱོར་བ་ལས་བྱུང་བ་མི་འབྱུང་ངོ༌། །སྟོབས་ཆུང་བ་དང་མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་སྤྱོད་ལམ་པ་དང་བཟོའི་ནས་པ་དང་རྣམ་པར་སྨིན་པ་ལས་སྐྱེས་པའི་མཇུག་ཐོགས་སུ་སྦྱོར་བ་ལས་བྱུང་བ་མི་འབྱུང་སྟེ། ཐམས་ཅད་ཀྱི་ལུང་དུ་མ་བསྟན་པ་ཉིད་ཀྱིས་སྟོབས་ཆུང་བའི་ཕྱིར་རོ། །མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་ནི་རྣམ་པར་སྨིན་པས་སྐྱེས་པ་གཅིག་ཁོ་ནའི་མཇུག་ཐོགས་སུ་མི་འབྱུང་བ་ཡིན་ནོ། །ཡང་ན་སྤྱོད་ལམ་པ་དང་བཟོའི་གནས་པ་དག་ལ་ཡང་སྦྱོར་བ་ལས་བྱུང་བ་མངོན་པར་འདུ་བྱ་བ་མེད་པའི་ཕྱིར་ཏེ། དེ་གཉིས་ནི་གཞན་ལ་བྱེད་པར་ཟད་པ་ཉིད་ཙམ་གྱི་ཕྱིར་མངོན་པར་འདུ་བྱ་བ་ལ་ཞུགས་པ་ཉིད་ཅེས་བཤད་པ་ཡིན་ནོ། །དེས་ན་ཚིག་འདིའི་སྦྱར་བ་ནི་འདི་ཡིན་ཏེ། རྣམ་པར་སྨིན་པ་ལས་སྐྱེས་པ་དང༌། སྤྱོད་ལམ་པ་དང༌། བཟོའི་གནས་པ་དེ་དག་ནི་སྤྱོད་ལམ་དང༌། བཟོ་མངོན་པར་འདུ་བྱ་བ་ལ་ཞུགས་པའི་ཕྱིར་དང༌། སྟོབས་ཆུང་བ་དང༌། མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་སྦྱོར་བ་ལས་བྱུང་བའི་རྗེས་སུ་མཐུན་པ་མ་ཡིན་ཏེ། དེའི་ཕྱིར་དེ་རྣམས་ཀྱི་མཇུག་ཐོགས་སུ་སྦྱོར་བ་ལས་བྱུང་བ་མི་འབྱུང་ངོ་ཞེས་བྱ་བར་སྦྱར་བ་ཡིན་ནོ། །འབྱུང་བའི་སེམས་ནི་མངོན་པར་འདུ་བྱ་བ་མེད་པར་འཇུག་པས་ཞེས་བྱ་བ་ལ་སྦྱོར་བ་ལས་བྱུང་བའི་སེམས་ཀྱི་རྒྱུན་ལས་གཞན་པའི་སེམས་གང་ཡིན་པ་དེ་ནི་འབྱུང་བའི་སེམས་ཡིན་ལ། དེས་ནི་རྣལ་འབྱོར་བ་འདི་རྒྱུ་དེ་ལས་འབྱུང་བར་བྱེད་དོ། །དེའི་མཇུག་ཡིན་པའི་ཕྱིར་རོ། །འབྱུང་བའི་སེམས་ནི་མངོན་པར་འདུ་བྱ་བ་མེད་པར་འཇུག་ཅིང་ལྷུན་གྱིས་གྲུབ་པར་འཇུག་པས། འབྱུང་བའི་སེམས་རྣམ་པར་སྨིན་པ་ལས་སྐྱེས་པ་ལ་སོགས་པ་གང་ཡང་རུང་བའི་ངོ་བོ་ཉིད་དེ་ནི་
སྦྱོར་བ་ལས་བྱུང་བའི་སེམས་ཀྱི་མཇུག་ཐོགས་སུ་འབྱུང་བར་རིགས་སོ། །དེ་ལྟ་ནའོ་ན་ནི་ཞེས་བྱ་བ་ནི་གལ་ཏེ་སྦྱོར་བ་ལས་བྱུང་བའི་རྗེས་སུ་མཐུན་པ་མ་ཡིན་པས་རྣམ་པར་སྨིན་པ་ལས་སྐྱེས་པ་ལ་སོགས་པའི་མཇུག་ཐོགས་སུ་སྦྱོར་བ་ལས་བྱུང་བ་མི་འབྱུང་ན། དེ་ལྟ་ན་འོ་ན་ནི་ཉོན་མོངས་པ་ཅན་དག་ལས་ཀྱང་སྦྱོར་བ་ལས་བྱུང་བ་འབྱུང་བར་མི་འགྱུར་ཏེ་མི་མཐུན་པའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་ཆོས་ནི་མི་མཐུན་པ་ཡིན་ཏེ། དེ་དང་འགལ་བའི་ཕྱིར་དགེ་བ་དང་མཐུན་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འོན་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་དང་མི་མཐུན་མོད་ཀྱིས། འོན་ཀྱང་ཉོན་མོངས་པ་ཀུན་དུ་འབྱུང་བས་ཡོངས་སུ་སྐྱོ་བའི་རྣལ་འབྱོར་བ་ལ་ནི་དེ་ཡོངས་སུ་ཤེས་པ་ལས་ཏེ། ཉོན་མོངས་པ་ཀུན་དུ་འབྱུང་བ་ཡོངས་སུ་ཤེས་པ་ལས་སྦྱོར་བ་ལས་བྱུང་བ་མངོན་དུ་འགྱུར་བར་རིགས་ཏེ། དེ་ཡོངས་སུ་ཤེས་པ་ཉིད་སྦྱོར་བ་ལས་བྱུང་བའི་སེམས་ཡིན་པས་སོ། །གསལ་བའི་ཕྱིར་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སྐྱེས་ནས་ཐོབ་པ་ནི་གསལ་བ་ཡིན་པས་དེ་ནི་སློབ་པ་ལ་སོགས་པ་ལས་ལྡང་བའི་སེམས་ཡིན་པ་སྲིད་དོ། །དེ་ཉིད་ཀྱི་ཕྱིར་ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱིས་གཟིར་བ་ཡང་དེ་ལ་བརྟེན་པར་འགྱུར་རོ། །དེ་ནི་མངོན་པར་འདུ་བྱ་བ་མེད་པར་འབྱུང་བའི་ཕྱིར་དེ་ལས་ནི་སློབ་པ་ལ་སོགས་པ་དེ་དག་མི་འབྱུང་ངོ༌། །གཟུགས་ན་སྤྱོད་པའི་སྐྱེས་ནས་ཐོབ་པ་ནི་འདོད་པ་ན་སྤྱོད་པ་བཞིན་དུ་གསལ་བ་མ་ཡིན་ཏེ། དེ་ལྟ་བས་ན་ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱིས་གཟིར་བ་དེ་ལ་བརྟེན་པར་མི་འགྱུར་གྱི། སྦྱོར་བ་ལས་བྱུང་བ་ཁོ་ན་རྟེན་པར་བྱེད་དོ། །སེམས་རྣམས་ཕན་ཚུན་གྱི་མཇུག་ཐོགས་སུ་འབྱུང་ལ་དེ་དག་ཀྱང་ཡིད་ལ་བྱེད་པའི་དབང་གིས་འབྱུང་བར་འགྱུར་བས་དེའི་ཕྱིར་ཡིད་ལ་བྱེད་པ་ནི་གསུམ་སྟེ་ཞེས་བྱ་བ་རྒྱས་པར་ཡིད་ལ་བྱེད་པ་ཉེ་བར་འགོད་པ་ཡིན་ནོ། །རང་གི་མཚན་ཉིད་ཡིད་ལ་བྱེད་པ་ནི་རང་གི་མཚན་ཉིད་ཡིད་ལ་བྱེད་པ་སྟེ། དཔེར་ན་གཟུགས་ནི་གནོད་པར་བྱར་རུང་བའི་མཚན་ཉིད་ཅན་ཡིན་ནོ་སྙམ་པ་དེ་ལྟ་བུ་ལ་སོགས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཚོར་བ་ནི་མྱོང་བའི་མཚན་ཉིད་ཅན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་
སོགས་པ་བསྡུའོ། །སྤྱིའི་མཚན་ཉིད་ཡིད་ལ་བྱེད་པས་ནི་མི་རྟག་པ་ཉིད་ལ་སོགས་པ་ཡིད་ལ་བྱེད་པ་སྟེ། མི་རྟག་པ་ཉིད་ནས་ངེས་པར་འབྱིན་པར་བྱེད་པའི་བར་རྣམ་པ་བཅུ་དྲུག་དང་ལྡན་པ་ཡིན་ནོ། །མོས་པའི་སྒོ་ནས་ཡིད་ལ་བྱེད་ཀྱི་ཡང་དག་པའི་དོན་གྱི་སྒོ་ནས་མ་ཡིན་པ་ནི་མོས་པ་ཡིད་ལ་བྱེད་པ་སྟེ་མི་སྡུག་པ་ནས་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པའི་བར་དག་ལའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་རྫུ་འཕྲུལ་ལ་སོགས་པ་མངོན་པར་བསྒྲུབས་པ་ལ་ཡང་བ་ཉིད་དུ་མོས་པ་ལ་སོགས་པ་བསྡུ་སྟེ། དཔེར་ན་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བ་ནི་སའི་འདུ་ཤེས་ཆུང་ངུར་ཡང་བྱིན་གྱིས་རློག་ཅིང་འདུ་ཤེས་ཚད་མེད་པར་ཡང་བྱིན་གྱིས་རློབ་ལ། དེ་འདོད་ན་ས་གཡོ་བར་ཡང་བྱེད་དོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལྟ་བུ་ཡིན་ནོ། །མི་སྡུག་པ་དང་ལྷན་ཅིག་པ་ཞེས་བྱ་བ་ནི་མི་སྡུག་པ་དང་ལྷན་ཅིག་ཅིང་འབྲེལ་པ་ནི་མི་སྡུག་པ་དང་ལྷན་ཅིག་པ་སྟེ། འདི་སྐད་དུ་མི་སྡུག་པ་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་ཅིང་ཐོབ་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཕགས་པའི་ལམ་ཡིན་པས་མོས་པ་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་འཕགས་པའི་ལམ་འབྱུང་བ་ཡོད་དོ་ཞེས་བསྟན་པའི་ཕྱིར་བཤད་པ་ཡིན་ནོ། །གལ་ཏེ་སྤྱིའི་མཚན་ཉིད་ཡིད་ལ་བྱེད་པའི་མཇུག་ཐོགས་ཁོ་ནར་འཕགས་པའི་ལམ་མངོན་དུ་བྱེད་ཀྱི་མོས་པ་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་ནི་མ་ཡི་ན། མི་སྡུག་པ་དང་ལྷན་ཅིག་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་དོ་ཞེས་བྱ་བ་འདི་ཇི་ལྟར་དྲང་ཞེ་ན། དེ་ཕྱིར་མི་སྡུག་པས་སེམས་བཏུལ་ནས་ཞེས་བྱ་བ་འདི་རྒྱས་པར་སྨོས་ཏེ། སྦྱོར་བའི་གནས་སྐབས་ན་སེམས་ཀྱི་ཇི་སྲིད་ཐ་མར་སྤྱི་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་འཕགས་པའི་ལམ་མངོན་དུ་བྱེད་པར་འགྱུར་བའི་བར་དུ་བཏུལ་ནས་ཏེ། དེའི་ཕྱིར་མདོ་དང་འགལ་བ་མེད་དོ། །འཕགས་པའི་ལམ་གྱི་མཇུག་ཐོགས་སུ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཞན་དག་ན་རེ་སྤྱི་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་འཕགས་པའི་ལམ་
མངོན་དུ་བྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་འཕགས་པའི་ལམ་གྱི་མཇུག་ཐོགས་སུ་ཡང་སྤྱི་ཡིད་ལ་བྱེད་པ་ཁོ་ན་མངོན་དུ་བྱེད་དོ་ཞེས་ཟེར་རོ། །རེ་ཞིག་མི་ལྕོགས་པ་མེད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མི་ལྕོགས་པ་མེད་པ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་མི་ལྕོགས་པ་མེད་པ་དང༌། བསམ་གཏན་དང་པོ་དང༌། བསམ་གཏན་ཁྱད་པར་ཅན་གྱིས་གསུམ་ལ་བརྟེན་ནས་ངེས་པ་ལ་འཇུག་ན་ནི་ཉེ་བའི་ཕྱིར་ལམ་དེ་རྣམས་ཀྱི་མཇུག་ཐོགས་སུ་འདོད་པ་ན་སྤྱོད་པའི་སྤྱི་ཡིད་ལ་བྱེད་པ་ཐོས་པ་ལས་བྱུང་བའམ་བསམས་པ་ལས་བྱུང་བ་མངོན་དུ་བྱེད་པར་འགྱུར་ན། གལ་ཏེ་བསམ་གཏན་གཉིས་པ་ལ་སོགས་པ་ལ་བརྟེན་ནས་ཏེ། བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པ་ལ་བརྟེན་ནས་ངེས་པ་ལ་འཇུག་ན་གོ་ཇི་ལྟར་ཏེ། ཇི་ལྟར་འཕགས་པའི་ལམ་གྱི་མཇུག་ཐོགས་སུ་སྤྱི་ཡིད་ལ་བྱེད་པ་མངོན་དུ་བྱེད་པར་འགྱུར་ན་འདོད་པ་ན་སྤྱོད་པ་ནི་མི་ནུས་སོ་ཞེས་བྱ་བ་ནི་མངོན་དུ་བྱ་བར་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསམ་གཏན་དང་པོས་བར་དུ་ཆོད་པ་ཉིད་ཀྱིས་ཤིན་ཏུ་བསྐལ་བའི་ཕྱིར་རོ། །ཁྱོད་བསམ་གཏན་གཉིས་པ་ལ་སོགས་པའི་ས་པ་ཁོ་ན་མངོན་དུ་བྱེད་པར་འགྱུར་རོ་ཞེས་སྨྲ་བར་འགྱུར་ན་དེའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མ་གཏོགས་པར་དེ་དག་གི་ས་པ་ཡང་མ་ཐོབ་པོ་ཞེས་བྱ་བར་སྨོས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་མ་གཏོགས་པ་བསམ་གཏན་གཉིས་པ་ལ་སོགས་པའི་ས་པའམ། མི་ལྕོགས་པ་མེད་པ་ལ་སོགས་པའི་ས་པའི་ཟག་པ་མེད་པ་ནི་སྔོན་མ་ཐོབ་པོ། །འཇིག་རྟེན་པའི་ལམ་རྣམ་པ་ཅན་དུ་མ་གཏོགས་པ་ནི་སྔོན་ཐོབ་མོད་ཀྱི་དེ་ནི་འཕགས་པའི་དེ་ལས་ལྡང་བར་བྱེད་པ་ཡིན་པར་མི་འདོད་དོ། །འོ་ན་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྤྱི་ཡིད་ལ་བྱེད་པ་མངོན་དུ་བྱེད་པར་འགྱུར་རོ་ཞེ་ན། དེའི་ཕྱིར་འཕགས་པ་ནི་ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །གལ་ཏེ་ཅིའི་ཕྱིར་སྙམ་དུ་སེམས་ན། དེའི་ཕྱིར་འབྲས་བུ་ཐོབ་ཟིན་ཐོབ་ཟིན་པ་དེའི་སྦྱོར་བ་མངོན་དུ་བྱེད་པ་ནི་རིགས་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སྦྱོར་བ་ནི་དོན་
བྱས་ཟིན་པའི་ཕྱིར་དང༌། དམན་པའི་ཕྱིར་ལ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ཀྱང་འཕགས་པའི་ལམ་གྱི་སྦྱོར་བ་ཡིན་ནོ། །དེས་ནི་དེ་དང་འདྲ་བའི་སྤྱིའི་ཡིད་ལ་བྱེད་པ་གཞན་ཡང་ཞེས་བྱ་བ་ནི་བདེན་པ་ལ་དམིགས་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་འདྲ་བའི་སྤྱི་ཡིད་ལ་བྱེད་པ་གང་ཞིག་འཐོབ་པར་འགྱུར་བ་སྟེ། ཟག་པ་མེད་པའི་ལམ་སྐྱེ་བའི་ཚེ་ཐོབ་པར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ཞེ་ན། མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་པ་ནི་མྱ་ངན་ལས་འདས་པ་ལས་ཐམས་ཅད་ལ་དམིགས་པའི་ཕྱིར་སྤྱི་ཡིད་ལ་བྱེད་པ་ཡིན་ནོ། །དེ་མངོན་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་མཇུག་ཐོགས་སུ་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ་སྙམ་པའམ་ཆོས་ཐམས་ཅད་ནི་བདག་མེད་པའོ་སྙམ་པའམ་མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་པ་མངོན་དུ་བྱེད་པར་འགྱུར་རོ། །དེ་སྐད་དུ་ནི་མི་བརྗོད་དོ། །ཅིའི་ཕྱིར་ཞེ་ན། དེ་དང་འདྲ་བའི་སྤྱི་ཡིད་ལ་བྱེད་པ་འདི་དག་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་རག་ལས་ནས་འཐོབ་པའི་ཕྱིར་ཏེ། འདི་དག་ཟག་པ་མེད་པའི་ལམ་དུ་རག་ལུས་ཏེ་འཐོབ་པ་ནི་མ་ཡིན་ནོ་ཞེས་གྲག་གོ །མི་ལྕོགས་པ་མེད་པ་ལ་བརྟེན་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་དེའི་ས་པ་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པའི་ས་པའོ། །དེའི་ས་པའམ་སྲིད་པའི་རྩེ་མོ་པ་ཡིན་ནོ་ཞེས་བྱ་བ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའམ་སྲིད་པའི་རྩེ་མོ་པ་སྟེ། གལ་ཏེ་སྲིད་པའི་རྩེ་མོར་སྐྱེས་པ་ཞིག་ཡིན་ནའོ། །ས་ལྷག་མ་རྣམས་སུ་ནི་ལྡང་བའི་སེམས་རང་གི་ས་པ་ཁོ་ན་ཡིན་གྱི་གཞན་གྱིས་པ་ནི་མ་ཡིན་ཏེ། གཞན་གྱི་ས་པ་ནི་སྦྱོར་བས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ལ། རང་གི་ས་པ་ནི་མངོན་པར་འདུ་བྱ་བ་མེད་པར་འབྱུང་བས་སོ། །སྦྱོར་བ་ལ་རག་ལུས་པའི་ཕྱིར་རོ་ཞེས་བྱ་བ་ཅི་ཞེ་ན། འཕགས་པའི་ལམ་མོ། །ལམ་གྱི་མཇུག་ཐོགས་སུ་ནི་འདོད་པ་ན་སྤྱོད་པའི་སྐྱེས་ནས་ཐོབ་པ་ཡང་མངོན་དུ་འགྱུར་རོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཁམས་གསུམ་པ་ཡི་ཉོན་མོངས་ཅན། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གྲངས་བཞིན་
དུ་བསྟན་པ་ཡིན་ཏེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ་ནི་སེམས་དྲུག་རྙེད་དེ་སོ་སོར་རྙེད་དོ་ཞེས་བྱ་བའི་ཐ་ཚིག་གོ །གཟུགས་ན་སྤྱོད་པ་ལ་ཡང་དྲུག་གོ །གཟུགས་མེད་པ་ན་སྤྱོད་པ་ལ་ནི་གཉིས་སོ། །དེའི་ཕྱིར་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སེམས་དྲུག་པོ་འདི་དག་དང་མི་ལྡན་པ་ཞེས་བྱ་བ་ནི་སེམས་དྲུག་པོ་འདི་དག་དང་མི་ལྡན་པའི་གང་ཟག་གོ །ཇི་ལྟ་ཞེ་ན། འདི་ན་དགེ་བའི་རྩ་བའི་ཉིད་མཚམས་སྦྱོར་བ་ནི་ཡང་དག་པའི་ལྟ་བའམ་ཐེ་ཚོམ་གྱིས་ཡིན་ཏེ། དེ་གལ་ཏེ་ཐེ་ཚོམ་གྱིས་ཉིང་མཚམས་སྦྱོར་བར་བྱེད་ན། དེ་ལ་ཐེ་ཚོམ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཅན་གྱི་སེམས་མངོན་དུ་གྱུར་པ་དང༌། གང་གི་ཚེ་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ནས་འདོད་པའི་ཁམས་སུ་སླར་ལྡོག་པ་དེའི་ཚེ་འདིའི་སྲིད་པ་བར་མ་ཉིད་མཚམས་སྦྱོར་བའི་ཉོན་མོངས་པ་ཅན་གྱི་སེམས་ལ་གདོན་མི་ཟ་བར་དགེ་བ་དེ་རྙེད་པ་ཡིན་ནོ། །མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་སྐབས་ཡིན་པའི་ཕྱིར་དང༌། གཟུགས་ན་སྤྱོད་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་ལོགས་ཤིག་ནས་འབྱུང་བའི་ཕྱིར་འདོད་པ་ན་སྤྱོད་པའི་མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ཁོ་ན་ཡིན་ཏེ། མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དེ་དག་དང་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་ཏེ། ཅི་ཞེ་ན། རྙེད་ཅེས་བྱ་བར་སྐབས་དང་སྦྱར་རོ། །ཇི་ལྟར་རྙེད་ཅེ་ན་ཁམས་སུ་སླར་ལྡོག་པ་དང༌། ཡོངས་སུ་ཉམས་པ་ལས་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་ནས་འདོད་པའི་ཁམས་སུ་སླར་ལྡོག་པ་དེའི་ཚེ་འདི་སྲིད་པ་བར་མར་ཉིད་མཚམས་སྦྱོར་བ་ཉོན་མོངས་པ་ཅན་གྱི་སེམས་མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ལས་གང་ཡང་རུང་བ་ཞིག་ཏུ་མངོན་དུ་གྱུར་པ་ན་གདོན་མི་ཟ་བར་སྔོན་རྣམ་པར་ཉམས་པའི་ཕྱིར་དེ་དག་དང་མི་ལྡན་པ་ལས་མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དེ་དག་རྙེད་པར་འགྱུར་རོ། །ཡོངས་སུ་ཉམས་པ་ལས་
གང་གི་ཚེ་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་དེའི་ཚེ་འདི་ལ་ཡོངས་སུ་ཉམས་པའི་སེམས་ཉོན་མོངས་པ་ཅན་མངོན་དུ་གྱུར་ན་དེ་དག་དང་མི་ལྡན་པ་ལས་ཉོན་མོངས་པ་ཅན་དེ་དག་རྙེད་པ་ཡིན་ནོ། །ཁམས་སུ་སླར་ལྡོག་པ་ལས་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་ནི་གང་གི་ཚེ་གཟུགས་མེད་པའི་ཁམས་ནས་འདོད་པའི་ཁམས་སུ་སླར་ལྡོག་པ་དེའི་ཚེ་འདིའི་སྲིད་པ་བར་མར་ཉིད་མཚམས་སྦྱོར་བའི་ཉོན་མོངས་པ་ཅན་གྱི་སེམས་ལ་གདོན་མི་ཟ་བར་དེ་དང་མི་ལྡན་པ་ལས་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་སྔོན་ཉམས་པ་རྙེད་པར་འགྱུར་རོ། །ཡོངས་སུ་ཉམས་པ་ལས་ནི་གང་གི་ཚེ་འདོད་པ་ན་སྤྱོད་པའི་སེམས་ཀྱིས་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་དེའི་ཚེ་དེ་དང་མི་ལྡན་པ་ལས་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་རྙེད་པར་འགྱུར་རོ། །ཡོངས་སུ་ཉམས་པ་ལས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནི་གང་གི་ཚེ་འདོད་པ་ན་སྤྱོད་པའི་སེམས་ཀྱིས་གཟུགས་མེད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་དེའི་ཚེ་འདི་དེ་དང་མི་ལྡན་པ་ལས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་རྙེད་པར་འགྱུར་རོ། །སློབ་པ་ཡང་ཡོངས་སུ་ཉམས་པ་ལས་ཞེས་བྱ་བ་སྐབས་དང་སྦྱར་ཏེ། གང་གི་ཚེ་འདོད་པ་ན་སྤྱོད་པའི་སེམས་ཀྱིས་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་དེའི་ཚེ་འདི་དེ་དང་མི་ལྡན་པ་ལས་སློབ་པའི་སེམས་རྙེད་པར་འགྱུར་རོ། །དེ་ལྟར་ན་རེ་ཞིག་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་སེམས་མངོན་དུ་གྱུར་ན་དེ་དག་དང་མི་ལྡན་པ་ལས་སེམས་དྲུག་རྙེད་པར་བཤད་པ་ཡིན་ནོ། །གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་སེམས་མངོན་དུ་གྱུར་ན་ཡང་དེ་དག་དང་མི་ལྡན་པ་ལས་དྲུག་རྙེད་དོ། །གཟུགས་ན་སྤྱོད་པ་གསུམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཞེས་བྱ་བ་ནི་གང་གི་ཚེ་གཟུགས་མེད་པའི་ཁམས་ནས་གཟུགས་ཀྱི་ཁམས་སུ་སླར་ལྡོག་པ་དེའི་ཚེ་འདི་གཟུགས་ན་སྤྱོད་པའི་སྲིད་པ་བར་མར་ཉིད་མཚམས་སྦྱོར་བའི་ཉོན་མོངས་པ་ཅན་གྱི་སེམས་ལ་གདོན་མི་ཟ་བར་གཟུགས་ན་སྤྱོད་པ་གསུམ་སྟེ། སྐྱེས་ནས་
ཐོབ་པའི་དགེ་བ་དང་ཉོན་མོངས་པ་ཅན་དང་ཐོབ་པ་སྔར་སྐྱེ་བ་ཡོད་པའི་ཕྱིར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྤྲུལ་པའི་སེམས་དང༌། འདོད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྤྲུལ་བའི་སེམས་ཁོ་ན་དང་ཡོངས་སུ་ཉམས་པ་ལས་གཟུགས་ན་སྤྱོད་པའི་སེམས་ཀྱིས་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་དེ་དང་མི་ལྡན་པ་ལས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སློབ་པ་རྙེད་དེ། དེ་ལྟར་ན་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ་ཡང་དྲུག་རྙེད་པར་བཤད་པ་ཡིན་ནོ།། །།བམ་པོ་ཉི་ཤུ་གཉིས་པ། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ་ནི་དེ་དག་དང་མི་ལྡན་པ་ལས་གཉིས་རྙེད་དེ། ཡོངས་སུ་ཉམས་པ་ལས་གཟུགས་མེད་པ་ན་སྤྱོད་པའི་སེམས་ཀྱིས་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པས་གང་གི་ཕྱོགས་གཅིག་མངོན་དུ་གྱུར་པའི་ཉོན་མོངས་པ་ཅན་དེ་ཉིད་དང་སློབ་པའོ། །གཟུགས་ན་སྤྱོད་པའི་དགེ་བ་ལ་སེམས་གསུམ་ཞེས་བྱ་བ་ལ། དགེ་བ་ལ་ཞེས་བྱ་བ་ནི་སྤྱིར་བསྟན་པར་ཟད་དེ། གཟུགས་ན་སྤྱོད་པའི་དགེ་བ་འགའ་ལ་ཅི་རིགས་པར་གསུམ་རྙེད་པ་ཡིན་ནོ། །ཇི་ལྟར་ཞེ་ན། རེ་ཞིག་གཟུགས་ན་སྤྱོད་པའི་དགེ་བའི་སེམས་དང་པོ་མངོན་དུ་གྱུར་ན་དེ་དང་མི་ལྡན་པ་ལས་གཟུགས་ན་སྤྱོད་པའི་དགེ་བ་དེ་ཉིད་རྙེད་ལ། དངོས་གཞིའི་བསམ་གཏན་གྱིས་བསྡུས་པའི་དགེ་བའི་སེམས་མངོན་དུ་གྱུར་ན་དེ་དག་དང་མི་ལྡན་པ་ལས་འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྤྲུལ་པའི་སེམས་དག་རྙེད་དེ། དེ་ལྟར་ན་གཟུགས་ན་སྤྱོད་པའི་དགེ་བའི་སེམས་མངོན་དུ་གྱུར་ན་གསུམ་རྙེད་དོ་ཞེས་བཤད་དོ། །གསུམ་པོ་ཅིག་ཅར་དུ་རྙེད་དོ་ཞེས་བྱ་བ་སྲིད་པ་ནི་མ་ཡིན་ནོ། །སློབ་པ་ལ་བཞི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སློབ་པའི་སེམས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སེམས་མངོན་དུ་གྱུར་ན་དེ་དང་མི་ལྡན་པ་ལས་སློབ་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚོགས་ཀྱི་ངོ་བོ་ཉིད་དེ་ཉིད་རྙེད་དོ། །འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་དང་
གཟུགས་མེད་པ་ན་སྤྱོད་པའི་དགེ་བ་ཡང་རྙེད་དོ། །གང་གི་ཚེ་ཞེ་ན། འཕགས་པའི་ལམ་གྱིས་འདོད་པ་དང་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱེད་པ་ནའོ། །ཇི་ལྟ་ཞེ་ན། གང་གི་ཚེ་འདི་མི་ལྕོགས་པ་མེད་པའི་ས་པའི་འཕགས་པའི་ལམ་གྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བར་བྱེད་པ་དེའི་ཚེ་སློབ་པའི་སེམས་རྣམ་པར་གྲོལ་བའི་ལམ་དགུ་པས་བསྡུས་པ་མངོན་དུ་གྱུར་པ་ན་དེ་དག་དང་མི་ལྡན་པ་ལས་འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྤྲུལ་པའི་སེམས་དག་རྙེད་ལ། གང་གི་ཚེ་ས་དྲུག་པའི་འཕགས་པའི་ལམ་རྣམས་ལས་གང་ཡང་རུང་བ་ཞིག་གིས་གཟུགས་ལས་འདོད་ཆགས་དང་བྲལ་བར་བྱེད་པ་དེའི་ཚེ་སློབ་པའི་སེམས་རྣམ་པ་དང་པོ་མངོན་དུ་གྱུར་པ་ན་དེ་དང་མི་ལྡན་པ་ལ་འདས་པ་དང་མ་འོངས་པ་འཐོབ་པའི་ཚུལ་གྱིས་གཟུགས་མེད་པ་ན་སྤྱོད་པའི་དགེ་བའི་སེམས་རྙེད་དོ། །འཕགས་པའི་ལམ་ཞེས་སྨོས་པ་ནི་ཟག་པ་དང་བཅས་པའི་སེམས་བརྩལ་བའི་ཕྱིར་ཏེ། རྙེད་པ་འདི་ནི་སློབ་པའི་སེམས་མངོན་དུ་གྱུར་པ་ཡིན་པར་བཤད་དོ། །འདི་ལ་སློབ་དཔོན་ཡོན་ཏན་བློ་གྲོས་ན་རེ། སློབ་པ་ལ་བཞི། སློབ་པ་དེ་ཉིད་དང༌། འཕགས་པའི་ལམ་གྱིས་འདོད་པ་དང་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱེད་པ་ན་འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་དང་གཟུགས་མེད་པའི་དགེ་བའོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་བཤད་པ། འཕགས་པའི་ལམ་གྱིས་འདོད་པ་དང་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱེད་པ་ན་སྟེ། གང་གི་ཚེ་འདི་མི་ལྕོགས་པ་མེད་པའི་ས་པའི་འཕགས་པའི་ལམ་གྱིས་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱེད་པ་དེའི་ཚེ་རྣམ་པར་གྲོལ་བའི་ལམ་དགུ་པ་གང་ཡིན་པ་དེ་ནི་དངོས་གཞིའི་བསམ་གཏན་གྱི་ས་པའི་ལམ་གྱི་སློབ་པ་འཐོབ་པས་སློབ་པ་རྙེད་ཅེས་བྱ་ལ། འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྤྲུལ་པའི་སེམས་དག་ཀྱང་ཁོ་ནའི་ཚེ་རྙེད་དོ། །ས་དྲུག་གི་འཕགས་
པའི་ལམ་གྱིས་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བ་ན་རྣམ་པར་གྲོལ་བའི་ལམ་དགུ་པ་གང་ཡིན་པ་དེ་ནི་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་རྙེད་པ་ཡིན་ནོ་ཞེས་ཟེར་ལ། དེའི་སློབ་མ་དཔོན་དབྱིག་བཤེས་ཡང་དོན་དེ་ཁོ་ན་དག་དེ་དང་ཚིག་དང་ཡི་གེ་དག་ཁོ་ན་འདྲི་བར་བྱེད་དོ། །བཤད་པ་འདི་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་ཚིག་གཅིག་ཏུ་བཤད་ན་དོན་རུང་བ་མ་ཡིན་གྱི་ཚིག་ཐ་དད་པར་ནི་རུང་ངོ༌། །སློབ་པ་དེ་ཉིད་ཅེས་བྱ་བ་ནི་ཚིག་གཅིག་ཡིན་ནོ། །འཕགས་པའི་ལམ་ཞེས་བྱ་བ་ནས་འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ཅེས་བྱ་བའི་བར་ནི་ཚིག་གཞན་ཡིན་ནོ། །འཕགས་པའི་ལམ་གྱིས་འདོད་པ་དང་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱེད་པ་ན་ཞེས་བྱ་བའི་ཁྱད་པར་འདིས་ནི་གོང་དུ་སློབ་པ་དེ་ཉིད་ཅེས་བཤད་པ་དེ་ཁྱད་པར་དུ་བྱ་བ་མ་ཡིན་ཏེ་ཚིག་ཐ་དད་པའི་ཕྱིར་རོ། །ལྡན་པ་མིན་ལས་རྙེད་ཅེས་བྱ་བ་བྱུང་བའི་ཕྱིར་སེམས་ཀྱིས་རྙེད་པ་འདི་ནི་དེ་དང་མི་ལྡན་པ་ལས་ཡིན་པར་བརྗོད་ན། དེ་ཇི་ལྟར་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་སློབ་པའི་སེམས་དང་ལྡན་པའི་གང་ཟག་ལ་སློབ་པའི་སེམས་རྙེད་པར་རྣམ་པར་གཞག་དངོས་གཞིའི་བསམ་གཏན་གྱི་སློབ་པ་སྔོན་མེད་པ་རྙེད་པར་འགྱུར་རོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་མ་ཡིན་ཏེ། གཟུགས་ན་སྤྱོད་པའི་དགེ་བའི་སེམས་དངོས་གཞིའི་བསམ་གཏན་གྱིས་པ་སྔོན་མེད་པའང་རྙེད་པར་འགྱུར་བས་དེ་ཡང་རྙེད་པར་ཐལ་བར་འགྱུར་རོ། །སློབ་དཔོན་དབྱིག་བཤེས་ན་རེ་སློབ་པའི་སེམས་ལ་གནས་པ་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ན་གཟུགས་ན་སྤྱོད་པའི་དགེ་བ་ནི་ངེས་པ་ལ་འཇུག་པའི་དྲོ་བར་གྱུར་པའི་གནས་སྐབས་ཉིད་ན་ཐོབ་ཟིན་པའི་ཕྱིར་མི་བགྲང་ངོ་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། སློབ་པའང་མི་བགྲང་བར་འགྱུར་བའི་ཕྱིར་རོ། །སློབ་པའང་མཐོང་བའི་ལམ་གྱི་གནས་སྐབས་དང་པོ་ན་ཐོབ་ཟིན་པས་ཁྱོད་ཀྱིས་དེ་ལྟར་རྣམ་པར་མི་གཞག་པར་བྱ་དགོས་པར་འགྱུར་རོ། །གང་གི་ཕྱིར་སློབ་དཔོན་ཉིད་
ཀྱིས་སྤེལ་མའི་ཚིགས་སུ་བཅད་པ་བཤད་པ་ཁོ་ན་ལས། ངེས་འཇུག་དགྲ་བཅོམ་ཉིད་ཀྱི་ཚེ། །སློབ་པ་དང་མི་སློབ་པའོ་ཞེས་བཤད་པ་དེའི་ཕྱིར་ཡང་ཉེས་པར་བཤད་པ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ལྷག་མར་བཅས་པས་ལྷག་མ་སྟེ་ཞེས་བྱ་བ་ནི་སེམས་གང་ལ་རྙེད་པ་མ་བཤད་པ་དེ་ལ་ནི་དེ་ཉིད་རྙེད་དོ་ཞེས་བྱ་བ་ཡིན་ནོ། །ཇི་ལྟ་བུར་ཞེ་ན་རེ་ཞིག་འདོད་པ་ན་སྤྱོད་པའི་དགེ་བའི་སེམས་ལ་སེམས་འདི་རྙེད་ཅིང་རྙེད་ཅིང་རྙེད་དོ་ཞེས་མ་བཤད་པས་དེ་ལ་ནི་དེ་ཁོ་ན་རྙེད་ཀྱི་གཞན་དག་ནི་མ་ཡིན་ཏེ། དཔེར་ན་ཡང་དག་པའི་ལྟ་བས་དགེ་བའི་རྩ་བའི་ཉིད་མཚམས་སྦྱོར་བར་བྱེད་པའི་ཚེ་འདོད་པ་ན་སྤྱོད་པའི་དགེ་བའི་སེམས་མངོན་དུ་གྱུར་ན། དེ་དང་མི་ལྡན་པ་ལས་དགེ་བའི་སེམས་དེ་ཁོ་ན་རྙེད་ཀྱི་གཞན་ཉོན་མོངས་པ་ཅན་དག་ནི་མ་ཡིན་ཏེ། ཁམས་གསུམ་ཆར་ཡང་སྔར་ཐོབ་ཟིན་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་མ་ཡིན་ཏེ། རྣམ་པར་སྨིན་པ་ལ་སོགས་པའི་ཐོབ་པ་ནི་ལྷན་ཅིག་སྐྱེ་བ་ཡིན་པའི་ཕྱིར་ལ། སྤྲུལ་པའི་སེམས་ནི་ཐོབ་པ་མེད་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་ལ་སོགས་པ་དང་སློབ་པ་དང་མི་སློབ་པ་དག་ཀྱང་མ་ཡིན་ཏེ་ཐོབ་པ་མེད་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ལ་ཡང་དེ་རྙེད་པར་བཤད་དེ། དེ་ལ་ཡང་དེ་དང་མི་ལྡན་པ་ལས་དེ་ཁོ་ན་རྙེད་པ་ཡིན་ཏེ། ལུང་བསྟན་མིན་འཐོབ་ལྷན་ཅིག་སྐྱེ། །ཞེས་བྱ་བ་ཡིན་པའི་ཕྱིར་རོ། །དགེ་བ་ལ་སོགས་པ་གཞན་དག་ནི་མ་ཡིན་ཏེ། སྔར་ཐོབ་ཟིན་པའི་ཕྱིར་དང༌། དེ་བཞིན་ཉིད་དུ་ཁ་ཅིག་ཐོབ་པ་མེད་པའི་ཡང་ཕྱིར་རོ། །སྤྲུལ་བའི་སེམས་མངོན་དུ་གྱུར་ན་ནི། །འགའ་ཡང་རྙེད་པ་མེད་པས་དེ་ནི་བརྗོད་པར་མི་བྱའོ། །ཉོན་མོངས་པ་ཅན་ནམ་གཞན་ཡང་རུང་གང་ལ་འགའ་ཡང་ཐོབ་པ་མེད་པ་དེ་ནི་བརྗོད་པར་མི་བྱའོ། །ཁམས་གསུམ་པའི་ཉོན་མོངས་པ་ཅན་ཁོ་ན་ལ་དྲུག་ན་ལ་དྲུག་ནས་གཉིས་ཀྱི་བར་རྙེད་ལ། གདོན་མི་ཟ་བ་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་ངོ༌། །གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་
ལུང་དུ་མ་བསྟན་པ་མངོན་དུ་གྱུར་ན་ཡང༌། དེ་ཁོ་ན་རྙེད་ཀྱི་གཞན་དག་ནི་མ་ཡིན་ཏེ། སྔ་མ་བཞིན་དུ་བརྗོད་པར་བྱའོ། །དེ་བཞིན་དུ་གཟུགས་མེད་པ་ན་སྤྱོད་པའི་དགེ་བའི་སེམས་རྣམ་པ་དང་པོས་བསྡུས་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་མངོན་དུ་གྱུར་ན་ཡང་དེ་དང་མི་ལྡན་པ་ལས་དེ་ཁོ་ན་རྙེད་ཀྱི་གཞན་དག་ནི་མ་ཡིན་ཏེ། ཁ་ཅིག་ནི་སྔར་ཐོབ་ཟིན་པའི་ཕྱིར་རོ། །ཁ་ཅིག་ནི་ཐོབ་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་མི་སློབ་པ་ལ་ཡང་བརྗོད་པར་བྱའོ། །གཞན་དག་ནི་ཁྱད་པར་མེད་པར་ཞེས་བྱ་བ་ནི་སྤེལ་མ་བྱེད་པ་དག་གོ །ཁྱད་པར་མེད་པར་ཞེས་བྱ་བ་ནི་ཁམས་གསུམ་པའི་ཉོན་མོངས་པ་ཅན་ལ་སོགས་པ་སོ་སོར་མ་བྱས་པའི་ཕྱིར་རོ། །དགེ་བའི་སེམས་ལ་བདུན་ཡིན་ཏེ། །ཞེས་བྱ་བ་ནི་མཚན་ཉིད་བཤད་པ་གང་ཡིན་པ་དེ་མ་ཚང་བ་ཡིན་ཏེ། དགེ་བ་ནི་ཁམས་གསུམ་པ་དང་ཟག་པ་མེད་པ་ཡིན་ལ་དེ་ལ། དགེ་བའི་སེམས་ལ་བདུན་ཡིན་ཏེ། ཞེས་བརྗོད་པར་བྱའི་དྲུག་ཡིན་ཏེ་ཞེས་བྱ་བ་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན་དེ་བསྟན་པའི་ཕྱིར་འདོད་པ་ན་སྤྱོད་པའི་དགེ་བ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དགེ་བའི་རྩ་བའི་ཉིང་མཚམས་སྦྱོར་བ་ལས་ཞེས་བྱ་བ་འདི་བཤད་ཟིན་ཏོ། །འདོད་ཆགས་དང་བྲལ་བ་ལས་འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ཅེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ན་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་དེ་དག་དང་མི་ལྡན་པ་ལས་འདོད་པ་དང་གཟུགས་ན་སྤྱོད་པའི་སྤྲུལ་པའི་སེམས་དག་རྙེད་པ་ཡིན་ནོ། །དེ་ན་ཡོད་པའི་ཏིང་ངེ་འཛིན་ཐོབ་པ་ལས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་དག་གོ་ཞེས་བྱ་བ་ནི་གང་གི་ཚེ་དང་པོ་ཉིད་དུ་གཟུགས་ན་སྤྱོད་པ་མི་ལྕོགས་པ་མེད་པ་འཐོབ་པ་དེའི་ཚེ་གཟུགས་ན་སྤྱོད་པའི་དགེ་བ་རྙེད་ལ་གང་གི་ཚེ་དང་པོ་ཉིད་དུ་ནམ་མཁའ་མཐའ་ཡས་ཀྱི་ཉེར་བསྔོགས་ཐོབ་པ་དེའི་ཚེ་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་རྙེད་དོ། །
ངེས་འཇུག་དགྲ་བཅོམ་ཉིད་ཀྱི་ཚེ། །སློབ་པ་དང་མི་སློབ་པའོ་ཞེས་བྱ་བ་ནི་གང་གི་ཚེ་ངེས་པ་ལ་འཇུག་པ་དེའི་ཚེ་ནི་སློབ་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚོགས་རྙེད་ལ། གང་གི་ཚེ་དགྲ་བཅོམ་པ་ཉིད་འཐོབ་པ་དེའི་ཚེ་ནི་མི་སློབ་པ་ཟད་པར་ཤེས་པའི་ཚོགས་རྙེད་དེ། དེ་ལྟར་ན་གནས་སྐབས་འདི་དག་ཏུ་ཇི་སྐད་བཤད་པའི་སེམས་བདུན་པོ་དག་དང་མི་ལྡན་པ་ལས་ལྡན་པ་རྙེད་པར་འགྱུར་རོ། །ལྷག་མ་ནི་རྣམ་པར་བཤད་པ་འདི་ཉིད་ཀྱིས་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་ལྷག་མ་ནི་བདག་གིས་བཤད་པ་འདི་ཁོ་ན་ལས་རྟོགས་པར་བྱ་བ་ཡིན་ཏེ། ལྷག་མ་ཡང༌། ཉོན་མོངས་ཅན་གྱི་སེམས་ལ་ནི། །མཁས་པ་རྣམས་ཀྱིས་དགུ་རྙེད་བརྗོད། །ཅེས་བྱ་བ་དང༌། དེ་བཞིན་དུ་གཉིས་པ་ལུང་དུ་མ་བསྟན་ལ་དེ་ཉིད་དོ་ཞེས་བྱ་བ་འདི་ཡིན་ཏེ། ཁམས་གསུམ་པའི་ཉོན་མོངས་པ་ཅན་ལ་ནི་དེ་དག་དང་མི་ལྡན་པ་ལས་དགུ་རྙེད་དེ། འདོད་པ་ན་སྤྱོད་པ་བཞི་དང༌། གཟུགས་ན་སྤྱོད་པ་གསུམ་དང་གཟུགས་མེད་པ་ན་སྤྱོད་པ་བསྒྲིབས་པ་དང་སློབ་པ་ཞེས་བྱ་བ་དགུ་པོ་དག་ཅི་རིགས་པར་རྙེད་དོ། །ཅི་རིགས་པའི་དོན་ནི་འདི་ཡིན་ཏེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ་དགེ་བའི་སེམས་ཉིང་མཚམས་སྦྱོར་བ་དང་ཁམས་སུ་སླར་ལྡོག་པ་ནས་འདོད་པ་ན་སྤྱོད་པའི་དགེ་བ་རྙེད་དོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ཁོ་ན་ལ་ཁམས་སུ་སླར་ལྡོག་པ་དང༌། ཡོངས་སུ་ཉམས་པ་ལས་མི་དགེ་བ་དང༌། བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་རྙེད་དོ། །གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ་ཁམས་སུ་སླར་ལྡོག་པ་ལས་གཟུགས་ན་སྤྱོད་པའི་དགེ་བ་དང༌། འདོད་པ་དང༌། གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྤྲུལ་པའི་སེམས་དག་རྙེད་དོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནམ་གཟུགས་ན་སྤྱོད་པའང་རུང་བ་ལ་ཁམས་སུ་སླར་ལྡོག་པའམ། ཡོངས་སུ་ཉམས་པ་ལས་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་ཉིད་དོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནམ། གཟུགས་ན་སྤྱོད་
པའམ། གཟུགས་མེད་པ་ན་སྤྱོད་པ་ཡང་རུང་བ་ལ་ཡོངས་སུ་ཉམས་པ་ལས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སློབ་པ་དག་རྙེད་དོ། །དེ་ལྟ་བུ་ནི་ཅི་རིགས་པའི་དོན་ཡིན་ནོ། །ལུང་མ་བསྟན་པ་དེ་ཉིད་དོ། །ཞེས་བྱ་བ་ནི་ལྷག་མ་གང་ཡིན་པ་ནི་སྔ་མ་དང་འདྲ་བ་ཁོ་ན་སྟེ། ཁམས་གསུམ་པའི་ལུང་དུ་མ་བསྟན་པ་རྣམས་ལ་གང་ཡང་རུང་བ་ཞིག་མངོན་དུ་གྱུར་ན་དེ་དང་མི་ལྡན་པ་ལས་ལུང་དུ་མ་བསྟན་པའི་དེ་ཁོ་ན་རྙེད་དེ། གྲུབ་པའི་མཐའ་ལས། ལུང་བསྟན་མི་འཐོབ་ལྷན་ཅིག་སྐྱེས། །ཞེས་འབྱུང་བའི་ཕྱིར་དང༌། །བསྡུས་པའི་ཚིགས་སུ་བཅད་པ་ནི་ཞེས་བྱ་བ་ཐམས་ཅད་འབྱུང་བ་ལས་སྐྱེ་བའི་ཚེ་ནི་ཁམས་སུ་སླར་ལྡོག་པ་ལས་ཞེས་འབྱུང་བའི་ཕྱིར་རོ། །སྙོམས་པར་འཇུག་པ་ལས་ནི་དེ་ན་ཡོད་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་ཚེ་ནི་འདོད་པའི་འདོད་ཆགས་དང་བྲལ་བའི་ཚེ་ཞེས་འབྱུང་བའི་ཕྱིར་རོ། །ཡོངས་སུ་ཉམས་པའི་ཚེ་ནི་ཡོངས་སུ་ཉམས་པ་ལས་ཞེས་འབྱུང་བའི་ཕྱིར་རོ། །དགེ་བའི་ཉིང་མཚམས་སྦྱོར་བའི་ཚེ་ནི་ཐེ་ཚོམ་དང་ཡང་དག་པའི་ལྟ་བས་དགེ་བའི་རྩ་བའི་ཉིང་མཚམས་སྦྱོར་བ་ལས་ཞེས་འབྱུང་བའི་ཕྱིར་རོ། །སེམས་རྙེད་ཅེས་བྱ་བ་ནི་སེམས་སོ་སོར་ཐོབ་པའོ། །དེ་ལྡན་པ་མིན་ལས་ཞེས་བྱ་བ་ནི་གང་ཟག་སྟེ། དེ་དག་དང་མི་ལྡན་པ་ལས་ཞེས་འབྱུང་བའི་ཕྱིར་རོ། །ཆོས་མངོན་པའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པ་ལས་དབང་པོ་བསྟན་པ་ཞེས་བྱ་བ་སྟེ་མཛོད་ཀྱི་གནས་གཉིས་པའོ།། །།ད་ནི་ཞེས་བྱ་བ་འདི་ནི་མཛོད་ཀྱི་གནས་གཉིས་པ་དང་གསུམ་པའི་འབྲེལ་པ་རབ་ཏུ་བསྟན་པའི་ཕྱིར་སྨོས་པ་ཡིན་ནོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ངེས་པ་ཉིད་ཀྱིས་སེམས་ལ་སོགས་པ་བསྟན་པ་བྱས་པ་ཞེས་བྱ་བ་ལ་ངེས་པའི་དངོས་པོ་ནི་ངེས་པ་ཉིད་དོ། །ཡང་ན་ངེས་པ་ཉིད་ནི་ངེས་པ་ཁོ་ན་ཡིན་ནོ། །དེས་སེམས་ལ་སོགས་པ་བསྟན་པ་བྱས་པ་ནི། འདོད་ཡིད་དགེ་དང་མི་དགེ་
དང༌། །བསྒྲིབས་པ་དང་ནི་མ་བསྒྲིབས་པ། །གཟུགས་དང་གཟུགས་མེད་པ་དག་ན། །མི་དགེ་ལས་གཞན་ཞེས་འབྱུང་བའི་ཕྱིར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སེམས་ལས་འབྱུང་བ་ལ་སོགས་པ་བསྡུ་སྟེ། འདོད་པའི་དགེ་བའི་སེམས་ལ་ནི། རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །ཞེས་བྱ་བ་དང༌། དེ་ལས་འགྱོད་ཡིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །རྟོག་པའང་བསམ་གཏན་ཁྱད་པར་ན། །དེ་ཡི་གོང་ན་དཔྱོད་པ་ཡང༌། །ཞེས་འབྱུང་བའི་ཕྱིར་རོ། །འདོད་པ་ལ་སོགས་པའི་ངེས་པ་ཉིད་ཀྱིས་དབང་པོ་རྣམས་བསྟན་པ་བྱས་པ་ནི། དྲི་མེད་མ་གཏོགས་འདོད་པར་གཏོགས། །ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་གཏོགས་གཟུགས་ཅན་དང༌། །བདེ་བའང་མ་གཏོགས་གཟུགས་མེད་གཏོགས། །ཞེས་འབྱུང་བའི་ཕྱིར་རོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་དེ་དག་གི་མཚན་ཉིད་ནི་མི་བཤད་པས། དེའི་ཕྱིར་དེ་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་དེ་དག་གང་ཡིན་ཞེས་བྱ་བ་འདི་སྨོས་སོ། །དམྱལ་བ་ཡི་དགས་དུད་འགྲོ་དང༌། །ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། འགྲོ་བ་བཞི་ཞེས་བྱ་བ་ནི་དམྱལ་བ་དང་ཡི་དགས་དུད་འགྲོ་དང་མིའི་འགྲོ་བ་བཞི་སྟེ། རིལ་གྱིས་འདོད་པའི་ཁམས་སུ་གཏོགས་པ་ཡིན་ནོ། །ལྷའི་འགྲོ་བ་ནི་རིལ་གྱིས་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལྷའི་རིགས་དྲུག་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དེ་ལ་སེམས་ཅན་རྣམས་འདིར་བསོད་ནམས་མ་ཡིན་པས་ཁྲིད་པར་བྱེད་པས་ན་དམྱལ་བ་རྣམས་སོ། །གཞན་དག་ན་རེ་དགའ་བར་མི་བྱེད་པས་ན་དམྱལ་བ་རྣམས་ཡིན་ནོ་ཞེས་ཟེར་རོ། །སློབ་དཔོན་འདུས་བཟངས་ན་རེ་མི་རྙེད་པའི་དོན་གྱིས་དམྱལ་བའི་སྒྲ་ནི་སྐྱབས་མི་རྙེད་ཅིང་མེད་པས་ན་དམྱལ་བ་པ་རྣམས་ཡིན་ནོ་ཞེས་ཟེར་རོ། །འདི་ནས་ཤིན་ཏུ་ཕྱིར་མི་ལྡོག་པར་སོང་བས་ན་ཡི་དགས་རྣམས་སོ། །གཞན་དག་ན་རེ་སྐོམ་པ་དང་ལྡན་པའི་ཕྱིར་རོ། །དུད་དེ་འགྲོ་བའི་ཕྱིར་དུད་འགྲོའོ། །ཡིད་ཤས་ཆེ་བའི་ཕྱིར་མི་
རྣམས་སོ། །འཇིག་རྟེན་པ་རྣམས་ནི་ཡིད་ཀྱི་བུ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་དག་ལ་ཁྱིམ་ནམ་མཁའ་ཡོད་པས་ན་ལྷའོ། །འདོད་པའི་ཁམས་ནི་འདོད་པས་རབ་ཏུ་ཕྱེ་བའི་ཁམས་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་འཇིག་རྟེན་སྐྱོང་བ་བཞི་ནི། འཕགས་སྐྱེས་པོ་དང༌། མིག་མི་བཟང་དང༌། ཡུལ་འཁོར་སྲུང་དང༌། རྣམ་ཐོས་ཀྱི་བུའོ། །དེ་དག་ན་ཡོད་པ་ནི་རྒྱལ་ཆེན་བཞི་པ་རྣམས་ཏེ། དེ་དག་གི་ནང་དུ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ །དཔེར་ན་ལྷ་དག་ཏུ་སྐྱེ་བར་འགྱུར་བ་ཞེས་བྱ་བ་ནི་ལྷའི་ནང་དུ་སྐྱེ་བར་འགྱུར་བ་ཞེས་བྱ་བའི་དོན་ལྟ་བུ་ཡིན་ནོ། །གཞན་དག་ན་རེ་རྒྱལ་པོ་ཆེན་པོ་བཞིའི་གནས་ན་ཡོད་པ་ནི་རྒྱལ་ཆེན་བཞི་པ་རྣམས་ཏེ། བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་བ་ལང་གི་ཤིང་རྟ་ལྟ་བུའོ། །ལེགས་པར་བྱས་པ་ལྷན་ཅིག་བྱས་པ་རྣམས་ཀྱིས་དེར་སྐྱེ་བས་ན་སུམ་ཅུ་རྩ་གསུམ་པ་རྣམས་སོ། །གཞན་དག་ན་རེ་འཇིག་རྟེན་པ་རྣམས་ན་རེ་གཙོ་བོ་ནོར་ལྷ་བརྒྱད་དང༌། ཐ་སྐར་གྱི་བུ་གཞོན་ནུ་གཉིས་དང༌། དྲག་པོ་བཅུ་གཅིག་དང༌། ཉི་མ་བཅུ་གཉིས་ཞེས་བྱ་བ་དེ་ཙམ་དུ་ཟད་པས་སུམ་ཅུ་རྩ་གསུམ་པ་རྣམས་སོ་ཞེས་ཟེར་ཏེ། དེ་དང་མཐུན་པར་གསུང་རབ་ལས་ཀྱང་མིང་དེ་བཞིན་དུ་ཐ་སྙད་བཏགས་སོ་ཞེས་ཟེར་རོ། །བསོད་ནམས་ཀྱིས་སོང་བས་ན་འཐབ་བྲལ་བའོ། །ཡང་ན་དེའི་སྡུག་བསྔལ་ཟད་པར་བྱེད་པས་འཐབ་བྲལ་བ་རྣམས་སོ། །དགའ་ཞིང་ཡིད་དུ་འོང་བས་སོང་བའམ། འདི་དག་ལ་དགའ་བ་ཡོད་པས་ན་དགའ་ལྡན་པ་རྣམས་སོ། །འདི་དག་ལ་རང་རང་གིས་བྱས་པའི་ལོངས་སྤྱོད་རྣམས་སྤྲུལ་པ་ལ་དགའ་བ་ཡོད་པས་ན་འཕྲུལ་དགའ་བ་རྣམས་སོ། །འདི་དག་ལ་གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་དག་ལ་དབང་བསྒྱུར་བའི་ངང་ཚུལ་ཡོད་པས་གཞན་འཕྲུལ་དབང་བྱེད་པ་རྣམས་སོ། །གནས་རྣམས་ཞེས་བྱ་བ་ཚིག་ལྷག་མ་ཞེས་བྱ་བ་ནི་གནས་ཉི་ཤུ་གང་དག་ཡིན་པ་དེ་དག་ནི་འདོད་པའི་ཁམས་ཡིན་ནོ། །གལ་ཏེ་དཔེར་ན་རྟ་ཆུ་འཐུངས་པ་ལ་འཐུངས་
པའོ་ཞེས་བྱ་བ་དང་འདྲ་བར་གནས་ཉི་ཤུ་ལ་ཉི་ཤུའོ་ཞེས་བར་གྱི་ཚིག་མི་མངོན་པར་བྱས་ན་ནི་ཤིན་ཏུ་ཡང་རིགས་པ་ཡིན་ནོ། །ཡང་སོས་ནི་གང་དུ་སེམས་ཅན་ཤི་བ་རྣམས་རླུང་དག་གིས་འཚོ་བར་བྱེད་པའོ། །ཐིག་ནག་ནི་གང་དུ་ཐིག་ནག་པོ་བཏབ་ནས་འཇོག་པར་བྱེད་པའོ། །བསྡུས་འཇོམས་ནི་གང་དུ་ཕྱོགས་གཉིས་ནས་ལུག་ལྟ་བུའི་རི་ལ་སོགས་པ་འོང་སྟེ་སེམས་ཅན་རྣམས་འཇོམས་པར་བྱེད་པའོ། །ངུ་འབོད་ནི་གང་དུ་སེམས་ཅན་བཏགས་པ་རྣམས་ཤིན་ཏུ་སྐྲག་པའི་ང་རོ་འབྱིན་པའོ། །གང་དུ་ཁྱད་པར་དུ་ཡིན་པ་དེ་ནི་ངུ་འབོད་ཆེན་པོའོ། །ཚ་བ་ནི་གང་དུ་སེམས་ཅན་རྣམས་མེ་ལ་སོགས་པས་གདུང་བར་བྱེད་པའོ། །གང་དུ་ཁྱད་པར་དུ་གདུང་བར་བྱེད་པ་དེ་ནི་རབ་ཏུ་ཚ་བའོ། །མནར་མེད་པ་ནི་གང་དུ་སེམས་ཅན་མེ་འབར་བས་ཤིན་ཏུ་བསྐོར་བ་རྣམས་ལ་བདེ་བའི་མནའ་བའི་སྐབས་མེད་པའོ། །འཛམ་བུའི་གླིང་ནི་ཤིང་འཛམ་བུས་མཚོན་པའི་གླིང་ངོ༌། །ཤར་གྱི་ལུས་འཕགས་ནི་རི་རབ་ཀྱི་ཤར་ཕྱོགས་ན་ཡོད་པའོ། །ནུབ་ཀྱི་བ་ལང་སྤྱོད་ནི་ནུབ་ཕྱོགས་ན་ཡོད་པའོ། །བྱང་གི་སྒྲ་མི་སྙན་ནི་བྱང་ཕྱོགས་ན་ཡོད་པ་སྟེ། གླིང་འདི་དག་གི་མིང་ནི་འཇིག་རྟེན་ན་དེ་ལྟར་གྲགས་པ་ཡིན་ནོ། །བཤད་མ་ཐག་པའི་ལྷའི་རིགས་དྲུག་དང་དེ་ལྟར་ན་གནས་ཉི་ཤུ་པོ་དེ་དག་ནི་འདོད་པའི་ཁམས་ཡིན་ནོ་ཞེས་བྱ་བ་ནི་དམྱལ་བ་ནི་དམྱལ་བ་བརྒྱད་དང༌། གླིང་བཞི་དང་རྒྱལ་ཆེན་བཞིའི་རིས་པ་ལ་སོགས་པ་བཤད་མ་ཐག་པ་དྲུག་དང༌། མ་ཕྱེ་བ་ཡི་དགས་དང་དུད་འགྲོ་ཞེས་བྱ་བ་དང་གནས་ཉི་ཤུ་ནི་འདོད་པའི་ཁམས་ཡིན་ནོ། །རླུང་གི་དཀྱིལ་འཁོར་གྱི་བར་ཞེས་བྱ་བ་ནི་གང་ལ་ཆུའི་དཀྱིལ་འཁོར་འདུག་པའོ། །གཟུགས་ཀྱི་ཁམས་ཞེས་བྱ་བ་ནི་གཟུགས་ཀྱིས་རབ་ཏུ་ཕྱེ་བའི་ཁམས་ནི་གཟུགས་ཀྱི་ཁམས་ཡིན་ནོ། །དེར་སོ་སོའི། བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་པ་ས་ནི་བརྒྱད་པ་ཡིན། །ཞེས་བྱ་བ་དེ་ལ། གཟུགས་ཀྱི་ཁམས་ནི་བསམ་གཏན་ཐམས་ཅད་ཀྱང་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་སོ་སོར་ས་གསུམ་
པའི་བྱེ་བྲག་ཉིད་ཡིན་ཏེ། ཚངས་རིས་པ་རྣམས་དང༌། ཚངས་པའི་མདུན་ན་འདོན་པ་རྣམས་དང༌། ཚངས་ཆེན་པ་རྣམས་ནི་དང་པོ་ཡིན་ནོ། །འོད་ཆུང་པ་རྣམས་དང༌། ཚད་མེད་འོད་རྣམས་དང༌། འོད་གསལ་བ་རྣམས་ནི་གཉིས་པ་ཡིན་ནོ། །དགེ་ཆུང་རྣམས་དང༌། ཚད་མེད་དགེ་རྣམས་དང༌། དགེ་རྒྱས་རྣམས་ནི་གསུམ་པ་ཡིན་ནོ། །སྤྲིན་མེད་རྣམས་དང༌། བསོད་ནམས་སྐྱེས་རྣམས་དང༌། འབྲས་བུ་ཆེ་བ་རྣམས་ནི་བཞི་པ་ཡིན་ནོ། །ཆེན་པོ་དེ་ཉིད་ཟག་པ་མེད་པའི་བསམ་གཏན་དང་སྤེལ་བའི་སྒོ་ནས་ཆུང་ངུ་དང་འབྲིང་དང་ཆེན་པོ་དང༌། ཤིན་ཏུ་ཆེན་པོ་དང༌། ཆེས་ཤིན་ཏུ་ཆེན་པོ་ཐ་དད་པའི་བྱེ་བྲག་གི་གནས་གཞན་ལྔ་སྟེ། མི་ཆེ་བ་རྣམས་དང༌། མི་གདུང་བ་རྣམས་དང༌། གྱ་ནོམ་སྣང་བ་རྣམས་དང༌། ཤིན་ཏུ་མཐོང་རྣམས་དང༌། འོག་མིན་རྣམས་སོ། །དེའི་ཕྱིར་བསམ་གཏན་བཞི་པ་ནི་ས་བརྒྱད་པ་ཞེས་བྱའོ། །དེ་ལ་དགེ་བའི་རྩ་བ་ཆེན་པོ་ལས་སྐྱེས་པའི་ཕྱིར་ཚངས་པའོ། །དེ་ཡང་གང་ཞེ་ན་ཚངས་པ་ཆེན་པོ་ཞེས་བྱ་བ་གང་ཡིན་པ་སྟེ། བསམ་གཏན་ཁྱད་པར་ཅན་ཐོབ་པས་ཐོག་མར་སྐྱེ་ཞིང་ཐ་མར་འཆི་འཕོ་བའི་ཕྱིར་དང༌། སྔ་མ་དང་ཁྱད་པར་ཡོད་པའི་ཕྱིར་ཆེན་པོ་ཡིན་ནོ། །འདི་དག་ལ་དེའི་རིས་ན་གནས་པ་ཡོད་པས་ཚངས་རིས་པ་རྣམས་སོ། །ཚངས་པའི་མདུན་ན་འདོན་པས་ན་ཚངས་པའི་མདུན་ན་འདོན་རྣམས་སོ། །འདི་དག་ལ་ཚེ་དང་ཁ་དོག་ལ་སོགས་པའི་ཁྱད་པར་གྱིས་ཚངས་པ་ཆེན་པོ་ཡོད་པས་ན་ཚངས་པ་ཆེན་པོ་རྣམས་སོ། །འདི་དག་ལ་འོད་གསལ་གྱི་ས་ལ་ལྟོས་ནས་འོད་ཆུང་ངུ་ཡོད་པས་ན་འོད་ཆུང་རྣམས་སོ། །འདི་དག་ནི་འོད་ཚད་གཟུང་བར་མི་ནུས་པས་ན་ཚད་མེད་འོད་རྣམས་སོ། །གནས་གཞན་ཟད་པར་སྣང་བར་བྱེད་པའི་ཕྱིར་འོད་གསལ་རྣམས་སོ། །ཡིད་ཀྱི་ས་པའི་བདེ་བ་ལ་ནི་དགེ་བ་ཞེས་བྱ་སྟེ། འདི་དག་ལ་གཞན་གྱི་ས་ལ་ལྟོས་ན་དེ་ཆུང་ངུ་ཡོད་པས་ན་དགེ་ཆུང་རྣམས་སོ། །འདི་དག་ལ་དགེ་བ་ཚད་མེད་པ་ཡོད་པས་ན་ཚད་མེད་དགེ་རྣམས་སོ། །འདི་དག་ལ་དགེ་བ་རྒྱས་པ་ཡོད་པས་ན་དགེ་རྒྱས་
རྣམས་ཏེ། གཞན་ན་དེ་ལས་ཤིན་ཏུ་མཆོག་ཏུ་གྱུར་པའི་བདེ་བ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །འདི་དག་ལ་སྤྲིན་དང་འདྲ་བར་ས་དང་འབྲེལ་པ་མེད་པས་ན་སྤྲིན་མེད་རྣམས་ཏེ། གཞལ་མེད་ཁང་དེ་སེམས་ཅན་དང༌། ལྷན་ཅིག་འབྱུང་ཞིང་འཇིག་པའི་ཕྱིར་ཞེས་འབྱུང་བའི་ཕྱིར་རོ། །གཞན་དག་ན་རེ་འདི་དག་གི་གོང་ན་གཞན་མེད་པའི་སྤྲིན་མེད་རྣམས་ཏེ། གོང་ན་སྤྲིན་ལྟ་བུ་ས་དང་འབྲེལ་པ་མེད་པས་སོ་ཞེས་ཟེར་རོ། །མི་གཡོ་བའི་ལས་ལས་ཡང་དག་པར་འབྱུང་བའི་ཕྱིར་འདི་དག་ལ་བསོད་ནམས་རྣམས་ལས་སྐྱེས་པ་ཡོད་པས་ན་བསོད་ནམས་སྐྱེས་རྣམས་སོ། །འདི་དག་ལ་འབྲས་བུ་གནས་གཞན་དང་འབྲེལ་པ་སོ་སོའི་སྐྱེ་བོ་པ་ཐམས་ཅད་པས་མཆོག་ཏུ་གྱུར་པ་ཆེན་པོ་ཡོད་པས་ན་འབྲས་བུ་ཆེ་རྣམས་སོ། །སོ་སོའི་སྐྱེ་བོ་རྣམས་དང་མ་འདྲེས་པའི་ཕྱིར་གནས་གཙང་མ་སྟེ། དེ་འདི་དག་ལ་ཡོད་པས་གནས་གཙང་མ་རྣམས་སོ། །གནས་གཙང་མ་པ་གཞན་དག་པས་མཆོག་ཏུ་མ་གྱུར་པའི་ཕྱིར་རྒྱས་པ་མ་ཡིན་པས་ན་མི་ཆེ་བ་རྣམས་སོ། །ཡང་ན་བདག་ཉིད་ཀྱིས་བདག་གི་གནས་དུས་ཉ་ཉེ་ཞིག་ན་སྤོང་ཞིང་འདོར་བར་མི་བྱེད་པས་ན་མི་ཆེ་བ་རྣམས་སོ། །ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་པའི་ཕྱིར་འདི་ནི་ཉོན་མོངས་པ་རྣམས་ཀྱིས་གདུང་བར་བྱེད་པ་མེད་པས་ན་མི་གདུང་བ་རྣམས་སོ། །ཡང་ན་བསམ་པ་དགེ་བའི་ཕྱིར་གཞན་དག་ལ་གདུང་བར་མི་བྱེད་པས་ན་མི་གདུང་བ་རྣམས་སོ། །མཐོང་བ་ཡོངས་སུ་དག་པའི་ཕྱིར་ཤིན་ཏུ་མཐོང་བས་ན་གྱ་ནོམ་སྣང་རྣམས་སོ། །ལྟ་བ་བཟང་བའི་ཕྱིར་ཤིན་ཏུ་མཐོང་རྣམས་སོ། །དེ་ལས་མཆོག་ཏུ་གྱུར་པའི་ས་གཞན་མེད་པའི་ཕྱིར་འདི་དག་འོག་མ་མ་ཡིན་པས་འོག་མིན་རྣམས་ཏེ། གོང་མར་གྱུར་པ་ཡིན་པའི་ཕྱིར་རོ། །འདིས་ནི་གནས་པ་དག་བསྟན་ན། ཇི་ལྟར་དེ་ལྟར་ན་གནས་བཅུ་བདུན་པོ་འདི་དག་ཅེས་བྱ་ཞེ་ན། གནས་ནི་གནས་པའི་སྒྲར་བསྟན་པའི་ཕྱིར་ཉེས་པ་མེད་དོ། །དེ་ལྟར་ན་ཉི་འོག་པའི་ལུགས་ཀྱིས་གཟུགས་ཀྱི་ཁམས་ནི་གནས་བཅུ་བདུན་ཡིན་ནོ། །ཁ་ཆེ་བ་རྣམས་ན་རེ་བཅུ་དྲུག་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ཁ་ཆེ་
བ་རྣམས་ན་རེ་གཟུགས་ཀྱི་ཁམས་ནི་བཅུ་དྲུག་ཡིན་ནོ་ཞེས་ཟེར་རོ། །སྦགས་པ་བཞིན་དུ་ཞེས་བྱ་བ་ནི་བང་རིམ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ །གཞན་དག་ན་རེ་འབྲོག་ཕྱོགས་ཀྱི་རྫོང་བཞིན་དུའོ་ཞེས་ཟེར་རོ། །ས་གཞན་ནི་མེད་དོ་ཞེས་བྱ་བ་ནི་ས་གཞན་དང་འབྲེལ་པ་མེད་པས་སོ། །འདས་པ་དང་མ་འོངས་པ་དང་རྣམ་པར་རིག་བྱེད་མ་ཡིན་པ་དང༌། ཆོས་གཟུགས་ཅན་མ་ཡིན་པ་རྣམས་ནི་ཡུལ་ན་མི་གནས་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་ནི་གཟུགས་ཅན་དག་ཀྱང་ཡུལ་ན་མི་གནས་སོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་གཟུགས་ཅན་ཡིན་ལ། ད་ལྟར་གྱི་དག་ཀྱང་ཡུལ་ན་མི་གནས་ལ། གཟུགས་ཅན་མ་ཡིན་པ་ཚོར་བ་ལ་སོགས་པ་ཡང་དེ་བཞིན་དུ་ད་ལྟར་གྱི་དག་ཡིན་ཡང་ཡུལ་ན་མི་གནས་ན། འདས་པ་དང་མ་འོངས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་སོ། །སྐྱེ་བ་ལས་ནི་རྣམ་པ་བཞི། །ཞེས་བྱ་བ་ནི་ཚེ་རབས་གཞན་དུ་ལས་ཀྱི་གྲུབ་པའི་ཕུང་པོ་འབྱུང་བ་ནི་སྐྱེ་བ་ཡིན་ཏེ། དེས་ན་གཟུགས་མེད་པའི་ཁམས་རྣམ་པ་བཞི་ཡིན་ནོ། །འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྙོམས་པར་འཇུག་པར་སྦྱོར་བའི་དུས་ན་ནམ་མཁའ་མཐའ་ཡས་སོ་སྙམ་དུ་རྣམ་པར་བྱེད་པའི་ཕྱིར་ནམ་མཁའ་མཐའ་ཡས་ཏེ། དེའི་ལམ་དེ་ཉིད་སྐྱེ་མཆེད་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་པ་དང་ཅི་ཡང་མེད་དོ་སྙམ་དུ་དེ་དག་གི་རྣམ་པར་བྱེད་པའི་ཕྱིར། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱའོ། །འདུ་ཤེས་ནི་འབྲས་ལྟ་བུའོ། །འདུ་ཤེས་ནི་ཟུག་རྔུ་ལྟ་བུའོ། །འདུ་ཤེས་མེད་པ་ནི་ཀུན་དུ་རྨོངས་པ་སྙམ་ནས། འདུ་ཤེས་གཞན་པ་འབྱུང་བའི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱའོ། །དེ་དག་ལ་ཡུལ་གྱིས་བྱས་པའི་བླ་འོག་ནི་མེད་དོ་ཞེས་བྱ་བ་ནི་ཡུལ་ན་མི་གནས་པའི་ཕྱིར་རོ། །ཇི་ལྟར་སེམས་ཅན་གཟུགས་ཅན་རྣམས་ཀྱི་ཞེས་བྱ་བ་ཐེ་ཚོམ་འདི་ཅི་ལས་གྱུར་ཅེ་ན་འདི་ལ་བདག་མེད་ན་འདོད་པ་དང༌། གཟུགས་ཀྱི་ཁམས་དག་ན་ནི་སེམས་དང་སེམས་ལས་བྱུང་བ་རྣམས་གཟུགས་
ལ་བརྟེན་ནས་འཇུག་པར་བརྟག་གྲང་ན། གཟུགས་མེད་པའི་ཁམས་ན་ནི་གཟུགས་མེད་པས་དེ་ན་སེམས་དང་སེམས་ལས་བྱུང་བ་འཇུག་པར་མི་འགྱུར་རོ་སྙམ་མོ། །ཐེ་ཚོམ་དེ་བཟློག་པའི་ཕྱིར། དེར་ནི་རིས་དང་སྲོག་ལ་ཡང༌། །སེམས་ཀྱི་རྒྱུད་ནི་རྟེན་པ་ཡིན། །ཞེས་བྱ་བ་འདི་སྨོས་ཏེ། ཡང་ཞེས་བྱ་བའི་སྒྲས་ནི་སོ་སོའི་སྐྱེ་བོ་ཉིད་དང་མི་ལྡན་པ་དང༌། ཐོབ་པ་དང༌། སྐྱེ་བ་ལ་སོགས་པ་བསྡུའོ། །སྟོབས་ཆུང་བའི་ཕྱིར་རོ་ཞེས་བྱ་བ་ཅི་ཞིག་ཅེ་ན་སེམས་ཀྱི་རྒྱུན་ནོ། །སེམས་ཅན་གཟུགས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུན་ནི་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བའི་ཕྱིར་སྟོབས་ཆུང་བ་ཡིན་པས་གཟུགས་མེད་པར་མི་འཇུག་སྟེ། དེའི་ཕྱིར་གཟུགས་ལ་བརྟེན་ནས་འཇུག་གོ །དེ་ནི་ཅིའི་ཕྱིར་སྟོབས་དང་ལྡན་པ་ཉིད་ཡིན་ཞེས་བྱ་བ་ནི་གཟུགས་མེད་པ་ན་སྤྱོད་པ་དེ་ཅིའི་ཕྱིར་སྟོབས་དང་ལྡན་པ་ཉིད་ཡིན་ནོ། །དེའི་ཕྱིར་སྙོམས་པར་འཇུག་པའི་ཁྱད་པར་ལས་སྐྱེས་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གཟུགས་དང་བྲལ་བའི་འདུ་ཤེས་ཅན་ཞེས་བྱ་བ་ནི་གཟུགས་ཀྱི་འདུ་ཤེས་དང་བྲལ་བ་ཅན་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་དེ་ལ་སྐྱེས་པ་གཟུགས་མེད་པའི་སེམས་ཀྱི་རྒྱུན་ཀྱང་གཟུགས་ལ་མི་ལྟོས་པར་འཇུག་གོ །འོ་ན་ནི་སྟོབས་དང་ལྡན་པའི་ཕྱིར་སྙོམས་པར་འཇུག་པའི་ཁྱད་པར་གྱིས་བསྐྱེད་པ་དེ་ཁོ་ནས་འཇུག་པར་འགྱུར་གྱི་རྟེན་གྱིས་ཅི་ཞིག་བྱ་སྙམ་དུ་བསམས་པ་ཡིན་ནོ། །ཇི་ལྟར་སེམས་ཅན་གཟུགས་ཅན་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཚིག་གི་དོན་ནི་སེམས་ཅན་གཟུགས་ཅན་རྣམས་ཀྱི་རིས་མཐུན་པ་དང་སྲོག་གི་དབང་པོ་དག་གཟུགས་ལ་བརྟེན་པ་དེ་ལྟར་གཟུགས་མེད་པ་རྣམས་ཀྱིས་ཅི་ལ་བརྟེན་ཞེས་བྱ་བ་ཡིན་ནོ། །དེ་གཉིས་ཕན་ཚུན་དུའོ་ཞེས་བྱ་བ་ནི་རིས་མཐུན་པ་ཡང་སྲོག་གི་དབང་པོ་ལ་བརྟེན་ནས་འཇུག་ལ་སྲོག་གི་དབང་པོ་ཡང་རིས་མཐུན་པ་ལ་བརྟེན་ནས་ཞེས་བྱ་བ་ཡིན་ནོ། །དེ་གཉིས་ཁོ་ན་ཕན་ཚུན་དུ་ཅིའི་ཕྱིར་མི་རྟེན་ཞེས་བྱ་བ་ནི་གཟུགས་ཀྱིས་ཅི་ཞིག་བྱ་སྙམ་དུ་བསམས་པ་ཡིན་ནོ། །ད་ནི་དེ་ན་ཞེས་བྱ་བ་
ནི་གཟུགས་མེད་པའི་ཁམས་དེ་ན་ཅིའི་ཕྱིར་རིས་མཐུན་པ་དང་སྲོག་གི་དབང་པོ་དེ་དག་སྟོབས་དང་ལྡན་པ་དེ་ཉིད་ཡིན་ནོ། །དེ་ནི་སེམས་ཀྱི་རྒྱུད་ལ་ཡང་མཚུངས་ཏེ་ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་འདི་སྙོམས་པར་འཇུག་པའི་ཁྱད་པར་ལས་སྐྱེས་པས་སྟོབས་དང་ལྡན་པ་ཡིན་པའི་ཕྱིར་གཉིས་ལ་བརྟེན་ནས་འཇུག་པར་མི་འགྱུར་གྱི་བརྟེན་པ་མེད་པ་ཁོ་ནར་འཇུག་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བ་དག་ལ་ཡང་ཅི་ཞེ་ན། མཚུངས་ཏེ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཅི་ཞིག་མཚུངས་ཤེ་ན་ཕན་ཚུན་བརྟེན་པ་ཉིད་དེ། ཇི་ལྟར་རིས་མཐུན་པ་ཡང་སྲོག་གི་དབང་པོ་ལ་བརྟེན་ནས་འཇུག་ལ་སྲོག་གི་དབང་པོ་ཡང་རིས་མཐུན་པ་ལ་བརྟེན་ནས་འཇུག་པ་དེ་བཞིན་དུ་སེམས་ལས་བྱུང་བ་རྣམས་ཀྱང་སེམས་ལ་བརྟེན་ནས་འཇུག་པར་འགྱུར་ལ། སེམས་ཀྱང་སེམས་ལས་བྱུང་བ་རྣམས་ལ་བརྟེན་ནས་འཇུག་པར་འགྱུར་ན། དེ་དག་ལས་གཞན་པའི་རྟེན་བརྟག་པ་ནི་དགོས་པ་མེད་དོ། །སེམས་ཀྱི་རྒྱུན་གང་གི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་ཀྱི་རྒྱུན་གྱི་འཕེན་པར་བྱེད་པའི་རྒྱུན་ནི་འཕེན་པའི་རྒྱུ་སྟེ། ལས་དང་ཉོན་མོངས་པའི་མཚན་ཉིད་ཡིན་ནོ། །འདི་ལ་སྲེད་པ་དང་བྲལ་བ་ཡོད་པས་ན་སྲེད་པ་དང་བྲལ་བ་ཅན་ནོ། །སྲེད་པ་དང་མ་བྲལ་བ་ནི་སྲེད་པ་དང་མ་བྲལ་བའོ། །གང་ལ་ཞེ་ན། གཟུགས་ལ་སྟེ་སེམས་ཀྱི་རྒྱུན་དེ་ནི་གཟུགས་དང་ལྡན་ཅིག་འབྱུང་བའི་གཟུགས་ལ་བརྟེན་ནས་འཇུག་གོ །རྒྱུ་དེ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་འཕེན་པའི་རྒྱུ་གཟུགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །རྡོ་རྗེའི་སོར་གདུབ་ལྟ་བུ་ཞེས་བྱ་བ་ནི་རྡོ་རྗེ་དང་ལྡན་པའི་སོར་གདུབ་སྟེ། སོར་གདུབ་བམ་གདུ་བུ་ལ་རྡོ་རྗེའི་སོར་གདུབ་ཅེས་བྱ་བ་ལྟ་བུ་དང༌། ན་ལེ་ཤམ་གྱི་བཏུང་བ་བཞིན་ཏེ། ན་ལེ་ཤམ་དང་ལྡན་པའི་བཏུང་བ་ལ་བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་ན་ལེ་ཤམ་གྱི་བཏུང་བ་ཞེས་བྱ་བ་དེ་བཞིན་དུ་འདོད་པ་དང་ལྡན་པའི་ཁམས་ནི་འདོད་པའི་ཁམས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་
ནོ། །ཡང་ན་གཟུགས་སུ་རུང་བ་ཞེས་བྱ་བ་ནི་གནོད་པར་བྱ་བར་རུང་བ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་གཟུགས་དང་ལྡན་པའི་ཕྱིར་ན་གནོད་པར་བྱ་བར་ནུས་སོ། །དེའི་ངོ་བོ་ནི་གཟུགས་མེད་པ་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཚེ་མཇུག་ལ་ཁམས་ཞེས་བྱ་བའི་ཚིག་འདི་ཡོད་པ་དེའི་ཚེ་གཟུགས་མེད་པའི་ཁམས་ཞེས་བྱ་བར་རུང་ངོ༌། །གང་གི་ཚེ་མཇུག་ལ་ཚིག་མེད་པར་གཟུགས་མེད་པ་ཞེས་བྱ་བའི་སྒྲ་སྦྱོར་ཏེ། དཔེར་ན་གཟུགས་རྣམས་ལས་འདས་པ་ནི་གཟུགས་མེད་པ་དག་གོ་ཞེས་བྱ་བ་དེའི་ཚེ་ནི་གཟུགས་མེད་པ་དག་ཉིད་གཟུགས་མེད་པ་རྣམས་སོ་ཞེས་བྱ་བར་གཟུང་བར་བྱའོ། །ཡང་ན་གཟུགས་མེད་པ་ལ་མཁས་པ་དག་ནི་གཟུགས་མེད་པ་རྣམས་སོ་ཞེས་བྱ་བར་བལྟའོ། །ཡང་ན་འདོད་པ་རྣམས་ཀྱི་ཁམས་ནི་ཞེས་བྱ་བ་ནི་ལྡན་པ་ཞེས་བྱ་བའི་སྒྲ་མི་མངོན་པར་བྱས་པ་མེད་པར་ཡང་དྲུག་པར་ཚིག་བསྡུ་བ་ཁོ་ནས་སྒྲུབ་པར་བྱེད་པ་ཡིན་ནོ། །འདོད་པ་རྣམས་ཀྱི་ཁམས་དེ་གང་ཡིན་ཞེ་ན། གང་ཞིག་འདོད་པ་རྣམས་འཛིན་པའོ་ཞེས་བྱ་བ་སྨོས་སོ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ཀྱང་དེ་དང་འདྲ་བར་རིག་པར་བྱའོ་ཞེས་བྱ་བ་ནི་གཟུགས་མེད་པ་རྣམས་ཀྱི་ཁམས་ནི་གཟུགས་ཀྱི་ཁམས་ཏེ་གང་ཞིག་གཟུགས་རྣམས་འཛིན་པའོ། །གཟུགས་མེད་པའི་ཁམས་ནི་གཟུགས་མེད་པའི་ཁམས་ཏེ་གང་ཞིག་གཟུགས་མེད་པ་འཛིན་པའོ་ཞེས་བྱ་བ་ཡིན་ནོ། །ཁམ་གྱི་ཟས་དང་འཁྲིག་པ་དང་ལྡན་པའི་འདོད་ཆགས་ཞེས་བྱ་བ་ནི་ཁམ་དུ་བྱེད་པས་ན་ཁམ་མོ། །དེ་ཉིད་ཟས་ཡིན་པས་ན་ཁམ་གྱི་ཟས་སོ། །ཕོ་མོ་ལས་བྱུང་བ་ནི་འཁྲིག་པ་སྟེ། གཉིས་ཀྱིས་གཉིས་སྤྲོད་པ་ལ་སོགས་པའོ། །ཁམ་གྱི་ཟས་དང་འཁྲིག་པ་དག་དང་ལྡན་ཞིང་འབྲེལ་པའམ་སྐྱེད་པ་ལ་ནི་ཁམ་གྱི་ཟས་དང་འཁྲིག་པ་དང་ལྡན་པའི་འདོད་ཆགས་ཀྱི་འདོད་པ་ཡིན་ཏེ། འདིས་འདོད་པར་བྱེད་པས་ན་འདོད་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་དེ་ལྟར་ཤེས་ཤེ་ན། གནས་བརྟན་ཤཱ་རིའི་བུས་བཤད་པའི་ཚིགས་སུ་བཅད་པས་དོན་དེ་བསྟན་པའི་ཕྱིར། འཇིག་རྟེན་དག་ན་སྣ་ཚོགས་གང་
དེ་འདོད་པ་མིན་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཀུན་དུ་འཚོ་བྱེད་ཀྱིས་ཚིགས་སུ་བཅད་པ་གཞན་གྱིས་དགེ་སློང་འདོད་པའི་རྣམ་པར་རྟོག་པ་དག་ལ་རྣམ་པར་རྟོག་པར་བྱེད་པ་འདོད་པ་ལ་སྤྱོད་པ་ཉིད་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་གནས་བརྟན་གྱི་ཁས་བླངས་ཏེ། འདོད་པ་ལ་སྤྱོད་པ་ནི་རྣམ་པ་གསུམ་སྟེ། ལུས་དང་ངག་དང་ཡིད་ཀྱིས་སོ། །དེ་ལ་འདོད་ཆགས་དང་མ་བྲལ་བ་ཡིད་ཀྱིས་འདོད་པ་ལ་སྤྱོད་པ་ཉིད་ཡིན་ཡང་དགེ་སློང་མ་ཡིན་པར་མི་འགྱུར་གྱི་འདིའི་ཚུལ་ཁྲིམས་ཡོངས་སུ་མ་དག་པར་འགྱུར་བ་འབའ་ཞིག་ཏུ་ཟད་དོ། །གང་ཞིག་ལུས་དང་ངག་གིས་དེ་བཞིན་གཤེགས་པའི་བསླབ་པའི་གཞི་བཀོད་པའི་མཚམས་ལས་འདས་ཏེ། འདོད་པ་དག་ལ་ཡོངས་སུ་སྤྱོད་པར་བྱེད་པ་དེ་ནི་དགེ་སློང་མ་ཡིན་པར་འགྱུར་ཏེ། དེ་བས་ན་དེས་ཉེས་པ་གཞན་གལ་ཏེ་འཇིག་རྟེན་སྣ་ཚོགས་གང་དེ་འདོད་ཅེས་བྱ་བ་རྒྱས་པར་སྨོས་ཏེ། གལ་ཏེ་ཁྱེད་ཀྱི་ཕྱོགས་གཟུགས་ལ་སོགས་པ་ཡུལ་སྣ་ཚོགས་དག་འདོད་པ་ཡིན་ནོ་ཞེས་བྱ་བ་ཡིན་ན་ཁྱེད་ཀྱི་སྟོན་པ་ནི་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་བྱ་བར་ཁས་བླངས་མོད་ཀྱི་དེས་ན་ཁྱོད་ཀྱི་སྟོན་པ་ཡང་ལུས་ཀྱི་ཡུལ་དེ་དག་ཉེ་བར་མ་སྤྱད་ཀྱང་གཟུགས་ཡིད་དུ་འོང་བ་རྣམས་མཐོང་བ་ཁོ་ནས་འདོད་པ་ལ་སྤྱོད་པ་ཅན་དུ་ཐལ་བར་འོང་ཞིང་འགྱུར་བ་ཞིག་ན་དེ་ལྟར་ཡང་མི་འདོད་དེ་དེ་ལྟ་བས་ན། སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །ཆོས་གང་དག་ཅེས་བྱ་བ་ནི་གང་དག་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ །སྨྲས་པ་མ་ཡིན་ནོ་ཞེས་བྱ་བ་ནི་འགོག་པར་བྱེད་པ་ཡིན་ནོ། །འདི་ལྟར་ཁམས་གཞན་གྱི་ཆོས་རྣམས་དང༌། ཁམས་སུ་མ་གཏོགས་པ་དག་ཀྱང་ཁམས་གཞན་ན་ཀུན་དུ་སྤྱོད་དེ་འདོད་པའི་ཁམས་ན་ནི་ཁམས་གསུམ་པ་དང་ཟག་པ་མེད་པའི་ཆོས་རྣམས་ཀུན་དུ་སྤྱོད་ལ། གཟུགས་ཀྱི་ཁམས་ན་ཡང་དེ་དང་འདྲ་སྟེ། དེ་ན་འདོད་པ་ན་སྤྱོད་པ་ནི་སྤྲུལ་བའི་སེམས་ཀུན་དུ་སྤྱོད་དོ། །གཟུགས་མེད་པའི་ཁམས་ན་ནི་གཟུགས་མེད་པ་ན་
སྤྱོད་པ་རྣམས་དང་ཟག་པ་མེད་པ་དག་སྟེ། དེ་ལྟ་བས་ན་མ་ཡིན་ནོ་ཞེས་འགོག་པར་བྱེད་པ་ཡིན་ནོ། འོ་ན་ཅི་ཞེ་ན། གང་དག་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་འདོད་ཆགས་རྒྱས་པར་འགྱུར་བའོ་ཞེས་བྱ་བ་ནི་གང་དག་ལ་འདོད་པའི་འདོད་ཆགས་དམིགས་པའམ་མཚུངས་པར་ལྡན་པའི་སྒོ་ནས་ཅི་རིགས་པར་རྒྱས་པར་འགྱུར་བ་དེ་དག་ནི་འདོད་པ་དང་ལྡན་པ་ཡིན་ལ། གང་དག་ལ་གཟུགས་དང་གཟུགས་མེད་པའི་འདོད་ཆགས་དག་རྒྱས་པར་འགྱུར་བ་དེ་དག་ནི་གོ་རིམས་བཞིན་དུ་གཟུགས་དང་གཟུགས་མེད་པ་དང་ལྡན་པ་ཡིན་ནོ། །ད་ནི་འདི་རྟ་དང་བྲེས་ལྟ་བུ་དེ་ཡིན་ཏེ་ཞེས་བྱ་བ་ནི་རྟ་དང་རྟའི་བྲེས་ནི་རྟ་དང་བྲེས་སོ། །རྟ་དང་བྲེས་དང་འདྲ་བ་ནི་རྟ་དང་བྲེས་ལྟ་བུའོ། །ཡང་ན་འདི་རྟ་དང་བྲེས་ཀྱི་ཡིན་པས་ན་རྟ་དང་བྲེས་ཏེ་རྟ་དང་བྲེས་དང་འདྲ་བ་ཡིན་ཏེ། འགའ་ཞིག་གིས་རྟའི་བྲེས་འདི་སུའི་ཡིན་ཞེས་དྲིས་ན་དེ་ལ་ཅིག་ཤོས་ཀྱིས་རྟ་འདི་སུའི་ཡིན་པ་དེའི་འོ་ཞེས་སྨྲས་ལ། ཡང་དེས་རྟ་འདི་སུའི་ཡིན་ཞེས་དྲིས་པ་དང་ཡང་ཅིག་ཤོས་དེས་རྟའི་བྲེས་འདི་སུའི་ཡིན་པ་དེའི་འོ་ཞེས་སྨྲས་ན། རྟ་དང་བྲེས་གཉི་ག་ཡང་མི་ཤེས་ཏེ་ཇི་ལྟར་ཕན་ཚུན་མ་གྲུབ་པས་གཉི་ག་ཡང་ཡོངས་སུ་མི་ཆོད་པ་དེ་བཞིན་དུ་འདིར་ཡང་འདོད་ཆགས་དག་གིས་ཀྱང་ཁམས་རྣམས་སྒྲུབ་པ་མ་ཡིན་ལ་ཁམས་རྣམས་ཀྱིས་ཀྱང་འདོད་ཆགས་དག་མ་ཡིན་པས་འདི་གཉི་ག་ཡང་མི་འགྲུབ་བོ། །འདོད་པའི་ཁམས་སུ་གནས་བསྟན་པ། །ཞེས་བྱ་བ་ནི། དམྱལ་བ་ཡི་དགས་དུད་འགྲོ་དང༌། མི་རྣམས་དང་ནི་ལྷ་དྲུག་དག །འདོད་པའི་ཁམས་ཡིན་དམྱལ་བ་དང༌། གླིང་དབྱེ་བ་ལས་དེ་ཉི་ཤུ། །ཞེས་བྱ་བ་ཡིན་ཏེ། འདོད་པའི་ཁམས་སུ་གནས་བསྟན་པ་དེ་དག་ལ་འདོད་ཆགས་དང་མ་བྲལ་བའི་འདོད་ཆགས་གང་ཡིན་པ་དེ་ནི་འདོད་པའི་འདོད་ཆགས་ཡིན་ནོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་འདོད་ཆགས་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་སུ་གནས་བསྟན་པ་སྟེ། གོང་མའི་གནས་དག་བཅུ་
བདུན་ནི། །གཟུགས་ཀྱི་ཁམས་ཡིན་ཞེས་བྱ་བ་དེ་དག་ལ་འདོད་ཆགས་དང་མ་བྲལ་བའི་འདོད་ཆགས་གང་ཡིན་པ་དེ་ནི་གཟུགས་ཀྱི་འདོད་ཆགས་ཡིན་ལ། དེ་བཞིན་དུ་གཟུགས་མེད་པའི་ཁམས་སུ་སྐྱེ་བ་བསྟན་པ་སྟེ། གཟུགས་མེད་ཁམས་ན་གནས་མེད་དོ། །སྐྱེ་བ་ལས་ནི་རྣམ་པ་བཞི། །ཞེས་བྱ་བ་དེ་དག་ལ་འདོད་ཆགས་དང་མ་བྲལ་བའི་འདོད་ཆགས་གང་ཡིན་པ་དེ་ནི་གཟུགས་མེད་པའི་འདོད་ཆགས་ཡིན་ནོ། །ཅི་རིགས་པར་ཞེས་བྱ་བ་ནི་གནས་བསྟན་པ་ལ་ལྟོས་པ་ཡིན་ནོ། །བསམ་གཏན་དང་གཟུགས་མེད་པ་དག་ལ་འདོད་ཆགས་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་དང་སྐྱེ་བའི་བསམ་གཏན་དག་ལ་འདོད་ཆགས་པ་ནི་གཟུགས་ཀྱི་འདོད་ཆགས་ཡིན་ལ་གཟུགས་མེད་པའི་འདོད་ཆགས་ཀྱང་དེ་དང་འདྲའོ། །སྤྲུལ་བའི་སེམས་ལ་ཇི་ལྟར་འདོད་པའི་འདོད་ཆགས་པ་ཡིན་ཞེས་བྱ་བ་ནི་གང་གིས་ན་དེ་འདོད་པ་ན་སྤྱོད་པ་ཉིད་ཡིན་པར་འགྱུར་བ་བསམ་གཏན་གྱི་འབྲས་བུ་འདོད་པ་ན་སྤྱོད་པའི་སྤྲུལ་བའི་སེམས་ལ་ཇི་ལྟར་འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམས་ཀྱི་འདོད་པའི་འདོད་ཆགས་ཡིན། །གང་གི་ཚེ་འདི་འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་དེའི་ཚེ་ནི་སྤྲུལ་པའི་སེམས་ཀུན་དུ་མི་འབྱུང་ངོ༌། །གང་གི་ཚེ་སྤྲུལ་པའི་སེམས་ཀུན་དུ་འབྱུང་བ་དེའི་ཚེ་ནི་དེ་ལས་འདོད་ཆགས་མི་སྐྱེ་ན། ཇི་ལྟར་འདི་འདོད་པའི་འདོད་ཆགས་མེད་པར་འདོད་པ་ན་སྤྱོད་པ་ཉིད་དུ་རྣམ་པར་གཞག་ཅེས་བྱ་བའི་ཐ་ཚིག་གོ །ཐོས་པ་དང་ཡོངས་སུ་ཉམས་ནས་དེ་ལ་ཆགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་ལས་ཐོས་ནས་སྤྲུལ་བའི་སེམས་ལ་འདོད་ཆགས་སྐྱེ་ལ། བདག་ཉིད་ཀྱི་སྤྲུལ་པའི་སེམས་ལས་ཡོངས་སུ་ཉམས་ནས་ནི་དེ་ལ་ཆགས་པའི་ཕྱིར་ཏེ། བསམ་གཏན་པ་འདི་ལྟ་བུ་ཞིག་གིས་འདོད་པ་ན་སྤྱོད་པའི་སྤྲུལ་པའི་སེམས་ཀྱིས་འདོད་པ་ན་སྤྱོད་པའི་སྤྲུལ་པ་སྤྲུལ་པར་བྱེད་དོ་ཞེས་ཐོས་ནས་ནི་དེ་ལ་དམིགས་པའི་འདོད་ཆགས་སྐྱེ་ལ་བདག་ཉིད་ཀྱི་རྗེས་སུ་དྲན་ནས་ཀྱང་དེ་ལ་འདོད་ཆགས་སྐྱེའོ། །ཡང་ན་སྤྲུལ་པའི་དབང་གིས་ཞེས་བྱ་བ་ནི་སྤྲུལ་པ་ཡིད་འཕྲོག་པ་མཐོང་ནས་
སྤྲུལ་པ་བྱེད་པའི་ཕྱིར་སེམས་སམ་སྤྲུལ་པ་པོའི་སེམས་ལ་གང་གི་སྤྲུལ་པ་འདི་འདྲ་བ་ཡིན་པའི་སྤྲུལ་པའི་སེམས་ནི་བཟང་ངོ་སྙམ་དུ་འདོད་ཆགས་པ་ཡིན་ནོ། །ཡང་ན་སྤྲུལ་པ་སྤྲུལ་པའི་ཕྱིར་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སྤྲུལ་པ་སྤྲུལ་པར་བྱེད་པའི་སེམས་གང་ཡིན་པ་དེ་ནི་འདོད་པ་ན་སྤྱོད་པ་ཡིན་ཏེ། འདོད་པ་ན་སྤྱོད་པའི་ཆོས་ཀྱི་རྒྱུ་ཡིན་པའི་ཕྱིར་བུམ་པའི་རྒྱུའི་སེམས་ལྟ་བུའོ། །གང་འདོད་པ་ན་སྤྱོད་པ་མ་ཡིན་པ་དེ་ནི་འདོད་པ་ན་སྤྱོད་བའི་ཆོས་ཀྱི་རྒྱུ་མ་ཡིན་ཏེ། །དཔེར་ན་གཟུགས་ན་སྤྱོད་པའི་སེམས་ལྟ་བུའོ། །དེ་ལྟ་ཉིད་ཀྱི་ཕྱིར་གཟུགས་ན་སྤྱོད་པས་ནི་དེ་གཉིས་མི་སྤྲུལ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཡང་ཅིའི་ཕྱིར་གཟུགས་ན་སྤྱོད་པའི་སེམས་ཀྱིས་དྲི་དང་རོ་དེ་དག་མི་སྤྲུལ་ཞེ་ན་དྲི་དང་རོ་དེ་དག་ནི་ཁམ་གྱི་ཟས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ལ། གཟུགས་ཀྱི་ཁམས་སུ་སྐྱེས་པ་རྣམས་ཀྱང་དེའི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །གཉའ་ཤིང་ཙམ་ཞེས་བྱ་བ་ནི་ཆར་གྱི་རྒྱུན་གཉའ་ཤིང་གི་ཚད་ཙམ་ནི་གཉའ་ཤིང་ཙམ་མོ། །མཚམས་སམ་པར་མེད་དོ་ཞེས་བྱ་བ་ནི་འདབ་ཆགས་པ་ཉིད་དུ་སྟོན་པར་བྱེད་དོ། །སྟེང་དང་འོག་ཅེས་ནི་མ་གསུངས་སོ་ཞེས་བྱ་བ་ནི་དེའི་ཕྱིར་འཇིག་རྟེན་གྱི་ཁམས་རྣམས་ཐད་ཀ་ཁོ་ནར་གནས་སོ་ཞེས་སྟོན་པར་བྱེད་དོ། །ལྔ་བའི་ཕྱོགས་སོ་ཞེས་བྱ་བ་ནི་ལྷའི་འགྲོ་བ་སྟེ། འདོད་པ་ན་སྤྱོད་པའི་ལྷ་དྲུག་བཤད་པ་ཡིན་ནོ། །ལྷག་མ་རྣམས་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་འགྲོ་བ་འཆོལ་བར་འགྱུར་རོ་ཞེས་བྱ་བ་ནི་འགྲོ་བ་འདྲེས་པའོ། །གལ་ཏེ་དགེ་བ་དང་ཉན་མོངས་པ་ཅན་ཡང་ཡིན་པར་གྱུར་ན། འགྲོ་བ་འཆོལ་བར་འགྱུར་ཏེ། མི་ཡང་དམྱལ་བར་འགྱུར་བའི་ལས་ནས་ལྷར་སྐྱེ་བར་འགྱུར་བའི་བར་གྱི་ལས་བྱེད་པས་དེའི་ཕྱིར་མིའི་འགྲོ་བ་དམྱལ་བའི་འགྲོ་བ་ཡང་ཡིན་པར་འགྱུར་བ་ན་ལྷའི་འགྲོ་བའི་བར་དུ་ཡང་ཡིན་པར་འགྱུར་ཏེ། ལས་དེ་རྣམས་འགྲོ་བ་དེར་གཏོགས་པའི་ཕྱིར་རོ། །འདོད་པའི་ཁམས་སུ་སྐྱེས་པས་གོང་མ་བའི་ཉོན་མོངས་པ་རྣམས་དང་ཡང་ལྡན་ལ་འདོད་པ་ན་
སྤྱོད་པའི་ཉོན་མོངས་པ་ཅན་འགྲོ་བ་ཐམས་ཅད་པ་དང་ཡང་ལྡན་པས་མི་དེ་ཉིད་དམྱལ་བ་ནས་ལྷའི་བར་དུ་ཡང་ཡིན་པར་འགྱུར་རོ། །སེམས་ཅན་ཞེས་བྱ་བ་ཁོ་ན་ཡིན་ཞེས་བྱ་བ་ནི་ལུས་རྣམས་ལས་དང་མཐུན་པར་དེར་འགྲོ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། བསོད་ནམས་སྡིག་འབྲས་ཉེར་འགྲོ་རྣམས། །ལས་བཞིན་དུ་ནི་འགྲོ་བར་འགྱུར། །ཞེས་གསུངས་སོ། །སྲིད་པ་པར་མའི་རང་བཞིན་དག་ནི་མ་ཡིན་ནོ་ཞེས་བྱ་བ་འདི་བསྒྲུབ་པའི་ཕྱིར་ཁུངས་བཏགས་པ་ལས་ཀྱང་གསུངས་སོ་ཞེས་བྱ་བར་རྒྱས་པར་ཁྱེར་ཏེ་འོང་བར་བྱེད་དོ། །རྒྱུ་དང་བཅས་པ་དང་འགྲོ་བ་དང་བཅས་པ་ཞེས་བྱ་བ་ལ་རྒྱུ་ནི་ལས་ཀྱི་སྲིད་པའོ། །འགྲོ་བ་ནི་སྲིད་པ་བར་མ་པ་སྟེ། འདིས་འགྲོ་བར་འགྱུར་བའི་ཕྱིར་རོ། །འགྲོ་བ་ནི་བགྲོད་པར་བྱ་བ་ཡིན་པས་ན་འགྲོ་བའོ། །དེའི་རྒྱུ་ལས་དེ་དག་ལོགས་ཤིག་ཏུ་མཛད་པའི་ཕྱིར་རོ་ཞེས་བྱ་བ་ནི་ལས་ཀྱི་སྲིད་པ་དགེ་བ་དང་མི་དགེ་བ་ནི་འགྲོ་བ་དེ་དག་ལས་ལོགས་ཤིག་ཏུ་མཛད་པའི་ཕྱིར་རོ། །ཁ་ཆེ་བའི་ཡུལ་ན་ཡོད་པ་ཁ་ཆེ་བ་རྣམས་མདོ་འདོན་ཏེ་ཞེས་བྱ་བ་དེ་ནི་མདོ་སིལ་བུ་ཡིན་ཏེ། དེ་དག་ཁོ་ན་འདོན་གྱི་གཞན་རྣམས་ནི་མ་ཡིན་ནོ་ཞེས་བྱ་བར་བསམས་པ་ཡིན་ནོ། །དམྱལ་བ་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དམྱལ་བ་པ་དང་མཐུན་པ་དག་ནི་དམྱལ་བ་པའོ། །དེ་དག་གི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལུས་དང་ངག་དང་ཡིད་ཀྱི་དཀྱིལ་འཁོར་ནི་རྒྱུས་ཀུན་ནས་བསླང་བའི་ལས་དག་ཡིན་ནོ། །སྐྱོན་དང་སྙིགས་མ་ནི་ཞེ་སྡང་དང་འདོད་ཆགས་ཀྱིས་ཀུན་ནས་བསླང་བ་དག་ཡིན་ནོ། །དེའི་ཕྱིར་ཡང་འགྲོ་བ་དག་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་རྣམ་པར་སྨིན་པ་གྲུབ་ནས་དམྱལ་བ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་ཡིན་ནོ། །འགྲོ་བ་དག་ལ་ཕྲ་རྒྱས་ཐམས་ཅད་རྒྱས་པར་འགྱུར་རོ་ཞེས་འབྱུང་བའི་གཞུང་ལན་གདབ་པར་བྱ་དགོས་ཏེ། འགལ་བར་ཐལ་བར་འགྱུར་བའི་ཕྱིར་ལན་བརྗོད་པར་བྱ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་འགྲོ་བ་ཆོས་རྣམ་པ་ལྔའི་ངོ་བོ་ཉི་ཡིན་པར་གྱུར་ན་དེ་ལྟ་ན་ཕྲ་རྒྱས་ཐམས་
ཅད་རྒྱས་པར་འགྱུར་རོ། །ཅི་སྟེ་འགྲོ་བ་དག་མ་བསྒྲིབས་པ་ཁོ་ན་ཡིན་པར་གྱུར་ན་དེ་ལྟ་ན་ནི་བསྒོམ་པས་སྤང་བར་བྱ་བ་རྣམས་དང༌། ཀུན་དུ་འགྲོ་བ་རྣམས་ཞེས་བརྗོད་པར་བྱ་དགོས་ཏེ་བསྒོམ་པས་སྤང་བར་བྱ་བ་ནི་འདུས་བྱས་ཀྱི་ཆོས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ཁོ་ན་ཡིན་ལ་དེ་དག་ལ་ཡང་ཕྲ་རྒྱས་བསྒོམ་པས་སྤང་བར་བྱ་བ་རྣམས་དང༌། ཀུན་དུ་འགྲོ་བ་རྣམས་དམིགས་པའམ་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་གྱི་གཞན་དག་ནི་མ་ཡིན་ནོ། །དེས་ན་འགྲོ་བ་དག་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །འགྲོ་བ་རྣམས་སུ་ཉིང་མཚམས་སྦྱོར་བའི་སེམས་རྣམ་པ་ལྔ་ཡོད་དེ་ཞེས་བྱ་བ་ནི་འགྲོ་བ་རྣམས་སུ་ཉིང་མཚམས་སྦྱོར་བའི་སེམས་ནི་འཇུག་པ་དག་ཡིན་ཏེ། དེ་དག་སྡུག་བསྔལ་མཐོང་བར་སྤང་བར་བྱས་ནས། །བསྒོམ་པས་སྤང་བར་བྱ་བའི་བར་རྣམ་པ་ལྔ་ཡིན་པའི་ཕྱིར་དེ་ལ་ཕྲ་རྒྱས་ཐམས་ཅད་རྒྱས་པར་འགྱུར་རོ་ཞེས་བྱ་བ་རིགས་པ་ཡིན་ནོ། །གྲོང་གི་ཉེན་གོར་ཡང་སྨོས་པ་བཞིན་ནོ་ཞེས་བྱ་བ་ནི་གྲོང་གི་གཡས་གཡོན་ཡང་སྨོས་པ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སྙིགས་མ་ལྔ་པོ་དག་ཏུ་ཞེས་བྱ་བ་སྙིགས་མ་ལྔ་ནི་ཚེའི་སྙིགས་མ་དང༌། དུས་ཀྱི་སྙིགས་མ་དང༌། ཉོན་མོངས་པའི་སྙིགས་མ་དང༌། ལྟ་བའི་སྙིགས་མ་དང༌། སེམས་ཅན་གྱི་སྙིགས་མའོ། །དེ་དག་ཏུ་ཉོན་མོངས་པ་དང་ལྟ་བའི་སྙིགས་མ་དག་ཐ་དད་དུ་གསུངས་ཞེས་བྱ་བ་ནི་ཉོན་མོངས་པའི་སྙིགས་མ་དང་ལྟ་བའི་སྙིགས་མ་སོ་སོར་གསུངས་ཞེས་བྱ་བའི་ཐ་ཚིག་སྟེ། འདི་གཉིས་སོ་སོར་གསུངས་པ་ནི་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བའི་ཕྱོགས་ཀྱི་དབང་དུ་མཛད་པའི་ཕྱིར་རོ། །འགྲོ་བའི་རྒྱུ་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འགྲོ་བ་རྣམས་ཀྱི་རྒྱུ་ནི་ལས་ཀྱི་སྲིད་པ་ཡིན་ནོ་ཞེས་བྱ་བར་རོ། །འདི་ནི་སྲིད་པར་མ་ལ་ཡང་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟ་ན་དེ་སྲིད་པ་བར་མ་ཡང་ཡིན་འགྲོ་བ་ཡང་ཡིན་ལ། གྲོ་བར་འགྲོ་བ་ཞེས་པར་བྱ་བའི་ཕྱིར་འདི་ཐ་དད་དུ་བསྟན་པ་ཡང་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེར་འགྲོ་བས་ན་ཞེས་བྱ་བ་ནི་ལས་སུ་བསྒྲུབ་
པ་ཡིན་པར་ཡོངས་སུ་གཟུང་ངོ༌། །སྲིད་པ་བར་མ་ནི་དེ་ལྟ་བུ་ཡིན་པར་ཡང་མི་རུང་བས་འགྲོ་བ་མ་ཡིན་ནོ། །གཟུགས་མེད་པ་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཟུགས་མེད་པ་དག་ཀྱང་འགྲོ་བ་མ་ཡིན་པར་འགྱུར་ཏེ། འཆི་འཕོ་བའི་ཡུལ་ཉིད་དུ་སྐྱེ་བའི་ཕྱིར་རོ། །གཟུགས་མེད་པར་ཉེ་བར་འགྲོ་བ་དག་ནི་གཙུག་ལག་ཁང་ངམ་ཤིང་དྲུང་ངམ་བསམ་གཏན་བཞི་བའི་སའི་བར་གང་དུ་འཆི་འཕོ་བ་དེ་ཉིད་དུ་སྐྱེ་བས་སྲིད་པ་བར་མ་བཞིན་དུ་འགྲོ་བ་མ་ཡིན་པར་འགྱུར་རོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡོངས་སུ་བོར་ནས་ཕྱོགས་གཞན་ལ་རྟེན་པར་བྱེད་པ་ཡིན་ཏེ། འགྲོ་བ་དག་གི་བར་ན་ཡོད་པས་འགྲོ་བའི་བར་མ་དོ་ཞེས་མིང་དོན་དང་མཐུན་པར་བཏགས་པའི་ཕྱིར་སྲིད་པ་བར་མ་ནི་འགྲོ་བ་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས་འོ་ན་གནས་བརྟན་ཤཱ་རིའི་བུས་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། །དེའི་བསམ་པ་ནི་རྣམ་པར་སྨིན་པ་གྲུབ་ནས་ཞེས་རྣམ་པར་སྨིན་པའི་སྒྲ་སྨོས་པའི་ཕྱིར་འགྲོ་བ་ནི་རྣམ་པར་སྨིན་པའི་ངོ་བོ་ཉིད་ཡིན་ནོ་སྙམ་པ་ཡིན་ནོ། །ཅིག་ཤོས་ཀྱིས་སྨྲས་པ། རྣམ་པར་སྨིན་པ་གྲུབ་ནས་དམྱལ་བ་ཡིན་ནོ་ཞེས་འགྲོ་བ་རྣམ་པར་གཞག་གི་རྣམ་པར་སྨིན་པ་ཁོ་ནའོ་ཞེས་མ་བཤད་དོ་ཞེས་བྱ་བ་ནི་འགྲོ་བ་རྣམ་པར་སྨིན་པའི་ངོ་བོ་ཉིད་ཁོ་ནའོ་ཞེས་མ་བཤད་དོ། །འོ་ན་ཅི་ཞེ་ན། འགྲོ་བ་ནི་རྣམ་པར་སྨིན་པ་དང༌། རྣམ་པར་སྨིན་པ་མ་ཡིན་པའི་ངོ་བོ་ཉིད་ཡིན་ཏེ། དེ་ལྟ་བས་ན་འགྲོ་བ་དག་ནི་དགེ་བ་དང༌། ཉོན་མོངས་པ་ཅན་ཡང་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་འོ་ན་ཚེ་དང་ལྡན་པ་དེ་ལ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཆོས་དེ་དག་ལས་མ་གཏོགས་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་དག་ལས་མ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ །ཕུང་པོ་གཞན་འགོག་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྐབས་དང་སྦྱར་རོ། །དེ་དག་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལུང་དུ་མ་བསྟན་པ་ཉིད་ཀྱི་ཕྱོགས་ལ་ཡང་རྣམ་པ་གཉིས་སོ། །རྒྱས་པ་ལས་བྱུང་བའི་རང་བཞིན་དག་ཀྱང་ཡིན་ནོ་ཞེས་བྱ་བ་ལ་ཡག་ཞེས་བྱ་བའི་སྒྲས་ནི་རྣམ་པར་སྨིན་པའི་རང་བཞིན་ཡང་ཡིན་པ་སྟེ། ཇི་སྐད་དུ། །སྲོག་ནི་རྣམ་
སྨིན་བཅུ་གཉིས་གཉིས། །ཞེས་བཤད་པ་ལྟ་བུའོ། །རྒྱུ་མཐུན་པ་དག་ཡིན་པར་ནི་མི་གཟུང་ངོ༌། །སློབ་དཔོན་འདུས་བཟངས་ནི་རྣམ་པར་སྨིན་པའི་རང་བཞིན་དག་ཁོ་ན་ཡིན་ནོ་ཞེས་བྱ་བ་ཕྱོགས་སྔ་མ་ཉིད་འདོད་དོ། །འདོད་པ་ན་སྤྱོད་པ་དྲུག་དང༌། བསམ་གཏན་དང་པོ་པ་རྣམས་སོ། །དེ་དག་ཀྱང་གང་ཞེ་ན། ཉི་འོག་པའི་ལུགས་ཀྱིས་ནི་ཚངས་རིས་རྣམས་དང༌། ཚངས་པའི་མདུན་ན་འདོན་པ་རྣམས་དང༌། ཚངས་ཆེན་དང་པོར་བྱུང་བ་མ་གཏོགས་པ་རྣམས་ཡིན་ནོ། །ཡང་ཁ་ཆེའི་ལུགས་ཀྱིས་ནི་ཚངས་རིས་རྣམས་དང༌། ཚངས་པའི་མདུན་ན་འདོན་དང་པོར་བྱུང་བ་མ་གཏོགས་པ་རྣམས་ཡིན་ཏེ། དེ་དག་གི་ལུགས་ལྟར་ན་ཚངས་པ་ཆེན་པོ་རྣམས་ཚངས་བའི་མདུན་ན་འདོན་པ་དག་ཁོ་ནའི་ནང་ན་གནས་ཀྱི་གནས་གཞན་ནི་མེད་དོ། །ཁ་དོག་དང་རྟགས་དང་དབྱིབས་དུ་མའི་ཕྱིར་རོ་ཞེས་བྱ་བ་ལ་ཁ་དོག་ནི་སྔོན་པོ་ཉིད་ལ་སོགས་པའོ། །རྟགས་ནི་གོས་དང༌། རྒྱན་ལ་སོགས་པའོ། །དབྱིབས་ནི་སྲིད་ལ་སོགས་པའོ། །ཆུ་ནི་འཕང་ངོ༌། །ཞེང་ནི་ཞེང་གི་ཚད་དོ། །དབྱིབས་ཀྱི་མཚན་ཉིད་ཀྱི་ལུས་ནི་དབྱིབས་ཀྱི་ལུས་སོ། །དེ་ལྟར་ཁྱད་པར་དུ་བྱས་ན་ཚོར་བ་ལ་སོགས་པའི་ལུས་བརྩལ་བ་ཡིན་ཏེ། དེ་ནི་དབྱིབས་ཀྱི་མཚན་ཉིད་མ་ཡིན་ནོ། །ལུས་ནི་ཁོག་པ་ཡིན་ནོ། །ཚིག་ཏུ་བརྗོད་པ་ནི་ཚིག་ཏུ་འདོན་པའོ། །ད་ནི་བསམ་གཏན་གཉིས་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཉིས་ནི་དེ་དག་གི་བསམ་གཏན་དང་པོར་སླར་ལྡོག་པས་བཏང་ན་ཇི་ལྟར་དེའི་ས་པ་སྟེ། བསམ་གཏན་གཉིས་པའི་ས་བའི་སྔོན་གྱི་གནས་རྗེས་སུ་དྲན། །རེ་ཞིག་བསམ་གཏན་དང་པོའི་ས་བའི་སེམས་ཀྱིས་ནི་མ་ཡིན་ཏེ། དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །བསམ་གཏན་གཉིས་པའི་ས་པས་ཀྱང་མ་ཡིན་ཏེ། དེ་ནི་མ་ཐོབ་པའི་ཕྱིར་རོ། །གལ་ཏེ་ཕྱིས་ཐོབ་པོ་ཞེ་ན། དེའི་ཕྱིར། འོན་ཏེ་ཐོབ་ན་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་ཚངས་པ་ཆེན་པོ་ལ་དམིགས་པ་ནི་བསམ་གཏན་དང་པོའི་ས་པ་ཁོ་ན་ཡིན་པར་རུང་བ་དེ་ཡང་བསམ་གཏན་གཉིས་པ་ཐོབ་སྟེ་སྤངས་པས་ཀུན་དུ་འབྱུང་ངོ༌། །གལ་ཏེ་བསམ་
གཏན་གཉིས་པའི་ས་པས་ཡིན་ནོ་ཞེ་ན། འོག་མ་ལ་དམིགས་པ་ཉིད་དུ་མི་རུང་བའི་ཕྱིར་མ་ཡིན་ཏེ། ཉོན་མོངས་པ་ནི་འགའ་ཡང་ས་འོག་མ་པ་ལ་དམིགས་པར་མི་འདོད་དོ། །སྲིད་པ་བར་མ་ལ་གནས་པ་དག་གིས་མཐོང་ངོ་ཞེས་བྱ་བ་ནི་སྲིད་པ་བར་མ་ལ་གནས་པ་དེ་དག་གིས་ཚངས་པ་ཆེན་པོ་དེ་མཐོང་ནས་འདི་སྐད་དུ་བདག་ཅག་གིས་སེམས་ཅན་འདི་ཚེ་རིང་བ་དང་དུས་རིང་པོར་གནས་པ་མཐོང་ལ་ཞེས་སྨྲའོ། །ཕྱོགས་འདི་ཡང་རུང་བ་མ་ཡིན་ཏེ། འདི་ལྟར་སྲིད་པ་བར་མ་དེ་ན་ཡང་ཁུ་ཆུ་དང་ཁྲག་ལ་མི་ལྟོས་པས་སྐྱེ་བ་ལ་བགེགས་བྱེད་པ་མེད་པའི་ཕྱིར་དུས་རིང་པོར་གནས་པ་སྲིད་པ་མེད་ན་ཇི་ལྟར་དེ་དག་གི་བློ་ལ་བདག་ཅག་གིས་སེམས་ཅན་འདི་ཚེ་རིང་ཞིང་དུས་རིང་པོར་གནས་པར་མཐོང་ངོ་སྙམ་དུ་ཤེས་པར་འགྱུར་ཏེ། དུས་རིང་པོར་གནས་པ་ཤེས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན། དེ་ན་གནས་པ་ཁོ་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསམ་གཏན་དང་པོའི་ས་པ་ལ་གནས་པ་དེ་དག་ཁོ་ན་ཚངས་བ་ཆེན་པོ་དེའི་སྔོན་གྱི་ཚུལ་རྗེས་སུ་དྲན་ཞིང་སྟེ། སྐྱེ་བའི་གནས་སྐབས་ཁོ་ན་ན་དེ་དག་གིས་ཚངས་པ་ཆེན་པོ་སྔར་བྱུང་བ་དེ་དུས་རིང་པོར་གནས་པ་མཐོང་ངོ༌། །མཐོང་ནས་ཀྱང་ཕྱིས་དུས་ཕྱིས་དེ་དག་མཐོང་ངོ་སྙམ་དུ་ཤེས་པ་ཡིན་ཏེ་བློ་ལ་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །དེ་ལྟ་ཡིན་ན་སེམས་ཅན་འདི་ཡང་སེམས་ལ་འདི་སྙམ་དུ་ཀྱེ་མ་སེམས་ཅན་གཞན་དག་ཀྱང་འདིར་བདག་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་སྙམ་དུ་སྨོན་ལ་བདག་ཅག་ཀྱང་འདིར་སྐྱེས་པས་ཞེས་བྱ་བའི་འདི་ལ་ན་མ་བཏབ་པར་འགྱུར་རོ་ཞེ་ན། ས་མཚུངས་པའི་ཕྱིར་སྐྱེས་ནས་ཐོབ་པས་ཚངས་པ་ཆེན་པོ་དེའི་སེམས་ལ་སྨོན་པ་དེ་ཤེས་ཏེ་དྲན་པར་གྱུར་པས་དེ་ནི་ཉེས་པ་མེད་དོ། །ཡང་ན་དེ་ལས་ཐོབ་པའི་ཕྱིར་རོ། །འདི་དགེ་རྒྱས་པ་དག་ལ་ཡང་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན་ཞེས་བྱ་བ་ནི་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་ཞེས་བྱ་བའོ། །ཇི་ལྟ་ཞེ་ན། འདི་སྐད་དུ་དེ་དག་གི་དངོས་གཞིའི་ས་ལ་བདེ་བའི་དབང་པོས་ཡོངས་སུ་སྐྱོ་ནས་ཉེར་བསྡོགས་ལས་བཏང་སྙོམས་ཀྱི་དབང་པོ་མངོན་དུ་བྱེད་ལ་ཞེས་བཤད་པ་རྒྱས་པར་
བརྗོད་པར་བྱ་དགོས་པར་འགྱུར་བ་ཞིག་ན། དེ་དག་ནི་འོག་ནས་ལུས་གཅིག་ཅིང་འདུ་ཤེས་གཅིག་པའོ་ཞེས་འཆད་པར་འགྱུར་རོ། །བདེ་བ་དེས་ཞེས་བྱ་བ་ནི་བསམ་གཏན་གསུམ་པའི་ས་པས་སོ། །སེམས་གཡོ་བར་བྱེད་པ་ཡིན་པས་ཞེས་བྱ་བ་ནི་སེམས་རྒོད་པར་བྱེད་པ་ཡིན་པས་སོ། །འོང་བ་དང་མེད་པར་འདུ་ཤེས་པའི་ཕྱིར་ཞེས་བྱ་བ་ནི་སྐྱེས་ནས་རིང་པོ་མ་ལོན་པ་རྣམས་ནི་འོང་བར་འདུ་ཤེས་པའི་ཕྱིར་ལ་སྐྱེས་ནས་རིང་དུ་ལོན་པ་རྣམས་ནི་མེད་པར་འདུ་ཤེས་པའི་ཕྱིར་རོ། །སྐྲག་པ་དང་མི་སྐྲག་པར་འདུ་ཤེས་པའི་ཕྱིར་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་སྐྱེས་ནས་རིང་པོ་མ་ལོན་པ་དང་རིང་དུ་ལོན་པ་སྟེ་དེས་ན་འདུ་ཤེས་ཐ་དད་པ་དག་ཡིན་གྱི། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ཇི་སྐད་བཤད་པ་ལྟ་བུ་བདེ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པར་འདུ་ཤེས་པའི་ཕྱིར་ནི་མ་ཡིན་ནོ། །བསམ་གཏན་དང་པོ་ན་ནི་ཉོན་མོངས་པ་ཅན་གྱི་འདུ་ཤེས་སུ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་མཚུངས་པར་ལྡན་པ་སྟེ། རྒྱུ་མ་ཡིན་པ་ལ་རྒྱུར་མངོན་པར་ཞེན་པའི་ཕྱིར་རོ། །གཉིས་པ་ན་ནི་དགེ་བའི་འདུ་ཤེས་སུ་ཞེས་བྱ་བ་ནི་ཉེ་བར་བསྔོགས་དང་དངོས་གཞིས་བསྡུས་པའི་ཕྱིར་རོ། །གསུམ་པ་ན་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་འདུ་ཤེས་སུ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་བདེ་བ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གཟུགས་མེད་པ་གསུམ་ན་ནི་མདོ་ལས་ཇི་སྐད་འབྱུང་བ་སྟེ་ཞེས་བྱ་བ་ནི་སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་དག་ལས་ཡང་དག་པར་འདས་ཏེ་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་ཡང་ཡོད་དེ་འདི་ལྟ་སྟེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་དག་གོ །འདི་ནི་རྣམ་པར་ཤེས་པ་གནས་པ་ལྔ་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་
མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་ཡང་ཡོད་དེ། འདི་ལྟ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་དག་གོ །འདི་ནི་རྣམ་པར་ཤེས་པ་གནས་པ་དྲུག་པ་ཡིན་ནོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་དག་གོ །འདི་ནི་རྣམ་པར་ཤེས་པ་གནས་པ་བདུན་པ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །ཅི་རིགས་པར་དེ་དག་དང་ལྡན་པའི་ཕུང་པོ་ལྔ་དང་བཞི་ཡིན་ནོ་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་དང་ལྡན་པ་ནི་ཕུང་པོ་བཞི་ཡིན་ནོ། །གཞན་དག་དང་ལྡན་པ་ནི་ཕུང་པོ་ལྔ་ཡིན་ནོ། །ལྷག་མ་དེ་འཇོམས་བྱེད་ལྡན་ཞེས་བྱ་བ་ནི་འདིས་ཡོངས་སུ་འཇོམས་པར་བྱེད་པས་ན་འཇོམས་བྱེད་དོ། །རྣམ་པར་ཤེས་པ་དེ་ཡོངས་སུ་འཇོམས་པ་ནི་དེའི་འཇོམས་བྱེད་དོ། །དེ་འདི་ལ་ཡོད་པས་ན་དེའི་འཇོམས་བྱེད་ལྡན་ནོ།། །།བམ་པོ་ཉི་ཤུ་གསུམ་པ། ལྷག་མ་ནི་ངན་འགྲོ་ལ་སོགས་པའོ། །ངན་སོང་དག་ན་ནི་གཉི་ག་མེད་དོ་ཞེས་བྱ་བ་ནི་འདི་ན་གནས་པ་རྣམས་ཀྱང་འགྲོ་བར་འདོད་པ་ཉིད་མེད་ལ། དེ་ན་གནས་པ་རྣམས་ཀྱང་སྐྱོད་པར་མི་འདོད་པ་ཉིད་མེད་པའོ། །རྒྱུ་བ་མི་གསལ་བའི་ཕྱིར་ཞེས་བྱ་བ་ནི་འདི་ན་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རྒྱུ་བ་ཉམ་ཆུང་བའི་ཕྱིར་རྣམ་པར་ཤེས་པ་སྟོབས་དང་ལྡན་པ་གནས་སོ་ཞེས་བྱ་བར་བརྗོད་པར་རིགས་པ་མ་ཡིན་ནོ། །སྲིད་རྩེ་དང༌། འདུ་ཤེས་མེད་པའི་སེམས་ཅན་རྣམས། །སེམས་ཅན་གྱི་ནི་གནས་དགུར་བཤད། །ཅེས་བྱ་བ་ནི་མདོ་ལས་སེམས་ཅན་གྱི་གནས་དགུ་བཤད་པ་སྟེ། དགུ་གང་ཞེ་ན། སེམས་ཅན་གཟུགས་ཅན་ལ་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་མི་རྣམས་དང་ལྷ་ཁ་ཅིག་ལྟ་བུའོ། །འདི་ནི་སེམས་ཅན་གྱི་གནས་དང་པོ་ཡིན་ནོ། །གཉིས་པ་དང་གསུམ་པ་དང་བཞི་པ་དག་ཀྱང་རྣམ་པར་ཤེས་པ་གནས་པ་དག་ཏུ་ཇི་སྐད་བཤད་པ་དེ་བཞིན་དུ་བརྗོད་པར་བྱའོ། །ཁྱད་
པར་ནི་འདི་ཡོད་དེ་སེམས་ཅན་གཟུགས་ཅན་དག་ལ་འདུ་ཤེས་མེད་ཅིང་སོ་སོར་འདུ་ཤེས་མེད་པ་ནི་འདི་ལྟ་སྟེ། སེམས་ཅན་འདུ་ཤེས་མེད་པའི་ལྷ་རྣམས་ཏེ། འདི་སེམས་ཅན་གྱི་གནས་པ་ལྔ་པ་ཡིན་ནོ། །སེམས་ཅན་གྱི་གནས་གཟུགས་མེད་པ་རྣམས་ལས་ཀྱང་རྣམ་པར་ཤེས་པ་གནས་པ་གསུམ་བརྗོད་པར་བྱའོ། །གཟུགས་མེད་པ་བཞི་པ་ནི་སེམས་ཅན་གཟུགས་ཅན་མ་ཡིན་པ་དག་ལ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་ཡོད་དོ། །འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ལྟ་བུའོ། །འདི་ནི་སེམས་ཅན་གྱི་གནས་དགུ་པ་ཡིན་ནོ། །བསམ་གཏན་བཞི་པར་ཉེ་བར་འགྲོ་བ་འདུ་ཤེས་མེད་པའི་སེམས་ཅན་དག་ལས་གཞན་པ་གང་དག་ཡིན་པ་དེ་དག་ཅི་སེམས་ཅན་གྱི་གནས་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན། སློབ་དཔོན་འདུས་བཟངས་ན་རེ་མ་ཡིན་ནོ་ཞེས་ཟེར་རོ། །ཅིའི་ཕྱིར་སློབ་དཔོན་གྱིས་འདི་སྐད་དུ་གཞན་གང་དག་ཅེ་ན། ངན་སོང་རྣམས་ཏེ་ཞེས་བཤད་ཅེ་ན་འདི་ནི་སྒོ་ཙམ་ཞིག་བཤད་པར་ཟད་དེ། བསམ་གཏན་བཞི་པར་ཉེ་བར་འགྲོ་བ་འདུ་ཤེས་མེད་པའི་སེམས་ཅན་གྱིས་མ་བསྡུས་པ་རྣམས་ཀྱང་བརྗོད་པར་བྱ་བ་ཡིན་ནོ། །འདིར་ཡང་གཏན་ཚིགས་ནི་རྣམ་པར་ཤེས་པ་གནས་པ་དག་ལ་བཤད་པ་གང་ཡིན་པ་དེ་བརྗོད་པར་བྱ་སྟེ། འདི་ན་གནས་པ་རྣམས་ནི་ངན་སོང་དུ་འགྲོ་བ་དོན་དུ་གཉེར་བ་མེད་ལ། དེ་ན་གནས་པ་རྣམས་ཀྱང་གནས་པར་འགྲོ་བ་མེད་པ་ཉིད་པས་དེ་དག་ནི་སེམས་ཅན་གྱི་གནས་མ་ཡིན་ནོ། །འབྲས་བུ་ཆེ་བ་འདུ་ཤེས་མེད་པའི་སེམས་ཅན་གྱིས་མ་བསྡུས་པ་དག་ཏུ་ཡང་འདི་ན་གནས་པ་རྣམས་འགྲོ་བ་དོན་དུ་གཉེར་བ་ཡོད་མོད་ཀྱི། དེ་ན་གནས་པ་སོ་སོའི་སྐྱེ་བོ་རྣམས་ནི་འདུ་ཤེས་མེད་པ་ལ་འཇུག་པར་འདོད་དོ། །འཕགས་པ་ནི་སྤྲིན་མེད་དང༌། བསོད་ནམས་སྐྱེས་དག་ན་གནས་པ་རྣམས་ཀྱང་གནས་གཙང་མ་དང་གཟུགས་མེད་པར་འཇུག་འདོད་དོ། །གནས་གཙང་མ་རྣམས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་
ཉིད་པས་དེ་དག་ནི་དེ་ན་གནས་པའི་བློ་མེད་དེ། དེ་དེའི་ཕྱིར་དེ་དག་ནི་སེམས་ཅན་གྱི་གནས་མ་ཡིན་ནོ་ཞེས་ཟེར་རོ། །ཡང་གཞན་དག་ན་རེ་གཞན་གང་ཞེ་ན་ངན་སོང་རྣམས་ཏེ་ཞེས་ངན་སོང་རྣམས་ཁོ་ན་སེམས་པའི་ཕྱིར་སློབ་དཔོན་ནི་སྤྲིན་མེད་ལ་སོགས་པ་སེམས་ཅན་གྱི་གནས་ཡིན་པར་བཞེད་དོ་ཞེས་ཟེར་རོ། །དེ་དག་གིས་ནི་རིགས་པ་བཙལ་དགོས་སོ། །བཙོན་ར་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་མི་འདོད་བཞིན་དུ་གནས་པའི་ཕྱིར་བཙོན་ར་དག་སེམས་ཅན་གྱི་གནས་མ་ཡིན་པ་ལྟར་ངན་སོང་རྣམས་ཀྱང་དེ་དང་འདྲའོ། །རྣམ་པར་ཤེས་པ་གནས་པ་ཞེས་བྱ་བ་ནི་འདི་ལ་རྣམ་པར་ཤེས་པ་གནས་པས་རྣམ་པར་ཤེས་པ་གནས་པའོ། །ཉེ་བར་འགྲོ་བས་ན་ཉེ་བར་འགྲོ་བ་སྟེ། རྣམ་པར་ཤེས་པ་འདི་དང་ཉེ་བར་སྤྱོད་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་གཟུགས་ཀྱང་ཡིན་ལ་དེ་ནི་ཉེ་བར་འགྲོ་བ་ཡང་ཡིན་པས་གཟུགས་སུ་ཉེ་བར་འགྲོ་བ་སྟེ་དེ་བཞིན་དུ་དེ་དག་ནི་འདུ་བྱེད་ཀྱི་བར་དུ་ཡང་སྲིད་པས་འདུ་བྱེད་དུ་ཉེ་བར་འགྲོ་བ་ཞེས་བྱའོ། །སྐལ་ལྡན་ཁྱད་པར་ཅན་ན་རེ་རྣམ་པར་ཤེས་པ་གནས་པ་གཟུགས་སུ་ཉེ་བར་འགྲོ་བ་ནས། འདུ་བྱེད་དུ་ཉེ་བར་འགྲོ་བ་ཞེས་བྱ་བའི་བར་ནི་མདོ་སྡེ་པ་རྣམས་ཀྱི་ལུགས་སུ་བཤད་པ་ཡིན་ཏེ། དེ་ལ་རྣམ་པར་ཤེས་པ་གནས་པ་ནི་རྣམ་པར་ཤེས་པའི་རྒྱུན་མ་ཆད་པ་ཡིན་ནོ། །རྣམ་པར་ཤེས་པ་གནས་པ་འདི་ལ་གཟུགས་སུ་ཉེ་བར་འགྲོ་བ་ཡོད་པས་འདི་ནི་གཟུགས་སུ་ཉེ་བར་འགྲོ་བ་ཅན་ཡིན་ནོ། །ཉེ་བར་འགྲོ་བ་ཞེས་བྱ་བ་ནི་དེ་བདག་ཉིད་ཀྱི་ཡིན་པར་ཁས་ལེན་པའོ། །དེ་བཞིན་དུ་རྣམ་པར་ཤེས་པ་གནས་པ་འདི་ལ་འདུ་བྱེད་དུ་ཉེ་བར་འགྲོ་བ་ཡོད་པས་འདི་ནི་འདུ་བྱེད་དུ་ཉེ་བར་འགྲོ་བ་ཅན་ཡིན་ནོ། །ཡང་ན་གནས་པ་ནི་སྲིད་པ་ཡིན་ཏེ། འདིས་ཡང་སྲིད་པའི་རྒྱུན་མི་འཆད་པའི་སྒོ་ནས་རྣམ་པར་ཤེས་པ་གནས་པར་བྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པའི་གནས་པ་ནི་རྣམ་པར་ཤེས་པ་གནས་པ་སྟེ། དེ་དེ་ལ་མངོན་པར་ཞེན་པའི་སྒོ་ནས་གཟུགས་སུ་ཉེ་བར་འགྲོ་བས་ན་གཟུགས་སུ་ཉེ་བར་འགྲོ་བ་སྟེ། འདུ་བྱེད་དུ་ཉེ་བར་འགྲོ་བའི་བར་དུ་ཡང་དེ་དང་འདྲའོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལུགས་ལྟར་བྱེད་པ་པོའི་དོན་དུ་སྦྱར་བར་ནི་མི་
ནུས་པས་དེ་ནི་སུན་འབྱིན་པར་བྱེད་དོ། །འདིར་བཤད་པ་རྣམ་པ་འདི་གཉི་ག་ཡང་རྣམ་པར་ཤེས་པ་གནས་པ་གཟུགས་ལ་སོགས་པ་ལས་གཞན་པར་བཤད་དེ་དེ་ནི། ཟག་པ་དང་བཅས་པའི་ཕུང་པོ་བཞི་ཞེས་བྱ་བ་དང༌། བསྡུ་ན་མུ་བཞི་ཡིན་ནོ་ཞེས་བྱ་བ་འདི་ཐམས་ཅད་བཙལ་བར་འགྱུར་བས་ཉེས་པ་གཞན་ཡོད་དེ་དེ་ལྟ་བས་ན་བཤད་པ་སྔ་མ་ཉིད་བཟང་ངོ་ཞེས་སྨྲའོ། །བྱེ་བྲག་ཏུ་སྨྲ་བའི་བཤད་པ་འདི་ནི་བརྗོད་པར་བྱ་སྟེ། དེ་དག་གིས་ནི་འདི་སྐད་དུ་གཟུགས་ལ་ཉེ་བར་འགྲོ་བས་རྣམ་པར་ཤེས་པ་གནས་པ་གཟུགས་སུ་ཉེ་བར་འགྲོ་བ་ཞེས་བྱ་བ་ལ་སོགས་པར་ནི་མ་བཤད་དོ། །གཞན་དག་ན་རེ་རྣམ་པར་ཤེས་པ་གནས་པ་གཟུགས་སུ་ཉེ་བར་འགྲོ་བ་ཞེས་བྱ་བ་ནི་གཟུགས་ཀྱི་ངོ་བོ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་ཏེ། །ཇི་ལྟར་གཞན་ལས་སྲ་བ་མཁྲང་བར་གྱུར་པ་ཞེས་འབྱུང་བ་ལ་གྱུར་པའི་དོན་ནི་ངོ་བོ་ཉིད་ཀྱི་དོན་ཏོ་ཞེས་བྱ་བ་ལྟ་བུའོ་སྙམ་དུ་བསམས་པ་ཡིན་ནོ། །གནས་པ་པོ་ཡོངས་སུ་སྤངས་ནས་ཞེས་བྱ་བ་ནི་གནས་པ་པོ་མ་གཏོགས་པར་ཏེ། འཇིག་རྟེན་ན་གནས་པ་པོ་ལྷས་བྱིན་ལ་སོགས་པ་ཡང་གཞན་ལ་གནས་པ་ཁྱིམ་ལ་སོགས་པའི་གནས་ཀྱང་གཞན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གྲུ་དང་མཉེན་པའི་ཚུལ་དུ་ཞེས་བྱ་བ་ནི་ཇི་ལྟར་མཉེན་པས་གྲུ་འདྲེན་པར་བྱེད་པ་དེ་དང་འདྲ་བར་རོ། །རྣམ་པར་ཤེས་པ་འགྲོ་བར་བྱེད་པ་ནི་འཇུག་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་ཤེས་པ་ཉིད་རྣམ་པར་ཤེས་པ་ལ་གནས་ནས་འགྲོ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུད་གཅིག་ལ་རྣམ་པར་ཤེས་པ་གཉིས་ཕྲད་པ་མེད་པའོ། །རྒྱུད་གཞན་གྱི་རྣམ་པར་ཤེས་པ་ཅིག་ཅར་འབྱུང་མོད་ཀྱི། དེ་ནི་ཅིག་ཤོས་དང་ཉེ་བར་འདུག་པ་མ་ཡིན་པས་དེ་དེའི་གནས་པ་མ་ཡིན་ནོ། །དགའ་བ་ནི་ཡིད་བདེ་བའོ། །རྣམ་པར་ཤེས་པ་གནས་པ་བདུན་ཕུང་པོ་ལྔའི་རང་བཞིན་དག་ཡིན་ནོ་ཞེས་བྱ་བ་དེ་ཡང་ཇི་ལྟ་བུ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་པ་བདུན་ཕུང་པོ་ལྔའི་རང་བཞིན་ཉིད་ཡིན་པར་བཞེད་ན། དེ་ཇི་ལྟར་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་གནས་པ་ཞེས་
བྱ་བར་མི་འདོད་ཅེས་བྱ་བ་ཡིན་ནོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་བྱེ་བྲག་མེད་པར་གཅིག་ཏུ་བཟླུམ་པའི་ངོ་བོར་ནི་སྐྱེ་བའི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕུང་པོ་མི་ལ་སོགས་པའི་རིས་མཐུན་པས་བསྡུས་པ་དག་ལ་མངོན་པར་དགའ་བ་དང་བཅས་ཤིང་མངོན་དུ་དགའ་བ་དང་བཅས་པའི་རྣམ་པར་ཤེས་པ་འཇུག་ན་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་གནས་པ་བདུན་བཤད་པར་རྣམ་པར་ཤེས་པ་གནས་པ་ཞེས་བྱའོ་ཞེས་བྱ་བར་བཞེད་དོ། །སོ་སོར་དབྱེ་ན་སྟེ་ཕུང་པོ་རེ་རེར་དབྱེ་ན་ནི་ཇི་ལྟར་གཟུགས་ལ་སོགས་པ་རྟེན་དང་མཚུངས་པར་ལྡན་པ་དང་ལྷན་ཅིག་བྱུང་བའི་ངོ་བོར་ཉེ་བར་འགྲོ་བའི་ཕྱིར་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པར་བྱེད་པ་ཡིན་པ་ལྟར་རྣམ་པར་ཤེས་པ་འབའ་ཞིག་ནི་ལོགས་ཤིག་ཏུ་དེ་ལྟ་མ་ཡིན་ཏེ་ཅི་ཞེ་ན། ཀུན་ནས་ཉོན་མོངས་པར་བྱེད་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ཅིག་ཅར་དུ་རྟེན་ལ་སོགས་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །དེ་ལྟ་བས་ན་རྣམ་པར་ཤེས་པ་གནས་པ་བཞི་བཤད་པ་དག་ཏུ་རྣམ་ཤེས་འབའ་ཞིག་ལོགས་ཤིག་ཏུ་གནས་པར་མ་བཤད་དོ། །དེ་བཞིན་དུ་གདུལ་བའི་སྐྱེ་བོ་ལ་ལྟོས་ནས་རྣམ་པར་ཤེས་པ་གནས་པ་མདོ་ཁ་ཅིག་ལས་ནི་གཞན་དུ་འབྱུང་བ་ལ། འདི་ལས་ཀྱང་གཞན་དུ་འབྱུང་བས་དེའི་ཕྱིར་གཞན་ཡང་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་གནས་པ་བཞི་ནི་ཞིང་གི་ངོ་བོར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་གནས་པ་བཞི་པོ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ངོ་བོ་ཉིད་དག་ནི་རྣམ་པར་ཤེས་པའི་ཞིང་གི་ངོ་བོར་བསྟན་ལ་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་རང་གི་ས་པའི་སྲེད་པས་སྲེད་པ་དང་བཅས་པ་རྒྱུད་ཐམས་ཅད་དུ་གཏོགས་པ་ཟད་པར་ནི་ས་བོན་གྱི་ངོ་བོ་ཁོ་ནར་བསྟན་གྱི་ས་བོན་ཉིད་ས་བོན་གྱི་ཞིང་གི་ངོ་བོར་རྣམ་པར་གཞག་པར་གྱུར་པ་མ་ཡིན་ཏེ། འཇིག་རྟེན་ན་ས་བོན་གྱི་ཞིང་གི་ངོ་བོར་རྣམ་པར་འཇོག་པར་བྱེད་པ་ནི་མེད་དོ། །ཆོས་གང་དག་ཅེས་བྱ་བ་རྒྱས་པར་
འབྱུང་བ་ནི་གཟུགས་ལ་སོགས་པའི་ཆོས་གང་དག་རྣམ་པར་ཤེས་པ་དང་ལྷན་ཅིག་འདུག་པ་དེ་དག་ཁོ་ན་ཞིང་གི་ངོ་བོར་ཤིན་ཏུ་ལེགས་པ་ཡིན་ཏེ། ཞིང་ནི་འཇིག་རྟེན་ན་ས་བོན་དང་ལྷན་ཅིག་འདུག་པ་ཡིན་པར་སྣང་ངོ༌། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་འདུག་པ་མ་ཡིན་ཏེ། ཅིག་ཅར་འབྱུང་བ་མེད་པའི་ཕྱིར་རོ། །འོ་ན་ནི་འདས་པ་དང་མ་འོངས་པའི་གཟུགས་ལ་སོགས་པ་རྣམ་པར་ཤེས་པ་གནས་པ་མ་ཡིན་པར་འགྱུར་རོ་ཞེ་ན། འདས་པ་དང་མ་འོངས་པ་དེ་དག་ཀྱང་བདག་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་འདས་པ་དང་མ་འོངས་པ་རྣམས་ཀྱི་གནས་པ་ཡིན་ནོ། །དེ་ལྟ་བས་ན་རྣམ་པར་ཤེས་པ་གནས་པ་ནི་རང་གི་ས་པའི་ཟག་པ་དང་བཅས་པའི་གཟུགས་ལ་སོགས་པ་ཐམས་ཅད་ཡིན་པ་ཁོ་ནའོ་ཞེས་བྱ་བ་ཁོང་དུ་ཆུད་པར་བྱའོ། །མུ་དང་པོ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་བདུན་དག་ཏུ་རྣམ་པར་ཤེས་པ་གང་ཡིན་པའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་པ་བདུན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པའི་ཕྱིར་དེར་རྣམ་པར་ཤེས་པ་བསྡུས་ཀྱི་བཞི་པོར་ནི་མ་ཡིན་ཏེ། དེར་རྣམ་པར་ཤེས་པ་མ་སྨོས་པའི་ཕྱིར་རོ། །རྣམ་པར་ཤེས་པ་མ་གཏོགས་པའི་ཕུང་པོ་རྣམས་སོ་ཞེས་བྱ་བ་ནི་ངན་སོང་ལ་སོགས་པ་ན་ཡོད་པའི་རྣམ་པར་ཤེས་པ་ཡང་བཞིར་ཡང་མ་བསྡུས་ལ་བདུན་དུ་ཡང་མ་ཡིན་ཏེ། ངན་སོང་ལ་སོགས་པ་ན་རྣམ་པར་ཤེས་པ་འཇོམས་པར་བྱེད་པས་མ་སྨོས་པའི་ཕྱིར་རོ། །བདུན་དག་ཏུ་ཕུང་པོ་བཞི་རྣམས་སོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་པ་བདུན་དག་ཏུ་རྣམ་པར་ཤེས་པ་མ་གཏོགས་པའི་ཕུང་པོ་བཞི་བཤད་པ་གང་དག་ཡིན་པ་དེ་དག་ནི་རྣམ་པར་ཤེས་པ་གནས་པ་བཞིར་ཡང་བསྡུས་པས་གཉི་གར་ཡང་བསྡུས་པ་ཡིན་ཏེ། མུ་གསུམ་པ་ཡིན་ནོ། །བཞི་པར་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་ངན་སོང་རྣམས་དང༌། བསམ་གཏན་བཞི་པ་དང་སྲིད་པའི་རྩེ་མོ་ན་ཡོད་པའི་རྣམ་པར་ཤེས་པ་གང་ཡིན་པ་དང༌། ཟག་པ་མེད་པའི་ཆོས་རྣམས་སོ། །འགྲོ་བ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་ཞེས་བྱ་བ་ལ་སོགས་
པ་ཞེས་བྱ་བའི་སྒྲས་ནི་སྣོད་དང་སྲིད་པ་བར་མ་དང་ས་ལ་སོགས་པ་བསྡུའོ། །མངལ་ནི་གང་གིས་མའི་ལྟོར་བུ་དཀྲིས་ཤིང་འདུག་པའོ། །དེ་ལས་སྐྱེས་པ་ནི་མངལ་ནས་སྐྱེ་བ་ཡིན་ནོ། །འབྱུང་བའི་དྲོད་གཤེར་ལས་སྐྱེ་བ་ཞེས་བྱ་བ་ནི་ས་ལ་སོགས་པ་འབྱུང་བ་རྣམས་ཀྱི་དྲོད་གཤེར་ཏེ། བརླན་པའི་མཚན་ཉིད་ལས་སྐྱེས་པ་ནི་འབྱུང་བའི་དྲོད་གཤེར་ལས་སྐྱེས་པ་རྣམས་ཡིན་ནོ། །དབང་པོ་མ་ཚང་བ་མ་ཡིན་པ་ནི་མིག་གི་དབང་པོ་ལ་སོགས་པ་མ་ཚང་བ་མེད་པའི་ཕྱིར་རོ། །དམན་པ་མ་ཡིན་པ་ནི་ཞར་བ་དང་ཡོ་བ་ལ་སོགས་པ་མེད་པའི་ཕྱིར་རོ། །ཡན་ལག་ཐམས་ཅད་དང་ལྡན་པ་ནི་ལག་པ་དང་རྐང་པ་ལ་སོགས་པ་དང་ངོ༌། །ཉིང་ལག་ཐམས་ཅད་དང་ལྡན་པ་ནི་སོར་མོ་ལ་སོགས་པ་དང་ངོ༌། །ཅིག་ཅར་དུ་སྐྱེ་བ་ནི་སྒོ་ང་ལས་སྐྱེ་བ་ལ་སོགས་པ་བཞིན་དུ་ནུར་ནུར་པོ་ལ་སོགས་པའི་རིམ་གྱིས་མ་ཡིན་པའོ། །སྐྱེ་ཞིང་འབྱུང་བ་ལ་མཛེས་པར་བྱེད་པའི་ཕྱིར་ཏེ། ཁུ་ཆུ་དང་ཁྲག་ལ་སོགས་པ་རྒྱུར་མ་བྱས་པར་ཅིག་ཅར་དུ་སྐྱེས་པའི་ཕྱིར་རྫུས་ཏེ་སྐྱེ་བ་རྣམས་ཞེས་བྱའོ། །ཁྲུང་ཁྲུང་མོ་ལས་སྐྱེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཚོང་པ་གྲུ་ཆག་པ་དག་ཅིག་རྒྱ་མཚོའི་ངོགས་སུ་ཁྲུང་ཁྲུང་མོ་དང་འདུས་པ་ལས་དེ་ལས་བཙས་པ་གནས་བརྟན་བྲག་དང་ཉེ་བྲག་ཅེས་བྱ་བ་ཡིན་ནོ་ཞེས་གྲག་གོ །རྒྱལ་པོ་ལྔ་ལེན་གྱི་ཞེས་བྱ་བ་ནི་དེའི་བཙུན་མོ་ཆེན་མོ་ལས་སྒོ་ང་ལྔ་བརྒྱ་བྱུང་བ་དང༌། རྒྱལ་པོ་དེས་སྒྲམ་གྱི་ནང་དུ་བཅུག་སྟེ་ཆུ་བོ་གང་གཱ་ལ་བསྐུར་བ་དང། ལི་ཙྪ་བཱིའི་རྒྱལ་པོ་བཙུན་མོ་དང་བཅས་ཏེ་ཁྲུས་བྱེད་པས་སྒྲམ་ཆུས་ཁྱེར་བ་མཐོང་སྟེ། ཕྱེ་བ་དང་དེའི་ནང་ན་བུ་ལྔ་བརྒྱ་འདུག་པ་མཐོང་ནས་བླངས་སོ་ཞེས་བྱ་བ་ཡིན་ནོ། །ང་ལས་ནུ་ལ་སོགས་པ་ནི་དྲོད་གཤེར་ལས་སྐྱེས་པ་ཡིན་ནོ། །ཇི་ལྟ་ཞེ་ན་རྒྱལ་པོ་བསྙེན་གནས་པའི་སྤྱི་བོ་ནས་འབུར་འབུར་པོ་ཞིག་སྐྱེས་པ་དེ་རིམ་གྱིས་སྐྱེས་ཤིང་རིམ་གྱིས་སྨིན་ཅིང་རིམ་གྱིས་རྡོལ་བ་ལས་བུ་ཅིག་སྐྱེས་པ་དེ་ང་ལས་ནུ་ཞེས་བྱ་བ་སྟེ་དྲོད་གཤེར་ལས་སྐྱེ་བ་ཡིན་ནོ། །རྒྱལ་པོ་ང་ལས་ནུའི་པུས་མོ་གཉིས་ཀྱི་སྟེང་ནས་ཀྱང་འབུར་འབུར་པོ་ཞིག་སྐྱེས་ཏེ།
དེ་གཉིས་རིམ་གྱིས་སྐྱེ་བ་ལ་སོགས་པ་ལས་བྱུང་བ་ནི་མཛེས་པ་དང་ཉེ་མཛེས་ཞེས་བྱ་བ་དེ་གཉིས་ཡིན་ནོ་ཞེས་གྲག་གོ །རྒྱལ་པོ་ཚངས་པ་བྱིན་གྱི་བྲང་ནས་འབུར་འབུར་པོ་ཞིག་སྐྱེས་པ་དེ་སྔ་མ་བཞིན་དུ་རིམ་གྱིས་འཕེལ་བ་ལ་སོགས་པ་ལས་བུ་མོ་བྱུང་བ་དེ་ནི་ཐི་བའི་ཕྲེང་ཅན་མ་ཞེས་བྱའོ་ཞེས་གྲག་གོ །ཨ་མྲ་སྐྱོང་མ་ཡང་ཆུ་ཤིང་གི་སྡོང་པོ་ལས་སྐྱེས་སོ་ཞེས་གྲག་གོ །བསྐལ་པ་དང་པོ་པ་རྣམས་ཞེས་བྱ་བ་ནི། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །ཞེས་འབྱུང་བའི་ཕྱིར་རོ། །འདབ་བཟངས་ནི་ནམ་མཁའ་ལྡིང་ངོ༌། །ཡི་དགས་རྣམས་མངལ་ནས་སྐྱེ་བ་ཉིད་ཡིན་པར་གྲུབ་པར་བྱ་བའི་ཕྱིར་ཚེ་དང་ལྡན་པ་ཞེས་བྱ་བ་རྒྱས་པར་སྨྲས་སོ་མངལ་ནས་སྐྱེ་བ་ཉིད་ཡིན་པར་གྲུབ་པར་བྱ་བ་ཡིན་པར་ཅི་མངོན་ཞེ་ན། མཚན་མོ་བུ་ལྔ་སྐྱེས་ནས་ཞེས་འབྱུང་བའི་ཕྱིར་རོ། །བདག་གིས་མཚན་མོ་བུ་ལྔ་དང༌། །དེ་བཞིན་ཉིན་མོ་གཞན་ལྔ་དག །བསྐྱེད་ནས་དེ་དག་ཟོས་མོད་ཀྱི། །འོན་ཀྱང་བདག་ནི་ཚིམ་པ་མེད། །ཅེས་འབྱུང་བའི་ཕྱིར་ཆེས་རྫུས་ཏེ་སྐྱེ་བ་ཉིད་ཡིན་པར་གྲུབ་པར་བྱ་བ་མ་ཡིན་ནམ་མངལ་ནས་སྐྱེས་པ་དག་ཟོས་པས་ནི་ཚིམ་པར་འགྱུར་རོ་ཞེ་ན། མངལ་ནས་སྐྱེ་བ་ཉིད་ཡིན་པར་གྲུབ་པར་བྱ་བ་ཁོ་ན་ཡིན་གྱི། རྫུས་ཏེ་སྐྱེ་བ་ཡིན་པར་གྲུབ་པར་བྱ་བ་ནི་མ་ཡིན་ནོ། །མཚན་མོ་ཡང་ལྔ་ཅིག་ཅར་འབྱུང་ལ། ཉིན་མོ་ཡང་གཞན་ལྔ་འབྱུང་བ་ལ་འགལ་བ་དག་མེད་དེ་དུས་དེ་ཙམ་གྱིས་ལུས་ཡོངས་སུ་བརྟས་པར་འགྱུར་རོ། །རིམ་གྱིས་མཚན་མོ་ཡང་ལྔ་ཉིན་མོ་ཡང་ལྔ་བསྐྱེད་པ་ལ་འགལ་བ་མེད་དེ། སེམས་ཅན་གྱི་རིགས་དེ་དེ་འདྲ་ཞིང་ལས་རྣམས་ཀྱི་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་པས་སོ། །བཀྲེས་པ་ཤས་ཆེ་ཆེས་པའི་ཉེས་པས་ནི་ཚིམ་པ་མེད་དོ། །སྐྱེ་བ་ལ་དབང་ཐོབ་པ་ཞེས་བྱ་བ་འདིས་ནི་མངལ་ནས་སྐྱེ་བའི་སྐྱེ་བར་ལས་ཀྱི་ནན་གྱིས་མནན་པ་མི་རུང་བར་སྟོན་པར་བྱེད་དོ། །གཞན་མུ་སྟེགས་ཁ་ཟེར་བ་ཞེས་བྱ་བ་ལ་གཞན་མུ་སྟེགས་དག་ནི་མ་སྐ་རི་ལ་སོགས་པ་སྟེ། གཅེར་བུའི་བསྟན་བཅོས་ལས་ཇི་སྐད་དུ་བཙུན་པ་སུ་ཞིག་རྫུ་
འཕྲུལ་སྟོན་པར་བགྱིད་ལགས། སྒྱུ་མ་མཁན་གཽ་ཏ་མ་ཡིན་ནོ་ཞེས་འབྱུང་བ་དང༌། དེ་བཞིན་དུ་བཅོམ་ལྡན་འདས་ཁོ་ན་ལ་གཞན་དུ་བསྐལ་པ་བརྒྱ་འདས་ནས། སྒྱུ་མ་མཁན་འདི་ལྟ་བུ་འཇིག་རྟེན་དུ་བྱུང་ནས་སྒྱུ་མས་འཇིག་རྟེན་ཟའོ་ཞེས་ཟེར་བ་འབྱུང་སྟེ་ཉེ་བར་འཚོའོ་ཞེས་བྱ་བའི་ཐ་ཚིག་གོ །ཕྱིའི་ས་བོན་མེད་པའི་ཕྱིར་ཞེས་བྱ་བ་ནི་ཕྱིའི་ཁུ་ཆུ་དང་ཁྲག་གི་འདམ་རྫབ་ལ་སོགས་པ་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །བྱིན་གྱིས་བརླབས་པས་བྱུང་བ་ཞེས་བྱ་བ་ནི་འདི་འདི་ལྟར་གྱུར་ཅིག་ཅེས་བྱིན་གྱིས་རློབ་པ་གང་ཡིན་པ་དེ་ནི་བྱིན་གྱིས་བརླབ་པའོ། །འདི་ལ་དགོས་པ་དེ་ཡོད་པའམ་དེ་ལས་བྱུང་བའི་རྫུ་འཕྲུལ་ནི་བྱིན་གྱི་རླབས་ལས་བྱུང་བ་སྟེ། དེ་ཡིན་པར་འདོད་པའི་སངས་རྒྱས་པ་རྣམས་ལ་ནི་ལན་དེ་རིགས་པ་མ་ཡིན་ནོ། །གང་ཞིག་ཅེ་ན། རིང་བསྲེལ་སྐུ་གདུང་རྣམས་གཞག་པའི་ཕྱིར་ཞེས་བཤད་པ་གང་ཡིན་པའོ། །དྲི་བ་ལས་དྲི་བ་གཞན་འབྱུང་སྟེ་ཞེས་བྱ་བ་ནི་འོ་ན་ཅིའི་ཕྱིར་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དྲི་བ་རྒྱས་པར་སྨོས་ལ་དེ་ཡང་རིང་བསྲེལ་སྐུ་གདུང་རྣམས་གཞག་པའི་ཕྱིར་ཞེས་བྱ་བ་རྒྱས་པར་བཤད་པའི་དྲི་བ་དེ་ལས་དྲི་བ་གཞན་གལ་ཏེ་རྫུས་ཏེ་སྐྱེ་བ་རྣམས་ཞེས་བྱ་བ་རྒྱས་པ་འདི་འབྱུང་ངོ༌། །ལུས་ཞིག་པ་ནི་ཤི་བའི་ལུས་སོ། །རྫུས་ཏེ་སྐྱེ་བའི་ནམ་མཁའ་ལྡིང་གིས་རྫུས་ཏེ་སྐྱེ་བའི་ཀླུ་ཞེས་བྱ་བ་ཁྱད་པར་གཉིས་ཅིའི་ཕྱིར་སྨོས། ཅི་རྫུས་ཏེ་སྐྱེ་བ་མ་ཡིན་པའི་ནམ་མཁའ་ལྡིང་དང༌། ཀླུ་དག་ཀྱང་ཡོད་དམ་ཞེ་ན་སྨྲས་པ་ཡོད་དེ། ནམ་མཁའ་ལྡིང་དང་ཀླུ་རྣམས་ནི་སྒོ་ང་ལས་སྐྱེས་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་བཞིའོ། །དེ་དག་གི་ནང་ན་རྫུས་ཏེ་སྐྱེ་བ་རྣམས་ནི་རབ་ཡིན་ནོ། །དྲོད་གཤེར་ལས་སྐྱེ་བ་རྣམས་ནི་རབ་འོག་ཡིན་ནོ། །མངལ་ནས་སྐྱེ་བ་རྣམས་ནི་འབྲིང་ཡིན་ནོ། །སྒོ་ང་ལས་སྐྱེ་བ་རྣམས་ནི་ཐ་མ་ཡིན་ནོ། །དེ་ལ་ནམ་མཁའ་ལྡིང་རྫུས་ཏེ་སྐྱེ་བས་ནི་རྫུས་ཏེ་སྐྱེ་བ་ལ་སོགས་པ་ཐམས་ཅད་བཟའ་བའི་ཕྱིར་འབྱིན་ཏོ། །དྲོད་གཤེར་ལས་སྐྱེ་བས་ནི་དྲོད་གཤེར་ལས་སྐྱེ་བ་ལ་སོགས་པ་གསུམ་མོ། །མངལ་ནས་སྐྱེ་བས་ནི་མངལ་ནས་སྐྱེ་བ་དང་སྒོ་ང་ལས་སྐྱེ་བ་དང་གཉིས་
སོ། །སྒོ་ང་ལས་སྐྱེ་བ་ནི་སྒོ་ང་ལས་སྐྱེ་བ་ཁོ་ནའོ་ཞེས་བརྗོད་དོ། །ཇི་སྲིད་མ་ཤི་བའི་བར་དུ་ཞེས་བྱ་བ་ནི་ཇི་སྲིད་གསོན་པ་དེ་སྲིད་དུ་དེའི་ཤ་ལ་སོགས་པ་མི་སྣང་བར་མི་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །ཤི་བ་དེས་ཚིམ་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཤི་ཟིན་པ་དེས་ཚིམ་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཤའི་གོང་བུ་མི་སྣང་བར་འགྱུར་བའི་ཕྱིར་ཤི་བ་ནམ་མཁའ་དང་འདྲ་བ་ཟོས་པ་དེས་དེ་ཚིམ་པར་མི་འགྱུར་རོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེས་ནི་འགྲོ་བ་གཉིས་ཞེས་བྱ་བ་ནི་དམྱལ་བའི་འགྲོ་བ་དང་ལྷའི་འགྲོ་བའོ། །གསུམ་གྱི་ཕྱོགས་ཞེས་བྱ་བ་ནི་དུད་འགྲོ་དང༌། །ཡི་དགས་དང༌། མིའི་འགྲོ་བ་རྣམས་ཀྱིའོ། །འགྲོ་བ་བར་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འགྲོ་བ་གཉིས་ཀྱི་བར་མ་ཡིན་པའི་ཕྱིར་རོ། །འགྲོ་བ་གོ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་པར་འདོད་པ་མ་ཡིན་ནམ། སྐྱེ་བའི་སྲིད་པ་ནི་གཅིག་ཏུ་ཉོན་མོངས་པ་ཅན་ཡིན་ལ། འཆི་བའི་སྲིད་པ་ཡང་རེས་འགའ་དགེ་བའམ་ཉོན་མོངས་པ་ཅན་དུ་འགྱུར་ཏེ། འགྲོ་བ་མ་ཡིན་ན་ཇི་ལྟར་དེ་གཉིས་ལ་འགྲོ་བ་ཞེས་བྱ་བའི་སྒྲར་བཏགས་ནས་འགྲོ་བའི་བར་མ་ཡིན་ནོ་ཞེས་བྱ་ཞེ་ན། འདི་ནི་ཉེས་པ་མེད་དེ། དེའི་ཚེ་འཆི་བ་དང་སྐྱེ་བ་དག་གི་སྲིད་པ་དག་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རིས་མཐུན་པ་དང་སྲོག་གི་དབང་པོ་དང་སྐྱེ་བ་ལ་སོགས་པ་འགྲོ་བའི་ངོ་བོ་ཉིད་དག་ཀྱང་ཡོད་པའི་ཕྱིར་ལ་འདོད་པ་དང་གཟུགས་ཀྱི་ཁམས་ན་ནི་ལུས་ཀྱི་དབང་པོ་ཡང་གདོན་མི་ཟ་བར་ཡོད་པའི་ཕྱིར་རོ། །འཆི་བའི་སྲིད་པ་ཡང་སྐྱེ་བའི་སྲིད་པ་བཞིན་དུ་ཉོན་མོངས་པ་ཅན་དུ་ངེས་པ་ཡང་མ་ཡིན་ལ། དགེ་བར་ངེས་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་དེ་དག་ལ་འགྲོ་བ་ཞེས་བྱ་བའི་སྒྲར་བཏགས་ནས་འགྲོ་བའི་བར་མ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །སྲིད་པ་བར་མ་བྱུང་བ་མིན། །འོ་ན་ཅི་ཞེ་ན། འབྱུང་བ་ཞེས་བྱའོ། །མངོན་ཞིང་རྫོགས་པའོ་ཞེས་བྱ་བ་ནི་འཕེན་པར་བྱེད་པའི་ལས་ཀྱིས་ནི་རིས་མཐུན་པ་མངོན་ལ་རྫོགས་པར་བྱེད་པ་དག་གིས་ནི་རྫོགས་པ་ཡིན་ཏེ། སྐྱེ་བ་གཅིག་ནི་གཅིག་གིས་འཕེན། །རྫོགས་པར་བྱེད་
པ་དུ་མ་ཡིན། །ཞེས་འབྱུང་བས་སྐྱེ་བ་ཐམས་ཅད་ལ་ལས་གཉིས་བྱ་བ་བྱེད་པའི་ཕྱིར་རོ། །ཡུལ་གང་དུ་མིང་དང་གཟུགས་ལས་ཀྱིས་ཇི་ལྟར་འཕངས་པ་བཞིན་འབྱུང་ཞིང་མངོན་ལ་སྐྱེ་མཆེད་དྲུག་ཚང་ཞིང་རྫོགས་པ་དེ་ནི་བགྲོད་པར་བྱ་བའི་ཡུལ་ཡིན་ནོ། །འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་འབྲེལ་ཞིང་འཕེལ་བ་ནི་རྒྱུན་ཏོ། །འབྲུའི་རྒྱུན་ནི་འབྲུའི་རྒྱུན་ཏེ། དེ་དང་ཆོས་མཐུན་པའི་ཕྱིར་སྲིད་པ་ཆད་པ་ལས་བྱུང་བ་མ་ཡིན་ནོ། །སྐྱེ་བའི་སྲིད་པའི་གཟུགས་ནི་གང་དང་འབྲལ་བ་དང་གང་དུ་འབྱུང་བ་དེ་དག་གི་བར་མའི་རྒྱུན་ལ་ཡོད་པའི་གཟུགས་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། རང་གི་ཉེ་བར་ལེན་པ་གཟུགས་ཀྱི་རྒྱུན་གྱི་ངོ་བོའི་ངོ་བོ་ཉིད་ཅན་ཡིན་པའི་ཕྱིར། འབྲུའི་རྒྱུན་ཕྱིས་འབྱུང་བའི་གཟུགས་ལྟ་བུའོ། །རྒྱུན་གྱིས་འབྱུང་བའི་ཆོས་རྣམས་ནི་རྒྱུན་མི་འཆད་པར་ཡུལ་གཞན་དུ་འབྱུང་བའི་སྒོ་ནས་ཡུལ་གཞན་དག་ཏུ་འབྱུང་བ་མཐོང་སྟེ། དཔེར་ན་འབྲུའི་རྒྱུན་ལྟ་བུའོ། །འབྲུའི་རྒྱུན་ཕྱིས་འབྱུང་བའི་གཟུགས་ནི་ཡུལ་གཞན་གང་དང་འབྲལ་བ་དང་ཡུལ་གཞན་གང་དུ་འབྱུང་བ་དེ་དག་གི་པར་མའི་རྒྱུན་ལ་ཡོད་པའི་གཟུགས་སྔོན་དུ་འགྲོ་བ་ཅན་དུ་འབྱུང་སྟེ། འདི་ནི་ཁོ་བོ་ཅག་སྐད་ཅིག་མར་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའ་ཡིན་ནོ། །གང་གི་ཚེ་འབྲུ་གྲོང་ནས་གྲོང་གཞན་དུ་ཁྱེར་བ་ན་འབྲུ་དེ་གྲོང་སྔ་མར་འགགས་ནས་གྲོང་དེ་གཉིས་ཀྱི་བར་དུ་མི་འབྱུང་བར་དཔག་ཚད་དུ་མས་བཅད་པའི་གྲོང་གཞན་དུ་འབྱུང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ནམ་མཁའི་ཕྱོགས་སུ་སྐྱེ་བ་དང་འགག་པ་བར་མ་པའི་རིམ་གྱིས་གྲོང་གཞན་དུ་འབྱུང་ལ། དེ་ཡང་རང་གི་ཉེ་བར་ལེན་པ་གཟུགས་ཀྱི་རྒྱུན་གྱི་ངོ་བོའི་ངོ་བོ་ཉིད་ཅན་ཡིན་པ་ལྟར་སྐྱེ་བའི་སྲིད་པའི་ངོ་བོ་ཡང་དེ་དང་འདྲ་བར་འབྱུང་ངོ༌། །འདི་ལ་སློབ་དཔོན་ཡོན་ཏན་བློ་གྲོས་ནི་སློབ་མ་སློབ་དཔོན་དབྱིག་བཤེས་དང་བཅས་ཏེ། རང་གི་སྡེ་པ་ལ་བློ་ཞེན་ཅིང་གོམས་པས་རྣམ་པར་འཆད་པའི་ལས་བཏང་སྟེ་རྒོལ་བ་ལྷུར་ལེན་པ་འབའ་ཞིག་ལ་འཇུག་གོ །བདག་ནི་འདི་ལ་བསྟན་བཅོས་ཀྱི་དོན་དཔྱད་པ་འབའ་ཞིག་ལ་
འབད་ཀྱི་ཆེད་མི་ཆེ་བའི་ཕྱིར་དང༌། ཚིག་མངས་སུ་དོགས་པའི་ཕྱིར་དེ་སུན་འབྱིན་པ་ལ་ནི་མ་ཡིན་ནོ། །ཚུལ་ཅན་ནི་ངང་ཚུལ་ཅན་ནོ། །ཆད་ནས་འབྱུང་བ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་མེ་ལོང་ལ་སོགས་པ་དག་གི་ནང་དུ་གཟུགས་ལས་གཟུགས་བརྙན་ལྟ་བུའོ་ཞེས་བྱ་བ་ནི་མེ་ལོང་ལ་སོགས་པའི་ནང་དུ་གཟུགས་གདོང་ལས་གཟུགས་བརྙན་གདོང་འདྲ་བའི་ངོ་བོ་ཆད་ནས་འབྱུང་བ་མཐོང་སྟེ། འདིས་ནི་མ་ངེས་པ་ཉིད་དུ་སྟོན་པར་བྱེད་དོ། །ཡང་ན་ཕྱིར་སྒྲུབ་པར་བྱེད་པ་ཡིན་ཏེ། སྐྱེ་བ་སྲིད་པའི་གཟུགས་ནི་གང་དང་འབྲེལ་བ་དང༌། གང་དུ་འབྱུང་བ་དེ་དག་གི་བར་མའི་རྒྱུན་ལ་ཡོད་པའི་གཟུགས་སྔོན་དུ་འགྲོ་བ་ཅན་མ་ཡིན་ཏེ། རང་གི་ཉེ་བར་ལེན་པ་གཟུགས་ཀྱི་རྒྱུན་གྱི་ངོ་བོའི་ངོ་བོ་ཉིད་ཅན་ཡིན་པའི་ཕྱིར་གཟུགས་བརྙན་གྱི་གཟུགས་ལྟ་བུའོ་ཞེས་བྱ་བ་ཡིན་ནོ། །གཟུགས་བརྙན་ཞེས་བྱ་བ་ཁ་དོག་གི་ཁྱད་པར་གཞན་ཁོ་ན་ཞིག་འབྱུང་ངོ་ཞེས་བྱ་བ་དེ་ནི་མ་གྲུབ་པ་ཞེས་བྱ་བ་ལ། སློབ་དཔོན་གྱི་དགོངས་པ་ནི་མེ་ལོང་ལ་སོགས་པ་དེ་ལ་གཟུགས་ཀྱི་མཐུ་ཁོ་ནས་འཁྲུལ་པའི་ཤེས་པ་གཟུགས་བརྙན་གྱི་རྣམ་པ་ཅན་སྐྱེའི་དེ་ལ་གཟུགས་བརྙན་ཞེས་བྱ་བ་ནི་ཆུང་ཟད་ཀྱང་མེད་དོ་སྙམ་པ་ཡིན་ཏེ། འདིས་ནི་དཔེའི་སྐྱོན་ཆོས་ཅན་མ་གྲུབ་པ་ཞེས་བྱ་བ་སྟོན་པར་བྱེད་དོ། །དེ་ལྟ་བས་ན་མ་ངེས་པ་ཉིད་ཀྱང་མེད་ལ་ཕྱིར་བསྒྲུབ་པ་དེ་ཡང་བཟང་པོ་མ་ཡིན་ནོ། །གྲུབ་ཏུ་ཟིན་ཀྱང་མི་འདྲ་བའི་ཕྱིར་དཔེ་མ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་བརྙན་རྫས་སུ་ཡོད་པ་ཉིད་དུ་གྲུབ་ཏུ་ཟིན་ཀྱང་དངོས་དང་མི་འདྲ་བའི་ཕྱིར་དཔེ་མ་ཡིན་ཏེ། དཔེར་བརྗོད་དུ་མི་རུང་ངོ༌། །རེ་ཞིག་ཇི་ལྟར་ན་མ་གྲུབ་ཅེ་ན་ཞེས་བྱ་བ་ལ། རེ་ཞིག་ཅེས་བྱ་བའི་སྒྲ་ནི་རིམ་མོ། །རེ་ཞིག་མ་གྲུབ་པ་ཉིད་ཀྱི་རིགས་པ་བསྟན་པའི་ཕྱིར། གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར། །ཞེས་བྱ་བ་རྒྱས་པར་སྨོས་ཏེ། མེ་ལོང་གི་ཡུལ་དེ་ཉིད་ན་བློ་ན་འདུག་པས་ནི་མེ་ལོང་གི་གཟུགས་མཐོང་གི་གཟུགས་བརྙན་མ་ཡིན་ལ་དེ་ཉིད་ན་མདུན་ན་འདུག་པས་ནི་གཟུགས་བརྙན་མཐོང་གི་མེ་ལོང་གི་གཟུགས་མ་ཡིན་ཏེ། ཡུལ་གཅིག་ན་རྒྱུར་བྱས་
པའི་གཟུགས་གཉིས་ལྷན་ཅིག་འདུག་པ་མེད་དོ། །ཅིའི་ཕྱིར་ཞེ་ན་རྟེན་གྱི་འབྱུང་བ་ཐ་དད་པའི་ཕྱིར་རོ། །དེ་གཉིས་ཀྱིས་རྟེན་གྱི་འབྱུང་བ་རྣམས་ཐ་དད་པས་མེ་ལོང་གི་གཟུགས་བརྙན་གྱི་རྟེན་གྱི་འབྱུང་བ་རྣམས་ཀྱིས་ནོན་པའི་ཡུལ་དེར་གཟུགས་བརྙན་གྱི་གཟུགས་ཀྱི་རྟེན་གྱི་འབྱུང་བ་རྣམས་ཀྱི་གོ་སྐབས་མེད་དེ། དེའི་ཕྱིར་རྒྱུར་བྱས་པའི་གཟུགས་གཉིས་འབྱུང་བ་མེད་དོ། །དེ་ལྟ་བས་ན་དེ་ལྟར་རྣམ་པར་ཤེས་པ་ཅིག་ཅར་མེད་པའི་ཕྱིར་དང༌། རྒྱུར་བྱས་པའི་གཟུགས་གཉིས་ཀྱང་གཅིག་ཏུ་འབྱུང་བ་མེད་པའི་ཕྱིར་དེ་ནི་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བར་སྟོན་ཏོ། །གལ་ཏེ་ཡུལ་གང་ན་མེ་ལོང་གི་གཟུགས་སྣང་བ་དེ་ཉིད་ན་གཟུགས་བརྙན་ཡང་སྣང་གི་གཞན་ན་ནི་མ་ཡིན་ན་ཉེས་པ་ཅི་ཡོད་ཅེ་ན་སྨྲས་པ། གཅིག་ན་གཟུགས་གཉིས་ལྷན་ཅིག་འབྱུང་བ་ནི་མེད་དོ་ཞེས་སྔ་མ་བཞིན་དུ་བརྗོད་པར་བྱའོ། །རྣམ་པ་གཅིག་ཏུ་ན། གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར། །ཞེས་བྱ་བའི་མདོའི་དོན་ནི་འདི་ཡིན་ཏེ། གཟུགས་གཅིག་ལ་ལྟ་བ་པོ་སྐྱེས་བུ་གཉིས་ཀྱིས་ལྷན་ཅིག་མཐོང་བ་མེད་པའི་ཕྱིར་གཟུགས་བརྙན་མ་གྲུབ་པའོ་ཞེས་བྱ་བར་ཚིག་ཁོང་ནས་དྲང་ངོ༌། །ཇི་ལྟ་ཞེ་ན། སྨྲས་པ་ཕྱོགས་ཐ་དད་པ་ན་གནས་པ་སྟེ། ཁ་ཅིག་བྱང་ཕྱོགས་ན་གནས་པ་རྣམས་དང༌། ཁ་ཅིག་ལྷོ་ཕྱོགས་ན་གནས་པའི་མི་རྣམས་ཀྱིས་མཚེའུའི་ཆུའི་ཡུལ་གཅིག་ན་སྟེ། མཚེའུའི་ནང་གི་ཕྱོགས་གཅིག་ན་རང་གི་མདུན་རོལ་གྱི་ཡུལ་ན་གནས་པའི་གཟུགས་ལྷོ་ཕྱོགས་ཀྱི་ངོགས་ཀྱི་ཁ་ན་འདུག་པའི་གཟུགས་རྣམས་ནི་བྱང་ཕྱོགས་ཀྱི་ངོགས་ན་འདུག་པའི་སྐྱེས་བུའི་རང་གི་མདུན་རོལ་ན་གནས་པ་ཡིན་ལ། བྱང་ཕྱོགས་ཀྱི་ངོགས་ཀྱི་ཁ་ན་འདུག་པའི་གཟུགས་རྣམས་ཀྱང་ལྷོ་ཕྱོགས་ན་འདུག་པའི་སྐྱེས་བུའི་རང་གི་མདུན་རོལ་ན་གནས་པ་ཡིན་ཏེ་དེ་རྣམས་ཀྱིའོ། །ཅི་ཞེ་ན། གཟུགས་བརྙན་ཕན་ཚུན་དམིགས་ཏེ་ཚིག་གི་དོན་ནི་བྱང་ཕྱོགས་ན་འདུག་པ་རྣམས་ཀྱིས་ཀྱང་ལྷོ་ཕྱོགས་ཀྱི་ངོགས་ཀྱི་གཏིང་ན་གཟུགས་བརྙན་དམིགས་ལ་ལྷོ་ཕྱོགས་ན་འདུག་པ་རྣམས་ཀྱིས་ཀྱང་བྱང་ཕྱོགས་ཀྱི་ངོགས་ཀྱི་གཏིང་ན་གཟུགས་བརྙན་དམིགས་ཀྱི། གཉི་
ག་ཅིག་ཅར་དམིགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། རང་རོལ་གྱི་ངོགས་ཀྱི་གཏིང་གི་གཟུགས་བརྙན་ནི་ངོགས་དེ་ན་འདུག་པ་མཚེའུའི་ཆུ་རིལ་གྱིས་མཐོང་བ་རྣམས་ཀྱིས་ཀྱང་མི་དམིགས་སོ། །གལ་ཏེ་དེས་ན་ཅི་ཞེ་ན། དེའི་ཕྱིར་སྨྲས་པ། བུམ་པའམ་རས་ཡུག་གི་གཟུགས་གཅིག་ལ་ལྟ་བ་པོ་སྐྱེས་བུ་གཉིས་ཀྱིས་ལྷན་ཅིག་མི་མཐོང་བ་ནི་མ་ཡིན་ཏེ། མཐོང་བ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་ནི་ལྷན་ཅིག་མཐོང་བ་མ་ཡིན་ཏེ། དེའི་ཕྱིར་དེར་གཟུགས་གཞན་ཞིག་འབྱུང་བར་ནི་རིགས་པ་མ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་འདིའི་དོན་ནི་འདི་ཡིན་ཏེ། འཇིག་རྟེན་ན་གྲིབ་མ་དང་ཉི་མ་གཉིས་ཀྱང་ལྷན་ཅིག་འབྱུང་བ་མ་མཐོང་སྟེ། འདུན་ཁང་ངམ་གཞན་ན་ཡང་རུང་གང་ན་གྲིབ་མ་ཡོད་པ་དེ་ན་ཉི་མ་མེད་ལ། བླ་གབ་མེད་པ་གང་ན་ཉི་མ་ཡོད་པ་དེ་ན་གྲིབ་མ་མེད་ན། གྲིབ་མ་ན་འདུག་པའི་མེ་ལོང་གི་ནང་ན་ཉི་མའི་གཟུགས་བརྙན་ཡང་དམིགས་སོ། །ཇི་ལྟ་ཞེ་ན། མཚེའུའི་ནང་དུ་ནི་ཉི་མའི་གཟུགས་བརྙན་ཡང་འབྱུང་ལ། མཚེའུ་དེའི་ངོགས་ན་ཡོད་པའི་འདུན་ཁང་གྲིབ་མ་ཅན་གྱི་ནང་དུ་མེ་ལོང་ཞིག་བཞག་ན་མེ་ལོང་དེའི་ནང་དུ་ཉི་མའི་གཟུགས་བརྙན་མཚེའུ་ན་འདུག་པ་དེའི་གཟུགས་བརྙན་གཞན་ཞིག་ཀྱང་འབྱུང་བར་འགྱུར་རོ། །མཚེའུའི་ནང་གི་ཉི་མའི་གཟུགས་བརྙན་གང་ཡིན་པ་དེ་ཡང་ཉི་མས་ཀུན་ནས་བསླང་བ་ཡིན་པས་གདོན་མི་ཟ་བར་ཉི་མའི་ངོ་བོ་ཉིད་ཡིན་པར་ཁས་བླང་བར་བྱ་དགོས་ལ། མེ་ལོང་གི་ནང་དུ་གཟུགས་བརྙན་གཞན་འབྱུང་བ་གང་ཡིན་པ་དེ་ཡང་ཉི་མའི་ངོ་བོ་ཉིད་ཀྱི་གཟུགས་བརྙན་གྱིས་ཀུན་ནས་བསླང་བ་ཡིན་པས་འདི་ཡང་གདོན་མི་ཟ་བར་ཉི་མའི་ངོ་བོ་ཉིད་ཡིན་པར་ཁས་བླང་བར་བྱ་དགོས་སོ། །དེ་ལྟ་ཡིན་དང་གྲིབ་མ་དང་ཉི་མ་དག་ལྷན་ཅིག་ན་འདུག་པར་འགྱུར་བ་ཞིག་ན་འཇིག་རྟེན་ན་གཞན་ན་ནི་གྲིབ་མ་དང་ཉི་མ་དག་ལྷན་ཅིག་འདུག་པ་ཡང་མེད་པས་དེར་གཟུགས་བརྙན་དེ་འབྱུང་བར་རིགས་པ་ནི་མ་ཡིན་ནོ། །ཁྲོན་པའི་ཆུ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་ཁྲོན་པའི་ནང་ན་ཆུ་མ་
ཟད་པ་རིང་མོ་ཞིག་ན་འདུག་པར་སྣང་བ་དེ་བཞིན་དུ་ཟླ་བའི་གཟུགས་བརྙན་འདི་ཉིད་ཀྱི་ནང་ན་འདུག་པ་ཡང་དེ་དང་འདྲ་བར་སྣང་སྟེ། མེ་ལོང་ལ་ནི་དེ་ཙམ་གྱི་རྔམ་ཀྱང་མེད་དོ། །དེ་ཡང་འདིའི་ནང་དུ་འབྱུང་ན་ནི་གཟུགས་བརྙན་དེ་ཡང་མེ་ལོང་ཁོ་ནའི་ནང་དུ་འབྱུང་ན་ནི་ཕ་ཟད་གཞན་ན་དམིགས་པར་ཡང་མི་འགྱུར་བ་ཞིག་ན་དམིགས་ཏེ་དེ་ལྟ་བས་ན་དེ་ནི་ཅུང་ཟད་ཀྱང་མེད་ཀྱི་གང་དེ་ལྟར་སྣང་བ་དེ་ནི་གཟུགས་དང་མེ་ལོང་ལ་སོགས་པའི་མཚན་ཉིད་ཚོགས་པ་དེའི་མཐུ་ཡིན་ནོ། །ཆོས་རྣམས་ཀྱི་མཐུའི་བྱེ་བྲག་ནི་བསམ་གྱིས་མི་ཁྱབ་སྟེ། དཔེར་ན་ཁབ་ལོང་གིས་ལྕགས་ལེན་པར་སྣང་གི་ཤིང་ལ་སོགས་པ་མ་ཡིན་པ་དང༌། ཟླ་བ་ཤར་ནས་ཆུ་ཤེལ་ལས་ཆུ་འབྱུང་བར་སྣང་གི །སོལ་བ་ལ་སོགས་པ་ལས་ནི་མ་ཡིན་པ་ལྟ་བུའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བརྗོད་པར་བྱའོ། །མེ་ལོང་གི་རྒྱུད་དང་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་བརྙན་ནི་གཟུགས་ཀྱི་རྒྱུན་དུ་གྱུར་པ་མ་ཡིན་ཏེ། མེ་ལོང་གི་རྒྱུད་དང་འབྲེལ་པའི་ཕྱིར་མེ་ལོང་གི་གཟུགས་ལྟ་བུའོ། །ལྷན་ཅིག་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་གཟུགས་དང་དུས་གཞན་མཉམ་པའི་གཟུགས་ལྟ་བུར་རོ། །དེ་ལྟར་ན་སྐྱེ་བའི་སྲིད་པ་འཆི་བའི་སྲིད་པའི་རྒྱུན་དུ་གྱུར་པ་ཇི་ལྟ་བར་གཟུགས་བརྙན་ནི་གཟུགས་ཀྱི་དེ་ལྟ་བུ་མ་ཡིན་པས་གཟུགས་བརྙན་གྱི་དཔེ་བསྒྲུབ་པ་དང་མི་ལྡན་པ་ཡིན་ནོ། །འབྲུའི་རྒྱུན་ཕྱིས་འབྱུང་བའི་ངོ་བོའི་དཔེ་ནི་རང་གི་རྒྱུན་སྔ་མའི་རྒྱུན་ཅན་དུ་གྱུར་པ་ཡིན་པས་དེ་ལྟ་བས་ན་དཔེ་དང་མཐུན་པ་ཡིན་ནོ། །གཟུགས་བརྙན་ནི་གཉིས་ལས་འབྱུང་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཉིས་ཀྱིས་འབྱུང་བ་ནི་གཉིས་ལས་འབྱུང་བའོ། །དེའི་ཕྱིར་ཏེ་གཟུགས་དང་མེ་ལོང་ལས་ཞེས་བྱ་བའི་ཐ་ཚིག་གོ །གཟུགས་བརྙན་ནི་གཙོ་བོའི་རྒྱུ་མེ་ལོང་ལ་སོགས་པ་གང་ཡིན་པ་དེ་ལ་བརྟེན་ནས་འབྱུང་སྟེ། གཟུགས་བརྙན་གྱི་གཙོ་བོའི་རྒྱུ་ནི་མེ་ལོང་ལ་སོགས་པ་ཡིན་ཏེ། དེ་དག་གི་རྗེས་སུ་བྱེད་པའི་ཕྱིར་རོ། །འདི་ལྟ་སྟེ། གལ་ཏེ་རལ་གྲིའི་ཕྲེད་དུ་འདུག་ན་ནི་གཟུགས་བརྙན་ཡང་ཆུ་རིངས་སུ་འདུག་པར་སྣང་ལ་གལ་
ཏེ་བསྒྲེང་སྟེ་འདུག་ན་ནི་གཟུགས་བརྙན་ཡང་དེ་ཁོ་ན་ལྟར་སྣང་ན། སྐྱེ་བའི་སྲིད་པ་ཡང་དེ་ལྟར་འཆི་བའི་སྲིད་པ་དང༌། མེ་ལོང་ལྟ་བུ་གཙོ་བོའི་རྒྱུ་གང་ཡང་རུང་བ་ཞིག་དང་གཉིས་ལས་འབྱུང་བ་ནི་མེད་དོ། །གལ་ཏེ་ཕྱིའི་ཁུ་ཆུ་དང་ཁྲག་ལ་སོགས་པ་གཙོ་བོའི་རྒྱུ་ཡིན་ནོ་ཞེ་ན། སེམས་པ་མེད་པའི་ཕྱིར་དང་རྫུས་ཏེ་སྐྱེ་བ་རྣམས་ལ་ཡང་དེ་མེད་པའི་ཕྱིར་མ་ཡིན་ཏེ། དེའི་ཕྱིར་ཡང་དཔེ་འདི་ནི་མི་འདྲ་བ་ཡིན་ནོ། །འདིས་ཅི་ཞིག་བསྟན་པར་འགྱུར་ཞེ་ན། ཁྱད་པར་དུ་བྱས་པའི་གཏན་ཚིགས་ལ་དཔེ་འདི་མཐུན་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན། སྐྱེ་བའི་སྲིད་པའི་གཟུགས་ནི་གང་དང་བྲལ་བ་དང༌། གང་དུ་སྐྱེ་བ་དེ་དག་གི་བར་མའི་རྒྱུད་ལ་ཡོད་པའི་གཟུགས་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། གཉིས་ལས་འབྱུང་བ་མ་ཡིན་པ་ནི་ཉེ་བར་ལན་པ་གཟུགས་ཀྱི་རྒྱུན་གྱི་ངོ་བོའི་ངོ་བོ་ཉིད་ཅན་ཡིན་པའི་ཕྱིར་འབྲུའི་རྒྱུན་གྱིས་འབྱུང་བའི་ངོ་བོ་ལྟ་བུའོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་ཡིན་ན་བསྒྲུབ་པ་འདི་ལ་མ་ངེས་པ་ཉིད་ཀྱང་བརྗོད་པར་མི་ནུས་ལ། ཕྱིར་བསྒྲུབ་པར་བྱ་བ་ཡང་ནུས་པ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ལུང་གིས་ཀྱང་སྲིད་པ་བར་མ་ཡོད་པ་ཉིད་དུ་བསྒྲུབ་པའི་ཕྱིར། མགུར་ནས་གསུངས་ཕྱིར་ཡོད་ཅེས་བྱ་བ་སྨོས་ཏེ། རང་གི་མིང་ནས་བརྗོད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །མདོ་འདི་དག་མི་འདོན་ཏོ་ཞེས་བྱ་བ་ནི་སྡེ་པ་གཞན་དག་གོ །ཅིའི་ཕྱིར་མི་འདོན་ཅེ་ན། དེ་དག་གི་ལུང་དག་ལས་མི་འབྱུང་བའི་ཕྱིར་རོ། །སྡེ་པ་གཞན་གྱི་ལུང་ལས་གྲགས་པ་ཅི་སྟེ་ཚད་མར་མི་འཛིན་ཞེ་ན། ཡང་དག་པར་བསྡུས་པའི་བཞི་པོ་ཉམས་པས་མདོ་སྒྲོ་བཏགས་པ་ཡིན་པར་དོགས་པ་ཡིན་པའི་ཕྱིར་རོ། །གནས་གསུམ་ཞེས་བྱ་བ་ནི་རྒྱུ་གསུམ་སྟེ། མ་རུང་བ་ནི་ནང་མེད་པའོ། །ཟླ་མཚན་དང་ལྡན་པ་ནི་ཁྲག་དང་ལྡན་པ་སྟེ་འདི་གཉིས་ནི་གནས་དང་པོ་ཡིན་ནོ། །ཆགས་པར་གྱུར་ཅིང་ཕྲད་པ་ཞེས་བྱ་བ་ནི་འཁྲིག་པའི་ཆོས་བྱེད་པ་སྟེ། འདི་ནི་གནས་གཉིས་པ་ཡིན་ནོ། །དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ན་ཞེས་བྱ་བ་ནི་གསུམ་པ་ཡིན་ནོ། །ཕུང་པོ་ཞིག་པ་ཉེ་བར་
གནས་པར་གྱུར་ན་ཞེས་བྱ་བ་ནི་འཆི་བའི་སྲིད་པའོ། །ཕྱིར་མི་འོང་བ་ནི་ལྔ་ཞེས་བྱ་བ་དང༌། སྐྱེས་བུ་དམ་པའི་འགྲོ་བ་བདུན་ཞེས་བྱ་བ་ནི་གང་ཟག་བསྟན་པའི་མཛོད་ཀྱི་གནས་ནས་འཆད་པར་འགྱུར་རོ། །སྐྱེས་བ་ཞེས་བྱ་བ་ལ་སོགས་པ་ལ་ཡང་ཞེས་བྱ་བ་ནི་དེ་དག་ཀྱང་སྐྱེས་པ་ཞེས་བྱ་བའི་ལྷ་ཞིག་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་ཐལ་བར་འགྱུར་བའོ། །སྐྱེས་བུ་དམ་པའི་འགྲོ་བ་བདུན་ཞེས་བྱ་བ་ནི་བར་མདོར་ཡོངས་སུ་མྱ་ངན་ལས་འདའ་བ་དེ་དག་ཉིད་རྣམ་པ་གསུམ་དུ་ཕྱེ་ན་བདུན་དུ་འགྱུར་རོ། །དེའི་ཕྱིར་དུས་དང་ཡུལ་གྱི་ཁྱད་པར་གྱི་བྱེ་བྲག་གིས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདས་པ་གསུམ་དུ་བཤད་ཅེས་བྱ་བ་སྨོས་ཏེ། ཅི་རིགས་པར་དུས་ཀྱི་ཁྱད་པར་གྱི་བྱེ་བྲག་དང༌། ཡུལ་གྱི་ཁྱད་པར་གྱི་བྱེ་བྲག་གིས་སོ། །འདིར་མདོ་ཡང་གདོན་པར་བྱ་སྟེ། གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་ཁྱེད་ལ་སྐྱེས་བུ་དམ་པའི་འགྲོ་བ་བདུན་དང་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་བསྟན་གྱི། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །སྐྱེས་བུ་དམ་པའི་འགྲོ་བ་བདུན་གང་ཞེ་ན། འདི་ན་དགེ་སློང་འདི་ལྟར་ཞུགས་པ་ཡིན་ཏེ། བདག་འབྱུང་ཡང་ཅི་མ་རུང་སྙམ་པ་ཡང་མེད་ལ། བདག་གི་འབྱུང་ཡང་ཅི་མ་རུང་སྙམ་པ་ཡང་མེད་པ་དག་འབྱུང་བར་འགྱུར་རོ་སྙམ་པ་ཡང་མེད་བདག་གི་འབྱུང་བར་འགྱུར་རོ་སྙམ་པ་ཡང་མེད་ཅིང༌། ཡོད་པ་གང་ཡིན་པ་དང་ཡང་དག་པ་གང་ཡིན་པ་དེ་སྤང་བར་བྱའོ་སྙམ་པའི་བཏང་སྙོམས་འཐོབ་པོ། །དེ་སྲིད་པ་འདི་ལ་ཆགས་པ་མེད་ལ། དེ་ནས་ཤེས་རབ་ཀྱི་གོ་འཕང་ཞི་བ་མཆོག་ཀྱང་རྟོགས་ཤིང་འདིས་གོ་འཕང་དེ་ཡང་ལུས་ཀྱིས་མངོན་དུ་བྱས་པར་འགྱུར་རོ། །དགེ་སློང་དེ་ལྟར་ཞུགས་པའི་འགྲོ་བ་ནི་གང་ཡིན། སྐྱེ་བ་ནི་གང་ཡིན། ཚེ་རབས་གཞན་ནི་གང་ཡིན་ཞེས་འདྲི་བར་བྱེད་པ་ཡོད་ན། དགེ་སློང་དག་དཔེར་ན་ཞོགས་མའི་མེ་ཆུང་ངུ་མངོན་པར་འགྲུབ་བཞིན་དུ་འཆི་བར་འགྱུར་བ་དེ་བཞིན་དུ་དེའི་ང་
རྒྱལ་གྱི་ལྷག་མ་དེ་ཙམ་ཞིག་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ལས་དེའི་ང་རྒྱལ་གྱི་ལྷག་མ་དེ་སྤངས་ཤིང་ཡོངས་སུ་ཤེས་ནས་ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། འདི་ནི་སྐྱེས་བུ་དམ་པའི་འགྲོ་བ་དང་པོ་ཡིན་པར་བཤད་དོ། །གཞན་ཡང་འདི་ལྟར་ཞུགས་པ་ཡིན་ཏེ། བདག་འབྱུང་ཡང་ཅི་མ་རུང་སྙམ་པ་ཡང་མེད་ཅེས་བྱ་བ་ནས་འདྲི་བར་བྱེད་པ་ཡོད་ན་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དཔེར་ན་ལྕགས་ཀྱི་ཐུ་ལུམ་མམ་ཐོང་ལྕགས་མེ་ཀུན་དུ་འབར་བའི་ནང་དུ་རབ་ཏུ་བསྲེགས་པ་ལྕགས་ཀྱི་ཐོ་བས་བརྡུངས་པ་རྣམས་ཀྱི་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བཞིན་དུ་འཆི་བར་འགྱུར་བ་དེ་བཞིན་དུ་དེའི་ཞེས་བྱ་བ་ནས་ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། འདི་ནི་སྐྱེས་བུ་དམ་པའི་འགྲོ་བ་གཉིས་པ་ཡིན་ནོ། །གཞན་ཡང་དགེ་སློང་འདི་ལྟར་ཞུགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་ནས་ས་ལ་མ་ལྷུང་བ་ཉིད་དུ་འཆི་བར་འགྱུར་རོ། །དེ་བཞིན་དུ་དེའི་ཞེས་བྱ་བ་ནས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། འདི་ནི་སྐྱེས་བུ་དམ་པའི་འགྲོ་བ་གསུམ་པ་ཡིན་ནོ། །གཞན་ཡང་དགེ་སློང་འདི་ལྟར་ཞུགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྔས་མ་བཞིན་ནོ། །ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་ནས་ས་ལ་ལྷུང་མ་ཐག་ཏུ་འཆི་བར་འགྱུར་རོ། །དེ་བཞིན་དུ་དེའི་ཞེས་བྱ་བ་ནས་ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པས་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། འདི་ནི་སྐྱེས་བུ་དམ་པའི་འགྲོ་བ་བཞི་པ་ཡིན་ནོ། །གཞན་ཡང་དགེ་སློང་འདི་ལྟར་ཞུགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་ནས་རྩྭ་དང་ཤིང་ཉུང་ངུའི་ནང་དུ་ལྟུང་ཞིང་དེས་དེར་དུ་བ་ཡང་འཐུལ་བར་བྱེད་མེ་ལྕེ་ཡང་སྐྱེད་པར་བྱེད་ལ། དེས་དེར་དུ་བ་ཡང་
འཐུལ་བར་བྱས་མེ་ལྕེ་ཡང་བསྐྱེད་ནས་རྩྭ་དང་ཤིང་ཉུང་ངུ་དེ་ཁོ་ན་མ་ལུས་པར་བསྲེགས་ཏེ་ཉེ་བར་ལེན་པ་མེད་པར་འཆི་བར་འགྱུར་རོ། །དེ་བཞིན་དུ་དེའི་ཞེས་བྱ་བ་ནས་ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པས་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། འདི་ནི་སྐྱེས་བུ་དམ་པའི་འགྲོ་བ་ལྔ་པ་ཡིན་ནོ། །གཞན་ཡང་དགེ་སློང་འདི་ལྟར་ཞུགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་ནས་རྩྭ་དང་ཤིང་མང་ཞིང་ཕལ་ཆེ་བའི་ནང་དུ་ལྷུང་ཞིང༌། དེས་དེར་དུ་པ་ཡང་འཐུལ་བར་བྱེད་མེ་ལྕེ་ཡང་སྐྱེད་པར་བྱེད་ལ། དེས་དེར་དུ་བ་ཡང་འཐུལ་བར་བྱས། མེ་ལྕེ་ཡང་བསྐྱེད་ནས་རྩྭ་དང་ཤིང་མང་ཞིང་ཕལ་ཆེ་བ་དེ་ཁོ་ན་མ་ལུས་པར་བསྲེགས་ཏེ་ཉེ་བར་ལེན་པ་མེད་པར་འཆི་བར་འགྱུར་རོ། །དེ་བཞིན་དུ་དེའི་ཞེས་བྱ་བ་ནས་ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པས་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། འདི་ནི་སྐྱེས་བུ་དམ་པའི་འགྲོ་བ་དྲུག་པ་ཡིན་ནོ། །གཞན་ཡང་དགེ་སློང་འདི་ལྟར་ཞུགས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་ནས་རྩྭ་དང་ཤིང་མང་ཞིང་ཕལ་ཆེ་བའི་ནང་དུ་ལྷུང་ཞིང་དེས་དེར་དུ་བ་འཐུལ་བར་བྱེད་མེ་ལྕེ་ཡང་སྐྱེད་པར་བྱེད། དེས་དེར་དུ་བ་ཡང་འཐུལ་བར་བྱས། མེ་ལྕེ་ཡང་བསྐྱེད་ནས་རྩྭ་དང་ཤིང་མང་ཞིང་ཕལ་ཆེ་བ་དེ་ཁོ་ན་ཡང་མ་ལུས་པར་བསྲེགས་ཏེ་གྲོང་ཡང་སྲེག་པར་བྱེད། གྲོང་གི་ཕྱོགས་ཀྱང་སྲེག་པར་བྱེད། གྲོང་ཁྱེར་ཡང་སྲེག་པར་བྱེད། གྲོང་ཁྱེར་གྱི་ཕྱོགས་ཀྱང་སྲེག་པར་བྱེད། ཡུལ་ཡང་སྲེག་པར་བྱེད། ཡུལ་ཕྱོགས་ཀྱང་སྲེག་པར་བྱེད། ལྷབ་ལྷུབ་ཀྱང་སྲེག་པར་བྱེད། ནགས་ཚལ་ཡང་སྲེག་པར་བྱེད། ཚང་ཚིང་ཡང་སྲེག་པར་བྱེད་ལ། གྲོང་གི་བར་ཡང་བསྲེགས་ཤིང་ཚང་ཚིང་གི་བར་ཡང་མ་ལུས་པར་བསྲེགས་ཏེ། ལམ་ལ་ཐུག་གམ་ཆུ་ལ་ཐུག་གམ་ས་ཕྱོགས་སྔོན་རྩྭ་ཉུང་བ་ལ་ཐུག་
ནས་ཉེ་བར་ལེན་པ་མེད་པར་འཆི་བར་འགྱུར་རོ། །དེ་བཞིན་དུ་དེའི་ཞེས་བྱ་བ་ནས་ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པས་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །གོང་དུ་འཕོ་བར་འགྱུར་ཏེ། འདི་ནི་སྐྱེས་བུ་དམ་པའི་འགྲོ་བ་བདུན་པ་ཡིན་པར་བཤད་དོ། །ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། འདི་ནི་དགེ་སློང་འདི་ལྟ་བུར་ཞུགས་པ་ཡིན་ཏེ་ཞེས་བྱ་བ་ནས་འདྲི་བར་བྱེད་པ་ཡོད་ན་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ལྟར་ཞུགས་པའི་དགེ་སློང་ནི་ཤར་ཕྱོགས་སུ་འགྲོ་བར་ཡང་མི་སྨྲ་ལ། ལྷོ་ཕྱོགས་སུ་ཡང་མ་ཡིན། ནུབ་ཕྱོགས་སུ་ཡང་མ་ཡིན། བྱང་ཕྱོགས་སུ་ཡང་མ་ཡིན། འོག་ཏུ་ཡང་མ་ཡིན། སྟེང་དུ་ཡང་མ་ཡིན། ཕྱོགས་མཚམས་སུ་ཡང་མ་ཡིན། གཞན་དུ་ཡང་མ་ཡིན་གྱི་མཐོང་བའི་ཆོས་ཁོ་ན་ལ་སྲེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་བསིལ་བར་འགྱུར་བ་ཚངས་པར་གྱུར་པ་ཡིན་ནོ་ཞེས་སྨྲའོ། །འདི་ནི་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ། དགེ་སློང་དག་ངས་ཁྱེད་ལ་སྐྱེས་བུ་དམ་པའི་འགྲོ་བ་བདུན་དང༌། ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་བསྟན་གྱི་ཞེས་སྨྲས་པ་གང་ཡིན་པ་དེ་ནི་བཤད་ཟིན་ཏོ། །གཞན་དག་ན་རེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཚེའི་ཚད་དེའི་བར་རོ། །ཚེའི་ཚད་ཀྱི་བར་དེ་ཡོངས་སུ་མ་ཟད་པ་ཞེས་བྱ་བའི་ཐ་ཚིག་གོ །ལྷ་དང་ཉེ་བའི་བར་དུ་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་དྲུང་ནི་ལྷ་དང་ཉེ་བ་སྟེ་ལྷ་དང་ཉེ་བའི་འགྲོ་བའི་བར་དུ་ཉོན་མོངས་པ་རྣམས་སྤོང་བར་བྱེད་པ་གང་ཡིན་པ་དེ་ནི་བར་མདོར་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ། །དེ་ཡང་ཁམས་ཀྱི་གནས་སྐབས་པ་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་མ་ཐག་པ་ཉོན་མོངས་པའི་ས་བོན་གྱི་གནས་སྐབས་པ་གང་ཡིན་པ་སྟེ་ཉོན་མོངས་པ་ཀུན་དུ་མི་སྤྱོད་པ་ཞེས་བྱ་བའི་ཐ་ཚིག་གོ །འདུ་ཤེས་ཀྱི་གནས་སྐབས་པ་ནི་ཡུལ་གྱི་འདུ་ཤེས་ཀུན་དུ་སྤྱོད་པའི་གནས་སྐབས་ན་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་སྟེ། འདི་ནི་ཁམས་ཀྱི་གནས་སྐབས་
པ་བས་ཆེས་འཕྱི་སྟེ་མྱ་ངན་ལས་འདའ་བའོ། །རྣམ་པར་རྟོག་པའི་གནས་སྐབས་པ་ནི་རྣམ་པར་རྟོག་པ་ཀུན་དུ་སྤྱོད་པའི་གནས་སྐབས་ན་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་སྟེ། འདི་ཡང་འདུ་ཤེས་ཀྱི་གནས་སྐབས་པ་བས་ཆེས་འཕྱི་སྟེ་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཇི་སྐད་བཤད་པའི་དཔེ་གསུམ་པོ་དེས་ན་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་རྣམ་པ་གསུམ་ཡིན་ནོ། །ཡང་ན་དང་པོ་ནི་རིས་མཐུན་པ་ཡོངས་སུ་བླངས་ནས་ཞེས་བྱ་བ་ནི་སྐྱེས་མ་ཐག་ཏུ་ཞེས་བྱ་བའི་ཐ་ཚིག་སྟེ། གང་གི་དཔེར་ཞོགས་མའི་མེ་ཆུང་ངུ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །གཉིས་པ་ནི་ལྷ་རྣམས་ཀྱི་འབྱོར་བ་ཉམས་སུ་མྱོང་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ་ཞེས་བྱ་བ་ནི་གང་གིས་དཔེར་ན་ལྕགས་ཀྱི་ཚ་ཚ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །གསུམ་པ་ནི་ཆོས་ཡང་དག་པར་འགྲོ་བའི་ནང་དུ་ཞུགས་ཤིང་ཆོས་ཀྱི་འབེལ་བའི་གཏམ་ལ་ཞུགས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། གང་གི་དཔེར་ན་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་ནས་ས་ལ་མ་ལྷུང་བ་ཉིད་དུ་འཆི་བར་འགྱུར་བ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །དེ་ལྟར་ན་སྡེ་པ་གཞན་དག་གིས་སྲིད་པ་བར་མ་མེད་པར་ཡང་ཇི་ལྟར་ན་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཡོད་པ་དང༌། ཇི་ལྟར་ན་དེ་དཔེ་གསུམ་གྱིས་རྣམ་པ་གསུམ་ཐ་དད་པ་དེ་ལྟར་བསྒྲུབས་པ་ཡིན་ནོ། །དེ་ལྟར་བསྒྲུབས་པ་དང༌། འདི་སྐད་དུ་གལ་ཏེ་ཆོས་ཡང་དག་པར་འགྲོ་བའི་ནང་དུ་ཞུགས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་དེ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་པར་འདོད་ན་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཅི་འདྲ་བ་ཞིག་ཡིན་པར་འགྱུར་ཞེས་རྒོལ་བར་འགྱུར་བས་དེའི་ཕྱིར། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཡང་དག་པར་འགྲོ་བ་མཆོག་དང་ལྡན་པའི་ནང་དུ་ཞུགས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་སྨོས་ཏེ། མཆོག་དང་ལྡན་པའི་ཕྱིར་སྐྱེས་པའི་དོན་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ཡང་དག་པར་འགྲོ་བའི་ནང་དུ་ཞུགས་ནས་ཞེས་བྱ་
བར་འདྲ་བའི་ཕྱིར་བྱེ་བྲག་འདི་རུང་བ་མ་ཡིན་ནོ་ཞེས་སྨྲ་བའི་ཀླན་ཀ་ཡོད་པར་བསམས་ནས་ཡང་ཚེ་ཕལ་ཆེར་བཅོམ་ནས་ཞེས་བྱ་བ་སྨོས་ཏེ། ཚེ་ཕལ་ཆེར་ཟད་པར་བྱས་ནས་ཡོངས་སུ་མྱ་ངན་ལས་འདའ་བའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་ཐམས་ཅད་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཁམས་ཀྱི་གནས་སྐབས་པ་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་ཞོགས་མ་ལ་སོགས་པའི་དཔེ་དག་དང་མི་འབྱོར་ཏོ། །ཅིའི་ཕྱིར་ཞེ་ན། ཡུལ་དུ་འགྲོ་བའི་བྱེ་བྲག་མེད་པའི་ཕྱིར་ཏེ། ཡུལ་དུ་འགྲོ་བའི་ཁྱད་པར་མེད་པའི་ཕྱིར་རོ། །འདི་དག་ལ་ནི་ཡུལ་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ཡུལ་དུ་འགྲོ་བའི་བྱེ་བྲག་མེད་ལ་མདོ་ལས་གསུངས་པའི་དཔེ་གསུམ་པོ་ལ་ནི་ཡུལ་དུ་འགྲོ་བའི་བྱེ་བྲག་ཡོད་པས་དེ་དག་དང་མི་འབྱོར་ཏོ། །གཟུགས་མེད་པ་དག་ཏུ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གལ་ཏེ་དེ་ལྟར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཁོ་ན་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཉིད་ཡིན་པར་རྣམ་པར་གཞག་པར་གྱུར་ན། གཟུགས་མེད་པ་རྣམས་སུ་ཡང་དེ་དག་དེ་བཞིན་དུ་གསུངས་པར་འགྱུར་ཏེ། དེ་ན་ཚེའི་ཚད་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་མདོའི་དོན་ནི་ཚེའི་ཚད་ཀྱི་བར་དུའམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་མ་ཡིན་ནོ། །ཡང་གཟུགས་མེད་པ་དག་ཏུ་བར་མདོར་ཡོངས་སུ་མྱ་ངན་ལས་འདའ་བ་མ་གསུངས་པར་ཅི་མངོན་ཞེ་ན་དེའི་ཕྱིར། བསམ་གཏན་དག་གིས་བཅུ་ཚན་བཞི། །ཞེས་བྱ་བ་རྒྱས་པར་སྨོས་ཏེ། བསམ་གཏན་བཞིས་མདོའི་དོན་རྣམས་བཅུ་ཚན་བཞི་སྟེ། བསམ་གཏན་དང་པོ་ལ་བཅུ་ཚན་གཅིག་ནས་བསམ་གཏན་བཞི་པ་ལ་བཅུ་ཚན་གཅིག་གི་བར་དུ་མཛད་ནས་སོ། །གཟུགས་མེད་དག་གི་བདུན་ཚན་གསུམ། །ཞེས་བྱ་བ་ནི་ནམ་མཁའ་དང་རྣམ་ཤེས་དང་ཅི་ཡང་མེད་པའི་སྐྱེ་མཆེད་དག་གིས་ནི་དེ་གསུམ་ན་སྲིད་པ་བར་མ་མེད་པའི་ཕྱིར་དང༌། སྐྱེ་བའི་གནས་མེད་པས་གཉིས་མེད་པའི་ཕྱིར་བདུན་ཚན་གསུམ་སྟེ་དེ་མཛད་ནས་སོ། །འདུ་
ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ན་ནི་གསུམ་པོ་དེ་དག་ཉིད་དང༌། གོང་དུ་འཕོ་བ་མེད་པའི་ཕྱིར་དྲུག་ཚན་དུ་མཛད་ནས་ཚོམ་བུ་ཡང་དག་སྡེབས། སྤེལ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟ་ཞེ་ན། འདི་ན་དགེ་སློང་རྣམ་པ་གང་དག་དང༌། རྟགས་གང་དག་དང༌། མཚན་མ་གང་དག་གིས་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་པ་དེ་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་དེ་གང་ཞེ་ན་དམིགས་པའི་གཟུགས་ཀྱི་རྣམ་པའམ། ཚོར་བའི་རྣམ་པའམ། འདུ་ཤེས་ཀྱི་རྣམ་པའི་ཆོས་དེ་དག་ལ་ནད་དུ་ཡིད་ལ་བྱེད་ཅིང༌། འབྲས་དང༌། ཟུག་རྔུ་དང༌། སྡིག་པ་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པར་ཡིད་ལ་བྱེད་དོ། །དེས་ཆོས་དེ་དག་ལ་ནད་དུ་ཡིད་ལ་བྱས་ཤིང་བདག་མེད་པའི་བར་དུ་ཡིད་ལ་བྱས་ནས་ཆོས་དེ་དག་ལ་ཡིད་འབྱུང་བར་བྱེད། འཇིགས་པར་བྱེད། ཕྱིར་ཟློག་པར་བྱེད་དོ། །དེས་ཆོས་དེ་དག་ལ་ཡིད་འབྱུང་བར་བྱས། འཇིགས་པར་བྱས། ཕྱིར་བཟློག་པར་བྱས་ནས་འདི་ལྟ་སྟེ། ཕུང་པོ་ཐམས་ཅད་ངེས་པར་སྤངས་པ་སྲེད་པ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པའི་མྱ་ངན་ལས་འདས་པ་འདི་ནི་ཞི་པའོ། །འདི་ནི་གྱ་ནོམ་པའོ་ཞེས་བདུད་རྩིའི་གོ་འཕང་ལ་གཏོད་དོ་ཞེས་བྱ་བ་དང༌། མདོ་དེ་ཉིད་བརྗོད་ནས་ཁྱད་པར་ནི་འདི་ཡིན་ཏེ། དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་དེ་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ཞིང་སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །རྣམ་པར་གྲོལ་ན་བདག་ནི་རྣམ་པར་གྲོལ་ལོ་ཞེས་བྱ་བར་ཡེ་ཤེས་མཐོང་བར་འགྱུར་ཏེ། བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྟེན། བྱ་བ་ནི་བྱས་ཏེ། འདི་ལས་སྲིད་པ་གཞན་མི་ཤེས་སོ་སྙམ་མོ་ཞེས་བྱ་བ་དང༌། མདོ་དེ་ཉིད་བརྗོད་ནས་རྣམ་པར་མི་འགྲོལ་གྱི། འོན་ཀྱང་ཆོས་ལ་
འདུན་པ་དེ་ཉིད་དང༌། ཆོས་ལ་ཆགས་པ་དེ་ཉིད་དང༌། ཆོས་ལ་དགའ་བ་དེ་ཉིད་དང༌། ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱིས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བ་དང༌། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། འོན་ཀྱང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བ་དང༌། སྐྱེས་ནས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། འོན་ཀྱང་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བ་དང༌། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། འོན་ཀྱང་མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བ་དང༌། མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། འོན་ཀྱང་གོང་དུ་འཕོ་བར་འགྱུར་རོ་ཞེས་བྱ་བ་དང༌། གོང་དུ་འཕོ་བར་མི་འགྱུར་གྱི། འོན་ཀྱང་ཆོས་ལ་འདུན་པ་དེ་ཉིད་དང༌། ཆོས་ལ་ཆགས་པ་དེ་ཉིད་དང༌། ཆོས་ལ་དགའ་བ་དེ་ཉིད་དང༌། ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱིས་ཚངས་ཆེན་པའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དང༌། ཚངས་ཆེན་པའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། འོན་ཀྱང་ཆོས་ལ་འདུན་པ་དེ་ཉིད་དང༌། སྔ་མ་བཞིན་དུ་ཆོས་ལ་མངོན་པར་དགའ་བའི་བར་དེ་ཉིད་ཀྱིས་ཚངས་པའི་མདུན་ན་འདོན་པའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དང༌། ཚངས་ཆེན་པོའི་མདུན་ན་འདོན་པའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། འོན་ཀྱང་ཆོས་ལ་འདུན་པ་དེ་ཉིད་ཀྱིས་ཆོས་ལ་མངོན་པར་དགའ་བའི་བར་དེ་ཉིད་ཀྱིས་ཚངས་རིས་པའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དང༌། འདི་ན་དགེ་སློང་རྣམ་པ་གང་དག་དང༌། རྟགས་གང་དག་དང༌། མཚན་མ་གང་དག་གིས་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་
པ་མེད་པ་དང་དཔྱོད་པ་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་པ་དེ་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་གང་དེ་ཉིད་ན་དམིགས་པ་ཞེས་བྱ་བ་ནས། འདོད་ཆགས་དང་བྲལ་བ་འགོག་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་གྱི་གཞུང་ཐམས་ཅད་སྔ་མ་བཞིན་ནོ། །མདོ་དེ་ཉིད་བརྗོད་ནས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་དེ། འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ཞིང་སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་ལས་ཞེས་བྱ་བ་ནས་བྱ་བ་ནི་བྱས་ཏེ་འདི་ལས་སྲིད་པ་གཞན་མི་ཤེས་སོ་སྙམ་མོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ།། །།བམ་པོ་ཉི་ཤུ་བཞི་པ། མདོ་དེ་ཉིད་བརྗོད་ནས་རྣམ་པར་མི་གྲོལ་གྱི། འོན་ཀྱང་ཆོས་ལ་འདུན་པ་དེ་ཉིད་ནས་ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱི་བར་གྱིས་འོད་གསལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དང༌། འོད་གསལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། འོན་ཀྱང་ཆོས་ལ་འདུན་པ་དེ་ཉིད་ནས་ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱི་བར་གྱིས་ཚད་མེད་འོད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དང༌། ཚད་མེད་འོད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། འོན་ཀྱང་སྔ་མ་བཞིན་དུ་ཆོས་ལ་འདུན་པ་དེ་ཉིད་ནས་ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱི་བར་གྱིས་འོད་ཆུང་གི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དང༌། འདི་ན་དགེ་སློང་རྣམ་པ་གང་དག་དང༌། རྟགས་གང་དག་དང༌། མཚན་མ་གང་དག་གིས་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་ལ་གནས་པ་བདེ་བ་ལ་གནས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་པ་དེ་རྣམ་པ་དེ་དག་དང༌། རྟགས་དེ་དག་དང༌། མཚན་མ་དེ་དག་ཡིད་ལ་མི་བྱེད་ཀྱི་ཞེས་བྱ་བ་
མདོ་ཐམས་ཅད་སྔ་མ་བཞིན་ནོ། །རིས་མཐུན་པ་འབའ་ཞིག་ལ་ཁྱད་པར་ཡོད་དེ། གོང་དུ་འཕོ་བར་མི་འགྱུར་གྱི། འོན་ཀྱང་སྔ་མ་བཞིན་དུ་ཆོས་ལ་འདུན་པ་ད་ཉིད་ནས་ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱི་བར་གྱིས་དགེ་རྒྱས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དང༌། དགེ་རྒྱས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། འོན་ཀྱང་སྔ་མ་བཞིན་དུ་དེ་ཉིད་ཀྱིས་ཚད་མེད་དགེ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དང༌། ཚད་མེད་དགེ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། འོན་ཀྱང་སྔ་མ་བཞིན་དུ་དེ་ཉིད་ཀྱིས་དགེ་ཆུང་གི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱ་བར་འགྱུར་རོ་ཞེས་བྱ་བ་དང༌། འདི་ན་དགེ་སློང་རྣམ་པ་གང་དག་དང༌། རྟགས་གང་དག་དང༌། མཚན་མ་གང་དག་གིས་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་སྤོངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ཡོངས་སུ་རྫོགས་པར་བྱས་ཏེ། གནས་པ་དེ་རྣམ་པ་དེ་དག་དང༌། རྟགས་དེ་དག་དང༌། མཚན་མ་དེ་དག་ཅེས་བྱ་བར་མདོ་ཐམས་ཅད་སྔ་མ་བཞིན་དུ་བརྗོད་པར་བྱའོ། །ལྷའི་རིས་སུ་སྐྱེ་བ་ནི་ཁྱད་པར་དུ་བྱ་སྟེ། ཆོས་ལ་མངོན་པར་དགའ་བའི་བར་དེ་ཉིད་ཀྱིས་འབྲས་བུ་ཆེ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དང༌། སྐྱེ་བར་མི་འགྱུར་གྱི་ཞེས་བྱ་བ་སྔ་མ་བཞིན་ཏེ། བསོད་ནམས་སྐྱེས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དང༌། སྐྱེ་བར་མི་འགྱུར་གྱི་ཞེས་བྱ་བ་སྔ་མ་བཞིན་ཏེ། སྤྲིན་མེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དང༌། འདི་ན་དགེ་སློང་རྣམ་པ་གང་དག་དང༌། རྟགས་གང་དག་དང༌། མཚན་མ་གང་དག་གིས་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་
ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དེ་རྣམ་པ་དེ་དག་དང་ཞེས་བྱ་བ་སྔ་མ་བཞིན་ནོ། །དེས་ན་གཟུགས་མེད་པའི་ཕྱིར་གཟུགས་ཀྱི་རྣམ་པ་ཞེས་བྱ་བ་འབའ་ཞིག་ནི་གདོན་པར་མི་བྱའོ། །འགོག་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་མདོ་དེ་ཉིད་བརྗོད་ནས་ཁྱད་པར་ནི་འདི་ཡོད་དེ། དེ་ལྟར་ཤེས་ཤིང་ཞེས་བྱ་བ་ནས། འདི་ལས་སྲིད་པ་གཞན་མི་ཤེས་སོ་སྙམ་མོ་ཞེས་བྱ་བའི་བར་ཐམས་ཅད་སྔ་མ་བཞིན་ནོ། །མདོ་དེ་ཉིད་བརྗོད་ནས། རྣམ་པར་མི་འགྲོལ་གྱི་འོན་ཀྱང་ཆོས་ལ་འདུན་པ་དེ་ཉིད་ནས་ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱི་བར་གྱིས་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བ་དང༌། སྐྱེས་ནས་ཡོངས་སུ་མྱ་ངན་ལས་མི་འདའ་བར་འགྱུར་གྱི་འོན་ཀྱང་དེ་ཉིད་ཀྱིས་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བ་ནས་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི་ཞེས་བྱ་བའི་བར་ཐམས་ཅད་བརྗོད་ནས། གོང་དུ་འཕོ་བའི་བར་དུ་མི་འགྱུར་གྱི། འོན་ཀྱང་སྔ་མ་བཞིན་དུ་ཆོས་ལ་མངོན་པར་དགའ་བའི་བར་དེ་ཉིད་ཀྱིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དང༌། འདི་ན་དགེ་སློང་རྣམ་པ་གང་དག་དང༌། རྟགས་གང་དག་དང༌། མཚན་མ་གང་དག་གིས་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དེ་རྣམ་པ་དེ་དག་དང་ཞེས་བྱ་བ་མདོ་བདུན་པོ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བཞིན་དུ་བརྗོད་པར་བྱའོ། །ཁྱད་པར་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བྱ་བ་འབའ་ཞིག་ཡོད་དོ། །ཡང་འདི་ན་དགེ་སློང་རྣམ་པ་
གང་དག་དང༌། རྟགས་གང་དག་དང༌། མཚན་མ་གང་དག་གིས་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དེ་རྣམ་པ་དེ་དག་དང་ཞེས་བྱ་བ་མདོ་བདུན་སྔ་མ་བཞིན་ནོ། །གང་འདི་ན་དགེ་སློང་རྣམ་པ་གང་དག་དང་ཞེས་བྱ་བ་ནས་མཚན་མ་གང་དག་གིས་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བའི་བར་གོང་དུ་འཕོ་བ་གཅིག་པུ་མ་གཏོགས་པ་མདོ་ཐམས་ཅད་སྔ་མ་བཞིན་དུ་བརྗོད་པར་བྱའོ། །དེ་ལྟར་ན་བསམ་གཏན་བཞིས་ནི་འཆི་བ་མེད་པའི་དབྱིངས་ལ་སེམས་གཏོད་པ་དང༌། སེམས་རྣམ་པར་གྲོལ་བ་དང༌། བར་མ་དོ་དང༌། སྐྱེས་ནས་དང༌། མངོན་པར་འདུ་བྱེད་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་དང་བཅས་པ་དང༌། ཡོངས་སུ་མྱ་ངན་ལས་འདའ་བ་དང༌། གོང་དུ་འགྲོ་བ་དང༌། སྐྱེ་གནས་སུ་སྐྱེ་བའི་ངོ་བོ་ཉིད་མདོའི་དོན་བཅུ་ཚན་བཞི་བཤད་པ་ཡིན་ནོ། །གཟུགས་མེད་པ་དང་པོ་གསུམ་གྱིས་ནི་འཆི་བ་མེད་པའི་དབྱིངས་ལ་སེམས་གཏོད་པ་དང༌། སེམས་རྣམ་པར་གྲོལ་བ་དང༌། སྐྱེས་ནས་དང༌། མངོན་པར་འདུ་བྱེད་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། གོང་དུ་འགྲོ་བ་དང༌། སྐྱེ་གནས་སུ་སྐྱེ་བ་ཉིད་མདོའི་དོན་བདུན་ཚན་གསུམ་མོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱིས་ནི་གོང་དུ་འགྲོ་བ་མ་གཏོགས་པ་དྲུག་ཚན་བཤད་དོ། །དེའི་ཕྱིར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་དེའི་ཚེ་ཚད་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ་ཞེས་བརྗོད་པར་བྱ་རུང་བ་མ་ཡིན་ཏེ། སྒྲ་མི་སྙན་མ་གཏོགས་པར་འཆི། །ཞེས་འབྱུང་བའི་ཕྱིར་གཟུགས་མེད་པ་དག་ན་ཡང་བར་མ་དོར་འཆི་བ་སྲིད་དོ། །དེ་ལྟ་བས་ན་ལུང་ལས་ཀྱང་སྲིད་པ་བར་མ་གྲུབ་སྟེ། ཀྱང་ཞེས་བྱ་
བའི་སྒྲས་ནི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བ་ཡིན་ནོ། །བདུད་སུན་འབྱིན་བྱེད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་ཉན་ཐོས་མཐས་མགུ་ཞེས་བྱ་བ་ལ། དེའི་ཚེ་བདུད་སུམ་འབྱིན་བྱེད་ཅེས་བྱ་བ་ཞིག་གི་གླད་དུ་ཁུ་ཚུར་གྱིས་བསྣུན་པ་ལས་དེས་མ་རངས་པའི་སྐད་བྱུང་བ་དང་སྐད་ཅིག་དེ་ཉིད་ལ་རང་གི་ལུས་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྷུང་ངོ་ཞེས་བྱ་བ་ཡིན་ཏེ། རང་གི་ལུས་ཁོ་ནས་ཞེས་འབྱུང་བའི་ཕྱིར་སྲིད་པ་བར་མ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །དེ་གསོན་པོ་ཁོ་ནར་དམྱལ་བའི་མེ་དག་གིས་ཞེས་བྱ་བ་ལ་དགོངས་པ་ནི་བདུད་དེ་གསོན་པོ་ཁོ་ནར་དམྱལ་བ་ལས་བྱུང་བའི་མེ་དག་གིས་བསྐོར་ནས་རང་གི་ལུས་ཀྱི་གནས་སྐབས་ལ་སྡུག་བསྔལ་སྐྱེས་པའི་ཕྱིར་རང་གི་ལུས་ཁོ་ནས་ལྷུང་ངོ་ཞེས་བཤད་ཀྱི་ཤི་ནས་སྲིད་པ་བར་མའི་གནས་སྐབས་དང་དམྱལ་བར་སྐྱེ་བའི་སྲིད་པའི་གནས་སུ་སོང་བར་མ་གྱུར་པ་ནི་མ་ཡིན་ནོ་སྙམ་པ་ཡིན་ནོ། །ལས་ཤིན་ཏུ་དྲག་པོ་ཡོངས་སུ་རྫོགས་པ་རྣམས་ཞེས་བྱ་བ་ནི་ཞིང་དང་བསམ་པའི་ཁྱད་པར་དང་ལྡན་པའི་ཕྱིར་ཤིན་ཏུ་དྲག་པོ་རྣམས་སོ། །བསགས་པའི་ཕྱིར་ཡོངས་སུ་རྫོགས་པ་རྣམས་སོ། །དེ་མ་ཐག་ཏུ་དམྱལ་བ་དག་ཏུ་སྐྱེའོ་ཞེས་བྱ་བ་ནི་དེ་མ་ཐག་ཅེས་འབྱུང་བའི་ཕྱིར་སྲིད་པ་བར་མ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །འགྲོ་བ་གཞན་དུ་མི་འགྲོ་བར་ཞེས་བྱ་བ་ལ་དགོངས་པ་ནི་བཀའ་འདི་སྐྱེ་བ་གཞན་དག་དགག་པ་ལྷུར་མཛད་པ་ཡིན་གྱི། སྲིད་པ་བར་མ་དགག་པ་ལྷུར་མཛད་པ་ནི་མ་ཡིན་ནོ་སྙམ་པ་ཡིན་ནོ། །ལྔ་ཁོ་ན་ཞེས་བྱ་བ་ནི་གལ་ཏེ་སྒྲ་ཇི་བཞིན་དུ་བརྟགས་ན་ལྔ་ཞེས་འབྱུང་བས་མཚམས་མེད་པ་ལྔ་ཁོ་ན་བྱས་པར་འགྱུར་གྱི། གཅིག་གམ་གཉིས་ཀྱིས་ནི་དམྱལ་བར་འགྲོ་བར་མི་འགྱུར་རོ་ཞེས་བྱ་བ་ནི་འདིར་ཡང་འགྱུར་ལ། གང་དག་བྱས་ཤིང་བརྩམས་ནས་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་བྱས་མ་ཐག་ཏུ་སྟེ་མཚམས་མེད་པ་བྱས་མ་ཐག་སྟུ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་གྱི་དུས་གཞན་གྱི་བར་དུ་
གསོན་པོར་འདུག་ནས་ཀྱང་མ་ཡིན་ནོ་ཞེས་བྱ་བར་ཡང་འགྱུར་རོ། །སྲིད་པ་བར་མར་སྐྱེ་བ་ཉིད་ཡིན་པར་གོ་སུ་ཞིག་མི་འདོད་ཅེས་བྱ་བ་ནི་གནས་སྐབས་ཐ་དད་པར་འབྱུང་བའི་ཕྱིར་ཏེ། སྐྱེ་བ་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །སྐྱེས་པ་ཡིན་ནོ་ཞེས་ནི་མི་སྨྲའོ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཚིག་འདི་སྐྱེས་པའི་དོན་ཡིན་ནོ་ཞེས་མི་སྨྲ་སྟེ། དེ་ལྟ་བས་ན་འདི་ནི་ཉེས་པ་མེད་དོ། །བྲམ་ཟེ་ན་ཚོད་ཁྱེར་ཟིན་རྒ་བ་དང༌། ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གིས་ན་ཚོད་འཆི་བདག་གི་དྲུང་དུ་ཁྱེར་བ་དེ་ནི་ན་ཚོད་ཁྱེར་ཟིན་པའོ། །བྲམ་ཟེ་ཞེས་བྱ་བ་ནི་བོད་པ་ཡིན་ཏེ། བྲམ་ཟེ་རྒན་པོ་འགའ་ཞིག་ལ་བོས་པའོ། །འདིར་ཁུངས་ནི། །བར་ན་ཁྱོད་ཀྱི་གནས་ཀྱང་ཡོད་མིན་ཞིང༌། །ཞེས་བྱ་བ་འདི་ཡིན་ཏེ། བར་ན་ཁྱོད་ཀྱི་གནས་མེད་ཅེས་བྱ་བ་ནི་སྲིད་པ་བར་མ་མེད་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ཁྱོད་ལ་ལམ་རྒྱགས་ཏེ་ལམ་གྱི་རྒྱགས་ཀྱང་ནི་ཡོད་མ་ཡིན་ཞེས་བྱ་བ་ནི་ཁྱོད་ལ་འཇིག་རྟེན་ཕ་རོལ་གྱི་དགེ་བའི་ཚོགས་མེད་དོ་སྙམ་དུ་དགོངས་པ་ཡིན་ནོ། །མི་དག་གི་ནང་ན་གནས་སུ་མེད་དོ་ཞེས་བྱ་བ་ལ་དགོངས་པ་ནི་ཁྱོད་དེའུ་རེ་འཆི་སྟེ། ཇི་ལྟར་འདི་ན་ཁ་ཅིག་གནས་པ་ལྟར་མི་དག་གི་ནང་ན་གནས་སུ་མེད་དོ་སྙམ་པ་ཡིན་ནོ། །འགྲོ་བ་ལ་བགེགས་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་འགྲོ་བ་དང་མི་འབྲལ་བའི་ཕྱིར་རོ། །ཁྱོད་ཀྱིས་ཇི་སྐད་དུ་སྲིད་པ་བར་མ་ཡོད་དོ་ཞེས་བརྗོད་པ་འདི་ནི་དགོངས་པ་ཡིན་གྱི་ཁོ་བོས་ཇི་སྐད་དུ་སྲིད་པ་བར་མ་མེད་དོ་ཞེས་བརྗོད་པ་འདི་ནི་དགོངས་པ་མ་ཡིན་ནོ་ཞེས་བྱ་བ་འདི་གལ་ཏེ་གཏན་ཚིགས་གང་གིས་ན་འདིར་འགྱུར། བརྟག་པ་འདི་ནི་ཁྱོད་ལ་འང་མཚུངས་ཏེ་ཞེས་བྱ་བ་ནི་དྲི་བ་འདི་ནི་ཁྱོད་ལ་ཡང་མཚུངས་སོ་ཞེས་བྱ་བའི་ཐ་ཚིག་གོ །མདོ་མི་འགལ་བའི་ཕྱིར་ཞེས་བྱ་བ་ནི་བདུད་སུན་འབྱིན་བྱེད་ཀྱི་མདོ་ལ་སོགས་པ་མི་འགལ་བའི་ཕྱིར་མདོ་འདི་ནི་སྲིད་པ་བར་མ་མེད་པའི་ཁུངས་མ་ཡིན་ནོ། །ཁུངས་ཞེས་བྱ་བ་ནི་ཤེས་པར་བྱེད་པར་གཞན་དུ་ཤེས་
པར་མི་བྱེད་ཕ་ཡིན་ནོ་ཞེས་བྱ་བ་ནི་ཤེས་པར་བྱེད་པ་གང་ལ་གཞན་དུ་ཤེས་པར་བྱེད་པ་མེད་པ་དེ་ནི་ཤེས་པར་བྱེད་པ་གཞན་དུ་ཤེས་པར་མི་བྱེད་པ་ཡིན་ཏེ། འདི་སྐད་དུ་དོན་གང་ཞིག་བསྟན་པའི་ཕྱིར་ཁུངས་མདོ་འམ་ཚིགས་སུ་བཅད་པ་བརྗོད་པ་གང་ཡིན་པ་གལ་ཏེ་དོན་དེ་ཁོ་ན་སྟོན་གྱི་དེ་དང་འགལ་བ་དོན་གཞན་མ་ཡིན་ན་དེ་ཤེས་པར་བྱེད་པ་གཞན་དུ་ཤེས་པར་མི་བྱེད་པའི་ཁུངས་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། ཞེས་བྱ་བ་ལ། འབྱུང་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའོ། །འདི་ཡ་སྔོན་གྱི་དུས་ན་སྲིད་པའི་ཤ་ཚུགས་ལྟ་བུ་ཡོད་པས་ན། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན་ནོ། །ཅིའི་ཕྱིར་ཞེ་ན། འཕེན་པ་གཅིག་པའི་ཕྱིར་ཏེ་འདི་ལྟར་འགྲོ་བ་འབྱུང་བར་འགྱུར་བ་དང༌། དེར་ཕྱིན་པར་བྱེད་པ་སྲིད་པ་བར་མ་ནི་ལས་གཅིག་པོ་དེ་ཁོ་ནས་འཕེན་པར་བྱེད་ངོ༌། །ཁྱི་མོ་ལ་སོགས་པའི་ཞེས་བྱ་བ་ནི་ཁྱི་མོ་དང༌། ཕག་མོ་ལ་སོགས་པའོ། །འགྲོ་བ་ལྔ་བའི་ཞེས་བྱ་བ་ནི་འགྲོ་བ་ལྔར་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་མངལ་ན་འདུག་པ་ལས་ཤི་བར་གྱུར་ན། དེའི་དམྱལ་བའི་སྲིད་པ་བར་མས་མའི་མངལ་ཚིག་པར་འགྱུར་ཞེས་བྱ་བ་ནི་དམྱལ་བ་པ་ནི་འབར་བ་ཡིན་ལ་སྲིད་པ་བར་མ་འང་དེ་དང་འདྲ་བས་སོ། །སྲིད་པ་སྔ་མ་ལའང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དམྱལ་བ་པ་དུས་སྔ་མའི་སྲིད་པའི་གནས་སྐབས་པ་རྣམས་ཀྱང་མེ་མ་མུར་ལ་སོགས་པ་ལྷག་པ་དག་ན་འཕྱན་པ་ན། རྟག་ཏུ་འབར་བ་མ་ཡིན་ན་སྲིད་པ་བར་མ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཡང་ན་འབར་དུ་ཆུག་ན་ཡང་ཞེས་བྱ་བ་ནི་དམྱལ་བ་བའི་སྲིད་པ་བར་མའོ། །མངལ་ན་ཕན་ཚུན་མ་རེག་པའི་ཕྱིར་ཞེས་བྱ་བ་ནི་སྲིད་པ་བར་མ་པ་རྣམས་ནི་ལུས་ཤིན་ཏུ་དང་བས་ཕན་ཚུན་མི་རེག་པའི་ཕྱིར་དང༌། ལས་ལ་རག་ལུས་པའི་ཕྱིར་མི་ཚིག་སྟེ། མི་ཚིག་པ་ནི་དེ་དག་གི་ལས་ལ་རག་ལས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཁྱི་མོ་ལ་སོགས་པའི་མངལ་མི་ཚིག་གོ །གླིང་བཞི་པ་བྱེ་བ་ཕྲག་བརྒྱ་སྣང་བར་མཛད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་བྱང་ཆུབ་
སེམས་དཔའི་སྲིད་པ་བར་མ་གཞོན་ནུ་ཐོར་བུ་ལྟ་བུ་མཚན་དང་དཔེ་བྱད་དང་བཅས་པ་ཡིན་པ་དེའི་ཕྱིར་སྲིད་པ་བར་མ་ན་བཞུགས་པ་ཡུམ་གྱི་ལྷུམས་སུ་འཇུག་པར་བཞེད་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རང་གི་སངས་རྒྱས་ཀྱི་ཞིང་ཡིན་པའི་ཕྱིར་སྣང་བར་མཛད་དོ། །གླང་པོ་ཆེའི་ཕྲུ་གུ་དཀར་པོ་ཞེས་བྱ་བ་ནི་གལ་ཏེ་སྲིད་པ་བར་མ་དུས་སྔ་མའི་སྲིད་པ་འབྱུང་བར་འགྱུར་བའི་ཤ་ཚུགས་ཅན་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་ཡུམ་གྱིས་དེ་ལྟར་གླང་པོ་ཆེའི་ཕྲུ་གུའི་གཟུགས་སུ་གཟིགས་ཤེ་ན། བྱང་ཆུབ་སེམས་དཔའ་ནི་དུད་འགྲོའི་སྐྱེ་གནས་བཟློག་ནས་ཡུན་རིང་པོ་ལོན་པའི་ཕྱིར་དེ་ནི་མཚན་མ་ཙམ་དུ་ཟད་དེ། བསྐལ་པ་བརྒྱ་ལུས་པ་གང་ཚུན་ཅད་མཚན་གྱི་རྣམ་པར་སྨིན་པ་ཅན་གྱི་ལས་དག་མཛད་པར་རྩོམ་པ་དེ་ཚུན་ཅད་དེའི་ངན་འགྲོ་ཐམས་ཅད་ལོག་པ་ཡིན་ནོ། །དཔེར་ན་རྒྱལ་པོ་ཀྲྀ་ཀཱིས་རྨི་ལམ་བཅུ་མཐོང་བ་ལྟ་བུའོ་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་དོན་གྱི་མཚན་མ་ཙམ་དུ་ཟད་པའོ། །རྨི་ལམ་བཅུ་ནི་འདུལ་བ་ལས་འབྱུང་སྟེ། གླང་པོ་ཆེ་སྐར་ཁུང་ནས་འབྱུང་བ་མཇུག་མ་ལ་ཐོགས་པ་དང༌། སྐོམ་པ་མེད་པ་ལ་ཁྲོན་པ་ཕྱི་བཞིན་བསྙེགས་པ་དང༌། མུ་ཏིག་བྲེ་གང༌། ཕྱེ་བྲེ་གང་དང་བརྗེ་བ་དང༌། ཙན་དན་ཤིང་གི་རིན་ཐང་དུ་འཚང་པ་དང༌། ཀུན་དགའི་ར་བ་མེ་ཏོག་དང༌། འབྲས་བུ་ཕུན་སུམ་ཚོགས་པ་དག་མེ་ཏོག་དང་འབྲས་བུ་ཐམས་ཅད་རྐུན་བོ་རྣམས་ཀྱིས་བརྐུས་པ་དང༌། གླང་པོ་ཆེའི་ཕྲུ་གུ་དག་གིས་སྦོས་ཀྱི་གླང་པོ་ཆེ་སྐྲག་པ་དང༌། སྤྲེའུ་མི་གཙང་བས་སྤགས་པ་གཞན་དག་ལ་བསྒོ་བར་བྱེད་པ་དང༌། སྤྲེའུ་དབང་བསྐུར་བར་བྱེད་པ་དང༌། རས་ཡུག་གཅིག་སྐྱེ་བོ་བཅོ་བརྒྱད་ཀྱིས་དྲངས་པ་དང༌། སྐྱེ་བོའི་ཚོགས་ཕལ་པོ་ཆེའི་ལྷན་ཅིག་འཐབ་པ་དང༌། འཐབ་མོ་དང་རྩོད་པ་དང༌། འགྱེད་པས་ཕན་ཚུན་གནོད་པར་གྱུར་བ་ཞེས་བྱ་བ་རྨི་ལམ་བཅུ་རྨིས་ནས། དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་སྲུངས་ལ་གསོལ་བ་དང༌།
བཅོམ་ལྡན་འདས་ཀྱིས་ཀྱང་མ་འོངས་པའི་དུས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེའི་ཉན་ཐོས་རྣམས་ཉེ་དུ་ཕལ་མོ་ཆེ་སྤངས་ནས་རབ་ཏུ་བྱུང་བ་གླང་པོ་ཆེ་སྐར་ཁུང་ནས་འབྱུང་བ་མཇུག་མ་ལ་ཐོགས་པ་ལྟ་བུར་གཙུག་ལག་ཁང་དག་ལ་ཁྱིམ་གྱི་འདུ་ཤེས་སྐྱེད་ནས་ཆགས་པར་བྱེད་པར་འགྱུར་རོ། །ཁྲོན་པའི་རྨི་ལམ་གྱིས་ནི་དེའི་ཉན་ཐོས་དག་ཁོ་ན་བྲམ་ཟེ་དང་ཁྱིམ་པ་རྣམས་ལ་ཆེད་དུ་ཆོས་འཆད་དང་དེ་དག་ཉན་པར་འདོད་པ་ཉིད་ཡང་དག་པར་གནས་པར་མི་འགྱུར་རོ་ཞེས་བྱ་བ་དེ་སྟོན་ཏོ། །ཕྱེ་དང་མུ་ཏིག་བྲེ་གང་གི་རྨི་ལམ་གྱིས་ནི་དེའི་ཉན་ཐོས་དག་ཁོ་ན་ཕྱེ་བསླང་བའི་ཕྱིར་ཡང་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་ཆོས་རིན་པོ་ཆེ་རྣམས་སྟོན་པར་གྱུར་པ་ཡིན་ནོ། །ཙན་དན་གྱི་རྨི་ལམ་གྱིས་ནི་དེའི་ཉན་ཐོས་དག་ཁོ་ན་ལུས་དང་ཚུལ་ཁྲིམས་དང་ཤེས་རབ་མ་བསྒོམས་པས་མུ་སྟེགས་ཀྱི་གཞུང་ལུགས་དག་བཟུང་ནས། སངས་རྒྱས་ཀྱི་བཀའ་དང་སྙོམས་པར་བྱེད་པར་འགྱུར་རོ་ཞེས་བྱ་བར་སྟོན་ཏོ། །ཀུན་དགའི་ར་བའི་རྨི་ལམ་གྱིས་ནི་དེའི་ཉན་ཐོས་དག་ཁོ་ན་དཔག་བཙལ་ནས་དགེ་འདུན་གྱི་མེ་ཏོག་གམ། འབྲས་བུ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་བཙོངས་ཤིང་བཙོངས་ནས་འཚོ་བར་བྱེད་ལ་དེས་ཀྱང་ཁྱིམ་པ་གསོ་བར་བྱེད་པར་འགྱུར་རོ་ཞེས་བྱ་བ་དེ་སྟོན་ཏོ། །གླང་པོ་ཆེའི་ཕྲུ་གུའི་རྨི་ལམ་གྱིས་ནི་དེའི་ཉན་ཐོས་དག་ཁོ་ན་ཚུལ་ཁྲིམས་འཆལ་ཅིང་སྡིག་པའི་ཆོས་ཅན་འབྱུང་བར་འགྱུར་ལ། དེ་དག་གིས་དགེ་སློང་གནས་བརྟན་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་གང་དག་ཡིན་པ་དེ་དག་གནས་ནས་སྐྲོད་པར་འགྱུར་རོ་ཞེས་བྱ་བ་དེ་སྟོན་ཏོ། །སྤྲེའུ་མི་གཙང་བས་སྤགས་པའི་རྨི་ལམ་གྱིས་ནི་དེའི་ཚེ་ཉན་ཐོས་དག་ཁོ་ན་ཚུལ་ཁྲིམས་འཆལ་ཞིང་སྡིག་པའི་ཆོས་ཅན་ཡིན་ལ་དགེ་སློང་དགེ་བ་གང་དག་ཡིན་པ་དེ་དག་ལ་ཡང་དག་པ་མ་ཡིན་པའི་ཉེས་པས་གླེང་བར་བྱེད་དོ་ཞེས་བྱ་བ་དེ་སྟོན་ཏོ། །སྤྲེའུ་དབང་བསྐུར་བའི་རྨི་ལམ་གྱིས་ནི་དེའི་ཉན་ཐོས་དག་ཁོ་ན་གཙུག་ལག་ཁང་དག་ཏུ་བདག་ཉིད་ཀྱི་ཡིན་པར་དབང་སྐུར་
བར་བྱེད་པར་འགྱུར་ཞིང༌། འཇིག་རྟེན་ན་ཡང་མ་ནི་ང་ཡང་རྒྱལ་སྲིད་འཛིན་པར་འགྱུར་རོ་ཞེས་བྱ་བ་དེ་སྟོན་ཏོ། །རས་ཡུག་གི་རྨི་ལམ་གྱིས་ནི་དེའི་བསྟན་པ་ཁོ་ན་རྣམ་པ་བཅོ་བརྒྱད་དུ་གྱེས་པར་འགྱུར་ལ། རྣམ་པར་གྲོལ་བའི་རས་ཡུག་ནི་ཉམས་པར་མི་འགྱུར་རོ་ཞེས་བྱ་བ་དེ་སྟོན་ཏོ། །ཐབ་མོའི་རྨི་ལམ་གྱིས་ནི་དེའི་ཉན་ཐོས་དག་ཁོ་ན་སྡེར་འཆས་ནས་ཕན་ཚུན་ཏོ་ཞེས་གྲག་གོ །བསྡུས་པའི་ཚིགས་སུ་བཅད་པ་ནི། གླང་ཆེན་ཏོ་ཞེས་གྲག་གོ །བསྡུས་པའི་ཚིགས་སུ་བཅད་པ་ནི། གླང་ཆེན་ཁྲོན་པ་ཕྱེ་དང་ཙན་དན་གླང་ཆེན་བེའུ། །དེ་བཞིན་ཀུན་དགའ་རབ་དང་ནི་སྤྲེའུ་དབང་བསྐུར། །མི་གཙང་སྤྲེའུ་དང་རས་ཡུག་ཐབ་མོ་ཞེས་བྱ་བ། རྨི་ལམ་བཅུ་ནི་རྒྱལ་པོ་ཀྲྀ་ཀཱིས་མཐོང་བ་ཡིན། །ངོ་ཚ་ཤེས་པའི་ཤས་ཆེ་བའི་ཕྱིར་ཞེས་བྱ་བ་ནི་ངོ་ཚ་ཤེས་པ་ལྷག་པའི་ཕྱིར་རོ། །སྐྱེ་བའི་སྲིད་པ་ནི་ཉིང་མཚམས་སྤྱོར་བའི་སྐད་ཅིག་མ་ཁོ་ན་ཡིན་ནོ། །དེ་ཕན་ཆད་ཉིད་མཚམས་སྦྱོར་བའི་སྐད་ཅིག་མ་ལས་གཞན་པའི་སྲིད་པ་ནི་དུས་སྔ་མའི་སྲིད་པ་ཡིན་ནོ། །གལ་ཏེ་སེམས་ཅན་གཟུགས་ཅན་དག་གི་ནང་དུ་སྐྱེས་ན་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་ན་སྲིད་པ་བར་མ་མེད་པའི་ཕྱིར་ཁྱད་པར་འདི་སྨོས་པ་ཡིན་ནོ། །རིགས་མཐུན་པ་དག་གིས་ཞེས་བྱ་བ་ནི་དམྱལ་བའི་སྲིད་པ་བར་མ་ནི་དམྱལ་བའི་སྲིད་པ་བར་མ་དག་ཁོ་ནས་མཐོང་ལ། དེ་བཞིན་དུ་ལྷའི་སྲིད་པ་བར་མའི་བར་དུ་ཡང་ལྷའི་སྲིད་པ་པར་མ་དག་ཁོ་ནས་མཐོང་ངོ་ཞེས་བྱ་བ་ཡིན་ནོ། །ལྷའི་མིག་ཤིན་ཏུ་རྣམ་པར་དག་པས་ཞེས་བྱ་བ་ནི་ལྷའི་མིག་གི་སྐྱོན་བཅུ་གཅིག་དང་བྲལ་བའོ། །སྐྱོན་དེ་དག་ཀྱང་ཐེ་ཚོམ་དང༌། ཡིད་ལ་མི་བྱེད་པ་དང༌། ལུས་ཀྱི་གནས་ངན་ལེན་དང༌། རྨུགས་པ་དང༌། གཉིད་དང༌། རྒོད་པ་དང༌། བརྩོན་འགྲུས་བརྩམས་དྲགས་པ་དང༌། སེམས་ཡ་ཡ་པོ་དང༌། བག་ཚ་བ་དང༌། འདུ་ཤེས་སྣ་ཚོགས་དང༌། སྨྲ་བ་མངས་པ་དང༌། ཧ་ཅང་བསྒོམས་དྲགས་པ་ཉིད་དང༌། མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །མངོན་པར་ཤེས་པ་
ལས་བྱུང་བ་ཞེས་བྱ་བ་ནི་མངོན་པར་ཤེས་པའི་ངོ་བོ་ཉིད་དེ་བསྒོམས་པ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །ལྷ་ལ་སོགས་པའི་སྐྱེ་གནས་ཐོབ་པ་ཡང་ལྷའི་ཡིན་པར་ནི་འདོད་མོད་ཀྱི་ཤིན་ཏུ་རྣམ་པར་དག་པ་ནི་མ་ཡིན་ནོ། །ལྷའི་སྲིད་པ་བར་མ་པས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཞན་དག་ན་རེ་སྲིད་པ་བར་མ་ནི་རིས་མཐུན་པ་དག་ཁོ་ནས་མཐོང་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལྷའི་སྲིད་པ་བར་མ་པས་ནི་ལྷའི་སྲིད་པ་བར་མ་དོ་ལ་སོགས་པ་ཐམས་ཅད་མཐོང་ངོ༌། །མི་དང༌། ཡི་དགས་དང༌། དུད་འགྲོ་དང༌། དམྱལ་བའི་སྲིད་པ་བར་མ་རྣམས་མཐོང་ངོ༌། །གོང་མ་གོང་མ་མ་གཏོགས་པའི་ཞེས་ཟེར་རོ། །ཇི་ལྟ་ཞེ་ན། མིའི་སྲིད་པ་བར་མ་པས་ནི་གོང་མའི་ལྷའི་སྲིད་པ་བར་མ་མ་གཏོགས་པ་མི་དང༌། ཡི་དགས་དང༌། དུད་འགྲོ་དང༌། དམྱལ་བའི་སྲིད་པ་བར་མ་པ་རྣམས་མཐོང་ངོ༌། །ཡི་དགས་ཀྱི་སྲིད་པ་བར་མ་པས་ནི་གོང་མ་ལྷ་དང༌། མིའི་སྲིད་པ་བར་མ་པ་དག་མ་གཏོགས་པ་ཡི་དགས་དང༌། དུད་འགྲོ་དང༌། དམྱལ་བའི་སྲིད་པ་བར་མ་པ་རྣམས་མཐོང་ངོ༌། དེ་བཞིན་དུ་དམྱལ་བའི་སྲིད་པ་བར་མ་པས་ནི་གོང་མའི་ལྷའི་སྲིད་པ་བར་མ་ལ་སོགས་པ་མ་གཏོགས་པ་དམྱལ་བའི་སྲིད་པ་བར་མ་ཁོ་ན་མཐོང་བའི་བར་དུ་ཡིན་ཏེ། འགྲོ་བ་རྣམས་ནི་ཕྱི་མ་ཕྱི་མ་དམན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དྲི་ཟ་ཞེས་བྱ་བའོ་ཞེས་བྱ་བ་ནི་གང་གི་ཕྱིར་དྲི་ས་བ་དེའི་ཕྱིར་དྲི་ས་ཡིན་ཏེ། དྲི་ཟ་ཞིང་ཟས་སུ་ཟ་བས་ན་དྲི་ཟའི་ཞེས་བྱ་བའི་ཐ་ཚིག་གོ །དབང་ཆུང་བར་གྲགས་པ་ནི་རྒྱ་ཆུང་བ་སྟེ། རིགས་དམན་པ་ཞེས་བྱ་བའི་ཐ་ཚིག་གོ །དབང་བྱེད་པས་ན་དབང་ངོ༌། །ཆུང་ངུ་ལ་དབང་བས་ན་དབང་ཆུང་བ་སྟེ། གང་ལ་དབང་ཆུང་བ་ཞེས་བྱ་བ་ཡོད་པ་དེ་ནི་དཔང་ཆུང་བར་གྲགས་པའོ། །བཟློག་པ་ནི་དབང་ཆེ་བར་གྲགས་པའོ། །རིས་མཐུན་པ་གཅིག་པའི་ཕྱིར་ཞེས་བྱ་བ་ནི་བཙུན་པ་ན་རེ་དུས་སྔ་མའི་སྲིད་པ་གནག་ཡིན་པ་དང་དེའི་ཕྱིར་བྱེད་པ་སྲིད་པ་བར་མ་གང་ཡིན་པ་དེ་གཉིས་ནི་རིས་མཐུན་པ་གཅིག་ཁོ་ན་ཡིན་ནོ། །དེ་བས་ན་རིས་མཐུན་པ་གཅིག་པའི་ཕྱིར་ཚེའི་ལས་
གང་གིས་དུས་སྔ་མའི་སྲིད་པ་ཚེ་འཕེན་པར་བྱེད་པ་དེ་ཁོ་ནས་སྲིད་པ་བར་མའི་ཡང་འཕེན་པར་བྱེད་དོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་སྲིད་པ་བར་མའི་ཚེ་དེའི་འཕེན་པ་ལོགས་ཤིག་ན་ཡོད་པར་གྱུར་ན་དུས་སྔ་མའི་སྲིད་པ་བཞིན་དུ་སྲིད་པ་པར་མ་བ་དེའི་ཚེ་ཟད་པས་འཆི་བའི་སྲིད་པར་ཡང་ཐལ་བར་འགྱུར་རོ་ཞེས་ཟེར་རོ། །དེ་དག་དྲི་དེ་ཚོར་ནས་དྲི་དང་རོ་ལ་མངོན་པར་ཆགས་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྐྱེ་བོ་ཕྲ་མོ་དེ་དག་དྲི་དེ་ཚོར་ལ། དེ་དང་ལྷན་ཅིག་འབྱུང་བའི་རོ་ཡང་ཉམས་སུ་མྱོང་ཞིང་ཉེ་བར་སྤྱད་དེ། །དྲི་དང་རོ་ལ་མངོན་པར་ཆགས་པ་རྣམས་འཆི་བ་ན་སྲིན་བུ་དང་སྐལ་བ་མཉམ་པར་སྐྱེ་བར་བྱེད་པའི་ལས་སད་པར་བྱས་ནས་དྲི་དང་རོ་ལ་སྲིད་པ་དེས་རྣམ་པར་སྨིན་པ་ལ་མངོན་དུ་ཕྱོགས་པར་བྱས་ཏེ་སྲིད་པར་བར་མའི་རྒྱུན་གྱིས་སྲིན་བུའི་ནང་དག་ཏུ་སྐྱེ་བར་འགྱུར་རོ། །དེའི་རྐྱེན་མང་པོ་ཁོ་ནའི་དུས་སུ་ཞེས་བྱ་བ་ནི་སྲིན་བུ་རྐྱེན་མང་པོའི་དུས་སུའོ། །དེར་འགྱུར་བ་ནི་སྲིན་བུར་འགྱུར་བའོ། །རྣམ་པར་སྨིན་པ་མངོན་པར་འགྲུབ་པར་བྱ་བ་ལ་འཇུག་པ་རྙེད་ཅེས་བྱ་བ་ནི་རྣམ་པར་སྨིན་པ་འབྱིན་པར་མངོན་དུ་ཕྱོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཚོགས་ཤིང་དུས་དང་ལྡན་པ་དང༌། ལུས་ཅན་རྣམས་ལ་འབྲས་བུར་སྨིན། །ཞེས་འབྱུང་བའི་ཕྱིར་རོ། །གཞན་དུ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་དེ་དག་དཀོན་པའི་དུས་སུ་མ་ཡིན་པའོ། །གཞན་དུ་ནི་མ་ཡིན་པ་ལྟ་བུའི་ཞེས་བྱ་བ་ནི་ཚེ་ཐུང་བའི་ཚེ་མ་ཡིན་ཏེ། འཁོར་ལོས་སྒྱུར་བ་འབྱུང་བ་ནི། བརྒྱད་ཁྲི་མན་ཆད་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་འཁོར་ལོས་སྒྱུར་བར་འགྱུར་བའི་ལས་དག་ཡོད་དུ་ཟིན་ཀྱང་རྐྱེན་མང་པོ་ལ་ལྟོས་པའི་ཕྱིར་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་བྱ་བ་ལ་འཇུག་པ་མི་རྙེད་པའོ། །སྲིད་པ་ཚོལ་བ་ཡིན་པའི་ཕྱིར། །ཞེས་བྱ་བ་ནི་སྐྱེ་བ་འདོད་པ་ཡིན་པའི་ཕྱིར་རོ། །ལས་རྣམས་ཁོ་ནས་རྐྱེན་དག་ཚོགས་པ་འདྲེན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ལས་ཀྱིས་དབང་གིས་རྟ་ལ་སོགས་པ་དུས་དྲགས་པ་ལས་འདས་ཏེ་
དུས་གཞན་ནའང་འཁྲིག་པ་སྤྱོད་པར་འགྱུར་རོ། །འཕེན་པ་གཅིག་པའི་ཕྱིར་ཞེས་བྱ་བ་ནི་ལས་གང་གིས་བ་ལང་ལ་སོགས་པའི་རིས་མཐུན་པ་འཕེན་པར་བྱེད་པའི་ལས་དེ་ཉིད་ཀྱིས་དེ་དག་གི་སྲིད་པ་བར་མ་ཡང་འཕེན་པར་བྱེད་དེ། དེའི་ཕྱིར་དུས་གཞན་ན་བ་ལང་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་བ་མེད་རྣམས་ཀྱི་ནང་དུ་སྐྱེའོ་ཞེས་བྱ་བ་རྒྱས་པར་བཤད་པ་གང་ཡིན་པ་དེ་ནི་བརྗོད་པར་བྱ་བ་ཡིན་ནོ། །སློབ་དཔོན་འདུས་བཟངས་ན་རེ་རིས་གཅིག་པའི་ཕྱིར་དང༌། བ་ལང་གི་ཤ་ཚུགས་དང་དབྱིབས་ཀྱི་ཁྱད་པར་མ་བཏང་བའི་ཕྱིར་རིས་ཐ་དད་པས་ནི་དེའི་ལས་ཀྱི་འཕེན་པར་བྱེད་པ་ཉིད་ཉམས་པར་མི་འགྱུར་རོ། །འགྲོ་བ་ངེས་པའི་ལས་རྣམས་ལ་ཡང་སྐྱེ་བའི་རྐྱེན་སྣ་ཚོགས་པ་མཐོང་སྟེ། རྐང་བཀྲ་ལ་སོགས་པ་ལྟ་བུའོ། །དེ་ལྟ་བས་ན་དེ་ནི་ཉེས་པ་མེད་དོ་ཞེས་ཟེར་རོ། །བློ་ནི་ཕྱིན་ཅི་ལོག་གྱུར་བས། །ཞེས་བྱ་བ་ལ་ཇི་ལྟར་ཆགས་པ་དང་ལྡན་པའི་སེམས་ཀྱིས་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་བསྟན་པའི་ཕྱིར་དེས་དེ་ན་ཕ་མ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཕ་དང་མ་ཉལ་པོ་བྱེད་པ་དབང་པོ་གཉིས་སྤྲོད་པའི་མཚན་ཉིད་དེའི། །སྐྱེས་བུ་སྲིད་པ་བར་མ་ཕོ་ཞིག་ཡིན་ནའོ། །འདོད་ཆགས་ནི་ཕོའི་ཡིན་པས་ན་ཕོའི་སྟེ་ཆུང་མ་བཞིན་དུ་མ་ལ་སྐྱེའོ། །འདོད་ཆགས་ནི་མིའི་ཡིན་པས་ན། མོའི་དེ་ཁྱོ་བཞིན་དུ་ཕ་ལ་སྐྱེའོ། །བཟློག་པ་ལ་ནི་ཁོང་ཁྲོ་བ་སྟེ་ཞེས་བྱ་བ་ནི་ཕོ་ཞིག་ཡིན་ན་ཕོའི་ཁོང་ཁྲོ་བ་ཕྲག་དོག་གིས་བསླང་བར་གྱུར་པ་འགྲན་ཟླའི་སྐྱེས་བུ་བཞིན་དུ་ཕ་ལ་སྐྱེའོ། །མོ་ཞིག་ཡིན་ན་མོའི་ཁོང་ཁྲོ་བ་ཆེན་ཆུང་བཞིན་དུ་མ་ལ་སྐྱེའོ། །དེ་དེ་ལྟར་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་དེ་གཉིས་ཀྱིས་ཕྱིན་ཅི་ལོག་ཏུ་གྱུར་པས་ཡུལ་དབང་པོ་གཉིས་ཀྱི་གནས་དེར་ཕྱིན་པ་དང་དགའ་བར་བྱེད་པས་འཁྲིག་པའི་ལས་འདོད་པས་གནས་དེར་དེ་ཉལ་པོའི་གནས་སྐབས་དེར་བདག་གིས་ལས་འདི་བྱའོ་ཞེས་བདག་ཉིད་མོས་སོ། །མི་གཙང་བ་དེར་ཞེས་བྱ་བ་ནི་ཁུ་ཆུ་དང་ཁྲག་གི་ནང་དུའོ། །མངལ་གྱི་གནས་དེར་ཕྱིན་ཞེས་བྱ་བ་ནི་ཕོ་བ་དང་ལོང་
ཀའི་ཁོད་ན་འདུག་པའི་གནས་སུ་ཕྱིན་པའོ། །གནས་སོ་ཞེས་བྱ་བ་ནི་འདུག་གོ་ཞེས་བྱ་བའི་ཐ་ཚིག་གོ །རྒྱབ་རོལ་ཏུ་ཁ་བལྟས་ཏེ་ཙོག་ཙོག་པོར་ཞེས་བྱ་བ་ནི་བདག་ཉིད་འཁྲིག་པར་བྱེད་པ་མངོན་པའི་ང་རྒྱལ་དང་ལྡན་པའི་ཕྱིར་རོ། །སྐྱེ་ཞིང་ཞེས་བྱ་བ་ནི་བརྟས་ཤིང་ངོ༌། །འབྱུང་བ་གཞན་ཁོ་ན་ཞིག་ཅེས་བྱ་བ་ནི་ཁུ་ཆུ་དང་ཁྲག་ལས་མ་གཏོགས་པ་དག་གོ །ས་བོན་དང་མྱུ་གུ་འགག་པ་དང༌། སྐྱེ་བའི་ཚུལ་དུ་སྟེ། འཇིག་པ་དང་འགག་པ་དག་གི་སྲང་མདའི་མཐོ་དམན་བཞིན་དུ་དུས་མཉམ་པའི་ཕྱིར་སྐད་ཅིག་མ་གཅིག་ཁོ་ན་ལ་ས་བོན་ནི་འགག་ལ་མྱུ་གུ་ནི་སྐྱེའོ། །ནུར་ནུར་པོ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་དང་པོར་ནུར་ནུར་པོ་ཡིན་ནོ། །ནུར་ནུར་པོ་ལས་མེར་མེར་སྐྱེ། །ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །དེ་ལྟར་བཤད་ན་མདོའི་ཚིག་ཅེས་བྱ་བ་ནི། དགེ་སློང་གྲོག་མཁར་ཞེས་བྱ་བ་ནི་ལུས་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་པ་འབྲས་ཆན་དང༌། །ཟན་དྲོན་གྱིས་གསོས་པ་ཕ་མའི་མི་གཙང་བ་ནུར་ནུར་པོ་ལས་བྱུང་བ་འདིའི་ཚིག་བླ་དགས་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ཏེ། ཕ་མའི་མི་གཙང་བ་ཉིད་ནུར་ནུར་པོ་ཡིན་ལ། དེ་ལས་བྱུང་བའི་ཞེས་བྱ་བའི་ཐ་ཚིག་གོ །དུར་ཁྲོད་ཅེས་བྱ་བ་ནི་དུར་གྱི་ཁྲོད་དོ། །དཔེར་བརྗོད་པ་ནི་ཁྲག་གི་ཐིགས་པ་བླངས་སོ་ཞེས་བྱ་བ་འདི་ཡིན་ཏེ། ལུས་ཀྱི་དབང་པོའི་ངོ་བོར་འགྱུར་བའི་ཕྱིར་རོ། །དཔེར་ན་ལོ་མའི་སྲིན་བུ་ལྟ་བུའི་ཡིན་ལ་ཞེས་བྱ་བ་ནི་དཔེར་ན་ལས་རྣམས་ལས་།ལོ་མའི་འབྱུང་བ་ཆེན་པོ་དག་ལ་བརྟེན་ནས་ལོ་མའི་དྲིན་བུ་འབྱུང་བ་གཞན་དབང་པོའི་ངོ་བོར་གྱུར་པ་གནག་དག་ཡིན་པ་སྐྱེ་བར་འགྱུར་བ་ལྟ་བུའོ། །ལོ་མའི་འབྱུང་བ་ཆེན་པོ་དག་ནི་མ་ཡིན་ཏེ། དེའི་སྲིན་བུ་རྣམས་ཕལ་ཆེས་པས་ལོ་མ་དུམ་པུ་དང་མི་སྣང་བར་འགྱུར་བའི་ཕྱིར་རོ། །འོ་ན་ཕ་མའི་མི་གཙང་བ་ནུར་ནུར་པོ་ལས་བྱུང་བ་ཞེས་བྱ་བའི་མདོའི་ཚིག་འདི་ཇི་ལྟར་དྲང་ཞེ་ན། དེའི་ཕྱིར་མི་གཙང་བ་ལ་བརྟེན་ནས་སྐྱེ་བ་ལ་དགོངས་ཏེ་གསུངས་པའི་ཕྱིར་མདོ་དང་ཡང་མི་
འགལ་ལོ་ཞེས་བྱ་བ་སྨོས་ཏེ། དེར་ནི་མི་གཙང་བ་ལ་བརྟེན་ནས་འབྱུང་བ་གཞན་དག་སྐྱེ་བ་ལ་དགོངས་ཤིང་བཞེད་པ་ཡིན་ནོ། །དེའི་ཕྱིར་ནུར་ནུར་པོ་ཞེས་བྱ་བ་གསུངས་པ་ཡིན་ཏེ། དེ་ལྟ་བས་ཕ་མའི་མི་གཙང་བའི་ནུར་ནུར་པོ་ལས་བྱུང་བས་ཞེས་བྱ་བའི་མདོ་དང་མི་འགལ་ལོ། །ཇི་སྐད་དུ་ཇི་ལྟར་ལོ་མ་ལ་བརྟེན་ནས་སྲིན་བུའི་འབྱུང་བ་ཆེན་པོ་དབང་པོ་དང་བཅས་པ་ལོ་མ་དང་དུས་མཉམ་པ་དག་སྐྱེ་བ་ལྟར་ཁུ་ཆུ་དང་ཁྲག་ལ་བརྟེན་ནས་ནུར་ནུར་པོ་ཞེས་བྱ་བ་ལ་འབྱུང་བ་གཞན་དབང་པོ་དང་བཅས་པ་ཁུ་ཆུ་དང་ཁྲག་དང་དུས་མཉམ་པ་དག་སྐྱེའོ་ཞེས་བཤད་པ་ཡིན་ནོ། །གཞན་ལ་ནི་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཆོས་མངོན་པའི་སློབ་དཔོན་དག་ན་རེ་དྲོད་གཤེར་ལས་སྐྱེས་པ་དང་རྫུས་ཏེ་སྐྱེས་པའི་སྐྱེ་གནས་དག་ལ་ནི་ཅི་རིགས་པར་བརྗོད་པར་བྱའོ་ཞེས་ཟེར་རོ། །དེ་ལ་རིགས་པ་ནི་འདི་ཡིན་པར་སྣང་ངོ་ཞེས་བྱ་བ་ནི་སློབ་དཔོན་གྱིས་བཤད་པ་ཡིན་ནོ། །དམྱལ་བ་པ་དག་ན་བསིལ་བ་མཐོང་ནས་ཞེས་བྱ་བ་ནི་གྲང་བའི་དམྱལ་བར་སྐྱེ་བའི་ཕྱིར་རོ། །གནས་སྐབས་གང་ཡིས་ཞེས་བྱ་བ་ནི་ཤན་པ་ལ་སོགས་པའི་གནས་སྐབས་སོ། །སྔོན་གྱི་སློབ་དཔོན་ནི་རྣལ་འབྱོར་སྤྱོད་པའི་སློབ་དཔོན་ཐོགས་མེད་ལ་སོགས་པའོ། །སྟན་ལས་ལྡང་བ་བཞིན་དུ་ཞེས་བྱ་བ་ནི་སྐྱེ་བའི་གནས་གོང་མར་འགྲོ་བའི་ཕྱིར་རོ། །མི་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་མི་དང་དུད་འགྲོ་དང་ཡི་དགས་ཇི་ལྟར་འགྲོ་བ་དེ་དང་འདྲ་བར་རོ། །དྲང་སྲོང་རྣམས་ལ་སྐུར་འདེབས་པ། །ཞེས་བྱ་བ་ནི་ཁ་ཟེར་བ་སྟེ། སྐུར་པ་འདེབས་པར་བྱེད་པ་ཞེས་བྱ་བ་ཐ་ཚིག་གོ །སྒོ་ང་ལས་སྐྱེ་རྟག་ཏུའོ། །ཞེས་བྱ་བ་སྨོས་པའི་ཕྱིར་རོ། །གཞན་ནི་ཐམས་ཅད་རྨོངས་ཞེས་བྱ་བ་འདིར་ནི་ངེས་པ་མེད་པ་སྟེ། ཤེས་བཞིན་ཡིན་པར་ཡང་འགྱུར་རོ། །བཟློག་སྟེ་བསྟན་ཏོ་ཞེས་བྱ་བ་མདོ་ལས་ནི་མངལ་དུ་འཇུག་པ་ཐམས་ཅད་ཤེས་བཞིན་མ་ཡིན་པར་འགྱུར་བ་གང་ཡིན་པ་དེ་དང་པོར་བཤད་དེ་གསུམ་ནི་ཇི་སྐད་བསྟན་པའི་གོ་རིམས་བཞིན་ཁོ་ན་ཡིན་ནོ། །གང་ཞིག་སྐྱེ་བར་འགྱུར་བདེ་ཡང་སྒོ་ང་
ལས་སྐྱེས་པ་ཞེས་བྱའོ་ཞེས་བྱ་བ་ནི་སྒོ་ང་ལས་སྐྱེ་བར་འགྱུར་བ་ནི་སྒོ་ང་ལས་སྐྱེས་པའོ་ཞེས་བྱའོ་སྙམ་དུ་བསམས་པ་ཡིན་ནོ། །གདོན་མི་ཟ་བར་འབྱུང་བར་འགྱུར་བའི་དོན་ཀྱང་བྱུང་ཟིན་པ་དང་འདྲ་བར་བརྗོད་དེ། དཔེར་ན་ད་ལྟར་དང་ཉེ་བ་ལ་ད་ལྟ་དང་འདྲ་བའམ་ཞེས་བྱ་བ་དང༌། ལེགས་སུ་སྨོན་པ་ལས་བྱུང་བར་གྱུར་པ་དང༌། འདྲ་ཞེས་བྱ་བ་ལྟ་བུའོ། །སྨྲ་བ་པོ་ཁ་ཅིག་ནི་འགའ་ཞིག་ལ་འོང་བཞིན་དུ་ང་འོངས་ཟིན་པར་ཤེས་པར་གྱིས་ཤིག་ཅེས་ཀྱང་ཟེར་ཏེ། དེ་ལྟ་བས་ན་འདི་ནི་ཉེས་པ་མེད་དོ། །སློབ་དཔོན་འདུས་བཟངས་ན་རེ་གཞན་དག་ལས་ཀྱང་མཐོང་ངོ་ཞེས་འབྱུང་བའི་ཕྱིར་སྒོ་ང་ལས་སྐྱེས་པ་དང༌། སྐྱེ་པར་འགྱུར་བ་དང༌། སྐྱེ་བ་ཡང་སྒོ་ང་ལས་སྐྱེས་པ་ཞེས་བྱ་སྟེ། དེ་ལྟ་བས་ན་འདི་ནི་ཉེས་པ་མེད་དོ་ཞེས་ཟེར་རོ། །ཡང་ན་འབྱུང་བར་འགྱུར་བའི་མིང་གིས་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་མིང་གིས་ཀྱང་སྟོན་པར་བྱེད་པ་ཡིན་ནོ། །དཔེར་ན་མདོ་ལས། འདུས་བྱས་མངོན་པར་འདུ་བྱེད་དོ། །ཞེས་བྱ་བ་ནི་འདུས་བྱས་ནི་བསྐྱེད་ཟིན་པའི་གནས་སྐབས་ན་ཡིན་གྱི། སྐྱེད་པའི་གནས་སྐབས་ན་ནི་མ་ཡིན་ནོ། །འདུས་བྱས་ནི་ཡང་འདུ་བྱ་བར་རུང་བ་མ་ཡིན་ཡང་འབྱུང་བར་འགྱུར་བའི་མིང་གིས་དེ་ལྟར་སྟོན་པར་ཡང་བྱེད་དོ། །དེ་བཞིན་དུ་འབྲས་ཆན་འཚེད་དོ་ཞེས་བྱ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ཇི་ལྟར་ན་ཤེས་བཞིན་དུ་མ་ཡིན་པར་མའི་མངལ་དུ་འཇུག་ཅིང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །ཞེས་བྱ་བ་ནི་སྐྱེ་བའི་ཡུལ་ཉེ་བའི་གནས་སྐབས་ཡིན་ནོ། །དེ་བཞིན་དུ་གནས་སོ་འབྱུང་ངོ་སྙམ་དུ་མོས་ཤིང༌། ལྷག་པར་འདོད་པ་ནི་རིང་བའི་གནས་སྐབས་ཡིན་ནོ། །ཇི་ལྟར་ཞེ་ན། དེ་བཞིན་དུ་གནས་ནའང་འདི་དག་ཏུ་གནས་པར་བྱའོ། །འབྱུང་ན་ཡང་འདི་དག་ནས་འབྱུང་ངོ་སྙམ་པ་ཡིན་ཏེ་ཕྱིན་ཅི་ལོག་འདི་གཉིས་ཀྱི་ཁྱད་པར་ནི་དེ་ཡོད་དོ། །གཞན་དག་ན་རེ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་
དག་ཁོ་ནས་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་སྐྱེས་པའི་ཡུལ་དུ་འགྲོ་བ་འབའ་ཞིག་ཏུ་མ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། གཞན་དུའང་མ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། རླུངས་ལངས་པའམ། ཆར་པ་འབབ་པའམ་ཞེས་བྱ་བ་ལ་སོགས་པ་དང༌། དེ་བཞིན་དུ་ཀུན་དགའི་ར་བའམ་སྐྱེད་མོས་ཚལ་ལམ་ཁང་བཟངས་སུ་འཇུག་པའམ་ཞེས་བྱ་བ་ལ་སོགས་པ་དང༌། ཤེས་བཞིན་པ་ནི་མངལ་དུ་འཇུག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གལ་ཏེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ན་ཇི་ལྟར་ཉོན་མོངས་པ་ཅན་གྱི་སེམས་ཁོ་ནས་ཉིང་མཚམས་སྦྱོར་བར་བྱེད་པར་རྣམ་པར་གཞག་ཅེ་ན། མ་ལ་སྲེད་པ་དང་མ་བྲལ་བའི་ཕྱིར་སེམས་ཉོན་མོངས་པ་ཅན་ཉིད་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་མངལ་དུ་འཇུག་པ་ལ་འདི་སྙམ་དུ་རླུང་ལངས་པའམ་ཞེས་བྱ་བ་ནས་ཤིང་དྲུང་ངམ་རྩིག་པའི་དྲུང་དུ་འགྲོའོ་ཞེས་བྱ་བ་དང༌། གནས་ན་ཡང་འདི་དག་ཏུ་གནས་པར་བྱའོ། །འབྱུང་ནའང་འདི་དག་ནས་འབྱུང་ངོ་སྙམ་པ་ལ་སོགས་པ་ལོག་པའི་འདུ་ཤེས་དང༌། མོས་པ་དག་འབྱུང་བར་འགྱུར་རོ་ཞེས་བྱ་བ་འདི་ནི་སྐྱེས་མ་ཐག་པའི་གནས་སྐབས་ན་འབྱུང་བ་ཡིན་ནོ་ཞེས་ཟེར་རོ། །དེ་ལས་འཁོར་ལོས་སྒྱུར་བ་ནི་དང་པོ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་འཁོར་ལོས་སྒྱུར་བ་ནི་དང་པོ་ཡིན་ཏེ། གཅིག་ནི་ཤེས་བཞིན་དུ་འཇུག་གོ་ཞེས་བཤད་པ་ཡིན་ནོ། །གཉིས་པ་ནི་རང་སངས་རྒྱས་ཡིན་ཏེ་གཞན་ནི་གནས་པ་ཡང་ཞེས་བཤད་པ་གང་ཡིན་པའོ། །གསུམ་པ་ནི་སངས་རྒྱས་ཡིན་ཏེ། གཞན་ནི་འབྱུང་བའང་ཞེས་གང་བཤད་པ་ཡིན་ནོ། །འདིར་ཡང་འབྱུང་བར་འགྱུར་བའི་མིང་གིས་ཞེས་བྱ་བ་ནི་དེའི་ཚེ་འདི་དག་འཁོར་ལོས་སྒྱུར་བ་ལ་སོགས་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པ་དེ་དག་ནི་ཞེས་བྱ་བ་ནི་འདི་དག་ནི་རྣམ་གྲངས་སུ་བཤད་པར་ཟད་ཀྱི་དོན་ནི་དེ་དག་ཁོ་ནར་ཟད་ད་སྙམ་དུ་བསམས་པ་ཡིན་ནོ། །བརྡར་བཏགས་པ་ནི་རྒྱུ་དང་འབྲས་བུ་འབྲེལ་པ་ཉིད་དུ་རྣམ་པར་
གཞག་པའོ། །ཉོན་མོངས་ལས་ཀྱིས་མངོན་དུ་བྱས། །ཞེས་བྱ་བ་ནི་ཉོན་མོངས་པ་དང་ལས་ཀྱིས་བསྒོས་པ་ཞེས་བྱ་བའི་ཐ་ཚིག་གོ །མར་མེ་བཞིན་དུ་ཞེས་བྱ་བ་ནི་རྒྱུན་གྱི་ཚུལ་གྱིས་འཕོ་བའི་ཕུང་པོ་ལྔ་སྐད་ཅིག་མ་ཡིན་པའི་ཕྱིར་མར་མེ་དང་འདྲའོ་ཞེས་སྟོན་པར་བྱེད་དོ། །ཇི་ལྟར་འཕངས་བཞིན་ཞེས་བྱ་བ་ལ། འཕངས་པ་ནི་དུས་རེ་ཞིག་གི་རྒྱུན་ཡིན་ཏེ། འདི་ནི་ཁྱད་པར་ཡིན་ནོ། །ཚེའི་སྟེ་ཚེར་འགྱུར་པའི་ལས་ཐ་དད་པའི་ཕྱིར་རོ། །མཚན་རྣམས་རིམ་གྱིས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། མཚན་ནི་མིག་ལ་སོགས་པའི་རྟེན་ཏེ། དེ་དག་གིས་མིག་ལ་སོགས་པ་གསལ་བར་འགྱུར་བས་སོ། །རྐྱག་དོང་ལྟ་བུ་ཞེས་བྱ་བ་དང༌། ལུས་ཀྱི་རྨ་འཁྱིམས་པ་ཆེན་པོ་དེར་ཞེས་བྱ་བ་ནི་རྨ་འཁྱིམས་པ་དང་འདྲ་བས་རྨ་འཁྱིམས་པའོ་ཞེས་སྨད་པའི་ཚིག་ཡིན་ནོ། །དྲི་ང་བ་མི་བཟད་པ་ནི་མི་བཟད་པར་དྲི་ང་བའོ། །འདི་ནི་མུན་ཁུང་ཡང་ཡིན་ཏེ་སྣང་བ་དང་བྲལ་བའི་ཕྱིར་རོ། །འདི་ནི་འདམ་རྫབ་དང་འདྲ་བའི་བཙོག་པ་རྣམས་ཀྱིས་འདམ་རྫབ་ཀྱང་ཡིན་ཏེ་དེར་རོ། །རྟག་ཏུ་བྱི་དོར་བྱ་དགོས་པ་ནི་རྟག་ཏུ་གཙང་སྦྲ་བྱ་དགོས་པའོ། །ཕོའི་ཁུ་ཆུ་དང་མོའི་ཁྲག་དང་གཤེར་བའི་ཁྱད་པར་གྱི་མཚན་ཉིད་ཀྱི་ཆུ་སེར་དང༌། དྲི་མས་ཀུན་དུ་མྱགས་ཤིང་ཀུན་ནས་མྱགས་པ་རྣམ་པར་མྱགས་ཤིང་ཁྱད་པར་དུ་མྱགས་པ་རུལ་ཞིང་རྣགས་པ་འདྲེད་པ་དེར་ལག་པ་བཅུག་སྟེ་ལག་པ་དང༌། རྐང་པ་ལ་སོགས་པའི་ཡན་ལག་དང་ཉིང་ལག་བཅད་ཅིང་གཏུབས་ནས། འབྱིན་པར་བྱེད་འདྲེན་པར་བྱེད་དོ། །རྨ་གསར་པ་ལྟ་བུ་ནི་ན་བ་དང་བཅས་པའོ། །རྨ་གསར་པའི་བདག་ཉིད་དང་འདྲ་བས་ན་རྨ་གསར་པ་ལྟ་བུའོ། །འདི་ལ་རྨ་གསར་པ་དང་འདྲ་བའི་བདག་ཉིད་ཡོད་པས་ན་རྨ་གསར་པ་ལྟ་བུ་ཅན་གྱི་བྱིས་པ་ཡིན་ནོ། །མཚོན་དང་ཐལ་བའི་སྨན་ཏེ་དེ་དག་གི་བདག་ཉིད་ལྟ་བུར་འདུག་པ་ནི་མཚོན་དང་ཐལ་བའི་སྨན་ལྟ་བུའོ། །འདི་དག་ལ་མཚོན་དང་ཐལ་བའི་སྨན་ལྟ་བུའི་
རེག་པ་ཡོད་པས་ན་མཚོན་དང་ཐལ་བའི་སྨན་ལྟ་བུའི་རེག་པ་དང་ལྡན་པའི་ལག་པ་དག་ཡིན་ཏེ། དེ་གཉིས་ཀྱིས་བླངས་ནས་འཁྲུ་བར་བྱེད་དོ། །སྐྱེ་བའི་རྒྱུས་ཞེས་བྱ་བ་ནི་རྗེས་སུ་འགྲོ་བས་སོ། །དེའི་རྒྱུ་མེད་པ་ཉིད་དུ་ཞེས་བྱ་བ་ནི་དང་པོའི་རྒྱུ་མེད་པ་ཉིད་དུའོ། །འདི་རྒྱུ་མེད་པ་ཉིད་གཅིག་ཡིན་ན་ནི་དེ་དང་འདྲ་བས་ཐམས་ཅད་ཀྱང་རྒྱུ་མེད་པ་ཁོ་ནར་འགྱུར་བ་ཞིག་ན་མྱུ་གུ་ལ་སོགས་པ་ལ་ས་བོན་ལ་སོགས་པའི་ནུས་པ་སྟེ། མྱུ་གུ་དང༌། སྡོང་བུ་དང༌། ལོ་མ་དང༌། ཡལ་ག་ལ་སོགས་པ་ལ་སྐྱེད་པར་བྱེད་པ་ས་བོན་དང༌། མྱུ་གུ་དང༌། ལོ་མ་ལ་སོགས་པའི་ནུས་པ་ཡང་མཐོང་ངོ༌། །ཅིའི་ཕྱིར་ཞེ་ན། ཡུལ་དང་དུས་སོ་སོར་ངེས་པ་ལས་ཏེ་ཡུལ་དང་དུས་སོ་སོར་ངེས་པ་ལས་སོ། །དེ་ལ་ཡུལ་སོ་སོར་ངེས་པ་ནི་ས་བོན་ལ་སོགས་པ་དང་འབྲེལ་པའི་ཡུལ་ཁོ་ནར་སྐྱེ་བའི་ཕྱིར་རོ། །དུས་ངེས་པ་ནི་ས་བོན་གྱི་མཇུག་ཐོགས་སུ་སྐྱེ་བའི་ཕྱིར་རོ། །ཡུལ་དང་དུས་སོ་སོར་ངེས་པ་ལས་ཚོས་པ་ལ་སོགས་པ་སྟེ། ཚོས་པ་དང་བདེ་བ་དང་སྡུག་བསྔལ་དང་སྒྲ་དང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལ་མེ་ལ་སོགས་པ་སྟེ། མེ་དང༌། གྲང་བ་དང༌། དྲོ་བ་དང༌། བསྣུན་པ་དང༌། མིག་ལ་སོགས་པའི་ནུས་པ་ཡང་མཐོང་ངོ༌། །གལ་ཏེ་རྒྱུ་མེད་པ་ཞིག་ཏུ་འབྱུང་བར་འགྱུར་ན། བསྐྱེད་པར་བྱ་བ་ལ་ཡུལ་དང་དུས་ངེས་པ་ལས་མྱུ་གུ་ལ་སོགས་པ་ལས་ས་བོན་ལ་སོགས་པ་དང༌། ཚོས་པ་ལ་སོགས་པ་ལ་མེ་ལ་སོགས་པའི་ནུས་པ་ཡོད་པར་མི་འགྱུར་གྱི། རྟག་ཏུ་ཐམས་ཅད་ན་ཐམས་ཅད་སྐྱེ་བར་འགྱུར་བ་ཞིག་ན་དེ་ལྟ་བུ་ཡང་མི་མཐོང་བས་དེའི་ཕྱིར་རྒྱུ་མེད་པ་ལས་བྱུང་བ་ནི་མེད་དོ། །རྒྱུ་རྟག་པར་ཡོད་པར་སྨྲ་བ་ནི་སྔར་བསལ་ཟིན་པ་ཉིད་དོ་ཞེས་བྱ་བ་ནི། དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་འབྱུང་བའི་ཕྱིར་རོ། །ལྷག་མ་བརྒྱད་ནི་བར་དུའོ། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་
པའི་ཡན་ལག་རྣམས་སོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བ་ལ། གཟུགས་ན་སྤྱོད་པ་ལ་ནི་རྣམ་པར་ཤེས་པའི་ཡན་ལག་གི་ཚེ་ཉིད་ན་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་གི་ཡན་ལག་དག་ཡོད་པའི་ཕྱིར་བར་དུ་ཡན་ལག་བརྒྱད་མ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པ་ལ་ནི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་གི་ཡན་ལག་དག་ཀྱང་མེད་པའི་ཕྱིར་རོ། །གླེང་གཞི་ཆེན་པོའི་རྣམ་གྲངས་ཀྱི་མདོ་ལས་ནི། ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པར་མ་གྱུར་ན་འོན་ཀྱང་མིང་དང་གཟུགས་ནུར་ནུར་པོ་ཉིད་དུ་བྱ་བའི་ཕྱིར་རྨོངས་པར་འགྱུར་རམ། བཙུན་པ་མ་ལགས་སོ་ཞེས་བྱ་བའི་མདོ་དེ་འབྱུང་སྟེ། མའི་མངལ་དུ་འཇུག་པ་ནི་འདོད་པའི་ཁམས་ཁོ་ནར་ཡིན་ནོ། །སྔོན་དང་ཕྱི་མའི་མཐའ་འབྲས་བུ་དང་རྒྱུ་དང་བཅས་པ་དག་སྨོས་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་གོ་རིམས་བཞིན་དུ་སྔོན་གྱི་མཐའ་འབྲས་བུ་དང་བཅས་པ་སྨོས་པའི་ཕྱིར་དང༌། ཕྱི་མའི་མཐའ་རྒྱུ་དང་བཅས་པ་སྨོས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལ་སྔོན་གྱི་མཐའི་རྒྱུ་ནི་མ་རིག་པ་དང་འདུ་བྱེད་དོ། །དེའི་འབྲས་བུ་ནི་རྣམ་པར་ཤེས་པ་ནས་ཚོར་བའི་བར་ཡན་ལག་ལྔ་ཡིན་ནོ། །ཕྱི་མའི་མཐའི་འབྲས་བུ་ནི་སྐྱེ་བ་དང་རྒ་ཤིའོ། །དེའི་རྒྱུ་ནི་སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། ཡན་ལག་གསུམ་ཡིན་ནོ། །དེ་ལྟར་ན་ཡན་ལག་བདུན་ནི་སྔོན་གྱི་མཐའ་པ་ཡིན་ལ། ལྔ་ནི་ཕྱི་མའི་མཐའ་པ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ཡང་མ་རིག་པ་ལ་སོགས་པ་འདི་དག་གང་ཞིག་ཅེ་ན་ཞེས་བྱ་བ་ནི་ཅི་མ་རིག་པ་ཉིད་འབའ་ཞིག་གམ། འོན་ཏེ་ཉོན་མོངས་པ་ཐམས་ཅད་དམ། འོན་ཏེ་ཉོན་མོངས་པའི་གནས་སྐབས་ཡིན་སྙམ་དུ་ཐེ་ཚོམ་ཟ་ཞིང་འདྲི་བ་ཡིན་ནོ། །ལྟན་ཅིག་སྤྱོད་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་ཉོན་མོངས་པ་རྣམས་ནི་མ་རིག་པ་དང་ལྷན་ཅིག་སྤྱོད་པས་སོ། །དེའི་དབང་གིས། དེ་དག་ཀུན་དུ་འབྱུང་བའི་ཕྱིར། །ཞེས་བྱ་བ་ནི་འདི་ལྟར་མ་རིག་པའི་དབང་གིས་ཉོན་མོངས་པ་དེ་དག་ཀུན་དུ་འབྱུང་བས་སོ། །ཀུན་དུ་
འབྱུང་བ་ནི་དེའི་རྗེས་སུ་འཇུག་པ་སྟེ། རྨོངས་པ་ལ་ཉོན་མོངས་པ་ཀུན་དུ་འབྱུང་གི་མ་རྨོངས་པ་ལ་ནི་མ་ཡིན་ནོ། །རྒྱལ་པོ་གཤེགས་སོ་ཞེས་བྱས་ན་ཞེས་བྱ་བ་ནི་དཔེར་ན་རྒྱལ་པོ་གཤེགས་སོ་ཞེས་སྨྲས་ན། ལྷན་ཅིག་སྤྱོད་པའི་ཕྱིར་དང་དེའི་དབང་གིས་འབངས་ལ་སོགས་པ་དེ་དག་ཀུན་དུ་འབྱུང་བའི་ཕྱིར་དེའི་ཞམ་འབྲིང་བ་འབངས་ལ་སོགས་པ་ཡང་འོང་བར་གྲུབ་པ་དེ་དང་འདྲའོ། །དེ་ལྟར་ན་མ་རིག་པའི་དབང་གིས་ན་མ་རིག་པའི་ཡན་ལག་ནི་ཉོན་མོངས་པའི་གནས་སྐབས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན། ཉོན་མོངས་སྔོན་གནས་སྐབས་ཞེས་བཤད་ཀྱི་མ་རིག་སྔོན་གནས་སྐབས་ཞེས་བྱ་བ་ནི་མ་བཤད་དོ། །བསོད་ནམས་ལ་སོགས་པའི་ལས་ཀྱི་གནས་སྐབས་ཞེས་བྱ་བ་ནི་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་ལས་ཀྱི་གནས་སྐབས་ཞེས་བྱ་པའི་ཐ་ཚིག་གོ །སྐྱེ་མཆེད་བཞི་དོད་ཚུན་ཆད་དོ་ཞེས་བརྗོད་པར་བྱ་བ་ཡིན་པ་ལས་ཞེས་བྱ་བ་ནི་ལུས་དང་ཡིད་ཀྱི་སྐྱེ་མཆེད་དག་ནི་སྐྱེ་བའི་སྲིད་པ་ཉིད་ན་བྱུང་ཟིན་པའི་ཕྱིར་རོ། །དེའི་ཚེ་དེར་རྣམ་པར་འཇོག་པའི་ཕྱིར་རོ་ཞེས་བྱ་བ་ནི་མིག་ལ་སོགས་པའི་སྐྱེ་མཆེད་དོད་པའི་ཚེ་ལུས་དང་ཡིད་ཀྱི་སྐྱེ་མཆེད་དག་ཏུ་རྣམ་པར་འཇོག་པའི་ཕྱིར་རོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །ཞེས་བྱ་བ་ནི་སྐྱེ་མཆེད་དྲུག་པོ་དེ་ནི་གསུམ་འདུས་ཚུན་ཆད་དེ་དབང་པོ་དང༌། ཡུལ་དང་རྣམ་པར་ཤེས་པ་གསུམ་འདུས་ཚུན་ཆད་དོ་ཞེས་བྱ་བའི་ཐ་ཚིག་གོ །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཞེས་བྱ་བ་ལ་དབང་པོ་དང༌། ཡུལ་དང་རྣམ་པར་ཤེས་པ་དྲུག་འདུས་པ་ནི་རེག་པ་སྟེ་སྐྱེ་མཆེད་དྲུག་ཚང་བ་ལ་འདུས་པ་ཡོད་པའི་ཕྱིར་སྐྱེས་པའི་གནས་སྐབས་སུ་རྣམ་པར་གཞག་གོ ། གང་ཚུན་ཆུད་ཡིན་ཞེ་ན། བདེ་བ་དང༌། སྡུག་བསྔལ་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོང་བའི་རྒྱུ་དག་ཤེས་པར་ནུས་པ་ཚུན་ཆད་དེ། བྱིས་པ་དེ་སྲིད་དུ་བདེ་བའི་ཚོར་བའི་རྒྱུ་ནི་འདིའོ། །སྡུག་བསྔལ་གྱི་ཚོར་བའི་རྒྱུ་ནི་འདིའོ། །བདེ་
བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་རྒྱུ་ནི་འདིའོ་ཞེས་བྱ་བར་ཡོངས་སུ་གཅོད་མི་ནུས་པའི་གནས་སྐབས་དེ་ནི་རེག་པ་ཞེས་བྱའོ། །འདི་ལྟར་བྱིས་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ནོ་ཞེས་བྱ་བར་ཡོངས་སུ་མི་ཆོད་པས་མེ་ལ་ཡང་རེག་པར་བྱེད་དོ། །ཡོངས་སུ་གཅོད་ནུས་ནས་ནི་ཚོར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གང་ཚུན་ཆད་ཡིན་ཞེ་ན། འཁྲིག་ཚུན་ཆད་དེ་ཇི་སྲིད་དུ་འཁྲིག་པའི་འདོད་ཆགས་ཀུན་དུ་མི་སྤྱོད་པའི་བར་གྱི་གནས་སྐབས་དེ་ནི་ཚོར་བ་ཞེས་བྱའོ། །གནས་སྐབས་དེ་ནི་ཚོར་བ་ཕུལ་དུ་བྱུང་བ་ཡིན་ཏེ། ཚོར་བའི་རྒྱུ་ཚོར་བའི་ཕྱིར་རོ། །སྲེད་པ་ནི། ལོངས་སྤྱོད་འཁྲིག་པའི་ཆགས་ཅན་གྱི། །ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་གཟུགས་ལ་སོགས་པའི་མཚན་ཉིད་ཀྱི་ལོངས་སྤྱོད་དང༌། འཇིག་རྟེན་ན་གྲགས་པའི་འཁྲིག་པ་ལ་ཆགས་པ་ཅན་གྱི་གང་ཟག་གི་འདོད་ཆགས་དེ་ཀུན་དུ་སྤྱོད་པའི་གནས་སྐབས་ནི་སྲེད་པ་ཞེས་བྱའོ། །འདིས་ཡུལ་དང་བདག་གི་ངོ་བོ་ལེན་པས་ན་ཉེ་བར་ལེན་པ་ཉོན་མོངས་པ་རྣམ་པ་བཞི་ཡིན་ཏེ། གནས་སྐབས་དེ་ནི་ལེན་པ་ཞེས་བྱའོ། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ཡོངས་སུ་རྒྱུག་པར་སྟོན་ཏོ། །འདི་ལ་སྲིད་པའི་འབྲས་བུ་འབྱུང་བར་འགྱུར་བ་ཡོད་པས་ན་སྲིད་པའི་འབྲས་བུ་འབྱུང་བར་འགྱུར་བ་སྟེ། ཡང་སྲིད་པའི་ལས་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་སྲིད་པ་ཡིན་ཞེས་བྱ་བ་ནི་འདིས་འབྱུང་བར་འགྱུར་བས་ན་སྲིད་པ་སྟེ་ལས་ཀྱི་རྣམ་གྲངས་ཡིན་ནོ། །ཚོར་བའི་བར་ནི་རྒ་ཤི་ཡིན། །ཞེས་བྱ་བ་ནི་ཚོར་བ་ལ་ཐུག་པའི་བར་ནི་རྒ་ཤི་སྟེ། མིང་དང་གཟུགས་ལ་སོགས་པ་ཡན་ལག་བཞིའི་ངོ་བོ་ཉིད་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་གདུལ་བའི་སྐྱེ་བོ་སྐྱོ་པར་བྱ་བའི་ཕྱིར་དགེ་སློང་དག་མིང་དང་གཟུགས་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི་རྒ་ཤིའི་སྐྱེ་བ་ཡིན་ནོ། །ཚོར་བའི་བར་དུ་ཡང་དེ་དང་འདྲའོ་ཞེས་ཡན་ལག་བཞི་རྒ་ཤིའི་སྒྲར་གསུངས་སོ། །སྐད་ཅིག་པ་ཞེས་བྱ་བ་ནི་སྐད་ཅིག་མ་ལས་འབྱུང་བའམ། འདི་ལ་སྐད་ཅིག་
མ་འབྱུང་བས་ན་སྐད་ཅིག་པའོ། །རྒྱུན་གྱིས་བརྩེ་བའམ་སྤྱོད་པ་ནི་རྒྱུན་ཆགས་པ་སྟེ། རྒྱུན་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །འབྲེལ་པ་ཅན་ཡང་དེ་དང་འདྲ་བ་སྟེ། །རྒྱུ་དང་འབྲས་བུ་འབྲེལ་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །གནས་སྐབས་པ་ནི་བཅུ་གཉིས་པ་ཕུང་པོ་ལྔའི་གནས་སྐབས་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་མིང་ནི་འདུ་ཤེས་ལ་སོགས་པ་ཕུང་པོ་གསུམ་མོ། །གཟུགས་ནི་རྣམ་པར་རིག་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པ་ལ་སོགས་པའོ། །མིང་དང་གཟུགས་ལ་རྣམ་པར་གནས་པའི་དབང་པོ་རྣམས་ཞེས་བྱ་བ་ནི་དབང་པོ་རྣམས་དེ་ལ་རག་ལས་ཏེ་འབྱུང་བའི་ཕྱིར་རམ། དེ་དག་མིང་དང་གཟུགས་ལ་བརྟེན་ནས་རྣམ་པར་ཤེས་པ་གནས་པས་སོ། །སྐྱེ་མཆེད་དྲུག་འདུས་པ་ནི་རེག་པའོ་ཞེས་བྱ་བ་ལ་འདུས་པ་ནི་མིག་ལ་སོགས་པ་རང་རང་གི་ཡུལ་ལ་འཇུག་པ་སྟེ། དེ་ནི་ཅི་རིགས་པར་དེའི་ཚེ་གང་ལ་འདུས་པ་སྲིད་པ་དེའི་དེ་རེག་པ་ཡིན་པར་རིག་པར་བྱའོ། །དེ་དང་མཚུངས་པར་ལྡན་པའི་ཀུན་ནས་དཀྲིས་པ་དག་ནི་ལེན་པའོ་ཞེས་བྱ་བ་ནི་དེ་དང་མཚུངས་པར་ལྡན་པ་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་དག་སྟེ། དེ་ནི་ལེན་པ་ཡིན་ནོ། །དེས་ཀུན་ནས་བསླང་བ་ཞེས་བྱ་བ་ནི་སྲེད་པས་ཀུན་ནས་བསླང་བའོ། །ཁ་ཅིག་ན་རེ་ཚོར་བས་ཀུན་ནས་བསླང་བའོ་ཞེས་ཟེར་རོ། །སྐྱེ་བ་ནི་ཞེས་བྱ་བ་ནི་འབྱུང་བའོ། །ཡོངས་སུ་སྨིན་པ་ནི་རྒ་བའོ་ཞེས་བྱ་བ་ནི་འབྲས་བུ་སྨིན་པའི་མཐུ་ཉམས་པའམ། སྐད་ཅིག་མ་སྔ་མ་ལ་ལྟོས་ནས་སོ། །ཞིག་པ་ནི་ཤི་བའོ་ཞེས་བྱ་བ་ནི་སྐད་ཅིག་དེ་ལ་འཇིག་པའོ། །གཞན་དག་ན་རེ་འཇིག་པ་ལ་མངོན་དུ་ཕྱོགས་པ་ནི་འཇིག་པའོ་ཞེས་ཟེར་རོ། །སྐད་ཅིག་པ་དང་འབྲེལ་པ་ཅན་ནི་རབ་ཏུ་བྱེད་པ་དག་ལས་ཇི་སྐད་འབྱུང་བ་བཞིན་ནོ་ཞེས་བྱ་བ་རབ་ཏུ་བྱེད་པ་དག་ལས་ཇི་སྐད་འབྱུང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་
ཅད་དོ་ཞེས་འབྱུང་སྟེ། དེ་ལ་འདུས་བྱས་ཀྱི་ཆོས་རྣམས་ནི་སྐད་ཅིག་རེ་རེ་ལ་འཇིག་པ་དང་ལྡན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་སྐད་ཅིག་པ་ཡིན་ལ། རྒྱུ་དང་འབྲས་བུར་གྱུར་པའི་སྐད་ཅིག་མ་གཉིས་ཀ་འབྲེལ་པའི་ཕྱིར་འབྲེལ་པ་ཅན་ཡིན་ནོ། །ཚེ་གསུམ་བར་ཆད་མེད་པར་འབྲེལ་པ་དག །ཅེས་བྱ་བ་ནི་བཅུ་གཉིས་པའི་ཕུང་པོ་ལྔའི་གནས་སྐབས་ཏེ། ཚེ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་འབྲེལ་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་གནས་སྐབས་པ་ཡིན་ནོ། །བར་ཆད་མེད་པ་ཞེས་བྱ་བ་སྨོས་པ་ནི་ཆ་གསུམ་པ་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་རོ། །དེ་ཉིད་རྒྱུན་ཆགས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་གནས་སྐབས་པ་དེ་ཉིད་རྒྱུན་ཆགས་པ་དང་ལྡན་པའི་ཕྱིར་རྒྱུན་ཆགས་པ་ཡིན་ཏེ། སྐད་ཅིག་མ་དུ་མའི་ཕྱིར་རམ། ཚེ་དུ་མ་ཡིན་པའི་ཕྱིར་རོ། །དགོངས་པ་ཅན་ཞེས་བྱ་བ་ནི་དགོངས་པ་ལས་བྱུང་བས་ན་དགོངས་པ་ཅན་ཏེ། གདུལ་བ་ལ་དགོངས་པའི་དབང་གིས་དེ་ལྟར་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ །མཚན་ཉིད་པ་ཡིན་ཞེས་བྱ་བ་ནི་མཚན་ཉིད་གཙོར་མཛད་པའི་ཕྱིར་ཏེ། རབ་ཏུ་བྱེད་པ་དག་ལས་ནི་འདུས་བྱས་ཐམས་ཅད་སྨོས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་སེམས་ཅན་དུ་སྟོན་པ་དང༌། སེམས་ཅན་དུ་སྟོན་པ་མ་ཡིན་པར་བཤད་དེ། འདུས་བྱས་ཐམས་ཅད་རྒྱུ་ཉིད་དང་ལྡན་པའི་ཕྱིར་རོ། །གདུལ་བའི་རྨོངས་པ་བཟློག་པའི་ཕྱིར་ནི་སེམས་ཅན་དུ་སྟོན་པ་ཁོ་ནའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་སུ་བཤད་དེ་དེའི་ཕྱིར། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཞེས་བྱ་བ་ལ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་ཆ་གསུམ་པ་ཡིན་ནོ་ཞེས་བྱ་བ་ལ་ཆ་ནི་ཚན་ཚན་ཡིན་ནོ། །བདག་ཅི་ཞིག་ཏུ་བྱུང་བར་གྱུར་ཞེས་བྱ་བ་ནི་མིའམ་མ་ཡིན་པའོ། །བདག་ཇི་ལྟར་ནི་བྱུང་བར་གྱུར་ཞེས་བྱ་བ་ནི་རྣམ་པ་གང་གིས་ཏེ་རིགས་པ་གང་གིས་ཞེས་བྱ་བའི་ཐ་ཚིག་གོ །ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཅི་མ་འོངས་པའི་
དུས་ན་འབྱུང་བར་འགྱུར་རམ། འོན་ཏེ་འབྱུང་བར་མི་འགྱུར་རམ། ཅི་ཞིག་ཏུ་འབྱུང་བར་འགྱུར། ཇི་ལྟར་འབྱུང་བར་འགྱུར་སྙམ་པ་ཡིན་ནོ། །འདི་ཅི་ཞིག་ཡིན་ཞེས་བྱ་བ་ནི་བདག་གི་ངོ་བོའི་རྫས་ཚོལ་བའོ། །འདི་ཇི་ལྟར་ཡིན་ཞེས་བྱ་བ་ནི་རྣམ་པ་གང་གིས་ཏེ་རིགས་པ་གང་གིས་ཞེས་བྱ་བ་ཡིན་ནོ། །བདག་གི་ངོ་བོའི་རྫས་དེ་ཉིད་ངེས་པར་མི་ཟིན་པས་ཡོད་པ་ནི་ཅི་ཞིག་ཡིན་སྙམ་ཏེ་ད་ལྟ་བདག་ཡོད་པ་ནི་འདི་ནི་ཅི་ཞིག་ཡིན། འགྱུར་བ་ནི་ཅི་ཞིག་ཡིན་སྙམ་ནས་དེ་ལྟར་ངེས་པར་མི་ཟིན་ཏོ། །མདོ་ལས་གོ་རིམས་བཞིན་ནོ་ཞེས་བྱ་བ་ནི་མ་རིག་པ་དང་འདུ་བྱེད་རྣམས་ནི་སྔོན་གྱི་མཐའ་ལ་རྨོངས་པ་བཟློག་པའི་ཕྱིར་རོ། །སྐྱེ་བ་དང་རྒ་ཤི་ནི་ཕྱི་མའི་མཐའ་རྨོངས་པ་བཟློག་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནས་སྲིད་པའི་བར་ནི་བར་དུ་རྨོངས་པ་བཟློག་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འདི་ལྟར་མདོ་ཉིད་ལས་གསུངས་སོ་ཞེས་བྱ་བ་ནི་མདོ་ལས་ཀྱང་དེ་ཁོ་ན་ལྟར་བཤད་དོ་ཞེས་མདོས་རང་གི་བཤད་པ་གཞུང་འཛུགས་པར་བཤད་པ་ཡིན་ནོ། །དེ་ནི་ཅི་བདག་འདས་པའི་དུས་ན་བྱུང་བར་གྱུར་ཏམ་སྙམ་དུ་སྔོན་གྱི་མཐའ་ལ་འབྲང་བར་མི་འགྱུར་རོ་ཞེས་བྱ་བ་རྒྱས་པར་གསུངས་སོ་ཞེས་བྱ་བ་ནི་ཅི་བདག་འདས་པའི་དུས་ན་བྱུང་བར་གྱུར་ཏམ་སྙམ་དུ་སྔོན་གྱི་མཐའ་ལ་རབ་ཏུ་མི་རྒྱུག་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཐོང་བ་ཁོ་ནས་འདས་པའི་དུས་ལ་ཐེ་ཚོམ་ཟ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །རྒྱས་པར་ཞེས་བྱ་བའི་སྒྲས་ནི་དེ་ནི་ཅི་བདག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་སྙམ་དུ་མ་འོངས་པའི་མཐའ་ལ་འབྲང་བར་མི་འགྱུར་རོ་ཞེས་བྱ་བ་རྒྱས་པ་དང༌། དེ་བཞིན་དུ་འདི་ཅི་ཞིག་ཡིན་སྙམ་དུ་བར་གྱི་མཐའ་ལས་རྒྱུག་པར་མི་འགྱུར་རོ་ཞེས་བྱ་བ་རྒྱས་པར་བསྡུས་པ་ཡིན་ནོ། །སྲེད་པ་དང་ལེན་པ་དང་སྲིད་པ་དག་ཀྱང་ཞེས་བྱ་བ་ནི་སྲེད་པ་དང་ལེན་པ་དག་སྲིད་པ་ཐམས་ཅད་ཕྱི་མའི་མཐའ་ལ་རྨོངས་པ་བཟློག་པའི་ཕྱིར་ཡིན་གྱི་ཇི་སྐད་དུ་གོང་དུ་རྣམ་པར་ཤེས་པ་ནས་སྲིད་པའི་བར་ཞེས་བཤད་པ་ལྟ་བུར་བར་དུ་རྨོངས་
པ་བཟློག་པའི་ཕྱིར་ནི་མ་ཡིན་ནོ། །འདི་ལ་རིགས་པ་ཅི་ཡོད་ཅེ་ན། འདི་དག་ནི་དེ་ཁོ་ནའི་རྒྱུ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་འདི་དག་ནི་ཕྱི་མའི་མཐའ་ཁོ་ནའི་རྒྱུ་ཡིན་པས་སོ། །ལས་དང་ཉོན་མོངས་པའི་རྟེན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་སོགས་པ་ནི་གཞི་ཡིན་ཏེ། ལས་དང་ཉོན་མོངས་པ་རྣམས་ཀྱི་གཞི་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་འབྲས་བུ་ཡིན་ཞེས་བྱ་བ་ནི་ཡན་ལག་བདུན་པོ་ཉིད་འབྲས་བུ་ཡིན་ཏེ། རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བའི་ཡན་ལག་ནི་མ་རིག་པ་དང༌། འདུ་བྱེད་རྣམས་ཀྱི་འབྲས་བུ་ཡིན་ནོ། །སྐྱེ་བ་དང་རྒ་ཤི་ནི་སྲེད་པ་དང༌། ལེན་པ་དང༌། སྲིད་པ་རྣམས་ཀྱི་འབྲས་བུ་ཡིན་ནོ། །ལྔ་ནི་རྒྱུར་གྱུར་པ་དག་ཡིན་ནོ་ཞེས་བྱ་བ་ནི་མ་རིག་པ་དང༌། འདུ་བྱེད་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་རྣམས་སོ། །ལས་དང་ཉོན་མོངས་པའི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མ་རིག་པ་དང་སྲེད་པ་དང་ལེན་པ་རྣམས་ནི་ཉོན་མོངས་པའི་རང་བཞིན་ཡིན་ནོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་རང་བཞིན་ཡིན་ནོ། །གཞི་རྣམ་པ་ལྔ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་ཞེས་བྱའོ། །ཉོན་མོངས་པ་རྣམ་པ་གཉིས་ཐ་དད་པའི་ཕྱིར་ཞེས་བྱ་བ་ནི་སྲེད་པ་དང་ལེན་པ་ཞེས་བྱའོ། །མ་འོངས་པའི་དུས་སུ་ནི་རྣམ་པ་གཉིས་ཐ་དད་པའི་ཕྱིར་འབྲས་བུ་མདོར་བསྡུས་ཞེས་བྱ་བ་ནི་སྐྱེ་བ་དང་རྒ་ཤི་ཞེས་བྱ་བའོ། །འདས་པའི་དུས་སུ་ནི་ཉོན་མོངས་པ་སྒོ་གཅིག་ཏུ་བསྟན་པའི་ཕྱིར་རྒྱུ་མདོར་བསྡུས་ཞེས་བྱ་བ་ནི་ཉོན་མོངས་པ་མ་རིག་པའི་སྒོ་ནས་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། མ་འོངས་པའི་དུས་སུ་ཡང་དེ་ལྟར་འབྲས་བུ་རྣམ་པ་ལྔར་རྒྱ་མ་བསྐྱེད་ལ་འདས་པའི་དུས་སུ་དེ་ལྟར་རྒྱུ་རྣམ་པ་གཉིས་སུ་རྒྱས་བསྐྱེད་དོ། །འདི་ལྟར་འདིར་བཅོམ་ལྡན་འདས་ཀྱིས་བསྟན་ཟིན་ཏོ་ཞེས་བྱ་བ་གང་ཞེ་ན། ཉོན་མོངས་པ་ལས་ཉོན་མོངས་པ། །ཞེས་བྱ་བ་དེ་ལྟ་བུ་
ལ་སོགས་པ། །འདི་ནི་སྲིད་པའི་ཡན་ལག་ལུགས། །ཞེས་བྱ་བ་ཡིན་ནོ། །དེ་ལས་གཞི་ཞེས་བྱ་བ་ནི་བྱ་བ་དེ་ལས་སོ། །དེ་ལས་གཞི་དང་ཉོན་མོངས་སྐྱེ། །ཞེས་བྱ་བ་ནི་གཞི་ལས་ཞེས་བྱ་བའི་དབང་དུ་བྱས་པ་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་འདིར་ནི་དེ་ལྟར་ན་ཞེས་བྱ་བ་ཞིག་ཁོང་ནས་དབྱུང་ངོ༌། །གཞིའམ་ཉོན་མོངས་པ་ལས་སྐྱེ་བར་འགྱུར་རོ་ཞེས་བསྟན་པ་ཡིན་ཞེས་བྱ་བ་ནི་འདི་ན་གཞི་ལས་ཀྱང་ཉོན་མོངས་པ་སྐྱེ་བ་མཐོང་སྟེ། ཚོར་བ་ལས་སྲེད་པ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་ཉོན་མོངས་པ་ལས་ཀྱང་ཉོན་མོངས་པ་སྐྱེ་བ་མཐོང་སྟེ། སྲེད་པ་ལས་ལེན་པ་ཞེས་བྱ་བ་ཡིན་ནོ། །མ་རིག་པ་ཡང་སྔོན་གྱི་མཐའི་ཉོན་མོངས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པར་ཡང་བཤད་པས་དེ་གལ་ཏེ་ལེན་པ་ཡིན་ན་ནི་སྲིད་པ་ལས་སྐྱེའོ་ཞེས་བྱ་བར་ཤེས་སོ། །འོན་ཏེ་སྲེད་པ་ཡིན་ན་ནི་གཞི་ལས་སྐྱེའོ་ཞེས་བྱ་བར་ཤེས་སོ། །དེ་ལྟ་བས་ན་མ་རིག་པ་ཉོན་མོངས་པའི་ངོ་བོ་ཉིད་གཞིའམ་ཉོན་མོངས་པ་ལས་སྐྱེའོ་ཞེས་བསྟན་པ་ཡིན་ནོ། །རྒ་ཤི་ཡང་ཡན་ལག་བཞིའི་ངོ་བོ་ཉིད་ཀྱི་གཞི་ཡིན་ནོ་ཞེས་བཤད་དོ། །འདི་ན་གཞི་ལས་ཀྱང་ཉོན་མོངས་པ་སྐྱེ་བར་མཐོང་སྟེ། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་དེ་ལས་ཀྱང་ཉོན་མོངས་པ་འབྱུང་ཞིང་འབྱུང་བར་འགྱུར་རོ་ཞེས་བསྟན་པ་ཡིན་པས་ཡང་འདི་ལས་ཁ་བསྐང་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། དེ་ལྟར་བསྟན་ཟིན་པའི་ཕྱིར་རོ། །ཡང་བཅོམ་ལྡན་འདས་ཀྱིས་ལུགས་དེ་ལྟར་བསྟན་པར་ཅི་མངོན་ཞེ་ན་སྨྲས་པ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འདི་ནུས་པ་ཅི་ཞིག་ཡོད་པར་འགྱུར་ཞེས་བྱ་བ་ནི་གལ་ཏེ། ཉོན་མོངས་པ་ལས་ཉོན་མོངས་དང༌། །བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དང་ཉོན་མོངས་སྐྱེ། །ཞེས་ཇི་སྐད་བཤད་པའི་ལུགས་འདི་མ་ཡིན་པར་གྱུར་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང༌། མྱ་ངན་དང་སྨྲེ་
སྔགས་འདོན་པ་དང༌། སྡུག་བསྔལ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ཙམ་ཁོ་ན་ཞིག་གསུངས་པར་འགྱུར་གྱི། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ་ཞེས་བྱ་བ་འདི་གསུངས་པར་མི་འགྱུར་རོ། །ཡང་དག་པར་འབྱུང་བ་དང་སྐྱེ་བ་ཞེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ཏེ། དེ་ལྟ་བས་ན་འདིའི་ནུས་པ་ནི་ཇི་སྐད་བཤད་པའི་རྣམ་པ་མངོན་པར་རྗོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་མངོན་ནོ། །གཞན་དག་ན་རེ་ཞེས་བྱ་བ་ནི་སློབ་དཔོན་ཡིད་འོང་གི་མཁན་པོ་གནས་བརྟན་དབྱིག་གཉེན་དེ་སྐད་ཟེར་བ་ཡིན་ནོ། །མདོ་གཞན་ལས་མ་རིག་པ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་ཞེས་བྱ་བ་ནི་རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་པའི་མདོ་ལས་སོ། །ཇི་ལྟར་ཞེ་ན། མདོ་ལས། དགེ་སློང་དག་མ་རིག་པ་ནི་རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་པ་ཡིན་ནོ། །དགེ་སློང་དག་མ་རིག་པའི་རྒྱུ་ནི་གང་རྐྱེན་ནི་གང་གཞི་ནི་གང་ཞེ་ན། དགེ་སློང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་མ་རིག་པའི་རྒྱུའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་རྐྱེན་ནོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་གཞིའོ་ཞེས་འབྱུང་བའི་ཕྱིར་རོ།། །།བམ་པོ་ཉི་ཤུ་རྩ་ལྔ་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་མ་རིག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་ཞེས་བྱ་བ་ནི་མདོ་གཞན་ལས་ཞེས་བྱ་བ་སྐབས་དང་སྦྱར་ཏེ། མདོ་ལས། མིག་དང་གཟུགས་ལ་བརྟེན་ནས་གཏི་མུག་ལས་སྐྱེས་པའི་ཡིད་ལ་བྱེད་པ་རྙོག་པ་སྐྱེའོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་འདིར་མ་སྨོས། ཇི་ལྟར་ན་ཡན་ལག་གཞན་ཡིན་པར་མི་འགྱུར་ཞེ་ན། དེ་ནི་འདིར་ཡང་ལེན་པའི་ནང་དུ་འདུས་པའི་ཕྱིར་བཤད་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་རྙོག་པའོ། །འདིར་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོར་རོ། །ཇི་ལྟར་
བཤད་ཅེ་ན། ལེན་པའི་ནང་དུ་འདུས་པའི་ཕྱིར་བཤད་པ་ཡིན་ནོ། །འདི་ལྟར་ལེན་པ་ནི་ལོངས་སྤྱོད་རྣམས་ཐོབ་པར་བྱ་བའི་ཕྱིར་ཉོན་མོངས་པ་ཀུན་དུ་སྤྱོད་པའི་གནས་སྐབས་ཡིན་ལ། དེའི་ནང་དུ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཕྱིན་ཅི་ལོག་གི་སེམས་པའི་གཏོད་པ་འདུས་པས་བཤད་པ་ཡིན་ནོ། །དེའི་ཕྱིར་མ་རིག་པ་རྒྱུ་མེད་པ་ཉིད་ཀྱང་མེད་དོ། །མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་ལས་ཡན་ལག་གཞན་གྱིས་ཁ་བསྐང་བར་བྱ་བ་ཡང་མི་དགོས་སོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མ་རིག་པའི་རྒྱུ་ཅན་ཡིན་པའི་ཕྱིར་ཐུག་པ་མེད་པར་ཡང་ཐལ་བར་ཡང་མི་འགྱུར་རོ། །སློབ་དཔོན་གྱིས་ཇི་ལྟར་འདུས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལེན་པའི་ནང་དུ་ཇི་ལྟར་འདུས། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལེན་པའི་ངོ་བོ་ཉིད་ནི་མ་ཡིན་ནོ། །གལ་ཏེ་མཚུངས་པར་ལྡན་པ་ལས་ཡིན་ཏེ། གལ་ཏེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལེན་པ་དང་མཚུངས་པར་ལྡན་པར་འགྱུར་བས་དེའི་ཕྱིར་འདི་ནི་ལེན་པའི་ནང་དུ་འདུས་པར་འདོད་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་སྲེད་པ་དང་མ་རིག་པ་དག་གི་ནང་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་འདུས་པར་འགྱུར་ཏེ། འདི་ནི་སྲིད་པ་དང་མ་རིག་པ་དག་དང་ཡང་མཚུངས་པར་ལྡན་པར་འགྱུར་རོ། །དེས་ན་འདི་སྐད་དུ། དེ་ནི་འདིར་ཡང་མ་རིག་པ་དང༌། སྲེད་པ་དང༌། ལེན་པའི་ནང་དུ་འདུས་པའི་ཕྱིར་བཤད་པ་ཡིན་ནོ་ཞེས་བརྗོད་པར་བྱ་དགོས་པར་འགྱུར་གྱི། འདི་སྐད་དུ་དེ་ནི་འདིར་ཡང་ལེན་པའི་ནང་དུ་འདུས་པའི་ཕྱིར་བཤད་པ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ནི་མ་ཡིན་ཏེ། ལེན་པ་ཁོ་ནའི་ནང་དུ་འདུས་པར་ངེས་པར་གཟུང་བར་ནི་མི་བྱ་བ་ཉིད་དོ་སྙམ་དུ་བསམས་པ་ཡིན་ནོ། །ནང་དུ་འདུས་པ་ཡིན་དུ་ཆུག་ན་ཡང་ཞེས་བྱ་བ་ནི་ནང་དུ་འདུས་པ་མི་སྲིད་པ་ཁས་བླངས་ཏེ་སྨྲ་བ་ཡིན་ནོ། །ཇི་ལྟར་ན་མ་རིག་པའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་པར་བཤད་པ་ཡིན་
ཏེ། མདོའི་ཚིག་དེ་ལྟ་བུ་ནི་མེད་དོ། །གལ་ཏེ་ནང་དུ་འདུས་པ་ཁོ་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་གང་གི་ཕྱིར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལེན་པའི་ནང་དུ་འདུས་པ་དེའི་ཕྱིར་མ་རིག་པའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ནོ་ཞེས་བྱ་བར་བསྟན་པ་ཡིན་ལ། ལེན་པ་སྨོས་པ་ཁོ་ནས་དེ་གྲུབ་པའི་ཕྱིར་དེ་ཡན་ལག་གཞན་དུ་བརྗོད་པར་བྱ་ཡང་མི་དགོས་ན། འོ་ན་ནི་སྲེད་པ་དང་མ་རིག་པ་དག་ཀྱང་ལེན་པའི་ནང་དུ་འདུ་བས་དེ་གཉིས་ཀྱང་དེའི་ནང་དུ་འདུས་པའི་ཕྱིར་ཡན་ལག་གཞན་ཉིད་དུ་མི་བྱ་བར་འདུས་ཏེ། ལེན་པ་སྨོས་པ་ཁོ་ནས་དེ་གྲུབ་པའི་ཕྱིར་རོ། །སྲེད་པ་དང་མ་རིག་པ་དག་ནི་ལོགས་ཤིག་ཏུ་ཡང་ཡན་ལག་ཏུ་བཤད་དེ། དེ་ལྟ་བས་ན་དེ་ནི་ལེན་པའི་ནང་དུ་འདུས་པར་ཡང་མི་རུང་ངོ༌། །གཞན་དག་ན་རེ་ཞེས་བྱ་བ་ནི་བཙུན་པ་དཔལ་ལེན་ཏོ། །མདོ་གཞན་ལས་མ་རིག་པའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་པར་གསུངས་ཏེ་ཞེས་བྱ་བ་ནི་རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་པའི་མདོ་ལས་དགེ་སློང་དག་མ་རིག་པ་ཡང་རྒྱུ་དང་བཅས་རྐྱེན་དང་བཅས་གཞི་དང་བཅས་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་ཡང་རེག་པའི་དུས་སུ་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན། མིག་དང་གཟུགས་རྣམས་ལ་བརྟེན་ནས་གཏི་མུག་ལས་སྐྱེས་པའི་ཡིད་ལ་བྱེད་པ་རྙོག་པ་སྐྱེའོ་ཞེས་གསུངས་ཞེས་བྱ་བ་སྨོས་ཏེ། མིག་གི་རྣམ་པར་ཤེས་པ་སྐྱེ་བའི་དུས་གང་ཡིན་པ་འདི་ནི་རེག་པའི་དུས་ཡིན་ནོ། །ཡིད་ལ་བྱེད་པ་རྙོག་པ་ནི་ཚུལ་བཞིན་མ་ཡིན་པར་ཞུགས་པའི་ཕྱིར་རམ། གཏི་མུག་ལས་སྐྱེས་པའི་ཕྱིར་ཏེ་གཏི་མུག་ལས་སྐྱེས་པ་ནི་གཏི་མུག་ལས་སྐྱེས་པའོ། །མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་ནི་མ་རིག་པ་དང་མཚུངས་པར་ལྡན་པའི་རེག་པ་ལས་བྱུང་བ་ནི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟེ། གང་ལ་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོད་
པ་དེ་ལ་ནི་གདོན་མི་ཟ་བར་མ་རིག་པ་དང་མཚུངས་པར་ལྡན་པར་འགྱུར་རོ། །མ་རིག་པ་དང་མཚུངས་པར་མི་ལྡན་པའི་ཚོར་བ་ནི་སྲེད་པའི་རྒྱུར་ཡང་མི་འགྱུར་རོ། །དེ་ལྟ་བས་ན་རེག་པའི་དུས་ན་ཡོད་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་ཚོར་བ་དང་ལྷན་ཅིག་འཇུག་པའི་མ་རིག་པའི་རྐྱེན་གྱི་ངོ་བོར་གྲུབ་པས་མ་རིག་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བའི་ཕྱིར་མ་རིག་པ་རྒྱུ་མེད་པ་ཉིད་ཀྱང་མ་ཡིན་ཞིང་དེ་ལྟར་རེག་པའི་དུས་ན་ཡོད་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཚོར་བ་དང་ལྷན་ཅིག་འབྱུང་བའི་མ་རིག་པའི་རྐྱེན་གྱི་ངོ་བོར་གྲུབ་པས་བཅུ་གཉིས་ལས་མ་གཏོགས་པའི་ཡན་ལག་གཞན་གྱིས་ཁ་བསྐང་བར་ཡང་མི་བྱའོ། །ཐུག་པ་མེད་པར་ཐལ་བར་འགྱུར་བའང་མ་ཡིན་ཏེ། གཏི་མུག་ལས་སྐྱེས་པའི་ཡིད་ལ་བྱེད་པ་རྙོག་པ་ཞེས་འབྱུང་བས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་ཡང་གཏི་མུག་ལས་སྐྱེས་པ་ཡིན་པར་གསུངས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་ཀྱང་མ་རིག་པ་འབྱུང་ལ་མ་རིག་པ་ལས་ཀྱང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འབྱུང་ངོ་ཞེས་འཁོར་ལོ་ལྟ་བུར་བཤད་པ་ཡིན་ནོ། །འདི་ནི་སློབ་དཔོན་གྱིས་ཉེས་པ་དང་བཅས་པར་གཟིགས་ནས་ཉེས་པ་དེ་མངོན་པར་བྱ་བའི་ཕྱིར་ཐལ་བར་འགྱུར་བ་བརྩམ་པར་འོ་ན་ནི་དེ་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འོ་ན་ནི་ཞེས་བྱ་བ་ནི་དོན་གཞན་བརྗོད་པར་འདོད་པ་ཡིན་ནོ། །སྐལ་ལྡན་ཁྱད་པར་ཅན་ན་རེ་ད་ནི་ཞེས་བྱ་བ་ནི་དོན་ཡིན་ནོ་ཞེས་ཟེར་རོ། །དེ་ནི་ཞེས་བྱ་བ་ནི་མདོ་དང་རིགས་པའི་སྒོ་ནས་མ་རིག་པའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ནོ་ཞེས་ཇི་སྐད་རྒྱས་པར་བཤད་པ་ཡིན་ཏེ། དེ་ནི་མདོ་གཞན་དུ་གསུངས་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་འདིར་ཡང་བརྗོད་པར་བྱ་དགོས་སོ། །བརྗོད་པར་བྱ་མི་དགོས་སོ་ཞེས་ཟེར་
བ་ནི་བཙུན་པ་དཔལ་ལེན་ཏོ། །རིགས་པ་གང་གིས་ཞེས་དྲིས་པ་དང་བཙུན་པ་དཔལ་ལེན་གྱིས་དགྲ་བཅོམ་པ་རྣམས་ཀྱི་ཚོར་བ་མ་རིག་པ་མེད་པ་ནི་སྲེད་པའི་རྐྱེན་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དགྲ་བཅོམ་པ་རྣམས་ལ་ཡང་ཚོར་བ་ཡོད་ལ་དེ་ནི་སྲེད་པའི་རྐྱེན་ཡང་མ་ཡིན་པས་ཚོར་བ་མ་རིག་པ་དང་བཅས་པ་ཁོ་ན་སྲེད་པའི་རྐྱེན་ཡིན་ནོ་ཞེས་བྱ་བར་ཤེས་སོ། །ཕྱིན་ཅི་ལོག་མེད་པའི་རེག་པ་ཡང་ཉོན་མོངས་པ་ཅན་གྱི་ཚོར་བའི་རྐྱེན་མ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དགྲ་བཅོམ་པ་མ་རིག་པ་མེད་པའི་རེག་པ་ཡང་ཕྱིན་ཅི་ལོག་མ་ཡིན་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ལས་ཚོར་བའི་རྐྱེན་དུ་བཤད་པ་གང་ཡིན་པའི་རེག་པ་ཡང་མ་རིག་པ་དང་བཅས་པ་ཁོ་ནའོ་ཞེས་བྱ་བར་ཤེས་ལ་མ་རིག་པ་ཡང་འདིའི་རྒྱུ་ཡིན་ནོ་ཞེས་བྱ་བར་ཤེས་པའི་རིགས་པ་འདིས་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ལས་འབྱུང་བ་རེག་པ་མ་རིག་པ་དང་བཅས་པའི་རྐྱེན་གྱིས་ཚོར་བ། ཚོར་བ་མ་རིག་པ་དང་བཅས་པའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ཡིན་པར་ཤེས་སོ། །དེའི་ཕྱིར་ཇི་སྐད་བཤད་པའི་རིགས་པ་འདིས་དེ་ཡང་རེག་པའི་དུས་སུ་བསྟན་པ་ཡིན་ལ་ཞེས་བྱ་བ་རྒྱས་པར་རྟེན་ཅིང་འབྲེལ་པར་འབྱུང་བ་འདིར་མ་རིག་པའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ་ཞེས་བྱ་བ་གྲུབ་པ་ཡིན་ནོ། །འདིར་བརྒལ་པ་གལ་ཏེ་ཚོར་བ་མ་རིག་པ་མེད་པ་ནི་སྲེད་པའི་རྐྱེན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་རང་གི་རིགས་པ་ཁོ་ནས་མ་རིག་པའི་རྒྱུ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་ལ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ཡང་མ་རིག་པ་ཡིན་ནོ་ཞེས་བྱ་བར་ཤེས་ན། འོ་ན་མ་རིག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དག་ཕན་ཚུན་གྱི་རྒྱུ་ཅན་ཉིད་ཡིན་པར་རབ་ཏུ་སྟོན་པ་མདོ་གཞན་ལ་བརྟེན་ཅི་དགོས། འདིར་སྨྲས་པ། དེ་ནི་བདེན་ན་འོན་ཀྱང་དེ་ནི་རིགས་པ་ཙམ་དུ་ཟད་ཀྱི། ཞལ་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ལས་གསུངས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཞལ་ནས་མདོ་གཞན་ལས་གསུངས་
པའི་སྒོ་ནས་རིགས་པ་འདི་རྣམ་པར་འཇོག་པས་མདོ་གཞན་ཉེ་བར་འགོད་པ་དགོས་པ་གཞན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་ན་ནི་ཧ་ཅང་ཐལ་བར་འགྱུར་ཞེས་ཟེར་བ་ནི་བསྟན་བཅོས་མཛད་པའོ། །ཇི་ལྟར་ན་ཧ་ཅང་ཐལ་བར་འགྱུར་ཞེ་ན། བཤད་པ། མདོ་གཞན་ལས་ནི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་བརྟེན་ནས་སྲེད་པ་སྐྱེའོ་ཞེས་བསྟན་ཏེ། དགྲ་བཅོམ་པ་རྣམས་ཀྱི་ཚོར་བ་མ་རིག་པ་མེད་པ་ནི་སྲེད་པའི་རྐྱེན་མ་ཡིན་ནོ། །ཕྱིན་ཅི་ལོག་མེད་པའི་རེག་པ་ཡང་ཉོན་མོངས་པ་ཅན་གྱི་ཚོར་བའི་རྐྱེན་མ་ཡིན་ལ། དགྲ་བཅོམ་པ་མ་རིག་པ་མེད་པའི་རེག་པ་ཡང་ཕྱིན་ཅི་ལོག་མ་ཡིན་ནོ་ཞེས་བྱ་བའི་རིགས་པ་འདིས་རེག་པ་དང་ཚོར་བ་ཞེས་བྱ་བའི་ཡན་ལག་འདི་གཉིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་འདིར་མ་སྨོས་བཞིན་དུ་གཞན་ནས་བསྟན་པའི་ཕྱིར་ཤེས་པར་འགྱུར་བས་ཡན་ལག་འདི་གཉིས་ཀྱང་མ་སྨོས་པར་འགྱུར་རོ། །དེ་བཞིན་དུ་མདོ་གཞན་ལས་དེ་གལ་ཏེ་བསོད་ནམས་ཀྱི་འདུ་བྱེད་དག་མངོན་པར་འདུ་བྱེད་ན་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པར་འགྱུར་ཏེ། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་དང༌། མི་གཡོ་བར་ཉེ་བར་འགྲོ་བ་ཡང་དེ་དང་འདྲའོ་ཞེས་བསྟན་ཏེ། དགྲ་བཅོམ་པའི་འདུ་བྱེད་མ་རིག་པ་མེད་པ་ནི་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ནས། མི་གཡོ་བ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པའི་བར་དུ་ཡང་མི་འགྱུར་བས་འདུ་བྱེད་ཀྱི་ཡན་ལག་འདི་ཡང་རིགས་པས་གྲུབ་སྟེ། འདིར་བརྗོད་མི་དགོས་སོ་ཞེས་བྱ་བར་གྱུར་ཏོ། །དེ་བཞིན་དུ་རིགས་པའི་སྒོ་ནས་སྐྱེ་བ་མེད་པར་རྒ་ཤི་མི་འབྱུང་ངོ་ཞེས་བྱ་བར་ཤེས་པས་སྐྱེ་བའི་ཡན་ལག་ཀྱང་བརྗོད་མི་དགོས་པར་འགྱུར་བས་ཧ་ཅང་ཐལ་བར་འགྱུར་རོ། །སློབ་དཔོན་གྱིས་འདི་ནི་ཀླན་ཀར་མི་རུང་བ་ཁོ་ན་ཡིན་ལ་ཞེས་བྱ་བ་ནི་རང་གི་གཞུང་ལུགས་རྒྱས་པར་བཤད་དོ། །འདིར་ནི་ཇི་ལྟར་ན་འཇིག་རྟེན་ཕ་རོལ་ནས་འཇིག་རྟེན་འདིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ལ་མ་རིག་པ་
དང༌། འདུ་བྱེད་དག་གིས་ནི་འཇིག་རྟེན་འདིར་འབྲེལ་པར་བྱེད་དེ། འཇིག་རྟེན་འདི་པ་དེ་ཡང་རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བའི་ཡན་ལག་རྣམས་ཡིན་ནོ། །སྲེད་པ་དང༌། ལེན་པ་དང༌། སྲིད་པ་རྣམས་ཀྱིས་ནི་འཇིག་རྟེན་ཕ་རོལ་དུ་སྦྱོར་བར་བྱེད་དེ། འཇིག་རྟེན་ཕ་རོལ་དེ་ཡང་སྐྱེ་བ་དང་རྒ་ཤི་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་འདིར་ནི་གདུལ་བ་རྣམས་ལ་དོན་དེ་ཙམ་ཞིག་བརྗོད་པར་བཞེད་པའི་ཕྱིར་ལ་དོན་དེ་ཡང་གོང་དུ་བཤད་ཟིན་པའི་ཕྱིར་ཏེ། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཞེས་བྱ་བ་འདིས་བཤད་ཟིན་པའི་ཕྱིར་འདིར་ནི་ཀླན་ཀར་མི་རུང་བ་ཁོ་ན་ཡིན་ལ་ཞེས་བྱ་བ་རྒྱས་པར་མ་ཚང་བར་བསྟན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་དང་སྦྱར་རོ། །གཉིས་ཀ་ཡང་འདུས་བྱས་ཀྱི་ཆོས་ཐམས་ཅད་ཡིན་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་དུས་གསུམ་པ་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ལ་དེ་དག་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་ཡིན་པས་ཁྱད་པར་ཅི་ཡང་མེད་དོ། །མ་འོངས་པ་མ་བྱས་པ་རྣམས་ཁོ་ན་ཡང་ཇི་ལྟར་ན་ཞེས་བྱ་བ་ནི་ཇི་ལྟར་འབྱུང་བར་འགྱུར་བའི་མིང་གིས་མ་འོངས་པ་རྣམས་ལ་འདུས་བྱས་ཞེས་བྱ་བ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དེ་དང་འདྲའོ་སྙམ་དུ་བསམས་པ་ཡིན་ནོ། །མངོན་པར་འདུ་བྱེད་པ་པའི་སེམས་པས་ཞེས་བྱ་བ་ལ། མངོན་པར་འདུ་བྱེད་པ་པ་ཞེས་སྨོས་པ་ནི་སེམས་པ་ཐམས་ཅད་ཀྱི་རང་གི་མཚན་ཉིད་མངོན་པར་བརྗོད་པའི་ཕྱིར་ཏེ། དེ་ནི་རྣམ་པར་སྨིན་པ་མངོན་པར་འདུ་བྱེད་པའི་ཕྱིར་མངོན་པར་འདུ་བྱེད་པ་ཡིན་ནོ། །དེས་བསམས་པའི་ཕྱིར་ཏེ། ལྷར་སྐྱེ་བར་ཤོག་ཤིག་མིར་སྐྱེ་བར་ཤོག་ཤིག་ཅེས་བྱ་བ་ལ་སོགས་པ་སྨོན་ལམ་བཏབ་པའི་ཕྱིར་རོ། །དེའི་ཕྱིར་མ་འོངས་པ་རྣམས་ལ་འདུས་བྱས་ཞེས་བྱ་བའི་འབྱུང་བར་འགྱུར་བའི་མིང་གིས་ནི་མ་ཡིན་ནོ། །བསམས་པ་དེ་འདོར་དུ་གཞུག་པའི་ཕྱིར་ཟག་པ་མེད་
པ་རྣམས་ཇི་ལྟར་ཞེས་སྨོས་ཏེ། མ་འོངས་པ་ཟག་པ་དང་བཅས་པ་གང་དག་ཡིན་པ་དེ་དག་ནི་དེ་ལྟར་བསམ་དུའང་རུང་ན། མ་འོངས་པ་ཟག་པ་མེད་པ་གང་དག་ཡིན་པ་དེ་དག་གོ །ཇི་ལྟར་བསམ་དུ་རུང༌། རྒོལ་བར་བྱེད་པས་སྨྲས་པ། དེ་དག་ཀྱང་ཟག་པ་མེད་པའི་ཆོས་རྣམས་ཐོབ་པར་གྱུར་ཅིག་ཅེས་ཐོབ་པར་བྱ་བའི་ཕྱིར་སེམས་པ་དགེ་བས་བསམས་པ་དག་ཡིན་ནོ། །མྱ་ངན་ལས་འདས་པ་ལ་ཡང་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཡང་མྱ་ངན་ལས་འདས་པ་ཐོབ་པར་གྱུར་ཅིག་སྙམ་དུ་ཐོབ་པར་བྱ་བར་བསམས་པའི་ཕྱིར་འདུས་བྱས་སུ་ཐལ་བར་འགྱུར་རོ། །དེ་ལྟར་དོན་དེ་མ་འོངས་པ་རྣམས་འདུས་བྱས་ཉིད་ཡིན་པར་རྣམ་པར་གཞག་ན་ཉེས་པ་ཡོད་པས་དེ་དང་རིགས་མཐུན་པའི་ཕྱིར་ཞེས་བྱ་བ་ཚུལ་གཞན་རྒྱས་པར་འགོད་པར་བྱེད་དེ། ཇི་ལྟར་མ་འོངས་པའི་གཟུགས་གཟུགས་སུ་རུང་བར་འགྱུར་བ་གང་ཡིན་པ་རེ་ཞིག་གཟུགས་སུ་མི་རུང་ཡང་གཟུགས་སུ་རིགས་མཐུན་པའི་ཕྱིར་གཟུགས་ཞེས་བྱ་བ་དེ་བཞིན་དུ་ཆོས་མ་འོངས་པ་རྣམས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་སུ་རིགས་མཐུན་པས་དེ་བཞིན་དུ་མ་འོངས་པ་རྣམས་ལ་རྟེན་ཅིང་འབྲེལ་ཏེ་བྱུང་བའོ་ཞེས་བསྟན་པ་ཡིན་ནོ། །རྒྱུ་དང་འབྲས་བུར་གྱུར་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་རྒྱུ་ཡང་ཡན་ལག་དེ་ཁོ་ན་ཡིན་པས་སོ། །དེ་ལྟར་ཡིན་ཡང་ལྟོས་པའི་བྱེ་བྲག་གིས་རྣམ་པར་གཞག་པ་མེད་པ་ཡང་མ་ཡིན་ཞེས་བྱ་བ་ནི་ལྟོས་པའི་བྱེ་བྲག་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། རྟེན་ཅིང་འབྲེལ་བར་བྱུང་བ་རྣམ་པར་མི་གནས་པ་ཡང་མ་ཡིན་ཏེ། ཚུ་རོལ་དང་ཕ་རོལ་ལྟ་བུ་དང༌། །རྒྱུ་དང་འབྲས་བུ་ལྟ་བུའོ། །རྒྱུ་དང་འབྲས་བུ་བཞིན་དང་ཕ་དང་བུ་བཞིན་ནོ་ཞེས་བྱ་བ་དེ་ལས་རྒྱུ་དང་འབྲས་བུ་ནི་དཔེར་ན་ས་བོན་དང་མྱུ་གུ་ལ་སོགས་པ་ཇི་ལྟར་གང་ལ་ལྟོས་ནས་རྒྱུར་རྣམ་པར་གཞག་པ་དེ་ལ་ལྟོས་ནས་འབྲས་བུ་མ་ཡིན་ལ། གང་ལ་ལྟོས་ནས་འབྲས་བུ་རྣམ་པར་གཞག་པ་དེ་ལ་ལྟོས་ནས་རྒྱུ་མ་ཡིན་གྱི་འོ་ན་ཅི་ཞེ་ན། འབྲས་བུ་
ལ་ལྟོས་ནས་རྒྱུར་རྣམ་པར་གཞག་ལ། རྒྱུ་ལ་ལྟོས་ཀྱང་འབྲས་བུ་ཡིན་པ་དང༌། ཇི་ལྟར་གང་ལ་ལྟོས་ནས་ཕ་ཡིན་པ་དེ་ལ་ལྟོས་ནས་བུ་མ་ཡིན་ལ། གང་ལ་ལྟོས་ནས་བུ་ཡིན་པ་དེ་ལ་ལྟོས་ནས་ཕ་མ་ཡིན་གྱིའོ་ན་ཅི་ཞེ་ན། བུ་ལ་ལྟོས་ནས་ཕ་ཞེས་བྱ་ཞིང་ཅིག་ཤོས་ལ་ལྟོས་ནས་ཀྱང་བུ་ཞེས་བྱ་བ་ལ་དེ་དག་རྣམ་པར་མི་གནས་པ་ཡང་མ་ཡིན་པ་དེ་དང་འདྲའོ། །མུ་དང་པོ་ནི་ཆོས་མ་འོངས་པ་རྣམས་སོ་ཞེས་བྱ་བ་ནི་ཆོས་གཞན་གྱི་རྒྱུ་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། འདི་ལས་འབྱུང་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་མ་ཡིན་ཏེ། མ་བྱུང་བའི་ཕྱིར་རོ། །གཉིས་པ་ནི་དགྲ་བཅོམ་པའི་ཆོས་ཐ་མ་ཞེས་བྱ་བ་ནི་བྱུང་ཟིན་པའི་ཕྱིར་དང༌། དེ་ལས་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །གསུམ་པ་ནི་དེ་ལས་གཞན་པ་ཞེས་བྱ་བ་ནི་དགྲ་བཅོམ་པའི་ཐ་མ་དག་ལས་གཞན་པའི་ཆོས་འདས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་སོ། །བཞི་པ་ནི་ཆོས་འདུས་མ་བྱས་རྣམས་སོ་ཞེས་བྱ་བ་ནི་དེ་དག་ལ་འབྲས་བུ་མེད་པའི་ཕྱིར་དང༌། མི་སྐྱེ་བའི་ཆོས་དང་ལྡན་པའི་ཕྱིར་རོ། །གྲག་གོ་ཞེས་བྱ་བ་ནི་མི་སྲིད་པ་ཡིན་ནོ། །ཅི་འདི་དག་གང་ཞིག་གང་འདོད་པ་འདོད་རྒྱལ་དུ་འཆད་པ་ཞིག་གམ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་གནས་སྐབས་པ་ཞེས་བྱ་བ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ལ། རྟེན་ཅང་འབྲེལ་པར་འབྱུང་བའི་ཆོས་དེ་དག་མ་ཡིན་པའང་ཡོད་ཅེས་བྱ་བའི་བར་དེ་ལྟ་བུ་ལ་སོགས་པའོ། །སྔོན་གྱི་མཐའ་མི་ཤེས་པ་ཞེས་བྱ་བ་ནི་གང་གི་ཕྱིར་མ་རིག་པ་ཁོ་ན་བཤད་ཀྱི། ཕུང་པོ་གཞན་དག་ནི་མ་ཡིན་པ་དེའི་ཕྱིར་མ་རིག་པ་ཁོ་ན་ཡན་ལག་ཡིན་ནོ་ཞེས་བྱ་བ་འདི་ནི་ངེས་པའི་དོན་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །ངེས་པའི་དོན་ཞེས་བྱ་བ་ནི་རྣམ་པར་ཕྱེ་བའི་དོན་ཏོ། །གླང་པོ་ཆེའི་རྗེས་ལྟ་བུ་ནི་མདོ་ཞིག་གོ །དེ་དག་ལ་ནི་གཟུགས་ལ་སོགས་པ་གཞན་ཡང་ཡོད་དེ་ཞེས་བྱ་བ་ནི་སྐྲ་ལ་སོགས་པ་དེ་དག་ལ་སའི་ཁམས་ཙམ་ཁོ་ནར་མ་ཟད་ཀྱི་ཞེས་བྱ་བ་
ཡིན་ནོ། །དེ་བཞིན་དུ་འདིར་ཡང་གཙོ་བོ་ཇི་ལྟ་བ་བཞིན་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་འདིར་ཡང་བཅུ་གཉིས་དང་ལྡན་པའི་ཕུང་པོ་ལྔའི་གནས་སྐབས་དག་ཏུ་གང་ཞིག་གཙོ་བོ་ཡིན་པ་དེ་བསྟན་པ་ཡིན་ཏེ། མ་རིག་པ་གཙོ་བོ་ཡིན་པའི་སྐབས་སུ་ནི་མ་རིག་པ་ཞེས་བསྟན་པ་ཡིན་ལ། འདུ་བྱེད་ལ་སོགས་པ་གཙོ་བོ་ཡིན་པའི་གནས་སྐབས་དག་ཏུ་ནི་འདུ་བྱེད་ལ་སོགས་པ་བསྟན་པ་ཡིན་པར་ཟད་ཀྱི་དེ་ལ་ནི་གཟུགས་དང་ཚོར་བ་ལ་སོགས་པ་ཆོས་གཞན་དག་ཀྱང་ཡོད་དོ། །དེ་ལས་ནི་གང་གིས་ན་དེ་དག་མ་རྫོགས་པར་བསྟན་པར་གྱུར་པ་སའི་ཁམས་ཀྱིས་སྐྲ་ལ་སོགས་པ་སྟོན་པ་ནི་མ་ཡིན་གྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་དེ་ལས་ནི་གང་གིས་ནི་སྐྲ་ལ་སོགས་པ་དེ་དག་མ་རྫོགས་པར་བསྟན་པར་འགྱུར་བ་སྐྲ་ལ་སོགས་པ་གང་ཞེ་ན། སའི། །ཁམས་སོ་ཞེས་སའི་ཁམས་ཀྱིས་སྐྲ་ལ་སོགས་པ་སྟོན་པ་ནི་མ་ཡིན་ནོ། །དེ་དག་ལ་ནི་གཟུགས་ལ་སོགས་པ་གཞན་དག་ཀྱང་ཡོད་པས་སྐྲ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱང་ཡིན་གྱི་སའི་ཁམས་འབའ་ཞིག་གི་ངོ་བོ་ཉིད་ཡིན་པ་ནི་མ་ཡིན་ནོ། །འོན་ཀྱང་དེ་ལས་ནི་སའི་ཁམས་གང་ཞེ་ན། སྐྲ་དང་སྤུ་དག་གོ་ཞེས་སྐྲ་ལ་སོགས་པ་དག་ཁོ་ནས་སའི་ཁམས་སྟོན་པ་ཡིན་ཏེ། སྐྲ་ལ་སོགས་པ་མ་གཏོགས་པར་བོར་ཏེ་ནང་གིས་སའི་ཁམས་མེད་པས་སའི་ཁམས་འདི་རྫོགས་པར་བསྟན་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་འདི་ལས་ཀྱང་མ་རིག་པ་ལ་སོགས་པ་རྣམས་ཞེས་བྱ་བ་ནི་དེ་བཞིན་དུ་མདོ་འདི་ལས་ཀྱང་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་སོགས་པ་ཡོངས་སུ་རྫོགས་པ་ཁོ་ནར་བསྟན་པ་ཡིན་གྱི་ལྷག་མ་དང་བཅས་པར་ནི་མ་ཡིན་ནོ། །མཆི་མ་དང་མཆིལ་མ་དང་སྣབས་ལ་སོགས་པ་དག་ལ་ཞེས་བྱ་བ་ནི་མདོ་དེ་ལས་མཆི་མ་དང་མཆིལ་མ་དང་སྣབས་ལ་སོགས་པ་མི་འབྱུང་སྟེ། དེ་ལྟ་བས་ན་དེ་དག་ལ་ཡོད་པའི་སའི་ཁམས་མ་བཤད་པས་ལྷག་མ་དང་བཅས་པ་ཁོ་
ན་ཞེས་སྟོན་པར་བྱེད་དོ། །ཡང་ན་གལ་ཏེ་དེ་ཁོ་ན་དང་འདྲ་བར་བསྟན་པར་ནུས་ན་མ་རིག་པའི་ལྷག་མ་ཡོད་ལ་རག་གོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་ཇི་ལྟར་མ་བཤད་པའི་ཕྱིར་སའི་ཁམས་ཀྱི་ལྷག་མ་མཆིལ་མ་དང་སྣབས་ལ་སོགས་པ་ལ་ཡོད་པ་དེ་ཁོ་ན་དང་འདྲ་བར་བསྟན་པར་ནུས་ན། །མ་རིག་པའི་ལྷག་མ་ཡོད་ལ་རག་སྟེ། གལ་ཏེ་ཞེས་བྱ་བའི་སྒྲ་ནི་བསྟན་པར་མི་ནུས་སོ་སྙམ་ནས་སྦྱོར་བ་ཡིན་ཏེ། སྔོན་གྱི་མཐའ་མི་ཤེས་པ་དང༌། ཕྱི་མའི་མཐའ་མི་ཤེས་པ་དང༌། མཐའི་བར་མི་ཤེས་པ་དང༌། སངས་རྒྱས་མི་ཤེས་པ་དང༌། ཆོས་མི་ཤེས་པ་དང༌། དགེ་འདུན་མི་ཤེས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པས་མི་ཤེས་པའི་གནས་ཐམས་ཅད་བཤད་ཟིན་པའི་ཕྱིར་རོ། །མ་རིག་པ་ནི་ཕུང་པོ་ལྔའི་གནས་སྐབས་ཡིན་ནོ་ཞེས་ཚོར་བ་ལ་སོགས་པ་རིགས་པ་ཐ་དད་པ་ནི་མ་རིག་པར་ཅིའི་ཕྱིར་བསྟན་ཏེ། ཚོར་བ་ལ་སོགས་པ་ནི་མ་རིག་པ་ཉིད་དུ་མི་རུང་ངོ༌། །ཡོད་པ་དང་མེད་པར་ངེས་པ་ཞེས་བྱ་བ་ནི་གང་ཞིག་ཡོད་དམ་མེད་ན་གོ་རིམས་བཞིན་དུ་ཡང་ཡོད་པ་དང་མེད་པར་ངེས་པ་ཁོ་ན་ཡན་ལག་ཡིན་ཏེ། མ་རིག་པ་ཡོད་པ་ན་འདུ་བྱེད་རྣམས་ཡོད་ལ་དེ་མེད་ན་དེ་དག་ཀྱང་མེད་པས་མ་རིག་པ་ཁོ་ན་ཡན་ལག་ཡིན་གྱི་ཚོར་བ་ལ་སོགས་པར་ནི་མ་ཡིན་ཏེ། དགྲ་བཅོམ་པ་རྣམས་ལ་དེ་དག་ཡོད་ཀྱང་རྣམ་པར་ཤེས་པའི་ཡན་ལག་སྐྱེད་པར་བྱེད་པའི་འདུ་བྱེད་གང་དག་ཡིན་པ་མི་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན་ཕུང་པོ་ལྔ་ཡོད་ཀྱང་འདུ་བྱེད་རྣམས་ཀྱང་མི་འབྱུང་ཞེས་བྱ་བ་རྒྱས་པར་སྨོས་སོ། །དགྲ་བཅོམ་པ་རྣམས་ཀྱི་གནས་སྐབས་ན་ཕུང་པོ་ལྔ་ཡོད་ཀྱང༌། བསོད་ནམས་ཀྱི་ཉེ་བར་འགྲོ་བ་ན་མི་གཡོ་བར་ཉེ་བར་འགྲོ་བའི་བར་གྱི་རྣམ་པར་ཤེས་པ་མི་འབྱུང་སྟེ། ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་མི་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །སྐྱེ་བ་དེ་དང་དེར་ཉེ་བར་འགྲོ་བས་ན་ཉེ་བར་འགྲོ་བའོ། །བསོད་ནམས་ཀྱིས་ཉེ་བར་འགྲོ་བས་ན་བསོད་ནམས་ཀྱིས་ཉེ་བར་འགྲོ་བའི་
རྣམ་པར་ཤེས་པ་སྟེ། མི་གཡོ་བར་ཉེ་བར་འགྲོ་བའི་བར་དུ་ཡང་དེ་དང་འདྲའོ། །དེ་བཞིན་དུ་མ་རིག་པ་མེད་པའི་གནས་སྐབས་ན་ཕུང་པོ་ལྔ་དག་ཡོད་ཀྱང་སྲིད་པ་དང་ལེན་པ་ལ་སོགས་པ་ཡང་མི་འབྱུང་བས་མདོའི་དོན་ནི་ཇི་སྐད་བསྟན་པ་ཁོ་ན་ཡིན་ཏེ། མ་རིག་པ་ལ་སོགས་པ་ཇི་ལྟར་བསྒྲགས་པ་ཁོ་ན་ལྟར་གཟུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་ཕུང་པོ་གཞན་ཡོད་ཀྱང་འདུ་བྱེད་ལ་སོགས་པའི་རྐྱེན་མ་ཡིན་པས་དེ་དག་ནི་ཡན་ལག་མ་ཡིན་ཏེ། མདོ་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་དང༌། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་བྱ་བ་ལ་སོགས་པ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །བྱམས་པ་དེར་འདིར་བཅོམ་ལྡན་འདས་ཀྱིས་སཱ་ལུ་ལྗང་པ་ལ་གཟིགས་ནས་དགེ་སློང་རྣམས་ལ་མདོ་འདི་གསུངས་སོ། །དགེ་སློང་དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ༌། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ནས། བྱམས་པ་བདེ་བར་གཤེགས་པས་བཀའ་སྩལ་པའི་མདོ་དེའི་དོན་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གང༌། ཆོས་ནི་གང༌། སངས་རྒྱས་ནི་གང༌། ཇི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བས་ཆོས་མཐོང་ཞེས་བྱ་བ་ལ་སོགས་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་གང་འདི་མ་རིག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་གསུངས་ནས་མདོ་དེ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་འདུག་པའོ་ཞེས་བྱ་བ་ནས། གང་འདི་ཆོས་ཉིད་དང༌། ཆོས་གནས་པ་ཉིད་དང༌། ཆོས་ངེས་པར་གྱུར་པ་ཉིད་དང༌། རྟེན་
ཅིང་འབྲེལ་བར་འབྱུང་བ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པ་ཉིད་དང༌། བདེན་པ་ཁོ་ན་དང༌། མ་ནོར་བ་ཉིད་དང༌། ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བ་ལ་སོགས་པ་འདི་གསུངས་ཏེ། བཅོམ་ལྡན་འདས་བྱམས་པའི་བཀའ་ཡིན་ནོ། །གལ་ཏེ་ཆོས་མ་འོངས་པ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ནི་མུ་དང་པོ་ནི་ཆོས་མ་འོངས་པ་རྣམས་སོ་ཞེས་གང་བཤད་པ་ཡིན་ནོ། །མདོ་དང་འགལ་ལོ་ཞེས་བྱ་བ་ནི་སྐྱེ་བ་དང་རྒ་ཤི་དག་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་མ་ཡིན་པར་འགྱུར་པ་ཞིག་ན། མ་རིག་པ་ནས་རྒ་ཤིའི་བར་ནི་ཡིན་པར་ཡང་བཤད་དོ། །ཡང་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འོན་ཏེ་སྐྱེ་བ་དང་རྒ་ཤིའི་ཡན་ལག་དག་ཀྱང་རྟེན་ཅིང་འབྲེལ་བར་བྱུང་བ་ཡིན་པར་འདོད་ན་ནི་དེ་གཉིས་མ་འོངས་པའི་དུས་སུ་རྣམ་པར་གཞག་པར་མི་འདོད་པར་བྱ་དགོས་པའི་ཕྱིར། སྔོན་དང་ཕྱི་མཐར་གཉིས་གཉིས་དང༌། བར་དུ་བརྒྱད་ཅེས་བྱ་བ་ཆ་གསུམ་དུ་དགོད་པ་རྣམ་པར་ཉམས་པར་འགྱུར་རོ། །སྡེ་པ་གཞན་དག་ན་རེ་ཞེས་བྱ་བ་ནི་ས་སྟོན་པ་རྣམས་སོ། །འབྱུང་བའི་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྡེ་པ་གཞན་དག་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་འབྱུང་ཞེས་བྱ་བ་གང་ཡིན་པ་སྟེ། གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ཏེ། འདུས་བྱས་ལ་ནི་སྐྱེ་བ་ཡང་མངོན་ནོ། །འཇིག་པ་དང་གནས་པ་གཞན་དག་ཏུ་འགྱུར་བ་ཡང་མངོན་ནོ་ཞེས་བྱ་བ་འདུས་བྱས་ཀྱི་མཚན་ཉིད་བཤད་པ་གང་ཡིན་པ་དེ་རྟག་པ་ཡིན་པར་བརྟགས་པ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ན་མི་རྟག་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་ཁྱོད་མཚན་ཉིད་ཀྱང་རྟག་པ་ཡིན་ནོ་ཞེས་སྨྲས་ན། དེའི་ཕྱིར་དངོས་པོ་གཞན་རྟག་པ་ནི་མི་རྟག་པའི་མཚན་ཉིད་ཡིན་པར་ཡང་མི་རུང་ངོ་ཞེས་བྱ་བ་སྨོས་ཏེ། མྱ་ངན་ལས་
འདས་པའམ། ནམ་མཁའ་ནི་མི་རྟག་པ་འགའི་མཚན་ཉིད་ཀྱང་མ་ཡིན་ཏེ། སྐྱེ་བའི་སྔོན་རོལ་ན་ཡང་མཚན་ཉིད་ཡོད་པས་སུའི་མཚན་ཉིད་ཡིན། མཚན་གཞི་ཞིག་ན་ཡང་གང་གི་ཡིན་ཏེ། རུང་བ་མ་ཡིན་ནོ། །འབྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འབྱུང་བ་ཞེས་བྱ་བ་ནི་མདོ་སྡེ་པའི་ལུགས་ཀྱིས་མ་བྱུང་བ་ལས་བྱུང་བའི་མཚན་ཉིད་ཡིན་ཏེ། ཆོས་སྐྱེ་བ་དེའི་ཚེ་དེ་ཁོ་ནའི་ཡིན་ན་ཇི་ལྟར་འབྲས་ཆན་དང༌། ཆོས་པར་བྱེད་པ་པོ་དང་བྱ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པས་འབྲས་ཆན་ཚོས་པ་ཞེས་བྱ་བ་ལྟར་སྐྱེ་བ་འདུས་མ་བྱས་འདི་ཁྱོད་ཀྱི་གཞུང་ལུགས་ལྟར་ན་མ་རིག་པ་ལ་སོགས་པ་དང་ཅི་ཞིག་འབྲེལ། ནམ་མཁའ་དང་གཟུགས་དག་ནི་སྐྱེ་བའི་མཚན་ཉིད་ཀྱི་འབྲེལ་བ་མེད་པས་གཟུགས་ཀྱི་ནམ་མཁའ་ཞེས་མི་བྱའོ། །དེ་བཞིན་དུ་འདི་མ་རིག་པ་ལ་སོགས་པ་དང་ཅི་ཞིག་འབྲེལ་ན་གང་གི་ཕྱིར་མ་རིག་པ་ལ་སོགས་པ་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བརྗོད་པར་འགྱུར། ཚིག་གི་དོན་ཀྱང་ནུས་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་ཚིག་གི་དོན་ནི་རྐྱེན་དང་ཕྲད་ནས་འབྱུང་བ་ཡིན་ན། དེ་ཇི་ལྟར་རྟག་པ་ཞེས་ཀྱང་བྱ་བ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་ཀྱང་བྱ། རྟེན་ཅིང་འབྲེལ་པ་ནི་ཕྲད་པའི་དོན་ཏེ་ཞེས་བྱ་བ་ནི་ཕྲད་པ་སྟོན་པར་བྱེད་པའི་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཨེ་ཏི་ནི་འགྲོ་བའི་དོན་ཏོ་ཞེས་བྱ་བ་ནི་སྐད་ཀྱི་དབྱིངས་ཀྱི་དོན་ཡིན་ནོ། །ཡོངས་སུ་བསྒྱུར་བའི་ཕྱིར་ཞེས་བྱ་བ་ནི་སྐད་ཀྱི་དབྱིངས་དོན་དུ་མ་ཡིན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པ་ཞེས་བྱ་བ་ཉེ་བར་བསྒྱུར་བ་ནི་ཕྲད་པ་སྟོན་པར་བྱེད་པ་ཡིན་པས་ཨེ་ཏི་ཞེས་བྱ་བ་འདི་འགྲོ་བའི་དོན་བོར་ནས་ཕྲད་པའི་དོན་ཡིན་པར་འགྱུར་རོ། །པ་ད་ནི་ཡོད་པའི་དོན་ཏོ་ཞེས་བྱ་བ་ནི་པ་ད་ཡོད་པའི་དོན་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་གཏན་ཚིགས་སོ། །དུས་སྔར་སྟེ་ཞེས་བྱ་བའི་རྐྱེན་ཡིན་ཏེ་ཞེས་བྱ་བ་ནི་བྱེད་པ་པོ་མཚུངས་པ་དག་ལ་དུས་སྔར་ཞེས་འབྱུང་བའི་ཕྱིར་རོ། །དེ་ནི་སྐྱེ་བའི་
སྔོན་རོལ་ན་འགའ་ཡང་མེད་ཅེས་བྱ་བ་ནི་མདོ་སྡེ་པའི་གཞུང་ལུགས་ལྟར་ནའོ། །བྱེད་པ་པོ་མེད་པའི་བྱ་བ་ཡང་མེད་དོ་ཞེས་བྱ་བ་ནི་བྱེད་པ་པོ་ཡོད་ན་བྱ་བ་རྣམ་པར་འཇོག་པའི་ཕྱིར་རོ། །འདིར་སྨྲས་ཏེ་ཞེས་བྱ་བ་ནི་སློབ་དཔོན་གྱིས་བརྡ་སྤྲོད་པ་པའི་ཀླན་ཀ་འདི་ཚིགས་སུ་བཅད་པར་བསྡེབས་པ་ཡིན་ཏེ། གལ་ཏེ་འབྱུང་བའི་སྔོན་རོལ་ན་ཕྲད་ནས་ཏེ་ཕྲད་པར་འགྱུར་རོ་ཞེ་ན། མེད་ཕྱིར་རུང་བ་མ་ཡིན་ནོ། །བྱེད་པ་པོ་མེད་པ་ཁྲུས་ལ་སོགས་པའི་བྱ་བ་བྱེད་པ་ནི་མ་མཐོང་ངོ༌། །གལ་ཏེ་ལྷན་ཅིག་ཅེས་བྱ་བ་ནི་འོན་ཏེ་རྟེན་ཅིང་འབྲེལ་པ་ཞེས་བྱ་བའི་བྱ་བ་དང༌། འབྱུང་བ་ཞེས་བྱ་བའི་བྱ་བ་ལྷན་ཅིག་བྱེད་དོ་སྙམ་དུ་སེམས་ན། དེ་ལྟ་ན་ནི་འདིར་ཏེ་ཞེས་བྱ་བའི་རྐྱེན་མ་གྲུབ་པོ། །ཅིའི་ཕྱིར་ཞེ་ན། སྔོན་དུ་བྱེད་ཕྱིར་ཏེ། བྱེད་པ་པོ་མཚུངས་པ་དག་ལ་དུས་སྔར་ཏེ་ཞེས་འབྱུང་བའི་ཕྱིར་ཏེ་ཞེས་བྱ་བའི་རྐྱེན་ནི་དུས་སྔར་བྱ་བ་ཡིན་ནོ། །དེ་བས་ན་སྟེ་ཞེས་བྱ་བའི་རྐྱེན་གྲུབ་པར་མི་འགྱུར་རོ། །ཡང་སྐྱེ་ན་ནི་ཞེས་བྱ་བ་ནི་སྐྱེས་ཟིན་པ་ཞིག་ཡང་སྐྱེ་བར་རྟོགས་ན་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། སྐད་ཅིག་མ་གཉིས་པ་དང༌། གསུམ་པ་ལ་ཡང་ཡང་དང་ཡང་དུ་སྐྱེ་བས་མཐའ་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཅི་སྟེ་མ་འོངས་པ་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་མ་འོངས་པ་ནི་བདག་ཉིད་དུ་མ་རིག་པ་ཡིན་པས་མེད་པ་བདག་ཉིད་དུ་རེད་པར་མ་གྱུར་པའི་དངོས་པོ་ཇི་ལྟར་བྱེད་པ་ཉིད་དུ་འགྲུབ། ཡང་ཇི་ལྟར། བྱེད་པོ་མེད་པའི་བྱ་བ་འགྲུབ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་སྒྲ་པ་སྟེ། སྒྲ་རིག་པའི་ལྟར་ན་གནས་སྐབས་གང་སྐྱེ་བ་ཁོ་བོ་ཅག་ཀྱང་གནས་སྐབས་དེ་ཉིད་དང་ཕྲད་ནས་ཞེས་བྱ་བ་ཡིན་ནོ། །གནས་སྐབས་གང་ཞིག་ཅེས་བྱ་བ་ནི་འདི་ལ་གནས་སྐབས་གང་ཡོད་པས་ན་གནས་སྐབས་གང་ཞིག་གོ །སྐྱེ་བ་ལ་མངོན་དུ་ཕྱོགས་པའི་མ་འོངས་པ་སྟེ་ཞེས་བྱ་བ་ནི་མ་འོངས་པ་ཐམས་ཅད་སྐྱེ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྐྱེ་བ་ལ་མངོན་དུ་ཕྱོགས་པ་སྟེ། སྐྱེ་བར་འདོད་པས་ཞེས་བྱ་བའི་ཚིག་གོ །གནས་སྐབས་དེ་ཁོ་ན་
སྟེ། སྐྱེ་བ་ལ་མངོན་དུ་ཕྱོགས་པའི་གནས་སྐབས་ཁོ་ན་རྐྱེན་དེ་དང་ཕྲད་ནས་ཞེས་བྱའོ། །གྲུབ་པ་མ་ཡིན་ཏེ་ཞེས་བྱ་བ་འབྱུང་བ་ལ། འདི་ནི་སྒྲ་པ་རྣམས་ཀྱི་ཡིན་པས་སྒྲ་པའི་སྟེ་བྱེད་པ་པོ་དང་བྱ་བ་རྣམ་པར་འཇོག་པའོ། །ཅིའི་ཕྱིར་ཞེ་ན། སྐྱེ་བོ་བྱ་བ་བྱེད་པ་པོའི་ངོ་བོར་བརྟགས་པའི་དོན་ལས་སྐྱེ་ཞེས་བྱ་བ་བྱ་བའི་ངོ་བོར་བརྟགས་པ་གཞན་ཉིད་ཡིན་པར་མ་མཐོང་བའི་ཕྱིར་རོ། །དེ་ལྟ་བས་ན་སྐྱེའོ་ཞེས་བྱ་བ་དང༌། འབྱུང་ངོ་ཞེས་བྱ་བ་དང༌། བརྟེན་ནས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དག་ལ་ཀླན་ཀ་མེད་དོ། །འདིར་བཤད་པ་ཞེས་བྱ་བ་ནི་དེ་དག་གི་གྲུབ་པའི་མཐས་ལུགས་སྟོན་པར་བྱེད་པ་ཡིན་ནོ། །ཇི་ལྟར་མེད་པ་སྐྱེ་བ་ལྟར། ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་ལྟར་དངོས་པོ་མེད་པ་བདག་ཉིད་དུ་མ་རེད་པ་སྐྱེ་བ་ལྟར། མེད་པ་ཕྲད་པའང་དེ་དང་འདྲ། །ཞེས་བྱ་བའི་ཐ་ཚིག་གོ །འོན་ཏེ་བདག་ཉིད་དུ་རེད་ཟིན་པ་སྐྱེའོ་ཞེས་བྱ་བར་རྟོག་ན། སྐྱེས་པ་སྐྱེ་ན་མཐའ་ཐུག་མེད། སྐྱེས་ཟིན་པ་ཡང་སྐྱེ་ན་ནི་ཐུག་པ་མེད་དེ་མཐའ་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །འདི་ལྟར་གྲངས་ཅན་པའི་གཞུང་ལུགས་ཀྱི་རྗེས་སུ་འབྲང་ན་ཡོད་པ་ཁོ་ན་སྐྱེའི་མེད་པ་ནི་མ་ཡིན་ནོ་ཞེས་འབྱུང་བས་དེའི་དབང་དུ་བྱས་ཏེ། འོན་ཏེ་སྔ་ན་ཡོད་ནའང་རུང༌། །ཞེས་བྱ་བ་སྨོས་སོ། །འོན་ཏེ་ཞེས་བྱ་བའི་སྒྲ་ནི་གཞུང་ལུགས་ཐ་དད་པའི་དོན་ཡིན་ཏེ། གལ་ཏེ་ཁྱོད་ཀྱི་ཕྱོགས་ཡོད་པ་སྐྱེའོ་ཞེས་བྱ་བ་ཡིན་ན་ཁོ་བོ་ཅག་གི་ཡང་ཡོད་པ་སྐྱེ་སྟེ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་མ་འོངས་པ་ཡོད་པའི་ཕྱིར་དང༌། མདོ་སྡེ་པའི་ལུགས་ཀྱིས་ཀྱང་སྐྱེད་པར་བྱེད་པའི་ཆོས་ས་བོན་ཡོད་པའི་ཕྱིར་རོ། །དེའི་ཕྱིར་སྔར་ཕྲད་ནས་ཕྱིས་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་སྐྱེ་བའི་སྔོན་རོལ་ན་འགའ་ཡང་མེད་ཅེས་བྱ་བ་འདི་ཅི་སྟེ་བརྗོད། རྣམ་པ་གཅིག་ཏུ་ན་གལ་ཏེ་ཡོད་པ་ཁོ་ན་སྐྱེ་ན་ནི་འོ་ན་ནི་འཇིམ་པའི་གོང་བུ་དང༌། དབྱུ་གུ་ལ་སོགས་པ་ལ་མི་ལྟོས་པར་སྔར་བུམ་པ་རང་ལས་རབ་ཏུ་གྲུབ་པ་ཡོད་དོ་ཞེས་བྱ་བར་འགྱུར་རོ། །གཞན་དག་ན་རེ་མཐའ་
ཐུག་མེད། །འོན་ཏེ་སྔ་ན་མེད་ནའང་རུང༌། །ཞེས་བྱ་བ་ཡིན་ཏེ། ཇི་སྟེ་མཐའ་ཐུག་པ་མེད་པར་གྱུར་ན་མི་རུང་བས་མེད་པ་སྐྱེའོ་སྙམ་དུ་སེམས་ན་ཡང༌། ཇི་ལྟར་མེད་པ་སྐྱེ་བ་ལྟར། །མེད་པ་ཕྲད་པའང་དེ་དང་འདྲ། །ཞེས་བྱ་བ་དེ་ཉིད་ཉེ་བར་གནས་པས་ཁོ་བོ་ཅག་གི་ཕྱོགས་གྲུབ་པ་ཡིན་ནོ་ཞེས་སྔ་མ་བཞིན་དུ་བརྗོད་པར་བྱའོ། །བྱེད་པ་པོ་གཅིག་གི་བྱ་བ་གཉིས་ནི་དུས་སྔར་ཏེ་ཞེས་བྱ་བའི་རྐྱེན་ཡིན་ཞེས་གང་སྨྲས་པ་དེ་ཡང་འཁྲུལ་པར་བསྟན་པའི་ཕྱིར། ལྷན་ཅིག་པ་ལའང་དེ་ཡོད་དེ། །ཞེས་བྱ་བ་རྒྱས་པར་སྨོས་ཏེ། བྱ་བ་དུས་མཉམ་པ་ལའང་སྟེ། །ཞེས་བྱ་བའི་རྐྱེན་མཐོང་སྟེ། དཔེར་ན། མར་མེ་བྱུང་ནས་མུན་པ་མེད། །ཅེས་བྱ་བ་འདི་ལ་ཡང་མུན་པ་སྔར་མར་མེད་དང་ཕྲད་ལ་ཕྱིས་མེད་ཅིང་འཇིག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ཞེ་ན། མུན་པ་མར་མེ་དང་ཕྲད་པ་དེ་ཉིད་ཀྱི་ཚེ་མེད་པར་འགྱུར་རོ། །ཇི་སྟེ་འདི་ནི་དེ་མ་ཐག་ཏུ་ཡིན་གྱི་ཅིག་ཅར་ནི་མ་ཡིན་ནོ་སྙམ་དུ་སེམས་ན་དེའི་ཕྱིར་ཡང་ཁ་གདངས་ཉལ་བཞིན་ཞེས་བྱ་བ་འདི་སྨོས་ཏེ། འདིར་ཁ་གདངས་ཤིང་བགྲད་ལ་ཕྱིས་ཉལ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་ཞིག་ཁ་གདངས་ཤིང་ཉལ་བ་དེ་ལ་ཁ་གདངས་ཏེ་ཉལ་བ་ཞེས་བྱའོ། །འོན་ཏེ་འདི་སྔར་ཁ་གདངས་ལ་ཕྱིས་ཉལ་ལོ་ཞེས་བྱ་བར། འདོད་ན་དེའི་ཕྱིར་གལ་ཏེ་ཕྱིས། །བཙུམས་པ་ལ་ཡང་ཅི་ཕྱིར་མིན། །འགའ་ཞིག་ཁ་གདངས་ནས་དེ་མ་ཐག་ཏུ་བཙུམས་ཏེ་ཉལ་བ་གང་ཡིན་པ་དེ་ལ་ཁ་གདངས་ཏེ་ཉལ་ལོ་ཞེས་བརྗོད་པར་འགྱུར་བ་ཞིག་ན། བརྗོད་པའང་མ་ཡིན་ཏེ། དེའི་ཕྱིར་གང་ཞིག་ཁ་གདངས་བཞིན་དུ་ཉལ་བ་དེ་ལ། ཁ་གདངས་ཤིང་ཉལ་ལོ་ཞེས་བྱའོ་ཞེས་བྱ་བ་ཤེས་སོ། །གཞན་དག་ནི་ཞེས་བྱ་བ་ནི། བཙུན་པ་དཔལ་ལེན་ཏོ། །རྟེན་ཅིང་འབྲེལ་བ་ནི་ཟློས་པའི་དོན་ཡིན་ཞེས་བྱ་བ་ནི། བྱ་བ་དང་ཡོན་ཏན་དག་གི་ཚིག་སྣ་ཚོགས་ཀྱིས་བརྗོད་པར་བྱ་བའི་གཞི་ཐམས་ཅད་ཁྱབ་པར་བྱ་བར་འདོད་པ་ནི་ཟློས་པ་སྟེ། རྟེན་ཅིང་
འབྲེལ་བར་ཞེས་བྱ་བ་ནི་དེ་དག་སྟོན་པར་བྱེད་པ་ཡིན་ནོ། །འགྲོ་ཞིང་འཇིག་པར་རུང་བ་སྟེ་མི་སྡོད་པ་ཞེས་བྱ་བའི་ཐ་ཚིག་གོ །སམ་ཞེས་བྱ་བའི་ཉེ་བར་བསྒྱུར་བས་ནི་འདུ་བའི་དོན་སྟོན་པར་བྱེད་དོ། །ཨུ་ཏ་གོང་ན་ཡོད་པའི་བ་ད་ནི་འབྱུང་བའི་དོན་ཏེ་ཞེས་བྱ་བ་ནི་སྐད་ཀྱི་དབྱིངས་བསྒྱུར་བའི་ཕྱིར་རོ། །ཚོགས་པ་དེ་དང་དེ་ན་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་ཞེས་བྱ་བ་ཟློས་པའི་དོན་ཡིན་པ་ཉིད་དུ་སྟོན་ཏོ། །འགྲོར་རུང་བ་སྟེ་ངང་གིས་འཇིག་པའི་ཆོས་རྣམས་འདུས་ནས་སྐྱེ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །གཟུགས་ལ་སོགས་པ་ནི་ལྷན་ཅིག་འབྱུང་བར་ངེས་པས་ཆོས་གཅིག་པུ་སྐྱེ་བ་ནི་འགའ་ཡང་མེད་དེ། འདོད་ན་དགྲ་མེད་རྡུལ་རྫས་བརྒྱད། །ཅེས་བྱ་བ་ནས། སེམས་དང་སེམས་བྱུང་ངེས་ལྷན་ཅིག །ཅེས་བྱ་བའི་བར་ངེས་པའི་ཕྱིར་རོ། །རྟོག་པ་འདི་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྟེན་ཅིང་འབྲེལ་བ་ནི་ཟློས་པའི་དོན་ཏོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྟོག་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་འདི་ཁོ་ན་ལ་རུང་གི་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་འདི་ལ་ཇི་ལྟར་གཏུབ་ཏེ་དོན་དུ་མི་རུང་བའི་ཕྱིར་མིག་ལ་བརྟེན་ཅིང་མིག་ལ་བརྟེན་ནས་ཞེས་བྱ་བར་ཚིག་བསྡུ་བ་ནི་མི་སྲིད་ཀྱི། མིག་དང་གཟུགས་རྣམས་ལ་བརྟེན་ཅིང་ཕྲད་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བའི་དོན་འདི་ཡིན་པར་ཤེས་སོ། །དེའི་ཕྱིར་ཚིག་གི་དོན་འདི་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ཀླན་ཀ་རྒྱས་པར་སྨྲས་པ་གང་ཡིན་པ་དེ་སོ་ན་འདུག་པ་ཉིད་དོ། །ཇི་ལྟ་ཞེ་ན། བྱེད་པ་པོ་གཅིག་གི་བྱ་བ་གཉིས་ནི་དུས་སྔར་ཏེ་ཞེས་བྱ་བའི་རྐྱེན་ཡིན་ཏེ། ཁྲུས་བྱས་ཏེ་བཟའོ་ཞེས་བྱ་བ་ལྟ་བུ་ཡིན་ན་སྔར་མིག་དང་གཟུགས་རྣམས་དང་ཕྲད་ནས་བྱིས་སྐྱེ་བར་འགྱུར་པ་གང་ཡིན་པ་མིག་གི་རྣམ་པར་ཤེས་པ་དེ་ནི་སྐྱེ་བའི་སྔོན་རོལ་ན་འགའ་ཡང་མེད་ལ། བྱེད་པ་པོ་མེད་པའི་བྱ་བ་ཡང་མེད་དོ་ཞེས་བྱ་བ་ཡིན་ནོ། །ངེས་པར་གཟུང་བའི་དོན་དུ་རྣམ་གྲངས་གཉིས་གསུངས་པ་ཡིན་ནོ། །འདི་ཡོད་ན་ཞེས་བྱ་བ་དེ་ཙམ་ཞིག་
བརྗོད་ན་ནི་མ་རིག་པ་ཡོད་པ་འབའ་ཞིག་གིས་འདུ་བྱེད་རྣམས་འབྱུང་བ་མ་ཡིན་གྱི། གཞན་ཡང་ཡོད་ན་ཡིན་ནོ་ཞེས་བྱ་བར་ཤེས་པར་འགྱུར་ཏེ། དཔེར་ན་མིག་ཡོད་ན་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བ་མིག་ཁོ་ན་ཡོད་ན་ཞེས་བྱ་བར་ངེས་པར་གཟུང་བ་མ་ཡིན་ཏེ། དེས་ན་གཟུགས་ཡོད་ན་འབྱུང་ངོ་ཞེས་བྱ་བར་ཤེས་པར་འབྱུང་ངོ་ཞེས་བྱ་བ་དང་འདྲའོ། །འདི་སྐྱེས་པས་འདི་སྐྱེའོ་ཞེས་བྱ་བ་རྣམ་གྲངས་གཉིས་པ་འདིས་ནི་འདི་ཁོ་ན་སྐྱེས་པས་འདི་སྐྱེའི་གཞན་ལས་ནི་མ་ཡིན་ནོ་ཞེས་རྣམ་གྲངས་གོང་མ་ཉིད་ངེས་པར་འཛིན་པར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱུད་པར་བསྟན་པའི་ཕྱིར། །ཞེས་བྱ་བ་ནི་ཡན་ལག་འདི་སྟེ། མ་རིག་པའི་ཡན་ལག་ཡོད་ན་འདུ་བྱེད་ཀྱི་ཡན་ལག་འདི་འབྱུང་ངོ༌། །ཡན་ལག་འདི་སྟེ་འདུ་བྱེད་ཀྱི་ཡན་ལག་འདི་སྐྱེས་པས་རྣམ་པར་ཤེས་པའི་ཡན་ལག་འདི་སྐྱེའོ་ཞེས་བྱ་བ་ཡིན་ཏེ། ཡན་ལག་གཞན་དག་བརྒྱུད་པའང་དེ་དང་འདྲ་བར་བརྗོད་པར་བྱའོ། །ཡང་ན་ཚེ་བརྒྱུད་པར་ཞེས་བྱ་བ་ཅི་ཞེ་ན། བསྟན་པའི་ཕྱིར་རྣམ་གྲངས་གཉིས་གསུངས་སོ་ཞེས་བྱ་བར་སྦྱར་རོ། །མངོན་སུམ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མ་རིག་པ་ལ་སོགས་པ་མངོན་སུམ་དང༌། བརྒྱུད་པའི་རྒྱུན་གྱིས་རྐྱེན་གྱི་ངོ་བོ་བསྟན་པའི་ཕྱིར་རྣམ་གྲངས་གཉིས་གསུངས་པ་ཡིན་ཏེ། འདི་ཡོད་པས་འདི་འབྱུང་ཞེས་བྱ་བས་ནི་མངོན་སུམ་གྱི་རྐྱེན་གྱི་ངོ་བོ་སྟོན་ཏོ། །འདི་སྐྱེས་པས་འདི་སྐྱེའོ་ཞེས་བྱ་བས་ནི་བརྒྱུད་པའོ། །དེ་ལ་མངོན་སུམ་ནི་གང་གི་ཚེ་མ་རིག་པའི་མཇུག་ཐོགས་སུ་ཉོན་མོངས་པ་ཅན་གྱི་འདུ་བྱེད་འབྱུང་བ་ཡིན་ནོ། །བརྒྱུད་པ་ནི་གང་གི་ཚེ་དགེ་བ་འབྱུང་བ་ཡིན་ཏེ། དགེ་བའི་གནས་སྐབས་ན་མ་རིག་པ་མེད་པའི་ཕྱིར་རོ། །གཞན་ཡང་མ་རིག་པ་འདུ་བྱེད་རྣམས་ཀྱི་མངོན་སུམ་གྱི་རྐྱེན་ཡིན་ལ་རྣམ་པར་ཤེས་པ་ལ་སོགས་པའི་ནི་བརྒྱུད་པ་ཡིན་ཏེ། འདི་སྐད་དུ་མ་རིག་པའི་ཡན་ལག་ཡོད་པས་འདུ་བྱེད་ཀྱི་ཡན་ལག་འབྱུང་བ་ལ་འདུ་བྱེད་ཀྱི་ཡན་ལག་འདི་སྐྱེས་པས་བརྒྱུད་པའི་མ་རིག་
པའི་རྐྱེན་ཅན་གྱི་རྣམ་པར་ཤེས་པ་སྐྱེའོ་ཞེས་བཤད་པ་ཡིན་ཏེ། དེ་ཐམས་ཅད་ནི་སློབ་དཔོན་གྱི་གཞུང་ལུགས་ཡིན་ནོ། །གཞན་དག་ན་རེ་དགག་པའི་ཕྱིར་རོ་ཞེས་བྱ་བ་ནི་གནས་བརྟན་ཆོས་ཀྱི་དབྱིག་གོ །རྒྱུ་མེད་ན་དངོས་པོ་མི་འབྱུང་ཞེས་བྱ་བས་ནི་རྣམ་གྲངས་དང་པོས་རྒྱུ་མེད་པར་སྨྲ་བ་བཀག་པ་ཡིན་ནོ། །རང་བཞིན་དང་སྐྱེས་བུ་ལ་སོགས་པ་སྐྱེ་བ་མེད་པ་དང་ལྡན་པ་རྟག་པ་ལས་ཀྱང་ཆུང་ཟད་ཀྱང་མི་སྐྱེའོ་ཞེས་བྱ་བས་ནི་རྣམ་གྲངས་གཉིས་པས་སོ། །སློབ་དཔོན་གྱིས་རྟོག་པ་འདི་ལ་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཚིག་སྔ་མ་སྨོས་པ་དོན་མེད་པར་གྱུར་ཞེས་བྱ་བ་ནི་འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བ་འདིའོ། །སྨྲ་བ་གཉི་ག་དགག་པ་འགྲུབ་པའི་ཕྱིར་ཞེས་བྱ་བ་ནི་འདི་སྐྱེས་པས་འདི་སྐྱེའོ་ཞེས་བྱ་བའི་རྣམ་གྲངས་འདི་ཁོ་ནས་རྒྱུ་ཡོད་པ་ཉིད་དང་སྐྱེ་བ་དང་ལྡན་པའི་རྒྱུ་ཡིན་པ་ཉིད་དང༌། རྒྱུ་མེད་པ་ཉིད་དང་རྒྱུ་རྟག་པ་ཉིད་དུ་སྨྲ་བའི་མཚན་ཉིད་ཅན་གཉིས་དགག་པ་འགྲུབ་པས་དེའི་ཕྱིར་རྣམ་གྲངས་སྔ་མ་དོན་མེད་པར་འགྱུར་རོ། །འོ་ན་ནི་གང་ལ་ལ་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་རྒོལ་བ་གང་ལ་ལ་དག་བདག་རྟེན་དུ་གྱུར་པ་སྟེ། མ་རིག་པའི་རྟེན་དུ་གྱུར་པ་ཡོད་པས་འདུ་བྱེད་ལ་སོགས་པ་སྟེ། འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་ལ་སོགས་པ་འབྱུང་ཞིང་སྐྱེ་བར་རྟོག་པར་བྱེད་ལ་མ་རིག་པ་ལ་སོགས་པ་སྟེ། མ་རིག་པ་དང་འདུ་བྱེད་ལ་སོགས་པ་སྐྱེས་པས་དེ་དག་སྐྱེ་བར་རྟོག་པར་བྱེད་པ་ཡོད་ཅེས་བྱ་བར་སྐབས་དང་སྦྱར་རོ། །རྒྱུ་དེའི་ཕྱིར་སྨྲ་བ་དེ་དག་གི་རྟོག་པ་དེ་བསལ་ཞིང་དགག་པར་ངེས་པར་གཟུང་བ་འདི་མཛད་པ་ཡིན་ཏེ་བཟློག་པ་མཛད་པ་ཡིན་ནོ། །ཇི་ལྟ་ཞེ་ན། གང་ཞིག་སྐྱེས་པས་ཞེས་བྱ་བ་ནས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་ཞེས་བྱ་བའི་བར་སྨྲས་སོ། །གང་ཞིག་སྐྱེས་པས་གང་སྐྱེ་བ་ནི་དེ་ཉིད་ཡོད་པས་དེ་འབྱུང་གི་གཞན་བདག་ཡོད་པས་ནི་མ་ཡིན་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་
བྱེད་དག་ནི་མ་རིག་པ་ཁོ་ན་ཡོད་པས་འདུ་བྱེད་རྣམས་འབྱུང་གི་གཞན་ཡོད་པས་ནི་མ་ཡིན་ལ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་དེ་དང་འདྲའོ། །ཇི་ལྟ་ཞེ་ན། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་བ་སྐྱེ་བ་ཁོ་ན་ཡོད་པས་རྒ་ཤི་ལ་སོགས་པ་འབྱུང་གི །གཞན་པ་དག་ཡོད་པས་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་འདི་སྐད་དུ་འདི་ཡོད་པས་འདི་འབྱུང་ཞེས་བརྗོད་ན་ནི་བདག་རྟེན་དུ་གྱུར་པས་མ་རིག་པ་ལ་སོགས་པ་ཡོད་པས་འདུ་བྱེད་རྣམས་འབྱུང་ངོ་ཞེས་སྨྲ་བར་ཡང་འགྱུར་རོ། །འོན་ཏེ་ཡང་འདི་སྐྱེས་པས་འདི་སྐྱེའོ་ཞེས་བྱ་བར་རྣམ་གྲངས་གཉིས་པ་ཁོ་ན་བརྗོད་པར་གྱུར་ན། དེ་ལྟ་ན་ཡང་དེ་ཁོ་ན་བཞིན་དུ་མ་རིག་པ་ལ་སོགས་པས་འདུ་བྱེད་ལ་སོགས་པ་སྐྱེ་བ་ནི་བདེན་ན། བདག་རྟེན་དུ་གྱུར་པ་ཡོད་པས་ཡིན་ནོ་ཞེས་བྱ་བར་རྟོག་པར་འགྱུར་ཏེ། དེའི་ཕྱིར་གང་ཞིག་སྐྱེས་པས་སྐྱེ་བ་དེ་ཁོ་ན་ཡོད་པས་དེ་འབྱུང་གི་གཞན་བདག་རྟེན་དུ་གྱུར་པ་ཡོད་པས་ནི་མ་ཡིན་ནོ་ཞེས་བྱ་བར་རྣམ་གྲངས་གཉིས་ཀྱིས་ངེས་པར་འཛིན་པར་མཛད་པ་ཡིན་ནོ། །སློབ་དཔོན་དག་ཅེས་བྱ་བ་ནི་སྔོན་གྱི་སློབ་དཔོན་རྣམས་སོ། །མ་སྤངས་པ་བསྟན་པའི་ཕྱིར་དང༌། སྐྱེ་བར་འགྱུར་བ་བསྟན་པའི་ཕྱིར་རོ། །མ་རིག་པ་མ་སྤངས་ཤིང་ཡོད་ན་འདུ་བྱེད་རྣམས་མི་སྤོང་ཞིང་འབྱུང་ངོ་ཞེས་བྱ་བར་རྣམ་གྲངས་དང་པོས་སྟོན་ཏོ། །དེ་ཉིད་སྐྱེས་པས་འདི་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་གཉིས་པས་སྟོན་ཏོ། །སྐྱེ་བ་མ་སྤངས་ཤིང་ཡོད་ན་རྒ་ཤི་ལ་སོགས་པ་མི་སྤོངས་ཤིང་འབྱུང་ལ། དེ་ཉིད་སྐྱེས་པས་དེ་དག་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་དུའང་དེ་དང་འདྲའོ། །གཞན་དག་ན་རེ་གནས་པ་དང་སྐྱེ་བ་ཡང་དག་པར་
བསྟན་པའི་ཕྱིར་རོ། །ཟེར་རོ་ཞེས་ཞེས་བྱ་བས་ནི་བཙུན་པ་དཔལ་ལེན་ན་རེ་དེའི་ཕྱིར་རྣམ་གྲངས་གཉིས་གསུངས་སོ་ཞེས་ཟེར་བ་ཡིན་ཏེ། རྒྱུའི་རྒྱུན་ནི་ཇི་སྲིད་པ་དེ་སྲིད་དུ་འབྲས་བུའི་རྒྱུན་འབྱུང་བར་འགྱུར་ཞེས་བྱ་བ་ནི་རྣམ་གྲངས་དང་པོས་སོ། །རྒྱུ་འདི་སྐྱེས་པས་འབྲས་བུ་སྐྱེ་བར་འགྱུར་ཞེས་བྱ་བ་ནི་གཉིས་པས་སོ། །འབྱུང་བའི་དབང་དུ་མཛད་པས་ཡིན། །ཞེས་བྱ་བ་ནི་དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་དོ་ཞེས་གསུངས་པའི་སྐབས་སུ་གནས་པའི་ཚིག་ཏུ་ཐལ་བ་ཅི་ཞིག་ཡོད་སྐབས་ལ་ཅི་འབབ་ན་འདི་ཡོད་པས་འདི་འབྱུང་ངོ་ཞེས་བྱ་བ་འདིས་ནི་རྒྱུའི་རྒྱུན་ཇི་སྲིད་གནས་པ་དེ་སྲིད་དུ་འབྲས་བུའི་རྒྱུན་གནས་པ་བསྟན་ཏོ་ཞེས་དེ་ལྟར་འདིའི་གནས་པའི་དོན་ཡིན་པྲ་རྗོད་པར་བྱེད། བཅོམ་ལྡན་འདས་ཀྱིས་ཀྱང་ཅིའི་ཕྱིར་རིམ་པ་མི་མཐུན་པར་གསུངས་པར་འགྱུར་ཏེ། སྐྱེ་བ་ནི་དང་པོར་ཡིན་ལ་གནས་པ་ནི་ཕྱིས་ཡིན་ཏེ་གནས་པ་ནི་སྐྱེ་བ་ལ་རག་ལས་པའི་ཕྱིར་རོ། །སྔར་ནི་འདི་སྐྱེས་པས་འདི་སྐྱེའོ། །ཕྱིས་ནི་འདི་ཡོད་པས་འདི་འབྱུང་ངོ་ཞེས་བརྗོད་པར་བྱ་དགོས་ན། དེ་ལྟ་ཡང་མ་ཡིན་ཏེ་དེའི་ཕྱིར་དེའི་དོན་ནི་དེ་ལྟ་མ་ཡིན་ནོ། །ཡང་སྨྲས་པ་ཞེས་བྱ་བ་ནི་བཙུན་པ་དཔལ་ལེན་ཏོ། །སློབ་དཔོན་གྱིས་སླར་སྨྲས་པ་ནི། གལ་ཏེ་མདོའི་དོན་དེ་ཡིན་པར་གྱུར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་ཡོད་པས་འདི་མི་འབྱུང་ངོ་ཞེས་བྱ་བ་ཁོ་ནར་བཀའ་སྩལ་བར་འགྱུར་ཞེས་བྱ་བ་ནི་དགག་པ་ཁོ་ནས་མི་འབྱུང་བར་བསྟན་ན་རིགས་པའི་ངོ་བོ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །སྔར་ནི་འབྲས་བུ་སྐྱེ་བ་ཞེས་བྱ་བ་ནི་འཇིག་པ་ནི་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་སྔར་འདི་སྐྱེས་པས་འདི་སྐྱེའོ་ཞེས་གསུངས་པར་འགྱུར་བ་ཞིག་གོ །མདོ་ལས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང༌། མྱ་ངན་དང༌། སྨེ་སྔགས་འདོན་པ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འབྱུང་ངོ་ཞེས་གསུངས་པ་དེ་དག་ནི་རྒ་ཤིས་བསྡུས་པ་ཁོ་ན་ཡིན་ཏེ། ཡན་ལག་གཞན་མ་ཡིན་པར་ཁོང་དུ་
ཆུད་པར་བྱའོ། །དེ་ལ་སེམས་ཅན་དང་སེམས་ཅན་དུ་མི་བགྲང་བའི་ཡུལ་ཡོངས་སུ་གྱུར་པ་དང༌། ལུས་ཡོངས་སུ་གྱུར་པ་ལས་དེ་དག་འབྱུང་སྟེ། ཡིད་མི་བདེ་བ་དང་མཚུངས་པར་ལྡན་པའི་རྟོག་པ་ནི་མྱ་ངན་ནོ། །མྱ་ངན་གྱིས་ཀུན་ནས་བསླང་བའི་ཚིག་ཏུ་སྨྲ་བ་ནི་སྨྲེ་བ་ནི་སྨྲེ་སྔགས་འདོན་པའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་དག་ནི་བཤད་ཟིན་ཏོ། །ཡིད་མི་བདེ་བའི་ཤུགས་ཟད་པ་ནི་འཁྲུག་པའོ། །གཞན་དག་ན་རེ་ཡིད་མི་བདེ་བ་ནི་མྱ་ངན་དང་སྨྲེ་སྔགས་འདོན་པ་སྔོན་དུ་འགྲོ་བའི་ངལ་བ་ཡིན་ནོ་ཞེས་ཟེར་རོ། །བྱིས་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ན་བྱིས་པ་ནི་སོ་སོའི་སྐྱེ་བོའོ། །འདུ་བྱེད་ཙམ་ཞེས་བྱ་བ་ལ་ཙམ་ཞེས་བྱ་བ་སྨོས་པས་ནི་བདག་དགག་པའི་དོན་ཏོ། །མི་ཤེས་པས་ཞེས་བྱ་བ་ནི་མ་རིག་པ་མ་འདྲེས་པ་སྟོན་པར་བྱེད་དོ། །བདག་ཏུ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་ལ་མངོན་པར་ཞེན་པ་ནི་གནས་པའོ། །ལུས་ལ་སོགས་པ་སྟེ། ལུས་དང་ངག་དང་ཡིད་དག་གིས་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་རྣམ་པ་གསུམ་རྩོམ་སྟེ། ཚེ་ཕྱི་མ་ལ་བདེ་བའི་དོན་དུ་ནི་བསོད་ནམས་ཞེས་བྱ་བ་ནི་མ་འོངས་པའི་ཚེ་ལ་བདེ་བའི་དོན་དུ་འདོད་པ་ན་སྤྱོད་པའི་ལས་དགེ་བའོ། །བདེ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་དོན་དུ་ནི་མི་གཡོ་བ་ཞེས་བྱ་བ་ནི་བསམ་གཏན་གསུམ་པའི་བར་དུ་ནི་བདེ་བའི་དོན་དུ་གཟུགས་ན་སྤྱོད་པའི་དགེ་བའོ། །དེ་ཡན་ཆད་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་དོན་དུའོ། །ཚེ་འདི་ལ་བདེ་བའི་དོན་དུ་ནི་བསོད་ནམས་མ་ཡིན་པ་ཞེས་བྱ་བ་ནི་འདི་ལ་བདེ་བ་ལ་ལྟོས་ནས་དེ་བྱས་ཀྱི་ཕྱི་མ་ལ་བདེ་བ་ལ་ལྟོས་ཏེ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ལས་ཀྱི་འཕེན་པའི་དབང་གིས་ཏེ། ཇི་སྐད་བཤད་པའི་ལས་ཀྱི་འཕེན་པའི་དབང་གིས། མེ་འབར་བ་འགྲོ་བའི་ཚུལ་དུ་དམྱལ་བ་ལ་སོགས་པའི་འགྲོ་བ་དེ་དང་དེར་འགྲོ་བར་འགྱུར་ཏེ། དཔེར་ན་རྩྭ་རིང་པོ་ལ་བཏང་བའི་མེ་
འབར་བ་འགྲོའོ་ཞེས་བྱ་བ་དེ་བཞིན་དུ་རྣམ་པར་ཤེས་པའི་རྒྱུན་ཡང་སྲིད་པ་བར་མ་དང་འབྲེལ་བའི་ཕྱིར་སྲིད་པ་བར་མའི་རྒྱུན་གྱིས་ཡུལ་ཐག་རིང་པོར་ཡང་འགྲོ་བ་དེ་དང་དེར་འགྲོའོ། །དེ་ལྟར་བཤད་ན་ཞེས་བྱ་བ་ནི་གལ་ཏེ་འདུ་བྱེད་ཀྱི་རྐྱེན་ཅན་གྱིས་རྣམ་པར་ཤེས་པའི་རྒྱུན་སྲིད་པ་བར་མར་ཉིད་མཚམས་སྦྱོར་བའི་སེམས་ནས་བཟུང་སྟེ། སྐྱེ་བའི་སྐད་ཅིག་མའི་བར་འདི་ཐམས་ཅད་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་ཅར་འདུ་བྱེད་ཀྱི་རྐྱེན་ཅན་གྱི་རྣམ་པར་ཤེས་པ་ཡིན་པར་འདོད་ན། རྣམ་པར་ཤེས་པའི་ཡན་ལག་བསྟན་པ་སྟེ། གསུམ་པ་རྣམ་པར་ཤེས་པའི་ཡན་ལག་བསྟན་པ་ལས། རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་བཤད་པ་དེ་འཐད་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་འདུ་བྱེད་ཀྱི་རྐྱེན་ཅན་གྱི་རྣམ་པར་ཤེས་པ་རྣམ་པར་ཤེས་པའི་ཚོགས་དྲུག་གི་རྒྱུན་ཡིན་པར་མི་བཞེད་ཀྱི་ཉིང་མཚམས་སྦྱོར་བའི་སེམས་ཁོ་ན་ཡིན་པར་བཞེད་པར་གྱུར་ན་ནི་འདི་ལས་རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་བཤད་པར་མི་འགྱུར་གྱི། འདི་སྐད་དུ་རྣམ་པར་ཤེས་པ་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའོ་ཞེས་བརྗོད་པར་བྱ་དགོས་པར་འགྱུར་རོ། །ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ལ་ནི་རྣམ་པར་ཤེས་པ་ལྔ་འབྱུང་བ་མེད་དེ། འཆད་དང་མཚམས་སྦྱོར་འདོད་ཆགས་འབྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་འབྱུང་བས་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནས་ཉིད་མཚམས་སྦྱོར་བར་བྱེད་པའི་ཕྱིར་རོ། །རྣམ་པར་འབྱེད་པ་ལས་དེ་སྐད་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ལས། མིང་དང་གཟུགས་རྣམ་པར་འབྱེད་པ་ལས་མིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའོ། །གཟུགས་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་བ་ཞེས་བྱ་བ་ནས་རྒྱས་པར་གཟུགས་གང་ཡིན་པ་དང༌། མིང་གང་ཡིན་པ་དེ་གཉིས་ནི་མིང་དང་གཟུགས་ཞེས་
བྱའོ་ཞེས་དེ་སྐད་དུ་བསྟན་པའི་ཕྱིར་རོ། །འདོད་པའི་སྲེད་པའོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སྲེད་པའོ། །བདེ་བ་ལ་ནི་བསམ་གཏན་གསུམ་པ་དག་ཏུའོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་ནི་བསམ་གཏན་བཞི་པར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་ནི་གཟུགས་མེད་པའི་སྲིད་པའོ་ཞེས་བྱ་བ་ནི་གཟུགས་མེད་པ་ན་སྤྱོད་པའོ། །འདོད་པ་ལ་སོགས་པ་ཉེ་བར་ལེན་ཏེ་ཞེས་བྱ་བ་ནི་འདོད་པ་དང་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་བདག་ཏུ་སྨྲ་བ་རྣམས་ཉེ་བར་ལེན་ཞེས་བྱ་བའི་ཐ་ཚིག་གོ །འདོད་པའི་ཡོན་ཏན་ལྔ་དག་གོ་ཞེས་བྱ་བ་ནི་འདོད་པར་བྱ་བ་ཡིན་པས་འདོད་པའོ། །གོམས་པར་བྱ་བ་ཡིན་པས་ཡོན་ཏན་ནོ། །འདོད་པ་དག་ཉིད་ཡོན་ཏན་ཡིན་པས་འདོད་པའི་ཡོན་ཏན་ཏོ། །དེ་དག་ཀྱང་གང་ཞེ་ན། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དག་ཡིན་ནོ། །ལྟ་བ་ནི་དྲུག་ཅུ་རྩ་གཉིས་ཀྱི་སྟེ། ཚངས་པའི་དྲ་བ་ལས་ཇི་སྐད་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི་ལྟ་བ་དེ་དག་གི་ཚངས་པའི་དྲ་བའི་མདོ་བལྟས་ནས་ཁོང་དུ་ཆུད་པར་བྱའོ། །ཁྱི་དང་བ་ལང་གི་བརྟུལ་ཞུགས་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རི་དགས་ཀྱི་བརྟུལ་ཞུགས་ལ་སོགས་པ་བསྡུའོ། །གཅེར་བུ་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་སྤོང་བ་དཀར་པོ་ལ་སོགས་པ་བསྡུའོ། །བྲམ་ཟེ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བྲམ་ཟེ་རྣམས་ནི་དབྱུ་གུ་དང་གཡང་གཞིའོ། །ཕྱུགས་བདག་རྣམས་ནི་རལ་བུ་དང་ཐལ་བའོ། །ཀུན་དུ་རྒྱུ་རྣམས་ནི་དབྱུ་གུ་གསུམ་དང་སྒྲེ་བོའོ། །སོགས་པ་ཞེས་བྱ་བའི་སྒྲ་གཉིས་ཀྱིས་ནི་ཐོད་པ་ཅན་ལ་སོགས་པ་ཐོད་པ་ཐོགས་པ་ལ་སོགས་པ་བསྡུ་སྟེ། དེ་དག་ཡང་དག་པར་ལེན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་ལེན་པའོ། །དེ་ལ་བདག་ཏུ་སྨྲ་བ་ཡོད་པས་ན་བདག་ཏུ་སྨྲ་བའོ་ཞེས་བྱ་བ་ནི་ཇི་སྐད་དུ་དགེ་སློང་ངམ་བྲམ་ཟེ་གང་ལ་ལ་དག་བདག་གོ་སྙམ་དུ་ཡང་དག་
པར་རྗེས་སུ་ལྟ་བ་ན། ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ཐམས་ཅད་ནི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུ་ཡིན་ནོ། །གཞན་དག་ན་རེ་བདག་ཏུ་སྨྲ་བ་ནི་བདག་ཏུ་ལྟ་བ་དང༌། ངའོ་སྙམ་པའི་ང་རྒྱལ་ཡིན་ནོ་ཞེས་ཟེར་རོ།། །།བམ་པོ་ཉི་ཤུ་རྩ་དྲུག་པ། བདག་མེད་པའི་ཕྱིར་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཞེས་བྱ་བའི་སྨྲ་བ་ཞེས་བྱ་བའི་སྒྲ་ཉེ་བར་བཀོད་པའི་དགོས་པ་སྟོན་པར་བྱེད་པ་ཡིན་ནོ། །བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཞེས་བྱ་བ་ནི་གང་ལ་སྔོན་གོམས་པའི་བག་ཆགས་ལས་བྱུང་བ་སྐྱེ་ནས་ཐོབ་པའི་ཤེས་རབ་མེད་པ་དེ་ནི་བྱིས་པའོ། །གང་ལ་རྟོགས་པ་ལས་བྱུང་བ་སྟེ། བདེན་པ་རྟོགས་པ་ལས་བྱུང་བ་མེད་པ་དེ་ནི་སོ་སོའི་སྐྱེ་བོའོ། །གང་ལ་ལུང་ལས་བྱུང་བ་མེད་པ་དེ་ནི་ཐོས་པ་དང་མི་ལྡན་པའོ། །བརྟགས་པའི་རྗེས་སུ་ལྷུང་བ་ཞེས་བྱ་བ་ནི་མིང་ཇི་ལྟ་བ་དང༌། ཐ་སྙད་ཇི་ལྟ་བ་དེ་བཞིན་དུ་རྗེས་སུ་སོང་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་ཅེས་བྱ་བ་ནི་འདོད་པ་ལ་སོགས་པའོ། །འདུན་པ་དང་འདོད་ཆགས་ཞེས་བྱ་བ་ནི་ཡུལ་མ་ཐོབ་པ་དག་ལ་དོན་དུ་གཉེར་བ་ནི་འདུན་པའོ། །ཐོབ་པ་དག་ལ་ནི་འདོད་ཆགས་ཏེ། འདོད་པ་ལ་སོགས་པ་དེ་དག་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་ཉེ་བར་ལེན་པ་ཡིན་གྱི། །ཇི་སྐད་བཤད་ཉིད་མ་རིག་བཅས། །ཉེར་ལེན་རྣམས་ཏེ་ལྷ་རྣམས་གཉིས། །ཕྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ཡང་སྲིད་པ་པ་ཞེས་བྱ་བ་ནི་ཡང་སྲིད་པའི་འབྲས་བུ་ཅན་ནོ། །དེ་ནི་འདིར་སྲིད་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ནི་འདིར་སྲིད་པའི་རང་གི་མཚན་ཉིད་དེ་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རྣམ་པར་ཤེས་པ་འཇུག་པའི་ཚུལ་དུ་ཞེས་བྱ་བ་ནི་སྲིད་པ་བར་མ་དང་འབྲེལ་པའི་ཕྱིར་མེ་འབར་བ་འགྲོ་བའི་ཚུལ་དུ་མ་འོངས་པའི་སྐྱེ་བ་ནི་སྐྱེ་བ་སྟེ། །མིང་དང་གཟུགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། ཕུང་པོ་ལྔ་པ་ཡིན་ནོ། །རྒ་ཤི་འབྱུང་སྟེ་མདོ་ལས་ཇི་སྐད་བསྟན་པ་ལྟ་བུའོ་ཞེས་བྱ་བ་ནི་རྒ་པ་གང་ཞེ་ན་མགོ་སྒྲེ་
བོར་གྱུར་པ་དང༌། སྐྱེ་བོ་གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་དང༌། ཤི་བ་གང་ཞེ་ན། སེམས་ཅན་དེ་དང་དེ་དག་གནས་དེ་དང་དེ་ནས་ཤི་འཕོ་ཞིང་འཆི་བ་གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །འབའ་ཞིག་ཅེས་བྱ་བ་ནི་བདག་དང་བདག་གི་དང་བྲལ་བ་ཞེས་བྱ་བའི་དོན་ཡིན་པར་སྟོན་ཏོ། །སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཆོགས་སོ། །ཆེན་པོ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ནི་སྔར་བཤད་པ་གང་ཡིན་པ་དེ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་བཅུ་གཉིས་དང་ལྡན་པའི་ཕུང་པོ་ལྔའི་གནས་སྐབས་ཀྱི་ཡན་ལག་བཅུ་གཉིས་ཞེས་བྱ་བ་ཡིན་ནོ། །རིག་པ་མ་ཡིན་པ་གང་ཡིན་པའོ། །མིག་ལ་སོགས་པ་དག་ལ་ཡང་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་མིག་དང་རྣ་བ་ལ་སོགས་པ་ཡང་མ་རིག་པ་ཡིན་པར་ཐལ་བར་འགྱུར་ཏེ། དེ་དག་ཀྱང་རིག་པ་མ་ཡིན་པའི་ཕྱིར་རོ། །ཅི་ཡང་མ་ཡིན་པར་འགྱུར་ཞེས་བྱ་བ་ནི་གལ་ཏེ་མ་རིག་པ་རིག་པ་མེད་པ་ཡིན་ན་རྫས་སུ་མེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྐྱེན་གྱི་དངོས་པོར་བསྟན་པའི་ཕྱིར་རོ། །དེའི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ནི་འགལ་བར་དགག་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །མཛའ་བོ་ལས་གཞན་པ་གང་ཡིན་པ་ཡང་མ་ཡིན་ཞེས་བྱ་བ་ནི་མ་ཡིན་པ་ཙམ་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །མཛའ་བ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་མེད་པ་ཡང་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཆོས་མ་ཡིན་པ་དང༌། དོན་མ་ཡིན་པ་དང༌། བྱ་བ་མ་ཡིན་པ་ལ་སོགས་པ་ཡང་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རིགས་པ་མ་ཡིན་པ་དང༌། ཐ་སྙད་མ་ཡིན་པ་དང༌། མི་མ་ཡིན་པ་ལ་སོགས་པ་བསྡུའོ། །ཆོས་ལ་སོགས་པའི་མི་མཐུན་པར་གྱུར་པ་ཞེས་བྱ་བ་ནི་ཆོས་དང༌། དོན་དང༌། བྱ་བ་དང༌། རིག་པ་དང་ཐ་སྙད་དང་མིག་ལ་སོགས་པའི་མི་མཐུན་པར་གྱུར་པ་ཡིན་གྱི་ཆོས་ལ་སོགས་པ་ལས་
གཞན་པ་མིག་ལ་སོགས་པ་གང་དག་ཡིན་པ་དེ་ཡང་མ་ཡིན་ལ། ཆོས་ལ་སོགས་པ་མེད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་མ་རིག་པ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ག་ལས་ཤེ་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་འབྱུང་བས་རྐྱེན་གྱི་དངོས་པོར་བསྟན་པའི་ཕྱིར་དགྲ་བཅོམ་པ་རྣམས་ལ་འདུ་བྱེད་མེད་པའི་ཕྱིར་རིག་པ་མ་ཡིན་པ་གཞན་མིག་ལ་སོགས་པ་ཡང་རྐྱེན་གྱི་དངོས་པོར་བསྟན་པར་རིགས་པ་མ་ཡིན་ལ་རྐྱེན་མ་ཡིན་པའི་ཕྱིར་མེད་པ་རི་བོང་གི་རྭ་ལ་སོགས་པ་ཡང་མ་ཡིན་ནོ། །མ་རིག་པ་ནི་ཀུན་དུ་སྦྱར་བ་ནས་སྦྱོར་བའི་བར་ཡིན་པར་བརྗོད་དོ་ཞེས་བྱ་བ་ནི་མདོ་དག་ལས་མ་རིག་པའི་ཀུན་དུ་སྦྱོར་བ་ནས་མ་རིག་པའི་སྦྱོར་བ་ཞེས་བྱ་བའི་བར་གསུངས་པ་ཡིན་ནོ། །མེད་པ་ཙམ་ནི་དེ་ལྟ་བུ་ཡིན་པར་འོས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཀུན་དུ་སྦྱོར་བ་ལ་སོགས་པ་ཡིན་པར་འོས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །མིག་ལ་སོགས་པ་ཡང་དེ་ལྟ་བུ་ཡིན་པར་འོས་པ་མ་ཡིན་ནོ་ཞེས་དེ་ལྟར་སྐབས་དང་སྦྱར་རོ། །དེ་ཡང་ལྟ་བའི་རང་བཞིན་ཡིན་པས་མ་རིག་པ་ཡིན་པར་མི་རུང་དོ་ཞེས་བྱ་བ་ནི་ལྟ་བ་དང་མ་རིག་པ་དག་ཀུན་དུ་སྦྱོར་བ་ལ་སོགས་པ་ཉིད་དུ་ཐ་དད་པར་འབྱུང་བའི་ཕྱིར་རོ། །འོ་ན་ནི་གང་ལྟ་བའི་རང་བཞིན་མ་ཡིན་པ་ཞེས་བྱ་བ་ནི་ཤེས་རབ་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པ་ཉོན་མོངས་པ་ཅན་གང་ཡིན་པའོ། །ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །ཞེས་བྱ་བ་ནི་མ་རིག་པ་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ན་ལྟ་བ་མ་རིག་པ་དང་མཚུངས་པར་ལྡན་ཞེ་ན། འདི་ལྟར་མ་རིག་པའི་མཚན་ཉིད་ཀྱི་རྨོངས་པ་ནི་ཉོན་མོངས་པའི་ས་མང་པོ་པའི་ནང་ན་འབྱུང་ལ། ཉོན་མོངས་པའི་ས་མང་པོ་པ་ཐམས་ཅད་ཀྱང་མང་པོ་པ་རྣམས་དང་ལྷན་ཅིག་མཚུངས་པར་ལྡན་པར་འགྱུར་པས། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ལྟ་བ་ཤེས་རབ་ཀྱི་ངོ་བོ་ཉིད་དང་མ་རིག་པར་མཚུངས་པར་ལྡན་ནོ་ཞེས་བྱ་བར་ཤེས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་རྫས་གཉིས་མཚུངས་
པར་མི་ལྡན་པའི་ཕྱིར་མ་རིག་པ་ནི་ཤེས་རབ་མ་ཡིན་ནོ། །མ་རིག་པས་ཉོན་མོངས་པ་ཅན་དུ་གྱུར་པའི་ཤེས་རབ་ནི་རྣམ་པར་མི་འདག་གོ་ཞེས་བྱ་བ་ནི་དཔེར་བརྗོད་པའི་ཚུལ་གྱིས་མ་རིག་པ་ཤེས་རབ་ལས་དོན་གཞན་དུ་གྱུར་པ་ཡིན་པར་སྟོན་ཏོ། །ཤེས་རབ་དེ་ཉིད་ཤེས་རབ་ཀྱི་ཉེ་བའི་ཉོན་མོངས་པ་ཡིན་པར་ཡང་རིགས་པ་མ་ཡིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཉེ་བའི་ཉོན་མོངས་པ་ཡིན་པར་བསྟན་པས་མ་རིག་པ་ཤེས་རབ་ལས་དོན་གཞན་དུ་གྱུར་པ་ཡིན་ཏེ། ཉེ་བའི་ཉོན་མོངས་པ་ཉིད་དུ་བསྟན་པའི་ཕྱིར་འདོད་ཆགས་བཞིན་ནོ། །དེའི་ཕྱིར་ཇི་ལྟར་སེམས་ཀྱི་ཉེ་བའི་ཉོན་མོངས་པ་འདོད་ཆགས་རིགས་ཐ་དད་པ་གཞན་ཡིན་པ་ལྟར་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདྲེས་ན་རྣམ་པར་མི་འདག་ཅེས་བྱ་བ་ནི་ཤེས་རབ་ཉོན་མོངས་པ་ཅན་བར་བར་དུ་འབྱུང་བ་དང་འདྲེས་ན་སྐད་ཅིག་མ་གཞན་ལས་བྱུང་བའི་ཤེས་རབ་དགེ་བ་རྣམ་པར་མི་འདག་གོ་ཞེས་བྱ་བའི་ཐ་ཚིག་གོ །གདོན་མི་ཟ་བར་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་ཡིན་ནམ་ཅི་ཞེས་བྱ་བ་ནི་འདོད་ཆགས་དང་མཚུངས་པར་ལྡན་པ་ཡིན་ནམ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་འདོད་ཆགས་ཀྱིས་དེ་ལྟར་ཉེ་བར་བཅོམ་པ་ཡིན་ཞེས་བྱ་བ་ནི་འདོད་ཆགས་ཀུན་དུ་སྤྱོད་པས་མ་ཡིན་གྱི། དེ་ནི་བག་ཆགས་བཞག་པས་ཉེ་བར་བཅོམ་པ་ཡིན་ལ་རྣལ་འབྱོར་བ་བག་ཆགས་དེ་སྟེ་གནས་ངན་ལེན་དེ་རྣམ་པར་བཟློག་པར་ནི་སེམས་དེ་རྣམ་པར་གྲོལ་བར་འགྱུར་རོ། །དེ་བཞིན་དུ་མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཤེས་རབ་རྣམ་པར་མི་འདག་ཅེས་བྱ་བ་ནི་དེའི་ཕྱིར་ཤེས་རབ་མ་རིག་པ་ཡིན་ཡང་ཉེས་པ་མེད་དོ་ཞེས་སྟོན་པར་བྱེད་དོ། །ཡོངས་སུ་རྟོག་པ་ལ་ནི་སུ་ཞིག་ཟློག །ཅེས་བྱ་བ་ནི་དེ་ནི་རྟོག་པ་ཙམ་དུ་ཟད་དེ། ལུང་ལ་མི་ལྟོས་པ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །གང་ཡང་ཉོན་མོངས་པ་ཐམས་ཅད་མ་རིག་པ་ཡིན་ནོ་སྙམ་དུ་སེམས་པ་ཞེས་བྱ་བ་ནི་བཙུན་པ་དཔལ་ལེན་ཏོ། །འདི་སྙམ་དུ་མ་རིག་པ་ཞེས་བྱ་བ་འདི་ནི་ཉོན་མོངས་པ་ཐམས་ཅད་སྤྱིའི་
མིང་ཡིན་གྱི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མ་གཏོགས་པར་མ་རིག་པ་ནི་མེད་དོ་སྙམ་དུ་སེམས་སོ། །ཅིའི་ཕྱིར་སྙམ་དུ་སེམས་ཤེ་ན། སངས་རྒྱས་ཀྱིས་ཚེ་དང་ལྡན་པ་གསུས་པོ་ཆེ་ཆེན་པོ་རབ་ཏུ་མི་ཤེས་ཤིང་རབ་ཏུ་མི་ཤེས་ཏེ་དེ་ལྟ་བས་ན་མ་རིག་པ་ཞེས་བྱའོ་ཞེས་གསུངས་པའི་མདོ་དེའི་ཕྱིར་ཏེ། ཉོན་མོངས་པ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཡང་ལོག་པར་འཛིན་པའི་ཕྱིར་མི་ཤེས་པའི་རང་གི་ངོ་བོ་ནི་ཡིན་ནོ། །དེའི་ཡང་འདི་ཉིད་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བཙུན་པ་དེའི་ཡང་དག་པ་སྨོས་པ་འདི་ཉིད་ཀྱིས་བརྩལ་ཞིང་བཀག་པ་ཡིན་ཏེ། དེའི་གཞུང་ལུགས་ཞེས་བྱ་བ་ཞིག་ཁོང་ནས་དབྱུང་ངོ༌། །ཇི་ལྟ་ཞེ་ན། སྨྲས་པ། ཉོན་མོངས་པ་ཐམས་ཅད་ཀྱི་རང་བཞིན་ཡིན་ན་ཀུན་དུ་སྦྱོར་བ་ལ་སོགས་པའི་ནང་དུ་ཡང་ལོགས་ཤིག་ཏུ་བཤད་པར་མི་འགྱུར་ཏེ། ཀུན་དུ་སྦྱོར་བ་ལྷག་མ་དང་ཐ་མི་དད་པའི་ཕྱིར་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ལ་སོགས་པའི་ནང་དུ་མ་རིག་པའི་ཀུན་དུ་སྦྱོར་བ་ཞེས་ལོགས་ཤིག་ཏུ་བཤད་པར་མི་འགྱུར་ཞིང༌། འདོད་ཆགས་ཀྱི་འཆིང་བ་དང་ཞེ་སྡང་གི་འཆིང་བ་ཞེས་གསུངས་ནས། གཏི་མུག་གི་འཆིང་བ་ཞེས་བྱ་བ་དང༌། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ནས། མ་རིག་པའི་ཕྲ་རྒྱས་ཞེས་བྱ་བ་དང༌། ཆུ་བོ་དག་གི་ནང་དུ་མ་རིག་པའི་ཆུ་བོ་ཞེས་བྱ་བ་དང༌། སྦྱོར་བ་དག་གི་ནང་དུ་མ་རིག་པའི་སྦྱོར་བ་ཞེས་བྱ་བ་ལོགས་ཤིག་ཏུ་བཤད་པར་ཡང་མི་འགྱུར་བ་ཞིག་ན་རྗེས་སུ་ཆགས་པའི་ཀུན་དུ་སྦྱོར་བ་ལ་སོགས་པའི་ནང་དུ་ཡང་མ་རེག་པའི་ཀུན་དུ་སྦྱོར་བ་ལ་སོགས་པ་བཤད་དོ། །ཅིའི་ཕྱིར་ཕན་ཚུན་མཚུངས་པར་ལྡན་པ་མེད་ཅེ་ན། ལྟ་བ་དང་ལྟ་བར་རམ། འདོད་ཆགས་དང་འདོད་ཆགས་སུ་མཚུངས་པར་ལྡན་པ་ནི་མེད་དོ། །མ་རིག་པ་ནི་ཉོན་མོངས་པའི་ས་མང་པོ་པ་ཉིད་ཡིན་པས་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པར་ཡང་བཤད་དེ། ས་མང་པོ་པའི་ནི་མཚུངས་པར་ལྡན་པར་ངེས་པའི་ཕྱིར་རོ། །སེམས་ཀྱང་མ་རིག་པས་ཉེ་བར་
ཉོན་མོངས་པ་ཅན་དུ་གྱུར་པ་ཁོ་ནར་བཤད་པར་འགྱུར་ཏེ། མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པ་ཉིད་སྨོས་པ་ཁོ་ནས་འདོད་ཆགས་ལ་སོགས་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པ་ཉིད་གྲུབ་པའི་ཕྱིར་འདི་སྐད་དུ་འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ཞེས་ནི་བཤད་པར་མི་འགྱུར་རོ། །འོན་ཏེ་བྱེ་བྲག་ཏུ་བྱ་བའི་ཕྱིར་དེ་སྐད་དུ་བཤད་དོ་ཞེས་བྱ་བར་འདོད་ན་ཞེས་བྱ་བ་ནི་འདོད་ཆགས་དང་ཁོང་ཁྲོ་བ་དང༌། ང་རྒྱལ་གྱིས་ཞེས་ཉོན་མོངས་པ་ཐམས་ཅད་སྨོས་པར་ཐལ་ན་མི་རུང་བས་འདོད་ཆགས་ཀྱི་མཚན་ཉིད་ཀྱི་མ་རིག་པས་ཉེ་བའི་ཉོན་མོངས་པ་ཅན་དུ་གྱུར་པ་ནི་མི་འདག་གོ་ཞེས་ཁྱད་པར་དུ་བྱ་དགོས་པར་འགྱུར་རོ། །གལ་ཏེ་འདོད་པ་ཡིན་ནོ་ཞེ་ན། འོ་ན་ནི་སེམས་ལ་ཡང་ཁྱད་པར་དུ་བརྗོད་པར་མི་འགྱུར་གྱི། འདི་སྐད་དུ་མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་མི་འདག་གོ་ཞེས་བྱ་བ་ཁོ་ན་ཞིག་བརྗོད་པར་བྱ་བ་ཡིན་པར་འགྱུར་རོ། །གསལ་བ་དང་ཤེས་རབ་དང་ཡེ་ཤེས་ཞེས་བྱ་བ་ནི་དོན་གཅིག་གོ །མ་རིག་པ་ལ་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་ནི་ཡང་མི་གསལ་བ་ཞེས་བྱ་བའི་དོན་གང་ཡིན་གསལ་བ་མ་ཡིན་པ་དོན་གང་ཡིན་པའོ། །མིག་ལ་སོགས་པ་དག་ལ་ཡང་ཐལ་བར་འགྱུར་རོ། །འོ་ན་ནི་གསལ་བ་མེད་པ་ཡིན་ནོ། །དེ་ལྟ་ན་ནི་ཅིའང་མ་ཡིན་པར་འགྱུར་ཏེ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འོན་ཏེ་གསལ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཆོས་གཞན་ཞིག་ཡིན་ནོ་ཞེ་ན་ཡང་མ་རིག་པ་ལ་ཇི་ལྟ་བ་དེ་བཞིན་དུ་དེ་ཅི་ཡིན་པ་འདི་མི་ཤེས་སོ། །ཆོས་རྣམས་བསྟན་པ་དེ་ལྟ་བུ་ཡང་ཡོད་དེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལས་ཀྱིས་རབ་ཏུ་ཕྱེ་བ་དེ་ལྟ་བུ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བས་ན་མ་རིག་པའི་ངོ་བོ་ཉིད་ནི་རིག་པའི་མི་མཐུན་པའི་ཆོས་གསལ་བ་མ་ཡིན་པ་དེ་འགའ་ཞིག་ཡོད་དེ། དེའི་ལས་ནི་རིག་པ་དང་མི་མཐུན་པ་ཉིད་
ཡིན་ནོ་ཞེས་ལས་ཀྱི་བྱེད་པ་ལས་ཤེས་པར་བྱའོ། །དཔེར་ན་མིག་གང་ཞེ་ན་གཟུགས་དང་བ་མིག་གི་རྣམ་པར་ཤེས་པའི་རྟེན་གང་ཡིན་པའོ་ཞེས་བྱ་བ་ལ་གཟུགས་དང་བ་ཞེས་བྱ་བ་གོ་འདི་བསྟན་པ་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། མངོན་སུམ་མ་ཡིན་པའི་ཕྱིར་དང༌། རྟག་ཏུ་མིག་གི་རྣམ་པར་ཤེས་པའི་རྗེས་སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་རོ། །ངའོ་སྙམ་དུ་སེམས་ཅན་འཇུག་པ་ཞེས་བྱ་བའི་དོན་འདི་ནི་མི་ཤེས་པ་ཡིན་ཏེ། གནས་བརྟན་དེས་ཀྱང་འདིའི་བརྗོད་པར་བྱ་བ་ནི་དམིགས་མ་ཕྱེད་དོ། །མདོ་སྡེ་པ་རྣམས་ཀྱིས་ནི་འཇུག་པ་ཞེས་བྱ་བ་མ་རིག་པ་རྣམ་པ་གཞན་ཞིག་ཡིན་པར་བརྗོད་དོ། །མདོ་ལས་གསུངས་པ་གང་ཡིན་པ་དེ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བཙུན་པ་ཆོས་སྐྱོབ་ཀྱི་བསམ་པ་ནི་སྲེད་པ་ལ་སོགས་པ་ལོགས་ཤིག་ཏུ་བསྟན་པའི་ཕྱིར་འཇུག་པ་ཞེས་བྱ་བ་འདི་ནི་མ་རིག་པ་རྣམས་ཀྱི་རྣམ་པ་གཞན་ཞིག་སྨོས་པ་ཡིན་ནོ་སྙམ་པ་ཡིན་ནོ། །སློབ་དཔོན་གྱིས་བཤད་པ། འཇུག་པ་དེ་ཡོད་ཀྱང༌། མདོ་ལས་འཇུག་པ་བཤད་པ་ཡོད་ཀྱང་ངོ༌། །གཅིག་གི་ཚིག་སྨོས་པ་ནི་དེའི་རིགས་བསྟན་པའི་ཕྱིར་རོ། །དེ་མ་རིག་པ་འདི་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཏེ་མ་རིག་པ་ཡིན་ནོ་ཞེས་བྱ་བ་འདི་གཏན་ཚིགས་གང་གིས་ཡོངས་སུ་ཆོད། བཙུན་པ་ཆོས་སྐྱོབ་ཀྱིས་རང་གི་བསམ་པ་དགྲོལ་བའི་ཕྱིར་འདི་ལྟར་འདི་ཉོན་མོངས་པ་གཞན་ཡིན་ནོ་ཞེས་བརྗོད་པར་མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་མི་ནུས་ཤེ་ན། སྲེད་པ་དང༌། ལྟ་བ་དང༌། ངའོ་སྙམ་པའི་ང་རྒྱལ་རྣམས་ལོགས་ཤིག་ཏུ་བཤད་པའི་ཕྱིར་རོ། །སློབ་དཔོན་གྱིས་ང་རྒྱལ་གཞན་ཡང་ཡོད་པ་ཁོ་ན་མ་ཡིན་ནམ་ཞེས་བྱ་བ་སྨོས་ཏེ། ངའོ་སྙམ་པའི་ང་རྒྱལ་ལས་གཞན་པ་དྲུག་པོ་དག་ལས་གང་ཡང་རུང་བ་ཞིག་སྟེ་འཇུག་པ་ཞེས་བྱ་བ་ནི་དེ་ཡིན་གྱི། མ་རིག་པ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལ་དཔྱད་པར་ཆད་ན་བརྗོད་པ་མང་པོར་འགྱུར་ཞེས་བྱ་བ་ནི་མ་
རིག་པའི་ཡན་ལག་འདི་ལ་དཔྱད་པར་ཆད་ན་གཞུང་མང་པོར་འགྱུར་ཏེ། ཇི་སྐད་བཤད་པ་ལྟ་བུ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་གཞག་སྟེ་དེ་ཙམ་ཁོ་ནས་ཆོག་གོ །ཡང་ན་ང་རྒྱལ་གཞན་ཁོ་ན་ཡིན་གྱི་མ་རིག་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དཔྱད་པར་ཆད་ན་ལན་དང་ཡང་ལན་སྨོས་པས་བརྗོད་པ་མང་པོར་འགྱུར་ཏེ། དེ་ལྟ་བས་ན་དཔྱད་པ་འདི་ནི་གཞག་གོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་མིང་དང་གཟུགས་ཞེས་བྱ་བ་ནི་མ་རིག་པའི་ཡན་ལག་བསྟན་ཟིན་པའི་འོག་ཏུ་འདུ་བྱེད་ཀྱི་ཡན་ལག་ཡིན་ལ། དེའི་འོག་ཏུ ་ཡང་རྣམ་པར་ཤེས་པའི་ཡན་ལག་བསྟན་པར་བྱ་དགོས་ན། ཅི་སྟེ་འདི་དག་ལས་འདས་ནས་ཉེ་བར་འགོད་ཅེ་ན། །འདི་ཉིད་ནི་སློབ་དཔོན་གྱིས། །བཤད་ཟིན་འཆད་པར་འགྱུར་བ་གཞན། །ཞེས་འཆད་པར་འགྱུར་རོ། །གཟུགས་ནི་རྒྱ་ཆེར་བཤད་པ་ཡིན་ནོ་ཞེས་བྱ་བ་ནི། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །ཅེས་བྱ་བ་དེར་རོ། །མིང་དང་དབང་པོ་དང་དོན་གྱི་དབང་གིས་ཞེས་བྱ་བ་ནི་མིང་གི་དབང་དང༌། དབང་པོའི་དབང་དང་དོན་གྱི་དབང་གིས་གཟུགས་ལ་སོགས་པའི་དོན་རྣམས་ལ་གཞོལ་བས་ན་མིང་ངོ༌། །མིང་གང་གི་དབང་གིས་ཤེ་ན་ཞེས་བྱ་བ་ནི་མིང་རྣམ་པ་གཉིས་ཡོད་པའི་ཕྱིར་འདྲི་བ་ཡིན་ནོ། །སློབ་དཔོན་གྱིས་འཇིག་རྟེན་ན་གྲགས་པ་གང་ཡིན་པ་སྟེ་ཞེས་བྱ་བ་འདི་རྒྱས་པར་སྨོས་ཏེ། བ་ལང་དང་རྟ་ཞེས་བྱ་བ་ནི་སྤྱི་གོ་བར་བྱེད་པ་ཡིན་ནོ། །གཟུགས་དང་རོ་ཞེས་བྱ་བ་ནི་དོན་གཅིག་གོ་བར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་ཚོར་བ་ལ་སོགས་པའི་ཕུང་པོ་བཞི་ནི་མིང་ཞེས་བྱ་བའི་སྒྲར་བརྗོད་དེ། འདི་ལྟར་མིང་དེའི་དབང་སྟེ་མིང་དུ་འདོགས་པའི་དབང་གིས་དོན་མངོན་སུམ་མ་ཡིན་པ་དག་ལ་ཡང་མིང་འདིའི་དོན་ནི་འདི་ཡིན་ནོ་ཞེས་གཞོལ་ཞིང་འཇུག་པར་འགྱུར་རོ། །དབང་པོ་དོན་གྱི་དབང་གིས་ནི་གཟུགས་ལ་སོགས་པ་མངོན་སུམ་དག་ལ་གཞོལ་བར་འགྱུར་ཏེ། སྐྱེའོ་ཞེས་བྱ་བའི་ཐ་ཚིག་
གོ །དོན་གྱི་དབང་གིས་ནི་མིང་ལ་ཡང་འདིའི་མིང་ནི་འདིའོ་ཞེས་གཞོལ་བར་འགྱུར་རོ། །དེ་ཡང་ཅིའི་ཕྱིར་མིང་ཉིད་ཡིན་ཞེ་ན་ཞེས་བྱ་བ་ནི་མིང་དུ་འདོགས་པའི་མཚན་ཉིད་ཀྱི་མིང་དེ་ཡང་རྒྱུ་གང་གིས་མིང་ཉིད་ཡིན་ཞེ་ན། དོན་དེ་དང་དེ་དག་ལ་མིང་དེ་གཞོལ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་དོན་དེ་དག་ལ་ཕུང་པོ་བཞིའི་མཚན་ཉིད་ཀྱི་མིང་གཞོལ་བར་བྱེད་ཅིང་འཇུག་པར་བྱེད་པས་དེ་ལྟ་བས་ན་འདི་ནི་མིང་ཉིད་ཡིན་ཏེ། གཞོལ་བར་བྱེད་པས་ནི་མིང་ཉིད་ཡིན་པའི་ཕྱིར་རོ། །འདིར་ལུས་བོར་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འཆི་བའི་ཚེ་ལུས་བོར་ནས། སྐྱེ་བ་གཞན་དུ་གཞོལ་བའི་ཕྱིར་ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པའི་ཕུང་པོ་རྣམས་ནི་མིང་ཞེས་བྱ་བ་སྟེ་ཇི་སྐད་དུ་ཤི་ཞིང་དུས་བྱས་པ་ དེའི་ལུས་རུལ་བ་དེ་ཉེ་དུ་རྣམས་ཀྱིས་མེས་བསྲེགས་པའམ། ཆུར་བསྐུར་བའམ། སའི་འོག་ཏུ ་འཇུག་པར་འགྱུར་ཞིང་རླུང་དང་ཉི་མ་དག་གིས་ཡོངས་སུ་ཟད་པ་དང༌། གཏུགས་པར་འགྱུར་ཏེ། སེམས་ཞེས་བྱ་བ་དང༌། ཡིད་ཅེས་བྱ་བ་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་དད་པས་ཡོངས་སུ་བསྒོས་པ་དང༌། ཚུལ་ཁྲིམས་དང༌། ཐོས་པ་དང༌། གཏོང་བ་དང༌། ཤེས་རབ་ཀྱིས་ཡོངས་སུ་བསྒོས་པ་གང་ཡིན་པ་དེ་ནི་ཚེ་ཕྱི་མ་ལ་གང་དུ་འགྲོ་བ་དང༌། ཁྱད་པར་དུ་འགྲོ་བ་དང༌། མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །སྐྱེ་མཆེད་དྲུག་ནི་བཤད་ཟིན་ཏོ་ཞེས་བྱ་བ་ནི། དེ་དག་གི་ནི་རྣམ་ཤེས་རྟེན། །མིག་ལ་སོགས་པ་གཟུགས་དང་བ། །རྣམ་ཤེས་སོ་སོར་རྣམ་རིག་པ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། །ཞེས་བྱ་བ་དེར་རོ། །ཡིད་ཀྱི་དབང་པོ་འགགས་པ་གོ་གཟུགས་ལ་སོགས་པའི་ཆོས་མ་འོངས་པ་འབྱུང་བར་འགྱུར་བ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ད་ལྟར་གྱི་དང༌། ཇི་ལྟར་འདུ་ཤེས་ན། རྒྱུ་དང་འབྲས་བུའི་དངོས་པོ་གང་ཡིན་པ་སྟེ། རྒྱུ་ནི་ཡིད་ཀྱི་དབང་པོ་དང་གཟུགས་ལ་སོགས་པའི་ཆོས་སོ། །འབྲས་བུ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །
འབྲས་བུ་གཅིག་པའི་དོན་ཞེས་བྱ་བ་ནི་འབྲས་བུ་གཅིག་པ་ཉིད་དོན་ཡིན་པས་འབྲས་བུ་གཅིག་པའི་དོན་ཏེ་འབྲས་བུ་གཅིག་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་འབྲས་བུ་གཅིག་པའི་དོན་ཡིན་ཞེ་ན། སྨྲས་པ། ཡིད་ཀྱི་དབང་པོ་ལ་སོགས་པ་གསུམ་པོ་དེ་ཐམས་ཅད་ཀྱང་རེག་པ་བསྐྱེད་པར་བྱ་བ་ལ་མཐུན་ཞིང་རྗེས་སུ་མཐུན་པ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་དྲུག་ཅེས་བྱ་བ་ནི་འདི་ལ་དྲུག་ཚན་དྲུག་ཡོད་པས་ན་དྲུག་ཚན་དྲུག་པ་སྟེ། ནང་དང་ཕྱི་དང་རྣམ་པར་ཤེས་པ་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། དྲུག་ཡོད་པའི་ཕྱིར་རོ། །ཁུངས་ནི་རེག་པའི་ཚོགས་དྲུག་ཅེས་བྱ་བ་ཡིན་ཏེ། གཞན་པ་ཉིད་མ་ཡིན་ན་དབང་པོ་དང་དོན་དང་རྣམ་པར་ཤེས་པ་དག་བཤད་ཟིན་པས། རེག་པའི་ཚོགས་དྲུག་ཅེས་བཟླས་པར་ཡང་མི་འགྱུར་ཏེ། དེའི་ཕྱིར་དྲུག་ཚན་དྲུག་ཉིད་ཉམས་པར་འགྱུར་རོ། །ཚོར་བ་དང་སྲེད་པ་དག་ཀྱང་ཆོས་ཀྱི་སྐྱེ་མཆེད་ལས་ལོགས་ཤིག་ན་ཡོད་པར་འགྱུར་དུ་འོང་ཞེས་བྱ་བ་ནི་གལ་ཏེ་ལོགས་ཤིག་ཏུ་བསྟན་པའི་ཕྱིར་ལོགས་ཤིག་ན་ཡོད་པར་འགྱུར་ན་ནི་ཚོར་བ་དང་སྲེད་པ་དག་ཀྱང་ཆོས་ཀྱི་སྐྱེ་མཆེད་ལས་ལོགས་ཤིག་ཏུ་བསྟན་པས་ཚོར་བ་དང་སྲེད་པ་དེ་གཉིས་ཀྱང་ཆོས་ཀྱི་སྐྱེ་མཆེད་ལས་གཞན་ཡིན་པར་འགྱུར་བ་ཞིག་ན། དེ་གཉིས་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་ནང་དུ་འདུས་པའི་ཕྱིར་ལོགས་ཤིག་ན་ཡོད་པར་ཡང་མི་འདོད་དོ། །དེ་ནི་ཉེས་པ་མེད་དེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བཤད་པ་དེ་ནི་ཉེས་པ་མེད་དེ། དེ་དག་ལས་མ་གཏོགས་པ་སྟེ། ཚོར་བ་དང་སྲེད་པ་ལས་མ་གཏོགས་པ་ཆོས་ཀྱི་སྐྱེ་མཆེད་འདུ་ཤེས་ལ་སོགས་པའི་ངོ་བོ་ཉིད་ཀྱང་ཡོད་པའི་ཕྱིར་ཏེ་ཡོད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བུར་མེད་དོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་སྐད་དུ་གསུམ་འདུས་པ་ནི་རེག་པ་ཡིན་ནོ་ཞེས་སྨྲ་བ་ཁྱོད་ཀྱི་ལྟར་ན་དེ་ལྟ་བུར་རེག་པར་གྱུར་པ་གསུམ་ལས་ལོགས་ཤིག་ན་མེད་ཀྱང་དགོས་པའི་དབང་གིས་མདོ་འདི་ལས་ལྷག་མ་གང་ཞིག་ལ་རེག་པའི་ཚོགས་དྲུག་གོ་ཞེས་སྨོས་སུ་རུང་
བ་རེག་པར་གྱུར་པ་དབང་པོ་དང་དོན་དང་རྣམ་པར་ཤེས་པ་གསུམ་ལས་རེག་པར་གྱུར་པ་དབང་པོ་དང་དོན་དང་རྣམ་པར་ཤེས་པ་གཞན་གསུམ་ནི་མེད་དོ། །དེ་ལྟ་བས་ན་ཚོར་བ་དང་སྲེད་པ་དག་ནི་ལོགས་ཤིག་ན་མེད་དུ་ཟིན་ཀྱང་གདུལ་བྱའི་དོན་གྱི་དབང་གིས་ལོགས་ཤིག་ཏུ་བསྟན་པར་རིགས་ཀྱི། འདུས་པ་ཙམ་རེག་པ་ཡིན་པར་སྨྲ་བ་ཁྱོད་ཀྱི་ལྟར་ན་ནི་དགོས་པ་གང་གིས་ཀྱང་རེག་པའི་ཚོགས་དྲུག་ཅེས་ལོགས་ཤིག་ཏུ་བསྟན་པར་རིགས་པ་མ་ཡིན་ཏེ། འདི་ལྟར་རེག་པའི་ཚོགས་དྲུག་ཅེས་སྨོས་པས་དབང་པོ་དང་དོན་དང་རྣམ་པར་ཤེས་པ་གསུམ་བཤད་ཟིན་པའི་ཕྱིར་དེ་རྣམས་མི་སྨོས་པར་འགྱུར་རོ། །དེའི་ཕྱིར། ཆོས་ཀྱི་རྣམ་གྲངས་དྲུག་ཚན་དྲུག །ཅེས་བྱ་བ་མི་འགྲུབ་པར་འགྱུར་རོ། །ཁོ་བོའི་ལྟར་ན་ནི་རེག་པ་དང་ཚོར་བ་དང་སྲེད་པ་དྲུག་ཚན་སྨོས་ཀྱང་དེ་རྣམས་ལས་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་ལ་སོགས་པའི་དོན་དང༌། དབང་པོ་དང་རྣམ་པར་ཤེས་པའི་དྲུག་ཚན་ཡོད་པའི་ཕྱིར་འགྲུབ་སྟེ། དེ་ལྟ་བས་ན་རེག་པ་དྲུག་ཚན་ཞེས་ལོགས་ཤིག་ཏུ་བསྟན་པའི་ཕྱིར་རེག་པ་ཞེས་བྱ་བ་སེམས་དང་མཚུངས་པར་ལྡན་པའི་ཆོས་གཞན་ཞིག་ཡོད་དོ་ཞེས་བྱ་བར་གྲུབ་པོ། །ཇི་སྟེ་མདོ་འདི་ལས། ནང་གི་དྲུག་དང་ཕྱི་ཡི་དྲུག །ཅེས་འབྱུང་བས་དབང་པོ་དང་དོན་དང་རྣམ་པར་ཤེས་པ་མེད་པ་དག་ཀྱང་བསྟན་ཏེ། དེའི་ཕྱིར་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་རེག་པར་གྱུར་པ་ཞེས་བྱ་བ་འདི་ལྷག་མ་བསྟན་པའི་ཕྱིར་འདི་ལས་རེག་པའི་ཚོགས་དྲུག་ཅེས་སྨོས་པ་ཡིན་ནོ་ཞེས་སྨྲ་བར་གྱུར་ན། ལན་འདི་དགག་པའི་ཕྱིར་འདི་བརྩམས་ཏེ། གལ་ཏེ་རྣམ་པར་ཤེས་པ་མེད་པའི་དབང་པོ་དང་དོན་དག་ཡོད་དུ་ཟིན་ཀྱང་སྟེ། དེ་དང་མཚུངས་པ་དག་ཅེས་བྱ་བའི་ཐ་ཚིག་གོ །དབང་པོ་དང་དོན་མེད་པའི་རྣམ་པར་ཤེས་པ་ནི་མེད་དེ། རྣམ་པར་ཤེས་པ་ནི་གདོན་མི་ཟ་བར་དབང་པོ་དང༌། དོན་དང་བཅས་པ་ཡིན་ལ་རྣམ་པར་ཤེས་པ་དེ་ཡང་འདི་ལས་རྣམ་པར་ཤེས་པའི་ཚོགས་དྲུག་ཅེས་འབྱུང་བས་བསྟན་ཟིན་ཏོ། །
དེ་ལྟ་བས་ན་རྣམ་པར་ཤེས་པ་ནི་ཚོགས་དྲུག་ཅེས་འབྱུང་བའི་ཕྱིར་དབང་པོ་དང་དོན་དང་རྣམ་པར་ཤེས་པ་གསུམ་བསྟན་ཟིན་པས་ཡང་རེག་པའི་ཚོགས་དྲུག་ཅེས་རེག་པ་སྨོས་ཟིན་པ་སྨོས་པ་ནི་དོན་མེད་པར་འགྱུར་རོ། །དེའི་ཕྱིར་རེག་པ་ནི་འདུས་པ་ལས་གཞན་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །འདིར་སློབ་དཔོན་དཔལ་ལེན་གྱིས་མིག་དང་གཟུགས་ཐམས་ཅད་ཀྱང་མིག་གི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྒྱུ་མ་ཡིན་ཞེས་བྱ་བར་རྒྱས་པར་སྨོས་ཏེ། ཐམས་ཅད་ཀྱང་མ་ཡིན་ཞེས་བྱ་བ་ནི་མིག་དང་གཟུགས་སྔར་བྱུང་བ་དག་རྒྱུ་ཡིན་གྱི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་དག་ནི་མ་ཡིན་པའོ། །མིག་གི་རྣམ་པར་ཤེས་པ་ཐམས་ཅད་ཀྱང་འབྲས་བུ་མ་ཡིན་ཞེས་བྱ་བ་འདི་མིག་དང་གཟུགས་སྔར་བྱུང་བ་དག་གི་ཕྱིས་བྱུང་བ་ཡིན་གྱི་ལྷན་ཅིག་འབྱུང་བ་དག་གི་ནི་མ་ཡིན་པས་དེའི་ཕྱིར་རེག་པའི་ཚོགས་དྲུག་ཅེས་འབྱུང་བའི་མདོ་འདི་ལས་གང་དག་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་རྣམ་པར་ཤེས་པ་དང་དབང་པོ་དང་ཡུལ་དེ་དག་རེག་པའི་དངོས་པོར་རྣམ་པར་གཞག་གོ་ཞེས་ཟེར་ཏེ་འདི་ནི་གཞན་དུ་བསྟན་པ་མ་ཡིན་ནོ། །དེ་སྐད་དུ་མི་འདོན་ཏོ་ཞེས་བྱ་བ་ནི་དེ་སྐད་དུ་འདོན་པར་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་ཇི་སྐད་དུ་འདོན་ཞེ་ན་ཆོས་འདི་དག་འབྲེལ་པ་དང༌། འདུས་པ་དང༌། ཚོགས་པ་ལས་བྱུང་བ་གང་ཡིན་པ་དེ་ནི་རེག་པའོ་ཞེས་འདོན་ཏོ། །ཡང་ན་ནི་འདི། རྒྱུ་ལ་འབྲས་བུ་བཏགས་པ་ཡིན། །ཞེས་བྱ་བ་ནི་རྒྱུ་འབྲེལ་ཅིང་འདུས་ལ་ཚོགས་པ་ལ་འབྲས་བུ་རེག་པ་བཏགས་ཏེ། དཔེར་ན། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་བྱ་བ་ལྟ་བུའོ། །འདི་ལ་རྒྱུ་སྐྱེ་བའི་རྣམ་པ་ཧ་ཅང་མང་པོར་འཕྲོ་བ་ཡོད་པས། རྒྱུ་སྐྱེ་བའི་རྣམ་པ་ཧ་ཅང་མང་པོར་འཕྲོ་བ་ཡིན་ནོ། །ཚིག་བླ་དགས་ཞེས་བྱ་བ་ནི་མིང་ཡིན་ནོ་ཞེས་བྱ་བ་འདིས་ལྷག་པར་བརྗོད་པས་ན་ཚིག་བླ་དགས་ཏེ་ཚིག་ནི་མིང་ལ་འཇུག་ལ། མིང་གིས་
ནི་དོན་རྗོད་པར་བྱེད་པས་ཚིག་བླ་དགས་ནི་མིང་ཡིན་ནོ། །མིང་དེ་ལྷག་པར་ཏེ་ཕལ་ཆེར་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་འདིའི་དམིགས་པ་ཡིན་པས་དེའི་ཕྱིར་ཚིག་བླ་དགས་ཀྱི་འདུས་ཏེ་རེག་པ་ཞེས་བྱའོ་ཞེས་གྲག་སྟེ། རེག་པ་དང་འདུས་ཏེ་རེག་པ་ཞེས་བྱ་བ་ནི་གཅིག་གོ །ཡིད་ཀྱི་རྣམ་པར་ཤེས་པས་སྔོན་པོ་ཡང་རྣམ་པར་ཤེས་ཞེས་བྱ་བ་ནི་བརྗོད་པར་བྱ་བ་ཡང་རྣམ་པར་ཤེས་སོ་ཞེས་བྱ་བའི་ཐ་ཚིག་གོ །སྔོན་པོའོ་ཞེས་བྱ་བར་ཡང་རྣམ་པར་ཤེས་ཞེས་བྱ་བ་ནི་དོན་འདིའི་མིང་ནི་འདི་ཡིན་ནོ་ཞེས་བྱ་བར་རྣམ་པར་ཤེས་པའོ། །གཅིག་ནི་རྟེན་གྱིས་རབ་ཏུ་ཕྱེ་བ་ཡིན། །ཞེས་བྱ་བ་ནི་དང་པོ་ནི་རྟེན་གྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། ཐོགས་པའི་རྟེན་ཅན་གྱི་རེག་པའམ་ཐོགས་པའི་རེག་པ་ནི་ཐོགས་པའི་རེག་པ་ཡིན་ནོ། །དམིགས་པས་རབ་ཏུ་ཕྱེ་བ་ཡིན། །ཞེས་བྱ་བ་ནི་ཚིག་བླ་དགས་ཀྱི་དམིགས་པ་ཅན་ནམ་ཚིག་བླ་དགས་ལ་རེག་པ་ནི་ཚིག་བླ་དགས་ཀྱི་རེག་པ་ཡིན་ནོ། །ཚིག་གི་དབང་དུ་བྱས་ནས་ཞེས་བྱ་བ་ནི་ཚིག་གི་དབང་དུ་བྱས་ཤིང་ཚིག་ངེས་པར་གཟུང་ནས་གཟུགས་ལ་སོགས་པའི་དོན་རྣམས་ལ་ཡིད་ཀྱི་རྣམ་པར་ཤེས་པ་འཇུག་གི་ལྔ་པོ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ནི་ཚིག་གི་དབང་དུ་བྱས་ནས་དོན་རྣམས་ལ་འཇུག་པ་མ་ཡིན་ཏེ། དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་ཚིག་བླ་དགས་ཡིན་ཏེ་ཚིག་ལ་འཇུག་པ་ནི་ཚིག་བླ་དགས་ཞེས་བྱའོ། །དེ་དང་མཚུངས་པར་ལྡན་པའི་རེག་པ་ནི་ཚིག་བླ་དགས་ཀྱི་རེག་པ་སྟེ། དེས་ནི་རེག་པ་གཉིས་པ་འདི་ནི་མཚུངས་པར་ལྡན་པས་རབ་ཏུ་ཕྱེ་བ་ཡིན་ཞེས་བྱའོ། །རིག་པ་དང་མ་རིག་པ་དང་གཞན་རེག་ཅེས་བྱ་བ་ནི་རིག་པ་དང་མ་རིག་པ་དང་གཞན་ནི་རིག་དང་མ་རིག་དང་གཞན་རེག་སྟེ། རིག་པ་དང། མ་རིག་པ་དང༌། དེ་གཉིས་ལས་གཞན་པ་ཞེས་བྱ་བའི་ཐ་ཚིག་གོ །རིག་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་རབ་པོ། །མ་རིག་པ་ནི་ཉོན་མོངས་པ་ཅན་གྱི་ཤེས་རབ་པོ། །རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པ་ནི་ཤེས་རབ་དགེ་བ་ཟག་པ་དང་བཅས་པ་གང་
ཡིན་པ་དང༌། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཤེས་རབ་གང་ཡིན་པ་སྟེ། རེག་པ་དེ་དག་ཀྱང་གོ་རིམས་བཞིན་དུ་རིག་པར་བྱའོ། །མ་རིག་པའི་རེག་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མ་རིག་པའི་རེག་པ་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པ་ཡང་དང་ཡང་ཀུན་དུ་འབྱུང་ཞིང་རྟག་ཏུ་ཀུན་དུ་འབྱུང་བ་ནི་ཕྱོགས་གཅིག་ཡིན་ཏེ་དེ་སྨོས་པས་རེག་པ་གཉིས་སུ་འགྱུར་ཏེ་གནོད་སེམས་དང་རྗེས་སུ་ཆགས་པའི་རེག་པ་ཡིན་ནོ། །བདེ་བ་མྱོང་འགྱུར་ལ་སོགས་གསུམ། །ཞེས་བྱ་བ་ནི་བདེ་བ་མྱོང་བའོ། །བདེ་བ་མྱོང་བར་རུང་བ་ནི་བདེ་བ་མྱོང་བར་འགྱུར་བའོ། །ཡང་ན་འདི་ལ་བདེ་བ་མྱོང་བར་འགྱུར་བ་ཡོད་པས་ན་བདེ་བ་མྱོང་བར་འགྱུར་བའོ། །འདི་དག་ལ་དེ་དག་ལ་སོགས་པ་ཡོད་པས་ན་བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའོ། །བདེ་བ་དང་མཐུན་པའི་ཕྱིར་ཞེས་བྱ་བ་ནི་བདེ་བའི་ཚོར་བར་བྱ་བ་དང་མཐུན་པ་ནི་བདེ་བ་མྱོང་བར་འགྱུར་བའོ། །ཡང་ན་དེ་མྱོང་བར་བྱ་བའམ་མྱོང་བར་ནུས་པ་ཞེས་བྱ་བ་ལ། མྱོང་བར་བྱ་བ་ཞེས་བྱ་བ་ནི་ལས་ཙམ་དུ་སྟོན་ཏོ། །མྱོང་བར་ནུས་པ་ཞེས་བྱ་བ་ནི་འོས་པར་སྟོན་པ་ཡིན་ནོ། །དེ་དག་ནི་རིག་པ་བཅུ་དྲུག་ཡིན་ནོ་ཞེས་བྱ་བ་ནི་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་དྲུག་དང༌། ཡང་ཐོགས་པའི་རེག་པ་དང༌། ཚིག་བླ་དགས་ཀྱི་རེག་པ་དང༌། རིག་པ་དང་མ་རིག་པའི་རེག་པ་དང༌། རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་རེག་པ་དང༌། རེག་པ་གཉིས་པོ་གནོད་སེམས་དང༌། རྗེས་སུ་ཆགས་པའི་རེག་པ་དང༌། རེག་པ་གསུམ་པོ་བདེ་བ་མྱོང་བར་འགྱུར་བ་དང༌། སྡུག་བསྔལ་མྱོང་བར་འགྱུར་བ་དང༌། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་རིག་པ་དང་བཅུ་དྲུག་གོ །རེག་པ་བཤད་ཟིན་ཏོ། །ཚོར་བ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་ཚོར་བ་ལ་ཡང་ཚོར་བ་མྱོང་བ་ཞེས་བཤད་མ་ཟིན་ནམ། འོན་ཏེ་བཤད་ཟིན་པ་ཡང་འཆད་ན་ནི། བཤད་ཟིན་པ་འཆད་
པར་འགྱུར་བ་གཞན་ཞེས་འབྱུང་བས་བཤད་ཟིན་པ་གང་ཡིན་པ་དང༌། འཆད་པར་འགྱུར་བ་གང་ཡིན་པ་དེ་ནི་མི་བཤད་དོ་ཞེས་བྱ་བ་འདི་བརྗོད་པར་མི་བྱའོ་ཞེ་ན། རྣམ་པར་སྟོན་པའི་ཕྱིར་ཉེས་པ་མེད་དེ། སྔར་ནི་མཚན་ཉིད་བཤད་ལ། ད་ནི་རྣམ་པ་འཆད་པ་ཡིན་ནོ། །སྐྱེས་ཟིན་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསྐྱེད་པར་བྱ་བའི་ཆོས་སྐྱེས་ཟིན་པ་ལ་ནི་སྐྱེད་པར་བྱེད་པའི་ཆོས་ཀྱི་ནུས་པ་མེད་དེ་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །དམ་བཅས་པ་དང་བྱེ་བྲག་མེད། །ཅེས་བྱ་བ་ནི་སྒྲུབ་པ་འདི་དམ་བཅས་པ་དང་ཁྱད་པར་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་སྒྲུབ་པ་དམ་བཅས་པ་དང་ཁྱད་པར་མེད་པ་ཉིད་ནི་མི་འདོད་ན་འོ་ན་ནི་ཕན་ཚུན་དུ་སྐྱེད་པར་བྱེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། ཅི་ཞེ་ན། ཇི་ལྟར་ན་ལྷན་ཅིག་འབྱུང་བ་གཉིས་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་དངོས་པོར་འགྲུབ་ཅེས་བྱ་བར་སྐབས་དང་སྦྱར་རོ། །འདིས་ནི་ལྷན་ཅིག་འབྱུང་བ་གཉིས་ལ་བསྐྱེད་པར་བྱ་བ་དང༌། སྐྱེད་པར་བྱེད་པའི་དངོས་པོ་ཡོད་དོ་ཞེས་དམ་བཅའ་བ་ནི་སྔར་ཁས་བླངས་པ་དང་འགལ་ལོ་ཞེས་དམ་བཅས་པའི་སྐྱོན་བརྗོད་པར་བྱེད་པ་ཡིན་ནོ། །འདོད་པའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བ་ནི་སྔར་ཁས་བླངས་པ་སྟོན་པར་བྱེད་དོ། །འདོད་པ་འདི་ནི་མདོ་ལས་མི་བཞེད་ཅེས་བྱ་བ་ནི་ཆོས་མངོན་པ་ལས། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཞེས་འབྱུང་བའི་འདོད་པ་འདི་ནི་མདོ་ལས་མི་བཞེད་པ་ཡིན་ནོ། །དེ་བསྟན་པའི་ཕྱིར་མིག་གི་འདུས་ཏེ་རེག་པ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྐྱེ་ཞེས་བྱ་བ་སྨོས་སོ། །མདོ་ཚད་མར་བྱེད་པས་ཕན་ཚུན་འབྲས་བུ་ཡིན་པ་བཅོམ་ནས་ལྷན་ཅིག་འབྱུང་བ་དག་ལ་རྒྱུ་དང་འབྲས་བུའི་དངོས་པོ་གཞོམ་པར་འདོད་ནས་སྐྱེད་པར་བྱེད་པའི་ཆོས་དང་འགལ་བའི་ཕྱིར་ཡང་རིགས་པ་མ་ཡིན་ཞེས་བྱ་བ་སྨོས་ཏེ། སྐྱེད་པར་བྱེད་པའི་ཆོས་ནི་གང་འདུས་པ་ཐ་དད་པ་འདི་ཡིན་པར་གྲགས་ཏེ། དཔེར་ན་ས་བོན་སྔ་ལ་མྱུ་གུ་འཕྱི་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །དེ་ལ་
ཡང་དབང་པོ་དང་དོན་དག་སྔ་ལ་རྣམ་པར་ཤེས་པའི་ཕྱི་ཞེས་བྱ་བ་ནི་སྐད་ཅིག་མ་དང་པོ་ལ་དབང་པོ་དང་དོན་དག་བྱུང་ལ་རྣམ་པར་ཤེས་པ་ནི་སྐད་ཅིག་མ་གཉིས་པ་ལའོ་ཞེས་བྱ་བ་ཡིན་ནོ། །འོ་ན་ནི་མྱུ་གུ་དང་གྲིབ་མ་དག་ཇི་ལྟར་ཞེས་བྱ་བ་ཅི་ཞེ་ན། ལྷན་ཅིག་འབྱུང་བ་དག་ལ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་སྟེ། མྱུ་གུ་ནི་སྐྱེ་བ་ཁོ་ནའི་ཚེ་གྲིབ་མ་སྐྱེད་པར་བྱེད་ཀྱི། སྐད་ཅིག་མ་དང་པོ་ལ་མྱུ་གུ་གྲིབ་མ་མེད་པར་འབྱུང་ལ། སྐད་ཅིག་མ་གཉིས་པ་ལ་གྲིབ་མ་དང་བཅས་པ་ནི་མ་ཡིན་པ་ལྟར་རེག་པ་དང་ཚོར་བ་དག་ཀྱང་དེ་དང་འདྲའོ། །གྲིབ་མ་དང་མྱུ་གུ་འདི་གཉིས་ཀྱི་རྒྱུ་ཡང་ཚོགས་པ་སྔ་མ་ཡིན་ནོ་ཞེས་བརྗོད་པར་ལྟ་ནུས་ཏེ། དོན་འདི་ནི་ལྷན་ཅིག་འབྱུང་བའི་རྒྱུ་བསྟན་པར་བཤད་ཟིན་པས་ཡང་མི་བརྗོད་དོ། །གཞན་དག་ན་རེ་རེག་པའི་འོག་ཏུ་ཚོར་བ་འབྱུང་ངོ་ཞེས་ཟེར་རོ་ཞེས་བྱ་བ་ནི་བཙུན་པ་དཔལ་ལེན་ཏོ། །གསུམ་འདུས་པ་དེ་ནི་རེག་པ་ཡིན་ནོ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་དང༌། སྐྱེད་པའི་དངོས་པོ་གང་ཡིན་པའོ། །སྐད་ཅིག་མ་གསུམ་པ་ལ་ཚོར་བ་འབྱུང་ངོ་ཞེས་བྱ་བ་ནི་དབང་པོ་དང་དོན་ནི་སྐད་ཅིག་མ་དང་པོ་ཡིན་ནོ། །རྣམ་པར་ཤེས་པ་དང་སྐྱེ་བ་ནི་སྐད་ཅིག་མ་གཉིས་པ་ཡིན་ནོ། །ཚོར་བ་སྐྱེ་བ་ནི་སྐད་ཅིག་མ་གསུམ་པ་ཡིན་ནོ། །རྣམ་པར་ཤེས་པ་ཐམས་ཅད་ལ་ཚོར་བ་ཡོད་པར་ཡང་མི་འགྱུར་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་སྐད་ཅིག་མ་གཉིས་པ་ལ་ཚོར་བ་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཐམས་ཅད་རེག་པ་ཡིན་པར་ཡང་མི་འགྱུར། སྐད་ཅིག་མ་སྔ་མ་སྟེ་གཉིས་པ་ལ་རེག་པ་རྣམ་པར་གཞག་པའི་ཕྱིར་ཚོར་བའི་སྐད་ཅིག་མ་གསུམ་པ་ལ་རྣམ་པར་ཤེས་པ་རེག་པ་མ་ཡིན་ནོ། །རེག་པ་ཕྱི་མ་ལ་ཡོད་པའི་ཚོར་བ་རེག་པ་སྔ་མའི་རྒྱུ་ལས་བྱུང་བ་ཡིན་ནོ། །ད་ལྟར་སྐད་ཅིག་མ་གཉིས་པར་རེག་པའི་ངོ་བོར་བཤད་པ་གང་ཡིན་པ་དེ་ལ་ཡོད་པའི་ཚོར་བ་ནི་རེག་པ་སྔ་མའི་རྒྱུ་ལས་བྱུང་བ་སྟེ། སྐད་ཅིག་མ་
དང་པོའི་རྣམ་པར་ཤེས་པའི་རྒྱུ་ཅན་དུ་བྱུང་བ་ཡིན་ལ་གཞན་ལ་ཡོད་པའང་རེག་པ་དེ་སྔོན་དུ་འགྲོ་བ་ཡིན་པས་དེ་ལྟར་རྣམ་པར་ཤེས་པ་ཐམས་ཅད་ལ་ཚོར་བ་ཡོད་པར་འགྱུར་རོ། །རྣམ་པར་ཤེས་པ་ཐམས་ཅད་ཀྱང་རེག་པ་ཡིན་ནོ་ཞེས་བྱ་བ་ནི་རེག་པ་དེ་དག་ཀྱང་ཚོར་བ་དང་བཅས་པ་ཡིན་པས་སོ། །དམིགས་པ་ཐ་དད་པ་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་དག་ལ་དམིགས་པ་ཐ་དད་པ་ཡོད་པས་འདི་གཉིས་ནི་དམིགས་པ་ཐ་དད་པ་དག་སྟེ། སྔ་མའི་དམིགས་པ་ནི་གཟུགས་སོ། །ཕྱི་མའི་ནི་སྒྲའོ། །དམིགས་པ་ཐ་དད་པ་དེ་གཉིས་རེག་པ་ཕྱི་མ་སྒྲ་ལ་དམིགས་པ་ལ་ཡོད་པའི་ཚོར་བ་རེག་པ་སྔ་མའི་རྒྱུ་ལས་བྱུང་བ་སྟེ། གཟུགས་ལ་དམིགས་པའི་རྒྱུ་ཅན་འབྱུང་ངོ་ཞེས་བྱ་བ་དེ་ནི་རིགས་པ་མ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ནི་ཉེས་པ་སྟོན་པ་ཡིན་ཏེ། རིགས་མི་འདྲ་བ་ལ་དམིགས་པའི་རེག་པ་ལས་བྱུང་བའི་ཚོར་བ་སྟེ། གཟུགས་ཀྱི་རྣམ་པ་ལ་དམིགས་པའི་རེག་པ་ལས་བྱུང་བའི་ཚོར་བ་གཞན་ལ་དམིགས་པར་འགྱུར་ཞིང་སྒྲ་ལ་དམིགས་པར་འགྱུར་ཏེ། རྒྱུ་མ་ཚང་བའི་ཕྱིར་འབྲས་བུ་མི་འབྱུང་ངོ༌། །གང་གི་ཚེ་གཟུགས་ལ་དམིགས་པའི་རེག་པ་ལས་བྱུང་བའི་ཚོར་བ་གཟུགས་ལ་དམིགས་པ་ཁོ་ནའི་ཚོར་བར་བྱུང་བར་འགྱུར་བ་དེའི་རེག་པ་ཕྱི་མ་ལ་ཡོད་པའི་ཚོར་བ་རེག་པ་སྔ་མའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བར་རིགས་ཀྱི། གང་གི་ཚེ་གཟུགས་ལ་དམིགས་པ་ལ་སྒྲ་ལ་དམིགས་པའི་ཚོར་བ་འབྱུང་བ་དེའི་ཚེ་འདི་ཇི་ལྟར་རུང་སྟེ། འབྲས་བུ་ནི་འཇིག་རྟེན་ན་རྒྱུ་དང་མཐུན་པར་སྣང་ངོ༌། །འོན་ཏེ་གཟུགས་ལ་དམིགས་པའི་རེག་པ་ལས་བྱུང་བའི་ཚོར་བ་ནི་སྒྲ་ལ་དམིགས་པའི་རེག་པ་དང་མཚུངས་པར་ལྡན་ཡང་གཟུགས་ལ་དམིགས་པར་འགྱུར་རོ་ཞེས་བྱ་བར་འདོད་ན་ཡང་དེའི་ཕྱིར་ཡང་ན་སེམས་གང་དང་མཚུངས་པར་ལྡན་པ་དེ་ལས་གཞན་པ་ལ་དམིགས་པར་འགྱུར་ཞེས་བྱ་བ་འདི་སྨོས་ཏེ། སྒྲ་ལ་དམིགས་པའི་སེམས་དེ་ལས་གཞན་པ་ལ་དམིགས་པ་
སྟེ། གཟུགས་ལ་དམིགས་པ་གང་ལས་སྐྱེས་པ་དེ་དང་དམིགས་པ་མཚུངས་ཞེས་བྱ་བའི་ཐ་ཚིག་གོ །འདི་དེ་དང་མཚུངས་པར་ལྡན་པ་ཞེས་ཀྱང་འདི་སྐད་བརྗོད་དེ། འདྲ་བར་ལྡན་པ་ནི་མཚུངས་པར་ལྡན་པ་ཡིན་ནོ། །གལ་ཏེ་རྟེན་མཚུངས་པའི་ཕྱིར་རོ་ཞེ་ན། ཇི་ལྟར་རྣ་བའི་རྟེན་ཅན་དུ་གྱུར་པ་གཟུགས་ལ་དམིགས་པར་འགྱུར། ཇི་ལྟར་མི་འགྱུར་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་ནི་རྟེན་དང་ལྷན་ཅིག་ཡུལ་གཅིག་ལ་འཇུག་པའི་ཕྱིར་རོ། །དེ་ལྟ་བས་ན་ཚོར་བ་ནི་གང་ལ་དམིགས་སུ་ཟིན་ཀྱང་ཉེས་པ་ཡོད་པར་རབ་ཏུ་བསྟན་ཏེ། རེ་ཞིག་གལ་ཏེ་གཟུགས་ལ་དམིགས་པའི་རེག་པ་ལས་བྱུང་བའི་ཚོར་བ་དམིགས་པ་གཞན་སྒྲ་ལ་དམིགས་ན་ཡང་གཟུགས་ལ་དམིགས་པའི་རེག་པ་དེ་བདེ་བ་མྱོང་བར་འགྱུར་བ་ནས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ཞེས་བྱ་བའི་བར་དུ་མི་འགྱུར་ཏེ། ཚོར་བ་དང་དམིགས་པ་གཅིག་པའི་ཕྱིར་དེ་ལྟར་བསྟན་པར་རུང་ངོ༌། །འོ་ན་ནི་དེའི་ཚེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་དེ་ལྟར་ཉེས་པ་ཡོད་ན་འོ་ན་ནི་དེའི་ཚེ་སྟེ། གང་གི་ཚེ་ཞེ་ན་སྒྲ་ལ་དམིགས་པའི་ཚེ་རེག་པར་གྱུར་པའི་རྣམ་པར་ཤེས་པ་ཚོར་བ་མེད་པ་ཡིན་ལ་སྒྲ་ལ་དམིགས་པ་དེ་སྔ་རོལ་གྱི་རྣམ་པར་ཤེས་པ་ཚོར་བ་དང་བཅས་པ་གང་ཡིན་པ་དེ་ནི་རེག་པ་མ་ཡིན་ཏེ། དེ་ལྟར་ན་ཉེས་པར་མི་འགྱུར་རོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་སྔར་འབྱུང་བའི་རྣམ་པར་ཤེས་པ་ཚོར་བ་དང་བཅས་པ་རེག་པ་ཡིན་པར་གྱུར་ན་དེ་ལྟ་ན་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཡིན་པས་ཇི་སྐད་བཤད་པའི་ཉེས་པར་འགྱུར་རོ། །ཡང་ཅིའི་ཕྱིར་རྣམ་པར་ཤེས་པ་ཅུང་ཟད་ཅིག་ནི་ཚོར་བ་དང་བཅས་པ་ཡིན་ལ་ཅུང་ཟད་ཅིག་ནི་རེག་པ་མ་ཡིན་ཞེ་ན། རྐྱེན་མ་ཚང་བའི་ཕྱིར་རོ། །རྐྱེན་མ་ཚང་བ་ནི་གེགས་བྱེད་པར་གནས་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་ཐམས་ཅད་ཚོར་བའི་རྐྱེན་གྱིས་རེག་པར་གྱུར་པའི་རྣམ་པར་
ཤེས་པ་སྐྱེད་པར་ནུས་པ་མ་ཡིན་ནོ། །དེ་ལྟ་ན་དེའི་ལུགས་ཀྱིས་དམིགས་པ་ཐ་དད་པའི་རྣམ་པར་ཤེས་པ་ནི་གཅིག་ཏུ་ཚོར་བ་མེད་པ་ཡིན་ལ་དེ་སྐྱེད་པར་བྱེད་པ་ནི་རེག་པར་གྱུར་པ་མ་ཡིན་ནོ། །གལ་ཏེ་གཟུགས་ལ་དམིགས་པའི་མིག་གི་རྣམ་པར་ཤེས་པའི་མཇུག་ཐོགས་སུ་གཟུགས་ལ་དམིགས་པ་ཁོ་ནའི་མིག་གི་རྣམ་པར་ཤེས་པའམ། ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་ན་དེ་ནི་ཚོར་བ་དང་བཅས་པ་ཡིན་ལ་མིག་གི་རྣམ་པར་ཤེས་པ་སྔར་སྐྱེས་པ་དེ་ཡང་རེག་པ་ཡིན་ནོ། །དེ་ལྟ་ཡིན་ན་ཞེས་བྱ་བ་དང་ས་མང་པོའི་ངེས་པ་ཉམས་པ་ཡིན་ཞེས་བྱ་བ་ནི་རེག་པ་དང་ཚོར་བ་དག་རྣམ་གྲངས་ཀྱིས་ཡོད་པའི་ཕྱིར་རོ། །ས་ནི་གསུམ་སྟེ་ཞེས་བྱ་བ་ལ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོའོ། །རྟོག་པ་མེད་ལ་དཔྱོད་པ་ཙམ་ནི་བསམ་གཏན་ཁྱད་པར་ཅན་ནོ། །རྟོག་པའང་མེད་དཔྱོད་པའང་མེད་པ་ནི་བསམ་གཏན་གཉིས་པ་ནས་སྲིད་པའི་རྩེ་མོའི་བར་རོ། །དགེ་བའི་ས་ནི་ཆོས་དགེ་བ་སྟེ། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་ཡང་དེ་དང་འདྲའོ། །སློབ་པའི་ས་ནི་སློབ་པའི་ཟག་པ་མེད་པའི་ཆོས་རྣམས་སོ། །མི་སློབ་པའི་ས་ནི་མི་སློབ་པའི་ཟག་པ་མེད་པའི་ཆོས་རྣམས་སོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ས་ནི་ཟག་པ་དང་བཅས་པའི་ཆོས་རྣམས་སོ། །སེམས་ལས་བྱུང་བའི་སྐབས་ཡིན་པའི་ཕྱིར་འདུས་མ་བྱས་ནི་འདིར་མི་སྨོས་སོ། །དེ་ལ་གང་དག་ས་འདི་དག་ན་ཡོད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཞེས་བྱ་བ་ནི་ཚིག་གི་ཕྲད་དོ། །གང་དག་ཅེས་བྱ་བ་ནི་སེམས་ལས་བྱུང་བ་གང་དག་གོ །ས་འདི་དག་ཐམས་ཅད་ན་ཡོད་པ་ཞེས་བྱ་བ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་ནས་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་སའི་བར་ན་ཡོད་པ་དེ་དག་ནི་ས་མང་པོ་པ་ཚོར་བ་དང་སེམས་པ་ལ་སོགས་པ་ཇི་སྐད་བཤད་པ་ཡིན་ནོ། །གང་དག་དགེ་བ་
ཁོ་ན་ལ་ཡོད་པ་དེ་དག་ནི་དགེ་བའི་ས་མང་པོ་པ་ཡིན་ཏེ་དད་པ་ལ་སོགས་པའོ། །གང་དག་ཉོན་མོངས་པ་ཅན་ཁོ་ན་ལ་ཡོད་པ་དེ་དག་ནི་ཉོན་མོངས་པའི་ས་མང་པོ་པ་ཡིན་ཏེ། མ་རིག་པ་ལ་སོགས་པ་ཇི་སྐད་བཤད་པ་ཁོ་ནའོ། །ཅི་རིགས་པར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཞན་དག་ན་རེ་ས་མང་པོ་པ་ལ་སོགས་པ་དེ་དག་ཀྱང་གང་དག་གང་ན་ཡོད་པ་དེ་དག་དེ་ན་རྣམ་གྲངས་ཀྱིས་ཡིན་གྱི། ཐམས་ཅད་ཅིག་ཅར་ནི་མ་ཡིན་ནོ་ཞེས་ཟེར་ཏེ། དཔེར་ན་ཚོར་བ་ལྟ་བུ་ས་ཐམས་ཅད་ན་ཡོད་ཀྱང་འདུ་ཤེས་དང་སེམས་པ་དང་རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་དང་ཅིག་ཅར་མ་ཡིན་ལ་རེག་པ་ཡང་ཚོར་བ་ལ་སོགས་པ་དང་དེ་དང་འདྲ་བ་དང༌། དེ་བཞིན་དུ་དགེ་བ་ལ་རྣམ་པར་རྟོག་པ་ལ་སོགས་པ་ཡང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །གཞན་དག་ནི་འདི་སྐད་དུ་འདི་ནི་ཕུང་པོ་ལྔ་ལས་ཇི་སྐད་དུ་བྲིས་པ་དེ་བཞིན་དུ་གཟུང་བར་བྱའོ་ཞེས་ཟེར་ཏེ། འདི་ལྟ་སྟེ། འདུན་པ་གང་ཞེ་ན། བསམ་པའི་དངོས་པོ་ལ་འདོད་པ་སྟེ། མ་བསམས་པ་ལ་འདུན་པ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །མོས་པ་གང་ཞེ་ན། ངེས་པའི་དངོས་པོ་ལ་དེ་ཁོ་ན་བཞིན་དུ་ངེས་པར་འཛིན་པའོ། །དྲན་པ་གང་ཞེ་ན་འདྲིས་པའི་དངོས་པོ་ལ་མི་བརྗེད་པ་སྟེ། སེམས་ཀྱི་མངོན་པར་བརྗོད་པ་ཉིད་དོ། །ཏིང་ངེ་འཛིན་གང་ཞེ་ན། བརྟག་པར་བྱ་བའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ། །ཤེས་རབ་གང་ཞེ་ན། དེ་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། རིག་པ་དང་མ་རིག་པས་བསྐྱེད་པ་དང༌། དེ་ལས་གཞན་པའོ་ཞེས་བྱ་བ་ལྟ་བུ་ལ་སོགས་པ་ཕུང་པོ་ལྔའི་གཞུང་ལས་འབྱུང་བ་ཡིན་པར་བལྟའོ། །དེ་ལས་ནི་ཚོར་བ་དང༌། འདུ་ཤེས་དང༌། རེག་པ་དང༌། ཡིད་ལ་བྱེད་པ་དང༌། སེམས་པ་དང་ལྔ་ནི་ཀུན་དུ་འགྲོ་བའོ། །འདུན་པ་དང༌། མོས་པ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང་ལྡན་
ཡུལ་སོ་སོར་ངེས་པའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཤད་དོ། །མི་དགེ་བའི་ས་མང་པོ་རྣམས་ནི་འདོན་པའི་ཞར་ལ་ད་ཁོང་ནས་དྲངས་ཞེས་བྱ་བ་ནི་མདོ་ལ་སོགས་པ་ལས་དགེ་བ་དང༌། མི་དགེ་བ་ཞེས་འབྱུང་བས་དེ་སྐད་དུ་འདོན་པའི་ཞར་ལ་ཁོང་ནས་དྲངས་ཏེ། ཕྱིས་ཁོང་ནས་ཕྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །རབ་ཏུ་བྱེད་པའི་རྐང་པ་ལས་ནི་མ་བཏོན་ཏེ་ས་མང་པོ་པ་རྣམས་དང༌། དགེ་བའི་ས་མང་པོ་པ་རྣམས་དང༌། ཉོན་མོངས་པའི་ས་མང་པོ་པ་རྣམས་དང༌། ཉོན་མོངས་པ་ཆུང་ངུའི་ས་མང་པོ་པ་རྣམས་སོ་ཞེས་རྣམ་པ་བཞི་ཞིག་འབྱུང་ངོ༌། །ལྷན་ཅིག་སྐྱེས་པ་ཞེས་གསུངས་ཀྱི་རེག་པ་དང་ལྷན་ཅིག་སྐྱེས་པ་ཞེས་ནི་མ་གསུངས་ན་ཞེས་བྱ་བ་ནི་ཁྱད་པར་མཛད་པའི་ཕྱིར་ཚོར་བ་ལ་སོགས་པ་འདི་དག་ཕན་ཚུན་ལྷན་ཅིག་སྐྱེས་པ་ཡིན་གྱི་རེག་པ་དང་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་དུ་ཡོངས་སུ་བཟུང་ནས་མདོའི་ལན་གདབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །བྱམས་པ་དང་ལྷན་ཅིག་པར་གྱུར་པ་ཞེས་བྱ་བ་ནི་ལྷན་ཅིག་ཅེས་བྱ་བ་ནི་སྒྲ་འདི་ཅིག་ཅར་འབྱུང་བ་ལ་བྱ་བར་ངེས་པ་མེད་ཀྱི། དེ་མ་ཐག་པ་ལ་ཡང་མཐོང་ངོ༌། །བྱམས་པ་དང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཕྲད་པ་མེད་དེ། བྱམས་པ་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་པའི་ཕྱིར་ལ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གཅིག་ཏུ་ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་ཁོངས་སུ་མི་རུང་ངོ༌། །འདྲེས་པ་ཡིན་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །མདོ་དེ་ཉིད་ལས་ཞེས་བྱ་བ་ནི་གང་ཁོ་ན་ལས། ཚོར་བ་གང་ཡིན་པ་དང་སེམས་པ་གང་ཡིན་པ་དང་འདུ་ཤེས་གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བའི་མདོ་དེ་ལས་ཞེས་བྱ་བའི་ཐ་ཚིག་གོ །དེ་མི་ཤེས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཅི་རེ་ཞིག་འདི་ཚོར་བ་ལ་སོགས་པ་དེ་དག་གི་དམིགས་པར་ངེས་ཤིང་དམིགས་པ་ལ་ངེས་པ་སྟེ། དམིགས་པ་གང་ཁོ་ན་མྱོང་བར་བྱེད་པ་དེ་ཁོ་ན་རྣམ་པར་ཤེས་པས་རྣམ་པར་
ཤེས་པར་བྱེད་པའི་བར་ཞིག་ཡིན་ནམ། འོན་ཏེ་སྐད་ཅིག་མ་ངེས་པ་སྟེ། སྐད་ཅིག་མ་གང་ཁོ་ན་ལ་ཚོར་བ་བྱེད་པ་དེ་ཁོ་ན་ལ་རྣམ་པར་བྱེད་པའི་བར་ཡིན་ཞེ་ན། བདག་ནི་འདི་དམིགས་པ་ལ་ངེས་པ་ཡིན་ནོ་ཞེས་སྨྲ་སྟེ། དེ་ལྟ་བས་ན་མདོ་དང་མི་འགལ་ལོ་སྙམ་དུ་བསམས་པ་ཡིན་ནོ། །སློབ་དཔོན་གྱིས་མདོ་དེ་ཉིད་ལ་ཚེ་དང་དྲོད་དག་ལྷན་ཅིག་པ་ལ་འདྲེས་པ་ཞེས་གསུངས་པའི་ཕྱིར་སྐད་ཅིག་མ་ངེས་པ་ཡིན་པར་གྲུབ་པོ་ཞེས་བྱ་བ་སྨོས་ཏེ། ཚེ་དང་དྲོད་དང་ཆོས་འདི་གཉིས་ནི་འདྲེས་པ་ཡིན་གྱི། མ་འདྲེས་པ་ནི་མ་ཡིན་ནོ་ཞེས་འབྱུང་བས། ཚེ་དང་དྲོད་དག་ལྷན་ཅིག་སྐྱེས་པ་ཉིད་དུ་བཤད་པ་ཡིན་ཏེ། དེ་གཉིས་ཀྱིས་དམིགས་པ་ནི་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་སྐད་དུ་ཚོར་བ་དང་འདུ་ཤེས་དང་སེམས་པ་དང་རྣམ་པར་ཤེས་པ་རྣམས་ནི་གདོན་མི་ཟ་བར་ལྷན་ཅིག་འབྱུང་བ་ཡིན་ཏེ། མདོ་དེ་ལས་ལྷན་ཅིག་འདྲེས་པ་ཡིན་པར་གསུངས་པས་བཤད་པའི་ཕྱིར་ཚེ་དང་དྲོད་ལྟ་བུའོ་ཞེས་བསྒྲུབས་པ་ཡིན་ནོ། །དེ་ཡང་ཇི་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། དེ་ཡང་ཇི་ལྟར་རྣམ་པར་ཤེས་པ་ནི་ཡོད་ལ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་འདུས་པ་མ་ཡིན་ཏེ། དེ་ལྟ་བས་ན་རྣམ་པར་ཤེས་པ་ཡོད་ཕན་ཆད་གདོན་མི་ཟ་བར་འདུས་པ་ཡིན་པར་ཁས་བླང་བར་བྱ་དགོས་ལ། འདུས་པ་ཡང་ཁྱོད་ཀྱི་ལྟར་ན་རེག་པ་ཡིན་ནོ། །དེས་ན་རྣམ་པར་ཤེས་པ་ཐམས་ཅད་རེག་པ་ཡིན་ཡང་མི་འགྱུར་ཞེས་བྱ་བ་དང༌། ཡན་ན་འདུས་པ་ཡིན་ལ་རེག་པ་མ་ཡིན་ཞེས་བྱ་བ་འདི་འགལ་ལོ། །ཡིད་བདེ་བའི་བར་རྒྱུ་བ་དྲུག །ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་མིག་གི་གཟུགས་མཐོང་ནས་ཡིད་བདེ་བའི་གནས་ལྟ་བུའི་གཟུགས་རྣམས་ལ་ཉེ་བར་རྒྱུའོ། །རྣ་བས་སྒྲ་དག་ཐོས་ནས་ཡིད་བདེ་བའི་གནས་ལྟ་བུའི་སྒྲ་རྣམས་ལ་ཉེ་བར་རྒྱུའོ་ཞེས་བྱ་བ་ནས་དེ་བཞིན་དུ་ཡིད་ཀྱི་ཆོས་དག་རྣམ་པར་ཤེས་ནས་ཡིད་བདེ་
བའི་གནས་ལྟ་བུའི་ཆོས་རྣམས་ལ་ཉེ་བར་རྒྱུའོ་ཞེས་བྱ་བ་དང༌། དེ་བཞིན་དུ་མིག་གིས་གཟུགས་དག་མཐོང་ནས་ཡིད་མི་བདེ་བའི་གནས་ལྟ་བུ་དང༌། བཏང་སྙོམས་ཀྱི་གནས་ལྟ་བུ་ཞེས་བྱ་བ་རྒྱས་པར་སྦྱར་བར་བྱའོ། །གསུམ་དུ་འགྱུར་ཞེས་བྱ་བ་ནི་ཡིད་བདེ་བ་དང་མི་བདེ་བ་དང་བཏང་སྙོམས་ཀྱི་ངོ་བོ་ཉིད་རྣམ་པ་གསུམ་ཡིན་པའི་ཕྱིར་རོ། །གཅིག་ཏུ་འགྱུར་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དྲུག་ཏུ་འགྱུར་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་དྲུག་ཐ་དད་པའི་ཕྱིར་རོ། །གསུམ་ཀར་ཡང་རྣམ་པར་གཞག་སྟེ་ཞེས་བྱ་བ་ནི་ཚོར་བའི་རྫས་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་གང་ཡིན་པ་ནི་གཅིག་ཡིན་ནོ། །དེ་ཡིད་བདེ་བ་ལ་སོགས་པའི་ངོ་བོ་ཉིད་གསུམ་ཐ་དད་པའི་སྒོ་ནས་ནི་རྣམ་པ་གསུམ་དུ་དབྱེའོ། །དེ་ཡང་ཡུལ་དྲུག་སོ་སོར་ཐ་དད་པའི་སྒོ་ནས་ནི་རྣམ་པ་དྲུག་ཏུ་དབྱེ་བས་བཅོ་བརྒྱད་ཡིན་ནོ། །ངོ་བོ་ཉིད་གཞག་པ་མེད་ན་ཡིད་བདེ་བ་དང༌། ཡིད་མི་བདེ་བ་དང༌། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་ཞེས་བྱ་བར་མི་འགྱུར་རོ། །མཚུངས་པར་ལྡན་པ་གཞན་པ་མེད་ན་ཡིད་ཀྱི་ཉེ་བར་རྒྱུ་བ་ཞེས་བྱ་བ་དེ་ལྟ་བུར་ཡང་མི་འགྱུར་ལ། བཅོ་བརྒྱད་དེ་ལས་གཞན་པ་ཞིག་ཡིན་པར་ཡང་འགྱུར་རོ། །དམིགས་པ་གཟུགས་ལ་སོགས་པ་ཡུལ་དྲུག་རྣམ་པར་གཞག་པ་མེད་ན་ཡིད་བདེ་བ་ལ་སོགས་པ་ལས་རྣམ་པ་དྲུག་ཐ་དད་པའི་སྒོ་ནས་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་ཅེས་བྱ་བར་མི་འགྱུར་རོ། །དེ་ལྟ་བས་ན་གསུམ་ཀར་གཞག་གོ་ཞེས་བྱ་བར་གྲུབ་པོ། །མ་འདྲེས་པ་ལ་དམིགས་པ་ཞེས་བྱ་བ་ནི་དམིགས་པ་མ་འཆོལ་བ་ཅན་ཡིན་ནོ། །ཆོས་ལ་ཉེ་བར་རྒྱུ་བ་གསུམ་ནི་གཉི་ག་ཡིན་ཞེས་བྱ་བ་གང་དག་གཟུགས་ལ་སོགས་པའི་ཡུལ་ལྔ་ལས་མ་གཏོགས་པ་ཆོས་ལ་དམིགས་པའི་ཆོས་ལ་ཉེ་བར་རྒྱུ་བ་དེ་དག་ནི་མ་འདྲེས་པ་ལ་དམིགས་པ་ཡིན་ནོ། །གང་དག་གཟུགས་ལ་སོགས་པའི་ཡུལ་དྲུག་ལས་གཉིས་དང༌། གསུམ་
ནས། ཡུལ་དྲུག་གི་བར་ལ་དམིགས་པ་དེ་དག་ནི་འདྲེས་པ་ལ་དམིགས་པ་ཡིན་ནོ། །ཡིད་ལ་བརྟེན་ནས་རྒྱུ་བའི་ཕྱིར་རོ་ཞེས་གྲག་ཅེས་བྱ་བ་ལ། གྲག་ཅེས་བྱ་བའི་སྒྲ་ནི་གཞན་གྱི་གཞུང་ལུགས་སྟོན་པར་བྱེད་པ་ཡིན་ཏེ། ཡིད་ལ་བརྟེན་ཅིང་གནས་ནས་ཡུལ་དག་ལ་ཉེ་བར་རྒྱུ་བའི་ཕྱིར་རོ་ཞེས་གྲག་སྟེ། དམིགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཉེ་བར་རྒྱུ་བར་བྱེད་ཅེས་བྱ་བ་ནི་འཇུག་པར་བྱེད་པའོ། །ཇི་ལྟ་ཞེ་ན། ཚོར་བའི་དབང་གིས་ཡིད་ཡུལ་དག་ལ་ཡང་དང་ཡང་དུ་རྣམ་པར་རྒྱུ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཉེ་བར་ཞེས་བྱ་བའི་སྒྲའི་དོན་ཡང་དང་ཡང་དུ་ཞེས་བྱ་བ་ཡིན་ནོ། །ཉེ་བར་རྒྱུ་བར་བྱེད་པའང་མ་ཡིན་ནོ་ཞེས་བྱ་བ་ནི་ངེས་པར་རྟོག་པར་བྱེད་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་བོ། །མི་རུང་ངོ་ཞེས་བྱ་བ་ནི་མི་སྲིད་པའོ། །གལ་ཏེ་ཡིད་ཀྱི་ཉེ་བར་རྒྱུ་བ་ཡིད་ཁོ་ན་ལ་བརྟེན་པ་ཡིན་ན་བསམ་གཏན་གསུམ་པའི་བདེ་བ་གང་ཡིན་པ་དེ་ཁོ་ན་ལ་བརྟེན་གྱི་མིག་གི་དབང་པོ་ལ་སོགས་པ་ལ་བརྟེན་པ་མ་ཡིན་ན། ཅིའི་ཕྱིར་ཡིད་ཀྱི་ཉེ་བར་རྒྱུ་བའི་ནང་དག་ཏུ་མ་སྨོས་ཤེ་ན། དང་པོ་འདོད་པའི་ཁམས་ན་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དང་པོ་ནི་དང་པོ་ནའོ། །འདོད་པའི་ཁམས་ན་ཡིད་ཀྱིས་པའི་བདེ་བ་མེད་དེ། དེ་ལྟ་བས་ན་དེ་ནི་ཡིད་ཀྱི་ཉེ་བར་རྒྱུ་བ་མ་ཡིན་ནོ། །དེའི་ཕྱིར་ལྷག་མ་བསམ་གཏན་གསུམ་པ་ན་བདེ་བའི་དབང་པོ་ཡིད་ལ་བརྟེན་པ་ཉིད་ཡིན་ཡང་ཡིད་ཀྱི་ཉེ་བར་རྒྱུ་བའི་ནང་དུ་མ་སྨོས་སོ། །ཇི་ལྟར་ཡིད་བདེ་བའི་ཉེ་བར་རྒྱུ་བའི་མི་མཐུན་པར་ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་ཡོད་བ་དེ་ལྟར་བདེ་བའི་ཉེ་བར་རྒྱུ་བའི་མི་མཐུན་པའི་སྡུག་བསྔལ་གྱི་ཉེ་བར་རྒྱུ་བ་མེད་དེ། སྡུག་བསྔལ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་མི་བརྟེན་པའི་ཕྱིར་རོ། །དེའི་ཕྱིར་བདེ་བ་དེ་ནི་ཐམས་ཅད་དུ་ཡིད་ཀྱི་ཉེ་བར་རྒྱུ་བ་མ་ཡིན་ནོ། །གྲག་ཅེས་བྱ་བ་ནི་གཞན་གྱི་གཞུང་ལུགས་ཡིན་པའོ། །ཡིད་བདེ་བའི་གནས་ལྟ་བུ་ཞེས་བྱ་བ་ནི་ཡིད་བདེ་བ་སྐྱེད་པར་བྱེད་པའོ། །རྣམ་པར་ཤེས་པ་ལྡས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་
མིག་གིས་གཟུགས་དག་མཐོང་ནས་ཞེས་བྱ་བ་རྒྱས་བར་འབྱུང་བ་དེ་ནི་རྣམ་པར་ཤེས་པའི་ཚོགས་ལྔས་མངོན་པར་བསྒྲུབས་ཤིང་བསྐྱེད་པ་ཉིད་ལ་དགོངས་ཤིང་ཐུགས་ལ་གཞག་སྟེ་གསུངས་པར་ཟད་ཀྱི་འདི་དག་ནི་ཡིད་ཀྱིས་པ་ཡིན་ཏེ་དཔེར་ན་མི་སྡུག་པ་ལྟ་བུ་སྔར་རྣམ་པར་བསྔོས་པ་ལ་སོགས་པ་མཐོང་བའི་ཕྱིར། མིག་གི་རྣམ་པར་ཤེས་པས་མངོན་པར་བསྒྲུབས་པའང་ཡིད་ལ་མཉམ་པར་གཞག་པ་ཡིན་པའི་ཕྱིར་ཡིད་ཀྱི་ས་པ་ཡང་ཡིན་པ་བཞིན་ནོ། །གཞན་ཡང་ཞེས་བྱ་བ་ནི་མིག་གིས་གཟུགས་དག་མཐོང་ནས་ཞེས་བྱ་བ་ནས། ལུས་ཀྱིས་རེག་བྱ་དག་རེ་གནས་ཞེས་བྱ་བའི་བར་དུ་གསུངས་པའི་ཕྱིར་དེ་ནི་ཀླན་ཀར་མི་རུང་ངོ༌། །གལ་ཏེ་མིག་གིས་གཟུགས་དག་ལྟ་བ་ན་ཡིད་བདེ་བའི་གནས་ལྟ་བུའི་གཟུགས་རྣམས་ལ་ཉེ་བར་རྒྱུའོ་ཞེས་བྱ་བ་ནས་ལུས་ཀྱིས་རེག་བྱ་དག་ལ་རེག་པ་ན་ཞེས་བྱ་བའི་བར་དུ་གསུངས་པར་གྱུར་ན་ནི་ཀླན་ཀར་ཡང་རུང་བ་ཞིག་ན་དེ་སྐད་དུའང་མ་གསུངས་པས་དེ་ནི་ཀླན་ཀར་མི་རུང་བ་ཉིད་དོ། །གང་གིས་མ་མཐོང་བ་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གིས་གཞན་ལས་ཐོས་ནས་ཡིད་ཉེ་བར་རྒྱུ་བ་དེ་ཡང་དེའི་ཡིད་ཀྱི་ཉེ་བར་རྒྱུ་བ་ཡིན་ནོ། །གཞན་དུ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདོད་པའི་ཁམས་སུ་སྐྱེས་པས་གཟུགས་ལ་སོགས་པ་མངོན་སུམ་དུ་མ་བྱས་པའི་ཕྱིར་གཟུགས་ཀྱི་ཁམས་ལ་དམིགས་པ་དག་ཀྱང་གཟུགས་ལ་སོགས་པ་ལ་ཉེ་བར་རྒྱུ་བ་ཡིན་པར་མི་འགྱུར་ལ་གཟུགས་ཀྱི་ཁམས་སུ་སྐྱེས་པ་འདོད་པའི་ཁམས་ལ་དམིགས་པ་དག་ཀྱང་དྲེ་དང་རོ་དང་རེག་བྱ་ལ་ཉེ་བར་རྒྱུ་བ་ཡིན་པར་མི་འགྱུར་ཏེ། དྲི་ལ་སོགས་པ་ནི་དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཆེས་གསལ་བ་དེ་ལྟར་བཤད་ཅེས་བྱ་བ་ནི་གཟུགས་ལ་སོགས་པའི་དམིགས་པའི་མངོན་སུམ་དུ་བྱས་པའི་ཡིད་ཀྱི་ཉེ་བར་རྒྱུ་བ་རྣམས་ནི་ཆེས་གསལ་བ་ཡིན་པའི་ཕྱིར་རོ། །གང་གཟུགས་དག་མཐོང་ནས་དེ་དང་ལྷན་གཅིག་འབྱུང་བའི་སྒྲ་རྣམས་ལ་ཉེ་བར་རྒྱུ་བ་དེ་ཡང་དེའི་ཡིད་ཀྱི་ཉེ་བར་རྒྱུ་བ་ནི་ཡོང་མོད་ཀྱི་ཇི་ལྟར་མི་འཆོལ་བ་དེ་ལྟར་བཤད་དོ། །ཇི་ལྟར་ན་མི་འཆོལ་ཞེན་དབང་པོ་དང་དོན་
རྣམ་པར་ཆད་པའི་སྒོ་ནས་ཞེས་བྱ་བ་སྨོས་ཏེ། མིག་ལ་སོགས་པའི་དབང་པོ་རྣམ་པར་ཆད་པ་དང༌། གཟུགས་ལ་སོགས་པ་དོན་རྣམ་པར་ཆད་པའི་སྒོ་ནས་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་མིག་གིས་གཟུགས་དག་མཐོང་ནས་ཡིད་བདེ་བའི་གནས་ལྟ་བུའི་སྒྲ་རྣམས་ལ་ཉེ་བར་རྒྱུའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ནི་འཆོལ་བར་འགྱུར་རོ། །རྒྱུད་ངེས་པས་ནི་ཡོད་ཅེས་བྱ་བ་ནི་འདི་ལྟར་སེམས་ཅན་འགའི་རྒྱུད་ལ་ལྟོས་ནས་ནི་ལ་ལ་ཡིད་བདེ་བའི་གནས་ལྟ་བུ་ཁོ་ན་ཡིན་པ་ནས་བཏང་སྙོམས་ཀྱི་གནས་ལྟ་བུ་ཁོ་ནའི་བར་དུ་ནི་ཡིན་ནོ། །དམིགས་པ་ནི་མ་ཡིན་ནོ། །ཅི་ཞེ་ན་ངེས་པས་སོ། །ཅིའི་ཕྱིར་ཞེ་ན། དམིགས་པ་དེ་ཉིད་ལ་ལའི་ཡིད་བདེ་བའི་གནས་ལྟ་བུ་ཡིན་ལ། ལ་ལའི་མ་ཡིན་ནོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་དང་ལྡན་པའི་བར་ཞེས་བྱ་བ་ནི་དུ་ཞིག་ནི་གཟུགས་ཀྱི་ཁམས་དང་ལྡན་པ་ཡིན། དེ་དག་ལས་ཀྱང་དུ་ཞིག་གི་དམིགས་པ་ནི་ཅི་ཞིག་ཡིན། དུ་ཞིག་ནི་གཟུགས་མེད་པའི་ཁམས་དང་ལྡན་པ་ཡིན། དེ་དག་ལས་ཀྱང་དུ་ཞིག་གི་དམིགས་པ་ནི་ཅི་ཞིག་ཡིན་ཞེས་བྱ་བའོ།། །།བམ་པོ་ཉི་ཤུ་རྩ་བདུན་པ། འདོད་ན་ཐམས་ཅད་རང་དམིགས་ཅན། །ཞེས་བྱ་བ་ནི་འདོད་པ་ན་ནི་ཡིད་ཀྱི་ཉེ་བར་རྒྱུ་བ་འདོད་པ་ན་སྤྱོད་པ་བཅོ་བརྒྱད་པོ་ཐམས་ཅད་ཡོད་ལ་དེ་དག་ཐམས་ཅད་ཀྱི་དམིགས་པ་ཡང་འདོད་པའི་ཁམས་དེ་ཉིད་ཡིན་ནོ། །ཚིག་ལེའུར་བྱས་པའི་ཚིག་ནི་འདི་དག་ལ་དམིགས་པ་རང་གི་ཁམས་ཡོད་པས་ན་རང་དམིགས་ཅན་ནོ་ཞེས་བྱ་བ་ཚིག་རྣམ་པར་སྦྱར་རོ། །སྤྱོད་ཡུལ་གཟུགས་ཅན་བཅུ་གཉིས་སོ། །ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ནི་འདོད་པ་ན་སྤྱོད་པའི་ཉེ་བར་རྒྱུ་བ་བཅུ་གཉིས་ཀྱི་སྤྱོད་ཡུལ་ཡིན་ནོ། །དྲི་དང་རོ་ལ་ཉེ་བར་རྒྱུ་བ་དྲུག་མ་གཏོགས་ཞེས་བྱ་བ་ནི་དྲི་དང་རོ་ལ་དམིགས་པའི་ཡིད་བདེ་བའི་ཉེ་བར་རྒྱུ་བ་གཉིས་མ་གཏོགས་པ་དང༌། དེ་དག་ཁོ་ན་ལ་དམིགས་པའི་ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་གཉིས་མ་གཏོགས་པ་དང༌། དེ་དག་ཁོ་ན་ལ་དམིགས་པའི་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་གཉིས་མ་གཏོགས་
ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །ཞེས་འབྱུང་བས་གཟུགས་ཀྱི་ཁམས་དེ་ནི་དྲི་དང་རོ་དེ་གཉིས་མེད་པའི་ཕྱིར་རོ། །གོང་མ་གསུམ་གྱི་ཞེས་བྱ་བ་ནི་ཁམས་གོང་མ་ནི་འདོད་པ་ན་སྤྱོད་པའི་ཡིད་བདེ་བ་དང༌། ཡིད་མི་བདེ་བ་དང་བཏང་སྙོམས་ཆོས་ལ་ཉེ་བར་རྒྱུ་བ་གསུམ་གྱི་དམིགས་པ་ཡིན་ཏེ། དེ་ན་གཟུགས་ལ་སོགས་པ་མེད་པའི་ཕྱིར་རོ། །བསམ་གཏན་ནི་གཉིས་ན་བཅུ་གཉིས་ཞེས་བྱ་བ་ནི་ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་མེད་པའི་ཕྱིར་རོ། །རང་ལ་དམིགས་བརྒྱད་ཅེས་བྱ་བ་ནི་བརྒྱད་ཀྱི་དམིགས་པ་ཡིན་ནོ། །དྲི་དང་རོ་ལ་ཉེ་བར་རྒྱུ་བ་བཞི་མ་གཏོགས་ཞེས་བྱ་བ་ནི་ཡིད་བདེ་བ་དང༌། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲི་ལ་དམིགས་པ་གཉིས་དང༌། རོལ་དམིགས་པ་གཉིས་མ་གཏོགས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ན་དེ་གཉིས་མེད་པའི་ཕྱིར་རོ། །གཟུགས་མེད་པ་གཉིས་ཀྱི་སྟེ་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་ནི་བསམ་གཏན་དང་པོ་དང་གཉིས་པའི་ས་པའི་ཡིད་བདེ་བ་དང་བཏང་སྙོམས་ཆོས་ལ་ཉེ་བར་རྒྱུ་ཡ་དག་གི་དམིགས་པ་ཡིན་ཏེ་གཟུགས་ལ་སོགས་པ་ནི་མེད་པའི་ཕྱིར་རོ། །བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་ཁོ་ན་ཡོད་ཀྱི་གཞན་དག་ནི་མེད་དོ་ཞེས་བྱ་བ་ནི་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ལ་དམིགས་པ་དག་ཁོ་ན་ཡོད་དོ། །བསམ་གཏན་གསུམ་པ་དང༌། བཞི་པ་ནི་ཡིད་བདེ་བའི་ཉེ་བར་རྒྱུ་བ་རྣམས་ཀྱང་མེད་པའི་ཕྱིར་རོ། །དེ་ན་དྲི་དང་རོ་ལ་དམིགས་པ་དག་ནི་འདོད་པ་ན་སྤྱོད་པའི་དྲི་དང་རོ་ལ་དམིགས་པ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་ན་ནི་བཞིའོ་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཏེ་བར་ཆད་མེད་པའི་ལམ་གྱི་དམིགས་པ་ནི་བསམ་གཏན་བཞི་པ་ཡིན་པའི་ཕྱིར་ལ། དེ་ན་ཡང་གཟུགས་དང་སྒྲ་དང་རེག་བྱ་དང་ཆོས་ཡོད་པའི་ཕྱིར་རོ། །གང་གི་ལྟར་ན་དེ་རྣམ་པར་ཆད་པ་ལ་དམིགས་པ་ཡོད་པའི་ཡིན་ཞེས་བྱ་བ་ནི་སློབ་དཔོན་གང་དག་གི་གཞུང་ལུགས་ཀྱིས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་
ཀྱི་ཉེར་བསྡོགས་དེ་རྣམ་པར་ཆད་པ་ལ་དམིགས་ཤིང་གཟུགས་ལ་སོགས་པ་སོ་སོ་ལ་དམིགས་པ་ཡིན་ཏེ། སྤྱིར་མི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ །སློབ་དཔོན་ཁ་ཅིག་གི་གཞུང་ལུགས་ལྟར་ན་ནི། བསམ་གཏན་བཞི་པ་ལ་རེག་པ་ལ་སོགས་པའི་རྣམ་པར་དམིགས་པ་ཞེས་བྱ་བ་ཡིན་ནོ། །སློབ་དཔོན་གང་དག་གི་གཞུང་ལུགས་ཀྱིས་བཟླུམས་ཏེ་དམིགས་པ་ཁོ་ན་སྟེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་དེ་བསམ་གཏན་བཞི་པའི་ས་པའི་ཕུང་པོ་ལྔ་ཆར་ལ་དམིགས་པ་ཡིན་ནོ་ཞེས་བྱ་བར་འདོད་པའི་སློབ་དཔོན་དེ་དག་གི་ལྟར་ན་ནི་དེ་ན་ཆོས་ལ་ཉེ་བར་རྒྱུ་བའི་འདྲེས་པ་ལ་དམིགས་པ་གཅིག་ཁོ་ན་ཡོད་དོ། །གོང་མར་འགྲོ་བ་གཅིག་ཅེས་བྱ་བ་ནི་གང་གི་ཕྱོགས། གཟུགས་མེད་ཉེ་བར་བསྡོགས་ན་བཞི། །ཞེས་བྱ་བ་ཡིན་པ་དེ་དག་གི་ཕྱོགས་ཡིན་ནོ། །གཟུགས་མེད་པའི་དངོས་གཞི་རྣམས་ཀྱི་མ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཟུགས་མེད་པའི་དངོས་གཞི་རྣམས་ཀྱི་དམིགས་པ་ནི་ཁམས་འོག་མ་མ་ཡིན་ཏེ། ས་འོག་མ་པའི་ཟག་པ་དང་བཅས་པའི་དངོས་པོ་ལ་མི་དམིགས་སོ་ཞེས་བྱ་བའི་ཐ་ཚིག་གོ །འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི། གཟུགས་མེད་དངོས་གཞི་དགེ་བ་ཡི། །སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་བྱ་བ་ཡིན་ནོ། །བསམ་གཏན་དང་པོ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསམ་གཏན་དང་པོ་དང་གཉིས་པའི་ས་པ་ནི་བརྒྱད་དང་ལྡན་ནོ། །བསམ་གཏན་གསུམ་པ་དང་བཞི་པའི་ས་པ་ནི་བཞི་དང་ལྡན་ནོ། །གང་དག་དང་ཞེ་ན། སྨྲས་པ། དྲི་དང་རོ་ལ་དམིགས་པ་མ་གཏོགས་པ་ཉོན་མོངས་པ་ཅན་རྣམས་དང་སྟེ། དེ་ན་དྲི་དང་རོ་མེད་པའི་ཕྱིར་རོ། །ཇི་ལྟར་ན་བསམ་གཏན་དང་པོ་དང་གཉིས་པ་དག་ན་ཡིད་ཀྱི་ཉེ་བར་རྒྱུ་བ་བཅུ་གཉིས་ཡོད་པར་བཤད་ཅེ་ན། ཡིད་བདེ་བ་དང་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་རྣམས་ཀྱི་དམིགས་པ་ཡུལ་དྲུག་རྣམ་པར་གཞག་པའི་ཕྱིར་རོ། །དེ་ལ་འདོད་པའི་ཁམས་སུ་སྐྱེས་པ་གཟུགས་ན་སྤྱོད་པའི་དགེ་བའི་སེམས་མ་ཐོབ་པ་ནི་རང་གི་ས་པ་ལ་དམིགས་པ་ཡིད་བདེ་བའི་ཉེ་བར་རྒྱུ་བ་གཟུགས་དང་སྒྲ་དང་རེག་བྱ་དང་ཆོས་ལ་དམིགས་པ་ཉོན་མོངས་པ་ཅན་བཞི་དང༌། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་ཉོན་མོངས་
པ་ཅན་བཞི་པོ་གང་དག་ཡིན་པ་དེ་དག་ཁོ་ན་དང་ལྡན་པ་སྟེ། ས་འོག་མར་སྐྱེས་པ་ནི་ས་གོང་མ་པའི་ཉོན་མོངས་པ་ཅན་རྣམས་དང་ལྡན་པ་ཡིན་ནོ། །ཉོན་མོངས་པ་ཅན་མ་ཡིན་པ་དྲི་དང་རོ་ལ་དམིགས་པ་བཞི་དང་ནི་ལྡན་པ་མ་ཡིན་ཏེ། དེ་དག་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ལ། གཟུགས་ན་སྤྱོད་པའི་དགེ་བའི་ཆོས་མ་ཐོབ་པའི་ཕྱིར་ནི་གཟུགས་ན་སྤྱོད་པའི་ཆོས་ཉོན་མོངས་པ་ཅན་མ་ཡིན་པ་མ་ཐོབ་པ་ཡིན་པས་དེ་དག་དང་མི་ལྡན་ནོ། །བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་བསམ་གཏན་གསུམ་པ་དང༌། བཞི་པའི་ས་པ་དག་ཀྱང་དྲུག་ཁོ་ནར་བཤད་དེ། དེ་དག་གང་གིས་པ་ལ་དམིགས་པ་ཉོན་མོངས་པ་ཅན་གང་དག་ཡིན་པ་དེ་དག་དང་ལྡན་ནོ། །དྲི་དང་རོ་ལ་དམིགས་པ་གང་དག་ཡིན་པ་དེ་དག་ནི་ཉོན་མོངས་པ་ཅན་མ་ཡིན་ཏེ། དེའི་ཕྱིར་སྔར་བཤད་པའི་ཚུལ་ཁོ་ནས་དེ་གཉིས་དང་མི་ལྡན་ནོ། །ཉོན་མོངས་པ་ཅན་གཅིག་ཁོ་ན་དང་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་མ་ཡིན་པ་དང་ནི་མ་ཡིན་པ་སྟེ། དགེ་བ་ནི་མེད་པའི་ཕྱིར་རོ། །གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཐོབ་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདོད་པའི་ཁམས་ཁོ་ནར་སྐྱེས་པ་གཟུགས་ན་སྤྱོད་པའི་དགེ་བའི་སེམས་མི་ལྕོགས་པ་མེད་པས་བསྡུས་པ་ཐོབ་པར་འདོད་པའི་ཁམས་ལས་འདོད་ཆགས་དང་མ་བྲལ་བ་ནི་འདོད་པ་ན་སྤྱོད་པ་བཅོ་བརྒྱད་པོ་ཐམས་ཅད་དང་ཡང་ལྡན་ནོ། །བསམ་གཏན་དང་པོའི་ས་པ་ནི་བཅུ་དང་ལྡན་ཞེས་བྱ་བ་ཇི་ལྟར་བཅུ་ཡིན་ཞེ་ན། ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲི་དང་རོ་ལ་དམིགས་པ་མ་གཏོགས་པ་ཉོན་མོངས་པ་ཅན་བཞི་དང་ཞེས་བྱ་བ་སྨོས་ཏེ། ཉེར་བསྡོགས་རྣམས་ནི་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པ་ཡིན་པའི་ཕྱིར་ཉེར་བསྔོགས་དག་ན་ནི་ཡིད་བདེ་བའི་ཉེ་བར་རྒྱུ་བ་རྣམས་མེད་དོ། །དེའི་ཕྱིར་ཡིད་ཀྱི་ཉེ་བར་རྒྱུ་བ་དངོས་གཞིས་བསྡུས་པ་རང་གི་ས་ལ་དམིགས་པ་ཉོན་མོངས་པ་བཞི་ཁོ་ན་དང་ལྡན་གྱི་དངོས་གཞིའི་དགེ་བ་མ་ཐོབ་པས་ཉོན་མོངས་པ་ཅན་མ་ཡིན་པའི་རྙེད་པ་མེད་པའི་ཕྱིར་དྲི་དང་རོ་ལ་དམིགས་པ་དག་དང་ནི་མ་ཡིན་ཏེ། བསམ་གཏན་ཉོན་མོངས་པ་ཅན་འོག་མ་པ་ལ་དམིགས་པ་ནི་མེད་དོ། །མི་ལྕོགས་པ་མེད་པའི་ས་བའི་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་དང་ཞེས་བྱ་བ་འདིར་ནི་ཁྱད་པར་མེད་པར་བརྗོད་པའི་ཕྱིར་བཏང་
སྙོམས་ཀྱི་ཉེ་བར་རྒྱུ་བ་ཉེར་བསྡོགས་ཀྱི་བསྡུས་པ་ཉོན་མོངས་པ་བཞི་ཆར་དང་ཡང་ལྡན་ལ་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དགེ་བ་འདོད་པའི་ཁམས་ལ་དམིགས་པ་དྲུག་དང༌། རང་གི་ས་ལ་དམིགས་པ་དག་དང་ཡང་ལྡན་ནོ། །བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། གཟུགས་མེད་པ་ལས་སྐྱེས་པ་རྣམས་དང་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། འདོད་པའི་ཁམས་སུ་སྐྱེས་པ་དེ་ཉིད་གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཐོབ་ལ་འདོད་ཆགས་དང་མ་བྲལ་བ་ནི་བསམ་གཏན་གཉིས་པའི་ས་པ་དྲི་དང་རོ་ལ་དམིགས་པ་མ་གཏོགས་པ་ཉོན་མོངས་པ་ཅན་བརྒྱད་ཁོ་ན་དང་ལྡན་ཏེ། མ་ཐོབ་པ་གང་དག་ཁོ་ན་དང་ལྡན་པ་ཡིན་ནོ། །བསམ་གཏན་གསུམ་པ་དང་བཞི་པའི་ས་པ་ནི་དྲི་དང་རོ་ལ་དམིགས་པ་དག་མ་གཏོགས་པ་བཞི་ཁོ་ན་དང་ལྡན་ནོ། །གཟུགས་མེད་པ་ན་སྤྱོད་པ་ནི་ཉོན་མོངས་པ་ཅན་གཅིག་ཁོ་ན་དང་ལྡན་ནོ། །སྲོལ་འདིས་ཏེ་ལམ་འདིས་ནི་ལྷག་མ་ཡང་ཁོང་དུ་ཆུད་པར་བྱའོ། །ཇི་ལྟ་ཞེ་ན། བསམ་གཏན་དང་པོར་སྐྱེས་པ་བསམ་གཏན་གཉིས་པའི་ས་པའི་དགེ་བའི་སེམས་མ་ཐོབ་པ་ནི་བསམ་གཏན་དང་པོའི་ས་པ་ཐམས་ཅད་དང་ལྡན་ནོ། །བསམ་གཏན་གཉིས་པའི་ས་པ་ནི་ཉོན་མོངས་པ་ཅན་བརྒྱད་དང་ལྡན་ནོ། །བསམ་གཏན་གསུམ་པ་དང༌། བཞི་པ་དང༌། གཟུགས་མེད་པ་ལས་སྐྱེས་པ་རྣམས་དང་ནི་སྔ་མ་བཞིན་ནོ། །བསམ་གཏན་གཉིས་པའི་ས་པའི་དགེ་བའི་སེམས་ཐོབ་པ་དེ་ལས་འདོད་ཆགས་དང་མ་བྲལ་བ་ནི་བསམ་གཏན་དང་པོའི་ས་པ་ཐམས་ཅད་དང་ལྡན་ནོ། །བསམ་གཏན་གཉིས་པའི་ས་པ་ནི་བརྒྱད་དང་ལྡན་ནོ། །དྲི་དང་རོ་ལ་དམིགས་པ་དག་མ་གཏོགས་པ་ཡིད་བདེ་བའི་ཉེ་བར་རྒྱུ་བ་ཉོན་མོངས་པ་ཅན་བཞི་དང༌། བཏང་སྙོམས་ཉེ་བར་རྒྱུ་བ་བསམ་གཏན་གཉིས་པའི་ཉེར་བསྔོགས་ཀྱིས་བསྡུས་པ་བཞི་དང་ལྡན་ནོ། །བསམ་གཏན་གསུམ་པའི་ས་པ་ནི་དྲི་དང་རོལ་དམིགས་པ་དག་མ་གཏོགས་པར་ཉོན་མོངས་པ་ཅན་བཞི་དང་ལྡན་ཏེ། བསམ་གཏན་བཞི་པའི་ས་པ་དག་ཀྱང་དེ་དང་འདྲའོ། །གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཅིག་ཁོ་ན་དང་ལྡན་ནོ། །བསམ་གཏན་གསུམ་པའི་ས་པའི་དགེ་བའི་སེམས་ཐོབ་པ་དེ་ལས་འདོད་ཆགས་དང་མ་བྲལ་བ་ནི་
བསམ་གཏན་གཉིས་པའི་ས་པ་ཐམས་ཅད་དང་ལྡན་ནོ། །བསམ་གཏན་གསུམ་པའི་ས་པ་ནི་དྲི་དང་རོལ་དམིགས་པ་དག་མ་གཏོགས་པ་དང་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་ཉོན་མོངས་པ་ཅན་བཞི་དང༌། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་བསམ་གཏན་གསུམ་པའི་ཉེར་བསྡོགས་ཀྱིས་བསྡུས་པ་བཞི་དང་ལྡན་ནོ། །བསམ་གཏན་བཞི་པ་དང་གཟུགས་མེད་པ་ལས་སྐྱེས་པ་རྣམས་དང་ནི་སྔ་མ་བཞིན་ནོ། །འདི་ནི་ཕྱོགས་ཡིན་ཏེ། ཕྱོགས་འདིས་བསམ་གཏན་གསུམ་པ་དང་བཞི་པ་དག་ཏུ་སྐྱེས་པའི་རང་གིས་པ་དང་ས་གོང་མ་པའི་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་ཉོན་མོངས་པ་ཅན་དང༌། དགེ་བ་དག་ཁོ་ན་དག་དང་མི་ལྡན་པ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །བཏང་སྙོམས་ཆོས་ལ་ཉེ་བར་རྒྱུ་བ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སྤྲུལ་པའི་སེམས་ནི་བཏང་སྙོམས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གཞན་དག་ན་རེ་ཞེས་བྱ་བ་ནི་བསྟན་བཅོས་མཛད་པ་འདི་ཉིད་ཡིན་ནོ། །གང་ཞིག་གང་ལ་འདོད་ཆགས་དང་བྲལ་བ་དེ་ནི་དམིགས་པ་དེ་ལ་ཉེ་བར་རྒྱུ་བར་རིགས་པ་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་ཟག་གང་ཞིག་གཟུགས་ལ་སོགས་པ་གང་ལས་འདོད་ཆགས་དང་བྲལ་བ་དེ་ནི་གཟུགས་ལ་སོགས་པའི་དམིགས་པ་དེ་ལ་ཉེ་བར་རྒྱུ་བ་མ་ཡིན་ནོ། །ཇི་ལྟར་ཉེ་བར་རྒྱུ་བར་བྱེད་ཅེ་ན། དེ་ལ་རྗེས་སུ་ཆགས་པར་ཡང་བྱེད། ཁོང་ཁྲོ་བར་ཡང་བྱེད། སོ་སོར་མ་བརྟགས་པར་བཏང་སྙོམས་སུའང་བྱེད་པ་སྟེ་ཞེས་བྱ་བ་དེ་ལྟ་བུར་རོ། །གང་གི་ཚེ་སོ་སོར་བརྟགས་ཏེ་བཏང་སྙོམས་སུ་བྱེད་པ་དེའི་ཚེ་ནི་གཏོང་ངར་མི་བྱེད་པས་དགེ་བ་ཉིད་ཡིན་ཏེ། དེའི་ཕྱིར་སོ་སོར་མ་བརྟགས་པར་ཞེས་ཁྱད་པར་དུ་བྱས་སོ། །དེ་ལྟ་བས་ན་ཡིད་བདེ་བ་ལ་སོགས་པ་ཟག་པ་དང་བཅས་པ་དག་ཀྱང་ཐམས་ཅད་ནི་ཉེ་བར་རྒྱུ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཀུན་ནས་ཉོན་མོངས་པ་པ་རྣམས་ཡིན་ཏེ། ཀུན་ནས་ཉོན་མོངས་པ་དང་མཐུན་པ་དག་སྟེ། ཡིད་བདེ་བ་ལ་སོགས་པ་གང་དག་གིས་ཡིད་ཡུལ་རྣམས་ལ་ཉེ་བར་རྒྱུ་བར་བྱེད་པ་ཡིན་ནོ། །གང་དག་གི་གཉེན་པོར་རྟག་ཏུ་ཡོད་པ་དྲུག་གནས་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་གང་དག་གི་གཉེན་པོར་རྟག་ཏུ་འབྱུང་བ་ནི་རྟག་ཏུ་ཡོད་པ་སྟེ་གནས་ཤིང་རྣལ་འབྱོར་གྱི་ཁྱད་པར་དུ་བྱེད་པ་ཡིན་བ་སྟེ་དེ་དག་ཀྱང་དྲུག་གོ །ཇི་ལྟ་ཞེ་ན། བཤད་པ་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་
བར་ཡང་མི་འགྱུར་ཏེ་རྗེས་སུ་ཆགས་པར་ཡང་མི་འགྱུར་ཞིང་ཡིད་མི་བདེ་བར་ཡང་མི་འགྱུར་ཏེ། ཁོང་ཁྲོ་བར་ཡང་མི་འགྱུར་ལ་བཏང་སྙོམས་སུ་གནས་ཤིང་གཏོད་པར་མི་བྱེད་དོ། །ཇི་ལྟར་གཏོད་པར་མི་བྱེད་ཅིང་སོ་སོར་མ་བརྟགས་པར་རམ། འོན་ཏེ་སོ་སོར་བརྟགས་ཏེ་ཞེ་ན། ཁྱད་པར་དུ་བྱ་བའི་ཕྱིར་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་ཞེས་བྱ་བ་སྨོས་ཏེ། དྲན་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ཀྱིས་ཡིད་ལ་བརྗོད་ཅིང་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་ཡིད་ཀྱིས་ཆོས་རྣམས་ཤེས་ནས་ཞེས་བྱ་བའི་བར་དུ་ཞེས་བྱ་བ་ནི་ཡུལ་དྲུག་ཐ་དད་པའི་སྒོ་ནས་རྟག་ཏུ་ཡོད་པ་དྲུག་ཡིན་ནོ། །དགྲ་བཅོམ་པ་ལ་ཡང་མེད་པ་མ་ཡིན་པས་ཞེས་བྱ་བ་ནི་དགྲ་བཅོམ་པ་ལ་འཇིག་རྟེན་པའི་དགེ་བ་ཟག་པ་དང་བཅས་པའི་ཆོས་ལ་དམིགས་པ་སྟེ། ཆོས་ཀྱི་སྐྱེ་མཆེད་དྲུག་ལ་དམིགས་པའམ་རྟོགས་པའི་ཆོས་ལ་དམིགས་པའི་ཡིད་བདེ་བ་ཡོད་དེ། དེ་སངས་རྒྱས་ཀྱི་རྒྱུད་ལ་མངའ་བའི་ཡོན་ཏན་རྣམས་མངོན་དུ་བྱེད་པ་ན་ཡིད་བདེ་བ་དགེ་བ་སྐྱེ་བས་འདི་ནི་དགག་པ་ཡིན་བར་མི་རུང་ངོ༌། །འོ་ན་གང་ཞིག་ཅེ་ན། འདི་ནི་ཀུན་ནས་ཉོན་མོངས་པའི་ཡིད་ཀྱི་ཉེ་བར་རྒྱུ་བ་དེ་དགག་པ་ཡིན་པར་མངོན་ནོ། །དེ་ལྟ་བས་ན་ཡིད་བདེ་བ་ལ་སོགས་པ་ཟག་པ་དང་བཅས་པ་དག་ཀྱང་ཐམས་ཅད་ནི་ཉེ་བར་རྒྱུ་བ་མ་ཡིན་ནོ་ཞེས་བྱའོ། །འདི་ལ་བཙུན་པ་གོ་ཆ་མཐའ་ཡས་ན་རེ། དེ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མདོ་ལས་གཞན་དུ་བསྟན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་མདོ་ལས་ནི་ཀུན་ནས་ཉོན་མོངས་པ་དག་ཁོ་ན་ཡིད་ཀྱི་ཉེ་བར་རྒྱུ་བ་ཡིན་པར་ནི་མ་བཤད་ཀྱི། འདི་སྐད་དུ་དགེ་སློང་དག་དེ་ལས་ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་པོ་གང་དག་ཡིན་པ་དེ་དག་ལ་བརྟེན་ཅིང་གནས་ཏེ། ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་པོ་གང་དག་ཡིན་པ་དེ་དག་སྤོངས་ཤིག །དགེ་སློང་དག་དེ་ལ་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་པོ་གང་དག་ཡིན་བ་དེ་དག་ལ་བརྟེན་ཅིང་གནས་ཏེ་ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་པོ་གང་དག་ཡིན་པ་དེ་དག་སྤོངས་ཤིག །དགེ་སློང་དག་བཏང་སྙོམས་ནི་གཉིས་ཏེ། ཐ་དད་པ་ཉིད་ལ་བརྟེན་པ་དང༌། གཅིག་པ་ཉིད་ལ་བརྟེན་པའོ། །དགེ་སློང་དག་དེ་ལ་གཅིག་པ་ཉིད་ལ་བརྟེན་པའི་བཏང་སྙོམས་གང་ཡིན་པ་དེ་ལ་བརྟེན་ཅིང་གནས་ཏེ་ཐ་དད་པ་ཉིད་ལ་བརྟེན་པའི་བཏང་སྙོམས་གང་ཡིན་པ་དེ་
ཡང་སྤོངས་ཤིག་ཅེས་བཤད་དེ། དེ་ལྟ་བས་ན་མདོ་འདི་དང་སྦྱར་ན་ཡིད་བདེ་བ་ལ་སོགས་པའི་ཉེ་བར་རྒྱུ་བ་ནི་ཀུན་ནས་ཉོན་མོངས་པ་ཁོ་ན་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ་ཞེས་ཟེར་རོ། །དེ་ནི་ཁུངས་སུ་མི་རུང་སྟེ། སྤང་བར་གསུངས་ཀྱང་ཀུན་ནས་ཉོན་མོངས་པ་ཉིད་ཡིན་པར་མི་ལྡོག་གོ །གཅིག་ལ་བརྟེན་ནས་ཅིག་ཤོས་སྤང་བར་གསུངས་སུ་ཟིན་ཀྱང་ཡིད་ཀྱི་ཉེ་བར་རྒྱུ་བ་འདི་དག་ཀུན་ནས་ཉོན་མོངས་པ་ཉིད་ཡིན་པ་ནི་མི་ལྡོག་སྟེ། གཞན་དུའང་སྲིད་པའི་ཕྱིར་རོ། །འདི་སྐད་དུ་ང་རྒྱལ་ཉིད་ང་རྒྱལ་ལ་བརྟེན་ནས་སྤང་བར་བྱའོ་ཞེས་གསུངས་མོད་ཀྱི། ང་རྒྱལ་ནི་ནམ་དུ་ཡང་གང་དུ་ཡང་རྣམ་པར་བྱང་བ་ཡིན་པར་མི་སྲིད་དོ། །དེ་ལྟ་བས་ན། ཉོན་མོངས་པ་རྣམས་ཕན་ཚུན་འགལ་བར་འཇུག་པས་འཇུག་པ་གཞན་ལ་ལྟོས་ན་ཡོན་ཏན་དང་ལྡན་པ་ཡིན་པའི་ཕྱིར་ལྕི་བ་དང་ཡང་བ་ལ་དགོངས་ཏེ་མདོ་ལས་གསུངས་པས་ཉེས་པ་མེད་དོ། །འདིར་དཔེ་ནི་དགའ་བོ་ལ་སོགས་པ་ལྟ་བུ་ཡིན་ནོ། །དེའི་ཕྱིར་འདི་ནི་བཅོམ་ལྡན་འདས་ཀྱིས་སྤང་བར་བྱ་བའི་ཕྱིར་བཏང་སྙོམས་དག་ཁོ་ན་རྟེན་ཉིད་དུ་བསྟན་པ་ཡིན་ཏེ། དགེ་སློང་དག་བཏང་སྙོམས་ནི་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ་ཞེན་པ་ལ་བརྟེན་པ་དང༌། ངེས་པར་འབྱུང་བ་ལ་བརྟེན་པའི་བྱེ་བྲག་གིས་སྟོན་པའི་བཀའ་སུམ་ཅུ་རྩ་དྲུག་འབྱུང་བས་འདི་དག་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཉིད་ཡིན་པར་གྲུབ་པ་མ་ཡིན་ནམ་ཞེ་ན། བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་དང་མཐུན་པར་བྱེད་པའི་ཕྱིར་ཉེས་པ་མེད་དོ། །སློབ་དཔོན་གྱི་ལྟར་ན་ཡང་དེ་ན་ཡིད་ཀྱི་ཉེ་བར་རྒྱུ་བ་ལས་མ་གཏོགས་པའི་ཡིད་བདེ་བ་ལ་སོགས་པ་ཡོད་དོ། །ཡིད་བདེ་བ་ལ་སོགས་པ་དེ་དག་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་ཉེ་བར་རྒྱུ་བ་བཅོ་བརྒྱད་པོ་དེ་དག་ཉིད་ཁ་ཅིག་ནི་ཞེན་པ་ལ་བརྟེན་པ་སྟེ། མངོན་པར་ཞེན་པ་ལ་བརྟེན་པ་ཡིན་ནོ། །ཁ་ཅིག་ནི་ངེས་པར་འབྱུང་བ་ཉིད་ལ་བརྟེན་པ་སྟེ་ངེས་པར་འབྱུང་བའི་ངོ་བོ་ནི་ངེས་པར་འབྱུང་བ་ཉིད་དེ་ཀུན་ནས་ཉོན་མོངས་པའམ་འཁོར་བའི་སྡུག་བསྔལ་ལས་སོ། །ཞེན་པ་དང་ངེས་པར་འབྱུང་བ་ཉིད་ལ་བརྟེན་པའི་བྱེ་བྲག་གིས་བཅོ་བརྒྱད་ཕྲག་གཉིས་ན་སྟོན་པའི་བཀའ་སུམ་ཅུ་རྩ་དྲུག་གོ །དེ་དག་གིས་བྱེ་བྲག་སྟེ་ཡིད་ཀྱི་ཉེ་བར་རྒྱུ་བ་དེ་དག་གིས་བྱེ་བྲག་རྣམ་པ་གཉིས་སྟོན་པ་སངས་རྒྱས་ཀྱིས་བཀའ་སྩལ་ཅིང་བཤད་པའི་ཕྱིར་ཏེ། མདོ་ལས་ཇི་སྐད་འབྱུང་བ་
བཞིན་ནོ། །སྔར་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡང་མདོར་བསྡུ་ན་ཉོན་མོངས་པ་དང་ལས་དང་གཞི་རྣམས་སོ་ཞེས་བསྟན་པ་ཞེས་བྱ་བ་ནི། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན་ཞེས་འབྱུང་བའི་ཕྱིར་རོ། །ལས་རྣམས་ཀྱང་རྣམ་པར་སྨིན་པ་བསྐྱེད་པར་བྱ་བ་ལ་དེ་བཞིན་ཞེས་བྱ་བ་ནི་ལས་རྣམས་ཀྱང་དེ་དང་འདྲ་བར་རྣམ་པར་སྨིན་པ་བསྐྱེད་པར་བྱ་བ་ལ་ཉེ་བའི་རྒྱུ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཉོན་མོངས་པ་ཡང་རྣམ་པར་སྨིན་པའི་རྒྱུ་ཡིན་མོད་ཀྱི་དེ་ནི་ཐག་རིང་བ་ཡིན་ནོ། །དེ་དག་ནི་བཤད་ཟིན་ཏོ་ཞེས་བྱ་བ་ནི། འདིར་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་བའོ། །ཞེས་བྱ་བ་དང༌། དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །ཞེས་འབྱུང་བས་བཤད་ཟིན་ཏོ། །ཀུན་ནས་དཀྲིས་པ་ཚིག་རྐྱ་ཐུབ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཕྲག་དོག་དང་སེར་སྣ་དང་ཁོང་ཁྲོ་བ་དང་འཆབ་པ་རྣམས་ཀྱིས་ཏེ། འདི་དག་ནི་ཆིག་རྐྱ་ཐུབ་པ་ཡིན་ཏེ། མ་རིག་པ་མ་གཏོགས་པ་ཉོན་མོངས་པ་གཞན་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ། །མ་རིག་པ་ནི་ཐམས་ཅད་ན་ཡོད་པ་ཉིད་པས་དེ་དང་མཚུངས་པར་ལྡན་པས་ནི་ཆིག་རྐྱ་མི་ཐུབ་པ་མ་ཡིན་ནོ། །ངོ་ཚ་བ་མེད་པ་ལ་སོགས་པ་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་དག་གིས་ནི་ཉིང་མཚམས་སྦྱོར་བར་དགག་པ་མེད་དོ། །གནས་སྐབས་དེ་ཞན་པ་ཡིན་མོད་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འཆི་བའི་གནས་སྐབས་དེ། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། །ཞེས་འབྱུང་བའི་ཕྱིར་སེམས་དང་སེམས་ལས་འབྱུང་བའི་རྒྱུ་བ་མི་གསལ་བའི་ཕྱིར། གཞན་པ་ཡིན་མོད་ཀྱི་གང་ཟག་གང་ཞིག་གིས་ཉོན་མོངས་པ་གང་ལ་ཡང་དང་ཡང་དུ་སྟེ་རྟག་ཏུ་དང༌། འཆི་བའི་ཚེ་དང༌། ཉེ་བར་སྤྱད་ཅིང་བྱུང་བའི་གང་ཟག་དེ་ལ་ནི་འཆི་བའི་དུས་དེའི་ཚེ་འཇིག་ཚོགས་དང་མཐར་འཛིན་པ་ལ་སོགས་པ་ཉོན་མོངས་པ་དེ་དག་ཉིད་ཀུན་དུ་འབྱུང་ངོ༌། །སྔོན་འཕངས་པའི་ཕྱིར་ཞེས་བྱ་བ་ནི་སྔོན་བསྐྱེད་པའི་ཕྱིར་སྔོན་གོམས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་དེའི་ཚེ་ཉོན་མོངས་པ་ཉེ་བར་གནས་པ་གང་ཡིན་པ་དེ་སྔ་མའི་འབྲས་བུའི་ངོ་བོར་ཉེ་བར་བཟུང་ཞིང་འཕངས་ལ་བསྐྱེད་པ་ཡིན་པའི་ཕྱིར་དེའི་ཚེ་དེ་ཉེ་བར་གནས་སོ། །འདོད་པ་དང་
གཟུགས་ཀྱི་ཁམས་དག་ན་ནི་ཆད་པ་མ་སྨོས་པས་སྲིད་པ་བཞི་པོ་ཐམས་ཅད་ཡོད་ཅེས་བྱ་བ་ནི་གསུམ་ཁོ་ན་གཟུགས་མེད་པའི་ཁམས་དག་ན་ཡོད་ལ། གཟུགས་མེད་པའི་ཁམས་དག་ཁོ་ན་ནི་གསུམ་ཡོད་དོ་ཞེས་ངེས་པར་གཟུང་བའི་ཕྱིར་ཁམས་གཞན་ཉིད་ན་སྲིད་པ་བཞི་ཆར་ཡོད་དོ་ཞེས་བྱ་བར་གནང་བར་བྱས་པ་ཡིན་ནོ། །རྒྱུ་མཐུན་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་གཅིན་དང༌། ཕྱི་ས་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་ཕྲ་མོ་རྣམས་ཀྱི་ཡིན་པས་ཕྲ་མོ་སྟེ་ཞེས་བྱ་བ་ནི་ཟས་ཕྲ་མོའོ། །བྱིས་པ་ནི་སྐྱེས་མ་ཐག་པའོ། །དྲོད་གཤེར་ལས་སྐྱེ་བ་ལ་སོགས་པ་ནི་ཤིག་ལ་སོགས་པ་སྟེ། སོགས་པ་ཞེས་བྱ་བའི་སྒྲས་ནི་མངལ་ན་འདུག་པ་བསྡུའོ། །ཁམ་གྱི་ཟས་ནི་འདོད་པ་ན་ཞེས་བྱ་བ་ནི་འདོད་པའི་ཁམས་ཁོ་ན་ཁམ་གྱི་ཟས་ཡོད་དོ་ཞེས་བྱ་བར་ངེས་པར་བཟུང་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། དེའི་འདོད་ཆགས་དང་བྲལ་བ་སྟེ་ཁམ་གྱི་ཟས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་གཟུགས་ཀྱི་ཁམས་དེར་སྐྱེ་བའི་ཕྱིར་རོ། །ཁམ་དུ་བྱས་ཏེ་མིད་པའི་ཕྱིར་ཞེས་བྱ་བ་ནི་ཁམ་བུར་བྱས་ཏེ་རྡོག་པའི་ཕྱིར་ཁམ་ཡིན་ནོ། །དེ་ཁམ་དུ་བྱས་ཏེ་མིད་པ་ཡང་བཟའ་བའི་ཕྱིར་སྣ་དང་ལྕེས་ཁམ་དུ་བཅད་ནས་སོ། །དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་ཐམས་ཅད་ཁམ་ཡིན་ནོ་ཞེས་བཤད་པ་དང༌། གྲིབ་མ་དང་ཉི་མ་དང་མེ་དང་འོད་དག་ལ་ཡོད་པ་དེ་དག་ཇི་ལྟར་ཟས་ཉིད་ཡིན་ཞེས་འདྲི་བར་བྱེད་དེ། དེ་དག་ལ་ཡོད་པའི་དྲི་ལ་སོགས་པ་ཁམ་དུ་བྱས་ཏེ་མིད་པ་ནི་མེད་དོ་ཞེ་ན། འདི་ནི་ཕལ་ཆེར་བསྟན་པ་ཡིན་ནོ་ཞེས་གྲག་ཅེས་བྱ་བ་ནི་དེ་དག་ལ་ཡོད་པའི་དྲི་ལ་སོགས་པ་ཁམ་དུ་བྱེད་པ་ཉིད་དོ་ཞེས་བྱ་བར་ནི་མི་སྟོན་གྱི། འདོད་པ་ན་སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ་ཞེས་བྱ་བ་ནི་ཕལ་ཆེ་བ་བསྟན་པར་ཟད་དོ། །གྲག་ཅེས་བྱ་བའི་སྒྲ་ནི་གཞན་གྱི་གཞུང་ལུགས་ཡིན་པའོ། །རང་གི་བསམ་པ་བསྟན་པའི་ཕྱིར། །གང་དག་མི་མིད་པ་རང་ལ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། །གྲིབ་མ་ལ་སོགས་པ་ལ་ཡོད་པ། གང་དག་མི་མིད་ལ་གནས་པར་ཡང་བྱེད་འཚོ་བར་ཡང་བྱེད་པ་དེ་དག་ཀྱང་ཟས་ཕྲ་མོ་ཡིན་ཏེ་ཁྲུས་དང་ལུས་མ་ཉེ་བ་ཡིན་ནོ། །དཔེར་ན་ཁྲུས་དང་ལུས་མ་ཉེ་བ་ལྟ་བུ་ཁམ་དུ་བྱས་ཏེ། ཡང་མི་མིད་མོད་ཀྱི་འོན་ཀྱང་ཟས་ཀྱང་ཡིན་པ་དེ་དང་འདྲའོ། །རང་
དབང་གྲོལ་ལ་མི་ཕན་ཕྱིར། །ཞེས་བྱ་བ་ནི་དེས་རང་དབང་སྟེ། རང་གི་དབང་པོ་ལ་མི་ཕན་པའི་ཕྱིར་དང༌། འདོད་པའི་ཁམས་ལས་གྲོལ་བའི་ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་རྣམས་ལ་མི་ཕན་པའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་ཟས་མ་ཡིན་ནོ། །གཟུགས་ཀྱི་སྐྱེ་མཆེད་ནི་མིད་པའི་ཚེ་ཞེས་བྱ་བ་ནི་གཟུགས་ཀྱི་སྐྱེ་མཆེད་དེ་གང་གི་ཚེ་ཟས་ཁའི་ནང་དུ་བཅུག་སྟེ་ཟ་ཞིང་མིག་གི་ཡུལ་ལས་འདས་པ་དེའི་ཚེ་རང་གི་དབང་པོ་སྟེ། མིག་གི་དབང་པོའམ་དེའི་འབྱུང་བ་ཆེན་པོ་བཞི་སྟེ་དབང་པོ་དེའི་རྟེན་འབྱུང་བ་ཆེན་པོ་གང་དག་ཡིན་པ་དེ་དག་ལ་ཡང༌། ཕན་མི་འདོགས་ན་ཡུལ་མ་ཡིན་པའི་ཕྱིར་རྣ་བ་ལ་སོགས་པའི་དབང་པོ་གཞན་དང་གཞན་དག་ལ་ཕན་འདོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་གཟུགས་ཀྱི་སྐྱེ་མཆེད་ནི་རྣ་བ་ལ་སོགས་པའི་ཡུལ་མ་ཡིན་ནོ། །འོ་ན་ཟས་བཤམས་པའི་ཚེ་མཐོང་བ་ཕན་འདོགས་པར་འགྱུར་རོ་ཞེ་ན། དེའི་ཕྱིར། གང་གི་ཚེ་མཐོང་བ་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །འོན་ཏེ་དེའི་ཚེ་ཡང་དེ་ལ་དམིགས་པ་བདེ་བ་མྱོང་བར་འགྱུར་བའི་རེག་པ་ཟས་ཡིན་གྱི་གཟུགས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། གྲོལ་བ་ཞེས་བྱ་བར་རྒྱས་པར་སྨོས་ཏེ། གལ་ཏེ་དེ་མཐོང་བ་ན་ཟས་ཀྱི་བྱ་བ་བྱེད་པར་གྱུར་ན་ནི་གྲོལ་བའི་ཕྱིར་མི་འོངས་བ་དང་དགྲ་བཅོམ་པ་ཁམ་གྱི་ཟས་ཀྱི་འདོད་ཆགས་དང་བྲལ་བ་ཟས་ཤིན་ཏུ་ཡིད་དུ་འོང་བ་མཐོང་བ་རྣམས་ལ་ཡང་ཇི་ལྟ་མིད་པའི་དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་རྣམས་ཀྱིས་དབང་པོ་དང་འབྱུང་བ་ཆེན་པོ་རྣམས་ལ་ཕན་འདོགས་པ་ལྟར་ཕན་འདོགས་པར་འགྱུར་རོ། །དེ་ལྟ་བས་ན་དེ་ལ་དམིགས་པ་བདེ་བ་མྱོང་བར་འགྱུར་བའི་རེག་པ་ཟས་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །རེག་དང་སེམས་པ་རྣམ་ཤེས་ནི། །ཞེས་བྱ་བ་ལ། རྣམ་ཤེས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ །ཁམ་གྱི་ཟས་ནི་སྐྱེ་མཆེད་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་ཟག་པ་དང་བཅས་པའོ་ཞེས་བྱ་བར་གྲུབ་པོ། །རེག་པ་ལ་སོགས་པ་གསུམ་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པས་སྲིད་པ་ཡང་དེའི་ཕྱིར་དེ་དག་ཁོ་ན་ཟག་བཅས་ཞེས་ཁྱད་པར་དུ་བྱས་པ་ཡིན་ནོ། །ཟག་པ་མེད་པའི་ཆོས་རྣམས་ནི་དེ་ལྟ་བ་མ་ཡིན་ནོ་ཞེས་བྱ་བ་དེ་དག་ནི་དེ་ལྟར་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་དང་འཚོ་བར་བྱེད་པ་
དང༌། སྲིད་པ་ཚོལ་བར་བྱེད་པ་རྣམས་ལ་ཕན་པར་བྱེད་པ་མ་ཡིན་ནོ། །ཡིད་ལས་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་འགྲུབ་ཅིང་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཡིད་ཅེས་བྱ་བ་ནི་ངེས་པར་བཟུང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཕྱིའི་ཁུ་ཆུ་དང་ཁྲག་ལ་སོགས་པས་ཅུང་ཟད་ཀྱང་རྒྱུར་བྱས་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་འདམ་རྫབ་དང་མེ་ཏོག་ལ་སོགས་པ་བསྡུའོ། །སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་མངོན་པར་འགྲུབ་པ་སྟེ་ཞེས་བྱ་བ་ནི་འདི་ལ་མངོན་པར་འགྲུབ་པ་སྟེ་འབྱུང་བ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡོད་པས་ན་མངོན་པར་འགྲུབ་པའོ། །གནོད་པ་དང་བཅས་པ་ཞེས་བྱ་བ་ནི་སྡུག་བསྔལ་དང་བཅས་པའོ། །འདིར་སྲིད་པ་པར་མ་ནི་མངོན་པར་འགྲུབ་པ་ཡིན་ནོ་ཞེས་བྱ་བའི་ཁུངས་ནི་གནོད་པ་དང་བཅས་པ་མངོན་པར་གྲུབ་ནས་ཞེས་བྱ་བ་འདི་ཡིན་ནོ། །དེ་བཞིན་དུ་གང་ཟག་ཀྱང་ཡོད་ཅེས་རྒྱས་པར་འབྱུང་བ་ནི་མདོ་འདི་ལས་མུ་བཞི་གསུངས་པའི་ཕྱིར་སྲིད་པ་བར་མ་ནི་མངོན་པར་འགྲུབ་པ་ཡིན་ཏེ། གང་གི་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་མ་སྤངས་ལ་སྐྱེ་བའི་ཀུན་དུ་སྦྱོར་བ་མ་སྤངས་པའི་གང་ཟག་ཀྱང་ཡོད། གང་གི་སྐྱེ་བའི་ཀུན་དུ་སྦྱོར་བ་སྤངས་ལ་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་མ་ཡིན་པ་ཡང་ཡོད། གང་གི་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་ཡང་སྤངས་ལ་སྐྱེ་བའི་ཀུན་དུ་སྦྱོར་བ་ཡང་སྤངས་པ་ཡང་ཡོད། གང་གི་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་ཡང་མ་སྤངས་ལ། སྐྱེ་བའི་ཀུན་དུ་སྦྱོར་བ་ཡང་མ་སྤངས་པ་ཡང་ཡོད་དོ། །ཁམས་གཉིས་ལས་འདོད་ཆགས་དང་བྲལ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བའོ། །ཕྱིར་མི་འོང་བ་ཞེས་བྱ་བ་ནི་ཁྱད་པར་དུ་བྱ་བ་ཡིན་ཏེ། དགེ་སློང་དག་གང་འཕགས་པའི་ཤེས་རབ་ཀྱི་སྤངས་པ་དེ་ནི་སྤངས་པ་ཡིན་ནོ་ཞེས་འབྱུང་བས་སོ་སོའི་སྐྱེ་བོ་རྣམས་ཀྱི་སྲིད་པ་བར་མའི་ཀུན་དུ་སྦྱོར་བ་ནི་གཏན་དུ་སྤངས་པ་མ་ཡིན་པའི་ཕྱིར་དེའི་ནི་ཡང་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་ལ་མུ་དང་པོ་ནི་ཕྱིར་མི་འོང་བ་ཁམས་གཉིས་ལས་འདོད་ཆགས་དང་བྲལ་བའོ། །གཉིས་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའོ། །གསུམ་པ་ནི་དགྲ་བཅོམ་པའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པ་སྟེ། དེ་དག་ལས་གཞན་པ་བདག་ཅག་ལ་
སོགས་པ་ལྟ་བུ་དང་འཕགས་པ་འདོད་ཆགས་དང་བྲལ་བ་སྟེ། འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་གཟུགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་བའོ། །ཡང་ན་བྱུང་བ་ནི་དགྲ་བཅོམ་པའོ་ཞེས་བྱ་བ་ནི་གོང་དུ་ནི་རྣམ་གྲངས་འདི་སྐད་དུ་བྱུང་བ་ནི་སྐྱེས་པ་རྣམས་སོ། །སྲིད་པ་ཚོལ་བ་ནི་སྲིད་པ་བར་མ་རྣམས་སོ་ཞེས་བཤད་པ་ཡིན་ནོ། །ད་ནི་རྣམ་གྲངས་གཞན་ཏེ། འབྱུང་བ་ནི་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ་ཡིན་པའི་ཕྱིར་དགྲ་བཅོམ་པའོ། །སྲིད་པ་ཚོལ་བ་རྣམས་ནི་སྲིད་པ་དང་བཅས་པ་དག་སྟེ། ཁམས་གསུམ་དུ་སྲིད་པ་ཚོལ་བའི་ཕྱིར་རོ། །གནས་པར་བྱེད་པ་ཞེས་བྱ་བ་ནི་གནས་པར་འགྱུར་བར་བྱེད་པའོ། །ཕན་འདོགས་པར་བྱེད་པ་ཞེས་བྱ་བ་ནི་ཡང་སྲིད་པ་འབྱུང་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །ཐམས་ཅད་ཀྱང་གཉི་ག་ཡིན་ཞེས་བྱ་བ་ནི་ཟས་བཞི་པོ་ཐམས་ཅད་ཀྱང་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་པ་ཡང་ཡིན་ཕན་འདོགས་པར་བྱེད་པའང་ཡིན་ལ་སྲེད་པ་ཚོལ་བར་བྱེད་པ་རྣམས་ལ་ཡང་དེ་དང་འདྲའོ། །རེ་ཞིག་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཡིད་ལ་སེམས་པ་དང༌། དེས་རབ་ཏུ་ཕྱེ་བ་རྣམ་པར་ཤེས་པའི་ས་བོན་དེ་དང་མཚུངས་པར་ལྡན་པ་རེག་པ་ཡང་ཕན་འདོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་རིགས་ན། ཁམ་གོ་ཇི་ལྟར་སྲིད་པ་ཚོལ་བར་བྱེད་པ་རྣམས་ལ་ཕན་འདོགས་པར་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་ཁམ་གྱི་ཟས་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དེ་ལ་ཆགས་པ་རྣམས་ཞེས་བྱ་བ་ཁམས་ལ་ཆགས་པ་རྣམས་སོ། །ཡང་འབྱུང་བར་བྱེད་པ་ཡིན་ཞེས་བྱ་བ་འདི་ཤེས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་མདོ་རྒྱས་པར་འགོད་པར་བྱེད་དོ། །དེ་ལ་ཉེ་བར་ལེན་པའི་ཕོང་པོ་ལྔ་ནི་ནད་ལ་སོགས་པར་བཤད་ལ། ནད་དེའི་རྩ་བ་ཟས་བཞི་ཡིན་ལ། རྩ་བ་ཡང་རྒྱུ་ཡིན་བས་འདིས་ན་ཁམ་གྱི་ཟས་ཀྱང་དེ་ལ་ཆགས་པ་རྣམས་ཀྱི་ཡང་སྲིད་པ་འབྱུང་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་གྲུབ་པོ། །གཞན་དག་ནི་རྒ་ཤིའི་རྐྱེན་ཡིན་ནོ་ཞེས་བྱ་བ་འདི་ཁོ་ན་དཔེར་རྗོད་པར་བྱེད་དེ། ཚེ་འདི་ནས་ཕ་རོལ་དུ་རྒ་ཤི་རྣམ་པར་གཞག་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །མངོན་སུམ་ཡིན་པའི་ཕྱིར་ཁམས་ནི་སེམས་ཅན་བྱུང་བ་རྣམས་འདིར་གནས་པར་
བྱེད་པ་ཡིན་ནོ་ཞེས་བྱ་བར་རིགས་སོ། །དེ་བཞིན་དུ་བདེ་བ་མྱོང་བར་འགྱུར་བའི་རེག་པ་དང༌། རྣམ་པར་ཤེས་པ་ཡང་ཕན་འདོགས་པར་བྱེད་པ་ཡིན་ནོ་ཞེས་ནི་བཤད་ན། འོ་ན་ཡིད་ལ་སེམས་པ་གོ་ཇི་ལྟར་ཞེ་ན། དེའི་ཕྱིར་ཡིད་ལ་སེམས་པ་ཡང་ཞེས་བྱ་བ་འདི་རྒྱས་པར་སྨོས་སོ། །དེ་ཉིད་ཀྱི་ཕྱིར་ཡིད་ལ་སེམས་པ་སྨོས་པས་རེག་པ་དང་རྣམ་པར་ཤེས་པ་དག་ཀྱང་སྨོས་པ་ཡིན་ཏེ། དེ་དང་མཚུངས་པར་ལྡན་པ་ཡིན་པའི་ཕྱིར་རོ། །སོང་སྟེ་ཞེས་བྱ་བ་ནི་ཆས་ཏེའོ། །འགྲོ་བའི་རྣམ་གྲངས་ཞེས་བྱ་བ་ནི་ཆོས་མངོན་པའི་བསྟན་བཅོས་ཞིག་གོ །དེ་དག་རྒྱས་པར་བྱེད་པ་ནི་རེག་པ་སྟེ་ཞེས་བྱ་བ་ནི་བདེ་བ་མྱོང་བར་འགྱུར་བས་ཕན་འདོགས་པའི་ཕྱིར་ཏེ། ཚོར་བའི་ཕུང་པོ་དང་འདུ་ཤེས་ཀྱི་ཕུང་པོ་གང་ཅི་ཡོད་པ་སྟེ་ཐམས་ཅད་ནི་རེག་པ་ལ་བརྟེན་ནས་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཡིད་ལ་སེམས་པས་ནི་ཡང་སྲིད་པ་འཕེན་པར་བྱེད་དོ་ཞེས་བྱ་བ་ནི་དེ་ནི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཇི་ལྟར་དེས་ཡང་སྲིད་པ་འཕེན་པར་བྱེད་ཅེ་ན། དེ་སྐྱེ་བའི་རྐྱེན་བརྒྱུད་པ་དང་མཐུན་པར་གནས་པའི་ཕྱིར་རོ། །ལས་ཀྱི་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པའི་ས་བོན་ལས་མངོན་པར་འགྲུབ་ཅེས་བྱ་བ་ནི་ས་བོན་ལས་མྱུ་གུ་བཞིན་དུ་ཡང་སྲིད་པ་འབྱུང་ཞེས་བྱ་བའི་ཐ་ཚིག་གོ །གང་ལ་ལ་ཁམ་ཡིན་པ་དེ་དག་ཐམས་ཅད་ཟས་ཀྱང་ཡིན་ནམ་ཞེས་དྲིས་པ་ལ། ཁམ་ཡིན་ལ་ཟས་མ་ཡིན་པ་ཡང་ཡོད། ཟས་ཡིན་ལ་ཁམ་མ་ཡིན་པ་ཡང་ཡོད། གཉི་ག་ཡིན་པ་ཡང་ཡོད། གཉི་ག་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་མུ་བཞིའོ། །མུ་གཉིས་པ་ནི་ཟས་གསུམ་དག་གོ་ཞེས་བྱ་བ་ནི་ཡིད་ལ་སེམས་པ་དང་རེག་པ་དང་རྣམ་པར་ཤེས་པ་རྣམས་སོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་སྒྲ་དང་སྡུག་བསྔལ་གྱི་ཚོར་བ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་དེ་ཐམས་ཅད་དོ། །དེ་བཞིན་དུ་རེག་པ་ལ་སོགས་པས་ཀྱང་ཅི་རིགས་སུ་མི་བཞིར་བྱའོ་ཞེས་བྱ་བ་ནི་གང་ལ་ལ་རེག་པ་ཡིན་པ་དེ་ཐམས་ཅད་ཟས་ཀྱང་ཡིན་ནམ་ཞེ་ན། རེག་པ་ཡིན་ལ་ཟས་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་མུ་བཞིའོ། །དེ་བཞིན་དུ་གང་ལ་ལ་ཡིད་ལ་སེམས་པ་ཡིན་པ་དེ་ཐམས་ཅད་ཟས་ཡིན་ནམ་ཞེ་ན། ཡིད་ལ་སེམས་པ་ཡིན་ལ་ཟས་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་མུ་བཞིའོ། །དེ་
བཞིན་དུ་གང་ལ་ལ་རྣམ་པར་ཤེས་པ་ཡིན་པ་དེ་ཐམས་ཅད་ཟས་ཡིན་ནམ་ཞེ་ན། རྣམ་པར་ཤེས་པ་ཡིན་ལ་ཟས་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་མུ་བཞིའོ། །རེ་ཞིག་རེག་པའི་མུ་དང་པོ་ནི་རེག་བ་གང་ལ་བརྟེན་ནས་དབང་པོ་རྣམས་ཉམས་པར་འགྱུར་ལ་འབྱུང་བ་ཆེན་པོ་རྣམས་ཀྱང་ཡོངས་སུ་འཇིག་པར་འགྱུར་བའོ། །མུ་གཉིས་པ་ནི་ཟས་གསུམ་པ་དག་གོ །གསུམ་པ་ནི་རེག་པ་གང་ལ་བརྟེན་ནས་དབང་པོ་རྣམས་རྒྱས་པར་འགྱུར་ཞིང་འབྱུང་བ་ཆེན་པོ་རྣམས་ཀྱང་འཕེལ་བར་འགྱུར་བའོ། །བཞི་པ་ནི་རྣམ་བ་དེ་དག་མ་གཏོགས་པའོ། །རྣམ་པར་ཤེས་པའི་བར་གྱི་མུ་བཞི་ཡང་དེ་དང་འདྲ་སྟེ། མུ་དང་པོ་ནི་རྣམ་པར་ཤེས་པ་གང་ལ་བརྟེན་ནས་དབང་པོ་རྣམས་ཉམས་པར་འགྱུར་ལ་འབྱུང་བ་ཆེན་པོ་རྣམས་ཀྱང་ཡོངས་སུ་འཇིག་པར་འགྱུར་བའོ། །མུ་གཉིས་པ་ནི་ཟས་གསུམ་དག་གོ །གསུམ་པ་ནི་རྣམ་པར་ཤེས་པ་གང་ལ་བརྟེན་ནས་དབང་པོ་རྣམས་རྒྱས་པར་འགྱུར་ཞིང་འབྱུང་བ་ཆེན་པོ་རྣམས་ཀྱང་འཕེལ་བར་འགྱུར་བའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །རེག་པ་ལ་སོགས་པ་ལ་བརྟེན་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དྲི་བ་གཞན་ཡིན་ཏེ་རེག་པ་ལ་སོགས་པ་ཞེས་བྱ་བ་ནི་འདི་ལྟར་རེག་པ་དང་ཚོར་བ་དང་རྣམ་པར་ཤེས་པ་དང་ཆོས་རྣམས་ཞེས་བྱ་བ་དེ་ལྟར་ནི་མི་འདོད་ཀྱི་གཞུང་འདི་ལྟར་རེག་པ་ལ་སོགས་པ་ལ་བརྟེན་ནས་དབང་པོ་རྣམས་རྒྱས་པར་འགྱུར་ཞིང་འབྱུང་བ་རྣམས་ཀྱང་འཕེལ་བར་འགྱུར་ལ། དེ་དག་ཀྱང་ཟས་མ་ཡིན་པ་ལྟ་ཡོད་དམ་ཞེ་ན། ཡོད་དེ། གཞན་གྱི་ས་པ་དང་ཟག་པ་མེད་པ་རྣམས་སོ་ཞེས་བྱ་བར་བཤད་དེ། བརྟན་ནས་ཞེས་བྱ་བ་དང་སྦྱར་བའི་ཕྱིར་གཉིས་པའི་སྦྱོར་བ་ཡིན་ནོ། །གང་ཞིག་ཟོས་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདིའི་འབྲེལ་བ་གང་གིས་སྨྲས་ཤེ་ན། གཞན་གྱི་ས་པ་དང་ཟག་པ་མེད་པ་རྣམས་ལ་བརྟེན་ནས་ཟས་མ་ཡིན་ནོ་ཞེས་བཤད་པ་དང༌། ཤུགས་ཀྱིས་ན་འདི་སྐད་དུ་རང་གི་ས་པ་དང་ཟག་པ་དང་བཅས་པ་རྣམས་ལ་བརྟེན་ནས་ནི་ཟས་ཡིན་ནོ་ཞེས་བཤད་པར་འགྱུར་བས་སོ། །གང་ཞིག་ཟོས་ནས་ཁམ་ཟ་བ་པོ་ལ་གནོད་པར་བྱེད་པ་དེ་ཡང་ཅི་ཟས་ཡིན་ནམ་ཞེ་ན། །དེ་ཡང་ཟས་ཡིན་ཏེ་དང་པོ་ཟ་པའི་ཚེ་ཕན་འདོགས་པའི་ཕྱིར་རོ། །ཐམས་ཅད་ན་ཐམས་ཅད་ཡོད་དེ་སྐྱེ་གནས་དག་ན་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་འདོད་པའི་
ཁམས་ན་འགྲོ་བ་ལྔ་དང་སྐྱེ་གནས་བཞི་ཆར་ཡོད་པའི་ཕྱིར་རོ། །མུ་བཞི་པ་ལའང་གནོད་པར་འགྱུར་ལ། རབ་ཏུ་བྱེད་པའི་གཞུང་ལ་ཡང་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་མུ་བཞི་བའི་དང་པོའི་མུ་གསུམ་པ་ཁམ་གྱི་ཟས་གང་ལ་བརྟེན་ནས་དབང་པོ་རྣམས་རྒྱས་པར་འགྱུར་ཞིང་འབྱུང་བ་ཆེན་པོ་རྣམས་ཀྱང་འཕེལ་བར་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་འདི་ལ་གནོད་པའི་ཕྱིར་མུ་བཞི་པ་ལ་གནོད་པ་ཡིན་ཏེ། ཁམ་གྱི་ཟས་རྒྱ་པར་བྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན། ཉམས་པ་ཡང་ཡིན་པས་སོ། །རབ་ཏུ་བྱེད་པའི་གཞུང་ལ་ཡང་ཅི་ཞེ་ན། གནོད་པར་འགྱུར་རོ། །རབ་ཏུ་ཕྱེ་བའི་གཞུང་ཇི་ལྟ་བུ་ཞིག་ལ་ཞེ་ན། བསྟན་པའི་ཕྱིར། ཁམ་གྱི་ཟས་གང་ཞེ་ན། ཁམ་གང་ལ་བརྟེན་ནས་དབང་པོ་རྣམས་རྒྱས་པར་འགྱུར་ཞེས་བྱ་བ་ནས། རྣམ་པར་ཤེས་པའི་བར་དུ་རྒྱས་པར་གསུངས་ཞེས་བྱ་བ་སྨོས་སོ། །རྒྱས་པར་འགྱུར་བའི་ཟས་ལ་དགོངས་ཏེ་གསུངས་པའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བ་ནི་རྒྱས་པར་འགྱུར་བའི་ཟས་ལ་དགོངས་ཏེ་མུ་བཞི་པའང་གསུངས་ལ་རབ་ཏུ་བྱེད་པའི་གཞུང་ཡང་གསུངས་པས་དེ་ལྟ་བས་ན་དེ་གཉིས་དང་འགལ་བ་མེད་དོ། །གང་ཞིག་རྒྱས་པར་འགྱུར་བ་དེ་ནི་གཙོ་ཆེར་ཟས་ཡིན་ནོ། །ཟས་ཀྱི་མཚན་ཉིད་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་ཁམ་གྱི་ཟས་ཀྱི་མཚན་ཉིད་དུ་གྱུར་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། དེས་ཀྱང་བཀྲེས་པ་དང་སྐོམ་པ་དག་འཇོམས་པར་ནུས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ལྕགས་ཀྱི་ཐུ་ལུམ་འབར་བའི་མཚན་ཉིད་ཀྱི་ཟས་ཀྱིས་ནི་བཀྲེས་པ་འཇོམས་པར་ནུས་ལ། ཟངས་ཞུན་མའི་མཚན་ཉིད་ཀྱིས་ནི་སྐོམ་པ་འཇོམས་པར་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཁམ་གྱི་ཟས་ཀྱི་ཞར་ལ་བཅོམ་ལྡན་འདས་ཀྱི་ཕྱིའི་དྲང་སྲོང་ཞེས་བྱ་བའི་འདི་རྒྱས་པར་སྨོས་སོ། །འཛམ་བུའི་ཚལ་ནི་འཛམ་བུའི་གླིང་སྟེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་གང་ལ་ལ་འཛམ་བུའི་ཚལ་ན་འབབ་པ་དེ་ཐམས་ཅད་ནི་རྒྱ་མཚོར་གཞོལ་བ་རྒྱ་མཚོར་འབབ་པ་རྒྱ་མཚོར་བབ་པའོ་ཞེས་གསུངས་སོ། །དེ་ན་གནས་པ་ནི་འཛམ་བུའི་ཚལ་ན་འདུས་པ་དག་གོ །ལྟོ་དང་ལྡན་པ་ནི་ཟས་ཟ་བའི་ནུས་པ་དང་ལྡན་པ་སྟེ། ནུར་ནུར་པོ་ལ་སོགས་པའི་གནས་སྐབས་མ་ཡིན་པའོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ནི་རིགས་པ་མ་ཡིན་ཏེ། གཅིག་ཅེས་གསུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་འཛམ་བུའི་ཚལ་ན་
འདུག་པ་དག་གོ །འཛམ་བུའི་གླིང་ན་གནས་པ་ལྟོ་དང་ལྡན་པ་དག་ཡིན་ནོ་ཞེས་བྱ་བར་བཞེད་པ་ཡིན་ན་ནི། གང་གིས་འཛམ་བུའི་ཚལ་ན་འདུག་པའི་སྐྱེ་བོ་རྣམས་ཞེས་བརྗོད་པར་བྱ་བར་འགྱུར་བ་ཞིག་ན་གང་གིས་འཛམ་བུའི་ཚལ་ན་འདུག་པའི་སོ་སོའི་སྐྱེ་བོ་གཅིག་ཅེས་གསུངས་ཏེ། དེ་ལྟ་བས་ན་དོན་འདི་ནི་རུང་བ་མ་ཡིན་ནོ། །འདི་ལ་ཁྱད་པར་ཅི་ཞིག་ཡོད་ཅེས་བྱ་བ་ནི་སོ་སོའི་སྐྱེ་བོ་མང་མོ་ཞིག་ལ་ཟས་ཟིན་པ་བསོད་ནམས་མང་པོར་འགྱུར་གྱི་འདོད་ཆགས་དང་བྲལ་བ་ཉུང་དུ་བརྒྱ་ཙམ་ཞིག་ལ་བྱིན་པ་ནི་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ལ་མངོན་མཚར་ཆེ་བ་ཅི་ཞིག་ཡོད་ཅེས་བྱ་བའི་ཐ་ཚིག་གོ །བྱུང་ཆུབ་སེམས་དཔའ་ཉེ་བ་ཞེས་བྱ་བ་ནི་མངོན་པ་རྫོགས་པར་བྱང་ཆུབ་པ་དང་ཉེ་བ་སྟེ། བྱང་ཆུབ་སེམས་དཔར་གང་ནས་བཟུང༌། གང་ནས་མཚན་གྱི་ལས་བྱེད་པ་ཞེས་བྱ་བ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ནི་མིང་ཡང་དོན་དང་མཐུན་པ་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དང་མི་མཐུན་པ་སྟེ། དོན་རྗོད་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འོལ་ཕྱིར་མ་བཤད་ཅེས་བྱ་བ་ནི་དོན་ལ་མི་ལྟོས་པར་རོ། །འདི་ནི་བྱང་ཆུབ་སེམས་དཔའ་འཛམ་བུའི་ཚུལ་ན་བཞུགས་པ་ཁོ་ན་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དོན་གྲུབ་ཞིང་དང་གྲོང་གཟིགས་སུ་གཤེགས་པ་འཛམ་བུའི་ཤིང་གི་དྲུང་དུ་བཞུགས་ཏེ་བསམ་གཏན་དང་པོ་སྐྱེད་དོ། །དེའི་ཕྱིར་སོ་སོའི་སྐྱེ་བོ་དེ་ནི་འདོད་པའི་འདོད་ཆགས་དང་བྲལ་བར་འདྲ་བས་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་དེ་ཡང་སོ་སོའི་སྐྱེ་བོ་ཡང་ཡིན་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཡང་ཡིན་ལ། དེ་བཞིན་དུ་ཕྱི་རོལ་པ་རྣམས་ཀྱང་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཡང་ཡིན་ལ་སོ་སོའི་སྐྱེ་བོ་ཡང་ཡིན་ཏེ། འདྲ་བ་དེས་ན་ཕྱི་རོལ་པ་དེ་དག་ལས་སྦྱིན་པའི་འབྲས་བུ་ཆེས་མང་བས་ཁྱད་པར་དུ་འཕགས་པས་དེ་སྐད་དུ་གསུངས་སོ། །འཕགས་པ་མ་ཡིན་པ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་ལ་བྱིན་པ་དེ་ནི་ཡོན་ཏན་དཔག་ཏུ་མེད་དོ་ཞེས་འབྱུང་བས་དེ་ནི་ཕྱི་རོལ་པ་དེ་དག་མཐའ་ཡས་པ་བས་ཀྱང་ཁྱད་པར་དུ་འཕགས་ན་བརྒྱ་སྨོས་པ་ནི་དང་པོའི་དབང་དུ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་མདོ་དེ་ཉིད་ལས་གང་གི་དུད་འགྲོའི་སྐྱེ་གནས་སུ་སོང་བ་བརྒྱ་ལ་སྦྱིན་པ་བྱིན་པ་བས་གང་གིས་མིར་གྱུར་པ་ཚུལ་
ཁྲིམས་འཆལ་པ་གཅིག་ལ་བྱིན་ན་དེ་བས་རྣམ་པར་སྨིན་པ་བརྒྱ་འགྱུར་རེ་བར་བྱའོ་ཞེས་བྱ་བ་ནས་གང་གིས་ཕྱི་རོལ་བ་ཞེས་བྱ་བའི་བར་བརྒྱ་ཤེ་དག་གི་དབང་དུ་མཛད་དོ། །དེ་ནི་གདོན་མི་ཟ་པར་དེ་ལྟ་ཡིན་པར་ཤེས་པར་བྱ་ཞེས་བྱ་བ་ནི་འདི་ནི་བྱང་ཆུབ་སེམས་དཔའ་འཛམ་བུའི་ཚལ་ན་བཞུགས་པ་ཁོ་ན་ཡིན་པར་རིགས་ཏེ་ཞེས་བྱ་བ་ཡིན་ནོ། །འདི་ལྟར་བྱང་ཆུབ་སེམས་དཔའ་དེ་མ་གཏོགས་པ་ཕྱི་རོལ་པ་རྣམས་ལས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཁྱད་པར་དུ་འཕགས་པར་མཛད་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱི་རོལ་བ་འདོད་ཆགས་དང་བྲལ་བ་རྣམས་ལ་བྱིན་པ་བས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ལ་སྦྱིན་པ་བྱིན་ན་ཆོས་ཚད་མེད་དོ། །དེ་བས་ཀྱང་རྒྱུན་དུ་ཞུགས་པ་ལ་བྱིན་ན་ཆོས་ཚད་མེད་དོ། །དེ་བས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་ལ་བྱིན་ན་ཆེས་ཚད་མེད་དོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །གལ་ཏེ་འཛམ་བུའི་ཚལ་ན་འདུག་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་ཡིན་པར་གྱུར་ན། འཛམ་བུའི་ཚལ་ན་འདུག་པ་ཉིད་པས་ཀྱང་ཁྱད་པར་མཛད་པར་འགྱུར་རོ། །ཇི་ལྟར་ཞེ་ན། གང་གིས་འཛམ་བུའི་ཚལ་ན་འདུག་པ་བརྒྱ་ལ་ཟས་བྱིན་པ་བས་གང་ཞིག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་བྱིན་ལ་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེས་ཆེའོ་ཞེས་གསུངས་པར་འགྱུར་བ་ཞིག་ན། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ལ་སོགས་པ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་དེ་སྐད་དུ་ནི་མ་གསུངས་ཏེ། དེའི་ཕྱིར་འཛམ་བུའི་ཚལ་ན་འདུག་པ་ནི་བྱང་ཆུབ་སེམས་དཔའ་ཁོ་ན་ཡིན་པར་རིགས་སོ། །ཚེ་ཟད་པ་ལ་སོགས་པས་ཞེས་བྱ་བ་ནི་ཚེ་ཟད་པས་འཆི་ལ་བསོད་ནམས་ཟང་པ་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་ལ་སོགས་པས་སོ། །འཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དགེ་བའི་རྩ་བ་ཡང་དག་པར་འཆད་པ་ནི་ལོག་པར་ལྟ་བས་ཡིན་ལ། དེ་ཡང་ཡིད་ཀྱི་ཡིན་ཏེ། རྟོག་པར་བྱེད་པ་ཡིན་པའི་ཕྱིར་རོ། །དགེ་བའི་རྩ་བ་ཉིད་མཚམས་སྦྱོར་བ་ནི་ཡང་དག་པའི་ལྟ་བ་དང་ཐེ་ཚོམ་ཡིན་ལ། དེ་དག་ཀྱང་ཡིད་ཀྱི་ཡིན་ནོ། །ཁམས་དང་ས་ལས་འདོད་ཆགས་དང་བྲལ་བ་སྟེ། ཁམས་སམ་ས་
ལས་འདོད་ཆགས་དང་བྲལ་བ་ནི་སེམས་མཉམ་པར་གཞག་པས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཡིན་ནོ། །ཡོངས་སུ་ཉམས་པ་ནི་ཚུལ་བཞིན་དུ་མ་ཡིན་པ་ཡིད་ལ་བྱེད་པས་བྱས་པ་ཡིན་ལ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པས་འགྱུར་ཏེ། རྣམ་པར་རྟོག་པ་ཡིན་པས་སོ། །འཆི་འཕོ་བ་ནི་དབང་པོ་ལྔའི་རྒྱུ་བ་འདུས་པའི་རྒྱུན་ཆད་པ་དང་མཐུན་པའི་རྣམ་པར་ཤེས་པའི་ཚེ་ཡིན་ལ་སྐྱེ་བ་ཡང་ཕྱིན་ཅི་ལོག་གི་བློས་འགྱུར་བས་ཡིད་ཀྱི་རྣམ་པར་ཤེས་པ་དག་ཁོ་ན་ཡིན་ནོ། །སྲིད་པ་བར་མར་ཉིད་མཚམས་སྦྱོར་བ་ཡང་བཤད་པའི་ངོ་བོར་རིག་པར་བྱ་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བར་བྱེད་པར་མཐུན་པའི་ཕྱིར་བཤད་ཟིན་པ་དང་འདྲ་བས་ཡང་མི་བརྗོད་དོ་སྙམ་དུ་བསམས་པ་ཡིན་ནོ། །འཆི་འཕོ་ནི་འཆི་འཕོ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དོན་གཅིག་པ་ཉིད་དུ་སྟོན་པར་བྱེད་དོ། །ཚོར་བ་གཞན་དག་ནི་གསལ་བ་ཡིན་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ཞེས་བྱ་བའོ། །སྐལ་བ་མི་མཉམ་པའི་ས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ས་པ་ཡིན་པའི་ཕྱིར་འདོད་པའི་ཁམས་དང་སྐལ་བ་མི་མཉམ་པ་ཡིན་ནོ། །དེའི་ཕྱིར་འཆི་འཕོ་བའི་སེམས་སམ་སྐྱེ་བའི་སེམས་སུ་རུང་བ་མ་ཡིན་ནོ། །འོ་ན་གང་གི་ཚེ་གཟུགས་ཀྱི་ཁམས་ཉིད་དུ་འཆི་བའམ། །སྐྱེ་བ་དེའི་མཉམ་པར་གཞག་པའི་ས་པའི་སེམས་དེ་དག་ཏུ་འགྱུར་རོ་ཞེ་ན། དེའི་ཕྱིར་མངོན་པར་འདུ་བྱེད་པ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། མངོན་པར་འདུ་བྱེད་པ་ནི་འབད་པའོ། །མངོན་པར་འདུ་བྱེད་པས་གྲུབ་པ་ནི་མངོན་པར་འདུ་བྱེད་པ་ལས་བྱུང་བའོ། །དེའི་ངོ་བོ་ནི་ཉིད་དེ། དེའི་ཕྱིར་མངོན་པར་འདུ་བྱེད་པ་ལས་བྱུང་བ་དེ་འཆི་འཕོ་བའི་སེམས་སམ་སྐྱེ་བའི་སེམས་སུ་རུང་བ་མ་ཡིན་ཏེ། འཆི་འཕོ་བའི་གནས་སྐབས་ནི་མི་གསལ་བའི་ཕྱིར་རོ། །ཕན་འདོགས་པར་བྱེད་པ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་མཉམ་པར་གཞག་པའི་སེམས་ཕན་འདོགས་པར་བྱེད་པ་ཡིན་གྱི་རྒྱུན་འཆད་པ་དང་མཐུན་པ་མ་ཡིན་པ་དེའི་ཕྱིར། ཡང་མཉམ་པར་གཞག་པའི་སེམས་ལ་འཆི་འཕོ་བ་མེད་དོ། །སེམས་མེད་པ་ལ་ཡང་མེད་དེ། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་མེད་པ་ལ་ཡང་མེད་དོ། །
ཅི་ཞེ་ན། འཆི་འཕོ་བའམ་སྐྱེ་བ་ཞེས་བྱ་བར་སྐབས་དང་སྦྱར་རོ། །སེམས་མེད་པ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དང༌། དེའི་རྣམ་པར་སྨིན་པ་ལ་གནས་པ་སྟེ། སེམས་མེད་པ་དེ་དག་ནི་མཚོན་ཆ་ལ་སོགས་པས་གནོད་པར་བྱ་ཞིང་གསོད་པར་མི་ནུས་པས་དེའི་ཕྱིར་སེམས་མེད་པ་ལ་འཆི་འཕོ་བ་མེད་དོ། །གང་གི་ཚེ་འགོག་པའི་སྙོམས་པར་འཇུག་པའམ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་རྣམ་པར་སྨིན་པ་ལ་གནས་པའི་རྣམ་པར་སྨིན་པའི་འཕེན་པ་ཡོངས་སུ་ཟད་པ་དེའི་ཕྱིར་ལུས་མཚོན་ཏམ་མེའི་གནོད་པས་ཡོངས་སུ་འཇིག་པར་རྩོམ་པ་དེའི་ཚེ་ཡང་དེ་ལ་གདོན་མི་ཟ་བར་དེའི་ལུས་དང་འབྲེལ་བའི་སེམས་རྟེན་ལ་ས་བོན་གྱི་ངོ་བོར་ཡོད་དེ། དེ་མངོན་དུ་གྱུར་ནས་ཕྱིས་འཆི་འཕོ་བར་འགྱུར་རོ། །གང་ཞིག་འཆི་འཕོ་བར་འགྱུར། གལ་ཏེ་གང་ཟག་གི་དབང་དུ་བྱེད་ན་ནི་བྱེད་པ་པོ་མི་མཚུངས་པའི་ཕྱིར་གྱུར་ནས་ཞེས་བྱ་བའི་རྐྱེན་དུ་མི་འགྱུར་རོ། །འོ་ན་ནི་སེམས་འཆི་འཕོ་བར་འགྱུར་རོ། །ཡང་ན་འདི་སྐད་དུ་གང་གི་ཚེ་ལུས་ཡོངས་སུ་འཇིག་ཅིང་གཞན་ཉིད་དུ་འགྱུར་བར་རྩོམ་ཕན་གདོན་མི་ཟ་བར་གང་ཟག་དེའི་སེམས་དེའི་ལུས་དང་འབྲེལ་པ་ས་བོན་གྱི་ངོ་བོར་གནས་པ་མངོན་དུ་གྱུར་ཅིང་ཀུན་དུ་ཕྱུང་ནས་ཡོངས་སུ་འཇིག་པར་རྩོམ་ལ། གང་ཟག་ནི་ཕྱིས་འཆི་འཕོ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སྐྱེ་བ་ལ་ཡང་སེམས་མེད་པ་ཉིད་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་འཆད་པའི་རྒྱུ་མེད་པའི་ཕྱིར་ཏེ། ཉིང་མཚམས་སྦྱོར་བའི་སེམས་ནི་གདོན་མི་ཟ་བར་ཉོན་མོངས་པ་ཅན་ཉིད་ཡིན་པས་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ཡིན་པ་མི་སྲིད་པའི་ཕྱིར་རོ། །ཉོན་མོངས་པ་མེད་པར་མི་སྐྱེ་བའི་ཕྱིར་ཏེ། དེའི་ས་པའི་ཉོན་མོངས་པ་ཐམས་ཅད་ཀྱིས་སྐྱེ་བའི་ཉིད་མཚམས་སྦྱོར་བར་བྱེད་པ་ཡིན་ན། སེམས་མེད་པར་ནི་ནམ་ཡང་ཉོན་མོངས་པ་རྣམས་མི་འབྱུང་བས་དེའི་ཕྱིར་ཡང་སེམས་མེད་པ་ལ་སྐྱེ་བ་མེད་དོ། །འཆི་བའི་སྲིད་པ་རྣམ་པ་གསུམ་དུ་བཤད་ཅེས་བྱ་བ་ནི་ཇི་སྐད་དུ་ཞེ་ན། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །རང་གི་ས་པའི་ཉོན་མོངས་ཀུན། །ཞེས་སྐྱེ་བའི་སྲིད་པ་ཁོ་ན་
ཉོན་མོངས་པ་ཅན་ཡིན་པར་ངེས་པར་གཟུང་བའི་ཕྱིར་སྲིད་པ་གསུམ་པོ་འཆི་བ་དང༌། དུས་སྔོན་གྱི་སྲིད་པ་དང་སྲིད་པ་བར་མ་དག་ནི་དགེ་བ་དང་མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང་རྣམ་པ་གསུམ་ཡིན་པར་བཤད་པ་ཡིན་ནོ། །ཡང་ན། གཟུགས་མེད་དག་ཏུ་འཆི་བ་ནི། །སྲོག་དང་ཡིད་དང་བཏང་སྙོམས་ཉིད། །ཅེས་བྱ་བ་ནས་རྒྱས་པར། དགེ་བ་ཐམས་ཅད་དག་ཏུ་ལྔ། །ཞེས་བྱ་བའི་བར་བཤད་པ་ཡིན་ཏེ། དེའི་ཕྱིར་འཆི་བའི་སྲིད་པ་རྣམ་པ་གསུམ་དུ་བཤད་དོ་ཞེས་བྱ་བར་སྒྲེའོ། །དགྲ་བཅོམ་པ་ནི། མྱ་ངན་འདས་ལུང་བསྟན་མིན་གཉིས། །ཞེས་བྱ་བ་ནི་དམིགས་ཀྱིས་བསལ་བ་ཡིན་ནོ། །གལ་ཏེ་འདོད་པའི་ཁམས་ན་རྣམ་པར་སྨིན་པ་བཏང་སྙོམས་ཡོད་ན་ཞེས་བྱ་བ་ནི་ཁ་ཅིག་གི་གཞུང་ལུགས་ཀྱིས། འོག་ནའང་བར་མ་ཡོད་དོ་ཞེས་ཁ་ཅིག་ཟེར་ཏེ་ཞེས་ཟེར་བ་ལྟ་བུར་རོ། །ཅི་སྟེ་མེད་ན་ནི་ཞེས་བྱ་བ་ནི་གཞན་གྱི་གཞུང་ལུགས་ཀྱིས། དེ་ཡན་ཆད། སྡུག་མིན་བདེ་མིན་མྱོང་འགྱུར་བ། །ཞེས་ཟེར་བ་ལྟ་བུར་རོ། །སྤྱོད་ལམ་པ་ཁོ་ན་ལའོ་ཞེས་བྱ་བ་ནི་གང་ལ་གནས་ཏེ་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ནི་སྤྱོད་ལམ་པ་དང་འདྲ་བ་ཡིན་པ་སྟེ་ལུང་དུ་མ་བསྟན་པ་ནི། རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ། བཟོ་ཡི་གནས་དང་སྤྲུལ་པ་དང༌། འདོད་ན་ལུང་བསྟན་མིན་རྣམ་བཞིར། །ཞེས་བྱ་བ་འདི་དག་ཁོ་ནར་ཟད་པར་མི་འདོད་དོ་ཞེས་དེ་ནི་བཤད་ཟིན་ཏོ། །དེ་ནི་སེམས་འཆད་པ་དང་རྗེས་སུ་མཐུན་པ་ཡིན་ཞེས་བྱ་བ་ནི་ཉམ་ཆུང་བའི་ཕྱིར་སེམས་འཆད་པ་ཉིང་མཚམས་སྦྱོར་བར་བྱེད་པ་མེད་པ་དང་མཐུན་པ་ཡིན་ཏེ། ཤིན་ཏུ་མི་གསལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །སེམས་འཆད་པ་ཉིང་མཚམས་སྦྱོར་བར་བྱེད་པ་དང་བཅས་པ་ལ་ནི་དགེ་བ་དང་མི་དགེ་བའི་སེམས་ཀྱང་སྲིད་དོ། །དེ་དག་གི་རྣམ་པར་ཤེས་པ་ནི་གྲངས་བཞིན་དུ་ཞེས་བྱ་བ་ནི་ངན་སོང་དུ་འགྲོ་བ་རྣམས་ཀྱི་རྣམ་པར་ཤེས་པ་ནི་རྐང་པ་དག་ཏུ་འགག་གོ །མིར་འགྲོ་བ་རྣམས་ཀྱི་ལྟེ་བར་འགག་གོ །ལྷར་འགྲོ་བ་རྣམས་ཀྱི་ནི་སྙིང་གར་འགག་གོ །རྣམ་པར་ཤེས་པ་གཟུགས་ཅན་མ་ཡིན་པའི་ཕྱིར་ཡུལ་ན་མི་གནས་ན་ཇི་ལྟར་དེ་དག་ཏུ་འགག་པར་འགྱུར་ཞེ་ན། དེའི་ཕྱིར་དེ་དག་ཏུ་ལུས་ཀྱི་དབང་པོ་འགག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །རྐང་བ་ལ་སོགས་པ་དེ་དག་ཏུ་སྟེ། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ན་རྣམ་པར་ཤེས་པ་
འཇུག་པ་ནི་ལུས་ཀྱི་དབང་པོ་ལ་རག་ལས་པ་ཡིན་པས་སོ། །དེ་དག་གི་རྣམ་པར་ཤེས་པ་ཡང་སྙིང་གར་འགག་གོ་ཞེས་བྱ་བ་ནི་གྲངས་བཞིན་དུ་ཞེས་བསྟན་པ་ཁོ་ནས་དོན་འདིར་འགྱུར་རོ། །ཇི་ལྟ་ཞེ་ན། སྙིང་དང་སྙིང་ནི་སྙིང་གའོ། །རྐང་པ་དང་ལྟེ་བ་དང་སྙིང་ག་གཉིས་ནི་རྐང་པ་དང་ལྟེ་བ་དང་སྙིང་ག་ཞེས་བྱ་བ་དོན་བཞི་ཡིན་ལ། འོག་ཏུ་འགྲོ་བ་དང༌། མིར་འགྲོ་བ་དང༌། ལྷར་འགྲོ་བ་དང༌། མི་སྐྱེ་བ་ཞེས་བྱ་བ་འདི་དག་ཀྱང་དོན་འདི་བཞི་ཡིན་ཏེ། དེའི་ཕྱིར་གྲངས་བཞིན་དུ་གྲུབ་པོ། །ཕལ་ཆེར་ཞེས་བྱ་བ་སྨོས་པ་ནི་ལྷ་ལ་སོགས་པ་ནི་བདེ་བར་འཆི་བའི་ཕྱིར་རོ། །དེ་དག་ཤིང་གཅོད་པ་ལྟ་བུ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཚོར་བ་མི་བཟད་པས་བཅད་པ་ལྟ་བུ་ཡིན་ནོ། །ཡང་བཅད་པ་དང་འདྲ་བར་གཡོ་བ་མེད་པས་ན་བཅད་པ་ཞེས་བྱའོ་ཞེས་བྱ་བ་ནི་ཡན་ལག་དང་ཉིད་ལག་བཅད་པ་བཞིན་དུ་ཡང་མི་གཡོ་བས་ན་བཅད་པ་ཞེས་བྱ་སྟེ། གནས་རྣམས་ལ་རྣམ་པ་གཉིས་ཀྱི་དངོས་པོར་མི་བྱེད་པའི་ཕྱིར་གཅོད་པའི་ཚུལ་འདི་ནི་བརྟགས་པ་ཡིན་ནོ། །ཆུ་དང་མེ་དང་རླུང་གི་ཁམས་རྣམས་ལས་གང་ཡང་རུང་བ་ཞིག་ཅེས་བཤད་པ་དང༌། ཅིའི་ཕྱིར་སའི་ཁམས་ཀྱིས་མ་ཡིན་ཞེས་འདྲི་བར་བྱེད་དོ། །གཙོ་བོ་ནི་ཅི་རིགས་པར་ཆུ་དང་མེ་དང་རླུང་གི་ཁམས་དག་ཡིན་ནོ་ཞེས་བྱ་བ་ནི་ཅི་རིགས་པར་བད་ཀུན་གྱི་སྐྱོན་གྱི་གཙོ་བོ་ནི་ཆུའི་ཁམས་ཡིན་ནོ། །མཁྲིས་པའི་གཙོ་བོ་ནི་མེའི་ཁམས་ཡིན་ནོ། །རླུང་གི་གཙོ་བོ་ནི་རླུང་གི་ཁམས་ཡིན་ནོ། །གཞན་དག་ན་རེ་སྣོད་ཀྱི་འཇིག་རྟེན་འཇིག་པ་དང་ཆོས་མཐུན་པས་སོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འཇིག་རྟེན་འཇིག་པ་ནི་གསུམ་སྟེ། མེས་འཇིག་པ་དང༌། ཆུས་འཇིག་པ་དང༌། རླུང་གིས་འཇིག་པའོ། །དེ་དག་དང་ཆོས་མཐུན་པས་ཆུ་དང་མེ་དང་རླུང་གི་ཁམས་རྣམས་ལས་གང་ཡང་རུང་བ་ཞེས་བྱ་བ་རྒྱས་པར་བཤད་པ་ཡིན་ནོ་ཞེའོ། །ཇི་ལྟར་རིང་དུ་སོང་བ་ཡིན་ཞེ་ན། གཏན་དུ་བྲལ་བའི་ཐོབ་པ་རྙེད་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་རྣམས་ལ་ཡང་བྲལ་བའི་ཐོབ་པ་རྙེད་པ་ཡོད་མོད་ཀྱི་གཏན་དུ་མ་ཡིན་པས་རིང་དུ་སོང་བ་ཉིད་ཅེས་མི་བྱའོ། །དེ་དག་ནི། ལོག་པ་ཉིད་དུའང་ངེས་པར་འགྱུར། །ཞེས་བྱ་བ་ནི་གལ་ཏེ་མཚམས་མེད་པ་དག་བྱེད་པར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་ངེས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་
ཐར་པའི་ཆ་དང་མཐུན་པ་དེ་དག་ཇི་ལྟར་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ལ་སོགས་པ་ལྟར་དུས་ངེས་བར་ཡང་དག་པ་ཉིད་དུ་ངེས་པ་ཡང་མ་ཡིན་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་རིགས་ནས་རིགས་སུ་སྐྱེ་བ་དང་བར་ཆད་གཅིག་པ་ལ་སོགས་པ་བསྡུ་སྟེ། འདི་དག་ནི་དུས་ངེས་པ་ནི་གང་ཟག་བསྟན་པའི་མཛོད་ཀྱི་གནས་ནས་བཤད་པར་བྱའོ། །ངེས་པ་གཉིས་པོ་འདི་དག་ལས་གཞན་པ་ནི་མ་ངེས་པ་ཡིན་ནོ། །དེ་དག་ནི་རྐྱེན་ལ་ལྟོས་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་ཡང་དག་པ་ཉིད་ཀྱི་རྐྱེན་རྙེད་ན། ཡང་དག་པ་ཉིད་དུ་ངེས་པར་འགྱུར་རོ། །འོན་ཏེ་ལོག་པ་ཉིད་ཀྱི་རྐྱེན་རྙེད་ན་ལོག་པ་ཉིད་དུ་ངེས་པར་འགྱུར་རོ། །འོན་ཏེ་གཉི་གའི་རྐྱེན་མ་རྙེད་ན་གཉི་ག་ལ་མི་བརྟེན་པ་ཉིད་ཡིན་ནོ། །མ་རིག་པ་ལ་སོགས་པའི་རིམ་པ་བསྟན་པས་སེམས་ཅན་གྱི་འཇིག་རྟེན་བཤད་ཟིན་ཏོ།། །།བམ་པོ་ཉི་ཤུ་རྩ་བརྒྱད་པ། འདོད་ཅེས་བྱ་བ་ནི་འདོད་པའོ་ཞེས་བྱ་བའི་ཐ་ཚིག་གོ ། རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཞེས་བྱ་བ་ནི་རྔམས་ས་ཡ་དྲུག་འབུམ་མོ། །ལས་ཀྱི་དབང་གིས་ཞེས་བྱ་བ་ནི་ལས་ཀྱི་མཐུས་སོ། །རྒྱར་ནི་གྲངས་མེད་དེ་ཞེས་བྱ་བ་ནི་རྒྱར་བརྩི་ན་ནི་གྲངས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་དཔེ་ནི་དཔེར་ན་བཟའ་བ་དང་བཏུང་བ་གྲངས་བཞིན་དུ་ཟོས་པ་དང་འཐུངས་པ་མ་ཞུ་བ་ལོང་ཀར་མི་ལྟུང་བཞིན་ཞེས་བྱ་བ་ཡིན་ཏེ། ཞུ་བ་ཁོ་ན་ཞུ་བའི་གནས་སུ་འགྲོ་བའོ་ཞེས་བྱ་བའི་ཐ་ཚིག་གོ །སྦྱང་གི་ཚུལ་དུ་ཞེས་བྱ་བ་ནི་བདེ་བའི་ཚུལ་དུ་སྟེ་ཀུན་ནས་རབ་བཞིན་དུ་འདུག་གོ་ཞེས་བྱ་བའི་ཐ་ཚིག་གོ །འོ་མ་བསྐོལ་བ་སྤྲིས་མ་འཆགས་པའི་ཚུལ་དུ་ཞེས་བྱ་བ་ནི་འོ་མ་བསྐོལ་བ་སྤྲིས་མ་འཆགས་པ་མཁྲང་པོར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ཆུའི་སྟེང་ན་གསེར་གྱི་ས་གཞིར་འགྱུར་རོ། །ལྷག་མ་ནི་སུམ་འབུམ་ཉི་ཁྲི་ཞེས་བྱ་བ་ནི་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་ཉི་ཁྲི་ལས་བརྒྱད་བོར་ན་ལྷག་མ་དེ་ཙམ་ཞིག་ཏུ་འགྱུར་རོ། །ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང༌། །ཞེས་བྱ་བ་རྒྱས་པར་འབྱུང་བ་འདི་ནི་གླིང་བཞི་པའི་ཚད་བཤད་པ་ཡིན་གྱི། སྟོང་གསུམ་གྱི་སྟོང་ཆེན་པོའི་ནི་མ་ཡིན་ནོ། །འདི་གཉི་ག་རྒྱར་མཉམ་མོ་ཞེས་བྱ་བ་ནི་ཆུ་དང་གསེར་གྱི་དཀྱིལ་
འཁོར་རོ། །ཁོར་ཡུག་ཏུ་ནི་སུམ་འགྱུར་རོ། །འདི་གཉི་ག་ཁོར་ཡུག་ཏུ་བརྩི་ན་ནི་སུམ་འགྱུར་ཏེ། འདིའི་ཁོར་ཡུག་ཏུ་བསྐོར་བའི་ཚད་ནི་ཐད་ཀའི་ཚད་སུམ་འགྱུར་ཁོ་ན་ཡིན་པ་གང་ཡིན་པ་འདི་ནི་ཟླུམ་པོ་ཐམས་ཅད་ཀྱི་ཚུལ་ཡིན་ནོ། །གླིང་བཞི་ཁོར་ཡུག་ཏུ་བསྐོར་ཏོ་ཞེས་བྱ་བ་ནི་ཟླུམ་པོར་བསྐོར་བ་སྟེ་འཁོར་ལོ་ལྟ་བུར་འདུག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཁོར་ཡུག་ཅེས་བྱའོ། །ལྕགས་ཀྱི་རང་བཞིན་ཡིན་ཞེས་བྱ་བ་ནི་ལྕགས་ཡིན་པའོ། །ངོས་བཞི་དག་ཏུ་གྲངས་བཞིན་ནོ་ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་ལོགས་ཀྱི་ངོས་ནི་གསེར་གྱི་རང་བཞིན་ནོ། །ཤར་གྱི་ལུས་འཕགས་ལོགས་ཀྱི་ངོས་ནི་དངུལ་གྱི་རང་བཞིན་ཡིན་ནོ། །འཛམ་བུའི་གླིང་ལོགས་ཀྱི་ངོས་ནི་བཻ་ཌཱུཪྻའི་རང་བཞིན་ནོ། །ནུབ་ཀྱི་བ་ལང་སྤྱོད་ལོགས་ཀྱི་ངོས་ནི་ཤེལ་གྱི་རང་བཞིན་ནོ། །ས་བོན་རྣམ་པ་སྣ་ཚོགས་ཁོ་ན་ཡོད་ཅེས་བྱ་བ་ནི་ནུས་པ་རྣམ་པ་སྣ་ཚོགས་དང་ལྡན་པའོ། །མཐུ་རྣམ་པ་དུ་མའི་བྱེ་བྲག་དང་ལྡན་པའི་རླུང་དག་གིས་ཞེས་བྱ་བ་ནི་དེ་དག་བསྐྱེད་པར་བྱ་བ་ལ་ནུས་པ་དུ་མའི་བྱེ་བྲག་དང་ལྡན་པའི་རླུང་དག་གིས་ཞེས་བྱ་བའི་ཐ་ཚིག་གོ །མ་ཕྲད་པར་ཞེས་བྱ་བ་ནི་ཅིག་ཅར་འབྱུང་བ་མ་ཡིན་པར་ཞེས་བྱ་བའི་ཐ་ཚིག་སྟེ། གང་གི་ཚེ་འབྲས་བུ་ཡོད་པ་དེའི་ཚེ་རྒྱུ་མི་གནས་སོ། །དེ་ཉིད་འདི་ཡིན་ལ་ཞེས་བྱ་བ་ནི་འགྱུར་བ་ཞེས་སྨྲས་པ་གང་ཡིན་པའོ། །འདི་དེ་ལྟ་བུ་ཡང་མ་ཡིན་ཞེས་བྱ་བ་ནི་ཆུ་དེ་ཉིད་གཞན་དུ་འགྱུར་བ་ཙམ་ལ་འགྱུར་བ་ཡིན་ནོ་ཞེས་སྨྲས་པའི་ཕྱིར་རོ། །ཚིག་གི་ལུགས་འདི་ནི་སྔོན་མ་བྱུང་བ་ཡིན་ཞེས་བྱ་བ་ནི་རང་གི་ཚིག་དང་འགལ་ལོ་སྙམ་དུ་བསམས་པ་ཡིན་ནོ། །སྐད་ཅིག་མ་སྔ་མ་དང་ཕྱི་མ་དག་ནི་དེ་བཞིན་ཉིད་དུ་འགྱུར་བར་འདོད་ལ། གང་དག་གཞན་ཉིད་དུ་འགྱུར་བ་དེ་དག་ཀྱང་གཞན་ཉིད་ཡིན་པར་མཐོང་སྟེ། དཔེར་ན་ལྷ་སྦྱིན་དང་མཆོད་སྦྱིན་དག་ལྟ་བུའོ། །དེ་ལྟ་བས་ན་རྒྱུ་དང་འབྲས་བུ་དག་ནི་གཞན་ཉིད་ཡིན་པར་འགྱུར་དགོས་སོ། །གསེར་ལ་སོགས་པ་ཞེས་བྱ་བ་ནི་གསེར་དང་དངུལ་དང་ནོར་བུ་དང་ས་ལ་སོགས་པའོ། །འཕང་དུ་དཔག་ཚད་འབུམ་དྲུག་ཁྲིའོ་ཞེས་བྱ་བ་ནི་ཁྲི་ཕྲག་བཅུ་དྲུག་གོ་ཞེས་བྱ་བའི་ཐ་ཚིག་གོ །ཡན་ལག་བརྒྱད་དང་ལྡན་པ་ཞེས་བྱ་བ་ལ། ཡན་ལག་བརྒྱད་ཀྱི་བསྡུ་བའི་ཚིགས་སུ་བཅད་པ་ནི། བསིལ་དང་ཞིམ་དང་ཡང་དང་འཇམ། །
དང་བ་དང་ནི་དྲི་ང་མེད། །འཐུངས་ན་ལྟོ་ལ་མི་གནོད་དང༌། །མགྲིན་པ་ལ་ནི་མི་གནོད་པའོ། །ཞེས་བྱ་བ་ཡིན་ནོ། །ངོས་ལ་ནི་གཉའ་ཤིང་འཛིན་གྱི་འགྲམ་ནས་བགྲངས་ན་སུམ་འགྱུར་ཏེ་ཞེས་བྱ་བ་ནི་ནང་གི་མཚོ་དེ་གཉའ་ཤིང་འཛིན་གྱི་ངོས་ན་སྲིད་དུ་བགྲང་ན་སུམ་འགྱུར་ཡིན་པས་གཉའ་ཤིང་འཛིན་གྱི་ངོས་རོལ་གྱི་སྲིད་དུ་དཔག་ཚད་ཉིད་འབུམ་བཞི་ཁྲི་སྟེ། བརྒྱད་ཁྲི་ཕྲག་གཅིག་དང་དེའི་ཕྱོགས་གཡས་གཡོན་གཞན་གཉིས་སུ་རོལ་མཚོ་དེ་འདལ་བའི་ཚུལ་གྱིས་བརྒྱད་ཁྲི་ཕྲག་གཞན་གཉིས་ཡོད་པས་བརྒྱད་ཁྲི་ཕྲག་གསུམ་སྟེ་ཉི་འབུམ་བཞི་ཁྲིར་འགྱུར་རོ། །འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི། །ཉི་ཤུ་གཉིས་སོ་ཞེས་བྱ་བ་འདི་ནི་མུ་ཁྱུད་འཛིན་གྱི་རི་དང་ཁོར་ཡུག་གཉིས་ཀྱི་བར་གྱི་ཕྱོགས་གཅིག་གི་ཕྱིའི་རྒྱ་མཚོའི་ཚད་དུ་བཤད་པ་ཡིན་ནོ། །འདིར་མ་ཚང་བས་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་གཞན་གཉིས་དང་བརྒྱད་ཅུ་རྩ་ཕྱེད་དང་བརྒྱད་ཁོ་ནའོ་ཞེས་བརྗོད་པར་བྱ་ལ། ཕྱོགས་ཅིག་ཤོས་ལ་ཡང་དེ་དང་འདྲ་བར་བརྗོད་དགོས་སོ། །དེ་ལྟར་དཔག་ཚད་སྟོང་ཕྲག་གཉིས་དང་བརྒྱ་ཕྲག་ལྔ་དང་བདུན་ཅུ་རྩ་ལྔ་དག་གིས་བསྣན་ན། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང༌། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེ་དང་ལྔ་རྣམས་ཁོ་ནའོ། །ཞེས་བྱ་བ་འདིས་བཤད་པ་གང་ཡིན་པའི་གཞི་དེ་གཉེར་སོད་པར་འགྱུར་ཏེ། གླིང་བཞིའི་བརྩི་བས་ཇི་ལྟར་བཀོད་པ་བས་ནི་ལྷག་པའི་ཕྱིར་རོ་ཞེ་ན། འདིའི་ལན་གདབ་པར་བྱ་སྟེ། དེ་ནི་ཁོར་ཡུག་གི་ཕྱི་རོལ་ན་ཆུ་དང་གསེར་གྱི་དཀྱིལ་འཁོར་དེ་ཙམ་ལྷག་པའི་ཕྱིར་ཉེས་པ་མེད་དོ། །འོ་ན་ནི་ཁོར་ཡུག་དེས་གླིང་བཞི་པ་ཁོར་ཡུག་ཏུ་བསྐོར་བ་མ་ཡིན་ནོ་ཞེ་ན། དེས་ནི་སྟེང་གི་ས་ཁོར་ཡུག་ཏུ་བསྐོར་བ་ཡིན་གྱི། །ཆུ་དང་གསེར་གྱི་དཀྱིལ་འཁོར་ནི་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གཞན་ན་རེ་རི་རབ་ལ་སོགས་པའི་རི་རྣམས་རྔམས་སུའང་འཕང་དང་མཉམ་ཞེས་བྱ་བ་ཤིན་ཏུ་ཟང་ཡག་ཁོ་ནར་འདུག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རི་ལྟ་བུའི་ཚུལ་དུ་མན་ཆད་ཀྱི་ཆ་ཅུང་ཟད་ཅིག་ལྷག་པ་ཡིན་ཏེ། ཁྱད་པར་བརྟག་པར་དཀའ་བའི་ཕྱིར་ནི། དེ་དག་རྣམས་སུའང་འཕང་དང་མཉམ། །ཞེས་བཤད་དོ། །དེའི་ཕྱིར་
མན་ཆད་ཀྱི་ཆ་ཅུང་ཟད་ཅིག་ལྷག་པ་དེ་དང་དེ་དག་གིས་དེ་དག་ལ་བརྟེན་པ་རེ་རབ་ལ་སོགས་པས་རྟེན་ཆུ་དང་གསེར་གྱི་བདག་ཉིད་དེ་ཁྱབ་པས་ན་དེ་ནི་འགལ་བ་མེད་དོ་ཞེས་ཟེར་རོ། །དེ་ནི་ལུས་སམ་ས་ཕྱོགས་གཞན་གྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ནི་བྱང་ཆུབ་སེམས་དཔའི་སྐུ་ལས་གཞན་པའི་ལུས་སམ། རྡོ་རྗེ་གདན་གྱིས་ས་ཕྱོགས་ལས་གཞན་པའི་ས་ཕྱོགས་ཀྱིས་བཟོད་པར་མི་ནུས་སོ་ཞེས་བྱ་བ་ཡིན་ནོ། །གླིང་གི་དབྱིབས་ཅི་འདྲ་བ་ཞེས་བྱ་བ་ནི་ས་གཞིའི་དབང་གིས་སེམས་ཅན་རྣམས་སྣ་ཚོགས་པ་ཉིད་འདི་ནི་མངོན་སུམ་དུ་གྱུར་པ་ཡིན་ཏེ། གངས་རི་དང་འབིགས་བྱེད་ལ་གནས་པ་རྣམས་དང༌། གེ་ར་དང་རི་ཁྲོད་པ་རྣམས་དཀར་ཤམ་དང་སྔོ་བསངས་དག་ཏུ་མཐོང་ངོ༌། །ལུས་དང་ལུས་འཕགས་སྒྲ་མི་སྙན། །ཞེས་བྱ་བ་ནི་གནས་པ་རྣམས་མང་བའི་ཕྱིར་གནས་ཀྱང་མང་པོའི་ཚིག་ཏུ་བསྟན་ཏོ། །གཅིག་ནི་སྲིན་པོ་དག་གནས་སོ། །ཞེས་བྱ་བ་ནི་རྔ་ཡབ་དང་རྔ་ཡབ་གཞན་དག་ལས་གཅིག་ཅིག་ཡིན་ནོ། །རི་ནག་པོ་དགུ་ནས་ཞེས་བྱ་བ་ནི་རི་མདོག་ནག་པོ་དགུའི་ཕ་རོལ་ནའོ། །དེའི་དབང་གིས་འདི་འཛམ་བུའི་གླིང་ཞེས་བྱ་བར་གྲགས་ཞེས་བྱ་བ་ནི་འཛམ་བུའི་གླིང་དེའི་དབང་གིས་འཛམ་བུའི་ཤིང་གིས་མཚོན་པའི་གླིང་ལ་འཛམ་བུའི་གླིང་ཞེས་བྱའོ། །ཡང་ན་དེའི་འབྲས་བུའི་དབང་གིས་ཞེས་བྱ་བ་ནི་ཤིང་འཛམ་བུའི་འབྲས་བུ་སྟེ། འདིའི་འབྲས་བུས་མཚོན་པའི་གླིང་ལ་འཛམ་བུའི་གླིང་ཞེས་བྱ་བའི་ཐ་ཚིག་གོ །རྩིག་པ་བཞི་ཞེས་བྱ་བ་ནི་ར་བ་བཞི་ཞེས་བྱ་བའི་ཐ་ཚིག་གོ །གཞན་དག་ན་རེ་ངོས་བཞི་ཡིན་ནོ་ཞེས་ཟེར་རོ། །ལྕགས་ཀྱི་ར་བས་ཀུན་དུ་བསྐོར། །ཞེས་བྱ་བ་ནི་ལྕགས་ཀྱི་ར་བས་ཁོར་ཡུག་ཏུ་བསྐོར་ཞེས་བྱ་བའི་ཐ་ཚིག་གོ །ལྕགས་དག་གིས་ནི་གང་བ་ཡིན། །ཞེས་བྱ་བ་ནི་ལྕགས་ཀྱིས་སྟེང་ནས་བཀབ་པའོ། །གཞན་དག་ན་རེ་ལྕགས་ཀྱིས་སྒོ་བཅད་པའོ་ཞེས་ཟེར་རོ། །ཁྱད་པར་གནས་ཞེས་བྱ་བ་ནི་ཁེབས་པའོ། །སྔ་མ་བཞིན་ནོ་ཞེས་བྱ་བ་ནི་རྐང་པ་བཏེག་ནས་ནི་པག་པ་དང་ཤ་དང་ཁྲག་སྐྱེ་བ་ཞེས་བྱ་བའི་ཐ་ཚིག་གོ །ཁྱི་སྲེ་བོ་རྣམས་ཀྱང་ཟ་བར་བྱེད། ཅེས་བྱ་བ་ནི་ལོ་མ་རལ་གྱི་ལྟ་བུའི་ནགས་ཀྱི་ནང་ན་ཡོད་པ་དག་གོ །ཁྭ་ལྕགས་ཀྱི་མཆུ་ཅན་རྣམས་ཞེས་བྱ་བ་ནི་ཤལ་མ་ལིའི་ནགས་ན་
ཡོད་པ་དག་གོ །སྦུ་གྲིའི་ལམ་ལ་སོགས་པ་གསུམ། །ཞེས་བྱ་བ་ནི་སྤུ་གྲིའི་ལམ་དང༌། ལོ་མ་རལ་གྱི་ལྟ་བུའི་ནགས་དང༌། ཤལ་མ་ལེའི་ནགས་ཞེས་བྱ་བ་གསུམ་མོ། །ཐག་མདུང་ཞེས་བྱ་བ་ནི་འཕང་མདུང་ལ་སོགས་པའོ། །གནོད་པ་ལྷག་པའི་གནས་ཡིན་པའི་ཕྱིར་ལྷག་པ་ཞེས་བྱ་བ་ནི་ལྷག་ཅེས་བྱ་བའི་སྒྲ་ནི་ལྷག་པའི་དོན་ཡིན་ཏེ། འདི་དག་ཏུ་ལྷག་པར་གནོད་པར་བྱེད་པས་ན་ལྷག་པ་ཡིན་ནོ། །ཇི་ལྟར་ལྷག་པར་གནོད་པ་བྱེད་ཅེ་ན། དེའི་ཕྱིར། དམྱལ་བ་དང་ཏུ་ཞེས་བྱ་བ་རྒྱས་པར་སྨོས་སོ། །གཞན་དག་ན་རེ་ཞེས་བྱ་བ་ནི་གནས་བརྟན་ཡིད་འོང་སྟེ། དེ་ནི་ལྷག་པ་ཞེས་བྱ་བའི་སྒྲ་འོག་གི་དོན་ཡིན་པར་འདོད་དོ། དེའི་ཕྱིར་དམྱལ་བའི་འཆིང་བའི་འོག་ཏུ ་ཞེས་བྱ་བ་སྨོས་ཏེ། མནར་མེད་པ་ལ་སོགས་པའི་དམྱལ་བའི་འཆིང་བའི་ འོག་ཏུ་མེ་མ་མུར་ལ་སོགས་པ་འདི་དག་ཏུ་འབྱུང་བས་ན་དེའི ་ཕྱིར་དེ་དག་ནི་ལྷག་པའོ་ཞེས་བྱ་བའོ། །དྲི་བ་ལས་དྲི་བ་གཞན་འབྱུང་སྟེ་ཞེས་བྱ་བ་ནི་ལྷག་པ་བཅུ་དྲུག་གང་ཞེ་ན་ཞེས་སྨྲས་ནས་ལྷག་པ་བཞི་པ་ནི་ཆུ་བོ་རབ་མེད་ཐལ་ཆུ་བསྐོལ་མས་གང་བ་སྟེ། གང་དུ་སེམས་ཅན་དེ་དག་འགྲམ་གཉིས་ནས་སྐྱེས་བུ་ལག་ན་རལ་གྲི་དང་མདུང་ཐུང་དང་ཐག་མདུང་ཐོགས་པ་དག་གིས་འགོག་ཅིང་སྟེང་དུ་འགྲོ་བ་ན་ཡང་གདུ་ཞིང་འཚེད་ལ་ཞེས་བྱ་བ་དེ་ལས་ཅི་སེམས་ཅན་དམྱལ་བའི་སྲུང་མ་དེ་དག་ཅེས་བྱ་བའི་དྲི་བ་གཞན་རྒྱས་པར་འབྱུང་བ་ཡིན་ནོ། །འཆགས་པའི་རླུང་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་འཆགས་པའི་ཚེ་སྣོད་ཀྱི་འཇིག་རྟེན་ལ་སོགས་པ་མངོན་པར་འགྲུབ་པར་བྱ་བའི་ཕྱིར་རླུང་དག་གཡོ་བ་ལྟར་དམྱལ་བའི་སྲུང་མ་དེ་དག་ཀྱང་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཙམ་དུ་ཟད་དེ་དེ་དང་འདྲའོ། །གཤིན་རྗེའི་སྲིན་པོར་སྐྱེ་ཞེས་བྱ་བ་ནི་སྡིག་པའི་ལས་ཅན་ཐམས་ཅད་དམྱལ་བའི་སྲུང་མར་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ །གཤེན་རྗེས་བསྒོ་བ་དག་གིས་ཞེས་བྱ་བ་ནི་གཤིན་རྗེས་ལྷའི་ཕོ་ཉའི་མདོ་ལས་འབྱུང་བ་ལྟ་བུས་བསྒོ་བ་གཤིན་རྗེའི་རྒྱལ་པོའི་ཕོ་བྲང་ན་གནས་པ་གང་དག་གིས་སེམས་ཅན་དེ་དག་དམྱལ་བའི་གནས་སུ་ཁྲིད་པར་བྱེད་པ་དེ་དག་གཤིན་རྗེའི་སྲིན་པོ་ཞེས་བཤད་ཀྱི་ལག་ན་རལ་གྲི་དང་མདུང་ཐུང་དང་ཐག་
མདུང་ཐོགས་པ་གང་དག་གནོད་པའི་ལས་བྱེད་པ་རྣམས་ནི་མ་ཡིན་ནོ། །ད་ནི་ལས་དེ་གང་དུ་རྣམ་པར་སྨིན་ཞེས་བྱ་བ་ནི་དམྱལ་བའི་སྲུང་མ་རྣམས་ཀྱིས་དམྱལ་བར་ལས་བྱས་པ་གང་དུ་རྣམ་པར་སྨིན་ཞེས་བྱ་བ་ཡིན་ནོ། །དེ་དག་ཉིད་དུ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་དག་ཏུ་མཚམས་མེད་པ་བྱེད་པ་རྣམས་ཀྱི་རྣམ་པར་སྨིན་པའི་གོ་སྐབས་ཡོད་པའི་དམྱལ་བ་དེ་དག་ཏུ་དམྱལ་བའི་སྲུང་མ་དེ་དག་གིས་སུ་ཞིག་འགོག །འདི་སྐད་དུ་རེ་ཞིག་དམྱལ་བ་དག་ན་མཚམས་མེད་པ་བྱེད་པ་དེ་དག་གི་མཚམས་མེད་པའི་ལས་ཆེན་པོའི་རྣམ་པར་སྨིན་པ་ཆེན་པོའི་གོ་སྐབས་ཀྱང་ཡོད་ན་དེ་དག་ལ་གནོད་པ་བྱེད་པ་དམྱལ་བའི་སྲུང་མ་རྣམས་ཀྱི་ལས་གང་ཡིན་པའི་ལྟ་སྨོས་ཀྱང་ཅི་དགོས་ཞེས་བཤད་པ་ཡིན་ནོ། །མཚམས་གཅད་པའི་ཕྱིར་རོ་ཞེས་བྱ་བ་ནི་དམྱལ་བའི་སྲུང་མ་རྣམས་ལ་འདི་དག་ལ་སྲེག་པར་མ་བྱེད་ཅིག་ཅེས་མཚམས་བཅད་པའི་ཕྱིར་རོ། །ཡང་ན་འབྱུང་བའི་ཁྱད་པར་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དག་ལ་ལས་དག་གིས་ན་མེ་དེས་ཀྱང་ཚིག་པར་མི་འགྱུར་བ་དེ་ལྟ་བུའི་འབྱུང་བའི་ཁྱད་པར་མངོན་པར་འགྲུབ་པ་ཡིན་ནོ། ལུས་དང་སྒྲར་འགྱུར་བ་དང་མཐུན་པ་དག་ཡིན་ཞེས་བྱ་བ་ལ་ལུས་འགྱུར་བ་དང་མཐུན་བ་ནི་ཆུ་བུར་ཅན་དང༌། ཆུ་བུར་རྡོལ་བ་དང༌། ཨུཏྤལ་ལྟར་གས་པ་དང༌། པདྨ་ལྟར་གས་པ་དང༌། པདྨ་ལྟར་ཆེར་གས་པ་དག་སྟེ། དེ་ན་འདུག་པའི་སེམས་ཅན་རྣམས་ཀྱི་ལུས་ཆུ་བུར་ཅན་དང་འདྲ་བའི་ཕྱིར་རོ། །སྒྲ་འགྱུར་བ་དང་མཐུན་པ་ནི་སོ་ཐམས་ཐམས་དང༌། ཨུ་ཆུ་ཟེར་བ་དང༌། ཀྱི་ཧུད་ཟེར་ཞེས་བྱ་བ་དེ་དག་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་འབྲུའི་ཕུང་པོ་བཞིན་དུ་ཞབས་རྒྱ་ཆེ་བའི་ཕྱིར་རོ། །ཕྱི་རོལ་།ཞེས་བྱ་བ་ནི་ནང་ན་ཡོད་པ་མ་ཡིན་པའོ། །མེ་ཤེལ་ནི་མེ་ཤེལ་གྱི་བདག་ཉིད་དོ། །ཆུ་ཤེལ་ནི་ཆུ་ཤེལ་གྱི་བདག་ཉིད་དོ། །ཅི་རིགས་པར་ཞེས་བྱ་བ་ནི་དཀྱིལ་འཁོར་དེ་གཉིས་ཡུལ་དང་དུས་ཀྱི་གནས་སྐབས་ཀྱི་ཁྱད་པར་དང་མཐུན་པར་མིག་ལ་སོས་པ་ལ་ཕན་འདོགས་པར་བྱེད་པ་དང་གནོད་པར་བྱེད་པ་ཡིན་ནོ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ཇི་ལྟ་ཞེ་ན། གང་གི་ཚེ་ཤར་གྱི་ལུས་འཕགས་སུ་ནི་ནམ་ཕྱེད་པ་དེའི་ཚེ་འཛམ་བུའི་གླིང་དུ་
ཉི་མ་ནུབ་པོ། །ནུབ་ཀྱི་བ་ལང་སྤྱོད་དུ་ཉི་མ་ཕྱེད་དོ། །བྱང་གི་སྒྲ་མི་སྙན་དུ་ཉི་མ་ཤར་རོ་ཞེས་བྱ་བ་དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱ་བ་ཡིན་ནོ། །དབྱར་གྱི་ཟླ་བ་གཉིས་པའི་ཐ་མའི་ཚེས་དགུ་ནས་མཚན་རིང་ཞེས་བྱ་བ་ནི་དབྱར་གྱི་ཟླ་བ་ནི་དབྱར་ཟླ་ཐ་ཆུངས་ནས་སྟོན་ཟླ་ཐ་ཆུངས་ཀྱི་བར་བཞི་ཡིན་ལ། ཟླ་བ་ཐམས་ཅད་ཀྱང་མར་གྱི་ངོ་བོ་སྔ་སྟེ་དེ་ལ་དབྱར་ཟླ་ཐ་ཆུངས་ཡར་གྱི་ངོའི་ཚེས་དགུ་ནས་མཚན་མོ་རིང་བར་འགྱུར་རོ། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུར་འགྱུར་རོ་ཞེས་བྱ་བ་ནི་དགུན་གྱི་ཟླ་བ་ནི་སྟོན་ཟླ་ཐ་ཆུངས་ཉ་ནས་དཔྱིད་ཟླ་ར་བ་ཉའི་བར་ཡིན་ཏེ། དེ་ལས་དགུན་ཟླ་ཐ་ཆུངས་ཡར་གྱི་ངོའི་ཚེས་དགུ་ནས་མཚན་མོ་ཐུང་ངུར་འགྱུར་རོ། །ཕ་རོལ་ངོས་སུ་གྲིབ་མ་འབབ་པས་དཀྱིལ་འཁོར་མ་རངས་བར་སྣང་ངོ་ཞེས་བྱ་བ་ནི་དཔེར་ན་ཀ་བ་ལ་སྒྲོན་མའི་གྲིབ་མ་བབ་པ་ཇི་ལྟ་ཇི་ལྟར་ཀ་བ་དང་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་ཀ་བ་རང་གི་གྲིབ་མས་བསྒྲིབས་པར་འགྱུར་ཏེ། སྒྲོན་མ་ཐག་རིང་པོ་ན་འདུག་པ་ནི་ཀ་བ་རངས་པར་སྣང་ལ། ཆུང་ཟད་ཅིག་གིས་ཉེ་ན་ནི་ཆུང་ཟད་འབྲི་བར་འགྱུར་བ་ནས། ཤིན་ཏུ་ཉེ་བ་ན་ཀ་བ་དེ་མི་སྣང་བའི་ངོ་བོའི་བར་དུ་འགྱུར་བ་དེ་དང་འདྲ་སྟེ། དེ་ལྟ་བུ་དེ་ནི་རྒྱུ་བའི་ཚུལ་ཡིན་ནོ་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་རྣམས་ན་རེ་ངོས་བླ་འོག་འཛུལ་བའི་ཚུལ་གྱིས་ཟླ་བའི་དཀྱིལ་འཁོར་གྱི་འོག་རོལ་གྱི་ཆ་འབྲི་བ་དང་འཕེལ་བར་འགྱུར་རོ་ཞེས་ཟེར་རོ། །རྒྱལ་ཆེན་བཞིའི་རིས་བ་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞིའི་རིས་ནི་ཚོགས་སོ། །དེ་ན་ཡོད་པ་ནི་རྒྱལ་ཆེན་བཞིའི་རིས་པ་དག་གོ །རི་རབ་ཀྱི་བང་རིམ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་མུ་ཁྱུད་འཛིན་ལ་སོགས་པ་བསྡུའོ། །བར་གྱི་ཐག་ནི་སྟོང་ཕྲག་བཅུ། །ཞེས་བྱ་བ་ནི་བར་གྱི་ཐག་དཔག་ཚད་ཁྲིའོ་ཞེས་བྱ་བའི་ཐ་ཚིག་གོ །ཕྱེད་མན་ཆད་དུ་ཕྱིན་ཏོ་ཞེས་བྱ་བ་ནི་ཕྱེད་ཁེབས་པ་ཡིན་ནོ། །རྟག་མྱོས་ཞེས་བྱ་བ་ནི་རྟག་ཏུ་མྱོས་པར་གྱུར་པ་ཞེས་བརྗོད་པར་བྱ་བ་ཡིན་པ་ལས་ཚིགས་སུ་བཅད་པ་བསྡེབས་པ་དང་མཐུན་པར་རྟག་མྱོས་ཞེས་བཤད་དེ་དོན་གཅིག་པའི་ཕྱིར་རོ། །བཞི་པ་ལ་ནི། རྒྱལ་པོ་ཆེན་པོ་བཞི་བདག་ཉིད། །ཅེས་བྱ་བ་ནི་ཤར་གྱི་ཕྱོགས་ཆ་ན་ནི་ཡུལ་འཁོར་སྲུང་ངོ༌། །
ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོའོ། །ནུབ་ཀྱི་ཕྱོགས་ན་ནི་སྤྱན་མི་བཟང་ངོ༌། །བྱང་ཕྱོགས་ན་ནི་རྣམ་ཐོས་ཀྱི་བུའོ་ཞེས་བྱ་བར་གོ་རིམས་ཁོང་དུ་ཆུད་པར་བྱའོ། །རྒྱལ་ཆེན་བཞིའི་ལྷ་རྣམས་ཞེས་བཤད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་བང་རིམ་བཞི་པ་ན་རྒྱལ་པོ་ཆེན་པོ་བཞིའི་བདག་ཉིད་གནས་པ་དེའི་ཕྱིར་རྒྱལ་ཆེན་བཞིའི་ལྷ་རྣམས་ཞེས་བཤད་དོ། །རྒྱལ་པོ་ཆེན་པོ་བཞི་དག་ཡོད་པའི་ཕྱིར་རོ། །ཐམས་ཅད་པས་ཆེ་བ་ཡིན་ཞེས་བྱ་བ་ནི་རབ་ཏུ་མང་བའོ། །དེ་ནི་ངོས་ལ་ཉི་ཁྲིའོ། །ཞེས་བྱ་བ་གལ་ཏེ་དེ་ལྟ་ཡིན་ན་ཇི་ལྟར། །དེ་དག་རྔམས་སུའང་འཕང་དང་མཉམ། །ཞེས་བྱ་བ་འདི་བཤད་ཅེ་ན། དེ་དག་གི་བསམ་པ་ནི་རྐེད་ཀྱི་ཆ་ཁོ་ན་ལ་བཏགས་ནས་དེ་སྐད་དུ་བཤད་པར་ཟད་དོ་སྙམ་པ་ཡིན་ནོ། །ཕྱེད་དང་གཉིས་ཞེས་བྱ་བ་ནི། །འདི་ལ་ཕྱེད་ལྷག་པར་ཡོད་པས་ན་ཕྱེད་དང་གཉིས་སོ། །ཡང་ན་འདི་ལ་དཔག་ཚད་ཕྱེད་དང་གཉིས་ཡོད་པས་ན་དཔག་ཚད་ཕྱེད་དང་གཉིས་པ་སྟེ། འཕང་དུ་ཞེས་བྱ་བ་ཚིག་ཁོང་ནས་དྲང་ངོ༌། །ཚོན་བརྒྱས་ཞེས་བྱ་བ་ནི་ཚོན་རྩི་སྣ་བརྒྱས་སོ། །རིན་པོ་ཆེ་དང་གནས་རྣམ་པ་དུ་མ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རིན་པོ་ཆེ་རྣམ་པ་དུ་མ་ཕུན་སུམ་ཚོགས་པ་དང་གནས་རྣམ་པ་དུ་མ་ཕུན་སུམ་ཚོགས་པའོ། །གནས་གཞན་ཐམས་ཅད་ཀྱི་དཔལ་དག་སྟེ། དེ་དག་གི་ཆེ་བའི་བདག་ཉིད་ནི་ཆེ་བ་ཉིད་དག་གོ །དེ་རྣམས་ངོ་ཚ་བར་བྱེད་པ་ནི་ངོ་ཚ་བ་སྟེ་ངོ་ཚ་བསྐྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ །ངོས་ཀྱི་སྲིད་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ་ཞེས་བྱ་བ་འདི་ནི་ངོས་གཅིག་གི་ཚད་ཡིན་ཏེ་བཞི་པའི་བར་དུ་ཡང་ཚད་ནི་འདི་ཡིན་ནོ། །ཕྱོགས་བཞི་ཞེས་བྱ་བ་ནི་འདི་ལ་ཕྱོགས་བཞི་ཡོད་པ་ན་ཕྱོགས་བཞིའོ། །ས་གཞི་བཟང་ཞེས་བྱ་བ་ནི་འདི་དག་ལ་ས་གཞི་མཛེས་པ་ཡོད་པས་ན་ལྷ་རྣམས་ཀྱི་རྩེ་བའི་གནས་ས་གཞི་བཟང་པོ་དག་ཡིན་ནོ། །དཔག་ཚད་ཉི་ཤུ་འདས་ནས་རྩེ་བའི་གནས་ཡོད་པས་ན་དཔག་ཚད་ཉི་ཤུས་བཅད་པ་ན་ཞེས་བྱའོ། །སུམ་ཅུ་རྩ་གསུམ་པ་ཞེས་བྱ་བ་ནི་དེ་དག་ན་སུམ་ཅུ་རྩ་གསུམ་ཡོད་པས་ནི་སུམ་ཅུ་རྩ་གསུམ་པ་རྣམས་སོ། །དེ་དག་ནི་འདོད་པའི་དགའ་བའི་མཆོག་གི་གནས་ནི་འདོད་པའི་དགའ་བ་ཁྱད་པར་ཅན་གྱི་གནས་སོ། །ཤིང་ལས་མི་
འདའ་བ་ལས་དགོངས་ཏེ་གསུངས་སོ་ཞེས་བྱ་བ་ནི་དྲི་དེ་ཤིང་ས་བརྟོལ་དེ་ལས་མི་འདའ་བར་འདུག་སྟེ། དེའི་ཡལ་ག་དང་འདབ་མ་དང་ལོ་མ་ནི་དཔག་ཚད་ལྔ་བཅུར་ཁྱབ་པར་གནས་ལ། ཤིང་དེ་ལྟ་བུ་ལས་མི་འདའ་བ་ལས་དགོངས་ནས་རྫི་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུར་ལྡང་ངོ་ཞེས་གསུངས་པར་ཟད་དོ། །འདིར་ལན་དུ་དེ་རྫི་ཕྱོགས་མ་ཡིན་པར་འགྲོ་བ་ནི་མ་ཡིན་ཞེས་བྱ་བ་སྨོས་ཏེ། གང་དུ་འབྱུང་བ་དེ་ཁོ་ནར་འཇིག་པར་འགྱུར། ཡུལ་གཞན་དུ་རྒྱུན་གྱི་རྒྱུན་འཆགས་པར་མི་འགྱུར་ན། རྫི་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུར་ལྡང་ངོ་ཞེས་ཀྱང་ཅིའི་ཕྱིར་བཤད་དེ་དེ་ལྟ་བས་ན་འདི་ནི་ལན་དུ་མི་རུང་ངོ༌། །དེའི་ཕྱིར་ལན་གཞན་དེ་ཉིད་ཀྱི་ཞེས་བྱ་བ་འདི་རྒྱས་པར་སྨོས་སོ། །ཡང་ཅིའི་ཕྱིར་རྫི་ཕྱོགས་ནི་དཔག་ཚད་བརྒྱར་ངད་ལྡང་ལ་རྫི་ཕྱོགས་མ་ཡིན་པར་ནི་ལྔ་བཅུར་ལྡང་གི་དེ་ཕན་ཆད་དུ་མ་ཡིན་ཞེ་ན། དེའི་ཕྱིར་རྒྱུན་ཆུང་བ་དང་ཆེས་ཆུང་བ་དང་ཆེས་ཤིན་ཏུ་ཆུང་བར་འགྱུར་བའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། རླུང་ཆུང་ངུས་བཀག་པའི་ཕྱིར་ཆུང་བ་དང་ཆེས་ཆུང་བ་དང་ཆེས་ཤིན་ཏུ་ཆུང་བར་འགྱུར་རོ། །དེས་ནི་དྲིའི་རྒྱུན་དེ་མྱུར་བ་ཁོ་ནར་ཀུན་དུ་འཆད་པར་འགྱུར་ཏེ། རྒྱུ་དེའི་ཕྱིར་དེ་བཞིན་དུ་ལམ་རིང་པོ་དཔག་ཚད་བརྒྱའི་བར་དུ་མི་འགྲོའོ། །འོན་ཏེ་རླུང་ལ་བསྒོས་ནས་ཀྱང་སྐྱེ་ཞེས་བྱ་བ་ནི་ཇི་ལྟར་ཏིལ་དག་ལ་ཡོད་པའི་མེ་ཏོག་གི་དྲི་ལས་དྲི་གཞན་འབྱུང་བ་དེ་དག་ཁོ་ན་ཡིན་གྱི། མེ་ཏོག་གི་དྲི་མ་ཡིན་པ་ལྟ་བུ་ཡིན་པ་ཞིག་གམ་ཞེས་བྱ་བ་ཡིན་ནོ། །སྨྲས་པ་གལ་ཏེ་དྲི་དེ་རྫི་ཕྱོགས་མ་ཡིན་པར་དཔག་ཚད་ལྔ་བཅུར་ངད་ལྡང་ན། འོ་ན་བཅོམ་ལྡན་འདས་ཀྱིས། མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །ཞེས་གང་རྒྱས་པར་གསུངས་པ་ཇི་ལྟར་དྲང༌། རྩ་བའི་དྲི་ནི་གླ་སྒང་ལ་སོགས་པའིའོ། །བྱ་བ་དང་བྱ་བ་མ་ཡིན་པ་འགྲོ་བར་བྱེད་པ་ཞེས་བྱ་བ་ནི་བྱ་བ་དང་བྱ་བ་མ་ཡིན་པ་ལ་གཏོད་པར་བྱེད་པ་སྟེ། འཇུག་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །གང་དག་གི་སྣོད་མངོན་པའི་མདོར་བསྡུ་ན་ཞེས་བྱ་བ་ལ། སྣོད་ནི་གནས་ཏེ་རྩེད་མོས་དྲན་རླག་པ་དང་རབ་ཏུ་རྒོད་པ་ལ་སོགས་པ་ལྷ་གཞན་ཡང་ཕལ་མོ་ཆེ་ཞིག་ཡོད་པས་འདི་ནི་མདོར་བཤད་པ་ཡིན་ནོ། །འདི་དག་ལ་གཉིས་
ཀྱིས་གཉིས་ནས་བལྟས་པའི་བར་གྱི་འཁྲིག་པ་ཡོད་པས་ན། གཉིས་གཉིས་འཁྱུད་དང་ལག་བཅངས་དང༌། །དགོད་དང་བལྟས་པས་འཁྲིག་པ་ཡིན་ནོ། །ཐམས་ཅད་ཀྱང་གཉིས་ཀྱིས་གཉིས་སྤྲོད་པས་ཡིན་ནོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདོད་པ་ན་སྤྱོད་པའི་ལྷ་དྲུག་ཅར་ཡང་གཉིས་ཀྱིས་གཉིས་སྤྲོད་པས་གདུང་བ་དང་འབྲལ་ལོ། །བརྟགས་པ་ལས་བཤད་པ་ནི་དུས་ཀྱི་ཚད་ཡིན་ཞེས་བྱ་བ་ནི་དུས་ཇི་སྲིད་ཀྱིས་གཉིས་ཀྱིས་གཉིས་དང་འཁྱུད་པ་དང་ལག་བཅངས་དང༌། དགོད་པ་དང་བལྟས་པ་དག་ཡིན་པའི་དུས་དེ་སྲིད་ཀྱིས་གོ་རིམས་བཞིན་དུ་ས་དང་འབྲེལ་བར་གནས་པ་དང༌། འཐབ་བྲལ་བ་དང༌། དགའ་ལྡན་པ་དང༌། འཕྲུལ་དགའ་བ་དང༌། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱིས་གཉིས་ཀྱིས་གཉིས་སྤྲོད་པ་ཡིན་ནོ་ཞེས་ཟེར་རོ། །ཇི་ཙམ་ཇི་ཙམ་དུ་ཞེས་རྒྱས་པར་འབྱུང་བ་ནི་ཇི་ཙམ་ཇི་ཙམ་དུ་གོང་ནས་གོང་དུ་ཡུལ་རྣམས་ཆེས་ཤས་ཆེ་བ་དེ་ཙམ་དེ་ཙམ་དུ་འདོད་ཆགས་ཏེ་འཁྲིག་པའི་དུས་ཀྱང་ཆེས་ཤས་ཆེའོ་སྙམ་དུ་བསམས་པ་ཡིན་ནོ། །དེ་དག་ཀྱང་ལྷའི་རིས་བཞི་རྣམས་སོ་ཞེས་བྱ་བ་ནི་རྒྱལ་ཆེན་བཞིའི་རིས་པ་ནས་དགའ་ལྡན་པའི་བར་རོ། །འདི་དག་ལ་ཇི་ལྟར་བྱུང་བ་ཡོངས་སུ་ལོངས་སྤྱོད་པ་དེ་ཡོད་པས་ཇི་ལྟར་བྱུང་བ་ལ་ཡོངས་སུ་ལོངས་སྤྱོད་པའོ། །དེའི་ངོ་བོ་ཉིད་དེ་དེའི་ཕྱིར་རོ། །ཇི་ལྟར་འདོད་པ་བཞིན་བདག་ཉིད་ཀྱིས་སྤྲུལ་པ་ལ་ཡོངས་སུ་ལོངས་སྤྱོད་པ་ཡང་སྔ་མ་བཞིན་ནོ། །ཇི་ལྟར་འདོད་པ་བཞིན་བདག་དང་གཞན་གྱིས་སྤྲུལ་པ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་དང་གཞན་གྱིས་སྤྲུལ་པ་ནི་བདག་དང་གཞན་གྱིས་སྤྲུལ་པའོ། །དེ་དག་ལ་ཡོངས་སུ་ལོངས་སྤྱོད་པ་སྟེ་སྔ་མ་བཞིན་ནོ། །ཁ་ཅིག་ནི་ཇི་ལྟར་འདོད་པ་བཞིན་གཞན་གྱིས་སྤྲུལ་པ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ་ཞེས་བྱ་བ་འདོན་ཏོ། །འདོན་པ་དེ་ལ་ནི་འདི་ལྟར་ཚིག་རྣམ་པར་སྦྱར་བར་བྱ་སྟེ། གཞན་གྱིས་སྤྲུལ་པ་ནི་ཇི་ལྟར་འདོད་པ་བཞིན་གཞན་གྱིས་སྤྲུལ་པའོ། །དེ་ལ་ཡོངས་སུ་ལོངས་སྤྱོད་པ་སྟེ་སྔ་མ་བཞིན་ནོ། །འཕྲུལ་དགའ་བ་རྣམས་ནི་གཞན་གྱིས་སྤྲུལ་པའི་འདོད་པ་དག་ལ་ཡོངས་སུ་ལོངས་སྤྱོད་པ་འབྱོར་པར་མི་འགྱུར་ཏེ། དེ་ལྟར་ན་འཕྲུལ་དགའ་བ་
རྣམས་ལས་གཞན་འཕྲུལ་དབང་བྱེད་པ་རྣམས་ཁྱད་པར་དུ་རབ་ཏུ་བསྟན་པ་ཡིན་ནོ། །འདིར་སྤྲུལ་པ་ནི་གཟུགས་ལ་སོགས་པ་ཕྱི་ཡུལ་ཡིན་པར་རིག་པར་བྱའོ། །དབེན་པ་ལས་སྐྱེས་པ་ནི་བསམ་གཏན་དང་པོའི་ས་པ་སྟེ། མི་དགེ་བ་ལས་དབེན་པའི་ཕྱིར་རོ། །ཏིང་ངེ་འཛིན་ལས་སྐྱེས་པ་ནི་བསམ་གཏན་གཉིས་པའི་ས་པ་སྟེ། རྟོག་པ་དང་དཔྱོད་པ་དང་བྲལ་བའི་ཕྱིར་རོ། །དགའ་བའི་བདེ་བ་ནི་དགའ་བའི་མཚན་ཉིད་ཀྱི་བདེ་བའོ། །དགའ་བ་མེད་པའི་བདེ་བ་ནི་ཡིད་བདེ་བ་དང་བྲལ་བའི་ཕྱིར་རོ། །བདེ་བར་གནས་པ་ཞེས་བྱ་བ་ལ་བདེ་བ་ཞེས་བྱ་བ་ནི་བྱ་བའི་ཁྱད་པར་ཡིན་ནོ། །བདེ་བ་སྐྱེ་བ་ཉིད་དཔྱད་པར་བྱའོ་ཞེས་བྱ་བ་ནི་བསམ་གཏན་ཁྱད་པར་ཅན་ནི་བདེ་བ་མེད་པའི་ཕྱིར་བདེ་བ་སྐྱེ་བ་ཡིན་ནོ་ཞེས་བརྗོད་པར་ནི་མི་ནུས་ཀྱི། དགེ་བའི་རྣམ་པར་སྨིན་པ་ཉིད་ཡིན་པས་བདེ་བ་དང་འདྲ་བའི་ཕྱིར་བདེ་བ་སྐྱེ་བའོ་ཞེས་བྱ་བ་རྣམ་པར་གཞག་པར་ནི་ནུས་སོ། །གལ་ཏེ་བསམ་གཏན་བཞི་པ་ཡང་བདེ་བ་སྐྱེ་བ་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ས་དེ་ན་བདེ་བ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་དཔྱད་པར་བྱ་བ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ལྷག་མ་རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱིས་སམ། གཞན་ལ་བརྟེན་ནས་འཐབ་བྲལ་བ་རྣམས་དགའ་ལྡན་པའི་ནང་དག་ཏུ་འགྲོ་བར་འགྱུར་ཏེ། གལ་ཏེ་རྫུ་འཕྲུལ་དང་ལྡན་པའམ། དེ་ན་གནས་པའི་ལྷས་ཁྲིད་ནའོ། །ས་མཚུངས་པ་དག་ནི་རྒྱལ་ཆེན་བཞི་པ་རྣམས་སུམ་ཅུ་རྩ་གསུམ་པའི་ནང་དག་ཏུ་འགྲོའོ། །གོང་དུ་སྐྱེས་པ་འོངས་པ་མཐོང་བར་འགྱུར་གྱི་ཞེས་བྱ་བ་ནི་ས་མཚུངས་པ་བ་ཡིན་གྱི། ས་གོང་མ་པ་ནི་མ་ཡིན་ཏེ། བསམ་གཏན་དང་པོར་སྐྱེས་པ་ཡང་མ་ཡིན་ལ་བསམ་གཏན་གཉིས་པར་སྐྱེས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེའི་འདོད་པས་ཞེས་བྱ་བ་ནི་གོང་དུ་སྐྱེས་པའི་འདོད་པས་སོ། །འདི་ན་འཁོད་པ་ཞེས་བྱ་བ་ནི་འདུག་པས་ན་འདི་ན་འཁོད་པའོ། །ས་གོང་མ་པ་ཞེས་པའི་ཐ་ཚིག་སྟེ། སྡེ་པ་གཞན་དག་ན་རེ་འདི་ན་འཁོད་པ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་ཟེར་རོ། །རེག་བྱ་རེག་པར་མི་འགྱུར་བ་བཞིན་ནོ་ཞེས་བྱ་བ་འདི་ནི་དཔེར་བརྗོད་པ་ཙམ་དུ་ཟད་
པ་སྟེ། སྒྲ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་འདི་ཡང་ཤེས་པར་བྱའོ། །འཐབ་བྲལ་བ་ལ་སོགས་པ་འདོད་པ་ན་སྤྱོད་པ་བཞིའི་གནས་ཀྱང་གོང་མ་ཉིས་འགྱུར་རོ་ཞེས་བྱ་བ་ནི་དགའ་ལྡན་གྱི་གནས་ནི་འཐབ་བྲལ་བའི་གནས་ཀྱི་ཉིས་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བཞི་པ་ནི་ཚད་མེད་དོ་ཞེས་བྱ་བ་ན་གཞལ་མེད་ཁང་སྐར་མ་བཞིན་དུ་འོག་གཞི་དང་མི་ལྡན་པའི་ཕྱིར་ཚད་མེད་པ་ཉིད་སྲིད་དོ་སྙམ་དུ་བསམས་པ་ཡིན་ནོ། །ཚངས་པའི་འཇིག་རྟེན་སྟོང་ཞེས་བྱ་བ་ནི་ཚངས་རིས་པ་དང་ཚངས་པའི་མདུན་ན་འདོན་དང་ཚངས་ཆེན་པ་རྣམས་ཞེས་བྱ་བའི་ཐ་ཚིག་སྟེ། འཇིག་རྟེན་ན་དེ་ལྟར་གྲགས་པའི་ཕྱིར་རོ། །སྤྱི་ཕུད་ཅེས་བྱ་བ་ནི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྤྱི་ཕུད་ལྟ་བུ་ཡིན་པའི་ཕྱིར་སྤྱི་ཕུད་ཅེས་བྱའོ། །འབྱུང་བ་ནི་འཆགས་པ་ཡིན་ནོ་ཞེས་བྱ་བ་ནི་སྣ་ཚོགས་སུ་འབྱུང་བས་ན་འཆགས་པའོ། །ཡང་ན་འདི་ལ་སྣ་ཚོགས་སུ་འབྱུང་བ་ཡོད་པས་ན་འཆགས་པ་ཡིན་ནོ། །ཀུན་དུ་འཇིག་པས་ན་འཇིག་པའོ། །ཡང་ན་འདི་ལ་ཀུན་དུ་འཇིག་པ་ཡོད་པས་ན་འཇིག་པ་སྟེ། དེའི་དུས་ན་སེམས་ཅན་རྣམས་བསམ་གཏན་གཉིས་པའམ། གསུམ་པའམ། བཞི་པ་གཅིག་ཏུ་འཇིག་པར་འགྱུར་རོ། །འགྲོ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། འོག་ནས། འཆགས་པ་དང་ནི་འཇིག་པ་དང༌། །ཞིག་ནས་འདུག་པ་དག་མཉམ་མོ། །ཞེས་བཤད་པར་བྱའོ། །འཛམ་བུའི་གླིང་པ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཞེས་བྱ་བ་ནི་ཁྲུ་ཕྱེད་དང་བཞི་པ་དག་ཡིན་ཏེ། ཁ་གཅིག་ནི་ལུས་ཀྱི་ཚད་ཁྲུ་བཞི་པ་དག་ཀྱང་ཡིན་ནོ། །ཤར་དང་བ་ལང་སྤྱོད་དང་ནི། །བྱང་ཞེས་བྱ་བ་འདི་དག་ལ། །ཤར་དང་བ་ལང་སྤྱོད་དང་བྱང༌། །ཞེས་བྱ་བ་ཡོད་པས་ནི་དེ་དག་ནི། ཤར་དང་བ་ལང་སྤྱོད་དང་ནི། །བྱང་ཞེས་བྱ་བ་ཡིན་ནོ། །དེ་དག་ནི་གྲངས་བཞིན་དུ་ཤར་གྱི་ལུས་འཕགས་པ་རྣམས་ནི་ཚད་ཁྲུ་བརྒྱད་དོ། །བ་ལང་སྤྱོད་པ་རྣམས་ནི་ཚད་ཁྲུ་བ་ཅུ་དྲུག་གོ །བྱང་གི་སྒྲ་མི་སྙན་པ་རྣམས་ནི་ཚད་ཁྲུ་སུམ་ཅུ་རྩ་གཉིས་སོ། །བཞི་ཆ་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། རྒྱང་གྲངས་དག་ཕྱེད་དང་གཉིས་ཀྱི་བར་དུ་ཞེས་འབྱུང་བའི་ཕྱིར་བཞི་ཆ་ཞེས་བྱ་བ་ནི་རྒྱང་གྲགས་ཀྱི་ཞེས་བྱ་བར་མངོན་
ཏེ། རྒྱལ་ཆེན་བཞི་པ་རྣམས་ཀྱི་ལུས་ནི་རྒྱང་གྲགས་ཀྱི་བཞི་ཆ་ཙམ་མོ། །སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནི་བཞི་ཆ་གཉིས་ཙམ་པ་ཡིན་པ་ནས་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ནི་རྒྱང་གྲགས་གཅིག་དང༌། བཞི་ཆ་གཅིག་ཙམ་གྱི་བར་དུ་ཡིན་ནོ། །ཉིས་འགྱུར་དུ་བསྒྱུར་ནས་དེ་ལས་དཔག་ཚད་གསུམ་ཕྲི་ན་ཞེས་བྱ་བ་ནི་སྤྲིན་མེད་པ་རྣམས་ཀྱི་ལུས་ཀྱི་ཚད་ནི་ཉིས་འགྱུར་དུ་བསྒྱུར་བ་བྱས་ནས་དཔག་ཚད་གསུམ་པོར་ན་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔའོ། །བསོད་ནམས་སྐྱེས་པ་ལ་སོགས་པ་ཞེས་བྱ་བ་ནི་བསོད་ནམས་སྐྱེས་པ་རྣམས་ཀྱི་ལུས་ཀྱི་ཚད་ནི་དཔག་ཚད་ཉིས་བརྒྱ་ལྔ་བཅུའོ། །འབྲས་བུ་ཆེ་བ་རྣམས་ཀྱི་ནི་དཔག་ཚད་ལྔ་བརྒྱའོ་ཞེས་བྱ་བར་བརྩི་བར་བྱ་བ་ཡིན་ནོ། །ཀུ་མུ་ད་དང་པདྨ་བཞིན། །ཞེས་བྱ་བ་ནི་ཇི་ལྟར་འདི་ནི་མེ་ཏོག་ཀུན་མུ་ད་དག་ཉིན་པར་ནི་ཁ་འཛུམས་ཤིང་མཚན་མོ་ན་ཁ་འབྱེ་ལ་པདྨ་དེ་ལས་བཟློག་པ་དག་ཡིན་པ་ལྟར་དེ་ན་མེ་ཏོག་ཁ་ཅིག་ཁ་འཛུམས་ཤིང་ཁ་འབྱེ་བའི་སྒོ་ནས་ཉིན་མཚན་རྣམ་པར་གཞག་པ་ཡིན་ནོ། །བྱ་རྣམས་སྐད་འབྱིན་པ་དང་སྐད་མི་འབྱིན་པ་ཞེས་བྱ་བ་ནི་སྐད་མི་འབྱིན་པས་ན་མཚན་མོ་ཡིན་ལ་སྐད་འབྱིན་པས་ནི་ཉིན་མོ་ཡིན་པའམ། ཡང་ན་བཟློག་སྟེ་བྱའི་རིགས་ཇི་ལྟ་བ་བཞིན་ནོ། །གཉིད་སངས་པ་དང་བྲོ་བ་ལས། །ཞེས་བྱ་བ་ནི་གཉིད་བྲོ་བ་ལས་མཚན་མོ་ཡིན་པར་མངོན་ལ། གཉིད་སངས་པ་ལས་ཉིན་མོ་ཡིན་པར་མངོན་ནོ། །ལྷག་པ་ལྷག་པ་ཡིན་ཞེས་བྱ་བ་ནི་ལྷག་པ་ནི་ཉི་ཁྲིས་ལྷག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་ཀྱི་ཕྱིར། དེ་ལྟར་ན་དེ་དག་གི་ཚེའི་ཚད་ནི་གོ་རིམས་བཞིན་དུ་བསྐལ་པ་བཞི་ཁྲི་དང་དྲུག་ཁྲི་དང་བརྒྱད་ཁྲི་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ན་ནི་བཞི་ཁྲིའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ན་ནི་དྲུག་ཁྲིའོ། །སྲིད་པའི་རྩེ་མོ་ན་ནི་བརྒྱད་ཁྲིའོ་ཞེས་བྱ་བ་ཡིན་ནོ། །དེའི་འོག་མ་ནི་བསྐལ་པ་ཆེན་པོའི་ཕྱེད་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བར་གྱི་བསྐལ་བ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོའོ། །དེའི་ཕྱེད་ནི་བར་གྱི་བསྐལ་པ་བཞི་བཅུ་སྟེ། བསྐལ་པ་ཆེན་པོའི་ཕྱེད་ལ་བསྐལ་པར་བྱས་པ་དེའི་ཕྱེད་པོ་བར་གྱི་བསྐལ་བ་ཉི་ཤུ་གང་ཡིན་པ་དེ་ནི་ཚངས་རིས་པ་རྣམས་ཀྱི་ཚེའི་
ཚད་ཡིན་ནོ། །དེའི་ཕྱེད་ལ་བསྐལ་པར་བྱས་པ་བར་གྱི་བསྐལ་པ་བཞི་བཅུ་གང་ཡིན་པ་དེ་ནི་ཚངས་པའི་མདུན་ན་འདོན་པ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །དེ་དང་དེ་ལྟ་བུའི་བདག་ཉིད་ཀྱི་ཕྱེད་ནི་ཚངས་ཆེན་གྱི་ཚེའི་ཚད་ཡིན་ནོ། །དེ་ནི་བསྐལ་པ་ཕྱེད་དང་གཉིས་སོ་ཞེས་བྱ་བ་སྟེ། གྲངས་བར་གྱི་བསྐལ་པ་དྲུག་ཅུའོ། །ཚངས་ཆེན་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་བཟློག་སྟེ་ཚངས་པའི་མདུན་ན་འདོན་རྣམས་དང་ཚངས་རིས་པ་རྣམས་བསྡུའོ། །དེའི་འོག་མ་ཕྱེད་ཡིན་ནོ་ཞེས་བྱ་བ་ནི་ལྷའི་རིས་འོད་ཆུང་ནས་བཟུང་ཞེས་བསྟན་པ་ལ་ལྟོས་པའི་ཕྱིར་རོ། །དེ་དག་གི་ཚེའི་ཚད་དུ་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་ཚངས་ཆེན་དང༌། ཚངས་པའི་མདུན་ན་འདོན་དང༌། ཚངས་རིས་པ་དེ་དག་གིའོ། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྒྱལ་ཆེན་རིས་བཞི་པ་རྣམས་ཀྱི་ཚེའི་ཚད་དུ་བཤད་པ་གང་ཡིན་པ་དེ་ནི་ཡང་སོས་ཀྱི་ཉིན་ཞག་གཅིག་ཡིན་ལ། དེ་བཞིན་དུ་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ཚེའི་ཚད་དུ་བཤད་པ་གང་ཡིན་པ་དེ་ནི་ཚ་བའི་ཉིན་ཞག་གཅིག་ཅེས་བྱ་བའི་བར་དུ་ཡིན་ནོ། །འདོད་པའི་ལྷ་དང་འདྲ་བ་ཡིན། །ཞེས་བྱ་བ་ནི་འདོད་པའི་ལྷ་རྣམས་ཀྱི་དང་འདྲ་བས་འདོད་པའི་ལྷ་དང་འདྲ་བ་ཡིན་ནོ། །དེས་ན་ཟླ་བ་བཅུ་གཉིས་པའི་ལོས། དེ་ནི་ཡོད་པའི་ལོ་ལྔ་བརྒྱ། །ཞེས་བྱ་བའི་བར་དུ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གི་ཚེའི་ཚད་དེ་ན་ཡོད་པའི་ཉིན་ཞག་དེས་ནི་ཉིན་ཞག་སུམ་ཅུ་ལ་ཟླ་བ། ཟླ་བ་བཅུ་གཉིས་ལ་ལོར་བརྩིས་པས་དེ་ན་ཡོད་པའི་ལོ་ལྔ་བརྒྱ་ཐུབ་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི་འཐབ་བྲལ་བ་རྣམས་ཀྱི་ཚེའི་ཚད་གང་ཡིན་པ་དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་འཇོམས་ཀྱི་ཉིན་ཞག་གཅིག་ཡིན་ལ། ཉིན་ཞག་དེས་ན་ཚེའི་ཚད་ནི་ལོ་ཉིས་སྟོང་ཡིན་ནོ་ཞེས་བྱ་བ་ལྟ་བུར་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་བར་བྱ་བ་ཡིན་ནོ། །དགེ་སློང་དག་ཀླུ་བརྒྱད་པོ་འདི་དག་ནི་ཞེས་བྱ་བ་ནི། དགེ་སློང་དག་ཀླུ་བརྒྱད་པོ་འདི་དག་ནི་ཀླུ་ཆེན་པོ་སྟེ། བསྐལ་བར་གནས་པས་འཛིན་པ། བྱའི་རྒྱལ་པོ་ནམ་མཁའ་ལྡིང་གིས་མི་ཕྱིན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་ལ་ཡང་
ཉམས་སུ་མྱོང་ཞིང་སོ་སོར་ཉམས་སུ་མྱོང་བ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང༌། ཀླུའི་རྒྱལ་པོ་ཉེ་དགའ་བོ་དང༌། ཀླུའི་རྒྱལ་པོ་རྟ་མགོ་དང༌། ཀླུའི་རྒྱལ་པོ་བཏང་བཟུང་དང༌། ཀླུའི་རྒྱལ་པོ་ཡིད་ལས་བྱུང་དང༌། ཀླུའི་རྒྱལ་པོ་ཡུལ་འཁོར་སྲུང་དང༌། ཀླུའི་རྒྱལ་པོ་ནག་པོ་ཆེན་པོ་དང༌། ཀླུའི་རྒྱལ་པོ་ཨེ་ལའི་འདབ་པོ་ཞེས་འབྱུང་བ་ཡིན་ནོ། །ཕྱུར་བུར་བཀར་ཞེས་བྱ་བ་ནི་སྦྱུར་བའོ། །སྐྱེ་བ་གཅིག་གིས་ཐོགས་པ་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་ཚེ་གཅིག་གིས་ཐོགས་པའོ། །སྲིད་པ་ཐ་མ་ཞེས་བྱ་བ་ནི་ཚེ་ཐ་མ་པ་སྟེ། གང་གིས་ན་ཚེ་དེ་ཉིད་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་བའོ། །དེ་ནི་ཇི་སྲིད་དགྲ་བཅོམ་པ་མ་ཐོབ་ཀྱི་བར་དུ་བར་མ་དོར་འཆི་བ་མེད་དོ། །དད་པས་རྗེས་སུ་འབྲང་བ་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་དག་ཀྱང་ཇི་སྲིད་དད་པས་མོས་པ་དང་མཐོང་བས་ཐོབ་པ་དག་ཐོབ་པར་མ་གྱུར་གྱི་བར་དུ་བར་མ་དོར་འཆི་བ་མེད་དོ། །དེ་དག་ལྷུམས་ན་ཡོད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང༌། འཁོར་ལོས་སྒྱུར་བ་ལྷུམས་ན་ཡོད་པ་སྟེ། དེ་དག་གི་ཡུམ་ནི་ཇི་སྲིད་དེ་གཉིས་མ་བལྟམས་ཀྱི་བར་དུ་བར་མ་དོར་འཆི་བ་མེད་དོ། །དེ་ལྟ་བུ་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་འགོག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་རྣམས་དང༌། བྱམས་པ་ལ་སོགས་པ་ལ་སྙོམས་པར་ཞུགས་པ་རྣམས་ཇི་སྲིད་ཏིང་ངེ་འཛིན་དེ་དག་ལས་མ་ལངས་ཀྱི་བར་དུ་བར་མ་དོར་འཆི་བ་མེད་པ་བསྡུའོ། །སོར་ནི་ཉི་ཤུ་བཞི་ལ་ཁྲུ། །ཞེས་བྱ་བ་ནི་ཆོས་མངོན་པ་བཤད་པའི་དུས་ཙམ་གྱི་མི་ཁྲུ་གང་གིས་གླིང་བཞི་པ་ལ་སོགས་པའི་ཚད་རྣམ་པར་གཞག་པ་གང་ཡིན་པ་དེ་གཟུང་བར་བྱའོ། །དགུན་རྣམས་ཀྱི་ཞེས་བྱ་བ་ནི་དཔེར་ན་དབྱར་རྣམས་ཞེས་བྱ་བ་དོན་གཅིག་ལ་ཡང་མང་པོའི་ཚིག་གྲགས་པ་ལྟར་དགུན་རྣམས་དང་དཔྱིད་རྣམས་ཞེས་བྱ་བ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །གསུང་རབ་ལས་ནི་དུས་གསུམ་ཁོ་ན་ཡིན་གྱི། འཇིག་རྟེན་པའི་ལྟ་བུར་དྲུག་ནི་མ་ཡིན་ཏེ། དགུན་སྟོད་ནི་གྲང་བར་འདྲ་བའི་ཕྱིར་དགུན་དུ་བཤད་དོ། །སོས་ཀ་ནི་ཚ་བར་འདྲ་བའི་ཕྱིར་དཔྱིད་དུ་བཤད་དོ། །སྟོན་སྨད་ནི་ཆར་པ་
འབབ་ཏུ་འདྲ་བའི་ཕྱིར་དབྱར་དུ་བཤད་དེ། དེ་ལྟར་དགུན་དང་དཔྱིད་དང་དབྱར། །ཞེས་བྱ་བ་དག་ཡིན་ནོ། །སངས་རྒྱས་པ་ཐམས་ཅད་ཀྱི་དུས་དང་པོ་ནི་དགུན་དག་ཡིན་ནོ། །གཉིས་པ་ནི་དཔྱིད་དོ། །གསུམ་པ་ནི་དབྱར་རོ། །དེ་ལ་འདི་ལ་ཕྱེད་ལྷག་པ་ཡོད་པས་ན་ཟླ་བ་ཕྱེད་དང་གཉིས་སོ། །ཕྱེད་དང་གཉིས་པོ་དེ་འདས་ནས་ཏེ་དགུན་ཟླ་ར་བ་དགུན་ཟླ་འབྲིང་པོ་ཕྱེད་དང་བཅས་པར་འདས་ནས་ལྷག་མ་ཟླ་བ་ཕྱེད་ནི་ལུས་པ་ན་སྟེ། དགུན་ཟླ་འབྲིང་པོ་ཕྱེད་ལས་པ་ན་མར་གྱི་ངོའི་ཚེས་བཅུ་བཞི་ལ་མཁས་པ་སངས་རྒྱས་པ་རྣམས་ཀྱིས་ཞག་མི་ཐུབ་པ་སྟེ་ཞག་གི་ཤོལ་དོར་བར་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་ནི་དགེ་སྦྱོང་རྣམས་ཀྱི་བཅུ་བཞི་པའི་གསོ་སྦྱོང་བྱེད་དོ། །དེ་བཞིན་དུ་དགུན་ཟླ་ཐ་ཆུངས་དཔྱིད་ཟླ་ར་བའི་ཕྱེད་དང་བཅས་ཏེ་འདས་ན་དཔྱིད་ཟླ་ར་བའི་ཕྱེད་ལུས་པ་ན་ཡང་ཞག་གི་ཤོལ་གཞན་དོར་བར་བྱའོ། །དེ་བཞིན་དུ་དཔྱིད་དག་ལ་ཡང་དཔྱིད་ཟླ་ཐ་ཆུངས་མར་གྱི་ངོའི་ཚེས་བཅུ་བཞི་དང༌། དབྱར་ཟླ་འབྲིང་པོ་མར་གྱི་ངོའི་ཚེས་བཅུ་བཞི་ལ་ཡང་ཞག་གི་ཤོལ་གཞན་དག་དོར་བར་བྱའོ། །དབྱར་དག་ན་ཡང་སྟོན་ཟླ་ར་བ་མར་གྱི་ངོའི་ཚེས་བཅུ་བཞི་དང༌། སྟོན་ཟླ་ཐ་ཆུངས་མར་གྱི་ངོའི་ཚེས་བཅུ་བཞི་ལ་གཞག་གི་ཤོལ་གཞན་དག་དོར་བར་བྱའོ། །འགྲོ་བ་འཇིག་པ་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པའི་འགྲོ་བ་ལྔ་འགྲོ་བའི་ཕྱོགས་གཅིག་པ་ལྷའི་འགྲོ་བར་འཇིག་པ་སྟེ། གཅིག་ཏུ་འདུ་བར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ །ཁམས་འཇིག་པ་ཞེས་བྱ་བ་ནི་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དག་འཇིག་པའོ། །སེམས་ཅན་འཇིག་པ་ཞེས་བྱ་བ་ནི་གང་གི་ཚེ་སེམས་ཅན་དག་ཁོ་ན་འཇིག་ཅིང་བསམ་གཏན་དག་ཏུ་གཅིག་ཏུ་འདུ་བར་འགྱུར་བ་ཡིན་གྱི་དེའི་ཚེ་སྣོད་དག་འཇིག་ཅིང་ཉམས་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སྣོད་འཇིག་པ་ཞེས་བྱ་བ་ནི་གང་གི་ཚེ་སྣོད་ཁོ་ན་འཇིག་པར་འགྱུར་གྱི་སེམས་ཅན་མ་ཡིན་པ་སྟེ། དེ་ན་སེམས་ཅན་འགའ་ཡང་མེད་པའི་ཕྱིར་རོ། །གང་འཇིག་རྟེན་འདི་ཆགས་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དམྱལ་བར་སྐྱེས་པ་ནས་བརྩམས་ཏེ་བར་གྱི་བསྐལ་པ་ཉི་ཤུར་འཇིག་རྟེན་གང་ཡིན་པ་འདི་འདུག་པར་གྱུར་པ་ལས་
ནི་ངེས་པར་བྱུང་བ་སྟེ། དེ་ཚར་ཕྱིན་པར་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་ནི་ཞུགས་པ་ཞེས་བརྗོད་པར་བྱ་ཞེས་བྱ་བ་ནི་འཇིག་པ་དེ་མགོ་ཟུག་གོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དུད་འགྲོ་མྱོང་བར་འགྱུར་བ་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཚེ་དུད་འགྲོ་དག་ན་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན་དེ་ཙམ་གྱིས་འདི་ལྟ་སྟེ། དུད་འགྲོ་འཇིག་པས་འཇིག་རྟེན་འདི་ཞིག་པ་ཡིན་ནོ། །དེའི་ཚེ་གང་ལ་ངེས་པར་དུད་འགྲོ་མྱོང་བར་འགྱུར་བའི་ལས་ཡོད་པ་དེ་ནི་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་འཕེན་པར་འགྱུར་ཏེ་ཞེས་བྱ་བ་དང༌། དེ་བཞིན་དུ་གང་གི་ཚེ་ཡི་དགས་དག་ན་ཞེས་བྱ་བ་རྒྱས་པར་ཡི་དགས་འཇིག་པ་ཡང་སྦྱར་བར་བྱ་བ་ཡིན་ནོ། །མི་དང་ལྷན་ཅིག་རྒྱུ་བ་རྣམས། །ཞེས་བྱ་བ་ནི་མི་དང་ལྷན་ཅིག་རྒྱུ་བའི་ངང་ཚུལ་ཅན་ཏེ་བ་ལང་དང་མ་ཧེ་ལ་སོགས་པའོ། །མི་དག་གི་ནང་ན་ཞེས་བྱ་བ་ནི་འཛམ་བུའི་གླིང་གི་མི་དག་གི་ནང་ན་ཞེས་བྱ་བའི་ཐ་ཚིག་གོ །ཆོས་ཉིད་ཀྱིས་ཐོབ་པ་ཞེས་བྱ་བ་ནི་དེའི་ཚེ་ཆོས་དགེ་བ་རྣམས་ཀྱིས་འགྱུར་བའི་བྱེ་བྲག་ནི་ཆོས་ཉིད་ཅེས་བྱ་སྟེ། འདི་ལ་དེས་ཐོབ་པ་ཡོད་པས་ན་ཆོས་ཉིད་ཀྱིས་ཐོབ་པའོ། །ཤར་གྱི་ལུས་འཕགས་དང་ནུབ་ཀྱི་བ་ལང་སྤྱོད་འཇིག་པ་དག་ཀྱང་དེ་བཞིན་དུ་སྦྱར་བར་བྱའོ། །བྱང་གི་སྒྲ་མི་སྙན་འཇིག་པ་ནི་འདི་སྐད་བརྗོད་པར་བྱ་སྟེ། གང་གི་མི་རྣམས་བྱང་གི་སྒྲ་མི་སྙན་ནས་འཆི་འཕོ་བ་ཁོ་ནར་འགྱུར་ཞིང་སྐྱེ་བར་མི་འགྱུར་བ་དེ་ལྟ་བུའི་དུས་ཀྱང་ཡོད་དེ། གང་གི་ཚེ་དེ་ན་སེམས་ཅན་གཅིག་ཀྱང་མ་ལུས་པར་གྱུར་པ་ན་དེ་ཙམ་གྱིས་བྱང་གི་སྒྲ་མི་སྙན་འཇིག་པས་འཇིག་རྟེན་འདི་ཞིག་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེའི་ཕྱིར་དེ་སྐད་བརྗོད་ཀྱི་འཛམ་བུའི་གླིང་འཇིག་པ་ལ་སོགས་པ་ལྟ་བུར་ནི་མ་ཡིན་ཞེ་ན། དེ་ན་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བྱང་གི་སྒྲ་མི་སྙན་དེ་ན་འདོད་ཆགས་དང་བྲལ་བ་མེད་པའི་ཕྱིར་རོ། །སེམས་ཅན་རྣམས་ཀྱི་དེ་འཕེན་པའི་ལས་ཡོངས་སུ་ཟད་པ་དང་ཞེས་བྱ་བ་ནི་སྣོད་འཕེན་པར་བྱེད་ཅིང་སྣོད་སྐྱེད་པར་བྱེད་པ་ཡོངས་སུ་ཟད་པ་དང་ཞེས་བྱ་བའི་ཐ་ཚིག་གོ །འདི་ཉིད་ནས་ཀུན་ནས་ཞེས་བྱ་བ་ནི་གླིང་བཞི་པ་ཀུན་ནས་ཞེས་བྱ་བའི་ཐ་ཚིག་གོ །ཚངས་པའི་གཞལ་མེད་ཁང་གི་བར་སྲེག་
པར་འགྱུར་རོ་ཞེས་བྱ་བ་ནི་འགྲོ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །མེ་ལྕེ་དེ་ཡང་དེའི་ས་པ་ཁོ་ན་ཞེས་བྱ་བ་ནི་བསམ་གཏན་དང་པོའི་ས་པའོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། རིས་མི་མཐུན་ཞིང་མི་འདྲ་བའི་སྐྱོན་ཏེ་གནོད་པ་མེ་ལ་སོགས་པ་འགྲོ་ཞིང་སྲེག་པར་འགྱུར་བ་ནི་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །སྨྲས་པ། གལ་ཏེ་དེ་ལྟ་ཡིན་ན་ཅིའི་ཕྱིར་དེ་ཉིད་ལས་ཞེས་བྱ་བ་འདི་རྒྱས་པར་བརྗོད་ཅེ་ན། དེའི་ཕྱིར། དེ་དང་འབྲེལ་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གཟུགས་ན་སྤྱོད་པའི་མེ་ལྕེ་ནི་འདོད་པ་ན་སྤྱོད་པའི་མེ་ལྕེ་དེ་དང་འབྲེལ་པ་ལས་བྱུང་བ་ཡིན་ནོ། །དེའི་ངོ་བོ་ཉིད་དེ་དེའི་ཕྱིར་རོ། །དེ་བཞིན་དུ་འཇིག་པ་གཞན་དག་ལ་ཡང་ཅི་རིགས་པར་བརྗོད་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་མེས་འཇིག་པ་ཇི་སྐད་དུ་བཤད་པ་དེ་བཞིན་དུ་འཇིག་པ་གཞན་རླུང་གིས་འཇིག་པ་ལ་ཡང་ཅི་རིགས་པར་རིག་པར་བྱ་སྟེ། ཇི་ལྟར་ཞེ་ན། དེ་ཙམ་གྱིས་འདི་ལྟ་སྟེ། སེམས་ཅན་ཞིག་པས་འཇིག་རྟེན་འདི་ཞིག་པ་ཡིན་ནོ་ཞེས་བྱ་བའི་བར་དམྱལ་བ་ལ་སོགས་པ་འཇིག་པ་སྔ་མ་བཞིན་དུ་བརྗོད་ནས་ དེའི་འོག་ཏུ ་སྣོད་སྟོང་པར་ལྷན་ཅིག་སྐྱེས་པའི་ཆུའི་ཁམས་གང་གིས་སྣོད་ཀྱི་འཇིག་རྟེན་ལན་ཚྭ་ལ་བྱ་བ་བཞིན་དུ་འཇུ་བར་བྱེད་པ་འབྱུང་ངོ༌། །འདོད་པ་ན་སྤྱོད་པའི་ཆུའི་ཁམས་དེ་ནི་བསམ་གཏན་དང་པོའི་ས་པ་ཆུའི་ཁམས་དང་འབྲེལ་པར་བྱེད་ཅིང༌། དེ་ཡང་བསམ་གཏན་གཉིས་པའི་ས་པ་དང་འབྲེལ་པར་བྱེད་ལ། ས་གཉིས་པའི་ཆུའི་ཁམས་དེ་དག་ཀྱང་རང་རང་གི་སྣོད་དང་ལྷན་ཅིག་འགག་པར་འགྱུར་རོ། །རླུང་གིས་འཇིག་པ་ཡང་དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་རླུང་ལྡང་ངོ་ཞེས་བྱ་བ་རྒྱས་པར་བརྗོད་པར་བྱའོ། །ཇི་ལྟར་ཞེ་ན། རླུང་གི་ཁམས་ལྷན་ཅིག་སྐྱེས་པ་གང་གིས་འདོད་པ་ན་སྤྱོད་པའི་སྣོད་ཀྱི་འཇིག་རྟེན་ནས་རིམ་གྱིས་བསམ་གཏན་གསུམ་པའི་ས་པའི་བར་རྡུལ་གྱི་ཕུང་པོ་ལ་བྱ་བ་བཞིན་དུ་རྣམ་པར་འཐོར་བར་བྱེད་ཅིང་རྣམ་པར་འཇིག་པར་བྱེད་པ་གང་ཡིན་པ་ལྡང་ཞེས་བྱ་བའི་བར་སྔ་མ་བཞིན་བརྗོད་ནས་དེ་ཉིད་དང་ལྷན་ཅིག་འགག་པར་འགྱུར་རོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱ་བ་ཡིན་ནོ། །འཆགས་པའི་བསྐལ་པའི་ཚུལ་རྒྱས་པར་བཤད་པར་འདོད་ནས། དེ་ལྟར་འཇིག་རྟེན་ཞིག་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་བརྗོད་པ་ལྟར་རོ། །དེའི་ཚེ་ཞེས་བྱ་བ་རྒྱས་པར་འབྱུང་བ་
ནི་གང་གི་ཚེ་ནམ་མཁའ་ལ་རླུང་འཇམ་པོ་འཇམ་པོ་དག་ལྡང་བ་དེ་ནས་གཟུང་སྟེ་འཇིག་རྟེན་འདི་ཞིག་ནས་པར་གྱི་བསྐལ་པ་ཉི་ཤུར་འདུག་པ་གང་ཡིན་པ་དེ་ལས་ནི་ངེས་པར་འབྱུང་ཞིང་ཡོངས་སུ་རྫོགས་པ་ཞེས་བརྗོད་པར་བྱའོ། །དེ་ནི་ཉེ་བར་འོངས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་དེ་མགོ་ཟུག་པར་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཇི་སྐད་བཤད་པའི་རིམ་པ་དང་ཚུལ་དུ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རིམ་པ་དང་ཚུལ་དུ་ཐམས་ཅད་འབྱུང་བ་སྟེ། ཇི་སྐད་བཤད་པའི་རིམ་པ་ནི་རླུང་གི་དཀྱིལ་འཁོར་དང༌། ཆུའི་དཀྱིལ་འཁོར་དང༌། དེ་ནས་གསེར་གྱི་རང་བཞིན་གྱི་ས་གཞི་དང༌། དེའི་འོག་ཏུ ་རི་རབ་ལ་སོགས་པའོ་ཞེས་བྱ་བའོ། །ཇི་སྐད་བཤད་པའི་ཚུལ་ནི་གང་གི་ཚུལ་སྲིད་དང་ཟབས་དང་རྒྱ་དང་དབྱིབས་ཀྱི་མཚན་ཉིད་བཤད་པ་གང་ཡིན་པ་དེ་དེ་ལྟར་ཐམས་ཅད་འབྱུང་བའོ། །དང་པོར་ནི་ཚངས་པའི་གཞལ་མེད་ཁང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལུགས་ཀྱིས་ན་ཐ་མར་འཇིག་པ་གང་ཡིན་པ་དེ་ནི་དང་པོར་འཆགས་པ་ཡིན་ནོ། །དེའི་ཕྱིར་དང་པོར་ནི་ཚངས་པའི་གཞལ་མེད་ཁང་འབྱུང་ངོ༌། །དེའི་འོག་ཏུ་ནི་འཐབ་བྲལ་བའི་བར་དུའོ་ཞེས་བྱ་བ་སྨོས་ཏེ། བར་དུ་ཞེས་བྱ་བའི་སྒྲས་ནི་ཚངས་པའི་གཞལ་མེད་ཁང་གི་འོག་ཏུ་གཞན་འཕྲུལ་དབང་བྱེད་ཀྱི་གཞལ་མེད་ཁང་ངོ༌། །དེའི་འོག་ཏུ་འཐབ་བྲལ་བའི་གཞལ་མེད་ཁང་གི་བར་དུ་འབྱུང་ངོ་ཞེས་བྱ་བར་བསྡུའོ། །འཐབ་བྲལ་བའི་གཞལ་མེད་ཁང་བྱུང་བ་ དེའི་འོག་ཏུ ་ནི་རླུང་གི་དཀྱིལ་འཁོར་ལ་སོགས་པའོ། །འདི་ལྟ་སྟེ། སྣོད་ཆགས་པས་ནི་སེམས་ཅན་ཆགས་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཚངས་པའི་གཞལ་མེད་ཁང་སྟོང་པར་སྐྱེ་བར་འགྱུར་ཞེས་བྱ་བ་ནི་ཚངས་པ་ཆེན་པོའོ། །སེམས་ཅན་གཞན་དག་ཀྱང་ཞེས་བྱ་བ་ནི་དེའི་འཁོར་རྣམས་སོ། །དེ་ནས་ཤི་འཕོས་ནས་ཚངས་པའི་མདུན་ན་འདོན་དག་ཏུ་ཞེས་བྱ་བ་ནི་འོད་གསལ་བ་དག་ནས་སོ། །དེ་ལས་ནི་ངེས་པར་འབྱུང་བ་ཡིན་ཞེས་བྱ་བ་ནི་འཇིག་རྟེན་ཆགས་པ་དེ་ལས་ནི་ངེས་པར་འབྱུང་ཞིང་ཡོངས་སུ་རྫོགས་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་ཉེ་བར་འོངས་པ་ཡིན་ནོ་ཞེས་བྱ་བ་ནི་ཆགས་ནས་གནས་པར་བྱད་པའི་མགོ་ཟུག་གོ་ཞེས་བྱ་བའི་ཐ་ཚིག་གོ །མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་ལ་བར་གྱི་བསྐལ་པ་
བཅུ་དགུ་འདའ་བར་འགྱུར་རོ་ཞེས་བྱ་བ་ནི་བསྐལ་པ་བར་མ་གཅིག་ནི་ཚངས་པའི་འཇིག་རྟེན་གྱི་གཞལ་མེད་ཁང་ལ་སོགས་པ་སྣོད་འགྲུབ་པས་འདའ་བར་འགྱུར་ཏེ། དེའི་ཕྱིར་དམྱལ་བར་སེམས་ཅན་བྱུང་གི་བར་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ལ་ལྷག་མར་བར་གྱི་བསྐལ་པ་བཅུ་དགུ་འདའ་བར་འགྱུར་རོ། །ཆགས་པའི་གནས་སྐབས་དེ་ལས་འདའ་བ་ཡང་དེ་ལྟ་བུར་ཁོང་དུ་ཆུད་པར་བྱའོ། །དམྱལ་བའི་སེམས་ཅན་བྱུང་ནས་ནི་ཆགས་པའི་གནས་སྐབས་གནས་སྐབས་ཀྱི་མགོ་ཟུག་པ་ཡིན་ནོ་།ཚེ་དཔག་ཏུ་མེད་པ་ཉིད་ནས་འགྲིབ་པ་ན། ཚེ་ལོ་བཅུ་པའི་བར་དུ་འགྱུར་པ་འདི་ནི་ཆགས་པའི་གནས་སྐབས་ཀྱི་བར་གྱི་བསྐལ་པ་གཅིག་ཡིན་ཏེ། དེའི་ཕྱིར། འདི་ནི་ཆགས་ནས་གནས་སྐབས་ཀྱི་བར་གྱི་བསྐལ་པ་དང་པོ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །དེ་ཡང་ཡར་སྐྱེ་མར་མ་འབྲི་བའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དང༌། །དེ་ནས་ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། དེ་ལྟར་ན་ཆགས་པའི་གནས་སྐབས་ཀྱི་ཚད་ནི་བར་གྱི་བསྐལ་པ་ཉི་ཤུ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །སིལ་བུ་ཞེས་བྱ་བ་ནི་ལུང་བཞིའི་ནང་དུ་མ་གཏོགས་པའོ་ཞེས་བྱ་བའི་ཐ་ཚིག་གོ །བར་ནས་བརྒྱད་ནི་མ་རྙེད་དོ། །ཞེས་བྱ་བ་ནི་ཕྱོགས་འགའ་ཞིག་ནས་བརྒྱད་ཆད་པའི་ཕྱིར་མ་བཏོན་ཏེ། དེས་ན་གནས་ལྔ་བཅུ་རྩ་གཉིས་སུ་འགྱུར་རོ། །གྲངས་ཀྱི་གནས་དྲུག་ཅུར་བྱ་དགོས་ཏེ། བདག་ཉིད་ཀྱིས་གང་གིས་ན་གྲངས་ཀྱི་གནས་དྲུག་ཅུར་ཁ་སྐོང་བར་འགྱུར་བ་བརྒྱད་པོ་དེ་དག་མིང་གང་ཡང་རུང་བ་ཞིག་བཏགས་ནས་གདོན་པར་བྱའོ། །གྲངས་མེད་པ་ཞེས་བྱ་བ་ལ་གྲངས་མེད་པ་ནི་གྲངས་ཀྱིས་བགྲང་བར་བྱ་བ་མེད་པ་ལ་གྲངས་མེད་པ་ཞེས་བྱ་བའོ། །གལ་ཏེ་དེ་ལྟ་ན་གྲངས་པ་མེད་པ་གསུམ་ལ་སངས་རྒྱས་འབྱུང་ངོ་ཞེས་ཇི་སྐད་དུ་བཤད་ཅེ་ན། དེ་ནི་ཉེས་པ་མེད་དེ། འདི་དག་ལས་གྲངས་གཞན་མེད་པས་གྲངས་མེད་པ་སྟེ། བསྐལ་པ་གྲངས་མེད་པ་ཡིན་ནོ། །གྲངས་མེད་པ་དང་གྲངས་མེད་པ་ཡིན་པས་ན་གྲངས་མེད་པ་དག་སྟེ། དེ་གསུམ་མོ། །བསྐལ་པ་དེ་གྲངས་མེད་པ་གསུམ་ལ་འབྱུང་བས་ན་དེ་གྲངས་མེད་གསུམ་ལ་སངས་རྒྱས་འབྱུང་ངོ་ཞེས་དེ་ནི་དེ་སྐད་དུ་བཤད་པར་བྱ་བ་ཡིན་ནོ། །དེ་འདོད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་གཞན་གྱི་དོན་གང་ཡིན་པ་དེ་འདོད་པའི་ཕྱིར་ཏེ། མངོན་པར་འདོད་པ་གང་ཡིན་པ་དེ་ནི་རང་གི་དོན་ཡིན་པར་མཐོང་ངོ༌། །
རྒྱུ་དེས་ཞེས་བྱ་བ་ནི་བདག་ཏུ་ཆགས་པའི་རྒྱུས་སོ། །རང་གི་རྒྱུད་ལ་ཡོད་པའི་འདུ་བྱེད་དེ་དག་ལས་བདག་ཏུ་ཆགས་པ་བཟློག་ནས་སྙིང་རྗེའི་མཚན་ཉིད་ཀྱི་ལྟ་བ་བསྐྱེད་དེ་རྒྱུ་དེས་ལྟ་བའི་རྒྱུ་དེས་སྡུག་བསྔལ་དག་མྱོང་བར་འགྱུར་རོ་སྙམ་དུ་ཡིད་ཆེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །འབྲིང་པོ་སྡུག་བསྔལ་ལྡོག་པ་ཁོ་ནའོ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ནི་སྡུག་བསྔལ་ལྡོག་པ་ཁོ་ན་སྟེ། ཐར་པ་ཁོ་ན་དོན་དུ་གཉེར་བར་བྱེད་ཀྱི་འཁོར་བའི་བདེ་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་དེ་ནི་སྡུག་བསྔལ་གནས་ཡིན་ཕྱིར། །འདི་ལྟར་འཁོར་བ་པའི་བདེ་བ་དེ་ནི་སྡུག་བསྔལ་གྱི་གནས་ཡིན་ནོ། །དམ་པ་བྱང་ཆུབ་སེམས་དཔའ་ནི་རང་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་རྣམས་ཀྱིས་གཞན་དག་ལ་བདེ་བ་མངོན་པར་མཐོ་བ་དང་གཞན་དག་ལ་སྡུག་བསྔལ་གཏན་ལྡོག་པ་ཁོ་ན་སྟེ་ངེས་པར་ལེགས་པའི་ངོ་བོ་ཉིད་དོན་དུ་གཉེར་རོ། །ཡང་ན་གཞན་དག་ལ་ནི་བདེ་བ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་དོན་དུ་གཉེར་ལ་བདག་ཉིད་ཀྱི་ནི་སྡུག་བསྔལ་གཏན་དུ་ལྡོག་པ་ཁོ་ན་སྟེ། སངས་རྒྱས་ཉིད་ཀྱི་མཚན་ཉིད་གཞན་དག་ལ་ཕན་པ་བྱ་བའི་ཐབས་སུ་གྱུར་པ་དོན་དུ་གཉེར་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེའི་སྡུག་བསྔལ་གྱིས་དེ་སྡུག་བསྔལ་ཕྱིར་འདི་ལྟར་གཞན་གྱི་སྡུག་བསྔལ་དག་གིས་བྱང་ཆུབ་སེམས་དཔའ་དེ་སྡུག་བསྔལ་བར་གྱུར་ཏེ། དེ་ཉིད་ཀྱི་ཕྱིར་བདེ་བ་རྣམ་པ་གཉིས་དོན་དུ་གཉེར་བར་བྱེད་དོ། །མར་འགྲིབ་པའི་འོག་ཏུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལོ་བརྒྱ་མན་ཆད་ནི་སྙིགས་མ་ལྔ་ཤིན་ཏུ་ལྷག་པ་ཡིན་ཏེ་མངོན་པར་ལྷག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ལོ་བརྒྱ་པ་ན་ལྷག་པ་ནི་ཡིན་མོད་ཀྱི། ཕྱིས་ཇི་ལྟ་བར་ཤིན་ཏུ་ལྷག་པ་ནི་མ་ཡིན་ནོ། །ཚེའི་སྙིགས་མ་ཞེས་བྱ་བ་ནི་ངན་སྙིགས་སུ་གྱུར་ཅིང་ཐ་ཆད་ཡིན་པས་ན་སྙིགས་མའོ། །ཚེ་ཉིད་སྙིགས་མ་ཡིན་པས་ན་ཚེའི་སྙིགས་མ་སྟེ། དུས་ཀྱི་སྙིགས་མ་ལ་སོགས་པ་ཡང་དེ་དང་འདྲའོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་ཚེའི་སྙིགས་མས་ནི་སྲོག་རྒུད་པར་བྱེད་དོ། །དུས་ཀྱི་སྙིགས་མས་ནི་ཡོ་བྱད་རྒུད་པར་བྱེད་དོ། །འབྲུ་དང་མེ་ཏོག་དང་འབྲས་བུ་དང་སྨན་ལ་སོགས་པའི་ཡོ་བྱད་དེ་དག་རོ་དང་ནུས་པ་དང་སྨིན་པ་དང་མཐུ་ཆུང་བར་འགྱུར་བས་སོ། །གཉིས་ཀྱིས་ནི་དགེ་བའི་ཕྱོགས་རྒུད་པར་བྱེད་དོ་
ཞེས་བྱ་བ་ནི་ཉོན་མོངས་པའི་སྙིགས་མ་དང་ལྟ་བའི་སྙིགས་མས་དགེ་བའི་ཕྱོགས་རྒུད་པར་བྱེད་དོ། །ཇི་ལྟ་ཞེ་ན། འདོད་པའི་བསོད་ཉམས་དང༌། བདག་ངལ་བ་ལ་རྩོམ་པའི་དབང་དུ་བྱས་ནས་ཞེས་བྱ་བ་སྨོས་ཏེ། འདོད་པའི་བདེ་བ་ཉིད་དམ་འདོད་པའི་བདེ་བ་ལ་ཆགས་པས་ན་འདོད་པའི་བསོད་ཉམས་སོ། །ཡང་ན་འདོད་པའི་བསོད་ནམས་ནི་འདོད་པའི་སྲེད་པ་སྟེ། གང་གིས་འདོད་པའི་བདེ་བ་ལ་ཆགས་པར་འགྱུར་བའོ། །བདག་ངལ་བ་ནི་བདག་ལ་ཉེ་བར་གདུང་བ་སྟེ་བདག་ཉིད་ལ་གནོད་པ་ཞེས་བྱ་བའི་ཐ་ཚིག་གོ །འདོད་པའི་བསོད་ཉམས་དང་བདག་ངལ་བ་ལ་རྩོམ་པ་ནི་བསྟེན་པ་སྟེ་དེའི་དབང་དུ་བྱས་པའོ། །དེ་ལྟ་བས་ན་འདི་སྐད་དུ་ཉོན་མོངས་པ་དང་ལྟ་བའི་སྙིགས་མ་དག་གིས་ནི་འདོད་པའི་བསོད་ཉམས་ལ་རྩོམ་པ་དང་བདག་ངལ་བ་ལ་རྩོམ་པའི་དབང་དུ་བྱས་ཤིང་བརྩམས་ནས་དགེ་བའི་ཕྱོགས་རྒུད་པར་འགྱུར་རོ་ཞེས་བཤད་པ་ཡིན་ཏེ། རེ་ཞིག་དེ་ལྟ་བུ་ནི་ཁྱད་པར་མེད་པར་བསྟན་པ་ཡིན་ནོ། །ཡང་ན་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ཀྱི་སྟེ། གོ་རིམས་བཞིན་དུ་ཉོན་མོངས་པའི་སྙིགས་མས་ནི་ཁྱིམ་པའི་ཕྱོགས་ཀྱི་དགེ་བ་རྒུད་པར་བྱེད་དོ། །ལྟ་བའི་སྙིགས་མས་ནི་རབ་ཏུ་བྱུང་བའི་ཕྱོགས་ཏེ། ཁྱིམ་པ་རྣམས་ནི་འདོད་པའི་གཙོར་བྱེད་པ་ཡིན་ལ། རབ་ཏུ་བྱུང་བ་རྣམས་ནི་ལྟ་བ་གཙོ་བྱེད་པ་ཡིན་ནོ། །གཅིག་གིས་ནི་ཞེས་བྱ་བ་ནི་སེམས་ཅན་གྱི་སྙིགས་མས་སོ། །རང་སངས་རྒྱས་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ནི་འདི་ལྟར་བསེ་རུ་ལྟ་བུ་འབའ་ཞིག་ཏུ་མ་ཟད་ཀྱི་ཉན་ཐོས་སྔོན་དུ་འགྲོ་བ་ཚོགས་ཤིང་སྤྱོད་པ་རྣམས་ཀྱང་རང་སངས་རྒྱས་ཡིན་པས་སོ། །དེ་ལྟ་བས་ན་དེ་དག་ཡར་སྐྱེ་བའི་ཚེ་ཡང་འབྱུང་བ་ལ་འགལ་བ་མེད་དེ་གང་དག་གིས་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྐྱེད་ལ། སངས་རྒྱས་ཀྱི་བསྟན་པ་ནུབ་པ་དང་བདག་ཉིད་ཀྱིས་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་དེ་དག་ནི་ཚོགས་ཤིང་སྤྱོད་པ་ཡིན་ལ། དེ་དག་ཀྱང་སྔོན་སངས་རྒྱས་བྱུང་བའི་ཚེ་ཉིད་ན་སྐྱོ་བར་བྱས་ཟིན་པའི་ཕྱིར་ཡང་སྐྱོ་བར་བྱ་མི་དགོས་པས་སོ། །དེའི་ཕྱིར་སྤྱོད་ལམ་བསྟན་པས་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་སྤྱོད་ལམ་བསྟན་པས་ཏེ་ཏིང་ངེ་འཛིན་དང་མཐུན་པའི་སྐྱིལ་མོ་ཀྲུང་བཅའ་བ་སྟན་པས་སོ། །འཕགས་པ་དག་ཅིག་ཡིན་ན་ནི་དཀའ་ཐུབ་དྲག་པོ་དག་གིས་གདུང་བར་མི་འགྱུར་
རོ་ཞེས་བྱ་བ་ནི་བདེན་པ་མཐོང་བའི་དུས་ཉིད་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྤངས་པའི་ཕྱིར་ལ། དཀའ་ཐུབ་དྲག་པོ་བྱེད་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །བསེ་རུ་ལྟ་བུ་རྣམས་ཞེས་བྱ་བ་ནི་ཇི་ལྟར་བསེ་རུ་དག་གཉིས་པ་མེད་པ་དེ་བཞིན་དུ། དེ་དག་ཀྱང་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང༌། རང་སངས་རྒྱས་གཞན་དག་དང་མི་འདྲ་བར་གནས་པས་ན་བསེ་རུ་ལྟ་བུ་ཞེས་བྱའོ། །བསྐལ་པ་བརྒྱའི་རྒྱུས་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བྱང་ཆུབ་ཀྱི་རྒྱུ་བསགས་པས་ཞེས་བྱ་བའི་ཐ་ཚིག་གོ ། དེ་ཉིད་ཀྱི་ཕྱིར། །བསྐལ་པ་ཆེན་པོ་བརྒྱར་བྱང་ཆུབ་ཀྱི་ཚོགས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་མཚན་ཉིད་དག་ལ་སྤྱད་ཅིང་སྦྱོར་བ་བྱས་པས་ཞེས་བྱ་བ་སྨོས་སོ། །དེ་དག་གིས་སྤྱོད་དོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་དག་གིས་སོ་སོ་ཡང་དག་པར་རིག་པ་ཐོབ་པར་མ་གྱུར་དུ་ཟིན་ཀྱང༌། འོན་ཀྱང་དེ་དག་གིས་སྨོན་ནས་ཤེས་པས་སྔོན་གྱི་སངས་རྒྱས་རྣམས་ཀྱི་བསྟན་པ་རྗེས་སུ་དྲན་ནས་ཀྱང་ཆོས་སྟོན་པར་སྤྱོད་དོ། །རྫུ་འཕྲུལ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཅན་ལ་ཕན་གདགས་པའི་དོན་དུ་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་རབ་ཏུ་སྟོན་པའི་ཕྱིར་རོ། །སེམས་ཅན་རྣམས་སྐལ་པ་དང་མི་ལྡན་པའི་ཕྱིར་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་ཆོས་སྟོན་པར་མི་མཛད་པ་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གང་གི་ཕྱིར་དེའི་ཚེ་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་དག་ཡོད་པ་དེའི་ཕྱིར་འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བ་དག་ཏུ་ཡང་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་རྒྱུ་དེ་དག་ཆོས་སྟོན་པའི་རྒྱུ་མ་ཡིན་ན་འོ་ན་རྒྱུ་གང་ཡིན་སྙམ་པ་ལ། འོ་ན་ཅི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སྔོན་གོམས་པའི་དབང་གིས་ཏེ། འདུ་འཛི་མེད་པ་ལ་གོམས་པའི་དབང་གིས་བསོད་ཉམས་ལ་མོས་པའི་ཕྱིར་ཏེ། དེ་ལ་འདོད་པ་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །འཁོར་ཡོངས་སུ་གཟུང་བར་འགྱུར་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་ཟབ་མོ་འཛིན་དུ་གཞུག་པའི་དོན་དུ་བྱེད་པར་མི་སྤྲོ་སྟེ། །དེ་ལྟ་བུ་བྱེད་ན་ནི་འཁོར་བསྡུ་དགོས་པར་འགྱུར་རོ། །འཁོར་ཡོངས་སུ་གཟུང་བར་འགྱུར་བ་ཡང་
ཅིའི་ཕྱིར་སྤང་ཞེ་ན། རྣམ་པར་གཡེང་བ་དང་འདུ་འཛིས་སྐྲག་པས་ཏེ་རྣམ་པར་གཡེང་བ་ནི་ཏིང་ངེ་འཛིན་ལ་སོགས་པ་མངོན་པར་འདོད་པའི་ལས་ལ་འཇུག་ཏུ་མི་བཏུབ་པའོ། །འདུ་འཛི་ནི་གཞན་དང་འདྲ་བ་སྟེ། རྣམ་པར་གཡེང་བ་དང༌། འདུ་འཛིས་འཇིགས་པ་ཉིད་ཀྱང་སྔོན་གོམས་པའི་དབང་གིས་ཡིན་ནོ། །འདི་ནི་བཏགས་པ་ལས་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་རྣམ་པ་བཞི་ནི་བཏགས་པའི་བསྟན་བཅོས་ལས་བསྟན་པ་ཡིན་ནོ་ཞེས་བྱ་བའོ། །མདོ་ལས་ནི་གཙོ་བོ་སྨོས་པའི་ཕྱིར་གསེར་གྱི་འཁོར་ལོས་སྒྱུར་བ་ཁོ་ན་བཤད་དོ། །སྔ་ཕྱི་མེད་པར་ཞེས་བྱ་བ་ནི་གཅིག་ནི་སྔ་ལ་ཅིག་ཤོས་ནི་འཕྱི་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ལྷན་ཅིག་ཏུ་ཞེས་བྱ་བའི་ཐ་ཚིག་གོ །གནས་མ་ཡིན་པ་ནི་ད་ལྟར་གྱི་དུས་ལ་ལྟོས་ནས་སོ། །གོ་སྐབས་མེད་པ་ནི་མ་འོངས་པ་ལ་ལྟོས་ནས་ཏེ་མ་འོངས་པའི་དུས་ན་ཡང་གཉིས་ཅིག་ཅར་འབྱུང་བ་མི་སྲིད་པའི་ཕྱིར་རོ།། །།བམ་པོ་ཉི་ཤུ་དགུ་པ། མཉམ་ཞིང་མཉམ་པ་ཞེས་བྱ་བ་ནི་བཟླས་པའོ། །ཡང་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱས་བཅོམ་ལྡན་འདས་མཉམ་པ་རྣམས་དང་མཉམ་པ་ཞེས་བྱ་བ་ནི་མཉམ་ཞིང་མཉམ་པའོ། །མངོན་པར་འདུ་མཛད་པ་མི་མངའ་བར་དེ་སྲིད་དུ་ཞེས་བྱ་བ་ནི་རྩོལ་བ་མི་མངའ་བར་འཇིག་རྟེན་གྱི་ཁམས་དེ་སྙེད་གཟིགས་པའི་ཕྱིར་རོ། །སྡེ་པ་གཞན་དག་ཅེས་བྱ་བ་ནི་དགེ་འདུན་ཕལ་ཆེན་སྡེ་ལ་སོགས་པའོ། །གཅིག་ཏུ་འབྱུང་བར་ཡང་མི་རུང་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་སུའོ། །མིའི་ཚེ་ཞེས་བྱ་བ་ནི་མིའི་ཚེ་ནི་མིའི་ཚེ་སྟེ་དེ་ཙམ་དུ་བཞུགས་པས་ལྟ་བ་ཞེས་བྱ་བར་སྦྱར་རོ། །དབང་པོ་འདི་ཞེས་བྱ་བ་ནི་དད་པ་ལ་སོགས་པའོ། །ཡན་ལག་འདི་ཞེས་བྱ་བ་ནི་རྐྱེན་འདིའོ། །ཅི་འཇིག་རྟེན་གྱི་ཁམས་གཅིག་གི་དབང་དུ་མཛད་ནས་ཞེས་བ་བ་ནི་འདི་གླིང་བཞི་པའམ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་གི་དབང་དུ་མཛད་ནས་གསུངས་པ་ཞིག་གམ་སྙམ་དུ་བསམས་པ་ཡིན་ནོ། །འཁོར་ལོས་སྒྱུར་བ་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་དེ་བཞིན་གཤེགས་པ་གཉིས་སྔ་ཕྱི་མེད་པར་འཇིག་རྟེན་དུ་འབྱུང་བ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་བྱ་བའི་བཀའ་འདིས་ནི་དེ་སྐད་དུ་བཤད་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་གྱི་ཁམས་གཞན་དུ་འབྱུང་
བ་བཀག་པ་ནི་མ་ཡིན་ཏེ། དཔེར་ན་འཁོར་ལོས་སྒྱུར་བ་དག་ལྟ་བུའོ། །འཁོར་ལོས་སྒྱུར་བ་རྣམས་ཀྱང་གང་འཁོར་ལོས་སྒྱུར་བ་གཉིས་སྔ་ཕྱི་མེད་པར་འཇིག་རྟེན་དུ་འབྱུང་བ་ནི་གནས་པ་མ་ཡིན་ཞིང་གོ་སྐབས་མེད་དེ་ཞེས་དེ་སྐད་དུ་ནི་བཤད་དོ། །སྐྱེ་བོ་ནི་མི་ཕལ་པ་དག་གོ །མི་ནི་བློ་གྲོས་དང་ལྡན་པ་དག་གོ །མཚོན་བརྩམས་པ་ནི་གཟས་པའོ། །ཁྱིམ་བདག་རིན་པོ་ཆེ་ནི་མཛོད་ཀྱི་སྤྱན་ལྟ་བུའོ། །བློན་པོ་རིན་པོ་ཆེ་ནི་དཔུང་གིས་སྤྱན་ལྟ་བུའོ། །དེ་དང་འབྲེལ་པར་འགྱུར་བ་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་དེ་དང་འབྲེལ་པའོ། །དེ་དང་འབྲེལ་པའམ་དེ་དང་འབྲེལ་པར་འགྱུར་བ་སྟེ། དེ་ལ་ཕན་ཞིང་དེའི་རྗེས་སུ་མཐུན་པ་ནི་དེ་དང་འབྲེལ་པར་འགྱུར་བའོ། །སེམས་ཅན་གང་གིས་ལས་དེ་བསགས་པ་ནི་འཁོར་ལོས་སྒྱུར་བ་དེ་བྱུང་ན་རང་གི་ལས་དག་ཁོ་ནས་སེམས་ཅན་དེ་སྐྱེད་པར་བྱེད་དོ། །སེམས་ཅན་འདི་ནི་འཁོར་ལོས་སྒྱུར་བའི་དགེ་བའི་རྣམ་པར་སྨིན་པ་འབྱུང་བའི་རྐྱེན་གྱི་དངོས་པོར་འགྱུར་བ་ཡིན་ལ། དགེ་བའི་རྣམ་པར་སྨིན་པ་དེ་ཡང་འཁོར་ལོས་སྒྱུར་བ་ཁོ་ན་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཤིན་ཏུ་ཡུལ་ན་གནས་པ་ཞེས་བྱ་བ་ནི་གནས་པ་མ་འགྲུབ་པའོ། །ཤིན་ཏུ་གསལ་བ་ནི་ཤིན་ཏུ་འོད་ཆགས་པའོ། །ཤིན་ཏུ་ཀུན་རྫོགས་པ་ནི་ཤིན་ཏུ་མ་ཚང་བ་མེད་པའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྐབས་སུ་ཡང་ཅི་ཞེས་བྱ་བ་ནས་རྒྱལ་པོ་དང་བཅས་པར་གྱུར་ཏམ་ཞེས་བྱ་བའི་བར་འདི་དཔྱད་པར་བྱའོ། །གཟུགས་ན་སྤྱོད་པ་བཞིན་དུ་གྱུར་ཏེ་ཞེས་བྱ་བའི་དོན་འདི་བསྟན་པའི་ཕྱིར། མདོ་ལས་གསུངས་སོ་ཞེས་བྱ་བ་མདོ་རྒྱས་པར་ཁྱེར་ཏེ་འོངས་ཏེ་གཟུགས་ལྟར་རུང་བའི་ཕྱིར་གཟུགས་དང་ལྡན་པའོ། །རྫུས་ཏེ་སྐྱེས་པ་ཡིན་པའི་ཕྱིར་ཡིད་ལས་བྱུང་བའོ། །ལག་པ་དང་རྐང་པ་དང༌། དེ་དག་གི་སོར་མོ་ལ་སོགས་པ་དང་ལྡན་པའི་ཕྱིར་ཡན་ལག་དང་ཉིད་ལག་ཐམས་ཅད་དང་ལྡན་པའོ། །དབང་པོ་ཚོགས་པའི་ཕྱིར་དབང་པོ་མ་ཚང་བ་མེད་པའོ། །ཞར་བ་དང༌། ལོང་བ་མེད་པའི་ཕྱིར་ངན་པ་མ་ཡིན་པའོ། །དབྱིབས་ལྟ་ན་སྡུག་པའི་ཕྱིར་མཛེས་པའོ། །མདོག་སྡུག་པའི་ཕྱིར་ཁ་དོག་ལ་གནས་པའོ། །ཉི་མ་ལ་སོགས་པའི་འོད་ལ་མི་ལྟོས་པའི་ཕྱིར་རང་གི་འོད་ཅན་ནོ། །ལས་ཀྱི་རྫུ་འཕྲུལ་དང་ལྡན་པས་ན་ནམ་མཁའ་ལ་རྒྱུ་བའི་ཕྱིར་ནམ་མཁའ་ལ་འགྲོ་བའོ། །ཁམ་གྱི་ཟས་ལ་མི་ལྟོས་པའི་ཕྱིར་
དགའ་བ་ཟ་ཞིང་ཟས་སུ་དགའ་བ་ཟ་བ་ཞེས་བྱ་བའི་རྣམ་གྲངས་དག་ཡིན་ཏེ། ཚེ་རིང་བ་ཡུན་རིང་པོར་གནས་པ་ཞེས་བྱ་བ་ཡང་དེ་དང་འདྲའོ། །སྦྲང་རྩིའི་རོ་བྲོ་བ་ཞེས་བྱ་བ་ནི་དེའི་རོ་སྦྲང་རྩི་བྲོ་བས་སོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཆུ་སྲིན་འཛིན་ཁྲི་ལྟ་བུའི་ཁམ་དུ་གྱུར་པའི་སེམས་ཅན་རྣམས་སོ། །འདོད་པ་ཉིད་འབྱུང་པོའི་གདོན་ཡིན་ལ་དེས་རློམ་པ་སྟེ་དེའི་རྩོམ་པའོ། །ནད་བཟའ་བར་བྱ་བ་ཞེས་བྱ་བ་ནི་སྔ་དྲོ་བཟའ་བར་བྱ་བའོ། །ནུབ་བཟའ་བར་བྱ་བ་ཞེས་བྱ་བ་ནི་ཕྱི་མ་ཕྲེད་བཟའ་བར་བྱ་བའོ། །གསོག་འཇོག་ནི་སྡུད་པ་སྟེ། ཞིང་རྣམས་བགོས་ནས་མ་རྨོས་མ་བཏབ་པའི་སཱ་ལུས་དེ་དག་གི་འཚོ་བ་བྱེད་པའོ། །རྒྱལ་རིགས་ལ་སོགས་པའི་མིང་རྣམས་ནི་ངེས་པའི་ཚིག་གི་ཚུལ་གྱིས་འགྲུབ་པོ། །ཚར་ཕྱིན་པ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའོ། །ཆོས་མ་ཡིན་པ་ལ་འདོད་ཆགས་ཀྱིས་ཆགས་པ་ཞེས་བྱ་བ་ནི་འདོད་པ་ལས་ལོག་པར་གཡེམ་པ་ལ་ལྷག་པར་ཞེན་པའོ། །ཡང་བ་ལ་ཆགས་པས་ཟིལ་གྱིས་ནོན་པ་ཞེས་བྱ་བ་ལ། ཡང་བ་ལ་ཆགས་པ་ནི་གཞན་གྱི་བདོག་པ་རྐུ་བའམ་མཐུས་བདག་གིར་བྱ་བར་འདོད་པ་སྟེ། དེས་ཟིལ་གྱིས་ནོན་པའོ། །ལོག་པའི་ཆོས་ཀྱི་ཀུན་ནས་དཀྲིས་པ་ཞེས་བྱ་བ་ནི་ཆོས་ལ་ལོག་པ་དང་ལྡན་པར་ཀུན་དུ་སྟོན་པར་བྱེད་དེ། ཕར་མི་འཛིན་མར་མི་འཛིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །ཡང་བར་གྱི་བསྐལ་པ་ཚར་ཕྱིན་པའི་ཚེ་ཞེས་བྱ་བ་ནི་འདི་ལ་བསྐལ་པ་ཚར་ཕྱིན་པ་ནི་གསུམ་དུ་བརྗོད་དེ་མཚོན་དང་ནད་དང་མུ་གེ་དག་གོ །ཅི་ཚེ་ལོ་བཅུ་པའི་བསྐལ་པ་འདི་ཚར་ཕྱིན་པར་རིམ་གྱིས་གསུམ་ཆར་འབྱུང་ངམ། འོན་ཏེ་རེ་རེ་ལ་རེ་རེ་ཞིག་འབྱུང་ཞེ་ན། རེ་ཞིག་ཁ་ཅིག་ནི་རེ་རེ་ཞིག་འབྱུང་ངོ་ཞེས་ཟེར་རོ། །གཞན་དག་ན་རེ་ནི་གཅིག་ལ་རིམ་གྱིས་གསུམ་ཆར་འབྱུང་སྟེ། དང་པོར་མུ་གེའོ། །དེའི་འོག་ཏུ་ནི་ནད་དོ། །དེའི་འོག་ཏུ་ནི་མཚོན་ཏོ་ཞེས་ཟེར་ཏེ། ཕྱོགས་སྔ་མ་བཞེད་དོ་ཞེས་བྱ་བར་སྣང་ངོ༌། །ཉེས་པ་དེ་དག་ཉིད་ཀྱིས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་འདོད་ཆགས་པ་ལ་སོགས་པས་སོ། །མི་མ་ཡིན་པ་རྣམས་ཞེས་བྱ་བ་ནི་ཤ་ཟ་ལ་སོགས་པའོ། །ཡམས་ཀྱི་ནད་ནི་ནད་ལ་སོགས་པའོ། །གཏོང་བར་བྱེད་པ་ནི་འདེབས་པར་བྱེད་པ་སྟེ་མདངས་འཕྲོག་པའམ་མེ་ཏོག་དང་འབྲས་བུ་དང་སྨན་ལ་སོགས་པའི་སྒོ་ནས་འབྱུང་བ་ཆེན་པོ་རྣམས་མ་རུང་བར་བྱེད་པའོ། །
དེ་དག་ལ་གང་ལས་ན་གསོར་མི་རུང་བའི་ནད་དག་སྟེ། གང་ལས་འཆི་བར་འགྱུར་བ་དག་འབྱུང་བར་འགྱུར་རོ། །དེའི་ཚེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཚེ་འཛམ་བུའི་གླིང་འདིར་མཚོན་གྱིས་སྲོག་གཅོད་པའི་ཚེ་ཤར་གྱི་ལུས་འཕགས་དང་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་གཉིས་སུ་གནོད་སེམས་ལྷག་པར་འགྱུར་བ་ཡིན་ནོ། །གང་གི་ཚེ་འདིར་ནད་བྱུང་བ་དེའི་ཚེ་དེ་དག་ཏུ་ཉམ་ཆུང་བར་འགྱུར་རོ། །གང་གི་ཚེ་འདིར་མུ་གེ་བྱུང་བ་དེའི་ཚེ་དེ་དག་ཏུ་བཀྲེས་པ་དང་སྐོམ་པར་འགྱུར་བ་ཡིན་ནོ། །མུ་སྟེགས་བྱེད་རྣམས་ནི་གཟེགས་ཟན་པ་ལ་སོགས་པའོ། །རླུང་ས་བོན་ཡིན་ནོ་ཞེས་མ་བཤད་དམ་ཞེས་བྱ་བ་ནི་མཐུན་རྣམ་པ་སྣ་ཚོགས་དང་ལྡན་པའི་རླུང་དག་གིས་བསྲུངས་པ་ན་ཞེས་འབྱུང་བའི་ཕྱིར་རོ། །དེའི་རྒྱུ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་འཆགས་པའི་ཚེ་འདོད་པ་ན་སྤྱོད་པའི་རླུང་སྐད་ཅིག་མ་དང་པོ་ལ་བྱུང་བའི་རྒྱུ་ནི་གཟུགས་ན་སྤྱོད་པའི་རླུང་མ་ཞིག་པ་ཡིན་པའོ། །ས་བོན་དག་ཁྱེར་ཏེ་འོང་ངོ་ཞེས་བྱ་བ་ནི་རྩ་བའི་ས་བོན་ལ་སོགས་པ་ས་བོན་གྱི་རིགས་ལྔ་སྟེ། རྩ་བའི་ས་བོན་དང༌། གཤེགས་པའི་ས་བོན་དང༌། ས་བོན་གྱི་ས་བོན་དང༌། སྡོང་བུའི་ས་བོན་དང༌། མདོའི་ས་བོན་ནོ། །དེ་ལྟ་ཡིན་ཡང་ཞེས་བྱ་བ་ནི་ས་བོན་དག་ཁྱེར་ཏེ་འོང་དུ་ཟིན་ཀྱང་དེ་དག་ས་བོན་ལ་སོགས་པ་སྟེ། ས་བོན་དང་མྱུ་གུ་དང་སྡོང་བུ་ལ་སོགས་པ་ལས་མྱུ་གུ་ལ་སོགས་པ་སྟེ་མྱུ་གུ་དང་སྡོང་བུ་ལ་སོགས་པ་དངོས་པོ་རགས་པ་རྣམས་སྐྱེ་བར་ནི་མི་འདོད་དེ། ས་བོན་ལ་སོགས་པ་ནི་དེ་དག་གི་ལུགས་ལྟར་ན་རྒྱུ་མཚན་གྱི་རྒྱུ་ཡིན་གྱི་འདུ་བ་ཅན་གྱི་རྒྱུ་ནི་མ་ཡིན་ནོ། །འདུ་བ་ཅན་གྱི་རྒྱུ་དག་ཀྱང་དགོས་པར་འགྱུར་བས་དེའི་ཕྱིར། འོ་ན་ཅི་ཞེ་ན། རང་གི་ཡན་ལག་དག་ཁོ་ན་ལས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདི་ལྟ་སྟེ། མྱུ་གུ་ལ་སོགས་པ་ཡན་ལག་ཅན་ནི་མྱུ་གུ་ལ་སོགས་པའི་ཡན་ལག་དག་ལས་སྐྱེའོ། །དེ་དག་ཀྱང་ཞེས་བྱ་བ་ནི་མྱུ་གུ་ལ་སོགས་པའི་ཡན་ལག་རྣམས་རང་གི་ཡན་ལག་དག་ཁོ་ན་ལས་སྐྱེ་བ་སྟེ། རྡུལ་ཕྲ་རབ་དག་ལས་སྐྱེ་བའི་བར་དུ་དེ་དང་འདྲའོ། །རྡུལ་ཕྲ་རབ་རྣམས་ཕྲད་པ་ལས་མ་གཏོགས་པར་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་ལ་ནི་ས་བོན་ལ་སོགས་པའི་ནུས་པ་ཆུང་ཟད་ཀྱང་མེད་ཀྱི་མྱུ་གུ་ལ་སོགས་པའི་རྡུལ་ཕྲ་རབ་འདུ་བ་ལ་ནི་དེ་དག་གི་ནུས་པ་ཡོད་དོ་སྙམ་དུ་བསམས་པ་ཡིན་ནོ། །ངེས་པ་མེད་པར་
འགྱུར་རོ་ཞེས་བྱ་བ་ནི་སྐུད་པ་དག་ལས་ཀྱང་རེ་ལྡེ་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ནུས་པ་ངེས་པའི་ཕྱིར་ཞེས་བྱ་བ་ནི་ས་བོན་རྣམས་ཀྱི་ནུས་པ་ངེས་པའི་ཕྱིར་ངེས་པ་མེད་པར་མི་འགྱུར་རོ། །སྒྲ་དང་ཆོས་བྱེད་ལས་སྐྱེ་བ་འབྱུང་བ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་སྒྲ་ལྟ་བུ་བསྣུན་པ་ལ་སོགས་པ་རིགས་མི་མཐུན་པ་དག་ལས་འབྱུང་མོད་ཀྱི་འོན་ཀྱང་དེ་བསྐྱེད་པར་བྱ་བ་ལ་རིགས་མི་མཐུན་པ་བསྣུན་པ་ལ་སོགས་པ་ཁོ་ནའི་ནུས་པ་ཡོད་པའི་ཕྱིར་རིགས་མི་མཐུན་པ་དྲི་དང་རོལ་སོགས་པ་གང་ཡང་རུང་བ་ཞིག་ལས་བྱུང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ཚོགས་བྱེད་ལས་སྐྱེ་བ་གཟུགས་ལ་སོགས་པ་མེད་ལ་སོགས་པ་ལས་བྱུང་མོད་ཀྱི་འོན་ཀྱང་དེ་བསྐྱེད་པར་བྱ་བ་ལ་མེ་ལ་སོགས་པ་ཁོ་ནའི་ནུས་པ་ཡོད་པའི་ཕྱིར་རིགས་མི་མཐུན་པ་མིག་ལ་སོགས་པ་གང་ཡང་རུང་བ་ཞིག་ལས་བྱུང་བ་ནི་མ་ཡིན་པ་ལྟ་བུའོ། །བྱེ་བྲག་པས་སྨྲས་པ། ཡོན་ཏན་གྱི་ཆོས་ནི་སྣ་ཚོགས་ཡིན་ཏེ། རང་གི་རིགས་དང་རིགས་མི་མཐུན་པ་དག་ལས་ཀྱང་འབྱུང་ངོ༌། །རེ་ཞིག་རང་གི་རིགས་དག་ལས་ནི་གཟུགས་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པ་རྒྱུ་སྔོན་དུ་འགྲོ་བ་ཅན་གཟུགས་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པ་དག་ཁོ་ན་ལས་བྱུང་བ་ཡིན་ནོ། །རིགས་མི་མཐུན་པ་དག་ལས་ཀྱང་ལྡན་པ་དང་མི་ལྡན་པ་དང་ཚོས་བྱེད་ལས་སྐྱེ་བ་ལ་སོགས་པ་ལས་དང་མེ་ལ་སོགས་པ་དག་ལས་འབྱུང་བ་ཡིན་ནོ། །དེ་ལྟ་བས་ན་ཡོན་ཏན་གྱི་ཆོས་ནི་རྫས་ཀྱི་དཔེར་བརྗོད་དུ་མི་རུང་ངོ༌། །དེ་དག་དང་དེ་དག་ཁོ་ན་དེ་ལྟར་གནས་པ་ལ་ཞེས་བྱ་བ་ལ་རྒྱས་པར་འབྱུང་བ་ནི་འཇག་མ་ལ་སོགས་པ་དེ་དག་ཁོ་ན་དེ་ལྟར་ཏེ། རེ་ལྡེ་ལ་སོགས་པའི་ངོ་བོའི་རྣམ་པ་དེ་ལྟར་གནས་ཤིང་རྣམ་པར་གནས་པ་ལ་རེ་ལྡེ་ལ་སོགས་པའི་མིང་དེ་ཐོབ་སྟེ། གྲོག་མའི་ཕྲེང་བ་བཞིན་ནོ། །དཔེར་ན་གྲོག་མ་དག་དེ་ལྟར་གནས་པ་ལ་ཕྲེང་བ་ཞེས་བྱ་བའི་མིང་ཐོབ་པ་ལྟ་བུ་སྟེ། ཁྱེད་ཀྱི་གྲུབ་པའི་མཐའ་ལྟར་ན་ཡང་དེ་དག་ལས་མ་གཏོགས་པ་ཕྲེང་བའི་རྫས་གཞན་ནི་མེད་དོ། །འཇག་མ་ལ་སོགས་པ་དེ་དག་དེ་ལྟར་ན་གནས་པ་དེ་ལྟར་གནས་པ་ལ་རེ་ལྡེ་ལ་སོགས་པའི་མིང་འཐོབ་ཀྱི་དེ་དག་ལ་རྫས་གཞན་ནི་མེད་དོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་སྨྲས་པ། སྐུད་པ་གཅིག་དང་ལྡན་ན་རས་ཡུག་མི་དམིགས་པའི་ཕྱིར་ཏེ་འབྲས་བུ་བརྩམས་པའི་སྐུད་པ་གཅིག་མིག་
དང་རེག་པ་དག་དང་ལྡན་ན། ཁྱེད་ཀྱི་ལུགས་ཀྱིས་དེ་དང་ལྡན་པའི་རས་ཡུག་ཀྱང་དེ་དང་འབྲེལ་བ་ཡིན་པས་དེ་ཡང་དེ་ཁོ་ན་བཞིན་དུ་དམིགས་པར་འགྱུར་རོ། །གལ་ཏེ་གགས་བྱེད་པ་ཡོད་པའི་ཕྱིར་དེ་མི་དམིགས་སོ་ཞེས་སྨྲ་བར་འགྱུར་ན་དེའི་ཚེ་རས་ཨུག་ཡོད་ཅིང་མེད་པ་མ་ཡིན་ན་དམིགས་པར་བྱ་བ་ལ་སུ་ཞིག་གགས་བྱེད་ཅེས་བྱ་བ་སྨོས་ཏེ། གགས་བྱེད་པ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟ་བས་ན་རས་ཡུག་ཅེས་བྱ་བའི་རྫས་གཞན་ནི་མེད་དོ། །གལ་ཏེ་རས་ཡུག་ནི་སྐུད་པ་རེ་རེ་ལ་ཆ་ཤས་ཀྱིས་ཡོད་ཀྱི། །བདག་ཉིད་ཐམས་ཅད་ཀྱིས་ཡོད་པ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་ཟད་པར་ཡོད་པ་མ་ཡིན་ན་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། རས་ཡུག་ཟད་པར་ཡོད་པ་མ་ཡིན་པར་བརྟགས་ན་ནི་སྐུད་པ་རེ་རེ་པོ་དེ་ལས་རས་ཡུག་གི་ཆ་ཡོད་ཀྱི་རས་ཡུག་ནི་མ་ཡིན་ནོ། །གལ་ཏེ་དེས་ན་ཅིར་འགྱུར་སྙམ་ན། དེའི་ཕྱིར་སྨྲས་པ། འདུས་པ་ཙམ་རས་ཡུག་ཡིན་པར་འགྱུར་རོ་ཞེས་བྱ་བར་སྦྱར་ཏེ། སྐུད་པ་གཅིག་ལ་ཆ་གཅིག་ཡོད་ལ་ཅིག་ཤོས་ལ་ནི་གཞན་ཡོད་པས་སྐུད་པ་ལ་ཡོད་པས་སྐུད་པ་ལ་ཡོད་པའི་ཆ་མང་པོ་རྣམས་ཀྱི་སྤྱི་ལ་རས་ཡུག་གོ་ཞེས་བྱ་བར་འགྱུར་ན་དེ་ལྟར་ཡང་མི་འདོད་དོ། །གཟེགས་ཟན་པ་ལ་དད་པ་རྣམས་ལ་སྐུད་པ་དག་ལས་གཞན་པ་རས་ཡུག་གི་ཆ་ཡང་གང་ཞིག་ཡོད་ཅེས་དྲི་བར་བྱ་བ་སྟེ། ཆ་གང་གིས་ན་འདི་དབང་པོ་དང་འབྲེལ་པའི་སྐུད་པ་ལ་ཡོད་པར་འགྱུར། དེ་ལྟ་བས་ན་རྟོག་པ་འདི་བརྟགས་ནས་ཀྱང་དེ་ལས་རས་ཡུག་གཞན་མ་ཡིན་པར་འགྲུབ་བོ། །གལ་ཏེ་སྐུད་པ་གཅིག་ལ་ཡང་རས་ཡུག་ཡོད་ལ་རས་ཡུག་དམིགས་པའི་རྒྱུ་ནི་རས་ཡུག་དང་དབང་པོ་འབྲེལ་བ་རས་ཡུག་གི་རྟེན་དུ་མ་དང་ལྡན་པ་ལ་ལྟོས་པ་ཡིན་ནོ་སྙམ་དུ་སེམས་ན་དེའི་ཕྱིར། རྟེན་དུ་མ་ཞིག་དང་ལྡན་པ་ལ་ལྟོས་པར་བརྟག་ན་ནི་ཁ་ཚར་ཙམ་དང་ལྡན་ཞིང་བཟུང་ན་རས་ཡུག་དམིགས་པར་འགྱུར་བ་ཞིག་ན་དབུས་ཀྱི་ཆ་ལ་སོགས་པ་མ་མཐོང་བར་རས་ཡུག་དམིགས་པར་ཡང་མི་འགྱུར་རོ། །འོན་ཏེ་འདི་སྙམ་དུ་དེའི་ཚེ་ཡང་དབང་པོ་དང་དབུས་ཀྱི་ཆ་ལ་སོགས་པར་མི་ལྡན་པས་དེའི་ཕྱིར་ཁ་ཚར་ཙམ་དང་ཕྲད་པས་རས་ཡུག་དམིགས་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་ཡང་ན་ནམ་ཡང་མི་དམིགས་པར་འགྱུར་ཞེས་བྱ་བ་འདིས་རྒྱས་པར་སྨོས་ཏེ། ཡང་ན་དབུས་དང་ཕ་རོལ་གྱི་ཆ་རྣམས་དབང་པོ་དང་མ་འབྲེལ་པའི་ཕྱིར་རས་ཡུག་ནམ་ཡང་དམིགས་པར་མི་འགྱུར་ཏེ། དེ་རྩོམ་པར་
བྱེད་པའི་དབུས་དང༌། ཕ་རོལ་གྱི་ཆ་ཐམས་ཅད་དབང་པོ་དང་འབྲེལ་པ་ཁོ་ནར་འགྱུར་བ་གང་ཡིན་པ་ནི་མི་སྲིད་པ་ཉིད་དོ། །དེ་ལྟ་ཡིན་དང་སྐུད་པ་ལ་སོགས་པ་ལ་ཡང་དེར་ཐལ་བར་འགྱུར་བས་འབྲས་བུ་ཅུང་ཟད་ཀྱང་མི་དམིགས་པར་འགྱུར་རོ། །གཞན་ཡང་རིམ་གྱིས་ཡན་ལག་རྣམས་དང་ཕྲད་ན་ཞེས་བྱ་བ་རྒྱས་པར་སྨོས་ཏེ་གང་གི་ཚེ་རིམ་གྱིས་མིག་གམ་རེག་པའི་དབང་པོས་རས་ཡུག་འཛིན་པར་བྱེད་པ་དེའི་ཚེ་རས་ཡུག་གཟུང་བར་མི་འགྱུར་ཏེ། མིག་དང་རེག་པའི་དབང་པོ་དག་ཅིག་ཅར་རྟེན་དུ་མ་དང་ལྡན་པ་མེད་པའི་ཕྱིར་རོ། །དེ་ལྟ་ན་ནི་ཡན་ལག་ཅན་ལ་སོགས་པ་གཞན་དག་ཀྱང་གཟུང་བར་མི་འགྱུར་རོ། །དེ་ལྟ་བས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཕྱིར་རིམ་གྱིས་རས་ཡུག་གི་བློའམ་རེ་ལྡེའི་བློ་འབྱུང་བ་དེའི་ཕྱིར་རྣམ་པར་རྟོག་པའི་དབང་གིས་ཡན་ལག་དག་ཁོ་ན་ལ་སྟེ་རས་ཡུག་གི་ཡན་ལག་གམ། རེ་ལྡེའི་ཡན་ལག་དག་ལ་རས་ཡུག་གི་བློའམ་རེ་ལྡེའི་བློ་འབྱུང་བར་ཟད་དོ། །མགལ་མེའི་འཁོར་ལོ་བཞིན་ནོ་ཞེས་བྱ་བ་ནི་མགལ་མེའི་འཁོར་ལོ་དང་འདྲ་བས་ན་མགལ་མེའི་འཁོར་ལོ་བཞིན་ཏེ། དཔེར་ན་མགལ་མེ་མྱུར་དུ་བསྐོར་བས་དེ་དང་དེར་འབྱུང་བ་ལ་མགལ་མེའི་འཁོར་ལོའི་བློ་འབྱུང་བས་དེ་དང་འདྲའོ། །འདིར་བསྒྲུབ་པ་ནི་རས་ཡུག་ནི་རྫས་སུ་ཡོད་པ་ནི་མ་ཡིན་ཏེ། དེ་འཛིན་པ་ཡན་ལག་འཛིན་པ་ལ་ལྟོས་པའི་ཕྱིར་མགལ་མེའི་འཁོར་ལོ་ལྟ་བུའོ། །གཟུགས་དང་རིགས་བྱ་བ་ཐ་དད་པའི་སྐུད་པ་དག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་ཐ་དད་པས་སྐུད་པ་གཟུགས་ཐ་དད་པ་དང༌། དུ་ཀུ་ལ་དང༌། རས་བལ་ལ་སོགས་པ་ཐ་དད་པས་རིགས་ཐ་དད་པ་དང་བླ་འོག་ཏུ་འགྲོ་བ་ཐ་དད་པས་བྱ་བ་ཐ་དད་པ་དག་ལ་རས་ཡུག་གི་གཟུགས་ལ་སོགས་པ་མེད་པའི་ཡང་ཕྱིར་ཏེ། དེ་ལ་གཟུགས་སམ་རིགས་སམ་བྱ་བ་ཅི་འདྲ་བ་ཞིག་ཡོད་གལ་ཏེ་འདི་སྙམ་དུ་འདིའི་གཟུགས་ལ་སོགས་པ་སྣ་ཚོགས་པ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་དེ་ལྟར་གཟུགས་ལ་སོགས་པ་སྣ་ཚོགས་པ་ཡིན་པར་བརྟག་ན་ནི་རིགས་མི་མཐུན་པ་རྩོམ་པར་ཡང་འགྱུར་ཏེ་སྐུད་པ་དང་འཇག་མ་དག་ཀྱང་རས་ཡུག་རྩོམ་པར་འགྱུར་རོ། །དེ་ལྟ་ཡིན་ན་ནི་ཆོས་ཀྱི་ཁྱད་པར་ལས་བཟློག་པ་ཡིན་ཏེ། རྫས་རྣམས་ཤིན་ཏུ་རིགས་མི་མཐུན་པ་རྩོམ་
པར་བྱེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །རས་ཡུག་ངོས་གཅིག་བཀྲ་བའི་ངོས་ཅིག་ཤོས་མི་བཀྲ་ན་ཡང་མི་མཐོང་བར་འགྱུར་ཏེ། དེ་ནི་སྣ་ཚོགས་ཀྱི་ངོ་བོར་འདོད་པའི་ཕྱིར་རོ། །བྱེ་བྲག་པ་རྣམས་ནི་གཟུགས་མཐོང་ན་དེ་ལ་བརྟེན་པའི་རྫས་དམིགས་པར་འདོད་དེ། ཆེན་པོ་ནི་རྫས་དུ་མ་ལ་བརྟེན་པའི་ཕྱིར་གཟུགས་ཀྱི་སྒོ་ནས་ཀྱང་དམིགས་སོ། །ཡན་ལག་ནི་གཟུགས་ཀྱིས་ལེགས་པར་བྱེད་པ་མེད་པའི་ཕྱིར་མི་དམིགས་སོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་ན་ངོས་མི་བཀྲ་བ་ཡང་ཁྲ་བོའི་ངོ་བོར་མཐོང་བར་འགྱུར་ཏེ། གལ་ཏེ་རས་ཡུག་མཐོང་བར་གྱུར་ན་དེ་ནི་སྣ་ཚོགས་ཀྱི་ངོ་བོར་འདོད་པས་སོ། །བྱ་བ་ཡང་སྣ་ཚོགས་པ་ཡིན་པས་ཤིན་ཏུ་སྣ་ཚོགས་པར་འགྱུར་རོ་ཞེས་བྱ་བ་ནི་རྫས་གཅིག་ལ་ནི་བྱ་བ་སྣ་ཚོགས་དང་ལྡན་པར་ཞེས་བྱ་བར་མི་རུང་ངོ༌། །བྱ་བ་སྣ་ཚོགས་པ་ཉིད་དུ་ཡིན་ན་ནི་བྱ་བ་དང་འདྲ་བར་མངོན་པར་འདོད་པའི་རྫས་རྣམས་གཞན་ཉིད་ཡིན་པར་འདོད་དོ། །ཚྭ་བ་དང་སྣང་བ་ཐ་དད་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དང་པོ་དང་ཐ་མ་དང་བར་མ་དག་ཏུ་ཡན་ལག་ཅན་མེའི་འོད་ཀྱི་མཚན་ཉིད་ཀྱི་ཚ་བ་དང་སྣང་བ་དག་ཐ་དད་པས་གཟུགས་དང་རེག་བྱ་དག་ཀྱང་ཐ་དད་པར་མཐོང་སྟེ། དེའི་ཐ་དད་པ་དེ་ཡང་གོ་རིམས་བཞིན་དུ་ཤས་ཆེ་བ་དང་འབྲིང་དང་ཤས་ཆུང་བ་ཡིན་ན་ཡན་ལག་ཅན་འོད་ཀྱི་རྫས་དེའི་གཟུགས་དང་རེག་བྱ་དེ་དག་ཀྱང་མི་འཐད་དོ། །ཡན་ལག་ཅན་གཅིག་ལ་ནི་གཟུགས་སམ་རེག་བྱ་དུ་མ་རུང་བ་མ་ཡིན་ཏེ། དེས་ན་ཡན་ལག་དག་ལས་ཡན་ལག་ཅན་གྱི་རྫས་གཞན་ཡོད་པ་མ་ཡིན་ནོ། །འོན་ཏེ་གལ་ཏེ་སྐུད་པ་ལ་སོགས་པ་ཡན་ལག་དག་ལས་མ་གཏོགས་པ་ཡན་ལག་ཅན་རས་ཡུག་ལ་སོགས་པ་ཡོད་པ་མ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་ནི་དབང་པོས་མི་སོད་པའི་ཕྱིར་ལ། ཡན་ལག་དེ་དག་གིས་ཀྱང་དབང་པོས་སོད་པ་མ་བརྩམས་པ་འགྲོ་བ་མཐའ་དག་མངོན་སུམ་དུ་མི་འགྱུར་བ་ཞིག་ན་བ་ལང་ལ་སོགས་པ་ཡང་མངོན་སུམ་དུ་སྣང་སྟེ། དེ་ལྟ་བས་ན་རྡུལ་ཕྲ་རབ་དང་པོས་མི་སོད་པ་རྣམས་ཀྱིས་དབང་པོས་སོད་པའི་དོན་གཞན་ཞིག་བརྩམས་སོ་ཞེས་བྱ་བར་གྲུབ་པོ་སྙམ་དུ་སེམས་ན་འདི་ལ་རྡུལ་ཕྲ་རབ་དབང་པོའི་ཡུལ་མ་ཡིན་ཡང་ཞེས་བྱ་བ་
རྒྱས་པར་སྨོས་ཏེ། ཇི་ལྟར་བྱེ་བྲག་པ་ཁྱེད་ཀྱི་ལྟར་ན་དབང་པོས་མི་སོད་ཀྱང་འདུས་པ་རྣམས་འབྲས་བུ་རྩོམ་པར་བྱེད་པ་ཉིད་ཡིན་གྱི། ཡ་ཡ་ན་འདུག་པ་དག་ནི་མ་ཡིན་པ་དེ་བཞིན་དུ། ཁོ་བོ་ཅག་གི་ཡང་ཡན་ལག་ཅན་དོན་གཞན་དུ་གྱུར་པ་མེད་དུ་ཟིན་ཀྱང་འདུས་པ་དང༌། ཁོ་ན་མངོན་སུམ་ཉིད་ཡིན་གྱི་ཡ་ཡ་ན་འདུག་པ་རྣམས་ནི་མ་ཡིན་ནོ། །དཔེར་ན་མིག་གི་རྣམ་པར་ཤེས་པ་བསྐྱེད་པར་བྱ་བ་ལ་མིག་ལ་སོགས་པ་སྟེ། མིག་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་འདུས་པ་དག་རྒྱུ་ཉིད་ཡིན་གྱི། རེ་རེ་ནི་མ་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་རབ་རྣམས་དབང་པོས་མི་སོད་ཀྱང་འདུས་པ་རྣམས་ཡིན་གྱི་རེ་རེ་ནི་མ་ཡིན་པ་ལྟ་བུ་དང༌། མིག་རབ་རིབ་ཅན་རྣམས་ལ་ཡན་ལག་ཅན་བརྩམས་པ་མེད་ཀྱང་སྐྲ་གྲམ་ཞིང་ལྡན་པ་མ་ཡིན་པ་རྣམས་ཀྱི་ཚོགས་དམིགས་ཀྱི་རེ་རེ་ནི་མ་ཡིན་པ་ལྟ་བུའོ། །རབ་རིབ་ཅན་དེ་དག་ལ་ནི་རྡུལ་ཕྲ་རབ་བཞིན་དུ་སྐྲ་ཉག་མ་གཅིག་ནི་དབང་པོས་མི་སོད་པས་དེའི་ཕྱིར་དེ་དག་ལས་རྫས་གཞན་མེད་དོ། །དེ་ལྟར་ཡན་ལག་ཅན་བཀག་ནས་གཟུགས་ལ་སོགས་པ་ཡོན་ཏན་དག་ལས་ཡོན་ཏན་ཅན་དོན་གཞན་ཡིན་པ་དགག་པར་འདོད་ནས། གཟུགས་ལ་སོགས་པ་དག་ཁོ་ན་ལ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གཟུགས་ལ་སོགས་པ་དག་ཁོ་ན་ལ་རྡུལ་ཕྲ་རབ་ཅེས་བྱ་བའི་མིང་དུ་འདོགས་པར་ཟད་པས་དེ་ཞིག་ན་སྟེ་གཟུགས་ལ་སོགས་པས་ཞིག་ན། རྡུལ་ཕྲ་རབ་ཀྱང་ཞིག་པར་གྲུབ་པོ། །བྱེ་བྲག་པ་རྣམས་ཀྱིས་སྨྲས་པ། རྡུལ་ཕྲ་རབ་ནི་རྫས་ཡིན་ལ་རྫས་ཀྱང་གཟུགས་ལ་སོགས་པ་དག་ལས་གཞན་ཡིན་ཏེ། གྲུབ་པའི་མཐའ་ལས་ནི་གཟུགས་དང༌། དྲི་དང་རོ་དང་རེག་བྱ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །འདི་གཞན་ཉིད་ཡིན་པར་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་སུས་ཀྱང་འདི་དག་ནི་ས་དང་ཆུ་དང་མེ་དག་ཡིན་ནོ། །འདི་དག་ནི་ས་ལ་སོགས་པ་དེ་དག་གི་གཟུགས་ལ་སོགས་པའི་ཡོན་ཏན་ཏེ། གཟུགས་དང༌། དྲི་དང༌། རོ་དང་རེག་བྱ་དག་ཡིན་ནོ་ཞེས་བྱ་བར་ཡོངས་སུ་མི་ཆོད་དོ། །གལ་ཏེ་དེ་དག་ནི་དབང་པོས་མི་སོད་པས་དེས་ན་ངེས་པར་མི་
ཟིན་ཏོ་ཞེས་སྨྲ་བར་འགྱུར་ན་དེའི་ཕྱིར་ས་ལ་སོགས་པ་དེ་རྣམས་མིག་དང་རེག་པའི་གཟུང་བར་བྱ་བ་དག་ཡིན་པར་ཡང་དམ་འཆའོ་ཞེས་བྱ་བ་སྨོས་སོ། །ཚིག་པ་དག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་པེའི་ལུ་ཀ་ན་རེ་བལ་ལ་སོགས་པ་ཡན་ལག་ཅན་གྱི་རྫས་རྣམས་ནི་ཚིག་པར་མི་འགྱུར་རོ་ཞེས་ཟེར་རོ། །འདི་སྐད་དུ་སྔ་ན་ཡོད་པའི་ཡོན་ཏན་ལོག་སྟེ་ཚོགས་པར་གྱུར་པའི་ཡོན་ཏན་སྐྱེས་ན། དེ་དག་ལ་བརྟེན་པའི་རྫས་རྣམས་དེའི་སོ་ཉིད་ན་འདུག་པས་དེ་བཞིན་དུ་བལ་ལ་སོགས་པའི་བློ་འབྱུང་བར་འགྱུར་བ་ཞིག་ན་འབྱུང་བར་ཡང་མི་འགྱུར་ཏེ། དེ་ལྟ་བས་ན་དེ་དག་གི་བློ་མེད་པའི་ཕྱིར། གཟུགས་ལ་སོགས་པ་ཁོ་ན་ལ་དེའི་བློ་འཇུག་པར་ཟད་ཀྱི་རྫས་དོན་གཞན་དུ་གྱུར་པ་ལ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ཏེ། གལ་ཏེ་བལ་ལ་སོགས་པའི་རྫས་གཟུགས་ལ་སོགས་པ་ལས་གཞན་ཞིག་ཡིན་པར་གྱུར་ན། དེ་ནི་དེའི་སོ་ན་འདུག་ལ་གཟུགས་ལ་སོགས་པ་ཁོ་ན་མེ་དང་འབྲེལ་པ་ལས་ཚ་བས་འཇིགས་པར་འགྱུར་བས། བལ་ལ་སོགས་པའི་བློ་འབྱུང་བར་འགྱུར་བ་ཞིག་ན་འབྱུང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་གཟུགས་ལ་སོགས་པ་དག་ཁོ་ན་ལ་བལ་ལ་སོགས་པའི་བློ་འབྱུང་བར་ཟད་དོ། །བྱེ་བྲག་པ་རྣམས་ཀྱིས་གལ་ཏེ་བུམ་པ་གཟུགས་ལ་སོགས་པ་ཙམ་ཡིན་ན་མེ་དང་འབྲེལ་པ་ལས་གཟུགས་ལ་སོགས་པ་སྟེ། ཚོས་པར་གྱུར་པ་ལ་སོགས་པ་གཞན་སྐྱེས་ན་བུམ་པ་དེ་ཉིད་འདི་ཡིན་ནོ་ཞེས་དེ་ཡོངས་སུ་ཤེས་པར་མི་འགྱུར་གྱི། གང་གི་ལྟར་ན་ཚོས་པ་ལས་གཟུགས་ལ་སོགས་པ་ཁོ་ན་འཇིགས་པ་དང་སྐྱེ་བ་དག་ཏུ་འགྱུར་གྱི། བུམ་པ་ནི་དེའི་སོ་ན་འདུག་པ་ཡིན་པ་དེའི་ལྟར་ན་དེ་ཡོངས་སུ་ཤེས་པར་རུང་ངོ་ཞེས་སྨྲས་པ་དང༌། དེའི་ཕྱིར་ཚོས་པར་གྱུར་པ་བྱུང་བ་ལ་བུམ་པ་ཡོངས་སུ་ཤེས་པ་ནི་དབྱིབས་འདྲ་བའི་ཕྱིར་ཞེས་བྱ་བ་འདི་སྨོས་ཏེ། ཕྲེང་བ་བཞིན་ནོ། །གྲོག་མ་རྣམས་ཀྱི་ཕྲེང་བ་ཞེས་བྱ་བའི་རྫས་དེ་ནི་དེ་དག་ལས་མ་གཏོགས་པ་མེད་མོད་ཀྱི། འོན་ཀྱང་དབྱིབས་སྔ་མ་དང་འདྲ་བའི་ཕྱིར་འདི་ལ་ཡང་གྲོག་མ་རྣམས་ཀྱི་ཕྲེང་པ་དེ་ཉིད་འདི་ཡིན་ནོ་ཞེས་ཡོངས་སུ་ཤེས་པར་འགྱུར་བ་བཞིན་ནོ། །
སྨྲས་པ། དབྱིབས་འདྲ་བའི་ཕྱིར་ཡོངས་སུ་ཤེས་ཀྱི། དེ་སོ་ན་གནས་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། འདི་ལ་རྟགས་མ་མཐོང་བར་ཡོངས་སུ་མི་ཤེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་གྱོ་རལ་དང་མཐོན་དམན་ལ་སོགས་པའི་རྟགས་མ་མཐོང་བར་དེ་ཡོངས་སུ་ཤེས་པར་མི་འགྱུར་བ་དེའི་ཕྱིར་དབྱིབས་འདྲ་བའི་ཕྱིར་རོ་ཞེས་བྱ་བར་གྲུབ་པོ། །དེ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དགའ་བ་དེ་ཡང༌། ཤིན་ཏུ་སྦྱངས་པ་དང་ལྡན་པ་སྟེ། ཡིད་དགའ་བར་གྱུར་པ་ལ་ཤིན་ཏུ་སྦྱངས་པ་སྐྱེ་བས་སོ། །ཤིན་ཏུ་སྦྱངས་པ་དང་ལྡན་པས་ལུས་མཉེན་པར་བྱེད་པ་ཡིན་པའི་ཕྱིར་ཆུའི་བསྐལ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ཡོངས་སུ་རྒྱས་པར་འབྱུང་བ་ནི་ལུས་མཉེན་པར་བྱེད་པའི་ཕྱིར་ཏེ། སྙོམས་པར་འཇུག་པའི་བསམ་གཏན་གཉིས་པ་དེ་ནི་ལུས་ཀྱི་མཁྲང་པོ་ཟད་པར་བྱེད་པའི་ཕྱིར། སྡུག་བསྔལ་གྱི་དབང་པོ་འགགས་སོ་ཞེས་གསུངས་སོ། །དེ་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང༌། ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ཡོངས་སུ་རྫོགས་པར་བྱས་ཏེ་གནས་སོ་ཞེས་འབྱུང་བའི་ཕྱིར་རོ། །ནང་གི་སྐྱོན་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་ནང་གི་སྐྱོན་རྟོག་པ་དང་དཔྱོད་པ་ལ་སོགས་པ། རྟོག་དང་དཔྱོད་དང་དབུགས་དག་དང༌། །བདེ་བ་ལ་སོགས་བཞིན་ཡིན་ནོ། །ཞེས་བྱ་བ་བརྒྱད་པོ་གང་དག་ཡིན་པ་སྟེ། དེ་དག་དང་བྲལ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ ། མི་གཡོ་བ་ཞེས་བྱ་བ་ལ། མི་གཡོ་བ་ཞེས་བྱ་བ་ནི་གཡོ་བ་ནི་འགུལ་བ་ཡིན་ནོ་ཞེས་བྱ་བའི་སྐད་ཀྱི་བྱིངས་འདིའི་ཚུལ་ཡིན་ནོ། །གནས་གཙང་མའི་རིས་པ་འདི་དག་གིས་གཟུགས་མེད་པ་དག་ཏུ་འཇུག་པར་ཡང་མི་ནུས་ཏེ། ལྷག་མཐོང་སྤྱོད་པ་ཡིན་པའི་ཕྱིར་ལ། གཟུགས་མེད་པ་རྣམས་ནི་ཞི་གནས་སྤྱོད་པ་ཡིན་པས་སོ། །ས་འོག་མ་གཞན་དུ་འགྲོ་བར་ཡང་མི་ནུས་ཏེ། ཁྱད་པར་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །རིམ་པ་དེས་ན་ཞེས་བྱ་བ་ནི་ཇི་སྐད་བཤད་པ་ལྟ་བུ་སྟེ། མེས་འཇིག་པ་བདུན་གྱི་འོག་ཏུ་ཆུས་འཇིག་པ་གཅིག་འབྱུང་ཞིང༌། ཡང་མེས་འཇིག་པ་བདུན་གྱི་འོག་ཏུ། ཆུས་
འཇིག་པ་གཉིས་པ་འབྱུང་བ་ནས། འཇིག་པ་བདུན་གྱི་བར་དུ་ཡང་དེ་དང་འདྲ་སྟེ། དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་མེས་བདུན་ནོ། །དེ་ནས་ནི་མཇུག་ཏུ་རླུང་གིས་འཇིག་པ་གཅིག་འབྱུང་ངོ༌། །ཅིའི་ཕྱིར་ཆུས་འཇིག་པ་ནི་ཇི་སྐད་བཤད་པ་ལྟ་བུར་དུས་རིང་མོ་ཞིག་གིས་ཆོད་དེ་འབྱུང་ལ། རླུང་གིས་འཇིག་པ་ནི་དེ་བས་ཀྱང་ཆེས་རིང་པོ་ཞིག་ན་འབྱུང་ཞེ་ན། དེའི་ཕྱིར་ཇི་ལྟར་བར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཇི་ལྟར་བསམ་གཏན་དང་པོ་བས་བསམ་གཏན་གཉིས་པའི་སྙོམས་པར་འཇུག་པ་ཁྱད་པར་དུ་འཕགས་པའི་ཕྱིར། བསམ་གཏན་གཉིས་པའི་ས་པའི་ལུས་དག་གནས་པ་ཡང་ཁྱད་པར་དུ་འཕགས་པ་ཡིན་ཏེ། བསམ་གཏན་དང་པོར་སྐྱེས་པ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཆེན་པོའི་བཞི་ཆ་ཡིན་ལ། བསམ་གཏན་གཉིས་པར་སྐྱེས་པ་རྣམས་ཀྱི་ནི་བསྐལ་པ་གཉིས་ཡིན་པ་དེ་བཞིན་དུ་སྣོད་རྣམས་ཀྱང་དེ་བཞིན་དུ། ཅི་ཞེ་ན། གནས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་བསམ་གཏན་གཉིས་པ་བས་བསམ་གཏན་གསུམ་པ་ཁྱད་པར་དུ་འཕགས་པ་ཡང་བརྗོད་པར་བྱའོ། །དེ་ལྟར་བཤད་ན་ཞེས་བྱ་བ་ནི་གང་གི་ཕྱིར་མེས་འཇིག་པ་བདུན་ཚན་ལན་བརྒྱད་འབྱུང་བས་མེས་འཇིག་པ་ནི་ལྔ་བཅུ་རྩ་དྲུག་ཡིན་ལ། ཆུས་འཇིག་པ་ནི་བདུན། རླུང་གིས་འཇིག་པ་ནི་གཅིག་ཡིན་པས་འཇིག་པ་དྲུག་ཅུ་རྩ་བཞིར་འགྱུར་པ་དེའི་ཕྱིར་བཏགས་པའི་བཤད་པ་དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་བ་དྲུག་ཅུ་རྩ་བཞིའོ་ཞེས་བཤད་པ་གང་ཡིན་པ་དེ་ལེགས་པར་བཤད་པ་ཡིན་ཏེ། འདི་ལྟར་འོད་ཆུང་རྣམས་ཀྱི་ལྷག་ཡན་ཆད་ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ་ཞེས་བཤད་པ་འདིར་དགེ་རྒྱས་པ་རྣམས་ལུས་ཀྱི་ཚད་དཔག་ཚད་དྲུག་ཅུ་རྩ་བཞིར་བཤད་ལ། ཚེ་ནི་རང་ལུས་གཞལ་བའི་བསྐལ་པ་ཡིས། །ཞེས་འབྱུང་བས་ལུས་ཀྱི་ཚད་ཀྱིས་ཀྱང་དེ་དག་གི་ཚེའི་ཚད་བཤད་དེ། འཇིག་བ་རེ་རེ་ཞིང་བསྐལ་པ་ཆེན་པར་བྱས་ནས་དུས་དེ་ཙམ་གྱིས་ན་དེ་དག་གི་ཚེ་ཡོངས་སུ་རྫོགས་པར་འགྱུར་བས་སོ། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ་ཞེས་བྱ་བ་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་གཤེས་གཉེན་གྱིས་མཛད་པ་ལས། འཇིག་རྟེན་བསྟན་པ་ཞེས་བྱ་བ་སྟེ་མཛོད་ཀྱི་གནས་གསུམ་པའོ།། །།།