སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ།
དྲི་མ་མེད་པའི་བཤེས་གཉེན།
སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་སུམ་ཅུ་དགུ་པ། ཉན་རྣ་ལས་གྱུར་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་ནི་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་བྱས། ཚེ་དང་ལྡན་པ་འདུན་པ་ནི་ཀཽ་ཤཱམ་བཱིར་སོང་སྟེ་སྙིང་ལས་ཆུང་ངུར་འདུག །འགྲོ་མགྱོགས་དང་ནབ་སོ་གཉིས་ནི་དུས་ལ་བབ། དགའ་བོ་དང་ཉེ་དགའ་གཉིས་ནི་དགེ་འདུན་གྱི་ནང་ན་འདུག་པ་དེའི་ཚེ་ན་བཅུ་བདུན་སྡེའི་ཆོགས་དག་གདུག་ཅིང་ཕ་རོལ་གནོན་པ་དང༌། མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པར་གྱུར་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་ཡུན་རིང་པོ་ནས་དྲུག་སྡེ་དག་གིས་ཐོ་འཚམས་ཏེ། ཇི་ལྟར་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་ཐོ་འཚམས་པ་ལྟར་ཡང་གཞན་གྱིས་མཐོ་མ་བཙམས་ལ། ཇི་ལྟར་ཉེ་དགས་ཐོ་འཚམས་པ་ལྟར་ང་ཡང་དགའ་བོས་མ་བཙམས་
ཀྱིས་དེ་གནས་ནས་དབྱུང་བའི་ལས་བྱའོ། །དེ་དག་གིས་སྨྲས་པ། འདིའི་ཕུ་བོ་དགའ་བོ་རྩོད་པ་ལ་མཁས་པ་ཡིན་གྱི་ཚུར་ཤེག་ཇེ་གྲོས་བྱའོ་ཞེས་དེ་དག་དཔོང་སའི་ཁང་པར་ཞུགས་ཏེ་སྒོ་བཅད་ནས་གྲོས་བྱ་བར་བརྩམས་པ་དང༌། ཉེ་དགས་སྐར་ཁུང་ནས་ཉན་ཅིང་དེས་དེ་དག་ལ་བསྡིགས་ཏེ། ཀྱེ་མ་བཅུ་བདུན་སྡེ་དག་ཅིའི་ཕྱིར་གྲོས་བྱེད། ཁོ་བོ་ཚངས་པ་མཚུངས་པར་སྤྱོད་པ་ལ་ལ་ནི་ཡོངས་སུ་མྱ་ངན་ལས་འདས། ལ་ལ་ནི་སྙིང་ལས་ཆུང་དུ་ཁོ་ནར་འདུག་ཁ་ཅིག་ནི་དུས་ལ་བབ་པས་ད་འདི་གནས་ནས་དབྱུང་བའི་ལས་བྱའོ་སྙམ་དུ་སེམས་སམ། ཅི་ཁྱོད་ཀྱིས་ད་ཁོ་བོ་ཅག་ཟིལ་གྱིས་མནན་ཏེ་འཁོད་སྙམ་མམ། ཁོ་བོ་ཅག་གིས་ཀྱང་ཁྱེད་ལ་མཚམས་ཆེན་པོ་གཅད་པར་བྱའོ། །ཁྱེད་ཀྱིས། གླང་པོའི་ཐག་པ་ཉི་མ་དང༌། །རླུང་གིས་ཡོངས་སུ་བསྐམས་གྱུར་ཅིང༌། །གླང་པོའི་གཉའ་ནས་ལྷུང་གྱུར་ཀྱང༌། །ལུག་ནི་ལྔ་བརྒྱས་དྲང་བར་བྱ། །ཞེས་བྱ་བ་མ་ཐོས་སམ་ཞེས་བསྡིགས་པ་དང༌། དེ་དག་གིས་བསམས་པ། འདིས་བདག་ཅག་གྲོས་བྱེད་པ་འཕྲིགས་ཀྱི་གཞན་དུ་འདོང་ངོ་ཞེས་དེ་དག་མེ་ཁང་དུ་ཞུགས་ཏེ་གྲོས་བྱ་བར་བརྩམས་པ་དང༌། ཉེ་དགའ་ཡང་འཇབ་ཅིང་དེར་འོངས་ཏེ་ཉན་ཅིང་དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་སྟེང་ཁང་དང༌། བར་ཁང་དང༌།
གནས་ཁང་དང༌། ཁྱམས་དང༌། སྒོ་ཁང་དང༌། བང་རིམ་དང༌། འཆགས་དང༌། སྤན་སྤུན་དག་གི་ནང་དང༌། དགོན་པ་དང༌། ཚང་ཚིང་གི་ནང་དང༌། ལམ་ནས་འདོང་ཞིང་གྲོས་བྱ་བར་བརྩམས་པ་དང༌། ཉེ་དགའ་ཡང་ཕྱི་བཞིན་སོང་ཏེ་ཉན་ཅིང་དེས་དེ་དག་ཏུ་ཡང་དེ་བཞིན་དུ་བསྡིགས་ནས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་གིས་འདི་གནས་ནས་དབྱུང་བའི་ལས་བྱ་བར་མི་ནུས་ཀྱིས་འདི་ལ་བཟོད་པར་གསོལ་བར་བྱའོ་ཞེས་དེ་དག་གིས་དེ་ལ་སྨྲས་པ། བཙུན་པ་ཉེ་དགའ་བདག་ཅག་ལ་བཟོད་པ་མཛོད་ཅིག །ཉེ་དགས་སྨྲས་པ། བཟོད་པར་བྱའོ། །དེ་དག་གིས་དེ་ལ་དྲིས་པ། ཁྱོད་ཀྱིས་ཁོ་བོ་ཅག་གྲོས་བྱེད་པ་ཇི་ལྟར་ཤེས། ཉེ་དགས་སྐབས་དེ་རྒྱས་པར་བརྗོད་པ་དང༌། དེ་དག་གིས་སྨྲས་པ། ཁྱོད་ཉན་རྣས་འདུག་ཏུ་རུང་ངམ། ཉེ་དགས་སྨྲས་པ། གལ་ཏེ་ཁོ་བོས་ཁྱེད་ཅག་གྲོས་བྱེད་པའི་ཚེ་ཉན་རྣས་འདུག་པར་མ་གྱུར་དུ་ཟིན་ན་ཁྱེད་ཅག་གིས་ཁོ་བོ་གནས་ནས་དབྱུང་བའི་ལས་བྱས་པར་གྱུར་ཏོ་ཞེས་ཟེར་ནས་དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་འཐབ་པར་གྱུར། མཚང་འདྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ་དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ་དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་ཅང་མི་སྨྲ་བར་ཉན་ནས་འདུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ་ཉེ་དགའ་ལ་སྨད་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་རྣམས་འཐབ་པར་གྱུར། མཚང་འབྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ། དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ་དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་
བྱས་ཏེ་ཅང་མི་སྨྲ་བས་ཉན་རྣས་འདུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ཤ་གླན་པའི་བསམ་པ། ཉེས་པ་ནི་རྩོད་པའི་གྲོས་ལ་ཉན་རྣ་བྱེད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་རྣམས་ཞེས་བྱ་བ་ནི་ཆོས་འདི་བ་རྣམས་སོ། །འཐབ་པར་གྱུར། མཚང་འབྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ་ཞེས་བྱ་བ་ནི་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པའོ། །དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ་དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་སྙམ་པ་ཞེས་བྱ་བ་ནི་དེ་ལྟ་བུའི་བསམ་པས་གཉེན་པོས་དེ་ལྟ་དེ་ལྟར་ཕ་རོལ་མནན་པར་བྱའོ་སྙམ་པའོ། །དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི་གཞན་མ་ཡིན་པའོ། །ཅང་མི་སྨྲ་བས་ཉན་རྣས་འདུག་པ་ཞེས་བྱ་བ་ནི་ཅད་མི་སྨྲ་བས་རྣ་གཏད་པས་འདུག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་དགེ་སློང་དག་རྩོད་པར་གྱུར་པ་དགེ་སློང་དག་དང་གྲོས་བྱེད་པ་ན་ཉེ་བར་ཞི་བར་འདོད་པ་མ་གཏོགས་པར་འཁྲུག་ལོང་བྱ་བ་ལ་གཞོལ་བས་མཉན་པའི་ཕྱིར་རྣ་གཏོང་ཅིང་སྒྲའི་དོན་གོ་བ་དང༌། ལམ་ནོར་ཏམ་ཞི་བར་འདོད་པ་མ་གཏོགས་པར་དོན་གཞན་གྱི་དབང་ཉིད་ཀྱིས་སོན་ཅིང་ཤེས་པའི་འོག་ཏུ་རྐང་པ་དང་སེ་གོལ་དང་ལུད་པའི་སྒྲ་དག་གིས་གོ་བར་མི་བྱེད་ན་ཉན་རྣ་ལས་གྱུར་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་དང་རྩོད་པར་གྱུར་པ་དགེ་སློང་དག་དང་གྲོས་བྱེད་པའི་རྩོད་པའི་གཞི་དང་དགེ་སློང་ཇི་སྙེད་པ་དང༌། གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །སྟེང་ཁང་དང༌། བར་ཁང་དང༌། འོག་ཁང་དང། གནས་ཁང་དང༌། ཁྱམས་དང༌། སྒོ་ཁང་དང༌། བང་རིམ་དང༌། འཆགས་དང༌། དགོན་པ་དང༌། ལམ་དང༌། ལམ་གོལ་པ་ལ་སོགས་པའི་གནས་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཉེ་བར་ཞི་བར་འདོད་པ་མ་གཏོགས་པར་འཁྲུག་ལོང་བྱ་བ་ལ་གཞོལ་བ་ལ་ན་སྨད་པ་མེད་དོ། །མཉན་པའི་ཕྱིར་
རྣ་གཏོད་ཅིང་སྒྲའི་དོན་གོ་བ་ལ་ན་སྨད་པ་མེད་དོ། །ལམ་ནོར་ཏམ་ཞི་བར་འདོད་པ་མ་གཏོགས་པར་དོན་གཞན་གྱི་དབང་ཉིད་ཀྱིས་སོན་ཞིང་ཤེས་པའི་འོག་ཏུ་རྐང་པ་དང་སེ་གོལ་དང་ལུད་པའི་སྒྲ་དག་གིས་གོ་བར་མི་བྱེད་པ་ལན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་དག་རྩོད་པའི་གྲོས་དང་འཁྲུག་ལོང་བྱ་བ་ལ་གཞོལ་བའི་བསམ་པའོ། །འདི་ལ་ཡང་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་གྱུར་ཏེ། ཕྱོགས་གཉི་ག་དགེ་སློང་ཉིད་ཡིན་པ་དང༌། རྩོད་པ་གང་ཡང་རུང་བའི་གྲོས་བྱེད་པ་དང༌། འཁྲུག་ལོང་བྱ་བ་ལ་གཞོལ་བ་ཉིད་དང༌། ཉན་རྣས་འདུག་པ་ཉིད་དང༌། སྒྲ་དང་བཅས་པའི་དོན་གོ་བ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཉན་རྣ་ལས་གྱུར་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྒྲ་ཐོས་ལ་དོན་མ་གོ་བ་ལ་ཉེས་བྱས་སོ། །འཐབ་གཅུགས་བྱེད་ན་ཉེས་བྱས་སོ། །འཐབ་པ་ལ་ཉན་ན་ཉེས་བྱས་སོ། །འཐབ་མོ་བྱེད་པའི་དྲུང་དུ་འདུག་ན་ཉེས་བྱས་སོ། །ཕྱོགས་གཅིག་དགེ་སློང་ཉིད་མ་ཡིན་པ་དང་གཉི་ག་དགེ་སློང་ཉིད་མ་ཡིན་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་པ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ཉེ་བར་ཞི་བར་འདོད་པ་ལ་ལྟུང་བ་མེད་དེ། །ནང་དང་བཅས་པ་མ་ཡིན་པ་དང༌། གྱ་ཚོམ་དུ་འཇུག་པ་དང༌། མཉན་ནས་ཉེ་བར་ཞི་བར་བྱའོ་སྙམ་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཉན་རྣ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་སློང་དག་སྟེང་ཁང་དང༌། བར་ཁང་དང༌། འོག་ཁང་དང༌། གནས་ཁང་དང༌། ཁྱམས་དང༌། སྒོ་ཁང་དང༌། བང་རིམ་དང༌། འཆགས་དང༌། དགོན་པ་དང༌། ལམ་དང༌། ལམ་གོལ་བ་ལ་སོགས་པ་ན་གྲོས་བྱེད་ལ། དེར་འགྲོ་དགོས་ན་རྟིང་སྒྲའམ་སེ་གོལ་གྱི་སྒྲའམ། མགུལ་བསལ་བའི་སྒྲ་བྱའོ། །འཐབ་གཅུགས་མི་
བྱའོ། །འཐབ་པ་མཉན་པར་མི་བྱའོ། །འཐབ་མོ་བྱེད་པ་ལ་ཉེ་བར་བསྐོར་ཏེ་འདུག་པར་མི་བྱའོ། །ཉེ་བར་ཞི་བར་བྱ་བའི་ཕྱིར་མི་འབད་པར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཉན་རྣ་ལས་གྱུར་པའི་ལྟུང་བྱེད་དེ་བདུན་ཅུ་དྲུག་པ་བཤད་ཟིན་ཏོ།། །།མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཚེ་དང་ལྡན་པ་འདུན་པ་ནི་ཀཽ་ཤཱམ་བཱིར་སོང་སྟེ་སྙིང་ལས་ཆུང་ངུ་ར་འདུག །འགྲོ་མགྱོགས་དང་ནབ་སོ་གཉིས་ནི་དུས་ལ་བབ། དགའ་བོ་དང་ཉེ་དགའ་གཉིས་ནི་དགེ་འདུན་གྱི་ནང་ན་འདུག་པ་དེའི་ཚེ་ན། བཅུ་བདུན་སྡེའི་ཚོགས་དག་གདུག་ཅིང་ཕ་རོལ་གནོན་པ་དང༌། མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པར་གྱུར་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་ཡུན་རིང་པོ་ནས་དྲུག་སྡེ་དག་གིས་ཐོ་འཚམས་ཏེ། ཇི་ལྟར་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་ཐོ་འཚམས་པ་ལྟར་ཡང་གཞན་གྱིས་མ་བཙམས་ལ། ཇི་ལྟར་ཉེ་དགས་ཐོ་འཚམས་པ་ལྟར་ཡང་དགའ་བོས་མ་བཙམས་ཀྱིས་ཉེ་དགའ་གནས་ནས་དབྱུང་བའི་ལས་བྱའོ། །དེ་ནས་ཁ་ཅིག་གིས་སྨྲས་པ། འདི་ཕུ་བོ་དགའ་བོ་རྩོད་པ་ལ་མཁས་པ་ཡིན་པས་བདག་ཅག་གིས་འདི་གནས་ནས་དབྱུང་བའི་ལས་བྱ་བར་མི་ནུས་སོ། །ཁ་ཅིག་གིས་སྨྲས་པ། གཅིག་སྨྲ་བ་ན་གཉིས་ཀྱིས་མཉན་པར་མི་བྱ་བར་ཚོགས་སྨྲ་ན་ཚོགས་ནི་རྒྱལ་པོ་དང་འདྲ་བས་གལ་ཏེ་ཅུང་ཟད་སྨྲ་བར་གྱུར་ན་དེའི་ཚེ་གནས་ནས་དབྱུང་བའི་ལས་བྱའོ་ཞེས་དེ་དག་གིས་གནས་མ་ལ་བཤམས་ནས་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་གླེང་བ་པོ་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། བཙུན་པ་ཉེ་དགའ་ཁྱོད་ཀྱིས་བཅུ་བདུན་སྡེའི་ཚོགས་དག་གི་ལྟོ་དྲལ་ཏེ་རྒྱུ་མ་དག་གིས་རྒྱལ་བྱེད་ཀྱི་ཚལ་བསྐོར་བར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་ཚིག་སྨྲས་པ་གང་ཡིན་པ་དེ་དྲན་ནམ། ཉེ་དགས་སྨྲས་པ། ཚེ་དང་
ལྡན་པ་དག་དེ་ནི་དོན་འདས་པ་ཡིན་ན་རྨ་སོས་པ་གླེངས་ཏེ་ཅི་བྱ། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ནི་འདས་པའི་དོན་ཁོ་ན་ལ་བརྟེན་ཏེ་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་མཛད་དོ། །དགའ་བོས་ཕྱིར་བཟློག་པར་བཙམས་པ་དང༌། དེ་དག་གིས་སྨྲས་པ། གང་གཅིག་ཕྱིར་ཟློག་པར་བྱེད་པ་དེ་ཡང་གནས་ནས་དབྱུང་བའི་ལས་བྱའོ། །དགའ་བོས་བསམས་པ། འདི་དག་གི་བྱེད་སྟངས་ལས་ན་བདག་ལ་ཡང་གནས་ནས་འབྱིན་པའི་ལས་བྱེད་པར་གྱུར་ན་མ་ལེགས་པར་འགྱུར་རོ་སྙམ་ནས། དེ་དགུན་གྱི་དུས་ལ་བབ་པས་ལ་བ་ཞིག་གྱོན་ཏེ་འོངས་ནས་དེས་ལ་བདེ་རྩིག་དྲུང་དུ་བླངས་ཏེ། བཞག་ནས་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་སོང་ངོ༌། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདོད་པ་སྨྲོས་ཤིག་ཅེས་དེ་དག་གིས་གྱ་ཚོམ་དུ་ཉེ་དགའ་གནས་ནས་དབྱུང་བའི་ལས་བྱས་སོ། །དེ་གནས་ནས་དབྱུང་བའི་ལས་བྱས་པ་ན་ངུ་ཞིང་ཕུ་བོའི་གན་དུ་སོང་བ་དང༌། དགའ་བོས་སྨྲས་པ། ཉེ་དགའ་ཅིའི་ཕྱིར་དུ། ལྷུང་བཟེད་ནག་པོ་ཅན་དག་གིས་བདག་གནས་ནས་དབྱུང་བའི་ལས་བྱས་སོ། །དགའ་བོས་སྨྲས་པ། གང་དག་གིས་ཁོ་བོའི་ནུ་བོ་གནས་ནས་དབྱུང་བའི་ལས་བྱས་པ་དེ་དག་གྲོང་དང་གྲོང་ཁྱེར་དང༌། ཁམས་གསུམ་ནས་གནས་ནས་ཕྱུང་བར་གྱུར་ཅིག །འོན་ཀྱང་གནས་ནས་དབྱུང་བའི་ལས་བྱས་པ་དག་ལ་གྲོང་དང་གྲོང་ཁྱེར་མེད་དམ་ཅི་སྡོད་ལ་ཕྱིས་བཟོད་པར་གསོལ་ཅིག །འདི་ལྟར་དེ་དག་གིས་མི་མཐུན་པའི་ལས་ཁོ་ནར་བྱས་སོ། །སུ་ཞིག་དེར་མ་འོངས། དགའ་བོས་སྨྲས་པ། ཁོ་བོའོ། །བདག་གིས་དེ་ན་རྒན་པའི་མཐའ་ལོགས་སུ་སློབ་དཔོན་གྱི་སྒྲ་ཐོས་སོ། །དགའ་བོས་བདག་ཉིད་ཇི་ལྟར་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་སོང་བའི་སྐབས་དེ་རྒྱས་པར་བརྗོད་པ་དང༌། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ་དགའ་བོ་ལ་སྨད་ནས། དགེ་སྦྱོང་གི་ཚུལ་མ་
ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པར་བྱུང་བ་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགའ་བོ། །ཉོན་མོངས་པ་ནི་ལས་དང་མི་མཐུན་པར་འདོད་པ། ཉེས་པ་ནི་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་བའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །དགེ་སློང་ནད་ངན་ཅན་དག་འཁོད་པ་དེ་དག་གིས་ཡུན་རིང་དུ་འདུག་པར་མི་ནུས་པ་ན་དགེ་སློང་ནད་གཡོག་དག་གིས་ཀྱང་ནད་པ་དག་གི་བྱ་བ་ཉམས་པར་བྱེད། དགེ་སློང་ཞལ་ཏ་བྱེད་པ་དག་གིས་ཀྱང་དགེ་འདུན་གྱི་བྱ་བ་ཉམས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་འདུག་པ་ལ་སྨྲས་ཏེ་འགྲོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་འདུག་པ་ལ་སྨྲས་ཏེ། འགྲོ་བར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་ཞིག་གིས་ཁྱིམ་གཞན་དུ་ལྟུང་བཟེད་དང་ཆོས་གོས་བཞག་ནས་ཅི་ཙམ་ན་དེར་མེ་ཤོར་ནས་དགེ་སློང་དེས་འགྲོ་བར་བརྩམས་ཏེ་དེ་ལམ་གྱི་ཕྱེད་དུ་ཕྱིན་པ་དང༌། བདག་གིས་དགེ་སློང་འདུག་པ་ལ་མ་སྨྲས་སོ་སྙམ་པའི་དྲན་པ་སྐྱེས་ནས། དེ་ཕྱིར་ལོག་སྟེ་ཇི་སྲིད་དུ་དགེ་སློང་འདུག་པ་ལ་སྨྲ་བར་བྱེད་པ་དེ་སྲིད་དུ་དེའི་ལྷུང་བཟེད་དང་ཆོས་གོས་ཚིག་ནས། དེ་དེར་སོང་བ་དང་ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཁྱོད་ཅིའི་སླད་དུ་འཕྱིས་ཏེ་བྱོན། དེས་ན་ཁྱོད་ཀྱི་ལྷུང་བཟེད་དང་ཆོས་གོས་ཚིག་གིས་གལ་ཏེ་ཁྱོད་མྱུར་དུ་བྱོན་པར་གྱུར་ན་ཁྱོད་ཀྱི་ལྷུང་བཟེད་དང་ཆོས་གོས་ཚིག་པར་མི་འགྱུར་རོ་ཞེས་ཟེར་ཞིང༌། དགེ་སློང་དེ་ཡང་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་
འདས་ལ་གསལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དེ་འདྲ་བའི་རྐྱེན་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང༌། བསླབ་པ་ལ་གུས་པ་དང༌། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང༌། དེའི་ཤས་ཆེ་བ་དང༌། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དག་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ཞིང༌། དགེ་སློང་འདུག་པ་ལ་མི་སྨྲ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་དོན་ཉུང་དུ་དག །ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་དགའ་བོའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་པ་ན་ཞེས་བྱ་བ་ནི་གསོལ་པ་དང༌། གསོལ་བ་དང་གཉིས་དང༌། གསོལ་བ་དང་བཞི་ལས་བྱུང་བ་ནའོ། །ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ཞིང་ཞེས་བྱ་བ་ནི་ཐོས་པའི་ཉེ་འཁོར་ལས་ལངས་ཏེ་འགྲོ་ཞིང་ངོ༌། །དགེ་སློང་འདུག་པ་ལ་མི་སྨྲ་ན་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་འདུག་པ་ལའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་གླེང་གཞི་ལས་དགེ་སློང་འདུག་པ་ལ་སྨྲ་བར་བྱེད་པ་དེ་སྲིད་དུ་དེའི་ལྷུང་བཟེད་དང་ཆོས་གོས་ཚིག་པར་གྱུར་པ་དེ་འདྲ་བའི་རྐྱེན་མ་གཏོགས་ཏེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གསོལ་བ་དང༌། གསོལ་བ་དང་གཉིས་དང༌།
གསོལ་བ་དང་བཞིའི་ལས་ཀྱིས་བདག་ཉིད་གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་ལས་བརྒྱ་རྩ་གཅིག་ཆོས་དང་ལྡན་པ་ཉིད་དུ་བྱེད་པ་ལ་དགེ་འདུན་གྱི་ནང་དུ་འདུས་པ་བརྟད་པའི་བྱ་བ་མ་བྱུང་བ་དགེ་སློང་གཅིག་ལ་མ་སྨྲས་པར་འགྲོ་ན་ཐོས་པའི་ཉེ་འཁོར་ལས་འདས་ན་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །གསོལ་བ་ལ་སོགས་པའི་ལས་བརྒྱ་རྩ་གཅིག་གི་ཁོངས་སུ་གཏོགས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དེ་དག་ཆོས་དང་ལྡན་པ་ཉིད་དུ་བྱེད་པ་ལ་ན་སྨད་པ་མེད་དོ། །བདག་ལ་བྱེད་པ་དང༌། གཞན་ལ་བྱེད་པ་ལ་ན་སྨད་པ་མེད་དོ། །དགེ་འདུན་འདུས་པའི་ནང་དུ་ལུས་ཀྱིས་འདུས་པ་ལ་ན་སྨད་པ་མེད་དོ། །བརྟད་པའི་བྱ་བ་མ་བྱུང་བ་ལ་ན་སྨད་པ་མེད་དོ། །ལྟག་འོག་ན་འདུག་པའི་དགེ་སློང་གཅིག་ལ་མ་སྨྲས་པ་ལ་ན་སྨད་པ་མེད་དོ། །ཐོས་པའི་ཉེན་ཀོར་ལས་འདས་པ་ལ་ན་སྨད་པ་མེད་དོ། །ལས་བརྩམས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་འདུན་གྱི་གསོལ་བ་ལ་སོགས་པའི་ལས་ཆོས་དང་ལྡན་པ་ཉིད་དང༌། དགེ་སློང་འཁོད་པ་ལ་མ་སྨྲས་པ་དང༌། བརྟད་པའི་བྱ་བ་མ་བྱུང་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་འདུན་གྱི་གསོལ་བ་ལ་སོགས་པའི་ལས་ཆོས་དང་ལྡན་པ་ཉིད་དང༌། བདག་ཉིད་ཀྱི་ལུས་ཀྱིས་དེར་འདུས་པ་ཉིད་དང༌། བརྟད་པའི་བྱ་བ་མ་བྱུང་ན་དགེ་སློང་འཁོད་པ་ལ་མ་སྨྲས་པ་ཉིད་དང༌། ཐོས་པའི་ཉེ་འཁོར་ལས་འདའ་བར་འདོད་པ་ཉིད་དང༌། ཐོས་པའི་ཉེ་འཁོར་ལས་འདས་པར་སོང་བ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་པ་ནས། དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །ལས་བརྒྱ་རྩ་གཅིག་ཉིད་མ་ཡིན་པར་རབ་ཏུ་འབྱུང་བ་ལ་ལྟོས་པ་ཞུ་བ་ལ་སོགས་པའི་ལས་ལ་ཉེས་བྱས་སོ། །ཐོས་པའི་ཉེ་འཁོར་ལས་མ་འདས་ཀྱི་པར་དུ་ཉེས་བྱས་སོ། །དོན་མེད་པ་དང་མི་རིགས་པས་འགྲོ་བ་ནི་དགེ་སློང་ལ་སྨྲས་ཏེ་འགྲོ་ན་ཡང་ཉེས་བྱས་སོ། །གསོལ་བ་དང་གཉིས་སམ། གསོལ་བ་དང་བཞིའི་ལས་ལ་ནི་གསོལ་བ་བྱས་ལ་ལས་བརྗོད་པ་མ་བརྩམས་པའི་སྐབས་སུ་ཐོས་པའི་ཉེན་ཀོར་ལས་འདས་ན་ཡང་ཉེས་བྱས་སོ། །ཆོས་
དང་ལྡན་པ་ཉིད་མ་ཡིན་པའི་ལས་ལ་ནི་མ་སྨྲས་པར་ཐོས་པའི་ཉེ་འཁོར་ལས་འདས་ན་ཡང་ཉེས་བྱས་སོ། སྦྱོར་པའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་ལ་སྨྲས་པ་དང༌། བརྟད་པའི་བྱ་བ་བྱུང་བ་ལ་ལྟུང་བ་མེད་དོ། །བདག་ཉིད་ལུས་མ་འདུས་པར་འདུན་པ་དང་ཡོངས་སུ་དག་པ་ཕུལ་བ་ལ་ལྟུང་བ་མེད་དོ། །ཐོས་པའི་ཡུལ་ལས་མི་འདའ་བར་འདོད་པས་འདས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གསོལ་བ་ལ་སོགས་པའི་ལས་ཆོས་དང་མི་ལྡན་པ་ཉིད་མི་བྱའོ།། ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དེ་བདུན་ཅུ་བདུན་པ་བཤད་ཟིན་ནོ།། །།མ་གུས་པའི་ཚུལ་གྱི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་དཀའི་གནས་ན་བཞུགས་སོ། །དེའི་ཚེ་གླང་ཆེན་སྙིང་པོའི་བུ་དགེ་སློང་ནག་པ་གླང་ཆེན་ལྷས་ཞེས་བྱ་བ་དགེ་སློང་རབ་ཏུ་མང་པོ་དག་འདི་ལྟ་སྟེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པའི་བསྟན་པའོ་ཞེས་རྩོད་པ་ཉེ་བར་ཞི་བར་བྱ་བ་འགའ་ཞིག་གི་ཕྱིར་དཔོང་སའི་ཁང་པར་འདུག་ཅིང་མཐུན་པར་གྱུར་པ་ན་གཅིག་པུས་དགེ་འདུན་ཟློག་པར་བྱེད། དགེ་འདུན་མི་མཐུན་པར་བྱེད་ཅིང་རྩོད་པ་བཟུང་སྟེ་རྩོད་ཅིང་འདུག་ལ། གཏམ་གྱི་མཇུག་སྡོད་པར་མི་བྱེད། གུས་བར་མི་བྱེད། རྗེས་མི་བྱེད་ཅིང༌། ཕྱིར་སྨྲ་བར་བྱའོ་སྙམ་དུ་བསམས་ནས་དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རབ་ཏུ་མང་པོ་དག་འདི་ལྟ་སྟེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པའི་བསྟན་པའོ་ཞེས་རྩོད་པ་ཉེ་བར་ཞི་བར་བྱེད་པ་འགའ་ཞིག་གི་ཕྱིར་དཔོང་སའི་ཁང་པར་འདུག་ཅིང་མཐུན་པར་གྱུར་པ་ན་གཅིག་པུའི་དགེ་འདུན་ཟློག་པར་བྱེད། གཅིག་པུས་དགེ་འདུན་མི་མཐུན་པར་བྱེད་ཅིང་རྩོད་པ་བཟུང་སྟེ་རྩོད་ཅིང་འདུག་ལ་གཏམ་གྱི་
མཇུག་སྡུད་པར་མི་བྱེད། གུས་པར་མི་བྱེད། རྗེས་མི་བྱེད་ཅིང༌། ཕྱིར་སྨྲ་བར་བྱའོ་སྙམ་དུ་སེམས་ཤིང་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་ནག་པ་ལ་སྨད་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། གུས་པར་མི་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་དགེ་སློང་ནག་པ་གླང་ཆེན་ལས། ཉོན་མོངས་པ་ནི་ང་རྒྱལ་གྱི་ཀུན་དུ་སྦྱོར་བ། ཉེས་པ་ནི་དགེ་འདུན་དང་གང་ཟག་ལ་མ་གུས་པའོ། །དེ་ལ་གུས་པར་མི་བྱེད་ན་ཞེས་བྱ་བ་ནི་གཉིས་ལ་གུས་པར་མི་བྱེད་ན་སྟེ། དགེ་འདུན་ལ་དང༌། གང་ཟག་ལའོ། །དེ་ལ་དགེ་འདུན་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དང༌། དགེ་འདུན་གྱི་ཐ་སྙད་དོ། །གང་ཟག་ནི་མཁན་པོ་དང་སློབ་དཔོན་དག་གོ །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལྟ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བ་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང་བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་སངས་རྒྱས་ཀྱི་བཀའ་དང་དགེ་འདུན་གྱི་ཐ་སྙད་པའི་ཚིག་ལས་འགལ་བར་བྱེད་པ་དང༌། དགེ་སློང་གི་དགེ་འདུན་གྱི་འདུག་པ་དང༌། འགྲོ་བ་དང༌། གནས་མལ་ལེན་པ་དང། གཙུག་ལག་ཁང་ལེན་པ་དང༌། སྨྲ་བ་ལ་སོགས་པ་ཆོས་དང་ལྡན་པ་ཉིད་ཀྱིས་བསྒོ་བའི་དོན་ལ་མ་གུས་པར་ཆོས་དང་ལྡན་པར་ཤད་ཀྱིས་སྦྱངས་པ་མེད་པར་དེ་ལས་བཟློག་སྟེ་འགལ་བར་བྱེད་པ་དང༌། གཞན་དག་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པའི་བར་དུ་གློ་བུར་དུ་གཏམ་ཟེར་
ན་མ་གུས་པའི་ཚུལ་གྱིས་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །སངས་རྒྱས་ཀྱི་བཀའ་ལས་འགལ་བར་བྱེད་པ་ལ་ན་སྨད་པ་མེད་དོ། །དགེ་འདུན་གྱི་ཐ་སྙད་པ་ནི་དགེ་འདུན་གྱི་ཁ་ཡིན་པས་དེའི་ཕྱིར་དགེ་འདུན་གྱི་ཐ་སྙད་བྱེད་པ་གནས་བརྟན་དང༌། དགེ་སྐོས་ལ་སོགས་པ་གང་ཟག་གི་ལས་བཅུ་གཉིས་སུ་བསྐོས་པ་རྣམས་ཀྱི་ཚིག་ལས་འགལ་བར་བྱེད་བ་ལ་ན་སྨད་པ་མེད་དོ། །དགེ་སློང་གི་དགེ་འདུན་གྱི་ཚིག་ལས་འགལ་བར་བྱེད་པ་ལ་ན་སྨད་པ་མེད་དོ། །དགེ་འདུན་གྱི་འདུག་པ་དང༌། འགྲོ་བ་དང་གནས་མལ་ལེན་པ་དང༌། གཙུག་ལག་ཁང་ལེན་པ་དང༌། སྨྲ་བ་ལ་སོགས་པའི་དོན་བསྒོ་བ་ལམ་གུས་པས་ཆོས་དང་ལྡན་པར་ཤད་ཀྱིས་སྦྱང་བ་མེད་པར་ཕྱིར་བཟློག་ཅིང་འགལ་བར་བྱེད་པ་ལ་ན་སྨད་པ་མེད་དོ། །དགེ་འདུན་གྱི་ཆོས་དང་ལྡན་པ་ཉིད་དུ་བསྒོ་བ་ལས་བཟློག་ཅིང་འགལ་བར་བྱེད་དོ་ཅོག་ལ་ན་སྨད་པ་མེད་དོ། །གཞན་དག་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པའི་བར་དུ་གློ་བུར་དུ་གཏམ་ཟེར་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་སངས་རྒྱས་ཀྱི་བཀའ་དང༌། དགེ་འདུན་གྱི་ཐ་སྙད་པའི་ཚིག་དང༌། དགེ་སློང་གི་དགེ་འདུན་གྱིས་ཆོས་དང་ལྡན་པ་ཉིད་དུ་བསྒོ་བའི་དོན་དང༌། གཞན་དག་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སངས་རྒྱས་ཀྱི་བཀའ་འམ། དགེ་འདུན་གྱི་ཐ་སྙད་པའི་ཚིག་གམ་དགེ་སློང་གི་དགེ་འདུན་གྱིས་བསྒོ་བའི་དོན་ནམ། གཞན་གྱི་ཆོས་དང་ལྡན་པའི་གཏམ་དག་ལས་གང་ཡང་རུང་བ་ཉིད་དང༌། ཆོས་དང་ལྡན་པ་ཉིད་དང༌། མ་གུས་པས་ཆོས་དང་ལྡན་པར་ཤད་ཀྱིས་སྦྱང་བ་མེད་པ་ཉིད་དང༌། ལོག་ཐབས་ཀྱི་བསམ་པ་ཉིད་དང༌། འགལ་བར་བྱེད་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་མ་གུས་པའི་ཚུལ་གྱིས་ལྟུང་བའི་སྦྱོར་བ་བརྩམས་ནས། དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །མཁན་པོ་དང་སློབ་དཔོན་དག་གིས་བསྒོ་བའི་དོན་ལས་འགལ་བར་བྱེད་པ་ལ་ཉེས་བྱས་སོ། །དགེ་སློང་གི་དགེ་འདུན་གྱི་ལྟུང་བའི་སྦྱོར་བ་ཆོས་དང་ལྡན་པ་ཉིད་མ་ཡིན་པ་འགལ་བར་བྱེད་ན་ཉེས་བྱས་སོ། །རྒྱལ་པོ་དང༌། དགྲ་བཅོམ་པ་དང༌། དགེ་འདུན་
གྱི་གནས་བརྟན་གྱི་ཆིག་ལས་འགལ་བར་བྱེད་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བའང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་བདུད་དང༌། མུ་སྟེགས་ཅན་དང༌། གང་ཟག་ཕལ་པའི་ཚིག་ཆོས་དང་ལྡན་པ་མ་ཡིན་པ་ལ་ལྟུང་བ་མེད་དོ། །ཆོས་དང་ལྡན་པར་ཤད་ཀྱིས་སྦྱར་བ་སྦྱིན་པར་བྱེད་ན་ལྟུང་བ་མེད་དོ། །ལས་དང་པོ་བ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བདག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་མ་གུས་པའི་ཚུལ་གྱིས་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང༌། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པའི་ཚིག་དང༌། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ཚིག་དང་དགེ་འདུན་གྱི་གནས་བརྟན་གྱི་ཚིག་དང༌། དགེ་སྐོས་ཀྱི་ཚིག་རྣམ་པར་དཀྲུག་པར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །མ་གུས་པའི་ཚུལ་གྱི་ལྟུང་བྱེད་དེ་བདུན་ཅུ་བརྒྱད་པ་བཤད་ཟིན་ཏོ།། །།མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །ཡུལ་ངན་སྤོང་གི་བུ་ཞེས་བྱ་བ་ན་ཆུ་སྲིན་བྱིས་པ་གསོད་ཀྱི་རིལ་ཁྱིམ་བདག་རྟོགས་ལྡན་ཞེས་བྱ་བ་ཕྱུག་པ། ནོར་མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་གྱིས་འགྲན་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེས་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་བུ་མོ་གཟུགས་བཟང་བ་བལྟ་ན་སྡུག་པ་མཛས་པ་ཞིག་བཙས་ནས་དེ་བསྲིང་སྐྱེད་དེ་ཆེན་པོར་གྱུར་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དཔལ་གྱི་འབྱོར་པས་བུའི་ཆུང་མར་བླངས་སོ། །ཁྱིམ་བདག་རྟོགས་ལྡན་དེ་དང་རྩེ་བར་བྱེད། དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་པའི་ཆུང་མ་ལ་སེམས་ཅན་སྲིད་པ་ཐ་མ་ཞིག་ཞུགས་ནས། དེ་བཙས་པ་ལས་ཁྱེའུ་ཞིག་བྱུང་ནས་
དེའི་མིང་ལེགས་འོངས་ཞེས་བྱ་བར་བཏགས་སོ། །ཁྱེའུ་ལེགས་འོངས་དེས་ཁད་ཀྱིས་མཉན་ཡོད་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་བཅོམ་ལྡན་འདས་ཀྱིས་དེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས། དེ་ལ་གདམས་ངག་སྩལ་ཏེ། དེས་གཅིག་པུ་དབེན་པར་བག་ཡོད་པ་བརྟུན་པ་དང་ལྡན་པ་བདག་ཉིད་གཏང་བར་གནས་པ་ན་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་འཁོར་དང་བཅས་པ་ཡུལ་ངན་སྤོང་གི་བུ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་ཆུ་སྲིན་བྱིས་པ་གསོད་གྱི་རི་ལ་བྱོན་ནས། ཆུ་སྲིན་བྱིས་པ་གསོད་ཀྱི་རིལ་འཇིགས་སུ་རུང་བའི་ཚལ་རི་དགས་ཀྱི་གནས་ན་བཞུགས་པའི་ཚེ་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་ཀླུ་ཨ་མྲའི་ཆུ་དོགས་པ་ཞེས་བྱ་བ་འདུག་པ་ཡུན་རིང་པོ་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རིལ་གནས་པའི་སྐྱེ་བོ་ཁོན་མེད་པ་རྣམས་ལ་ཁོན་དུ་འཛིན་པ། མི་འགྲན་པ་རྣམས་ནས་འགྲན་ཚོལ་བ། མི་འཁུ་བ་རྣམས་ལ་འཁུ་བར་བྱེད་ཅིང༌། ལོ་ཏོག་སྐྱེས་སོ་ཅོག་མ་རུང་བར་བྱེད་བ་དེ་བཏུལ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་འཁོར་དང་བཅས་པ་སླར་ཀོས་ལ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། མཐར་གྱིས་མཉན་ཡོད་དུ་བྱོན་ནས། མཉན་ཡོད་ན་རྒྱལ་བྱད་ཀྱི་ཚལ་མགོན་མེད་ཐས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་འཁོར་དང་བཅས་པ་ནི་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གདུགས་ཚོད་ལ་སྤྱན་དྲངས་ནས་དེར་གཤེགས་སོ། །ཚེ་དང་ལྡན་པ་ལེགས་འོངས་ནི་ཆུ་སྲིན་བྱིས་པ་གསོད་ཀྱི་རིལ་ཁྱིམ་བདག་རྟོགས་ལྡན་གྱི་ཆུང་པོ་གྲོགས་བྲམ་ཟེ་སྦྲུལ་ཁས་སྡིགས་པ་ཞིག་འདུག་པ་དེ་ཀླུ་ཨ་མྲའི་ཆུ་དོགས་པའི་འཇིགས་པས་བྲོས་ཏེ་མཉན་ཡོད་ན་སོང་བ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་གླང་པོ་ཆེའི་ཆང་པའི་བླར་བསྐོས་པ་དེས་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་ཀླུ་དེ་བཏུལ་བ་ཐོས་ནས་དགའ་བའི་དབང་དུ་བྱས་པའི་ཟན་ལ་དེའི་ཁྱིམ་གཞན་དུ་བོས་སོ། །དེ་ནས་བྲམ་ཟེ་དེས་ཚེ་དང་ལྡན་པ་ལེགས་འོངས་བདེ་བར་འདུག་པར་རིག་ནས་ཁ་ཟས་བསོད་བས་ཚིམ་པར་བྱས་སོ། །བྲམ་ཟེ་དེས་བསམས་པ། ལེགས་འོངས་ཀྱིས་ཁ་ཟས་བསོད་པ་ཟོས་བས་འཇུ་བར་མི་ནུས་སོ་སྙམ་དུ་རིག་ནས།
ཚེ་དང་ལྡན་པ་ལེགས་འོངས་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ལེགས་འོངས་བསྩང་ནན་གསོལ་ལམ། དེས་སྨྲས་པ་འབུད་དོ། །བྲམ་ཟེ་དེས་གླང་པོ་ཆེའི་ཆར་གནང་དུ་མཛུབ་མོ་བཙུགས་ཏེ་སྐོམ་གྱི་ནང་དུ་ཀྲོག་ཀྲོག་དཀྲུགས་ནས་ཚེ་དང་ལྡན་པ་ལེགས་འོངས་ལ་ཕུལ་ལོ། །དགྲ་བཅོམ་པ་རྣམས་ནི་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པས་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་དེ་འཐུངས་ཏེ། ཡོན་བཤད་པ་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ༌། །དེ་མཉན་ཡོད་ཀྱི་སྲད་རེ་ལྡེས་གཡོགས་པ་ལས་ཐལ་ནས་ཉི་མའི་འོད་ཟེར་དག་གིས་ལུས་ལ་ཕོག་པ་དང༌། ར་རོ་ནས་ཆང་གིས་མྱོས་པའི་ཤུགས་ཀྱིས་ས་ལ་འགྱེལ་ལོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེལ་བ་མི་མངའ་བའི་ཆོས་ཉིད་མངའ་བ་ཡིན་པས། བཅོམ་ལྡན་འདས་ཀྱིས་དེར་ལོ་མ་མ་ཡིན་པའི་སྦྱིལ་བུ་ཞིག་སྦྲུལ་པ་མཛད་དེ་བཀབ་པོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་འཁོར་དང་བཅས་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་གདུགས་ཚོད་གསོལ་ནས་ཡོན་བཤད་པ་མཛད་དེ་གདན་ལས་བཞེངས་ནས་གཤེགས་ཏེ་ཕྱོགས་དེར་བྱོན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་བརྟུལ་ནས་དགེ་སློང་རྣམས་ལ་བཀའ་སྩལ་བ་དགེ་སློང་དག་འདི་ནི་གང་གིས་ཀླུ་ཨ་མྲའི་ཆུ་ངོགས་པ་བཏུལ་བའི་དགེ་སློང་ལེགས་འོངས་ཞེས་བྱ་བ་དེ་ཡིན་ན་དགེ་སློང་དག་ཇི་སྙམ་དུ་སེམས། དགེ་སློང་ལེགས་འོངས་འདི་ད་ལྟར་སྦྲུལ་ཕྲུག་ཀྱང་ཐུབ་པར་ནུས་སམ། བཙུན་པ་རྡོ་མི་ཐོགས་སོ། །དགེ་སློང་དག་དེ་ལྟར་ན་ཉེས་དམིགས་འདི་དང་གཞན་དག་ཀྱང་མྱོས་པར་འགྱུར་བ་འཐུངས་པ་ལས་འབྱུང་བས་དགེ་སློང་དག་ང་ལ་སྟོན་པའོ་ཞེས་ཟེར་བ་དག་གིས་མྱོས་པར་འགྱུར་བ་ཐ་ན་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱ་ཞིང་བླུད་པར་ཡང་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ལེགས་འོངས་སད་པར་མཛད་ནས་བཀའ་སྩལ་པ། ལེགས་འོངས་ཅིའི་ཕྱིར་འདི་ལྟར་གྱུར། བཅོམ་ལྡན་འདས་མ་བསམས་སོ། །བདེ་བར་གཤེགས་པ་མ་བསམས་སོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་ནས་
དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འབྲུའི་ཆང་དད་བཅོས་པའི་ཆང་མྱོས་པར་འགྱུར་བ་འཐུངས་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་ལེགས་འོངས། ཉོན་མོངས་པ་ནི་བག་ཆགས་མ་བྱང་བས་མ་བསམས་པ། ཉེས་པ་ནི་མྱོས་པར་འགྱུར་བ་འཐུངས་པའོ། །དེ་ལ་འབྲུའི་ཆང་ཞེས་བྱ་བ་ནི་ཆན་གྱི་བཏུད་བ་དང༌། ཕྱིའི་བཏུང་བ་དང༌། ཕབས་ཀྱི་བཏུད་བའོ། །བཅོས་པའི་ཆང་ཞེས་བྱ་བ་ནི་རྩ་བའི་བཏུང་བ་དང༌། སྡོང་བུའི་བཏུང་བ་དང༌། འདབ་མའི་བཏུང་བ་དང༌། མེ་ཏོག་དང་འབྲས་བུའི་བཏུང་བའོ། །དེ་གཉིས་བསྲེས་པ་ནི་འབྲུའི་ཆང་དང་བཅོས་པའི་ཆང་ཞེས་བྱའོ། །མྱོས་པར་འགྱུར་བ་ཞེས་བྱ་བ་ནི་འཐུངས་ན་མྱོས་པར་འགྱུར་བའོ། །འཐུངས་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། ཕྱིར་བཅོས་པ་རྣམས་ཀྱི་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་ཡང་དངོས་གཞིའི་ལྟུང་བ་རྣམ་བར་གཞག་ན་ནི་དགེ་སློང་འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་མ་བསྐོལ་བ་དང༌། འབྲུའི་ཆང་གི་སྦང་མ་དང༌། བཅོས་པའི་ཆང་གི་ཚིགས་མ་མྱོས་པར་འགྱུར་བ་མགུལ་དུ་མིད་ན་མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ཆན་དང་ཕྱེ་མ་དང་ཕབས་ཀྱི་ལྟུང་བ་མྱོས་པར་འགྱུར་བ་བག་མེད་པའི་གནས་ལན་སྨད་པ་མེད་དོ། །རྩ་བ་དང༌། སྡོང་བུ་དང༌། འདབ་མ་དང༌། མེ་ཏོག་དང༌། འབྲས་བུའི་བཏུང་བ་མྱོས་པར་འགྱུར་བ་བག་མེད་པའི་གནས་ལ་ན་སྨད་པ་མེད་དོ། །འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལ་ན་སྨད་པ་མེད་དོ། །འབྲུའི་ཆང་གི་སྦང་མ་དང༌། བཅོས་པའི་ཆང་གི་ཚིགས་མ་མྱོས་པར་འགྱུར་བ་བག་མེད་པའི་གནས་ལ་ན་སྨད་པ་མེད་དོ། །མྱོས་པར་འགྱུར་བའི་ཁ་དོག་དང༌། དྲི་དང་རོ་དང་ལྡན་པ་དག་ན་སྨད་པ་མེད་དོ། །
འདིའི་བྱེད་པ་པོ་ནི་མྱོས་པར་འགྱུར་བ་འཐུང་བ་ཉིད་དོ། །དེ་ལ་ཡན་ལག་བཞིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། མྱོས་པར་འགྱུར་བ་ཉིད་དང༌། དེ་ཉམས་པར་བྱས་པ་ཉིད་དང༌། འཐུངས་བ་ཉིད་དང༌། མྱོས་པར་འགྱུར་བ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་ལ་ཉེས་བྱས་རེ་རེའོ། །ཕབས་ཀྱི་ཆང་བུ་དང༌། རྩ་བ་དང། སྡོང་བུ་དང༌། འདབ་མ་དང༌། མེ་ཏོག་དང་འབྲས་བུ་མྱོས་པར་འགྱུར་བ་རྣམས་དང༌། མྱོས་པར་འགྱུར་བའི་དྲི་དང་རོ་བྲོ་བའི་ཐུག་པ་མྱོས་པར་མི་བྱེད་པ་རྣམས་ནི་ཕྱེད་ཉིད་དེ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་བསྐོལ་བ་འཐུངས་བ་དང༌། ཁའི་ནང་ཡོད་པ་ལ་སྨན་པའི་ལུང་གིས་མཁུར་བར་བསྲེལ་བ་དང༌། ལུས་དག་སྐུད་པ་ལ་ལྟུང་བ་མེད་དོ། །མདོག་ཙམ་མྱོས་པར་འགྱུར་བ་དང་འདྲ་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང་སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་མྱོས་བར་འགྱུར་བ་འཐུང་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟན་པར་བསླབ་པར་བྱའོ། །ནད་པས་སྨན་པའི་ལུང་གིས་མཁུར་བར་བསྲེལ་བ་དང༌། ལུས་དག་བསྐུ་བར་བྱའོ། །སྐྱུར་དང་ཆེན་པོས་ཕྱེའི་ཕུར་མ་ཆང་གི་རླངས་པས་བདུགས་པ་བསྣམ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །མྱོས་པར་འགྱུར་བ་འཐུངས་པའི་ལྟུང་བྱེད་དེ་བདུན་ཅུ་དགུ་པ་བཤད་ཟིན་ཏོ།། །། དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བཅས་པ་དང༌། གནང་བའི་དབང་གིས་རྣམ་བ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་
འཆར་ཀས་བྲམ་ཟེའི་བུ་མོ་ཞིག་རྒྱལ་བྱེད་ཀྱི་ཚལ་དུ་གཙུག་ལག་ཁང་ལྟར་འོངས་པ་ལ་ཀུ་རེ་བྱས་པའི་གཞི་ལ་བརྟེན་ནས་ད་ཕྱིན་ཆད་བདག་འཁོར་བར་འཁོར་བ་ན་ཉོན་མོངས་པ་དེ་ལྟ་བུ་དག་ཀུན་དུ་སྤྱོད་པར་མི་འགྱུར་བ་དེ་ལྟར་བྱའོ་སྙམ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་གན་དུ་སོང་སྟེ་ཆོས་བསྟན་པར་གསོལ་བ་དང༌། དེས་དེ་ལ་འདི་དང་འདི་ལྟར་ཡིད་ལ་གྱིས་ལ་བག་ཡོད་པར་སྒྲུབས་ཤིག་ཅེས་གདམས་ངག་བྱིན་ནོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་གཅིག་པུ་དབེན་པ་བག་ཡོད་པ་བརྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་པ་ན་རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྦུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་བྲལ་བ། བོད་པ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཉམ་པའི་སེམས་དང་ལྡན་པ། ཙན་དན་ཞག་ལོན་པར་བཞག་པ་ལྟ་བུ་རིག་པའི་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང༌། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང༌། རྗེད་པར་བྱ་བ་དང༌། མངོན་དུ་སྨྲ་བར་བྱ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་དགྲ་བཅོམ་པ་ཉིད་ཐོབ་ཅིང་རྣམ་པར་གྲོལ་བའི་དགའ་བ་དང༌། བདེ་བ་ཉམས་སུ་མྱོང་བ་ན་འདི་སྙེམ་དུ་སེམས་ཏེ། བཅོམ་ལྡན་འདས་ནི་བདག་ལ་ཕན་པར་མཛད་པ་ལེགས་པར་མཛད་པ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་བདག་གི་སྡུག་བསྔལ་གྱི་ཆོས་མང་པོ་དག་སེལ་བར་མཛད་པ། བདེ་བའི་ཆོས་མང་པོ་དག་སྒྲུབ་པར་མཛད་པ། སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་དག་སེལ་བར་མཛད་པ། དགེ་བའི་ཆོས་རྣམ་པ་དུ་མ་དག་སྒྲུབ་པར་མཛད་པ་ཡིན་ན་བདག་གིས་ཅི་ཞིག་བྱས་
ན་དེས་བདག་གིས་བཅོམ་ལྡན་འདས་ལ་ལན་བྱས་པ་དང༌། ཉེ་བར་བྱས་པ་དང༌། རབ་ཏུ་བྱས་པར་འགྱུར་སྙམ་པ་དང༌། དེས་ཡང་བསམས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་དཀའ་བ་མཛད་པ་བརྒྱ་སྟོང་དུ་མ་དག་གིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་སེམས་ཅན་ལ་ཕན་པའི་ཕྱིར་ཡིན་པས་བདག་གིས་ཀྱང་སེམས་ཅན་ལ་ཕན་པར་བྱའོ་སྙམ་མོ། །དེས་བསམས་པ་བཅོམ་ལྡན་འདས་ཀྱིས་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་གསུངས་པ་འགའ་ཡོད་དམ་སྙམ་ན་དེས་ཇི་ཙམ་ན་མེད་པར་མཐོང་ངོ༌། །སུ་ལ་ལྟོས་སྙམ་ན་བདག་ཉིད་ལ་ལྟོས་པར་མཐོང་ནས་ལེགས་ཀྱིས་བདག་གིས་སྟོན་པ་ཐུགས་ལ་དགོངས་པ་ཡོངས་སུ་རྫོགས་པར་བྱའོ་སྙམ་མོ། །དེ་མཐར་གྱིས་འདུལ་བའི་དོན་ལ་མཉན་ཡོད་དུ་ཞུགས་ནས་བྲམ་ཟེའི་ཁྱིམ་དད་པོ་དང་བཅུ་པ་ནས་ལྔ་བརྒྱ་ལྷག་ཙམ་གཉི་ག་ནས་བཏུལ་ཅིང་གཞག་གོ །དེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་ནང་ནས་མཆོག་ནི་འདི་ལྟ་སྟེ། དགེ་སློང་འཆར་ཀ་ནག་པོ་འདི་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་ན་བྲམ་ཟེ་གསང་སྔགས་དག་གིས་མི་མ་ཡིན་པ་དབང་དུ་བྱས་ནས་ཤིང་རྟ་བྱས་ཏེ་འདྲེན་དུ་འཇུག་པ་ཞིག་དང༌། གྱད་སྟོབས་རློམ་པ་ཞིག་ཀྱང་བཏུལ་ཏེ་དེ་གཉིས་ཀྱིས་དགྲ་བཅོམ་པ་ཉིད་ཐོབ་པར་བྱས་ནས། ཁྱིམ་བདག་གི་ཆུང་མ་གཏུམ་མོའི་མནའ་མ་ཆོམ་རྐུན་པའི་དམག་དཔོན་ལུས་བརྟན་པ་དམ་པ་མཁྲང་བ་ཞིག་དང་འདོད་པས་ལོག་པར་གཡེམ་པ་ཞིག་ལ་ཚེ་དང་ལྡན་པ་འཆར་ཀས་བུད་མེད་དེ་འདོད་ཆགས་སྤྱད་པ་ཞིག་ཡིན་པར་ཤེས་ནས་དེས་དེ་ལ་འདོད་ཆགས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་དོ། །དེས་བསམས་པ་འཕགས་པ་འཆར་ཀ་ནི་གཞན་གྱི་སེམས་ཤེས་པ་ཡིན་པས་དེས་འཕྲིགས་ཀྱིས་གལ་ཏེ་མ་བསད་ན་དེས་བདག་གི་ཁྱིམ་ཐབ་ལ་བྱས་ཤིང་ངེས་བར་ག་ལ་གནོད་པ་བྱེད་པར་འགྱུར་དུ་འོང་གིས་བདག་གིས་དེ་བསད་དོ་སྙམ་ནས་དེས་ཆོམ་རྐུན་གྱི་དམག་དཔོན་ལ་དེ་སོད་ཅིག་ཅེས་བྱས་པ་དང༌།
ཆོམ་རྐུན་གྱི་དམག་དཔོན་གྱིས་སྨྲས་པ། ཁོ་བོ་དེ་མི་གསོད་དོ། །དེ་ནི་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ཆུང་པོ་གྲོགས། བཙུན་མོ་ཕྲེང་ལྡན་མའི་སློབ་དཔོན་ཡིན་པས་ཁོ་བོས་དེ་བསད་པར་གྱུར་ན་ཁོ་བོ་རྒྱལ་པོས་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ་བསྲེགས་པས་འཆི་བར་བྱ་དགོས་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །དེས་སྨྲས་པ་གལ་ཏེ་ཁྱོད་དེ་གསོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་གསོད་ན་ཁྱོད་ཕྱིན་ཆད་ཁོ་མོའི་ཁྱིམ་དུ་འཇུག་པར་མི་བྱའོ། །འདོད་པ་བསྟེན་པ་དག་གིས་ནི་སྡིག་པའི་ཆོས་མི་བྱ་བ་ཅི་ཡང་མེད་པས་ཆོམ་རྐུན་པའི་དམག་དཔོན་དེས་སྨྲས་པ། གལ་ཏེ་གཞན་གྱི་སེམས་ཤེས་པ་ལ་མཁས་པ་ཡིན་ན་ཁོ་བོས་ཇི་ལྟར་གསད་པར་བྱ། དེས་སྨྲས་པ། ཐབས་ཀྱི་རྣམ་པ་ཞིག་བྱའོ་ཞེས་དུས་མ་ཡིན་པར་ཚེ་དང་ལྡན་པ་འཆར་ཀའི་གན་དུ་མངགས་པ་བཏང་སྟེ། བཙུན་པ་འཆར་ཀ་བདག་བྲོ་འཚལ་བར་གྱུར་ན་ཁྱོད་ཀྱིས་བདག་གཟིགས་པར་ཅི་གནང་ཞེས་སྤྲིང་ངོ༌། །དགྲ་བཅོམ་པ་དག་ནི་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པས་ཚེ་དང་ལྡན་པ་འཆར་ཀ་ཡང་དུས་མ་ཡིན་པར་ཞུགས་ཏེ་དེ་ལ་ཆོས་བསྟན་པ་བྱས་ནས་དེ་ཕྱིར་འབྱུང་བར་བརྩམས་པ་དང༌། དེས་སྨྲས་པ། འཕགས་པ་ཁྱོད་མཐོང་ན་གློ་བ་དགས། ཡུད་ཙམ་ཅིག་བཞུགས་སུ་གསོལ་ཞེས་དེས་ཚེ་དང་ལྡན་པ་འཆར་ཀ་ཇི་སྲིད་ཀྱིས་ཤིན་ཏུ་ནམ་སྲོས་པར་གྱུར་པ་དེ་སྲིད་དུ་བཟུང་ནས་ཆོམ་རྐུན་པའི་དམག་དཔོན་ཡང་རལ་གྲི་ཤུབས་ནས་ཕྱུང་སྟེ་སྒོ་ན་སྡོད་དོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་ཕྱིར་ཕྱུང་བ་དང་ཆོམ་རྐུན་པའི་དམག་དཔོན་སྙིང་རྗེ་མེད་པའི་སེམས་དང་ལྡན་པ་འཇིག་རྟེན་ཕ་རོལ་བཏང་བ་དེས་ཚེ་དང་ལྡན་པ་འཆང་ཀའི་མགོ་དྲུང་ནས་བཅད་དེས་ལ་བསྒྱེལ་ཏོ། །སྙིང་རྗེ་མེད་པའི་སེམས་དང་ལྡན་པ་འཇིག་རྟེན་ཕ་རོལ་བཏང་བ་དེ་གཉིས་ཀྱིས་ཚེ་དང་ལྡན་པ་འཆར་ཀའི་ལུས་དེ་ཕྱག་དར་གྱི་ཕུང་པོ་ཞིག་ཏུ་སྦས་ཏེ་བཞག་གོ །དེའི་ཉིན་མོ་གསོ་སྦྱོང་གི་ཞལ་ཏ་བ་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། འགའ་ཞིག་གིས་བཙུན་པ་འཆར་ཀའི་འདུན་པ་བླངས་སམ། བཙུན་པ་འཆར་ཀ་མེད་དོ། །དེ་ནས་བཅེམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་དེ་
བསད་ཀྱིས་ཆོས་གོས་དག་ལོང་ཤིག་དང་དེའི་ལུས་ལ་མཆོད་པར་བྱའོ། །བཅོམ་ལྡན་འདས་འཕགས་བ་དང་ཅི་ཙམ་ན་མཉན་ཡོད་ཀྱི་སྒོ་བཅད་ནས་བཅོམ་ལྡན་འདས་ཀྱིས་གསེར་གྱི་ཁ་དོག་ལྟ་བུའི་འོད་བཏང་བ་མཛད་པ་དང༌། དེས་མཉན་ཡོད་ཐམས་ཅད་གསེར་བཅོ་མའི་ཁ་དོག་ལྟ་བུའི་འོད་ཀྱིས་སྣང་བར་གྱུར་ཏོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེ་མཐོང་ནས་ཅི་ལས་གྱུར་སྙམ་ན། བཅོམ་ལྡན་འདས་གཤེགས་པར་བཞེད་གོར་མ་ཆག་སྙམ་ནས་དེ་བཙུན་མོའི་འཁོར་དང་བཅས་བས་མཉན་ཡོད་ཀྱི་ལྡེ་མིག་ཁྱེར་ནས་སྒོ་ཕྱེ་བ་དང་བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེན་པར་དཀའ་བ་དང་བཟོད་པར་དཀའ་བ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བར་མ་ནུས་སོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་བ་མདུན་དུ་གཤེགས་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཙུན་མོའི་འཁོར་དང་བཅས་པས་སླད་བཞིན་སླད་བཞིན་དུ་རྗེས་སུ་འབྲང་ཞིང་སོང་བ་དང་ཇི་ཙམ་ན་ཕྱག་དར་གྱི་ཕུང་པོའི་ཕྱོགས་དེར་བྱོན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་དེ་འདིར་སྦས་ཀྱིས་ཕྱུང་ཤིག་དེ་ཕྱུང་བ་དང་དེ་ན་གང་དག་ཚེ་དང་ལྡན་པ་འཆར་ཀ་ལ་བརྟེན་ནས་འཕགས་པའི་བདེན་བ་དག་མཐོང་བ་དེ་དག་གིས་གསོལ་བ་འདི་བདག་ཅག་གི་དགེ་བའི་བཤེས་གཉེན་ལགས་ན་བཅོམ་ལྡན་འདས་ཀྱིས་བདག་ཅག་འདིའི་ལུས་ལ་མཆོད་པ་བགྱིད་པར་ཅི་གནང༌། བཅོམ་ལྡན་འདས་ཀྱིས་མ་གནང་ངོ༌། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་གསོལ་པ། འདི་བདག་གི་ཆུང་པོ་གྲོགས་ལགས་ན་བཅོམ་ལྡན་འདས་ཀྱིས་བདག་འདིའི་ལུས་ལ་མཆོད་པ་བགྱིད་པར་ཅི་གནང༌། བཅོམ་ལྡན་འདས་ཀྱིས་མ་གནང་ངོ༌། །བཙུན་མོ་ཕྲེང་ལྡན་མས་གསོལ་བ། འདི་བདག་གི་སློབ་དཔོན་ལགས་ན་བཅོམ་ལྡན་འདས་ཀྱིས་བདག་འདིའི་ལུས་ལ་མཆོད་པ་བགྱིད་པར་ཅི་གནང༌། བཅོམ་ལྡན་འདས་ཀྱིས་གནང་ངོ༌། །དེ་ནས་བཙུན་མོ་ཕྲེང་ལྡན་མས་ཚེ་དང་ལྡན་བ་འཆར་ཀའི་ལུས་དེས་གར་གྱིས་དྲིལ་ཕྱི་བྱེད་དུ་བཅུག་ནས་སྤོས་ཆུར་འཁྲུར་བཅུག་སྟེ་རས་ཁ་དོག་སྣ་ཚོགས་དག་གིས་ཁྱོགས་སྤྱིར། བརྒྱན་ནས་ད་
དེར་བཅུག་སྟེ། དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མདུན་དུ་གཤེགས་ནས་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དེའི་ཕྱི་བཞིན་རྗེས་སུ་འབྲང་ཞིང་སོང་སྟེ། ས་ཕྱོགས་གོ་སྐབས་ཡངས་པ་ཞིག་ཏུ་བཞག་ནས་བཙུན་མོ་ཕྲེང་ལྡན་མས་སྤོས་ཀྱི་ཤིང་ཐམས་ཅད་ཀྱིས་ཕུང་པོར་བཅེར་ཏེ་བསྲེགས་ནས་ཕུང་པོ་དེ་འོ་མས་ཞི་བར་བྱས་ཏེ་རུས་པ་དེ་དག་གསེར་གྱི་བུམ་པར་བཅུག་ནས་ལམ་ཆེན་པོའི་བཞི་མདོར་ལུས་ཀྱི་མཆོད་རྟེན་རྩིག་ཏུ་བཅུག་ནས་གདུགས་དང༌། རྒྱལ་མཚན་དང༌། བ་ངན་དག་བསྒྲེང་ཞིང༌། དྲི་དང་ཕྲེང་བ་རྒྱུ་དང༌། བདུག་སྤོས་དང༌། ཕྱི་མ་དང་སིལ་སྙན་དག་གིས་མཆོད་པ་བྱས་ཏེ། རྐང་པ་གཉིས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་དེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཉེས་དམིགས་འདི་དང་གཞན་དག་ཀྱང་དགེ་སློང་དག་དུས་མ་ཡིན་པར་གྲོང་དུ་འཇུག་པ་ལས་གྱུར་པས་དགེ་སློང་གིས་དུས་མ་ཡིན་བར་གྲོང་དུ་འཇུག་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དུས་མ་ཡིན་པར་གྲོང་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་འཆར་ཀ །ཉོན་མོངས་པ་ནི་བག་ཆགས་མ་བྱང་བས་མ་བསམས་པ། ཉེས་པ་ནི་དུས་མ་ཡིན་པར་གྲོང་དུ་འཇུག་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ནད་ངན་པ་ཅན་དག་འཁོར་པ་དག་གིས་ཡུན་རིང་དུ་འདུག་པར་མི་ནུས་པ་ན་དགེ་སློང་ནད་གཡོག་དག་གིས་ཀྱང་ནད་པ་དག་གི་བྱ་བ་ཉམས་པར་བྱེད། དགེ་སློང་ཞལ་ཏ་བྱེད་པ་དག་གིས་ཀྱང་དགེ་འདུན་གྱི་བྱ་བ་ཉམས་པར་བྱེད་པའི་སྐབས་དེ་དགེ་
སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་འདུག་པ་ལ་སྨྲས་ཏེ་འགྲོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་འདུག་པ་ལ་སྨྲ་བར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་ཞིག་གིས་ཁྱིམ་གཞན་དུ་ལྷུང་བཟེད་དང་ཆོས་གོས་བཞག་ནས་ཇི་ཙམ་ན་དེར་མེ་ཤོར་ནས་དགེ་སློང་དེས་དེར་འགྲོ་བར་བརྩམས་ཏེ་དེ་ལམ་གྱི་ཕྱེད་དུ་སོན་པ་དང༌། བདག་གིས་དགེ་སློང་འདུག་པ་ལ་མ་སྨྲས་སོ་སྙམ་པའི་དྲན་པ་སྐྱེས་ནས་དེ་ཕྱིར་ལོག་སྟེ་ཇི་སྲིད་དུ་དགེ་སློང་འདུག་པ་ལ་སྨྲ་བར་བྱེད་པ་དེ་སྲིད་དུ་དེའི་ལྟུང་བཟེད་དང་ཆོས་གོས་ཚིག་ནས་དེས་དེར་སོང་བ་དང༌། ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཁྱོད་ཅིའི་སླད་དུ་འཕྱིས་ཏེ་བྱོན། དེས་ན་ཁྱོད་ཀྱི་ལྷུང་བཟེད་དང༌། ཆོས་གོས་ཚིག་གིས་གལ་ཏེ་ཁྱོད་མྱུར་དུ་བྱོན་པར་གྱུར་ན་ཁྱོད་ཀྱི་ལྷུང་བཟེད་དང༌། ཆོས་གོས་ཚིག་པར་མི་འགྱུར་རོ་ཞེས་ཟེར་ཞིང་དགེ་སློང་དེ་ཡང་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་ལྟ་བས་ན་དེ་འདྲ་བའི་རྐྱེན་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང༌། བསླབ་པ་ལ་གུས་པ་དང༌། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང༌། དེའི་ཤས་ཆེ་བ་དང༌། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དུས་མ་ཡིན་པར་གྲོང་དུ་འཇུག་ཅིང་དགེ་སློང་འདུག་པ་ལ་མི་སྨྲ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་དོན་ཉུང་དུ་དག །ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དུས་མ་ཡིན་པར་ཞེས་བྱ་བ་ནི་དུས་མ་ཡིན་པ་གཉིས་སུ་དབྱེ་སྟེ། སྐྱ་རེངས་མ་ཤར་བ་དང་ཕྱེད་ཡོལ་བར་རོ། །གྲོང་དུ་ཞེས་བྱ་
བ་ནི་གང་ན་སྲང་དང༌། སུམ་མདོ་དང་བཞི་མདོ་དག་ཡོད་པར་རོ། །འཇུག་ཅིང་ཞེས་བྱ་བ་ནི་འགྲོ་ཞིང་ངོ༌། །དགེ་སློང་འདུག་ཕ་ལ་མི་སྨྲ་ན་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་འདུག་པ་ལའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་གླེང་གཞི་ལས་དགེ་སློང་འདུག་པ་ལ་སྨྲ་བར་བྱེད་པ་དེ་སྲིད་དུ་དེའི་ལྟུང་བཟེད་དང་ཆོས་གོས་ཚིག་པར་གྱུར་པ་དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལྟ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་བརྟད་པའི་བྱ་བ་མ་བྱུང་བ་དང༌། རྫུ་འཕྲུལ་གྱིས་འགྲོ་བ་མ་གཏོགས་པས་དགེ་སློང་ངམ་དེ་མེད་ན་དགེ་སློང་མའམ། དེ་མེད་ན་དགེ་ཚུལ་ལམ། དེ་མེད་ན་དགེ་སློབ་མའམ། དེ་མེད་ན་དགེ་ཚུལ་མ་འཁོད་པ་ལ་མ་སྨྲས་པར་རང་གི་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་བར་གྱི་དུས་མ་ཡིན་པར་ཁྱིམ་པའི་གྲོང་གཞན་དུ་ཞུགས་ན་དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དུས་མ་ཡིན་པ་ཉིད་དུ་འདུ་ཤེས་པ་ལ་ན་སྨད་པ་མེད་དོ། །བརྟད་པའི་བྱ་བ་མ་བྱུང་བ་དང༌། རྫུ་འཕྲུལ་གྱིས་འགྲོ་བ་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་ངམ་དེ་མེད་ན་དགེ་སློང་མའམ། དེ་མེད་ན་དགེ་ཚུལ་ལམ་དེ་མེད་ན་དགེ་སློབ་མའམ། དེ་མེད་ན་དགེ་ཚུལ་མ་ལ་མ་སྨྲས་པ་ལ་ན་སྨད་པ་མེད་དོ། །གྲོང་ཁང་པ་གཅིག་ཙམ་ཡོད་པ་བསྐོར་བ་ལ་མཐའི་འདོམ་གང་ལ་སོགས་པར་ཞུགས་པ་ལ་ན་སྨད་པ་མེད་དོ། །ཁྱིམ་པའི་གྲོང་ལ་ན་སྨད་པ་མེད་དོ། །གྲོང་བཞིན་དུ་ན་རྒྱུ་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དུས་མ་ཡིན་པ་ཉིད་ལ་དགེ་སློང་འཁོད་པ་ལ་མ་སྨྲས་པ་དང༌། བརྟད་པའི་བྱ་བ་མ་བྱུང་བ་དང༌། རྫུ་འཕྲུལ་གྱིས་འགྲོ་བ་མ་གཏོགས་པའི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དུས་མ་ཡིན་པ་ཉིད་དང༌། དེར་འདུ་ཤེས་པ་ཉིད་དོ། །དགེ་སློང་འཁོད་པ་ལ་མ་སྨྲས་པའམ། བརྟད་པའི་བྱ་བ་མ་བྱུང་བའམ། རྫུ་འཕྲུལ་གྱིས་འགྲོ་བ་མ་
གཏོགས་པ་ཉིད་དང༌། ཁྱིམ་པའི་གྲོང་ཉིད་དང༌། དེར་ཞུགས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སླད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་དུས་ན་ཡིམ་པར་འགྲོ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཕྱོགས་གང་དུ་འགྲོ་བའི་ཕྱོགས་དེ་ལས་གཞན་དུ་རྒྱུ་བ་ལ་ཉེས་བྱས་སོ། །གྲོང་གཅིག་གིས་ཁྱིམ་གཞན་དུ་འགྲོ་བ་སྨྲ་ཞིང་ཁྱིམ་གཞན་དུ་རྒྱུ་བ་ཡང་ཉེས་བྱས་སོ། །གྲོང་ཡོངས་སུ་ཆད་པར་བྱེད་ཅིང་ཁྱིམ་ཡོངས་སུ་ཆད་པར་མི་བྱེད་པར་གྲོང་དེའི་ཁྱིམ་དུ་འཇུག་པ་དང༌། ཕྱི་རོལ་པའི་རབ་ཏུ་བྱུང་བའི་གནས་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བྱེད་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བའང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དུས་མ་ཡིན་པར་འདུ་ཤེས་མེད་པ་ལ་ལྟུང་བ་མེད་དོ། །དགེ་སློང་འཁོད་པ་ལ་སྨྲས་པ་ལ་ལྟུང་བ་མེད་དོ། །བརྟད་པའི་བྱ་བ་བྱུང་བ་དགེ་སློང་འཁོད་པ་ལ་མ་སྨྲས་པ་ལ་ལྟུང་བ་མེད་དོ། །གང་སྨྲ་བར་བྱ་བ་བརྡ་མི་ཕྲད་པ་དང༌། མཚམས་གཞན་ན་གནས་པ་དང༌། གནས་ནས་བྱུང་བ་དང༌། གཞན་གྱི་ཕྱོགས་དང་མཐུན་པ་དག་ནི་མེད་པ་ཉིད་ཡིན་པས་དེ་ལྟ་བུ་ཤ་སྟག་འཁོད་ན་དེ་ལ་མ་སྨྲས་པ་ལ་ལྟུང་བ་མེད་དོ། །རྫུ་འཕྲུལ་གྱིས་འགྲོ་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་བ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གི་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟན་པར་བསླབ་པར་བྱའོ། །དགེ་སློང་འཁོད་པ་ལ་སྨྲ་བར་བྱའོ། །དེ་མེད་ན་དགེ་སློང་མའམ། དེ་མེད་ན་དགེ་ཚུལ་ལམ། དེ་མེད་ན་དགེ་སློབ་མའམ། དེ་མེད་ན་དགེ་ཚུལ་མ་ལ་སྨྲ་བར་བྱའོ། །བརྟད་པའི་བྱ་བ་བྱུང་ན་མ་སྨྲས་པར་ཡང་འགྲོ་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དེ་བརྒྱད་ཅུ་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་བ་འདུལ་
བ་ཀུན་ལས་བཏུས་པ། །བམ་པོ་བཞི་བཅུ་པ། སྡོམ་ལ། ཟས་བཅས་སྐྱ་རེངས་གདོད་མ་དང༌། །ཁབ་རལ་དང་ནི་ཁྲི་རྐང་དང༌། །བདལ་དང་གདིང་བ་གཡན་པ་དང༌། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཞེས་བྱ་བ་ནི་བཅུ་པ་དགུ་པ་ཡིན་ཏེ། སྡོམ་པ་ཞེས་བྱ་བ་ནི་ཚིག་གི་དོན་དང༌། དགོས་པ་ནི་སྔ་མ་བཞིན་ནོ། །བཅུ་པ་དགུ་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། གྲོང་རྒྱུ་བ་དང༌། རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་དང༌། ནུབ་མོ་འགྲོ་བ་དང༌། བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པ་དང༌། ཁབ་རལ་འཆོས་པ་དང༌། ཁྲི་རྐང་འཆོས་པ་དང༌། ཤིང་བལ་གྱིས་གོས་བར་བྱ་བ་དང༌། གདིང་བ་ལས་གྱུར་པ་དང༌། གཡན་བ་དག་པ་ལས་གྱུར་བ་དང༌། དབྱར་གྱི་རས་ཆེན་ལས་གྱུར་པ་དང༌། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དོ། །དེ་ལ་གྲོང་རྒྱུ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བཅས་པ་དང༌། གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་གཅིག་འདུག་པ་དེའི་ཁྱིམ་དུ་ཉེ་དགའ་དུས་དང་དུས་སུ་འགྲོ་ཞིང་དེས་དེ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་ལ་གཞག་གོ །དུས་གཞན་དེས་དེ་ལ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་པོ་དག་གི་བསྔགས་པ་རྒྱ་ཆེར་བརྗོད་པ་དང༌། དེས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་བར་བརྩམས་ནས། དེས་སྨྲས་པ། འཕགས་པ་ཁྱོད་ཀྱིས་བདག་གི་མིང་གིས་སངས་རྒྱས་ལ་སོགས་པ་དགེ་སློང་དགེ་འདུན་སང་བདག་གི་སྡུམ་པར་གདུགས་ཚོད་ལ་སྤྱན་དྲང་བར་རིགས་སོ། །དེ་དང་དུ་བླངས་ནས་དེ་བཞིན་དུ་སྤྱན་དྲངས་སོ། །ཆོས་ཉིད་ཀྱིས་ན་གང་གི་ངོར་དགེ་སློང་གི་དགེ་འདུན་སྤྱན་དྲངས་པ་དེ་དུས་སྔར་འགྲོ་བ་ཡིན་པས་ཚེ་དང་ལྡན་པ་ཉེ་དགའ་དུས་སྔར་དེར་སོང་ནས་དེས་ཁྱིམ་བདག་དེ་ལ་སྨྲས་པ། ཁྱིམ་བདག་ཁོ་བོ་སྦྱིན་བདག་གི་ཁྱིམ་དག་ལྟ་བའི་བར་དུ་ཁྱོད་རེ་ཞིག་ཞལ་ཟས་སྟ་གོན་གྱིས་ཤིག །ཁོ་བོ་མ་འོངས་ཀྱི་བར་དུ་ཡང་ཁྱོད་ཀྱིས་རེ་ཞིག་བྲིམ་པར་མི་བྱའོ་ཞེས་སྨྲས་ཏེ་སོང་ངོ༌། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་
བཅས་པ་ཡང་དེ་མ་བསྐུལ་བར་སྔར་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་གཤེགས་ཏེ་སྒོ་དྲུང་ནས་བཞེངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་ཁྱིམ་བདག་དེ་ཅི་བདེར་གྱིས་ཤིག་ཅེས་བསྒོས་ཤིག ། ཚེ་དང་ལྡན་པ་ཀུན་དགའ་བོས་ཁྱིམ་བདག་དེ་ལ་ཅི་བདེར་གྱིས་ཤིག་ཅེས་བསྒོ་བ་དང༌། ཁྱིམ་བདག་དེས་སྨྲས་པ། འཕགས་པ་བདག་གིས་ཁྱེད་ཅག་གི་ཅི་བདེ་ཅི་ལེགས་ནི་མ་འཚལ་གྱི། འདི་ལྟར་ཁྱེད་ཅག་ཁོ་ནའི་སླད་དུ་གདན་དག་བཤམས་ཀྱིས་བཞུགས་སུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་སྐད་ཟེར་ན་ཁྱེད་ཅག་ཁོ་ནའི་ཕྱིར་སྟན་དག་བཤམས་པས་ཅི་བདེར་བྱས་པར་བརྗོད་པར་བྱའོ། །འདུག་པར་བྱ་ཞིང་འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཞུགས་པ་ན་ཇི་ཙམ་ན་གདུགས་ཚོད་བབ་ཏུ་ཉེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཁྱིམ་བདག་དེ་ལ་གདུགས་ཚོད་བབ་ཀྱིས་ཞལ་ཟས་བྲིམས་ཤིག །ཟས་རུལ་བར་འགྱུར་བ་འདིས་ཁྱོད་ལ་ཅི་ཞིག་བྱ་ཞེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་ཁྱིམ་བདག་ལ་བསྒོ་བ་དང༌། ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཉེ་དགའ་མཆི་བའི་བར་དུ་ཡུད་ཙམ་ཞིག་གཞེས་སུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་དེ་སྐད་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཡུད་ཙམ་ཞིག་གཞེས་ནས། ཡང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཁྱིམ་བདག་དེ་ལ་གདུགས་ཚོད་བབ་ཀྱིས་ཞལ་ཟས་བྲིམས་ཤིག །ཟས་རུལ་བར་འགྱུར་བ་འདིས་ཁྱེད་ལ་ཅི་ཞིག་བྱ་ཞེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་ཁྱིམ་བདག་ལ་བསྒོ་བ་དང༌། ཁྱིམ་བདག་གིས་སྨྲས་པ། འཕགས་བ་ཉེ་དགའ་མཆི་བའི་བར་དུ་ཡུད་ཙམ་ཞིག་གཞེས་སུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་དེ་སྐད་ཅེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཁྱིམ་བདག་དེ་ལ་ཉེ་དགའ་འོངས་པར་མ་གྱུར་ན་ཟས་སྦྱིན་པར་མི་བྱེད་དམ་ཞེས་སྨྲས་པ་དང༌།
ཁྱིམ་བདག་དེས་སྨྲས་པ། འཕགས་པ་མི་གསོལ་ལོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་དེ་སྐད་ཅེས་གསོལ་བ་དང༌། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་བཀའ་སྩལ་པ། གཞན་དབང་ཐམས་ཅད་སྡུག་བསྔལ་ཏེ། །བདག་དབང་ཐམས་ཅད་བདེ་བ་ཡིན། ཐུན་མོང་དག་གིས་གནོད་བྱེད་དེ། །འབྲེལ་པ་ཤིན་ཏུ་འདའ་བར་དཀའ། །ཅི་ཙམ་ན་གདུགས་ཚོད་ཀྱི་མཐའ་ལ་བབ་པ་ན་ཉེ་དགའ་འོངས་ནས་དེས་སྨྲས་པ། ཁྱིམ་བདག་མི་འབྲིམ་པར་ཅི་སྡོད། དེས་སྨྲས་པ། འཕགས་པ་ཁྱོད་ཀྱི་ཞལ་ནས་ཁོ་བོ་མ་འོངས་ཀྱི་བར་དུ་རེ་ཞིག་བྲིམ་པར་མི་བྱའོ་ཞེས་བྱུང་ལ་འདི་སྐད་ཅེས་གསུང་ངམ། ཉེ་དགའ་ཤགས་མེད་ན་ཅང་མི་སྨྲ་བར་འདུག་གོ །དེ་ནས་ཁྱིམ་བདག་དེས་བྲིམ་པར་བརྩམས་པ་དང༌། ཇི་ཙམ་ན་གདུགས་ཚོད་ཡོལ་ནས་དགེ་སློང་ཁ་ཅིག་གིས་ཟས་ཐོབ་ནས་ཟན་བཅད་པ་བྱས། ཁ་ཅིག་གིས་ཟན་མ་ཐོབ་པ་ཁོ་ནར་ཟན་བཅད་བ་བྱས་ནས། བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་ནས་གཤེགས་སོ། །ཉེ་དགའ་བོ་ངོ་ཚ་བར་གྱུར་བའི་སྙིང་གིས་དེ་ཉིད་དུ་འདུག་གོ །དེའི་ཉིན་མོ་གསོ་སྦྱོང་གི་ཞལ་ཏ་བ་རྒན་པའི་མཐའ་ལོགས་སུ་འདུག་སྟེ་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ཞིང་སྨྲས་པ། བཙུན་པ་ཉེ་དགའ་མ་མཆིས་སམ། འགའ་ཞིག་གིས་དེའི་འདུན་པ་བླངས་སམ། དགེ་སློང་རྣམས་ཀྱིས་སྨྲས་པ། དེ་མ་འོངས་ཏེ་སུས་ཀྱང་དེའི་འདུན་པ་མ་བླངས་སོ། །དགེ་སློང་གཞན་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཉེ་དགས་བདག་ཅག་སྔ་དྲོ་ནི་ཟང་ཟིང་གི་ཆེད་ལ་ཐོ་འཚམས་ནས། དེ་ནི་ཆོས་ཀྱི་ཆེད་ལ་ཐོ་འཚམས་པར་བྱེད་དོ་ཞེས་ཟེར་ནས་དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ཟས་བཅད་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་སྨད་ནས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་
དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་རང་ཉམས་ཀྱིས་ཀུན་དུ་སྤྱོད་པའོ། །ཉེས་པ་ནི་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་ཁྱིམ་དག་ཏུ་རྒྱུ་བས་དགེ་འདུན་གྱི་ཟང་ཟིང་གི་བར་ཆད་བྱས་པ་དང༌། ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་བས་དགེ་འདུན་གྱི་ཆོས་ཀྱི་བར་ཆད་བྱས་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ནད་ངན་ཅན་དག་འཁོད་པ་དག་གིས་ཡུན་རིང་དུ་འདུག་མི་ནུས་ནས་དགེ་སློང་ནད་གཡོག་རྣམས་ཀྱིས་ཀྱང་ན་བའི་བྱ་བ་ཉམས་པར་བྱེད་ཅིང༌། དགེ་སློང་ཞལ་ཏ་བྱེད་པ་དག་གིས་ཀྱང་དགེ་འདུན་གྱི་བྱ་བ་ཉམས་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པ་འདུག་པ་ལ་བསྒོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་པ་འདུག་པ་ལ་བསྒོ་བར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་ཞིག་གིས་ཁྱིམ་གཞན་དུ་ལྷུང་བཟེད་དང་ཆོས་གོས་གཞག་པ་དེར་མེ་ཤོར་ནས་དགེ་སློང་དེས་དེར་འགྲོ་བར་བརྩམས་ཏེ་དེ་ལམ་གྱི་ཕྱེད་དུ་སོན་པ་དང༌། བདག་གིས་ཁྱིམ་པ་འདུག་པ་ལ་མ་བསྒོའོ་སྙམ་པའི་དྲན་པ་སྐྱེས་ནས་དེ་ཕྱིར་ལོག་སྟེ། ཇི་སྲིད་ཁྱིམ་པ་འདུག་པ་ལ་བསྒོ་བར་བྱེད་པ་དེ་སྲིད་དུ་ལྷུང་བཟེད་དང་ཆོས་གོས་ཚིག་ནས་དེ་དེར་སོང་པ་དང༌། ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཁྱོད་ཅིའི་སླད་དུ་འཕྱིས་ཏེ་བྱོན། དེས་ན་ཁྱོད་ཀྱི་ལྷུང་བཟེད་དང་ཆོས་གོས་ཚིག་གིས། གལ་ཏེ་ཁྱོད་མྱུར་དུ་བྱོན་པར་གྱུར་ན་ཁྱོད་ཀྱི་ལྷུང་བཟེད་དང་ཆོས་གོས་ཚིག་པར་མི་འགྱུར་རོ་ཞེས་ཟེར་ཞིང༌། དགེ་སློང་དེ་ཡང་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དེ་འདྲ་བའི་རྐྱེན་མ་གཏོགས་སོ། །དེ་
ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང༌། བསླབ་པ་ལ་གུས་པ་དང༌། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང༌། དེའི་ཤས་ཆེ་བ་དང༌། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གང་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ཞིང༌། ཁྱིམ་པ་འདུག་པ་ལ་མི་བསྒོ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་དོན་ཉུང་དུ་དག །ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱ་ཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཟས་དང་བཅས་པའི་ཞེས་བྱ་བ་ནི་མགྲོན་དུ་བོས་བ་དང་བཅས་པའོ། །ཁྱིམ་དུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུའོ། །མགྲོན་དུ་བོས་ནས་ཞེས་བྱ་བ་ནི་བསོད་སྙོམས་ཀྱི་ཕྱིར་གཤེགས་སོ། །སྔ་དྲོ་ཞེས་བྱ་བ་ནི་སྔ་དྲོ་ཉིད་དེ་ཁྱིམ་གཉིས་པས་ལྷག་པར་རྒྱུ་ནའོ། །ཕྱི་དྲོ་ཞེས་བྱ་བ་ནི་ཕྱི་དྲོ་ཉིད་དོ། །ཁྱིམ་གསུམ་ལས་ལྷག་པར་རྒྱུ་ནའོ། །ཁྱིམ་དག་ཏུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུའོ། །རྒྱུ་ཞིང་ཞེས་བྱ་བ་ནི་འགྲོ་ཞིང་ངོ༌། །ཁྱིམ་པ་འདུག་པ་ལ་མི་བསྒོ་ན་ཞེས་བྱ་བ་ནི་དེ་ན་ཁྱིམ་པ་གང་འདུག་པ་ལའོ། །དེ་འདྲ་བའི་རྐྱེན་མ་གཏོགས་སོ་ཞེས་བྱ་བ་ནི་གླེང་གཞི་ལས་ཁྱིམ་པ་འདུག་པ་ལ་བསྒོ་བར་བྱེད་པ་དེ་སྲིད་དུ་དེའི་ལྷུང་བཟེད་དང་ཆོས་གོས་ཚིག་པར་གྱུར་པ་དེ་འདྲ་བའི་རྐྱེན་མ་གཏོགས་སོ། ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་ངན་སོང་དང༌། ངན་འགྲོ་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་དེ་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་
དང། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་ཡང་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་དེའི་ཚིག་གིས་དགེ་འདུན་ཟས་དང་བཅས་པའི་ཁྱིམ་དུ་སྤྱན་དྲངས་ན་སྦྱིན་བདག་ལ་ཁོ་བོ་མ་འོངས་པའི་དབང་གིས་བྲིམ་པར་ཡོལ་བར་མ་བྱས་ཤིག་ཅེས་མ་བསྒོ་བ་དང༌། བརྟད་པའི་དབང་མ་གཏོགས་པར་ཁྱིམ་གསུམ་པ་ལ་སོགས་པར་རྒྱུ་བ་དང༌། གུང་ཚིགས་ལས་ཡོལ་བའི་དུས་མ་ཡིན་པར་དགེ་སློང་འཁོད་པ་ལ་སྨྲས་སུ་ཟིན་ཀྱང་བརྟད་པའི་བྱ་བ་མ་བྱས་པ་མ་བྱུང་བར་ཁྱིམ་བཞི་པ་ལ་སོགས་པར་འགྲོ་ན་ཁྱིམ་གསུམ་པ་དང་བཞི་པ་དང་ལྔ་པ་དང༌། ཁྱིམ་བཞི་པ་དང་ལྔ་པ་དང་དྲུག་པ་ལ་སོགས་པ་རེ་རེར་ཕྱིན་པ་ན་གྲོང་རྒྱུ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་དེའི་ཚིག་གིས་དགེ་འདུན་ཟད་དང་བཅས་པའི་ཁྱིམ་དུ་སྤྱན་དྲངས་པ་ལན་སྨད་པ་མེད་དོ། །སྦྱིན་བདག་ལ་ཁོ་བོ་མ་འོངས་པའི་དབང་གིས་བྲིམ་པ་ཡོལ་བར་མ་བྱ་ཞིག་ཅེས་མ་བསྒོ་བ་ལ་ན་སྨད་པ་མེད་དོ། །བརྟད་པའི་དབང་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་འཁོད་པ་དག་ལ་སྨྲས་སུ་ཟིན་ཀྱང་ཕྱི་དྲོ་ཁྱིམ་གསུམ་ལས་ལྷག་པར་རྒྱུ་བ་ལ་ན་སྨད་པ་མེད་དོ། །སྔ་དྲོ་ཁྱིམ་གཉིས་ལས་ལྷག་པར་རྒྱུ་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་སྔ་དྲོ་ལ་ཁྱིམ་གསུམ་པ་ལ་སོགས་པ་ཉིད་དང༌། ཁྱིམ་པ་འཁོད་པ་ལ་མ་བསྒོ་བ་དང༌། བརྟད་པའི་བྱ་བ་མ་བྱུང་བ་ཉིད་དོ། །ཕྱི་དྲོ་ལ་ནི་ཁྱིམ་བཞི་པ་ལ་སོགས་པ་ཉིད་དང༌། བརྟད་པའི་བྱ་བ་མ་བྱུང་བ་ཉིད་དོ། །འདི་ལ་ཡན་ལག་ནི་སྔ་དྲོ་ལ་ནི་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྔ་དྲོ་ཉིད་དང༌། དེའི་ཚིག་གིས་དགེ་འདུན་སྤྱན་དྲངས་པ་ཉིད་དང༌། སྦྱིན་བདག་ལ་ཁོ་བོ་མ་འོངས་པའི་དབང་གིས་བྲིམ་པ་ཡོལ་བར་མ་བྱ་ཞིག་ཅེས་མ་བསྒོ་བ་ཉིད་དང༌། བརྟད་པའི་བྱ་བ་མ་བྱུང་བ་ཉིད་དང༌། ཁྱིམ་གསུམ་པ་ལ་སོགས་པར་སྟོན་པ་ཉིད་དོ། །ཕྱི་དྲོ་ལ་ནི་ཡན་ལག་གསུམ་གྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ་ཕྱི་དྲོ་ཉིད་དང༌། བརྟད་པའི་བྱ་བ་མ་བྱུང་བ་ཉིད་དང༌། ཁྱིམ་བཞི་པ་ལ་སོགས་པར་སོན་པ་ཉིད་དང༌། དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་གྲོང་རྒྱུ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་
མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བའང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་བརྟད་པའི་བྱ་བ་མ་བྱུང་བ་ལ་ལྟུང་བ་མེད་དོ། །དེའི་ངོར་མགྲོན་དུ་བོས་པ་མ་ཡིན་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གྲོང་རྒྱུ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་བསྟེན་པར་བསླབ་པར་བྱའོ། །དགེ་སྦྱོང་གི་ཚུལ་དང་སྲོག་ལ་སོགས་པའི་བར་ཆད་ཀྱི་བརྟད་པ་བྱུང་ན་འགྲོ་བར་བྱའོ། །ཁྱིམ་པ་འདུག་པ་ལ་བསྒོ་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གྲོང་རྒྱུ་བའི་ལྟུང་བྱེད་དེ་བརྒྱད་ཅུ་གཅིག་པ་བཤད་ཟིན་ཏོ།། །།རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚུལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། ཀླུའི་རྒྱལ་པོ་དགའ་བོ་དང༌། ཉེ་དགའ་གཉིས་བཏུལ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེ་ལ་བརྟེན་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཕོ་བྲང་དུ་ཞག་བདུན་གྱི་བར་དུ་གདུགས་ཚོད་གསོལ་ཏོ། །དེའི་ཚེ་ན་མཉན་ཡོད་ན་ཁྱིམ་བདག་ངན་པ་བཟང་སྦྱིན་དང༌། ཁྱིམ་བདག་སྡུམ་བྱེད་དང༌། ཁྱིམ་བདག་ཚུལ་ཁྲིམས་ཚོང་དཔོན་དང༌། རྒྱལ་བུ་ནག་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཆོས་མངོན་པ་དང༌། འདུལ་བ་མངོན་པའི་ཞུ་བ་ཞུས་ནས། བཅོམ་ལྡན་འདས་ཀྱིས་དེ་དག་ལ་གོང་ནས་གོང་དུ་བཀའ་སྩལ་པ་དང༌། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཡང་དེ་དག་གི་གདོང་དུ་ལྟ་ཞིང་འདུག་སྟེ། དེས་ཡུད་ཙམ་ཞིག་ཆོས་དང་ལྡན་པའི་གཏམ་མཉན་ནས་བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ནས་
སོང་སྟེ། བཙུན་མོའི་འཁོར་གྱི་ནང་དུ་ཞུགས་ནས་བཙུན་མོ་ཕྲེང་ལྡན་མ་ལ་སྨྲས་པ། ཕྲེང་ལྡན་མ་དེང་ཁྱིམ་བདག་ངན་པ་བཟང་སྦྱིན་དང༌། ཁྱིམ་བདག་སྡུམ་བྱེད་དང༌། ཁྱིམ་བདག་ཚུལ་ཁྲིམས་ཚོང་དཔོན་དང༌། རྒྱལ་བུ་ནག་པོ་རྣམས་ཀྱིས། བཅོམ་ལྡན་འདས་ལ་ཆོས་མངོན་པ་དང༌། འདུལ་བ་མངོན་པའི་ཞུ་བ་ཞུས་ནས། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་གོང་ནས་གོང་དུ་བཀའ་སྩལ་པ་དང༌། ང་ཡང་དེ་དག་གི་གདོང་དུ་ལྟ་ཞིང༌། ཁ་རོག་པར་འདུག་འདུག་ནས་ལངས་ཏེ་སོང་ངོ༌། །ཕྲེང་ལྡན་མས་སྨྲས་པ། ལྷ་ཁྱོད་ཀྱིས་ཅིའི་སླད་དུ་བཅོམ་ལྡན་འདས་ལ་མ་ཞུས། ཕྲེང་ལྡན་མང་ནི་ཐོས་པ་ཉུང་བ་ཡིན་ལ། དེ་དག་ནི་ཐོས་པ་མང་བ་ཡིན་པས་ངས་ནི་ཅི་ཞིག་ཞུར་ཡོད། ལྷ་ཁྱོད་ཅིའི་སླད་དུ་སངས་རྒྱས་ཀྱི་བཀའ་ཀློག་པར་མི་མཛད། ཕྲེང་ལྡན་མ་ང་རྒྱལ་པོའི་བྱ་བ་དང༌། རྒྱལ་པོའི་བྱེད་པ་དག་ལ་རྟག་ཏུ་བྲེལ་བས་ཇི་ལྟར་བཀླག །གལ་ཏེ་ཁྱོད་འགའ་ཞིག་ལས་སངས་རྒྱས་ཀྱིས་བཀའ་ཀློག་ནས་ངས་མཚན་མོ་ཁྱོད་ལས་བཀླག་པར་བྱའོ། །ལྷ་དེ་ལྟར་བགྱིའོ། །རྒྱལ་པོས་བཙུན་མོ་རྒྱལ་རིགས་དབྱར་ཚུལ་མའི་སློབ་དཔོན་དུ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་གཉེར། བཙུན་མོ་ཕྲེང་ལྡན་མའི་སློབ་དཔོན་དུ་ནི་ཚེ་དང་ལྡན་པ་འཆར་ཀ་གཉེར་ཏེ། དེ་གཉིས་ཀྱིས་དེ་དག་ཀློག་ཏུ་འཇུག་པ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་ནི་དུས་ཤེས་པ་དང༌། དུས་རིག་པ་ཡིན་པས་དེས་དུས་སུ་སོང་ནས་རྒྱལ་རིགས་དབྱར་ཚུལ་མ་ཀློག་དུ་འཇུག་གི་དུས་མ་ཡིན་པར་མི་འགྲོའོ། །ཚེ་དང་ལྡན་པ་འཆར་ཀ་ནི་དུས་མི་ཤེས་པ་དང༌། དུས་མི་རིག་པ་ཡིན་པས། དུས་སུ་ཡང་སོང་སྟེ་ཕྲེང་ལྡན་མ་ཀློག་ཏུ་འཇུག་པ་ལ། དུས་མ་ཡིན་པར་ཡང་འགྲོའོ། །ཇི་ཙམ་ན་དུས་གཞན་ཞིག་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རི་བྲགས་གཞན་ཞིག་ཏུ་བྱ་བ་ཅུང་ཞིག་བྱུང་ནས་དེ་མཚན་མོ་ཉིད་དུ་ལངས་ཏེ་དེར་འཕགས་པ་དང༌། ཚེ་དང་ལྡན་པ་འཆར་ཀ་གླང་པོ་ཆེའི་སྒྲ་དང་རྟའི་སྒྲ་དང་དུང་གི་སྒྲ་དག་གིས་སད་ནས། དེས་བསམས་པ། བཙུན་མོ་ཕྲེང་ལྡན་མ་ལ་བཟླས་པ་སྦྱིན་དུ་འགྲོའོ་སྙམ་ནས་རྒྱལ་པོའི་ཕོ་བྲང་སྒོར་སོང་སྟེ་ནང་དུ་ཞུགས་པ་ན། བཙུན་མོ་ཕྲེང་ལྡན་མ་གཉིད་ལོག་ཅིང་འདུག་ནས་དེས་སེ་གོལ་གྱི་སྒྲས་དེ་བསླང་བ་དང༌། དེས་
དེའི་རྐང་པ་ལ་ཕྱག་འཚལ་ཏེ། བཙུན་མོའི་འཁོར་ལ་འོས་པའི་གོས་དག་བརྗེས་ནས་གོས་སྟུག་པོ་དག་གྱོན་ནས་མདུན་དུ་འདུག་པ་དང༌། ཚེ་དང་ལྡན་པ་འཆར་ཀས་དེ་ལ་བཟླས་པ་བྱིན་ནས་ལུང་གཞན་ཡང་ཕོག་པ་དང༌། བཙུན་མོ་ཕྲེང་ལྡན་མས་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་ལྷུང་བཟེད་བཀང་སྟེ་དེ་ལ་ཕུལ་ལོ། །ཚེ་དང་ལྡན་པ་འཆར་ཀས་དེ་བླངས་ཏེ་ཕྱིར་བྱུང་བ་དང༌། ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་དུ་འཇུག་པ་དང་ཕྲད་ནས། དེས་སྨྲས་པ། དོན་ཉུང་དུ་དག་ཁྱོད་ཀྱིས་བརྩོན་འགྲུས་འདི་ལྟ་བུས་ཟག་པ་ཟད་པར་བྱས་སམ། ཅི་ན་ཁྱོད་གཟོད་འོངས། ཁོ་བོས་ནི་བཟླས་པ་བྱིན་ནས། ལུང་གཞན་ཡང་ཕོག་སྟེ་ཁོ་བོས་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་ལྟུང་བཟེད་གང་བ་འདི་ཡང་ཐོབ་བོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། དེའི་ཕྱིར་ཁྱེད་དྲུག་སྡེ་ཡིན་ནོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ནམ་མ་ལངས་སྐྱ་རེངས་མ་ཤར། རིན་པོ་ཆེ་དག་གམ་རིན་པོ་ཆེར་སྨོས་པར་གཏོགས་པ་དག་མ་བསྡུས་པར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེ་འཁོར་ལས་འདའ་བར་བྱེད་ཅེས་སྨོས་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཚེ་དང་ལྡན་པ་འཆར་ཀ་ལ་རྨས་པ། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ནམ་མ་ལངས་སྐྱེ་རེངས་མ་ཤར་བར། རིན་པོ་ཆེ་དག་གམ་རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར། རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་སྒོ་གཏན་ནམ་སྒོ་གཏན་གྱི་ཉེན་ཀོར་ལས་འདས་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་དུས་མི་ཤེས་པ། ཉེས་པ་ནི་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་
བའོ། །གནང་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་དཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་འཛམ་བུའི་གླིང་ན་གྲོང་ཁྱེར་ཆེན་པོ་རྒྱལ་པོའི་ཁབ་དང༌། སྒྲ་སྒྲོགས་ཞེས་བྱ་བ་གཉིས་ན། རྒྱལ་པོ་གཟུགས་ཅན་སྙིང་པོ་དང༌། རྒྱལ་པོ་ཨུ་ཏྲ་ཡ་ན་གཉིས་ཆོས་ཀྱིས་བཏུལ་ཏེ། བདེན་པ་མཐོང་བར་གྱུར་བའི་འབྱུང་བའི་མཐའ་ལས་གླེང་ན། ཁྱིམ་བདག་གདངས་ཅན་གྱི་བུ་མོ་དཔལ་ལྡན་ཞེས་བྱ་བ། བད་སའི་རྒྱལ་པོ་ཤར་བའི་བཙུན་མོར་བླངས་པ་དེ། དགེ་སློང་གི་དགེ་འདུན་མཐོང་བར་འདོད་ནས་བདག་སའི་རྒྱལ་པོ་ཤར་བས། ཁྱིམ་བདག་གདངས་ཅན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རང་གི་ཁྱིམ་དུ་གདུགས་ཚོད་ལ་སྤྱན་འདྲེན་དུ་བཅུག་པ་དང༌། བཅོམ་ལྡན་འདས་ནི་གཙུག་ལག་ཁང་ན་བཞུགས་ཤིང་བསོད་སྙོམས་མནོས་ཏེ་གསོལ་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་གི་དགེ་འདུན་ནི་དེར་བསོད་སྙོམས་ལ་ཞུགས་སོ། །ཁྱིམ་བདག་གདངས་ཅན་གྱི་ཁྱིམ་བད་སའི་རྒྱལ་པོ་ཤར་བའི་ཕོ་བྲང་དང་འདབ་ཆགས་སུ་འདུག་པས། ཚེ་དང་ལྡན་པ་ཤཱ་རིའི་བུ་དེར་འཇུག་པ་ན། བད་སའི་རྒྱལ་པོ་ཤར་བ་བཙུན་མོ་དཔལ་ལྡན་གྱི་འཁོར་དང་བཅས་པ་འདུག་པར་མཐོང་ནས་དེ་ཕྱིར་ལོག་པར་བརྩམས་པ་དང༌། རྒྱལ་པོས་མཐོང་ནས་སྨྲས་པ། འཕགས་པ་ཤཱ་རིའི་བུ་གཤེགས་སུ་གསོལ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བདུན་པོ་དག་གི་ཚིག་ནི་མི་བཅག་པ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང༌། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པའི་ཚིག་དང༌། དགེ་འདུན་གྱི་གནས་བརྟན་གྱི་ཚིག་དང༌། དགེ་སྐོས་ཀྱི་ཚིག་དང༌། མཁན་པོའི་ཚིག་དང༌། སློབ་དཔོན་གྱི་ཚིག་དང༌། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ཚིག་ཡིན་གྱིས། ཚེ་དང་ལྡན་པ་དག་དྲན་པ་ཉེ་བར་ཞོག་ཤིག་དང་འཇུག་པར་བྱའོ་ཞེས་དེ་ཞུགས་ནས་དགེ་སློང་གི་དགེ་འདུན་གྱི་གོང་དུ་སྟན་བཤམས་པ་ཉིད་ལ་འདུག་གོ །དེ་ནས་བཙུན་མོ་དཔལ་ལྡན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་
བར་འཁོད་པར་རིག་ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་ཚིམ་པར་བྱེད། སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་ཚིམ་པར་བྱས་ཤིང་བསྟབས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཞིང་ཕྱག་བཅབས་ནས་ལྟུང་བཟོད་བཞག་པར་རིག་ནས། སྟན་ཆེས་དམའ་བ་ཞིག་བླངས་ནས་ཆོས་མཉན་པའི་ཕྱིར། ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་འདུག་གོ །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཙུན་མོ་དཔལ་ལྡན་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུག་པར་བྱེད། ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་དེས་བདེན་པ་དག་མ་མཐོང་ངོ༌།། ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། ཅི་འདི་ལ་དགེ་བའི་རྩ་བ་དག་ཡོད་དམ། འོན་ཏེ་མེད་སྙམ་ན། ཡོད་པར་མཐོང་ངོ༌། །སུ་ལ་རག་ལས་སྙམ་ན། བདག་ཉིད་ལ་རག་ལས་པར་མཐོང་ནས། དེ་དེ་ལ་ཆོས་སྟོན་ཅིང་རྣམ་པར་སྤྱོད་པ་ན། ཉི་མ་ནུབ་པའི་དུས་ལ་བབ་ནས། དགེ་སློང་རྣམས་སྟན་ལས་ལངས་ཏེ་སོང་ངོ༌། །ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། འདི་ལྟར་བཅོམ་ལྡན་འདས་ཀྱིས་མ་གནང་མོད་ཀྱི། འདི་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་བར་འགྱུར་རོ་སྙམ་ནས་དེ་འདུལ་བ་ལ་ལྟོས་པས་དེ་ཉིད་དུ་འདུག་གོ །ཚེ་དང་ལྡན་པ་ཤཱ་རིའི་བུས་བཙུན་མོ་དཔལ་ལྡན་གྱི་བསམས་པ་དང་བག་ལ་ཉན་བ་དང༌། ཁམས་དང་རང་བཞིན་ཁོང་དུ་ཆུད་ནས། གང་ཐོས་ནས་བཙུན་མོ་དཔལ་ལྡན་གྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པར་བྱས་སོ། །དེས་བདེན་པ་མཐོང་ནས་སྨྲས་པ། འཕགས་པ་བདག་གིས་དགེ་བའི་བཤེས་གཉེན་འཕགས་པ་ཤཱ་རིའི་བུ་ལ་བརྟེན་ནས་འཕགས་པས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་
མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་ངག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་རྩ་ལག་དག་གི་ཚོགས་དག་གིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་སྐབས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་དག་ལས་ནི་རྐང་པ་ཕྱུང༌། ལྷ་དང་མི་རྣམས་ཀྱིས་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས། བདག་དགེ་བསྙེན་མར་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཙུན་མོ་དཔལ་ལྡན་བདེན་པ་དག་ལ་བཞག་སྟེ་སོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ན་འདུག་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས་སྐབས་དེར་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ལེགས་སོ་ལེགས་སོ།། བདུན་པོ་དག་གི་ཚིག་ནི་མི་བཅའ་བ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང༌། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པའི་ཚིག་དང༌། དགེ་འདུན་གྱི་གནས་བརྟན་གྱི་ཚིག་དང༌། དགེ་སྐོས་ཀྱི་ཚིག་དང༌། མཁན་པོའི་ཚིག་དང༌། སློབ་དཔོན་གྱི་ཚིག་དང༌། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ཚིག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་ལ་འདོད་པ་དང༌། བསླབ་པ་ལ་གུས་པ་དང༌། བསླབ་པ་ལ་ཡོ་བྱད་བསྙུངས་བའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང༌། དེའི་
ཤེས་ཆེ་བ་དང༌། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་རྗེས་སུ་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ནམ་མ་ལངས། སྐྱ་རེངས་མ་ཤར་བར་རིན་པོ་ཆེ་དག་གམ་རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་སྒོ་གཏན་ནམ་སྒོ་གཏན་གྱི་ཉེ་འཁོར་ལས་འདའ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ། ཉེས་པ་ནི་མེད་དོ། །དེ་ལའང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡང་ཡིན་པའོ། །ནམ་མ་ལངས་ཞེས་བྱ་བ་ནི་ནམ་མ་ལངས་པར་གྱུར་པའོ། །སྐྱེ་རེངས་མ་ཤར་ཞེས་བྱ་བ་ལ། སྐྱེ་རེངས་ནི་གསུམ་སྟེ། སྐྱ་རེངས་དང་པོ་དང༌། སྐྱེ་རེངས་བར་མ་དང༌། སྐྱེ་རེངས་ཐ་མའོ། །དེ་ལ་སྐྱ་རེངས་དང་པོ་ནི་སྔོན་པོར་སྣང་བའོ། །སྐྱེ་རེངས་བར་པ་ནི་སེར་པོར་སྣང་བའོ། །སྐྱ་རེངས་ཐ་མ་ནི་དམར་པོར་སྣང་བ་སྟེ། འདིར་ནི་སྐྱེ་རེངས་ཐ་མ་ཡིན་པར་དགོངས་སོ། །མ་ཤར་ཞེས་བྱ་བ་ནི་མ་བྱུང་བའོ། །རིན་པོ་ཆེ་ཞེས་བྱ་བ་ལ། རིན་པོ་ཆེ་དག་ཅེས་བྱ་བ་ནི་ནོར་བུ་དག་དང༌། མུ་ཏིག་དག་དང༌། བཻ་ཌཱུཪྻ་དག་དང༌། ཤང་ཀ་ཤི་ལ་དག་དང༌། བྱི་རུ་དག་དང༌། གསེར་དག་དང༌། དངུལ་དག་དང༌། རྡོའི་སྙིང་པོ་དག་དང༌། སྤུག་དག་དང༌། དམར་པོ་དག་དང༌། གཡས་སུ་འཁྱིལ་བ་དག་གོ །རིན་པོ་ཆེར་སྨོས་པ་དག་ཅེས་བྱ་བ་ལ་རིན་པོ་ཆེར་སྨོས་པ་དག་ཅེས་བྱ་བ་ནི་གཡུལ་ངོར་སྤྱད་པའི་མཚོན་ཐམས་ཅད་དང༌། རོལ་མོར་སྤྱོད་པའི་ཆ་བྱད་ཐམས་ཅད་དོ། །མ་བསྡུས་པ་ཞེས་བྱ་བ་ནི་མ་བརྟུལ་བར་རོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། བུད་མེད་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ལ། རྒྱལ་རིགས་དང༌། བྲམ་ཟེ་དང༌། རྗེའུ་རིགས་དང༌། དམངས་རིགས་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ནོ། །སྒོ་གཏན་
ནམ་ཞེས་བྱ་བ་ནི་སྒོ་གཏན་རྣམ་པ་གསུམ་སྟེ། གྲོང་ཁྱེར་གྱི་སྒོ་གཏན་དང༌། རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་དང༌། བཙུན་མོའི་འཁོར་གྱི་སྒོ་གཏན་ནོ། །སྒོ་གཏན་གྱི་ཉེ་འཁོར་ལས་ཞེས་བྱ་བ་ནི་དེའི་དྲུང་ལས་སོ། །འདའ་ན་ཞེས་བྱ་བ་ནི་འགྲོ་ནའོ། །དེ་འདྲ་བའི་རྐྱེན་མ་གཏོགས་སོ་ཞེས་བྱ་བ་ནི་གླེང་གཞི་ལས་བཙུན་མོ་དཔལ་ལྡན་གདུལ་བའི་དབང་དུ་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། འདི་ལྟར་བཅོམ་ལྡན་འདས་ཀྱིས་མ་གནང་མོད་ཀྱིས་འདི་ཉིད་རྐྱེན་དུ་མཛད་ནས་གནང་བར་གྱུར་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་སྙམ་ནས། དེ་འདུལ་བ་ལ་ལྟོས་པས་དེ་ཉིད་དུ་འདུག་གོ་ཞེས་བྱ་བ་དེ་འདྲ་བའི་རྐྱེན་གཞག་གོ །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་བཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་རྒྱལ་པོ་དང༌། བཙུན་མོ་དང༌། གཞོན་ནུ་དང༌། ཞང་བློན་དང༌། བར་ཆད་དང༌། གདུལ་བའི་དབང་མ་གཏོགས་པར་བཙུན་མོའི་འཁོར་འདུག་པའི་གནས་སམ། རྒྱལ་པོའི་ཕོ་བྲང་གི་གནས་སམ་བདག་ཉིད་འགྲོ་བར་འགྲེལ་བའི་གནས་སྐབས་དེར་སྐྱེ་རེངས་ཐ་མ་མ་ཤར་ཅིང་ནམ་མ་ལངས་པར་ཤེས་བཞིན་དུ་མཚན་མོའི་སྒོ་བཅད་པ་ལ་ནི་ཕྱི་རོལ་གྱི་ཉེ་འཁོར་འོབས་ལ་སོགས་པའི་ནང་རོལ་གྱི་ངོས་ལས་འདའ་བ་དང་སྒོམ་བཅད་པ་ལ་ནི་སྒོ་འཕར་ནས་ནང་རོལ་དུ་སྒོ་གཏན་གྱི་སྲིད་ཀྱི་ཉེས་འགྱུར་ལས་འདས་ན་སྦྱོར་བ་ཐ་དད་པས་མཚན་མོ་རེ་རེ་ལ་མཚན་མོའི་སྐྱ་རེངས་ཤར་བའི་མཐའ་ལ་བསྡད་མི་དགོས་པར་ནམ་སོན་པའི་མོད་ཉིད་ལ་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །འདིར་མཚན་མོའི་དང་པོ་ནི་ཉི་མ་ནུབ་པའི་འོག་ཏུ་འོད་དམར་པོ་ཆགས་པར་གྱུར་པ་གང་ཡིན་པ་དེ་འདས་པར་གྱུར་པ་ཡིན་ལ། ཉིན་མོའི་དང་པོ་ནི་སྐྱ་རེངས་ཐ་མ་དམར་རེངས་ཞེས་བྱ་བ་ཤར་བ་ཡིན་པས་མཚན་མོའི་དང་པོ་ནས་ཉིན་མོའི་དང་པོ་ལ་མ་ཐུག་གི་བར་ནི་ནམ་མ་ནངས་སྐྱ་རེངས་མ་ཤར་བ་ཉིད་ཡིན་པས་དུས་དེ་དག་ལ་ན་སྨད་
པ་མེད་དོ། །ནམ་མ་ལངས་སྐྱ་རེངས་མ་ཤར་བའི་དུས་དེ་དག་ལ་དེ་ལྟར་འདུ་ཤེས་པ་ཉིད་ལ་ན་སྨད་པ་མེད་དོ། །བཙུན་མོའི་འཁོར་འདུག་པའི་གནས་སམ། རྒྱལ་པོའི་ཕོ་བྲང་འཁོར་གྱི་གནས་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །གནས་དེ་དག་ཏུ་དུས་དེར་བདག་ཉིད་འགྲོ་བ་འདུ་ཤེས་པ་ལ་ན་སྨད་པ་མེད་དོ། །གནས་དེ་དག་ཏུ་དུས་དེར་སོང་བའི་མཚན་མོའི་ཆ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །མཚན་མོའི་ཆ་གང་ཡང་རུང་བ་དེ་ལ་སྦྱོར་བ་ཐ་དད་པས་ཡང་དང་ཡང་དུ་སོང་ན་སྦྱོར་བ་རེ་རེ་ལ་དངོས་གཞི་རེ་རེར་འགྱུར་བ་ལ་ན་སྨད་པ་མེད་དོ། །སྦྱོར་བ་གཅིག་གིས་མཚན་ཐོག་ཐག་འབྱུང་འཇུག་མེད་པར་འདུག་པ་ལ་ནི་དངོས་གཞི་ཡང་གཅིག་ཏུ་འགྱུར་བ་ལ་ན་སྨད་པ་མེད་དོ། །གནས་དེ་དག་གི་སྒོ་བཅད་པ་ལ་ཕྱི་རོལ་གྱི་ཉེན་འཁོར་འོབས་ལ་སོགས་པའི་ནང་རོལ་གྱི་ངོས་ལས་འདས་པ་དང༌། སྒོམ་བཅད་པ་ལ་སྒོ་འཕར་ནས་ནང་རོལ་དུ་སྒོ་གཏན་གྱི་སྲིད་ཀྱི་ཉིས་འགྱུར་ལས་འདས་པ་ལ་ན་སྨད་པ་མེད་དོ། །ལྟུང་བ་འབྱིན་པ་པོ་བདག་ཉིད་གཅིག་པུ་དང་གྲོགས་གང་ཡང་རུང་བ་དང་བཅས་པ་ལན་སྨད་པ་མེད་དོ། །ནམ་སྲོས་ནས་སྐྱེ་རེངས་མ་ཤར་བ་ལ་ན་སྨད་པ་མེད་དོ། །རྒྱལ་པོ་དང་བཙུན་མོ་དང༌། གཞོན་ནུ་དང༌། ཞང་བློན་དང༌། བར་ཆད་དང༌། གདུལ་བའི་དབང་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་རྒྱལ་པོ་དང༌། བཙུན་མོ་དང༌། གཞོན་ནུ་དང༌། ཞང་བློན་དང༌། བར་ཆད་དང༌། གདུལ་བའི་དབང་གིས་འགྲོ་བ་མ་གཏོགས་པ་ཉིད་དང༌། བཙུན་མོའི་འཁོར་འདུག་པའི་གནས་སམ། རྒྱལ་པོའི་ཕོ་བྲང་གི་གནས་དང༌། བདག་ཉིད་འགྲོ་བར་འབྲེལ་བ་ཉིད་ཀྱི་གནས་སྐབས་དེར་ནམ་མ་ནངས་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ་དགེ་སློང་རྒྱལ་པོ་དང༌། བཙུན་མོ་དང༌། གཞོན་ནུ་དང༌། ཞང་བློན་དང༌། བར་ཆད་དང༌། གདུལ་བའི་དབང་གིས་འགྲོ་བ་མ་གཏོགས་པ་ཉིད་དང༌། བཙུན་མོའི་འཁོར་འདུག་པའི་གནས་སམ། རྒྱལ་པོའི་ཕོ་བྲང་གི་གནས་གང་ཡང་རུང་བར་བདག་ཉིད་འབྲེལ་བར་འགྲོ་བ་ཉིད་དང༌། དེའི་གནས་སྐབས་ན་སྐྱེ་རེངས་ཐ་མ་མ་ཤར་ཅིང་ནམ་མ་ལངས་པ་ཉིད་དང༌། དེར་འདུ་ཤེས་པ་ཉིད་དང༌། དེའི་སྒོ་བཅད་
པའམ་མ་བཅད་པའི་གཏན་པའི་ཉེ་འཁོར་ཕྱིར་ལྟ་བའམ། ནང་དུ་ལྟ་བ་གང་ཡང་རུང་བ་ལ་འདས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ཀྱིས་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གལ་ཏེ་དེའི་དོན་ཉིད་ཀྱི་ཕྱིར་གྲོང་ཁྱེར་གྱི་གནས་དང་འབྲེལ་བ་ཉིད་ལ་ཉེས་བྱས་སོ། །ཁྱིམ་གཞན་དུ་སྐྱ་རེངས་མ་ཤར་བར་འཇུག་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དེར་འདུ་ཤེས་མེད་པ་ལ་ལྟུང་བ་མེད་དོ། །ཉིན་མོ་འཇུག་པ་ལ་ལྟུང་བ་མེད་དོ། །དགོས་པ་གཞན་གྱི་ཕྱིར་འཇུག་པ་ལ་ལྟུང་བ་མེད་དོ། །རྒྱལ་པོ་དང་བཙུན་མོ་དང༌། གཞོན་ནུ་དང༌། ཞང་བློན་དང༌། བར་ཆད་དང༌། འདུལ་བའི་དབང་གིས་འགྲོ་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་བར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །མ་བཟླུགས་པར་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་དེ་བརྒྱད་ཅུ་གཉིས་པ་བཤད་ཟིན་ཏོ།། །།བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ་ཞེས་བཀའ་སྩལ་ནས་དགེ་སློང་རྣམས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པའི་ཚེ་དྲུག་སྡེ་དག་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་
རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་ཅིང༌། དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་གིས་ད་གཟོད་ཤེས་སོ་ཞེས་ཟེར་ནས་དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་གིས་སོ་སོར་ཐར་པའི་མདོ་གདོན་པ་གདོན་པ་ད་གཟོད་ཐོས་སམ་ཅི་ན་གང་གི་ཕྱིར་དེ་སྐད་ཟེར། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཅི་ཁོ་བོ་ཅག་ལ་ལས་དེ་ཙམ་འབའ་ཞིག་ཏུ་ཟད་དམ། འདོད་པའི་རྣམ་པར་རྟོག་པ་ལ་ཡང་རྣམ་པར་བརྟག་དགོས་སོ། །གནོད་སེམས་ཀྱི་རྣམ་པར་རྟོག་པ་དང༌། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་ལ་ཡང་དག་པར་བརྟག་དགོས་སོ་ཞེས་ཟེར་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པའི་ཚེ་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་ཅིང༌། དགེ་སློང་རྣམས་ལ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་ཅག་གིས་ད་གདོད་ཤེས་སོ་ཞེས་ཟེར་ཞིང་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་རྣམས་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པའི་ཚེ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་
བདག་ཅག་གིས་ད་གདོད་ཤེས་སོ་ཞེས་ཟེར་ལ། དེ་ལ་གལ་ཏེ་དགེ་སློང་རྣམས་ཀྱིས་ཀྱང་ཚེ་དང་ལྡན་པ་འདི་སྔོན་གསོ་སྦྱོང་གི་ལས་གཉིས་སམ། གསུམ་གྱི་ཚེ་འདུག་བར་ཤེས་ཤིང་ལན་མང་དུ་ལྟ་ཅི་སྨོས། ཚེ་དང་ལྡན་པ་དེ་མི་ཤེས་པས་མི་འགྲོལ་བས་དེ་ལྟུང་བ་གང་བྱུང་བ་དེ་ཆོས་བཞིན་དུ་བྱེད་དུ་གཞུག་གི་སྟེང་དུ་ཁྱོད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པའི་ཚེ་གུས་པར་བྱས་ཏེ། ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་བྱེད། ན་བླགས་ཏེ་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་པས་ཚེ་དང་ལྡན་པ་ཁྱོད་ཀྱིས་མ་རྙེད་དེ་རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་དེ་ལེགས་པ་རྙེད་པ་མ་ཡིན་ནོ་ཞེས་འགྱོད་པར་བྱའོ། །ཚེ་དང་ལྡན་པ་དེ་ལ་འགྱོད་པར་བྱ་བ་ནི་དེ་ཡིན་ཏེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་སྒྱུ་ཐབས་ཀྱིས་བསམས་པ། ཉེས་པ་ནི་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཅིང་ཕྱེད་ཅིང་ངོ༌། །སོ་སོར་ཐར་པ་ཞེས་བྱ་བ་ལ་སོ་སོར་ཐར་པ་ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ཆོས་བཞི་དང༌། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང༌། མ་ངེས་པའི་ཆོས་གཉིས་དང༌། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང༌། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང༌། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང༌། བསླབ་པའི་ཆོས་མང་པོ་དང། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་གོ །མདོ་གདོན་པ་ཞེས་བྱ་བ་ལ་མདོ་གདོན་པ་ཞེས་བྱ་བ་ནི། ཡང་དག་པར་སྦྱོར་བའོ། །གདོན་པའི་ཚེ་ཞེས་བྱ་བ་ནི་རབ་ཏུ་བཏོན་པའི་ཚེའོ། །འདི་སྐད་ཅེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་ཅག་གིས་ད་གཟོད་ཤེས་སོ་ཞེས་ཟེར་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདི་ཡང་ངོ༌། །དེ་ལ་གལ་ཏེ་དགེ་སློང་རྣམས་ཀྱིས་ཀྱང་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་རྣམས་ཀྱིས་ཀྱང་ངོ༌། །ཚེ་དང་ལྡན་པ་འདི་ཞེས་བྱ་བ་ནི་དགེ་
སློང་ཡིན་པ་འདིའོ། །སྔོན་གསོ་སྦྱོང་གི་ལས་གཉིས་སམ། གསུམ་གྱི་ཚེ་འདུག་པར་ཤེས་ཤིང་ཞེས་བྱ་བ་ནི་འདིས་སོ་སོར་ཐར་པ་ལན་གཉིས་སམ། གསུམ་ཐོས་པར་ཤེས་ཤིང་ངོ༌། །ལན་མང་དུ་ལྟ་ཅི་སྨོས་ན་ཞེས་བྱ་བ་ནི་ལན་མང་དུ་འདུག་པར་ཤེས་པ་ལྟ་ཅི་སྨོས་ནའོ། །ཚེ་དང་ལྡན་པ་དེ་མི་ཤེས་པས་མི་འགྲོལ་བས་ཞེས་བྱ་བ་ནི་དེ་དེས་ལྟུང་བ་ལས་མི་འགྲོལ་བས་དེ་ལྟུང་བ་དང་བཅས་པ་ཉིད་ཡིན་པའོ། །དེ་ལྟུང་བ་གང་བྱུང་ན་ཞེས་བྱ་བ་ནི་ལྟུང་བྱེད་དོ། །དེ་ཆོས་བཞིན་དུ་བྱེད་དུ་གཞུག་ཅེས་བྱ་བ་ནི་ཆས་སུ་གཞུག་པའོ། །སྟེང་དུ་ཁྱོད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པའི་ཚེ་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་ཉན་པར་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་པས་ཚེ་དང་ལྡན་པ་ཁྱོད་ཀྱིས་མ་རྙེད་དེ་རྙེད་པ་མ་ཡིན་ཞིང༌། ཉེས་པ་རྙེད་དེ་ལེགས་པ་རྙེད་པ་མ་ཡིན་ནོ་ཞེས་འགྱོད་པར་བྱའོ་ཞེས་བྱ་བ་ནི་འགྱོད་དུ་གཞུག་པར་བྱའོ། །ཚེ་དང་ལྡན་པ་དེ་ལ་འགྱོད་པར་བྱ་བ་ནི་དེ་ཡིན་ཏེ་ཞེས་བྱ་བ་ནི་དེ་ལྟར་འགྱོད་པར་བྱའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གི་དགེ་འདུན་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་ལ་སོ་སོར་ཐར་པའི་མདོ་གདོན་པ་གདོན་པའི་ཚེ་སྔར་ཡང་དེ་ལན་གཉིས་ཉམས་སུ་མྱོང་ཞིང་ཡིད་རྨོངས་པ་མ་ཡིན་པས་བཞད་གད་ཙམ་གྱིས་ཀྱང་སོ་སོར་ཐར་པའི་མདོ་གདོན་པ་འདི་ལ་བསླབ་པའི་གཞིའི་ཆོས་འདི་ཡོད་པར་བདག་གིས་ད་གཟོད་ཤེས་སོ་ཞེས་དངོས་སུ་སྨྲ་བའམ་བརྒྱུད་པས་དེ་སྐད་ཟེར་ན་མདོ་སྡེ་དང་ལྡན་པ་མ་གཏོགས་ཏེ་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་ལ་སོ་སོར་ཐར་པའི་མདོ་གདོན་པ་གདོན་པའི་ཚེ་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པ་ལ་ན་སྨད་པ་མེད་དོ། །ལྟུང་བ་འབྱིན་པ་དེས་
སྔར་ཡང་གསོ་སྦྱོང་དེ་ལ་ན་གཉིས་ཉམས་སུ་མྱོང་བ་ལ་ན་སྨད་བ་མེད་དོ། །ཡིད་རྨོངས་པ་མ་ཡིན་པ་ལ་ན་སྨད་པ་མེད་དོ། །བཞད་གད་ཙམ་ཡན་ཆད་ལ་ན་སྨད་པ་མེད་དོ། །སོ་སོར་ཐར་པའི་མདོ་གདོན་པ་འདི་ལ་བསླབ་པའི་གཞིའི་ཆོས་འདི་ཡོད་པར་བདག་གིས་ད་གཟོད་ཤེས་སོ་ཞེས་ཟེར་བ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དངོས་སུ་སྨྲ་བའམ་བརྒྱུད་པས་དེ་སྐད་ཟེར་བ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །འདུལ་བ་དང་ལྡན་པའི་བསླབ་པའི་གཞི་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་སྔར་ཡང་གསོ་སྦྱོང་ལན་གཉིས་ཉམས་སུ་མྱོང་ཞིང་ཡིད་རྨོངས་པ་མ་ཡིན་པ་དང་མདོ་སྡེ་དང་ལྡན་པ་མ་གཏོགས་པའི་བསླབ་པའི་གཞིའི་དངོས་པོ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་སྔར་གསོ་སྦྱོང་ལན་གཉིས་ཉམས་སུ་མྱོང་བ་ཉིད་དང༌། ཡིད་རྨོངས་པ་མ་ཡིན་པ་དང༌། གསོ་སྦྱོང་འདོན་པའི་དུས་ཉིད་དང༌། འདུལ་བར་གཏོགས་པའི་བསླབ་པའི་གཞིའི་དངོས་པོ་ཉིད་དང༌། དངོས་སུའམ་བརྒྱུད་པས་ཁྱད་དུ་གསོད་པ་ཉིད་དོ། །དེ་ལ་ཡང་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཇི་སྲིད་དུ་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྔར་གསོ་སྦྱོང་ལན་གཉིས་མ་མྱོང་བ་ལ་ཉེས་བྱས་སོ། །གསོ་སྦྱོང་འདོན་པའི་དུས་མ་ཡིན་པའི་ཚེ་ཉེས་བྱས་སོ། །དགེ་སློང་མ་རྣམས་ཀྱིས་གསོ་སྦྱོང་འདོན་པའི་ཚེ་བསླབ་པའི་གཞིའི་དངོས་པོ་ཐུན་མོང་པ་ལ་ཉེས་བྱས་སོ། །མདོ་སྡེ་དང་ལྡན་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ་སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ་སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ཡིད་རྨོངས་པ་ལ་ལྟུང་བ་མེད་དོ། །དགེ་སློང་མ་རྣམས་ཀྱིས་གསོ་སྦྱོང་འདོན་པའི་ཚེ་བསླབ་པའི་གཞིའི་དངོས་པོ་ཐུན་མོང་མ་ཡིན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་
ཐམས་ཅད་དུ་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །སོ་སོར་ཐར་པའི་མདོ་འདོན་པའི་ཚེ་མ་གུས་པར་ཉན་པ་ཉེ་བར་སྒྲུབ་པ་ལ་འགྱོད་དུ་གཞུག་གོ །ཕྱིར་བཅོས་པ་རྣམས་ནི་སྔ་མ་བཞིན་ནོ། །བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དེ་ བརྒྱད་ཅུ་གསུམ ་པ་བཤད་ཟིན་ཏོ།། །།ཁབ་རལ་འཆོས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་གཅེར་བུ་པའི་ཉན་ཐོས་ཆོས་ཞེས་བྱ་བ་བ་སོ་མཁན་ཞིག་འདུག་པ་དེ་གཅེར་བུ་པ་དག་ལ་ཤིན་ཏུ་མངོན་པར་དད་དེ་དེ་དུས་གཞན་ཞིག་ན་དགེ་སློང་བསོད་སྙམས་པ་ཞིག་གིས་ཆོས་བསྟན་པས་བཏུལ་ནས་དེས་ཀྱང་དེ་ལ་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་བླངས་སོ། །ཡང་བསོད་སྙམས་པ་དེས་དེ་ལ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་གྱི་བསྔགས་པ་རྒྱ་ཆེར་བརྗོད་པ་དང༌། དེ་མངོན་པར་དད་པར་གྱུར་ནས་སྨྲས་པ། འཕགས་པ་བདག་གིས་ཀྱང་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཅུང་ཟད་ཅིག་ཡང་དག་པར་བླངས་ཏེ་འཇུག་པར་བགྱི། བདག་གིས་དགེ་སློང་གི་དགེ་འདུན་ལ་རང་གིས་བཟོས་བསྙེན་བཀུར་བགྱིའོ། །བསོད་སྙོམས་པ་དེ་གཙུག་ལག་ཁང་དུ་སོང་སྟེ་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བདག་གིས་གཅེར་བུ་བའི་ཉན་ཐོས་ཆོས་ཞེས་བྱ་བ་བསོ་མཁན་དེ་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་དག་ལ་བཞག་ནས་དེ་དགེ་སློང་གི་དགེ་འདུན་ལ་བཟོས་བསྙེན་བཀུར་བྱེད་ཀྱིས། སུ་ཅི་འདོད་པ་དེས་དེ་བྱེད་དུ་ཆུག་ཅིག །ཅི་ཙམ་ན་དགེ་སློང་ཞིག་ལ་ཁབ་རལ་མེད་ནས་དེ་དེའི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་ཁོ་བོ་ལ་ཁབ་ར་ལ་མེད་ཀྱིས་དེ་གྱིས་ཤིག །འཕགས་པ་ཇི་ལྟ་བུ་ཞིག་བགྱི། གང་བཟང་བའོ། འཕགས་པ་བསོ་ལས་བགྱིས་པ་བཟང་བའོ། །བཞིན་བཟངས་བ་སོ་ལས་བྱས་པ་གྱིས་ཤིག ། དེས་དེའི་ཁབ་རལ་བ་སོ་ལས་བྱས་པ་བྱས་ཏེ་བྱིན་ནོ། །དགེ་སློང་དེས་དེ་དགེ་སློང་རྣམས་ལ་བསྟན་པ་དང༌། དགེ་སློང་གཞན་གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག་ཅིང༌། གཞན་གྱིས་ཀྱང་བྱེད་དུ་བཅུག །གཞན་གྱིས་ཀྱང་བྱེད་དུ་བཅུག་པས་དེའི་བ་སོ་ཟད་པར་གྱུར་ཏོ། །དགེ་སློང་གཞན་ཞིག་
ཀྱང་འོངས་ཏེ་སྨྲས་པ། བཞིན་བཟངས་ཁོ་བོའི་ཁབ་རལ་གྱིས་ཤིག །འཕགས་པ་ཇི་ལྟ་བུ་ཞིག་བགྱི། གང་བཟང་བའོ། །འཕགས་པ་བ་སོ་ལས་བགྱིས་པ་བཟང་ན་བ་སོ་ནི་བས་སོ། །གལ་ཏེ་བཞེད་ན་རུས་པ་ལས་བགྱིས་པ་བགྱིའོ། །བཞིན་བཟངས་མ་ཉེས་ཀྱིས་གྱིས་ཤིག །དེས་དེའི་ཁབ་རལ་རུས་པ་ལས་བྱས་པ་བྱས་ཏེ་བྱིན་ནོ། །དགེ་སློང་དེས་དེ་དགེ་སློང་རྣམས་ལ་བསྟན་པ་དང༌། དགེ་སློང་གཞན་གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག་ཅིང༌། གཞན་གྱིས་ཀྱང་བྱེད་དུ་བཅུག །གཞན་གྱིས་ཀྱང་བྱེད་དུ་བཅུག་པས་དེའི་རུས་པ་ཡང་ཟད་པར་གྱུར་ཏོ། །དགེ་སློང་གཞན་ཞིག་གིས་ཀྱང་འོངས་ཏེ་སྨྲས་པ། བཞིན་བཟངས་ཁོ་བོའི་ཁབ་རལ་གྱིས་ཤིག །འཕགས་པ་ཇི་ལྟ་བུ་ཞིག་བགྱི། གང་བཟང་བའོ། །འཕགས་པ་བ་སོ་ལས་བགྱིས་པ་བཟང་ན་བ་སོ་དེ་ནི་བས་སོ། །བཞིན་བཟངས་གལ་ཏེ་དེ་ལྟར་ན་རུས་པ་ལས་བྱས་པ་གྱིས་ཤིག །འཕགས་པ་རུས་པ་ཡ་རབས་སོ། །གལ་ཏེ་བཞེད་ན་རྭ་ལས་བགྱིས་པ་བགྱིའོ། །བཞིན་བཟངས་མ་ཉེས་ཀྱིས་གྱིས་ཤིག །དེས་དེའི་ཁབ་རལ་རྭ་ལས་བྱས་པ་བྱས་ཏེ་བྱིན་ནོ། །དགེ་སློང་དེས་དེ་དགེ་སློང་རྣམས་ལ་བསྟན་པ་དང༌། དགེ་སློང་གཞན་ཞིག་ཀྱང་དེ་ལྟ་བུ་བྱེད་དུ་བཅུག་ཅིང༌། གཞན་གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག །གཞན་གྱིས་ཀྱང་དེ་ལྟ་བུ་བྱེད་དུ་བཅུག་པས་དེའི་རྭ་ཡང་ཟད་པར་གྱུར་ཏེ། དེས་རང་གི་ཟན་དང་རང་གི་ཡོ་བྱད་དག་གིས་དགེ་སློང་རྣམས་ཀྱིས་ལས་བྱེད་པ་ན་དབུལ་པོར་གྱུར་ཏོ། །གཅེར་བུ་བདག་ཆོས་འདི་གང་གི་ཚེ་ཁོ་བོ་ཅག་ལ་མངོན་པར་དད་པར་གྱུར་པ་དེའི་ཚེ་ན་འདི་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ནད་འདི་ད་ལྟར་ཤཱཀྱའི་བུའི་དགེ་སློང་རྣམས་ལ་མངོན་པར་དད་པས་ཟིན་ཡང་སློང་བར་བྱེད་དོ་ཞེས་འཕྱ་བ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་རྣམས་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་
ཐོས་རྣམས་ཀྱིས་འདུལ་བལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བསོ་འམ། རུས་པའམ། རྭའི་ཁབ་རལ་བྱེད་དུ་འཇུག་ན་བཅག་ནས་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཆོས་འདི་པའི་དགེ་སློང་རབ་ཏུ་མང་བོ། ཉོན་མོངས་པ་ནི་འདོད་ཞེ་ན། ཉེས་པ་ནི་ཁབ་རལ་འཆོས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །བསོ་འམ་ཞེས་བྱ་བ་ནི་བ་སོ་ཉིད་དོ། །རུས་པའམ་ཞེས་བྱ་བ་ཡང་རུས་པ་ཉིད་དོ། །རྭའི་ཞེས་བྱ་བ་ཡང་རྭ་ཉིད་ཀྱིའོ། །ཁབ་རལ་ཞེས་བྱ་བ་ནི་ཁབ་རལ་གཉིས་ཏེ། སྦུ་གུ་ཅན་དང། ཆང་པ་ལྟ་བུའོ། །དོན་འདིར་ནི་གཉི་ག་ཡིན་པར་དགོངས་སོ། །བྱེད་དུ་འཇུག་པ་ཞེས་བྱ་བ་ནི་རང་གིས་སམ་གཞན་ནོ། །བཅག་ནས་ཞེས་བྱ་བ་ནི་དངོས་པོ་དེ་བཅག་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་བའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་རིན་པོ་ཆེ་མ་གཏོགས་པ་བསོའམ་རུས་པའམ་རྭ་འམ་ལྕགས་ལ་སོགས་པའི་ཁབ་རལ་བྱེད་དམ་བྱེད་དུ་བཅུག་ན་ཁབ་རལ་འཆོས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །བསོ་དང་རུས་པ་དང་རྭ་གང་ཡང་རུང་བ་ལན་སྨད་པ་མེད་དོ། །ལྕགས་ལ་སོགས་པ་ལན་སྨད་པ་མེད་དོ། །ཁབ་རལ་སྦུ་ཅན་དང་ཆང་བ་ལྟ་བུ་གང་ཡང་རུང་བ་ལན་སྨད་པ་མེད་དོ། །རང་བྱེད་དམ་གཞན་བྱེད་དུ་བཅུག་པ་ལན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་འདོད་ཞེན་གྱི་བསམ་པ་དང༌། རིན་པོ་ཆེ་མ་གཏོགས་པའི་ཁབ་རལ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། འདོད་ཞེན་གྱི་བསམ་པ་ཉིད་དང༌། རིན་པོ་ཆེ་དང་གནང་བ་ཉིད་མ་གཏོགས་པ་དང༌། བསོ་འམ་རུས་པའམ་རྭ་འམ་ལྕགས་ལ་སོགས་པའི་ཁབ་རལ་ཉིད་དང༌། བྱས་ཟིན་པ་ལ་རྙེད་པ་དང༌། བྱས་ཟིན་པ་ལ་སྤྱོད་པ་མ་གཏོགས་པ་ཉིད་དང༌། རང་གིས་བྱེད་དམ་གཞན་བྱེད་དུ་བཅུག་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་པ་
མེད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་སོ། །ཇི་སྲིད་དུ་ཁབ་རལ་འཆོས་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །རིན་པོ་ཆེ་ལས་བྱས་པ་ནི་རུང་བ་མ་ཡིན་པས་ཉེས་བྱས་སོ། །བཅག་གམ་ཞེས་མ་དྲིས་པར་ལྟུང་བ་འཆགས་པ་དང་དུ་ལེན་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བའང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བའང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་བྱས་ཟིན་པ་རྙེད་པ་དང༌། བྱས་ཟིན་པ་ལ་སྤྱོད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བདག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཁབ་རལ་འཆོས་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གང་གི་མདུན་དུ་འཆགས་པར་བྱེད་པ་དེས་ཁྱོད་ཀྱིས་དངོས་པོ་དེ་བཅག་གམ་ཞེས་དྲི་བར་བྱའོ། །བཅག་པ་བྱ་བ་ན་ཉིད་མ་དྲིས་པར་འཆགས་པར་བླང་པར་མི་བྱའོ། །མ་བཅག་པར་འཆགས་ན་ལྟུང་བདེ་བཤགས་པ་མ་ཡིན་པས་བཤགས་པར་བྱའོ། །ཕྱིར་བཅོས་པ་རྣམས་ནི་སྔ་མ་བཞིན་ནོ། །ཁབ་རལ་འཆོས་པའི་ལྟུང་བྱེད་དེ་བརྒྱད་ཅུ་བཞི་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཞི་བཅུ་གཅིག་པ། ཁྲི་རྐང་འཆོས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་ཞིག་ལྗོངས་རྒྱུ་ཞིང་འགྲོ་བ་ན་མཉན་ཡོད་དུ་ཕྱིན་ནས་ལམ་གྱིས་དུབ་པའི་ངལ་བསོ་སྟེ་སྒོ་ཁང་དུ་ཁྲི་དམའ་བ་ཞིག་རྙེད་པའི་མདུན་དུ་རྐང་པ་གཉིས་བཀྲུས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་གཉིད་ཀྱིས་ཡུར་བའི་ཚེ་ལུས་འཁྱོག་ཅིང་ཁྲི་སྒྲ་ཚེག་ཟེར་བ་ན་འོག་ནས་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པ་ཞིག་བྱུང་བས་འཕྲལ་བར་བཟུང་སྟེ་དུས་ལ་བབ་ནས་སུམ་ཅུ་རྩ་གསུམ་པའི་
ལྷའི་དྲང་སྲོང་རྣམས་ཀྱི་ནང་དུ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའི་གཞི་ལས་བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་ཐམས་ཅད་དགེ་སློང་དག་ཁྲི་དམའ་བ་མལ་འཆའ་ཞིང་དེའི་མདུན་དུ་རྐང་པ་གཉིས་འཁྲུ་བ་ལས་གྱུར་པ་ཡིན་ནོ་སྙམ་དུ་དགོངས་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་ཁྲི་དམའ་བ་ལ་མལ་བཅའ་བར་མི་བྱ་ཞིང༌། ཁྲིའི་མདུན་དུ་རྐང་པ་གཉིས་བཀྲུ་བར་མི་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། དགེ་སློང་མཆིལ་ལྷམ་མི་བདོག་པ་དག་ལ་གནོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་ལ་མཆིལ་ལྷམ་མི་བདོག་པ་དེ་དག་གི་མགོ་ལོགས་དང་རྐང་པ་ལོགས་སུ་རྐང་པ་གཉིས་བཀྲུ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དྲུག་སྡེ་དག་གིས་དགེ་སློང་ཁྲི་དམའ་བ་ལ་ཉལ་བ་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པས་ཟིན་ཏེ་དུས་ལ་བབ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཁྲི་དམའ་བ་ལ་མལ་བཅའ་བར་མི་བྱའོ་ཞེས་བཀའ་སྩལ་པ་ཐོས་ནས། དེ་དག་གིས་ཁྲི་རྐང་པ་བཅུ་གཉིས་པ་བཙུགས་ཏེ་ཡ་གད་མཐོན་པོ་བཙུགས་པ་དང༌། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ་ཚེ་དང་ལྡན་པ་དག་ཅིག་ཁྱེད་ཅག་བྱར་བྱེད་དམ། དེ་དག་གིས་སྨྲས་པ། སུ་ཞིག་བྱར་བྱེད། ཁྱེད་ཀྱིས་དགེ་སློང་ཁྲི་དམའ་བ་ལ་ཉལ་བ་སྦྲུལ་དུག་མྱུར་དུ་ཁྱབ་པས་ཟིན་ཏེ་དུས་ལ་བབ་པ་མ་མཐོང་ངམ་ཅི་དྲུག་སྡེ་དག་ཀྱང་སྦྲུལ་དུག་མྱུར་དུ་ཁྱབ་པར་བྱེད་པས་བཟུང་སྟེ་དུས་ལ་བབ་ཅིང་ཁོ་བོ་ཅག་ཤི་བའི་ཡོ་བྱད་དག་འགོད་པར་བྱེད་འདོད་དམ་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ཀྱིས་བཟློག་པ་ན་དེ་དང་དེ་སྐད་ཅེས་ཟེར་ཞིང་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དག་གང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་
ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གི་དགེ་འདུན་གྱི་ཁྲིའམ་ཁྲིའུ་བྱེད་དུ་འཇུད་ན་རྩ་བ་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དུ་བྱེད་དུ་གཞུག་པར་བྱའོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ལྷག་པ་ཚོལ་བ། ཉེས་པ་ནི་ཁྲི་རྐང་མཐོན་པོར་བྱེད་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀ་ལུས་ཚད་ལས་ཤིན་ཏུ་འདས་པ་ཡིན་པས་དེའི་པུས་མོ་གཉིས་ཀོ་སྐོ་ལ་རེག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་བུ་གར་གཞུག་པ་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང༌། བསླབ་པ་ལ་གུས་པ་དང༌། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་པ་མཛད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང༌། དེའི་ཤས་ཆེ་བ་དང༌། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་རྗེས་སུ་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གི་དགེ་འདུན་གྱི་ཁྲིའམ་ཁྲིའུ་བྱེད་དུ་འཇུག་ན་རྩ་བ་བུ་གར་གཞུག་པ་མ་གཏོགས་པ་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ཙམ་དུ་བྱེད་དུ་འཇུག་པར་བྱའོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་འཆར་ཀ །ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །ཁྲིའམ་ཞེས་བྱ་བ་ནི་ཁྲི་ཉིད་དོ། །ཁྲིའུ་
ཞེས་བྱ་བ་ཡང་ཁྲིའུ་ཉིད་དོ། །བྱེད་དུ་འཇུག་ན་ཞེས་བྱ་བ་བདག་ཉིད་ཀྱིས་སམ་གཞན་ནོ། །རྩ་བ་བུ་གར་གཞུག་པ་མ་གཏོགས་པར་ཞེས་བྱ་བ་ནི་གླེང་གཞི་ལས་ཆ་དང་ལྡན་པ་འཆར་ཀའི་ལུས་ཚང་ལས་ཤིན་ཏུ་འདས་པ་ཡིན་པས་དེའི་པུས་མོ་གཉིས་ཀོ་སྐོ་ལ་རེག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྩ་བ་བུ་གར་གཞུག་པ་མ་གཏོགས་སོ་ཞེས་གསུངས་པ་དེ་ལྟ་བུ་གཞག་སྟེའོ། །བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དུ་བྱེད་དུ་གཞུག་པར་བྱའོ་ཞེས་བྱ་བ་ལ། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །དེའི་སོར་བརྒྱད་གང་དག་ཡིན་པ་དེ་དག་ལ་ནི་ཚད་དང་ལྡན་པའི་ཁྲུ་གང་ངོ༌། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་དེ་ལས་གང་མའོ། །བཅད་ནས་ཞེས་བྱ་བ་ནི་དངོས་པོ་དེ་བཅད་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ནི་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང་བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གི་དགེ་འདུན་གྱི་ཁྲིའམ་ཁྲིའུ་རྐང་པ་བཞི་པ་ལ་སོགས་པ་གང་ཡང་རུང་བའི་རྐང་པ་གང་ཡང་རུང་བ་བུ་གར་གཞུག་པའི་ཕྱོགས་མ་གཏོགས་པར་ཚད་དང་ལྡན་པའི་ཁྲུ་གང་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་ན་ཁྲི་རྐང་བཅོས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །བ་སོ་ལ་སོགས་པ་ལ་ན་སྨད་པ་མེད་དོ། །ལྕགས་ལ་སོགས་པ་ལ་ན་སྨད་པ་མེད་དོ། །རྐང་བཞི་པ་ལ་སོགས་པ་ལ་ན་སྨད་པ་མེད་དོ། །དགེ་འདུན་གྱི་ཁྲིའམ་ཁྲིའུ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །རྐང་པ་བུ་གར་གཞུག་པའི་ཕྱོགས་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །བདེ་བར་གཤེགས་པའི་སོར་བརྒྱད་ལ་ནི་བདེ་བར་གཤེགས་པ་ཉིད་ཀྱི་ཁྲུའི་སུམ་ཆ་སྟེ། མི་ཚད་དང་ལྡན་པའི་ཁྲུ་གང་ཡོད་པས་དེ་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །རང་བྱེད་དམ་གཞན་བྱེད་དུ་བཅུག་པ་ལན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་འདུན་གྱི་ཁྲིའམ་ཁྲིའུ་རྐང་པའི་ཚད་ཉིད་དང་ལྷག་པ་ཚོལ་བའི་བསམ་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་འདུན་གྱི་ཉིད་དང༌།
ཁྲིའམ་ཁྲིའུ་རུང་བ་དག་གི་རྐང་པ་ཉིད་དང༌། བུ་གར་གཞུག་པའི་ཕྱོགས་ཉིད་གཏོགས་པ་ཉིད་དང༌། དེ་དག་གི་ཚད་ཁྲུ་གང་ལས་ལྷག་པ་ཉིད་དང༌། རང་གིར་བྱེད་དམ་གཞན་བྱེད་དུ་བཅུག་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཁྲི་རྐང་འཆོས་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས། དངོས་གཞི་ལ་མཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པར་རེ་ལ་ཉེས་བྱས་རེ་རེའོ། །གང་ཟག་གི་ལ་ཉེས་བྱས་སོ། །རུང་བ་མ་ཡིན་པ་ལ་ཉེས་བྱས་སོ། །བཅད་དམ་ཞེས་མ་དྲིས་པར་ལྟུང་བ་འཆགས་པ་དང་དུ་ལེན་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་བྱས་ཟིན་པ་རྙེད་པ་དང་བྱས་ཟིན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་བ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཁྲི་རྐང་འཆོས་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་བསྟེན་པར་བསླབ་པར་བྱའོ། །རྐང་པ་དམའ་བ་དང་ལྡན་པའི་ཁྲི་ལ་ཉལ་བར་མི་བྱའོ། །དགེ་སློང་མཆིལ་ལྷམ་ཡོད་པས་མལ་དང་འབྲེལ་བའི་ཁྲིའི་ཉེ་འཁོར་གྱི་ཕྱོགས་སུ་རྐང་པ་བཀྲུ་བར་མི་བྱའོ། །མཆིལ་ལྷམ་མེད་པས་ནི་མགོ་ལོགས་དང༌། རྐང་པ་ལོགས་སུ་རྐང་པ་བཀྲུ་བར་མི་བྱའོ། །གཡས་གཡོན་གྱི་ཕྱོགས་སུ་མི་བྱའོ། །མལ་སྟན་མཐོན་པོ་དང༌། མལ་སྟན་ཆེན་པོ་ལ་འདུག་པའམ། ཉལ་བར་མི་བྱའོ། །ཁྱིམ་གཞན་དུ་གཞན་མེད་ན་དེ་དག་འདུག་པར་མི་བྱའི་ཉལ་བར་མི་བྱའོ། །རྐང་རྟེན་དང་བཅས་པའི་ཁྲི་ལ་མལ་བཅའ་བར་བྱའོ། །ཁྲི་བརྩེགས་མའི་སྟེང་དུ་འདུག་པར་མི་བྱའོ། །གང་གི་མདུན་དུ་འཆགས་པར་བྱེད་པ་དེས་ཁྱེད་ཀྱིས་དངོས་པོ་དེ་བཅད་དམ་ཞེས་དྲི་བར་བྱའོ། །བཅད་པ་ཉིད་མ་དྲིས་པར་འཆགས་པ་བླང་བར་མི་བྱའོ། །མ་བཅད་པར་འཆགས་ན་ལྟུང་བ་དེ་བཤགས་པ་མ་ཡིན་པས་ཡང་བཤགས་
པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཁྲི་རྐང་འཆོས་པའི་ལྟུང་བྱེད་དེ་བརྒྱད་ཅུ་ལྔ་པ་བཤད་ཟིན་ཏོ།། །།ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །ཉེ་དགའ་གསར་བུ་ཡིན་པས་དེའི་ཁྲི་ཐོབ་པོ། །ཁྱོགས་ཆེས་རྒན་པས་ཕྲོགས་ཤིང་གནས་མལ་བསྒོ་བའི་དུས་ལ་ཡང་བབ་ནས་དེས་བསམས་པ། གང་གིས་བདག་གི་ཁྲི་མི་འཕྲོགས་པའི་ཐབས་དེ་ལྟ་བུ་ཅི་ཡོད་སྙམ་པ་དང༌། དེས་བྱ་བ་འགའ་ཞིག་གི་ཕྱིར་ཤིང་བལ་དག་ཀྱང་བླངས་ནས་དེ་ལ་བློ་སྐྱེས་པ། ཤིང་བལ་གྱིས་བདལ་ཏེ་བཞག་གོ་སྙམ་ནས། དེས་ཁྲིའི་སྟེང་དུ་ཤིང་བལ་བདལ་ཏེ་བཞག་གོ །ཅི་ཙམ་ན་དགེ་སློང་ཆེས་རྒན་པ་ཞིག་འོངས་ནས་དེས་སྨྲས་པ་ཚེ་དང་ལྡན་པ་འདི་སུའི། ཉེ་དགས་སྨྲས་པ། ཁོ་བོའི་ཤིང་བལ་ལོ། །དེ་ན་དགེ་སློང་ཞིག་འདུག་པ་དེས་སྨྲས་པ། ཉེ་དགའ་ཇི་སྐད་ཟེར་བ་དེ་བཞིན་ཏེ། ཤིང་བལ་ནི་ཉེ་དགའི་ཡིན་ནོ། །འདི་ལྟར་ཁྲི་ནི་དགེ་འདུན་གྱི་ཡིན་ནོ། །དེ་སྐད་སྨྲས་པ་དང༌། ཉེ་དགའ་ཁོས་ནས་དེས་ཤིང་བལ་ཁྱེར་ཏེ་ཁྲི་དེའི་སྟེང་དུ་ཤིང་བ་ལ་ཅུང་ཟད་བདལ་ཏེ་བཞག་གོ །དགེ་སློང་དེས་སོ་སོར་མ་བརྟགས་པ་ཉིད་དུ་དེར་ཉལ་ནས་མཚན་མོ་ནམ་ནངས་ཏེ་ལངས་པ་དང༌། གོས་ཐམས་ཅད་ཤིང་བལ་གྱིས་སྐྱ་བོར་གྱུར་ནས་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཅི་ཁྱོད་གཡུལ་གྱི་གཞིར་ཉལ་ལམ། དེས་ཇི་ལྟར་གྱུར་པ་བརྗོད་པ་དང༌། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་གྱི་ཁྲིའམ་ཁྲིའུ་ལ་ཤིང་བལ་བདལ་ཏེ་འཇོག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་
པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ་ཁྲིའུ་ལ་ཤིང་བ་ལ་བད་ལ་ལམ་བདལ་དུ་འཇུག་ན་བསྡུས་ནས་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། །གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ཞི་གུ། ཉེས་པ་ནི་དགེ་འདུན་གྱི་གནས་མལ་ལ་ཤིང་བལ་བདལ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །ཁྲིའམ་ཞེས་བྱ་བ་ནི་ཁྲི་ཉིད་དོ། །ཁྲིའུ་ལ་ཞེས་བྱ་བ་ཡང་ཁྲིའུ་ཉིད་དོ། །ཤིང་བལ་ཞེས་བྱ་བ་ནི་ལྔ་པོ་ཤལ་མ་ལིའི་དང༌། ཨརྐའི་དང༌། ཀ་ཤི་དང༌། སྦྲ་བའི་དང༌། ཨེ་ར་ཀའི་ཤིང་བལ་དག་ལས་གང་ཡང་རུང་བའོ། །བདལ་ལམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བདལ་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །བསྡུས་ནས་ཞེས་བྱ་བ་ནི་དངོས་པོ་དེ་བསྡུས་ནས་ལྟུང་བྱེད་ཀྱི་ལྟུང་བ་དེ་བཤགས་པར་བྱའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་ཡང་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གི་དགེ་འདུན་གྱི་ཁྲིའམ་ཁྲིའུ་དག་ལ་གོས་དང་ལུས་མ་རུང་བར་འགྱུར་བའི་ཤིང་བལ་རྣམ་པ་ལྔའོ། །ཤལ་མ་ལིའམ། ཨརྐའི་འམ། ཀ་ཤིའམ། སྦྲ་བའི་འམ། ཨ་ར་ཀའི་ཤིང་བལ་དག་ལས་གང་ཡང་རུང་བ་རང་ངམ་བསྐོས་པས་བདལ་ན་ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་འདུན་གྱི་ཁྲིའམ་ཁྲིའུ་འམ་གནས་མལ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཤིང་བལ་རྣམ་པ་ལྔ་པོ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དེ་དག་ཅི་ཙམ་གྱིས་གོས་དང་ལུས་མ་རུང་བར་འགྱུར་བ་ལ་ན་སྨད་པ་མེད་དོ། །རང་ངམ་བསྐོས་པས་བདལ་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་འདུན་གྱི་ཁྲིའམ་ཁྲིའུ་ལ་སོགས་པ་གནས་མལ་གང་ཡང་རུང་བ་ཉིད་དང༌།
ལུས་དང་གོས་མ་རུང་བར་འགྱུར་བའི་ཤིང་བལ་གང་ཡང་རུང་བ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞལ་ལྟུང་བར་འགྱུར་ཏེ། དགེ་འདུན་གྱིས་གནས་མལ་རུང་བ་གང་ཡང་རུང་བ་ཉིད་དང༌། ཤིང་བལ་གང་ཡང་རུང་བ་ཉིད་དང༌། ལུས་དང་གོས་མ་རུང་བར་འགྱུར་བ་ཉིད་དང༌། ཞི་གུའི་བསམ་པ་ཉིད་དང༌། རང་ངམ་བསྐོས་པས་བདལ་བ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་པ་མེད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་ཀྱི་སྦྱོར་བ་ལ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གང་ཟག་གི་ལ་ཉེས་བྱས་སོ། །ལུས་དང་གོས་ལ་མི་གནོད་པ་ལ་ཉེས་བྱས་སོ། །བསྡུས་སམ་ཞེས་མ་དྲིས་པར་ལྟུང་བ་འཆགས་པ་དང་དུ་ལེན་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བའང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ལུས་དང་གོས་ལ་མི་གནོད་པ་དང༌། ཞི་གུའི་བསམ་པ་མེད་པ་ཉིད་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཤིང་བལ་གྱིས་གོས་པར་བྱེད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གང་གིས་མདུན་དུ་འཆགས་པར་བྱེད་པ་དེས་ཁྱོད་ཀྱིས་དངོས་པོ་བསྡུས་སམ་ཞེས་དྲི་བར་བྱའོ། །བསྡུས་པ་ཉིད་མ་དྲིས་པར་འཆགས་པ་བླང་བར་མི་བྱའོ། །མ་བསྡུས་པར་འཆགས་ན་ལྟུང་བདེ་བཤགས་པ་མ་ཡིན་པས་ཡང་བཤགས་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་དེ་བརྒྱད་ཅུ་དྲུག་པ་བཤད་ཟིན་ཏོ།། །།གདིང་བ་ལས་གྱུར་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བཅས་པ་དང༌། གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་
དགེ་སློང་གི་གདིང་བ་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ཚད་ལས་ཧ་ཅང་ལྷག་པར་བྱེད་དུ་འཇུག་ནས་དགེ་སློང་དོན་ཉུང་དུ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གདིང་བ་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་ནས། ཅིའི་ཕྱིར་དགེ་སློང་དག་ཚད་ལས་ཧ་ཅང་ལྷག་པར་བྱེད་དུ་འཇུག་ཅེ་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླིང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་དག་ལ་རྨས་ནས། འདོད་པ་ཆེ་བ་དང༌། ཆོག་མི་ཤེས་པ་དང༌། གསོ་དཀའ་བ་དང༌། དགང་དཀའ་བ་རྣམ་པར་སྨད་ཅིང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། གསོ་སླ་བ་དང༌། དགང་སླ་བ་དང༌། ཕྲི་བ་དང༌། ཡོ་བྱད་བསྙུང་བ་དང༌། སྦྱངས་པའི་ཡོན་ཏན་དང༌། མཛེས་པ་དང༌། དྲོད་རིག་པ་ཉིད་ཀྱི་བསྔགས་པ་བརྗོད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གི་གདིང་བ་བྱེད་དུ་འཇུག་ན་ཚད་ཤིན་ཏུ་བྱེད་དུ་ཆུག་ཤིག །དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོ་ཞེང་དུ་མཐོ་ཕྱེད་དང་དོའོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ་དག །ཉོན་མོངས་པ་ནི་ཚད་མི་ཤེས་པ། ཉེས་པ་ནི་གདིང་བ་ཚད་ལས་ཧ་ཅང་ལྷག་པར་བྱེད་དུ་འཇུག་པའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀ་ཚད་ལས་ཧ་ཅང་ཡང་ལྷག་པས་དེའི་གདིང་བ་དེས་མི་ཆོག་ནས་དེས་གནས་མལ་སྲུང་བའི་ཕྱིར་རྐང་པའི་མཐའ་ལོགས་སུ་ལོ་མའི་ཆུན་པོ་དག་བཞག་གོ །སངས་རྒྱས་བཅོམ་ལྡན་འདས་འཚོ་ཞིང་བཞུགས་ལ་གསོན་ཅིང་གཞེས་པ་རྣམས་ཀྱི་ཆོས་ཉིད་ནི་གདུལ་བར་གྱུར་པའི་སྐྱེ་བོ་ལ་རྗེས་སུ་ཐུགས་བརྩེ་བས་དུས་དང་དུས་སུ་སེམས་ཅན་དམྱལ་བར་རྒྱུར་གཤེགས་པ་དང༌། དུད་འགྲོར་རྒྱུ་
བ་དང༌། ཡི་དགས་སུ་རྒྱུ་བ་དང༌། ལྷར་རྒྱུ་བ་དང༌། ལྗོངས་རྒྱུ་བ་དང༌། ཆུ་གྲང་རྒྱུ་བ་དང༌། རི་རྒྱུ་བ་དང༌། དུར་ཁྲོད་རྒྱུ་བ་དང༌། གཙུག་ལག་ཁང་རྒྱུར་གཤེགས་པས་དོན་འདིར་ནི་སངས་རྒྱས་བཅོམ་ལྡན་འདས་གཙུག་ལག་ཁང་རྒྱུར་གཤེགས་པར་བཞེད་ནས་བཅོམ་ལྡན་འདས་ཆེ་དང་ལྡན་པ་འཆར་ཀའི་གཙུག་ལག་ཁང་གལ་བདེར་གཤེགས་སོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀའི་རྐང་པའི་མཐའ་ལོགས་སུ་ལོ་མའི་ཆུན་པོ་དག་བཞག་པ་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་འདི་སུའི་མལ། བཙུན་པ་ཚེ་དང་ལྡན་པ་འཆར་ཀའི་མལ་ལ་ལགས་སོ། །འོ་ན་ཅིའི་ཕྱིར་རྐང་པའི་མཐའ་ལོགས་སུ་ལོ་མའི་ཆུན་པོ་དག་བཞག །བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་གདིང་བ་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཤིག །དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོ། །ཞེང་དུ་མཐོ་ཕྱེད་དང་དོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ་ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་ནས་ཚེ་དང་ལྡན་པ་འཆར་ཀ་ཚད་ལས་ཧ་ཅང་ལྷག་པས་དེའི་གདིང་བ་དེས་འཚལ་ནས་དེས་གནས་མལ་བསྲུང་བའི་སླད་དུ་སུག་པའི་མཐའ་ལོགས་སུ་ལོ་མའི་ཆུན་པོ་དག་བཞག་གོ །ཀུན་དགའ་བོ་དེ་ལྟ་བས་ན་སྲིད་དུ་མཐོ་གང་གིས་སྲིང་ས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང༌། བསླབ་པ་ལ་གུས་པ་དང༌། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང༌། དེའི་ཤས་ཆེ་བ་དང༌། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་རྗེས་སུ་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་གདིང་བ་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཤིག །དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ་སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོ། །ཞེང་དུ་མཐོ་ཕྱེད་དང་དོ། །སྲིད་དུ་མཐོ་གང་གིས་སྲིངས་ཤིག །དེ་ལས་ལྷག་པར་བྱས་སམ་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་
ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་འཆར་ཀ །ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་བས་སོ། །གདིང་བ་ཞེས་བྱ་བ་ནི་སྟེང་རིམ་དུ་གདིང་བའོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་ནོ། །ཚད་བཞིན་དུ་བྱེད་དུ་ཆུག་ཤིག་ཅེས་བྱ་བ་ནི་གདིང་བའི་ཚད་གང་ཡིན་པ་དེ་བཞིན་དུ། དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོ། །ཞེང་དུ་མཐོ་ཕྱེད་དང་དོའོ་ཞེས་བྱ་བ་ལ་སྲིད་དུ་ཞེས་བྱ་བ་ནི་ཆུར་རོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །དེའི་མཐོའི་མཐོ་དོ་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ཁྲུ་གསུམ་མོ། །ཞེད་དུ་ཞེས་བྱ་བ་ནི་རྒྱར་རོ། །མཐོ་ཕྱེད་དང་དོ་ཞེས་བྱ་བ་ལ། བདེ་བར་གཤེགས་པའི་མཐོ་ཕྱེད་དང་དོ་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ཁྲུ་དོ་དང་སོར་དྲུག་གོ །སྲིད་དུ་མཐོ་གང་གིས་སྲིངས་ཤིག་ཅེས་བྱ་བ་ནི་གླེང་གཞི་ལས་ཚེ་དང་ལྡན་པ་འཆར་ཀའི་ལུས་ཚད་ལས་ཧ་ཅང་ལྷག་པ་དེའི་གདིང་བ་དེས་མི་ཆོག་ནས་དེ་གནས་མལ་བསྲུང་བའི་ཕྱིར་རྐང་པའི་མཐའི་ལོགས་སུ་ལོ་མའི་ཆུན་པོ་དག་བཞག་པ་བཅོམ་ལྡན་འདས་ཀྱིས་གཟིགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་སྲིད་དུ་མཐོ་གང་གིས་སྲིངས་ཤིག་ཅེས་གསུངས་པས་མི་ཆོག་ན་སྲིད་དུ་བདེ་བར་གཤེགས་པའི་མཐོ་གང་གིས་བསྲིངས་བ་དེས། བདེ་བར་གཤེགས་པའི་མཐོ་གང་དག་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་སྟེ། དེས་ན་གདིང་བའི་སྲིད་ཀྱི་ཚད་ནི་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་ལྔའོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་དེ་ལས་གོང་མའོ། །བཅད་ནས་ཞེས་བྱ་བ་ནི་དངོས་པོ་དེ་བཅད་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་གདིང་བ་སྲིད་དུ་ཁྲུ་གསུམ། ཞེང་དུ་ཁྲུ་དོ་དང་སོར་དྲུག་པ་དེས་མི་ཆོག་ན་སྲིད་དུ་ཁྲུ་ཕྱེད་དང་དོ་སྐྱེད་དེ་ཁྲུ་ཕྱེད་དང་ལྔ་པར་བྱའོ་ཞེས་
གསུངས་ལས། ཆུ་ཞེང་གང་ཡང་རུང་བར་ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་ན་གདིང་བ་ལས་གྱུར་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །གདིང་བའི་རྒྱུ་གདགས་སུ་རུང་བ་ལ་ན་སྨད་པ་མེད་དོ། །གདིང་བའི་སྲིད་ཀྱི་ཚད་ནི་བདེ་བར་གཤེགས་པའི་མཐོ་དོ་ལས་མཐོ་གང་གིས་སྐྱེད་བར་གནང་སྟེ། བདེ་བར་གཤེགས་པའི་མཐོ་གང་ལ་ནི་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ཡོད་པས་དེས་ན་གདིང་བའི་སྲིད་ཀྱི་ཚད་ནི་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་ལྔའོ། །ཞེང་གི་ཚད་ནི་བདེ་བར་གཤེགས་པའི་མཐོ་ཕྱེད་དང་དོ་སྟེ། དེ་ལ་ནི་ཚད་དང་ལྡན་པའི་ཁྲུ་དོ་དང་སོར་དྲུག་གོ །ཆུ་ཞེང་གི་ཚད་ནི་གང་ཡང་རུང་བདེ་ལས་ལྷག་པར་བྱེད་ན་ན་སྨད་པ་མེད་དོ། །བྱེད་དམ་བྱེད་དུ་འཇུག་པ་ལན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་རང་གི་གདིང་བ་ཉིད་དང༌། ཚད་ལས་ལྷག་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རང་གི་ཉིད་དང༌། གདིང་བ་ཉིད་དང༌། ཚད་ལས་ལྷག་བ་ཉིད་དང༌། རུང་བ་ཉིད་དང༌། རང་ངམ་བསྐོས་པས་བྱས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་གདིང་བ་ལས་གྱུར་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གདིང་བ་ཚད་ལས་ཆུང་ངུ་ལ་བྱིན་གྱིས་རློབ་ན་ཉེས་བྱས་སོ། །བཅད་དམ་ཞེས་མ་དྲིས་པར་ལྟུང་བ་འཆགས་པ་དང་དུ་ལེན་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བའང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བའང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་རྒྱུ་རུང་བ་མ་ཡིན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གདིང་བ་ལས་གྱུར་བའི་ལྟུང་བྱེད་དུ་འགྱུར་བའི་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །རྒྱུ་རུང་བ་མ་ཡིན་པ་ལས་གདིང་བ་མི་བྱའོ། །གང་གི་མདུན་དུ་འཆགས་པར་བྱེད་པ་དེས་ཁྱོད་ཀྱིས་དངོས་པོ་དེ་བཅད་དམ་ཞེས་དྲི་བར་བྱའོ། །བཅད་པ་ཉིད་མ་དྲིས་པར་
འཆགས་པ་བླང་བར་མི་བྱའོ། །མ་བཅད་པར་འཆགས་ན་ལྟུང་བ་དེ་བཤགས་པ་མ་ཡིན་པས་ཡང་བཤགས་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གདིང་བ་ལས་གྱུར་པའི་ལྟུང་བྱེད་དེ་བརྒྱད་ཅུ་བདུན་པ་བཤད་ཟིན་ཏོ།། །།གཡན་པ་དགབ་པ་ལས་གྱུར་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ནི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཡན་པ་དགབ་པར་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ཧ་ཅང་ཚད་ལས་ལྷག་པ་བྱེད་དུ་འཇུག་ནས་དགེ་སློང་དོན་ཉུང་དུ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཡན་པ་དགབ་པར་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ཅིའི་ཕྱིར་ཚད་ལས་ཧ་ཅང་ལྷག་པར་བྱེད་དུ་འཇུག་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ལ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་རྣམས་ལ་རྨས་ནས། འདོད་པ་ཆེ་པ་དང༌། ཆོག་མི་ཤེས་པ་དང༌། གསོ་དཀའ་བ་དང༌། དགང་དཀའ་བ་རྣམ་པར་སྨད་ཅིང༌། འདོད་པ་ཆུང་བ་དང། ཆོག་ཤེས་པ་དང༌། གསོ་སླ་བ་དང༌། དགང་སླ་བ་དང༌། ཕྲི་བ་དང༌། ཡོ་བྱད་བསྙུངས་པ་དང༌། སྦྱངས་པའི་ཡོན་ཏན་དང༌། མཛེས་པ་དང་དྲོད་རིག་པ་ཉིད་ཀྱིས་བསྔགས་པ་བརྗོད་པ་མཛད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་གཡན་པ་དགབ་པ་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཤིག་དེ་ལ་གཡན་པ་དགབ་པའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞི། ཞེང་དུ་མཐོ་དོའི། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། །ཉོན་མོངས་པ་ནི་ཚད་མི་ཤེས་པ། ཉེས་པ་ནི་གཡན་པ་དགབ་པ་ཚད་ལས་ལྷག་པར་བྱེད་དུ་འཇུག་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །གཡན་པ་
དགབ་པ་ཞེས་བྱ་བ་ནི་ན་བའི་གསོས་སོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་ནོ། །ཚད་བཞིན་དུ་བྱེད་དུ་ཆུག་ཤིག་ཅེས་བྱ་བ་ནི་གཡན་པ་དགབ་པའི་ཚད་གང་ཡིན་པ་དེ་བཞིན་ནོ། །དེ་ལ་གཡན་པ་དགབ་པའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་མཐོའི་ཐོ་བཞི། ཞེང་དུ་མཐོ་དོའོ་ཞེས་བྱ་བ་ལ་སྲིད་དུ་ཞེས་བྱ་བ་ནི་ཆུར་རོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །དེའི་མཐོའི་མཐོ་བ་ཞི་གང་ཡིན་པ་དེད་ལ་ནི་ཚད་དང་ལྡན་པའི་ཁྲུ་དྲུག་གོ །ཞེང་དུ་ཞེས་བྱ་བ་ནི་རྒྱར་རོ། །མཐོ་དོ་ཞེས་བྱ་བ་ལ། བདེ་བར་གཤེགས་པའི་མཐོ་དོ་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་འཁྲུ་གསུམ་མོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་དེ་ལས་གོང་མའོ། །བཅད་ནས་ཞེས་བྱ་བ་ནི་དངོས་པོ་དེ་བཅད་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་གཡན་པ་དགབ་པའི་ཚད་སྲིད་དུ་ཁྲུ་དྲུག །ཞེང་དུ་ཁྲུ་གསུམ་པ་ལས་ཆུ་ཞེང་གང་ཡང་རུང་བར་ཚད་ལས་ལྷག་པར་བྱེད་དམ། བྱེད་དུ་འཇུག་ན་གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །གཡན་པ་དགབ་པའི་རྒྱུ་གདགས་སུ་རུང་བ་ལ་ན་སྨད་པ་མེད་དོ། །གཡན་པ་དགབ་པའི་སྲིད་ཀྱི་ཚད་ནི་བདེ་བར་གཤེགས་པའི་མཐོ་བཞི་སྟེ། བདེ་བར་གཤེགས་པའི་མཐོ་གང་ལ་ནི་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ཡོད་པས་དེས་ན་གཡན་པ་དགབ་པའི་སྲིད་ཀྱི་ཚད་ནི་ཚད་དང་ལྡན་པའི་ཁྲུ་དྲུག་གོ །ཞེང་གི་ཚད་ནི་བདེ་བར་གཤེགས་པའི་མཐོ་དོ་སྟེ། །དེ་ལ་ནི་ཚད་དང་ལྡན་པའི་འཁྲུ་གསུམ་མོ། །ཆུ་ཞིང་གི་ཚད་གང་ཡང་རུང་བ་དེ་ལས་ལྷག་བ་ལན་སྨད་པ་མེད་དོ། །བྱེད་དམ་བྱེད་དུ་བཅུག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་རང་གི་གཡན་པ་དགབ་པ་ཉིད་དང༌། ཚད་ལས་ལྷག་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་བ་སྟེ་རང་གི་ཉིད་དང༌། གཡན་པ་དགབ་པ་ཉིད་དང༌།
ཚད་ལས་ལྷག་པ་ཉིད་དང༌། རྒྱུ་རུང་བ་ཉིད་དང༌། རང་ངམ་བསྐོས་པས་བྱས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་གཡན་པ་དགབ་བ་ལས་གྱུར་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །གཡན་པ་དགབ་པ་ཆད་ལས་ཆུང་དུ་བྱིན་གྱིས་རློབ་ན་ཉེས་བྱས་སོ། །བཅད་དམ་ཞེས་མ་དྲིས་པར་ལྟུང་བ་འཆགས་པ་དང་དུ་ལེན་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བའང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བའང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་རྒྱུ་རུང་བ་མ་ཡིན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བདག་གིས་ཉན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །རྒྱུ་རུང་བ་མ་ཡིན་པ་ལས་གཡན་པ་དགབ་པ་མི་བྱའོ། །གང་གི་མདུན་དུ་འཆགས་པར་བྱེད་པ་དེས་ཁྱོད་ཀྱི་དངོས་པོ་བཅད་དམ་ཞེས་དྲི་བར་བྱའོ། །བཅད་པ་ཉིད་མ་དྲིས་པར་འཆགས་པ་བླང་བར་མི་བྱའོ། །མ་བཅད་པར་འཆགས་ན་ལྟུང་བདེ་བཤགས་པ་མ་ཡིན་པས་ཡང་བཤགས་པར་བྱའོ། །ཕྱིར་བཅོས་པ་རྣམས་ནི་སྔ་མ་བཞིན་ནོ། །གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་དེ་བརྒྱད་ཅུ་བརྒྱད་པ་བཤད་ཟིན་ཏོ།། །།དབྱར་གྱི་རས་ཆེན་ལས་གྱུར་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །བཅོམ་ལྡ་འདས་ཀྱིས་དགེ་སློང་དབྱར་གྱི་གོས་རས་ཆེན་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ཧ་ཅང་ཚད་ལས་ལྷག་པར་བྱེད་དུ་འཇུག་ནས་དགེ་སློང་དོན་ཉུང་དུ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བྱེད་དུ་འཇུག་གོ་ཞེས་བཀའ་སྩལ་ནས། ཅིའི་ཕྱིར་དགེ་སློང་དག་ཧ་ཅང་ཚད་ལས་ལྷག་པར་བྱེད་དུ་འཇུག་ཅེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་
བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འབྱུང་པ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དགེ་སློང་དག་ལ་རྨས་ནས་འདོད་པ་ཆེ་བ་དང༌། ཆོག་མི་ཤེས་པ་དང༌། གསོད་དཀའ་བ་དང༌། དགང་དཀའ་བ་རྣམ་པར་སྨད་ཅིང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། གསོ་སླ་བ་དང༌། དགང་སླ་བ་དང༌། ཕྲི་བ་དང༌། ཡོ་བྱད་བསྙུངས་པ་དང༌། སྦྱངས་པའི་ཡོན་ཏན་དང༌། མཛེས་པ་དང༌། དྲོད་རིག་པ་ཉིད་ཀྱི་བསྔགས་པ་བརྗོད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཤིག །དེ་ལ་དབྱར་གྱི་གོས་རས་ཆེན་གྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དྲུག་ཞེང་དུ་མཐོ་ཕྱེད་དང་གསུམ་མོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ། ཉོན་མོངས་པ་ནི་ཚད་མི་ཤེས་པ། ཉེས་པ་ནི་དབྱར་གྱི་རས་ཆེན་ཚད་ལས་ལྷག་པར་བྱེད་དུ་འཇུག་པའོ། །དེ་ལ་དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །དབྱར་གྱི་གོས་རས་ཆེན་ཞེས་བྱ་བ་ནི་ཆར་པ་སྐྱོབ་པའི་གོས་སོ། །བྱེད་དུ་འཇག་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་ནོ། །ཚད་བཞིན་དུ་བྱེད་དུ་ཆུག་ཤིག་ཅེས་བྱ་བ་ནི་དབྱར་གྱི་གོས་རས་ཆེན་གྱི་ཚད་གང་ཡིན་པ་དེ་བཞིན་དུའོ། །དེ་ལ་དབྱར་གྱི་གོས་རས་ཆེན་གྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དྲུག །ཞེང་དུ་མཐོ་ཕྱེད་དང་གསུམ་མོ་ཞེས་བྱ་བ་ལ་ནི་སྲིད་དུ་ཞེས་བྱ་བ་ནི་ཆུར་རོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །དེའི་མཐོའི་མཐོ་དྲུག་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ཁྲུ་དགུའོ། །ཞེང་དུ་ཞེས་བྱ་བ་ནི་རྒྱར་རོ། །ཆུར་མཐོ་ཕྱེད་དང་གསུམ་ཞེས་བྱ་བ་ལ། བདེ་བར་གཤེགས་པའི་མཐོ་ཕྱེད་དང་གསུམ་གང་ཡིན་པ་དེ་ལ་ནི། ཚད་དང་ལྡན་པའི་ཁྲུ་ གསུམ་དང་སོར་བཅོ་བརྒྱད ་དོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་དེ་ལས་གོང་མའོ། །བཅད་ནས་ཞེས་བྱ་བ་ནི་དངོས་པོ་དེས་བཅད་ནས་ལྟུང་བྱེད་ཀྱི་ལྟུང་བ་
བཤགས་པར་བྱའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་པ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་དབྱར་གྱི་གོས་ངས་ཆེན་གྱི་ཚད་སྲིད་དུ་ཁྲུ་དགུ་ཞེང་དུ་ཁྲུ་ གསུམ་དང་སོར་བཅོ་བརྒྱད ་པ་ལས་ཆུ་ཞེང་གང་ཡང་རུང་བར་ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་ན་དབྱར་གྱི་གོས་རས་ཆེན་ལས་གྱུར་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དབྱར་གྱི་གོས་རས་ཆེན་གྱི་རྒྱུ་གདགས་སུ་རུང་བ་ལ་ན་སྨད་པ་མེད་དོ། །དབྱར་གྱི་གོས་རས་ཆེན་གྱི་སྲིད་ཀྱི་ཚད་ནི་བདེ་བར་གཤེགས་པའི་མཐོ་དྲུག་སྟེ། བདེ་བར་གཤེགས་པའི་མཐོའི་མཐོ་གང་ལ་ནི་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ཡོད་པས་དེ་ནི་དབྱར་གྱི་གོས་རས་ཆེན་གྱི་སྲིད་ཀྱི་ཚད་དང་ལྡན་པའི་ཁྲུ་དགུའོ། །ཞེང་གི་ཚད་ནི་བདེ་བར་གཤེགས་པའི་མཐོ་ཕྱེད་དང་གསུམ་སྟེ། དེ་ལ་ནི་ཚད་དང་ལྡན་པའི་ཁྲུ་ གསུམ་དང་སོར་བཅོ་བརྒྱད ་དོ། །ཆུ་ཞིང་གི་ཚད་གང་ཡང་རུང་པ་དེ་ལས་ལྷག་པ་ལ་ན་སྨད་པ་མེད་དོ། །བྱེད་དམ་བྱེད་དུ་འཇུག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་བ་པོ་ནི་རང་གི་དབྱར་གྱི་གོས་རས་ཆེན་ཉིད་དང༌། ཚད་ལས་ལྷག་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་གྱུར་ཏེ། རང་གི་ཉིད་དང༌། དབྱར་གྱི་གོས་རས་ཆེན་ཉིད་དང༌། ཚད་ལས་ལྷག་པ་ཉིད་དང༌། རྒྱུ་རུང་བ་ཉིད་དང༌། རང་ངམ་བསྐོས་པས་བྱས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཇི་སྲིད་དུ་དབྱར་གྱི་གོས་རས་ཆེན་ལས་གྱུར་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རའོ། །དབྱར་གྱི་གོས་རས་ཆེན་ཚད་ལས་ཆུང་དུ་ལ་བྱིན་གྱིས་རློབ་ན་ཉེས་བྱས་སོ། །བཅད་དམ་ཞེས་མ་དྲིས་པར་ལྟུང་བ་འཆགས་པ་དང་དུ་ལེན་ནི་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བའང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་
བའི་སྦྱོར་བའང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་རྒྱུ་རུང་བ་མ་ཡིན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་དབྱར་གྱི་གོས་རས་ཆེན་ལས་གྱུར་པའི་ལྟུང་བྱེད་དུ་གྱུར་པ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །རྒྱུ་རུང་བ་མ་ཡིན་པ་ལ་དབྱར་གྱི་གོས་རས་ཆེན་མི་བྱའོ། །གང་གི་མདུན་དུ་འཆགས་པར་བྱེད་པ་དེས་ཁྱོད་ཀྱིས་དངོས་པོ་དེ་བཅད་དམ་ཞེས་དྲི་བར་བྱའོ། །བཅད་པ་ཉིད་མ་དྲིས་པར་འཆགས་པ་བླང་བར་མི་བྱའོ། །མ་བཅད་པར་འཆགས་ན་ལྟུང་བ་དེ་བཤགས་པ་མ་ཡིན་པས་ཡང་བཤགས་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །དབྱར་གྱི་གོས་རས་ཆེན་ལས་གྱུར་པའི་ལྟུང་བྱེད་དེ་བརྒྱད་ཅུ་རྩ་དགུ་པ་བཤད་ཟིན་ཏོ།། །།བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བཅས་པ་དང་རྗེས་སུ་བཅས་པའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་དགའ་བཟང་མཁན་གྱི་གན་དུ་སོང་སྟེ་ཡུད་ཙམ་ཞིག་གཏན་འདྲེ་བས་འདུག་ནས་སྨྲས་པ། བཞིན་བཟངས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་འཚམས་ནུས་སམ། དེས་སྨྲས་པ། འཕགས་པ་ཁྱོད་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་ཀྱི་ཅི་བྱ། དེས་སྨྲས་པ། བཀྲེན་པ་ཁྱོད་ལ་འདིར་ཅི་འགོད། གལ་ཏེ་གླ་འདོད་ན་ཚེམས་ཤིག །དེས་བསམས་པ། འདི་ཟེར་བ་མ་ཉེས་ཏེ། བདག་ལ་འདིར་ཅི་འགོད། བདག་ལ་གླ་དགོས་ཀྱིས་བཙམ་མོ་སྙམ་དུ་རིག་ནས་སྨྲས་པ་འཕགས་པ་བཙེམ་མོ། །དེས་དེ་ལ་རས་དང་གླ་བྱིན་ནས་དེས་དེ་བཙེམས་སོ། །ཉེ་དགས་དེ་ལ་ཆ་ཅིག་གྱོན་ཏེ་ལྷག་མ་ཕྲག་པས་ཁྱེར་ཏེ་འཕགས་པ་དང༌། དེ་དགེ་སློང་ཞིག་གིས་མཐོང་ནས་དེས་སྨྲས་པ། གནས་བརྟན་གཏུར་བུ་གཟིགས་ཤིག་དང་ངལ་སོར་གཞུག་གོ །ཉེ་དགས་སྨྲས་པ། ཚེ་དང་ལྡན་པ་འདི་གཏུར་བུ་མ་ཡིན་ནོ། །འོ་ན་ཅི་ལགས། བདེ་བར་གཤེགས་པའི་ཆོས་གོས་སོ། །གནས་
བརྟན་ཁྱོད་བདེ་བར་གཤེགས་པའི་ཆོས་གོས་གོན་དུ་རུང་ངམ། དགྲ་བོ་དག་གི་གཉའ་བ་རྡོག་པས་མནན་ན་རུང་ངོ༌། །གནས་བརྟན་ལ་ཡང་དགྲ་བོ་དག་ཡོད་དམ། ཇེ་དང་པོར་ཁྱོད་ཁོ་བོའི་དགྲ་བོ་ཐུ་བོ་ཡིན་ཏེ། དེས་ན་ཁོ་བོ་བདེ་བར་གཤེགས་པའི་ཆོས་གོས་གོན་པ་མི་བཟོད་དོ་ཞེས་ཟེར་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་འཆང་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བདེ་པར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱིས་ཆོས་གོས་བྱེད་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་བླ་མ་ལྟར་འཆོས་པ། ཉེས་པ་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་པའོ། །རྗེས་སུ་བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་ན་ལྟུང་བྱེད་དོ་ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་པ་དང༌། ཚེ་དང་ལྡན་པ་ཉེ་དགས་ལྷག་པ་བྱེད་དུ་བཅུག་ནས་དགེ་སློང་དོན་ཉུང་དུ་དག་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་ན་ལྟུང་བྱེད་དོ་ཞེས་འདུལ་བ་ཉན་ཐོས་རྣམས་ཀྱིས་བསླ་པའི་གཞི་དེ་ལྟར་བཅའ་བ་མཛད་ན་ཅིའི་ཕྱིར་དགེ་སློང་དག་དེ་བས་ལྷག་པར་བྱད་དུ་འཇུག་ཅེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་
སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་རྗེས་སུ་གནང་བ་ཡིན་ཏེ་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་གམ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ། ཞེང་དུ་མཐོ་དྲུག་སྟེ། དེ་ལ་འདིར་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དོ་ཞེས་རྗེས་སུ་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་བླ་མ་བས་ཀྱང་ཆེ་བར་འཆོས་པ། ཉེས་པ་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་ལྷག་པའི་ཆོས་གོས་བྱེད་དུ་འཇུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །དེའི་ཆོས་གོས་ཀྱི་ཚད་ཀྱི་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་གང་ཡིན་པ་དེའིའོ། །ཆོས་གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང༌། ཤ་ནའི་གོས་དག་ཟར་མའི་གོས་དང༌། ཀོ་ཏམ་པའི་གོས་དང༌། དུ་གུ་ལའི་གོས་དང༌། རས་བལ་གྱི་གོས་དང༌། ཉི་འོག་གྱི་གོས་དག་ལས་གང་ཡང་རུང་བའོ། །བྱེད་དུ་འཇུག་གམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་ནོ། །བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གླེང་གཞི་ལས་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱིས་ཆོས་གོས་བྱེད་དུ་འཇུག་ན་ལྟུང་བྱེད་དོ་ཞེས་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་པ་དང༌། ཚེ་དང་ལྡན་པ་ཉེ་དགའ་ལྷག་པ་བྱེད་དུ་བཅུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་རྗེས་སུ་བཅས་པ་ཡིན་ཏེ། བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ་ཞེས་གསུངས་པས་དེའི་གོང་མའོ། །ལྟུང་བྱེད་དོ་ཞེས་བྱ་པ་ནི་སྔ་མ་བཞིན་ནོ། །དེ་ལ་བདེ་བར་གཤེགས་པའི་
ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་ཐོའི་མཐོ་བཅུ། ཞེང་དུ་མཐོ་དྲུག་སྟེ་དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དོ་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་མཐོ་བཅུ་གང་ཡིན་པ་ལ་ནི་ཚད་དང་ལྡན་པའི་ཁྲུ་བཅོ་ལྔའོ། །བདེ་བར་གཤེགས་པའི་མཐོ་དྲུག་གང་ཡིན་པ་དལ་ནི་ཚད་དང་ལྡན་པའི་ཁྲུ་དགུའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་བདེ་བར་གཤེགས་པའི་སྐུའི་ཚད་ཙམ་གྱི་ལུས་མེད་པས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་སྲིད་དུ་སྟོན་པ་རང་གི་ཁུར་ལྔ། ཚད་དང་ལྡན་པའི་ཁྲུ་བཅོ་ལྔའོ། །ཞེང་དུ་སྟོན་པ་རང་གི་ཁྲུ་གསུམ། ཚད་དང་ལྡན་པའི་ཁྲུ་དགུ་པ་ཉིད་དམ། དེ་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་ན་བདེ་བར་གཤེགས་པའི་ཆོས་གོས་ཀྱི་སྲིད་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་ཀྱི་རྒྱུ་གདགས་སུ་རུང་བ་ལ་ན་སྨད་པ་མེད་དོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་སྲིད་ཀྱི་ཚད་ནི་བདེ་བར་གཤེགས་པའི་མཐོ་བཅུ་སྟེ། བདེ་བར་གཤེགས་པའི་མཐོ་གང་ལ་ནི་བདེ་བར་གཤེགས་པ་ཉིད་ཀྱི་ཁྲུ་ཕྱེད་ཡོད་པས་དེས་ན་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཚད་ནི་བདེ་བར་གཤེགས་པ་ཉིད་ཀྱི་ཁྲུ་ལྔའོ། །དེ་ལ་ཚད་དང་ལྡན་པའི་ཁྲུ་ནི་བཅོ་ལྔའོ། །ཞེང་གི་ཚད་ནི་བདེ་བར་གཤེགས་པའི་མཐོ་དྲུག་སྟེ། བདེ་བར་གཤེགས་པའི་མཐོ་གང་ལ་ནི་བདེ་བར་གཤེགས་པ་ཉིད་ཀྱི་ཁྲུ་ཕྱེད་ཡོད་པས་དེས་ན་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཞེང་གི་ཚད་ནི་བདེ་བར་གཤེགས་པ་ཉིད་ཀྱི་ཁྲུ་གསུམ་མོ། །དེ་ལ་ཚད་དང་ལྡན་པའི་ཁྲུ་དགུའོ། །ཆུ་ཞེང་གི་ཚད་གང་ཡང་རུང་བ་དེ་ཙམ་མ་མ་དེ་ལས་ལྷག་པ་ལ་ནི་སྨད་པ་མེད་དོ། །དགེ་སློང་རང་གི་ལུས་བདེ་བར་གཤེགས་པའི་སྐུའི་ཚད་ཙམ་མ་མ་དེ་བས་ལྷག་པ་མེད་པ་ལ་ན་སྨད་པ་མེད་དོ། །བྱེད་དམ་བྱེད་དུ་འཇུག་པ་ལ་ན་སྨད་པ་མེད་དོ། །བདེ་བར་གཤེགས་པའི་སྐུའི་ཚད་ཙམ་གྱི་ལུས་ཡོད་པ་དང༌། དེ་བས་ལྷག་པའི་ལུས་ཡོད་པ་རང་གི་ཁྲུ་ལྔ་དང་གསུམ་གྱིས་ལྷག་པའི་
ཆོས་གོས་སུམ་འགྱུར་དང༌། བཞི་འགྱུར་ལ་སོགས་པ་བྱེད་དམ་བྱེད་དུ་འཇུག་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་བདེ་བར་གཤེགས་པའི་སྐུའི་ཚད་ཙམ་མམ། དེ་བས་ལྷག་པའི་ལུས་མེད་པ་ཉིད་དང༌། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་བས་ལྷག་པའི་ཆོས་གོས་བྱེད་དམ་བྱེད་དུ་འཇུག་པ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རང་གི་ཉིད་དང་བདེ་བར་གཤེགས་པའི་སྐུའི་ཚད་དམ། དེ་བས་ལྷག་པའི་ལུས་མེད་པ་ཉིད་དང༌། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་བས་ལྷག་པའི་ཆོས་གོས་ཉིད་དང༌། རྒྱུ་རུང་བ་ཉིད་དང༌། རང་ངམ་བསྐོས་པས་བྱེད་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་ལྷག་པར་གྱུར་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་པ་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ། དེ་བས་ལྷག་པ་ལ་བྱིན་གྱིས་བརླབས་ན་མི་འཆགས་ཏེ་ཉེས་བྱས་སོ། །བདེ་བར་གཤེགས་པའི་ཆོས་གོས་བས་ནི་ཆུང་ལ། རང་གི་ལུས་ཚད་ལས་ནི་ཆེ་བའི་ཆོག་གོས་བྱེད་དམ་བྱེད་དུ་འཇུག་ཅིང་བྱིན་གྱིས་རློབ་ན་མིའི་འཆགས་ཏེ་ཉེས་བྱས་སོ། །བདེ་བར་གཤེགས་པའི་སྐུའི་ཚད་ཙམ་གྱི་ལུས་ཡོད་པ་དང་དེ་བས་ལྷག་པའི་ལུས་ཡོད་པས་རང་གི་ཁྲུ་ལྔ་དང་གསུམ་ལས་ལྷག་པའི་ཆོས་གོས་སུམ་འགྱུར་དུ་མ་ཆོག་པ་མན་ཆད་ཉིས་འགྱུར་ཡན་ཆད་བྱེད་དམ་བྱེད་དུ་འཇུག་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བའང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་རྒྱུ་རུང་བ་མ་ཡིན་པ་ལ་ལྟུང་བ་མེད་དོ། །བདེ་བར་གཤེགས་པའི་སྐུའི་ཚད་ཙམ་མམ། དེ་བས་ལྷག་པའི་ལུས་ཡོད་པས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་བས་ལྷག་པའི་ཆོས་གོས་རང་གི་ལུས་དང་འཚམ་པ་བྱེད་དམ་བྱེད་དུ་འཇུག་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཆོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་
གནས་སྐབས་ཐམས་ཅད་དུ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་བས་ལྷག་པའི་ཆོས་གོས་དེ་དག་གོས་ལྷག་ཏུ་འདུག་པའམ། ལུས་དང་འབྲེལ་པས་བྱིན་གྱིས་བརླབས་ནས་སམ་རྣམ་པར་བརྟགས་ནས་སམ་རྣམ་པར་མ་བརྟགས་པ་ཡང་བཅང་བར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དེ་དགུ་བཅུ་པ་བཤད་ཟིན་ཏོ།། །།ཚེ་དང་ལྡན་པ་དག་ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་དག་བཏོན་ཟིན་ཏོ་ཞེས་བྱ་བ་ནི་ལྟུང་བྱེད་དེ་འབའ་ཞིག་ཏུ་འགྱུར་བ་རྣམས་གདོན་པའི་མཇུག་བསྡུ་བ་སྟེ། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་དག་ཅེས་བྱ་བ་ལ། སྔར་བསྟན་པའི་དགུ་བཅུ་པོ་དག་བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅས་པའི་དོན་གྱི་མཇུག་བསྡུ་བའི་ཕྱིར་དང༌། ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲི་བར་བྱའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི་ལྟུང་བྱེད་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ལྟུང་བྱེད་དགུ་བཅུ་པོ་བཏོན་ཟིན་པ་དེ་ལའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ལྟུང་བྱེད་གདོན་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཞི་བཅུ་གཉིས་པ། ད་ནི་སོ་སོར་ཐར་པའི་བཤགས་པ་གདོན་པ་བཤད་པར་བྱ་སྟེ། དེའི་ཕྱིར། སྡོམ་ལ། གྲོང་དང་ཁྱིམ་གཞན་ཉིད་དང་ཡང༌། །སློབ་པ་རྣམས་དང་དགོན་པ་ནི། །སངས་རྒྱས་ཕན་པ་གསུངས་པ་ཡིས། །སོ་སོར་བཤགས་པར་བྱ་བར་གསུངས། །ཞེས་བྱ་བ་གསུངས་ཏེ། སྡོམ་ལ་ཞེས་བྱ་བ་ནི་ཚིག་གི་དོན་དང༌། དགོས་པ་ནི་སྔ་མ་བཞིན་ནོ། །སོ་སོར་བཤགས་པར་བྱ་བའི་ཆོས་ནི་བཞི་སྟེ། དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་དང༌། གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་བཅུག་པ་མ་བཟློག་པར་བྱ་བའི་སོ་སོར་བཤགས་པར་བྱ་བ་དང༌། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་དང༌། ནགས་བརྟགས་པ་ལས་གྱུར་པའི་སོ་སོར་
བཤགས་པར་བྱ་བ་སྟེ། སྡོམ་གྱི་ཚིགས་སུ་བཅད་པ་དང་གོ་རིམས་བཞིན་དུ་སྦྱར་རོ། །ཚེ་དང་ལྡན་པ་དག་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་ཞེས་བྱ་བས་ནི་སོ་སོར་བཤགས་པར་བྱ་བ་གདོན་པའི་ལུང་དབོག་པ་བསྟན་ཏོ། །སོ་སོར་བཤགས་པར་བྱ་བའི་ཆོས་ཞས་བྱ་བ་ནི་སྨྲེ་སྔགས་འདོན་པའི་རྣམ་པས་མཐོལ་བར་བྱའོ། །དེ་ཉིད་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པས་ཆོས་ཞེས་བྱའོ། །བཞི་པོ་འདི་དག་ནི་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་བཞི་པོ་དག་གོ །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ་འདུལ་བ་འཛིན་པའི་བཏོན་ལས་འབྱུང་པོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་དཀའི་གནས་ན་བཞུགས་སོ།། ཡུལ་རྡོ་འཇོག་ན་ཁྱིམ་བདག་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བ་ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེའི་ཆུང་མ་ལ་དུས་གཞན་ཞིག་ན་སེམས་ཅན་ཞུགས་པར་གྱུར་ནས་དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཅས་པ་ན། བུ་མོ་གཟུགས་བཟང་བ་བལྟ་ན་སྡུག་པ། མཛེས་པ། མིག་ཨུཏྤ་ལ་འདྲ་བ། ཨུཏྤ་ལའི་དྲི་དང་ལྡན་པ། ཨུཏྤ་ལའི་ཟེ་འབྲུའི་མདོག་འདྲ་བ་ཅིག་བྱུང་ངོ༌། །དེའི་ཉིད་དུ་དག་འདུས་ཤིང་ལྷགས་ནས་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཅས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་བུ་མོ་འདིའི་མིང་ཅིར་གདགས་ཞེས་དེའི་མིང་འདོགས་པར་བྱེད་དོ། །ཉེ་དུ་དག་གིས་སྨྲས་པ། གང་གི་ཕྱིར་བུ་མོ་འདིའི་མིག་ཨུཏྤ་ལ་འདྲ་བ་ཨུཏྤ་ལའི་དྲི་དང་ལྡན་པ། ཨུཏྤ་ལའི་ཟེའུ་འབྲུའི་མདོག་འདྲ་བ་དེའི་ཕྱིར་བུ་མོ་འདིའི་མིང་ཨུཏྤ་ལའི་མདོག་ཅེས་བྱ་བར་གདགས་སོ་ཞེས་དེའི་མིང་ཨུཏྤ་ལའི་མདོག་ཅེས་བྱ་བར་བཏགས་སོ། །དེ་བསྲིངས་ཤིང་བསྐྱེད་ནས་ཆེན་མོར་གྱུར་ཏེ་ཁྱིམ་སོ་བཟུང་བའི་རིམ་གྱིས་དུས་གཞན་ཞིག་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཏུལ་ཏེ་རྒྱུན་དུ་ཞུགས་པའི་
འབྲས་བུ་ཐོབ་པར་བྱས་ནས་བཅོམ་ལྡན་འདས་ལ་ཕུལ་བ་དང༌། བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་པོ་གཽ་ཏ་མི་ལ་གཏད་དེ་དེས་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོག་པར་བྱས་ཏེ། གདམས་ངག་བྱིན་ནས་དེ་གཅིག་པུ་བདེན་པ་བག་ཡོད་པ་བརྟུན་པ་དང་ལྡན་པས་བདག་ཉིད་གཏང་བར་གནས་པ་ན་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་མ་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། དགེ་སློང་མ་ཨུཏྤ་ལའི་མདོག་འདི་མཆོག་ཡིན་ནོ། །ཨུཏྤ་ལའི་མདོག་གི་ཀུན་དུ་སྤྱོད་པ་ནི་བསོད་སྙོམས་བརྒྱུས་ནས་བསོད་སྙོམས་ཀྱི་ཕུད་དང་པོར་དགེ་འདུན་ལ་འབུལ་ཞིང༌། ཕྱིས་གཞན་དུ་བརྒྱུས་ཏེ་བདག་ཉིད་ཟ་བར་བྱེད་དོ། །ཅི་ཙམ་དུས་གཞན་ཞིག་ན་དེ་བསོད་སྙོམས་ལ་ཞུགས་ནས་དེས་བསོད་སྙོམས་ཀྱི་ཕུད་དེ་དགེ་འདུན་ལ་ཕུལ་ནས་དེའི་འོག་ཏུ་བདག་ཉིད་ཀྱི་དོན་དུ་བརྒྱུས་པ་དང༌། དགེ་སློང་གློ་བུར་དུ་འོངས་པ་ཞིག་བསོད་སྙོམས་ལ་ཞུགས་པ་ན་དེ་སྤྱོད་ཡུལ་མི་མཁས་པས་ཅི་ཡང་མ་རྙེད་པ་དེ། ཨུཏྤ་ལའི་མདོག་གིས་མཐོང་ནས་སྨྲས་པ། འཕགས་པ་ཅི་ཡང་མ་རྙེད་དམ། འཕགས་པ་ཅི་ཡང་མ་རྙེད་དོ། །དེས་བདག་ཉིད་ཀྱི་བསོད་སྙོམས་བསོད་སྙོམས་པ་དེ་ལ་ཕུལ་ནས་དེའི་ཟན་ཆད་པར་གྱུར་ཏོ། །ཉེ་དགས་དེ་མཐོང་ནས་དེས་བསམས་པ། སྲིང་མོ་འདི་ནི་དགེ་འདུན་ལ་མངོན་པར་དད་པ་འབའ་ཞིག་ཏུ་མ་ཟད་ཀྱི་གང་ཟག་ལ་ཡང་མངོན་པར་དང་པ་འདྲ་ན་འདི་བག་མ་པར་བྱའོ་སྙམ་ནས། ཕྱི་དེ་ཉིན་པར་ཨུཏྤ་ལའི་མདོག་བསོད་སྙོམས་ལ་ཞུགས་ནས་དེས། བསོད་སྙོམས་ཀྱི་ཕུད་དེ་དགེ་འདུན་ལ་ཕུལ་ནས་བདག་ཉིད་ཀྱི་དོན་དུ་གཉིས་པ་བསྒྲུབ་པ་དང༌། ཉེ་དགས་ཡང་འོངས་ནས་སྨྲས་པ། འཕགས་མ་རྙེད་པ་ཅུང་ཟད་ཡོད་དམ། དེས་སྨྲས་པ། འཕགས་པ་མཆིས་ན་གསོལ་བཞེད་དམ། །ལྷའི་གནས་ཀྱི་ལྷག་མ་ཇི་ལྟ་བ་བཞིན་ནོ། །འཕགས་པ་གལ་ཏེ་དེ་ལྟན་ལྷུང་བཟེད་བཟེད་དུ་གསོལ། དེས་ལྷུང་བཟེད་བཟེད་པ་དང༌། དེས་བསོད་སྙོམས་དེ་དེའི་ལྷུང་བཟེད་དུ་ཕུལ་ལོ། །ཨུཏྤ་ལའི་མདོག་ཉི་མ་གཉིས་སུ་ཟན་ཆད་པས་ཉམ་ཆུང་བའི་སྦྱོར་བས་བརྒྱལ་ཏེ་ས་ལ་འགྱེལ་བ་དར་མ་དད་པ་དག་གིས་གླགས་རྙེད་ནས་ཤེས་ལྡན་དག་ཨུཏྤ་ལའི་མདོག་འདི་འདོད་ཆགས་དང་བྲལ་
ལོ་ཞེས་གྲགས་ན་ཤཱཀྱ་གཞན་ནུ་གཟུགས་བཟང་བ་འདི་མཐོང་ནས་འདོད་ཆགས་ཀྱིས་བརྒྱལ་ཏེ་ས་ལ་འགྱེལ་བར་གྱུར་པ་ཇི་ལྟ་ཞེས་སྨོད་པ་ལ་ཞུགས་པའི་སྐབས་དེ་དགེ་སླང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ་རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལམ་པོ་ཆེན་འདུག་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་ལས་བཅའ་བ་དང་བཟའ་བ་རང་གི་ལག་གིས་བླངས་ཏེ་འཆའ་འམ་ཟ་ན་དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ནི་སོ་སོར་བཤགས་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་བག་མ་གཞུག་གིས་ཐོ་འཚམས་པ། ཉེས་པ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལམ་པོ་ཆེན་འདུག་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་ལས་བཅའ་བ་དང༌། བཟའ་བ་རང་གི་ལག་གིས་བླང་སྟེ་ཟ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་ལ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཕྱི་མོ་དང་མེས་པོ་ཕྲུག་ལ་བརྟེན་པའི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ལམ་པོ་ཆེ་ན་འདུག་བ་ཞེས་བྱ་བ་ནི་སྲད་དུ་སོང་བའོ། བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་ཞེས་བྱ་བ་ལ་གྲོང་ཞེས་བྱ་བ་ནི་གང་ལ་ལམ་པོ་ཆེ་དང༌། སྲང་དང༌། བཞི་མདོ་དང༌། སུམ་མདོ་དག་ཡོད་པའོ། །ལམ་པོ་ཆེ་ཞེས་བྱ་བ་ནི་གནས་ནས་སོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ། །རང་གི་ལག་གིས་ཞེས་བྱ་བ་ནི་ལག་གིས་ལག་ཏུའོ། །
བླངས་ཏེ་ཞེས་བྱ་བ་ནི་བྱིན་ལེན་སྟོབས་སུ་བཅུག་སྟེའོ། །བཅའ་འམ་ཟན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །ཕྱི་རོལ་ཀུན་དགའ་རང་ར་སོང་སྟེ་ཞེས་བྱ་བ་ནི་གྲོང་གི་ཕྱི་རོལ་གཙུག་ལག་ཁང་དུ་སོང་སྟེའོ། །དགེ་སློང་རྣམས་ལ་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་ལའོ། །ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་ཞེས་བྱ་བ་ནི་སྨད་པར་བྱས་པའོ། །མི་རིགས་པར་ཞེས་བྱ་བ་ནི་ཚུལ་དང་མི་མཐུན་པའོ། །སོ་སོར་བཤགས་པར་བྱ་བ་ཞེས་བྱ་བ་ནི་སྨྲེ་སྔགས་འདོན་པའི་རྣམ་པས་མཐོལ་བར་བྱ་བའོ། །བྱུང་གིས་ཞེས་བྱ་བ་ནི་ལྟུང་བ་བྱུང་གིས་སོ། །ཆོས་དེ་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་གསུངས་པ་དེའོ། །སོ་སོར་འཆགས་སོ་ཞེས་བྱ་བ་ནི་མཐོལ་ལོ་ཞེས་སོ། །སོ་སོར་བཤགས་པར་བྱ་སྟེ་ཞེས་བྱ་བ་ནི་མཐོལ་བར་བྱ་སྟེའོ། །ཆོས་འདི་ནི་སོ་སོར་བཤགས་པར་བྱའོ་ཞེས་བྱ་བ་ནི་ཆོས་འདི་ནི་མཐོལ་བར་བྱ་བ་སྟེ། དེས་ན་སོ་སོར་བཤགས་པར་བྱ་བའོ་ཞེས་གསུངས་སོ། །སོ་སོར་བཤགས་པར་བྱ་བའི་རྣམ་པར་གཞག་པ་ནི་གཙུག་ལག་ཁང་དེ་ན་དགེ་སློང་ཇི་སྙེད་འཁོད་པ་ལ་ཡང་རུང་ཇི་ཙམ་མིག་སྔར་སྣང་བ་དང་ཐོས་པའི་ཉེན་ཀོར་ན་འདུག་པ་དག་ལ་ཡང་རུང་སྟེ། དེ་དག་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་དགེ་སློང་མ་ལས་ཟས་ལེན་པའམ། གཞན་ཡང་ཆེ་གེ་མོ་ཞིག་བྱུང་གིས་ཆོས་དེ་སོ་སོར་བཤགས་སོ་ཞེས་སྨྲེ་སྔགས་འདོན་པའི་རྣམ་པས་ལན་ཅིག་དེ་སྐད་ཅེས་མཐོལ་བར་བྱ་ཞིང་དེའི་འོག་ཏུ་བཤགས་པ་ནི་དགེ་སློང་གི་མདུན་དུ་ལྟུང་བྱེད་བཤགས་པར་བྱ་སྟེ། འདི་ནི་ལྟུང་བྱེད་པས་ཁ་ན་མ་ཐོབ་ཡང་བར་བཤད་དོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་བར་བྱའོ། །དེ་ལ་འདིར་ཡང་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་བདག་ཉིད་གྲོང་དམ་ལམ་པོ་ཆེན་འདུག་པས་དགེ་སློང་མ་ཉེ་དུ་མ་ཡིན་པ་དེ་ལ་དེར་འདུ་ཤེས་པས་དགེ་སློང་མ་ཉེ་དུ་མ་ཡིན་པ་དེ་གྲོང་ངམ་གཞན་གང་ཡང་རུང་བ་ན་འདུག་པ་རང་གི་ལག་གིས་མི་འདྲི་མ་པའི་རྣམ་པས་བསྒྲུབས་ཤིང་ཕུལ་
བའི་བཅའ་བ་འམ། བཟའ་བ་དགེ་སློང་དེས་རང་གི་ལག་གིས་བླངས་ཏེ་གནས་གང་ཡང་རུང་བར་ཟོས་ན་དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བའི་དངོས་གཞིར་འགྱུར་རོ། །དགེ་སློང་བདག་ཉིད་གྲོང་ངམ་ལམ་པོ་ཆེ་གང་ཡང་རུང་བ་ལན་འདུག་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་དེར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་དེས། གྲོང་ངམ་གཞན་གང་ཡང་རུང་བ་ན་འདུག་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་དེ་རང་གི་ལག་གིས་མི་འདྲི་མ་པའི་རྣམ་པས་བསྒྲུབས་ཤིང་ཕུལ་བ་ལ་ན་སྨད་པ་མེད་དོ། །བཅའ་བ་ལྡ་དང་བཟའ་བ་ལྔ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དགེ་སློང་དེས་རང་གི་ལག་གིས་བླངས་པ་ལ་ན་སྨད་པ་མེད་དོ། གནས་གང་ཡང་རུང་བར་ཐོས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་དང༌། དེར་འདུ་ཤེས་པ་ཉིད་དང༌། གཉིས་ཀ་ལམ་པོ་ཆེའམ་གྲོང་ན་འདུག་པ་ཉིད་དང༌། བཟའ་བ་དང་བཅའ་བའི་ཟས་གང་ཡང་རུང་ཉིད་དང༌། རང་གི་ལག་གིས་བླངས་ཏེ་ཟོས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བའི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་ཏེ། དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །དགེ་སློང་གྲོང་དང་ལམ་པོ་ཆེན་འདུག་པ་མ་ཡིན་པས་དགེ་སློང་མ་གྲོང་ངམ་ལམ་པོ་ཆེན་འདུག་པ་ལས་བཅའ་བ་དང་བཟའ་བ་ལེན་ཅིང་ཟ་བ་ལ་ཉེས་བྱས་སོ། །དགེ་སློང་ནམ་མཁའ་ལ་འདུག་པས་བླངས་ཏེ་ཟ་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བའང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་གཙུག་ལག་ཁང་ན་འདུག་པས་དགེ་སློང་མ་གྲོང་ངམ་ལམ་པོ་ཆེན་འདུག་པ་ལས་བཅའ་བ་དང་བཟའ་བ་ལེན་ཅིང་ཟ་བ་ལ་ལྟུང་བ་མེད་དོ། །གཉི་ག་གཙུག་ལག་ཁང་ན་
འདུག་པ་ལ་ལྟུང་བ་མེད་དོ། །དགེ་སློང་དབྱར་ཁང་ན་འདུག་པས་དགེ་སློང་མ་གྲོང་ངམ་ལམ་པོ་ཆེན་འདུག་པ་ལས་བཅའ་བ་དང་བཟའ་བ་ལེན་ཅིང་ཟ་བ་ལ་ལྟུང་བ་མེད་དོ། །གཉི་ག་དབྱར་ཁང་ན་འདུག་པ་ལ་ལྟུང་བ་མེད་དོ། །དགེ་སློང་གནས་ན་འདུག་པས་དགེ་སློང་མ་གྲོང་ངམ་ལམ་པོ་ཆེན་འདུག་པ་ལས་བཅའ་བའམ་བཟའ་བ་ལེན་ཅིང་ཟ་བ་ལ་ལྟུང་བ་མེད་དོ། །གཉི་ག་གནས་ན་འདུག་པ་ལ་ལྟུང་བ་མེད་དོ། །དགེ་སློང་མས་གྲོང་ངམ་ལམ་པོ་ཆེར་ཟས་བཞག་ནས་འཇོག་པར་བྱེད་པའི་དགེ་སློང་མ་དེ་ཉིད་གུང་དུ་སོང་སྟེ་ཉེ་བར་མི་གནས་ན་དགེ་སློང་གྲོང་ངམ་ལམ་པོ་ཆེན་འདུག་པ་དེས་ཡིད་གཅུགས་པས་ཟས་དེ་ལེན་ཅིང་ཟ་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་དགེ་སློང་མ་ལས་ཟན་ལེན་པའི་སོ་སོར་བཤགས་པར་བྱ་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་སློང་མས་བསོད་སྙོམས་ཀྱི་ཕུད་ཕུལ་བ་བླང་བར་བྱའོ། །ཕྱིར་བཅོས་པ་ནི་སོ་སོར་བཤགས་པར་བྱ་བའི་རྣམ་པར་གཞག་པ་ལས་ཤེས་པར་བྱ་སྟེ། སོ་སོར་བཤགས་པར་བྱ་བ་ནི་སྨྲེ་སྔགས་འདོན་པའི་རྣམ་པས་མཐོལ་བར་བྱ་བ་དང༌། དགེ་སློང་ལ་བཤགས་པར་བྱ་བ་ཡིན་ནོ། །དེ་ལ་སྨྲེ་སྔགས་འདོན་པས་མཐོལ་བར་བྱ་བ་ནི་སོ་སོར་བཤགས་པར་བྱའོ། །དགེ་འདུན་ལ་རིག་པར་བྱ་བའི་ཆོ་ག་དང༌། སྔགས་ཀྱིས་བྱ་སྟེ་སོ་སོར་བཤགས་པར་བྱ་བ་དགེ་འདུན་ལ་རིག་པར་བྱ་བའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ། དགེ་སློང་ལ་སོ་སོར་བཤགས་པར་བྱ་བ་བྱུང་ན་དེ་བཅའ་བའི་སེམས་བག་ཙམ་ཡང་མི་བསྐྱེད་པར་གཙུག་ལག་ཁང་དུ་སོང་སྟེ་གཙུག་ལག་ཁང་དེ་ན་དགེ་སློང་ཇི་སྙེད་འཁོད་པ་ལ་ཡང་རུང་ཇི་ཙམ་མིག་སྔར་སྣང་བ་དང༌། ཐོས་པའི་ཉེ་འཁོར་ན་འདུག་པ་ལ་ཡང་རུང་བས་མཚམས་ཀྱི་ནང་ན་དགེ་སློང་ཇི་སྙེད་འཁོད་པ་ཐམས་ཅད་བསྡུ་ནི་མི་དགོས་ཏེ། གནས་ཀྱི་ནང་དུ་སོང་བས་དགེ་སློང་གང་དག་མཐོང་བ་དེ་དག་གི་དྲུང་དུ་ཕྱིན་ནས་ཀྱང་གནས་ཁང་ལ་སོགས་པ་ན་འཁོད་པ་དག་ལ་ཡང་གྲགས་པར་འགྱུར་བ་དེ་ལྟར་དགེ་སློང་དེ་དག་ལ་ཕྱག་འཚལ་ཏེ་རྒན་པའི་མཐའ་ལོགས་སུ་ཅོག་པུར་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་
རིགས་པ་སོ་སོར་བཤགས་པར་བྱ་བ་དགེ་སློང་མ་ལེས་ཟས་ལན་པ་འམ། གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའམ། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའམ། ནགས་བརྟགས་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ་མིང་དང་རིགས་ཆེ་གེ་མོ་ཞིག་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་ལན་ཅིག་བརྗོད་པར་བྱའོ། །འདི་ནི་སྨྲེ་སྔགས་འདོན་པའི་རྣམ་པ་བརྗོད་པས་སོ་སོར་བཤགས་པར་བྱ་བ་ཉིད་དུ་གསུངས་པ་ཡིན་གྱིས་བཤགས་པར་བྱ་བ་ནི་མ་ཡིན་ནོ། །དེའི་འོག་ཏུ་བཤགས་པ་ནི་དགེ་སློང་གི་མདུན་དུ་ལྟུང་བྱེད་བཤགས་པ་བཞིན་དུ་བཤགས་པར་བྱ་སྟེ། དེ་ལྟར་ལྟུང་བྱེད་ཀྱི་ལྟུང་བ་བྱུང་བས་གཅིག་གི་མདུན་དུ་བཤགས་པར་བྱ་བར་གསུངས་པ་དང་འདྲ་སྟེ། སོ་སོར་བཤགས་པར་བྱ་བའི་ཕྱིར་བཅོས་པ་ནི་དེ་ལྟ་བུ་ཡིན་ནོ། །དགེ་སློང་མ་ལ་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་སྟེ་དང་པོ་བཤད་ཟིན་ཏོ།། །།གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་འཇུག་པ་ལ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མུ་གེ་ཉམ་ང་བ་ཆེན་པོ་དགོན་པའི་སློང་མོ་བས་ཟས་རྙེད་པར་དཀའ་ཞིང་ཕ་མ་དག་ཀྱང་རང་གི་བུ་དག་ལ་ཟས་སྦྱིན་པ་དང་བྱ་བར་སེམས་པར་དཀའ་ན་སློང་མོ་བ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་པ་བྱུང་ངོ༌། །དྲུག་སྡེ་དག་ང་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང༌། ལ་ལས་ནི་ཐོབ་ལ་ལས་ནི་མ་ཐོབ་ནས་དེ་དག་བཀྲེས་པས་ཉེན་ནས་བཅུ་གཉིས་སྡེ་དག་གི་གན་དུ་སོང་བ་དང༌། དེ་དག་གིས་སྨྲས་པ། འཕགས་པ་དག་འཚོ་འམ། སྲིང་མོ་དག་འདི་ན་ཅི་ལྟར་འཚོ། །ཁོ་བོ་དག་བཀྲེས་པས་ཉེན་ཏོ། །འཕགས་པ་དག་གལ་ཏེ་དེ་ལྟ་ན་སང་སྤྱོན་ཅིག་དང་ཞལ་སུས་གསོལ་ལོ། །སྲིང་མོ་དག་སང་ཁྱེད་ཀྱིས་སྦྱིན་ན་གནང་སུས་སྦྱིན། འཕགས་པ་དག་བདག་ཅག་ཉིད་ཀྱིས་གསོལ་ལོ། །སྲིང་མོ་དག་དེ་ལྟར་འཚོ་བར་མི་ནུས་ཀྱིས་འདི་ལྟར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གང་དུ་སྤྱན་དྲངས་པ་དེར་ཁྱེད་ཅག་གི་ཞལ་ཏ་གྱིས་ལ་ཁོ་བོ་ཅག་ལ་ཡང་དང་ཡང་དུ་བྱིན་ཅིག་དང་དེ་ལྟ་ན་ཁོ་བོ་ཅག་འཚོ་བར་འགྱུར་རོ། །སྦོམ་དགའ་
མོས་སྨྲས་པ། གལ་ཏེ་རུང་ན་མ་ནོངས་ཀྱིས་དེ་བཞིན་དུ་བགྱིའོ། །ཅི་ཙམ་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང་དགེ་སློང་གི་དགེ་འདུན་ནི་ཞུགས་སོ། །བཅོམ་ལྡན་འདས་ནི་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་བཞེད་པས་གཙུག་ལག་ཁང་ན་བཞུགས་ཤིང་མནོས་ཏེ་གསོལ་ཏོ། །ཁྱིམ་བདག་དེ་ནང་མི་དང་བཅས་པས་དགེ་སློང་གི་དགེ་འདུན་ལ་བྲིམ་པར་བརྩམས་པ་དང་སྦོམ་དགའ་མོ་རྒན་པའི་མཐའ་ལོགས་སུ་འདུག་ནས་སྨྲས་པ། ཁྱིམ་བདག་འདི་ནི་འཕགས་པ་དགའ་བོ་སྟེ། ཤཱཀྱ་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་ལྡན་པ་ཆོས་སྒྲོགས་པ་རིགས་པ་དང་གྲོལ་བའི་སྤོབས་པ་ཅན་ཡིན་གྱིས་འདི་ལ་ཡང་གསོལ་ཅིག །འདི་ནི་འཕགས་པ་ཉེ་དགའ་བོ། །འདི་ནི་འཕགས་པ་འགྲོ་མགྱོགས་སོ། །འདི་ནི་ན་བ་སོའོ། །འདི་ནི་འདུན་པ་སྟེ། འདི་དག་ཀྱང་ཤཱཀྱ་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་ལྡན་པ་ཆོས་སྒྲོགས་པ་རིགས་པ་དང་གྲོལ་བའི་སྤོབས་པ་ཅན་ཡིན་གྱིས། འདི་དག་ལ་ཡང་ཡང་གསོལ་ཅིག །འདི་ནི་འཕགས་པ་འཆར་ཀ་སྟེ། བྲམ་ཟེ་མདུན་ན་འདོན་གྱི་བུ་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོགས་པ། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་ཡིན་གྱིས། འདི་ལ་ཡང་ཡང་གསོལ་ཅིག །ཁྱིམ་བདག་ངེས་དེ་བཞིན་དུ་དེ་དག་ལ་ཡང་དང་ཡང་དུ་བྱིན་ནོ། །དེ་བཞིན་དུ་སྦོམ་དགའ་མོས་འདྲི་མ་མཁན་དག་ལ་སྨྲས་ནས། དེ་དག་གིས་ཀྱང་དེ་བཞིན་དུ་དེ་དག་ལ་ཡང་དང་ཡང་དུ་བྱིན་ནོ། །དེ་ན་དགེ་སློང་ཁ་ཅིག་ལ་ནི་འབྲས་ཆན་ཆད། ཁ་ཅིག་ལ་ནི་ཚོད་མ་ཆད། ཁ་ཅིག་ལ་ནི་བཅའ་བ་ཆད། ཁ་ཅིག་ལ་ནི་བཟའ་བ་ཆད། ཁ་ཅིག་གིས་ནི་ཟས་ཅུང་ཟད་ཐོབ་ནས་ཟན་ཆད་པར་གྱུར། ཁ་ཅིག་གིས་ནི་ཟན་མ་ཐོབ་པར་ཟན་ཆད་པར་གྱུར་ཏོ། །དེ་ན་དགེ་སློང་གང་དག་འཆིང་བ་མཐའ་དག་ཡོད་པ་དེ་དག་གིས་ཁྱིམ་བདག་དེ་ལ་ཐོ་འཚམས་པ། ཁྱིམ་བདག་གལ་ཏེ་ཁྱོད་ལ་འབྱོར་བ་མེད་ན་ཅིའི་ཕྱིར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲང་བར་བྱེད། དེས་སྨྲས་པ། འཕགས་པ་དག་བདག་གིས་ཞལ་ཟས་མང་པོ་སྟ་གོན་བགྱིས་ན་སྦོམ་དགའ་མོ་བགྲེས་པའི་མཐའ་ལོགས་སུ་མཆིས་པས་
བགྲེས་པའི་མཐའ་ལོགས་སུ་འབའ་ཞིག་ཏུ་ཡང་དང་ཡང་དུ་སྟོབས་སུ་སྩལ་ནས་དེ་ལ་བདག་གིས་ཇི་ལྟར་བགྱི་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་བར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་རབ་ཏུ་མང་པོ་ཁྱིམ་རྣམས་སུ་མགྲོན་དུ་བོས་ནས་ཟན་ཟ་བའི་ཚེ་དེ་ན་གལ་ཏེ་དགེ་སློང་མ་ཞིག་འདི་ལ་ནི་བཅའ་བ་བྱིན་ཅིག་འདི་ལ་ནི་འབྲས་ཆན་བྱིན་ཅིག །འདི་ལ་ནི་སྲན་ཚོད་བྱིན་ཅིག་འདི་ལ་ནི་ཡང་བྱིན་ཅིག་ཅེས་བསྒོ་ཞིང་འདུག་ན་དགེ་སློང་མ་དེ་ལ་དགེ་སློང་དེ་རྣམས་ཀྱིས་འདི་སྐད་ཅེས་སྲིད་མོ་ཁྱོད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་སྡོད་ཅིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ་དེ་སྐད་སྨྲ་བར་མ་སྤོབས་ན་དགེ་སློང་དེ་དག་ཐམས་ཅད་ཀྱིས་ཕྱི་རོལ་དུ་ཀུན་དགའ་ར་བར་སོང་སྟེ། དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ཅག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པ་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ་ཞེས་བཅའ་བ་མཛད་དེ་ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ་དག །ཉོན་མོངས་པ་ནི་ངོ་བཟློག་མི་ཕོད་པ། ཉེས་པ་ནི་གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་འཇུག་པའི་དགེ་སློང་མ་མ་བཟློག་པར་ཟ་བའོ། །དེ་ལ་དགེ་སློང་རབ་ཏུ་མང་པོ་ཞེས་བྱ་བ་ནི་གཉིས་ལས་ལྷག་པ་ཞེས་བྱ་བ་མང་པའོ། །ཁྱིམ་རྣམས་སུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམས་སུའོ། །མགྲོན་དུ་བོས་ནས་ཞེས་བྱ་བ་ནི་ཟན་གྱི་ཕྱིར་རོ། །ཟན་ཟ་བའི་ཚེ་ཞེས་བྱ་བ་ནི་བཟའ་བ་ལྔ་དང་བཅའ་བ་ལྔ་པོ་དག་གོ །དེ་ན་གལ་ཏེ་དགེ་སློང་མ་ཞིག་ཅེས་བྱ་བ་ནི་སྦོམ་དགའ་མོ་འམ་གཞན་ཡང་དེ་ལྟ་བུ་གང་
ཡིན་པའོ། །དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་སྤོམ་དགའ་མོ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པ་དེ་ལའོ། །དགེ་སློང་དེ་རྣམས་ཀྱིས་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་སྐད་ཅེས་བསྒོ་བར་བྱའོ། །སྲིང་མོ་ཁྱེད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་ཅིག་སྡོད་ཅིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ནི། སྲིད་མོ་ཁྱོད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་ཡུད་ཙམ་ཅིག་ཁ་རོག་པར་སྡོད་ཅིག་ཅེས་བརྗོད་པར་བྱ་བའོ། །གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ་དེ་སྐད་སྨྲ་བར་མ་སྤོབས་ན་ཞེས་བྱ་བ་ནི་གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ་དེ་སྐད་མ་སྨྲས་ནའོ། །དགེ་སློང་དེ་དག་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་སོ། །ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་ཞེས་བྱ་བ་ནི་གྲོང་གི་ཕྱི་རོལ་གཙུག་ལག་ཁང་དུ་སོང་སྟེའོ། །དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ཅག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་ཁྱིམ་མམ་དགོན་པ་དང་གཙུག་ལག་ཁང་ལ་སོགས་པར་སྦྱིན་བདག་ཁྱིམ་མི་ཐམས་ཅད་འདུས་པའམ། དེས་བསྐོས་པ་ལ་སོགས་པས་ཟན་སྦྱར་བར་དགེ་སློང་གསུམ་ལ་སོགས་པར་མགྲོན་དུ་བོས་ཏེ་ཟན་ཟ་བའི་ཚེ་དེ་ན་དགེ་སློང་མ་དེའི་ཚིག་གིས་སམ་དེའི་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་པ་བྱུག་རིས་སྟོན་པ་དང༌། མ་བྱིན་པ་ལ་སྦྱིན་དུ་འཇུག་པ་མ་གཏོགས་པ་ཞིག་དགེ་སློང་ལྟུང་བ་འབྱིན་པ་པོ་དེའམ། དགེ་སློང་གཞན་ལ་འདི་ལ་བཅའ་བའམ། བཏུང་བའམ། སྲན་ཚོད་དམ་བཟའ་བའམ། ཡང་དང་ཡང་བྱིན་ཅིག་བྱ་བ་ལ་སོགས་པས་བསྐོ་ཤམ་བྱེད་པ་ལ་ཞུགས་པ་དེ་ལ་དགེ་སློང་གང་ཡང་རུང་བ་ཟན་གཅིག་པ་
ཉིད་ཡིན་ལ། ལྷན་ཅིག་ཟ་བ་འམ། ལྷན་ཅིག་མི་ཟ་བས་ཀྱང་རུང་སྟེ། རང་ངམ་གཞན་གང་ཡང་རུང་བས་སྲིད་མོ་ཁྱོད་དགེ་སློང་རྣམས་ཟན་ཟོས་ཀྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་མ་བསྒོ་བར་དགེ་སློང་གསུམ་ལ་སོགས་པ་མགྲོན་དུ་བོས་པས་ཟོས་ན་བསྒོ་བའི་ཚིག་དེ་ཉེ་བར་གདགས་སུ་མི་རུང་བ་ཙམ་དུ་ཐག་རིང་བ་མ་གཏོགས་པ་དང༌། བསྒོ་བ་ཉིད་འདུ་ཤེས་མེད་ན་གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་བཅུག་བ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བའི་དངོས་གཞིར་འགྱུར་རོ། །བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུ་མགྲོན་དུ་བོས་པ་དང༌། དགོན་པ་དང་གཙུག་ལག་ཁང་ལ་སོགས་པར་སྦྱིན་བདག་ཁྱིམ་གྱི་མི་ཐམས་ཅད་འདུས་པ་འམ། དེས་བསྐོས་པ་ལ་སོགས་པའི་ཟན་སྦྱར་བའི་གནས་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དགེ་སློང་གསུམ་ལ་སོགས་པ་མགྲོན་དུ་བོས་པས་ཟོས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་དེའི་ཚིག་གིས་སམ་དེའི་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་དེ་དགེ་སློང་གི་གྲལ་འདིར་ཇེ་རིམས་ཤིག་དེའི་འོག་ཏུ་འདིར་རིམས་ཤིག་ཅེས་བྱ་བ་ལ་སོགས་པས་གྲལ་རིམས་བཞིན་དུ་གྲལ་གྱི་མགོ་དང་མདུན་དུ་དཀྱིལ་འཁོར་གྱིས་བྱུག་རིས་སྟོན་པ་དང༌། གྲལ་ཐོད་རྒལ་དུ་འདས་ཤིང་གོང་མ་མ་བྱིན་པ་ལ་བྱིན་དུ་འཇུག་པ་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་ལྟུང་བ་བྱུང་བ་འབྱིན་པ་པོ་དེ་འམ་དགེ་སློང་མང་བོ་གཞན་གང་ཡང་རུང་བ་ལ་བསྒོ་ཤམ་མེད་པ་ལ་ན་སྨད་པ་མེད་དོ། །འདི་ལ་བཅའ་བ་འམ་བཏུང་བའམ་སྲན་ཚོད་དམ་བཟའ་བ་བྱིན་ཅིག་ཅེས་བྱ་བ་ལ་སོགས་པས་བསྐོ་ཤམ་བྱེད་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་དེ་ལ་དེར་ཚོགས་བའི་དགེ་སློང་གང་ཡང་རུང་བ་དང༌། སྟོན་མོ་གཅིག་ལ་ལྷན་ཅིག་ཟ་བ་དང༌། ལྷན་ཅིག་མི་ཟ་བར་རུང་ངམ་གཞན་གང་ཡང་རུང་བས་མ་བསྒོ་བ་ལ་ན་སྨད་པ་མེད་དོ། །དགེ་སློང་མ་དེ་ལ་སྲིད་མོ་ཁྱོད་དགེ་སློང་རྣམས་ཟན་ཟོས་ཀྱི་བར་དུ་རེ་ཞིག་སྡོང་ཅིག་ཅེས་བྱ་བ་ལ་སོགས་པ་བཟློག་པར་བྱ་བའི་ཚིག་གང་ཡང་རུང་བས་མ་བཟློག་པ་ལ་ན་སྨད་པ་མེད་དོ། །བསྒོ་བའི་ཚིག་དེ་ཉེ་བར་གདགས་སུ་མི་རུང་བ་ཙམ་དུ་ཐག་རིང་བ་མ་གཏོགས་པར་ཉེ་བར་གདགས་སུ་རུང་བར་ཐག་ཉེ་བ་ལ་ན་སྨད་པ་མེད་དོ། །མ་བསྒོ་བ་ལ་བསྒོ་བའམ་བསྒོ་བ་ལ་མ་བསྒོ་
བའམ། དེ་གཉིས་ལ་ཡིད་གཉིས་ཟ་བ་མ་གཏོགས་པ་བསྒོ་བ་ལ་བསྒོ་བ་ཉིད་དུ་འདུ་ཤེས་མེད་པ་ལ་ན་སྨད་པ་མེད་དོ། །འདི་ལ་རྒན་པས་བསྒོ་ནུས་ན་གསར་བུས་མ་བསྒོ་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དགེ་སློང་ལྟུང་བ་འབྱིན་པ་པོ་དེའམ་དགེ་སློང་གཞན་ལ་འདི་ལ་བཅའ་བའམ། བཏུང་བའམ། སྲན་ཚོད་དམ། བཟའ་བའམ། ཡང་བྱིན་ཅིག་ཅེས་བྱ་བ་ལ་སོགས་པས་བསྐོ་ཤམ་བྱེད་པ་ལ་ཞུགས་པའི་དགེ་སློང་མ་དེའི་ཚིག་གིས་སམ། དེའི་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་པ་བྱུག་རིས་སྟོན་པ་དང༌། མ་བྱིན་པ་ལ་བྱིན་དུ་འཇུག་པ་མ་གཏོགས་པ་དང་བསྒོ་བའི་ཚིག་ཉེ་བར་གདགས་སུ་མི་རུང་བར་ཐག་རིང་བ་མ་གཏོགས་པ་དེ་ན་འདུག་པ་ཡིན་ནོ། །འདི་ལ་ཡན་ལག་ལྡས་དངོས་གཞིའི་ལྟུང་བར་འགྱུར་སྟེ། ཁྱིམ་མམ་དགོན་པའམ་གཙུག་ལག་ཁང་ལ་སོགས་པའི་སྦྱིན་བདག་ཁྱིམ་གྱི་མི་ཐམས་ཅད་འདུས་པའམ། དེས་བསྒོ་བ་ལ་སོགས་པས་ཟན་སྦྱར་བ་ཉིད་དང་དགེ་སློང་གསུམ་ཡན་ཆད་མགྲོན་དུ་བོས་པ་ཉིད་དང༌། དགེ་སློང་མ་དེའི་ཚིག་གིས་སམ། དེའི་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་པས་བྱུག་རིས་སྟོན་པ་དང༌། མ་བྱིན་པ་ལ་བྱིན་དུ་འཇུག་པ་མ་གཏོགས་པ་ཉིད་དང༌། བསྒོ་བའི་ཚིག་དེ་ཉེ་བར་གདགས་སུ་མི་རུང་བར་ཐག་རིང་བ་མ་ཡིན་པར་ཐག་ཉེ་བ་ན་བསྐོ་ཤམ་བྱེད་པ་ལ་ཞུགས་པ་ཉིད་དང༌། དགེ་སློང་ཟན་གཅིག་པ་རྣམས་ཀྱིས་མ་བསྒོ་བར་འདུ་ཤེས་པས་ཟོས་པ་ཉིད་དང༌། དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བའི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཁྱིམ་གཞན་པའི་གནས་སུ་ཉེས་བྱས་སོ། །དགེ་སློང་གཉིས་མན་ཆད་ཟ་བ་ལ་ཉེས་བྱས་སོ། །བསྒོ་བའི་ཚིག་དེ་ཉེ་བར་གདགས་སུ་མི་རུང་བར་ཐག་རིང་བ་ལ་ཉེས་བྱས་སོ། །མ་བསྒོ་བ་ལ་བསྒོས་པའམ་བསྒོ་བ་ལ་མ་བསྒོ་བར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །འདི་ལ་རྒན་རིམས་ཀྱིས་མི་འཇུག་ན་གསར་བུ་གང་གིས་བསྒོ་བ་མ་གཏོགས་པ་ཡན་ཆད་ལ་ཉེས་བྱས་སོ། །
སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་པའང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་མ་དེའི་ཚིག་གིས་སམ་དེའི་ཉེ་དུས་མགྲོན་དུ་བོས་པ་ལ་ལྟུང་བ་མེད་དོ། །དགེ་སློང་མ་དེ་བྱུག་རིས་སྟོན་པ་དང༌། མ་བྱིན་པ་ལ་སྦྱིན་དུ་འཇུད་པ་ལ་ལྟུང་བ་མེད་དོ། ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་སློང་མ་དེ་བཟློག་པར་བྱའོ། །འདི་ལ་རྒན་པས་འཇུག་པར་བྱའོ། །རྒན་པ་མི་འཇུག་ན་གསར་བུས་འཇུག་པར་བྱའོ། །དེའི་ཕྱིར་དྲི་བ་ལ་བརྩོན་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བ་སྟེ་གཉིས་པ་བཤད་ཟིན་ཏོ།། །།བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་གྱི་སྤྲིའུའི་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །གང་གི་ཚེ་དམག་དཔོན་སེང་གེས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བདེན་པ་དག་མི་མཐོང་བ་དེའི་ཚེ་དེས་ཆ་གཅིག་བཟུང་ནས་འདི་ལྟར་ཁྱུ་མཆོག་རླབས་པོ་ཆེའི་ཚིག་སྨྲ་ཞིང༌། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲགས་ཏེ། དེང་ཕྱིན་ཆད་གཅེར་བུ་པ་དག་དང༌། གཅེར་བུ་མ་དག་དང༌། གཅེར་བུ་པའི་ཉན་ཐོས་དག་དང༌། གཅེར་བུ་པའི་ཉན་ཐོས་མ་དག་གི་སྒོ་ནི་བཅད་དོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་དག་དང༌། དགེ་སློང་མ་དག་དང༌། དགེ་བསྙེན་དག་དང༌། དགེ་བསྙེན་མ་དག་གི་སྒོ་ནི་ཕྱེའོ་ཞེས་བསྒྲགས་ཤིང་ཞིང་ལས་ཀྱི་མཐའ་དག་ཀྱང་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་ཡོངས་སུ་བཏང་ངོ༌། །དེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཡིན་ཏེ། དེས་སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ་ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་
བའམ་ཡོངས་སུ་མ་བཏང་བ་ཅི་ཡང་མེད་དེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བ་ལས་ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་ཟད་དེ་ཡོངས་སུ་མཐར་ཐུག་པར་འགྱུར་རོ། །དེའི་སྐབས་སུ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ཆེན་པོ་གཉིས་ལྗོངས་རྒྱུ་ཞིང་འདོང་བ་ན་ཡངས་པ་ཅན་དུ་ཕྱིན་ནས་དམག་དཔོན་སེང་གེས་དེ་གཉིས་ཁྱིམ་གཞན་དུ་མགྲོན་དུ་པོས་ནས་དེས་དེ་གཉིས་ཀྱི་ཟན་སྦྱར་བའི་ཕྱིར་བདག་ཉིད་སྲད་དུ་སོད་བ་དང༌། གཅེར་བུ་བ་དག་གིས་མཐོང་ནས་དེ་དག་ཤེས་ལྡན་དག་གང་གི་ཚེ་དམག་དཔོན་སེང་གེ་བདག་ཅག་ལ་མངོན་པར་དད་པ་དེའི་ཚེ་ན་འདི་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ན་དེད་ལྟར་ཤཱཀྱའི་བུའི་དགེ་སློང་དག་ལ་མངོན་པར་དད་པས། འདི་ལ་བཅར་ཡང་མེད་བཟར་ཡང་མེད་དེ། བདག་ཉིད་ཁྱིམ་གྱི་ལས་བྱེད་དོ་ཞེས་སྨད་པ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་དག་ཁྱེད་ཀྱིས་དམག་དཔོན་སེང་གེ་དང་གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་སོགས་པ་འབའ་ཞིག་གི་ལས་ཀྱིས་བསླབ་པའི་སྡོམ་པ་སྦྱིན་ཞིང་དེར་དགེ་སློང་རྣམས་ཀྱིས་ཇི་ལྟར་ཀུན་དུ་སྤྱོད་པའི་ཆོས་རྣམས་ཀྱང་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱའོ། འདི་ལྟར་བྱ་སྟེ་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དམག་དཔོན་སེང་གེ་ནི་དད་པ་དང་ལྡན་ཞིང་བཟང་ལ། དགེ་བའི་བསམ་བ་ཅན་ཏེ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ་ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་བཏང་བས་ཏེ་ཡོངས་སུ་མཐར་ཐུག་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དམག་དཔོན་སེང་གེ་ལ་བསླབ་པའི་སྡོམ་པ་སྩལ་ཏོ། །འདི་ནི་གསོལ་བའོ། །དེར་དགེ་སློང་རྣམས་ཀྱིས་ཇི་ལྟར་
ཀུན་དུ་སྤྱད་པའི་ཆོས་ནི་འདི་དག་ཡིན་ཏེ། དགེ་འདུན་གྱིས་གང་ལ་བསླབ་པའི་སྡོམ་བ་བྱིན་པ་དེར་དགེ་སློང་གིས་ཁྱིམ་དུས་དུས་སུ་འགྲོ་བར་བྱ། སྟན་ལ་ལོངས་སྤྱད་པར་བྱ། ཆོས་བསྟན་པར་བྱ། བསོད་སྙོམས་བླང་བར་མི་བྱ། ལྷུང་བཟེད་སྟོང་བས་འཇུག་པར་མི་བྱའོ། །དེའི་བྱིས་པ་སློང་བ་དག་ལ་བཅའ་བ་རིལ་པོར་མི་སྦྱིན་པར་དུམ་བུར་བྱས་ཏེ་སྦྱིན་པར་བྱའོ། །ག་གོན་དང་ལ་ཕུག་ལ་སོགས་པ་འབྲས་བུ་དང་རྩ་བ་དག་དང་ལྡམ་ལྡུམ་ལ་སོགས་པ་ཚོད་མ་ཁྱིམ་ནས་བྱུང་བ་བླང་བར་བྱའོ། །དེ་ནི་སློབ་པ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པའི་ཆོ་ག་དང་ལས་སོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་དེ་ལ་བསླབ་པའི་སྡོམ་པ་བྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་གཉིས་སྔར་མགྲོན་དུ་བོས་པ་ཡང་དེའི་ཁྱིམ་དུ་མ་དོང་བ་དང༌། དེ་ནས་དམག་དཔོན་སེང་གེས་ཁ་ཟས་སྟ་གོན་དུ་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ཆེན་པོ་གཉིས་གལ་བདེར་སོང་སྟེ་ཕྱིན་ནས་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་གཉིས་གདུགས་ཚོད་གཡར་དགོངས་འཚལ་ན། ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་གཉིས་ཀྱིས་སྨྲས་པ། ཁྱིམ་བདག་ཁྱོད་ལ་དགེ་འདུན་གྱི་བསླབ་པའི་སྡོམ་པ་བྱིན་གྱིས་མི་འགྲོའོ། །དེས་སྨྲས་པ་འཕགས་པ་གཉིས་བདག་གིས་ཁྱད་གཉིས་སྤྱན་དྲངས་ཀྱིས་གཤེགས་སུ་གསོལ། དེ་གཉིས་ཀྱིས་སྨྲས་པ། ཁྱིམ་བདག་འོན་བཅོམ་ལྡན་འདས་ལ་ཞུའོ་ཞེས་དེ་གཉིས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔར་མགྲོན་དུ་བོས་པ་གང་ཡིན་པ་དེས་བཟའ་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །དེ་གཉིས་བཅོམ་ལྡན་འདས་ཀྱིས་གནང་སྟེ་དམག་དཔོན་སེང་གེའི་ཁྱིམ་དུ་འཕགས་པ་དང་དྲུག་སྡེ་དག་གིས་དེ་གཉིས་མཐོང་ནས་དེ་དག་གིས་སྨྲས་པ་ཁྱེད་གཉིས་གར་བཞུད། དམག་དཔོན་སེང་གེའི་ཁྱིམ་དུའོ། །དེ་ལ་དགེ་འདུན་གྱིས་བསླབ་པའི་སྡོམ་པ་མ་བྱིན་ནམ། གང་ལ་བྱིན་པ་དེ་ལ་བྱིན་གྱི་ཁོ་བོ་ཅག་གཉིས་སྔར་མགྲོན་དུ་བོས་སོ། །དྲུག་སྡེ་དག་གིས་སྨྲས་པ། གལ་ཏེ་དེ་ལྟར་ན་ཁོ་བོ་ཅག་གང་གི་ཚེ་དམག་དཔོན་སེང་གེས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་བདེན་པ་དག་མཐོང་བ་དེའི་ཚེ་ན་ཆེས་སྔར་
མགྲོན་དུ་བོས་སོ། །དེ་གཉིས་ཅང་མི་སྨྲ་བར་དོང་བ་དང༌། དེ་དག་ཀྱང་དེ་གཉིས་ཀྱི་ཕྱི་བཞིན་ཕྱི་བཞིན་རྗེས་སུ་འབྲང་བ་ན་དམག་དཔོན་སེང་གེས་དགེ་སློང་རབ་ཏུ་མང་པོ་འོང་བ་མཐོང་ནས་མཆོག་ཏུ་དགའ་བ་བསྐྱེད་དེ། ཁྱིམ་མི་ལ་དགོས་པ་གང་དག་ཡིན་པ་དེ་དག་ཀྱང་དགེ་སློང་རྣམས་ལ་བྲིམས་སོ། །དེ་དག་གིས་ཟོས་ཏེ་དོང་བ་དང༌། དེའི་བུ་དག་གིས་ཟས་བླང་བར་བརྩམས་པ་ན། དེས་སྨྲས་པ། བུ་དག་ཁྱིམ་མི་ལ་དགོས་པ་གང་དག་ཡིན་པ་དེ་དག་ཀྱང་དགེ་སློང་རྣམས་ལ་བྲིམས་ཀྱིས་གཞན་མ་གྲུབ་ཀྱི་བར་དུ་རེ་ཞིག་སྡོད་ཅིག་དེ་དག་གིས་དུ་བར་བརྩམས་པ་མཐོང་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་སློབ་པ་དག་གིས་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དག་ཏུ་སྔར་མགྲོན་དུ་མ་བོས་པར་དོང་སྟེ། རང་གི་ལག་གིས་བཅའ་བ་དང་བཟའ་བ་བླངས་ནས་འཆའ་བར་བྱེད། ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་པའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པར་གྱུར་ལ། ཡང་དགེ་སློང་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་སྔར་མགྲོན་དུ་མ་བོས་པར་སོང་སྟེ། རང་གི་ལག་གིས་བཅའ་བ་དང༌། བཟའ་བ་བླངས་ནས་འཆའ་འམ་ཟ་ན་དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པར་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱས་ཏེ་ཆོས་འདི་ཡང་སོ་སོར་བཤགས་
པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཡངས་པ་ཅན། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འགྲན་ཟླ་ཚོལ་བ། ཉེས་པ་ནི་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའོ། །དེའི་ཚེ་ན་ཡངས་པ་ཅན་གྱི་ལིཙྪ་བཱི་དག་དཔོང་སའི་ཁང་པ་ནས་གཏམ་འདྲི་ཞིང་འཁོད་པ་དེ་དག་གིས་དགེ་སློང་དེ་དག་དམག་དཔོན་སེང་གེའི་ཁྱིམ་ནས་བྱུང་བ་མཐོང་ནས་དེ་ན་གང་དག་མ་དད་པ་དེ་དག་གིས་སྨས་པ། ཤེས་ལྡན་དག་གང་གི་ཚེ་དམག་དཔོན་སེང་གེ་དགེ་སྦྱོང་གཽ་ཏ་མ་ལ་དད་པར་གྱུར་པ་དེ་ཚུན་ཆད་ནས་དེའི་ལོངས་སྤྱོད་དག་བསྲབས་པ་དང༌། ཡོངས་སུ་ཟད་པ་དང༌། ཡོངས་སུ་གཏུགས་པར་གྱུར་ཏོ། །དད་པ་ཅན་དག་གིས་སྨྲས་པ། ཤེས་ལྡན་དག་གང་བཅོམ་ལྡན་འདས་ལ་མངོན་པར་དད་པ་དེའི་ལོངས་སྤྱོད་དག་བསྲབས་པ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པར་གལ་འགྱུར། འདི་ལྟར་དམག་དཔོན་སེང་གེས་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས། བདེན་བདག་མཐོང་ནས། དེས་ཞིང་ལས་ཀྱི་མཐའ་དག་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་རྒྱུན་བཅད་པས་དེས་ན་དེའི་ལོངས་སྤྱོད་དག་བསྲབས་པ་དང༌། ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པར་གྱུར་ཏོ། །ཡངས་པ་ཅན་གྱི་ལིཙྪ་བཱི་དག་གིས་གྲོས་བྱས་ནས་དམག་དཔོན་སེང་གེའི་ཞིང་བ་དག་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་ཅིའི་ཕྱིར་དམག་དཔོན་སེང་གེའི་ཞིང་ལས་ཀྱི་མཐའ་དག་མི་བྱེད་གླ་མ་ཐོབ་བམ་ཅི། དེ་དག་གིས་སྨྲས་པ། ཤེས་ལྡན་དག་གླ་མ་ཐོབ་པ་མ་ཡིན་ཏེ། དམག་དཔོན་གྱིས་བདག་ཅག་བཀག་ན་ཇི་ལྟར་བྱ་ཁྱེད་ཅག་ལ་ཚོགས་ཀྱི་བསྐོའི། དེང་ལ་དམག་དཔོན་གྱི་ཞིང་ལས་ཀྱི་མཐའ་དག་གྱིས་ཤིག ། དེ་ནས་ཡངས་པ་ཅན་གྱི་ལིཙྪ་བཱི་དག་གི་ཚིག་ལས་དམག་དཔོན་སེང་གེའི་ཞིང་ལས་ཀྱི་མཐའ་དག་བྱ་བར་བརྩམས་པ་དང༌། ལྷས་དུས་སུ་ཆར་གྱི་རྒྱུན་དག་ལེགས་པར་ཕབ་ནས་ལོ་ཏོག་གི་འབྱོར་པ་ཆེན་པོ་སྐྱེས་པར་གྱུར་ཏོ། །དམག་དཔོན་སེང་གེ་ལོངས་སྤྱོད་དག་གིས་མཐོས་པར་གྱུར་ནས་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དམག་དཔོན་སེང་གེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སྔོན་བདག་གིས་ལོངས་སྤྱོད་དག་བསྲབས་
པ་དང། ཡོངས་སུ་བས་པ་དང༌། ཡོངས་སུ་གཏུགས་པར་གྱུར་ནས་དགེ་འདུན་དོན་བཞེད་པ་དང༌། ཕན་པ་བཞེད་པས་བདག་ལ་བསླབ་པའི་སྡོམ་པ་སྩལ་ན། ད་ནི་ཡངས་པ་ཅན་གྱི་ལི་ཙྪ་བཱིའི་ཚོགས་ཀྱིས་བདག་གི་ལོངས་སྤྱོད་བསྒྲུབས་ནས་ལོངས་སྤྱོད་དག་འཕེལ་བར་གྱུར་ན་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་བསླབ་པའི་སྡོམ་པ་གཞིག་པ་མཛད་ན་ལེགས་སོ། །བཅོམ་ལྡན་འདས་ཀྱིས་དམག་དཔོན་སེང་གེ་ལ་ཅང་མི་གསུང་བས་གནང་ངོ༌། །དེ་ནས་དམག་དཔོན་སེང་གེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དམག་དཔོན་སེང་གེ་དང་གཞན་ཡང་དེ་ལྟ་བུ་གང་ཡིན་པའི་བསླབ་པའི་སྡོམ་པ་གཞིག་པར་བྱ་ཞིང༌། དེར་དགེ་སློང་རྣམས་ཇི་ལྟར་ཀུན་དུ་སྤྱོད་པའི་ཆོས་རྣམས་ཀྱང་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དམག་དཔོན་སེང་གེ་འམ། སྦྱིན་བདག་དེས་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དམག་དཔོན་སེང་གེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། བདག་གིས་འདི་ལྟ་སྟེ་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། བདག་གིས་དེ་ལྟར་ཕུལ་ཞིང་དེ་ལྟར་ཡོངས་སུ་བཏང་བས་ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་བས་ཏེ། ཡོངས་སུ་མཐར་ཐུག་ནས་དགེ་འདུན་དོན་བཞེད་པ། ཕན་པ་བཞེད་པས་བདག་ལ་བསླབ་པའི་སྡོམ་པ་སྩལ་བ་ལས་བདག་དམག་དཔོན་སེང་གེ་ཡང་ལོངས་སྤྱོད་འཕེལ་ནས། བདག་དམག་དཔོན་སེང་གེ་བསླབ་པའི་སྡོམ་བསྩལ་བ། བསླབ་པའི་སྡོམ་པ་གཞིག་པར་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་
ལ་བསླབ་པའི་སྡོམ་པ་གཞིག་པ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་ན། དེ་ནི་བསླབ་པའི་སྡོམ་པའི་གཞིག་པ་གསོལ་བའོ། །དེའི་འོག་ཏུ་དམག་དཔོན་སེང་གེ་འམ་སྦྱིན་བདག་དེ་ཐོས་པའི་ཉེ་འཁོར་ནས་བཀར་ཏེ། མཐོང་བའི་ཉེ་འཁོར་དུ་བཞག་ནས། དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དམག་དཔོན་སེང་གེ་འདི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། དེས་སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ་ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ་ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་བས་ཏེ། །ཡོངས་སུ་མཐར་ཐུག་ནས་དེ་ལ་དགེ་འདུན་དོན་བཞེད་པ་ཕན་པ་བཞེད་པས་བསླབ་པའི་སྡོམ་པ་སྩལ་བ་ལས། དམག་དཔོན་སེང་གེ་དེ་ཡང་ལོངས་སྤྱོད་འཕེལ་ཏེ་དམག་དཔོན་སེང་གེ་བསླབ་པའི་སྡོམ་པ་སྩལ་བ་དགེ་འདུན་ལ་ས་སྡོམ་པ་གཞིག་པར་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་དགེ་འདུན་གྱིས་དམག་དཔོན་སེང་གེ་ལ་བསླབ་པའི་སྡོམ་པ་གཞིག་པར་མཛད་དོ།། འདི་ནི་གསོལ་བའོ། །དེར་དགེ་སློང་རྣམས་ཀྱིས་ཇི་ལྟར་ཀུན་དུ་སྤྱད་པའི་ཆོས་ནི་འདི་དག་ཡིན་ཏེ། དགེ་འདུན་གྱིས་གང་ལ་བསླབ་པའི་སྡོམ་པ་བཤིག་པ་དེར་དགེ་སློང་རྣམས་ཀྱིས་འགོར་བར་བྱ། སྟན་ལ་ལོངས་སྤྱད་པར་བྱ། །བསོད་སྙོམས་བླང་བར་བྱ། ཆོས་བསྟན་པར་བྱའོ། །དེ་ནི་སློབ་པ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པའི་ཆོ་ག་དང་ལས་སོ། །དེ་ལ་སློབ་པ་དག་གིས་ཞེས་བྱ་བ་ལ། སློབ་པ་དག་ཅེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དག་དང༌། ལན་ཅིག་ཕྱིར་འོང་བ་དག་དང༌། ཕྱིར་མི་འོང་བ་དག་གོ །ཁྱིམ་པ་གང་དག་ཅེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་བདག་གོ །དགེ་འདུན་གྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །བསླབ་པའི་སྡོམ་པས་བསྡམས་པར་གྱུར་ལ་ཞེས་བྱ་བ་ནི་གསོལ་བའི་ལས་ཀྱིས་སོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་
བསྡོམས་པ་དེ་ལྟ་བུ་དག་ཏུ་ཞེས་བྱ་བ་ནི་ཇི་སྐད་བསྟན་པ་ལྟ་བུ་དག་ཏུའོ། །སྔར་མགྲོན་དུ་མ་བོས་པར་ཞེས་བྱ་བ་ནི་གླེང་གཞི་ལས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། མཽད་གལ་གྱི་བུ་ཆེན་པོ་གཉིས་དམག་དཔོན་སེང་གེས་སྔར་མགྲོན་དུ་བོས་ནས་བཅོམ་ལྡན་འདས་ཀྱིས་གནང་ངོ་ཞེས་གསུངས་པ་ལྟར་སྔར་མ་བསྟབས་པའོ། །སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ། །རང་གི་ལག་གིས་ཞེས་བྱ་བ་ནི་ལག་པས་ལག་པར་རོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང༌། བཟའ་བ་ལྔའོ། །བླངས་ནས་ཞེས་བྱ་བ་ནི་བྱིན་ལེན་སྟོབས་སུ་བཅུག་ནས་སོ། །འཆའ་ལམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང་ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་བར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དགེ་སློང་སྦྱིན་བདག་དད་པ་ཅན་ལོངས་སྤྱོད་འགྲིབ་པ་གང་ལ་དགེ་འདུན་གྱིས་བསླབ་པའི་སྡོམ་པ་བྱིན་པའི་མདུན་རོལ་དུ་མགྲོན་དུ་མ་བོས་པས་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ནས་ག་གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་དག་མ་གཏོགས་པའི་བཅའ་བ་དང་བཟའ་བ་དག་རང་ངམ་གཞན་གང་རུང་བས་བླངས་ཤིང་ཟོས་ན་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བའི་དངོས་གཞིར་འགྱུར་རོ། །སྦྱིན་བདག་དད་པ་ཅན་ལོངས་སྤྱོད་འགྲིབ་པ་གང་ལ་དགེ་འདུན་གྱིས་བསླབ་པའི་སྡོམ་པ་བྱིན་པ་གང་ཡང་རུང་བ་ལན་སྨད་པ་མེད་དོ། །བསླབ་པའི་སྡོམ་པ་བྱིན་པའི་མདུན་རོལ་དུ་སྔར་མགྲོན་དུ་བོས་པའི་དགེ་སློང་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ནས་བླངས་ཤིང་ཟོས་པ་ལ་ན་སྨད་པ་མེད་དོ། །ག་གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་དག་
མ་གཏོགས་པའི་བཅའ་བ་རྣམ་པ་ལྔ་དང་བཟའ་བ་རྣམ་པ་ལྔའི་ཟས་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །རང་ངམ་གཞན་གང་ཡང་རུང་བས་བླངས་ཤིང་ཟོས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་སྔར་མགྲོན་དུ་མ་བོས་པ་དང༌། དགེ་འདུན་གྱི་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ཉིད་དོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། ཁྱིམ་པའི་ཁྱིམ་ཉིད་དང༌། སྔར་མགྲོན་དུ་མ་བོས་པ་ཉིད་དང༌། དགེ་འདུན་གྱིས་བསླབ་པའི་སྡོམ་པ་བྱིན་པ་ཉིད་དང༌། དེའི་ཁྱིམ་ནས་ག་གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་དེ་དག་མ་གཏོགས་པའི་བཟའ་བ་དང་བཅའ་བ་དག་རང་གིས་བླངས་པ་ཉིད་དང༌། ཟོས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཇི་སྲིད་དུ་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བའི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞིལ་སྦྱོར་བ་ཐ་དད་བ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པ་གང་ཡིན་པ་དེ་ནི་ཤིན་ཏུ་ལྟོ་འདུན་ཅན་ཉིད་ཡིན་པས་དེའི་ཕྱིར་ལྟུང་བ་འདི་རྣམ་པར་གཞག་པ་མཛད་ནས་གནས་སྐབས་ཐམས་ཅད་དུ་ལྟོ་འདུན་བྱེད་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དེ་སྔར་མགྲོན་དུ་བོས་པ་ལ་ལྟུང་བ་མེད་དོ། །ག་གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་དག་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བར་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་བསྟེན་པར་བསླབ་པར་བྱའོ། །སྦྱིན་བདག་དད་པ་ཅན་ལ་གལ་ཏེ་སྦྱིན་པ་བྱིན་ན། དེ་ཕོངས་པར་འགྱུར་བ་ལྟ་ན་དགེ་འདུན་གྱིས་ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པར་བྱའོ། །དེ་སྦྱིན་པ་ནི་གསོལ་བ་འབའ་ཞིག་གིས་ལས་ཀྱིས་སོ། །སྦྱིན་པ་དེ་ནི་སེམས་རྟོགས་ནས་དགེ་སློང་གིས་ཁྱིམ་དུ་འགྲོ་བར་བྱའོ། །སྟན་ལ་ལོངས་སྤྱད་
པར་བྱའོ། །ཆོས་བསྟན་པར་བྱའོ། །བསོད་སྙོམས་བླང་བར་མི་བྱའོ། །ལྷུང་བཟེད་སྟོང་པས་འཇུག་པར་མི་བྱའོ། །དེའི་བྱིས་པ་སླང་བ་དག་ལ་བཅའ་བ་རིལ་པོར་མི་སྦྱིན་པར་དུམ་བུར་བྱས་ཏེ་སྦྱིན་པར་བྱའོ། །ག་གོན་དང་ལ་ཕུག་ལ་སོགས་པ་འབྲས་བུ་དང་རྩ་བ་དག་དང་ལྡམ་ལྡུམ་ལ་སོགས་པ་ཚོད་མ་ཁྱིམ་ནས་བྱུང་བ་བླང་བར་བྱའོ། །གལ་ཏེ་སྦྱིན་བདག་དད་པ་ཅན་དེ་ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པར་འདོད་པ་ན་བག་ཡངས་སུ་བྱའོ། །དེ་ནི་དང་པོ་སྦྱིན་བདག་ཉིད་ཀྱི་ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པར་གསོལ་བར་བྱའོ། །དེ་ནས་དགེ་འདུན་གྱིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་དེ་གཞིག་པར་བྱའོ། །དེར་དགེ་སློང་རྣམས་ཀྱིས་འགྲོ་བར་བྱའོ། །སྟན་ལ་ལོངས་སྤྱད་པར་བྱའོ། །བསོད་སྙོམས་བླང་བར་བྱའོ། །ཆོས་བསྟན་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་སྟེ་གསུམ་པ་བཤད་ཟིན་ཏོ།། །།ནགས་བརྟགས་པ་ལས་གྱུར་བའི་སོ་སོར་བཤགས་པར་བྱ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་སེར་སྐྱའི་གནས་ཀྱི་གནས་སུ་དབྱར་གནས་པར་ཞལ་གྱིས་བཞེས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཞག་བདུན་ནམ་བརྒྱད་ན་དགག་དབྱེ་འབྱུང་བར་འགྱུར་བ་ན་སྤྱོད་ཡུལ་གྱི་གྲོང་དག་ཏུ་ཞག་འདི་སྙེད་ན་དགག་དབྱེ་འབྱུང་བར་འགྱུར་རོ་ཞེས་བརྗོད་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་དོང་སྟེ་བརྗོད་དོ། །དེ་ནས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་དག་དེ་ཉིད་ཀྱིས་དགག་དབྱེ་བཅོ་ལྔ་པ་ལ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཛུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་
ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ༌། །དེ་ནས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང༌། རྗེས་སུ་ཡི་རང་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་སང་འདི་ཉིད་དུ་བདག་ཅག་གི་གདུགས་ཚོད་གསོལ་བར་ཅི་གནང༌། སང་དགེ་སློང་འགས་ཀྱང་བསོད་སྙོམས་ལ་འཇུག་པར་མི་བགྱི་སྟེ། བདག་ཅག་བསོད་སྙོམས་འཚལ་ཏེ་མཆི་ཞིང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་རང་གི་སུག་པ་ནས་ཚིམ་ཞིང་སྟོབས་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་ལ་ཅང་མི་གསུང་བས་གནང་ངོ༌། །དེ་ནས་དེ་དག་གིས་སེར་སྐྱའི་གནས་སུ་དོང་སྟེ་དེ་ཉིད་ཀྱི་མཚན་མོ་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པ་དག་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་བཅའ་བ་དང་བཟའ་བ་དག་གིས་ཤིང་རྟ་དག་བཀང་ནས་ཤཱཀྱ་མོ་རྣམས་ལ་སྨྲས་པ། ཁྱེད་ཅག་ཤིང་རྟ་དག་ཞོན་ལ་དེང་ཤིག་དང༌། ཁོ་བོ་ཅག་ཀྱང་ཕྱི་བཞིན་འོད་ངོ༌། །དེ་དག་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་ཤིང་རྟ་དག་ལ་ཞོན་ནས་འཕགས་སོ། །སེར་སྐྱའི་གནས་ཀྱི་ཉེ་འཁོར་ཐིབས་པོ་ཡིན་པས་དེ་དག་ལམ་གར་ཆོམ་རྐུན་པ་དག་གིས་མཐོང་ནས་ཆོམ་རྐུན་པ་དག་གིས་སྨྲས་པ། ཤེས་ལྡན་དག་ཤཱཀྱ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འདི་དག་འདོང་གིས་ཚུར་ཤོག་གཞོམ་མོ། །ཆོམ་རྐུན་པའི་དམག་དཔོན་གྱིས་སྨྲས་པ། ཤེས་ལྡན་དག་འདི་དག་འདོང་དུ་ཟད་མོད། ཁྱེད་ཅག་ལ་འདི་དག་བཅོམ་པས་ཅི་བྱ། ཤཱཀྱ་གདུག་པ་ཕ་རོལ་གནོན་པ་དག་གནོན་པ་བྱེད་པར་འགྱུར་གྱིས་ཐོང་ཤིག །དེ་དག་གིས་སྨྲས་པ། དམག་དཔོན་ཟླ་བའི་རྒྱབ་སུས་མཐོང༌། གཞོམ་མོ་ཞེས་དེ་དག་གིས་དེའི་ཚིག་ཚིག་མ་ཡིན་པར་བྱས་ཏེ། དེ་དག་བཅོམ་ནས་གོས་དང་རྒྱན་ཐམས་ཅད་ཕྲོགས་ཏེ་དོང་ངོ༌། །ཤཱཀྱ་མོ་དེ་དག་འཇིགས་ཤིང་སྐྲག་ནས་སྒྲེན་མོར་ཚང་ཚིང་དང་ནགས་མ་དེ་དག་གི་ནང་དུ་ཡིབ་སྟེ་འཁོད་དོ། །ཤིང་རྟ་དེད་པ་དག་ཀྱང་སྐྲག་ནས་བྱེར་རོ། །གླང་དག་ཀྱང་ཆུ་དག་བཅད་ནས་ཅི་དགར་ཡན་ཅིང་འཁོད་དོ། །ཤིང་རྟ་དག་ཀྱང་ཤིང་རྟའི་མདའ་
དང་བྲལ་ཏེ་འདུག་གོ །དྲུག་སྡེ་དག་གིས་ཕན་ཚུན་གྲོས་བྱ་བར་བརྩམས་ནས་དགའ་བོ་ཉེ་དགའ་ཤཱཀྱ་བག་མེད་པ་དག་ཡུན་རིང་དུ་ཐོགས་པས་བདག་ཅག་གི་ཟན་གཅད་པར་བྱ་བའམ་ཅི། བསོད་སྙོམས་ལ་འདོང་ངོ༌། །དེ་ལྟར་བྱའོ་ཞེས་དེ་དག་གི་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་འཕགས་པ་དང༌། ཅི་ཙམ་ན་ལམ་ཀ་ན་ཤིང་རྟ་བཅའ་བ་དང་བཟའ་བས་གང་བ་ཤིང་རྟའི་མདའ་དང་བྲལ་བ་དག་འདུག་པ་དང་གླང་དག་ཆུ་དག་བཅད་དེ་ཅི་དགར་ཡན་ཅིང་འཁོད་པ་དག་མཐོང་ནས་དེ་དག་གིས་ཕན་ཚུན་རྣམ་པར་བལྟས་ནས་འབོད་པར་བརྩམས་པ་ཤེས་ལྡན་དག་འདི་ན་སུ་འཁོད། དེ་དག་གིས་སྐད་ཕྱུང་བ་དང༌། དྲུག་སྡེ་དག་གིས་སྨྲས་པ། ཁྱེད་ཅག་སུ་ཡིན། འཕགས་པ་དག་བདག་ཅག་ཤཱཀྱ་མོ་དག་གོ །ཚུར་ཤེག་ཁོ་བོ་ཅག་ལ་བྲིམས་ཤིག །འཕགས་པ་དག་བདག་ཅག་ཆོམ་རྐུན་པ་དག་གིས་བཅོམ་སྟེ་སྒྲེན་མོར་མཆིས་སོ། །ཁོ་བོ་ཅག་གདུགས་ཚོད་ཡོལ་གྱིས་ཚུར་ཤེག །ཁྱེད་ཅག་གི་ཡན་ལག་དང་ཉིང་ལག་དག་ལས་ཁོ་བོ་ཅག་གིས་སྔོན་མ་མཐོང་བ་གང་ཡོད་ཚུར་ཤག་དེ་དག་ལོ་མ་དག་གིས་གཡོགས་ཏེ་བྱུང་ནས་བྲིམས་པར་བརྩམས་པ་དང༌། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ལྟོས་ཤིག་ལྟོས་ཤིག །ཤཱཀྱ་མོ་འདི་དག་གི་མིག་ཅི་འདྲ། སྣ་ཅི་འདྲ། མཆུ་ཅི་འདྲ། ནུ་མ་ཅི་འདྲ། ལག་པ་ཅི་འདྲ། རྐེད་པ་ཅི་འདྲ། རྐང་པ་ཅི་འདྲ་བ་ལྟོས་ཤིག །དེ་དག་དེ་ལྟར་རྩེས་པ་ན་ངོ་ཚ་ནས་ཚང་ཚིང་དང་ནགས་མ་དེ་དག་ཉིད་ཀྱི་ནང་དུ་ཡིབ་སྟེ་སོང་ངོ༌། །བསེལ་བ་རྣམས་ཀྱིས་ཤཱཀྱ་རྣམས་ལ་ཤཱཀྱ་མོ་རྣམས་བཅོམ་མོ་ཞེས་སྦྲན་པ་དང༌། དེ་ནས་ཤཱཀྱ་དག་མངའ་གཞུ་ལག་ན་ཐོགས་ཤིང་མཚོན་གཟས་པ་དག་གིས་ལམ་ཀར་དོང་སྟེ། ལམ་བགགས་ནས་དེ་དག་གིས་ཆོམ་རྐུན་པ་དེ་དག་བཟུང་ངོ༌། །དེ་ན་ཁ་ཅིག་གིས་སྨྲས་པ། འདི་དག་ལ་བཏང་སྙོམས་བྱར་ཅི་ཡོད། གསད་དོ། །ཁ་ཅིག་གིས་སྨྲས་པ། རེ་ཞིག་དེང་ཁྲིད་ལ་ཤཱཀྱ་མོ་རྣམས་ལ་དྲིས་ལ་བྱའོ། །དེ་དག་གིས་དེ་དག་ཁྲིད་ནས་ཤཱཀྱ་མོ་རྣམས་ཀྱི་གན་དུ་དོང་སྟེ་དྲེས་པ་དང༌། ཤཱཀྱ་མོ་རྣམས་ཀྱིས་སྨྲས་པ། ཆོམ་རྐུན་པའི་དམག་དཔོན་འདི་ནི་ཉེས་པ་མེད་པ་གནོད་པ་མི་བྱེད་པ་ཡིན་ཏེ། འདིས་དེ་དག་
བཟློག་ན་དེ་དག་མ་བཏུབ་པས་འདི་ནི་ཐོང་ཤིག །དེ་དག་གིས་དེ་བཏང་ངོ༌། །དེ་སྲོག་དེའུ་ཆད་པ་ལས་ཕྱིར་ཐོབ་ནས་དེས་དེ་དག་གི་རྐང་པ་ལ་གཏུགས་ཏེ་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་དད་པ་སྐྱེས་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་དུ་འགྲོ་བ་ཡིན་ན་འདི་དག་བསད་པས་ཁྱེད་ལ་ཅི་བྱ། ཉེས་པ་བྱེད་པ་འདི་དག་ཀྱང་གཏང་བར་གསོལ། དེ་དག་གིས་དེ་དག་ལས་བཅོམ་པའི་རྫས་དག་ཕྱིར་བཀུག་སྟེ་བཏང་ངོ༌། །དེ་ནས་ཤཱཀྱ་དེ་དག་གིས་ཤཱཀྱ་མོ་དེ་དག་ལ་གོས་བསྐོན་ཅིང་རྒྱན་ཐོགས་སུ་བཅུག་ནས་ཤིང་རྟ་དག་ཀྱང་ཆུ་དག་ལ་བཏགས་ཏེ། ཤིང་རྟ་ལ་ཞོན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོང་ངོ༌། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་པ་དང༌། ཤཱཀྱ་དང་ཤཱཀྱ་མོ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བྲིམས་པར་བརྩམས་སོ། །ཤཱཀྱ་མོ་རྣམས་དྲུག་སྡེ་དག་ལ་ཟས་སྦྱིན་ནས་ཤཱཀྱ་རྣམས་ཀྱིས་སྨྲས་པ། ཅིའི་ཕྱིར་འཕགས་པ་དག་ལ་ཞལ་ཟས་མི་གསོལ། དེ་དག་གིས་སྨྲས་པ། འདི་དག་གིས་ཟོས་ཟིན་ཏོ། །གང་དུ་གསོལ་དེ་ཉིད་དུའོ། །སུས་བྲིམས་ཁོ་བོ་ཅག་གིས་སོ། །ཁྱེད་ཅག་སྒྲེན་མོ་དག་གིས་ཇི་ལྟར་བྲིམས། དེའི་ཕྱིར་འདི་དག་གིས་ཁོ་མོ་ཅག་ལ་མཐོ་བཙམས། ཇི་ལྟར། ཁོ་མོ་ཅག་ལོ་མ་དག་གིས་གཡོགས་ཏེ་ཚང་ཚིང་དང་ནགས་མ་དག་གི་ནང་ནས་བྱུང་སྟེ་བྲིམས་པར་བརྩམས་པ་དང་འདི་དག་གིས་མཐོ་བཙམས་ཏེ་འདི་ལྟར་བརྗོད་པར་བྱ་བ་མང་དུ་ཡོད་དོ། །དེ་ནི་འཇལ་གྱིས་འདི་དག་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་གྱིས། འདི་དག་ལ་ཟས་མི་སྦྱིན་ནོ། །དེ་དག་ཅང་མི་སྨྲ་བར་འཁོད་དོ། །དེ་ནས་དེ་དག་གིས་དགེ་སློང་གི་དགེ་འདུན་བྲིམས་ནས་སྨྲས་པ། འཕགས་པ་དག་ཀྱེ་མ་ཁྱེད་ཀྱི་ལམ་འདི་འཇིགས་པ་དང་བཅས་པ་ཡིན་ནོ་ཞེས་བཀའ་སྩལ་ནས། བདག་ཅག་བག་བགྱིད་ཅིང་མཆི་བ་ཞིག་ན་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཁྱེད་ཀྱིས་དགེ་སློང་ནགས་ཉུལ་བ་ཆོས་ལྔ་དང་ལྡན་པ་སྤྲོ་བར་བྱས་ཏེ་གསོལ་བ་དང༌། གཉིས་ཀྱི་ལས་ཀྱིས་
བསྐོ་བར་བྱ་ཞིང༌། དགེ་སློང་ནགས་ཉུལ་བའི་ཀུན་དུ་སྤྱོད་པའི་ཆོས་དག་ཀྱང་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །འདི་ལྟར་བྱས་ཏེ་དགེ་སློང་ནགས་ཉུལ་བ་ཆོས་ལྔ་དང་མི་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་བྱ། བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང༌། ཞེ་སྡང་གིས་འགྲོ་བ་དང༌། གཏི་མུག་གིས་འགྲོ་བ་དང༌། འཇིགས་པས་འགྲོ་བ་དང༌། ནགས་ཉུལ་བ་དང་མ་ཉུལ་བ་མི་ཤེས་པའོ། །ནགས་ཉུལ་བ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང༌། ཞེ་སྡང་གིས་མི་འགྲོ་བ་དང༌། གཏི་མུག་གིས་མི་འགྲོ་བ་དང༌། འཇིགས་པས་མི་འགྲོ་བ་དང༌། ནགས་ཉུལ་བ་དང་མ་ཉུལ་བ་ཤེས་པའོ། །འདི་ལྟར་བསྐོར་བར་བྱའོ། །ཇེ་དང་པོར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་ནགས་ཉུལ་བར་སྤྲོ་འམ་ཞེས་དྲི་བར་བྱའོ། །གལ་ཏེ་སྤྲོ་ན་དེས་སྤྲོ་བར་བྱའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དེས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནད་པར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་བར་བསྒོ་སྟེ། དགེ་སློང་ནགས་ཉུལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་བའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་བར་སྤྲོ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ནགས་ཉུལ་བར་བསྐོས་ཏེ། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་བ་ན་ཚེ་དང་ལྡན་པ་གང་དག་
མིང་འདི་ཞེས་བགྱི་བ་ནགས་ཉུལ་བར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ནགས་ཉུལ་བར་བསྐོས་ལགས་པས་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ནགས་ཉུལ་ཏེ། །དེ་ལྟར་ཅང་མ་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་དགེ་སློང་ནགས་ཉུལ་བ་སྤྲོ་བར་བྱ་བ་དང༌། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྒོ་བའི་ཆོ་ག་དང་ལས་སོ། །དགེ་སློང་ནགས་ཉུལ་བའི་ཀུན་དུ་སྤྱད་པའི་ཆོས་ནི་འདི་ལྟར་བྱ་སྟེ། དགེ་སློང་ནགས་ཉུལ་བས་དཔག་ཚད་ཕྱེད་ནས་བཟུང་སྟེ། ཁོ་ར་ཁོར་ཡུག་ཏུ་ནགས་ཉུལ་བར་བྱའོ། །གལ་ཏེ་འདོད་ན་ཁྱེའུ་སུས་སྦྱིན་པར་བྱ་ཞིང་གྲོགས་ཀྱང་བསྒོ་བར་བྱའོ། །གལ་ཏ་ནགས་འཇིགས་པ་དང་བཅས་པ་ཉིད་ཡིན་ན་དེས་དུད་བརྡ་གཏུལ་བར་བྱ། བ་དན་སྔོན་པོ་བསྒྲེང་བར་བྱ། འདབ་མའི་ཆང་བུ་དག་ལམ་ཀར་གཞག་པར་བྱའོ། །གལ་ཏེ་ནགས་འཇིགས་པ་མེད་པ་ཉིད་ཡིན་ན་བ་དན་དཀར་པོ་བསྒྲེང་བར་བྱའོ། །དགེ་སློང་ནགས་ཉུལ་བས་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་ནགས་སྔར་མ་ཉུལ་བར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དད་བཟའ་བ་བླངས་ཏེ་འཆའ་ཞིང་ཟ་ཞེས་སྨོད་པར་བྱེད་ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྤྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་
གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་གྱུར་ལ། ཡང་དགེ་སློང་གང་དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དེ་ལྟ་བུ་དག་ཏུ་སྔར་མ་ཉུལ་བར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ་ཟན་དགེ་སློང་དེ་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྟེ། ཉོན་མོངས་པ་ནི་བདག་ཉིད་འགེངས་ཤིང་དགེ་འདུན་གྱི་དོན་ཡལ་བར་འདོར་བ། ཉེས་པ་ནི་ནགས་མ་ཉུལ་བར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་ཟ་བའོ། །དེ་ལ་དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གནས་མལ་དགོན་པ་གང་དག་ཅེས་བྱ་བ་ལ་དགོན་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དྲུག་ལ་རྡུལ་ཕྲ་མོ་གཅིག་གོ །རྡུལ་ཕྲ་མོ་དྲུག་ལ་ཆུ་རྡུལ་གཅིག་གོ །ཆུ་རྡུལ་དྲུག་ལ་ལྕགས་རྡུལ་གཅིག་གོ །ལྕགས་རྡུལ་དྲུག་ལ་རི་བོང་གི་རྡུལ་གཅིག་གོ །རི་བོང་གི་རྡུལ་དྲུག་ལ་ལུག་རྡུལ་གཅིག་གོ །ལུག་རྡུལ་དྲུག་ལ་གླང་རྡུལ་གཅིག་གོ །གླང་རྡུལ་དྲུག་ལ་ཉི་ཟེར་གྱི་རྡུལ་གཅིག་གོ །ཉི་ཟེར་གྱི་རྡུལ་དྲུག་ལ་སྲོ་མ་གཅིག་གོ །སྲོ་མ་དྲུག་ལ་ཤིག་གཅིག་གོ །ཤིག་དྲུག་ལ་ནས་གཅིག་གོ །ནས་དྲུག་ལ་སོར་གཅིག་གོ །སོར་བཞི་དྲུག་ལ་ཁྲུ་གང་ངོ༌། །ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །གཞུ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་གོ །གྲོང་ནས་རྒྱང་གྲགས་གཅིག་ནི་དགོན་པ་སྟེ། དེ་ན་གཙུག་ལག་ཁང་ཡོད་པ་དེ་ནི་གནས་མལ་དགོན་པ་ཡིན་ནོ། །དོགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་ཆོམ་རྐུན་པ་དང་གཡོན་ཅན་གྱི་འཇིགས་པ་དང་བཅས་པར་གྲགས་པའོ། །འཇིགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་སེང་གེ་དང་སྟག་དང་གུང་གི་འཇིགས་པར་གྲགས་
བའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་གྱུར་ལ་ཞེས་བྱ་བ་ནི་ཤ་སྦྲང་དང་སྦྲང་བུ་མཆུ་རིངས་དང་རླུང་དང་ཉི་མ་དང་སྡིག་སྤྲུལ་གྱི་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པའོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དེ་ལྟ་བུ་དག་ཏུ་ཞེས་བྱ་བ་ནི་ཇི་སྐད་བསྟན་པ་ལྟ་བུ་དག་ཏུའོ།། སྔར་མ་ཉུལ་བར་ཞེས་བྱ་བ་ནི་ནགས་ཉུལ་བས་སྔར་མ་ཉུལ་བར་རོ། །ཀུན་དགའ་ར་བའི་ཕྱི་རོལ་དུ་ཞེས་བྱ་བ་ནི་གཙུག་ལག་ཁང་གི་ཕྱི་རོལ་དུའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ། །བླངས་ཏེ་ཞེས་བྱ་བ་ནི་བྱིན་ལེན་སྟོབས་སུ་བཅུག་སྟེའོ། །འཆའ་འམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ཡང་སོ་སོར་བཤགས་པར་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིས་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་ནགས་སམ། དགོན་པར་རྒྱང་གྲགས་ཀྱི་མཐར་འཇིགས་པ་དང་བཅས་པ་མ་བྱུང་བ་ཉིད་ལ་དེར་འདུ་ཤེས་པར་ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པར་བཅའ་བ་དང་བཟའ་བ་རང་ངམ་གཞན་གང་ཡང་རུང་བས་བླངས་ཏེ་ཟོས་ན་ནགས་བརྟགས་པ་ལས་གྱུར་པའི་སོ་སོར་བཤགས་པའི་དངོས་གཞིར་འགྱུར་རོ། །ནགས་མ་ཉུལ་བ་ལ་མ་ཉུལ་བར་འདུ་ཤེས་པ་དང༌། ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །ནགས་དང་དགོན་པ་དང་མྱ་ངན་དང་ཚང་ཚིང་ཐིབས་པོ་ལ་སོགས་པ་འཇིགས་པའི་
གནས་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །གྲོང་ནས་རྒྱང་གྲགས་ཀྱི་མཐར་ཐུག་པ་ཕན་ཆད་ལ་ན་སྨད་པ་མེད་དོ། །དོགས་པ་དང་བཅས་པར་གྲགས་པ་དང༌། འཇིགས་པ་དང་བཅས་པར་གྲགས་པ་དང༌། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཀུན་དགའ་ར་བའི་ཕྱི་རོལ་གྲོང་ནས་རྒྱང་གྲགས་ཀྱི་མཐར་ཐུག་པའི་དགོན་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །བཅའ་བ་རྣམ་པ་ལྔ་དང་བཟའ་བ་རྣམ་པ་ལྔའི་ཟས་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །རང་དང་གཞན་དང་ཕྲིན་པ་དང་སྤྲིང་ཡིག་དང་ལག་བརྡ་ལ་སོགས་པ་གང་ཡང་རུང་བས་བླངས་ཏེ་ཟོས་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ནགས་སམ་དགོན་པར་འཇིགས་པ་དང་བཅས་པ་མ་ཉུལ་བ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྡས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གྲོང་གི་ཕྱི་རོལ་ནས་རྒྱང་གྲགས་གཅིག་ཕན་ཆད་གྱི་མཐའ་ཉིད་དང༌། ནགས་སམ་དགོན་པ་འཇིགས་པ་དད་བཅས་པར་གྱུར་པ་ཉིད་དང༌། མ་ཉུལ་བ་ཉིད་དང༌། དེར་འདུ་ཤེས་པ་ཉིད་དང༌། ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པར་བཟའ་བ་དང་བཅའ་བ་རང་ངམ་གཞན་ནས་སྤྲིང་ཡིག་དང་མངག་པ་ལ་སོགས་པ་གང་ཡང་རུང་བས་བླངས་ཏེ་ཟོས་པ་ཉིད་དོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ནགས་བརྟགས་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བའི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ནགས་བྱུལ་བ་ལ་མ་བྱུལ་བར་འདུ་ཤེས་པ་དང༌། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །གང་གི་ཚེ་ནགས་དེ་འཇིགས་པ་མེད་པ་ཉིད་དུ་ཉུལ་བས་སྦྱིན་པ་པོ་དག་གིས་བསྲུང་བར་བསྒྲུབས་པར་གྱུར་པ་དེའི་ཚེ་ཀུན་དགའ་ར་བའི་ཕྱི་རོལ་དགོན་པར་བཅའ་བ་དང་བཟའ་བ་དག་ཟོས་པ་ལ་ཉེས་བྱས་སོ། །ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པ་འཇིགས་པ་དང་བཅས་པར་གྲགས་པ་དེ་ལས་གཞན་དུ་གྱུར་པའི་ཕྱོགས་སུ་བསྲུང་བ་མ་བསྒྲུབས་པར་ཟ་བ་ལ་ཉེས་བྱས་སོ། །
སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ན་ནིགས་ཉུལ་བ་ཤིའམ་བྲོས་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ནགས་བརྟགས་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་འཇིགས་པ་དང་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་གྱུར་ན་དགེ་འདུན་གྱིས་དགེ་སློང་ནགས་ཉུལ་བ་ཆོས་ལྔ་དང་ལྡན་པ་སྤྲོ་བར་བྱའོ། །དེས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དགེ་སློང་ནགས་ཉུལ་བས་དཔག་ཚད་ཕྱེད་ནས་བཟུང་སྟེ་ཁོ་ར་ཁོར་ཡུག་ཏུ་ནགས་ཉུལ་བར་བྱའོ། །གལ་ཏེ་དེ་འདོད་ན་ཁྱེའུ་སུས་སྦྱིན་པར་བྱ་ཞིང་གྲོགས་ཀྱང་བསྒོ་བར་བྱའོ། །གལ་ཏེ་ནགས་འཇིགས་པ་དང་བཅས་པ་ཉིད་ཡིན་ན་དེས་དུད་བརྡ་གཏུལ་བར་བྱ། བ་དན་སྔོན་པོ་བསྒྲེང་བར་བྱ། འདབ་མའི་ཆང་བུ་དག་ལམ་ཀར་གཞག་པར་བྱའོ། །གལ་ཏེ་ནགས་འཇིགས་པ་མེད་པ་ཉིད་ཡིན་ན་བ་དན་དཀར་པོ་བསྒྲེང་པར་བྱའོ། །བསླབ་པའི་གཞི་ནི་རེ་ཞིག་བདག་གི་དོན་ནི་གྲུབ་ཟིན་གྱི་དགེ་འདུན་གྱི་སྦྱིན་པ་པོའི་གནོད་པ་བསྲུངས་པ་འདིས་ཁོ་བོ་ལ་ཅི་བྱ་ཞེས་བདག་ཉིད་བཀང་བ་ཙམ་གྱིས་ཆོག་པར་འཛིན་ཅིང་འཇིགས་པ་དང་བཅས་པའི་གནས་སུ་ཟས་བླངས་ཏེ་ཟ་བ་ལས་གྱུར་པས་དེའི་ཕྱིར་སྦྱིན་པ་པོ་དག་གིས་བསྲུང་བར་བསྒྲུབ་པར་བྱའོ། །ཕྱིར་བཅོས་པ་རྣམས་ནི་སྔ་མ་བཞིན་ནོ། །ནགས་བརྟགས་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ་སྟེ་བཞི་པ་བཤད་ཟིན་ཏོ། །།ཚེ་དང་ལྡན་པ་དག་བདག་གིས་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་དག་བཏོན་ཟིན་ཏོ་ཞེས་བྱ་བ་ནི་སོ་སོར་བཤགས་པར་བྱ་བ་དག་གདོན་པའི་མཇུག་བསྡུ་བ་སྟེ། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་དག་ཅེས་བྱ་བ་ནི་སྔར་བསྟན་པ་བཞི་པོ་དག་གོ །
བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅའ་བའི་དོན་གྱིས་མཇུག་བསྡུ་བའི་ཕྱིར་དང༌། ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི། ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི་སོ་སོར་བཤགས་པར་བྱ་བ་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་བཏོན་པ་དེ་ལའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །སོ་སོར་བཤགས་པར་བྱ་བ་གདོན་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་བ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཞི་བཅུ་གསུམ་པ། ད་ནི་བསླབ་པའི་ཆོས་མང་པོ་རྣམས་གདོན་པ་བཤད་པར་བྱ་སྟེ། དེའི་ཕྱིར་སྡོམ་ལ། ཤམ་ཐབས་ལ་ནི་རྣམ་བདུན་དང༌། །སྟོད་གཡོགས་ལ་ཡང་རྣམ་གསུམ་དང༌། །ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །མཆོང་ལ་སོགས་པ་རྣམ་པ་ལྔ། །ལུས་ལ་སོགས་པ་རྣམ་པ་ལྔ། །འདུག་པར་བྱ་བ་དགུ་དག་དང༌། །བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྡོམ་ལ་ཉེས་བྱ་བའི་ཚིག་གི་དོན་དང༌། །དགོས་པ་ནི་སྔ་མ་བཞིན་ནོ། །ཤམ་ཐབས་ལ་ནི་རྣམ་བདུན་དང༌། །ཞེས་བྱ་བ་ལ་སོགས་པ་སྡོམ་གྱི་ཚིགས་སུ་བཅད་པ་གོང་མ་གཉིས་ལ་བསླབ་པའི་ཆོས་བཞི་བཅུ་རྩ་བདུན་ཡོད་པ་རྣམས་ཀྱིས་གོ་རིམས་བཞིན་དུ་འོག་ནས་གཞུང་ཉིད་ལས་སྟོན་ཏོ། །ཚེ་དང་ལྡན་པ་དག་བསླབ་པའི་ཆོས་མང་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་བསླབ་པའི་ཆོས་མང་པོ་གདོན་པའི་ལུང་འབོགས་པ་ཡིན་ཏེ། བསླབ་པའི་ཆོས་ཞེས་བྱ་བ་ནི་འདུལ་བ་དང་མི་འགལ་བ་དང༌། འཇིག་རྟེན་དང་མི་འགལ་བར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་རྗེས་སུ་མཐུན་པར་བསླབ་པའི་ཆོས་དེས་དེ་དག་ཉིད་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཞེས་བྱའོ། །མང་པོ་འདི་དག་ནི་ཞེས་བྱ་བ་ནི་བསླབ་པའི་ཆོས་བརྒྱ་རྩ་བཅུ་གཉིས་འོག་ནས་བྱུང་བ་དག་སྟེ། འདི་དག་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། སྤྱིར་བསྟན་པ་ནི་འདིར་
ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་འདི་དག་ལས་འདས་ན་དངོས་གཞི་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །སྦྱོར་བའི་ལྟུང་བ་ནི་བསྡམ་པར་བྱ་བའི་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་དེ་བས་ཀྱང་ན་སྨད་དེ། བསྡམ་པར་བྱ་བའི་ཉེས་བྱས་ཕྲ་མོར་འགྱུར་རོ། །ལྟུང་བ་མེད་པ་ནི་བསླབ་པར་བྱ་བ་ལས་མ་འདས་པ་དང་ལས་དང་པོ་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བསླབ་པའི་ཆོས་རྣམས་ལས་འགལ་བར་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱ་བྱ་བ་དང༌། འདུལ་བ་དང་མི་འགལ་བ་དང་འཇིག་རྟེན་དང་མི་འགལ་བར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་རྗེས་སུ་མཐུན་པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་ཇི་ལྟར་ལྟུང་བྱེད་ཀྱི་ལྟུང་བ་བསྡམས་པ་དང༌། མི་བཅའ་བ་དང༌། གང་ཟག་གཅིག་ལ་མཐོལ་བ་དང༌། བཤགས་པའི་རིམ་གྱིས་དངོས་གཞི་དང་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་ཕྱིར་བཅོས་པའི་རྣམ་པ་ཇི་སྐད་བསྟན་པ་བཞིན་དུ་བྱ་བ་དང༌། དངོས་གཞིའི་ཉེས་བྱས་ནི་བཤགས་པར་བྱ་ལ། སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་ཉེས་བྱས་ནི་ཡིད་ཀྱིས་བསྡམ་པར་བྱ་བའི་ཚུལ་སྔར་ཇི་སྐད་བསྟན་པ་བཞིན་དུ་ཤེས་པར་བྱའོ། །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་གདོན་པའི་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བྱ་བར་སྟན་ཏོ། །སྔོམ་ལ། ཤམ་ཐབས་ལ་ནི་རྣམ་བདུན་དང༌། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱ། ཤམ་ཐབས་ཧ་ཅང་རྩེངས་བ་མ་ཡིན་པ་དང༌། ཧ་ཅང་འཇོལ་བ་མ་ཡིན་པ་དང༌། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང༌། ཏ་ལའི་ལོ་མ་ལྟར་བལྟབ་པ་མ་ཡིན་པ་དང༌། འབྲུའི་ཕུར་མ་ལྟར་མ་ཡིན་པ་དང༌། སྦྲུལ་མགོའི་གདེངས་
ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཝཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྔ་པ་དག་སྐྱོན་མེད་པ་ལ་འཇུག་པས་དགེ་སློང་ཉིད་ལ་བཀོད་པ་དེའི་ཚེ་ན་དེ་དག་སྔོན་གོམས་པའི་སྦྱོར་བས་ཤམ་ཐབས་ཁྱིམ་པ་བཞིན་དུ་གྱོན་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨྲས་པ། འཕགས་པ་དག་ཇི་ལྟར་ཁྱེད་ཤམ་ཐབས་གསོལ་བ་འདི་ལྟར་ནོར་ཅན་དག་དང༌། ཚོང་དཔོན་དག་དང༌། དེད་དཔོན་དག་འཚལ་བར་བགྱིད་དོ་ཞེས་ཟེར་བའི་སྐབས་དེ་དག་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་གྱིས་ངས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཉན་ཐོས་དག་ཤམ་ཐབས་ཇི་ལྟར་གྱོན་པར་གྱུར་པ་བསམ་མོ་སྙམ་དུ་དགོངས་པ་དང༌། ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ། བཅུན་པ་འདི་ལྟ་སྟེ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཇི་ལྟ་བ་བཞིན་ནོ། །བཅོམ་ལྡན་འདས་ཉིད་ལ་ཡང་འདི་ལྟ་སྟེ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ལྟ་བུར་མཁྱེན་པ་དང་གཟིགས་པ་བྱུང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་བཱ་རཱ་ཎ་སཱི། གནག་ཟག་ནི་ལྔ་པོ་དག །ཉོན་མོངས་པ་ནི་བག་ཆགས་མ་བྱང་བས་སྔོན་གོམས་པའི་སྦྱོར་བ། ཉེས་པ་ནི་ཤམ་ཐབས་ཁྱིམ་པ་བཞིན་དུ་གྱོན་པའོ། །འདིར་དངོས་གཞིའི་ལྟུང་བ་བསྟན་པ་ལ་དགག་པའི་ཚུལ་གྱིས་འདི་དང་འདི་ལྟར་མི་བྱའོ་ཞེས་དགག་པའི་སྒོ་ནས་བསྟན་ཏམ། སྒྲུབ་པའི་ཚུལ་གྱིས་འདི་དང་འདི་ལྟར་བྱའོ་ཞེས་བསྒྲུབ་པའི་སྒོ་ནས་བསྟན་ཅེ་ན། སྒྲུབ་པའི་སྒོ་ནས་བསྟན་ཏེ། ཤམ་ཐབས་ཅི་ནས་ཀྱང་ཟླུམ་པོར་འདུག་པར་གྱུར་པ་དེ་ལྟར་བགོ་བར་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་
བུར་བསྒྲུབ་པའི་ཚུལ་གྱིས་བསྟན་ཏོ། །དེ་ལ་ཤམ་ཐབས་ཟླུམ་པོ་ཞེས་བྱ་བ་ནི་མཐའི་དང་ཁ་མཉམ་པར་འདུག་པ་དེས། ཤམ་ཐབས་ཇི་ནས་ཀྱང་ཟླུམ་པོར་འདུག་པར་འགྱུར་བདེ་ལྟར་བགོ་བར་བསླབ་བར་བྱའོ། །ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱ་བ་འདི་ནི་མདོར་བསྟན་པ་ཡིན་ལ། འོག་ནས་ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱ་བ་ལ་སོགས་པ་དྲུག་འབྱུང་བ་དག་ནི་འདིའི་སྤྲོས་པ་ཡིན་གྱིས་རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤམ་ཐབས་རུང་བ་དང་ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་བསྒྲུབ་པ་ཉིད་དག་ལ་ཅི་རིགས་པར་ན་སྨད་དོ། །ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་རྣམས་ནི་གོང་དུ་སྤྱིར་བསྟན་པ་བཞིན་ནོ། །བསླབ་པ་འོག་མ་ཐམས་ཅད་ལ་ཡང་དངོས་གཞི་དང༌། བྱེད་པ་པོ་དང་ཡན་ལག་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་དག་འདི་བཞིན་ཅི་རིགས་པར་སྦྱར་རོ། །བསླབ་པ་དང་པོའོ།། །།ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་ལྔ་པ་དག་གིས་ཤམ་ཐབས་ཟླུམ་པོར་བགོ་བར་བརྩམས་སོ། །དེ་བཞིན་དུ་ཉེ་ལྔ་པ་དག་དང༌། མངོན་པར་མཐོ་བ་ལྔ་བཅུ་དང༌། བཟང་སྡེའི་ཚོགས་དྲུག་ཅུ་དང༌། གཞན་ཡང་བཅོམ་ལྡན་འདས་ཀྱིས་
བརྒྱུད་པས་དགེ་སློང་དག་གིས་རབ་ཏུ་ཕྱུང་བ་གང་དག་ཡིན་པ་དེ་དག་གིས་ཀྱང་ཤམ་ཐབས་ཟླུམ་པོར་བགོ་བར་བརྩམས་སོ། །གང་གི་ཚེ་དྲུག་སྡེ་དག་རབ་ཏུ་བྱུང་བ་དེའི་ཚེ་ན་དེ་དག་གིས་ཤམ་ཐབས་ཧ་ཅང་རྩེངས་པར་བགོ་བར་བརྩམས་པ་དང༌། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང༌། རྒྱན་པོ་པ་ངག་དང༌། ནལ་གྱོ་བུ་ངང་ཤམ་ཐབས་འཇི་ལྟར་འཚལ་བས་འདི་ནི་ཚུ་ལྡང་མཐུན་པ་མ་ལགས་ཀྱིས་ཤམ་ཐབས་ཧ་ཅང་རྩེངས་པར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་བོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང༌། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཤམ་ཐབས་ཧ་ཅང་རྩེངས་པར་གྱོན་བའོ། །དེ་ལ་ཤམ་ཐབས་ཧ་ཅང་རྩེངས་པ་ཞེས་བྱ་བ་ནི་པུས་མོ་གཉིས་ལས་གོང་དུ་ཐལ་བ་ཉིད་དེ། དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤམ་ཐབས་རུང་བ་དང་ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་གཉིས་པའོ།། །།ཤམ་ཐབས་ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་རབ་
ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས་དྲུག་སྡེ་དག་གིས་ཤམ་ཐབས་ཧ་ཅང་འཇོལ་བར་བགོ་བར་བརྩམས་པ་དང༌། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་ཏ་ག་ཀའི་ཡུལ་ན་གནས་པའི་བུད་མེད་དག་དང་རིགས་ཀྱི་མནའ་མ་དག་ཤམ་ཐབས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཤམ་ཐབས་ཧ་ཅང་འཇོལ་བར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཤམ་ཐབས་ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཤམ་ཐབས་ཧ་ཅང་འཇོལ་བར་གྱོན་པའོ། །དེ་ལ་ཤམ་ཐབས་ཧ་ཅང་འཇོལ་བ་ཞེས་བྱ་བ་ནི་ལོང་བུའི་ཚིགས་ལ་རེག་པ་དེ་ཉིད་དེ། དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤམ་ཐབས་རུང་བ་དང་ཆད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་གསུམ་པའོ།། །།ཤམ་ཐབས་གླང་པོ་ཆེའི་སྣ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ན་མདུན་འཕྱང་
བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང༌། ཆང་གིས་ར་རོ་བ་དག་དང༌། འབྱུང་པོ་དང༌། ཤ་ཟས་བརླམས་པ་དག་ཤམ་ཐབས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཤམ་ཐབས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དེ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང༌། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་ནི་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཤམ་ཐབས་གླང་བོ་ཆེའི་སྣ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཤམ་ཐབས་གླང་པོ་ཆེའི་སྣ་ལྟར་གྱོན་པའོ། །དེ་ལ་གླང་པོ་ཆེའི་སྣ་ལྟར་ཞེས་བྱ་བ་ནི་གྲྭ་གླང་པོ་ཆེའི་སྣ་ལྟར་ནར་བ་སྟེ། འདིར་ཁ་ཚར་དང་ཕུན་ཚར་གྱི་མཐའ་མ་བཅད་པ་གྲྭ་དག་ལ་གླང་པོ་ཆེའི་སྣ་ལྟར་ནར་བ་དག་ཡོད་པས་དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤམ་ཐབས་རུང་བ་དང་ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་པའོ།། །།ཤམ་ཐབས་ཏ་ལའི་ལོ་མ་ལྟར་བལྟ་བ་མ་ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ན་གློ་དག་ལྟེབ་པར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་
སྨོད་པར་བྱེད་དེ། འཕགས་པ་དག་གར་མཁན་དག་ཚོགས་ཀྱི་ནང་དུ་ཤམ་ཐབས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཤམ་ཐབས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང༌། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་བདག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཤམ་ཐབས་ཏ་ལའི་ལོ་མ་ལྟར་བལྟ་བ་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་ནས། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཤམ་ཐབས་ཏ་ལའི་ལོ་མ་ལྟར་བལྟབ་སྟེ་གྱོན་པའོ། །དེ་ལ་ཏ་ལའི་ལོ་མ་ལྟར་བལྟབ་བ་ཞེས་བྱ་བ་ནི་གང་དུ་ལྟེབས་པ་སྟེ། ཤམ་ཐབས་ཀྱི་སྟེང་གི་ཁ་ལོགས་ལྟེ་བའི་གོང་རོལ་དུ་ཏ་ལའི་ལོ་མ་ལྟར་ལྟེ་བས་ཤིང་འདུག་པ་དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤམ་ཐབས་རུང་བ་དང་ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་དག་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་པའོ།། །།ཤམ་ཐབས་འབྲུའི་ཕུར་མ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ན་གློར་བལྟབས་ཏེ་ཕུར་མ་ལྟར་འཇོག་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་ནོར་ཅན་དང༌། ཚོང་དཔོན་དག་དང༌། དེད་དཔོན་དག་དང༌། བུད་མེད་དག་ཤམ་ཐབས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་
མཐུན་པ་མ་ལགས་ཀྱིས། ཤམ་ཐབས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང༌། བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཤམ་ཐབས་འབྲུའི་ཕུར་མ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་བག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཤམ་ཐབས་འབྲུའི་ཕུར་མ་ལྟར་གྱོན་པའོ། །ངེ་ལ་འབྲུའི་ཕུར་མ་ལྟར་ཞེས་བྱ་བ་ནི་གློ་ནས་ཕྱི་རོལ་གྱི་རིམ་པའི་གྲྭ་ཕུར་མ་ལྟ་བུར་འདུག་པ་སྟེ། དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་བདེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤམ་ཐབས་རུང་བ་དང་ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བ་སྒྲུབ་པ་ཉིད་དག་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །བསླབ་པ་དྲུག་པའོ།། །།ཤམ་ཐབས་སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་རབ་ན་བཞུགས་སོ། །དྲུག་སྡེ་དག་ཤམ་ཐབས་གྱོན་པ་ན་ལྟེ་བའི་འོག་ཏུ་སྤྲུལ་མགོའི་གདེངས་ལྟར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨད་པར་བྱེད་དེ། འཕགས་པ་དག་རྒྱན་པོ་པ་དག་ཤམ་ཐབས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས། ཤམ་ཐབས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ།།
དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཤམ་ཐབས་སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཤམ་ཐབས་སྤྲུལ་མགོའི་གདེངས་ཀ་ལྟར་ཕྱིར་བྱུང་བ་གྱོན་པའོ། །དེ་ལ་སྦྲུལ་མགོའི་གདེངས་ཀ་ལྟར་ཞེས་བྱ་བ་ནི་ཤམ་ཐབས་ཀྱི་ནང་དང་འབྲེལ་པའི་ཁ་ལོགས་སུ་མདུན་གྱི་ལྟེ་བའི་འོག་ཏུ་རིམ་པ་སྦྲུལ་མགོའི་གདེངས་ཀ་ལྟར་ཕྱིར་བྱུང་བ་སྟེ། དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན། བཤགས་བར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤམ་ཐབས་རུང་བ་དང་ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བདུན་པའོ།། །།སྔོམ་ལ། སྟོད་གཡོགས་ལ་ཡང་རྣམ་གསུམ་དང༌། །ཞེས་གསུངས་པའི་བསླབ་པ་བསྡུས་པའི་མདོ་ནི་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱ་བ་དང༌། ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པ་དང༌། ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ཆོས་གོས་ཟླུམ་པོར་བགོ་བར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་རབ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤམ་ཐབས་ཟླུམ་པོར་བགོ་པར་བསླབ་པར་བྱ། ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང༌། ཧ་ཅང་འཇོལ་བ་མ་ཡིན་པ་དང༌། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང༌། ཏ་ལའི་ལོ་མ་ལྟར་བལྟབ་པ་མ་ཡིན་པ་དང༌། འབྲུའི་ཕུར་མ་ལྟར་མ་ཡིན་པ་དང༌། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་དག་ཆོས་གོས་
གྱོན་པ་ན་ཇི་ལྟར་བགོ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དགེ་སློང་རབ་ཏུ་མང་པོ་དག །ཉོན་མོངས་པ་ནི་བསླབ་པ་ལ་མ་བསླབས་པ། ཉེས་པ་ནི་ཆོས་གོས་ཇི་ལྟར་བགོ་བར་བྱ་བ་མི་ཤེས་པའོ། །དེ་ལ་ཆོས་གོས་ཟླུམ་པོ་ཞེས་བྱ་བ་ཆོས་གོས་ཞེས་བྱ་བ་ནི་བླ་གོས་དང་སྣམ་སྦྱར་རོ། །ཤམ་ཐབས་བྱིན་གྱིས་མ་བརླབས་པ་ལ་སོགས་པ་དག་ལ་ཡང་རྣམ་པ་འདི་དག་རིག་པར་བྱའོ། །ཟླུམ་པོ་ཞེས་བྱ་བ་ནི་མ་མཐའི་ཁ་མཉམ་པར་འདུག་པ་སྟེ། ཆོས་གོས་ཅི་ནས་ཀྱང་ཟླུམ་པོར་འདུག་པར་འགྱུར་བ་དེ་ལྟར་བགོ་བར་བསླབ་པར་བྱའོ། །ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱ་བ་འདི་ནི་མདོར་བསྟན་པ་ཡིན་ལ། འོག་ནས་ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པ་དང༌། ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱ་བ་གཉིས་འབྱུང་བ་དག་ནི་འདིའི་སྤྲོས་པ་ཡིན་གྱིས་རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཆོས་གོས་རུང་བ་དང་ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ། །བསླབ་པ་བརྒྱད་པའོ།། །།ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་རབ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས། དྲུག་སྡེ་དག་ཆོས་གོས་ཧ་ཅང་རྩེངས་པར་གྱོན་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད། འཕགས་པ་དག་དྭ་དག་དང་རྒྱན་པོ་པ་དག་དང༌། ནལ་གྱི་བུ་དག་སྟོད་གཡོགས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཆོས་གོས་དེ་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ།
ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་ནས། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཆོས་གོས་ཧ་ཅང་རྩེངས་པར་གྱོན་པའོ། །དེ་ལ་ཆོས་གོས་ཧ་ཅང་རྩེངས་པ་ཞེས་བྱ་བ་ནི་བུས་མོ་གཉིས་ལས་གོང་དུ་ཐལ་བ་དེ་ཉིད་དེ། དེ་ལྟ་བུ་མ་ཡིན་པར་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ལ་འདིར་ནི་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞེར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཆོས་གོས་རུང་བ་དང་ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དགུ་པའོ།། །།ཆོས་གོས་ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཀའ་སྩལ་ནས། དྲུག་སྡེ་དག་ཧ་ཅང་འཇོལ་བར་གྱོན་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་ཏ་ལ་ཀའི་ཡུལ་ན་གནས་པའི་མི་དག་དང༌། རིགས་ཀྱི་མནའ་མ་དག་སྟོད་གཡོགས་འདི་ལྟར་འཆལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཆོས་གོས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་
ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཆོས་གོས་ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཆོས་གོས་ཧ་ཅང་འཇོལ་བར་གྱོན་པའོ། །དེ་ལ་ཧ་ཅང་འཇོལ་བ་ཞེས་བྱ་བ་ནི་ལོང་བུའི་ཚིགས་ལ་རེག་པ་ཉིད་དེ། དེ་ལྟ་བུ་མ་ཡིན་པར་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཆོས་གོས་རུང་བ་དང་ཚད་དང་ལྡན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅུ་པའོ།། །།སྔོམ་ལ། ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་ཤིན་ཏུ་བསྡམས་པ་དང༌། ལེགས་པར་བགོས་པ་དང༌། སྒྲ་བསྐྱུང་བ་དང༌། མིག་མི་གཡེང་བར་བྱེད་པ་དང༌། གཉའ་ཤིང་གང་ཙམ་དུ་ལྟ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་རབ་ན་བཞུགས་སོ། །དྲུག་སྡེ་དག་ལག་པ་དང་རྐང་པ་སྐྱོད་པར་བྱེད་ཅིང་ཁྱིམ་གཞན་དུ་དོང་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང༌། ཆང་གིས་ར་རོ་བ་དག་དང༌། འབྱུང་པོ་ངང་ཤ་ཟས་བརླམས་པ་དག་ལག་པ་དང་རྐང་པ་འདི་ལྟར་སྐྱོད་པར་བགྱིད་ཅིང་མཆི་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་
མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་བོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་བ་མ་ཡིན་པ། ཉེས་པ་ནི་ཤིན་ཏུ་མ་བསྡམས་པར་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ཤིན་ཏུ་བསྡམས་ཞེས་བྱ་བ་ནི་རྣམ་པར་རབ་ཏུ་བརྟགས་པ་ལས་སྦྱར་བ་སྟེ། ལག་པ་དང་རྐང་པ་སྐྱོད་པ་ལ་སོགས་པ་མི་བྱ་བར་མཉམ་པར་གཞག་པའི་རྣམ་པས་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བ་འདི་ནི་མདོར་བསྟན་པ་ཡིན་ལ་འོག་ནས་ལེགས་པར་བགོས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བ་ལ་སོགས་པ་བཅུ་དགུ་འབྱུང་བ་དག་ནི་འདིའི་སྤྲོས་པ་ཡིན་གྱིས། རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི། དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤིན་ཏུ་མ་བསྡམས་པ་དང་ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ། །བསླབ་པ་བཅུ་གཅིག་པའོ།། །།ལེགས་པར་བགོས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་རབ་ན་བཞུགས་སོ། །དྲུག་སྡེ་དག་ཆོས་གོས་བསྡུས་ཤིང་ཕྲག་པ་ལ་གཟར་ཏེ། ཁྱིམ་གཞན་དུ་འགྲོ་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་གྱད་འགྱེད་པར་
མཆིས་པ་དག་སྟོད་གཡོགས་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་ཆོས་གོས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་བདག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ལེགས་པར་བགོས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ལེགས་པར་མ་བགོས་པར་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ལེགས་པར་བགོས་ཞེས་བྱ་བ་ནི་ཤམ་ཐབས་དང་སྟོད་གཡོགས་དག་གིས་གཡོགས་པར་བྱ་བའི་ལུས་ལ་མཉམ་པར་གཡོགས་ཤིང་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལེགས་པར་མ་བགོས་པ་དང༌། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅུ་གཉིས་པའོ།། །།སྒྲ་བསྐྱུང་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་རབ་ན་བཞུགས་སོ། །དྲུག་སྡེ་དག་བྱུང་རྒྱལ་སྨྲ་བས་སྒྲ་འབྱིན་ཅིང་ཁྱིམ་གཞན་དུ་འདོང་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་ཆང་གིས་ར་རོ་བ་དང༌། འབྱུང་བོ་དང༌། ཤ་ཟས་བརླམས་
པ་དག་འདི་ལྟར་བྱུང་རྒྱལ་དུ་སྨྲ་བས་སྒྲ་འབྱིན་ཅིང་མཆི་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་སྒྲ་འབྱིན་ཅིང་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་སྒྲ་བསྐྱུངས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་སྒྲ་མ་བསྐྱུངས་པར་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་སྒྲ་བསྐྱུངས་ཞེས་བྱ་བ་ནི་ཅ་ཅོ་བསྐྱུངས་པ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་སྒྲ་མ་བསྐྱུངས་པ་དང་ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅུ་གསུམ་པའོ།། །། མིག་གཡེང་བར་མི་བྱ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་རབ་ན་བཞུགས་སོ། །དྲུག་སྡེ་དག་མིག་གཡེང་ཞིང་ཁྱིམ་གཞན་དུ་དོང་བ་ན་དེ་དག་གླང་པོ་ཆེ་འཁྲུལ་པ་ལྷན་ཅིག་འདོམ་པ་དང༌། རྟ་འཁྲུལ་བ་དང༌། ཤིང་རྟ་འཁྲུལ་བ་དང༌། རྐང་ཐང་འཁྲུལ་བ་དང༌། འདོམ་ཞིང་དེ་དག་གིས་བརྡོས་ཤིང་ཕུལ་བ་ན་མི་གཙང་བ་དང༌། རྫབ་ཀྱི་ཁུང་དང༌། ཕྱག་དར་གྱི་ཁྲོད་དུ་བསྒྱེལ་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ།
འཕགས་པ་དག་སྐར་མ་ལ་རྟོག་པ་དག་དང༌། མིག་བཙུམས་བ་དག་བཞིན་ཅིའི་ཕྱིར་གཟིགས། ས་ལ་གཟིགས་ན་ཅི་ནོངས། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་ཡེངས་ཤིང་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་མིག་གཡེང་བར་མི་བྱ་ཞིང༌། ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་མིག་གཡེང་ཞིང་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་མིག་གཡེང་བར་མི་བྱ་ཞེས་བྱ་བ་ནི་མིག་འཁྲུལ་བ་མེད་པ་སྟེ། དེ་ལྟར་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉིས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མིག་གཡེང་བ་དང༌། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བར་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅུ་བཞི་པའོ།། །།གཉའ་ཤིང་གང་ཙམ་དུ་ལྟ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་རབ་ན་བཞུགས་སོ། །དྲུག་སྡེ་དག་མིག་རྒྱང་རིང་པོར་ལྟ་ཞིང་ཁྱིམ་གཞན་དུ་དོང་བ་ན་དེ་དག་སྤྱོད་ལམ་ཉམས་ཤིང་ལམ་ཤོར་བ་ལ་སོགས་པར་གྱུར་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་སྐར་མ་ལ་རྟོག་པ་དག་དང༌། བྱ་རབ་དག་འདི་ལྟར་ལྟ་བར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་
ལགས་ཀྱིས་འདི་ལྟར་གཟིགས་ཤིང་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་གཉའ་ཞིང་གང་ཙམ་དུ་ལྟ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་གཉའ་ཤིང་གང་ཙམ་དུ་མི་ལྟ་བར་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་གཉའ་ཤིང་གང་ཙམ་དུ་ལྟ་བ་ཞེས་བྱ་བ་ནི་གང་ལ་གཉའ་ཤིང་གང་ཙམ་དུ་ལྟ་བའི་ངང་ཚུལ་ཡོད་པ་དེ་ནི་གཉའ་ཤིང་གང་ཙམ་དུ་ལྟ་བ་སྟ། དེ་ལྟར་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་གཉའ་ཤིང་གང་ཙམ་དུ་མི་ལྟ་བ་དང༌། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅོ་ལྔ་པའོ།། །།སྡོམ་ལ། མགོ་གཡོགས་ལ་སོགས་རྣམ་པ་ལྔས། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་མགོ་མི་གཡོགས་པ་དང༌། མི་བརྫེ་བ་དང༌། མི་གཟར་བ་དང༌། གཉའ་གོང་དུ་མི་བསྣོལ་བ་དང༌། ལྟག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་མགོ་མི་གཡོགས་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་རབ་ན་བཞུགས་སོ། །དྲུག་སྡེ་དག་མགོ་གཡོགས་ཤིང་ཁྱིམ་གཞན་དུ་འགྲོ་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་
བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་རིགས་ཀྱི་མནའ་མ་དག་དང༌། མིག་ན་བདག་དང༌། སྦྲང་རྩིའི་སྦྲང་བུས་འཇིགས་པ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མགོ་མ་གཡོགས་ཤིག། དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་མགོ་མི་གཡོགས་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་མགོ་གཡོགས་ཤིང་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་མགོ་མི་གཡོགས་པ་ཞེས་བྱ་བ་ནི་རས་ལ་སོགས་པས་མགོ་གཡོགས་པ་དེའི་རྣམ་པ་དེ་ལྟ་བུས་མགོ་མི་གཡོགས་པ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མགོ་གཡོགས་པ་དང༌། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་པ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅུ་དྲུག་པའོ།། །།མི་བརྫེ་བར་ཁྱིམ་གཞན་དུ་འགྲོ་བ་བསླབ་པར་བྱ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་བ་ན་བཞུགས་སོ། །དྲུག་སྡེ་དག་ཤམ་ཐབས་བརྫེས་ཏེ་ཁྱིམ་གཞན་དུ་འདོང་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བཤང་བ་དང་གཅི་བ་དག་བགྱིད་པའི་མི་དག་འདི་
ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བརྫེ་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་གཉིད་མི་ཤེས་པ་དང་བྲལ་བ་དང་བསླབ་པར་འགྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་མི་བརྫེ་བར་ཁྱིམ་གཞན་དུ་འགྲོ་བར་བསླབས་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཤམ་ཐབས་བརྫེས་ཏེ་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་མི་བརྫེ་བ་ཞེས་བྱ་བ་ནི་ཅི་ཙམ་གྱིས་མདོམས་ཀྱི་ཕྱོགས་སྣང་བར་གྱུར་པ་དེ་ཙམ་དུ་ཤམ་ཐབས་མི་བརྫེ་པ་སྟེ། ད་ལྟ་བུས་ཤིན་དུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཤམ་ཐབས་བརྫེས་པ་དང་ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅུ་བདུན་པའོ།། །།མི་གཟར་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ནས་ན་ནྱ་གྲོ་དྷའི་ཀུན་དགའ་རབ་ན་བཞུགས་སོ། །དྲུག་སྡེ་དག་ཆོས་གོས་ཕྲག་པ་ལ་གཟར་ཏེ་ཁྱིམ་གཞན་དུ་དོང་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་རྒྱན་པོ་པ་དག་དང་ནལ་གྱི་བུ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གཟར་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་
དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་མི་གཟར་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཆོས་གོས་ཕྲག་པ་ལ་གཟར་ཏེ་ཁྱིམ་གཞན་དུ་འགྲོ་བ་ཉིད་དོ། །དེ་ལ་མི་གཟར་བ་ཞེས་བྱ་བ་ནི་ཆོས་གོས་ཕྲག་པའི་ཕྱོགས་སུ་གཟར་ཏེ་གཞག་པ་ཉིད་ཀྱིས་གཟར་བ་དེ་ལྟར་མི་གཟར་བས་ཏེ། དགེ་སློང་དག་ལ་ནི་ཕྲག་པ་གཡོན་པར་གཟར་བར་གྲགས་པ་ཉིད་ཡིན་ལ། ཡུལ་ཛ་ཏ་དག་ན་ནི་ངོས་གཉི་གར་གཟར་བར་གྲགས་པས་དེ་ལྟ་བུ་མ་ཡིན་པར་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཆོས་གོས་ཕྲག་པ་ལ་གཟར་བ་དང༌། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅོ་བརྒྱད་པའོ།། །།གཉའ་གོང་དུ་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླང་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ལག་པ་གཉའ་གོང་དུ་བསྣོལ་ཏེ་ཁྱིམ་གཞན་དུ་དོང་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དང་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་རྒྱན་པོ་པ་དག་དང༌། ནལ་གྱི་བུ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་བ་མ་ལགས་ཀྱིས་འདི་ལྟར་གཉའ་གོང་དུ་མ་བསྣོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས།
ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་གཉའ་གོང་དུ་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པའོ། །ཉེས་པ་ནི་ལག་པ་གཉའ་གོང་དུ་བསྣོལ་ཏེ་ཁྱིམ་གཞན་དུ་འགྲོ་བའོ།། དེ་ལ་གཉའ་གོང་དུ་མི་བསྣོལ་བ་ཞེས་བྱ་བ་ནི་ལག་པ་གཡས་པ་མདུན་དུ་བཏང་སྟེ་དཔུང་པ་འམ་ཕྲག་པ་འམ་གཉའ་བའི་ཕྱོགས་སུ་གཞག་ལ་གཡོན་པ་ཡང་གཡས་པ་བཞིན་དུ་བྱས་པ་དེ་ནི་གཉའ་གོང་དུ་བསྣོལ་བ་སྟེ། དེ་ལྟར་མི་བསྣོལ་བར་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་གཉའ་གོང་དུ་བསྣོལ་བ་དང༌། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཅུ་དགུ་པའོ།། །།ལྟག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་བར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ལག་པ་ལྟག་པར་བསྣོལ་ཏེ་ཁྱིམ་གཞན་དུ་དོང་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་གཡོག་དག་འདི་ལྟར་བགྱིད་པ་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་ལྟག་པར་མ་བསྣོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དེ། འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་
དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དག་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ལྟག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ལག་པ་ལྟག་པར་བསྣོལ་ཏེ་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ལྟག་པར་མི་བསྣོལ་བ་ཞེས་བྱ་བ་ནི་ལག་པ་ཅུང་ཟད་དམ་ཏེ་པོར་བརྐྱངས་ཏེ་ལྟག་པ་འམ་དཔུང་མགོར་ལག་པ་གཉིས་ཕན་ཚུན་ནས་སྤྲད་ཅིང་བསྣོལ་བ་ནི་ལྟག་པར་བསྣོལ་བ་ཞེས་བྱ་བ་སྟེ། དེ་ལྟར་ལྟག་པའི་ཕྱོགས་སུ་ལག་པ་ཕན་ཚུན་ནས་སྤྲད་དེ། སོར་མོ་བསྣོལ་བ་ལྟར་ལྟག་པར་མི་བསྣོལ་བར་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་ལྟག་པར་བསྣོལ་བ་དང་ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉིད་ཤུ་པའོ།། །།སྡོམ་ལ། མཆོང་ལ་སོགས་པ་རྣམ་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་མི་མཆོང་བ་དང༌། མི་བརྐྱང་བ་དང༌། ཙོག་པུས་མ་ཡིན་པ་དང༌། བྲང་བས་མ་ཡིན་པ་དང༌། དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་པ་དག་ཡིན་ནོ། །དེ་ལ་མི་མཆོང་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་རབ་ན་བཞུགས་སོ། །དྲུག་སྡེ་དག་རིབ་མ་ལ་མཆོང་ཞིང་ཁྱིམ་གཞན་དུ་འདོང་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་འཇིགས་པས་སྐྲག།
ནས་བྲོས་པ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་མཆོང་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་མི་མཆོང་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་མཆོང་ཞིང་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་མི་མཆོང་བ་ཞེས་བྱ་བ་ནི་མཆོང་ཞིང་འགྲོ་བར་མི་བྱ་བ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན། བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མཆོང་བ་དང་ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་གཅིག་པའོ།། །།མི་བརྐྱང་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གོམ་པ་ཧ་ཅང་ཆེན་པོ་དག་གིས་ཁྱིམ་གཞན་དུ་འདོང་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་ཆང་གིས་ར་རོ་བ་དག་དང༌། འབྱུང་པོ་དག་དང༌། ཤ་ཟས་བརླབས་པ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དེ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་
བྲལ་བ་དང་བསླབས་པར་གྱུར་པའོ། །ད་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་མི་བརྐྱང་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་སྒྱིད་པ་བརྐྱང་ཞིང་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་མི་བརྐྱང་བ་ཞེས་བྱ་བ་ནི་སྒྱིད་པ་བརྐྱང་བསྐུམ་བྱེད་ཅིང་འགྲོ་བར་མི་བྱ་བ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་སྒྱིད་པ་བརྐྱང་བ་དང༌། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བར་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་གཉིས་པའོ།། །།ཙོག་པུས་མ་ཡིན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཙོག་པུས་ཁྱིམ་གཞན་དུ་འདོང་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་འགྲོས་ཉམས་པ་དག་དང༌། རྐང་བམ་ཅན་དག་དང༌། བྱིས་པ་ཁྱེའུ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་མཛད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་
ནོ་སྙམ་ནས་སྔ་མ་བཞིན་དུ་ཙོག་པུས་མ་ཡིན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཙོག་པུས་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ཙོག་པུས་མ་ཡིན་པ་ཞེས་བྱ་བ་ནི་ཙོག་པུས་འགྲོ་བར་མི་བྱ་བ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཙོག་པུས་འགྲོ་བ་དང༌། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་གསུམ་པའོ།། །།བྲང་བས་མ་ཡིན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་རྐང་པའི་བྲང་བ་དག་གིས་ཁྱིམ་གཞན་དུ་འདོང་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་སྨིག་མ་བཞིན་དུ་རྩེ་བར་བྱེད་པ་དང༌། རྐང་མཐིལ་སྨས་པ་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་བྲང་བས་མ་ཡིན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་རྐང་པའི་བྲང་
བས་ཁྱིམ་གཞན་དུ་འགྲོ་པའོ། །དེ་ལ་བྲང་བས་མ་ཡིན་ཞེས་བྱ་བ་ནི་རྐང་པའི་རྟིང་པ་བཏེག་སྟེ། སོར་མོའི་དྲ་བས་ལ་ཕབ་སྟེ་འགྲོ་བར་མི་བྱ་བ་སྟེ། དེ་ལྟ་བུས་ཤིང་ཏུ་བསྡམས་ཤིང༌། ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན། བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རྐང་པའི་བྲང་བས་འགྲོ་བ་དང༌། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་བཞི་པའོ།། །།དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ལག་པ་གཉིས་དཀུར་བརྟེན་ཏེ་ཁྱིམ་གཞན་དུ་འདོང་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་ནོར་ཆེན་དག་དང་ཚོང་དཔོན་དག་དང༌། དེད་དཔོན་དག་འདི་ལྟར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་པ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ལག་པ་གཉིས་དཀུར་བརྟེན་ཏེ་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་དཀུར་མི་བརྟེན་པ་ཞེས་བྱ་བ་ནི་ལག་པ་གཉིས་རྐེད་པའི་ཕྱོགས་སུ་བརྟེན་ཏེ་གྲུ་མོའི་ཕྱོགས་སུ་སྨྱུང་སྨྱུང་
པོར་བྱས་ཤིང་འགྲོ་བར་མི་བྱ་བ་སྟེ། དེ་ལྟ་བུས་ཤིང་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་གཉིས་དཀུར་བརྟེན་པ་དང༌། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉིད་ཤུ་ལྔ་པའོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཞི་བཅུ་བཞི་པ། སྡོམ་ལ། ལུས་ལ་སོགས་པ་རྣམ་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་དོན་ནི་ལུས་མི་བསྒྱུར་བ་དང༌། ལག་པ་མི་ཀྱོག་པ་དང༌། མགོ་མི་བསྒྱུར་བ་དང༌། ཕྲག་པ་མི་སྤྲད་པ་དང༌། ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ལུས་མི་བསྒྱུར་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ལུས་བསྒྱུར་ཅིང་ཁྱིམ་གཞན་དུ་འདོང་བར་བྱེད་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་གཟུགས་འཚོང་མ་དག་དང༌། གླང་པོ་ཆེ་དག་དང༌། བལ་གླང་མོ་དག་འདི་ལྟར་མཆིས་པས། འདི་ནི་ཚུལ་དང་མཐུན་བ་མ་ལགས་ཀྱིས་འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་བ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་པ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ལུས་མི་བསྒྱུར་པར་ཁྱེམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་
མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ལུས་བསྒྱུར་ཞིང་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ལུས་མི་བསྒྱུར་བ་ཞེས་བྱ་བ་ནི་གང་དུ་འགྲོ་བ་དེར་ལུས་བསྒྱུར་ཞིང་འགྲོ་བ་ནི་ལུས་བསྒྱུར་ཞིང་འགྲོ་བ་ཞེས་བྱ་བ་སྟེ། འདི་ནི་བྱ་བའི་བྱེ་བྲག་ཡིན་པས་དེའི་ཕྱིར་ལུས་བསྒྱུར་བ་ཞེས་བྱ་བའི་བྱ་བ་དེ་མི་བྱ་བར་དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་པར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལུས་བསྒྱུར་བ་དང༌། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་དྲུག་པའོ།། །།ལག་པ་མི་ཀྱོག་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ལག་པ་ཀྱོག་ཅིང་ཁྱིམ་གཞན་དུ་འདོང་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་རྒྱན་པོ་པ་དག་དང༌། ནལ་གྱི་བུ་དག་འདི་ལྟར་མཆིས་པས། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ལག་པ་མི་ཀྱོག་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་བར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ལག་པ་ཀྱོག་ཅིང་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ལག་པ་མི་ཀྱོག་པ་ཞེས་བྱ་བ་ཡང་བྱ་བའི་བྱེ་བྲག་ཡིན་ཏེ། ལག་པ་ཀྱོག་ཅིང་འགྲོ་
བར་མི་བྱ་བ་དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་ཀྱོག་པ་དང༌། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་བདུན་པའོ།། །།མགོ་མི་བསྒྱུར་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་མགོ་བསྒྱུར་ཞིང་ཁྱིམ་གཞན་དུ་འདོང་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་གླང་བོ་ཆེ་དག་དང་སྲོག་ཆགས་རྩངས་པ་དག་འདི་ལྟར་མཆིས་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་མགོ་མི་བསྒྱུར་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་མགོ་བསྒྱུར་ཞིང་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་མགོ་མི་བསྒྱུར་བཞེས་བྱ་བ་ཡང་བྱ་བའི་བྱེ་བྲག་ཡིན་ཏེ། མགོ་བསྒྱུར་ཞིང་འགྲོ་བར་མི་བྱ་བ་དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མགོ་
བསྒྱུར་བ་དང༌། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་བརྒྱད་པའོ།། །།ཕྲག་པ་མི་སྤྲད་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཕྲག་པ་སྤྲོད་ཅིང་ཁྱིམ་གཞན་དུ་འདོང་བན་ཅི་ཙམ་ན་མི་ཞིག་སྤོས་དང་མེ་ཏོག་གིས་བརྒྱན་ཏེ། འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ནས། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བཀྲེན་པ་འདི་འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ན། ཇི་འདིའི་སྙིང་ལམ་ན་དྲུག་སྡེ་དག་གིས་སྔོན་ལན་འགའ་ཡང་དྲི་དང་མེ་ཏོག་ཐོགས་མ་མྱོང་སྙམ་པ་འདྲས། ཚུར་ཤོག་འདི་མི་དགའ་བར་བྱའོ། །དེ་ལྟར་བྱའོ་ཞེས་དེ་ན་དེ་དག་གཅིག་དང་གཅིག་ཕྲག་པ་སྤྲད་ཅིང་གཞན་དང་གཞན་ཡང་ཕྲག་པ་སྤྲད་དེ། དེ་ལ་ཕུལ་བ་དང་ས་ལ་འགྱེལ་ནས་དེས་སྨྲས་པ། བདག་གིས་ཁྱེད་ཅག་ལ་ནོངས་པ་ཅི་བགྱིས། བཀྲེན་པ་ཁྱོད་ཅི་སྙིང་ལམ་ན། དྲུག་སྡེ་དག་གིས་སྔོན་ལན་འགའ་ཡང༌། སྤོས་དང་མེ་ཏོག་ཐོགས་མ་མྱོང་སྙམ་ནས་ཁྱོད་དེ་ལྟར་མི་དགའ་བར་བྱའོ། །དེ་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་བདག་དེ་གནས་སུ་སྨོད་པར་བྱེད་དོ་སྙམ་ནས་སྔ་མ་བཞིན་དུ་ཕྲག་པ་མི་སྤྲད་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཕྲག་པ་སྤྲོད་ཅིང་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ཕྲག་པ་མི་སྤྲད་ཅེས་བྱ་བ་ནི་གཞན་དག་དང་ཕྲག་པ་གཉིས་མི་སྤྲད་པ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་
བྱེད་པ་པོ་ནི་ཕྲག་པ་སྤྲད་པ་དང༌། ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ཉི་ཤུ་དགུ་པའོ།། །།ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ལག་བ་སྦྲེལ་ཞིང་ཁྱིམ་གཞན་དུ་འདོད་བ་ན་ཅི་ཙམ་ན་མི་ཞིག་སྦོས་དང་མེ་ཏོག་གིས་བརྒྱན་ཏེ་འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིང་འགྲོ་ནས། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བཀྲན་པ་འདི་འཇིག་རྟེན་ལ་བུ་ཙམ་དུ་སེམས་ཤིར་འགྲོ་ན་ཅི་འདིའི་སྙིང་ལམ་ན། དྲུག་སྡེ་དག་གིས་སྔོན་ལན་འགའ་ཡང་དྲི་དང་མེ་ཏོག་ཐོགས་མ་མྱོང་སྙམ་པ་འདྲས་ཚུར་ཤེག་འདི་མི་དགའ་བར་བྱའོ། །དེ་ལྟར་བྱའོ་ཞེས་དེ་ན་དེ་དག་གཅིག་དང་གཅིག་ལག་པ་སྦྲེལ་ཅིང་གཞན་དང་གཞན་ལག་པ་སྦྲེལ་ཏེ་དེ་ཕུལ་བ་དང་ས་ལ་འགྱེལ་ནས། དེས་སྨྲས་པ་བདག་གིས་ཁྱེད་ཅག་ལ་ནོངས་པ་ཅི་བགྱིས། བཀྲེན་པ་ཁྱོད་ནི་སྙིང་ལམ་ན། དྲུག་སྡེ་དག་གིས་ལན་འགའ་ཡང་སྤོས་དང་མེ་ཏོག་ཐོགས་མ་མྱོང་སྙམ་པས་ཁྱོད་དེ་ལྟར་མི་དགའ་བར་བྱའོ། །དེ་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ལག་པ་སྦྲེལ་ཏེ་ཁྱིམ་གཞན་དུ་འགྲོ་བའོ། །དེ་ལ་ལག་པ་མི་སྦྲེལ་བ་ཞེས་བྱ་བ་ནི་གཞན་དང་ལག་པ་སྦྲེལ་ཏེ་འགྲོ་བར་མི་བྱ་བ་སྟེ། དེ་ལྟ་བུས་ཤིན་ཏུ་བསྡམས་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ནས་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་སྦྲེལ་བ་དང་ཁྱིམ་གཞན་ཉིད་དོ། །འདི་ལ་
ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ་ཞེས་བྱ་བ་མན་ཆད་འདི་ཡན་ཆད་ཐམས་ཅད་ཤིན་དུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བ་དེའི་སྤྲོས་པ་ཡིན་པར་སྦྱར་རོ། །དེ་དག་གི་གླང་གཞི་ནི་སེར་སྐྱའི་གནས་ཞེས་སྨོས་པ་ནི་གཞུང་གཞན་ལས་སེར་སྐྱའི་གནས་སུ་ཡབ་དང་སྲས་མངལ་ནས་ཤཱཀྱ་རྣམས་རབ་ཏུ་བྱུང་བའི་ཚེ་དྲུག་ལྡེ་དག་གསར་བུ་རབ་ཏུ་བྱུང་བ་ལས་བཅས་སོ་ཞེས་གསུངས་པ་ལས་ཤེས་པར་བྱའོ། །བསླབ་པ་སུམ་ཅུ་པའོ།། །།སྡོམ་ལ། འདུག་པར་བྱ་བ་དགུ་དག་དང༌། །ཞེས་གསུངས་པའི་བསླབ་པ་བསྡུས་པའི་མདོ་ནི་མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱའོ། །སྟན་ལ་མ་བརྟགས་པ་དང༌། ལུས་ཐམས་ཅད་ཀྱི་ལྕིད་ཀྱིས་མི་དབབ་པ་དང་རྐང་པ་མི་བསྣོལ་བ་དང༌། བརླ་མི་བསྣོལ་བ་དང༌། ལོད་བུའི་སྟེང་དུ་ལོང་བུ་མི་གཞག་པ་དང༌། རྐང་པ་མི་དགུག་པ་དང༌། རྐང་པ་མི་གདངས་པ་དང༌། མདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལམ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་གཙང་སྦྲ་འདོད་པ་ཞིག་འདུག་པ་དེར་སྒོ་ཁང་དུ་མལ་བཤམས་ནས་དེ་ན་བུ་མོ་ཞིག་བསིལ་ཡབ་ཐོགས་ཏེ་སྦྲང་མ་སྐྱོབ་ཅིང་འདུག་གོ །ཚེ་དང་ལྡན་པ་ཉེ་དགའ་དེའི་ཁྱིམ་དུ་བསོད་སྙོམས་ལ་ཞུགས་ནས་དེས་སྨྲས་པ་བུ་མོ་བྲམ་ཟེའི་གན་དུ་སོང་ལ་ཉེ་དགའ་སྒོ་ན་སྡོད་ཅེས་གྱིས་ཤིག །དེས་སྨྲས་པ། འཕགས་པ་བདག་འདི་ན་སྦྲང་མ་སྐྱོབ་ཅིང་མཆིས་པས་མི་མཆིའོ། །དེས་སྨྲས་པ་བུ་མོ་གལ་ཏེ་དེ་ལྟར་ན་ཁོ་བོས་རེ་ཞིག་སྲུང་གིས་ཁྱོད་སོང་ལ་སྨྲོས་ཤིག །དེ་སོང་བ་དང་ཉེ་དགའ་རྐང་བ་དང་བཅས་པར་འཛེགས་ཏེ་མལ་དེའི་སྟེང་དུ་འདུག་གོ །བྲམ་ཟེ་དེ་ཕྱིར་ཕྱུང་བ་དང་ཉེ་དགའ་རྐང་པ་དང་བཅས་པར་མལ་གྱི་སྟེང་དུ་
འཛེགས་ཏེ་འདུག་པ་མཐོང་ངོ༌། །མཐོང་ནས་ཀྱང་སྨྲས་པ། འཇིག་རྟེན་གྱི་ག་ཅད་སྦྲ་ནི་ཐ་དད་པ་ཡིན་ན་ཅིའི་ཕྱིར་རྐང་པ་དང་བཅས་བར་འཛེགས་ཏེ་འདུག །དེས་སྨྲས་པ། བྲམ་ཟེ་དང་དགེ་སློང་གིས་མལ་ལ་ལོངས་སྤྱད་པ་གང་ཡིན་པ་དེ་ནི་ཁྱོད་ཀྱི་ཁྱིམ་བདུན་པ་ཚུན་ཆད་ལ་ཕན་བཏགས་པ་ཡིན་ནོ། །དེ་སྨོད་པར་བྱེད། ཕྱར་ཀ་གཏོད་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། བྲམ་ཟེ་དེ་གནས་སུ་སྨོད་བར་བྱེད་དོ་སྙམ་ནས་སྔ་མ་བཞིན་དུ་མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ཐུག་ཐུབ། ཉེས་པ་ནི་མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་འདུག་པའོ། །དེ་ལ་མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱ་ཞེས་བྱ་བ་ནི་ཁྱིམ་གཞན་དེར་ཁྱིམ་བདག་གིས་མ་བསྒོ་བར་དགེ་སློང་སྟན་ལ་མི་འདུག་པར་བསླབ་པར་བྱའོ། །མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱ་ཞེས་བྱ་བ་འདི་ནི་མདོར་བསྟན་བ་ཡིན་ལ་འོག་ནས་སྟན་ལ་མ་བརྟགས་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་མི་བྱ་བ་ར་བསླབ་པར་བྱ་བ་ལ་སོགས་པ་བརྒྱད་འབྱུང་བ་དག་ནི་འདིའི་སྤྲོས་པ་ཡིན་ཏེ། རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་བར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མ་བསྒོ་བ་དང་འདུག་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ། །བསླབ་པ་སུམ་ཅུ་གཅིག་པའོ།། །།སྟན་ལ་མ་བརྟགས་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་མི་བྱ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་གཏུམ་མོ་བཏུལ་བ་དེའི་ཚེ་ན་དེས་དྲང་སྲོང་གི་སྟན་བཤམས་ནས་ཆོ་དང་ལྡན་པ་འཆར་
ཀས་ལོངས་སྤྱོད་ཅིང་འགྲོ་བའོ། །ཇི་ཙམ་དུས་གཞན་ཞིག་ན་དེས་གཏུམ་མོ་ལ་སྨྲས་པ། སྲིང་མོ་ཁྱོད་བལྟས་ཀྱིས་ལྗོངས་རྒྱུར་འགྲོ། དེས་སྨྲས་པ། འཕགས་པ་མྱུར་དུ་སླར་སྤྱོན་ཅིག །གདོད་སྐྱོ་བ་སྐྱེད་པར་མ་མཛད་ཅིག །དེས་སྨྲས་པ། སྲིང་མོ་མ་ཉེས་ཀྱིས་དེ་བཞིན་དུ་བྱའོ། །དེས་དེ་བལྟས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་བཅོམ་ལྡན་འདས་ཉི་མ་བདུན་པ་ལ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་དེ་སྐད་ཅེས་བསྒོ་བ་ན། ཚེ་དང་ལྡན་པ་འཆར་ཀས་བསམས་པ། སངས་རྒྱས་ལྗོངས་རྒྱུར་གཤེགས་པ་ལ་ཕན་ཡོན་བཅོ་བརྒྱད་ཡོད་ཀྱིས་བཅོམ་ལྡན་འདས་ཉིད་དང་ཐབས་ཅིག་འགྲོའོ་སྙམ་ནས་དེ་མ་འཕགས་སོ། །དེའི་ཚེ་ན་གཏུམ་མོའི་ཁྱིམ་ན་ཁྱེའུ་བཙས་ནས་རིང་པོ་མ་ལོན་པ་ཞིག་ཡོད་ནས། དེས་བུ་མོ་ལ་སྨྲས་པ། བུ་མོ་ཁྱེའུ་འདི་དྲང་སྲོང་གི་གདན་ལ་སྙོལ་ཅིག་དང་ཡུན་རིང་དུ་འཚོ་ཞིང་ཚེ་རིང་དུ་སྐྱོང་བར་འགྱུར་རོ། །དེས་ནི་གོས་དཀར་པོ་བསྐོན་ཏེ་བསྙལ་བ་དང༌། ཚེ་དང་ལྡན་པ་འཆར་ཀ་མཉན་ཡོད་དུ་བསོང་སྙོམས་ལ་ཞུགས་ནས་དེས་བསམས་པ། ཇེ་གཏུམ་མོའི་ཁྱིམ་དུ་སྟན་ལ་ལོངས་སྤྱོད་དུ་འགྲོ་ཞིང་ཕྱིས་བསོད་སྙོམས་བརྒྱུས་ཏེ་འགྲོའོ་སྙམ་ནས་དེ་དེར་སོང་ངོ༌། །དགྲ་བཅོམ་པ་དག་ནི་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པས་དེ་སྟན་དེ་ཉིད་ལ་གྱ་ཚོམ་དུ་འདུག་པ་དང༌། ནང་མི་བརྟད་པ་དང་བཅས་པ་དང་འཕགས་པ་ཁྱེའུ་ཁྱེའུ་ཞེས་སྨྲས་པ་དང༌། དེ་མྱུར་བ་མྱུར་བར་ལངས་ནས་ཅི་ཙམ་ན་དེ་དག་གིས་དེ་དུས་ལ་བབ་པར་མཐོང་ནས་དེ་དག་དུ་བར་བརྩམས་པ་དང༌། དེས་སྨྲས་པ། སྲིང་མོ་དག་འདི་ལ་ཅི་འདུད། འདུ་བྱེད་ཐམས་ཅད་ཀྱི་ཆོས་ཉིད་འདི་ལྟ་བུ་ཡིན་ནོ། །འོན་ཀྱང་ཁོ་བོ་ལ་བརྟེན་ཏེ་བཅོམ་ལྡན་འདས་འདུལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི་གཞི་འཆའ་བར་འགྱུར་བས་འདི་ལ་ཁོ་བོ་འདུད་པར་བྱ་བ་ཡིན་ནོ། །འཁོར་བ་ན་སེམས་ཅན་རྣམས་ཉེ་དུ་
ལ་བྱམས་པ་ནི་ཐོག་མ་མེད་པའི་དུས་ནས་གོམས་པ་ཡིན་པས་དེ་དག་དེ་བཞིན་དུ་ངུ་ཞིང་མི་སྡོད་པ་ཐོས་ནས་དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། སྟན་ལ་མ་བརྟགས་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་མི་བྱ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་འཆར་ཀ །ཉོན་མོངས་པ་ནི་བག་ཆགས་མ་བྱང་བས་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པ། ཉེས་པ་ནི་སྟན་ལ་མ་བརྟགས་པར་ཁྱིམ་གཞན་དུ་སྟན་ལ་འདུག་པའོ། །དེ་ལ་སྟན་ལ་མ་བརྟགས་པ་ཞེས་བྱ་བ་ནི་ཁྱིམ་གཞན་དེར་སྟན་ལ་མ་བརྟགས་པ་སྟེ། དེ་ལྟར་ཁྱིམ་གཞན་དུ་སྟན་ལ་འདུག་པར་མི་བྱ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མ་བརྟགས་པར་བྱེད་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་སུམ་ཅུ་གཉིས་པའོ།། །།ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་མངོན་པར་བྱུང་ནས་ལོ་བཅུ་གཉིས་ལོན་ཞིང་རྫོགས་པར་སངས་རྒྱས་ནས། ལོ་དྲུག་ལོན་ནས་སེར་སྐྱའི་གནས་སུ་བྱོན་པ་དེའི་ཚེ་ཉི་མ་གཅིག་ན་ཡབ་ཀྱི་ཐད་དུ་གདུགས་ཚོད་གསོལ། ཉི་མ་གཉིས་པ་ལ་ནི་རང་གི་བཙུན་མོའི་འཁོར་དུ་གདུགས་ཚོད་གསོལ་བ་ན་ཚེ་དང་ལྡན་པ་འཆར་ཀས་བཙུན་མོ་གྲགས་འཛིན་མ་བཤོས་འདྲི་མ་གསོལ་ཟེར་བ་ལ་རྐང་པས་རྐང་པ་ལ་ཕུལ་བ་དང༌། དེ་སྟོབས་དང་ལྡན་པས་མ་འགྱེལ་ནས། དེས་བཙུན་མོ་ས་འཚོ་མ་ལ་སྨྲས་པ། ས་འཚོ་མ་འཕགས་པ་འཆར་ཀས་བདག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་
གྱི་སྤྱན་སྔར་མཐོ་བཙམས་སོ། །ཅི་བྱས་དེས་ཇི་ལྟར་གྱུར་པ་བརྗོད་པ་དང༌། དེས་སྨྲས་པ། དེ་ཅི་ནས་ཀྱང་ཕྱིན་ཆད་དེ་ལྟ་བྱེད་པར་མི་འགྱུར་བ་དེ་ལྟར་མི་དགའ་བར་བྱའོ། །ཅི་ཙམ་ཉི་མ་གཞན་ཞིག་ལ་བཙུན་མོ་གྲགས་འཛིན་གྱིས་ཁྲིའུ་མ་བརྒྱུས་པ་ཞིག་རས་ཀྱིས་གཡོགས་ནས་བུ་མོ་མདག་གཞུག་མ་ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེའི་མིང་གིས་འབོད་དུ་བཏང་བ་དང༌། དེས་བསམ་པ། དེར་གོང་མ་ཆག་པར་སྦྱིན་པ་བྱེད་ཀྱིས་འགྲོའོ་སྙམ་ནས་དེ་མྱུར་བ་མྱུར་བར་སོང་སྟེ་སྨྲས་པ། ཇེ་སློང་མོ་པ་དག་ལ་ཅི་ཞག་སྦྱིན་པར་བྱ་བ་དེ་ལྟའོ། །གྲགས་འཛིན་གྱིས་སྨྲས་པ། འཕགས་པ་ཞོའི་ཁམ་པོར་འདི་དང་ཕྱེའི་ཁམ་ཕོར་འདི་འགྲེང་སྟེ་ལོང་ལ་ཁྲིའུ་འདི་ལ་བཞུགས་ཤིག །ཅི་ཁྲིའུ་འདི་ཡང་ཁོ་བོ་ལ་སྦྱིན་ནས་འཕགས་པ་ཁྲིའུ་ནི་མི་གསོལ་ལོ། །དེས་བསམས་པ་གལ་ཏེ་ཁྲིའུ་མི་སྟེར་ན་ཁྲིའུ་འདི་ཡང་བ་ཅག་པར་བྱའོ་སྙམ་ནས་དེས་ཞོའི་ཁམ་ཕོར་དང་ཕྱེའི་ཁམ་ཕོར་དེ་གཉིས་འགྲེང་སྟེ་བླངས་ནས་ཁྲིའུ་དེ་ཉིད་ལ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ་འདུག་པར་བརྩམས་པ་དང་ཁྲིའུ་ཞིག་སྟེ་སྒྱེལ་ནས་ཞོའི་ཁམ་ཕོར་དང་ཕྱེའི་ཁམ་ཕོར་དེ་དེའི་མགོར་བོ་བ་དང༌། དེ་དག་གིས་རྟ་གད་ཀྱིས་བཏབ་སྟེ་ལག་པ་དང་རྐང་པ་དག་ནས་བཟུང་ནས་བྱང་ཆུབ་སེམས་དཔའ་རོལ་པའི་རྫིང་བུར་འཕངས་སོ། །དེ་ལངས་ཏེ་གོས་དག་འཆིར་བ་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་འདི་ཅི་ཉེས། དེས་སྨྲས་པ། ཁོ་བོས་ཀུ་རེ་ཅུང་ཞིག་བྱས་ནས་ཉེས་དམིགས་འདི་ལྟ་བུ་འདི་བྱུང་ངོ༌། །དེ་དག་སྨོད་པར་བྱེད་ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། དེ་དག་གནས་སུ་སྨོད་དོ་སྙམ་ནས་སྔ་མ་བཞིན་དུ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པར་ཁྱིམ་གཞན་དུ་སྟན་ལ་འདུག་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་ཚེ་དང་ལྡན་པ་འཆར་ཀ །ཉོན་མོངས་པ་ནི་ཐོ་འཚམས་པ། ཉེས་པ་ནི་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ་ཁྱིམ་གཞན་དུ་སྟན་ལ་འདུག་པའོ། །དེ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་ཅེས་
བྱ་བའི་ཁྱིམ་གཞན་དེར་སྟན་ལ་གྱ་ཚོམ་དུ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ་ཐྲིག་ཅེས་འདུག་པར་མི་བྱ་བ་སྟེ། དེ་ལྟར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་འབེབས་པ་དང་འདུག་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་སུམ་ཅུ་གསུམ་པའོ།། །།རྐང་པ་མི་བསྣོལ་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་རབ་ན་བཞུགས་སོ། །དྲུག་སྡེ་དག་གིས་ཁྱིམ་གཞན་དུ་རྐང་པ་བསྣོལ་ཏེ་འདུག་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག །དྭ་དག་དང་རྒྱན་པོ་པ་དག་དང༌། ནལ་གྱི་བུ་དག་འདི་ལྟར་མཆིས་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུགས་ཤིག། དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་རྐང་པ་མི་བསྣོལ་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་རྐང་པ་བསྣོལ་ཏེ་ཁྱིམ་གཞན་དུ་སྟན་ལ་འདུག་པའོ། །དེ་ལ་རྐང་པ་མི་བསྣོལ་བ་ཞེས་བྱ་བ་ནི་རྐང་པའི་སྟེང་དུ་རྐང་པ་གཞག་སྟེ་འདུག་པར་མི་བྱའོ། །དེ་ལྟར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་
གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རྐང་བ་བསྣོལ་བ་དང་འདུག་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་སུམ་ཅུ་བཞི་པའོ།། །།བརླ་མི་བསྣོལ་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་བརླ་བསྣོལ་ཏེ་ཁྱིམ་གཞན་དུ་འདུག་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་རྒྱན་པོ་པ་དག་དང་ནལ་གྱི་བུ་དག་འདི་ལྟར་མཆིས་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུགས་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བརླ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་བརླ་མི་བསྣོལ་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་བརླ་བསྣོལ་ཏེ་ཁྱིམ་གཞན་དུ་སྟན་ལ་འདུག་པའོ། །དེ་ལ་བརླ་མི་བསྣོལ་བ་ཞེས་བྱ་བ་ནི་བརླའི་སྟེང་དུ་བརླ་བཞག་སྟེ་འདུག་པར་མི་བྱ་བ་སྟེ། དེ་ལྟར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་བརླ་བསྣོལ་བ་དང་འདུག་པ་ཉིད་དོ། །འདི་ལ་
ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡད་སྔ་མ་བཞིན་ནོ། །བསླབ་པ་སུམ་ཅུ་ལྔ་པའོ།། །།ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ལོང་བུའི་སྟེང་དུ་ལོང་བུ་གཞག་སྟེ་ཁྱིམ་གཞན་དུ་འདུག་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་དྭ་དག་དང་རྒྱན་པོ་པ་དག་དང་ནལ་གྱི་བུ་དག་འདི་ལྟར་མཆིས་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུགས་ཤིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ལོང་བུའི་སྟེང་དུ་ལོང་བུ་བཞག་སྟེ་ཁྱིམ་གཞན་དུ་སྟན་ལ་འདུག་པའོ། །དེ་ལ་ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པ་ཞེས་བྱ་བ་ནི་ལོང་བུའི་སྟེང་དུ་ལོང་བུ་བཞག་སྟེ་འདུག་པར་མི་བྱ་བ་སྟེ། དེ་ལྟར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལོང་བུའི་སྟེང་དུ་ལོང་བུ་གཞག་པ་དང་འདུག་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་བསྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །
བསླབ་པ་སུམ་ཅུ་དྲུག་པའོ།། །།རྐང་པ་མི་འགུགས་པར་ཁྱིམ་དུ་སྟན་ལ་འདུག་པར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་རྐང་པ་བཀུག་སྟེ་ཁྱིམ་གཞན་དུ་འདུག་པར་བྱེད་ན་དགེ་བསྙེན་མ་དག་ལྷགས་ཏེ་ཕྱག་འཚལ་བ་ན་དེ་དག་ཨ་རོག་གྱ་མི་ཟེར་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་ཅིའི་སླད་དུ་ཨ་རོག་གྱ་མི་གསུང༌། དེ་དག་གིས་སྨྲས་པ། ཁྱེད་ཅག་གིས་ཁོ་བོ་ཅག་གི་རྐང་པ་ལ་ཕྱག་མ་བྱས་སོ། །དེ་དག་དེ་དག་གིས་རྐང་པ་ལ་ཕྱག་འཚལ་བ་ན་རྐུབ་ཙོས་འཇལ་བར་བྱེད་ཅིང་དགའ་བོ་ཉེ་དགའ་འདི་དག་ནི་རྐུབ་ཙོས་ཆེ་ཁྱད་ལ་ལྟོས་ཞེས་སྨྲས་པ་དང༌། དེ་དག་ངོ་ཚ་ནས་ཅང་མི་སྨྲ་བར་འཁོང་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་རྐང་པ་མི་དགུག་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཐོ་འཚམས་པ། ཉེས་པ་ནི་རྐང་པ་བཀུག་དེ་ཁྱིམ་གཞན་དུ་སྟན་ལ་འདུག་པའོ། །དེ་ལ་རྐང་བ་མི་དགུག་བ་ཞེས་བྱ་བ་ནི་རྐང་པ་གཉིས་འགབ་ཀུང་དུ་བཀུག་སྟེ་འདུག་པར་མི་བྱ་བ་སྟེ་དེ་ལྟར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རྐང་པ་དགུག་པ་དང་འདུག་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་ཏེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་སུམ་ཅུ་བདུན་པའོ།། །།རྐང་པ་མི་གདངས་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་རྐང་བ་གདངས་ཏེ་ཁྱིམ་གཞན་དུ་སྟན་ལ་འདུག་པར་བྱེད་ནས་དགེ་བསྙེན་མ་དག་ལྷགས་ཏེ་ཕྱག་
འཚལ་བར་བྱེད་པ་ན་དེ་དག་ཨ་རོག་གྱ་ལྷག་མ་དང་བཅས་པར་ཟེར་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་ཅིའི་སླད་དུ་ཨ་རོག་གྱ་ལྷག་མ་དང་བཅས་པར་གསུངས། དེ་དག་གིས་སྨྲས་པ། ཁྱེད་ཅག་གིས་ཁོ་བོ་ཅག་གི་རྐང་པ་ལ་ཕྱག་མ་བྱས་སོ། །དེ་དག་དེ་དག་གི་རྐང་པ་ལ་ཕྱག་འཚལ་བ་ན་རྐུ་བཙོས་འཇལ་བར་བྱེད་ཅིང་དགའ་བོ་ཉེ་དགའ་འདི་དག་གི་རྐུབ་ཅོས་ཆེ་ཁྱད་ལ་ལྟོས་ཞེས་སྨྲས་པ་དང༌། དེ་དག་ངོ་ཚ་ནས་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་རྐང་པ་མི་གདངས་པར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཐོ་འཚམས་པ། ཉེས་པ་ནི་རྐང་པ་གདངས་ཏེ་ཁྱིམ་གཞན་དུ་སྟན་ལ་འདུག་པའོ། །དེ་ལ་རྐང་པ་མི་གདངས་པ་ཞེས་བྱ་བ་ནི་བརླ་གཉིས་གཞིབས་ཏེ་བྱིན་པ་དང་རྐང་བ་གཉིས་བར་ཐག་རིང་དུ་སོ་སོར་ཕྲལ་ཏེ་འདུག་པར་མི་བྱ་བ་སྟེ། དེ་ལྟར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རྐང་པ་གདངས་པ་དང་འདུག་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་སུམ་ཅུ་བརྒྱད་པའོ།། །།མདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་མདོམས་སྣང་བར་སྟན་ལ་འཁོད་ཅིང་སྒྲེན་མོར་སྣང་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་ཆང་གིས་ར་རོ་བ་དག་དང་འབྱུང་པོ་དང་ཤ་ཟས་བརླམས་པ་དག་འདི་ལྟར་མཆིས་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་བཞུགས་ཤིག་དེ་དག་གིས་སྨྲས་པ། ཤེས་
ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བརླ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་མདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཁྱིམ་གཞན་དུ་སྟན་ལ་འདུག་པའོ། །དེ་ལ་མདོམས་མི་སྣང་བ་ཞེས་བྱ་བ་ནི་བརླ་གཉིས་སམ་བྱིན་པ་གཉིས་སམ་རྐང་བ་གཉིས་སམ་ཡང་ན་ཐམས་ཅད་ཀྱང་རུང་ལ་ཐད་ཀར་གདངས་ཏེ་འདུག་པར་མི་བྱ་བ་སྟེ། དེ་ལྟར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མདོམས་སྣང་བ་དང་འདུག་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱ་བ་མན་ཆད་འདི་ཡན་ཆད་ཐམས་ཅད་ནི་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱ་བའི་སྤྲོས་པ་ཡིན་པར་སྦྱར་རོ། །བསླབ་པ་སུམ་ཅུ་དགུ་པའོ།། །།སྡོམ་ལ། བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་ལེགས་པར་ཟས་བླང་བར་བསླབ་པར་བྱ། མུ་དང་ཁ་ད་ཆད་དུ་མ་ཡིན་པ་དང༌། ཚོད་མ་དང་མཉམ་པར་མ་ཡིན་པ་དང༌། མཐར་ཆགས་སུ་དང༌། ལྷུང་བཟེད་ལ་ལྟ་བ་དང༌། བཅའ་བ་དང༌། བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པ་དང༌། ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ་ཚོད་མས་འབྲས་ཆན་མི་དགབ་པ་དང་བཟའ་བ་དང་བཅའ་བའི་སྟེང་དུ་ལྷུང་བཟེད་མི་
བཟུང་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ལེགས་པར་ཟས་བླང་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རིལ་འཇིགས་སུ་རུང་གི་ཚལ་རི་དགས་ཀྱི་ནགས་ན་བཞུགས་སོ། །རྒྱལ་བུ་རྟོགས་ལྡན་གྱིས་ཁང་བཟངས་པདྨ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པ་དེར་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ་བཤོས་གསོལ་བ་དང༌། རྒྱལ་བུ་རྟོགས་ལྡན་ནི་དང་པ་དང་ལྡན་པ་ཡིན་ལ་འཁོར་ནི་མ་དད་པས་འབྲིམ་མཁན་རྣམས་ཀྱིས་ལ་དུ་དག་གིས་དགེ་སློང་རྣམས་ཀྱི་ལྷུང་བཟེད་དག་གཅོག་པར་བྱེད་ནས། དྲུག་སྡེ་དག་གིས་གྲོས་བྱས་པ་འདི་དག་མི་དགའ་བར་བྱའོ་ཞེས་དེ་དག་འབྲས་ཅན་དང་ཚོད་མ་འདྲིམ་ན། དྲུག་སྡེ་དག་གིས་ལྷུང་བཟེད་ཕྱིར་འགྱེད་པ་དང༌། དེ་དག་ས་ལ་བོ་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་རྒྱལ་བུ་རྟོགས་ལྡན་གྱི་ཁང་བཟངས་པདྨ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པའི་ས་གཞི་ཁྱེད་ཀྱིས་མ་རུང་བར་བྱས་སོ། །དེ་དག་གིས་སྨྲས་པ། བཀྲེན་པ་དག་ཁྱེད་ཅག་ས་གཞི་མ་རུང་བ་ན་མི་དགའ་བར་བྱེད་ན་དགེ་སློང་གང་དག་གི་ལྷུང་བཟེད་དག་བཅག་པ་དེ་དག་ཇི་ལྟར་བྱེད་ཅེས་ཟེར་བ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ལེགས་པར་ཟས་བླང་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཆུ་སྲིན་བྱིས་པ་གསོད་ཀྱི་རི། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ང་རྒྱལ། ཉེས་པ་ནི་ཟས་ལེགས་པ་མི་ལེན་པའོ།། དེ་ལ་ལེགས་པར་ཟས་བླང་པར་བསླབ་པར་བྱ་ཞེས་བྱ་བ་ནི་གྲོང་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་དུ་ཡང་རུང་སྟེ། ལེགས་པར་ཟས་ཀྱི་བྱིན་ལེན་བླང་བར་བསླབ་པར་བྱའོ། །ལེགས་པར་ཟས་བླང་བར་བསླབ་པར་བྱའོ་བྱ་བ་འདི་ནི་མདོར་བསྟན་པ་ཡིན་ནོ། །འོག་ནས་མུ་དང་ཁད་ཆད་དུ་མ་ཡིན་པར་ཟས་བླང་བར་བསླབ་པར་བྱ་བ་ལ་སོགས་བདུན་འབྱུང་བ་དག་ནི་འདིའི་སྤྲོས་པ་ཡིན་ཏེ། རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་
ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལེགས་པར་མི་ལེན་པ་དང་བྲས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་བ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ། །བསླབ་པ་བཞི་བཅུ་པའོ།། །།མུ་དང་ཁ་ད་ཆད་དུ་མ་ཡིན་པར་ཟས་བླང་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རིལ་འཇིགས་སུ་རུང་གི་ཚལ་རི་དགས་ཀྱི་ནགས་ན་བཞུགས་སོ། །དྲུག་སྡེ་དག་རྒྱལ་བུ་རྟོགས་ལྡན་གྱི་ཁྱིམ་དུ་བསོད་སྙོམས་ལ་ཞུགས་ནས། དེ་དག་དང་པོར་འབྲས་ཆན་ཇི་ཙམ་གྱིས་ལྷུང་བཟེད་གང་བ་དེ་ཙམ་ལེན་པར་བྱེད་ན་བསོད་སྙོམས་འབུལ་བ་དག་གིས་སྨྲས་པ། འཕགས་པ་དག་སྒྱུ་རུ་མ་གང་དུ་སྩལ། དེ་དག་གིས་སྨྲས་པ། འདི་ཉིད་དུ་ལུགས་ཤིག་དེ་དག་གིས་དེར་བླུགས་པ་དང༌། དེ་སྟེང་དུ་ལུད་དེ་ས་ལ་བོ་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་རྒྱལ་བུ་རྟོགས་ལྡན་གྱི་ཁང་བཟངས་པདྨ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པའི་ས་གཞི་ཁྱེད་ཀྱིས་མ་རུང་བར་བྱས་སོ། །དེ་དག་གིས་སྨྲས་པ། བཀྲེན་པ་དག་རེ་ཞིག་རྒྱལ་བུ་རྟོགས་ལྡན་གྱིས་འདི་ལ་ལྷག་པར་ཆགས་པར་བྱས་ནས་གན་དུ་སྐྱེ་བར་འགྱུར་བ་ནི་མ་ཤེས་ཀྱིས། ཁྱེད་ཅག་ནི་འདི་ལ་ལྷག་པར་ཆགས་པར་བྱས་ནས་ཡི་དགས་ལྦ་བ་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་མུ་དང་ཁ་ད་ཆད་དུ་མ་ཡིན་པར་ཁས་བླང་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཆུ་སྲིན་བྱིས་པ་གསོད་ཀྱི་རི། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བྱེ་བྲག་མི་ཤེས་པ། ཉེས་པ་ནི་མུ་དང་ཁ་ད་ཆད་དུ་ཟས་ལན་པའོ། །དེ་ལ་མུ་དང་ཁ་ད་ཆད་དུ་མ་ཡིན་པ་ཞེས་བྱ་བ་ལ་མུ་ཞེས་བྱ་བའི་སྒྲ་ནི་ལྷུང་བཟེད་ཀྱི་ཁ་ལོགས་ཀྱི་མུ་ལ་བྱ་སྟེ། ཅི་ནས་ཀྱང་མུ་དང་ཁ་ད་ཆད་དུ་གང་བར་འགྱུར་བ་དེ་ལྟར་མ་ཡིན་པར་ཁ་ཟས་བླང་བར་བྱ་བ་སྟེ། དེ་ལྟར་ལེགས་པར་བླང་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་
དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མུ་དང་ཁ་ད་ཆད་དུ་ལེན་པ་དང༌། ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་གཅིག་པའོ།། །།ཚོད་མ་དང་མཉམ་པ་མ་ཡིན་པར་ཟས་བླང་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་སུ་རུང་གི་ཚལ་རི་དགས་ཀྱི་ནགས་ན་བཞུགས་སོ། །དྲུག་སྡེ་དག་རྒྱལ་བུ་རྟོགས་ལྡན་གྱི་ཁྱིམ་དུ་བསོད་སྙོམས་ལ་ཞུགས་ནས་དེ་དག་དང་པོར་ཚོད་མ་ཇི་ཙམ་གྱིས་ལྷུང་བཟེད་གང་བ་དེ་ཙམ་ལེན་པར་བྱེད་པ་ན་བསོད་སྙོམས་དབུལ་བ་དག་གིས་སྨྲས་པ། འཕགས་པ་དག་འབྲས་ཆན་གང་དུ་སྩལ། དེ་དག་གིས་སྨྲས་པ། འདི་ཉིད་དུ་ལུགས་ཤིག །དེ་དག་གིས་དེར་བླུགས་པ་དང་སྟེང་དུ་ལུད་དེ་བོ་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་རྒྱལ་བུ་རྟོགས་ལྡན་གྱི་ཁང་བཟངས་པདྨ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པའི་ས་གཞི་ཁྱོད་ཀྱིས་མ་རུང་བར་བྱས་སོ། །དེ་དག་གིས་སྨྲས་པ། བཀྲེན་པ་དག་རེ་ཞིག་རྒྱལ་བུ་རྟོགས་ལྡན་གྱིས་འདི་ལ་ལྷག་པར་ཆགས་པར་བྱས་ནས་གང་དུ་སྐྱེ་བར་འགྱུར་བ་ནི་མ་ཤེས་ཀྱིས་ཁྱེད་ཅག་ནི་འདི་ལ་ལྷག་པར་ཆགས་པར་བྱས་ནས་ཡི་དགས་ལྦ་བ་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཚོད་མ་དང་མཉམ་པ་མ་ཡིན་པར་ཟས་བླང་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཆུ་སྲིན་བྱིས་པ་གསོད་ཀྱི་རི། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བྱེ་བྲག་མི་ཤེས་པ། ཉེས་པ་ནི་ཚོད་མ་དང་མཉམ་པར་ཟས་ལེན་པའོ། །དེ་ལ་ཚོད་མ་དང་མཉམ་པ་མ་ཡིན་པ་ཞེས་བྱ་བ་ནི་བཟའ་བ་གང་ལ་ཆོད་མ་དང་མཉམ་པ་དེ་ལྟར་ཚོད་མ་དང་མཉམ་པ་མ་ཡིན་པ་སྟེ། གང་གི་ཕྱིར་བཟའ་བར་བྱ་བའི་ཟས་གཡོས་སུ་བྱས་ཟིན་པ་ཐམས་ཅད་བསོད་སྙོམས་ཉིད་དུ་བསྟན་པ་ཡིན་པ་དེའི་ཕྱིར་ང་ལ་ཚོད་མ་འམ་བྱ་ན་ཅི་ཙམ་གྱིས་ཟས་རྡེགས་པ་
དང། འབྲུས་པར་དགོས་པའི་ཚད་ལས་མ་ལྷག་པར་དེ་ལྟར་ལེགས་པར་ཟས་བླང་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཚོད་མ་དང་མཉམ་པར་ལེན་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་གཉིས་པའོ།། །།མཐར་ཆགས་སུ་ཟས་བླང་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་སུ་རུང་གི་ཚལ་རི་དགས་ཀྱི་ནགས་ན་བཞུགས་སོ། །དྲུག་སྡེ་དག་ཟས་ཟ་བ་ན་ཚོད་མ་མི་ལེན་པར་ཕྱིས་ཐག་རིང་དུ་སོང་བ་དང་འབོད་པར་བྱེད་ནས་འབྲིམ་མཁན་དག་བྲེལ་བར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་མཐར་ཆགས་སུ་ཟས་བླང་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཆུ་སྲིན་བྱིས་པ་གསོད་ཀྱི་རི། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འཕྲལ་གྱི་བྱ་བ་མི་ཤེས་པ། ཉེས་པ་ནི་མཐར་ཆགས་སུ་མ་ཡིན་པར་ཟས་ལེན་པའོ། །དེ་ལ་མཐར་ཆགས་སུ་ཞེས་བྱ་བ་ནི་རྒན་རིམས་ཀྱང་རུང༌། རྒན་གཞོན་འཆོལ་བར་བཀད་ཀྱང་རུང༌། སྟན་ལ་འདུག་སྟེ་རིམ་པ་བཞིན་མཐར་ཆགས་སུ་ཟས་བླང་བར་བྱ་སྟེ། དེ་ལྟར་ལེགས་པར་ཟས་བླང་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མཐར་ཆགས་མ་ཡིན་པར་ལེན་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་པའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་གསུམ་པའོ།། །།ལྷུང་བཟེད་
ལ་བལྟ་ཞིང་ཟས་བླང་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་དེས་ཞལ་ཟས་བསོད་པ་ལྟ་གོན་བྱས་ནས་དེས་དང་པོར་ཟན་བྲིམ་པར་བརྩམས་པ་དང༌། དགེ་སློང་རྣམས་ཀྱིས་མང་དུ་བླང་བར་བརྩམས་པ་དང༌། དེས་སྨྲས་པ། འཕགས་པ་དག་བདག་གིས་ཞལ་ཟས་བསོད་པ་དག་ལྟ་གོན་བགྱིས་ཀྱིས་འདི་མང་དུ་མ་བཞེས་ཤིག །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ཁྱིམ་བདག་བཀྲེན་པ་འདི་རྣམས་འདིས་ཟན་ཡང་འགོག་པར་བྱེད་ཀྱིས་མང་དུ་བླང་ངོ་ཞེས་དེ་དག་གིས་མང་དུ་བླངས་སོ། །ཅི་ཙམ་ན་རྒན་པའི་མཐའ་ལོགས་སུ་བཅའ་བ་བསོད་པ་དག་འབྲིམ་པ་དྲུག་སྡེ་དག་གིས་མཐོང་ནས་དེ་དག་གི་འོག་ན་དགེ་སློང་རྒན་ཞུགས་ཞིག་འདུག་པ་འདི་རྒན་པའི་མཐའ་ལོགས་སུ་རྣམ་པར་ལྟ་བའི་ཚེ་དྲུག་སྡེ་དག་གིས་དེའི་ལྷུང་བཟེད་ཟན་གྱི་ཆང་བུས་བཀང་ངོ༌། །ཁྱིམ་བདག་དེས་བཅའ་བ་བསོད་པ་བྲིམ་པ་ན་རྒན་ཞུགས་དེ་ལ་བཅའ་བ་བྱིན་པ་དང་དེ་ལྷུང་བཟེད་ཀྱི་གཞིར་ལྟུང་ནས་དེས་ཁྱིམ་བདག་གི་གདོང་དུ་བལྟ་བར་བརྩམས་པ་དང༌། དེས་སྨྲས་པ། འཕགས་པ་ཅིའི་སླད་དུ་ཁྱོད་ཀྱིས་ཟན་མང་པོ་དག་བླངས། ཁྱིམ་བདག་བདག་གིས་མ་བླངས་སོ། །འོ་ན་འདི་དག་ག་ལས་མཆིས་མ་ཤེས་སོ། །དྲུག་སྡེ་དག་གིས་སྨྲས་པ། ཁྱིམ་བདག་རྒྱལ་པོ་ང་ལས་ནུ་ལ་ཉི་མ་བདུན་དུ་དབྱིག་གི་ཆར་བབ་ཅེས་གྲགས་པས་རྒན་ཞུགས་འདི་ལ་ཡང་དེ་དང་འདྲ་བར་ཟན་གྱི་ཆང་བུའི་ཆར་བབ་པོ། །དེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ལྷུང་བཟེད་ལ་བལྟ་ཞིང་ཟས་བླང་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་རྒན་ཞུགས། ཉོན་མོངས་པ་ནི་གཡེངས་པ། ཉེས་པ་ནི་ལྷུང་བཟེད་ལ་མི་ལྟ་བར་ཟས་ལེན་པའོ། །དེ་ལ་ལྷུང་བཟེད་ལ་བ་ལྟ་
བ་ཞེས་བྱ་བ་ནི་སྣོད་དུ་ཤེས་པར་བྱ་ཞིང་བླང་བ་སྟེ། གང་ལ་ལྷུང་བཟེད་ལ་ལྟ་བའི་འདུ་ཤེས་ཡོད་པའི་དགེ་སློང་དེ་ནི་ལྷུང་བཟེད་ལ་ལྟ་བའོ། །འདིར་ལྷུང་བཟེད་ལ་ལྟ་བ་ཞེས་བྱ་བ་ནི་ཡིད་ཀྱིས་ལྟ་བ་ལ་བྱའི། མིག་གི་དབང་པོས་ལྟ་བ་ནི་སྔར་གཉའ་ཤིང་གང་ཙམ་དུ་ལྟ་བའི་སྐབས་ཉིད་ཀྱིས་བསྡུས་ཟིན་ཏེ་དེ་ལྟར་བལྟ་ཞིང་ལེགས་པར་ཟས་བླང་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལྷུང་བཟེད་ལ་མི་ལྟ་བར་ལེན་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་བཞི་པའོ།། །། བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་བསོད་སྙོམས་ལ་ཞུགས་པ་ན་ཇི་སྲིད་དུ་བསོད་སྙོམས་མི་སྦྱིན་པ་དེ་སྲིད་དུ་ལྷུང་བཟེད་བཟེད་དེ་སྡོད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་ཅིའི་སླད་དུ་བཅའ་བ་དང་བཟའ་བ་མ་མཆིས་པར་ལྷུང་བཟེད་བཟེད་དེ་བཞེས་པར་མཛད་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་མཛད་ཅིག་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་འདི་ལ་དགོས་པ་ཡོད་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་
མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་བཟེད་པའོ། །དེ་ལ་བཟའ་བ་དང་བཅའ་བ་མ་འོངས་བར་ལྷུང་བཟེད་མི་བཟེད་པར་ཞེས་བྱ་བ་ནི་ཇི་སྲིད་དུ་བཟའ་བ་དང་བཅའ་བ་མངོན་སུམ་དུ་མ་འོངས་པ་དེ་སྲིད་དུ་ལྷུང་བཟེད་མི་བཟེད་པ་དེ་ལྟར་ལེགས་པར་ཟས་བླང་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་བཟེད་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་གོ །དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་ལྔ་པའོ།། །། ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དག་བ་ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་ཁྱིམ་བདག་དེ་ལ་འབྲས་ཆན་ནི་མང་ཚོད་མ་ནི་ཉུང་ནས་དྲུག་སྡེ་དག་གིས་འབྲས་ཆན་གྱིས་ཚོད་མ་བཀབ་པ་དང༌། ཁྱིམ་བདག་དེས་འབྲས་ཆན་མཐོང་ནས་སྨྲས་པ། འཕགས་པ་དག་སྐྱུ་རུམ་མ་མཆིས་སམ་ཅི་དེ་དག་གིས་སྨྲས་པ། ཁྱིམ་བདག་འདིར་ལྟོས་ཤིག་དེས་ཚོད་མ་གཞན་ཡང་བྱིན་ནོ། །ཡང་མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། ཁྱིམ་བདག་དེ་ལ་ཚོད་མ་ནི་མང་འབྲས་ཆན་ནི་ཉུང་ནས་དྲུག་སྡེ་དག་གིས་ཚོད་མས་འབྲས་ཆན་བཀབ་པ་དང༌། ཁྱིམ་བདག་དེས་ཚོད་མ་མཐོང་ནས་སྨྲས་པ། འཕགས་པ་དག་འབྲས་ཆན་མ་མཆིས་སམ་ཅི། དེ་དག་གིས་སྨྲས་པ། ཁྱིམ་བདག་འདིར་ལྟོས་ཤིག་དེས་འབྲས་ཆན་གཞན་ཡང་བྱིན་ནོ། །དགེ་
སློང་རྣམས་གཙུག་ལག་ཁང་དུ་དོང་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱིམ་བདག་སྔ་མ་དེས་འབྲས་ཆན་བཟང་པོ་བྱས་ན་འདི་ལྟར་ཚོད་མ་ཉུང་ངོ༌། །ཁྱིམ་བདག་ཕྱི་མ་དེས་ཚོད་མ་བཟང་པོ་བྱས་ན་འདི་ལྟར་འབྲས་ཆན་ཉུང་ངོ༌། །དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་ནི་སྔ་མར་ཡང་ཚོད་མ་མང་པོ་ཐོབ་ལ་ཕྱི་མར་ཡང་འབྲས་ཆན་མང་པོ་ཐོབ་བོ། །ཇི་ལྟར་དེ་དག་གིས་ཇི་ལྟར་གྱུར་པ་བརྗོད་པ་དང༌། དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་དེ་ལྟར་བྱར་རུང་ངམ་རུང་བ་ཡང་སྲིད་མི་རུང་བ་ཡང་སྲིད་དེ་ཁོ་བོ་ཅག་གིས་ནི་དེ་ལྟར་བྱས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་ལ་མི་དགབ་ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཡེབ་རྔམ། ཉེས་པ་ནི་ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཆོད་མ་འགེབས་པ་དང་ཚོད་མས་འབྲས་ཆན་འགེབས་པའོ། །དེ་ལ་ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ་ཚོད་མས་འབྲས་ཆན་མི་དགབ་པར་ཞེས་བྱ་བ་ནི་ཡང་ཐོབ་པར་བྱའོ་སྙམ་པའི་བསམ་བས་འབྲས་ཆན་གྱིས་ཚོད་མ་མི་དགབ་ཚོད་མས་འབྲས་ཆན་མི་དགབ་པ་སྟེ། དེ་ལྟར་ལེགས་པར་ཟས་བླང་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ཡང་འདོད་པའི་བསམ་པ་དང་གཅིག་གིས་གཅིག་འགེབས་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་དྲུག་པའོ།། །།བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་བསླབ་པར་བྱ་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་བཅའ་བ་དང་
བཟའ་བའི་སྟེང་དུ་ལྷུང་བཟེད་འཛིན་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དང་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ་འཕགས་པ་དག་གཙང་སྦྲ་ནི་ཐ་དད་པ་ལགས་ན་ཅིའི་སླད་དུ་བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་འཛིན་པར་མཛད། འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་མཛད་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་འཛིན་པའོ། །དེ་ལ་བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་བསླབ་པར་བྱའོ་ཞེས་བྱ་བ་ནི་བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་གཟུང་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བླང་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་བཟའ་བ་དང་བཅའ་བའི་སྟེང་དུ་ལྷུང་བཟེད་འཛིན་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ལེགས་པར་ཟས་བླང་བར་བསླབ་པར་བྱ་ཞེས་བྱ་བ་མན་ཆད་འདི་ཡན་ཆད་ཐམས་ཅད་ནི་གྲོང་དང་གཙུག་ལག་ཁང་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ་ལེགས་པར་ཟས་བླང་བར་བསླབ་པར་བྱ་བའི་སྤྲོས་པ་ཡིན་པར་སྦྱར་རོ། །བསླབ་པ་བཞི་བཅུ་བདུན་པའོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་བ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཞི་བཅུ་ལྔ་པ། སྡོམ་ལ། ཟས་ལ་ལེགས་པར་
བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །ལག་པ་བལྡག་ལ་སོགས་པ་ལྔ། །ཞེས་གསུངས་པ་ལ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་དགོས་པ་ནི་སྔ་མ་བཞིན་ནོ། །སྡོམ་གྱི་ཚིགས་སུ་བཅད་པ་འདིས་བསླབ་པ་ཉི་ཤུ་རྩ་གཅིག་བསྟན་པ་དག་ཀྱང་འོག་ནས་གཞུང་ཉིད་ལས་གོ་རིམས་བཞིན་དུ་བསྟན་པའོ། །སྡོམ་ལ། ཟས་ལ་ལེགས་པར་བྱ་བ་དྲུག །ཅེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་ལེགས་པར་ཟས་བཟའ་བར་བསླབ་པར་བྱ། ཁམ་ཧ་ཅང་ཆུང་བ་མ་ཡིན་པ་དང༌། ཁམ་ཧ་ཅང་ཆེན་པོ་མ་ཡིན་པ་དང༌། ཁམ་རན་པ་དང༌། ཁམ་མ་གཟས་པར་ཁ་མི་གདང་བ་དང༌། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ལེགས་པར་ཟས་བཟའ་བར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་རྣམ་པར་འགྱུར་བ་དག་གིས་ཟས་ཟ་བར་བྱེད་ནས། བྲམ་ཟ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་གཟུགས་འཚོང་མ་དག་འདི་ལྟར་འཚལ་བར་བགྱིད་པས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་རྣམ་པར་འགྱུར་བ་དག་གིས་ལེགས་པར་ཟས་ཟ་བར་མི་བྱེད་པའོ། །དེ་ལ་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་ཞེས་བྱ་བ་ནི་གྲོང་འབའ་ཞིག་ཏུ་མ་ཟད་ཀྱིས་གཞན་དུ་ཡང་རུང་སྟེ། ཁམ་ཧ་ཅང་ཆུང་བ་ལ་སོགས་པའི་རྣམ་པར་འགྱུར་བ་དག་
མི་བྱ་བར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །ལེགས་པར་ཟས་བཟའ་བར་བསླབ་པར་བྱ་ཞེས་བྱ་བ་འདི་ནི་མདོར་བསྟན་པ་ཡིན་ལ། འོག་ནས་ཁམ་ཧ་ཅང་ཆུང་བ་མ་ཡིན་བར་ཟས་བཟའ་བར་བསླབ་པར་བྱ་བ་ལ་སོགས་པ་ཉི་ཤུ་འབྱུང་བ་དག་ནི་འདིའི་སྤྲོས་པ་ཡིན་ཏེ་རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་བ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལེགས་པར་མི་བཟའ་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་བརྒྱད་བའོ།། །།ཁམ་ཧ་ཅང་ཆུང་བ་ཡང་མ་ཡིན་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ཁམ་ཧ་ཅང་ཆུང་ངུར་ཟ་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ་འཕགས་པ་དག་བྱིས་པ་ཁྱེའུ་དག་དང་རིགས་ཀྱི་མནའ་མ་དག་དང་གཟུགས་འཚོང་མ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས་ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཁམ་ཧ་ཅང་ཆུང་བ་མ་ཡིན་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཁམ་ཧ་ཅང་ཆུང་ངུར་ཟས་ཟ་བའོ། །དེ་ལ་ཁམ་ཧ་ཅང་ཆུང་བ་མ་ཡིན་པ་ཞེས་བྱ་བ་ལ་ཁམ་ཞེས་
བྱ་བ་ནི་ཁར་ཁམ་ཚད་དུ་གཞུག་ཅིང་མིད་པར་བྱ་བའི་ཕྱིར་ཁམ་ཞེས་པའོ། །དེ་ལ་ཧ་ཅང་ཆུང་བ་མ་ཡིན་པ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁམ་ཧ་ཅང་ཆུང་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་བཅུ་དགུ་པའོ།། །།ཁམ་ཧ་ཅང་ཆེན་པོ་མ་ཡིན་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ཁམ་ཧ་ཅང་ཆེན་པོར་ཟ་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དང་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་མུ་ཏོ་བ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཁམ་ཧ་ཅང་ཆེན་པོ་མ་ཡིན་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཁམ་ཧ་ཅང་ཆེན་པོར་ཟས་ཟ་བའོ། །དེ་ལ་ཁམ་ཧ་ཅང་ཆེན་པོར་མ་ཡིན་པར་ཞེས་བྱ་བ་ནི་ཁམ་ཧ་ཅང་ཆེན་པོར་ཡང་མ་ཡིན་པ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་
ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁམ་ཧ་ཅང་ཆེ་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་པའོ།། །།ཁམ་རན་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཡང་ཟན་ཟ་བ་ན་ཁ་མ་རན་པར་མ་ཡིན་པར་ཟ་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་མུ་ཏོ་བ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་བདག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཁམ་རན་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ་ཉེས་པ་ནི་ཁམ་རན་པར་མ་ཡིན་པར་ཟས་ཟ་བའོ། །དེ་ལ་ཁམ་རན་བར་ཞེས་བྱ་བ་ནི་རང་དང་མཐུན་པ་དང་འཇིག་རྟེན་དང་མཐུན་བའི་ཁམ་རན་པ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁམ་རན་པ་མ་ཡིན་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་
དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་གཅིག་པའོ།། །།ཁམ་མ་གཟས་པར་ཁ་མི་གདང་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲང་བ་དང༌། ཅི་ཙམ་ན་དྲུག་སྡེ་དག་གིས་འོག་ན་དགེ་སློང་རྒན་ཞུགས་ཤིག་འདུག་པ་ཁ་གདངས་ཏེ་རྒན་པའི་མཐའ་ལོགས་སུ་ལྟ་བར་བྱེད་པ་དང༌། ཉེ་དགས་དེའི་ཁར་བོང་པ་བཅུག་སྟེ། ཇེ་འདི་ཟོ་ཤིག་ཅེས་སྨྲས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཁམ་མ་གཟས་པར་ཁ་མི་གདང་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་རྒན་ཞུགས། ཉོན་མོངས་པ་ནི་རྡེ་ཆེ་བ། ཉེས་པ་ནི་ཁམ་མ་གཟས་པར་ཁ་གདངས་པའོ། །དེ་ལ་ཁམ་མ་གཟས་པར་ཞེས་བྱ་བ་ནི་ཇི་སྲིད་དུ་ཁམ་ཁའི་སྒོར་ཉེ་བར་མ་འོང་བར་དེ་སྲིད་དུ་ཁའི་སྒོ་གདང་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁམ་མ་གཟས་པར་ཁ་གདངས་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། །སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་གཉིས་པའོ།། །།ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁ་ཁམ་གྱིས་བཀང་སྟེ་སྨྲ་བར་བྱེད་པ་ན་སྐད་ཉམས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་གྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་
ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བརྐམ་བག །ཉེས་པ་ནི་ཁ་ཁམ་གྱིས་བཀང་སྟེ་སྨྲ་བའོ། །དེ་ལ་ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བ་ཞེས་བྱ་བ་ནི་ཁ་ཁམ་གྱིས་བཀང་སྟེ་ཁ་དེས་ཚིག་མི་སྨྲ་བར་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་ཟ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁ་ཁམ་གྱིས་བཀང་བ་དང་སྨྲ་བ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་གསུམ་པའོ།། །།སྡོམ་ལ། ཙུག་ཙུག་ལ་སོགས་རྣམ་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་ཙུག་ཙུག་མི་བྱ་བ་དང༌། བལྕག་བལྕག་མི་བྱ་བ་དང་ཧུ་ཧུ་མི་བྱ་བ་དང༌། ཕུ་ཕུ་མི་བྱ་བ་དང༌། ལྕེ་ཕྱུང་སྟེ་ཟས་མི་ཟ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ཙུག་ཙུག་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་དེས་ཚོད་མ་ཏེ་པོར་མངར་བ་དག་སྟ་གོན་བྱས་པ་དང༌། དྲུག་སྡེ་དག་གིས་ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་བོ་ཉེ་དགའ་ཚོད་མ་ཏེ་བོར་སྐྱུར་རོ། །ཁྱིམ་བདག་དེས་ཐོས་ནས་དེ་སྐྱེངས་ནས་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཙུག་ཙུག་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བསྟིང་སླད་ཀྱིས་བསམ་པ། ཉེས་པ་ནི་ཟས་མྱང་བ་ན་ཁ་སྒྲ་ཙུག་ཙུག་ཟེར་བའོ། །དེ་ལ་ཙུག་ཙུག་མི་བྱ་བར་བསླབ་
པར་བྱ་བ་ནི་ཙུག་ཙུག་ཟེར་ཞིང་ཟ་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁའི་རྣམ་པར་འགྱུར་བའི་སྒྲ་ཙུག་ཙུག་ཟེར་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་ཏེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་བཞི་པའོ།། །།བལྕག་བལྕག་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་དེས་ཚོད་མ་སྟེ་པོར་སྐྱུར་བ་དག་སྟ་གོན་བྱས་པ་དང༌། དྲུག་སྡེ་དག་གིས་ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་བོ་ཉེ་དགའ་ཚོད་མ་སྟེ་པོར་མངར་རོ། །ཁྱིམ་བདག་དེས་ཐོས་ནས་དེ་སྐྱེངས་ནས་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་བལྕག་བལྕག་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བསྟིང་སླད་ཀྱིས་བསམ་པ། ཉེས་པ་ནི་ཟས་མྱང་བ་ན་ཁའི་སྒྲ་བཅག་བཅག་ཟེར་བའོ། །དེ་ལ་བལྕག་བལྕག་མི་བྱ་བ་ཞེས་བྱ་བ་ནི་བལྕག་བལྕག་ཟེར་ཞིང་ཟས་ཟ་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁའི་རྣམ་པར་འགྱུར་བའི་སྒྲ་བལྕག་བལྕག་ཟེར་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་
ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་ལྔ་པའོ།། །།ཧུ་ཧུ་མི་བྱ་བར་ཟས་བཟའ་བར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་ཁྱིམ་བདག་དེ་ལ་སྣོད་སྤྱད་མེད་པས་དེས་འབྲས་ཆན་བཙོས་ཏེ་སྒྲོམ་དུ་བླུགས་པ་དང༌། དེ་ཚ་ནས་དྲུག་སྡེ་དག་གིས་ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་བོ་ཉེ་དགའ་འབྲས་ཆན་འདི་ཏེ་པོར་གྲང་གིས་ཁའི་དབུགས་ཀྱིས་བསྲོས་ཏེ་བཟའོ། །ཁྱིམ་བདག་དེས་ཐོས་ནས་དེ་སྐྱེངས་ཏེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཧུ་ཧུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བསྟིང་སླད་ཀྱིས་བསམ་པ། ཉེས་པ་ནི་ཟས་མྱང་བ་ན་ཁའི་སྒྲ་ཧུ་ཧུ་ཟེར་བའོ། །དེ་ལ་ཧུ་ཧུ་མི་བྱ་བ་ཞེས་བྱ་བ་ནི་ཧུ་ཧུ་ཟེར་ཞིང་ཟ་པར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁའི་རྣམ་པར་འགྱུར་བའི་སྒྲ་ཧུ་ཧུ་ཟེར་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་དྲུག་པའོ།། །།ཕུ་ཕུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་
དྲངས་ནས་དེས་འབྲས་ཆན་བཙོས་ཏེ་རེ་ལྡེར་བདལ་བ་དང་དེ་གྲངས་པར་གྱུར་ནས། དྲུག་སྡེ་དག་གིས་ཁས་སྒྲ་ཕྱུང་སྟེ་སྨྲས་པ། དགའ་བོ་ཉེ་དགའ་འབྲས་ཆན་འདི་ཏེ་པོར་ཚ་ཡིས་ཁའི་དབུགས་ཀྱིས་བསྒྲང་སྟེ་བཟའོ། །ཁྱིམ་བདག་དེས་ཐོས་ནས་དེ་སྐྱེངས་ཏེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཕུ་ཕུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བསྟིང་སླད་ཀྱིས་བསམ་པ། ཉེས་པ་ནི་ཟས་མྱང་བ་ན་ཁའི་སྒྲ་ཕུ་ཕུ་ཟེར་བའོ། །དེ་ལ་ཕུ་ཕུ་མི་བྱ་བ་ཞེས་བྱ་བ་ནི་ཕུ་ཕུ་ཟེར་ཞིང་ཟས་བཟའ་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁའི་རྣམ་པར་འགྱུར་བའི་སྒྲ་ཕུ་ཕུ་ཟེར་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ། ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་བདུན་པའོ།། །།ལྕེ་ཕྱུང་སྟེ་ཟས་མི་ཟ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ལྕེ་ཕྱུང་སྟེ་ལྟ་ཞིང་མཆུ་གཉིས་ལ་ལྡག་པར་བྱེད་ནས་དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཅིའི་ཕྱིར་ལྕེ་ཕྱུང་སྟེ་ལྟ་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་མ་བཅས་པར་མིད་ན་མི་རུང་བས་དེ་ལྟའོ། །དེ་དག་སྨོད་པར་བྱེད་པའི་སྐབས་དེ་དག་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མི་དགོས་པར་བྱེད་པ། ཉེས་པ་ནི་
ལྕེ་ཕྱུང་སྟེ་ཟས་ཟ་བའོ། །དེ་ལ་ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཟན་ཟ་བ་ན་ལྕེ་ཕྱུང་སྟེ་ཟ་བར་མི་བྱ་བར་བྱ་བ་སྟེ་དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལྕེ་ཕྱུང་སྟེ་ཟ་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་བརྒྱད་པའོ།། །།སྡོམ་ལ། འབྲུ་ནས་ཐ་དད་བྱེད་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི། འབྲུ་ནས་ཐ་དད་དུ་མི་བྱ་བ་དང༌། འཕྱས་མི་གདགས་པ་དང༌། མཁུར་བ་མི་སྤོ་བ་དང༌། རྐན་མི་གཏོགས་པ་དང༌། ཁམ་འཕྲོ་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་འབྲུ་ནས་ཐ་དད་དུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་འབྲས་ཆན་འབྲུ་རེ་རེ་ནས་ཐུ་ཞིང་ཟ་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་དྭ་དག་དང༌། རྒྱན་པོ་པ་དག་དང་ནལ་གྱི་བུ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་འབྲུ་ནས་ཐ་དད་དུ་མི་བྱ་བར་ཟས་བཟའ་བར་བསླབ་པར་བྱ་བའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་འབྲས་ཆན་འབྲུ་རེ་རེ་ནས་བཏུ་
ཞིང་ཟ་བའོ། །དེ་ལ་འབྲུ་ནས་ཐ་དད་དུ་མི་བྱ་བ་ཞེས་བྱ་བ་ལ་འབྲུ་ཞེས་བྱ་བ་ནི་འབྲས་ཆན་ལ་སོགས་པའི་འབྲུ་སྟེ་ཟན་གང་ལ་འབྲུ་དེ་ལྟ་བུ་ཡོད་པས། དེ་དག་རེ་རེ་ནས་བཏུ་ཞིང་བཟའ་བར་མི་བྱ་བ་སྟེ་དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་འབྲུ་ནས་ཐ་དད་དུ་བྱེད་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་ལྔ་བཅུ་དགུ་པའོ།། །།འཕྱས་མི་གདགས་པར་ཟས་བཟའ་བ་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟབ་ན་དགའ་བོ་ཉེ་དགའ་ཚོད་མ་འདི་དག་ཧ་ཅང་ཁའོ། །ཧ་ཅང་སྐྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་འཕྱས་མི་གདགས་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་གཞན་གྱི་ཡིད་མི་སྲུང་བ། ཉེས་པ་ནི་ཟས་ལ་འཕྱས་འདོགས་པའོ། །དེ་ལ་འཕྱས་མི་གདགས་པ་ཞེས་བྱ་བ་ནི་ཟས་ལ་འཕྱ་སྨོད་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་འཕྱས་འདོགས་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དྲུག་ཅུ་པའོ།། །།མཁུར་བ་མི་སྤོ་བར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་
རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་མཁུར་བ་ནས་མཁུར་བར་ཁམ་སྤོ་ཞིང་ཟ་བར་བྱེད་པ་ནས། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་མུ་ཏོ་བ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་མཁུར་བ་མི་སྤོ་བར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་མཁུར་བ་ནས་མཁུར་བར་ཁམ་སྤོ་ཞིང་ཟ་བར་བྱེད་པའོ། །དེ་ལ་མཁུར་བ་མི་སྤོ་བར་ཞེས་བྱ་བ་ནི་མཁུར་བ་གཉིས་དག་གལ་བཞིན་དུ་བཀང་དེ་གཡས་གཡོན་སྤོ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་ནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མཁུར་བ་སྤོ་བ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དྲུག་ཅུ་གཅིག་པའོ།། །།རྐན་མི་གཏོགས་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་རྐན་སྒྲ་གཏོགས་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་
བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང༌། མུ་ཏོ་བ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་མཛད་ཅིག །དེ་དག་གིས་སྨྲས་པ། བཞིན་བཟངས་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་འདི་ལ་དགོས་པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་རྐན་མི་གཏོགས་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ་ཉེས་པ་ནི་ཟན་ཟ་བ་ན་རྐན་སྒྲ་གཏོགས་པར་བྱེད་པའོ། །དེ་ལ་རྐན་སྒྲ་མི་གཏོགས་པ་ཞེས་བྱ་བ་ནི་ལྕེས་རྐན་གཏོགས་ཤིང་ཟས་བཟའ་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་རྐན་གཏོགས་པ་དང་ཟས་ཉིད་དོ། །འདི་ལ་ཡང་ཡན་ལག་ནི་གཅིག་ཏེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དྲུག་ཅུ་གཉིས་པའོ།། །།ཁམ་འཕྲོར་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟབ་ན་ཁམ་བླངས་ནས་ཕྱེད་ཁར་འཇུད་ཅིང་ཕྱེད་ལྷུང་བཟེད་དུ་ལྷུང་བར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་བྱིས་པ་ཁྱེའུ་དག་དང་གཟུགས་འཚོང་མ་དག་འདི་ལྟར་འཚལ་བས་འདི་ནི་ཚུལ་དང་མཐུན་པ་མ་ལགས་ཀྱིས་འདི་ལྟར་མ་གསོལ་ཅིག །དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ལ་དགོས་པ་ཡོད་དོ། །འཕགས་པ་དག་འདི་ལ་དགོས་
པ་གང་ལགས། ཇེ་དང་པོར་ཁྱེད་ཅག་ཉིད་མི་ཤེས་པ་དང་བྲལ་བ་དང་བསླབས་པར་གྱུར་པའོ། །དེ་དག་རྒྱ་ཆེར་སྨོད་པ་ལ་ཞུགས་པ་ཐོས་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དགོངས་པ། ཁྱིམ་པ་དག་ཟེར་བ་བདེན་ནོ་སྙམ་ནས་སྔ་མ་བཞིན་དུ་ཁམ་འཕྲོར་མི་གཅོད་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཚུལ་དང་མཐུན་པ་མ་ཡིན་པ། ཉེས་པ་ནི་ཁམ་འཕྲོར་བཅད་ཅིང་ཟ་བའོ། །དེ་ལ་ཁམ་འཕྲོར་མི་བཅད་པར་ཟས་ཟ་བར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཁམ་འཕྲོར་བཅད་ཅིང་ཟན་བཟའ་བར་མི་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཁམ་འཕྲོར་གཅོད་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དྲུག་ཅུ་གསུམ་པའོ།། །།སྡོམ་ལ། ལག་པ་བལྡག་ལ་སོགས་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་ལག་པ་མི་བལྡག་པ་དང༌། ལྷུང་བཟེད་མི་བྱོག་པ་དང༌། ལག་པ་མི་སྤྲུག་པ་དང༌། ལྷུང་བཟེད་མི་བསྐྱོམ་པ་དང༌། མཆོད་རྟེན་འདྲ་བ་བཅོས་སྟེ་ཟས་མི་བཟའ་བར་བསླབ་པར་བྱ་བའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ལག་པ་མི་བལྡག་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ལག་པ་ལྡག་པར་བྱེད་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཅིའི་ཕྱིར་མི་མཛེས་པ་འདི་ལྟ་བུ་དག་བྱེད། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་སྙིང་པོ་གང་ཡིན་པ་དེ་ནི་འདི་ལ་ཆགས་སོ། །དེ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ལག་པ་མི་བལྡག་པར་ཟས་བཟའ་བར་
བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མི་མཛེས་པ། ཉེས་པ་ནི་ཟན་ཟ་བ་ན་ལག་པ་བལྡག་པའོ། །དེ་ལ་ལག་པ་མི་བལྡག་པ་ཞེས་བྱ་བ་ནི་ཟས་གང་ལ་ལག་པ་བལྡག་པ་ཡོད་པ་ནི་མི་བལྡག་པ་སྟེ་དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་བལྡག་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དྲུག་ཅུ་བཞི་པའོ།། །།ལྷུང་བཟེད་མི་བྱོག་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ལྷུང་བཟེད་བྱོག་པར་བྱེད་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཅིའི་ཕྱིར་མི་མཛེས་པ་འདི་ལྟ་བུ་དག་བྱེད། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་སྙིང་པོ་གང་ཡིན་པ་དེ་འདི་ལ་ཆགས་སོ། །དེ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ལྷུང་བཟེད་མི་བྱོག་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མི་མཛེས་པ། ཉེས་པ་ནི་ལྷུང་བཟེད་བྱོག་པའོ། །དེ་ལ་ལྷུང་བཟེད་མི་བྱོག་པ་ཞེས་བྱ་བ་ནི་ལྷུང་བཟེད་གང་ལ་བྱོག་པར་བྱ་བ་ཡོད་པ་དེ་སོར་མོས་མི་བྱོག་པ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལྷུང་བཟེད་བྱོག་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་
བའི་སྒྲུབ་པ་ཉིད་དག་ལ་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དྲུག་ཅུ་ལྔ་པའོ།། །།ལག་པ་མི་སྤྲུག་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ལག་པ་སྤྲུག་པར་བྱེད་པས་དགེ་སློང་རྣམས་ལག་པའི་ཆུས་ཕོག་ནས་དེ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ལག་པ་མི་སྤྲུག་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཐག་ནི་དྲུག་སྡེ། ཉོན་མོངས་པ་ནི་བག་མེད་པ། ཉེས་པ་ནི་ཟས་ཟ་བ་ན་ལག་པ་སྤྲུག་པའོ། །དེ་ལ་ལག་པ་མི་སྤྲུག་པ་ཞེས་བྱ་བ་ནི་ལག་པ་ལ་ཟས་ཆགས་པ་སྤྲུག་པར་མི་བྱ་བ་དང༌། ཡང་ན་ལག་པ་ལ་ཟས་ཆགས་པ་ལྕེའི་སྟེང་དུ་སྤྲུག་པར་མི་བྱ་བ་སྟེ་དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་སྤྲུག་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དྲུག་ཅུ་དྲུག་པའོ།། །།ལྷུང་བཟེད་མི་བསྐྱམ་པར་ཟས་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་དེ་དག་གི་འོག་ནས་དགེ་སློང་སྣམ་སྦྱར་དམར་སེར་ཅན་ཞིག་འདུག་ནས་དྲུག་སྡེ་དག་གིས་སྨྲས་པ་དགའ་བོ་ཉེ་དགའ་བཀྲེན་པ་འདིའི་སྙིང་ལམ་ན། ཡུ་བུ་ཅག་གིས་སྔོན་ལན་འགའ་ཡང་སྣམ་སྦྱར་འདི་ལྟ་བུ་གྱོན་པ་མ་མྱོང་སྙམ་གྱིས་འདི་མི་དགའ་བར་བྱའོ་ཞེས་དེ་དག་གིས་ལྷུང་བཟེད་བསྐྱམ་པ་དང༌། དགེ་སློང་དེའི་སྣམ་སྦྱར་ལྷུང་བཟེད་ཀྱི་ཆུས་མ་རུང་བར་གྱུར་ནས་དེ་སྨོད་པ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ལྷུང་བཟེད་མི་བསྐྱམ་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་
ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཕྲག་དོག །ཉེས་པ་ནི་ཟན་བཟའ་བན་ལྷུང་བཟེད་བསྐྱམ་པའོ། །དེ་ལ་ལྷུང་བཟེད་མི་བསྐྱམ་པ་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་ནང་དུ་ཟས་ལ་སོགས་པ་བླུགས་ཏེ་བསྐྱམ་པར་མི་བྱ་བ་དང༌། ཡང་ལྷུང་བཟེད་ཀྱི་ནང་དུ་ཟས་བླུགས་ཏེ་ལྕི་ཡང་ཅི་ཡོད་པ་ལག་སྲང་ལ་མི་གདབ་པ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་བ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱིད་པ་པོ་ནི་ལྷུང་བཟེད་བསྐྱམ་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་བ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་བ་དྲུག་ཅུ་བདུན་པའོ།། །།མཆོད་རྟེན་འདྲ་བ་བཅོས་ཏེ། ཟས་མི་བཟའ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་གཅེར་བུ་བདག་ལ་མངོན་པར་དད་དོ། །དུས་གཞན་ཞིག་ན་བཅོམ་ལྡན་འདས་ལ་མངོན་པར་དད་པར་གྱུར་ནས། དེས་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས་དེར་ཕྱེ་དག་བྲིམས་པ་དང༌། དྲུག་སྡེ་དག་གིས་དེ་དག་སྦྲུས་སྟེ་མཆོད་རྟེན་འདྲ་བར་རྣམ་པར་བཞག་གོ །ལ་ཕུག་གི་ཕྱེ་ཚལ་དག་བྲིམས་པ་དང༌། དེ་ཡང་དེ་ཉིད་ལ་བཙུགས་ཏེ་སྲོག་ཤིང་འདྲ་བར་རྣམ་པར་བཞག་གོ །ཁུར་བདག་བྲིམས་པ་དང༌། དེ་ཡང་ལ་ཕུག་དེ་ཉིད་ཀྱི་སྟེང་དུ་གདུགས་འདྲ་བར་རྣམ་པར་བཞག་གོ །དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་མཆོད་རྟེན་འདི་ནི་ངན་འགྲོ་རྫོགས་པར་བྱེད་པ་རྫོགས་བྱེད་ཀྱི་ཡིན་ནོ་ཞེས་ཟེར་རོ། །ཡང་བཅོམ་སྟེ་ཟ་ཞིང་སྨྲས་བ་དགའ་བོ་ཉེ་དགའ་ངན་འགྲོ་རྫོགས་པར་བྱེད་པ་རྫོགས་བྱེད་ཀྱི་མཆོད་རྟེན་རྡིབ་བོ་ཞེས་ཟེར་བ་ལ་ཁྱིམ་བདག་དེས་ཐོས་ནས་དེས་སྨྲས་པ། འཕགས་པ་དག་བདག་ནི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་དང་བྲལ་བ་ལགས་ན་ཁྱེད་ཅག་ད་དུང་དུ་ཞེ་སྡང་དང་མ་བྲལ་ལོ། །དེ་དག་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་མཆོད་རྟེན་འདྲ་
བ་བཅོམ་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ཞེ་སྡང་དང་མ་བྲལ་བ། ཉེས་པ་ནི་ཟས་ལ་མཆོད་རྟེན་འདྲ་བར་རྣམ་པར་བཅོམ་སྟེ་ཟ་བའོ། །དེ་ལ་མཆོད་རྟེན་འདྲ་བ་བཅོམ་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ། ཞེས་བྱ་བ་ནི་ཟན་ལ་མཆོད་རྟེན་གྱི་དབྱིབས་འདྲ་བར་བྱས་ཏེ་གཞོམ་ཞིང་མི་བཟའ་བར་བསླབ་པར་བྱ་བ་སྟེ། དེ་ལྟར་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་མཆོད་རྟེན་འདྲ་བར་རྣམ་པར་གཞག་པ་བཅོམ་པ་དང་ཟས་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བྱ་བ་མན་ཅད་འདི་ཡན་ཅད་ཐམས་ཅད་ནི་གྲོང་དང་གཙུག་ལག་ཁང་ལ་སོགས་པ་གནས་སྐབས་ཐམས་ཅད་དུ་ལེགས་པར་ཟས་བཟའ་བར་བསླབ་པར་བྱ་བ་དེའི་སྤྲོས་པ་ཡིན་པར་སྦྱར་རོ། །བསླབ་པ་དྲུག་ཅུ་བརྒྱད་པའོ།། །།སྡོམ་ལ། འཕྱ་ལ་སོགས་པ་རྣམ་བ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །འགྲེང་བར་བྱེད་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ཆེན་ལ་སོགས་ཞོན་པ་ལྔ། །ལག་ན་དབྱུག་པ་ལ་སོགས་དྲུག །ན་བ་རྣམ་པ་བཞི་རྣམས་སོ། །ཞེས་གསུངས་པ་ལ། སྡོམ་ལ་ཞེས་བྱ་བ་ནི་ཚིག་གི་དོན་དང་དགོས་པ་ནི་སྔ་མ་བཞིན་ནོ། །སྡོམ་གྱི་ཚིགས་སུ་བཅད་པ་འདི་དག་གིས་བསླབ་པ་བཞི་བཅུ་རྩ་བཞི་བསྟན་པ་དག་ཀྱང་འོག་ནས་གཞུང་ཉིད་ལས་གོ་རིམས་བཞིན་དུ་སྟོན་ཏོ། །སྡོམ་ལ། འཕྱ་བ་ལ་སོགས་རྣམ་པ་བཞི། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་དྲུང་ན་འདུག་བའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱ། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱ། དྲུང་ན་འདུག་པའི་དགེ་
སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱ། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟས་ཟབ་ན་དེ་དག་གི་དྲུང་ན་འདུག་པའི་དགེ་སློང་མང་དུ་ཟ་བ་དག་དང༌། དྲུག་སྡེ་དག་འཕྱས་འདོགས་ཤིང༌། དགའ་བོ་ཉེ་དགའ་རྒན་ཞུགས་འདི་མང་པོ་འདི་སྙེད་ཟ་བ་ལ་ལྟོས་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་འཕྱས་སྨོད་ཀྱི་ཉེས་རྩོམ། ཉེས་པ་ནི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་བལྟ་བའོ། །དེ་ལ་དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བ་ཞེས་བྱ་བ་ནི་གང་ལ་འཕྱས་གདགས་པའི་ཕྱིར་བལྟ་བའི་ངང་ཚུལ་ཡོད་པ་དེ་ནི་འཕྱས་གདགས་པའི་ཕྱིར་ལྟ་བ་སྟེ། དེ་ལྟར་འཕྱས་སྨོད་ཀྱི་ཉེས་རྩོམ་མི་བྱ་བར་བསླབ་པར་བྱ་བའོ། །དྲུང་ན་འདུག་པ་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་དོ། །ཐག་རིང་པོ་ན་འདུག་པ་ཡང་འདིས་བསྡུས་པར་རིག་པར་བྱའོ། །བསླབ་པ་འདི་དང་འོག་མ་གསུམ་ནི་ཉེས་རྩོམ་མི་བྱ་བར་བསླབ་པར་བྱ་བ་སྟེ་འདི་ནི་མདོར་བསྟན་པ་ཡིན་ནོ། །འོག་མ་གསུམ་ནི་དེའི་སྤྲོས་པ་ཡིན་ཏེ། རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་འདོགས་པ་དང་ལྟ་བ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་
ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་དྲུག་ཅུ་དགུ་པའོ།། །།ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་འཛིན་པར་བྱེད་ནས་མ་དད་པ་དག་ཤཱཀྱའི་བུའི་དགེ་སྦྱོང་དག་ནི་ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་འཛིན་པས། གཙང་སྒྲ་མེད་པ་ཡིན་ནོ་ཞེས་ཅོ་འདྲི་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་གཙང་སྦྲ་མེད་པའི་ཉེས་རྩོམ། ཉེས་པ་ནི་ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་འཛིན་པའོ། །དེ་ལ་ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་ཞེས་བྱ་བ་ནི་ལག་པ་ཟས་དང་འབགས་པས་བྱ་མ་བུམ་ལ་སོགས་པའི་ཆུ་སྣོད་ལ་མི་གཟུང་བ་སྟེ། དེ་ལྟར་གཙང་སྦྲ་མེད་པའི་ཉེས་རྩོམ་མི་བྱ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལག་པ་ཟས་དང་འབགས་པ་དང་ཆུ་སྣོད་ལ་འཛིན་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བདུན་ཅུ་པའོ།། །།དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་ཁྱིམ་གཞན་དུ་ཟན་ཟ་བ་ན་དེ་དག་གི་འོག་ན་དགེ་སློང་སྣམ་སྦྱར་དམར་སེར་ཅན་ཞིག་འདུག་ནས་དྲུག་སྡེ་དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བཀྲེན་པ་འདིའི་སྙིང་
ལམ་ན་ཡུ་བུ་ཅག་གིས་སྔོན་འགའ་ཡང་སྣམ་སྦྱར་འདི་ལྟ་བུ་གྱོན་མ་མྱོང་སྙམ་གྱིས་འདི་ནི་མི་དགའ་བར་བྱའོ་ཞེས་དེ་དག་གིས་ཟས་དང་འབགས་པའི་ཆུས་གཏོར་བ་དང༌། དེ་སྨོད་པ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་གནོད་པར་བྱེད་པའི་ཉེས་རྩོམ། ཉེས་པ་ནི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་གཏོར་བའོ། །དེ་ལ་དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་གཏོར་བར་མི་བྱ་བ་སྟེ། དེ་ལྟར་གནོད་པར་བྱེད་པའི་ཉེས་རྩོམ་མི་བྱ་བར་བསླབ་པར་བྱ་བའོ། །འདིར་ཡང་དྲུང་ན་འདུག་པ་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་དོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཟས་དང་འབགས་པའི་ཆུ་དང་དགེ་སློང་ལ་འཐོར་བ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་འདི་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །བསླབ་པ་བདུན་ཅུ་གཅིག་པའོ།། །།ཁྱིམ་པ་འདུག་པ་ལམ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རིལ་འཇིགས་སུ་རུང་གི་ནགས་རི་དགས་ཀྱི་ཚལ་ན་བཞུགས་སོ། །རྒྱལ་བུ་རྟོགས་ལྡན་གྱིས་ཁང་བཟངས་པདྨ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པ་དེར་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ་བཤོས་གསོལ་བ་ན་དྲུག་སྡེ་དག་གིས་ལྷུང་བཟེད་ཀྱི་ཆུ་དེ་ཉིད་ཕོ་བ་དང༌། འབྲིམ་མཁན་དག་འཕགས་པ་དག་རྒྱལ་བུ་རྟོགས་ལྡན་གྱི་ཁང་བཟངས་པདྨ་ཅན་ཚོན་བརྒྱ་རྩ་གཅིག་གིས་བྲིས་པའི་ས་གཞི་ཁྱེད་ཀྱིས་མ་རུང་བར་བྱས་སོ། །ཞེས་སྨོད་པར་བྱེད་པ་དང༌། དྲུག་སྡེ་དག་གིས་སྨྲས་པ། རྒྱལ་བུ་རྟོགས་ལྡན་གྱིས་རེ་ཞིག་འདི་ལ་ལྷག་པར་ཆགས་པར་བྱས་ནས་གང་དུ་སྐྱེ་བར་འགྱུར་བ་ནི་མ་ཤེས་ཀྱི་ཁྱེད་ཅག་ནི་འདི་ལ་ལྷག་
པར་ཆགས་པར་བྱས་ནས་ཡི་དགས་ལྦ་བ་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་དག་སྨོད་པ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཆུ་སྲིན་བྱིས་པ་གསོད་ཀྱི་རི། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་ས་གཞི་མ་རུང་བར་བྱེད་པའི་ཉེས་རྩོམ། ཉེས་པ་ནི་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་ཕོ་བའོ། །དེ་ལ་ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བ་ཞེས་བྱ་བ་ནི་ཁྱིམ་པ་དག་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་པའི་ཁྱིམ་གཞན་དུ་དབོ་བར་མི་བྱ་བ་སྟེ་དེ་ལྟར་ས་གཞི་མ་རུང་བར་གྱུར་པའི་ཉེས་རྩོམ་མི་བྱ་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ཆུ་ཟས་དང་འབགས་པ་དང་ཁྱིམ་གཞན་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བཞི་པོ་དེ་དག་གི་ཉེས་རྩོམ་མི་བྱ་བར་བསླབ་པ་མདོར་བསྟན་པ་དང༌། དེའི་སྤྲོས་པ་ཡིན་པར་སྦྱར་རོ། །བསླབ་པ་བདུན་ཅུ་གཉིས་པའོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཞི་བཅུ་དྲུག་པ། སྡོམ་ལ། ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ། །འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་བསླབ་པར་བྱ། གད་ཀ་མ་ཡིན་པ་དང༌། གཡང་ས་མ་ཡིན་པ་དང༌། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་གཞག་པར་བསླབ་པར་བྱ། འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱ། གད་ཀ་མ་ཡིན་པ་དང༌། གཡང་ས་མ་ཡིན་པ་དང༌། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱ།
འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེའི་བུན་བར་གྱུར་ནས་དེ་སྨན་པའི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་ཁོ་བོའི་བུན་བས་སྨན་སྟོན་ཅིག །སྨན་པ་དེ་དད་པ་ཅན་ཞིག་ཡིན་པས་དེས་སྨྲས་པ། བྲམ་ཟེ་འཕགས་པ་རྣམས་ཀྱི་ལྷུང་བཟེད་ཀྱི་ཆུས་ཁྲུས་གྱིས་ཤིག །དེ་རྒྱལ་བྱེད་ཀྱི་ཆལ་དུ་སོང་སྟེ་ཉེ་དགའ་ལ་སྨྲས་པ། འཕགས་པ་བདག་གི་བུ་བྲོ་འཚལ་ཏེ་དེ་ལ་འཕགས་པ་དག་གིས་ལྷུང་བཟེད་ཀྱི་ཆབ་ཅིག་འཚལ་ན་སྩལ་དུ་གསོལ། དེས་སྨྲས་པ་བྲམ་ཟེ་འདི་ཉིད་དུ་རེ་ཞིག་སྡོད་ཅིག་དང་ལྷུང་བཟེད་ཀྱི་ཆུ་ཁྱེར་ཏེ་འོང་ངོ༌། །དེས་གཙུག་ལག་ཁང་དུ་སོང་སྟེ་ལྷུང་བཟེད་དུ་ཕྱེ་ཉུང་ཤས་ཞིག་དང༌། འབྲས་ཆན་ཉུང་ཤས་ཞིག་དང༌། ཁུར་བ་ཉུང་ཤས་ཞིག་དང༌། ཤ་ཉུང་ཤས་ཞིག་དང༌། རུས་པ་ཉུང་ཤས་ཞིག་བླུགས་ནས་ཕྱིར་བྱུང་སྟེ་སྨྲས་པ། བྲམ་ཟེ་ལོངས་ཤིག །བྲམ་ཟེ་དེས་མཐོང་ནས་སྨྲས་པ། འཕགས་པ་ཁྱེད་ཀྱི་ལྷུང་བཟེད་ཀྱི་ཆབ་འདི་ལྟ་བུའམ། བྲམ་ཟེ་འདི་ལྟ་བུའོ། །འཕགས་པ་བདག་གི་བུ་གུམ་པ་ནི་ལེགས་ཀྱིས་འདི་ལྟ་བུའི་མི་གཙང་བས་བཀྲུ་བ་ནི་མི་རུང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ། །འདི་ལྟར་གང་ལྷུང་བཟེད་ཀྱི་ཆུ་སློང་བ་དེ་ལ་ལྷུང་བཟེད་ལན་གསུམ་བཀྲུས་ཏེ་གཙུག་ལག་ཁང་གི་ཚིགས་སུ་བཅད་པ་དག་གི་བཟླས་བརྗོད་བྱས་པའི་ལྷུང་བཟེད་ཀྱི་ཆུ་སྦྱིན་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བརྙས་ཐབས། ཉེས་པ་ནི་ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་པའོ། །དེ་ལ་ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བ་ཞེས་བྱ་བ་ནི་ཤིང་ཐོག་ལ་སོགས་པ་ཕྱེད་ཕྱེད་ཟོས་པ་ངན་མར་གྱུར་པ་ལྷུང་བཟེད་ཀྱིས་
མི་དོར་བར་བསླབ་པར་བྱའོ། །འདི་ནི་ལྷུང་བཟེད་མིག་བཞིན་དུ་ཡོངས་སུ་བསྐྱང་བར་བྱ་བའོ་ཞེས་གསུངས་པའི་བསླབ་བ་མདོར་བསྟན་པ་ཡིན་ལ་འོག་ནས་འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་བསླབ་པར་བྱ་བ་ལ་སོགས་པ་དགུ་འབྱུང་བ་དག་ནི་འདིའི་སྤྲོས་པ་ཡིན་ཏེ། རྣམ་པ་གཞན་བསྟན་པ་ནི་མ་ཡིན་ཏེ། དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་ལྷུང་བཟེད་དང་ཟས་ཀྱི་ལྷག་མ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བདུན་ཅུ་གསུམ་པའོ།། །།འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་བསླབ་པར་བྱ་བ་དང་གད་ཀ་མ་ཡིན་པ་ངང་གཡངས་མ་ཡིན་པ་དང༌། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཞག་པར་བསླབ་པར་བྱ་བ་དང༌། འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱ་བ་དང༌། གད་ཀ་མ་ཡིན་པ་དང༌། གཡངས་མ་ཡིན་པ་དང༌། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱ་བ་དང༌། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་བསླབ་པར་བྱ་བ་དགུའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་འཇོག་པར་བྱེད་ནས་དེ་བཙས་ཟོས་པ་དང་གད་ཀ་དང་གཡངས་དང༌། དཀན་གཟར་པོར་ལྷུང་བཟེད་འཇོག་པར་བྱེད་ནས་དེ་འདྲིལ་ཏེ་ཆག་པ་དང་འགྲེང་སྟེ་ལྷུང་བཟེད་འཁྲུ་ནས་དེ་ཤོར་ཏེ་ཆག་པ་དང་གད་ཀ་དང་གཡངས་དང༌། དཀན་གཟར་པོར་ལྷུང་བཟེད་འཁྲུ་བར་བྱེད་ནས་དེ་ཤོར་ཏེ་འདྲིལ་བ་ནས་ཆག་པ་དང་འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་འཆུ་བར་བྱེད་ནས་དེ་ཤོར་ཏེ་ཆུས་ཁྱེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་སྔ་མ་བཞིན་དུ་འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་
གཞག་པར་བསླབ་པར་བྱ། གད་ཀ་མ་ཡིན་པ་དང་གཡངས་མ་ཡིན་པ་དང༌། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཞག་པར་བསླབ་པར་བྱ། འགྲེང་སྟེ་ལྷུང་བཟེད་མི་འཁྲུ་བར་བསླབ་པར་བྱ། གད་ཀ་མ་ཡིན་པ་དང་གཡང་ས་མ་ཡིན་པ་དང་དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱ། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་ཆོས་འདི་པ་དག །ཉོན་མོངས་པ་ནི་ཤེས་བཞིན་མ་ཡིན་པ། ཉེས་པ་ནི་འོག་གཞི་མེད་པའི་ས་ཕྱོགས། གད་ཀ་དང་གཡངས་དང་དཀན་གཟར་པོར་ལྷུང་བཟེད་འཇོག་པ་དང༌། འགྲེང་བཞིན་དུ་དང་གཡངས་དང༌། དཀན་གཟར་པོར་ལྷུང་བཟེད་འཁྲུ་བ་དང༌། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་འཆུ་བ་དང༌། དེ་ལ་འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་བཞག་པ་ཞེས་བྱ་བ་ནི་ལོ་མ་ལ་སོགས་པ་དག་གིས་མ་གཡོགས་པར་འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པའོ། །གད་ཀ་མ་ཡིན་པ་ཞེས་བྱ་བ་ནི་ངོས་ཆད་པའི་ངམ་གྲོག་གི་ཁ་ཡིན་པའོ། །གཡངས་མ་ཡིན་པ་ཞེས་བྱ་བ་ནི་བྱིན་གྱིས་གཞོལ་བའི་གཡངས་མ་ཡིན་པའོ། །དཀན་གཟར་པོ་མ་ཡིན་པ་ཞེས་བྱ་བ་ནི་བར་རིམ་བཞི་པ་མ་ཡིན་པར་རོ། །འགྲེང་སྟེ་ཞེས་བྱ་བ་ནི་འགྲེང་བཞིན་དུའོ། །འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བ་ཞེས་བྱ་བ་ནི་ལྷུང་བཟེད་དེས་འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ཆུ་མི་བཅུ་བ་སྟེ་དེ་ལྟར་ལྷུང་བཟེད་ཀྱིས་ཉེས་པ་དེ་དག་མི་བྱ་བར་ལྷུང་བཟེད་མིག་བཞིན་དུ་ཡོངས་སུ་བསྐྱང་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དེ་དག་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདི་དག་གི་བྱེད་པ་པོ་ནི་ལྷུང་བཟེད་འོག་གཞི་མེད་པའི་ས་ཕྱོགས་དང༌། གད་ཀ་དང་གཡངས་དང༌། དཀན་གཟར་པོ་དང༌། འགྲེང་བ་དང་འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་པ་ཉིད་དོ། །འདི་དག་ལ་ཡན་ལག་ནི་རེ་རེ་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་
རིགས་པར་ན་སྨོད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ་ཞེས་བྱ་བ་མན་ཆད་འདི་ཡན་ཆད་ཐམས་ཅད་ནི་ལྷུང་བཟེད་མིག་བཞིན་དུ་ཡོངས་སུ་བསྐྱང་བར་བྱའོ་ཞེས་གསུངས་པའི་བསླབ་པ་མདོར་བསྟན་པ་དང་དེའི་སྤྲོས་པ་ཡིན་པར་སྦྱར་རོ། །བསླབ་པ་སྔ་མ་བདུན་ཅུ་ གསུམ་གྱི་སྟེང་དུ་འདི་དགུས་བསྣན་ཏེ་བརྒྱད ་ཅུ་རྩ་གཉིས་པའོ།། །།སྡོམ་ལ། འགྲེང་བར་བྱེད་པ་ལ་སོགས་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་མིན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མིན་པར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མིན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་ལམ་ནས་འགྲོ་བལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །སྡོམ་ལ། མགོ་གཡོགས་ལ་སོགས་རྣམ་པ་ལྔ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་མི་ན་བར་མགོ་གཡོགས་པ་དང༌། བརྫེས་པ་དང༌། གཟར་བ་དང༌། གཉའ་གོང་དུ་བསྣོལ་བ་དང༌། ལྟག་བར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །སྡོམ་ལ། དོ་ཀེར་ཅན་ལ་སོགས་པ་ལྔ། །ཞེས་གསུངས་པའི་བསླབ་པར་སྡུ་བའི་མདོ་ནི་མིན་བར་སྐྲ་དོ་ཀེར་ཅན་དང༌། ཞྭ་གྱོན་པ་དང༌། མགོ་ཅོད་པན་ཅན་དང༌། མགོ་ཕྲེང་བ་ཅན་དང༌། མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །སྡོམ་ལ། གླང་ཆེན་ལ་སོགས་བཞོན་པ་ལྔ། །ཞེས་གསུངས་པའི་བསླབ་ལ་བསྡུ་བའི་མདོ་ནི་མིན་བར་གླང་པོ་ཆེ་ཞོན་པ་དང༌། རྟ་ཞོན་པ་དང༌། ཁྱོགས་ན་འདུག་པ་དང༌། བཞོན་པའི་སྟེང་ན་འདུག་པ་དང༌། མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །སྡོམ་ལ། ལག་ན་འཁར་བ་ལ་སོགས་དྲུག །ཅེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་མིན་བར་ལག་ན་འཁར་བ་ཐོགས་པ་དང༌། ལག་ན་གདུགས་ཐོགས་པ་དང༌། ལག་ན་མཚོན་ཐོགས་པ་དང༌། ལག་ན་རལ་གྲི་ཐོགས་པ་དང༌། ལག་ན་དགྲ་ཆ་ཐོགས་
པ་དང༌། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་བསླབ་པ་ཉི་ཤུ་རྩ་དྲུག་པོ་དེ་དག་གི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །དྲུག་སྡེ་དག་ཉན་པ་པོ་མིན་བར་འདུག་པ་ལ་བདག་ཉིད་འགྲེང་སྟེ་ཆོས་འཆད་པ་དང༌། ཉན་པ་པོ་མིན་བར་ཉལ་བ་ལ་བདག་ཉིད་འདུག་སྟེ་ཆོས་འཆད་པ་དང༌། ཉན་པ་པོ་མིན་བར་སྟན་མཐོན་པོ་ལ་འདུག་པ་ལ་བདག་ཉིད་སྟན་དམའ་བ་ལ་འདུག་སྟེ་ཆོས་འཆད་པ་དང༌། ཉན་པ་པོ་མིན་བར་མདུན་དུ་འགྲོ་བ་ལ་བདག་ཉིད་ཕྱི་ནས་འགྲོ་ཞིང་ཆོས་འཆད་པ་དང༌། ཉན་པ་པོ་མིན་པར་ལམ་ནས་འགྲོ་བ་ལ་བདག་ཉིད་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་འཆད་པ་དང༌། ཉན་པ་པོ་མིན་བར་མགོ་གཡོགས་པ་དང༌། བརྫེས་པ་དང༌། གཟར་བ་དང༌། གཉའ་གོང་དུ་བསྣོལ་བ་དང༌། ལྟག་པར་བསྣོལ་བ་ལ་ཆོས་འཆད་པ་དང༌། ཉན་པ་པོ་མིན་བར་སྐྲ་དོ་ཀོར་ཅན་དང༌། ཞྭ་གྱོན་པ་དང༌། མགོ་ཅོད་པན་ཅན་དང༌། མགོ་ཕྲེང་བ་ཅན་དང༌། མགོ་དཀྲིས་པ་ལ་ཆོས་འཆད་པ་དང༌། ཉན་པ་པོ་མིན་བར་གླང་པོ་ཆེ་ཞོན་པ་དང༌། རྟ་ཞོན་པ་དང༌། ཁྱོགས་ན་འདུག་པ་དང༌། བཞོན་པའི་སྟེང་ན་འདུག་པ་དང༌། མཆིལ་ལྷམ་གྱོན་པ་ལ་ཆོས་འཆད་པ་དང༌། ཉན་པ་པོ་མིན་བར་ལག་ན་འཁར་བ་ཐོགས་པ་དང༌། ལག་ན་གདུགས་ཐོགས་པ་དང༌། ལག་ན་མཚོན་ཐོགས་པ་དང༌། ལག་ན་རལ་གྲི་ཐོགས་པ་དང༌། ལག་ན་དགྲ་ཆ་ཐོགས་པ་དང༌། གོ་ཆ་གྱོན་པ་ལ་ཆོས་འཆད་པར་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དགའ་འཕགས་པ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱི་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ན་ཁྱེད་ཅག་ཉན་པ་པོ་མིན་བར་རྗེས་མེད་པ་དང༌། གུས་པ་མེད་པར་འདུག་པ་ལ་སོགས་པ་ལ་བདག་ཉིད་འགྲེང་བ་ལ་སོགས་པས་ཆོས་འཆད་པར་བྱེད་དམ་ཞེས་སྨོད་པར་བྱེད་ནས། དེ་དག་ཅིང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་
འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མིན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མིན་བར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མིན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ། མིན་བར་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། །མིན་བར་མགོ་གཡོགས་པ་དང༌། བརྗེས་པ་དང༌། གཟར་བ་དང༌། གཉའ་གོང་དུ་བསྣོལ་བ་དང༌། ལྟག་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མིན་པར་སྐྲ་དོ་ཀེར་ཅན་དང༌། ཞྭ་གྱོན་པ་དང༌། མགོ་ཅོད་པན་ཅན་དང༌། མགོ་ཕྲེང་བ་ཅན་དང༌། མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མིན་བར་གླང་པོ་ཆེ་ཞོན་པ་དང༌། རྟ་ཞོན་པ་དང༌། ཁྱོགས་ན་འདུག་པ་དང༌། བཞོན་པའི་སྟེང་ན་འདུག་པ་དང༌། མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མིན་བར་ལག་ན་འཁར་པ་ཐོགས་པ་དང༌། ལག་ན་གདུགས་ཐོགས་པ་དང༌། ལག་ན་མཚོན་ཐོགས་པ་དང༌། ལག་ན་རལ་གྲི་ཐོགས་པ་དང༌། ལག་ན་དགྲ་ཆ་ཐོགས་པ་དང༌། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བསྟན་བཅོས་དང་འཇིག་རྟེན་མི་ཤེས་པ། ཉེས་པ་ནི་ཉན་པ་པོ་མིན་བར་འདུག་པ་ལ་བདག་ཉིད་འགྲེང་སྟེ་ཆོས་འཆད་པ་ལ་སོགས་པ་བསླབ་པ་ཉིས་ཤུ་རྩ་དྲུག་པོ་འདི་དག་ཉིད་ལ་དེ་ལྟར་དེ་མ་བྱས་པའི་ཉེས་པ་རྣམས་སོ་སོར་ཅི་རིགས་པར་སྦྱར་རོ། །དེ་ལ་མིན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཉན་པ་པོ་མིན་བར་འདུག་པ་ལ་དགེ་སློང་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ། །མིན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་ཞེས་བྱ་བ་འདི་མན་ཆད་བསླབ་པར་བྱ་བ་ཉི་ཤུ་རྩ་དྲུག་ནི་དགེ་སློང་གིས་བསྟན་བཅོས་ཤེས་པ་དང་འཇིག་རྟེན་ཤེས་པའི་སྒོ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱི་དཀའ་བ་སྤྱད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་ནས་བླ་ན་མེད་པའི་མཁྱེན་
པ་བརྙེས་ཏེ། དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་དཔལ་གྱི་མགུལ་ནས་གསུངས་པའི་ཆོས་ལ་གུས་པར་བྱ་བའི་བསླབ་པ་མདོར་བསྟན་པ་དང༌། དེའི་སྤྲོས་པ་ཡིན་ཏེ། རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །མི་ན་པར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་ཞེས་བྱ་བ་ནི། ཉན་པ་པོ་མིན་བར་ཉལ་བ་ལ་དགེ་སློང་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་པར་བསྟན་མཐོན་པོ་ལ་འདུག་པ་ལ་དགེ་སློང་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ། །འདིར་སྟན་ཞེས་བྱ་བ་ནི་འདུག་པའི་ས་ཕྱོགས་ཀྱང་བཟུང་བར་རིག་པར་བྱའོ། །སྟན་ངན་པ་དང་བཟང་པོ་ཡང་དེ་ཡིན་ཏེ་གང་གི་ཚེ་སྟན་ཚད་མཉམ་པ་དེའི་ཚེ་ངན་པ་ནི་དམའ་བ་ཉིད་ཡིན་ལ། བཟང་པོ་ནི་མཐོན་པོ་ཉིད་ཡིན་པར་ཤེས་པར་བྱའོ། །འདིར་གཞུང་གི་རྒྱུད་མཆོག་གིས་དེ་དག་ནི་སྟན་བཟང་པོ་ལ་མཆིས་ཏེ་ཆོས་ཉན་ལ་བདག་ནི་སྟན་ངན་པ་ལ་མཆིས་ཏེ་ཆོས་སྟོན་པའོ་ཞེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ཆོས་བསྟན་པར་མི་བྱའོ་ཞེས་གསུངས་པ་ཡིན་ན། མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་བར་མདུན་དུ་འགྲོ་བ་ལ་དགེ་སློང་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་བར་ལམ་ནས་འགྲོ་བ་ལ་དགེ་སློང་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པ་བསླབ་པར་བྱ་བའོ། །མི་ན་བར་མགོ་གཡོགས་པ་དང༌། བརྗེས་པ་དང༌། གཟར་བ་དང༌། གཉའ་གོང་དུ་བསྣོལ་བ་དང༌། ལྟག་པར་བསྣོལ་བ་དང༌། ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་བར་མགོ་གཡོགས་པ་དང༌། བརྗེས་པ་དང༌། གཟར་བ་དང༌། གཉའ་གོང་དུ་བསྣོལ་བ་དང༌། ལྟག་པར་བསྣོལ་བ་ལ་དགེ་སློང་གིས་ཆོས་མི་བཤད་པར་བསླབ་པར་བྱའོ། །འདི་ལྔའི་མཚན་ཉིད་ནི་སྔར། མགོ་གཡོགས་ལ་སོགས་རྣམ་པ་ལྔ། །ཞེས་བྱ་བ་སྔ་མའི་རིམ་གྱིས་བཤད་ཟིན་ཏོ། །མི་ན་བར་སྐྲ་དོ་ཀེར་ཅན་དང༌། ཞྭ་གྱོན་པ་དང༌། མགོ་ཅོད་པན་ཅན་དང༌། མགོ་ཕྲེང་བ་ཅན་དང༌།
མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་བར་མགོ་དོ་ཀེར་ཅན་དང༌། མགོ་ཞྭ་གྱོན་པ་དང༌། མགོ་ཅོད་པན་ཅན་དང༌། མགོ་ཕྲེང་བ་ཅན་དང༌། མགོ་ཐོད་བཅིངས་པ་ལ་དགེ་སློང་གིས་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་གླང་བོ་ཆེ་ཞོན་པ་དང༌། རྟ་ཞོན་པ་དང༌། ཁྱོགས་ན་འདུག་པ་དང༌། བཞོན་པའི་སྟེང་ན་འདུག་པ་དང༌། མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱ་བའོ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་བར་གླང་པོ་ཆེ་ཞོན་པ་དང༌། རྟ་ཞོན་པ་དང༌། ཁྱོགས་ན་འདུག་པ་དང༌། བཞོན་པའི་སྟེང་ན་འདུག་པ་དང༌། མཆིལ་ལྷམ་གྱོན་པ་ལ་དགེ་སློང་གིས་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་ལག་ན་འཁར་བ་ཐོགས་པ་དང༌། ལག་ན་གདུགས་ཐོགས་པ་དང༌། ལག་ན་མཚོན་ཆ་ཐོགས་པ་དང༌། ལག་ན་རལ་གྲི་ཐོགས་པ་དང༌། ལག་ན་དགྲ་ཆ་ཐོགས་བ་དང༌། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱ་བའོ་ཞེས་བྱ་བ་ནི་ཉན་པ་པོ་མི་ན་བར་ལག་ན་མཁར་བ་ཐོགས་པ་དང༌། ལག་ན་གདུགས་ཐོགས་པ་དང༌། ལག་ན་མཚོན་ཐོགས་པ་དང༌། ལག་ན་རལ་གྲི་ཐོགས་པ་དང༌། ལག་ན་དགྲ་ཆ་ཐོགས་པ་དང༌། གོ་ཆ་གྱོན་པ་ལ་དགེ་སློང་གིས་ཆོས་མི་བཤད་པར་བསླབ་པར་བྱའོ། །དེ་ལ་འདིར་དེ་དག་གི་དངོས་གཞིའི་ལྟུང་བ་རྣམ་བར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདི་དག་གི་བྱེད་པ་པོ་ནི་ཉན་པ་པོ་དང་དགེ་སློང་དང་ཆོས་ཉིད་དོ། །འདི་དག་ལ་ཡན་ལག་ནི་རེ་རེ་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བ་མན་ཆད་འདི་ཡན་ཆད་ཐམས་ཅད་ཆོས་ལ་གུས་པར་བསླབ་པར་བྱ་བ་མདོར་བསྟན་པ་དང༌། །དེའི་སྤྲོས་པ་དག་ཡིན་པར་སྦྱར་རོ། །བསླབ་བ་སྔ་མ་བརྒྱད་ཞུ་རྩ་གཉིས་ཀྱི་སྟེང་དུ་འདིར་ཉི་ཤུ་རྩ་དྲུག་གིས་བསྣན་ཏེ། བརྒྱ་རྩ་བརྒྱད་པའོ།། །།སྡོམ་ལ། ན་བ་རྣམ་པ་བཞི་རྣམས་སོ། །ཞེས་གསུངས་པའི་བསླབ་པ་བསྡུ་བའི་མདོ་ནི་མི་ན་བར་འགྲེང་སྟེ་བཤད་གཅི་མི་བྱ་བར་བསླབ་པར་བྱ། མི་ན་བར་ཆུའི་ནང་དུ་བཤད་གཅི་དང༌། མཆིལ་མ་དང༌། སྣབས་དང་
སྐྱུགས་པ་དང༌། རླུགས་པ་མི་དོར་བར་བསླབ་པར་བྱ། མིན་བར་རྩྭ་སྔོན་པོ་ཡོད་པའི་ཕྱོགས་སུ་བཤད་གཅི་དང་མཆིལ་མ་དང༌། སྣབས་དང་སྐྱུགས་པ་དང༌། རླུགས་པ་མི་དོར་བར་བསླབ་པར་བྱ། གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་མིན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་དགའ་འགྲེང་བཞིན་དུ་བཤང་གཅི་བྱེད་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་མཐོང་ནས་སྨོད་པར་བྱེད་དེ། འཕགས་པ་དག་སྟོན་པའི་ཉན་ཐོས་ནི་ངོ་ཚ་དང་ལྡན་པ་ལགས་ན་ཉན་ཐོས་ངོ་ཚ་དང་ཁྲེལ་མེད་པ་འདི་འགྲེང་བཞིན་དུ་བཤང་གཅི་བགྱིད་པ་ལྟ་ག་ལ་གདའ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་བའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མིན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ངོ་ཚ་དང་ཁྲེལ་མེད་པ། ཉེས་པ་ནི་མིན་བར་འགྲེང་སྟེ་བཤང་གཅི་བྱེད་པའོ། །དེ་ལ་མིན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱ་ཞེས་བྱ་བ་ནི། དགེ་སློང་མིན་བར་འགྲེང་སྟེ་བཤང་བ་དང་གཅི་བ་མི་བྱ་བར་བསླབ་པར་བྱའོ། །བསླབ་པ་འདི་དང་འོག་ནས་ཆུ་དང་རྩྭ་སྔོན་པོའི་ཕྱོགས་སུ་བཤང་གཅི་ལ་སོགས་པ་མི་དོར་བར་བསླབ་པར་བྱ་བ་ནི། དགེ་སློང་གིས་སྨན་དང་ཁ་ཟས་ཀྱི་རྒྱུ་མཐུན་པ་འཇིག་རྟེན་དང་མི་འགལ་བ་དང༌། འདུལ་བ་དང་མི་འགལ་བར་བག་ཡོངས་སུ་སྒྲུབ་པའི་ཚུལ་མདོར་བསྟན་པ་དང་སྤྲོས་པ་དང་བཅས་པ་ཡིན་ཏེ། རྣམ་པ་གཞན་བསྟན་པ་ནི་མ་ཡིན་ནོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ནས་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་ནི་དགེ་སློང་མིན་པ་དང༌། འགྲེང་སྟེ་བཤང་གཅི་བྱེད་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་
བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ཅི་རིགས་བར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བརྒྱ་རྩ་དགུ་པའོ།། །།མིན་བར་ཆུའི་ནང་དུ་བཤང་གཅི་དང་མཆིལ་མ་དང༌། སྣབས་དང༌། སྐྱུགས་པ་དང༌། རླུགས་པ་མི་དོར་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་དགའ་བཙོ་བླག་མཁན་གྱི་ནང་དུ་སོང་སྟེ། སྨྲས་པ། བཞིན་བཟངས་གོས་འདི་ཁྲུས་ཏེ་བྱིན་ཅིག །དེས་སྨྲས་པ། འཕགས་པ་ཁྱོད་ཀྱིས་སྔོན་ནི་བདག་ཅག་བསྲུང་བ་བྱས་པར་གྱུར་ན། དེང་སང་མི་བྱེད་པས་ཅིའི་ཕྱིར་ཁྱོད་ཀྱི་གོས་བཀྲུས་ཏེ་སྦྱིན། དེས་སྡོད་ཅིག་ཅེས་བྱས་ཏེ་སོང་ནས་དེས་བསམས་པ་བཀྲེན་པ་འདི་མི་དགའ་བར་བྱ་སྙམ་ནས་དེས་བཀྲུ་སྨན་ཟོས་ཏེ། མི་གཙང་བས་གྱོ་མོ་བཀང་ནས་བཙོ་བླག་མཁན་དེའི་བཀྲུ་བ་ཤལ་སར་བླུགས་སོ། །དེ་ནས་བཙོ་བླ་ག་མཁན་དེ་ནང་པར་སྔར་ལངས་ཏེ་གོས་དག་བཀྲུ་བར་བརྩམ་པ་དང༌། ཅི་ཙམ་ན་མི་གཙང་བའི་དྲི་བྲོ་ནས་དེ་ལགས་པ་ལ་འགྲམ་པ་གཏད་ཏེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང༌། ཉེ་དགའ་ཆེད་དུ་བསམས་ཏེ་ཕྱོགས་དེར་སོང་ནས་དེས་སྨྲས་པ། བཞིན་བཟངས་ཁྱོད་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། འཕགས་པ་བཀྲུ་བཤས་ས་འདིར་ཅིག་གིས་མི་གཙང་བ་བླུགས་ཏེ་ལས་བགྱིད་མ་མཆིས་པས་ད་ཇི་ལྟར་འཚོ་བ་སྦྱར་བར་བགྱི་བ་མ་འཚལ་ཏོ། །ཉེ་དགས་སྨྲས་པ། བཀྲེན་པ་ཁྱོད་དེ་ལྟར་མི་དགའ་བར་བྱའོ། །དེ་སྨོད་པ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ནས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མིན་བར་ཆུའི་ནང་དུ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ། །ཐམས་ཅད་ཆུས་གང་སྟེ་གོ་སྐབས་མེད་པ་ནི་མ་གཏོགས་སོ། །བཤང་གཅི་ཇི་ལྟ་བ་བཞིན་དུ་ཆུའི་ནང་དུ་མཆིལ་མ་དང༌། སྣབས་དང༌། སྐྱུགས་པ་དང༌། རླུགས་པ་མི་དོར་བར་བསླབ་པར་བྱ་བ་ཡང་དེ་བཞིན་ནོ་ཞེས་བཅའ་པ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་མོ་བཟོད་པ། ཉེས་པ་ནི་མིན་བར་ཆུའི་སྟེང་དུ་བཤང་གཅི་ལ་སོགས་པ་འདོར་བའོ། །དེ་ལ་མིན་བར་
ཆུའི་ནང་དུ་བཤང་གཅི་དང་མཆིལ་མ་དང༌། སྣབས་དང༌། སྐྱུགས་པ་དང༌། རླུགས་པ་མི་དོར་བར་བསླབ་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་མིན་བར་ཆུའི་ནང་དུ་བཤང་གཅི་ལ་སོགས་པ་མི་བྱ་བ་དང༌། བྱས་ཟིན་པ་ཡང་མི་དོར་བར་བསླབ་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་མི་ན་བར་ཆུའི་ནང་དུ་བཤང་གཅི་ལ་སོག་བྱེད་པ་དང་བྱས་པ་དོར་བ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བརྒྱ་རྩ་བཅུ་པའོ།། །།མིན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་དང༌། མཆིལ་མ་དང༌། སྣབས་དང༌། སྐྱུགས་པ་དང༌། རླུགས་པ་མི་དོར་བར་བསླབ་པར་བྱ་བའི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་རབ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་དགའ་ལྡུམ་པའི་ངང་དུ་སོང་སྟེ་སྨྲས་པ། བཞིན་བཟངས་ལྡུམ་ཅུང་ཞིག་བྱིན་ཅིག །དེས་སྨྲས་པ། འཕགས་པ་དག་ཁྱོད་ཀྱིས་སྔོན་ནི་བདག་དག་བསྲུང་བ་བྱས་པར་གྱུར་ན། དེང་སང་མི་བྱེད་པས་ཅིའི་ཕྱིར་ཁྱོད་ལ་ལྡུམ་བུ་སྦྱིན། དེས་སྡོད་ཅིག་ཅེས་བྱས་ཏེ་སོང་ནས་དེས་བསམས་པ། བཀྲེན་པ་འདི་མི་དགའ་བར་བྱའོ་སྙམ་ནས། དེས་བཀྲུ་སྨན་ཟོས་ཏེ་མི་གཙང་བས་གྱོ་མོ་བཀང་ནས་ཕྱགས་མ་ཐོགས་ཏེ་ལྡུམ་ཞིང་གི་སྟེང་ཐམས་ཅད་མི་གཙང་བས་གཏོར་ནས་ལྡུམ་ཐམས་ཅད་མ་རུང་བར་བྱས་སོ། །མི་གཙང་བའི་དྲིས་དེར་ཝ་དག་འདུས་ནས་དེ་དག་གིས་ཀྱང་ལྡུམ་བུ་ཐམས་ཅད་མ་རུང་བར་བྱས་སོ། །དེ་ནས་ལྡུམ་པ་དེ་ལྡུམ་བཙོང་བའི་ཕྱིར་ནང་པར་སྔར་ལངས་ཏེ་ལྡུམ་རར་སོང་བ་དང༌། ཅི་ཙམ་ན་ལྡུམ་ཐམས་ཅད་མི་གཙང་བས་གཏོར་ཞིང་ཝས་ཀྱང་ཟོས་ཏེ་ཟོང་དུ་མ་རུང་བར་མཐོང་ནས་དེ་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང༌། ཉེ་དགའ་ཆེད་དུ་བསམས་ཏེ་ཕྱོགས་དེར་སོང་ནས་དེས་སྨྲས་པ། བཞིན་བཟངས་ཁྱོད་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག་དེས་སྨྲས་པ། འཕགས་པ་ལྡུམ་ཞིང་འདིར་ཅིག་གིས་མི་གཙང་བས་གཏོར་ཞིང་ཝས་ཀྱང་ཟོས་ཏེ་ཟོང་དུ་མི་རུང་བས་ད་ཅི་ལྟར་འཚོ་
བ་སྦྱར་བར་བགྱི་བ་འཚལ་ཏོ། །ཉེ་དགས་སྨྲས་པ། བཀྲེན་པ་ཁྱོད་དེ་ལྟར་མི་དགའ་བར་བྱའོ། །དེ་སྨོད་པ་ལ་ཞུགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། མིན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ། །ཐམས་ཅད་སྔོས་གང་སྟེ་གོ་སྐབས་མེད་པ་ནི་མ་གཏོགས་སོ། །བཤང་གཅི་ཇི་ལྟ་བ་བཞིན་དུ་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་མཆིལ་མ་དང༌། སྣབས་དང༌། སྐྱུགས་པ་དང༌། རླུགས་པ་མི་དོར་བར་བསླབ་པར་བྱ་བ་ཡང་དེ་བཞིན་ནོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་མི་བཟོད་པ། ཉེས་པ་ནི་མིན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་ལ་སོགས་པ་འདོར་བའོ། །དེ་ལ་མིན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་དང༌། མཆིལ་མ་དང༌། སྣབས་དང༌། སྐྱུགས་པ་དང༌། རླུགས་པ་མི་དོར་བར་བསླབ་པར་བྱ་ཞེས་བྱ་བ་ནི་དགེ་སློང་མིན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་ལ་སོགས་པ་མི་བྱ་བ་དང༌། བྱས་པ་མི་དོར་བར་བསླབ་པར་བྱ་བའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དངོས་གཞིའི་གནས་སྐབས་སུ་བསླབ་པ་དེ་ལྟར་མ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་མིན་བར་དང་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་ལ་སོགས་པ་མི་འདོར་བ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བརྒྱ་བཅུ་རྩ་གཅིག་པའོ།། །།གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱ་བའི་གླེང་གཞི་ནི་རྗེས་སུ་བཅས་པའི་སྒོ་ནས་གནང་བ་དང༌། རྗེས་སུ་གནང་བའི་དབང་གིས་རྣམ་པ་གསུམ་སྟེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་གཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཆོད་
བརྩམ་དུ་མི་རུང་བའོ། །དེ་ལ་གཞི་མི་རུང་བ་ནི་སྐྱེ་བ་པོ་ཕྲ་མོའི་གནས་དང་ལྡན་པ་ཉིད་དེ། སྦྲུལ་དང་སྡིག་པ་དང་སྲིལ་དང་གྲོག་མ་ལ་སོགས་པའི་གནས་དང་འདོམ་པའོ། །གཞི་རྩོད་པ་དང་བཅས་པ་ནི་རྒྱལ་པོ་དང་ལྷའི་གནས་དང་མུ་སྟེགས་ཅན་གྱི་འདུག་གནས་ལ་བརྟེན་པ་ཉིད་དང༌། ཤིང་ལྗོན་པ་གཅད་པར་བྱ་བ་མ་ཡིན་པ་དང་འདོམ་པ་ཉིད་དེ། རྒྱལ་པོ་དང་མཆོད་རྟེན་དང་ཁྱིམ་བདག་དང་མུ་སྟེགས་ཅན་དང་དགེ་སློང་མའི་དབྱར་ཁང་དང་ཤིང་ལྗོན་པ་གཅད་པར་བྱ་བ་མ་ཡིན་པ་གཅད་དགོས་པ་དང་འདོམ་པའོ། །གཞི་བརྩམ་དུ་མི་རུང་བ་ནི་ཕྱི་རོལ་འདོམ་གང་གི་མཐའི་གང་གི་ཉེ་འཁོར་གྱི་ནང་རོལ་ན་ཆུ་ཀླུང་ངམ་ལམ་མམ་ངམ་གྲོག་གམ་ཁྲོན་པ་དང་འདོམ་པ་ཉིད་དེ། ཆུ་ཀླུང་དང་ཁྲོན་པ་དང་ལམ་དང་ངམ་གྲོག་ལ་བརྟེན་པ་ཉིད་དོ། །མ་བསྟན་པ་ཞེས་བྱ་བ་ནི་དགེ་འདུན་ལས་གཞི་བསྟན་བ་མ་གསོལ་བ་སྟེ། དགེ་སློང་དེ་ཉིད་ཀྱིས་གཞི་དག་པར་བརྟགས་ནས་དགེ་འདུན་ལ་བསྟན་པ་གསོལ་བའི་སྔགས་ལན་གསུམ་བཟླས་པ་དང༌། དགེ་འདུན་གྱིས་དགེ་སློང་རིལ་ཏམ་བསྐོས་པ་རྟོག་ཏུ་བཏང་བ་དང༌། དེ་དག་གིས་དགེ་འདུན་ལ་གཉེར་དགུམ་པ་དང༌། དགེ་སློང་འདུལ་བ་འཛིན་པས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གཞི་བསྟན་པའི་སྦྱིན་པའི་ཆོ་ག་དང་ལས་མ་བྱས་པའོ། །ཚད་ཀྱི་མཚན་ཉིད་ནི་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོན་ནི་བདེ་བར་གཤེགས་པའི་མཐོ་གང་སྟེ། ནང་སྲིད་དུ་དེ་བཅུ་གཉིས་དང་ཞེང་དུ་དེ་བདུན་གྱི་ཚད་དོ། །སྦྱོར་བའི་ལྟུང་བ་ནི་ཁང་པའི་དགེ་འདུན་ལྷག་མའི་སྦྱོར་བ་བརྩམས་པ་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་པ་སྦོམ་པོར་འགྱུར་རོ། །ས་གཞི་དང་ཡོ་བྱད་གཞན་ལས་བཙལ་བ་དང༌། མི་རུང་བ་དང༌། རྩོད་པ་དང་བཅས་པ་དང༌། བརྩམ་དུ་མི་རུང་བ་དང༌། མ་བསྟན་པ་དག་དང་གཅིག་གི་དོན་དང་ཚད་ལས་ལྷག་པ་ཞེས་བྱ་བ་ནི་འདི་དག་སྐབས་འདིར་ལྟུང་བ་རེ་རེའི་བྱེད་པ་པོ་མ་ཡིན་ཏེ། གཅིག་ལས་འདས་ན་ཡང་ཉེས་པ་སྦོམ་པོ་གཅིག་གོ །གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་དང་བདུན་ཆར་ལས་འདས་ན་ཡང་སྤྱིར་ཉེས་པ་སྦོམ་པོ་གཅིག་
གོ །དེས་ནས་གཞི་དང་ཡོ་བྱད་གཞན་ལས་བཙལ་ན་རུང་བ་དང༌། རྩོད་པ་མེད་པ་དང་བརྩམ་དུ་རུང་བ་མེད་པ་དང༌། བསྟན་པ་གསོལ་བ་དང༌། གཅིག་གི་དོན་ལ་མ་ཡིན་པ་དང༌། ཚད་ལས་མ་ལྷག་ཀྱང་ཉེས་པ་སྦོམ་པོའོ། །ས་གཞི་དང་ཡོ་བྱད་བཙལ་བ་དང་མི་རུང་བ་ཡིན་ན་རྩོད་པ་མེད་པ་དང༌། བརྩམ་དུ་རུང་བ་དང་བསྟན་པ་གསོལ་བ་དང༌། གཅིག་གི་དོན་མ་ཡིན་པ་དང༌། ཚད་ལས་མ་ལྷག་ཀྱང་ཉེས་པ་སྦོམ་པོའོ། །ས་གཞི་དང་ཡོ་བྱད་བཙལ་བ་དང་མི་རུང་བ་དང་རྩོད་པ་དང་བཅས་པ་ཡིན་ན་བརྩམ་དུ་རུང་བ་དང་བསྟན་པ་གསོལ་བ་དང༌། གཅིག་གི་དོན་མ་ཡིན་པ་དང་ཚད་ལས་མ་ལྷག་ཀྱང་ཉེས་པ་སྦོམ་པོའོ། །ས་གཞི་དང་ཡོ་བྱད་བཙལ་བ་དང་མི་རུང་བ་དང༌། རྩོད་པ་དང་བཅས་པ་དང་བརྩམ་དུ་མི་རུང་བ་ཡིན་ན་བསྟན་པ་གསོལ་བ་དང༌། གཅིག་གི་དོན་མ་ཡིན་པ་དང༌། ཚད་ལས་མ་ལྷག་ཀྱང་ཉེས་པ་སྦོམ་པོའོ། །ས་གཞི་དང་ཡོ་བྱད་བཙལ་བ་དང་མི་རུང་བ་དང་རྩོད་པ་དང་བཅས་པ་དང་བརྩམ་དུ་མི་རུང་བ་བསྟན་པ་མ་གསོལ་ན་གཅིག་གི་དོན་མ་ཡིན་པ་དང་ཚད་ལས་མ་ལྷག་ཀྱང་ཉེས་པ་སྦོམ་པོའོ། །ས་གཞི་དང་ཡོ་བྱད་བཙལ་བ་དང་མི་རུང་བ་དང་རྩོད་པ་དང་བཅས་པ་དང་བརྩམ་དུ་མི་རུང་བ་དང་བསྟན་པ་མ་གསོལ་བ་དང་གཅིག་གི་དོན་ཡིན་ན་ཚད་ལས་མ་ལྷག་ཀྱང་ཉེས་པ་སྦོམ་པོའོ། །ཚད་ལས་ལྷག་པ་ཡན་ཆད་ཡན་ལག་གཞན་ཀུན་ལས་འདས་ཀྱང་མཐར་མ་ཐུག་ན་ཉེས་པ་སྦོམ་པོའོ། །དགེ་སློང་བསྐོ་བ་བོས་དགེ་སློང་བྱེད་པ་པོ་གཞན་ལ་ལེགས་པར་བྱེད་དུ་བཅུག་པ་ལས་བྱེད་པ་པོས་ལོག་པར་སྒྲུབ་ན་བྱེད་པ་པོ་ལ་ཉེས་པ་སྦོམ་པོའོ། །དགེ་སློང་བསྐོ་བ་པོས་དགེ་སློང་བྱེད་པ་པོ་གཞན་ལ་ལེགས་པར་སྤྱད་དུ་བཅུག་པ་ལས་བྱེད་པ་པོས་ལོག་པར་སྒྲུབ་པ་ལ་བསྐོ་བ་བོས་ལུས་དང་ངག་གིས་དང་དུ་ལེན་ན་གཉིས་ཀ་ལ་ཉེས་པ་སྦོམ་པོའོ། །དགེ་སློང་བསྐོ་བ་བོས་དགེ་སློང་བྱེད་པ་པོ་གཞན་ལ་ལེགས་པར་བྱེད་དུ་བཅུག་པ་ལས་བྱེད་པ་པོས་ལོག་པར་སྒྲུབ་པ་ལ་བསྐོ་བ་པོས་ལུས་དང་ངག་གིས་དང་དུ་མི་ལེན་ན་ཉེས་པ་སྦོམ་པོའོ། །མཐར་དངོས་གཞིར་འགྱུར་བ་རྩོམ་པ་ལ་
བྱས་ཀྱི་དངོས་གཞིར་འགྱུར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་གནོད་པ་བྱུང་བ་མ་གཏོགས་པ་དང༌། ཤིང་ལ་མི་གང་ཙམ་ལས་མཐོར་འཛེག་པ་ཉིད་དོ། །འདི་ལ་ཡན་ལག་ནི་གཅིག་སྟེ། དངོས་གཞིའི་སྒྲུབ་པ་ཉིད་དོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའི་སྒྲུབ་པ་ཉིད་དག་ལ་ནི་ཅི་རིགས་པར་ན་སྨད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །བསླབ་པ་བརྒྱ་རྩ་བཅུ་གཉིས་པའོ།། །།བསླབ་པ་རྣམས་ཀྱི་ཡུལ་གྱི་རབ་ཏུ་དབྱེ་བ་ནི་མདོར་བསྡུ་ན་རྣམ་པ་དགུ་སྟེ། གོས་བགོ་བ་དང༌། སྤྱོད་ཡུལ་དུ་འགྲོ་བ་དང༌། དེར་སྟན་ལ་འདུག་པ་དང༌། ཟས་བླང་བ་དང༌། ཟན་བཟའ་བ་དང༌། ལྷུང་བཟེད་ཀྱི་སྤྱོད་པ་དང༌། ཆོས་བསྟན་པ་དང༌། སྒྲུབ་པའི་ཚུལ་དང༌། རྒྱུ་བ་སྟེ་དེ་དག་ནི་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ་ཞེས་བྱ་བ་ནས་གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་དང་གོ་རིམས་བཞིན་དུ་སྦྱར་རོ། །ཚེ་དང་ལྡན་པ་དག་བདག་གིས་བསླབ་པའི་ཆོས་མང་པོ་རྣམས་བཏོན་ཟིན་ཏོ་ཞེས་བྱ་བ་ནི་བསླབ་པའི་ཆོས་མང་པོ་རྣམས་གདོན་པའི་མཇུག་བསྡུ་བ་སྟེ། བསླབ་པའི་ཆོས་མང་པོ་རྣམས་ཞེས་བྱ་བ་ནི་སྔར་བསྟན་པའི་བསླབ་པའི་ཆོས་ཀྱི་དངོས་གཞི་བརྒྱ་རྩ་བཅུ་གཉིས་པོ་དག་གོ །བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅའ་བའི་དོན་གྱིས་མཇུག་བསྡུ་བའི་ཕྱིར་དང༌། ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་འདྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བར་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ནི་བསླབ་པའི་ཆོས་མང་པོ་རྣམས་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་བསླབ་པའི་ཆོས་མང་པོ་བཏོན་པ་དེ་ལའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །བསླབ་པའི་ཆོས་མང་པོ་རྣམས་བཏོན་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཞི་བཅུ་བདུན་པ། ད་ནི་རྩོད་པ་ཞི་བར་བྱ་བའི་གདོན་པ་བཤད་པར་བྱ་སྟེ། དེའི་ཕྱིར། སྡོམ་ལ། མངོན་སུམ་དྲན་པ་མ་སྨྱོས་པ། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང༌། །ཁས་བླང་བར་ཡང་བྱ་བའོ། །ཞེས་བྱ་བ་གསུངས་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་
དོན་དང༌། དགོས་པ་ནི་སྔ་མ་བཞིན་ནོ། །རྩོད་པ་ཞི་བར་བྱ་བའི་ཆོས་ནི་བདུན་ཏེ། མངོན་སུམ་གྱིས་འདུལ་བ་དང༌། དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པ་དང༌། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང༌། རྩྭ་རྣམས་བཀྲམ་པ་ལྟ་བུ་དང༌། ཁས་བླང་བར་བྱ་བ་སྟེ། སྡོམ་གྱི་ཚིགས་སུ་བཅད་པ་དང་གོ་རིམས་བཞིན་དུ་སྦྱར་རོ། །ཚེ་དང་ལྡན་པ་དག་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་རྩོད་པ་ཞི་བར་བྱ་བ་གདོན་པའི་ལུང་འབོགས་པ་བསྟན་ཏོ། །རྩོད་པ་ཞི་བར་བྱ་བའི་ཆོས་ཞེས་བྱ་བ་ནི་འཁྲུག་ལོང་གི་རྩོད་པ་བཞི་པོ་དག་རྒྱུད་གཅིག་ཏུ་བྱ་བ་དང༌། དག་པ་སྦྱིན་པ་དང༌། ཕྱིར་བཅོས་པ་དང༌། ངེས་པར་འཛིན་པ་ལ་སྦྱོར་བ་ཉིད་སྦྱིན་པ་དང༌། ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ན་ཅི་རིགས་པར་ཞི་བར་བྱའོ། །དེ་ཉིད་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པས་ཆོས་ཤེས་པར་བྱའོ། །བདུན་པོ་འདི་དག་ནི་ཞེས་བྱ་བ་ནི་འོག་ནས་འབྱུང་བ་བདུན་པོ་དག་གོ །ཟླ་བ་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །མངོན་སུམ་གྱིས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་པའོ། །དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་ནོ། །མ་སྨྱོས་པས་འདུལ་བར་འོས་པ་ལ་མ་སྨྱོས་པས་འདུལ་བ་སྦྱིན་ནོ། །གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་ནོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་བཙལ་བ་སྦྱིན་ནོ། །རྩྭ་བཀྲམ་པ་ལྟ་བུར་འོས་པ་ལ་རྩྭ་བཀྲམ་པ་ལྟ་བུ་སྦྱིན་ནོ། །དང་ཁས་བླང་བར་འོས་པ་ལ་ཁས་བླང་བར་བྱའོ་ཞེས་བྱ་བས་ནི་འཁྲུག་ལོང་གི་རྒྱུ་བཞི་ལས་བྱུང་བའི་འཁྲུག་ལོང་གི་རྩོད་པ་བཞི། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་གྱིས་རྒྱུད་གཅིག་ཏུ་བྱ་བ་དང༌། དག་པ་སྦྱིན་པ་དང༌། ཕྱིར་བཅོས་པ་དང༌། ངེས་པར་འབྱུང་བ་ལ་སྦྱོར་བ་ཉིད་སྦྱིན་པ་དང༌། ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཅི་རིགས་པར་ཞི་བར་བྱ་བ་བསྟན་ཏོ། །དེའི་འཁྲུག་ལོང་གི་རྒྱུ་བཞི་གང་ཞེ་ན། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་དང༌། གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་དང༌། ལྟུང་བ་དང་བཅས་པ་ཉིད་དང༌། ལས་ལ་མཐུན་པ་མི་སྦྱིན་པའོ། །འཁྲུག་
ལོང་གི་རྩོད་པ་བཞི་གང་ཞེ་ན། འགྱེད་པའི་ཕྱིར་རྩོད་པ་དང༌། མི་བསྡམས་པའི་ཕྱིར་རྩོད་པ་དང༌། ལྟུང་བའི་ཕྱིར་རྩོད་པ་དང༌། བྱ་བའི་ཕྱིར་རྩོད་པའོ། །རྩོད་པ་བཞི་བར་བྱ་བའི་ཆོས་བདུན་གང་ཞེ་ན། མངོན་སུམ་གྱིས་འདུལ་བ་དང༌། དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པ་དང༌། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང༌། རྩྭ་བཀྲམ་པ་ལྟ་བུ་དང༌། ཁས་བླང་བར་བྱ་བའོ། །དེ་ལ་འཁྲུག་ལོང་གི་རྒྱུ་དང་པོ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ནི་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱའོ། །འཁྲུག་ལོང་གི་རྒྱུ་གཉིས་པ་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་ལས་བྱུང་བའི་འཁྲུག་ལོང་མི་བསྡམས་པའི་ཕྱིར་རྩོད་པ་ནི་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བ་དེ་ཉིད་དང༌། དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བ་དག་ལ་སྦྱིན་པས་ཞི་བར་བྱའོ། །འཁྲུག་ལོང་གི་རྒྱུ་གསུམ་པ་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་ནི་ཁས་བླང་བ་བྱ་བ་དང༌། མངོན་སུམ་གྱིས་འདུལ་བ་དང༌། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པ་དང༌། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་འཛིན་པ་ལ་སྦྱོར་བ་ཉིད་སྦྱིན་པས་ཞི་བར་བྱའོ། །འཁྲུག་ལོང་གི་རྒྱུ་བཞི་པ་ལས་ལ་མཐུན་པ་མི་སྦྱིན་པ་ལས་བྱུང་བའི་འཁྲུག་ལོང་བྱ་བའི་ཕྱིར་རྩོད་པ་མི་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་ཐམས་ཅད་ཀྱིས་སྔ་མ་བཞིན་དུ་ཅི་རིགས་པར་རྒྱུད་གཅིག་ཏུ་བྱ་བ་དང༌། དག་པ་སྦྱིན་པ་དང༌། ཕྱིར་བཅོས་པ་དང༌། ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པའི་རིམ་གྱིས་ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་རྩོད་པ་ནི་ཞི་བར་བྱའོ། །དེ་ལྟར་ན་མངོན་སུམ་གྱིས་འདུལ་བར་འོས་པ་དང༌། ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ནི་འཁྲུག་ལོང་གི་རྒྱུ་དང་པོ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ཡིན་ཏེ། དེ་ལ་ནི་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པ་བས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱའོ། །ཡང་མངོན་སུམ་གྱིས་འདུལ་བར་འོས་པ་དང༌། ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ནི་འཁྲུག་ལོང་གི་རྒྱུ་གཉིས་པ་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་ལས་བྱུང་བའི་འཁྲུག་
ལོང་མི་བསྡམས་པའི་ཕྱིར་རྩོད་པ་རྒྱུ་དང་བཅས་པ་ཉིད་ཡིན་ཏེ། དེ་ལ་ཡང་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱའོ། །དྲན་པས་འདུལ་བར་འོས་པ་དང༌། མ་སྨྱོས་པས་འདུལ་བར་འོས་པ་ཡང་འཁྲུག་ལོང་གི་རྒྱུ་གཉིས་པ་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་ལས་བྱུང་བས་འཁྲུག་ལོང་མི་བསྡམས་པའི་ཕྱིར་རྩོད་པ་རྒྱུ་མེད་པ་ཉིད་ཡིན་ཏེ། དེ་ལ་ནི་དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བ་ལ་སྦྱིན་པས་དག་པ་སྦྱིན་པས་ཞི་བར་བྱའོ། །ཁས་བླང་བར་འོས་པ་དང༌། མངོན་སུམ་གྱིས་འདུལ་བར་འོས་པ་དང༌། རྩྭ་བཀྲམ་པ་ལྟ་བུར་འོས་པ་ནི་འཁྲུག་ལོང་གི་རྒྱུ་གསུམ་པ་ལྟུང་བ་དང་བཅས་པ་རྣམ་པར་མི་ཤེས་པ་ནི་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་ཡིན་ཏེ། དེ་ལ་ནི་ཁས་བླང་བར་བྱ་བ་དང༌། མངོན་སུམ་གྱིས་འདུལ་བ་དང༌། རྩྭ་བཀྲམ་པ་ལྟ་བུ་སྦྱིན་པས་ཕྱིར་བཅོས་པས་ཞི་བར་བྱའོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ནི་འཁྲུག་ལོང་གི་རྒྱུ་གསུམ་པ་ལྟུང་བ་དང་བཅས་པ་རྣམ་པར་མི་ཤེས་པ་ནི་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་ཡིན་ཏེ། དེ་ལ་ནི་དེའི་ངོ་བོ་ཉིད་བཙལ་བ་སྦྱིན་པས་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ཞི་བར་བྱའོ།། མངོན་སུམ་ལ་སོགས་པ་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་ཐམས་ཅད་ཀྱིས་འདུལ་བར་འོས་པ་ནི་འཁྲུག་ལོང་གི་རྒྱུ་བཞི་པ་ལས་ལ་མཐུན་པ་མི་སྦྱིན་པ་ལས་བྱུང་བའི་འཁྲུག་ལོང་བྱ་བའི་ཕྱིར་རྩོད་པ་ཡིན་ཏེ། དེ་ལ་ནི་མངོན་སུམ་གྱིས་འདུལ་བ་ལ་སོགས་པ་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་ཐམས་ཅད་ཀྱིས་སྔ་མ་བཞིན་དུ་ཅི་རིགས་པར་རྒྱུད་གཅིག་ཏུ་བྱ་བ་དང༌། དག་པ་སྦྱིན་པ་དང༌། ཕྱིར་བཅོས་པ་དང༌། ངེས་པར་འཛིན་པ་ལ་སྦྱོར་བ་ཉིད་སྦྱིན་པའི་རིམ་གྱིས་ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཞི་བར་བྱ་སྟེ། འདིར་གཞུང་ནི་ཞུ་བ་ལས་ཞི་བ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པར་འཇུག་གོ་ཞེས་གསུངས་པ་ཡིན་ནོ། །རྩོད་པ་བྱུང་བར་གྱུར་པ་རྣམས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་གིས་ཆོས་དང་འདུལ་བ་དང་སྟོན་པའི་བསྟན་པ་བཞིན་དུ་དུལ་བར་བྱ་ཞི་བར་བྱ། རྣམ་པར་ཞི་བར་བྱའོ་ཞེས་བྱ་བ་ནི་རྩོད་པའི་གཞི་བསྟན་པ་ཡིན་ཏེ། རྩོད་པ་བྱུང་བར་འགྱུར་བ་རྣམས་ཞེས་བྱ་བ་ནི་འཁྲུག་ལོང་གི་རྒྱུ་བཞི་ལས་བྱུང་བའི་འཁྲུག་ལོང་གི་
རྩོད་པ་བཞི་པོ་རྣམས་སོ། །རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་གིས་ཞེས་བྱ་བ་ནི་མངོན་སུམ་གྱིས་འདུལ་བ་ལ་སོགས་པ་བདུན་པོ་དེ་དག་གིས་སོ། །ཆོས་དང་འདུལ་བ་དང་སྟོན་པའི་བསྟན་པ་བཞིན་དུ་ཞེས་བྱ་བ་ནི་ཤེས་བྱ་རྣམ་པར་གཞག་པའི་ཆོས་དང༌། ཚུལ་ཁྲིམས་རྣམ་པར་གཞག་པའི་འདུལ་བ་དང༌། ཆེན་པོ་བསྟན་པ་དང༌། ནག་པོ་སྟོན་པའི་བསྟན་པ་བཞིན་དུའོ། །འདུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱའོ་ཞེས་བྱ་བ་ནི་ཆུང་ངུ་དང༌། འབྲིང་དང་ཆེན་པོའི་གནས་སྐབས་སམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གི་གནས་སྐབས་སམ། ཆོས་དང་འདུལ་བ་དང༌། སྟོན་པའི་བསྟན་པའི་གནས་སྐབས་གྱི་གོ་རིམས་བཞིན་དུ་ཤེས་པར་བྱའོ། །ཚེ་དང་ལྡན་པ་དག་བདག་གིས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཙོན་ཟིན་ཏོ་ཞེས་བྱ་བ་ནི་རྩོད་པ་ཞི་བར་བྱ་བ་གདོན་པའི་མཇུག་བསྡུ་བ་སྟེ། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་ཅེས་བྱ་བ་ནི་སྔར་བསྟན་པ་བདུན་པོ་དག་གོ །བཏོན་ཟིན་ཏོ་ཞེས་བྱ་བ་ནི་དམ་བཅའ་བའི་དོན་གྱིས་མཇུག་བསྡུ་བའི་ཕྱིར་རོ། །ཉན་པ་པོ་རྣམས་སྤྲོ་བར་བྱ་བའི་ཕྱིར་སྨོས་སོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཇི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་འདྲིའོ། །ཇི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས། དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་དག་ནི་རྩོད་པ་ཞི་བར་བྱ་བ་རྣམ་པར་གཞག་པ་བསྒྲག་པར་བྱ་བ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་བཏོན་པ་དེ་ལའོ། །ལྷག་མ་ནི་སྔ་མ་བཞིན་ནོ།། དེ་ལྟར་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་རྣམས་རྣམ་པར་འབྱེད་པ་དང༌། སོ་སོར་ཐར་པའི་མདོར་གཏོགས་པའི་གཞུང་འགྲེལ་པ་ཉི་ཚེ་མདོར་བསྟན་པ་ནས། ད་ནི་རྩོད་པའི་གཞི་ཞུ་བ་དང་བཅས་པའི་སྐབས་བརྗོད་པར་བྱ་སྟེ། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་ཞེས་གསུངས་པ་ལ་རྩོད་པ་ཞེས་བྱ་བ་ནི་འཁྲུག་ལོང་སྟེ། དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་གི་ཕྱིར་སེམས་གཞོལ་བ་ཡིན་གྱིས་ཁྲོ་བ་ནི་མ་ཡིན་ནོ། །གལ་ཏེ་དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་གི་ཕྱིར་སེམས་གཞོལ་བ་འཁྲུགས་ལོང་ཡིན་ལ་དེ་ཉིད་རྩོད་པ་མ་ཡིན་ན། འོ་ན་ཇི་ལྟར་གཙུག་ལག་ལས་དེ་ལ་བརྟེན་ཏེ་འཐབ་པ་དང་མཚང་
འབྲུ་བ་དང་རྩོད་པ་དང་འགྱེད་པ་བྱུང་བ་གང་ཡིན་པ་དེ་འགྱེད་པའི་ཕྱིར་རྩོད་པའོ་ཞེས་གསུངས་ཤེ་ན། འདི་ལྟར་འཐབ་པ་ལ་སོགས་པའི་དགྲ་བོས་མི་མཐུན་པར་སྨྲ་བའི་ཚིག་གི་ཕྱིར་སེམས་གཞོལ་བའི་འཁྲུག་ལོང་འདིའི་འཁོར་ཡིན་ཏེ། དེ་དང་འབྲེལ་བ་ལས་བྱུང་བའི་ཕྱིར་དེ་དག་ཀྱང་འདིས་བསྡུས་པར་ཤེས་པར་བྱའོ། །དེ་ལ་རྩོད་པ་ནི་རྣམ་པ་བཞི་སྟེ། འགྱེད་པའི་ཕྱིར་རྩོད་པ་དང༌། མི་བསྡམས་པའི་ཕྱིར་རྩོད་པ་དང༌། ལྟུང་བའི་ཕྱིར་རྩོད་པ་དང༌། འགྱེད་པའི་རྒྱུ་ལས་རྩོད་པའོ། །མི་བསྡམས་པའི་རྒྱུ་ལས་རྩོད་པ་ནི་མི་བསྡམས་པའི་ཕྱིར་རྩོད་པའོ། །ལྟུང་བའི་རྒྱུ་ལས་རྩོད་པ་ནི་ལྟུང་བའི་ཕྱིར་རྩོད་པའོ། །བྱ་བའི་རྒྱུ་ལས་རྩོད་པ་ནི་བྱ་བའི་ཕྱིར་རྩོད་པའོ་ཞེས་གསུངས་པ་ལ་རྩོད་པ་བཞི་པོ་གང་དག་ཡིན་པ་དེ་དག་གི་ངོ་བོ་ངེས་པར་གཟུང་བའི་ཕྱིར་འཁྲུག་ལོང་གི་རྒྱུ་བཞི་ལས་འཁྲུག་ལོང་གི་རྩོད་པ་བཞི་གོ་རིམས་བཞིན་དུ་འབྱུང་སྟེ་ཞེས་གསུངས་སོ། །འཁྲུག་ལོང་གི་རྒྱུ་བཞི་གང་ཞེ་ན། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང༌། གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་དང༌། ལྟུང་བ་དང་བཅས་པ་ཉིད་དང༌། ལས་ལ་མཐུན་པ་ཉིད་སྦྱིན་པའོ། །དེ་ལ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་ཇི་ལྟ་བུ་ཞེ་ན། དངོས་པོ་ཞེས་བྱ་བ་ནི་ཆོས་རྣམ་པར་གཞག་པ་དང༌། ཚུལ་ཁྲིམས་རྣམ་པར་གཞག་པའི་དངོས་པོ་ཆོས་དང་འདུལ་བ་དང༌། སྟོན་པའི་བསྟན་པ་དང༌། ལྟུང་བ་སྟེ་སྔར་གཏོགས་པ་དག་གོ །དེ་བཞིན་ཉིད་ཅེས་བྱ་བ་ནི་ཆོས་རྣམ་པར་གཞག་པ་ཇི་ལྟ་བ་བཞིན། ཚུལ་ཁྲིམས་རྣམ་པར་གཞག་པ་ཇི་ལྟ་བ་ཉིད་དེ། ཆོས་དང་ཆོས་མ་ཡིན་པ་དང༌། འདུལ་བ་དང་འདུལ་བ་མ་ཡིན་པ་དང༌། སྟོན་པའི་བསྟན་པ་དང༌། སྟོན་པའི་བསྟན་པ་མ་ཡིན་པ་དང༌། ལྟུང་བ་དང་ལྟུང་བ་མ་ཡིན་པ་ལ་སོགས་པ་དངོས་པོ་དེའི་རང་བཞིན་ཉིད་དེ། རང་གི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དེ་ལ་ལོག་པར་བསྒྲུབས་པའི་ཞེས་བྱ་བ་ནི་མ་ངེས་པ་ཉིད་དེ་ཆོས་རྣམ་པར་གཞག་པ་ཡིན་ནོ་ཞེས་སམ་མ་ཡིན་ནོ་ཞེས་བྱ་བ་དང༌། ཚུལ་ཁྲིམས་རྣམ་པར་གཞག་པ་ཡིན་ནོ་ཞེའམ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་གཉིས་སུ་འདྲེན་པའོ། །དེ་ལྟར་དངོས་པོ་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་དེས་དངོས་པོའི་རྣམ་པར་དཔྱོད་པ་དག་ཀྱང་
བསྡུས་ཏེ། དངོས་པོའི་རྣམ་པ་ཞེས་བྱ་བ་ནི་བྱ་བ་དང་བྱ་བ་མ་ཡིན་པ་ཉིད་དང༌། བླང་བ་དང༌། དོར་བ་ཉིད་དང༌། སྦྱིན་པར་བྱ་བ་དང༌། སྦྱིན་པར་མི་བྱ་བ་ཉིད་དང༌། ལས་སུ་བསྐོ་བ་དང་ལས་སུ་མི་བསྐོ་བ་ཉིད་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལ་དཔྱོད་པ་ཞེས་བྱ་བ་ནི་ཅིའི་ཕྱིར་ཁྱོད་ཀྱི་བྱ་བ་འདི་ནི་མ་བྱས་པར་བྱ་བ་མ་ཡིན་པར་འདི་ནི་བྱ་ཞེ་འམ། བླང་བ་འདི་ནི་བོར་ལ་དོར་བ་འདི་ནི་བླངས་ཤེའམ། སྦྱིན་པར་བྱ་བ་འདི་ནི་མ་བྱིན་ལ་སྦྱིན་པར་མི་བྱ་བ་འདི་ནི་བྱིན་ཞེ་འམ། ལས་ལ་བསྐོ་བ་འདི་ནི་མ་བསྐོས་ལ་ལས་སུ་མི་བསྐོ་བ་འདི་ནི་བསྐོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་དཔྱོད་པའོ། །དེ་ལྟར་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང༌། དངོས་པོའི་རྣམ་པ་ལ་དཔྱོད་པ་དེ་ནི་འཁྲུག་ལོང་གི་རྒྱུ་དང་པོ་ཡིན་ནོ། །དེ་ལས་འཁྲུག་ལོང་དང་པོ་འགྱེད་པའི་ཕྱིར་རྩོད་པ་འབྱུང་སྟེ། འགྱེད་པའི་ཕྱིར་རྩོད་པ་ཞེས་བྱ་བ་ནི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང༌། དངོས་པོའི་རྣམ་པ་ལ་དཔྱོད་པ་དེ་ལ་བརྟེན་ཏེ། དགྲ་བཅོས་མི་མཐུན་པར་སྨྲས་པའི་ཚིག་གི་ཕྱིར་སེམས་གཞོལ་བའི་འཁྲུག་ལོང་འཐབ་པ་དང༌། མཚང་འདྲུ་བ་དང༌། རྩོད་པ་དང༌། འགྱེད་པ་ལ་སོགས་པའི་འཁོར་དང་བཅས་པའི་འགྱེད་པའི་རྒྱུ་ལས་རྩོད་པ་མངོན་སུམ་གྱིས་འདུལ་བ་དང་ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱ་བ་གང་འབྱུང་བ་སྟེ། དེ་ནི་འགྱེད་པའི་ཕྱིར་རྩོད་པ་ཞེས་བྱའོ། །དེ་ལྟར་འཁྲུག་ལོང་གི་རྒྱུ་དང་པོ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་འཁྲུག་ལོང་དང་པོ་འགྱེད་པའི་ཕྱིར་རྩོད་པ་འབྱུང་བར་ཤེས་པར་བྱའོ། །གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་ཇི་ལྟ་བུ་ཞེ་ན། གདམས་ངག་ལ་སོགས་པ་ཞེས་བྱ་བ་ཞེས་བྱ་བ་ནི་དགེ་སློང་ལྟུང་བ་འབྱིན་པ་ལ་དགེ་འདུན་གྱི་གང་ཟག་གླེང་བ་པོ་ཆོས་གསུམ་མམ་ལྔ་དང་ལྡན་པ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྒོས་ཏེ་དེས་དེ་ལ་སྐབས་འབྱེད་དུ་བཅུག་ནས་དུས་སུ་དབེན་པའི་མཐར་དྲན་པ་དང་ཤེས་བཞིན་ཉེ་བར་གཞག་སྟེ། མཐོང་བའམ། ཐོས་པའམ། དོགས་པའི་གཞི་དང་བཅས་པས་གླེང་བར་བྱའོ། །དེས་གཞི་དང་བཅས་པས་གླེང་པ་ན་མི་དྲན་ན་ཡུལ་དང་དུས་དང་གཞི་གང་ལས་ལྟུང་བ་འབྱུང་བ་གླེང་བ་པོས་ཇི་ལྟར་མཐོང་བའམ། ཐོས་པའམ་དོགས་པའི་སྒོ་ནས་དྲན་པར་བྱའོ། །དེ་
ལྟར་གླེངས་ཤིང་དྲན་པར་བྱས་པ་ན་དེས་ལྟུང་བ་མཐོང་ནས་སྐབས་ཕྱེ་སྟེ་དགྲ་བཅོས་གཞི་གང་གིས་གླེང་བའི་ལྟུང་བ་རྒྱུ་དང་བཅས་པ་ཉིད་ཡིན་ན་རྒྱུད་གཅིག་ཏུ་བྱ་བས་ཕྱིར་བཅོས་པར་བྱའོ། །རྒྱུ་མེད་པ་ཉིད་ཡིན་ན་དག་པ་སྦྱིན་པས་རང་བཞིན་དུ་གནས་པར་བྱའོ། །དེ་ལྟར་བྱས་པ་དེ་ལ་དགེ་འདུན་གྱི་གདམས་ངག་དང༌། རྗེས་སུ་བསྟན་པ་དང༌། གཏམ་འདྲེ་བ་དང༌། ཕེབས་པར་སྨྲས་པ་དང༌། སོ་སོར་ཀུན་དགའ་བར་བྱ་བ་དང༌། རྟག་ཏུ་ལྷན་ཅིག་གནས་པར་བྱ་བ་དང༌། གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་ལྷན་ཅིག་བྱ་བ་སྟེ། དེ་ནི་གདམས་ངག་ལ་སོགས་པ་ཞེས་བྱ་བའོ། །འཇོག་པ་ཞེས་བྱ་བ་ནི་དགེ་སློང་ལྟུང་བ་འབྱིན་པ་ལ་དགེ་འདུན་གྱིས་གང་ཟག་གླེང་བ་པོ་དེ་ལྟ་བུ་དེ་ལྟར་བསྐོས་ཏེ། དེས་དེ་ལ་དེ་ལྟར་གླེངས་ཤིང་དྲན་པར་བྱས་པ་ན་སྐབས་འབྱེད་པར་མི་བྱེད་ན་དེ་ལ་བརྗོད་པ་དང་བཅས་པ་ཉིད་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ལ་བརྗོད་པ་དང་བཅས་པ་ཉིད་བྱས་ཁྱོད་ཀྱིས་གནས་འདི་ནས་མ་ཞུས་པར་འགྲོ་བར་མི་བྱའོ། །ཁོ་བོ་ལ་ཚེ་དང་ལྡན་པ་ལ་བརྗོད་པར་བྱ་བའི་ཕྱིར་བསྡོགས་པ་ཡོད་དོ་ཞེས་བརྗོད་པ་དང་བཅས་པ་ཉིད་བྱའོ། །དེས་སྐབས་འབྱེད་པར་མི་བྱེད་ན་མི་བསྡམས་པ་ཉིད་དུ་བྱ་སྟེ། དེ་ལ་གདམས་ངག་དང་རྗེས་སུ་བསྟན་པས་ཕན་གདགས་པར་མི་བྱའོ། །དེས་ཀྱང་སྐབས་མི་འབྱེད་ན་གཏམ་འདྲེ་བ་ལ་སོགས་པ་ཡང་བཟློག་པར་བྱ་སྟེ། དེ་ལ་གཏམ་འདྲེ་བ་དང༌། ཕེབས་པར་སྨྲ་ན་དང༌། སོ་སོར་ཀུན་དགའ་བར་བྱ་བ་དང༌། རྟག་ཏུ་ལྷན་ཅིག་གནས་པར་བྱ་བའི་ཐ་སྙད་ཀྱི་ཚིག་སྦྱིན་པར་ཡང་མི་བྱའོ། །དེ་ལྟར་ན་ཡང་སྐབས་འབྱེད་པར་མི་བྱེད་ན་དེ་ལ་གསོ་སྦྱོང་གཞག་པར་བྱ་སྟེ། གསོ་སྦྱོང་གི་དུས་སུ་དེ་ལ་གསོལ་བ་དང་བ་ཞིའི་ལས་ཀྱིས་དེའི་གསོ་སྦྱོང་གཞག་པར་བྱའོ། །གསོ་སྦྱོང་གཞག་པ་ཞེས་བྱ་བ་ནི་གང་ཟག་འདི་འདུག་པ་དང་ལྟན་ཅིག་དགེ་འདུན་གྱིས་གསོ་སྦྱོང་མི་བྱའོ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་ཡང་སྐབས་འབྱེད་པར་མི་བྱེད་ན་དེ་ལ་དགག་དབྱེ་གཞག་པར་བྱ་སྟེ། དགག་དབྱེའི་དུས་སུ་གསོལ་བ་དང་བཞིའི་ལས་ཀྱིས་དེའི་དགག་དབྱེ་གཞག་པར་བྱའོ། །དགག་དབྱེ་གཞག་པ་ཞེས་བྱ་བ་ནི་གང་ཟག་འདི་འདུག་པ་དང་ལྷན་ཅིག་དགེ་འདུན་གྱིས་དགག་དབྱེ་མི་བྱའོ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །སྐབས་ཕྱེ་བ་ཉིད་ན་མཉན་པ་ཉིད་མ་ཡིན་ན་
ཕུར་པ་དང་བཅས་པ་བྱ་སྟེ། གནས་འདི་ལ་འམ་གཞན་དུའམ། གཞི་འདི་འམ་གང་ཡང་རུང་བ་འདི་ལ་ཅི་འདོད་པར་སྨྲ་བར་བྱའོ་ཞེས་བྱ་བ་དང༌། དེ་ལ་ལྟུང་བ་བཀལ་ཏེ་ཉེས་པ་བསྟན་ཏེ་བཏང་པས་རྟ་དམུ་རྒོད་ཕུར་པ་ལ་བཏགས་པ་བཞིན་དུ་ཕུར་བ་དང་བཅས་པ་བྱ་སྟེ། དེ་དག་ནི་གདམས་ངག་ལ་སོགས་པ་འཇོག་པས་ཞེས་བྱ་བ་ཡིན་ནོ། །དེས་གཞན་སྤོང་བ་ཞེས་བྱ་བ་ནི་གདམས་ངག་ལ་སོགས་པ་འཇོག་པའི་རིམ་པ་དེས་གང་ཟག་ལྟུང་བ་འབྱིན་པའོ། །གཞན་དེ་དགེ་འདུན་རང་བཞིན་དུ་གནས་པ་ལས་ལོགས་ཤིག་ཏུ་སྤོང་བར་བྱེད་པའོ། །གཞན་སྤོང་བ་དེ་ནི་རྒྱུ་དང་བཅས་པ་ཡང་ཡོད་རྒྱུ་མེད་པ་ཡང་ཡོད་དེ། རྒྱུ་དང་བཅས་པ་ནི་ཡུལ་དང་དུས་དང་གཞི་གང་ལས་ལྟུང་བ་འབྱུང་བའི་རྒྱུ་ཡོད་པ་ཉིད་ཀྱིས་སྤོང་བའོ། །རྒྱུ་མེད་པ་ནི་གླེང་གཞིའི་ཁ་ན་མ་ཐོ་བ་མེད་པ་ལ། གཞི་མེད་པས་གླེང་བ་དང༌། གཞན་རྗེས་སུ་བསྒྲུབ་པའི་དབང་གིས་གླེང་བ་དང༌། ཕྱིར་བཅོས་པ་ལ་མི་ལྟོས་པར་གླེང་བ་དང༌། སྨྱོན་པས་བྱས་པས་གླེང་བདག་གིས་སྤོང་བའོ། །དེ་ལྟར་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་དེ་ནི་འཁྲུག་ལོང་གི་རྒྱུ་གཉིས་པ་ཡིན་ནོ། །དེ་ལས་འཁྲུག་ལོང་གཉིས་པ་མི་བསྡམས་པའི་ཕྱིར་རྩོད་པ་འབྱུང་སྟེ། མི་བསྡམས་པའི་ཕྱིར་རྩོད་པ་ཞེས་བྱ་བ་ནི་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་རྒྱུ་དང་བཅས་པ་དང༌། རྒྱུ་མེད་པ་དེ་ལ་བརྟེན་ཏེ་དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་གི་ཕྱིར་སེམས་གཞོལ་བའི་འཁྲུག་ལོང་གཞན་སྤོང་བ་རྒྱུ་དང་བཅས་པ་ལ་དགེ་སློང་ལྟུང་བ་དང་བཅས་པ་ལ་དགེ་འདུན་གྱིས་གང་ཟག་གླེང་བ་པོ་བསྒོ་བ་དང༌། དེས་དེ་ལ་སྐབས་འབྱེད་དུ་གཞུག་པ་དང་དུས་སུ་དབེན་པའི་མཐར་དྲན་པ་དང་ཤེས་བཞིན་གྱིས་གཞི་དང་བཅས་པ་གླེང་བ་དང༌། ཡུལ་དང་དུས་དང༌། གཞི་གང་ལས་ལྟུང་བ་འབྱུང་བའི་སྒོ་ནས་དྲན་པར་བྱ་བ་དང༌། སྐབས་མི་འབྱེད་ན་བརྗོད་པ་དང༌། བཅས་པ་ཉིད་དང་མི་བསྡམས་པ་ཉིད་དང༌། གཏམ་འདྲེ་བ་ལ་སོགས་བཟློག་པ་དང་གསོ་སྦྱོང་གཞག་པ་དང༌། དགག་དབྱེ་གཞག་པ་དང༌། ཕུར་པ་དང་བཅས་པ་ཉིད་ལ་སོགས་པའི་འཁོར་དང་བཅས་པ་ཉིད་མི་བསྡམས་པའི་རྒྱུ་ལས་རྩོད་པ་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱ་བ་དང༌། གཞན་སྤོང་བ་རྒྱུ་མེད་
པ་ལས་དགེ་སློང་ལྟུང་བ་མེད་པ་ལས་གཞི་མེད་པས་གླེང་བ་དང༌། གཞན་རྗེས་སུ་སྒྲུབ་པའི་དབང་གིས་གླེང་བ་དང་ཕྱིར་བཅོས་པ་ལ་མི་ལྟོས་པས་གླེང་བ་དང༌། སྨྱོས་པས་བྱས་པས་གླེང་བ་ལ་སོགས་པའི་འཁོར་དང་བཅས་པ་མི་བསྡམས་པའི་རྒྱུ་ལས་རྩོད་པ་དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བས་དག་པ་སྦྱིན་པས་ཞི་བར་བྱ་བ་གང་འབྱུང་བ་སྟེ་དེ་ནི་མི་བསྡམས་པའི་ཕྱིར་རྩོད་པ་ཞེས་བྱའོ། །དེ་ལྟར་འཁྲུག་ལོང་གི་རྒྱུ་གཉིས་པ་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་ལས་འཁྲུག་ལོང་གཉིས་པ་མི་བསྡམས་པའི་ཕྱིར་རྩོད་པ་འབྱུང་བར་ཤེས་པར་བྱའོ། །ལྟུང་བ་དང་བཅས་པ་ཉིད་ཇི་ལྟ་བུ་ཞེ་ན། ལྟུང་བ་ཞེས་བྱ་བ་ནི་ལྟུང་བ་སྡེ་ལྔ་ལས་ལྷག་མ་དང་བཅས་པ་གང་ཡང་རུང་བའོ། །ལྟུང་བ་དང་བཅས་པ་ཉིད་ནི་རྣམ་པ་གཉིས་སྟེ། རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་དང༌། རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་དོ། །དེ་ལ་རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ནི་གང་ཟག་ལྟུང་བ་དང་བཅས་པ་ལ་གླེང་བ་པོས་གླེངས་ནས་དངོས་པོ་དང༌། ཕྱོགས་དང༌། བསམ་པ་དང༌། ཆེ་བ་ཞི་དང༌། ཁས་བླངས་པ་ལ་སོགས་པའི་སྒོ་ནས་ལྟུང་བ་རྣམ་པར་ཤེས་པ་དང༌། ལྟུང་བ་སྡེ་ལྔ་གང་ཡང་རུང་བ་དག་གིས་དངོས་གཞི་འམ་སྦྱོར་བ་འམ། སྦྱོར་བའི་སྦྱོར་བ་ཞེས་བྱ་བའི་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་དོ། །རྣམ་པར་མི་ཤེས་པ་དང་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ནི་གང་ཟག་ལྟུང་བ་དང་བཅས་པ་ལས་གླེང་བ་བོས་གླེངས་ནས་ལྟུང་བ་དྲན་ན། དགེ་འདུན་ལ་ཁས་བླངས་ནས་དེའི་འོག་ཏུ་བརྗོད་པས་དངོས་པོ་དང༌། ཕྱོགས་དང༌། བསམ་པ་དང༌། ཆེ་བཞི་དང༌། ཁས་བླངས་པ་ལ་སོགས་པའི་སྒོ་ནས་ལྟུང་བ་རྣམ་པར་མི་ཤེས་པ་ན་ལྟུང་བ་སྡེ་ལྔ་གང་ཡང་རུང་བ་དག་གིས་དངོས་གཞིའམ་སྦྱོར་བའམ། སྦྱོར་བའི་སྦྱོར་བ་ཞེས་བྱ་བའི་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་དོ། །དེ་ལྟར་ལྟུང་བ་དང་བཅས་པ་ཉིད་དེ་ནི་འཁྲུག་ལོང་གི་རྒྱུ་གསུམ་པ་ཡིན་ནོ། །དེ་ལས་འཁྲུག་ལོང་གསུམ་པ་ལྟུང་བའི་ཕྱིར་རྩོད་པ་འབྱུང་སྟེ། ལྟུང་བའི་ཕྱིར་རྩོད་པ་ཞེས་བྱ་བ་ནི་ལྟུང་བ་དང་བཅས་པ་རྣམ་པར་ཤེས་པ་ན་རང་གི་ངོ་བོའི་
ཉེས་པས་ལྟུང་བ་དང་བཅས་པ་ཉིད་དང༌། རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་དེ་ལ་བརྟེན་ཏེ་དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་གིས་ཕྱེད་སེམས་གཞོལ་བའི་འཁྲུག་ལོང་རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལས་ཕྱིར་བཅོས་པ་མེད་པའི་འཁྲུག་ལོང་དང༌། ཕྱིར་བཅོས་པ་དང་བཅས་པ་རྣམ་པ་གཉིས་པོ་ཉི་ཚེ་བའི་འཁྲུག་ལོང་དང༌། དགེ་འདུན་མཐའ་དག་དང་འབྲེལ་བའི་འཁྲུག་ལོང་ལ་སོགས་པའི་འཁོར་དང་བཅས་པ་ལྟུང་བའི་རྒྱུ་ལ་རྩོད་པ་ཁས་བླང་བར་བྱ་བ་དང༌། མངོན་སུམ་གྱིས་འདུལ་བ་དང༌། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པས་ཞི་བར་བྱ་བ་དང༌། རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་ཞིང་ས་གཞན་ན་གནས་པའི་སྤྱོད་པ་སྤྱད་པར་བྱ་བ་ལ་སོགས་པའི་འཁོར་དང་བཅས་པ་ལྟུང་བའི་རྒྱུ་ལས་རྩོད་པ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ཞི་བར་བྱ་བ་གང་འབྱུང་བ་སྟེ། དེ་ནི་ལྟུང་བའི་ཕྱིར་རྩོད་པ་ཞེས་བྱའོ། །དེ་ལྟར་ན་འཁྲུག་ལོང་གི་རྒྱུ་གསུམ་པ་ལྟུང་བ་དང་བཅས་པ་ཉིད་ལས་འཁྲུག་ལོང་གི་རྒྱུ་གསུམ་པ་ལྟུང་བའི་ཕྱིར་རྩོད་པ་འབྱུང་བར་ཤེས་པར་བྱའོ། །ལས་ལ་མཐུན་པ་མི་སྦྱིན་པ་ཇི་ལྟ་བུ་ཞེ་ན། ལས་ཞེས་བྱ་བ་ནི་གསོལ་བ་ལ་སོགས་པའི་ལས་བརྒྱ་རྩ་གཅིག་པོ་གསོ་སྦྱོང་དང་དགག་དབྱེ་ལ་སོགས་པའི་བདག་ཉིད་ཀྱི་ལས་དག་གོ །དེ་ལ་མཐུན་པ་མི་སྦྱིན་པ་ནི་རྣམ་པ་གཉིས་སྟེ། འདུལ་བས་རྗེས་སུ་མ་ཞུགས་པ་ཉིད་དང༌། ཕྱིར་ཟློག་པར་བྱེད་པ་ཉིད་དོ། །དེ་ལ་འདུལ་བ་རྗེས་སུ་མ་ཞུགས་པ་ཉིད་ནི་དགེ་སློང་ལས་དེའི་མཚམས་ཀྱི་ཁོང་དུ་གཏོགས་པའི་ཚོགས་ཀྱིས་ཁ་སྐོང་བར་འོས་པ་ལུས་སམ་འདུན་པས་དགེ་འདུན་འདུལ་བའི་ནང་དུ་རྗེས་སུ་མ་ཞུགས་པ་ཉིད་ཀྱིས་མཐུན་པ་མི་སྦྱིན་པའོ། །ཕྱིར་ཟློག་པར་བྱེད་པ་ཉིད་ནི་དགེ་སློང་ལས་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་རང་བཞིན་དུ་གནས་པ། སྤྱོད་ལམ་ལས་མ་ཉམས་པ། ངག་ཡང་དག་པར་བསྡམས་པ། འདུལ་བའི་བྱ་བ་མངོན་པར་ཤེས་པ། ཞེ་འགྲས་པ་མེད་པས་ལས་གཞན་ལ་བྱེད་པ་ཆོས་དང་མི་ལྡན་པའི་ཕྱིར་བཟློག་པ་ཉིད་ཀྱིས་མཐུན་པ་མི་སྦྱིན་པའོ། །དེ་ལྟར་གསོལ་བ་ལ་སོགས་པའི་ལས་ལ་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དང་
ཕྱིར་ཟློག་པར་བྱེད་པ་ཉིད་ཀྱིས་མཐུན་པ་མི་སྦྱིན་པ་འདི་ནི་འཁྲུག་ལོང་གི་རྒྱུ་བཞི་བ་ཡིན་ནོ། །དེ་ལས་འཁྲུག་ལོང་བཞི་པ་བྱ་བའི་ཕྱིར་རྩོད་པ་འབྱུང་སྟེ། བྱ་བའི་ཕྱིར་རྩོད་པ་ཞེས་བྱ་བ་ནི་གསོལ་བ་ལ་སོགས་པའི་ལས་ལ་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དང༌། ཕྱིར་ཟློག་པར་བྱེད་པ་ཉིད་ཀྱིས་མཐུན་པ་མི་སྦྱིན་པ་དེ་ལ་བརྟེན་ཏེ་དགྲ་བོས་མི་མཐུན་པར་སྨྲས་པའི་ཚིག་གིས་ཕྱིར་སེམས་གཞོལ་བའི་འཁྲུག་ལོང་འཐབ་པ་དང༌། མཚང་འདྲུ་བ་དང༌། རྩོད་པ་དང༌། འགྱེད་པ་ལ་སོགས་པའི་འཁོར་དང་བཅས་པར་བྱ་བའི་རྒྱུ་ལ་རྩོད་པ་མངོན་སུམ་གྱིས་འདུལ་བ་དང་ཚུལ་ཤིང་མང་པོ་སྦྱིན་པ་ན་རྒྱུད་གཅིག་ཏུ་དབྱེ་བས་ཞི་བར་བྱ་བ་གང་འབྱུང་བ་དེ་དང༌། གཞན་སྤོང་བ་རྒྱུ་དང་བཅས་པ་ལས་དགེ་སློང་ལྟུང་བ་དང་བཅས་པ་ལ་དགེ་འདུན་གྱིས་གང་ཟག་གླེང་བ་པོ་བསྐོ་བ་དང༌། དེས་དེ་ལ་སྐབས་མི་འབྱེད་དུ་གཞུག་པ་དང་དུས་སུ་དབེན་པའི་མཐའ་དྲན་པ་དང༌། ཤེས་བཞིན་གྱིས་གཞི་དང་བཅས་པས་གླེང་བ་དང༌། ཡུལ་དང་དུས་དང༌། གཞི་གང་ལས་ལྟུང་བའི་སྒོ་ནས་དྲན་པར་བྱ་བ་དང༌། སྐབས་མི་འབྱེད་ན་བརྗོད་པ་དང་བཅས་པ་ཉིད་དང༌། མི་གདམས་པ་ཉིད་དང༌། གཏམ་འདྲེ་བ་ལ་སོགས་པ་ཟློག་པ་དང༌། གསོ་སྦྱོང་གཞག་པ་དང༌། དགག་དབྱེ་གཞག་པ་དང༌། ཕུར་བ་དང་བཅས་པ་ཉིད་ལ་སོགས་པའི་འཁོར་དང་བཅས་པ་བྱ་བའི་རྒྱུ་ལས་རྩོད་པ་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱ་བ་གང་ཡིན་པ་དེ་དང་གཞན་སྤོང་བ་རྒྱུ་མེད་པ་ལས་དགེ་སློང་ལྟུང་བ་མེད་པ་ལ་གཞི་མེད་པས་གླེང་བ་དང༌། གཞན་རྗེས་སུ་སྒྲུབ་པའི་དབང་གིས་གླེང་བ་དང༌། ཕྱིར་བཅོས་པ་ལ་མི་ལྟོས་པར་གླེང་བ་དང༌། སྨྱོས་པས་བྱས་པས་གླེང་བ་ལ་སོགས་པའི་འཁོར་དང་བཅས་པས་བྱ་བའི་རྒྱུ་ལས་རྩོད་པ་དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བས་དག་པ་སྦྱིན་པས་ཞི་བར་བྱ་བ་གང་བྱུང་བ་དེ་དང༌། ལྟུང་བ་དང་བཅས་པ་རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལས་ཕྱིར་བཅོས་པ་མེད་པའི་འཁྲུག་ལོང་དང༌། ཕྱིར་བཅོས་པ་དང་བཅས་པ་རྣམ་པ་གཉིས་པོ་ཉི་ཚེ་བའི་འཁྲུག་ལོང་དང༌། དགེ་འདུན་མཐའ་དག་དང་འབྲེལ་བའི་འཁྲུག་ལོང་ལ་སོགས་པའི་འཁོར་དང་བཅས་པའི་
རྒྱུ་ལས་རྩོད་པ་དང་ཁས་བླང་བར་བྱ་བ་དང༌། མངོན་སུམ་གྱིས་འདུལ་བ་དང༌། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པས་ཞི་བར་བྱ་བ་གང་བྱུང་བ་དེ་དང༌། རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལས་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་ཞིང་ས་གཞན་ན་གནས་པའི་སྤྱོད་པ་སྤྱད་པར་བྱ་བ་ལ་སོགས་པའི་འཁོར་དང་བཅས་པ་བྱ་བའི་རྒྱུ་ལས་རྩོད་པ་དེའི་ངོ་བོ་ཉིད་ཚོལ་དུ་ཞུགས་པས་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ཞི་བར་བྱ་བ་གང་བྱུང་བ་སྟེ། དེ་དག་ནི་བྱ་བའི་ཕྱིར་རྩོད་པ་ཞེས་བྱའོ། །དེ་ལྟར་ན་ལས་ལ་མཐུན་པ་མི་སྦྱིན་པ་ལས་བྱུང་བའི་འཁྲུག་ལོང་བྱ་བའི་ཕྱིར་རྩོད་པ་འདི་ནི་འགྱེད་པའི་ཕྱིར་རྩོད་པ་དང༌། མི་གདམས་པའི་ཕྱིར་རྩོད་པ་དང༌། ལྟུང་བའི་ཕྱིར་རྩོད་པ་ཐམས་ཅད་ཀྱིས་ཡུལ་ལ་ཡང་རྒྱུ་དེ་དག་ཉིད་ཀྱི་སྒོ་ནས་འབྱུང་ཞིང་དེ་དག་ཞི་བར་བྱ་བ་ཡང་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་ཐམས་ཅད་ཀྱིས་གོང་དུ་བསྟན་པ་བཞིན་དུ་ཅི་རིགས་པར་རྒྱུད་གཅིག་ཏུ་བྱ་བ་དང༌། དག་པ་སྦྱིན་པ་དང༌། ཕྱིར་བཅོས་པ་དང༌། ངེས་པར་འཛིན་བ་ལ་སྦྱར་བ་ཉིད་སྦྱིན་པའི་རིམ་གྱིས་ལམ་ལ་མཐུན་པ་སྦྱིན་དུ་གཞུག་པས་ཞི་བར་བྱ་བ་ཡིན་ཏེ། འདིར་གཞུང་གི་ཞུ་བ་ལས་ཞི་བ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པར་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་འཁྲུག་ལོང་གི་རྒྱུ་བཞི་པ་ལས་ལ་མཐུན་པ་མི་སྦྱིན་པ་ལས་འཁྲུག་ལོང་བཞི་པ་བྱ་བའི་ཕྱིར་རྩོད་པ་འབྱུང་བར་ཤེས་པར་བྱའོ། །དེ་ལྟར་འཁྲུག་ལོང་གི་རྒྱུ་བཞི་ལས་བྱུང་བའི་འཁྲུག་ལོང་གི་རྩོད་པ་བཞི་པོ་དེ་དག་ཞི་བར་བྱ་བའི་ཆོས་ནི་བདུན་ཏེ། མངོན་སུམ་གྱིས་འདུལ་བ་དང༌། དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པ་དང༌། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང༌། རྩྭ་བཀྲམ་པ་ལྟ་བུ་དང༌། ཁས་བླང་བར་བྱ་བའོ། །དེ་ལ་མངོན་སུམ་གྱིས་འདུལ་བ་ཞེས་བྱ་བ་ནི་གཟུ་བོའི་མདུན་དུ་གླེང་བར་བྱ་བ་དང༌། གླེང་པ་པོ་དང་དེ་དག་གི་རྗེས་སུ་འབྲང་བ་རྣམས་ཀྱིས་རྒོལ་བ་དང་ལན་གྱི་ཚིག་དག་མངོན་སུམ་དུ་བྱ་བ་གང་ཡིན་པ་དེས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་ཞིང་རྒྱུད་གཅིག་ཏུ་བྱ་བས་རྩོད་པ་དེ་ཞི་བར་འགྱུར་རོ། །དྲན་པས་འདུལ་བ་ཞེས་བྱ་བ་ནི་དགེ་སློང་དྲན་པ་དང་ལྡན་པ་གང་ལ་གླེང་པའི་ཁ་ན་མ་ཐོ་བ་མེད་པ་དེ་ལ་དགེ་འདུན་གྱིས་གསོལ་བ་
དང་བཞིའི་ལས་ཀྱིས་དྲན་པས་འདུལ་བ་སྦྱིན་ཞིང༌། དེ་བྱིན་ནས་དགེ་སློང་དེ་ལ་དགེ་སློང་གཞན་དག་གིས་དྲན་པ་དང་ལྡན་པ་ཉིད་དུ་འཛིན་གྱི་ལྟུང་བ་དང་བཅས་པར་མི་འཛིན་ཏེ། དེས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་ཞིང་དག་པ་སྦྱིན་པས་རྩོད་པ་དེ་ཞི་བར་འགྱུར་བའོ། །མ་སྨྱོས་པས་འདུལ་བ་ཞེས་བྱ་བ་ནི་དགེ་སློང་མ་སྨྱོས་པ་གང་ལ་གླེང་བའི་ཁ་ན་མ་ཐོ་བ་མེད་པ་དེ་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་མ་སྨྱོས་པ་འདུལ་བ་སྦྱིན་ཞིང་དེ་བྱིན་ན་དགེ་སློང་དེ་ལ་དགེ་སློང་གཞན་དག་གིས་རང་བཞིན་དུ་གནས་པ་ཉིད་དུ་འཛིན་གྱི་ལྟུང་བ་དང་བཅས་པར་མི་འཛིན་ཏེ། དེས་འདུལ་བར་འོས་པ་ལ་མ་སྨོས་པས་འདུལ་བ་སྦྱིན་ཞིང་དག་པ་སྦྱིན་པས་རྩོད་པ་དེ་ཞི་བར་འགྱུར་བའོ། །ཚུལ་ཤིང་མང་པོ་སྦྱིན་པ་ཞེས་བྱ་བ་ནི་ཆོས་རྣམ་པར་གཏན་ལ་དབབ་པ་ལ་སྲིད་ཀྱི་ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་ལ་ནི་མི་སྲིད་དེ། ཆོས་དང་འདུལ་བ་དང་སྟོན་པའི་བསྟན་པའི་ཆོས་རྣམ་པར་གཏན་ལ་དབབ་པའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་མངོན་སུམ་གྱིས་འདུལ་བས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་མ་ནུས་པ་ཉིད་ཡིན་ཞིང་རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་རྩོད་པ་དེ་གཅེས་པར་བཟུང་བ་ཉིད་དང༌། རབ་ཏུ་དམ་པ་ཉིད་དང༌། མི་བཟོད་པ་ཉིད་དང༌། བསྡམ་པར་བྱ་བ་མ་ཡིན་པའི་དོན་ཉིད་ཡིན་ན། དེ་ལ་དགེ་འདུན་བཞི་པོས་ཚུལ་ཤིང་འདྲིམ་པའི་དགེ་སློང་བསྐོས་ཏེ། ཆོས་དང་ཆོས་མ་ཡིན་པའི་ཚུལ་ཤིང་མང་པོ་བྲིམ་ཞིང་གར་མང་པོའི་ཕྱོགས་ལ་སྐྱོ་སྔོགས་མི་བྱ་བ་དེས་འདུལ་བར་འོས་པ་ལ་ཚུལ་ཤིང་མང་བོ་སྦྱིན་ཞིང་རྒྱུད་གཅིག་ཏུ་བྱ་བས་རྩོད་པ་དེ་ཞི་བར་འགྱུར་རོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་ཞེས་བྱ་བ་གང་ཟག་ལྟུང་བ་དང་བཅས་པ་ལ་གླེང་པ་པོས་གླེངས་ནས་ལྟུང་བ་དྲན་པ་དགེ་འདུན་ལ་ཁས་བླངས་ནས་དེའི་འོག་ཏུ་བརྗོད་དེ། རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ཡིན་ལ། དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་བ་སྦྱིན་ཞིང་ས་གཞན་ན་གནས་པའི་སྤྱོད་པ་སྤྱད་པ་དེས་ལྟུང་བ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་ཞིང་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་རྩོད་པ་དེ་ཞི་བར་འགྱུར་བའོ། །རྩྭ་བཀྲམ་
པ་ལྟ་བུ་ཞེས་བྱ་བ་ནི་ལྟུང་བའི་ཕྱིར་རྩོད་པའི་འཁྲུག་ལོང་དགེ་འདུན་མཐའ་དག་དང་འབྲེལ་བ་གང་ལ་དགེ་སློང་གི་ཚོགས་གཅིག་ཀྱང་མ་ལུས་པར་དགེ་སློང་མཐའ་དག་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པས་འཁྲུག་ལོང་དུ་འགྱུར་ན། དེ་ལ་དགེ་འདུན་གྱིས་ཕྱོགས་གཉིས་ཀ་ནས་དཔེར་ན་རྩྭ་བཀྲམ་སྟེ། མགོ་སྤྲད་པ་ལྟ་བུར་སེམས་བཏུད་དེ་གཞི་འདི་ལས་ཁྱེད་ལ་ལྟུང་བ་འབྱུང་བ་གང་ཡིན་པ་དང༌། ཁོ་བོ་ཅག་ལ་ལྟུང་བ་གང་བྱུང་བ་ཡང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག་གི་མདུན་དུ་བཤགས་པ་དང༌། མི་བཅབ་པར་ཁོ་བོ་ཅག་སྤྲོའི་ཞེས་བྱ་བ་དང༌། ལྟུང་བའི་མིང་དང་རིགས་སྨོས་པས་གཞན་ན་ལྟུང་བའི་ངོ་བོ་ཉིད་ཤེས་པ་སྣང་བར་བྱ་བ་ལ་སོགས་པས་བློ་གཅིག་ཏུ་བྱ་བར་འོས་པ་ལ་རྩྭ་བཀྲམ་པ་ལྟ་བུ་སྦྱིན་ཞིང་ཕྱིར་བཅོས་པས་རྩོད་པ་དེ་ཞི་བར་འགྱུར་བའོ། །ཁས་བླང་བར་བྱ་བ་ནི་ལྟུང་བའི་ཕྱིར་རྩོད་པའི་འཁྲུག་ལོང་ཕྱིར་འཕྲོས་བཅོས་པ་མེད་པ་གང་ལ་དགེ་སློང་ཕྱོགས་དང་གཞན་གྱི་ཕྱོགས་ལ་རྣམ་པར་གནས་པ་དང༌། བྲལ་བ་གླེང་བར་བྱ་བ་དང༌། གླེང་བ་པོ་གཉིས་འབའ་ཞིག་ཁོ་ན་ལ་འཁྲུག་ལོང་ཡོད་ཀྱི་གཞན་གང་ལ་ཡང་འཁྲུག་ལོང་མེད་པར་གྱུར་ན་དེ་ལ་གླེང་བ་པོས་ཇི་སྐད་གླེངས་པ་དེ་གླེང་བར་བྱ་བར་ཁས་བླང་བར་འོས་པ་ལ་ཁས་བླང་བར་བྱ་ཞིང་ཕྱིར་བཅོས་པས་རྩོད་པ་དེ་ཞི་བར་འགྱུར་བའོ། །ད་ནི་འཁྲུག་ལོང་གི་རྒྱུ་བཞི་ལས་བྱུང་བ་འཁྲུག་ལོང་གི་རྩོད་པ་བཞི་པོ་དེ་དག་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དེ་དག་ལས་གང་དང་དུས་ཞི་བར་བྱ་བ་བཤད་པར་བྱ་སྟེ། དེ་ལ་འཁྲུག་ལོང་གི་རྒྱུ་དང་པོ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ནི་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱའོ། །འཁྲུག་ལོང་གི་རྒྱུ་གཉིས་པ་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་ནི་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་བོ་སྦྱིན་པས། རྒྱུད་གཅིག་ཏུ་བྱ་བ་དེ་ཉིད་དང༌། དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བས་དག་པ་སྦྱིན་པས་ཞི་བར་བྱ་བའོ། །འཁྲུག་ལོང་གི་རྒྱུ་གསུམ་པ་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་ནི་ཁས་བླང་བར་བྱ་བ་དང༌། མངོན་
སུམ་གྱིས་འདུལ་བ་དང༌། རྩྭ་བཀྲམ་པ་ལྟ་བུའི་ཕྱིར་བཅོས་པ་དང༌། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་སྦྱོར་བ་ཉིད་ནི་སྦྱིན་པས་ཞི་བར་བྱའོ། །འཁྲུག་ལོང་གི་རྒྱུ་བཞི་པ་ལས་ལ་མཐུན་པ་མི་སྦྱིན་པ་ལས་བྱུང་བའི་འཁྲུག་ལོང་བྱ་བའི་ཕྱིར་རྩོད་པ་ནི་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་ཐམས་ཅད་ཀྱིས་སྔ་མ་བཞིན་དུ་ཅི་རིགས་པར་རྒྱུད་གཅིག་ཏུ་བྱ་བ་དང༌། དག་པ་སྦྱིན་པ་དང༌། ཕྱིར་བཅོས་པ་དང༌། ངེས་པར་འཛིན་པ་ལ་སྦྱོར་བ་ཉིད་སྦྱིན་པའི་རིམ་གྱིས་ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཞི་བར་བྱའོ། །དེ་ལ་དང་པོར་འགྱེད་པའི་ཕྱིར་རྩོད་པ་ཞི་བར་བྱ་བ་བཤད་པར་བྱ་སྟེ། འཁྲུག་ལོང་གི་རྒྱུ་དང་པོར་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ནི་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱའོ་ཞེས་གསུངས་པ་ལས་འཁྲུག་ལོང་གི་རྒྱུ་དང་པོ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུལ་ལོང་འགྱེད་པའི་ཕྱིར་རྩོད་པ་ནི་ཆོས་རྣམ་པར་གཏན་ལ་དབབ་པ་དང༌། ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བ་ཡང་ཡོད། ཆོས་རྣམ་པར་གཏན་ལ་དབབ་པ་ཉི་ཚེ་བའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བ་ཡོད་དེ། སྔ་མ་ནི་མངོན་སུམ་གྱིས་འདུལ་བས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་འགྱུར་ལ་ཕྱི་མ་ནི་ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་འགྱུར་རོ། །དེ་ལ་ཆོས་རྣམ་པར་གཏན་ལ་དབབ་པ་དང༌། ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་མངོན་སུམ་གྱིས་འདུལ་བས་རྒྱུད་གཅིག་ཏུ་བྱས་པས་ཞི་བར་འགྱུར་བ་ནི། འགྱེད་པ་གཉིས་རང་གིས་མི་ནུས་ན་ཚོགས་པར་དབྱུང་བ་དག་གིས་ལེགས་པར་བསྒྲུབས་པས་ཞི་བར་འགྱུར་རོ། །ཆོས་རྣམ་པར་གཏན་ལ་དབབ་པ་ཉི་ཚེའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱས་པས་ཞི་བར་འགྱུར་བ་ནི་ཆེས་མད་བའི་བློས་ལེགས་པར་གཞག་པ་ཞེས་བྱ་བ་ནི་ལེགས་པར་བསྒྲུབ་པའི་རྣམ་པ་གཞན་གྱིས་ཞི་བར་བྱའོ། །དེ་ལ་རེ་ཞིག་ཆོས་རྣམ་པར་གཏན་ལ་དབབ་
པ་དང༌། ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་མངོན་སུམ་གྱིས་འདུལ་བས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། དགེ་འདུན་གྱིས་གནས་དེར་གཟུ་བོ་དག་གཏན་དུ་བསྐོ་བ་དང༌། གཟུ་བོ་དེ་དག་གིས་དོན་དང་ལོག་པར་བསྒྲུབས་པ་དང༌། དེ་དག་གིས་ཉེ་བར་མ་ཞིན་དགེ་འདུན་ལ་དབུལ་བ་དང༌། དགེ་འདུན་དེས་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མ་ནུས་ན་གསལ་བ་དག་བསྐོ་བ་དང༌། སྡེ་ཚན་དེས་མ་ནུས་ན་རང་གིས་གསལ་བའི་ཡང་གསལ་བ་དག་བསྐོ་བ་དང༌། དེ་དག་གིས་མ་ནུས་ཤིང་གཞན་མི་བྱེད་ན་གང་ལས་བླངས་པ་དེ་ལས་དབུལ་བ་དང༌། ཕྱིར་འོངས་ནས་དགེ་འདུན་བཞི་པོས་རྩོད་པ་སྦེད་པ་བསྐོ་བ་དང༌། དེས་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་སྔར་བྱུང་བ་བརྗོད་དེ། དུས་ཟླ་བ་གསུམ་དུ་དབུལ་བ་དང༌། དེས་མ་ནུས་ན་དེ་ལ་ཕྱིར་དབུལ་བ་དང༌། ཕྱིར་དབུལ་ན་དེས་མདོ་སྡེ་དང་འདུལ་བ་དང༌། མ་མོ་འཛིན་པ་དག་ལ་སྔར་བྱུང་བ་བརྗོད་དེ། དུས་ཟླ་བ་དྲུག་ཏུ་དབུལ་བ་དང༌། དེ་དག་གིས་མ་ནུས་ན་གནས་བརྟན་མཐུ་དང་ལྡན་པ་ལ་སྔར་བྱུང་བ་བརྗོད་དེ། དུས་ཐུག་པ་མེད་པར་དབུལ་བའི་རིམ་གྱིས་མངོན་སུམ་གྱིས་འདུལ་བས་རྒྱུད་གཅིག་ཏུ་བྱ་བས་འགྱེད་པའི་ཕྱིར་རྩོད་བ་ཞི་བར་བྱའོ། །དེ་ལ་དགེ་འདུན་གྱིས་གནས་དེར་གཟུ་བོ་དག་གཏན་དུ་བསྐོ་བ་དང་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། གླེང་བར་བྱ་བ་དང༌། གླེང་བ་པོའི་གང་ཟག་འགྱེད་པ་གཉིས་རང་གིས་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མི་ནུས་ན། དགེ་འདུན་གྱིས་གནས་དེར་དགེ་སློང་གཟུ་བོས་ཚོགས་བར་དབྱུང་བ་ཕྱོགས་གཉི་ག་འདྲ་བ་འཐབ་མོ་མི་སྐྱེད་པ། ངོ་ཚ་ཤེས་ཤིང་བསླབ་པར་འདོད་པ་འདུལ་བ་ལ་ཤིན་ཏུ་རྣམ་པར་དེས་པ་རྩོད་པ་འབྱུང་བ་སྤྱོད་པ་ལ་མཁས་པ་རྣམ་པར་ཞེན་པ། བརྟན་ཞིང་ཉེས་རྩོམ་མེད་པར་འཇུག་པ། སྙེམས་པ་བརྡ་ཕྲད་པ་བརྡ་སྤྲོད་པར་བྱེད་པ། མཁས་པ་ཆོས་ཉི་ཤུ་རྩ་གཉིས་དང་ལྡན་པ་གཅིག་ཡན་ཆད་དང་པོར་སྤྲོ་བར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྒོ་ཞིང༌། དགེ་འདུན་གྱིས་གནས་དེས་གཟུ་བོ་དེ་དག་གཏན་དུ་དགེ་འདུན་གྱི་རྩོད་པ་
བྱུང་ངོ་ཅོག་རྣམ་པར་ཞི་བར་བྱ་བའི་ཕྱིར་བསྒོ་བར་བྱའི་རྩོད་པ་གཅིག་གི་ཕྱིར་འཕྲལ་ལ་བསྒོ་བར་བྱ་བ་ནི་མ་ཡིན་ནོ། །ཆོས་ཉི་ཤུ་རྩ་གཉིས་གང་ཞེ་ན་མ་མོ་ལས་དགེ་སློང་ཆོས་ཉི་ཤུ་རྩ་གཉིས་དང་ལྡན་པ་བཙལ་བར་བྱ་སྟེ། ཉི་ཤུ་རྩ་གཉིས་གང་ཞེ་ན། ཇི་ཚེ་དང་ལྡན་པ་དེ་ཚུལ་ཁྲིམས་དང་ལྡན་ཞིང་དང་པོ་ནས་ཕུན་སུམ་ཚོགས་པ་དང༌། ངོ་ཚ་ཤེས་ཤིང་འགྱོད་པ་དང་ལྡན་ལ་བསྡམས་པ་དང༌། བསླབ་པ་འདོན་པ་དང༌། འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་ཤིང་ཐོས་པ་འཛིན་ལ་ཐོས་པ་བརྩམས་པ་དང༌། ལུད་ནོང་པ་དང༌། རྩོད་པ་ལ་མཁས་པ་དང༌། རྩོད་པ་ཀུན་ནས་སློང་བ་ལ་མཁས་པ་དང༌། རྩོད་པའི་བྱེ་བྲག་ལ་མཁས་པ་དང༌། རྩོད་པ་འགོག་པ་ལ་མཁས་པ་དང༌། རྩོད་པ་བགགས་ནས་ཕྱིས་མི་འབྱུང་བ་ལ་མཁས་པ་དང༌། བསྟན་བཅོས་ལ་མཁས་པ་དང༌། གཞི་ལྷག་པར་སྤྱོད་པ་ལ་མཁས་ཤིང་ཉེས་རྩོམ་མེད་པར་སྨྲ་བ་དང༌། ཉེས་རྩོམ་བྱེད་དུ་མི་འཇུག་པ་དང༌། ལུས་དང་ངག་གིས་འཇུག་པ་དང༌། སྨྲ་བར་བྱེད་ཅིང་སྨྲས་པ་བརྡ་ཕྲད་པར་བྱེད་པ་དང༌། གོ་བར་བྱེད་ཅིང་གོ་བ་བརྡ་ཕྲད་པར་བྱེད་པ་དང༌། རྣམ་པར་རིག་པར་བྱེད་ཅིང་རྣམ་པར་རིག་པར་བྱ་བ་བརྡ་ཕྲད་པར་བྱེད་པ་དང༌། ངེས་པར་རྟོགས་པར་བྱེད་ཅིང་ངེས་པར་བརྟགས་པར་བརྡ་ཕྲད་པར་བྱེད་པ་དང༌། འདུན་པས་འགྲོ་བ་མ་ཡིན་པ་དང༌། ཞེ་སྡང་གིས་འགྲོ་བ་མ་ཡིན་པ་དང༌། གཏི་མུག་གིས་འགྲོ་བ་མ་ཡིན་པ་དང༌། འཇིགས་པས་འགྲོ་བ་མ་ཡིན་པ་སྟེ། གཟུ་བོ་ཆོས་ཉི་ཤུ་རྩ་གཉིས་པོ་དེ་དག་དང་ལྡན་པ་ནི་ཆོས་ཀྱི་ལོངས་སྤྱོད་དམ་ཟང་ཟིང་གི་ལོངས་སྤྱོད་ཀྱི་ཕྱོགས་གཉི་ག་ལ་མི་བརྟེན་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་དེ་དང་པོར་སྤྲོ་བར་བྱ་ཞིང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའི་ཆོག་དང་ལས་ནི་འདི་ལྟར་བྱ་ཞིང༌། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་འགྱུར་བ་ན་ཇེ་དང་པོར་སྤྲོ་བར་བྱ་སྟེ། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ་མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་རྩོད་པ་བྱུང་བ་བྱུང་བ་རྣམས་མངོན་སུམ་གྱིས་འདུལ་བས་རྣམ་པར་ཞི་བར་བྱེད་པར་སྤྲོའམ། སྤྲོའོ། །
དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཟུ་བོ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་བྱུང་བ་རྣམས་མངོན་སུམ་གྱིས་འདུལ་བས་རྣམ་པར་ཞི་བར་བགྱིད་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག ། དང༌། དགེ་འདུན་གྱིས་གཟུ་བོ་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོ་བར་བགྱི་སྟེ། །གཟུ་བོ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་བྱུང་བ་རྣམས་མངོན་སུམ་གྱིས་འདུལ་བས་རྩོད་པ་རྣམ་པར་ཞི་བར་བགྱིད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །གཟུ་བོ་མིང་འདི་དགེ་འདུན་ལ་རྩོད་པ་བྱུང་བ་བྱུང་བ་རྣམས་རྣམ་པར་ཞི་བར་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་གཟུ་བོ་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོ་ན་ཚེ་དང་ལྡན་པ་གང་དག་གཟུ་བོ་མིང་འདི་ཞེས་བགྱི་བ་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་གཟུ་བོ་མིང་འདི་ཞེས་བགྱི་བ་འདི་རྩོད་བ་རྣམ་པར་ཞི་བར་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་བ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཞི་བཅུ་བརྒྱད་པའོ། །དེའི་འོག་ཏུ་གཟུ་བོ་དེ་དག་གིས་དོན་དེ་ལེགས་པར་བསྒྲུབ་པར་བསྒྲུབ་པའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། འགྱེད་པ་གཉིས་ཆོས་རྣམ་པར་གཏན་ལ་དབབ་པ་དང༌། ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་བར་བསྒྲུབས་པ་དང༌། དངོས་བོའི་རྣམ་པ་ལ་སྤྱོད་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་དེ་ལ་གཟུ་བོ་དེ་དག་གིས་ཆེན་པོ་བསྟན་པ་དང་ནག་པོ་བསྟན་པའི་མདོ་སྡེའི་ཚུལ་གྱིས་གང་མདོ་སྡེ་ལ་འཇུག་པ་དང༌། འདུལ་བ་ལ་སྣང་བ་དང༌། ཆོས་ཉིད་དང་མི་འགལ་བ་དེ་ནི་ཆེན་པོ་བསྟན་པ་དང་མཐུན་པས་ཡང་དག་པའི་དེ་བཞིན་ཉིད་ཡིན་ནོ། །གང་མདོ་སྡེ་ལ་མི་འཇུག་པ་དང༌། འདུལ་བ་ལ་མི་སྣང་བ་དང༌། ཆོས་ཉིད་དང་འགལ་བ་དེ་ནི་ནག་པོ་བསྟན་པ་དང་མཐུན་པས་ལོག་
པའི་དེ་བཞིན་ཉིད་ཡིན་ནོ་ཞེས་ཆོས་རྣམ་པར་གཏན་ལ་དབབ་པ་རྣམ་བར་ངེས་པར་བྱ་བ་དང༌། བསླབ་པ་དང་བཅས་པ་དང༌། ལྟུང་བ་རྣམ་པར་གཞག་པ་བསྟན་པའི་འདུལ་བའི་ཚུལ་གྱིས་ཡུལ་དང༌། གང་ཟག་དང༌། ཉོན་མོངས་པ་དང༌། ཉེས་པའི་གཞི་བྱ་བྲག་གིས་བསླབ་པ་དང་བཅས་པ་དང༌། རྗེས་སུ་བཅས་པ་དང༌། བཅས་པ་ལས་གནང་བ་དང༌། གནང་བ་ལས་བཀག་པ་དང༌། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་དང༌། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་བཀག་པ་དང༌། གནང་བའི་ལྟུང་བ་སྡེ་ལྔ་བསམ་པ་དང༌། སྦྱོར་བའི་སྒོ་ནས་རྣམ་པར་གཞག་པའི་དངོས་གཞི་དང༌། སྦྱོར་བ་དང༌། སྦྱོར་བའི་སྦྱོར་པ་འཇིག་རྟེན་དང་མི་འགལ་བ་དང༌། འདུལ་བ་དང་མི་འགལ་བར་བསྒྲུབ་པ་ལ་ཚུལ་ཁྲིམས་ཉམས་པ་དང༌། ལྟ་བ་ཉམས་པ་དང༌། ཆོ་ག་ཉམས་པ་དང༌། འཚོ་བ་ཉམས་པའི་ལྟུང་བ་དང༌། ལྟུང་བ་མེད་པ་དང༌། བསླབ་པར་བྱ་བ་དང༌། ཕྱིར་བཅོས་པ་གང་ཡིན་ཞེས་ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་རྣམ་པར་ངེས་པར་བྱ་བ་གཟུ་བོའི་མདུན་དུ་གླེང་བར་བྱ་བ་དང༌། གླེང་པ་པོ་དང་དེ་དག་གི་རྗེས་སུ་འབྲང་བ་རྣམས་རྒོལ་བ་དང༌། ལན་གྱི་ཚིག་དག་མངོན་སུམ་དུ་འབྱུང་བ་གང་ཡིན་པ་དེས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་ཞིང་རྒྱུད་གཅིག་ཏུ་བྱ་བས་འགྱེད་པའི་ཕྱིར་རྩོད་པའི་དོན་ལེགས་པར་བསྒྲུབ་ཅིང་མཐའ་གཅིག་ཏུ་ངེས་པར་བྱ་བས་ཉེ་བར་ཞི་བར་བྱ་བའོ། །རྒྱུད་གཅིག་ཏུ་བྱ་བ་ཞེས་བྱ་བ་ནི་ངེས་པར་རྟོགས་པར་བྱ་བ་སྟེ། ཆོས་དང་ཚུལ་ཁྲིམས་ཀྱི་དངོས་པོ་གང་ལ་ངེས་པར་རྟོགས་པ་གཅིག་ཡོད་པའི་དངོས་པོའི་རྒྱུད་གང་ཡིན་པ་དེ་མཐའ་གཅིག་ཏུ་ངེས་པར་བྱ་བ་ནི་རྒྱུད་གཅིག་ཏུ་བྱ་བ་ཞེས་བྱའོ། །འདི་ལྟར་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་ནི་ཐེ་ཚོམ་ཞེས་བྱ་སྟེ། ཐེ་ཚོམ་ནི་དེས་པར་སྐྱེད་པ་ལས་ལྡོག་པས་དེས་ན་མངོན་སུམ་གྱིས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་པས་རྒྱུད་གཅིག་ཏུ་བྱས་ནས་ཆོས་དང་ཚུལ་ཁྲིམས་ཀྱི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་བའི་ཕྱིར་རྩོད་པ་དེ་ཞི་བར་འགྱུར་རོ། །དེའི་འོག་ཏུ་དེ་དག་གིས་ཉེ་བར་མ་ཞིན་དགེ་འདུན་ལ་འབུལ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། གཟུ་བོ་དེ་དག་གིས་རྩོད་པ་དེ་ཉེ་
བར་མ་ཞི་ན་མཚམས་དེའི་དགེ་འདུན་ཉིད་ལ་བདག་གིས་རྩོད་བ་དེ་མངོན་སུམ་གྱིས་འདུལ་བ་སྦྱིན་ཞིང་རྒྱུད་གཅིག་ཏུ་བྱས་པས་ཉེ་བར་ཞི་བར་མ་ནུས་ཀྱི། དགེ་འདུན་གྱིས་ཆོས་ཇི་ལྟ་བ་དང༌། འདུལ་བ་ཇི་ལྟ་བ་དང་སྟོན་པའི་བསྟན་པ་ཇི་ལྟ་བ་དང༌། ལྟུང་བ་རྣམ་པར་གཞག་པ་ཇི་ལྟ་བས་གླེང་བར་བྱ་བ་དང༌། གླེང་པ་པོ་དང༌། དེ་དག་གི་རྗེས་སུ་འབྲང་བ་རྣམས་ཀྱིས་རྒོལ་བ་དང་ལན་གྱི་ཚིག་དག་མངོན་སུམ་དུ་བྱུང་བ་གང་ཡིན་པ་དེ་ས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་ཞིང་རྒྱུད་གཅིག་ཏུ་བྱ་བ་རྩོད་པ་དེ་ཞི་བར་མཛོད་ཅིག་ཅེས་དབུལ་བར་བྱའོ། །དེའི་འོག་ཏུ་དགེ་འདུན་དེས་རྩོད་པ་དེ་ཉི་བར་ཞི་བར་བྱེད་མ་ནུས་ན་གསལ་བ་དག་བསྐོ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དགེ་འདུན་དེས་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མི་ནུ་ན་དགེ་སློང་གཟུ་བོ་སྔ་མ་དག་པས་གསལ་བའི་དགེ་སློང་དགེ་འདུན་གྱི་ཚད་ལས་མི་ཉུང་བ་དག་དང་པོར་སྤྲོ་བར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་ཞིང་དེ་དག་གིས་རྩོད་པ་དེ་ཉེ་བར་ཞི་བར་བྱའོ། །དགེ་འདུན་གྱིས་དེ་དག་དང་པོར་སྤྲོ་བར་བྱ་ཞིང༌། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྒོ་བའི་ཆོ་ག་དང་ལས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས། གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་ཇེ་དང་པོར་སྤྲོ་བར་བྱ་སྟེ། དོའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་རྩོད་པ་བྱུང་བ་འདི་རྣམ་པར་ཞི་བར་བྱེད་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ། དགེ་སློང་གསལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་གསལ་བར་བསྒོ་བར་བགྱི་སྟེ། གསལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་བགྱིད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་
གསན་དུ་གསོལ། གསལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་གསལ་བ་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བ་བགྱིད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གསལ་བ་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་སྡེ་ཚན་དེས་མ་ནུས་ན་རང་གིས་གསལ་བའི་ཡང་གསལ་བ་དག་བསྐོ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། གཟུ་བོའི་སྡེ་ཚན་ནམ་གསལ་བའི་སྡེ་ཚན་གང་ཡང་རུང་བ་དེས་རྩོད་པ་དེ་ཉེ་བར་ཞི་བར་མ་ནུས་ན་གཟུ་བོ་རྣམས་སམ། དགེ་འདུན་རང་གིས་དགེ་སློང་གསལ་བ་སྔ་མ་དག་གིས་ཀྱང་ཆེས་གསལ་བའི་དགེ་སློང་གསལ་བའི་ཡང་གསལ་བ་དག་དང་པོར་སྤྲོ་བར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་ཞིང་དེ་དག་གིས་རྩོད་པ་དེ་ཉེ་བར་ཞི་བར་བྱའོ། །གཟུ་བོ་རྣམས་རང་གིས་སམ་དགེ་འདུན་གྱིས་དེ་དག་དང་པོར་སྤྲོ་བར་བྱ་ཞིར་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའི་ཆོ་ག་དང་ལས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་ཇེ་དང་པོར་སྤྲོ་བར་བྱ་སྟེ། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱ་སྟེ་ལས་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། མིང་འདི་ཞེས་བགྱི་བ་ཁྱོད་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་བྱེད་པ་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གསལ་བའི་ཡང་གསལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་བགྱིད་པར་སྤྲོ་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་གསལ་བའི་ཡང་གསལ་བར་བསྐོ་བར་བགྱི་སྟེ། གསལ་བའི་ཡང་གསལ་བ་མིང་
འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་བགྱིད་དོ། །འདི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གསལ་བའི་ཡང་གསལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་བར་ཞི་བར་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་ལ་རྩོད་པ་བྱུང་བ་ཞི་བར་བགྱིད་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་གསལ་བའི་ཡང་གསལ་བ་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག་དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གསལ་བའི་ཡང་གསལ་བ་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གིས་མ་ནུས་ཤིང་གཞན་མི་བྱེད་གང་ན་གང་ལས་བླངས་པ་དེ་ལ་དབུལ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། གསལ་བ་དང་གསལ་བའི་ཡང་གསལ་བ་གང་དག་ཡིན་པ་དེ་དག་གིས་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མ་ནུས་ཤིང་རང་གི་སྡེ་ཚན་ལས་སྡེ་ཚན་གཞན་བསྐོ་བར་ཡང་མི་བྱེད་ན་དེའི་ཚེ་དང་པོ་རྩོད་པ་དེ་གང་ལས་བླངས་པ་དེ་ཉིད་ལ་ཕྱིར་དབུལ་བར་བྱ་སྟེ། གསལ་བའི་ཡང་གསལ་བ་དག་གིས་ནི་གསལ་བ་དག་ལ་དབུལ་ལོ། །གསལ་བ་དག་གིས་ནི་གཟུ་བོ་དག་གམ་དགེ་འདུན་ལ་དབུལ་ལོ། །གཟུ་བོ་དག་གིས་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་ལ་དབུལ་ལོ། །དེ་དག་གིས་ནི་དགེ་འདུན་ལ་དབུལ་ཏེ། བདག་ཅག་ལ་ཁྱེད་ཀྱིས་གཏད་པའི་རྩོད་པ་འདི་བདག་ཅག་གིས་མངོན་སུམ་གྱིས་འདུལ་བ་སྦྱིན་ཞིང་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱེད་མ་ནུས་ཀྱི་ཁྱེད་ཉིད་ལ་ཕྱིར་དབུལ་ལོ་ཞེས་ཕྱིར་ཁུངས་སུ་ཕུལ་ནས་དགེ་འདུན་བཞི་པོས་ཉམས་སུ་བླང་བར་བྱའོ། །དེའི་འོག་ཏུ་ཕྱིར་འོངས་ནས་དགེ་འདུན་བཞི་པོས་རྩོད་པ་སྦེད་པ་བསྐོ་བའི་གོ་རིམས་རྣམ་པར་གཞག་པ་འདི་ལྟར་བྱ་སྟེ། གསལ་བའི་གསལ་བ་དག་ལས་རྩོད་པ་དེའི་ཕྱིར་འོངས་ནས་དགེ་འདུན་བཞི་པོས་རྩོད་པ་ཞི་བར་མ་ནུས་པ་དེ་མཚམས་གཞན་གྱི་དགེ་འདུན་ལ་ཞི་བར་བྱ་བ་བཅོལ་བའི་ཕྱིར་རྩོད་པ་མཚམས་གཞན་དུ་སྦེད་པའི་དགེ་སློང་དང་པོར་
སྤྲོ་བར་བྱ་སྟེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དགེ་འདུན་བཞི་བོས་དགེ་སློང་རྩོད་པ་སྦེད་པ་དང་པོར་སྤྲོ་བར་བྱ་ཞིང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའི་ཆོ་ག་དང་ལས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་བར་གྱུར་པ་ན་ཇེ་དང་པོར་སྤྲོ་བར་བྱ་སྟེ། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་རྩོད་པ་སྦེད་པར་སྤྲོའམ། །སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་རྩོད་པ་སྦེད་པར་སྤྲོ་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་རྩོད་པ་སྦེད་པར་བསྐོ་བར་བགྱི་སྟེ། རྩོད་པ་སྦེད་པ་མིང་འདི་ཞེ་བགྱི་བ་འདི་དགེ་འདུན་ལ་རྩོད་པ་སྦེད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་རྩོད་པ་སྦེད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་རྩོད་པ་སྦེད་པར་བསྐོ་ན། ཚེ་དང་ལྡན་བ་གང་དག་མིང་འདི་ཞེས་བགྱི་བ་འདི་རྩོད་པ་སྦེད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་བ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་རྩོད་པ་སྦེད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏེ་ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་དེ་གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་སྔར་བྱུང་བ་བརྗོད་དེ་དུས་ཟླ་བ་གསུམ་དུ་དབུལ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། རྩོད་པ་སྦེད་པ་དེས་རྩོད་པའི་གཞི་དེ་ཁྱེར་ཏེ་མཚམས་གཞན་གྱི་དགེ་འདུན་གནས་བརྟན་དང་བཅས་པ། སོ་སོར་ཐར་པ་དང་བཅས་པའི་གནས་སུ་སོང་ནས་རྩོད་པ་དེ་སྔར་ཇི་ལྟར་བྱུང་བའི་ལོ་རྒྱུས་བརྗོད་དེ་དུས་ཟླ་བ་གསུམ་ཚུན་ཅད་ཀྱི་ཁྱོད་ཀྱི་རྩོད་པ་འདི་རྣམ་པར་ཞི་བར་མཛད་དུ་གསོལ་ཞེས་དབུལ་བར་བྱའོ། །རྩོད་པ་སྦེད་པ་དེས་རྩོད་པ་དེ་དབུལ་བའི་ཆོ་ག་ནི་འདི་
ལྟར་བྱའོ། །དེས་དེར་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་བྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་སྟེ། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་དེ་ལ་དེས་མཆིལ་ལྷམ་གཉིས་ཕུད་དེ་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་ནས་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས་སྔགས་ཀྱི་ཚིག་ལན་ཅིག་བརྗོད་པས་དབུལ་བར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རྩོད་པ་འདི་གནས་ཆེ་གེ་མོ་ཞེས་བགྱི་བར་གང་ཟག་ཆེ་གེ་མོ་ཞེས་བགྱི་བ་དང༌། མིང་ཆེ་གེ་མོ་ཞེས་བགྱི་བ་ལས་གཞི་འདིའི་སླད་དུ་བྱུང་ནས་ཡུན་འདི་སྲིད་ལགས་ཏེ་རྩོད་པ་འདི་གཟུ་བོ་རྣམས་ལ་ཕུལ་ནས་གཟུ་བོ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ལགས་ཏེ། དེ་དག་གིས་དགེ་འདུན་རྣམས་ལ་ཕུལ་ནས་དགེ་འདུན་གྱིས་རྩོད་པ་རྣམ་བར་ཞི་བར་བགྱིད་པ་རྔོ་མ་ཐོགས་ཏེ། དགེ་འདུན་གྱིས་དགེ་སློང་གསལ་བ་དག་བསྐོས་ནས་དགེ་སློང་གསལ་བ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དེ་དག་གིས་དགེ་སློང་གསལ་བའི་ཡང་གསལ་བ་དག་བསྐོས་ནས། དགེ་སློང་གསལ་བའི་ཡང་གསལ་བ་དེ་དག་གིས་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ནས། དེ་དག་གིས་གསལ་བ་རྣམས་ལ་ཕུལ་བ་ལས་གསལ་བ་རྣམས་ཀྱིས་དགེ་འདུན་ལ་ཕུལ་ནས་དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་བར་བསྐོས་ཏེ། བདག་རྩོད་པ་སྦེད་པ་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་འདི་གནས་བརྟན་དང་བཅས། སོ་སོར་ཐར་བ་དང་བཅས་པའི་དགེ་འདུན་ལ་དབུལ་ལོ། །དགེ་འདུན་བཙུན་པ་རྣམས་ཀྱིས་རྩོད་བ་འདི་ཟླ་བ་གསུམ་གྱི་མཐའ་ཚུན་ཆད་ཀྱིས་རྣམ་པར་ཞི་བར་མཛད་དུ་གསོལ་ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གིས་མ་ནུས་ན་དེ་ལ་ཕྱིར་དབུལ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། མཚམས་གཞན་གྱི་དགེ་འདུན་གནས་བརྟན་དང་བཅས་པའི་སོ་སོར་ཐར་པ་དང་བཅས་པ་དེས་རྩོད་པ་དེ་རྣམ་པར་ཞི་བར་མ་ནུས་ན་རྩོད་པ་སྦེད་པའི་དགེ་སློང་དེ་ལ་ཕྱིར་དབུལ་བར་བྱ་སྟེ། དགེ་འདུན་བཞི་པོས་རྩོད་པ་བདག་ཅག་ལ་སྤྲོས་པ་འདི་བདག་ཅག་གིས་མངོན་གསུམ་གྱིས་འདུལ་བ་སྦྱིན་ཞིང༌། རྒྱུད་གཅིག་ཏུ་བྱ་བས་ཞི་བར་མ་ནུས་ཀྱི། ཁྱོད་
ཉིད་ལ་ཕྱིར་དབུལ་ལོ་ཞེས་བྱ་བའི་ཚིག་གིས་དབུལ་བར་བྱའོ། །དེའི་འོག་ཏུ་ཕྱིར་ཕུལ་བ་ན་དེས་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་ལ་སྔར་བྱུང་བ་བརྗོད་དེ་དུས་ཟླ་བ་དྲུག་ཏུ་དབུལ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། མཚམས་གཞན་གྱི་དགེ་འདུན་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པས་རྩོད་བ་དེ་རྣམ་པར་ཞི་བར་བྱེད་མ་ནུས་ཀྱིས་རྩོད་པ་སྦེད་པའི་དགེ་སློང་དེ་ཉིད་ལ་ཕྱིར་ཕུལ་བ་ན་རྩོད་པ་སྦེད་པའི་དགེ་སློང་དེས་མཚམས་སྔ་མའི་དགེ་འདུན་བཞི་པོའི་དགེ་སློང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་ལ་རྩོད་པ་དེ་སྔར་ཇི་ལྟར་བྱུང་བའི་ལོ་རྒྱུས་བརྗོད་དེ་དུས་ཟླ་བ་དྲུག་ཚུན་ཆད་ཀྱིས་ཁྱེད་ཀྱིས་རྩོད་པ་འདི་རྣམ་བར་ཞི་བར་མཛད་དུ་གསོལ་ཞེས་སྔགས་ཀྱི་ཚིག་ལན་གཅིག་བརྗོད་པས་དབུལ་བར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་དག་གསན་དུ་གསོལ། རྩོད་པ་འདི་གནས་ཆེ་གེ་མོ་ཞེས་བགྱི་བར་གང་ཟག་ཆེ་གེ་མོ་དང༌། མང་གེ་མོ་ཞེས་བགྱི་བ་ལས་གཞི་འདིའི་སླད་དུ་བྱུང་ནས་ཡུན་དེ་སྲིད་ཅིག་ལགས་ཏེ། རྩོད་པ་འང་གཟུ་བོ་རྣམས་ལ་ཕུལ་ན་གཟུ་བོ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དེ་དག་གིས་དགེ་འདུན་ལ་ཕུལ་ནས་དགེ་འདུན་གྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྡོ་མ་ཐོགས་ཏེ། དགེ་འདུན་གྱིས་དགེ་སློང་གསལ་བ་དག་བསྐོས་ནས་དགེ་སློང་གསལ་བ་རྣམས་ཀྱིས་ཀྱང་རྣམ་བ་ཞི་བར་བགྱིད་རྡོ་མ་ཐོགས་ཏེ། དེ་དག་གིས་དགེ་སློང་གསལ་བའི་ཡང་གསལ་བ་དག་བསྐོས་ན་དགེ་སློང་གསལ་བའི་ཡང་གསལ་བ་དེ་དག་གིས་ཀྱང་རྣམ་པར་ཞི་བར་བགྱིད་རྡོ་མ་ཐོགས་ཏེ། དེ་དག་གི་ས་གསལ་བ་རྣམས་ལ་ཕུལ་བ་ལས་གསལ་བ་རྣམས་ཀྱིས་དགེ་འདུན་ལ་ཕུལ་ནས་དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ཏེ། བདག་རྩོད་པ་སྦེད་པ་བདག་དགེ་སློང་མིང་འདི་ཞེས་བགྱི་བས་རྩོད་པ་འདི་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་ཟླ་བ་གསུམ་གྱི་མཐའ་ཆུན་ཆད་དུ་ཕུལ་ན་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྡོ་མ་ཐོགས་ཏེ། དེས་ཀྱང་བདག་རྩོད་པ་སྦེད་པ་མིང་འདི་ཞེས་བྱ་བ་ལ་སྩལ་ནས། བདག་རྩོད་པ་སྦེད་
པ་མིང་འདི་ཞེས་བགྱི་བས་རྩོད་པ་འདི་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་འབུལ་ལོ། །མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ཀྱིས་རྩོད་པ་འདི་ཟླ་བ་དྲུག་གི་མཐའ་ཚུན་ཆད་ཀྱིས་རྣམ་བར་ཞི་བར་མཛད་དུ་གསོལ་ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གིས་མ་ནུས་ན་གནས་བརྟན་མཐུ་དང་ལྡན་པ་ལ་སྔར་བྱུང་བ་བརྗོད་དེ་དུས་ཐུག་པ་མེད་པར་དབུལ་བའི་གོ་རིམས་རྣམ་པ་གཞག་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་མདོ་སྡེ་དང་འདུལ་བ་དང༌། མ་མོ་འཛིན་པ་དེ་དག་གིས་རྩོད་པ་དེ་རྣམ་པར་ཞི་བར་མ་ནུས་ན་དེ་དག་གིས་གནས་བརྟན་གྲགས་པ་བས་ཀྱང་ཆེས་གྲགས་པ། གཙོ་བོ་བས་ཆེས་གཙོ་བོ་གང་ཡིན་པ་དེ་ལ་རྩོད་པ་དེ་སྔར་ཇི་ལྟར་བྱུང་བའི་ལོ་རྒྱུས་བརྗོད་དེ་དུས་ནི་གནས་དེ་ལས་གཞན་མེད་པའི་ཕྱིར་ཐུག་པ་མེད་པ་ལ་བརྟེན་ཏེ་སྔགས་ཀྱི་ཚིག་ལན་ཅིག་བརྗོད་པས་དབུལ་བར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། གནས་བརྟན་གསན་དུ་གསོལ། རྩོད་པ་འདི་གནས་ཆེ་གེ་མོ་ཞེས་བགྱི་བར་གང་ཟག་ཆེ་གེ་མོ་ཞེས་བགྱི་བ་དང༌། མང་ཆེ་གེ་མོ་ཞེས་བགྱི་བ་ལས་གཞི་འདིའི་སླད་དུ་བྱུང་ནས་ཡུན་འདི་སྲིད་ཅིག་ལགས་ཏེ། རྩོད་པ་འདི་གཟུ་བོ་རྣམས་ལ་ཕུལ་ན་གཟུ་བོ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དེ་དག་གིས་དགེ་འདུན་ལ་ཕུལ་ནས་དགེ་འདུན་གྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོགས་ཏེ། དགེ་འདུན་གྱིས་དགེ་སློང་གསལ་བ་དག་བསྐོས་ནས་དགེ་སློང་གསལ་བ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྡོ་མ་ཐོགས་ཏེ། དེ་དག་གིས་དགེ་སློང་གསལ་བའི་ཡང་གསལ་བ་དག་བསྐོས་ནས་དགེ་སློང་གསལ་བའི་ཡང་གསལ་བ་དེ་དག་གིས་ཀྱང་རྣམ་པར་ཞི་བར་བགྱིད་རྡོ་མ་ཐོགས་ཏེ། དེ་དག་གིས་གསལ་བ་རྣམས་ལ་ཕུལ་བ་ལས་གསལ་བ་རྣམས་ཀྱིས་ཀྱང་དགེ་འདུན་ལ་ཕུལ་ནས་དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐྱོས་ཏེ། བདག་རྩོད་པ་སྤེད་པ་དགེ་སློང་མིང་འདི་ཞེས་བགྱི་བས་རྩོད་པ་འདི་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་ཕུལ་ནས་ཟླ་བ་གསུམ་གྱི་མཐའ་ཚུན་ཆད་དུ་ཕུལ་ན་དེས་ཀྱང་རྣམ་པར་ཞི་བར་བགྱིད་རྡོ་མ་ཐོགས་ཏེ། དེས་བདག་རྩོད་པ་
སྦེད་པ་མིང་འདི་ཞེས་བགྱི་བ་ལ་སྩལ་ནས། བདག་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས་རྩོད་པ་འདི་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ལ་ཟླ་བ་དྲུག་གི་མཐའ་ཚུན་ཆད་དུ་ཕུལ་ན་དེ་དག་གིས་ཀྱང་རྣམ་པར་ཞི་བར་བགྱིད་རྡོ་མ་ཐོགས་ནས། དེ་དག་གིས་བདག་རྩོད་པ་སྐྱེད་པ་མིང་འདི་ཞེས་བགྱིལ་སྩལ་ཏེ། བདག་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས་རྩོད་པ་འདི་གནས་བརྟན་ལ་འབུལ་ལོ། །གནས་བརྟན་གྱིས་རྩོད་པ་འདི་ཐུག་པ་མ་མཆིས་པ་ཚུན་ཆད་ཀྱིས་རྣམ་པར་ཞི་བར་མཛད་དུ་གསོལ་ཞེས་གསུངས་པ་ཡིན་ནོ། །གནས་བརྟན་དེས་འདུལ་བར་བྱ་བ་དེ་གཉིས་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེས་དེ་ཉིད་ལ་བདག་གི་བྱ་བ་ཐ་ན་འདག་རྫས་དང་སོ་ཤིང་ཡན་ཆད་ཅུང་ཟད་ཀྱང་སྤང་བར་བྱའོ། །ལྷན་ཅིག་འགྲེང་བ་དང༌། འདུག་པ་དང༌། ལྷན་ཅིག་འཆགས་སར་འཆག་བ་དང་གཏམ་འདྲེ་བ་དང་ཕེབས་པར་སྨྲ་བ་ཡང་སྤང་བར་བྱའོ། །རྗེས་སུ་འབྲང་ན་དེ་དག་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་ལེགས་བར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། འཐབ་པར་གྱུར་མཚང་འདྲུ་བར་གྱུར། རྩོད་པར་གྱུར། འགྱེད་པར་གྱུར་ཅིང་གནས་པ་ནི་མ་རྙེད་དེ་རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པ་རྙེད་པ་མ་ཡིན་གྱིས་ཚེ་དང་ལྡན་པ་དག་མ་འཐབ་ཤིག་མཚང་མ་འདྲུ་ཤིག །མ་རྩོད་ཅིག་མ་འགྱེད་ཅིག །འགྱེད་པ་གཉི་ག་རྒྱལ་བ་མེད་དོ། །རྒྱུག་པས་གཉི་ག་མགྱོགས་པ་མེད་དེ་གཅིག་རྒྱལ་གཅིག་འབམ་དུ་འགྱུར་རོ་ཞེས་བརྗོད་པར་བྱའོ། །དེ་ཙམ་གྱིས་ཆོས་རྣམ་པར་གཏན་ལ་དབབ་པ་དང༌། ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་པའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་མངོན་སུམ་གྱིས་འདུལ་བས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་འགྱུར་བ་འགྱེད་པ་གཉིས་རང་གིས་མི་ནུས་ན་ཚོགས་པར་དབྱུང་བ་དག་གིས་ལེགས་པར་བསྒྲུབས་པས་ཞི་བར་བྱ་བ་སྟེ་ཞི་བར་འགྱུར་རོ། །རེ་ཞིག་དེ་ལྟར་ན་འགྱེད་པའི་ཕྱིར་རྩོད་པ་མངོན་སུམ་གྱིས་འདུལ་བས་རྒྱུད་གཅིག་ཏུ་བྱ་བས་ཞི་བ་ཡིན་ནོ། །ད་ནི་ཆོས་རྣམ་པར་གཏན་ལ་དབབ་པ་ཉི་ཚེའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་
ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་འགྱུར་བ་ཆེས་མང་བའི་བློས་རྣམ་པར་གཞག་པ་ཞེས་བྱ་བ་ལེགས་པར་བསྒྲུབ་པའི་རྣམ་པ་གཞན་གྱིས་ཞི་བར་བྱ་པ་བཤད་པར་བྱ་སྟེ་འདི་ནི་ཆོས་རྣམ་པར་གཏན་ལ་དབབ་པ་ལ་སྲིད་ཀྱི་ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་ལ་ནི་མི་སྲིད་དེ། དེའི་སྐབས་མི་ཤེས་པ་ནི་འགྱེད་པ་གཉིས་དང་འབྲེལ་བ་ཡིན་པའི་ཕྱིར་རོ། །འདིའི་རྣམ་པར་གཞག་པ་ནི་འགྱེད་པ་གཉིས་རང་གིས་མི་ནུས་ན་ཚོགས་བར་དབྱུང་བ་དག་གིས་ལེགས་པར་བསྒྲུབས་པས་ཞི་བར་མ་ནུས་པ་ཉིད་ཡིན་ཞིང་རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་རྩོད་པ་དེ་གཅེས་པར་གཟུང་བ་ཉིད་དང༌། རབ་ཏུ་དམ་པ་ཉིད་དང་མི་བཟད་པ་ཉིད་དང༌། བསྡམས་པར་བྱ་བ་ཉིད་མ་ཡིན་པའི་དོན་དང་གནས་བརྟན་མཐུ་དང་ལྡན་པ་ལ་སྔར་བྱུང་བ་བརྗོད་དེ་དུས་ཐུག་བ་མེད་བར་དབུལ་བའི་མཐར་ཐུག་པ་དག་ཡོངས་སུ་ཉོན་མོངས་པར་གྱུར་པ་ཉིད་ཡིན་ན་དེ་ལ་དགེ་འདུན་བཞི་བོས་ཚུལ་ཤིང་འདྲི་མ་པའི་དགེ་སློང་བསྐོས་ཏེ། ཆོས་དང་ཆོས་མ་ཡིན་པའི་ཚུལ་ཤིང་མང་པོ་བྲིས་ཞིང་གང་མང་བའི་ཕྱོགས་ལ་སྐྱོ་སྡོགས་མི་བྱ་བ་དེས་གདུལ་བར་བོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་བས་རྒྱུད་གཅིག་ཏུ་བྱ་བས་རྩོད་པ་དེ་ཞི་བར་བྱ་བ་ཡིན་ནོ། །དེའི་གོ་རིམས་རྣམ་པར་གཞག་བ་ནི་འདི་ཡིན་ཏེ། དགེ་འདུན་གྱིས་ཚུལ་ཤིང་འདྲི་མ་པ་བསྐོ་བ་དང༌། ཚུལ་ཤིང་འདྲིམ་པའི་ཀུན་དུ་སྤྱོད་པའི་ཆོས་བསྟན་པ་དང༌། ཚུལ་ཤིང་ལེན་པའི་ཀུན་དུ་སྤྱོད་པའི་ཆོས་བསྟན་པ་དང༌། དེ་ལ་ཆེས་མང་པའི་བློ་ལེགས་པར་གཞག་པ་ཞེས་བྱ་བ་ལེགས་པར་བསྒྲུབ་པའི་རྣམ་པ་གཞན་གྱིས་རྒྱུད་གཅིག་ཏུ་བྱས་པས་ཞི་བར་བྱའོ། །དེ་ལ་དགེ་འདུན་གྱིས་ཚུལ་ཤིང་འདྲི་མ་པ་བསྐོ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཞི་པོས་རྒོལ་བ་དང་ཕྱིར་རྒོལ་བ་ནི་ཕྱོགས་སུ་རྣམ་པར་གནས་པ་གཉི་གར་སྤྱིར་བློ་མཐུན་པར་བྱ་སྟེ། ཚུལ་ཤིང་འདྲི་མ་པའི་དགེ་སློང་ཆོས་ལྔ་དང་ལྡན་བ་གཅིག་དང་པོར་སྤྲོ་བར་བྱ་སྟེ་གསོལ་བ་དང་གཉིས་ཀྱི་ལས་ཀྱི་བསྐོ་བར་བྱའོ། །དགེ་འདུན་གྱིས་ཇེ་དང་པོར་སྤྲོ་བར་བྱ་ཞིང་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའི་ཆོ་ག་དང་ལས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་
ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་ཇེ་དང་པོར་སྤྲོ་བར་བྱས་ཏེ་དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་ཚུལ་ཤིང་འདྲི་མ་པ་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ཚུལ་ཤིང་འདྲི་མ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཚུལ་ཤིང་འདྲི་མ་པར་བསྐོ་བར་བགྱི་སྟེ། དགེ་སློང་ཚུལ་ཤིང་འདྲི་མ་པ་མིང་འདི་ཞེས་བགྱི་བ་འདི་ཚུལ་ཤིང་འདྲི་མ་མོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་བ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ཚུལ་ཤིང་འདྲི་མ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱི་ས་མིང་འདི་ཞེས་བགྱི་བ་འདི་ཚུལ་ཤིང་འདྲི་མ་བར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཚུལ་ཤིང་འདྲེ་མ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་ངག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཚུལ་ཤིང་འདྲི་མ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་ཚུལ་ཤིང་འདྲི་མ་པའི་ཀུན་དུ་སྤྱོད་པའི་ཆོས་བསྟན་པའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་ཚུལ་ཤིང་འདྲི་མ་པར་བསྐོས་པས་ཆོས་དང་ཆོས་མ་ཡིན་པའི་ཕྱོགས་ཀྱིས་ཚུལ་ཤིང་རྣམ་པ་གཉིས་ཉེ་བར་གཞག་པར་བྱ་སྟེ། ཆོས་ཀྱི་ཚུལ་ཤིང་དག་ནི་ཡ་ཡོ་མེད་པ་དང༌། ཁྱར་ཁྱོད་མེད་པ་དང༌། འཆས་འཆུས་མེད་པ་དང༌། ཁ་དོག་བཟང་བ་དང༌། དྲི་ཞིམ་པ་དང༌། རེག་ན་འཇམ་པ་ཉིད་དུ་བྱའོ། །ཆོས་མ་ཡིན་པའི་ཚུལ་ཤིང་དག་ནི་དེ་ལས་བཟློག་པར་བྱའོ། །དེས་དགེ་འདུན་ལ་དེ་དང་ཚུལ་ཤིང་འདྲིམ་པར་འགྱུར་གྱི་ཐམས་ཅད་ཀྱིས་འདུལ་བར་བྱའོ་ཞེས་གསོལ་ལོ། །གལ་ཏེ་དེ་ལྟར་འདུན་བ་སྦྱིན་བས་ཆོགས་པས་ན་ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་པར་འགྱུར་བར་སེམས་ན་བྲིམ་པར་མི་བྱའོ། །འདྲི་མ་པའི་ཚེ་ན་ལག་པ་གཡས་པས་
ཆོས་ཀྱི་ཚུལ་ཤིང་དག་བཟུང་ཞིང་གཡོན་པས་ཆོས་མ་ཡིན་པའི་ཚུལ་ཤིང་དག་གཟུང་ངོ༌། །ཆོས་མ་ཡིན་པའི་ཚུལ་ཤིང་དེ་དག་གཡོགས་ཏེ་ཆོས་ཀྱི་ཚུལ་ཤིང་དག་སྣང་བར་བྱས་ནས་དགེ་འདུན་ལ་འདི་སྐད་ཅེས་གནས་བརྟན་འདི་དག་ནི་ཆོས་ཀྱི་ཚུལ་ཤིང་ཡ་ཡོ་མེད་པ། ཁྱ་ཁྱོར་མེད་པ། འཆས་འཆུས་མེད་པ་དང༌། ཁ་དོག་བཟང་བ་དང༌། དྲི་ཞིམ་པ་དང༌། རེག་ན་འཇམ་པ་དག་ཡིན་གྱིས་ལོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་ལེན་པ་དང་ཆོས་མ་ཡིན་པའི་ཚུལ་ཤིང་ཚོལ་ན་ཚིག་གཉིས་ཀྱི་བར་དུ་མི་དབུལ་ལོ། །གཡོགས་སམ་ཕྱེ་བ་གང་གིས་ཆོས་ཀྱི་ཚུལ་ཤིང་མང་བར་འགྱུར་བ་དེ་ལྟར་བྲིམ་པར་བྱའོ། །ཆོས་ཀྱི་ཚུལ་ཤིང་བླངས་པ་དག་གིས་སློབ་མ་ལ་སོགས་པ་དག་ཆོས་མ་ཡིན་པའི་ཚུལ་ཤིང་ལེན་པར་རྩོལ་བ་ལྟ་ན་དེ་དག་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་ཀྱིས་མཁན་པོ་དང༌། སློབ་དཔོན་དང༌། མཁན་པོ་གཅིག་པ་དང༌། སློབ་དཔོན་གཅིག་པ་དང༌། གཏམ་འདྲེ་བ་དང༌། ཕེབས་པར་སྨྲ་བ་དང༌། སྨོས་འདྲིན་དང༌། འགྲོགས་བཤེས་དག་གིས་ཆོས་ཀྱི་ཚུལ་ཤིང་བླངས་ཀྱིས་ཁྱོད་གྱིས་ཀྱང་ཆོས་ཀྱི་ཚུལ་ཤིང་ལོང་ཤིག །ཁྱོད་དེ་དག་དང་ལྷན་ཅིག་རྩོད་པར་གྱུར་ན་མ་ལེགས་སོ་ཞེས་རྣ་དྲུང་དུ་བཤུབ་པོ། །དེའི་འོག་ཏུ་ཚུལ་ཤིང་ལེན་པའི་ཀུན་དུ་སྤྱོད་པའི་ཆོས་བསྟན་པའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་ཚུལ་ཤིང་ལེན་པ་དག་གིས་ཆོས་མ་ཡིན་པའི་ཚུལ་ཤིང་བླང་བར་མི་བྱའོ། །ལེན་ན་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་པར་བྱའོ། །དགེ་སློང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་ལ་གང་བླང་བ་མ་དྲིས་པར་ཚུལ་ཤིང་བླང་བར་མི་བྱའོ། །དབྱེན་དུ་འགྱུར་བའི་བཟོད་པས་ཨེ་མའོ་བྱེ་བར་གྱུར་ན་ཅི་མ་རུང་སྙམ་པའི་མངོན་པར་འདོད་པས་ཚུལ་ཤིང་བླང་བར་མི་བྱའོ། །ཆོས་མ་ཡིན་པས་ཨེ་མའོ་ཆོས་མ་ཡིན་པ་བྱུང་བར་གྱུར་ན་ཅི་མ་རུང་སྙམ་པའི་ཚུལ་ཤིང་བླང་བར་མི་བྱའོ། །འདི་ལྟར་ཨེ་མའོ་བྱེ་བར་གྱུར་ན་ཅི་མ་རུང་སྙམ་པ་དང༌། ཨེ་མའོ་ཆོས་མ་ཡིན་པར་བྱུང་བར་གྱུར་ན་ཇི་མ་རུང་སྙམ་པ་བྱེད་དུ་ཟིན་ཀྱང་འབྱེད་བའི་དོན་འདི་ལྟ་བུ་དང༌། འདི་ལ་དགེ་སློང་གང་དག་དབྱེ་ན་ལ་མངོན་པར་ཞེན་པར་བྱེད་པ་དེ་ལྟ་བུ་དག་ཡོད་པས་སྟོན་པ་ཉིད་ཀྱང་འགའ་ཞིག་
འབྱུང་བར་འགྱུར་རོ་སྙམ་དུ་ཤེས་ན་དེ་ལྟ་ན་ཡང་ཚུལ་ཤིང་བླང་བར་མི་བྱའོ། །དེའི་འོག་ཏུ་དེ་ལ་ཆེས་མང་བའི་བློས་ལེགས་པར་གཞག་པ་ཞེས་བྱ་བ་ལེགས་པར་བསྒྲུབ་པའི་རྣམ་པ་གཞན་གྱིས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བྱ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དགེ་འདུན་རྒོལ་བ་དང་ཕྱིར་རྒོལ་བའི་ཕྱོགས་སུ་རྣམ་པར་གནས་ན་གནས་པ་གཉི་གས་བློ་མཐུན་པར་བྱ་སྟེ། ཆོས་དང་ཆོས་མ་ཡིན་པའི་ཚུལ་ཤིང་བྲིམས་ཟིན་པའི་འོག་ཏུ་འགྲེངས་ཏེ་མཉམ་པ་ཉིད་ཡིན་ན་ཉན་ཐོས་ཆེན་པོ་བཙུན་པ་ཀུན་ཤེས་ཀཽཎྜྀ་ན་ཡ་ལ་བསྡོས་ཏེ། ཆོས་ཀྱི་ཚུལ་ཤིང་གཅིག་བླངས་ཤིང་ཆོས་སྨྲ་བ་རྒྱལ་བར་བྱའོ། །དེ་ལྟར་ན་རྩོད་པ་དེ་ཆོས་ཀྱིས་ཉེ་བར་ཞི་བར་གྱུར་བ་ཡིན་ནོ། །ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་ན་ནི་རྩོད་པ་དེ་ཆོས་མ་ཡིན་པས་ཉེ་བར་ཞི་བར་གྱུར་བ་ཡིན་ནོ། །ཆོས་མ་ཡིན་པས་ཞི་བ་ལ་སྐྱོ་སྡོགས་མི་བྱའོ། །ཆོས་ཀྱིས་ཞི་བ་ལ་སྐྱོ་སྡོགས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །ཆོས་མ་ཡིན་པས་ཞི་བ་ལ་སྐྱོ་སྡོགས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །འདིར་རྩོད་པ་དེ་ཉེ་བར་ཞི་བར་བྱ་བ་གཙོ་ཆེའི་ཆོས་དང་ཆོས་མ་ཡིན་པ་ནི་ཆོས་རྣམ་པར་གཏན་ལ་དབབ་པའི་སྐབས་གཞན་ཡོད་པས་དེ་ལ་དམ་དུ་གཟུང་བར་མི་བྱའོ། །དེ་ཙམ་གྱིས་ནི་ཆོས་རྣམ་པར་གཏན་ལ་དབབ་པའི་ཉི་ཚེའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་འགྱུར་བས་ཆེས་མང་བའི་བློས་ལེགས་པར་གཞག་པ་ཞེས་བྱ་བ་ལ་ལེགས་པར་བསྒྲུབ་པའི་རྣམ་པ་གཞན་གྱིས་ཞི་བར་བྱ་བས་དེ་ཞི་བར་འགྱུར་རོ། །རྒྱུད་གཅིག་ཏུ་བྱ་བས་ཞེས་བྱ་བ་ནི་ངེས་པར་རྟོགས་པར་བྱ་བ་སྟེ། འདིར་ནི་ཆོས་ཉི་ཚེའི་དངོས་པོ་གང་ལ་ངེས་པར་རྟོགས་པ་གཅིག་ཡོད་པའི་དངོས་པོའི་རྒྱུད་གང་ཡིན་པ་དེ་མཐའ་གཅིག་ཏུ་ངེས་པར་བྱ་བ་ནི་རྒྱུད་གཅིག་ཏུ་བྱ་བ་ཞེས་བྱའོ། །འདི་ལྟར་དངོས་པོའི་དེ་བཞིན་ཉིད་ལོག་པར་བསྒྲུབ་པ་ནི་ཐེ་ཚོམ་ཞེས་བྱ་སྟེ། ཐེ་ཚོམ་ནི་ངེས་པ་བསྐྱེད་པས་ལྡོག་པས་དེས་ན་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱས་ན་ཆོས་ཀྱི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་དེ་ཞི་བར་འགྱུར་རོ།།
དེ་ལྟར་ན་འགྱེད་པའི་ཕྱིར་རྩོད་པ་ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བ་ཡིན་ནོ། །འགྱེད་པའི་ཕྱིར་རྩོད་པ་ཞི་བར་བྱ་བ་བཤད་ཟིན་ཏོ། །ད་ནི་མི་གདམས་པའི་ཕྱིར་རྩོད་པ་ཞི་བར་བྱ་བ་བཤད་པར་བྱ་སྟེ། འཁྲུག་ལོང་གི་རྒྱུ་གཉིས་པ་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་རྩོད་པ་ནི་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བ་དེ་ཉིད་དང༌། དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བ་དང་དག་པ་སྦྱིན་པས་ཞི་བར་བྱའོ་ཞེས་གསུངས་པ་ལ་འཁྲུག་ལོང་གི་རྒྱུ་གཉིས་པ་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་ནི་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བ་དེ་ཉིད་དྲན་པས་འདུལ་བ་དང༌། མ་སྨྱོས་པ་སྤོང་བ་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་ནི་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་རྒྱུ་དང་བཅས་པ་ཉིད་ལས་བྱུང་བ་ཡང་ཡོད། རྒྱུ་མེད་པ་ཉིད་ཀྱིས་བྱུང་བ་ཡང་ཡོད། དེ་ལ་རྒྱུ་དང་བཅས་པ་ནི་ཡུལ་དང་དུས་དང་གཞི་གང་ལས་ལྟུང་བ་བྱུང་བའི་རྒྱུ་ཡོད་པ་ཉིད་སྤོང་བའོ། །རྒྱུ་མེད་པ་ནི་གླེང་བའི་ཁ་ན་མཐོ་བ་མེད་པ་ལ་གཞི་མེད་པས་གླེང་བ་ལ་སོགས་པ་སྤོང་བའོ། །དེ་ལ་རྒྱུ་དང་བཅས་པ་ཉིད་ལས་བྱུང་བ་ནི་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་འགྱུར་ལ། རྒྱུ་མེད་པ་ཉིད་ལས་བྱུང་བ་ནི་དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བས་དག་པ་སྦྱིན་པས་ཞི་བར་འགྱུར་རོ། །དེ་ལ་རེ་ཞིག་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་རྒྱུ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བས་འགྱུར་བ་ཇེ་བཤད་པར་བྱ་སྟེ། དེ་ལ་འདིར་ཡང་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་འགྱུར་བའི་ཚུལ་གཞན་ཐམས་ཅད་ནི་སྔ་མ་བཞིན་ནོ། །ཁྱད་པར་དུ་སྔར་ནི་འཁྲུག་ལོང་གི་རྒྱུ་དང་པོ་ཆོས་རྣམ་པར་གཏན་ལ་དབབ་པ་དང༌། ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པའི་དངོས་
པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་མངོན་སུམ་གྱིས་གདུལ་བས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བསྟན་པ་ཆོས་རྣམ་པར་གཏན་ལ་དབབ་པ་ཉི་ཚེའི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབས་པ་ལས་བྱུང་བའི་འཁྲུག་ལོང་འགྱེད་པའི་ཕྱིར་རྩོད་པ་ནི་ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་བསྟན་ཏོ། །འདིར་ནི་འཁྲུག་ལོང་གི་རྒྱུ་གཉིས་པ་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་རྒྱུ་དང་བཅས་པ་ཆོས་དང་ཚུལ་ཁྲིམས་གཉི་གའི་གདམས་དག་ལ་སོགས་པ་འཇོག་པས་གཞན་སྤོང་བ་རྒྱུ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་ནི་མངོན་སུམ་གྱིས་འདུལ་བས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་འགྱུར་ལ། ཆོས་ཉི་ཚེའི་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་རྒྱུ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་ནི་ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །རེ་ཞིག་དེ་ལྟར་ན་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་རྒྱུ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བ་མ་ཡིན་ནོ། །ད་ནི་གདམས་ངག་ལ་སོགས་པ་འཇོག་བས་གཞན་སྤོང་བ་རྒྱུ་མེད་པ་ཉིད་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བ་དག་པ་སྦྱིན་པས་ཞི་བར་འགྱུར་བ་བཤད་པར་བྱ་སྟེ། དེ་ནི་གལ་ཏེ་དགེ་སློང་དེ་ལ་ལྟུང་བ་གང་གིས་གླེང་བར་བྱ་བའི་ལྟུང་བ་དེའི་ཁ་ན་མ་ཐོ་བ་མེད་པར་གྱུར་བ་ན་དེའི་ཕྱིར་དེ་ལ་དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བ་དག་པ་སྦྱིན་པས་ཞི་བར་བྱས་སོ། །དེ་ལ་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་རྒྱུ་མེད་པ་ཉིད་ནི་རྣམ་པ་བཞི་སྟེ། གཞི་མེད་པས་གླེང་བ་དང་གཞན་རྗེས་སུ་བསྒྲུབ་པའི་དབང་གིས་གླེང་བ་དང༌། ཕྱིར་བཅོས་པ་ལ་མི་ལྟོས་པར་གླེང་བ་དང༌། སྨྱོས་པས་བྱས་པས་གླེང་བའོ། །དེ་ལ་གཞི་མེད་པས་གླེང་བ་ནི་གང་ཟག་དག་ལ་ལྟུང་བ་མེད་པ་ཉིད་ལ་མཐོང་བ་དང༌། ཐོས་པ་དང༌། དོགས་པའི་གཞི་མེད་པས་གླེང་བའོ། །གཞན་རྗེས་སུ་བསྒྲུབ་པའི་
དབང་གིས་གླེང་བ་ནི་ངེས་ལྟུང་བ་གཞན་རྗེས་སུ་བསྒྲུབ་པ་ལ་གཞན་གྱིས་གླེང་བར་བྱེད་དེ། ལྟུང་བྱེད་ཀྱི་རྗེས་སུ་བསྒྲུབ་པའི་དབང་གིས་དེ་ལ་དགེ་འདུན་ལྷག་མ་ལ་སོགས་པས་གླེང་བ་ལྟ་བུའོ། །ཕྱིར་བཅོས་པ་ལ་མི་ལྟོས་པར་གླེང་བ་ནི་འདི་ལ་ལྟུང་བ་བྱུང་བར་གྱུར་ཏེ་ཞེས་བྱ་བ་དེ་དེས་ཆོས་བཞིན་དུ་ཕྱིར་བཅོས་པ་ཉིད་ནི་ཕྱིར་བཅོས་པ་ཉིད་ལ་མི་ལྟོས་པར་ཡང་གླེང་བའོ། །སྨྱོས་པས་བྱ་བས་གླེང་བ་ནི་སྨྱོས་པའི་གནས་སྐབས་སུ་དེས་རུང་བ་མ་ཡིན་པ་ཀུན་དུ་སྤྱོད་པ་དེས་མ་སྨྱོས་པའི་དུས་སུ་སླེབ་པར་བྱེད་པའོ། །དེ་ལ་དང་པོ་གསུམ་ལ་ནི་དྲན་པས་འདུལ་བས་དག་པ་སྦྱིན་པས་ཞི་བར་བྱའོ། །ཐ་མ་ལ་ནི་མ་སྨྱོས་པས་འདུལ་བས་དག་བ་སྦྱིན་པས་ཞི་བར་བྱའོ། །དེ་ལ་དྲན་པས་འདུལ་བས་སྦྱིན་པའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། རང་གིས་དགེ་འདུན་ལ་གསོལ་པ་དང༌། དགེ་འདུན་གྱིས་གསོལ་པ་དང་བཞིའི་ལས་ཀྱིས་སྦྱིན་པར་བྱའོ། །དེ་བྱིན་ན་དགེ་སློང་དེ་ལ་དགེ་སློང་གཞན་དག་གིས་དྲན་པ་དང་ལྡན་པ་ཉིད་དུ་འཛིན་གྱི་ལྟུང་བ་དང་བཅས་པར་མི་འཛིན་ཏེ། དེས་འདུལ་བས་འོས་པ་ལ་དྲན་པས་འདུལ་བ་སྦྱིན་ཞིང་དག་པ་སྦྱིན་པས་རྩོད་པ་དེ་ཞི་བར་འགྱུར་རོ། །དེ་རང་གིས་དགེ་འདུན་ལ་གསོལ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དེ་རང་གིས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་མཆིལ་ལྷ་མ་གཉིས་ཕུད་ནས་རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ནས། རང་གིས་དྲན་པས་འདུལ་བ་གསོལ་བའི་སྔགས་ལན་གསུམ་དུ་བཟླས་པས་གསོལ་ལོ། །དེའི་སྔགས་ནི་འདི་ཡིན་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་གྱད་བུ་ནོར་ལ་དགེ་སློང་མ་མཛའ་མོས་ཡང་དག་པ་མ་ལགས་པ་གསོ་བ་གསོག་བརྫུན་གྱིས་སྐུར་ཏེ། བདག་ལ་དགེ་སློང་དག་གིས་གཞི་དེས་གླེང་བས་བདག་དགེ་སློང་གྱད་བུ་ནོར་དགེ་འདུན་ལས་དྲན་པས་འདུལ་བས་གསོལ་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་གྱད་བུ་ནོར་ལ་དྲན་བས་འདུལ་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས་ཞེས་གསུངས་
པ་ཡིན་ནོ། །དེའི་འོག་ཏུ་དགེ་འདུན་གྱིས་གསོལ་བ་དང༌། གཞིའི་ལས་ཀྱིས་སྦྱིན་པར་བྱ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གྱད་བུ་ནོར་འདི་ལ་དགེ་སློང་མ་མཛའ་མོས་ཡང་དག་པ་མ་ལགས་པ་གསོབ་གསོག་བརྫུན་གྱིས་སྐུར་ཏེ། འདི་ལ་དགེ་སློང་དག་གིས་གཞི་དེས་གླེང་བས་དགེ་སློང་གྱད་བུ་ནོར་འདི་དགེ་འདུན་ལ་དྭ་ན་བས་འདུ་ལ་བ་གསོལ་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་གྱད་བུ་ནོར་འདི་ལ་དྲན་པས་འདུལ་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གྱང་བུ་ནོར་འདི་ལ་དགེ་སློང་མ་མཛའ་མོས་ཡང་དག་པ་མ་ལགས་པ་གསོབ་གསོག་བརྫུན་གྱིས་སྐུར་ཏེ། འདི་ལ་དགེ་སློང་དག་གིས་གཞི་དེས་གླེང་བས་དགེ་སློང་གྱད་བུ་ནོར་འདི་དགེ་འདུན་གྱིས་དྲན་པས་འདུལ་བ་སྩོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་བྱད་བུ་ནོར་འདི་ལ་དྲན་པས་འདུལ་བ་གསོལ་ན་ཚེ་དང་ལྡན་པ་གང་དག་དགེ་སློང་བྱད་བུ་ནོར་འདི་ལ་དྲན་པས་འདུལ་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་གྱད་བུ་ནོར་ལ་དྲན་པས་འདུལ་བ་སྩལ་ལགས་ཏེ་འདི་ལྟར་ཅང་མི་གསུང་བར་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་རྒྱུ་མེད་པ་གཞི་མེད་པས་གླེང་བ་དང༌། གཞན་རྗེས་སུ་བསྒྲུབ་པའི་དབང་གིས་གླེང་བ་དང༌། ཕྱིར་བཅོས་པ་ལ་མི་ལྟོས་པར་གླེང་བ་ཉིད་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་དྲན་པས་འདུལ་བས་དག་པ་སྦྱིན་པས་ཞི་བ་ཡིན་ནོ། །དེ་ལ་མ་སྨྱོས་པས་འདུལ་བ་སྦྱིན་པའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། དེ་རང་གིས་དགེ་འདུན་ལ་དྲན་པ་གསོལ་བ་དང༌། དགེ་འདུན་གྱིས་གསོལ་བ་དང་གཞིའི་ལས་ཀྱིས་སྦྱིན་པར་བྱའོ། །དེ་བྱིན་ན་དགེ་སློང་དེ་ལ་
དགེ་སློང་གཞན་དག་གིས་རང་བཞིན་དུ་གནས་པར་འཛིན་གྱི་ལྟུང་བ་དང་བཅས་པར་མི་འཛིན་ཏེ། དེས་འདུལ་བར་འོས་པ་ལ་མ་སྨྱོས་པས་འདུལ་བ་སྦྱིན་ཞིང་དག་པ་སྦྱིན་པས་རྩོད་པ་དེ་ཞི་བར་འགྱུར་རོ། །དེས་རང་གི་དགེ་འདུན་ལ་གསོལ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དེ་རང་གིས་གནས་མ་ལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་སྟེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ན་དགེ་འདུན་ཐམས་ཅད་འདུས་ཤིང་མཐུན་པར་གྱུར་པ་ལ་མཆིལ་ལྷ་མ་གཉིས་ཕུད་ནས་རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བ་བཏུད་ནས་རང་གིས་མ་སྨྱོས་པས་འདུལ་བ་གསོལ་བའི་སྔགས་ལན་གསུམ་བཟླས་པས་གསོལ་ལོ། །དེའི་སྔགས་ནི་འདི་ཡིན་ནོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་བྱེ་མ་སྐྱེས་སྨྱོས་པ་སེམས་འཁྲུགས་པ་སྡུག་བསྔལ་གྱི་ཚོར་བས་གཟིར་བས་དགེ་སློང་གི་ཚུལ་མ་ལགས་པ། རྗེས་སུ་མཐུན་པ་མ་ལགས་པ། རུང་བ་མ་ལགས་པ། ཚུལ་དང་མཐུན་པ་མ་ལགས་པ་མང་དུ་སྤྱོད་ཅིང་སྨྲས་ཏེ། བརྩལ་ནས་མིག་འགྱུར་ཁ་ཆུ་ཟགས་བཞིན་བསྒྱུར་ས་ལ་འགྲེས་ལྡོག་གཉིད་ཀྱིས་མ་ལོག་ཀྱང་གཉིད་ཀྱིས་ལོག་པ་ལྟར་བཅོས་མ་སྨྱོས་ཀྱང་སྨྱོས་པ་ལྟར་བཅོས། སྨྲ་བར་མ་བསམས་ཀྱང་སྨྲས་ཏེ། བདག་གིས་དྲན་པ་རྙེད་ན་བདག་ལ་དགེ་སློང་རྣམས་ཀྱིས་གཞི་དེས་གླེང་བས་བདག་དགེ་སློང་བྱེ་མ་སྐྱེས་དགེ་འདུན་ལས་མ་སྨྱོས་པས་འདུལ་བ་གསོལ་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་བྱེ་མ་སྐྱེས་ལམ་སྨྱོས་པས་འདུལ་བ་སྩལ་དུ་གསོལ།། ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་དགེ་འདུན་གྱིས་གསོལ་བ་དང༌། བཞིའི་ལས་ཀྱིས་སྦྱིན་པར་བྱ་བའི་གོ་རིམས་ཀྱིས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདིའི་སྔགས་ནི་འདི་ཡིན་ཏེ་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་བྱེ་མ་སྐྱེས་མྱོས་པ། སེམས་འཁྲུགས་པ། སྡུག་བསྔལ་གྱི་ཚོར་བས་གཟིར་བ་འདིས་དགེ་སློང་གི་ཚུལ་མ་ལགས་པ། རྗེས་སུ་མཐུན་པ་མ་ལགས་པ། རུང་བ་མ་ལགས་པ། ཚུལ་དང་མཐུན་པ་
མ་ལགས་པ། མང་དུ་སྤྱོད་ཅིང་སྨྲས་ཏེ་བརྩལ་ནས་མིག་འགྱུར་ཁ་ཆུ་ཟགས་བཞིན་བསྒྱུར་ས་ལ་འགྲེས་ལྡོག །གཉིད་ཀྱིས་མ་ལོག་ཀྱང་གཉིད་ཀྱིས་ལོག་པ་ལྟར་བཅོས། མ་སྨྱོས་ཀྱང་སྨྱོས་པ་ལྟར་བཅོས། སྨྲ་བར་མ་བསམས་ཀྱང་སྨྲས་ཏེ་འདིས་དྲན་པ་རྙེད་ན་འདི་ལ་དགེ་སློང་རྣམས་ཀྱིས་གཞི་དེས་གླེང་བས་དགེ་སློང་བྱེ་མ་སྐྱེས་འདི་དགེ་འདུན་ལས་མ་སྨྱོས་པ་འདུལ་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་བྱེ་མ་སྐྱེས་ལ་མ་སྨྱོས་པས་འདུལ་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་བྱེ་མ་སྐྱེས་སྨྱོས་པ། སེམས་འཁྲུགས་པ། སྡུག་བསྔལ་གྱི་ཚོར་བས་གཟིར་བ་འདིས་དགེ་སློང་གི་ཚུལ་མ་ལགས་པ། རྗེས་སུ་མཐུན་པ་མ་ལགས་པ། རུང་བ་མ་ལགས་པ། ཚུལ་དང་མཐུན་པ་མ་ལགས་པ་མང་དུ་སྤྱད་ཅིང་སྨྲས་ཏེ། བརྩལ་ནས་མིག་འགྱུར་ཁ་ཆུ་ཟགས་བཞིན་བསྒྱུར་ས་ལ་འགྲེས་ལྡོག །གཉིད་ཀྱིས་མ་ལོག་ཀྱང་གཉིད་ཀྱིས་ལོག་པ་ལྟར་བཅོས། མ་སྨྱོས་ཀྱང་སྨྱོས་པ་ལྟར་བཅོས། སྨྲ་བར་མ་བསམས་ཀྱང་སྨྲས་ཏེ། འདིས་དྲན་པ་རྙེད་ན་འདི་ལ་དགེ་སློང་རྣམས་ཀྱིས་གཞི་དེས་གླེང་བས་དགེ་སློང་བྱེ་མ་སྐྱེས་འདི་དགེ་འདུན་ལས་མ་སྨྱོས་པས་འདུལ་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་བྱེ་མ་སྐྱེས་ལ་མ་སྨྱོས་པས་འདུལ་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་བྱེ་མ་སྐྱེས་ལ་མ་སྨྱོས་པས་འདུལ་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་བྱེ་མ་སྐྱེས་ལ་མ་སྨྱོས་པས་འདུལ་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བ་རྒྱུ་མེད་པ་སྨྱོན་པས་བྱས་པས་གླེང་བ་ཉིད་ལས་བྱུང་བའི་འཁྲུག་ལོང་མི་གདམས་པའི་ཕྱིར་རྩོད་པ་མ་མྱོས་པས་འདུལ་བ་དག་པ་སྦྱིན་པས་ཞི་བ་ཡིན་ནོ། །མི་གདམས་པའི་ཕྱིར་རྩོད་བཞི་བར་བྱ་བ་བཤད་ཟིན་ཏོ། །ད་ནི་ལྟུང་བའི་ཕྱིར་རྩོད་པ་ཞི་བར་བྱ་བ་བཤད་པར་བྱ་སྟེ།
འཁྲུག་ལོང་གི་རྒྱུ་གསུམ་པ་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་ནི་ཁས་བླང་བར་བྱ་བ་དང༌། མངོན་སུམ་གྱིས་འདུལ་བ་དང༌། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པ་དང༌། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་འཛིན་པ་ལས་སྦྱར་བ་ཉིད་སྦྱིན་པས་ཞི་བར་བྱའོ་ཞེས་གསུངས་པ་ལ། འཁྲུག་ལོང་གི་རྒྱུ་གསུམ་པ་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་ལ་ལྟུང་བ་དང་བཅས་པ་ཉིད་ནི་རྣམ་པ་གཉིས་ཏེ། རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་དང༌། རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་དོ། །དེ་ལ་རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ནི་གང་ཟག་ལྟུང་བ་དང་བཅས་པ་ལ་གླེང་བ་བོས་གླེངས་ནས་དངོས་པོ་དང་ཕྱོགས་དང་བསམ་པ་དང༌། ཆེ་བཞི་དང་ཁས་བླངས་པ་ལ་སོགས་པའི་སྒོ་ནས་ལྟུང་བ་རྣམ་པར་ཤེས་པ་ན་ལྟུང་བ་སྡེ་ལྔ་གང་ལ་ཡང་རུང་བ་དག་གིས་དངོས་གཞི་འམ། སྦྱོར་བ་འམ། སྦྱོར་བའི་སྦྱོར་བ་ཞེས་བྱ་བའི་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་དོ། །རྣམ་པར་མི་ཤེས་པས་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ནི་གང་ཟག་ལྟུང་བ་དང་བཅས་པས་གླེང་བ་པོས་གླེངས་ནས་ལྟུང་བ་དྲན་པ་དག་དགེ་འདུན་ལ་ཁས་བླངས་ནས་དེའི་འོག་ཏུ་བརྗོད་པས་དངོས་པོ་དང་ཕྱོགས་དང་བསམ་པ་དང་ཆེ་བཞི་དང་ཁས་བླངས་པ་ལ་སོགས་པའི་སྒོ་ནས་ལྟུང་བ་རྣམ་པར་མི་ཤེས་པ་ན་ལྟུང་བ་སྡེ་ལྔ་གང་ཡང་དུང་བ་དག་གིས་དངོས་གཞིའམ་སྦྱོར་བ་འམ་སྦྱོར་བའི་སྦྱོར་བ་ཞེས་བྱ་བའི་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་དོ། །དེ་ལ་ལྟུང་བ་དང་བཅས་པ་རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་དེ་ཉིད་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་ནི་ཁས་བླང་བར་བྱ་བ་དང༌། མངོན་སུམ་གྱིས་འདུལ་བ་དང༌། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པས་ཞི་བར་འགྱུར་ལ། རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་ནི་དེའི་ངོ་བོ་ཉིད་ཚོལ་དུ་ཞུགས་པས་ངེས་པར་འཛིན་པ་ལ་སྦྱོར་བ་ཉིད་སྦྱིན་པས་ཞི་བར་འགྱུར་
རོ། །དེ་ལ་རེ་ཞིག་ལྟུང་བ་དང་བཅས་པ་རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་ཁས་བླང་བར་བྱ་བ་དང༌། མངོན་སུམ་གྱིས་འདུལ་བ་དང༌། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པས་ཞི་བར་འགྱུར་བ་ཇེ་བཤད་པར་བྱ་སྟེ། དེ་ནི་ལྟུང་བ་དང་བཅས་པ་རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་བྱས་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་རྣམ་པ་གསུམ་སྟེ། ཕྱིར་བཅོས་པ་མེད་པའི་འཁྲུག་ལོང་དང༌། ཕྱིར་བཅོས་པ་དང་བཅས་པའི་རྣམ་པ་གཉིས་སོ། །ཉི་ཚེ་བའི་འཁྲུག་ལོང་དང༌། དགེ་འདུན་མཐའ་དག་དང་འབྲེལ་བའི་འཁྲུག་ལོང་ངོ༌། །དེ་ལ་ཕྱིར་བཅོས་པ་མེད་པའི་འཁྲུག་ལོང་ནི་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་དང་བྲལ་བ་སྟེ། གང་ལ་གླེང་བར་བྱ་བ་དང་གླེང་བ་པོ་གཉིས་འབའ་ཞིག་ཁོ་ན་ལ་འཁྲུག་ལོང་ཡོད་ཀྱིས་གཞན་གང་ལ་ཡང་འཁྲུག་ལོང་མེད་པའོ། །ཕྱིར་བཅོས་པ་དང་བཅས་པ་རྣམ་པ་གཉིས་པོ་ཉེ་ཚེ་བའི་འཁྲུག་ལོང་ནི་གང་ལ་ཡང་གླེང་བར་བྱ་བ་དང༌། གླེང་བ་པོ་གཉིས་འབའ་ཞིག་ཁོ་ནར་མ་ཟད་ཀྱི་དགེ་འདུན་གྱི་ཁོངས་སུ་གཏོགས་པ་ཁ་ཅིག་ལ་ཡང་འཁྲུག་ལོང་འབྱུང་ངོ༌། །དགེ་འདུན་མཐའ་དག་དང་འབྲེལ་བའི་འཁྲུག་ལོང་ནི་གང་ལ་ཡང་དགེ་སློང་གི་ཚོགས་གཅིག་ཀྱང་མ་ལུས་པར་དགེ་སློང་མཐའ་དག་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པས་འཁྲུག་ལོང་དུ་གྱུར་པའོ། །དེ་དག་ལས་ཕྱིར་བཅོས་པ་མེད་པའི་འཁྲུག་ལོང་ཞེས་བྱ་བ་ནི་ཁས་བླང་བར་བྱ་བས་ཕྱིར་བཅོས་པས་ཞི་བར་འགྱུར་ཏེ། དེ་ནི་ཁས་བླང་བ་ཙམ་གྱི་དབང་གིས་ཕྱིར་བཅོས་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་དེ་ལ་གླེང་བ་པོས་ཚེ་དང་ལྡན་པ་ཁྱོད་ལ་ལྟུང་བ་བྱུང་གི་ཆོས་བཞིན་དུ་ཕྱིར་གྱིས་ཤིག་ཅེས་ཚུལ་དེ་ལྟར་གླེང་བར་བྱ་བས་ཀྱང་ཁས་བླང་བ་འབའ་ཞིག་གིས་ཕྱིར་བཅོས་པ་བྱས་ན་ཁྲུག་ལོང་དེ་ཕྱིར་བཅོས་པ་གཞན་ལ་ལྟོས་མི་དགོས་པར་ཞི་བར་འགྱུར་བས་དེའི་ཕྱིར་ཕྱིར་བཅོས་པ་མེད་པའི་འཁྲུག་ལོང་ནི་ཁས་བླང་བར་བྱ་བས་ཕྱིར་བཅོས་པས་ཞི་བར་འགྱུར་རོ། །ཕྱིར་བཅོས་པ་དང་བཅས་པ་རྣམ་པ་གཉིས་པོ་ཉི་ཚེ་བའི་འཁྲུག་ལོང་ཞེས་བྱ་བ་ནི་མངོན་སུམ་གྱིས་འདུལ་བས་
ཕྱིར་བཅོས་པས་ཞི་བར་འགྱུར་ཏེ། དེ་ནི་མངོན་སུམ་དུ་བྱ་བས་ཕྱིར་བཅོས་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་གཟུ་བོའི་མདུན་དུ་གླེང་བར་བྱ་བ་དང༌། གླེང་བ་པོ་དང༌། དེ་དག་གི་རྗེས་སུ་འབྲང་བ་རྣམས་ཀྱིས་རྒོལ་བ་དང༌། ལེན་གྱི་ཚིག་དག་མངོན་སུམ་དུ་བྱུང་བ་གང་ཡིན་བ་དེས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་པས་ཕྱིར་བཅོས་པས་རྩོད་པ་དེ་ཞི་བར་འགྱུར་རོ། །དེའི་ཕྱིར་ཕྱིར་བཅོས་པ་དང་བཅས་པ་རྣམ་པ་གཉིས་པོ་ཉི་ཚེ་བའི་འཁྲུག་ལོང་ནི་མངོན་སུམ་གྱིས་འདུལ་བས་ཕྱིར་བཅོས་པས་ཞི་བར་འགྱུར་རོ། །སྐབས་འདིར་མངོན་སུམ་གྱིས་འདུལ་བས་ཚུལ་ཁྲིམས་ཀྱི་དངོས་པོ་ཉི་ཚེའི་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་གཟུ་བོའི་མདུན་དུ་གླེང་བར་བྱ་བ་དང༌། གླེང་བ་པོ་དང༌། དེ་དག་གི་རྗེས་སུ་འབྲང་བ་རྣམས་ཀྱིས་རྒོལ་བ་དང་ལན་གྱི་ཚིག་དག་མངོན་སུམ་དུ་བྱུང་བ་གང་ཡིན་པ་དེས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་པས་ཕྱིར་བཅོས་པས་རྩོད་པ་དེ་ཞི་བར་འགྱུར་བ་ཡིན་པར་ཤེས་པར་བྱའོ། །དགེ་འདུན་མཐའ་དག་དང་འབྲེལ་བའི་འཁྲུག་ལོང་ཞེས་བྱ་བ་ནི་རྩ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པས་ཞི་བར་འགྱུར་ཏེ། དེ་ནི་དགེ་འདུན་མཐའ་དག་གིས་རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡང་འདི་ལྟར་དེ་ལ་དགེ་འདུན་གྱིས་ཕྱོགས་གཉི་ག་ནས་དཔེར་ན་རྩྭ་བཀྲམ་ཏེ་མགོ་སྤྲད་པ་ལྟ་བུས་སེམས་བཏུད་དེ་གཞི་དེ་ལས་ཁྱེད་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང༌། ཁོ་བོ་ཅག་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག་གི་མདུན་དུ་བཤགས་པ་དང་མི་བཅབ་པར་ཁོ་བོ་ཅག་སྤྲོའོ་ཞེས་བྱ་བ་དང༌། ལྟུང་བའི་མིང་དང་རིགས་སྨོས་པས་གཞན་ལ་ལྟུང་བའི་ངོ་བོ་ཉིད་ཤེས་པ་སྣང་བར་བྱ་བ་ལ་སོགས་པས་བློ་གཅིག་ཏུ་བྱ་བར་འོས་པ་ལ་རྩྭ་བཀྲམ་པ་ལྟ་བུས་སྦྱིན་པས་ཕྱིར་བཅོས་པས་རྩོད་པ་དེ་ཞི་བར་འགྱུར་བས་དེའི་ཕྱིར་དགེ་འདུན་མཐའ་དག་དང་འབྲེལ་བའི་འཁྲུག་ལོང་ནི་རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པས་ཞི་བར་འགྱུར་རོ། །འདིའི་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་མཐའ་དག་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པས་འཁྲུག་ལོང་དུ་གྱུར་པའི་དགེ་འདུན་གྱིས་ཕྱོགས་གཉི་ག་ནས། དཔེར་ན་རྩྭ་བཀྲམ་པ་
སྟེ་མགོ་ཕྲད་པ་ལྟ་བུར་སེམས་བཏུད་དེ་གཞི་འདི་ལས་ཁྱེད་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང༌། ཁོ་བོ་ཅག་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག་གི་མདུན་དུ་བཤགས་པ་དང་མི་བཅབ་པ་དང་ཁོ་བོ་ཅག་སྤྲོའོ་ཞེས་བྱ་བ་དང༌། ལྟུང་བའི་མིང་དང་རིགས་སྨོས་པས་གཞན་ལ་ལྟུང་བ་བྱུང་བའི་ངོ་བོ་ཉིད་ཤེས་པ་སྣང་བར་བྱ་བ་ལ་སོགས་པས་བློ་གཅིག་ཏུ་བྱ་བར་འོས་པ་ལ་རྩྭ་བཀྲམ་པ་ལྟ་བུ་སྦྱིན་པས་ཕྱིར་བཅོས་པའི་སྔགས་ཕན་ཚུན་གཉི་ག་ནས་ལན་གསུམ་གསུམ་བརྗོད་པས་ཕྱིར་བཅོས་པར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཚེ་དང་ལྡན་པ་དག་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར། མཚང་འདྲུ་བར་གྱུར། རྩོད་པར་གྱུར། འགྱེད་པར་གྱུར་ཅིང་གནས་ཏེ་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ནི་བདག་ཅག་གིས་མ་རྙེད་དེ་རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱིས་ལེགས་པ་རྙེད་པ་མ་ཡིན་ནོ། །ཁ་ན་མ་ཐོབ་སྦོམ་པོ་དང༌། ཁྱིམ་ན་གནས་པ་ལ་བརྟེན་པ་མ་གཏོགས་པར་གཞི་འདི་ལས་ཁྱེད་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང༌། བདག་ཅག་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག་གི་མདུན་དུ་མཐོལ་བ་དང༌། འཆགས་པ་དང༌། མི་འཆབ་པར་བདག་ཅག་སྤྲོའོ། །ཚེ་དང་ལྡན་པ་དག་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར། མཚང་འདྲུ་བར་གྱུར། རྩོད་པར་གྱུར། འགྱེད་པར་གྱུར་ཅིང་གནས་ཏེ་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ནི་བདག་ཅག་གིས་མ་རྙེད་དེ་རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པ་རྙེད་པ་མ་ཡིན་ནོ། །ཁ་ན་མ་ཐོ་བ་སྦོམ་པོ་དང༌། ཁྱིམ་ན་གནས་པ་ལ་བརྟེན་པ་མ་གཏོགས་པར་གཞི་འདི་ལས་ཁྱེད་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང༌། བདག་ཅག་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག་གི་མདུན་དུ་བདག་མཐོལ་ལོ། །འཆགས་སོ། །མི་འཆབ་པོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །མ་འཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ལན་གསུམ་དུ་བཟླས། ལྟུང་བ་མཐོང་ངམ། མཐོང་ངོ༌། །ཕྱིན་ཆད་སྡོམ་མམ། སྡོམ་མོ། །ལན་གསུམ་དུ་བཟླས་ཞེས་བྱ་བ་གསུངས་པ་ཡིན་ནོ། །འདི་ལ་ཕྱོགས་གཅིག་གིས་
དེ་ལྟར་བྱས་ན་ཕྱོགས་གཞན་གྱིས་ཀྱང་མཐུན་པར་དེ་དག་ལ་དེ་ལྟར་བྱའོ། །འདི་ལ་གང་ཟག་མང་པོ་དག་གི་དོན་དུ་ཉེས་པ་སྤོམ་པོ་དང༌། དགེ་འདུན་ལྷག་མ་དང་དགེ་འདུན་ལྷག་མར་གཏོགས་པའི་ཉེས་པ་སྦོམ་པོ་ལྕི་བ་དགེ་འདུན་ལ་བཤགས་པར་བྱ་བ་དེ་དག་མ་གཏོགས་པའི་ལྟུང་བ་དགེ་འདུན་མ་ཡིན་པ་གང་ཟག་ལ་བཤགས་པར་བྱ་བ་དག་ནི་གང་ཟག་གཅིག་གིས་གང་ཟག་གཅིག་ལ་རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་སུ་རུང་ངོ༌། །འདིར་གང་ཟག་མང་པོ་དག་གི་དོན་དུ་ལྟུང་བ་དུ་མ་དག་གཅིག་ཅར་ཕྱིར་བཅོས་སུ་ཡང་རུང་ངོ༌། །ལྟུང་བ་བྱུང་བ་ལ་བདག་ལ་ལྟུང་བ་མ་བྱུང་ངོ་ཞེས་ཁས་མི་ལེན་པ་དང༌། ལྟུང་བ་མ་བྱུང་བ་ལ་བདག་ལ་ལྟུང་བ་བྱུང་ངོ་ཞེས་ཁས་ལེན་པར་བྱེད་པ་ནི་ཆོས་མ་ཡིན་པ་བྱེད་པ་ཡིན་པས་བཤགས་པ་ནི་འཆགས་སོ། །དེ་ལྟར་ན་ལྟུང་བ་དང་བཅས་པ་རྣམ་པར་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་རྣམ་པ་གསུམ་པོ་ཕྱིར་བཅོས་པ་མེད་པའི་འཁྲུག་ལོང་དང༌། ཕྱིར་བཅོས་པ་དང་བཅས་པ་རྣམ་པ་གཉིས་པོ་ཉི་ཚེ་བའི་འཁྲུག་ལོང་དང༌། དགེ་འདུན་མཐའ་དག་དང་འབྲེལ་བའི་འཁྲུག་ལོང་ཞེས་བྱ་བ་དག་ཁས་བླང་བར་བྱ་བ་དང༌། མངོན་སུམ་གྱིས་འདུལ་བ་དང༌། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པས་ཞི་བ་ཡིན་ནོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་བ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་བཞི་བཅུ་རྩ་དགུ་པ། ད་ནི་ལྟུང་བ་དང་བཅས་པ་རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་འགྱེད་པ་ལྟུང་བའི་ཕྱིར་རྩོད་པ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ཞི་བར་འགྱུར་བ་བཤད་པར་བྱ་སྟེ། དེའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། གླེང་བ་པོའི་སྤུ་འདམ་པ་དང༌། གླེང་བ་པོ་བསྐོ་བ་དང༌། གླེང་བ་པོས་གླེང་བ་དང༌། ཆེ་བཞི་དྲི་བ་དང༌། ཁས་བླང་བ་དང༌། ཁས་བླངས་པ་བརྗེད་པ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་འཛིན་པ་ལ་སྦྱར་བ་འདི་སྦྱིན་པའོ། །དེའི་གླེང་བ་པོའི་སྤུ་འདམ་པའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། གླེང་བར་བྱ་བ་དང༌། གླེང་བ་པོའི་བྱ་བ་འདི་ལ་གླེང་བར་བྱ་བ་དང་ཇི་སྙེད་བདེ་བ་དེ་སྙེད་ཁོ་ནའི་གླེང་བ་པོ་དག་གིས་བྱ་བར་ནི་མ་
ངེས་སོ། །གླེང་བ་པོ་ཚུལ་ཁྲིམས་འཆལ་བ་དང༌། ལོག་པར་སྟོན་པ་ལ་ནི་མཐུན་པར་མི་བྱའོ། །གླེང་བ་པོ་ཚུལ་ཁྲིམས་འཆལ་བ་དང༌། ལོག་པར་སྟོན་པ་མ་ཡིན་པ་སྡེ་སྣོད་དག་གི་ཚིག་གི་སྒོ་ནས་འཛིན་པ་དོན་གྱི་སྒོ་ནས་མི་ཤེས་པས་གླེང་བར་བྱེད་པ་ལས་ནི་དགེ་འདུན་གྱིས་བཟློག་པར་ལན་གདབ་པར་བྱའོ། །གླེང་བ་པོས་ལུས་དང་ངག་གིས་གདམས་པ་ཉིད་དང༌། སྡེ་སྣོད་དག་ཤེས་པ་ཉིད་དང༌། དགེ་འདུན་གྱི་ནང་དུ་བསམས་བཞིན་དུ་ཆོས་དང་འདུལ་བ་ལོག་པ་དང་དེ་ལས་བཟློག་པ་དག་མི་སྟོན་པ་ཉིད་ཅེས་བྱ་བའི་ཡོན་ཏན་གསུམ་དང་ལྡན་པ་ལ་གུས་པར་བྱའོ། །གླེང་བ་པོ་ཡོན་ཏན་གསུམ་དང་ལྡན་པ་ཉིད་ཡིན་ཡང་སེམས་ཀྱིས་སྤྱོད་པ་ནི་གཡོ་བ་ཉིད་ཡིན་པས་སྔར་སྡིག་པ་ལ་མ་ཞུགས་སུ་ཟིན་ཀྱང་ཕྱིས་འཇུག་པར་འགྱུར་སྲིད་པས་དེའི་ཕྱིར་དེའི་སེམས་ཀྱིས་སྤྱོད་པ་བགམ་པའི་ཕྱིར་དུས་དང་ཡུལ་དང་སྤྱོད་ལམ་དང་རྗེས་སུ་བསྒྲུབ་པ་དག་གནས་སུ་མི་བཞག་པས་བརྒལ་ཞིང་བརྟགས་པར་བྱའོ། །དེ་དག་གནས་གཞན་དུ་འཕོ་བ་དང༌། རྙོག་པ་ཅན་དུ་གྱུར་ན་གླེང་བ་མི་འཆགས་སོ། །དེའི་འོག་ཏུ་གླེང་པ་པོ་བསྐོ་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། གླེང་པ་པོ་ཡོན་ཏན་གསུམ་དང་ལྡན་པ་དེ་ལྟ་བུ་དང་པོ་སྤྲོ་བར་བྱ་སྟེ། གསོལ་བ་དང༌། གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དགེ་འདུན་གྱིས་གླེང་བ་པོ་དང་པོར་སྤྲོ་བར་བྱ་ཞིང་གསོལ་བ་དང༌། གཉིས་ཀྱི་ལས་ཀྱིས་བསྐོ་བའི་ཆོ་ག་དང་ལས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྐོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་ཇེ་དང་པོར་སྤྲོ་བར་བྱ་སྟེ། དེའི་འོག་ཏུ་དགེ་སློང་གཅིག་གི་ས་གསོལ་བ་བྱས་ཏེ་ལས་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། མིང་འདི་ཞེས་བྱ་བ་ཁྱོད་རེ་ལྡེའི་རི་ལ་སོང་སྟེ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་དགེ་སྦྱོང་གི་ཆོས་མ་ཡིན་པ་རྣམ་པ་མང་པོ་གླེང་བ་སྤྲོ་འམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་འདི་རེ་ལྡེའི་རི་ལ་མཆིས་ཏེ་དགེ་སློང་འགྲོ་མགྱོགས་དང་ནབ་སོལ་དགེ་སློང་གི་ཆོས་མ་ལགས་པ་རྣམ་པ་མང་པོས་གླེང་བར་སྤྲོ་ན། གལ་
ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་གླེང་བར་བསྐོའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་འདིར་ལྡེའི་རི་ལ་མཆིས་ནས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་དགེ་སློང་གི་ཆོས་མ་ལགས་པ་རྣམ་པ་མང་པོས་གླེང་བར་སྤྲོ་སྟེ། དེ་སྲིད་དུ་དགེ་འདུན་གྱིས་དགེ་སློང་གླེང་བ་པོའི་མིང་འདི་ཞེས་བགྱི་བ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་གླེང་བར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་གླེང་བར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གླེང་བ་པོ་མིང་འདི་ཞེས་བགྱི་བ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་གླེང་བར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་གླེང་པ་པོ་དང་གླེང་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། ལྷན་ཅིག་གིས་དངོས་པོས་ཀྱང་གླེང་བ་ཉིད་དུ་རུང་སྟེ། གང་ཟག་གིས་གང་ཟག་ལ་གླེང་བར་བྱེད་པ་དང༌། གང་ཟག་གིས་གང་ཟག་གཉིས་ལ་དང༌། གང་ཟག་གིས་གང་ཟག་མང་པོ་ལ་དང༌། གང་ཟག་གིས་དགེ་འདུན་ལ་དང༌། གང་ཟག་གཉིས་ཀྱིས་གང་ཟག་ལ་དང༌། གང་ཟག་གཉིས་ཀྱིས་གང་ཟག་གཉིས་ལ་དང༌། གང་ཟག་གཉིས་ཀྱིས་གང་ཟག་མང་པོ་ལ་དང༌། གང་ཟག་གཉིས་ཀྱིས་དགེ་འདུན་ལ་དང༌། གང་ཟག་མང་པོས་གང་ཟག་ལ་དང༌། གང་ཟག་མང་པོས་གང་ཟག་གཉིས་ལ་དང༌། གང་ཟག་མང་པོས་གང་ཟག་མང་པོ་ལ་དང༌། གང་ཟག་མང་པོས་དགེ་འདུན་ལ་དང༌། དགེ་འདུན་གྱིས་གང་ཟག་མང་པོ་ལ་དང༌། དགེ་འདུན་གྱིས་དགེ་འདུན་ལ་གླེང་བར་བྱེད་ན་གླེང་བར་བྱ་བ་དང༌། གླེང་བར་བྱེད་པའི་སྐབས་ལྷན་ཅིག་གི་དངོས་པོས་དེ་ལྟར་གླེང་བ་ཉིད་དུ་རུང་ངོ༌། །གླེང་པ་པོ་ཉིད་ཀྱང་དེ་བཞིན་དུ་ལྷན་ཅིག་གི་དངོས་པོས་གླེང་དུ་རུང་ངོ༌། །དེས་དེ་ལ་སྐབས་འབྱེད་དུ་བཅུག་སྟེ། དུས་
དབེན་པའི་མཐའ་དྲན་པ་དང་ཤེས་བཞིན་ཉེ་བར་བཞག་སྟེ། མཐོང་བ་འམ། ཐོས་པའམ། དོགས་པའི་གཞི་དང་བཅས་པས་གླེང་བར་བྱའོ། །དེ་ལྟར་གཞི་དང་བཅས་པ་གླེངས་པ་ན་མི་དྲན་ན་ཡུལ་དང་དུས་དང་གཞི་གང་ལས་ལྟུང་བ་བྱུང་བ་གླེང་བ་པོས་ཇི་ལྟར་མཐོང་བའམ། ཐོས་པ་པའམ། དོགས་པའི་སྒོ་ནས་དྲན་པར་བྱའོ། །དེ་ལྟར་གླེངས་ཤིང་དྲན་པར་བྱས་པ་ན། སྐབས་འབྱེད་པར་མི་བྱེད་ན་དེ་ལ་བརྗོད་པ་དང་བཅས་པ་ཉིད་དང༌། མི་གདམས་པ་ཉིད་དང༌། གཏམ་འདྲེ་བ་ལ་སོགས་པ་བཟློག་པ་དང༌། གསོ་སྦྱོང་གཞག་པ་དང༌། དགག་དབྱེ་གཞག་པ་དང༌། ཕུར་བ་དང་བཅས་པ་ཉིད་དག་བྱའོ། །དེ་ནས་སྐབས་དབྱེ་ཞིང་མཉེན་པ་ཉིད་དུ་གྱུར་ཏེ། གླེངས་པས་ཁས་བླངས་ན་མཐར་ཐུག་པ་ཉིད་ཡིན་ཏེ། ཁས་བླངས་ན་རྩོད་པ་དེ་ཉེ་བར་ཞི་བ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་ཆེ་བཞིའི་དྲི་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དེ་ལྟར་གླེང་བ་པོས་གླེངས་པ་ན་གླེང་བར་བྱ་བ་དེས་སྐབས་ཕྱེ་ཡང་དུས་དང་ཡུལ་དང་སྤྱོད་ལམ་དང་རྗེས་སུ་བསྒྲུབ་པ་དག་ཁས་མི་ལེན་ན་དེའི་ཚེ་ཆེ་བཞི་དྲི་བར་བྱ་སྟེ། ཆེ་བཞི་ནི་སྨྲ་བ་པོ་བདེན་བ་མཐོང་བ་ཉིད་དང༌། ཡོན་ཏན་ལས་ཆེས་མཆོག་ཏུ་གྱུར་པ་ཁྱིམ་པ་གང་ཡང་རུང་བ་གཞན་ཚད་མར་བྱའོ། །གཞན་དང་བཅས་པ་ཉིད་ཡིན་ན་ཚིག་བསྟུན་པར་བྱའོ། །ཐེ་ཚོམ་དུ་གྱུར་བ་ནི་ཤེས་པ་མ་ཡིན་ཏེ་མི་བརྩམ་པའོ། །ཆེ་བཞི་བདེན་པ་མཐོང་བ་དང་ཡོན་ཏན་ལས་ཚེས་མཆོག་ཏུ་གྱུར་པས་ངེས་པར་གྱུར་ན་རང་གིས་ཁས་བླངས་པ་དང་འདྲའོ། །དེའི་འོག་ཏུ་ཁས་བླངས་པའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དེ་ལྟར་གླེང་བ་པོས་གླེངས་ཤིང་ཆེ་བཞི་དྲི་བ་ལ་སོགས་པའི་སྒྲུབ་པ་ལ་ལྟོས་ཀྱང་རུང་མ་ལྟོས་ཀྱང་རུང་སྟེ། དགེ་སློང་གིས་ལྟུང་བ་བཅབ་བར་མི་བྱ་བས་རྒྱུ་ཡོད་པས་ལྟུང་བ་དང་བཅས་པས་དྲན་ན་དགེ་འདུན་ལ་ཁས་བླང་བར་བྱ་ཞིང༌། ལྟུང་བ་དེ་ཆོས་བཞིན་ཕྱིར་བྱས་ན་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་རྩོད་པ་དེ་ཉེ་བར་ཞི་བར་འགྱུར་རོ། །དེའི་འོག་ཏུ་ཁས་བླངས་པ་བརྗེད་བ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་འཛིན་པ་ལ་སྦྱོར་བ་ཉིད་སྦྱིན་པའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། གང་ཟག་ལྟུང་བ་དང་བཅས་པ་ལ་གླེང་བ་པོས་གླེངས་ནས་
ལྟུང་བ་དྲན་པ་དགེ་འདུན་ལ་ཁས་བླངས་ནས་དེའི་འོག་ཏུ་བརྗེད་པས་ཁྱད་དུ་གསོད་པར་བྱེད་ན་དེ་ནི་རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ཡིན་པས་དེ་ལ་ནི་དགེ་འདུན་གྱིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པར་བྱ་སྟེ། དེས་ནི་རང་གི་ངོ་བོ་བཙལ་ནས་བཙལ་བར་ནུས་པས་དེ་ལ་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་བྱིན་ན་ལྟུང་བ་དང་བཅས་པ་ལས་བྱུང་བའི་རྩོད་པ་ཉེ་བར་ཞི་བར་འགྱུར་རོ། །དེའི་ངོ་བོ་ཉིད་ཚོལ་ཏུ་གཞུག་པ་ཞེས་བྱ་བ་ནི་གང་ཟག་ལྟུང་བ་དང་བཅས་པ་ལ་གླེང་བ་པོས་གླེངས་ནས་ལྟུང་བ་དྲན་པ་དགེ་འདུན་ལ་ཁས་བླངས་ནས་དེའི་འོག་ཏུ་བརྗེད་དེ་རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་བྱུང་བ་དང་བཅས་པ་ཉིད་ལས་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་ཞིང༌། ས་གཞན་ན་གནས་པའི་སྤྱོད་པ་སྤྱད་པ་དེས་ལྟུང་བ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་ཞིང་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་རྩོད་པ་དེ་ཞི་བར་འགྱུར་རོ། །དེའི་ངོ་བོ་ཉིད་ཚོལ་ཏུ་གཞུག་པ་སྦྱིན་པ་འདི་ནི་བསླབ་པ་སྦྱིན་པ་དང༌། སྤྲོ་བ་དང་མགུ་བར་བྱ་བ་བྱིན་པ་ལ་སོགས་པས་གཞན་ན་གནས་པའི་ཚུལ་དང་འདྲ་བ་ཡིན་པར་བལྟ་བར་བྱ་སྟེ། འདི་བླངས་པས་དེའི་ངོ་བོ་ཉིད་ཚོལ་བར་བྱེད་ལ་ལྟུང་བ་དེའི་ངོ་བོ་ཉིད་ཡོངས་སུ་ཤེས་ན་དགེ་འདུན་གྱིས་དེ་ལ་བཟོད་པ་བྱ་ཞིང་དེའི་འོག་ཏུ་རང་བཞིན་དུ་གནས་པ་ཉིད་དུ་འགྱུར་རོ། །ཁ་ཅིག་གིས་འདི་ནན་ཏུར་གྱི་ཚུལ་ཏུ་བསྟན་པ་ནི་མདོ་སྡེ་ལས་དེ་རང་གིས་དགེ་འདུན་ལ་གསོལ་བར་བྱ་ཞེས་གསུངས་པ་དང་འགལ་བའི་ཕྱིར་མི་རུང་ངོ༌། །དེ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། དེ་རང་གིས་དགེ་འདུན་ལ་གསོལ་བ་དང༌། དགེ་འདུན་གྱིས་དེ་ལ་གསོལ་བ་དང༌། བཞིའི་ལས་ཀྱིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པ་དང༌། དེས་ཇི་སྲིད་དུ་ཁས་མ་བླངས་ཀྱི་བར་དུས་གཞན་ལ་གནས་པའི་སྤྱོད་པ་སྤྱད་པར་བྱ་བ་དང༌། དེས་ལྟུང་བ་མཐོང་ནས་བཟོད་པར་གསོལ་ན་རང་བཞིན་དུ་གནས་པ་ཐོབ་པར་འགྱུར་བའོ། །དེ་ལ་དེ་རང་གི་དགེ་འདུན་ལ་སོགས་པའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དེ་རང་གི་གནས་མལ་བཤམ་པ་བྱས་ནས་གཎྜཱི་
བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་མཆིལ་ལྷམ་གཉིས་ཕུད་ནས་རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ནས་རང་གི་ངོ་བོ་ཉིད་ཚོལ་དུ་གཞུག་པ་གསོལ་བའི་སྔགས་ལན་གསུམ་བཟླས་པས་གསོལ་ལོ། །དེའི་སྔགས་ནི་འདི་ཡིན་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་དང་འགྲེང་བ་དང་འདུག་པ་དང་ཉལ་བ་མཆིད་ཀྱིས་འཚལ་བ་ལས་བསྐྱུད་དེ་མི་དྲན་པ་དང་བདག་ལ་དགེ་སློང་དག་གིས་གཞི་དེས་གླེང་བས་བདག་དགེ་སློང་འཆར་ཀ་དགེ་འདུན་ལས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་ལ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འཆར་ཀ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩལ་དུ་གསོལ། ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །དེ་རང་གི་གསོལ་བའི་ཆོ་ག་དང་སྔགས་འདི་དེང་སང་འདུལ་བའི་གཞུང་ལས་ནི་མི་སྣང་བས་དེའི་ཕྱིར་ཁ་ཅིག་གིས་འདི་ནན་ཏུར་གྱི་ཚུལ་དུ་བསྟན་ཏེ། འདིར་བྲིས་པ་ནི་མདོ་སྡེ་ལས་བཏུས་པ་ཡིན་ནོ། །དེའི་འོག་ཏུ་དེ་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འཆར་ཀ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཡང་མཆིད་ཀྱིས་མི་འཚལ། འགྲེང་བ་ཡང་མི་འཚལ་འདུག་པ་ཡང་མི་འཚལ། ཉལ་བ་ཡང་མི་འཚལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩོལ་ཏོ། །འདི་ནི་གསོལ་པའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འཆར་ཀ་འདི་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཡང་མཆིད་ཀྱིས་
མི་འཚལ། འགྲེང་བ་ཡང་མི་འཚལ། འདུག་པ་ཡང་མི་འཚལ། ཉལ་བ་ཡང་མི་འཚལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩོལ་ན། ཚེ་དང་ལྡན་པ་གང་དག་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་བའི་དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་དེས། ཇི་སྲིད་དུ་ཁས་མ་བླངས་ཀྱི་བར་དུ་ས་གཞན་ན་གནས་པའི་སྤྱོད་པ་སྤྱད་པར་བྱ་བའི་གོ་རིམས་རྣམ་པར་གཞག་པ་འདི་ལྟར་བྱ་སྟེ། ཇི་ལྟར་བསླབ་པ་བྱིན་པས་དགྲ་བཅོམ་མ་ཉིད་མ་ཐོབ་ཀྱི་བར་དུ་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་དེ་དག་ཐམས་ཅད་འདི་ཀུན་དུ་སྤྱད་པའི་ཆོས་ཀྱང་ཡིན་ཏེ། དེས་དགེ་སློང་རང་བཞིན་དུ་གནས་པ་ལ་མངོན་པར་སྨྲ་བ་དང༌། ཕྱག་དང་མངོན་དུ་ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། གུས་པའི་ལས་དག་བདག་གིར་མི་བྱའོ། །དགེ་སློང་རང་བཞིན་དུ་གནས་པས་ཀྱང་དེ་ལ་དེ་དག་མི་བྱའོ། །དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་གོམ་པ་སྲི་བ་ཉིད་ལས་གཞན་པས་བཅག་པར་མི་བྱའོ། །སྟན་ཆོས་དམའ་བ་ཉིད་ལས་གཞན་པས་འདུག་པར་མི་བྱའོ། །ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་བདག་ཉིད་ལས་གཞན་པས་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །གཡོགས་མ་གཅིག་པར་མལ་བཤམ་པར་མི་བྱའོ། །རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་དང༌། གནས་སྦྱིན་པ་དང༌། དགེ་ཚུལ་ཉེ་བར་གཞག་པར་མི་བྱའོ། །གསོལ་བ་དང་ལས་བརྗོད་པ་དག་བྱ་བར་ཁས་མི་བླང་ངོ༌། །ལས་བྱེད་པ་དང༌། དགེ་སློང་མའི་སྟོན་པ་དང༌། དགེ་འདུན་གྱིས་ཡིད་བརྟན་བརྟན་པར་བསྐོ་བ་ཁས་མི་བླང་ངོ༌། །དེ་དག་ཏུ་སྔར་བསྐོས་པས་ཀྱང་མི་བྱའོ། །དགེ་སློང་མ་ལ་སྟོན་པར་སྡར་བསྐོས་པས་ཀྱང་
བསྟན་པར་མི་བྱའོ། །འདོན་པ་གཞན་མེད་ན་ཡང་གསོ་སྦྱོང་ལ་སོ་སོར་ཐར་པ་གདོན་པར་མི་བྱའོ། །དགེ་སློང་གིས་དགེ་འདུན་ལས་མ་བཀར་བ་ལ་ཚུལ་ཁྲིམས་དང༌། ལྟ་བ་དང༌། ཆོ་ག་དང༌། འཆོ་བ་ཉམས་པས་གླེང་པར་མི་བྱའོ། །བརྗོད་པ་དང་བཅས་པ་ཉིད་དང༌། ཕུར་བ་དང་བཅས་པ་ཉིད་དག་མི་བྱའོ། །གདམས་ངག་དང༌། གསོ་སྦྱོང་དང༌། དགག་དབྱེ་དང༌། གསོལ་བ་དང༌། བརྗོད་པ་དག་གཞག་པར་མི་བྱའོ། །རང་བཞིན་དུ་གནས་པ་དང་མགོ་མཉམ་དུ་བརྟེན་པར་མི་བྱའོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་བྱིན་པ་དེའི་རྒྱུ་གང་ཡིན་པའི་ཉེས་པ་དེ་སྤང་ངོ༌། །ཉེས་པ་གཞན་ཡང་སྤང་ངོ༌། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཉེས་པ་དང་མཐུན་པ་ཉིད་མི་བྱའོ། །ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་དག་ཉམས་སུ་མ་བླངས་ན་བརྟུལ་ཞུགས་སྙིང་པོ་མེད་པར་འགྱུར་རོ་སྙམ་དུ་ཡིད་ལ་བྱའོ། །ནང་པར་སྔར་ལངས་ཏེ་གཙུག་ལག་ཁང་དུ་སྒོ་དབྱེ་བ་དང༌། མར་མེའི་ཀོང་བུ་བསལ་བར་བྱའོ། །གཙུག་ལག་ཁང་དུ་ཆག་ཆག་དང་ཕྱག་དར་དང་ལྕི་བ་འཇམ་པོའི་བྱུག་པས་བསྐུ་བདག་བྱའོ། །དགེ་འདུན་གྱི་བཤང་བ་དང་གཅི་བའི་སྐྱབས་དག་སྦྱང་ངོ༌། །དེར་ས་ཕྱགས་པ་དང་དུས་དང་མཐུན་པའི་ཆུ་དག་གཞག་པར་བྱའོ། །གཙུག་ལག་ཁང་གི་ཝའི་ཁ་དག་བསལ་ལོ། །དགེ་འདུན་གྱི་གདན་བཤམ་པར་བྱའོ། །མཆོད་པའི་དུས་ཤེས་པར་བྱའོ། །བདུག་སྤོས་དང་དེའི་བོག་ཕོར་དག་ནེ་བར་གཞག་པར་བྱའོ། །གལ་ཏེ་ནུས་པ་ཉིད་ཡིན་ན་སྟོན་པའི་ཡོན་ཏན་དག་ཡང་དག་པར་བསྒྲག་པར་བྱའོ། །གལ་ཏེ་མི་ནུས་ན་སྨྲ་བ་པོ་ལ་བཅོལ་ལོ། །དགེ་འདུན་གྱི་བཤོས་ཀྱི་སྤྱི་དུངས་བཤམ་པ་ན་གཎྜཱི་བརྡུང་ངོ༌། །གལ་ཏེ་དགེ་སློང་རྣམས་ཚ་ན་བསིལ་ཡབ་བྱའོ། །དེའི་འདུག་པ་ལ་སོགས་པ་ནི་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་མཐའ་ཉིད་དུའོ། །ཟས་ཀྱི་བྱ་བ་བྱས་ནས་གདན་ཆ་དབེན་པར་བརྟུལ་ལོ། །ལྷུང་བཟེད་ཀྱི་གཞི་དོར་རོ། །དུས་ཤེས་པར་བྱ་སྟེ་མཆོད་རྟེན་དག་གི་ཕྱག་དར་བྱའོ། །ལྕི་བ་འཇམ་པོའི་བྱུག་པས་བསྐུའོ། །དགེ་འདུན་འདུ་བའི་དུས་སུ་ཡང་གདན་བཤམ་པ་ནས་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་པའི་བར་དག་བྱའོ། །གལ་ཏེ་ནུས་པ་ཉིད་ཡིན་ན་ནི་ཚེས་གྲངས་ཀྱི་ཉི་མ་བརྗོད་པ་དག་བྱའོ། །གལ་ཏེ་མི་ནུས་ན་དགེ་སློང་
གཞན་ལ་བཅོལ་ལོ། །དགོངས་ཀར་དུས་དང་མཐུན་པའི་ཆུས་དགེ་སློང་རྣམས་ཀྱི་རྐང་པ་བཀྲུའོ། །དགོངས་ཀར་ཡང་དགེ་སློང་རྣམས་ཀྱི་རྐང་པ་བཀྲུའོ། །དགེ་སློང་དག་གིས་རྐང་པ་བཀྲུ་བ་དང་བསྐུ་བ་མི་འདོད་ན་སྣུམ་དབུལ་ལོ། །དེའི་གཙུག་ལག་ཁང་ཐ་མར་འོས་པ་ཉིད་ཡིན་ནོ། །ཐམས་ཅད་དུ་རྙེད་པ་དབང་བ་ཉིད་ཡིན་ནོ། །དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་བྱིན་པས་དགེ་སློང་རང་བཞིན་དུ་གནས་པ་མ་ཡིན་པ་དང༌། དགེ་འདུན་དུ་མ་ལངས་པ་དང་གནས་དེ་ནས་དགེ་སློང་ཡོངས་སུ་བཅད་པ་དག་ལ་ཀུན་དུ་སྤྱད་པ་མི་འཆགས་སོ། །དགེ་སློང་མང་པོ་ཉིད་ཡོངས་སུ་སྤང་བར་མི་བྱའོ། །གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པ་ཉིད་དུ་སྤྱད་པ་འབད་པར་བྱའོ། །མཚམས་གཞན་དུ་ཞག་ལོན་པ་ལ་ཉེས་པ་མེད་དོ། །དགེ་འདུན་གྱི་ཁ་བསྐང་པའི་གྲངས་ལ་མ་གཏོགས་སོ། །དེའི་ཀུན་དུ་སྤྱོད་པ་དགེ་འདུན་ལ་སྤྱད་པར་བྱའོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་བྱིན་པ་བཞི་ཡན་ཆད་མཚམས་གཅིག་གི་དགེ་འདུན་ལ་སྤྱད་དུ་མི་གནང་ངོ༌། །ལས་བརྒྱ་རྩ་གཅིག་གིས་དགེ་འདུན་དང་མཐུན་པར་བྱའོ། །བསླབ་པ་ལས་འདས་པའི་ལྟུང་བ་ཐམས་ཅད་ནི་དགེ་སློང་རང་བཞིན་དུ་གནས་པ་དང་འདྲའོ། །དེ་ལ་འདུན་པ་འབུལ་དུ་མི་རུང་ངོ༌། །དེའི་འདུན་པ་བླང་དུ་ནི་རུང་ངོ༌། །དེ་ལ་དགེ་སློང་དང་དགེ་སློང་མ་དང༌། དགེ་ཚུལ་དང༌། དགེ་སློབ་མ་དང༌། དགེ་ཚུལ་མས་གཏུགས་ཏེ་ཕྱག་མི་བྱའོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་བྱིན་པ་དེ་ནི་ནམ་བཟོད་པ་གསོལ་བ་ན་རང་བཞིན་དུ་གནས་པ་ཐོབ་པར་འགྱུར་རོ། །བཟོད་པ་མ་གསོལ་ན་ཇི་སྲིད་འཚོའི་བར་དུ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པ་སྤྱད་པའི་ཆོ་ག་ཇི་སྐད་བསྟན་པ་དེ་དག་ལ་དེ་བཞིན་བསླབ་པར་བྱའོ། །དེ་ཙམ་གྱིས་ན་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་བྱིན་པ་དེས་ལྟུང་བ་མཐོང་ཞིང་ཁས་ལེན་པ་དེ་ཉིད་དུ་འགྱུར་རོ། །དེའི་འོག་ཏུ་དེས་ལྟུང་བ་མཐོང་ནས་བཟོད་པ་གསོལ་ན་རང་བཞིན་དུ་གནས་པ་ཐོབ་པར་འགྱུར་བའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དིས་ལྟུང་བ་མཐོང་ནས་རང་གི་དགེ་འདུན་ལ་བཟོད་པ་མཛད་པར་གསོལ་བ་དང༌། དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པ་མཛད་པའོ། །
དེས་ལྟུང་བ་མཐོང་ནས་རང་གིས་དགེ་འདུན་ལ་བཟོད་པ་མཛད་པར་གསོལ་བའི་གོ་རིམས་རྣམ་པར་གཞག་པ་འདི་ལྟར་བྱ་སྟེ། དེ་རང་གིས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་མཆིལ་ལྷམ་གཉིས་ཕུད་དེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་རྒན་རིམས་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་བ་བཏུད་དེ་སྔགས་ལན་གསུམ་བཟླས་པས་གསོལ་བར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ། སྐྲ་འགྲེང་བར་གྱུར། སྤུ་འཕྱར་བར་གྱུར་ཅིང༌། དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་སྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང༌། གཞི་གང་ལས་སྨ་དབབ་པའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་པ་ལ་བཟོད་པར་མཛད་དུ་གསོལ། ལན་གསུམ་དུ་བཟླས་ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པར་མཛད་པའི་གོ་རིམས་རྣམ་པར་གཞག་པ་ནི་འདི་ལྟར་བྱ་སྟེ། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་འདུན་གྱིས་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་པ་དེའི་སྤུ་འགྲེང་བར་གྱུར། སྤུ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་སྐྱོད། མཚུངས་པར་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་གཞི་གང་ལས་སྨ་དབབ་པའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ལ་བཟོད་པ་མཛད་དོ། །དེ་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་པ་འདི་སྤུ་འགྲེང་བར་
གྱུར། སྤུ་འཕྱར་བར་གྱུར་ཅིང༌། དགེ་འདུན་ལ་སྤུ་སྙོལ་བར་གྱུར། འབྱུང་བར་སྐྱོད། མཚུངས་པར་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་གཞི་གང་ལས་སྨ་དབབ་པའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ལ་བཟོད་པ་མཛད་ན། ཚེ་དང་ལྡན་པ་གང་དགེ་སློང་འཆར་ཀ་ལ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ལ་བཟོད་པར་མཛད་པ་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ལས་བཟོད་པ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དེས་ལྟུང་བ་མཐོང་ནས་བཟོད་པ་གསོལ་ཏེ་རང་བཞིན་དུ་གནས་པ་ཐོབ་ན་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བཅོས་པར་བྱ་སྟེ། དེ་ཙམ་གྱིས་ལྟུང་བ་དང་བཅས་པ་རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་ལྟུང་བའི་ཕྱིར་རྩོད་པ་དེ་ཞི་བར་འགྱུར་རོ། །དེ་ལྟར་ལྟུང་བ་དང་བཅས་པའི་རྣམ་པར་མི་ཤེས་པ་ན་རང་གི་ངོ་བོའི་ཉེས་པས་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བའི་འཁྲུག་ལོང་འབྱུང་བའི་ཕྱིར་རྩོད་པ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ཞི་བ་ཉིད་ཡིན་ནོ། །ལྟུང་བའི་ཕྱིར་རྩོད་པ་ཞི་བར་བྱ་བ་བཤད་ཟིན་ཏོ། །ད་ནི་བྱ་བ་ཕྱིར་རྩོད་པ་ཞི་བར་བྱ་བ་བཤད་པར་བྱ་སྟེ། འཁྲུག་ལོང་གི་རྒྱུ་བཞི་པ་ལས་ལ་མཐུན་པ་མི་སྦྱིན་པ་ལས་བྱུང་བའི་འཁྲུག་ལོང་བྱ་བའི་ཕྱིར་རྩོད་པ་ནི་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་ཐམས་ཅད་ཀྱིས་སྔ་མ་བཞིན་དུ་ཅི་རིགས་པར་རྒྱུད་གཅིག་ཏུ་བྱ་བ་དང༌། དག་པ་སྦྱིན་པ་དང༌། ཕྱིར་བཅོས་པ་དང༌། ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པའི་རིམ་གྱིས་ལས་མཐུན་པ་སྦྱིན་དུ་གཞུག་པས་ཞི་བར་བྱའོ་ཞེས་གསུངས་པ་ལ། འཁྲུག་ལོང་གི་རྒྱུ་བཞི་པ་ལས་ལ་མཐུན་པ་མི་སྦྱིན་པ་ལས་བྱུང་བའི་འཁྲུག་ལོང་བྱ་བའི་ཕྱིར་རྩོད་པ་ནི་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་ཐམས་ཅད་ཀྱིས་ཅི་རིགས་པར་ཞི་བར་བྱ་བ་ཡིན་ཏེ། དེའི་ཕྱིར་ཞི་བ་ཐམས་
ཅད་ནི་བྱ་བའི་ཕྱིར་རྩོད་པར་འཇུག་གོ་ཞེས་གསུངས་སོ། །རྣམ་པ་གང་གིས་རྩོད་པ་ཞི་བར་བྱ་བ་ཐམས་ཅད་བྱ་བའི་ཕྱིར་རྩོད་པ་འདུག་ཅེ་ན་རྒྱུའི་སྒོ་ནས་ཏེ། རྒྱུ་གང་དང་གང་གིས་རྩོད་པ་ཞི་བར་བྱ་བ་བདུན་པོ་དག་འཇུག་པར་འགྱུར་བའི་རྒྱུ་ཅན་དེ་དང་དེ་ནི་བྱ་བའི་ཕྱིར་རྩོད་པ་ལ་ཡོད་དེ། ཇི་ལྟར་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པའི་རྒྱུ་ལས་འགྱེད་པའི་ཕྱིར་རྩོད་པ་འབྱུང་ཞིང༌། དེ་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ཞི་བར་འགྱུར་བ་དེ་བཞིན་དུ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པའི་རྒྱུས་ལས་ལ་མཐུན་པ་མི་སྦྱིན་པ་ལས་བྱ་བའི་ཕྱིར་རྩོད་པ་ཡང་འབྱུང་ཞིང༌། དེ་ཡང་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཞི་བར་འགྱུར་ཏེ། དེ་ལྟར་ན་རྒྱུ་གང་གིས་འགྱེད་པའི་ཕྱིར་རྩོད་པ་ཀུན་ནས་སློང་ཞིང་ཆོས་གང་དག་གིས་ཐབས་ཇི་ལྟར་བྱ་བས་དེ་ཞི་བར་གྱུར་བའི་རྒྱུ་དེ་ཉིད་ཀྱིས་བྱ་བའི་ཕྱིར་རྩོད་པ་ཡང་ཀུན་ནས་སློང་ཞིང་ཆོས་དེ་དག་དང་ཐབས་དེ་ཉིད་ཀྱིས་ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་དེ་ཞི་བར་འགྱུར་བས་རྒྱུ་གང་གིས་འགྱེད་པའི་ཕྱིར་རྩོད་པ་ཞི་བར་བྱ་བ་འཇུག་པར་འགྱུར་བའི་རྒྱུད་དེ་ནི་བྱ་བའི་ཕྱིར་རྩོད་པ་ལ་ཡང་འཇུག་གོ །ཇི་ལྟར་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བའི་རྒྱུ་ལས་མི་གདམས་པའི་ཕྱིར་རྩེད་པ་འབྱུང་ཞིང་དེ་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བ་དང༌། དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བས་དག་པ་སྦྱིན་པས་ཞི་བར་འགྱུར་བ་དེ་བཞིན་དུ་གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་བའི་རྒྱུས་ལས་ལ་མཐུན་པ་མི་སྦྱིན་པ་ལས་བྱ་བའི་ཕྱིར་རྩོད་པ་ཡང་འབྱུང་ཞིང༌། དེ་ཡང་མངོན་སུམ་གྱིས་འདུལ་བ་དང༌། ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་ལས་ལ་མཐུན་པ་སྦྱིན་དུ་གཞུག་པ་དང༌། དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བས་དག་པ་སྦྱིན་པས་ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཞི་བར་འགྱུར་ཏེ། དེ་ལྟར་ན་རྒྱུ་གང་གིས་མི་གདམས་པའི་ཕྱིར་རྩོད་པ་ཀུན་ནས་སློང་ཞིང་ཆོས་གང་དག་གིས་ཐབས་ཇི་ལྟར་བྱ་བས་དེ་ཞི་བར་འགྱུར་བའི་རྒྱུ་དེ་ཉིད་ཀྱིས་བྱ་བའི་ཕྱིར་རྩོད་པ་ཡང་ཀུན་ནས་སློང་ཞིང་ཆོས་དེ་དག་དང༌། ཐབས་དེ་ཉིད་ཀྱིས་ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་དེ་ཞི་
བར་འགྱུར་བས་རྒྱུ་གང་གིས་མི་གདམས་པའི་ཕྱིར་རྩོད་པ་ཞི་བར་བྱ་བ་འཇུག་པར་འགྱུར་བའི་རྒྱུ་དེ་ནི་བྱ་བའི་ཕྱིར་རྩོད་པ་ལ་ཡང་འཇུག་གོ །ཇི་ལྟར་ལྟུང་བ་དང་བཅས་པ་ཉིད་ཀྱིས་རྒྱུ་ལས་ལྟུང་བའི་ཕྱིར་རྩོད་པ་འབྱུང་ཞིང༌། དེས་ཁས་བླང་བར་བྱ་བ་དང༌། མངོན་སུམ་གྱིས་འདུལ་བ་དང༌། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པ་དང༌། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ཞི་བར་འགྱུར་བ། དེ་བཞིན་དུ། ལྟུང་བ་དང་བཅས་པ་ཉིད་ཀྱི་རྒྱུས་ལས་ལ་མཐུན་པ་མི་སྦྱིན་པ་ལས་བྱ་བའི་ཕྱིར་རྩོད་པ་ཡང་འབྱུང་ཞིང༌། དེ་ཡང་ཁས་བླང་བ་དང༌། མངོན་སུམ་གྱིས་འདུལ་བ་དང༌། རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པས་ལས་ལ་མཐུན་པ་སྦྱིན་དུ་གཞུག་པ་དང༌། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས། ལས་ལ་མཐུན་པ་སྦྱིན་དུ་འཇུག་པས་ཞི་བར་འགྱུར་ཏེ། དེ་ལྟར་ན་རྒྱུ་གང་གིས་ལྟུང་བའི་ཕྱིར་རྩོད་པ་ཀུན་ནས་སློང་ཞིང༌། ཆོས་གང་དག་གིས་ཐབས་ཇི་ལྟར་བྱ་བས་དེ་ཞི་བར་འགྱུར་བའི་རྒྱུ་དེ་ཉིད་ཀྱིས་བྱ་བའི་ཕྱིར་རྩོད་པ་ཡང་ཀུན་ནས་སློང་ཞིང༌། ཆོས་དེ་དག་དང༌། ཐབས་དེ་ཉིད་ཀྱིས་ལས་ལ་མཐུན་པ་སྦྱིན་དུ་གཞུག་པས། དེ་ཞི་བར་འགྱུར་བས་རྒྱུ་གང་གིས་ལྟུང་བའི་ཕྱིར་རྩོད་པ་ཞི་བར་བྱ་བ་འཇུག་པར་འགྱུར་བའི་རྒྱུ་དེ་ནི་བྱ་བའི་ཕྱིར་རྩོད་པ་ལ་ཡང་འཇུག་སྟེ། དེའི་ཕྱིར་ཞི་བ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པར་འཇུག་གོ་ཞེས་གསུངས་སོ། །འདིར་གཞུང་ནི། བཙུན་པ་བཅོམ་ལྡན་འདས་ཀྱིས་རྩོད་པ་བཞི་པོ་གང་གསུངས་པ་དང༌། རྩོད་པ་ཞི་བར་བྱ་བ་བདུན་པོ་གང་དག་གསུངས་པ་དེ་དག་ལ། བཙུན་པ་དགེ་སློང་གིས་རྩོད་པ་བཞི་པོ་དག་རྩོད་པ་ཞི་བར་བགྱིད་པ་བདུན་པོ་གང་ཡང་རུང་བས་ཉེ་བར་ཞི་བར་བགྱིད་པ་དང༌། ཞི་བར་རུང་ངམ། ཉེ་བ་འཁོར་བྱ་བའི་ཕྱིར་རྩོད་པ་མ་གཏོགས་པ་མི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །བྱ་བའི་ཕྱིར་རྩོད་པ་ཞི་བར་བྱ་བ་བཤད་ཟིན་ཏོ།། །།ད་ནི་རྩོད་པའི་གཞིའི་ཞུ་བ་སྤྱིར་བསྟན་པའི་སྐབས་ཅུང་ཟད་ཞིག་བརྗོད་པར་བྱ་སྟེ། ཁ་སྐོང་བར་འོས་པ་མ་ཡིན་པ་དེ། དགེ་འདུན་གྱི་ཐ་སྙད་ལ་ཚོགས་པར་འབྱུང་བ་ཉིད་མ་ཡིན་ནོ། །བསྙེན་པར་མ་རྫོགས་པར་གཞན་གྱི་རྩོད་པ་དག་ནི་བསྙེན་པར་རྫོགས་པ་དང་བཅས་པ་རྣམས་ཀྱིས་དབང་དུ་བྱས་ཏེ་དེ་དག་གིས་དེ་ཞི་བར་བྱའོ། །བུད་མེད་རྣམས་
ཀྱི་རྩོད་པ་ནི། སྐྱེས་པས་ཞི་བར་བྱའོ། །གླེང་བ་པོས་སམ། གླེང་བར་བྱ་བ་གཉི་ག་འམ། གང་ཡང་རུང་བ་ཤི་འམ་ཉམས་སམ་གཞན་དུ་སོང་ངམ། ནད་ཀྱི་རྣམ་པས་ཡུན་རིང་པོར་བཏབ་ན་རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་ནོ། །རྩོད་པ་ཉེ་བར་ཞི་བར་བྱ་བ་གདོན་པ་བཤད་ཟིན་ཏོ། །སྔར་སོ་སོར་ཐར་བའི་མདོ་འདིའི་བསྡུས་པའི་དོན་ནི་མཚན་ཉིད་རྣམ་པ་ལྔས་སྟོན་ཏེ། མཆོད་པ་དང༌། གླེང་བསླང་བ་དང༌། ཡང་དག་པར་བརྩམས་པ་དང༌། གཞུང་རྒྱས་པ་དང༌། བསྡུ་བའི་མཚན་ཉིད་ཀྱིས་སོ་ཞེས་སྨོས་པ་ལས། མཆོད་པ་དང༌། གླེང་བསླང་བ་དང༌། ཡང་དག་པར་བརྩམས་པའི་མཚན་ཉིད་ནི་སྔར་གནས་སྐབས་ཇི་ལྟ་བ་བཞིན་དུ་བཤད་ཟིན་ཏོ། །གཞུང་རྒྱས་པའི་མཚན་ཉིད་ཀྱིས་བསྡུས་པའི་དོན་ནི་རྣམ་པ་གཉིས་ཏེ། དུས་དང་པོར་བྱ་བ་དང༌། མདོ་གདོན་པའོ། །དེ་ལ་དུས་དང་པོར་བྱ་བ་ནི་མདོ་གདོན་པའི་སྔ་རོལ་དུ་བྱ་བ་སྟེ། ཆོ་གའོ། །མདོ་གདོན་པ་ནི་གསོལ་བ་བྱས་ནས་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་དག་གདོན་པ་དེ་ལས་སོ། །དེ་ལ་དང་པོར་བྱའི་བསྡུས་པའི་དོན་ནི་རྣམ་པ་དྲུག་སྟེ། སོ་སོར་ཐར་བའི་མཉན་པ་ལ་རྣ་མི་གཏོད་པའི་ཉེས་དམིགས་དང༌། མི་འདུ་བ་དགག་པ་དང༌། མཆོད་ཅིང་ལུང་དཔོག་པ་དང༌། ཡང་དག་པར་སྒྲུབ་ཏུ་གཞུག་པ་དང༌། དེའི་ཕན་ཡོན་དང༌། ཡང་དག་པར་མི་བསྒྲུབ་པའི་ཉེས་དམིགས་བསྟན་པའོ། །མདོ་གདོན་པ་བསྡུས་པའི་དོན་ཡང་རྣམ་པ་དྲུག་སྟེ། གསོལ་བ་དང༌། གླེང་གཞི་གདོན་པ་དང༌། ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པར་གདོན་པ་དང༌། རིལ་གྱིས་གདོན་པའི་མཚན་ཉིད་བསྟན་པའོ་ཞེས་སྨོས་པ་ལས་དུས་དང་པོར་བྱ་བའི་བསྡུས་པའི་དོན་རྣམ་པ་དྲུག་དང༌། མདོ་གདོན་པའི་དོན་རྣམ་པ་དྲུག་ལས་གསོལ་བ་གདོན་པ་ཡན་ཆད་ཀྱང་སྔར་གནས་སྐབས་ཇི་ལྟ་བ་བཞིན་དུ་བཤད་ཟིན་ཏོ། །གླེང་གཞི་གདོན་པ་ལ་སོགས་པ་སོ་སོར་ཐར་པའི་མདོ་འདོན་པ་རྣམ་པ་ལྔ་པོ་དག་ཀྱང་སྔར་གནས་སྐབས་ཅི་ལྟ་བ་བཞིན་དུ་གོ་རིམས་བསྟན་ནས། ད་འདིར་དེ་དག་གི་མཇུག་བསྡུ་བ་བསྟན་པའི་ཕྱིར་ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ། །ཕམ་པར་འགྱུར་བའི་ཆོས་བཞི་དང༌། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང༌། མ་ངེས་པའི་ཆོས་གཉིས་དང༌། སྤང་བའི་ལྟུང་
བྱེད་ཀྱི་ཆོས་སུམ་ཅུ་དང༌། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང༌། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང༌། བསླབ་པའི་ཆོས་མང་པོ་དང༌། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་བཏོན་ཟིན་ཏོ་ཞེས་བྱ་བ་གསུངས་ཏེ། སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་ནི་གླེང་གཞི་གདོན་པ་དང༌། ཕམ་པར་གྱུར་པ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པར་གདོན་པ་དང༌། རིལ་གྱིས་གདོན་པ་སྟེ། གླེང་གཞི་དང༌། ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མ་དང༌། མ་ངེས་པ་ཡན་ཆད་བཞི་དང༌། སྤང་བའི་ལྟུང་བྱེད་མན་ཆད་རིལ་གཅིག་ཏུ་བསྡུས་པ་དང་གོ་རིམས་བཞིན་ནོ། །ད་ནི་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་དེ་དག་དགེ་སློང་རྣམས་ཀྱིས་སྦྱོར་བ་དང༌། དངོས་དང་མཇུག་གི་སྒོ་ནས་འཇིག་རྟེན་དང་མི་འགལ་བ་དང༌། འདུལ་བ་དང་མི་འགལ་བར་མངོན་པར་མཐོ་བའི་ལམ་དང༌། ངེས་པར་ལེགས་པའི་ལམ་ལ་ནན་ཏན་བྱ་ཞིང༌། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་རྒྱུ་དང་འབྲས་བུ་ལ་ཉེ་བར་སྦྱར་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མདོར་གཏོགས་ཤིང་མདོར་བསྡུས་པ་དེ་ནི་འདི་དག་གོ །གང་གཞན་ནས་འབྱུང་བའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་དེ་ལ་ཡང་ཁྱེད་རྣམས་འདུམ་པ་དང༌། མཐུན་པ་དང༌། དགའ་བ་དང༌། མི་རྩོད་པར་སེམས་ཀུན་དུ་བསྲུང་བ་དང༌། དྲན་པ་དང༌། བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་གསུངས་སོ། །དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཞེས་བྱ་བས་ནི་སྟོན་པའི་ཆེ་བ་ཉིད་བསྟན་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང༌། ལེགས་པ་དྲུག་དང་ལྡན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་གསུངས་པའི་ཕྱིར་རོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་རྣམས་བཅོམ་པ་དང༌། མཆོད་པར་འོས་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་ཤེས་བྱ་ཐམས་ཅད་ཅི་སྙེད་ཡོད་པ་ཉིད་དང་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཡང་དག་པའི་ཡེ་ཤེས་ཀྱིས་མ་ལུས་པ་དང༌། ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་གཉིད་སངས་པ་དང་པདྨ་རྒྱས་པ་བཞིན་དུ་གྱུར་པའི་ཕྱིར་རོ། །
དེའི་ཞེས་བྱ་བས་ནི་སོ་སོར་ཐར་པའི་མདོ་འདི་ནི་སྟོན་པ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། དེས་ནི་སངས་རྒྱས་འདུལ་བའི་གཙོ། །ཞེས་བྱ་བ་དང༌། སངས་རྒྱས་འདུལ་བ་གང་ཆེན་མཚོ། །ཞེས་གསུངས་པའི་དོན་མཚོན་ཅིང་སྟོན་པ་དང་བསྟན་པའི་ཆེ་བ་ཉིད་ཀྱང་བསྟན་ཏོ། །མདོར་གཏོགས་ཤིང་མདོར་བསྡུས་པ་ནི་འདི་དག་གོ་ཞེས་བྱ་བས་ནི་བསྟན་པའི་ཆེ་བ་ཉིད་བསྟན་ཏེ། མདོར་གཏོགས་ཤིང་ཞེས་བྱ་བ་ནི་འདུལ་བའི་སྡེ་སྣོད་སྤྱིའི་མདོར་གཏོགས་པའོ། །མདོར་བསྡུས་པ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོར་བསྡུས་པའོ། །འདི་དག་གོ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོར་བསྡུས་པ་ལྟུང་བ་སྡེ་ལྔ་པོ་དག་སྟེ། ལྟུང་བ་སྡེ་ལྔ་ནི་ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པར་བྱ་བ་དང༌། བསླབ་པའི་ཆོས་མང་པོ་དག་གོ །གང་གཞན་ནས་འབྱུང་བ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་གྱི་གཞུང་གཞན་ནས་འབྱུང་བ་གང་ཡིན་པའོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་དེ་དག་ལ་ཡང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་སུ་གྱུར་པ་ངེས་པར་འབྱུང་བའི་ཚུལ་ཁྲིམས་དང༌། སེམས་དང་ཤེས་རབ་དེ་ལ་ཡང་ངོ༌། །ཁྱེད་རྣམས་ཞེས་བྱ་བ་ནི་དགེ་སློང་རྣམས་སོ། །འདུམ་པ་དང་ཞེས་བྱ་བ་ནི་སྦྱོར་བའི་སྒོ་ནས་སོ། །མཐུན་པ་དང་ཞེས་བྱ་བ་ནི་དངོས་གཞིའི་སྒོ་ནས་སོ། །དགའ་བ་དང་ཞེས་བྱ་བ་ནི་མཇུག་གི་སྒོ་ནས་སོ། །མི་རྩོད་པར་སེམས་ཀུན་དུ་བསྲུང་བ་དང་ཞེས་བྱ་བ་ནི་འཇིག་རྟེན་པ་དང་མི་འགལ་བར་མངོན་པར་མཐོ་བའི་ལམ་ལ་ནན་ཏན་བྱ་ཞིང༌། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་རྒྱུ་ལས་ཉེ་བར་སྦྱར་བ་བསྟན་ཏོ། །དྲན་པ་དང་བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་བྱ་བས་ནི་འདུལ་བ་དང་མི་འགལ་བར་ངེས་པའི་ལེགས་པའི་ལམ་ལ་ནན་ཏན་བྱ་ཞིང༌། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་འབྲས་བུ་ལ་ཉེ་བར་སྦྱར་བ་བསྟན་ཏོ། །གཞུང་རྒྱས་པའི་མཚན་ཉིད་རྣམ་པར་འབྱེད་པ་དང༌། ཞུ་བ་དང་འདུལ་བྱེད་དང༌། ཕྲན་ཚེགས་ཀྱི་སྐབས་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་བ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་ལྔ་བཅུ་པ་སྟེ་ཐ་མའོ། །དེ་ལྟར་རེ་ཞིག་གཞུང་རྒྱས་པའི་མཚན་ཉིད་བསྟན་པའི་སྐབས་ཀྱི་ལྟུང་བ་རྣམ་པར་གཞག་པ་རྣམ་པར་འབྱེད་པ་དང༌། ཞུ་བ་དང༌། འདུལ་བྱེད་དང༌། ཕྲན་ཚེགས་ཀྱི་སྐབས་ཅི་རིགས་
པར་བསྟན་ནས། ད་ནི་འདུལ་བ་སྤྱིར་བསྟན་པ་དང༌། མདོར་བསྡུས་པའི་སྐབས་ཀྱི་ལྟུང་བ་རྣམ་པར་གཞག་པ་བཤད་པར་བྱ་སྟེ། དེ་ལ་སྤྱིར་བསྟན་པ་ནི་ཕལ་ཆེར་རྣམ་པར་འབྱེད་པའི་སྐབས་ཡིན་པས་དེ་ཇེ་བཤད་པར་བྱའོ། །དེའི་ཕྱིར་ཉམས་པ་དང༌། མ་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་བ་ནི་ཉེས་བྱས་སོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཉམས་པ་ཞེས་བྱ་བ་ནི་ཕམ་པར་གྱུར་བ་སྟེ། དགེ་སློང་གི་དངོས་པོ་ཡོངས་སུ་དག་པ་ལས་ཕྱིར་བཅོས་སུ་མི་རུང་བ་ཉིད་ཀྱིས་ཉམས་པ་ཡིན་ནོ། །མ་ཆགས་པ་ཞེས་བྱ་བ་ནི་སྡོམ་པ་མ་ཐོབ་པ་སྟེ། རྐྱེན་འགའ་ཞིག་མ་ཚང་བས་དང་པོ་ཉིད་ནས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གཉིས་མ་ཆགས་པ་ཡིན་ནོ། །ཉམས་པ་དང་མ་ཆགས་པའི་གང་ཟག་དེ་གཉིས་ནི་ལྟུང་བ་སྡེ་ལྔ་ལ་སོགས་པའི་ལྟུང་བ་ལ་སྦྱོར་ཞིང་ལྟུང་བ་ཀུན་ནས་སློང་བར་བྱེད་པ་ཀུན་དུ་སྤྱོད་པས་ལྷག་པར་སྤྱོད་ཅིང་སྦྱོར་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བས་བླངས་པ་ལས་འདས་པ་ཡང་ངོ་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བས་བསླབ་པ་བླངས་པ་ལས་འདས་པ་ཡང་ཉེས་བྱས་ཏེ། བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་ཞེས་བྱ་བ་ནི། དགེ་ཚུལ་དང༌། དགེ་ཚུལ་མ་དང༌། དགེ་སློང་མའོ། །དེ་དག་གིས་བསླབ་པ་བླངས་པ་ཞེས་བྱ་བ་ནི་དགེ་ཚུལ་དང༌། དགེ་ཚུལ་མས་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བསླབ་པའི་གཞི་བཅུ་བླངས་པ་དང༌། དགེ་སློང་མས་ཆོས་དྲུག་དང༌། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པ་བླངས་པའོ། །དེ་དག་གིས་བསླབ་པ་བླངས་པ་དེ་དག་ལས་འདས་ཤིང་དྲལ་ན་ཡང་ཉེས་བྱས་ཁོ་ནའོ། །དེའི་ཕྱོགས་དང་མཐུན་པ་ལ་ནི་ཡིད་ཀྱིའོ་ཞེས་པ་ནི། བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བས་བསླབ་པ་བླངས་པ་དེའི་ཕྱོགས་དང་མཐུན་པ་ལས་འདས་པ་ལ་ནི་ཡིད་ཀྱི་ཉེས་བྱས་ཏེ། དེའི་ཕྱོགས་དང་མཐུན་པ་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་དང༌། དགེ་སློང་མས་བསླབ་པའི་གཞི་བླངས་པ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་དང༌། ཆོས་དྲུག་དང༌། རྗེས་སུ་མཐུན་པའི་ཆོས་དྲུག་པོ་དག་ཉིད་མ་ཡིན་པ་དེ་དག་དང་འདྲ་ཞིང་དེ་དག་གི་ཕྱོགས་བསྟན་པ་ལ་ནི་དེ་དག་གི་ཕྱོགས་དང་མཐུན་པ་ཞེས་བྱའོ། །དེ་དག་ལས་འདས་ཤིང་
འགལ་བར་བྱས་པ་ལ་ནི་ཡིད་ཀྱི་ཉེས་བྱས་སུ་འགྱུར་ཏེ། བསྡམ་པར་བྱ་བའི་ཉེས་བྱས་ཡིན་གྱི་བཤགས་པར་བྱ་བའི་ཉེས་བྱས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱོགས་དང་མཐུན་པ་བསྟན་པའི་ཕྱིར་སྤྱིར་བསྟན་པའི་བར་སྡོམ་ལ། དབྱར་གནས་གཅིག་ཏུ་གནས་པ་དང༌། །གསོ་སྦྱོང་དགག་དབྱེར་བཅས་པ་དང༌། །དེ་ལ་སོགས་པ་དེ་ཡིན་ནོ། །བླངས་པའི་ཕྱོགས་དང་མཐུན་པ་ཡིན། །རྟགས་དང་སློང་དང་སྣོད་དང་ནི། །ལོངས་སྤྱོད་འཕྱར་གཡེང་འདོད་པ་དང༌། །གནོད་པ་དང་ནི་གནས་པ་དང༌། །མ་གུས་མི་སྦྱོང་གཞི་ལས་བྱུང༌། །ཞེས་བྱ་བ་གསུངས་སོ། །བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་དེའི་བསླབ་པའི་གཞི་ཡང་དག་པར་བླངས་པའི་ཕྱོགས་དང་མཐུན་པ་ནི་འདི་ལྟ་སྟེ་དབྱར་གནས་གཅིག་ཏུ་གནས་པར་ཁས་བླང་བ་དང༌། གསོ་སྦྱོང་བྱ་བ་དང༌། དགག་དབྱེ་བྱ་བ་དང༌། དེ་དག་ལ་སོགས་པ་དག་སྟེ། སོགས་པའི་སྒྲས་ནི། རྟགས་དང་སློང་དང་སྣོད་དང་ནི། །ཞེས་བྱ་བ་ལ་སོགས་པ་བཞི་བཅུ་པོ་དག་ལས་བྱུང་བ་བསྡམ་པར་བྱ་བའི་ཉེས་བྱས་ཀྱི་ཕྱོགས་སུ་གཏོགས་པ་གང་དག་ཡིན་པ་དེ་དག་བསྡུས་ཏེ། བཞི་བཅུ་པོ་དག་ལས་བྱུང་བ་གང་ཞེ་ན། རྟགས་ཀྱི་གཞི་ལས་བྱུང་བ་དང༌། སློང་བའི་གཞི་ལས་བྱུང་བ་དང༌། སྣོད་ཀྱི་གཞི་ལས་བྱུང་བ་དང༌། ལོངས་སྤྱོད་ཀྱི་གཞི་ལས་བྱུང་བ་དང༌། འཕྱར་གཡེང་གི་གཞི་ལས་བྱུང་བ་དང༌། འདོད་པའི་གཞི་ལས་བྱུང་བ་དང༌། གནོད་པའི་གཞི་ལས་བྱུང་བ་དང༌། གནས་པའི་གཞི་ལས་བྱུང་བ་དང༌། མ་གུས་པའི་གཞི་ལས་བྱུང་བ་དང༌། མི་སྦྱོང་བའི་གཞི་ལས་བྱུང་བའོ། །དེ་ལ་རྟགས་ཀྱི་གཞི་ལས་བྱུང་བ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བླངས་པའི་གཞི་ལས་བྱུང་བ་སྟེ། དེ་ལ་མུ་སྟེགས་ཅན་གྱི་རྟགས་འཆང་བ་ནི་ཇི་ལྟར་ཁྱིམ་པའི་རྟགས་འཆང་བ་དེ་བཞིན་དུ་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བླངས་པ་ལས་འདས་པ་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །རྫས་རུང་བ་མ་ཡིན་པ་རྔ་མོའི་བལ་ལ་སོགས་པ་ལས་བྱས་པ་འམ། ཆོས་གོས་ཚད་ལས་ཆུང་བ་དང༌། ཆེ་བའི་བདག་ཉིད་ཀྱི་ཡོ་བྱད་དག་འཆང་བར་བྱ་བ་དང༌། སེན་མོ་བཅོས་པ་རྗེས་སུ་མ་གནང་བ་དག་དང༌། ཆ་ལུགས་ཉམས་པར་འགྱུར་བ་སྐྲ་ཆན་པས་འདྲེགས་པ་ལ་སོགས་པ་དག་དང༌། རྗེས་སུ་མ་
གནང་བའི་ཕྱོགས་ཀྱི་སྤུ་འདྲེག་པ་ལ་སོགས་པ་དག་ནི་རྟགས་བླངས་པ་དེའི་ཕྱོགས་དང་མཐུན་པས་དེ་ལ་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ལྷུང་བཟེད་ཀྱང་རུང་བ་མ་ཡིན་པ་ཐོགས་ཤིང་བསོད་སྙོམས་ལ་རྒྱུ་བ་དང་རབ་ཏུ་བྱུང་བ་གཞན་དང༌། ཁྱིམ་པའི་རྟགས་དང་འདྲ་བའི་ལྷུང་བཟེད་འཆང་བ་ཡང་དག་པར་བླངས་པ་ལས་འདས་པ་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཟངས་མ་ལ་སོགས་པའི་རྫས་གཞན་ལས་བྱས་པ་དང༌། ཚད་ལས་ཆུང་བ་དང་ཆེ་བ་དང༌། སྐྱ་བའི་ལྷུང་བཟེད་འཆང་བ་གང་ཡིན་པ་དེ་ནི་རྟགས་བླངས་པ་དེའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །སློང་བའི་གཞི་ལས་བྱུང་བ་ཞེས་བྱ་བ་ནི་ཡོ་བྱད་སློང་བའི་གཞི་ལས་བྱུང་བ་སྟེ། དེ་ལ་གསེར་དངུལ་ལ་སོགས་པ་རིན་པོ་ཆེ་སློང་ན་ནི་གསེར་དངུལ་འཛིན་པ་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཆོས་གོས་ལ་སོགས་པ་སློང་བ་ནི་དེའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །སྣོད་ཀྱི་གཞི་ལས་བྱུང་བ་ཞེས་བྱ་བ་ནི་ཁབ་རལ་ལ་སོགས་པ་སྣོད་བྱེད་པའི་གཞི་ལས་བྱུང་བ་སྟེ། དེ་ལ་རིན་པོ་ཆེ་ལས་བྱས་པའི་ཁབ་རལ་ལ་སོགས་པ་བྱེད་དུ་འཇུག་པ་ནི་གསེར་དངུལ་འཛིན་པ་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །བ་སོ་ལ་སོགས་པ་རྗེས་སུ་གནང་བ་མ་ཡིན་པའི་རྫས་གཞན་ལས་བྱས་པའི་ཁ་བར་ལ་ལ་སོགས་པ་བྱེད་པ་ནི་དེའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ལོངས་སྤྱོད་ཀྱི་གཞི་ལས་བྱུང་བ་ཞེས་བྱ་བ་ནི་བཟའ་བ་དང༌། བཏུང་བ་ལ་སོགས་པའི་ལོངས་སྤྱོད་པའི་གཞི་ལས་བྱུང་བ་སྟེ། དེ་ལ་དུས་མ་ཡིན་པར་ཟ་བ་དང་འབྲུའི་ཚང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་འཐུང་བ་དེ་དག་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །སྒོག་སྐྱ་ལ་སོགས་པ་ཟ་བ་ནི་དེའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་བར་བྱ་བའི་ཉེས་
བྱས་སུ་འགྱུར་རོ། །འཕྱར་གཡེང་གི་གཞི་ལས་བྱུང་བ་ཞེས་བྱ་བ་ནི་གནས་མལ་དང་གླུ་གར་ལ་སོགས་པའི་འཕྱར་གཡེང་གི་གཞི་ལས་བྱུང་བ་སྟེ། དེ་ལམ་ལ་སྟན་ཆེན་པོ་དང་མལ་སྟན་མཐོན་པོ་དང༌། གླུ་གར་དང༌། རོལ་མོའི་སྒྲ་དང༌། ཁ་དོག་དང༌། སྤོས་དང༌། བྱུག་པ་ཐོགས་པ་ལ་སོགས་པ་ནི་དེ་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །འཁྲུ་བ་དང་རྐྱལ་བ་དང་ཆུ་ལ་རྩེ་བ་ལ་སོགས་པ་དང༌། རྒྱགས་པ་དང་ལོངས་སྤྱོད་པ་དང༌། རྒོད་པ་ལ་སོགས་པ་ནི་དེའི་ཕྱོགས་དང་མཐུན་པ་ཡིན་པ་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །འདོད་པའི་གཞི་ལས་བྱུང་བ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་གྱི་གཞི་ལས་བྱུང་བ་སྟེ། དེ་ལ་མི་ཚངས་པར་སྤྱོད་པ་ནི། དེ་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །བསམས་བཞིན་དུ་ཁུ་བ་འབྱིན་པ་ལ་སོགས་པ་ནི་དེའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཁང་པ་དང་ཁང་ཆེན་རྩིག་པ་ཡང་འདོད་པའི་གཞི་ལས་བྱུང་བ་ཡིན་ཏེ། འདི་ལྟར་ཁྱིམ་བྱེད་པ་ནི་ཁྱིམ་ནས་རབ་ཏུ་བྱུང་བ་ཡང་དག་པར་བླངས་པ་ལས་འདས་པ་ཡིན་པས་དེ་ལ་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་ཡང་ཡོད་ལ། ཁ་ཅིག་དེའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་ཡང་ཡོད་དོ། །གནོད་པའི་གཞི་ལས་བྱུང་བ་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་ལས་གྱུར་པ་སྟེ། དེ་ལ་དགེ་འདུན་སྤོང་བ་དང༌། ཆོས་ལ་འགལ་བ་དང༌། སངས་རྒྱས་ཀྱི་བཀའ་ལས་འདའ་བ་ཡོད་པས་དཀོན་མཆོག་གསུམ་སྤོང་བ་ནི་མྱ་ངན་ལས་འདས་པའི་བསམ་པས་གསུམ་ལ་སྐྱབས་སུ་འགྲོ་བའི་རྒྱུས་རབ་ཏུ་འབྱུང་བ་དང་དགེ་ཚུལ་དང༌། དགེ་སློང་མའི་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ལས་འདས་པ་ཉིད་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །གཞི་དེ་ལས་སྐུར་བ་འདེབས་པ་དང༌། ཚིག་རྩུབ་མོ་སྨྲ་བ་ལ་སོགས་པ་ནི་དེའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །གནས་པའི་གཞི་ལས་བྱུང་བ་ཞེས་བྱ་བ་ནི་དགེ་འདུན་གྱིས་སྡངས་པའི་
གང་ཟག་བསྙིལ་བ་ལ་སོགས་པ་དང་ལྷན་ཅིག་གནས་པ་སྟེ། དེ་ལ་མཚན་མི་མཐུན་པ་དང་ལྷན་ཅིག་ཉལ་བའི་བདག་ཉིད་ཀྱིས་གནས་པ་ནི་ཚངས་པར་སྤྱོད་པ་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ཁྱིམ་པ་དང་མུ་སྟེགས་ཅན་དང་ལྷན་ཅིག་གནས་པ་དང༌། རབ་ཏུ་བྱུང་བ་འདི་ལ་བསྙིལ་བ་ལ་སོགས་པ་དང༌། ལྷན་ཅིག་གནས་པ་དང་འདོད་ཆགས་དང་བྲལ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །མ་གུས་པའི་གཞི་ལས་བྱུང་བ་ཞེས་བྱ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མ་གུས་པ་ལས་གྱུར་པ་སྟེ། དེ་ལ་དཀོན་མཆོག་གསུམ་ལ་མ་གུས་པ་ནི་གསུམ་ལ་སྐྱབས་སུ་སོང་བས་སྡོམ་པ་ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་བྱུང་བ་དང༌། དགེ་ཚུལ་དང༌། དགེ་སློང་མའི་སྡོམ་པ་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །མཁན་པོ་དང་སློབ་དཔོན་རྣམས་དང༌། ཚངས་པ་མཚུངས་པར་སྤྱོད་པ་གཞན་ལ་མ་གུས་པ་ལ་སོགས་པ་ནི་སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །མི་སྦྱོང་བའི་གཞི་ལས་བྱུང་བ་ཞེས་བྱ་བ་ནི་གསོ་སྦྱོང་དང་དགག་དབྱེ་མི་བྱེད་པ་དང་མི་གནས་པར་འདུག་པ་ལ་སོགས་པས་བདག་ཉིད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པར་མི་བྱེད་པ་སྟེ། དེ་ལ་གཞི་དེས་བསླབ་པའི་གཞི་ཡང་དག་པར་བླངས་པ་འདྲལ་བར་བྱེད་པ་ནི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །གསོ་སྦྱོང་ལ་སོགས་པ་ལ་གཡེལ་བ་ནི་བསླབ་པའི་སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །དེ་ལྟར་དེ་དག་ནི་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བས་བསླབ་པ་བླངས་པ་དེའི་ཕྱོགས་དང་མཐུན་པ་ལས་འདས་ན་ཡིད་ཀྱི་ཉེས་བྱས་སུ་འགྱུར་པ་དག་ཡིན་ནོ། །བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་བྱ་བ་ནི་བསླབ་པ་བྱིན་པ་ནི་ལྟུང་བ་ལ་སྦྱོར་བ་དགེ་སློང་དང་
འདྲ་བ་ཉིད་དེ། ཇི་ལྟར་དགེ་སློང་མི་ཚངས་པར་སྤྱོད་པ་ལ་སོགས་པ་ལ་སྦྱོར་བ་ལ་ཕམ་པར་འགྱུར་བ་ལ་སོགས་པའི་ལྟུང་བ་འབྱུང་བ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་དེ་བཞིན་ནོ། །ཇི་ལྟར་དགེ་སློང་གིས་དགེ་སློང་ལ་རྡེག་པ་དང་གཟས་པ་དང་འགྱོད་པ་སྐྱེད་པ་དང༌། སྐྲོད་པ་ལ་སོགས་པ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་དགེ་སློང་གིས་བསླབ་པ་བྱིན་པ་ལ་དེ་དག་བྱས་ན་ཡང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །བསླབ་པ་བྱིན་པ་མོ་དང་དགེ་སློང་མ་ཡང་དེ་བཞིན་དུ་ཕན་ཚུན་འདྲ་བ་ཉིད་དུ་རིག་པར་བྱའོ། །བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ཞེས་བྱ་བ་ནི་བསླབ་པ་བྱིན་པ་དགེ་སློང་གཞན་གྱི་ཡུལ་ལ་ནི་བསྙེན་པར་མ་རྫོགས་པ་དང་འདྲ་བ་ཉིད་དེ། བསླབ་པ་བྱིན་པ་དེ་དགེ་སློང་གཞན་གྱི་ཡུལ་ལ་ནི་བསྙེན་པར་མ་རྫོགས་པ་དང་འདྲ་བ་ཉིད་ཡིན་ལ། རང་གི་ཡུལ་ལ་ནི་བསྙེན་པར་རྫོགས་པ་ཉིད་ཡིན་ཏེ། དེས་ན་བསླབ་པ་བྱིན་པ་དེ་དགེ་སློང་གི་ཡུལ་ལ་དེས་བྱིན་ལེན་བསྟབས་ན་ཡང་བྱིན་ལེན་དུ་རུང་ལ། དེས་རེག་ན་ཡང་བྱིན་ལེན་འཇིག་པ་དང༌། དེ་ལ་ཕྲ་མ་བྱས་ན་ཡང་དགེ་སློང་ལ་ཕྲ་མ་བྱས་པའི་ལྟུང་བྱེད་དུ་མི་འགྱུར་བ་དང༌། དེ་དང་ལྷན་ཅིག་ཉལ་ན་ཡང་ཞག་གསུམ་འདས་ན་ལྟུང་བྱེད་དུ་འགྱུར་བ་དང༌། དེ་ལ་དགེ་སློང་གིས་གནས་ངན་ལེན་བརྗོད་པ་དང༌། མིའི་ཆོས་བླ་མ་བརྗོད་ན་ཡང་ལྟུང་བྱེད་དུ་འགྱུར་བ་དང༌། དེ་དང་ཚིག་མཐུན་པ་དང་ཚིག་ལྷག་པར་ཟློས་པ་ལས་ཀྱང་ལྟུང་བྱེད་དུ་འགྱུར་ཏེ། དེ་དག་ལ་སོགས་པ་ཇི་ལྟར་བསྙེན་པར་མ་རྫོགས་པའི་གང་ཟག་གི་དབང་གིས་དགེ་སློང་གི་ཡུལ་ལ་ཁ་ན་མ་ཐོ་བ་གང་དག་འབྱུང་བར་འགྱུར་བ་དེ་དག་བསླབ་པ་བྱིན་པའི་གང་ཟག་གི་དབང་གིས་ཀྱང་དགེ་སློང་གི་ཡུལ་ལ་འབྱུང་བར་འགྱུར་རོ། །དེ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསླབ་པ་བྱིན་པ་དེ་ལ་བསླབ་པ་བྱིན་པ་གཞན་ནི་བསྙེན་པར་མ་རྫོགས་པ་དང་འདྲ་བ་ཉིད་མ་ཡིན་ཏེ། རང་བཞིན་འདྲ་བའི་ཕྱིར་རོ། །དེ་ལྟར་ཡང་འདིར་གཞུང་ནི་བཙུན་པ་རེ་ཞིག་བསླབ་པ་བྱིན་པ་ལ་རྒྱུ་དུས་སོག་འཇོག་བགྱིས་པར་འགྱུར། ཉེ་བ་འཁོར་བཞི་སྟེ། བཞི་གང་ཞེ་ན། བདག་ཉིད་ཀྱིས་སོག་འཇོག་བྱས་པ་དང༌། བསླབ་པ་བྱིན་པས་སོག་འཇོག་བྱས་པ་དང༌། དགེ་སློང་གིས་སོག་འཇོག་བྱས་པ་དང༌། དགེ་སློང་གི་དགེ་འདུན་གྱིས་སོག་འཇོག་བྱས་པའོ་ཞེས་གསུངས་པ་ཡིན་ནོ། །བསླབ་པ་བྱིན་པ་མོ་ལ་ཡང་དེ་བཞིན་ནོ། །དགེ་སློབ་མ་ལ་ཡང་ངོ་ཞེས་བྱ་བ་ནི་
བསླབ་པ་བྱིན་པ་དེ་དགེ་སློབ་མ་ལ་ཡང་བསྙེན་པར་མ་རྫོགས་པ་དང་འདྲ་བ་ཉིད་མ་ཡིན་ཏེ། དེ་ལྟ་བས་ན་དགེ་སློབ་མའི་ཡུལ་ལ་ནི་བསླབ་པ་བྱིན་པ་མོ་བསྙེན་པར་མ་རྫོགས་པ་དང་ལྡན་པ་མ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་མ་ལ་རྒྱུ་དུས་སོག་འཇོག་བགྱིས་པར་འགྱུར། ཉེ་བ་འཁོར་ལྔ་སྟེ། ལྔ་གང་ཞེ་ན། བདག་ཉིད་ཀྱིས་སོག་འཇོག་བྱས་པ་དང༌། དགེ་སློང་མས་སོག་འཇོག་བྱས་པ་དང༌། བསླབ་པ་བྱིན་པ་མོས་སོག་འཇོག་བྱས་པ་དང༌། དགེ་སློང་མས་སོག་འཇོག་བྱས་པ་དང༌། དགེ་སློང་མའི་དགེ་འདུན་གྱིས་སོག་འཇོག་བྱས་པའོ་ཞེས་གསུངས་པ་ཡིན་ནོ། །འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལའོ་ཞེས་བྱ་བ་ནི་དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་ན་དགེ་སློང་གི་འདུ་ཤེས་ཡོད་ན་ནི་ལྟུང་བ་ལ་སྦྱོར་བར་འདྲ་བ་ཉིད་དེ། དགེ་སློང་གསང་སྔགས་དང་སྨན་ལ་སོགས་པའི་དབང་གིས་དུད་འགྲོལ་སོགས་པ་འགྲོ་བ་གཞན་གྱི་གཟུགས་སུ་གྱུར་ནས་གཟུགས་དེས་མི་ཚངས་པར་སྤྱོད་པ་ལ་སོགས་པ་བྱ་བ་མ་ཡིན་པ་བྱེད་པ་ན་དེ་བྱེད་པའི་ཚེ་གལ་ཏེ་བདག་ཉིད་དགེ་སློང་ཡིན་པའི་འདུ་ཤེས་ཡོད་པར་གྱུར་ན་དེའི་ཚེ་དགེ་སློང་དེ་ལྟུང་བ་ལ་སྦྱོར་བ་ནི་དགེ་སློང་གཞན་དང་འདྲ་བ་ཉིད་ཡིན་ཏེ། ཇི་ལྟར་དགེ་སློང་གཞན་དག་ལྟུང་བ་དང་སྦྱོར་བ་ལ་གཞི་ཇི་ལྟ་བ་ལས་ཁ་ནམ་ཐོ་བར་འགྱུར་བ་དེ་བཞིན་དུ་དེ་ལ་འགྱུར་རོ། །མེད་ན་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བ་ནི་དགེ་སློང་གི་འདུ་ཤེས་མེད་ན་ནི་ན་སྨད་པ་ཉིད་དེ། དེའི་ཚེ་ལྟུང་བ་འབྱིན་པ་དེ་ལ་བདག་ཉིད་དགེ་སློང་ཡིན་པའི་ཕྱིར་འདུ་ཤེས་མེད་ཅིང་བརྗེད་པར་གྱུར་པ་ཉིད་ཡིན་ན་ནི་ལྟུང་བ་ལ་སྦྱོར་བ་དེ་ཚིག་འོག་མར་ན་སྨད་པ་ཉིད་དོ། །དེ་ཡང་སྦྱོར་བ་ཙམ་ཁོ་ན་ལ་ན་སྨད་པའི་ཁ་ན་མཐོ་བ་འདིར་འགྱུར་གྱི་དངོས་གཞི་ཉིད་དུ་ནི་མི་འགྱུར་ཏེ། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་སོགས་པ་རང་བཞིན་ཉམས་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །འདིར་དགེ་སློང་ལ་ཇི་ལྟ་བ་བཞིན་དུ་དགེ་སློང་མ་དང༌། དགེ་སློང་མ་དང༌། བསླབ་པ་བྱིན་པ་དང༌། དགེ་ཚུལ་དག་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །ཚིག་སྔ་མར་སྦྱོར་བ་ལས་ཡང་ངོ་ཞེས་བྱ་བ་ནི་ཚིག་སྔ་མར་སྦྱོར་བ་བྱས་པ་ལ་ཡང་སྦྱོར་བ་ཉིད་ན་སྨད་པ་ཉིད་དེ། ཁྱིམ་པ་འམ་དགེ་ཚུལ་ལམ་དགེ་སློབ་མ་ཉིད་ཅེས་བྱ་བའི་ཚིག་སྔ་མ་དག་ཏུ་སྦྱོར་བའི་ཁ་ན་མ་ཐོབ་བྱས་པའི་སྦྱོར་བ་
དེས་ཕྱིས་དགེ་ཚུལ་ལམ། དགེ་སློང་མའམ། དགེ་སློང་ཉིད་ཅེས་བྱ་བའི་ཚིག་ཕྱི་མ་དག་ཏུ་དངོས་གཞིའི་ཁ་ན་མ་ཐོབ་འགྲུབ་པར་འགྱུར་བའི་ཚིག་སྔ་མར་བྱས་པ་དེ་ནི་ན་སྨད་པ་ཉིད་དེ། སྦྱོར་བའི་སྦོམ་པོ་ལ་ཉེས་བྱས་ལ་ཉེས་བྱས་ཕྲ་མོར་འགྱུར་བ་ལྟ་བུའོ། །དེའི་དངོས་གཞི་ཚིག་ཕྱི་མར་གྲུབ་པ་ཉིད་ལ་ནི་ན་སྨད་པ་མེད་དེ་གཞི་ཇི་ལྟ་བ་བཞིན་ནོ། །ཕྱི་མ་ལ་ཡང་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཚིག་ཕྱི་མར་སྦྱོར་བ་བྱས་པ་ལ་ཡང་ན་སྨད་པ་ཉིད་དེ། ཚིག་ཕྱི་མ་ཞེས་བྱ་བ་ནི་ཁྱིམ་པ་དང༌། དགེ་ཚུལ་དང༌། དགེ་སློབ་མ་དག་གིས་ཚིག་ཕྱི་མ་སྟེ་བསྙེན་པར་རྫོགས་པ་ཉིད་དོ། །དེས་ན་བསྙེན་པར་རྫོགས་པ་ཉིད་ཅེས་བྱ་བའི་ཚིག་ཏུ་སྦྱོར་བ་བྱས་པ་གང་ཡིན་པ་དེ་ཙམ་གྱི་དབང་གིས་དེའི་འོག་ཏུ་བསླབ་པ་ཕུལ་ལམ་བབས་ནས་དགེ་སློང་མ་ཉིད་དམ། དགེ་ཚུལ་ཉིད་དམ། ཁྱིམ་པ་ཉིད་ཀྱི་ཚིག་དག་ཏུ་དངོས་གཞིའི་གནས་སྐབས་སུ་ནི་བསྙེན་པར་མ་རྫོགས་པ་གཉིས་ལ་ནི་ཉེས་བྱས་སོ། །ཁྱིམ་པ་ལ་ནི་ལྟུང་བ་མེད་དོ། །བསྙེན་པར་རྫོགས་པའི་སྦྱོར་བར་གྱུར་པ་ནི་སྦོམ་པོའོ། །ལྷག་མ་རྣམས་ཀྱི་སྦྱོར་བར་གྱུར་པ་ལ་ནི་བསྙེན་པར་མ་རྫོགས་པ་གཉིས་ཀྱི་ནི་ཉེས་བྱས་སོ། །ཁྱིམ་པ་ལ་ནི་ལྟུང་བ་མེད་དོ། །རྫས་བཀག་པ་བས་བཟང་པོ་ལ་ཡང་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རྫས་རིན་ཆུང་དུ་ལ་སོགས་པ་ལས་སྟན་བྱེད་པ་བཀག་པའི་རྫས་དེ་བས་བཟང་པོ་རིན་ཆེ་བ་ལ་སོགས་པ་ལས་སྟན་བྱེད་པ་ལ་ཡང་བཀག་པ་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟ་སྟེ། དཔེར་ན་ལུག་བལ་ནག་པོ་འབའ་ཞིག་དང་རྫས་རིན་ཆུང་ངུ་དག་ལས་བྱེད་པ་བཀག་སྟེ། དེ་དག་ལས་སྟན་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བ་བཞིན་དུ་སྲིན་བལ་དང་རྫས་རིན་པོ་ཆེ་ལས་སྟན་བྱེད་པ་ཡང་བཀག་སྟེ། དེ་དག་ལས་སྟན་བྱེད་ན་ཡང་སྤང་བའི་ལྟུང་བྱེད་ཁོ་ནར་འགྱུར་བ་ལྟ་བུའོ། །དེས་ན་ལྟུང་བའི་ཕྱིར་རྫས་བཟང་པོ་ཡང་རྫས་ངན་པ་དང་འདྲ་བས་བཟང་པོ་དང་མི་ཚངས་པར་སྤྱད་པ་ཡང་ངན་པ་སྤྱད་པ་དང་འདྲ་ལ། བཟང་པོ་བརྐུས་པ་ཡང་ངན་པ་བརྐུས་པ་དང་འདྲ། བཟང་པོ་བསད་པ་ཡང་ངན་པ་བསད་པ་དང་འདྲ། བརྫུན་བཟང་པོ་སྨྲས་པ་ཡང་ངན་པ་སྨྲས་པ་དང་འདྲ་བར་ལྟུང་བར་འགྱུར་བ་ལ་སོགས་པའི་ཚུལ་དུ་རིག་པར་བྱའོ། །འདྲ་བ་ལ་ཡང་ངོ་ཞེས་བྱ་བ་ནི་རྫས་འདྲ་བ་ལ་ཡང་བཀག་པ་འདྲ་བ་ཉིད་དེ། དཔེར་ན་སྲིན་བལ་ལ་སོགས་པའི་རྫས་རིན་པོ་ཆེ་བཀག་པ་དེ་དང་འདྲ་བར་མོན་དར་
ལ་སོགས་པའི་རྫས་རིན་པོ་ཆེ་ཡང་བཀག་སྟེ། གཉི་ག་སྤང་བར་འགྱུར་བ་ལྟ་བུའོ། །དེས་ན་ལྟུང་བའི་རྫས་གཅིག་བཀག་པས་དེ་དང་འདྲ་བ་གཞན་ཡང་བཀག་པའི་ཕྱིར་ལྟུང་བ་སྡེ་ལྔ་ལ་སོགས་པ་བསླབ་པའི་གཞི་ཐམས་ཅད་ལ་རྫས་འདྲ་བ་གཅིག་བཀག་པས་འདྲ་བ་གཞན་ཡང་བཀག་པར་ཤེས་པར་བྱ་ཞིང་འདྲ་བ་གཅིག་ལས་འདས་པ་ལ་ལྟུང་བ་གང་བྱུང་བ་བཞིན་དུ་འདྲ་བ་གཞན་ལས་འདས་པ་ལ་ལྟུང་བ་དེ་ཉིད་དུ་འབྱུང་བར་རིག་པར་བྱའོ། །མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཕོ་མོའི་མཚན་མ་གྱུར་པའི་གནས་སྐབས་སུ་ལྟུང་བ་གང་ཡང་རུང་བའི་སྦྱོར་བ་བྱེད་བཞིན་པ་ལས་མཚན་གྱུར་ན་མཚན་གྱུར་པ་ཕྱི་མ་དེ་ལ་མཚན་མ་གྱུར་པ་སྔ་མའི་གནས་སྐབས་སུ་སྦྱོར་བ་གང་བརྩམས་པ་དེའི་དངོས་གཞི་ཡང་འབྱུང་བར་འགྱུར་སྟེ། རེ་ཞིག་འདིས་ནི་མཚན་གྱུར་པ་དེ་སྦྱོར་བ་དང་དངོས་གཞིའི་ལྟུང་བ་གཉི་གའི་ཞིང་ཉིད་ཡིན་ནོ་ཞེས་སྤྱིར་བསྟན་ཏོ། །ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་ལས་སོ་ཞེས་བྱ་བ་ནི་མཚན་གྱུར་པ་དེ་ལྟུང་བ་ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་ལས་ཞིང་ཡིན་ཏེ། འདིས་ནི་མཚན་གྱུར་པ་དེ་སྦྱོར་བའི་ལྟུང་བའི་ཞིང་ཉིད་ཡིན་པར་སྟོན་ཏོ། །དེ་ཡང་ལྷག་པའི་དོན་གྱི་སྦྱོར་བ་ལས་མཚན་མར་གྱུར་པ་ལ་ནི་ལྟུང་བ་ན་སྨད་པ་འབྱུང་བར་འགྱུར་གྱི། ན་སྨད་པའི་དོན་གྱི་སྦྱོར་བ་ལས་མཚན་གྱུར་པ་ལ་ནི་ལྷག་པ་འབྱུང་བར་མི་འགྱུར་བས་འདིར་ཡང་ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་ལས་མཚན་གྱུར་པ་ལ་ཡང་དངོས་གཞི་ཡང་ན་སྨད་པ་ཉིད་འབྱུང་གི་ལྷག་པ་མི་འབྱུང་བར་བསྟན་ནོ། །དཔེར་ན་དགེ་སློང་གཉིས་ཁྲི་གཅིག་ལ་རེག་པ་དང་བཅས་བཞིན་དུ་སྐྱ་རེངས་མ་ཤར་བའི་མདུན་རོལ་དུ་ཉལ་བ་ཉེས་བྱས་ཀྱི་སྦྱོར་བ་ཡིན་པ་དེ་ལས་དེ་གཉིས་དགེ་སློང་མར་གྱུར་ཏེ། སྐྱ་རེངས་ཤར་ན་ཡང་ཉེས་བྱས་ཁོ་ནར་ཟས་ཀྱི་ལྟུང་བྱེད་དུ་ནི་མི་འགྱུར་བ་ལ་སོགས་པ་ལྟ་བུའོ། །བྱས་པ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཚན་མ་གྱུར་པ་ན་ཁ་ན་མ་ཐོབ་བྱས་པ་ནི་མཚན་གྱུར་པ་ན་ཡང་དེ་ཉིད་ཡིན་ཏེ། འདིས་ནི་མཚན་མ་གྱུར་པ་དེ་དངོས་གཞིའི་ལྟུང་བའི་ཞིང་ཉིད་ཡིན་པར་སྟོན་ཏོ། །ཕོ་མོའི་མཚན་མ་གྱུར་པའི་གནས་སྐབས་སུ་ཁ་ན་མ་ཐོ་བ་གང་བྱས་པ་དེ་ནི་ཕྱིས་མཚན་གྱུར་ན་ཡང་ཁ་ན་མ་ཐོ་བ་དེ་ཉིད་དེ། དཔེར་ན་དགེ་སློང་མ་རེག་པའི་ཕམ་པར་འགྱུར་བ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་དུ་གྱུར་པ་ན་རེག་པ་དེ་དགེ་སློང་དེ་ལ་
ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མར་གཏོགས་པའི་སྦོམ་པོར་འགྱུར་ཏེ། འདི་ལྟར་དགེ་སློང་སྐྱེས་པ་དང་ལྷན་ཅིག་ལུས་ཀྱིས་རེག་པའི་རོ་ཉམས་སུ་མྱོང་བར་བྱེད་པ་ཡང་ལུས་ཀྱིས་རེག་པའི་ལྷག་མའི་སྦོམ་པོར་གསུངས་པའི་ཕྱིར་རོ། །དགེ་སློང་མ་རེག་པའི་ཕམ་པར་འགྱུར་བའི་སྦྱོར་བ་བྱེད་བཞིན་དུ་དེ་མཆན་གྱུར་ཅིང་དགེ་སློང་དུ་གྱུར་ན་སྦྱོར་བ་དེ་དགེ་སློང་དེ་ལ་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མར་གཏོགས་པའི་ཉེས་བྱས་སུ་འགྱུར་སྟེ། འདི་ལྟར་སྦོམ་པོར་འགྱུར་བའི་སྦྱོར་བ་ཉེས་བྱས་ཡིན་པའི་ཕྱིར་རོ། །དགེ་སློང་མ་ལུས་བཀན་པའི་ཕམ་པར་འགྱུར་བ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་དུ་གྱུར་ན་ལུས་བཀན་པ་དགེ་སློང་དེ་ལ་མི་ཚངས་པར་སྤྱོད་པར་གཏོགས་པའི་སྦོམ་པོར་འགྱུར་རོ། །འདི་ལྟར་དགེ་སློང་གིས་སྐྱེས་པའི་ཕྱིར་ལུས་བཀན་པ་མི་ཚངས་པར་སྤྱོད་པའི་ཕམ་པར་གཏོགས་པའི་སྦོམ་པོར་གསུངས་པའི་ཕྱིར་རོ། །དགེ་སློང་མ་འཆབ་པའི་ཕམ་པ་འགྱུར་བ་དེ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང༌། དགེ་སློང་དུ་གྱུར་ན་འཆབ་པ་དེ་དགེ་སློང་དེ་ལ་གནས་ངན་ལན་འཆབ་པའི་ལྟུང་བྱེད་དུ་གཏོགས་པའི་ཉེས་བྱས་སུ་འགྱུར་ཏེ། འདི་ལྟར་དགེ་སློང་གནས་ངན་ལེན་བཅབས་ན་ལྟུང་བྱེད་དུ་འགྱུར་ལ། དགེ་སློང་མའི་གནས་ངན་ལེན་བཅབས་ན་ཉེས་བྱས་སུ་འགྱུར་བས་དེ་མཚན་གྱུར་པའི་ཚེ་ན་གང་གིས་གནས་ངན་ལེན་བཅབས་པའི་དགེ་སློང་མ་དེ་དང་མཚན་མི་མཐུན་པས་དེ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །དགེ་སློང་མ་བཟློག་པའི་ཕམ་པར་འགྱུར་བ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་དུ་གྱུར་ན་བཟློག་པ་དེ་དགེ་སློང་དེ་ལ་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་གང་ཡིན་པ་དེ་ཉིད་འབྱིན་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་མར་གྱུར་ན་སྤངས་པའི་རྗེས་སུ་ཕྱོགས་པ་དེ་དགེ་སློང་མ་དེ་ལ་བཟློག་པའི་ཕམ་པར་འགྱུར་པའི་སྦོམ་པོར་འགྱུར་བ་ལ་སོགས་པ་ལྟ་བུའོ། །ན་སྨད་པ་ནི་རང་གི་ཉིད་དོ་ཞེས་བྱ་བ་ནི་མཚན་གྱུར་ནན་སྨད་པ་ནི་རང་གི་ཉིད་དོ། །འདིས་ནི་སྔ་མ་ནི་དམིགས་ཀྱིས་བསལ་བ་སྟོན་ཏེ། མཚན་མ་གྱུར་པའི་གནས་སྐབས་སུ་ན་སྨད་པའི་ཁ་ན་མ་ཐོ་བ་གང་བྱེད་བཞིན་དུ་དེ་མཚན་གྱུར་ན་སྨད་པ་རང་གི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་གྱི་ལྷག་པར་ནི་མི་འགྱུར་ཏེ། དཔེར་ན་དགེ་སློང་མ་ཁུ་བ་འབྱིན་པའི་ལྟུང་བྱེད་བྱེད་བཞིན་དུ་དེ་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་ཁུ་བ་འབྱིན་པ་དེ་དགེ་སློང་
དེ་ལ་ཡང་ལྟུང་བྱེད་ཁོ་ནར་འགྱུར་གྱི། དགེ་འདུན་ལྷག་མ་ཉིད་དུ་མི་འགྱུར་བ་ལ་སོགས་པ་ལྟ་བུའོ། །ཁ་ཅིག་ནི་མཉན་པ་ཁོ་ན་ཡང་ཡོད་དེ། དཔེར་ན་སྲོག་གཅོད་པ་ལ་སོགས་པ་ལྟ་བུའོ། །ལན་འགའ་ནི་དངོས་གཞིའི་ལྟུང་བ་བྱུང་ཞིང་ལྷག་པར་སྤྱོད་པ་ལས་འདས་ཕན་རང་ལྟུང་བ་ཉིད་དུ་འགྱུར་ཏེ་ན་སྨད་པ་ཉིད་དུ་མི་འགྱུར་ཏེ། དཔེར་ན་ལྟུང་བ་ཐུན་མོང་གི་མཚན་ཉིད་དག་ལྟ་བུའོ། །ཞག་བཅུར་མ་ལོན་པ་ནི་ཆ་ཉིད་དོ་ཞེས་བྱ་བ་ནི་མཚན་གྱུར་ན་ཞག་བཅུར་མ་ལོན་པ་ནི་ཆ་ཉིད་དེ། དགེ་སློང་གིས་ལྟུང་བཟེད་ལྷག་མ་ཞག་བཅུ་ལས་འདས་པར་བཅང་ན་སྤོང་བར་འགྱུར་ལ། དགེ་སློང་མས་ནི་ཞག་གཅིག་ལས་འདས་པར་བཅད་ན་སྤོང་བར་འགྱུར་བ་དེ་ལ་གལ་ཏེ་དགེ་སློང་གིས་ལྷུང་བཟེད་ལྷག་བ་ཞག་བཅུར་མ་ལོན་པར་ཞག་དགུ་ཚུན་ཆད་དུ་བཅངས་པ་ལས་གནས་སྐབས་དེས་མཚན་གྱུར་ཏེ་དགེ་སློང་མར་གྱུར་ན་ཞག་དགུ་པོ་དེ་དག་ནི་དགེ་སློང་མའི་ལྷུང་བཟེད་ཐོག་མ་རྙེད་པའི་ཉིད་མ་དང་པོ་ཉིད་ཀྱི་ཆ་ཡིན་ཞིང་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་པས་ཞག་དགུ་ཐལ་བས་དེ་དག་གིས་སྤོང་བར་མི་འགྱུར་རོ། །ཞག་བཅུ་ལོན་ན་ནི་འཆང་བའི་དུས་རྫོགས་པ་ཡིན་ནོ། །འདི་ནི་ལྷུང་བཟེད་འཆང་བའི་ཡུལ་ལ་དགེ་སློང་དང་དགེ་སློང་མའི་ཆོ་ག་ཐ་དད་པའི་དབང་དུ་བྱ་བ་ཡིན་གྱི་གོས་ལ་སོགས་པའི་ཕྱིར་ནི་མ་ཡིན་ནོ། །ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་ཞེས་བྱ་བ་ནི་མཚན་གྱུར་པ་ཞིང་མ་ཡིན་པ་ཉིད་ནི་བྱས་པ་ཉམས་ཏེ། མཚན་གྱུར་ན་སྔར་མཚན་མ་གྱུར་པའི་གནས་སྐབས་སུ་ཁ་ན་མ་ཐོ་བ་ཐུན་མོང་མ་ཡིན་པ་གང་བྱས་པ་དེའི་ཞིང་མ་ཡིན་པས། ཕྱིས་མཚན་གྱུར་པའི་ལུས་ཁ་ན་མ་ཐོ་བ་ཐུན་མོང་མ་ཡིན་པའི་ཞིང་མ་ཡིན་པ་ཉིད་ལ་ནི་སྔར་མཚན་མ་གྱུར་པའི་གནས་སྐབས་སུ་ལྟུང་བ་ཐུན་མོང་མ་ཡིན་པ་བྱས་པ་སྟེ་ཉམས་ཤིང་ཞིག་པ་དང་མེད་པ་ཉིད་ཡིན་པས་ལྟུང་བདེ་བཤགས་མི་དགོས་ཏེ་དཔེར་ན་ལྟུང་བ་ཐུན་མོང་མ་ཡིན་པ་སྔར་གནང་བ་མ་ཐོབ་པར་འཁོར་ཉེ་བར་འཇོག་པའི་ལྟུང་བྱེད་དང༌། ཤམ་ཐབས་རྐེད་པ་སྣང་བར་བགོ་བར་མི་བྱའོ་ཞེས་བྱ་བའི་བསླབ་པ་ལ་སོགས་པ་ལས་འདས་པའི་དགེ་སློང་མ་མཚན་གྱུར་ཏེ། དགེ་སློང་དུ་གྱུར་པའི་ལུས་ལྟུང་བ་ཐུན་མོང་མ་ཡིན་པ་དེ་དག་གི་ཞིང་མ་ཡིན་པ་ཉིད་ལ་ལྟུང་བ་དེ་དག་མེད་པ་ལ་སོགས་པ་ལྟ་བུའོ། །དེ་ལ་ཉེས་པ་བཅབས་པ་འང་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཚན་གྱུར་ན་དེ་ལ་ཉེས་པ་
བཅབས་པ་ཡང་མ་ཉམས་པ་མ་ཡིན་གྱི་ཉེས་པ་བཅབས་པ་ཡང་ཉམས་པ་ཉིད་དེ། དེས་ན་དགེ་སློང་གི་དགེ་འདུན་ལྷག་མ་བཅབས་ནས་མཚན་གྱུར་ཏེ། དགེ་སློང་མ་ཉིད་དུ་འགྱུར་ན་དེས་སྤོ་བའི་ལས་ཉིད་སྤྱད་པར་བྱ་མི་དགོས་ཏེ། མཚན་མ་གྱུར་པ་ཉིད་ལ་འཆབ་པའི་ཉེས་པ་སྲིད་པའི་ཕྱིར་རོ། །མགུ་བར་སྤྱད་པ་ནི་དོན་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཚན་གྱུར་ན་མགུ་བར་སྤྱད་པ་ནི་དོན་མེད་པ་ཉིད་ཡིན་ཏེ། མཚན་གྱུར་ན་སྔར་མཚན་མ་གྱུར་པའི་གནས་སྐབས་སུ་ཉེས་པ་ལས་བྱུང་བའི་ཕྱིར་མགུ་བ་སྤྱད་པར་ཞག་དྲུག་གམ་ཟླ་བ་ཕྱེད་རིལ་གྱིས་སྤྱད་ཀྱང་རུང་དེ་ལས་ཤས་ཀྱིས་སྤྱད་ཀྱང་རུང་སྟེ། སྔར་མགུ་བ་སྤྱད་པ་དེ་ཕྱིས་མཚན་གྱུར་པའི་གནས་སྐབས་ན་དོན་མེད་པ་ཉིད་ཡིན་ཏེ། གདོད་གཞི་ནས་ས་མགུ་བ་སྤྱད་དགོས་སོ། །འདི་ལ་ཆོ་ག་རྣམས་གྱུར་ཏོ་ཞེས་བྱ་བ་ནི་མཚན་གྱུར་པ་འདི་ལ་གང་གི་ཕྱིར་ཆོ་ག་སྤྱད་པ་རྣམས་གྱུར་པ་དེའི་ཕྱིར་མགུ་བ་སྤྱད་པ་དོན་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་དེ་དག་རྣམ་པར་བཤད་དོ། །དེའི་ཚེ་ལུས་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཚན་གྱུར་ཏམ་གནས་སྐབས་འཕོས་ན་དེའི་ཚེ་ལུས་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ཏེ། གང་གི་ཚེ་གསད་པར་བྱ་བ་ལ་སོགས་པ་ཡུལ་གང་ལས་ལྟུང་བར་འབྱུང་བར་འགྱུར་བའི་ཡུལ་གྱི་ལུས་གང་ཡིན་པ་དེ་དང་ལྟུང་བ་འབྱིན་པར་བྱེད་པའི་རྒྱུད་ཀྱིས་ལུས་ཀྱི་དངོས་པོ་མཚན་གྱུར་ཏེ། ཕོ་འམ་མོའི་ལུས་སུ་གནས་པའི་ལུས་དེ་ཉིད་ལྟུང་བ་དེའི་བྱེད་པ་པོ་ཉིད་ཡིན་ཏེ། ཡུལ་གང་ལས་ལྟུང་བ་འབྱུང་བའི་ལུས་དང་རྒྱུད་གང་ལ་ལྟུང་བ་འབྱུང་བའི་ལུས་དེ་གཉིས་གནས་སྐབས་གྱུར་པ་ན་གང་གི་གནས་སྐབས་སུ་གནས་པའི་ལུས་དེ་ཉིད་ཡུལ་དང་རྒྱུད་ཀྱིས་ལྟུང་བ་གང་ཡིན་པ་དེའི་བྱེད་པ་པོ་ཉིད་ཡིན་པར་རྣམ་པར་བཞག་སྟེ་དཔེར་ན་གསད་པར་བྱ་བ་དགྲ་བཅོམ་པ་ཉིད་མ་ཡིན་པའི་གནས་སྐབས་སུ་ལྟུང་བ་འབྱིན་པར་བྱེད་པས་གསད་པའི་སྦྱོར་བ་བརྩམས་ནས་གསད་པར་བྱ་བ་དེས་དགྲ་བཅོམ་པ་ཉིད་ཐོབ་པའི་གནས་སྐབས་སུ་ལྟུང་བ་འབྱིན་པར་བྱེད་པ་དེས་དགྲ་བཅོམ་པ་གསོད་པར་བྱེད་པ་ན་དེའི་ཚེ་དགྲ་བཅོམ་པའི་ལུས་དེ་ལྟུང་བ་འབྱིན་པར་བྱེད་པའི་རྒྱུད་ལ་སྲོག་གཅོད་པའི་ལྟུང་བ་དང་མཚམས་མེད་པའི་ལས་གཉིས་ཀ་འབྱུང་བའི་བྱེད་པ་པོ་ཉིད་ཡིན་པ་ལྟ་བུ་དང༌། གསད་པར་བྱ་བ་དགྲ་བཅོམ་པ་ཉིད་མ་ཡིན་པའི་གནས་སྐབས་ལ་ལྟུང་བ་འབྱིན་པར་བྱེད་པས་གསད་པའི་སྦྱོར་བ་བརྩམས་ནས་འགྱོད་པ་དྲག་པོ་སྐྱེད་པ་ལ་སོགས་པ་སྦྱོར་བ་དེ་ལས་
ཕྱིར་ལོག་ནས་དེའི་འོག་ཏུ་གསད་པར་བྱ་བ་དེས་དགྲ་བཅོམ་པ་ཉིད་ཐོབ་ནས་གསད་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་དེའི་ཚེ་དགྲ་བཅོམ་པ་དེ་ཤི་བར་གྱུར་ནས་དེའི་ཆེ་དགྲ་བཅོམ་པ་གསོད་པ་དེ་ལྟུང་བ་འབྱིན་པར་བྱེད་པའི་རྒྱུད་ལ་སྲོག་གཅོད་པ་འབའ་ཞིག་གིས་བྱེད་པ་པོ་ཉིད་ཡིན་གྱི་མཚམས་མེད་པའི་ལས་ཀྱི་བྱེད་པ་པོ་ཉིད་མ་ཡིན་པ་ལྟ་བུ་དང༌། དེ་བཞིན་དུ་དགེ་སློང་གིས་སྐྱེས་པའི་ལུས་ལ་རེག་པའི་སྦྱོར་བ་བརྩམས་པ་ན་སྐྱེས་པ་དེ་མཚན་གྱུར་ཏེ་བུད་མེད་དུ་གྱུར་ན་བུད་མེད་ཀྱི་ལུས་ལ་རེག་པ་དེ་ནི་ལྟུང་བ་འབྱིན་པར་བྱེད་པ་དེའི་རྒྱུད་ལ་བུད་མེད་ཀྱི་ལུས་ལ་རེག་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་གང་བྱུང་བ་དེའི་བྱེད་པ་པོ་ཉིད་ཡིན་གྱི་སྦོམ་པོའི་བྱེད་པ་པོ་ཉིད་མ་ཡིན་པ་ལྟ་བུ་དང༌། དེ་བཞིན་དུ་དགེ་སློང་གིས་བུད་མེད་ཀྱི་ལུས་ལ་རེག་པའི་སྦྱོར་བ་བརྩམས་པ་བུད་མེད་དེ་མཚན་གྱུར་ཏེ་སྐྱེས་པར་གྱུར་ན་སྐྱེས་པའི་ལུས་ལ་རེག་པ་དེ་ནི་ལྟུང་བ་འབྱིན་པར་བྱད་པ་དེའི་རྒྱུད་ལ་སྐྱེས་པའི་ལུས་ལ་རེག་པ་ལས་སྦོམ་པོའི་ལྟུང་བ་གང་འབྱུང་བ་དེའི་བྱེད་པ་པོ་ཉིད་ཡིན་གྱི་དགེ་འདུན་ལྷག་མའི་བྱེད་པ་པོ་ཉིད་མ་ཡིན་པ་ལྟ་བུ་དང༌། དེ་བཞིན་དུ་དགེ་སློང་དུ་གྱུར་པས་བུད་མེད་ཀྱི་ལུས་ལ་རེག་པའི་ཕྱིར་སྦྱོར་བ་བརྩམས་ནས་དགེ་སློང་དེ་མཚན་གྱུར་ཏེ་དགེ་སློང་མར་གྱུར་ན་བུད་མེད་ཀྱི་ལུས་ལ་རེག་པ་དེ་དགེ་སློང་མ་དེའི་རྒྱུད་ལ་བུད་མེད་ཀྱི་ལུས་ལ་རེག་པ་ལས་གྱུར་པའི་ཕམ་པར་འགྱུར་བའི་སྦོམ་པོ་ཞེས་བྱ་བ་གང་འབྱུང་བ་དེའི་བྱེད་པ་པོ་ཉིད་ཡིན་གྱི་རེག་པའི་དགེ་འདུན་ལྷག་མའི་བྱེད་པ་པོ་ཉིད་མ་ཡིན་པ་ལྟ་བུ་དང༌། དེ་བཞིན་དུ་དགེ་སློང་མར་གྱུར་པས་སྐྱེས་པའི་ལུས་ལ་རེག་པའི་ཕྱིར་སྦྱོར་བ་བརྩམས་ནས་དགེ་སློང་མ་དེ་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་སྐྱེས་པའི་ལུས་ལ་རེག་པ་དགེ་སློང་དེའི་རྒྱུད་ལ་སྐྱས་པའི་ལུས་ལ་རེག་པ་ལས་གྱུར་པའི་ལྷག་མ་སྦོམ་པོ་ཞེས་བྱ་བ་གང་འབྱུང་བ་དེའི་བྱེད་པ་པོ་ཉིད་ཡིན་གྱི། རེག་པའི་ཕམ་པར་འགྱུར་བའི་བྱེད་པ་པོ་ཉིད་མ་ཡིན་པ་ལྟ་བུ་དང༌། དེ་བཞིན་དུ་དགེ་སློང་བརྡེག་པའི་ཕྱིར་སྦྱོར་བ་བརྩམས་ནས་དགེ་སློང་དེ་མཚན་གྱུར་ཏེ་དགེ་སློང་མར་གྱུར་པ་ལ་དག་པར་བྱེད་ན་དགེ་སློང་མའི་ལུས་དེ་ལྟུང་བ་འབྱིན་པར་བྱེད་པ་དེའི་རྒྱུད་ལ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་པ་ལ་སོགས་པ་ལྟ་བུའོ། །གཞན་ལས་སྐྱེས་པ་ནི་རང་གི་འགྲོ་བ་ཉིད་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་འགྲོ་བ་གཞན་ལས་སྐྱེས་པ་ནི་རང་གི་འགྲོ་བ་ཉིད་ཡིན་ཏེ། མིའི་དུད་འགྲོའི་འགྲོ་བ་འམ་མི་
མ་ཡིན་པའི་འགྲོ་བ་གཞན་ལས་སྐྱེས་པའམ་མི་མ་ཡིན་པ་དུད་འགྲོའི་འགྲོ་བ་གཞན་ལས་སྐྱེས་པའམ། དུད་འགྲོ་མིའི་འགྲོ་བ་འམ། མི་མ་ཡིན་པའི་འགྲོ་བ་གཞན་ལས་སྐྱེས་པ་ནི་རང་ཉིད་འགྲོ་བ་གར་གཏོགས་པའི་རང་གི་འགྲོ་བ་ཉིད་ཡིན་ཏེ། དཔེར་ན་མི་མ་ཡིན་པ་མིའི་མངལ་ནས་སྐྱེས་པའི་མིའི་རྒྱུད་དུ་དབང་བའི་རྫས་ལ་དེར་འདུ་ཤེས་པས་བརྐུས་ན་མི་ཉིད་ལས་བརྐུས་པ་ཡིན་པས་ཕམ་པ་ཁོ་ནར་གྱུར་པ་ལྟ་བུ་དང་དེ་བཞིན་དུ་མི་མ་ཡིན་པ་མོའི་མངལ་ལས་སྐྱེས་པ་འམ། མངལ་ན་གནས་པའི་ངོ་བོ་ཉིད་བསད་པ་ཡིན་ན་མི་ཉིད་བསད་པ་ཡིན་པས་ཕམ་བ་ཁོ་ནར་འགྱུར་བ་ལྟ་བུ་དང༌། དེ་བཞིན་དུ་མིའི་བུད་མེད་ཀྱི་མངལ་ནས་སྐྱེས་པའམ། མངལ་ན་གནས་པའི་མི་མ་ཡིན་པའི་ངོ་བོ་ཉིད་བསད་ན་མི་མ་ཡིན་པ་ཉིད་བསད་པས་སྦོམ་པོར་གྱུར་བ་ལྟ་བུ་དང༌། དེ་བཞིན་དུ་གང་ཡང་རུང་བའི་སྐྱེ་གནས་པའི་དུད་འགྲོའི་ངོ་བོ་ཉིད་བསད་ན་དུད་འགྲོ་ཉིད་བསད་པ་ཡིན་པས་ལྟུང་བྱེད་དུ་འགྱུར་བ་ལྟ་བུ་སྟེ། འདི་ལྟར་མི་ལ་སོགས་པ་བུ་དེ་དུད་འགྲོལ་སོགས་པ་ལས་སྐྱས་པ་ཡིན་མོད་ཀྱི་འོན་ཀྱང་དེ་བདག་ཉིད་འགྲོ་བ་གར་སྐྱེས་པའི་འགྲོ་བ་དེ་ཉིད་དུ་གཏོགས་པ་ཡིན་པའི་ཕྱིར་རོ། །འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་བསད་པ་ལ་ཡང་ངོ་ཞེས་བྱ་བ་ནི་མི་འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་བསད་པ་ཡང་རང་གི་འགྲོ་བ་ཉིད་ཡིན་ཏེ། འདི་ནི་མ་བྱིན་པར་ལེན་པ་ལ་སོགས་པ་ལྟུང་བའི་སྡེ་ཐམས་ཅད་ལ་སྦྱར་བ་མ་ཡིན་གྱི། སྲོག་གཅོད་པའི་སྐབས་འབའ་ཞིག་དང་སྦྱར་ཏེ། དཔེར་ན་མིག་སྨན་དང་སྔགས་ལ་སོགས་པའི་དབང་གིས་མི་མ་ཡིན་པ་དང༌། དུད་འགྲོའི་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟན་པ་བསད་ན་མི་ཉིད་བསད་པ་ཡིན་པས་ཕམ་པ་ཁོ་ནར་འགྱུར་བ་ལྟ་བུ་དང༌། དེ་བཞིན་དུ་མི་མ་ཡིན་པ་མི་དང་དུད་འགྲོའི་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟན་པ་བསད་ན་མི་མ་ཡིན་པ་ཉིད་བསད་པ་ཡིན་པས་སྦོམ་པོར་འགྱུར་བ་ལྟ་བུ་དང༌། དེ་བཞིན་དུ་དུད་འགྲོ་མི་དང་མི་མ་ཡིན་པའི་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟན་པ་བསད་ན་དུད་འགྲོ་ཉིད་གསད་པ་ཡིན་པས་ལྟུང་བྱེད་དུ་འགྱུར་བ་ལ་སོགས་པ་ལྟ་བུའོ། །འདིར་ལྟུང་བ་རྣམ་པར་གཞག་པ་ནི་དངོས་པོའི་དབང་གིས་རྣམ་པར་གཞག་པ་ཡིན་གྱི་འདུ་ཤེས་ཀྱི་དབང་ཁོ་ནས་རྣམ་པར་གཞག་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་གིས་མིའི་འགྲོ་བར་གཏོགས་པ་མི་མ་ཡིན་པ་དང༌། དུད་འགྲོའི་འགྲོ་བ་རྣམས་གཞན་གྱི་ལུས་ཀྱི་རྣམ་
པ་བསྟན་པ་ཞིག་བསད་ན་མིར་འདུ་ཤེས་པས་ཀྱང་རུང༌། འགྲོ་བ་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ། གང་གསད་པར་བརྣག་པ་དེར་འདུ་ཤེས་པས་བསད་པའི་དུས་ན་དངོས་གཞི་ལ་ཕམ་པ་ཁོ་ནར་འགྱུར་རོ། །སྦྱོར་བ་ལ་ནི་མིའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་སྦོམ་པོའོ། །མི་མ་ཡིན་པ་དང་དུད་འགྲོའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་ཉེས་བྱས་སོ། །མི་མ་ཡིན་པའི་འགྲོ་བར་གཏོགས་པ་མི་དང་དུད་འགྲོའི་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟན་པ་ཞིག་གསོད་ན་མི་མ་ཡིན་པར་འདུ་ཤེས་པས་ཀྱང་རུང་བ་འགྲོ་བ་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ། བསད་པའི་དུས་ན་དངོས་གཞི་ལ་སྦོམ་པོར་འགྱུར་རོ། །སྦྱོར་བ་ལ་ནི་མིའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་སྦོམ་པོའོ། །མི་མ་ཡིན་པ་དང་དུད་འགྲོའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་ཉེས་བྱས་སོ། །དུད་འགྲོའི་འགྲོ་བར་གཏོགས་པར་མི་དང་མི་མ་ཡིན་པའི་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟན་པ་ཞིག་གསོད་ན་དུད་འགྲོར་འདུ་ཤེས་པས་ཀྱང་རུང༌། འགྲོ་བ་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ། བསད་པའི་དུས་ན་དངོས་གཞི་ལ་ནི་ལྟུང་བྱེད་དུ་འགྱུར་རོ། །སྦྱོར་བ་ལ་ནི་མིའི་འགྲོ་བར་གཏོགས་པ་འདུ་ཤེས་ན་ནི་སྦོམ་པོའོ། །མི་མ་ཡིན་པ་དང་དུད་འགྲོའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་ཉེས་བྱས་སོ། །འདིར་ལྷ་སྦྱིན་དུ་འདུ་ཤེས་པས་མཆོད་སྦྱིན་བསད་པ་ལ་ཕམ་པར་མི་འགྱུར་བ་ལྟ་བུར་གྱུར་ཏེ། དེ་གཉིས་ནི་རྒྱུད་ཐ་དད་པའི་ཕྱིར་ལྷ་སྦྱིན་དུ་འདུ་ཤེས་པས་མཆོད་སྦྱིན་གསད་པ་ལ་ཕམ་པར་མི་འགྱུར་བར་རིགས་སོ། །འདིར་ནི་རྒྱུད་གཅིག་ཡིན་པའི་ཕྱིར་སྦྱོར་བ་ལ་འདུ་ཤེས་ལོག་པའི་དབང་གིས་ནི་སྦྱོར་བའི་ཁ་ན་མ་ཐོ་བ་ཆེ་ཆུང་ངུ་འགྱུར་བར་ཟད་ཀྱི་དངོས་གཞི་ལ་སྲོག་གཅོད་པའི་དབང་གིས་ནི་དངོས་པོ་ཇི་ལྟ་བ་ལས་ཁ་ན་མ་ཐོ་བར་འགྱུར་རོ། །འདིར་ཁུངས་ནི་ཨུ་ཏྲ་ཡ་ནའི་རྟོགས་པ་བརྗོད་པ་དྲན་པར་བྱ་སྟེ། འདི་ལྟར་གཙུག་ཕུད་ཅན་གྱི་ཕས་དགྲ་བཅོམ་པ་ཉིད་ཐོབ་པར་མ་ཤེས་སུ་ཟིན་ཀྱང་ཕས་བུ་ལ་ཁྱོད་ཀྱིས་མཚམས་མེད་པ་གཉིས་བྱས་ཏེ། ཕ་བསད་པའི་ཕྱིར་དང་དགྲ་བཅོམ་པ་བསད་པའི་ཕྱིར་རོ་ཞེས་སྤྲིངས་པ་ལ་སོགས་པ་ལྟ་བུའོ། །མ་བྱིན་པར་ལེན་པ་དང༌། ལུས་ཀྱིས་རེག་པ་དང༌། གོས་སློང་བ་དང༌། གོས་སྦྱིན་པ་དང༌། གསོད་པ་སློང་བ་དང༌། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བ་དང་འདུག་པ་ལ་སོགས་པ་གཞན་
ལ་ན་གཞན་དུ་རྣམ་པར་གཞག་སྟེ། རེ་ཞིག་མ་བྱིན་པར་ལེན་པ་ལ་ནི་བརྐུ་བར་བྱ་བའི་རྫས་གང་ཡིན་པ་དེ་མིའི་རྒྱུད་དུ་གཏོགས་པ་དབང་བ་ཡིན་ན་མི་དེ་འགྲོ་བ་གཞན་གྱི་རྣམ་པ་བསྟན་དུ་ཟིན་ཀྱང༌། ལྟུང་བ་འབྱིན་པར་བྱེད་པས་མིའི་རྒྱུད་དུ་གཏོགས་པས་ཡོངས་སུ་བཟུང་བ་ཡིན་པར་འདུ་ཤེས་ན་ནི་དེ་ལ་དངོས་པོ་ཇི་ལྟ་བ་བཞིན་དུ་ཁ་ན་མ་ཐོ་བར་འགྱུར་རོ། །གལ་ཏེ་དེ་ལྟར་མི་ཤེས་ན་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུའོ། །ལུས་ཀྱིས་རེག་པ་ལ་སོགས་པ་ལ་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་གཞག་གོ །གནས་སྐབས་གཞན་ཐོབ་པ་ནི་གཞན་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་མ་ཡིན་པ་ལ་སོགས་པའི་ལུས་གཅིག་གིས་དགྲ་བཅོམ་པ་ཉིད་ལ་སོགས་པའི་གནས་སྐབས་གཞན་ཐོབ་པ་ནི་དེའི་རྒྱུད་གཞན་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་གང་གིས་དགྲ་བཅོམ་པ་ཉིད་མ་ཡིན་པའི་གནས་སྐབས་སུ་བསད་པའི་སྦྱོར་བ་བྱས་ནས་དེས་དགྲ་བཅོམ་པ་ཉིད་ཐོབ་པ་ན་གསོད་པར་བྱེད་ན་དེ་ལ་ཕམ་པ་དང་མཚམས་མེད་པ་གཉི་ག་འབྱུང་བ་ཁོ་ནར་འགྱུར་ཏེ། དགྲ་བཅོམ་པའི་གནས་སྐབས་གཞན་ཐོབ་བདེ་རྒྱུད་གཞན་ཉིད་མ་ཡིན་པའི་ཕྱིར་རོ། །ཉེས་པ་དེ་མེད་པ་ཉིད་ལ་འོང་བ་ནི་ཐ་དད་དོ་ཞེས་བྱ་བ་ནི་སྦྱོར་བ་དང་དངོས་གཞིའི་བར་དུ་ཉེས་པ་དེ་མེད་པའི་གནས་སྐབས་གཞན་གྱིས་ཆོད་པ་ཉིད་ལ་ཕྱིས་དངོས་གཞིའི་ཉེས་པ་འོང་བ་ནི་ཐ་དད་དེ། དཔེར་ན་དགེ་སློང་གིས་སྟན་གཅིག་ལོ་དྲུག་མ་ལོན་པར་ལོ་དྲུག་པོ་དེ་ཉིད་ཀྱི་ནང་དུ་སྟན་གཞན་ཅིག་བརྩམས་ནས་ཁྱིམ་པར་བབས་ཤིང་ཡང་ཕྱིར་བསྙེན་པར་རྫོགས་ནས། དེས་སྟན་གཞན་ཞིག་བྱེད་ཅིང་དེ་ཟིན་པར་བྱས་ནས་དེའི་འོག་ཏུ་དུས་མ་ཡིན་པ་ཁོ་ནར་སྡར་སྟན་བརྩམས་པ་དེ་ཡང་ཟིན་པར་བྱེད་ན་དེའི་ཚེ་རྩོམ་པ་དང༌། ཟིན་པར་བྱེད་པའི་མཚན་ཉིད་སྔ་ཕྱིའི་ཆ་དེ་གཉིས་ལྟུང་བ་ཐ་དད་པའི་བྱེད་པ་པོ་ཉིད་ཡིན་ཏེ། དེ་ལ་སྔར་མ་བབས་པའི་མདུན་རོལ་དུ་དུས་མ་ཡིན་པར་སྟན་གཞན་བརྩམས་པའི་ཆ་སྔ་མ་དེ་ནི་སྦྱོར་བ་ལས་བྱུང་བའི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །ཕྱིས་བསྙེན་པར་རྫོགས་ནས་སྟན་གཞན་ཞིག་བྱེད་ཅིང་དེ་ཟིན་པར་བྱས་པ་དེ་ལ་ནི་ཉེས་པ་མེད་དོ། །དེའི་འོག་ཏུ་དུས་མ་ཡིན་པ་ཁོ་ནར་སྔར་སྟན་བརྩམས་པ་དེ་ཡང་ཟིན་པར་བྱེད་པའི་ཆ་ཕྱི་མ་དེ་ནི་སྤོང་བའི་ལྟུང་བྱེད་ཀྱི་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་པ་ལ་སོགས་པ་ལྟ་བུའོ། །བཏང་བ་ཡང་ངོ་ཞེས་བྱ་བས་ནི་སྦྱོར་བ་བརྩམས་ནས་བཏང་བའི་དངོས་གཞིའི་ཕྱིས་བྱེད་པ་ཡང་ཐ་དད་དེ་གང་བརྩམས་པའི་ལས་དེ་བསམ་
པ་ཐག་པ་ནས་བཏང་བ་གང་ཡིན་པའི་ལས་དེ་ཕྱིས་བྱེད་པ་ཡང་ཐ་དད་པ་ཡིན་ཏེ། བྱེད་འདོད་པ་ལོག་པའི་ཕྱིར་རོ། །དཔར་ན་ཁང་པའམ་སྟན་བརྩམས་ནས་བཏང་སྟེ་ཡང་བྱེད་ན་སྡར་བརྩམས་པ་དང་ཕྱིས་བྱས་ཟིན་པའི་གནས་སྐབས་དེ་གཉིས་སྦྱོར་བ་དང༌། དངོས་གཞིའི་ལྟུང་བ་ཐ་དད་པའི་བྱེད་པ་པོ་ཉིད་ཡིན་པ་ལ་སོགས་པ་ལྟ་བུའོ། །གཞི་གཅིག་ལ་དུ་མ་ཉིད་བཅས་པ་ལ་ནི་ཇི་སྙེད་པ་དེ་སྙེད་ཀྱི་ཉེས་པར་འགྱུར་རོ་ཞེས་བྱ་བ་ནི་གང་དུ་གཞི་གཅིག་ལ་བསླབ་པའི་གཞི་དུ་མ་བཅས་པར་གྱུར་པ་དེ་ལ་ནི་ཅི་སྙེད་བཅས་པར་གྱུར་པ་དེ་ཁོ་ནའི་ལྟུང་བ་དག་འབྱུང་བར་འགྱུར་ཏེ། དཔེར་ན་བརྫུན་དུ་སྨྲ་བ་དང༌། སྐྱོན་ནས་སྨྲས་པ་བཀག་པ་དག་གཞི་གཅིག་ལ་བརྫུན་གྱི་སྐྱོན་ནས་སྨྲས་ན་ཤེས་བཞིན་དུ་བརྫུན་སྨྲ་བའི་ལྟུང་བྱེད་དང༌། སྐྱོན་ནས་སྨྲ་བའི་ལྟུང་བྱེད་གཉིས་འབྱུང་བ་ལྟ་བུ་དང༌། དགེ་ཚུལ་བསྙིལ་བ་དང་ལྷན་ཅིག་ཞག་གསུམ་ཉལ་བ་ལ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དང༌། བསྙིལ་བ་སྡུད་པའི་ལྟུང་བྱེད་གཉིས་འབྱུང་བ་ལྟ་བུ་དང༌། དེ་བཞིན་དུ་བུད་མེད་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཞག་གསུམ་ཉལ་བ་དང༌། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དང་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་གཉིས་འབྱུང་བ་ལ་སོགས་པ་ལྟ་བུའོ། །དེའི་ཆ་ནི་དེར་གཏོགས་སོ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་ལྕི་བ་དེའི་ཆ་ནི་དེ་དང་རིགས་མཐུན་པའི་ཁ་ན་མ་ཐོ་བ་ཡང་དེར་གཏོགས་ཏེ། ཁ་ན་མ་ཐོ་བ་ཡང་ལྕི་བ་མི་ཚངས་པར་སྤྱོད་པ་ལ་སོགས་པ་དེའི་ཆ་ཞེས་བྱ་བ་བཤན་ནམ་ལྷག་མ་ནི་དེ་དང་རིགས་མཐུན་པའི་ཁ་ན་མ་ཐོ་བ་ཡང་དེར་གཏོགས་ཏེ། རིགས་མི་མཐུན་པར་ཡང་མ་གཏོགས་ལ། རིགས་མཐུན་པ་ཉིད་ཀྱི་ལྕི་བར་ཡང་མ་གཏོགས་སོ། །དེ་ལ་རེ་ཞིག་མི་ཚངས་པར་སྤྱོད་པའི་ཆ་གང་ཞེ་ན། ཁུ་བ་འཕྱིན་པ་དང༌། ལུས་ཀྱིས་རེག་པ་དང༌། འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་དང༌། སྨྱན་བྱེད་པ་དང༌། འཁྲུར་འཇུག་པ་དང༌། ལེན་པ་དང༌། བལ་རྨེལ་དུ་འཇུག་པ་དང༌། ཚིག་ལྔ་འམ་དྲུག་ལས་ལྷག་པར་ཆོས་སྟོན་པ་དང༌། མ་བསྐོས་པར་སྟོན་པ་ལ་སོགས་པ་བཅུ་དང༌། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང༌། འགྲེང་བ་དང༌། གཅེར་བུ་པ་དང༌། གཅེར་བུ་མ་ལ་སྦྱིན་པ་དང༌། བུད་མེད་དང་ལྷན་ཅིག་ཉལ་བ་དང༌། སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་ལམ་དུ་
འགྲོ་བ་དང༌། དུས་མ་ཡིན་པར་གྲོང་དུ་འགྲོ་བ་དང༌། དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་དང༌། གྲལ་རིམས་སུ་མ་ཕེབས་པར་འདྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བ་དང༌། ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་ཞེས་བྱ་བ་ལ་སོགས་པ་དག་གོ །མ་བྱིན་པར་ལེན་པའི་ཆ་གང་ཞེ་ན། བསྔོས་པ་ལས་བསྒྱུར་བ་དང༌། སྐྲོད་པ་དང༌། སྦེད་པ་དང༌། ཕྱིར་མ་བླངས་པར་སྤྱོད་པ་དང༌། རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བ་དང༌། མ་བསྐོ་བར་ཁྱིམ་པའི་ཁྱིམ་དུ་སྟན་ལ་འདུག་པ་ལ་སོགས་པའོ། །མི་གསོད་པའི་ཆ་གང་ཞེ་ན། རྩོད་པ་དང་བཅས་པའི་གཞི་མི་གཏོང་བདག་དང༌། ས་བོན་གྱི་ཚོགས་དང༌། སྐྱེ་བོའི་ཚོགས་འཇིགས་པ་དང༌། བསྒོ་བ་རྣལ་གཟོན་པ་དག་དང༌། ཕྱིས་གནོན་བྱེད་པ་དང༌། རྩ་བ་འབྱུང་བ་ལ་འཇུག་པ་དང༌། སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་དང༌། དམག་ལ་ལྟ་བ་དང༌། དམག་གི་ནང་ན་གནས་པ་དང༌། བཤམ་པ་དཀྲུགས་པ་དང༌། རྡེག་པ་དང༌། གཟས་པ་དང༌། ཟན་གཅོད་དུ་འཇུག་པ་དང༌། དུད་འགྲོ་གསོད་པ་དང༌། འགྱོད་པ་སྐྱེས་པ་དང༌། ག་ག་ཚིལ་བྱེད་པ་དང༌། སྔགས་པར་བྱེད་པ་དང༌། ས་རྐོ་བ་ལ་སོགས་པའོ། །མིའི་ཆོས་བླ་མ་སྨྲ་བའི་ཆ་གང་ཞེ་ན། གཞི་མེད་པ་དང༌། བག་ཙམ་དང༌། འདུན་པ་ལ་སོགས་པས་འགྲོའོ་ཞེས་བྱ་བའི་ཚིག་དང༌། བཤེས་ངོར་བྱེད་པ་དང༌། འཕྱ་བ་དང་གཞོགས་འཕྱས་བྱེད་པ་དང༌། དགེ་འདུན་གྱི་དབྱེན་དང༌། བརྫུན་དུ་སྨྲ་བ་དང༌། མིའི་ཆོས་བླ་མ་བདེན་པར་སྨྲ་བ་ལ་སོགས་པའོ། །ཕམ་པར་འགྱུར་པས་སྐུར་བ་འདེབས་པའི་ཆ་གང་ཞེ་ན། དགེ་འདུན་ལྷག་མས་སྐུར་བ་འདེབས་པའོ། །དགེ་འདུན་ལ་དབྱེན་བྱེད་པའི་ཆ་གང་ཞེ་ན། དགེ་སློང་ལ་ཕྲ་མ་བྱེད་པ་དང༌། སྐྱོ་སྔོགས་བྱེད་པ་དང༌། འདུན་པ་ཕྱིར་བསྒྱུར་བ་དང༌། ལྟ་བའི་རྣམ་པ་མི་གཏོང་བ་དང༌། སྤངས་པའི་རྗེས་སུ་ཕྱོགས་པ་དང༌། བསྙིལ་བ་སྡུད་པ་དང༌། གནས་ངན་ལེན་བརྗོད་པ་དང༌། ཁྱད་དུ་གསོད་པ་དང༌། འདུས་ཤིང་ཟ་བ་དང༌། མི་སྨྲ་བར་འགྲོ་བ་ལ་སོགས་པའོ། །བཀའ་བློ་མི་བདེ་བའི་ཆ་གང་ཞེ་ན། བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་དང༌། མ་གུས་པའི་ཚུལ་ལ་སོགས་པའོ། །ལྟུང་བྱེད་ཀྱི་ནང་ནས་ཀྱང་སོག་འཇོག་བྱས་པ་ཟ་བའི་ཆ་ནི་ནང་དུ་བཅོས་པ་དང༌། ནང་དུ་ཞག་ལོན་པ་དང༌། དགེ་སློང་གིས་
བཙོས་པ་ཟ་བ་ལ་སོགས་པའོ། །ལྟུང་བ་གཞན་གྱི་ཆ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེ་ལ་འདིར་དོན་ནི་འདི་ཡིན་ཏེ། མི་ཚངས་པར་སྤྱོད་པའི་ཆ་ཁུ་བ་འབྱིན་པ་ལ་སོགས་པ་དེ་དག་ནི་མི་ཚངས་པར་སྤྱོད་པའི་ཁ་ན་མ་ཐོ་བ་ལྕི་བ་དེ་དང་རིས་མཐུན་པའི་ཁ་ན་མ་ཐོ་བ་ཡང་བར་གཏོགས་པ་ཡིན་གྱི་རིས་མི་མཐུན་པར་གཏོགས་པ་མ་ཡིན་ལ། ལྟུང་བ་རྣམ་པར་གཞག་པ་ནི་མི་ཚངས་པར་སྤྱོད་པའི་ཆ་ནི་མི་ཚངས་པར་སྤྱོད་པ་ཉིད་དང༌། དེའི་སྦོམ་པོ་དང་ཉེས་བྱས་སུ་མ་གཏོགས་ཀྱི་ཆ་སོ་སོར་ལྟུང་བར་གཏོགས་ཏེ། དེས་ན་ཁུ་བ་འབྱིན་པ་ནི་མི་ཚངས་པར་སྤྱོད་པའི་ཆ་ཡིན་ལ། དགེ་དུན་ལྷག་མའི་ལྟུང་བར་འགྱུར་བ་དང༌། ལུས་ཀྱིས་རེག་པ་ཡང་མི་ཚངས་པར་སྤྱོད་པའི་ཆ་ཡིན་ལ། དགེ་འདུན་ལྷག་མའི་ལྟུང་བར་འགྱུར་གྱི་དེ་དག་མི་ཚངས་པར་སྤྱོད་པའི་སྦོམ་པོ་དང༌། ཉེས་བྱས་སུམ་གཏོགས་པ་ལྟུང་བུའོ། །གཞན་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །ཕྱུང་བ་ཐམས་ཅད་མ་ལ་མཐའ་ཉིད་མ་གཏོགས་པ་ནི་དགེ་འདུན་ལྷག་མའོ་ཞེས་བྱ་བ་འདིས་ནི་སྔར་ཁ་ན་མ་ཐོ་བ་ལྕི་བ་དེའི་ཆ་དེ་ནི་དེ་དང་རིས་མཐུན་པའི་ཁ་ན་མ་ཐོ་བ་ཡང་འདིར་གཏོགས་སོ་ཞེས་བཤད་པ་དེ་ཉིད་ཀྱིས་སྤྲོས་པ་གཞན་བསྟན་ཏེ་ཁུ་བ་ཕུང་བ་ཐམས་ཅད་ལ་མཐའ་ཉིད་ཅེས་བྱ་བ་ཕམ་པར་འགྱུར་བ་ཉིད་མ་གཏོགས་པ་ལ་ནི་དགེ་འདུན་ལྷག་མ་ཁོ་ནར་འགྱུར་པའོ། །དཔེར་ན་སྤྱད་མི་བཟོད་པའི་བུད་མེད་དང་ལྷན་ཅིག་ཉམས་པར་བྱེད་པ་དང༌། མགོ་བཅད་པའི་ཁ་ལ་སོགས་པ་དག་ཏུ་ཉམས་པར་བྱེད་པ་ནི་སྦོམ་པོར་འགྱུར་ལ། ཁུ་བ་འབྱིན་པའི་འདུན་པས་ཁུ་བ་ཕྱུང་བ་ལ་ཕམ་པ་ཉིད་མ་ཡིན་ལ་ཐམས་ཅད་ནི་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མར་ཤེས་པར་བྱའོ། །འདིར་གང་དག་དགེ་འདུན་ལྷག་མར་མི་འགྱུར་སྟེ། དེ་ནི་བྱ་བ་གཞན་གྱིན་ནོ་སྙམ་དུ་སེམས་པ་དེ་དག་གི་བསམ་པ་བཟློག་པའི་ཕྱིར་རོ། །སྦྱོར་བ་གང་ལ་དངོས་གཞི་གཞན་དུ་གྱུར་པ་ཁ་ཅིག་ལ་དགེ་འདུན་ལྷག་མ་ལ་སོགས་པའི་ལྟུང་བ་རྣམ་པར་མ་བཞག་པ་དེ་ལ་ན་སྨད་པའི་ལྟུང་བ་རྣམ་པར་གཞག་པ་ཡང་ཡོད་དེ། དཔེར་ན་མི་ཚངས་པར་སྤྱོད་པའི་ཕྱིར་ཁྲི་ལས་ལྡང་བ་དང་ཤམ་ཐབས་གྱོན་པ་ལ་སོགས་པ་མི་ཚངས་པར་སྤྱོད་པའི་སྦོམ་པོར་གྱུར་པ་ལྟ་བུའོ། །སྦྱོར་བ་གང་ལ་དངོས་གཞིར་འགྱུར་བའི་ལྟུང་བ་གཞན་དུ་རྣམ་པར་གཞག་པ་དེ་ལ་དེ་ཉིད་དུ་འགྱུར་བ་ཡང་ཡོད་དེ། དཔེར་ན་མི་ཚངས་པར་སྤྱོད་པའི་སྦྱོར་བས་
བསྙེན་བཀུར་བསྔགས་པ་ལ་སོགས་པ་དགེ་འདུན་ལྷག་མའི་དངོས་གཞི་ཉིད་དུ་འགྱུར་བ་ལྟ་བུའོ། །དེ་ལྟ་བས་ན་མི་ཚངས་པར་སྤྱོད་པའི་བསམ་པས་བུད་མེད་ལ་རེག་པ་ནི་རེག་པའི་དགེ་འདུན་ལྷག་མ་ཡིན་གྱི་ཕམ་པའི་སྦོམ་པོ་མ་ཡིན་ནོ། །མི་ཚངས་པར་སྤྱོད་པའམ། འཁྱུད་པ་ལ་སོགས་པ་བྱ་བར་བསམས་ཏེ་དབེན་པ་སྐྱབས་ཡོད་པ་ན་བུད་མེད་གཅིག་པུ་དང་ལྷན་ཅིག་འདུག་པའམ། འགྲེང་བ་ཉམས་སུ་མྱོང་བར་བྱེད་པ་ནི་ལྟུང་བྱེད་ཁོ་ན་ཡིན་གྱི་མི་ཚངས་པར་སྤྱོད་པ་དང་དགེ་འདུན་ལྷག་མའི་སྦྱོར་བའི་སྦྱོར་བའི་ཉེས་བྱས་ནི་མ་ཡིན་ནོ། །འོ་ན་གང་མི་ཚངས་པར་སྤྱོད་པའི་རྩོམ་པ་ལ་ཞུགས་པ་ལ་ཁུ་བ་འབྱུང་བའི་དུས་ན་དགེ་འདུན་ལྷག་མའི་བྱ་བ་ལ་གནས་པའི་སྦྱོར་བ་དེ་ལ་ཁ་ན་མ་ཐོ་བ་གང་གི་སྦྱོར་བ་ཡིན་པར་ཤེས་པར་བྱ་ཞེན་སྦྱོར་བ་སྔ་མ་ནི་ཕམ་པར་འགྱུར་བའི་སྦྱོར་བ་ཡིན་ལ། གང་ཚུན་ཆད་དེ་ལ་ཁུ་བ་དབྱུང་བའི་བསམ་པ་སྐྱེས་པ་དེ་ཚུན་ཆད་ནི་དགེ་འདུན་ལྷག་མར་འགྱུར་བའི་སྦྱོར་བ་ཡིན་ནོ། །དེ་ལྟར་ན་དེ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ཏེ། ཕམ་པར་འགྱུར་བའི་ཉེས་པ་སྦོམ་པོ་དང༌། དགེ་འདུན་ལྷག་མར་འགྱུར་བའི་ཉེས་པ་སྦོམ་པོའོ། །བྱ་བ་དུ་མའི་འབྲས་བུས་ལྟུང་བ་རྣམ་པར་མི་གཞག་གོ་ཞེས་བྱ་བ་ནི་བྱ་བ་འབྲས་བུ་ཐ་དད་པས་བར་དུ་ཆོད་པ་འབྲས་བུ་ཐ་དད་པས་གྲུབ་པ་དུ་མ་དག་གི་འབྲས་བུ་གཅིག་ཏུ་བསྡུས་པས་དངོས་གཞིའི་ལྟུང་བ་རྣམ་པར་མི་གཞག་སྟེ། དེ་དག་གི་འབྲས་བུ་ནི་ཐ་དད་པ་ཉིད་ཡིན་ནོ། །དཔེར་ན་ཉུང་དུ་ཉུང་དུར་བརྐུས་པ་གཅིག་ཏུ་བསྡོམས་པས་མ་ཤ་ཀ་ལྔ་ལ་སོགས་པའི་ཚད་དུ་ཆོག་པ་གང་ཡིན་པ་དེས་ཕམ་པར་མི་འགྱུར་བ་ལྟ་བུ་དང༌། ཁང་པ་ཆུང་ངུ་དུ་མའི་གཞི་བསྡོམས་པས་ཚད་ལས་ལྷག་པར་གྱུར་པ་གང་ཡིན་པ་དེས་དགེ་འདུན་ལྷག་མར་མི་འགྱུར་བ་ལྟ་བུ་དང༌། དེ་བཞིན་དུ་གོས་ཀྱི་དུམ་བུ་ཚད་དུ་མི་ཆོག་པ་དུས་མ་ཚང་པར་བཅངས་ཏེ་གཏོང་བར་བྱེད་ཅིང༌། ཡང་གོས་ཀྱི་དུམ་བུ་གཞན་ཞིག་དུས་གཞན་དུ་བཅངས་ཏེ་གཏོང་བར་བྱེད་པ་དང༌། ཡང་དུས་གཞན་དུ་བཅངས་ཏེ་གཏོང་བར་བྱེད་པའི་དུས་དེ་དག་སྤྱིར་བསྡོམས་ན་འཆང་བའི་དུས་ལས་ལྷག་ཏུ་ཟིན་ཀྱང་དེ་ལྟ་མོད་ཀྱི་བཅངས་པ་ཞག་དེ་དག་གི་འབྲས་བུ་ཐ་དད་པའི་ཕྱིར་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་བུ་དང༌། དེ་བཞིན་དུ་ལམ་ན་བལ་ཐོགས་པ་ཡང་ཉིན་རེ་ཞིང་ཆུང་ཟད་ཆུང་ཟད་དུ་ཁྱེར་བའི་ལམ་སྤྱིར་བསྡོམས་པས་རྒྱང་གྲགས་ཀྱི་མཐའ་ལས་འདས་སུ་ཟིན་ཀྱང་བྱ་བ་ཐ་དད་པའི་དེ་དག་འབྲས་བུ་གཅིག་ཏུ་བསྡོམས་པ་སྤང་པའི་ལྟུང་བྱེད་
དུ་མི་འགྱུར་བ་ལྟ་བུ་དང༌། ཞག་བརྒྱུད་མ་མ་ཡིན་པར་སྐབས་སྐབས་སུ་གཞན་དུ་སོང་བའི་ཞག་སྤྱིར་བསྡོམས་པས་ཞག་དྲུག་ལས་ལྷག་ཏུ་ཟིན་ཀྱང་དེ་དག་ཞག་དྲུག་གིས་འབྲལ་བའི་སྤང་བར་མི་འགྱུར་བ་ལྟ་བུ་དང༌། དུས་གཞན་དང་གཞན་དུ་ཚིག་རེ་རེ་སྨྲས་པའི་ཚིག་རྣམས་སྤྱིར་བསྡོམས་པས་ཚིག་ལྔའམ་དྲུག་ལས་ལྷག་ཏུ་ཟིན་ཀྱང་ཚིག་ལྔ་འམ་དྲུག་ལས་ལྷག་པར་ཆོས་སྟོན་པའི་ལྟུང་བྱེད་དུ་མི་འགྱུར་བ་ལ་སོགས་པ་ལྟ་བུའོ། །བྱེད་བྱས་པ་ལ་ཕྱེད་ཉིད་དོ་ཞེས་བྱ་བ་ལ་འདིར་ཕྱེད་བྱས་པ་ལ་ཞེས་བྱ་བའི་ཕྱེད་ཀྱི་སྒྲ་ནི་ཡན་ལག་གི་ཚིག་སྟེ། ལྟུང་བ་ཀུན་ལས་སློང་བར་བྱེད་པའི་ལས་བརྩམ་པ་ཕྱེད་བྱས་པ་དེ་ལ་ལྷག་མ་སྒྲུབ་པར་བྱེད་པ་དེ་ནི་ལྟུང་བའི་ཕྱེད་ཉིད་དུ་འགྱུར་ཏེ་ན་སྨད་དོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་བསྟན་ཏེ་ཕྱེད་བྱས་པ་ཟིན་པའི་ལྷག་མ་ཕྱེད་གྲུབ་པར་བྱེད་པ་དེ་ལ་ནི་དང་པོ་བརྩམས་ཚུན་ཆད་ནས་མཐར་ཐུག་པའི་བར་ལ་ཉེས་པའི་དངོས་གཞི་ཞེས་བྱ་བ་གང་འབྱུང་བ་དེ་ཚིག་འོག་མར་ན་སྨད་པར་བྱས་ཏེ། དཔེར་ན་གོས་རྙིང་པ་ཆུང་བ་ཞིག་བཀྲུས་པ་དང༌། བཙོས་པ་དང༌། བཅགས་པ་ཞིག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཁྲུར་བཅོལ་ཏམ། འཚེད་དུ་བཅོལ་ཏམ། འཆག་ཏུ་བཅོལ་ན་ཉེས་བྱས་སུ་འགྱུར་བ་ལྟ་བུ་དང༌། སྲིན་བལ་རྙིང་པ་དང་ལུག་གི་བལ་ནག་པོ་རྙིང་པ་ལས་སྟན་བྱས་ན་ཉེས་བྱས་སུ་འགྱུར་བ་ལྟ་བུ་དང༌། ལུག་གི་བལ་ཅུང་ཟད་བཀྲུས་པ་དང༌། བཙོས་པ་དང༌། རྨེལ་བ་ཞིག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཁྲུར་བཅོལ་ཏམ། འཚེད་དུ་བཅོལ་ཏམ། རྨེལ་དུ་བཅོལ་ན་ཉེས་བྱས་སུ་འགྱུར་བ་ལ་སོགས་པ་ལྟ་བུའོ། །ཁ་ན་མ་ཐོ་བ་ན་སྨད་པ་དག་གི་ཆ་ཉིད་ནི་ན་སྨད་པ་ཡིན་ནོ་ཞེས་བྱ་བ་ནི་ཕམ་པར་འགྱུར་བ་ལ་སོགས་པ་དངོས་གཞིའི་ཁ་ན་མ་ཐོ་བ་དག་ལ་ན་སྨད་པ་སྦོམ་པོའོ། །ཁ་ན་མ་ཐོ་བ་ལ་སོགས་པ་དག་གི་ཆ་ཉིད་ནི་ན་སྨད་པ་ཡིན་ནོ། །ན་སྨད་པའི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དཔེར་ན་ཉེས་པ་སྦོམ་པོ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པར་བྱ་བ་དང༌། ཉེས་བྱས་དག་གིས་སྐུར་པ་བཏབ་པ་ལ་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །འཚམས་མེད་པ་གསུམ་པོ་ཕ་བསད་པ་དང༌། མ་བསད་པ་དང༌། དགྲ་བཅོམ་པ་བསད་པ་དག་གིས་སྐུར་བ་འདེབས་པ་དེ་ལ་ནི་དགེ་འདུན་ལྷག་མར་འགྱུར་ཏེ། དེ་གསུམ་ཕམ་པར་འགྱུར་བ་ཡིན་པའི་ཕྱིར་རོ། །མཚམས་མེད་པ་གཉིས་པོ་དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་
དག་གིས་སྐུར་བ་འདེབས་པ་དེ་ལ་ནི་ཉེས་བྱས་སུ་འགྱུར་ཏེ། དེ་གཉིས་སྦོམ་པོ་ཡིན་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ་ཕམ་པར་འགྱུར་བ་དང༌། དགེ་འདུན་ལྷག་མ་དག་གིས་སྐུར་བ་འདེབས་པ་ལ་ནི་གོ་རིམས་བཞིན་དུ་དགེ་འདུན་ལྷག་མ་དང་ལྟུང་བྱེད་དག་ཏུ་འགྱུར་བ་ལ་དེ་དག་བས་ན་སྨད་པ་ཉེས་པ་སྦོམ་པོ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པར་བྱ་བ་དང༌། ཉེས་བྱས་དག་གིས་སྐུར་བ་འདེབས་པ་ལ་ནི་ཆ་ཉིད་ན་སྨད་པ་ཡིན་པའི་ཕྱིར་ཉེས་བྱས་སུ་འགྱུར་རོ། །ཐམས་ཅད་ལ་ཐེ་ཚོམ་ཟ་བས་ཞུགས་པ་ནི་བསམ་པ་དང་བཅས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གཞི་ཐམས་ཅད་ལ་ཐེ་ཚོམ་ཟ་བཞིན་དུ་འཇུག་པའི་གང་ཟག་གིས་འདི་མི་ཡིན་ནམ་འོན་ཏེ་མི་མ་ཡིན། འདི་བདག་གི་མ་ཡིན་ནམ་འོན་ཏེ་བདག་གི་མ་མ་ཡིན། འདི་བདག་གི་ཕ་ཡིན་ནམ་འོན་ཏེ་བདག་གི་ཕ་མ་ཡིན། འདི་དགྲ་བཅོམ་པ་ཡིན་ནམ་འོན་ཏེ་དགྲ་བཅོམ་པ་མ་ཡིན། འདི་དེ་ཡིན་ནམ་འོན་ཏེ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གཞི་ཐམས་ཅད་ལ་ཐེ་ཚོམ་ཟ་བས་ཞུགས་པའི་གང་ཟག་དེ་ནི་བསམ་པ་དང་བཅས་པ་ཉིད་ཡིན་ཏེ། དེ་ལྟར་ཐེ་ཚོམ་ཟ་བས་ཞུགས་པའི་གང་ཟག་དེས་གཞི་གང་ཡིན་པ་བྱེད་བྲག་མ་ཕྱེད་དུ་ཟིན་ཀྱང་སྲོག་གཅོད་པ་ལ་ཞུགས་པའི་དུས་ནི་གང་ཡིན་ཡང་བླང་བར་བྱའོ་སྙམ་པའི་གསོད་སེམས་ཀྱི་བསམ་པ་ཡོད་པས་དེའི་ཕྱིར་ཐེ་ཚོམ་ཟ་བས་ཞུགས་པ་ནི་བསམ་པ་དང་བཅས་པ་ཡིན་ནོ། །དེ་ལྟ་མ་ཡིན་དུ་ཟིན་ན་གསོད་པ་ལ་འཇུག་པར་ཡང་མི་འགྱུར་རོ། །འདི་མི་ཡིན་ནམ་འོན་ཏེ་མི་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བཞིན་དུ་གསད་པ་ལ་ནི་གསད་པར་བྱ་བའི་གཞི་ཇི་ལྟ་བ་ལས་ལྟུང་བར་འགྱུར་ཏེ། མི་ཡིན་ན་ནི་ཕམ་པར་འགྱུར་ལ། མི་མ་ཡིན་པ་ཞིག་ཡིན་ན་ནི་སྨད་པར་འགྱུར་རོ། །འདི་བདག་གི་མ་ཡིན་ནམ་འོན་ཏེ་བདག་གི་མ་མ་ཡིན་ཞེས་བྱ་བ་ལ་སོགས་པར་ཐེ་ཚོམ་ཟ་བཞིན་དུ་བསད་པ་ལ་ནི་གསད་པར་བྱ་བའི་གཞི་དེ་བདག་གི་མའམ་ཕའམ་དགྲ་བཅོམ་པ་ཉིད་ཡིན་ན་ནི་ཕམ་པ་དང་མཚམས་མེད་པར་འགྱུར་རོ། །གང་བདག་ཆགས་པ་དེ་ནི་འདི་ཡིན་ནམ་འོན་ཏེ་མ་ཡིན། འདི་བུད་མེད་ཡིན་ནམ་འོན་ཏེ་མ་ཡིན་སྙམ་དུ་ཐེ་ཚོམ་པ་བཞིན་དུ་ལུས་ཀྱིས་རེག་པ་འམ། མི་ཚངས་པར་སྤྱད་ན་གཞི་ཇི་ལྟ་བ་ལས་ཁ་ན་མ་ཐོ་བར་འགྱུར་རོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ་ཞེས་བྱ་བ་ནི་སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་གྱི་
དོན་ཉིད་ནི་མ་ཡིན་ཏེ། དཔེར་ན་དུད་འགྲོ་ལ་མིར་འདུ་ཤེས་པས་བསད་ན་སྦྱོར་བ་ལ་སྦོམ་པོ་ཉིད་དུ་འགྱུར་བ་དང༌། མི་ལ་དུད་འགྲོར་འདུ་ཤེས་པས་བསད་ན་སྦྱོར་བ་ལ་ཉེས་བྱས་སུ་འགྱུར་བ་དང༌། དེ་བཞིན་དུ་མི་མ་ཡིན་པ་ལ་མིར་འདུ་ཤེས་པས་བསད་ན་སྦྱོར་བ་ལ་སྦོམ་པོར་འགྱུར་བ་དང༌། མི་ལ་མི་མ་ཡིན་པར་འདུ་ཤེས་པས་དེ་བསད་ན་སྦྱོར་བ་ལ་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །མ་བྱིན་པར་ལེན་པ་དང༌། མིའི་ཆོས་བླ་མ་སྨྲ་བ་དང༌། ལུས་ཀྱིས་རེག་པ་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །བསམ་པ་ནི་དེ་ཉིད་དོ་ཞེས་བྱ་བ་འདིས་ནི་དངོས་གཞི་ལ་དོན་ཉིད་ཡན་ལག་ཡིན་པར་སྟོན་ཏེ། སེམས་ཅན་ནམ་རྫས་ལ་བསམས་ཏེ་ཞུགས་པ་གང་ཡིན་པ་དེ་ལ་ནི་བསམ་པའི་དོན་གྱི་རང་གི་ངོ་བོ་ཉིད་ཡན་ལག་ཡིན་ནོ། །འདི་སྐད་བསྟན་ཏེ། ལྟུང་བ་འབྱིན་པར་བྱེད་པས་གང་ལས་བསམས་ཏེ་འཇུག་པ་ན་བསམས་ཏེ་ཞུགས་པའི་དངོས་པོ་དེ་ཉིད་ཡན་ལག་ཡིན་ཏེ། གལ་ཏེ་དོན་དེ་ཉིད་ཡིན་ན་ནི་དེའི་ཚེ་དངོས་གཞིར་འགྱུར་ལ། གལ་ཏེ་མ་ཡིན་ན་ནི་མི་འགྱུར་རོ། །དཔེར་ན་གཉིས་འཁོད་པ་ལས་གཅིག་གསད་པར་བྱའོ་སྙམ་པ་ལས་ཅིག་ཤོས་བསད་པ་དང༌། དགྲ་བཅོམ་པ་གསད་པར་བྱའོ་སྙམ་པ་ལས་དགྲ་བཅོམ་པ་མ་ཡིན་པ་བསད་པ་དང༌། མ་གསད་པར་བྱ་བ་སྙམ་པ་ལས་མ་མ་ཡིན་པར་བསད་པ་དང༌། ཕ་གསད་པར་བྱའོ་སྙམ་པ་ལས་ཕ་མ་ཡིན་པ་བསད་པ་དང༌། མི་གསད་པར་བྱའོ་སྙམ་པ་ལས་མི་མ་ཡིན་པ་བསད་པ་དང༌། མི་མ་ཡིན་པ་གསད་པར་བྱའོ་སྙམ་པ་ལས་མི་བསད་པ་ལ་སོགས་པ་ནི་སྦྱོར་བའི་ལྟུང་བ་ཁོ་ནར་འགྱུར་གྱི་དངོས་གཞིར་ནི་མི་འགྱུར་རོ། །དེ་བཞིན་དུ་དུད་འགྲོ་གསད་པར་བྱའོ་སྙམ་པ་ལས་མི་བསད་ན་ཡང་ཉེས་བྱས་སོ། །ཤིང་ལྗོན་པ་ལ་སོགས་པ་སེམས་མེད་པ་བཅད་དོ་སྙམ་པ་ལས་མ་ལ་སོགས་པ་བསད་ན་ཡང་སྦྱོར་བ་ཞེས་བྱ་བའི་ཉེས་བྱས་སོ། །ཤིང་སྐམ་པོ་ལ་སོགས་པ་བཅད་ན་ཉེས་པ་ཅིར་ཡང་མི་འགྱུར་བ་བཅད་དོ་སྙམ་པ་ལས་མ་ལ་སོགས་པ་བསད་པ་ལ་ནི་སྦྱོར་བར་ཡང་མི་འགྱུར་པ་དངོས་གཞིར་ཡང་མི་འགྱུར་རོ། །དེ་བས་ན་དངོས་གཞིའི་སྐབས་སུ་ནི་གཞི་ལས་བསམས་ཏེ་ཞུགས་པའི་གཞི་དེ་ཉིད་ཡན་ལག་ཡིན་ནོ། །མི་ཚངས་པར་སྤྱོད་པ་དང༌། ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་དེ་ཉིད་ལ་ནི་བསམ་པ་འབའ་ཞིག་ཡན་ལག་
ཡིན་པར་མ་ཟད་ཀྱི་བསམ་པ་མ་ཡིན་པའི་དོན་གཞན་ལ་ཡང་ཡན་ལག་ཡིན་ནོ། །བུད་མེད་ལ་སོགས་པ་གང་བསམས་པའི་དོན་དེ་ཉིད་ཡན་ལག་ཡིན་པར་མ་ཟད་ཀྱི་མ་བསམས་པའི་དོན་གཞན་ཡང་ཡན་ལག་ཡིན་ཏེ། འདི་གཉིས་ལ་ནི་ཡུལ་གང་ཡང་རུང་བའི་རེག་པ་བདག་གིར་བྱེད་པ་གཙོ་བོ་ཡིན་པའི་ཕྱིར་རོ། །དེས་ན་གང་བསམས་པའི་བུད་མེད་དེ་ཉིད་དང་མི་ཚངས་པར་སྤྱོད་ན་ཡང་ཕམ་པར་འགྱུར་ལ། དེ་ཉིད་དང་སྤྱད་དོ་སྙམ་པ་ལས་ནོར་ཏེ་གཞན་ཞིག་དང་སྤྱད་ན་ཡང་ཕམ་པ་ཁོ་ནར་འགྱུར་རོ། །བསམས་པས་སེམས་ཅན་དུ་བགྲང་བའི་ཡན་ལག་རྐེད་པ་ལ་སོགས་པ་ལ་དྲུད་པས་ཁུ་བ་ཕྱུང་བ་ལ་ཡང་དགེ་འདུན་ལྷག་མར་འགྱུར་ལ། བསམས་པ་མ་ཡིན་པ་སེམས་ཅན་དུ་བགྲང་བའི་ཡན་ལག་རྐེད་པ་ལ་སོགས་པ་ལ་དྲུད་པས་ཁུ་བ་ཕྱུང་བ་ལ་ཡང་དགེ་འདུན་ལྷག་མར་འགྱུར་བ་དང༌། བསམས་པ་སེམས་ཅན་དུ་བགྲང་བ་མ་ཡིན་པ་བུམ་པ་ལ་སོགས་པ་ལས་ཀྱང་སྦོམ་པོར་འགྱུར་ལ། བསམས་པ་དེ་དང་ནོར་པས་སེམས་ཅན་དུ་བགྲང་བ་མ་ཡིན་པ་གཞན་ལས་ཀྱང་སྦོམ་པོར་འགྱུར་བ་དང་འདྲ་བའི་ཕྱིར་རོ། །མི་བདེན་པ་ལ་ནི་ཉན་པ་པོ་ཡང་ངོ་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བའི་ཡུལ་ལ་ཡང་བསམས་པ་ཡན་ལག་ཡིན་པར་མ་ཟད་ཀྱི་མ་བསམས་པ་ཡང་ཡན་ལག་ཡིན་ཏེ། དེས་ན་ཉན་པ་པོ་གང་ལ་བརྫུན་སྨྲ་བར་བསམས་པ་དེ་གཉིས་ལ་སྨྲས་ན་ཁ་ན་མ་ཐོ་བར་འགྱུར་བར་མ་ཟད་ཀྱི་ཉན་པ་པོ་མ་བསམས་པ་གཞན་ལ་མིའི་ཆོས་བླ་མར་གྱུར་པའི་བརྫུན་བཟླས་ན་དེ་ཡང་ཕམ་པར་འགྱུར་ལ། བརྫུན་གཞན་སྨྲས་ན་ནི་གཞི་ཇི་ལྟ་བ་ལས་སྦོམ་པོ་དང་ལྟུང་བྱེད་དུ་འགྱུར་རོ། །ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་ཉིད་ནི་བསྟེན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་དང་ལུས་ཀྱིས་རེག་པ་ལ་སོགས་པའི་ཡུལ་ལ་ཕོ་མོ་གང་ཡང་རུང་བའི་ཟླ་དེའི་ཡན་ལག་ཐམས་ཅད་བླང་དུ་རུང་བ་ཉིད་ཡིན་ན་དེ་བསྟེན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་པར་ཁས་བླངས་ཏེ། དེ་ལས་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ ། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ། །དུ་མ་ཚང་བ་ལ་ནི་དེ་བས་ཀྱང་ངོ༌། །མི་ལ་དུད་འགྲོ་ཡང་ངོ་ཞེས་བྱ་བ་འདི་མན་ཆད་ནི་ཡན་ལག་གཅིག་མ་ཚང་བ་ལ་ན་སྨད་པ་དང༌། ཡན་ལག་དུ་མ་ཚང་བ་ལ་དེ་བས་ཀྱང་ན་སྨད་པ་དང༌། མིའི་གནས་སུ་དུད་འགྲོ་ཞེས་སྨོས་པ་ལ་ཡང་དེ་བས་ཀྱང་ན་སྨད་པ་དག་
སྟོན་ཏོ། །དེའི་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིས་ནི་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་ལ་འཁྲིག་པ་དང་ལྡན་པ་སྨྲས་པ་དང༌། བསྙེན་བཀུར་བསྔགས་པ་ན་སྨད་པར་སྟོན་ཏེ། རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ཞེས་བྱ་བ་ནི་རྫུ་འཕྲུལ་མ་ཐོབ་པའོ། །རེག་པ་མ་ཡིན་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་དང་ལུས་ཀྱིས་རེག་པའི་བདག་ཉིད་རེག་པ་མ་ཡིན་ཏེ། འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པའི་བདག་ཉིད་ཀྱི་སྨྲ་བའོ། །དེའི་ཡན་ལག་ཡིན་ཏེ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ནི་འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་ལས་གྱུར་པའི་དགེ་འདུན་ལྷག་མ་གཉིས་ཀྱི་ཡན་ལག་ཡིན་ཏེ། དེ་ལ་དགེ་སློང་གིས་འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་སྨྲས་ན་དགེ་འདུན་ལྷག་མ་ཁོ་ནར་འགྱུར་ཏེ་ན་སྨད་པ་མེད་དོ། །དེས་ན་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་ནི་རེག་པ་མ་ཡིན་པ་དེ་དག་གི་ཡན་ལག་མ་ཡིན་ཏེ། རྫུ་འཕྲུལ་གྱི་ཆོས་ཅན་མོ་ཉིད་ནི་བསམ་གཏན་ཐོབ་པ་འདོད་ཆགས་དང་བྲལ་བ་ཡིན་པས་དེའི་ཡུལ་ལ་འཁྲིག་པའི་བསམ་པ་ཤས་ཆེན་པོ་མི་སྐྱེ་བས་དེའི་ཕྱིར་དེ་ལ་རེག་པ་མ་ཡིན་པ་འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་ནི་ན་སྨད་པར་ཤེས་སོ། །རེག་པ་མི་ཚངས་པར་སྤྱོད་པ་དང་ལུས་ཀྱིས་རེག་པ་ནི་ཐམས་ཅད་ལ་ན་སྨད་པ་མེད་དེ། མི་ཚངས་པར་སྤྱད་ན་ནི་ཕམ་པར་འགྱུར་ལ་ལུས་ཀྱིས་རེག་ན་ནི་དགེ་འདུན་ལྷག་མར་འགྱུར་རོ། །འདིར་གཞུང་ནི་འདུལ་བྱེད་དག་ལས་སྨྲ་བའི་སྐབས་ནས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བའི་ཆོས་ཅན་མོ་ལ་སྨྲས་ན་ཉེས་པ་སྦོམ་པོའོ། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བའི་ཆོས་ཅན་མོ་མ་ཡིན་པ་ལ་སྨྲས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་པ་ཡིན་ནོ། །རེག་པར་བྱ་བ་ནི་མ་ཉམས་པའོ་ཞེས་བྱ་བ་ནི་གང་ལ་བརྟེན་པར་བྱ་བའི་ལུས་ཀྱིས་རེག་པ་ཉིད་ཡན་ལག་ཏུ་རྣམ་པར་གཞག་པ་དེ་ལ་མ་ཉམས་པའི་རེག་པར་བྱ་བ་ཉིད་ཡན་ལག་ཡིན་པར་རིག་པར་བྱ་སྟེ། འདིར་ལུས་ཀྱིས་རེག་པའི་བདེ་བ་ཉམས་སུ་མྱོང་བ་གཙོ་བོ་ཡིན་པའི་ཕྱིར་རོ། །དཔེར་ན་རྨ་དང་ནད་ལ་སོགས་པས་ཉམས་པ་མཚན་མི་མཐུན་པའི་ཡན་ལག་གིས་ལུས་ལ་རེག་ན་དགེ་སློང་ལ་ནི་དགེ་འདུན་ལྷག་མར་གཏོགས་པའི་སྦོམ་པོར་འགྱུར་ལ། དགེ་སློང་མ་ལ་ནི་ཕམ་པར་གཏོགས་པའི་སྦོམ་པོར་འགྱུར་བ་ལ་སོགས་པ་ལྟ་བུའོ། །ཤུ་བ་ཅན་དང་གཡན་པ་
ཅན་དང༌། ཁྱི་རྔོ་ཅན་གྱིས་རེག་ན་ཡང་དེ་བཞིན་དུ་སྦོམ་པོའོ། །གང་གི་ཚེ་རེག་པར་བྱེད་ན་བདག་ཉིད་ཀྱི་ལུས་དེ་ལྟར་གྱུར་ན་དེའི་ཚེ་ཡང་སྦོམ་པོ་ཁོ་ནའོ། །གཉི་གའི་ལུས་དེ་ལྟར་གྱུར་ན་ནི་ཉེས་བྱས་སོ། །རྣམ་པར་བསྔོས་པ་མོ་དང༌། རྣམ་པར་རྣགས་པ་མོ་དང༌། རྣམ་པར་འབུས་གཞིགས་པ་མོ་དང༌། རྣམ་པར་བམ་པ་མོ་དང༌། རྣམ་པར་ཟོས་པ་མོ་དང༌། རྣམ་པར་དམར་བ་མོ་དང༌། རྣམ་པར་འཐོར་བ་མོ་དགལ་འཁྱུད་པ་ན་སྦོམ་པའོ། །འདིར་ཡང་མི་ཚངས་པར་སྤྱོད་པ་དང་འདྲ་བར་མཐུ་ཡོང་པ་ཉིད་ཡན་ལག་ཡིན་པས་དེ་བས་ཆུང་བའི་དམ་དུམ་ནི་མཐུ་དང་ལྡན་པ་ཉིད་མ་ཡིན་ནོ། །རོ་ཉིད་ལ་ནི་ན་སྨད་པ་མེད་པའི་ཕྱིར་དེས་ན་རྣམ་པར་བསྔོས་པ་ལ་སོགས་པ་དག་ལ་སྦོམ་པོར་གསུངས་སོ། །ག་ག་ཚིལ་བྱེད་ལ་ལ་ཡང་ངོ་ཞེས་བྱ་བ་ནི་གཉི་གའི་ལུས་མ་ཉམས་པ་ཉིད་ལ་ནི་ན་སྨད་པ་མེད་དོ། །གཅིག་གི་ལུས་ཉམས་པའི་རྣམ་པ་ཇི་སྐད་བསྟན་པ་དེ་ལྟ་བུ་ལ་ག་ག་ཚིལ་བྱེད་པ་ལ་ནི་ན་སྨད་དོ། །གཉི་གའི་ལུས་ཇི་སྐད་བསྟན་པ་དེ་ལྟ་བུར་ཉམས་པ་དག་ལ་ནི་ན་སྨད་བདེ་བས་ཀྱང་ན་སྨད་དོ་ཞེས་སྦྱར་རོ། །སེན་མོ་དང་སོ་དང༌། ཤ་མེད་པའི་རུས་པ་དང༌། སྤུ་དག་ནི་གཞན་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ནི་མ་ཉམས་པ་ལས་གཞན་ཉམས་པ་དང་ལྡན་པ་ཉིད་དེ། དེས་ན་དེ་དག་ལ་ཡན་ལག་གཞན་གྱིས་སམ། དེ་དག་གིས་ཡན་ལག་གཞན་ལ་རེག་པ་དང༌། ག་ག་ཚིལ་བྱེད་པ་དག་ལ་ནི་གོ་རིམས་བཞིན་དུ་སྦོམ་པོ་དང་ཉེས་བྱས་སུ་འགྱུར་རོ། །སེན་མོ་ལ་སོགས་པ་དག་གིས་སེན་མོ་ལ་རེག་པ་དང༌། ག་ག་ཚིལ་བྱེད་པ་དག་ལ་ནི་གོ་རིམས་བཞིན་དུ་ཉེས་བྱས་དང་ཉེས་བྱས་ཕྲ་མོར་འགྱུར་རོ། །མིའི་འགྲོ་བ་པ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་གང་དག་བསྟེན་པ་འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་དང༌། བརྫུན་སྨྲ་བ་དང༌། སྐྱོན་ནས་སྨྲ་བ་དང༌། དགེ་སློང་ལ་ཕྲ་མ་བྱེད་པ་དང༌། གནས་ངན་ལེན་བརྗོད་པ་དང༌། མིའི་ཆོས་བླ་མ་བྱེད་པ་ལ་སོགས་པ་དེ་དག་ལས་གྱུར་པའི་ཁ་ན་མ་ཐོ་བ་དེ་དག་ཐམས་ཅད་ལ་མིའི་འགྲོ་བ་པའི་སྲོག་ཆགས་དག་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པའི་ཡན་ལག་ཉིད་ཡིན་ནོ། །མི་མ་ཡིན་པའི་འགྲོ་བ་ལ་ནི་ན་སྨད་དོ། །དུད་འགྲོ་ལ་དེ་བས་ཀྱང་ན་སྨད་དོ། །འདི་ལྟར་མིའི་འགྲོ་བར་སྐྱེས་པ་རྣམས་ནི་ཐ་སྙད་ཐམས་ཅད་ལ་ལྟུང་བ་ཉིད་ཡིན་པའི་ཕྱིར་དེ་དག་ཉིད་ཀྱི་ཐ་སྙད་རྫོགས་པར་འགྲུབ་ཀྱི་འགྲོ་བ་གཞན་དུ་གཏོགས་པ་དག་གིས་ནི་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མི་མ་
ཡིན་པའི་མཐུ་དང་མི་ལྡན་པ་ལ་ལུས་ཀྱིས་རེག་པ་དང་འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་ནི་སྦོམ་པོའོ། །སྨྱན་བྱེད་པ་ལ་ནི་གལ་ཏེ་མོ་མ་ཡིན་པའམ། ཕོ་མ་ཡིན་པའམ། ཕོ་མོ་གཉི་ག་མ་ཡིན་པར་གྱུར་ན་ཡང་དེའི་ཕྱིར་སྦོམ་པའོ། །དུད་འགྲོ་ལ་ནི་ཉེས་བྱས་སོ། །ལྷ་ཀླུ་ལ་སོགས་པ་མི་མ་ཡིན་དག་ལས་སློང་བ་ལ་སོགས་པ་ལ་ནི་ཉེས་བྱས་སོ། །རང་བཞིན་ཉམས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མིའི་འགྲོ་བ་ཡིན་ཡང་རང་བཞིན་ཉམས་པ་སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་སོགས་པ་ལ་ནི་ཐ་སྙད་དུ་བྱ་བའི་ཡན་ལག་མ་ཡིན་པས་དེ་དག་ལ་ཡང་ན་སྨད་དོ། །མ་ནིང་དང་མཚན་གཉིས་པ་དག་ནི་དེ་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི་མ་ནིང་དང་མཚན་གཉིས་པ་དག་ནི་ཉམས་པ་དེ་དག་དང་ལྡན་པ་ཉིད་དེ་དེ་དག་ལ་སོགས་པ་སློང་བའི་ཕྱིར་འདི་བཤད་དེ། དཔེར་ན་ཁྱིམ་བདག་དང་ཆུང་མ་མ་ནིང་དང་མཚན་གཉིས་པ་ལས་གོས་སློང་བ་དང༌། སྨད་གཡོགས་སྟོད་གཡོགས་དང་བཅས་པ་ལས་ལྷག་པར་ལེན་པ་དང༌། སྦྱིན་བདག་དེ་གཉིས་སམ། ཐ་ག་པ་དེ་གཉིས་ལས་རིན་དང་སོ་སོ་བ་དང༌། འཐག་ཏུ་འཇུག་པ་དང༌། འཐག་པ་སྐྱེད་པ་དང༌། མ་ནིང་ཕོ་དང༌། མ་ནིང་མོ་དང༌། གླེ་འདམས་པ་དང༌། མཚན་གཉིས་པ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང༌། འགྲེང་བ་དང༌། དེ་དག་ལ་རྡེག་པ་དང༌། གཟས་པ་དང༌། མ་ནིང་ཕོ་དང༌། མ་ནིང་མོ་དང༌། མཚན་གཉིས་པ་དང་ལྷན་ཅིག་ཉལ་བ་དང༌། དེ་དག་དང་ནུབ་གསུམ་ལས་ལྷག་པར་ཉལ་བ་དང༌། མ་ནིང་ཕོ་དང༌། མཚན་གཉིས་པ་དང་ལྷན་ཅིག་སྐྱེས་པ་མེད་པར་ལམ་དུ་འགྲོ་བ་ལ་ནི་ཉེས་བྱས་སོ། །རེག་པ་ནི་ཐ་སྙད་དང་འདྲའོ་ཞེས་བྱ་བ་ནི་ལུས་ཀྱིས་རེག་པ་ཡང་ཐ་སྙད་དང་འདྲ་སྟེ། སྨྲ་བའི་ཐ་སྙད་ཀྱིས་བསླབ་པའི་གཞི་དག་ལ་ལྟུང་བ་གང་རྣམ་པར་གཞག་པ་དེ་འདི་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེས་ན་མི་མ་ཡིན་པ་མཐུ་མེད་པ་ལ་རེག་པ་དང་སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་རེག་པ་ལ་ནི་སྦོམ་པའོ། །དུད་འགྲོ་ལ་ནི་ཉེས་བྱས་སོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་མ་ཆགས་པ་དང༌། ཉམས་པ་དག་ནི་ཕྱེད་ཉིད་ཁྱིམ་པའོ་ཞེས་བྱ་བ་ནི་འདི་གསུམ་ནི་ཕྱེད་ཉིད་ཁྱིམ་པ་དང་འདྲ་བས། འདི་གསུམ་གྱི་ཡུལ་ལས་ལྟུང་བ་གང་དག་རྣམ་པར་གཞག་པ་དེ་དག་ནི་ཕྱེད་ཉིད་དུ་ན་སྨད་དོ། །མུ་སྟེགས་ཅན་གྱི་དགེ་སྦྱོང་
ལས་ཆོས་གོས་དང་ལྷུང་བཟེད་བླངས་ཏེ་ཐོགས་པ་དང༌། དེ་ལས་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པ་ལས་ལྷག་པར་ལེན་པ་དང༌། རིན་ཐང་དང་སོ་སོ་དང༌། སྐུར་བ་ཡང་སྦྱིན་བདག་དང་ཕོ་ཉ་དང་ཞལ་ཏ་བ་གང་ཡང་རུང་བ་གཅིག་མུ་སྟེགས་ཅན་གྱི་དགེ་སྦྱོང་ཡིན་པ་དང༌། བདག་པོ་མུ་སྟེགས་ཅན་གྱི་དགེ་སྦྱོང་གི་འདུག་གནས་སུ་ཞག་གཉིས་པ་ལས་ཟན་ཟོས་པ་ལ་ཉེས་བྱས་སུ་འགྱུར་རོ། །སྔོན་ལྟུང་བ་བྱུང་བ་དང་པོ་འཁྲུགས་པ་དང༌། རྐུ་ཐབས་སུ་གནས་པ་དང༌། དགེ་སློང་མ་སུན་ཕྱུང་བ་དག་དང༌། ལྷན་ཅིག་མཚན་མ་ཅན་གྱིས་སྤྱོད་པ་དང་ཉོ་ཚོང་བྱས་ཏེ་ཐོབ་པ་ལ་ཡང་ཉེས་བྱས་སོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་ལས་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་བླངས་ཏེ་ཟོས་པ་ལ་ཡང་ཉེས་བྱས་སོ། །དེ་དག་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་ལ་ཡང་ཉེས་བྱས་སོ། །དེ་དག་གིས་སྦྱོར་དུ་བཅུག་པའི་ཟས་ཟ་བ་ལ་ཡང་ཉེས་བྱས་སོ། །དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་བ་ཅན་མ་ཉམས་པ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་ནོ་ཞེས་བྱ་བ་འདི་གཉིས་ནི་དགེ་སློང་དང་དགེ་སློང་མའི་བསླབ་པ་དག་ལ་ཡན་ལག་ཡིན་གྱི་ཆོས་གཞན་པའི་རབ་ཏུ་བྱུང་བ་དང༌། དགེ་ཚུལ་ཉིད་ལ་སོགས་པ་དང༌། མ་ཆགས་པ་དང༌། ཁས་བླངས་པ་དང་ཉམས་པ་ལ་སོགས་པ་དག་ཀྱང་མ་ཡིན་ཏེ། དེ་དག་ལས་གཞི་མེད་པ་དང་བག་ཙམ་དག་གིས་སྐུར་བ་བཏབ་པ་ཡང་སྦོམ་པའོ། །དེ་དག་གི་ཡུལ་ལ་ལྟུང་བ་གཞན་ཡང་ཅི་རིགས་པར་ན་སྨད་དོ། །མཚན་དང་ལྟ་བ་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཀྱི་ཁོངས་སུ་གཏོགས་སོ་ཞེས་བྱ་བ་ནི་ཕོ་དང་མོའི་མཚན་དང་ལྟ་བ་ཁས་བླངས་པ་དང༌། མ་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པར་འགྱུར་ཏེ་རང་གི་ཕྱོགས་ཉིད་དང་ཕྱོགས་གཅིག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རང་གི་ཕྱོགས་ཀྱི་ཁོངས་སུ་གཏོགས་པ་གང་ཡིན་པ་དེ་ལས་ནི་རང་གི་ཕྱོགས་དང་མཐུན་པ་དེ་ལ་བརྟེན་པའི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་བར་རིག་པར་བྱས་ཏེ་རང་གི་ཕྱོགས་དང་མཐུན་པའི་དགེ་སློང་དང༌། དགེ་ཚུལ་མ་ལ་སོགས་པའི་གང་ཟག་དག་གི་ཕྱིར་དེ་དག་ལ་བརྡེག་པ་དང་གཟས་པ་ལ་སོགས་པའི་ལྟུང་བ་གང་དག་ཡིན་པ་དེ་དག་ནི་མཚན་མཐུན་པ་དང༌། ལྟ་བ་མཐུན་པ་ཉིད་ཀྱིས་མཚན་མཐུན་པ་དང་ལྟ་བ་མཐུན་པ་ཉིད་དུ་ཁས་བླངས་པ་ཉིད་གང་ཡིན་པ་དེ་ལ་ནི་ཡན་ལག་ཡིན་
ནོ། །དེ་ལྟ་བས་ན་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་མ་ཡིན་པ་ལ་ནི་ཚིག་འོག་མར་ན་སྨད་པར་འགྱུར་རོ། །ཇི་ལྟར་རང་གི་ཕྱོགས་ལ་ལོག་པར་བསྒྲུབ་ན་ན་སྨད་པར་བྱ་བ་ཉིད་ཡིན་པ་དེ་ལྟར་གཞན་ལ་ལོག་པར་བསྒྲུབ་པ་ནི་ན་སྨད་པར་བྱ་བ་ཉིད་མ་ཡིན་པའི་རྣམ་པ་དེ་ལས་འདི་ལྟར་ཤེས་སོ། །དགེ་སློང་མ་རྣམས་ལ་ཡང་ཐམས་ཅད་དུ་རྣམ་པ་འདི་བཞིན་དུ་རིག་པར་བྱའོ། །དཔེར་ན་ཁས་བླངས་པས་ཁས་མ་བླངས་པ་ལ་གོས་བྱིན་ནས་ཕྲོགས་པ་དང༌། དགེ་སློང་མ་དང༌། དགེ་སློང་མ་དག་ལ་སྐྱོན་ནས་བརྗོད་པ་དང༌། དེ་གཉིས་ལ་ཕྲ་མ་བྱས་པ་དང༌། སྐྱོན་སྔོགས་བྱས་པ་དང༌། དེ་དག་གིས་གནས་ངན་ལེན་བརྗོད་པ་དང༌། དགེ་སློང་མའི་དགེ་འདུན་དབང་བའི་རྙེད་པ་དགེ་སློང་མས་བཤེས་ངོར་བྱས་ཏེ་གཞན་དུ་བསྒྱུར་རོ་ཞེས་སྐུར་བ་འདེབས་པ་དང༌། དེ་དག་གིས་བསླབ་པ་ལ་ཁྱད་དུ་གསོད་པ་དང༌། དགེ་སློང་མའི་དགེ་འདུན་གྱི་གཙུག་ལག་ཁང་གི་གནས་མལ་མ་བརྟུལ་བར་འགྲོ་བ་དང༌། དགེ་སློང་མའི་གཙུག་ལག་ཁང་ནས་བཏིང་བ་མ་བརྟུལ་བར་འགྲོ་བ་དང༌། དགེ་སློང་མའི་གཙུག་ལག་ཁང་དུ་ཕྱིས་གནོན་བྱེད་པ་དང༌། དེ་ནས་སྐྲོད་པ་དང་དེར་རྩ་བ་འབྱུང་བ་ལ་འདུག་པ་དང༌། ཁས་བླངས་པས་ཁས་མ་བླངས་པའི་དགེ་སློང་མ་རྣམས་ལ་མ་བསྐོས་པར་སྟོན་པ་དང༌། གོས་སྦྱིན་པ་དང༌། གོས་བྱེད་པ་དག་དང༌། ཁས་མ་བླངས་པས་ཁས་བླངས་པའི་དགེ་སློང་མ་རྣམས་ལ་མ་བསྐོས་པར་སྟོན་པ་དང༌། གོས་སྦྱིན་པ་དང༌། གོས་བྱེད་པ་དག་དང༌། ཁས་མ་བླངས་པས་ཁས་བླངས་པ་དག་ལ་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་བ་འདེབས་པ་དང༌། ཁས་བླངས་པས་ཁས་མ་བླངས་པ་ལ་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ནོ་ཞེས་སྐུར་བ་འདེབས་པ་དང༌། ཁས་མ་བླངས་པ་མོ་དང་ལྷན་ཅིག་ལམ་དང་གྲུར་འགྲོ་བ་དང༌། ཁས་བླངས་པས་ཁས་མ་བླངས་པ་མོ་དང་ལྷན་ཅིག་ལམ་དང་གྲུར་འགྲོ་བ་དང༌། ཁས་མ་བླངས་པས་ཁས་བླངས་པ་མོས་སྦྱོར་དུ་བཅུག་པ་ཟ་བ་དང༌། ཁས་བླངས་པས་ཁས་མ་བླངས་པ་མོས་སྦྱོར་དུ་བཅུག་པ་ཟ་བ་དང༌། ཁས་མ་བླངས་པས་ཁས་བླངས་པའི་ཁྱིམ་ནས་ལྷུང་བཟེད་དོ་གསུམ་ལས་ལྷག་པར་ལེན་པ་དང་ཁས་བླངས་པས་ཁས་མ་བླངས་པའི་ཁྱིམ་ནས་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པ་དག་ལ་སོགས་པ་དག་ནི་ཉེས་བྱས་སོ། །བྱིན་ལེན་ནི་རྣམ་པ་ཐམས་ཅད་དུ་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་མ་ཡིན་པས་བླངས་ན་མ་བྱས་པ་ཡིན་
ནོ། །འདིར་གཏོགས་པ་ལ་ཁྱིམ་པའི་རྟགས་ཅན་ཉིད་ནི་ན་སྨད་དོ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་ཉིད་ཀྱི་རྒྱུ་མཚན་གྱི་ཁ་ནམ་ཐོ་བ་འདིར་གཏོགས་པ་ལ། ཁྱིམ་པ་རབ་ཏུ་བྱུང་བའི་གང་ཟག་གི་རྟགས་ཅན་ཉིད་ནི་ན་སྨད་པར་བྱ་བ་སྟེ་ཇི་ལྟར་འདིར་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་ནི་ན་སྨད་པ་ཉིད་བཞིན་དུ་ཁྱིམ་པ་ལ་ཡང་དེ་བཞིན་ཏེ། ཕྱི་རོལ་པའི་རབ་ཏུ་བྱུང་བའི་རྒྱུ་མཚན་ལས་ན་སྨད་པར་བྱ་བ་དེ་བས་ཀྱང་ཁྱིམ་པ་ལ་ཆེས་ན་སྨད་པར་ཤེས་པར་བྱའོ། །དཔེར་ན་ཁྱིམ་པར་གྱུར་པའི་སྐྱེས་པ་དང་བུད་མེད་ལ་གཞི་མེད་པ་དང༌། བག་ཙམ་དག་གིས་སྐུར་བ་འདེབས་པ་དང༌། རྡེག་པ་དང་གཟས་པ་ལ་སོགས་པའི་ཚུལ་གཞན་ལ་ཡང་ཉེས་བྱས་ཕྲ་མོར་འགྱུར་བ་ལ་སོགས་པ་ལྟ་བུ་དང༌། མི་མ་ཡིན་པ་རྟགས་ཅན་མ་ཡིན་པ་ལ་སྐྱོན་ནས་སྨྲ་བ་དང༌། ཕྲ་མ་བྱེད་པ་ཡང་ཉེས་བྱས་ཕྲ་མོར་འགྱུར་བ་ལ་སོགས་པ་ལྟ་བུ་སྟེ། འདིར་མི་མ་ཡིན་པ་ལ་རྒྱུ་གཉིས་ཀྱིས་ན་སྨད་པར་ཤེས་པར་བྱ་སྟེ། ཁྱིམ་པ་ཉིད་ཡིན་པའི་ཕྱིར་དང༌། མི་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རོ། །རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་པ་ལ་སོགས་པ་ཉིད་དོ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་རྫས་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་པ་ལ་སོགས་པ་ཉིད་ཅེས་བྱ་བ་དེ་གཉིས་ལྟུང་བའི་ཡན་ལག་ཡིན་ཏེ། དེ་གཉིས་དང་བྲལ་བ་ལྟུང་བ་མ་ཡིན་པ་ཉིད་དང་ཚད་དང་ལྡན་པ་མ་ཡིན་པ་ཉིད་ལ་སོགས་པ་ལ་ནི་ལྟུང་བ་ན་སྨད་པ་ཡིན་གྱི་དངོས་གཞིར་ནི་མི་འགྱུར་རོ། །དེ་ལ་རུང་བ་མ་ཡིན་པ་ཉིད་ཅེས་བྱ་བ་ནི་གོས་གང་ཐ་ག་པས་མ་བཏགས་པ་དང༌། བ་ལང་དང༌། རྔ་མོ་དང་ར་དང་རི་དགས་ཀྱི་བལ་ལས་བྱས་པ་དང༌། ཨརྐའི་ཤིང་བལ་ལས་བྱས་པ་དང༌། རྒྱུ་སྤུན་གཉིས་ལས་གང་ཡང་རུང་བ་བ་ལང་དང་རྔ་མོ་དང་ར་དང་རི་དགས་ཀྱི་བླ་ལ་སོགས་པ་དང་འདྲེས་པ་དང༌། དེ་ལྟ་བུ་དག་ནི་རུང་བ་ནི་མ་ཡིན་པ་ཉིད་དོ། །ལྷུང་བཟེད་རུང་བ་མ་ཡིན་པ་ཉིད་ནི་སོ་མ་བཏང་བ་དང་དཀར་པོ་དང༌། རིན་པོ་ཆེ་ལ་སོགས་པ་ལས་བྱས་པའོ། །དེ་དག་ལས་བཟློག་པ་ནི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་རུང་བ་ཉིད་ཡིན་ནོ། །ཚད་དང་ལྡན་པ་ཉིད་ཅེས་བྱ་བ་ལ་ཚད་དང་ལྡན་པ་ཞེས་བྱ་བ་ནི་ཆོས་གོས་རང་གི་ཁྲུ་ཚད་དང་ལྡན་པ་དང༌། གོས་ལྷག་ཀྱང་ཁྲུ་གང་གི་ཚད་དང་ལྡན་པའོ། །ལྷུང་བཟེད་ཀྱང་བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱི་ཚད་དང་ལྡན་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཚད་ལས་
ལྷག་པར་བསྡུས་ཏེ། ཆོས་གོས་རང་གི་ཁྲུ་ཚད་པས་ལྷག་པ་དང༌། གོས་ལྷག་ཀྱང་ཁྲུ་གང་གི་ཚད་ལས་ལྷག་པ་དང༌། ལྷུང་བཟེད་ཀྱང་བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱི་ཚད་པས་ལྷག་པའོ། །དེ་ལྟར་ན་རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་པ་འམ་ཚད་པས་ལྷག་པ་ཉིད་ལ་དངོས་གཞིའི་ཁ་ན་མ་ཐོ་པར་འགྱུར་རོ། །དེ་ལས་བཟློག་པ་ལ་ནི་ན་སྨད་དོ། །འདིར་དགེ་ཚུལ་ལ་སོགས་པ་དབང་བའི་རྫས་དག་ལ་ཡང་ཡན་ལག་དེ་གཉིས་འཇུག་པར་བསྟན་པའི་ཕྱིར་རབ་ཏུ་བྱུང་བའི་རྫས་དག་ལ་ཞེས་སྨོད་དེ། བསྙེན་པར་རྫོགས་པའི་ཞེས་མ་སྨོས་སོ། །རང་གི་དོན་དེ་ཉིད་གཙོ་ཆེར་ཡོད་པའོ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་གང་ལ་རང་གི་དོན་དེ་ཉིད་གཙོ་ཆེར་ཡོད་པ་བྱེད་པ་པོ་ཡིན་ཏེ། ཁ་ན་མ་ཐོ་བ་གང་ལ་རང་གི་དོན་དེ་ཉིད་གཙོ་ཆེར་ཡོད་པ་དེ་ལ་རང་གི་དོན་དེ་ཉིད་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་གྱི། གཞན་གྱི་དོན་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པ་མ་ཡིན་ཏེ། རང་གི་དོན་མ་ཡིན་པ་གཞན་གྱི་དོན་དུ་བྱེད་པ་དེ་ནི་ཚིག་འོག་མར་ན་སྨད་པའི་བྱེད་པ་པོ་ཡིན་ནོ། །དཔེར་ན་གཞན་གྱི་དོན་དུ་འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་དག་ནི་སྦོམ་པོའོ། །གཞན་གྱི་དོན་དུ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་འཁྲུར་འཇུག་པ་ལ་སོགས་པ་ནི་ཉེས་བྱས་སོ། །འདིར་དགེ་འདུན་གྱི་དོན་དུ་བྱེད་དུ་འཇུག་པ་ཡང་གཞན་གྱི་དོན་ཁོ་ན་ཡིན་ནོ། །རང་དང་གཞན་གཉི་གའི་དོན་དུ་བྱེད་དུ་འཇུག་པ་ཡང་གཞན་གྱི་དོན་ཁོ་ན་ཡིན་ཏེ། དེ་ལ་བདག་ཉིད་མ་གཏོགས་པར་དོན་དུ་གཉེར་བ་གཞན་ཡོད་པའི་ཕྱིར་རོ། །རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་བྱ་བ་ནི་ངག་གི་རྣམ་པར་རིག་བྱེད་ཀྱིས་སྨྲ་བ་དང་སློང་བ་ལ་སོགས་པ་ལ་ནི་གཞན་གྱི་དོན་གོ་བ་ཉིད་དངོས་གཞིར་འགྱུར་བའི་ཡན་ལག་ཡིན་ཏེ། རྣམ་པ་རིག་བྱེད་ཀྱི་འབྲས་བུ་ནི་དོན་གོ་བ་ཡིན་པའི་ཕྱིར་རོ། །དོན་མ་གོ་བ་ལ་ནི་ན་སྨད་དོ། །དེས་ན་སྙོམས་པར་ཞུགས་པ་ལ་འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་དག་ནི་སྦོམ་པོའོ། །དེ་བཞིན་དུ་གཉིད་ལོག་པ་དང༌། སྙོམས་པར་ཞུགས་པ་དང༌། གླེན་པ་དང་འོན་པ་དག་ལ་གཞི་མེད་པ་དང༌། བག་ཙམ་གྱིས་སྐུར་བ་འདེབས་པ་ལ་ཡང་སྦོམ་པའོ། །གླེན་པ་དང་འོན་པ་དང་ལྷན་ཅིག་མངོན་མཚན་ཅན་གྱི་སྤྱོད་པ་དང༌། ཉོ་ཚོང་བྱེད་པ་ལ་ནི་ཉེས་བྱས་དང༌། འཐག་པ་དང༌། འཐག་པ་
སྐྱེད་དུ་གཞུག་པའི་ཕྱིར་དེ་གཉིས་ལ་གོ་བར་བྱེད་པ་དང༌། དབུས་དང་མཐའ་འཁོབ་པ་ལ་སྐད་གཞན་གྱིས་བསྐྱོན་ནས་སྨྲས་ཏེ། དོན་མ་གོ་ན་ཡང་ཉེས་བྱས་སོ། །དེ་གཉིས་ལ་ཕྲ་མ་བྱེད་པ་དང༌། གླེན་པ་དང་འོན་པ་གཉིས་ལ་སྐྱོ་སྔོགས་བྱེད་པ་དང༌། བུད་མེད་གཉིད་ལོག་པ་ལ་ཆོས་སྟོན་པ་དང༌། ངོ་ཚ་མེད་པ་དང༌། མཐའ་འཁོབ་པ་དང༌། གླིང་གཞན་ནས་སྐྱེས་པ་དང༌། གཉིད་ལོག་པ་དང༌། སྨྱོས་པ་དང༌། བག་མེད་པ་དང༌། སྙེམས་པར་ཞུགས་པ་དང༌། གླེན་པ་དང་འོན་པའི་རིགས་པའི་སྐྱེས་པ་དང་ལྷན་ཅིག་ཆོས་སྟོན་པ་ནི་ཉེས་བྱས་སོ། །གླེན་པ་དང་འོན་པ་དག་དང་ཚིག་མཐུན་པ་དང༌། ཚིག་ལྷག་པར་ཟློས་པ་ཡང་ཉེས་བྱས་སོ། །ངོ་ཚ་མེད་པ་དང་མཐའ་འཁོབ་པ་དང་དབུས་པ་དག་ལ་སྐད་གཞན་གྱིས་གནས་ངན་ལེན་བརྗོད་པ་དང༌། འོན་པ་དང་གླེན་པ་དག་ལ་མིའི་ཆོས་བླ་མ་བརྗོད་པ་དང༌། མཐའ་འཁོབ་པ་དང་དབུས་པ་དག་ལ་སྐད་གཞན་གྱིས་བཤེས་ངོར་བྱས་སོ་ཞེས་སྐུར་བ་འདེབས་པ་དང་འོན་པ་དང་གླེན་པ་དག་ལ་བསླབ་པ་ཁྱད་དུ་གསོད་པ་དང༌། འཕྱ་བ་དང༌། གཞོགས་འཕྱས་བྱེད་པ་དང་བསྒོ་བ་རྣ་ལ་གཟོན་པ་ཡང་ཉེས་བྱས་སོ། །དེ་དག་ལ་མ་བསྐོས་པར་སྟོན་པ་དང༌། དེ་དག་ལ་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང༌། དེ་དག་གིས་སྦྱོར་དུ་བཅུག་པ་ཟ་བ་དང༌། མེ་འབུད་དུ་བཅུག་པ་དང༌། འགྱོད་པ་སྐྱེད་པ་དང༌། སྔངས་པར་བྱེད་པ་དང༌། གཞི་མེད་པར་སྐུར་བ་འདེབས་པ་དང༌། སྐད་གཞན་གྱིས་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་ཡང་ཉེས་བྱས་སོ། །སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་གསོད་པ་དང་རང་གི་དོན་དུ་རྐུ་བ་དག་ལས་གཞན་པའིའོ་ཞེས་བྱ་བ་ནི་སྨྲ་བ་པོ་ཉིད་ལ་དོན་གོ་བ་ཡོད་པ་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་པ་སྟེ། སྨྲ་ཡང་ཤེས་ཤིང་དོན་གོ་བ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་ལ། སྨྲ་མི་ཤེས་ཤིང་དོན་གོ་བ་ནི་གསོད་པ་དང་རང་གི་དོན་དུ་རྐུ་བའི་ཡུལ་ལ་ཡན་ལག་ཡིན་གྱི། དེ་ལས་གཞན་པ་རྣམ་པར་རིག་བྱེད་ཀྱི་ཡུལ་ལ་ཡན་ལག་མ་ཡིན་ཏེ། གང་ཟག་གང་སྨྲ་ཡང་ཤེས་ཤིང་དོན་ཡང་གོ་བ་དེ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་གྱི་ལྐུགས་པ་དང་ཀླ་ཀློ་ལ་སོགས་པ་སྨྲ་མི་ཤེས་ཤིང་དོན་གོ་བ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་མ་ཡིན་ནོ། །དེས་ན་གང་ཟག་སྨྲ་ཤེས་ཤིང་དོན་གོ་བ་ལ་གཞི་མེད་པ་དང༌། བག་ཙམ་དག་གིས་སྐུར་བ་འདེབས་པ་ལ་ནི་དགེ་འདུན་ལྷག་མར་འགྱུར་རོ། །ལྐུགས་པ་དང་ཀླ་ཀློ་ལ་སོགས་པ་སྨྲ་མི་ཤེས་
ཤིང་དོན་གོ་བ་ལ་གཞི་མེད་པར་བག་ཙམ་དག་གིས་སྐུར་བ་འདེབས་པ་ལ་ནི་ན་སྨད་པ་དེ་སྤོམ་པོའོ། །སྨྲ་ཤེས་ཤིང་དོན་གོ་བ་དང་ལྷན་ཅིག་མངོན་མཚན་ཅན་གྱི་སྤྱོད་པ་དང༌། ཉོ་ཚོང་བྱེད་པ་དང༌། འཐག་ཏུ་གཞུག་པ་དང༌། འཐག་པ་སྐྱེད་པའི་ཕྱིར་གོ་བར་བྱེད་པ་དང༌། སྐྱོན་ནས་སྨྲ་བ་དང་ཕྲ་མ་བྱེད་པ་དང༌། སྐྱོ་སྔོགས་བྱེད་པ་དང༌། སྟོན་པ་དང་ཀློག་པ་དང༌། དེ་དག་ལ་གནས་ངན་ལེན་དང༌། མིའི་ཆོས་བླ་མ་བརྗོད་པ་དང༌། བཤེས་ངོར་བྱས་སོ་ཞེས་སྨྲ་བ་དང༌། བསླབ་པ་ཁྱད་དུ་གསོད་པ་དང༌། འཕྱ་བ་དང༌། གཞོགས་འཕྱས་བྱེད་བ་དང༌། བསྒོ་བ་རྣལ་གཟོན་པ་དང༌། དེ་དག་ལ་མ་བསྐོས་པར་སྟོན་པ་དང༌། དེ་དག་ལ་སྟོན་པ་ལ་ཟད་ཟིར་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང༌། དེ་དག་གིས་སྦྱོར་དུ་བཅུག་པ་ཟ་བ་དང༌། དེ་དག་མེ་འབུད་དུ་བཅུག་པ་དང༌། དེ་དག་གི་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་ལ་ནི་ལྟུང་བྱེད་དོ། །ལྐུགས་པ་དང་ཀླ་ཀློ་ལ་སོགས་པ་སྨྲ་མི་ཤེས་ཤིང་དོན་གོ་བ་དང་ལྷན་ཅིག་མངོན་མཚན་ཅན་གྱི་སྤྱོད་པ་ལ་སོགས་པ་དེ་དག་བྱས་པ་ལ་ནི་ཉེས་བྱས་སོ། །སྨྲ་མི་ཤེས་ཤིང་དོན་གོ་བ་ནི་གསོད་པ་དང་རང་གི་དོན་དུ་རྐུ་བའི་ཡུལ་ལ་ནི་ཡན་ལག་ཡིན་ཏེ། དེ་གཉིས་ཀྱི་ཡུལ་ལ་ནི་དངོས་གཞིར་འགྱུར་རོ། །དེས་ན་ལྐུགས་པ་དང་ཀླ་ཀློ་ལ་སོགས་པ་སྨྲ་མི་ཤེས་ཤིང་དོན་གོ་བ་ནི་སྨྲ་བ་པོ་མ་ཡིན་དུ་ཟིན་ཀྱང་གསོད་པ་དང་རང་གི་དོན་དུ་རྐུ་བའི་ཡུལ་ལ་ཡན་ལག་ཡིན་ཏེ། འདི་ལྟར་དགེ་སློང་གིས་གང་ཟག་ཕ་རོལ་པོ་སྨྲ་མི་ཤེས་ཤིང་དོན་གོ་བ་གསོད་པ་དང༌། དགེ་སློང་གིས་གང་ཟག་ཕ་རོལ་པོ་སྨྲ་མི་ཤེས་ཤིང་དོན་གོ་བ་གང་ཡིན་པ་དེ་ལས་རང་གི་དོན་དུ་བརྐུས་ན་དངོས་གཞིར་འགྱུར་བའི་ཕྱིར་རོ། །གཞན་གྱི་དོན་དུ་རྐུ་བ་ལ་ན་སྨད་པས་འདིར་རང་གི་དོན་དུ་རྐུ་བ་ཞེས་སྨོས་སོ། །ཡང་དག་པར་ལེན་པར་བྱེད་པ་ལ་ནི་དེར་མ་ཟད་དོ་ཞེས་བྱ་བ་ནི་སྡོམ་པ་ཡང་དག་པར་ལེན་པར་བྱེད་པ་ལ་ནི་སྔར་སྨྲ་ཤེས་ཤིང་དོན་གོ་བ་ཞེས་བསྟན་པ་གང་ཡིན་པ་དེ་འབའ་ཞིག་ཡན་ལག་ཡིན་པར་མཛད་ཀྱི། སྨྲ་མི་ཤེས་ཤིང་དོ་ན་གོ་བ་ཡང་ཡན་ལག་ཡིན་ཏེ། འདི་ལྟར་ལྐུགས་པ་ལ་སོགས་པ་སྨྲ་མི་ཤེས་པ་དོན་གོ་བ་དག་ལ་ཡང་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ཡང་དག་པར་ལེན་པ་འབྱུང་བའི་ཕྱིར་རོ། །དེ་ནི་སྣོད་ཡིན་ནོ་ཞེས་བྱ་བ་ནི་སྨྲ་མི་ཤེས་ཤིང་དོན་གོ་བ་དེ་ནི་སྣོད་ཡིན་ཏེ་དེ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་གི་སྣོད་དམ་གཞི་འམ་ཡུལ་ཡིན་ནོ། །དཔེར་ན་དགེ་སློང་གིས་
གང་ཟག་སྨྲ་ཤེས་ཤིང་དོན་གོ་བ་གཞན་ཡོད་བཞིན་དུ་དེ་ལ་བདག་ཉིད་ཀྱི་འམ། གཞན་གྱི་ལྟུང་བ་བརྗོད་ན་མཐོལ་བར་ཆུད་པས་བཅབས་པའི་ཉེས་པར་མི་འགྱུར་ལ། མ་བརྗོད་ན་ཡང་བཅབས་པའི་ཉེས་པར་འགྱུར་རོ། །དེ་ལས་བཟློག་པ་ནི་སྣོད་མ་ཡིན་པས་དེ་ལ་ན་སྨད་དེ་དེས་ན་དགེ་སློང་གིས་གང་ཟག་སྨྲ་མི་ཤེས་ཤིང་དོན་གོ་བ་གཞན་ཡོད་ཀྱང་དེ་ལ་བདག་ཉིད་ཀྱི་འམ་གཞན་གྱི་ལྟུང་བ་བརྗོད་ཀྱང་མཐོལ་བར་མི་འགྱུར་བས་དོན་མེད་པ་ཉིད་ཡིན་ལ། དེ་ལ་ལྟུང་བ་མ་བརྗོད་པ་ལ་ཡང་བཅབས་པའི་ཉེས་པ་འགའ་ཡང་ཡོད་པར་མི་འགྱུར་བའི་ཕྱིར་རོ། །རང་གིའོ། །ངག་གིའོ། །བདག་ཉིད་དང་འབྲེལ་བའོ་ཞེས་བྱ་བ་དག་ནི་རང་གི་ངག་གིས་བདག་ཉིད་དང་འབྲེལ་པ་ཡན་ལག་ཉིད་ཡིན་ཏེ། ངག་གི་རྣམ་པར་རིག་བྱེད་ལ་ནི་རང་གི་ངག་གིས་བདག་ཉིད་དང་འབྲེལ་བར་སྨྲ་བ་ཡན་ལག་ཉིད་ཡིན་པས་དེ་ལ་དངོས་གཞིར་འགྱུར་གྱི་རང་གི་མ་ཡིན་པ་དང་ངག་གིས་མ་སྨྲས་པ་དང༌། བདག་ཉིད་དང་མ་འབྲེལ་བ་ནི་ཡན་ལག་མ་ཡིན་པས་དེ་ལ་ནི་ན་སྨད་དོ། །དེས་ན་དགེ་སློང་གིས་རང་གི་ངག་གིས་བདག་ཉིད་དང་འབྲེལ་བར་བདག་འདི་སྐད་ཟེར་ཞེ་འམ་བདག་གིས་བྱེད་དུ་འཇུག་གོ་ཞེ་འམ་བདག་གི་ཕྱིར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་ལྟ་བུས་འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་དང༌། གཞི་མེད་པ་དང༌། བག་ཙམ་དག་གིས་སྐུར་བ་འདེབས་པ་གོ་བར་བྱེད་པ་ལ་ནི་དགེ་འདུན་ལྷག་མར་འགྱུར་རོ། །བདག་གི་ངག་གིས་བདག་ཉིད་དང་འབྲེལ་པར་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་འཁྲུར་འཇུག་པ་ལ་སོགས་པ་དང༌། དེ་ལས་གོས་ལེན་པ་དང༌། ཁྱིམ་བདག་དང༌། ཁྱིམ་བདག་གི་ཆུང་མ་དག་ལས་སློང་བ་དང༌། རིན་སྤགས་པ་དང༌། སོ་སོ་ནས་སྤགས་པ་དང༌། འཐག་ཏུ་འཇུག་པ་དང༌། འཕྲོག་པ་དང༌། བརྫུན་སྨྲ་བ་དང༌། སྐྱོན་ནས་སྨྲ་བ་དང༌། ཕྲ་མ་བྱེད་པ་དང༌། སྟོན་པ་དང༌། ཟློས་པ་དང༌། གནས་ངན་ལན་བརྗོད་པ་དང༌། མིའི་ཆོས་བླ་མ་བརྗོད་པ་དང༌། ཟ་ཤེས་དོར་བྱས་སོ་ཞེས་ཟེར་པ་དང༌། བསླབ་པ་ཁྱད་དུ་ག་སོད་པ་དང༌། ཤིང་ལྗོན་པ་གཅོད་པ་དང༌། འཕྱ་བ་དང༌། གཞོགས་འཕྱས་བྱེད་པ་དང༌། བསྒོ་བ་རྣལ་གཟོན་པ་དང༌། སྐྲོད་པ་དང་རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་དང༌། མ་བསྐོས་པར་སྟོན་པ་དང༌། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་བ་འདེབས་པ་དང༌།
དགེ་སློང་མས་སྦྱར་དུ་བཅུག་པའི་ཟས་ཟ་བ་དང༌། ཟས་གཅོད་དུ་འཇུག་པ་དང༌། མེ་ལ་རེག་ཏུ་འཇུག་པ་དང༌། འགྱོད་པ་སྐྱེད་པ་དང༌། སྔངས་བར་བྱེད་པ་དང༌། ཡོ་བྱད་སྦེད་པ་དང༌། སྐུར་བ་འདེབས་པ་དང༌། ས་རྐོ་བ་དང༌། ཤིང་བལ་གྱིས་གོས་པར་བྱེད་པ་དང༌། དགེ་སློང་མའི་ལ་གནས་ཟས་ལེན་པ་དང༌། མ་བཟློག་བར་ཟ་བ་ལ་སོགས་པ་དག་ནི་སྤང་པའི་ལྟུང་བྱེད་དང་ལྟུང་བྱེད་ཀྱི་དངོས་གཞི་ཅི་རིགས་བར་འགྱུར་རོ། །མངགས་པ་དང་བརྒྱུད་པ་ལ་སོགས་པ་དང༌། སྤྲིང་ཡིག་དང༌། ལག་ཡིག་དང༌། ལག་རྩིས་ལ་སོགས་པ་དང༌། གཞན་དག་ཅེ་འམ། ཆེ་གེ་མོ་ཞེ་འམ་གཞན་ལ་ཐ་སྙད་འདོགས་པ་ལ་སོགས་པས་འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་དང༌། གཞི་མེད་པ་དང༌། བག་ཙམ་དག་གིས་སྐུར་བ་འདེབས་པ་གོ་བར་བྱེད་པ་ལ་ནི་སྦོམ་པོའོ། །མངགས་པ་དང་བརྒྱུད་པ་ལ་སོགས་པ་དེ་དག་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་འཁྱུར་འཇུག་པ་ལ་སོགས་པ་དེ་དག་བྱེད་པ་ལ་ནི་ཉེས་བྱས་སོ། །རང་གིས་བསྐོས་པ་ཉིད་བྱེད་དུ་གཞུག་པ་ཡིན་ནོ་ཞེས་བྱ་བ་ནི་བྱེད་དུ་གཞུག་པ་ལ་ནི་རང་གིས་བསྐོས་པ་ཉིད་ཡན་ལག་སྟེ། གསོད་པ་དང༌། རང་གི་དོན་དུ་རྐུ་བ་ལས་གཞན་པའི་དོན་ལ་མངགས་པ་ལ་སོགས་པ་གཞན་བྱེད་དུ་གཞུག་ཅིང་རྗེས་སུ་སྒྲུབ་ཏུ་གཞུག་པ་གང་ཡིན་པ་དེ་ལ་ནི་རང་གིས་བསྐོས་པ་ཉིད་ཡན་ལག་ཡིན་པས། དེ་ལ་དངོས་གཞིར་འགྱུར་ལ་ལྐོག་ནས་བརྒྱུད་པས་བྱེད་དུ་བཅུག་པ་ནི་ཡན་ལག་མ་ཡིན་པས་དེ་ལ་ན་སྨད་དོ། །དེས་ན་རང་གིས་མངོན་སུམ་དུ་བསྐོས་པ་མ་ཡིན་པ་ལྐོག་ནས་བསྐོས་པས་བྱེད་དུ་བཅུག་པས་འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་དང༌། གཞི་མེད་པ་དང༌། བག་ཙམ་དག་གིས་སྐུར་བ་འདེབས་པ་ལ་སོགས་པ་ནི་སྦོམ་པོའོ། །དེ་དག་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་འཁྲུར་འཇུག་པ་ལ་སོགས་པ་དང༌། དེ་ལས་གོས་ལེན་པ་དང༌། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་དག་ལས་སློང་བ་དང༌། རིན་སྤགས་པ་དང༌། སོ་སོ་ནས་སྤགས་པ་ཐོབ་པ་དང༌། ལྷུང་བཟེད་ཚོལ་བ་དང༌། འཐག་ཏུ་འཇུག་པ་དང༌། འཐག་པ་བསྐྱེད་པ་དང༌། འཕྲོག་པ་དང༌། བརྫུན་སྨྲ་བ་དང༌། སྐྱོན་ནས་སྨྲ་པ་དང༌། ཕྲ་མ་བྱེད་པ་དང༌། སྐྱོ་སྔོགས་བྱེད་པ་དང༌། སྟོན་པ་དང༌། ཟློས་པ་དང༌། གནས་ངན་ལེན་བརྗོད་པ་དང༌། མིའི་ཆོས་བླ་མ་བརྗོད་པ་དང༌། བཤེས་དོར་བྱས་སོ་
ཞེས་ཟེར་བ་དང༌། བསླབ་པ་ཁྱད་དུ་གསོད་པ་དང༌། ཤིང་ལྗོན་པ་གཅོད་པ་དང༌། འཕྱ་བ་དང༌། གཞོགས་འཕྱས་བྱེད་པ་དང༌། བསྒོ་བ་རྣ་ལ་གཟོན་པ་དང༌། སྐོད་པ་དང༌། རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་དང༌། མ་བསྐོས་པར་སྟོན་པ་དང༌། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་བ་འདེབས་པ་དང༌། དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བ་དང༌། ཟན་གཅོད་དུ་བཅུག་པ་དང༌། མེ་ལ་རེག་ཏུ་འཇུག་པ་དང༌། འགྱོད་པ་སྐྱེད་པ་དང༌། སྔགས་པར་བྱེད་པ་དང༌། ཡོ་བྱད་སྦེད་པ་དང༌། སྐུར་བ་འདེབས་པ་དང༌། ས་རྐོ་བ་དང༌། ཤིང་བལ་གྱིས་གོས་པར་བྱེད་པ་དང༌། རིན་པོ་ཆེ་ལ་རེག་ཏུ་འཇུག་པ་ལ་སོགས་པ་དང༌། དགེ་སློང་མའི་ལག་ནས་ཟན་ལེན་པ་དང༌། མ་བཟློག་པར་ཟ་བ་ལ་སོགས་པ་དག་ཀྱང་ཉེས་བྱས་སོ། །ངེ་ལྟར་ཇི་སྐད་བསྟན་པ་དེ་དག་ནི་རྣམ་པར་འབྱེད་པར་མ་གཏོགས་པ་ཕལ་ཆེར་འདུལ་བའི་ཕྱིར་བསྟན་པའི་ལྟུང་བ་རྣམ་པར་བཞག་པ་ཡིན་ནོ། །ད་ནི་འདུལ་བ་མདོར་བསྡུ་བའི་སྐབས་བཤད་པར་བྱ་སྟེ། དེ་ལ་འདུལ་བ་མདོར་བསྡུ་བའི་སྐབས་སུ་གཏོགས་པ་ལུང་ལས་དངོས་སུ་མ་གསུངས་པ་ད་ལྟར་འཇིག་རྟེན་ན་སྣང་བ་ཡང་རུང་བས་ལུང་ལས་གསུངས་བ་དང༌། ཆ་མཐུན་པ་དག་ལུང་དང་མཐུན་པར་མདོར་བསྡུ་བའོ། །དེའི་ཕྱིར་མི་རུང་བ་དང་མཐུན་ལ་རུང་བ་དང་འགལ་བ་ནི་རུང་བ་མ་ཡིན་པར་བསྡུའོ། །རུང་བ་དང་མཐུན་ལ་མི་རུང་བ་དང་འགའ་བ་ནི་རུང་བར་བསྡུའོ་ཞེས་སྨྲས་པ་སྟེ། མི་རུང་བ་ཞེས་བྱ་བ་ནི་འདུལ་བ་དང་འགལ་བ་དེ་དགེ་སློང་གིས་སྤྱད་དུ་མི་རུང་བ་ཁ་ན་མཐོ་བ་དང་བཅས་པའོ། །རུང་བ་ཞེས་བྱ་བ་ནི་འདུལ་བ་དང་མི་འགལ་བ་དགེ་སློང་གིས་སྤྱད་དུ་རུང་བ་ཁ་ན་མ་ཐོ་བ་མེད་པའོ། །དེ་ལ་མི་རུང་བ་དང་མཐུན་ལ་རུང་བ་དང་འགལ་བ་ནི་རུང་བ་མ་ཡིན་པར་བསྡུའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་འདུལ་བའི་སྡེ་སྣོད་ལས་དངོས་སུ་བཀའ་མ་སྩལ་བ་འདུལ་བ་དང་ལྡན་པའི་བསླབ་པའི་གཞི་དགེ་སློང་གིས་སྤྱད་དུ་མི་རུང་བ་གང་དག་ད་ལྟར་འཇིག་རྟེན་ན་སྣང་བ་ཅི་ཡང་རུང་བ་དེ་དག་གར་བསྡུ་ཞེ་ན། དེ་དག་བཅོམ་ལྡན་འདས་ཀྱིས་འདུལ་བའི་སྡེ་སྣོད་ལས་འདུལ་བ་དང་འགལ་བ་དགེ་སློང་གིས་སྤྱད་དུ་མི་རུང་བ་ཁ་ན་མ་ཐོ་བ་དང་བཅས་པར་གསུངས་པ་གང་དག་ཡིན་པ་དེ་དག་དང་ཆ་མཐུན་ལ་འདུལ་བ་དང་མི་འགལ་བ་དགེ་སློང་གིས་སྤྱད་དུ་རུང་བ་ཁ་ན་མ་ཐོ་བ་མེད་པར་གསུངས་པ་གང་དག་ཡིན་པ་དེ་དག་དང༌། ཆ་མི་མཐུན་ཞིང་འགལ་བ་མ་ཡིན་ན་ནི་དེ་དག་རུང་བ་མ་ཡིན་པར་
བསྡུ་སྟེ། དགེ་སློང་གིས་དེ་དག་བསྟེན་ཅིང་སྤྱད་དུ་མི་རུང་སྟེ། དེ་བསྟེན་ཅིང་སྤྱད་ན་གཞི་ཇི་ལྟ་བ་ལས་ལྟུང་བ་སྡེ་ལྔའི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་ཏེ། དཔེར་ན་བཅོམ་ལྡན་འདས་ཀྱིས་འདུལ་བའི་སྡེ་སྣོད་ལས་མིང་གིས་བཀག་པ་དང༌། གནང་བར་མ་གསུངས་པ་དངོས་སུ་བཀག་པ་དང་མཐུན་ལ། གནང་བ་དང་འགལ་བ་ཐམས་ཅད་བཀག་པའི་ནང་དུ་བསྡུ་བ་ནི་འདི་ལྟ་སྟེ་མི་དགེ་བ་བཅུའི་ནང་ནས་ཚིག་ཀྱལ་པ་དང༌། ངག་རྩུབ་མོ་དང་བརྣབ་སེམས་དང༌། གནོད་སེམས་དང༌། ལོག་པར་ལྟ་བ་དང༌། གཞན་ཡང་དེ་ལྟ་བུ་དང་མཐུན་པ་དག་འདུལ་བ་ལས་དེ་དག་བྱས་ན་ལྟུང་བ་འདིར་འགྱུར་རོ་ཞེས་དངོས་སུ་བཀག་པ་མེད་ཀྱང་དེ་དག་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ལ་སོགས་པ་ཡིན་པས་བཀག་པ་དང་མཐུན་པ་ལ་གནང་བ་དང་འགལ་བའི་ཕྱིར་བཀག་པའི་ནང་དུ་བསྡུ་བ་ལྟ་བུའོ། །རུང་བ་དང་མཐུན་པ་མི་རུང་བ་དང་འགལ་བ་ནི་རུང་བར་བསྡུའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་འདུལ་བའི་སྡེ་སྣོད་ལས་དངོས་སུ་བཀའ་མ་སྩལ་པ། འདུལ་བ་དང་ལྡན་པའི་བསླབ་པའི་གཞི་དགེ་སློང་གིས་སྤྱད་དུ་རུང་བ་གང་དག་ད་ལྟར་འཇིག་རྟེན་ན་སྣང་བ་ཅི་ཡང་རུང་བ་དེ་དག་གར་བསྡུ་ཞེ་ན་དེ་དག་བཅོམ་ལྡན་འདས་ཀྱིས་འདུལ་བའི་སྡེ་སྣོད་ལས་འདུལ་བ་དང་མི་འགལ་བའི་དགེ་སློང་གིས་སྤྱད་དུ་རུང་བ་ཁ་ན་མ་ཐོ་བ་མེད་པར་གསུངས་པ་གང་དག་ཡིན་པ་དེ་དག་དང་ཆ་མཐུན་ལ། འདུལ་པ་དང་འགལ་བ་དགེ་སློང་གིས་སྤྱད་དུ་མི་རུང་བ་ཁ་ན་མ་ཐོ་བ་དང་བཅས་པར་གསུངས་པ་གང་དག་ཡིན་པ་དེ་དག་དང་ཆ་མི་མཐུན་ཞིང་འགལ་བ་ཡིན་ན་ནི་དེ་དག་རུང་བར་བསྡུ་བ་སྟེ། དགེ་སློང་གིས་དེ་དག་བསྟེན་ཅིང་སྤྱད་དུ་རུང་སྟེ། དེ་དག་བསྟེན་ཅིང་སྤྱད་ན་གཞི་གང་ལས་ཀྱང་རུང་བ་སྡེ་ལྔའི་ཁ་ན་མ་ཐོ་བ་ཅིར་ཡང་མི་འགྱུར་ཏེ། དཔེར་ན་བཅོམ་ལྡན་འདས་ཀྱིས་འདུལ་བའི་སྡེ་སྣོད་ལས་མིང་གིས་བཀག་པ་དང་གནང་བར་མ་གསུངས་པ་དངོས་སུ་གནང་བ་དང་མཐུན་པ་ལས་བཀག་པ་དང་འགལ་བ་ཐམས་ཅད་གནང་བའི་ནང་དུ་བསྡུ་བ་འདི་ལྟ་སྟེ། རིག་པའི་གནས་ལྔ་དང༌། བསོད་ནམས་བྱ་བའི་གཞི་བདུན་ལ་སོགས་པ་དག་འདུལ་བ་ལས་དེ་དག་མ་བྱས་ན་ལྟུང་བ་འདིར་འགྱུར་རོ་ཞེས་དངོས་སུ་བྱ་བར་གནང་བ་མེད་ཀྱང་དེ་དག་དགེ་བ་ལ་སོགས་པ་ཡིན་པས་གནང་བ་དང༌། མཐུན་པ་བཀག་པ་དང་འགལ་བའི་ཕྱིར་གནང་བའི་ནང་དུ་བསྡུ་བ་ལྟ་བུའོ། །འདི་སྐད་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་མང་གིས་བཀག་པའི་ནང་དུ་བཀའ་མ་
སྩལ་ལ་དངོས་སུ་མི་རུང་བ་ཡང་བསྟན་པ་གང་ཡིན་པ་དེ་ནི་འདིས་བཀག་པར་རིག་པར་བྱའོ། །མིང་གི་རྗེས་སུ་གནང་བའི་ནང་དུ་བཀའ་མ་སྩལ་ལ་དངོས་སུ་རུང་བ་ཡང་བསྟན་པ་གང་ཡིན་པ་དེ་ནི་འདིས་རྗེས་སུ་གནང་བར་རིག་པར་བྱ་སྟེ། དཔེར་ན་ཁྲིའུ་རྐང་པ་བྲིས་བ་བཅང་བར་མི་བྱ་བ་ཉིད་དང༌། ཉལ་བ་དང༌། འགྲོ་བས་བཤང་པ་དང་གཅི་བ་དག་མི་བྱ་བ་ཉིད་དང༌། ཉལ་བ་དང་འགྲོ་བ་དང་ཟས་བཟའ་བར་མི་བྱ་བ་ཉིད་ཅེས་བྱ་བ་ལ་སོགས་པ་དག་ནི་དགག་པའི་རྣམ་པ་ཡིན་ལ། ཚྭ་དང་བསྲེས་པའི་དགུན་ཆུ་བཏུང་བར་བྱ་བ་ཉིད་དང༌། ཁམ་ཕོར་དག་ཏུ་ཟས་བཟའ་བར་བྱ་བ་ཉིད་ཅེས་བྱ་བ་ལ་སོགས་པ་དག་ནི་རྗེས་སུ་གནང་བའི་རྣམ་པ་ཡིན་པ་ལྟ་བུ་སྟེ། དེ་དག་ཐམས་ཅད་འདིས་བསྟན་པ་ཉིད་ཡིན་ནོ། །དེ་ལྟར་ཇི་སྐད་བསྟན་པ་དེ་དག་ནི་འདུལ་བ་མདོར་བསྡུས་པའི་ལྟུང་བ་དང་ལྟུང་བ་མ་ཡིན་པ་རྣམ་པར་གཞག་པ་ཡིན་ནོ། །འདུལ་བ་སྤྱིར་བསྟན་པ་དང༌། མདོར་བསྡུས་པ་དེ་དག་ནི་ལྟུང་བ་སྡེ་ལྔ་འདུལ་བར་གཏོགས་པ་ཐམས་ཅད་ཀྱི་གཞུང་རྒྱས་པའི་མཚན་ཉིད་དང་ཅི་རིགས་པར་སྤྱིར་སྦྱར་བ་ཡིན་ནོ། །གཞུང་རྒྱས་པའི་མཚན་ཉིད་བཤད་ཟིན་ཏོ། །དེའི་འོག་ཏུ་བསྡུ་བའི་མཚན་ཉིད་བཤད་པར་བྱ་སྟེ། བསྡུ་བའི་མཚན་ཉིད་ཅེས་བྱ་བ་ནི་སྔར་དེ་ལས་སོ་སོར་ཐར་པའི་མདོའི་བསྡུས་པའི་དོན་ནི་མཚན་ཉིད་རྣམ་པ་ལྔས་སྟོན་ཏེ། མཆོད་པ་དང༌། གླེང་བསླང་བ་དང༌། ཡང་དག་པར་བརྩམས་པ་དང་གཞུང་རྒྱས་པ་དང༌། བསྡུ་བའི་མཚན་ཉིད་ཀྱིས་སོ་ཞེས་སྨོས་པ་ལས་གཞུང་རྒྱས་པའི་མཚན་ཉིད་ཡན་ཆད་དུ་གོ་རིམས་བཞིན་བཤད་ཟིན་ཏོ། །ད་ནི་ལྡ་པ་སྟེ། བསྡུ་བའི་མཚན་ཉིད་ཅེས་བྱ་བ་ཐ་མ་བཤད་པར་བྱ་སྟེ། འདི་ནི་སོ་སོར་ཐར་པའི་མདོ་མདོར་བསྡུས་ཏེ། གདོན་པའི་སྒོ་ནས་དེ་བཞིན་གཤེགས་པ་རིགས་བདུན་གྱི་འདུལ་བ་མདོར་བ་སྡུས་ཏེ་བསྟན་པའོ། །དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་སློབ་མ་རྣམས་ནི་ཉེས་པ་ཆུང་བར་འགྱུར་ཏེ་ཆོས་ལ་དགའ་བའི་འདོད་ཆགས་དང་དམ་པ་མ་ཡིན་པའི་ཆོས་ལ་ཞུགས་པའི་མུ་སྟེགས་ཅན་རྣམས་ལ་འཚེ་བ་ལ་མངོན་པར་དགའ་བ་ཙམ་ཞིག་ཡོད་པས། དེ་དག་གིས་ཉེས་པ་དེ་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་འགྱུར་ཏེ། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་
ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལ་བཟོད་པ་ཞེས་བྱ་བ་ནི་བཟོད་པར་བྱེད་པ་སྟེ། གཞན་གྱི་ཉེས་པ་དང་དུ་ལེན་པ་འམ་གཞན་ལ་ཞེ་སྡང་མེད་པའོ། །དེ་ཉིད་དཀའ་ཐུབ་དམ་པ་ཡིན་ཏེ། སེམས་ཀྱི་ཞེ་སྡང་སྤྱོང་བའི་ཕྱིར་དང༌། སྙིང་རྗེ་བསྐྱེད་པའི་ཕྱིར་རོ། །བཟོད་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་བཟོད་པར་བྱེད་པ་སྟེ། སྡུག་བསྔལ་གྱི་བདེན་པའི་ཡུལ་གྱི་རྣམ་པ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་དག་བཟོད་པའི་ཤེས་རབ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །དེ་སྔོན་དུ་བཏང་བ་འམ་དེས་ཉེ་བར་བསྟན་པའི་མྱ་ངན་ལས་འདས་པ་བཟོད་པའི་ཕྱིར་མྱ་ངན་ལས་འདས་པ་སྟེ། ཟག་པ་མེད་པའི་ལམ་གྱིས་ཐོབ་པའི་མྱ་ངན་ལས་འདས་པའོ། །དེ་མཆོག་ཅེས་སངས་རྒྱས་གསུངས་ཞེས་བྱ་བ་ནི་བཟོད་པའི་མྱ་ངན་ལས་འདས་པ་དེ་དངོས་པོ་ཐམས་ཅད་ཀྱི་མཆོག་ཡིན་ནོ་ཞེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པ་སྟེ། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་མྱ་ངན་ལས་འདས་པ་ནི་གཏན་དུ་མ་ཡིན་ལ། ཟག་པ་མེད་པའི་ལམ་གྱིས་ཐོབ་པའི་མྱ་ངན་ལས་འདས་པ་ནི་གཏན་དུ་མ་ཡིན་པ་ཉིད་ཀྱིས་གནོད་པ་མེད་པ་སྟེ། ཞི་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་བཟོད་པའི་དཀའ་ཐུབ་དམ་པ་ཡིན་ཞེ་ན་དེའི་ཕྱིར། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། གཞན་ལ་གནོད་པ་ཞེས་བྱ་བ་ནི་ཡིད་ཀྱིས་གནོད་པ་བྱེད་པའོ། །གཞན་ལ་འཚེ་བ་ཞེས་བྱ་བ་ནི་ལུས་ངག་གཉིས་ཀྱིས་འཚེ་བའོ། །དགེ་སྦྱོང་ཞེས་བྱ་བ་ནི་ཞི་བའི་བདག་ཉིད་དོ། །འདི་ལྟར་བསྟན་ཏེ། གང་གི་ཕྱིར་གཞན་ལ་གནོད་པ་དང༌། གཞན་ལ་འཚེ་བ་རབ་ཏུ་བྱུང་བའི་དགེ་སྦྱོང་རྫོགས་པ་མ་ཡིན་པ་དེའི་ཕྱིར་བཟོད་པ་ནི་དཀའ་ཐུབ་དམ་པ་ཡིན་ལ། དེའི་འབྲས་བུ་བཟོད་པས་ཐོབ་པའི་མྱ་ངན་ལས་འདས་པ་ཡང་མཆོག་ཡིན་པས་དེའི་ཕྱིར་རབ་ཏུ་བྱུང་བས་བཟོད་པ་བསྟེན་པར་བྱའོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་གྱི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་འགྱུར་ཏེ། གཞན་གྱིས་ཉེས་པ་སྒྲོགས་པ་མང་བ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་དེ་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་
བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། མིག་ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་དུ། །མཁས་བ་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྡོང༌། །སྐུར་བ་མི་གདབ་གནོད་མི་བྱ། །སོ་སོར་ཐར་བ་འང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །བས་མཐའི་གནས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བའོ། །དེ་ལ་མིག་ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ད་བ་དག་ཇི་བཞིན་དུ། །ཞེས་བྱ་བ་ནི་ཇི་ལྟར་མི་མིག་དང་ལྡན་པ་ལོང་བ་མ་ཡིན་པ་འགྲོ་བ་ཡོད་པ། འགྲོ་ཤེས་པས་ངམ་གྲོག་དང༌། ཚེར་མ་དང༌། སྡིག་སྤྲུལ་ལ་སོགས་པས་ཉམ་ང་བ་སྡུག་བསྔལ་གྱི་རྒྱུར་གྱུར་པའི་གནས་མི་མཉམ་པ་དག་ཡོངས་སུ་སྤོང་བར་བྱེད་པ་དེ་བཞིན་དུ། མཁས་པ་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང༌། །ཞེས་བྱ་བ་གསུངས་ཏེ་མཁས་པ་བློ་དང་ལྡན་པ་རྟོག་པ་དང་སེལ་ནུས་པ་ཡང་འཚོ་བའི་འཇིག་རྟེན་འདིར་འཁོར་བ་འདི་ན་སྡིག་པ་གང་དག་ཡིན་པ་དེ་དག་ཡོངས་སུ་སྤོང་བར་བྱེད་དོ། །ཇི་ལྟར་སྡིག་པ་དེ་དག་ཡོངས་སུ་སྤང་བར་བྱ་ཞེ་ན། དེའི་ཕྱིར། སྐུར་པ་མི་གདབ་གནོད་མི་བྱ། །ཞེས་བྱ་བ་ལ་སོགས་གསུངས་ཏེ། སྐུར་པ་མི་གདབ་ཅེས་བྱ་བ་ནི་གཞན་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་ཡང་རུང་བས་སྐུར་བ་མི་གད་བ་པའོ། །གནོད་མི་བྱ་ཞེས་བྱ་བ་ནི་གཞན་ལ་བརྡེག་པ་དང༌། ཚིག་རྩུབ་མོ་ལ་སོགས་པས་གནོད་པ་མི་བྱ་བའོ། །སོ་སོར་ཐར་པ་བསྡམ་པར་བྱ། །ཞེས་བྱ་བ་ལ། སོ་སོར་ཐར་པ་ཞེས་བྱ་བ་ནི་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ཚིག་ཀྱལ་པ་དང༌། དག་རྩུབ་མོ་ལ་སོགས་པ་སྤངས་པའི་སྡོམ་པ་དགེ་སློང་ལ་སོགས་པའི་རིས་བདུན་པོ་དག་གོ །དེ་བསྡམ་པར་བྱ་བ་ནི་ཡོངས་སུ་བསྲུང་བར་བྱ་བ་སྟེ། དེ་ནི་བཟློག་པའི་མཚན་ཉིད་དང༌། སྤྱད་པའི་མཚན་ཉིད་རྣམ་པ་གཉིས་ཀྱིས་ལྷག་པའི་ཚུལ་ཁྲིམས་བསྟེན་པར་ཤེས་པར་བྱ་བའོ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །ཞེས་བྱ་བ་ནི་འདི་ལྟར་དགེ་སློང་རྣམས་ཀྱིས་ཟས་རུང་བ་འདི་ལ་ཟས་ཀྱི་ཚོད་ཀྱང་ཤེས་པར་བྱ་སྟེ། ཇི་ཙམ་གྱིས་ལུས་ལྕི་བ་དང་རྨྱ་བར་མི་འགྱུར་བ་དེ་ཙམ་གྱིས་ཚོད་ཡོངས་སུ་ཤེས་པར་བྱ་བའོ། །བས་མཐའི་གནས་སུ་གནས་པར་བྱ། །ཞེས་བྱ་བ་ནི་བས་མཐའ་མཐར་གྱུར་པ་གནས་དབེན་པར་གནས་པར་བྱ་བ་སྟེ། འདིས་ལུས་དང་ཡུལ་ལེགས་
པར་མཐུན་པ་དག་གིས་ལམ་བསྒོམ་པའི་ཚོགས་བསྟན་པར་ཤེས་པར་བྱའོ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །ཞེས་བྱ་བ་ལ་ལྷག་པའི་སེམས་ཞེས་བྱ་བ་ནི་སེམས་ཡོངས་སུ་སྦྱོང་བར་བྱེད་པ་སྟེ་གང་གིས་འདོད་ཆགས་ཀྱི་སྒྲིབ་པ་དང༌། གཏི་མུག་གི་སྒྲིབ་པ་ལས་སེམས་རྣམ་པར་སྦྱོང་བ་སྟེ། དེ་ཡང་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བསམ་གཏན་ནོ། །དེ་ལ་ཡང་དག་པའི་སྦྱོར་བ་ནི་ཡང་དག་པའི་རྣལ་འབྱོར་དུ་བྱ་བ་སྟེ་འདིས་ནི་ལྷག་པའི་སེམས་ཀྱི་བསླབ་པ་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་པར་ཤེས་པར་བྱའོ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་མདོར་བསྟན་པ་འདི་ནི་ཚོགས་དང་བཅས་པའི་ལམ་བསྟན་པ་ཡིན་ཏེ། དེ་ཉིད་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ཀྱི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་འགྱུར་ཏེ། འདི་ལྟར་ཁྱིམ་པའི་སྐྱེ་བོ་དང་འགྲོགས་པར་དགའ་པ་ཙམ་ཞིག་ཡོད་པས་དེ་དག་གིས་ཉེས་པ་དེ་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་བར་འགྱུར་ཏེ། ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །ཞེས་བྱ་བའོ། །དེ་ལ་ཇི་ལྟར་སྲོག་ཆགས་བུང་བ་མེ་ཏོག་གི་ཁ་དོག་དང་དྲི་ལ་མི་གནོད་བར་ཁུ་བ་གཞིབས་ཏེ་འཕུར་བ་དེ་བཞིན་དུ་ཐུབ་པ་རབ་ཏུ་བྱུང་བ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་རྒྱུ་བས་ཀྱང་གྲོང་ནས། ཁ་དོག་དང་དྲི་ལྟ་བུ་སེམས་དང་ཚུལ་ཁྲིམས་ལ་མི་གནོད་པ་ཁུ་བ་ལྟ་བུའི་ཟས་བླངས་ཏེ་འགྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་བ་འཇིག་གི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་འགྱུར་ཏེ། གཞན་གྱི་སྐྱོན་དང་ཡོན་ཏན་ལ་རྟོག་པ་ཙམ་ཞིག་ཡོད་པས་དེ་དག་གི་སྐྱོན་དེ་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་འགྱུར་ཏེ། བདག་གི་རིགས་དང་མི་རིགས་ལ། །བརྟགས་པར་བྱ་སྟེ་གཞན་རྣམས་ཀྱི། །མི་མཐུན་པ་དང་གཞན་དག་གིས། །བྱས་དང་མ་བྱས་རྣམས་ལ་མིན། །ཞེས་བྱ་བའོ། །དེ་ལ་བདག་གི་རིགས་དང་མི་རིགས་ལ་བརྟག་པར་བྱ་སྟེ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་རིགས་པ་དང་མི་རིགས་པ་ལ་སོ་སོར་
བརྟག་པར་བྱ་བའོ། །གཞན་རྣམས་ཀྱི་མི་མཐུན་པ་ཞེས་བྱ་བ་ནི་གཞན་རྣམས་ཀྱི་མི་རིགས་པའོ། །གཞན་དག་གིས། བྱས་དང་མ་བྱས་རྣམས་ལ་མིན། །ཞེས་བྱ་བ་ནི་གཞན་དག་གིས་རྫོགས་བ་དང་མ་རྫོགས་པ་རྣམས་ལ་བརྟག་པར་མི་བྱའོ། །འདི་སྐད་བསྟན་པ་སྟེ་གཞན་དག་གི་ཡོན་ཏན་དང་སྐྱོན་ལ་རྟོག་པ་ལ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་འབྱུང་བས་དེའི་ཕྱིར་གཞན་ལ་རྟོག་པ་སྦངས་ཏེ་བདག་ཉིད་ལ་བརྟག་ཅིང་བདག་ཉིད་ལ་ལེགས་བར་འདོད་པར་བྱས་ན་ཕྱིས་གཞན་དག་ལ་བརྟག་པའི་སྐབས་ཡོད་པར་འགྱུར་རོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་སླེབ་མ་རྣམས་ཀྱང་ཉེས་པ་ཆུང་བར་འགྱུར་ཏེ། སྲེད་པ་དང་བཅས་པས་བསམ་གཏན་སྐྱེད་པར་བྱེད་པ་ཙམ་ཞིག་ཡོད་པར་དེ་དག་གི་ཉེས་པ་དེ་ཡོངས་སུ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་འགྱུར་ཏེ། ལྷག་པའི་སེམས་ལ་བག་བྱ་སྟེ། །ཐུབ་བའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །ཞེས་བྱ་བའོ། །དེ་ལ་ལྷག་པའི་སེམས་ཞེས་བྱ་བ་ནི་བསམ་གཏན་བཞི་པོ་དག་གོ །དེ་ལ་བག་བྱ་སྟེ་ཞེས་བྱ་བ་ནི་སྲེད་པ་དང་ང་རྒྱལ་དང༌། ལྟ་བ་མཆོག་ཏུ་འཛིན་པ་སྤང་ཞིང་བག་གྱིས་ཤིག་ཅེས་བྱ་བའོ། །སྤང་བ་བསྟན་ནས་བླང་བ་བསྟེན་པའི་ཕྱིར། ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཅེས་བྱ་བ་གསུངས་ཏེ། ཐུབ་པ་ཞེས་བྱ་བ་ནི་མཁྱེན་པ་དང་ལྡན་པ་སྟེ། ཡང་དང་ཡང་དུ་མཛད་པའི་ཕྱིར་ཐུབ་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །ཐུབ་པ་དེའི་ཐུབ་གཞི་ནི་འཕགས་པའི་བདེན་པ་བཞི་པོ་དག་སྟེ། གང་དག་གིས་ཐུབ་པ་སྐྱེད་པའོ། །དེ་རྣམས་ལ་བསླབ་པ་ནི་མཆོག་ཏུ་བསླབ་ཅིང་ནན་ཏན་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །དེ་ལ་བསླབ་ན་ཅིར་འགྱུར་ཞེ་ན། འབྲས་བུ་བསྟན་པའི་ཕྱིར། ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །ཞེས་བྱ་སྦ་གསུངས་ཏེ། ཉེ་བར་ཞི་བ་དང་རྟག་ཏུ་དྲན་པ་དང་ལྡན་པ་གཉིས་ཀྱིས་སྐྱོབ་པ་ཉིད་དུ་བསྟན་པར་ཤེས་པར་བྱའོ། །དེ་ལ་ཉེ་བར་ཞི་བར་ཞེས་བྱ་བ་ནི་མཉམ་པར་གཞག་པ་སྟེ། ལུས་དང་ངག་གཉིས་ཀྱིས་བསྡམས་པའོ། །རྟག་ཏུ་དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་རྟག་ཏུ་དྲན་པ་ཉེ་བར་གཞག་པའོ། །སྐྱོབ་པ་ཞེས་བྱ་བ་ནི་རང་གི་སེམས་རྗེས་སུ་བསྲུང་བའོ། །མྱ་ངན་མེད་པ་ཡིན་ཞེས་བྱ་བ་འདིས་ནི་སྐྱེ་བ་ཟད་པ་བསྟན་ཏེ། མྱ་ངན་ལས་
འདས་པ་ཡིན་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་གྱུར་ཏེ། སྦྱིན་པ་ལ་མགུས་པ་དང་དགྲ་མང་བར་བལྟ་བ་ཙམ་ཞིག་ཡོད་པས་དེ་དག་གི་ཉེས་པ་དེ་ཡོངས་སུ་སྤང་པའི་ཕྱིར་བཅོམ་ལྡན་འདས་དེས་མཐར་ཐུག་པའི་ཆོས་བསྟན་པས་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཟླ་བ་ཕྱེད་ཕྱེད་ཅིང་བཏོན་པར་གྱུར་ཏེ། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་འགྱུར་རོ། །དགེ་དང་ལྡན་པས་སྡིག་པ་སྤོང༌། །ཉོན་མོངས་ཟད་པས་མྱང་ན་འདའ། །ཞེས་བྱ་བའོ། །དེ་ལ་སྦྱིན་པ་ཞེས་བྱ་བ་ནི་སྦྱིན་པ་བྱེད་པའི་མི་སྟེ། དེས་ནི་ལོངས་སྤྱོད་ཀྱི་འབྲས་བུ་ཅན་གྱི་བསོད་ནམས་ཀྱི་ལས་རབ་ཏུ་འཕེལ་བར་འགྱུར་རོ། །ཚུལ་ཁྲིམས་ལེགས་པར་བསྡམས་པས་ནི་དགྲ་སོགས་པར་མི་འགྱུར་རོ། །ཚུལ་ཁྲིམས་ཀྱིས་དགྲའི་རྒྱུ་གསོད་པ་དང༌། རྐུ་བ་དང༌། བུད་མེད་ལ་ཆགས་པ་ལ་སོགས་བ་མི་བསྐྱེད་པའི་ཕྱིར་རོ། །དགེ་སློང་དང་ལྡན་པས་ཞེས་བྱ་བ་ནི་བསམ་གཏན་བཞི་ཐོབ་པ་སྟེ། དེས་ནི་འདོད་པ་ལ་སྤྱོད་པའི་སྡིག་པ་ཁོང་ཁྲོ་བ་དང་ཕྲག་དོག་དང༌། ཁྲོ་བ་ལ་སོགས་པ་རྣམ་པར་སྨིན་པ་མི་འདོད་པར་འགྱུར་པ་དག་ཡོངས་སུ་སྤོང་བར་འགྱུར་རོ། །འཕགས་པའི་ལམ་གྱིས་ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཟད་པས་ནི་ཕུང་པོའི་ལྷག་མ་དང་བཅས་པ་དང༌། ལྷག་མ་མེད་པའི་མྱང་ན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་བས་ན་སྦྱིན་པ་ནི་འཁོར་བའི་འབྲས་བུ་ཅན་ཡིན་པས་དེ་ལ་གུས་པར་མི་བྱ་ཞིང་དགྲ་མང་བ་ནི་སྡོམ་བརྩོན་དང་མི་མཐུན་པ་ཡིན་པས་དེ་མི་བྱ་ཞེས་པའི་ཐ་ཚིག་གོ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཆུ་བུར་མ་བྱུང་བའི་ཚེ་ན་དེའི་སློབ་མ་རྣམས་ཀྱང་ཉེས་པ་ཆུང་བར་གྱུར་པས། བཅོམ་ལྡན་འདས་ཀྱིས་དེ་དག་ལ་སོ་སོར་ཐར་པའི་མདོ་འདི་ལྟར་མདོར་བསྡུས་ཏེ་ཚིགས་སུ་བཅད་པ་གསུམ་གྱིས་བཏོན་པར་འགྱུར་ཏེ། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །དེ་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་འང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་
བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང༌། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་བྱའོ། །དེ་ལ་སྡིག་པ་ཐམས་ཅད་མི་བྱ་སྟེ། ཞེས་བྱ་བ་འདིས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་ཏོ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །ཞེས་བྱ་བ་འདིས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་ཏེ། ཉོན་མོངས་པ་ནི་ཐམས་ཅད་སྤངས་པ་ནི་དོན་དམ་པའི་དགེ་བ་ཡིན་པའི་ཕྱིར་རོ། །རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་བྱ་བ་འདིས་ནི་ལྷག་པའི་སེམས་ཀྱི་བསླབ་པ་བསྟན་ཏོ། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་བྱ་བ་ལ་སོགས་སྡོམ་པ་རྣམ་པ་བཞིས་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་བསྟན་ཏོ། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་བྱ་བ་འདིས་ནི་ཚུལ་ཁྲིམས་གྱི་སྐྱེས་བུའི་རྩལ་གྱིས་འབྲས་བུ་ཐག་རིང་བ་བསྟན་ཏོ། །ཇི་ལྟར་ཚུལ་ཁྲིམས་ཀྱིས་སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ་བར་འགྱུར་ཞེ་ན། དེའི་ཕྱིར། ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ངན་སོང་གསུམ་གྱི་སྒོ་སྦྱངས་ཤིང༌། འཕགས་པའི་ལམ་ཐོབ་པ་དེ་སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་དེའི་ཕྱིར་འདི་ནི་ཚུལ་ཁྲིམས་ཀྱི་སྐྱེས་བུའི་རྩལ་གྱིས་འབྲས་བུ་ཐག་རིང་བ་ཡིན་ནོ། །དེ་ལྟར་མདོར་བསྡུས་པ་དང༌། རྒྱས་པར་བསྟན་པ་དག་གིས་སངས་རྒྱས་བདུན་གྱི་སོ་སོར་ཐར་པ་གདོན་པ་བསྟན་ནས། ད་ནི་མཇུག་བསྡུ་བའི་སྒོ་ནས་ནན་ཏན་བྱ་བ་བསྟན་པའི་ཕྱིར། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང༌། །ཤཱཀྱ་ཐུབ་པ་གཽ་ཏ་མ་ལྷ་ཡི་ལྷ། །མི་འདུལ་ཁ་ལོ་བསྒྱུར་བ་བླ་ན་མེད། །འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག །སངས་རྒྱས་དཔའ་བོ་བདུན་པོ་དག །གྲགས་ལྡན་རྣམས་ཀྱིས་སོ་སོར་ཐར། །འདི་ནི་རབ་ཏུ་རྒྱས་པར་བསྟན། །འདི་ལ་སངས་རྒྱས་རྣམས་དང་གང༌། །སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས། །འདི་ལ་གུས་དང་བཅས་གྱུར་པས། །འདུས་མ་བྱས་པ་འང་ཐོབ་པར་གྱིས། །ཞེས་བྱ་བའི་ཚིགས་སུ་བཅད་པར་གསུམ་ཡང་དག་པར་སྡུད་པ་བྱེད་པ་སྨྲས་སོ། །དེ་ལ་སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང༌། །ཤཱཀྱ་ཐུབ་པ་
ཞེས་བྱ་བ་རྣམས་ནི་སངས་རྒྱས་བདུན་གྱི་མཚན་ཏེ་གོ་རིམས་བཞིན་ནོ། །གཽ་ཏ་མ་ལྷ་ཡི་ལྷ། མི་འདུལ་ཁ་ལོ་བསྒྱུར་བ་བླ་ན་མེད། །ཅེས་བྱ་བ་དག་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གདུང་དང་ཡོན་ཏན་ཏེ། གཽ་ཏམ་ཞེས་བྱ་བ་ནི་གདུང་སྟེ། དྲང་སྲོང་གཽ་ཏ་མའི་རྒྱུད་ཡིན་པའི་ཕྱིར་རོ། །ལྷའི་ལྷ་ཞེས་བྱ་བ་ནི་ཆོས་ཉིད་ཀྱིས་གྲགས་པའི་སྒོ་ནས་ནི་སྙིགས་མ་ལྔ་ཤས་ཆེ་བའི་དུས་ན་སེམས་ཅན་ལ་ཕན་པ་རྫོགས་པར་མཛད་པའི་ཕྱིར་རོ། །འཇིག་རྟེན་ལ་གྲགས་པའི་སྒོ་ནས་ནི་ལྷ་རྣམས་ཀྱིས་ཀྱང་ཞབས་ལ་བཏུད་དེ་ཕྱག་བྱས་པའི་ཕྱིར་རོ། །མི་འདུལ་ཁ་ལོ་བསྒྱུར་བ་བླ་ན་མེད། །ཅེས་བྱ་བ་ནི་འཇམ་པ་དང༌། རྩུབ་པོ་དང༌། གཉི་གའི་རང་བཞིན་གྱི་འདུལ་བ་རྣམ་པ་གསུམ་གྱིས་འདུལ་བ། སྐྱེས་བུ་རྟ་ལྟ་བུ་དག་ཕྱིན་ཅི་མ་ལོག་པར་འདུལ་བར་མཛད་པའི་ཕྱིར་རོ། །འཇིག་རྟེན་མགོན་པོ་ཞེས་བྱ་བ་ནི་ཁམས་གསུམ་པའི་མགོན་པོ་སྟེ། ཕན་པ་དཔག་ཏུ་མེད་པ་མཛད་པས་ཡོངས་སུ་སྐྱོབ་པར་མཛད་པའི་ཕྱིར་རོ།། སྐྱོབ་པ་ཞེས་བྱ་བ་ནི་མངའ་དབང་གི་ཆོས་ཐམས་ཅད་ལ་དབང་ཕྱུག་བརྙེས་པའི་ཕྱིར་རམ། འདུལ་བའི་སྐྱེ་བོ་དུས་ལས་མི་ཡོལ་བས་ཡོངས་སུ་སྐྱོབ་པར་མཛད་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་གཙོ་བོ་སྟེ། བླ་ན་མེད་པའི་མཁྱེན་པ་དང་ལྡན་པའི་ཕྱིར་རམ། རྗེས་སུ་མཐུན་པའི་ཕན་པ་མཛད་པ་ཡོངས་སུ་མཁྱེན་པའི་ཕྱིར་རོ། །སངས་རྒྱས་དཔའ་བོ་ཞེས་བྱ་བ་ནི་ཡེ་ཤེས་ལ་སོགས་པ་དག་གིས་འགྲོ་བ་ཐམས་ཅད་པས་དཔའ་བའི་སངས་རྒྱས་ཞེས་བྱ་བའི་ཐ་ཚིག་གོ །གྲགས་ལྡན་ཞེས་བྱ་བ་ནི་སྙན་པ་དང་ལྡན་པ་སྟེ། འཇིག་རྟེན་གསུམ་ལས་ཤིན་ཏུ་འདས་པའི་སྙན་པའི་ཚོགས་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །རབ་ཏུ་རྒྱས་པར་བཏོན་ཞེས་བྱ་བ་ནི་དུས་དང་པོར་བྱ་བ་དང༌། གསོལ་བ་བྱས་ནས་གདོན་པ་ལྔ་པོ་དག་བཏོན་པའོ། །འདི་ལ་སངས་རྒྱས་རྣམས་དང་གང༌། །སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས། །ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་འདུལ་བ་གཙོ་བོར་མཛད་པ་དང༌། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱང་ཆོས་འདུལ་བ་ལ་གུས་པའི་ཕྱིར་རོ། །འདི་དག་གུས་དང་བཅས་གྱུར་པས། །འདུས་མ་བྱས་བ་ཐོབ་པར་གྱིས། །ཞེས་བྱ་བ་ནི་སོ་སོར་ཐར་པ་འདི་ལ་གུས་པ་དང་བཅས་པས་མྱ་ངན་ལས་འདས་པ་འདུས་མ་བྱས་པ་ཐོབ་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་འདི་ལ་གུས་པ་དང་
བཅས་པས་འདུས་མ་བྱས་ཐོབ་པར་བྱ་ཞེ་ན། དེའི་ཕྱིར། བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། བརྩམ་པར་བྱ་ཞིང་ཞེས་བྱ་བ་ནི་བརྩོན་པར་གྱིས་ཤིག་པའོ། །འབྱུང་བར་བྱ་ཞེས་བྱ་བ་ནི་འཁོར་བ་ལས་ངེས་པར་འབྱུང་བའི་ཕྱིར་དགོན་པ་ལ་སོགས་པ་དབེན་པར་སོང་ཤིག་ཅེས་བྱ་བའི་ཐ་ཚིག་གོ །སངས་རྒྱས་བསྟན་པ་ཞེས་བྱ་བ་ནི་བདེན་པ་བཞི་བསྟན་པ་ལའོ། །འཇུག་པར་བྱ་ཞེས་བྱ་བ་ལ་ནི་མགོ་དང་གོས་ལ་མེ་འབར་བ་ལྟར་མངོན་པར་བརྩོན་པར་གྱིས་ཤིག་པའོ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །ཞེས་བྱ་བ་ནི། འཆི་བདག་སྡེ་ནི་གཞོམ་པར་བྱ། །ཞེས་བྱ་བའི་དཔེ་ཡིན་ཏེ། འདམ་བུའི་ཁྱིམ་གླང་པོ་ཆེས་འཇོམས་པ་ལྟ་བུའོ། །འཆི་བདག་ཅེས་བྱ་བ་ནི་འཆི་བའོ། །སྡེ་ཞེས་བྱ་བ་ནི་སྲེད་པ་ལ་སོགས་པ་འཁོད་དོ། །གཞོམ་པར་བྱ་ཞེས་བྱ་བ་ནི་གཞིག་པར་གྱིས་ཤིག་ཅེས་བྱ་བའོ། །དེའི་ཕན་ཡོན་བསྟན་པའི་ཕྱིར། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རབ་ཏུ་བག་ཡོད་པར་ཞེས་བྱ་བ་ནི་རབ་ཏུ་བག་མེད་པ་སྤངས་པས་སོ། །ཆོས་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདུལ་བ་ཞེས་བྱ་བ་ནི་ཡང་དག་པར་བསྒྲུབ་པའི་མཚན་ཉིད་དོ། །འདི་ལ་སྤྱོད་འགྱུར་བ་ཞེས་བྱ་བ་ནི་རྗེས་སུ་སྒྲུབ་པར་འགྱུར་བའོ། །སྐྱེ་བའི་འཁོར་བ་ཞེས་བྱ་བ་ནི་སྐྱེ་བའི་འཁོར་བ་ནི་འཁོར་བའི་གཙོ་བོ་ཡིན་པས་སྐྱེ་བའི་འཁོར་བ་སྟེ། འཁོར་བའི་སྡུག་བསྔལ་གྱི་རྩ་བ་ནི་སྐྱེ་བ་ཡིན་པའི་ཕྱིར་རོ། དེ་ལྟར་ཡང༌། །སྐྱེ་བ་འདི་དོན་གང་ཕྱིར་སྐྱེ་བ་ཡོད་ན་རྒ་ཤི་དང༌། །ན་དང་སྡུག་བསྔལ་གསད་དང་བཅིངས་ལ་སོགས་པའི་དགྲ་དག་ཡོད། །གལ་ཏེ་འཇིགས་མང་སྐྱེ་བ་མེད་ན་དོན་མེད་དེ་མི་འབྱུང༌། །ཤིང་སྐྱེས་མེད་ན་ནགས་མེ་རླུང་གིས་སྐྱེ་བར་མི་འགྱུར་བཞིན། །ཞེས་གསུངས་པའི་ཕྱིར་རོ། །ཡང་ན་སྐྱེ་བའི་འཁོར་བ་ཞེས་བྱ་བ་ནི་སྐྱེ་བ་དག་ཏུ་འཁོར་བའི་ཕྱིར་རོ། །རབ་སྤངས་ནས་ཞེས་བྱ་བ་ནི་གཏན་དུ་སྤངས་ནས་སོ། །སྡུག་བསྔལ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའོ། །ཐ་
མར་བྱེད་པར་འགྱུར་བ་ཞེས་བྱ་བ་ནི་རྒྱུན་གཅོད་པར་བྱེད་པར་འགྱུར་བའོ། །ད་ནི་སོ་སོར་ཐར་པའི་མདོ་གདོན་པ་མཇུག་བསྡུ་བའི་ཕྱིར་ཡང་དག་པ་སྡུད་པར་བྱེད་པས། ཕན་ཚུན་ཚུལ་ཁྲིམས་བསྲུངས་པ་དང༌། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོར་ཐར་པ་འདི་བཏོན་པས། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །ཞེས་བྱ་བ་སྨྲས་ཏེ། དེ་ལ་ཕན་ཚུན་ཚུལ་ཁྲིམས་བསྲུངས་པ་ཞེས་བྱ་བ་ནི་གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང༌། གཅིག་གིས་གཅིག་ལྟུང་བ་ལས་བསླང་བའོ། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །ཞེས་བྱ་བ་ནི་ཕན་ཚུན་ཚུལ་ཁྲིམས་བསྲུངས་པ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེའི་འཁོར་འདི་འཕེལ་བར་འགྱུར་བ་རིམ་གྱིས་སྟོན་པའི་བསྟན་པ་འཕེལ་ཞིང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རོ། །སོ་སོར་ཐར་པ་འདི་བཏོན་པས། །ཞེས་བྱ་བས་ནི་སེམས་དྲང་པོར་བསྒྲུབ་པ་དང༌། འགལ་བ་བཟློག་པ་ལ་སོགས་པ་རྣམ་པ་གཞན་གྱིས་ཀྱང་གསོ་སྦྱོང་བྱ་བ་ཡོད་མོད་ཀྱི་སྐབས་འདིར་ནི་སོ་སོར་ཐར་པའི་མདོ་གདོན་པ་རྣམ་པ་ལྔ་པོ་གླེང་གཞི་གདོན་པ་དང༌། ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པར་གདོན་པ་དང༌། རིལ་གྱིས་གདོན་པ་དག་གིས་གསོ་སྦྱོང་བྱད་གོས་པས་སོ་སོར་ཐར་པ་འདི་བཏོན་པས་ཞེས་བྱ་བ་གསུངས་སོ། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །ཞེས་བྱ་བ་ནི་ཞི་གནས་ཀྱི་གསོ་སྦྱོང་དང༌། མཐུན་པའི་གསོ་སྦྱོང་ལས། འདིར་ནི་མཐུན་པའི་གསོ་སྦྱོང་དང་སྦྱར་རོ། །མཐུན་པའི་གསོ་སྦྱོང་རྣམ་པ་ལྔ་པོ་བཅུ་བཞི་པ་དང༌། བཅོ་ལྔ་པ་དང༌། བཀྲ་ཤིས་ཀྱི་གསོ་སྦྱོང་དང༌། གནོད་པ་བྱུང་བའི་གསོ་སྦྱོང་དང༌། བསྡུམ་པའི་གསོ་སྦྱོང་དག་ལས་འདིར་ཅི་རིགས་པར་སྦྱར་ཏེ། གཙོ་ཆེར་ནི་བཅུ་བཞི་པ་འམ། བཅོ་ལྔ་པ་དང་སྦྱར་རོ། །དེའི་འོག་ཏུ་མཇུག་བསྡུ་བའི་སྒོ་ནས་ནན་ཏན་བྱ་བ་བསྟན་པའི་ཕྱིར། གང་གི་ཕྱིར་ནི་མདོ་བཏོན་དང༌། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པ། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་བྱ་བ་གསུངས་ཏེ། དེ་ལ་གང་གི་ཕྱིར་ནི་མདོ་བཏོན་དང༌། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པ། །ཞེས་བྱ་བ་ནི་ཕན་ཕུན་ཚུལ་ཁྲིམས་བསྲུང་བ་དང༌། བསྟན་པ་འཕེལ་བར་བྱ་བའི་ཕྱིར། །ཞེས་གོང་དུ་སྨོས་པ་དེའི་ཕྱིར་རོ། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པས་བསྡུས་པའི་ཚུལ་ཁྲིམས་རྣམ་པ་དྲུག་པོ་རྣམ་པར་དབྱེ་
བ་དང༌། བསྡུ་བ་དང༌། ཕུན་སུམ་ཚོགས་པ་དང༌། རྣམ་གྲངས་དང༌། རྣམ་པར་དག་པ་དང༌། ཕན་ཡོན་དེ་དག་སྦྱོར་བ་དང༌། དངོས་དང༌། མཇུག་གི་སྒོ་ནས་བག་ཡོད་པར་སྲུང་བར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་བྱ་བ་ནི་བག་ཡོད་པར་བསྲུང་བར་བྱ་བའི་དཔེ་སྟེ། ཇི་ལྟར་བསིལ་རུམ་གངས་ཁྲོད་ན་གནས་པའི་གཡག་རྒོད་རྔ་མ་ལ་བག་ཡོད་པས་བསྲུང་བ་རྔ་མ་ཝ་མཇུག་ལྟར་མི་རྐྱོང་བར་རྩེ་མོ་ལྡང་དུ་གཟར་ཏེ་འགྲོ་བ་དེ་བཞིན་དུ་ཚུལ་ཁྲིམས་འདི་ཡང་བག་ཡོད་པས་སྲུང་བར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །ད་ནི་ཡང་དག་པར་སྡུད་པར་བྱེད་པས་འདུལ་བའི་སྡེ་སྣོད་ཡང་དག་པར་བསྡུ་བ་མཐར་ཕྱིན་ནས་དགེ་བའི་རྩ་བ་དེ། སོ་སོར་ཐར་པ་བཏོན་པ་ཡིས། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །ཅེས་བྱ་བ་གསུངས་ཏེ། སོ་སོར་ཐར་པ་འདི་བཏོན་པའི་བསོད་ནམས་སྒྲུབ་པ་གང་ཡོད་པ་དེས་འཇིག་རྟེན་མ་ལུས་པ་ཐམས་ཅད་ཐུབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་པར་ཤོག་ཤིག་ཅེས་བྱ་བའི་ཐ་ཚིག་སྟེ། ཐུབ་པ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། །དེའི་དབང་པོ་ནི་དེ་བཞིན་གཤེགས་པ་སྟེ། འཇིག་རྟེན་མ་ལུས་པས་དེ་ཐོབ་པར་གྱུར་ཅིག་ཅེས་ཐམས་ཅད་ཀྱིས་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །བསྡུ་བའི་མཚན་ཉིད་བཤད་ཟིན་ཏོ།། །། དེ་ལྟར་ཡང་དག་པར་སྡུད་པར་བྱེད་པས་སོ་སོར་ཐར་པའི་མདོ་ཡང་དག་པར་བསྡུ་བ་འདི་ཡང་རྒྱུད་ཆགས་གསུམ་པའི་ཚུལ་དུ་བརྩམས་པ་ཡིན་ཏེ། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཞེས་སྨོས་པས་ནི་ཕྱག་འཚལ་བའི་རྒྱུད་བསྟན་ཏོ། །དེའི་འོག་ཏུ། ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱིས་དབུས་སུ་དབྱེ་བར་བྱ། །ཞེས་བྱ་བ་ནས། ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་གསུངས་པའི་བར་གྱིས་ནི་མདོ་གདོན་པའི་རྒྱུད་བསྟན་ཏོ། །མཇུག་ཏུ། སོ་སོར་ཐར་པ་བཏོན་པ་ཡིས། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །
ཅེས་གསུངས་པས་ནི་བསྔོ་བའི་རྒྱུད་བསྟན་ཏོ། །སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་བ་འདུལ་བ་ཀུན་ལས་བཏུས་པ་རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་པའི་འདུལ་བ་འཛིན་པ་ཆེན་པོ་ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང༌། སརྦ་ཛྙཱ་དེ་བ་དང༌། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པའོ། །འདི་ལ་ཤླཽ་ཀ་ནི་ཁྲི་ལྔ་སྟོང་ཡོད། བམ་པོ་ནི་ལྔ་བཅུར་བྱས་སོ།། །།