འདུལ་བ་གཞི་རྒྱ་ཆེར་འགྲེལ་པ།
དགེ་ལེགས་བཤེས་གཉེན།
རྒྱ་གར་སྐད་དུ། བི་ན་ཡ་བསྟུ་ཊཱི་ཀཱ། །བོད་སྐད་དུ། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ། བམ་པོ་དང་པོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བསྐལ་བ་གྲངས་མེད་པ་གསུམ་དུ་དཀའ་བ་སྤྱད་པ་སྣ་ཚོགས་དཔག་ཏུ་མེད་པ་སྦུ་ཟིང་ཞེས་བྱེད་པ་བརྒྱ་སྟོང་མཛད་པས་སྟོན་ཀའི་ཆུའི་རྒྱུན་ལྟར་དྲི་མ་མེད་ཅིང་ཆེས་དཀར་བའི་ཡོན་ཏན་གྱི་ཚོགས་ཉེ་བར་བསྒྲུབ་པའི་གཞི་གཅིག་གིས་གཙོ་བོར་གྱུར་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །དཔལ་ལྡན་གསུང་གི་འོད་ཟེར་དཀར་པོ་ཡིས།། འགྲོ་བའི་གཏི་མུག་མུན་པ་སེལ་མཛད་པ། །མུ་སྟེགས་སྐར་མ་རྣམས་ཀྱི་སྣང་བ་དག །ཟིལ་གྱིས་གནོན་པར་མཛད་ལ་བརྩོན་གྱུར་པ། །ཡེ་ཤེས་དཀྱིལ་འཁོར་རྒྱ་ཆེན་ཡངས་པ་དང༌། །ཟབ་མོ་དྲི་མ་མེད་པ་མཆོག་མངའ་ཞིང༌། །རབ་ཏུ་འབར་ཡང་མིག་དང་མཐུན་
པ་ཡི། །རྫོགས་སངས་ཉི་མ་དེ་ལ་ཕྱག་འཚལ་ཏེ། །བདག་ལ་གང་དག་འདུལ་བ་གཞི་ཡི་ཚིག །མི་གསལ་སྣང་བར་གྱུར་པ་གང་ཡིན་པ། །དེ་དག་རྒྱ་ཆེར་འགྲེལ་པར་སྤྲོས་བྲལ་བ། །གསལ་བ་འདུས་པ་ཙམ་ཞིག་བརྩམ་པར་བྱ། །ཐུབ་པ་ཉིད་ཀྱི་སྤྱོད་ཡུལ་གང་ཡིན་པ། །བདེ་བར་གཤེགས་པའི་བཀའ་ལུང་ཟབ་མོ་ལ། །བདག་འདྲས་ཚིག་གི་རྣམ་བཤད་བྱེད་པ་འདི། །ངེས་པར་བ་བ་ཅོལ་བྱེད་པའང་ཡིན་མོད་ཀྱི། །བླ་མ་རྣམས་ཀྱི་ལུང་ལ་བརྟེན་བྱ་ནས། །བློ་གྲོས་དམན་པ་རྣམས་ཀྱི་དོན་གྱི་ཕྱིར། །བདག་གི་སོ་འབད་པ་འདི་འདྲ་འདི་སྐྱེས་ཏེ། །འདི་ལ་མཁས་པ་དགའ་བར་ག་ལ་འགྱུར། །བདག་འདྲ་གླེན་བའི་བློ་དང་ལྡན་པ་རྣམས། །ཐུབ་པའི་གསུང་ལ་རྟེན་པར་བྱེད་གྱུར་ན། །བློ་གྲོས་ཕུན་སུམ་ཚོགས་པ་ལྡན་གྱུར་པས། །དེ་དག་རྣམས་ཀྱི་དོན་ཕྱིར་བདག་གིས་བརྩལ། །མོད་རྟུལ་ཆེན་པོ་ཉིད་དང་ལྡན་གྱུར་ཀྱང༌། །འཕགས་པ་ལམ་ཕྲན་པ་ཡིས་ངེས་པར་ནི། །རྡུལ་འཕྱག་དྲི་མ་འཕྱག་བའི་སྦྱོར་བ་ཡིས། །ཉོན་མོངས་ངེས་པར་ཟད་པ་འང་བརྙེས་པར་འགྱུར། །མཁའ་ལ་ནམ་མཁའ་ལྡིང་དག་འཕུར་བ་ན། །བྱེའུ་རྩོལ་བར་བྱེད་པ་ཇི་བཞིན་དུ། །ཤེས་རབ་ཡངས་པ་ཅན་དག་དགའ་དགུར་ནི། །རྒྱ་ཆེར་འགྲེལ་བ་བྱེད་ལྟར་བདག་གིས་བྱས། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་གིས་འཆིང་རྣམས་ཡང་དག་རབ་བཅད་ཅིང༌། མུ་སྟེགས་ཚོགས་རྣམས་ཐམས་ཅད་རབ་བཅོམ་སྟེ། །རྔེ་དང་བཅས་པའི་བདུད་རྣམས་ངེས་བཅོམ་ནས། །བྱང་ཆུབ་འདི་བརྙེས་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་འདུལ་བ་འཛིན་པ་དག་གིས་དང་པོར་ཕྱག་འཚལ་བའི་རྒྱུད་སྨྲས་པ་ཡིན་ནོ། །ཁྱིམ་དོན་ཆེ་ཆུང་སྤངས་ཏེ་དང་པོར་རབ་འབྱུང་དཀའ། །རབ་འབྱུང་ཐོབ་ནས་ཡུལ་སྤྱད་དག་གིས་དགའ་ཐོབ་དཀའ། །མངོན་དགའ་ཇི་བཞིན་དོན་སྐྱེད་ཡང་དག་བྱེད་པ་དཀའ། །དུར་སྨྲིག་གོས་འཆང་མཁས་པ་ཚུལ་ལས་ཉམས་པ་དཀའ། །ཞེས་བྱ་བ་དེ་ལ་ཇེ་དང་པོ་ཁོ་ནར་བརྗོད་པར་བྱ་བ་དང༌། དགོས་པ་དང༌། འབྲེལ་པ་དང༌། དགོས་པའི་དགོས་པ་
རྣམས་བརྗོད་པར་བྱ་སྟེ། འདི་ལྟར་རྟོགས་པ་དང་ལྡན་པ་དག་ནི་བསྟན་བཅོས་ཀྱི་མིང་ཐོས་པ་ཉིད་ནས་འདིར་ཅི་ཞིག་བརྗོད་ཅེས་བརྗོད་པར་བྱ་བ་ལ་ཐེ་ཚོམ་སྐྱེའོ། །དེའི་འོག་ཏུ་འདིའི་དོན་ཅི་ཡིན་ཞེས་དགོས་པ་ལ་ཀུན་ཏུ་རྨོངས་པར་འགྱུར་རོ། །དེ་ནས་བསྟན་བཅོས་འདིས་དོན་དེ་ཡང་དག་པར་འགྲུབ་པའམ། འོན་ཏེ་མི་འགྲུབ་ཅེས་འབྲེལ་པ་ལ་དོགས་པར་འགྱུར་རོ། །དེ་ནས་འགྲུབ་ན་ཡང་དོན་དེས་ཁྱད་པར་ཅིར་འགྱུར་ཞེས་དགོས་པའི་དགོས་པ་ལ་ཐེ་ཚོམ་ཟ་བར་འགྱུར་བས། དེའི་ཕྱིར་བརྗོད་པར་བྱ་བ་མེད་པར་ཐེ་ཚོམ་སྐྱེ་བ་བསལ་བའི་ཕྱིར་བརྗོད་པར་བྱ་བ་བསྟན་ཏོ། །དོན་མེད་པར་ཀུན་དུ་རྨོངས་པ་བསལ་བའི་ཕྱིར་དགོས་པ་བསྟན་ཏོ། །ཐབས་མེད་པར་དོགས་པ་བསལ་བའི་ཕྱིར་འབྲེལ་པ་བསྟན་ཏོ། །འདོད་པའི་དོན་གྲུབ་པར་བྱ་བའི་ཕྱིར་དགོས་པའི་དགོས་པ་བསྟན་ཏོ། །དེ་ལ་བརྗོད་པར་བྱ་བ་ནི། །རབ་ཏུ་འབྱུང་བ་དང༌། གསོ་སྦྱོང་དང༌། དགག་དབྱེ་དང༌། དབྱར་དང༌། ཀོ་ལྤགས་དང༌། སྨན་དང༌། གོས་དང༌། ཆོས་གོས་བསྟན་པ་དང༌། ཀཽ་ཤཱམ་བཱི་པ་དང༌། ལས་དང༌། དམར་སེར་ཅན་དང༌། གང་ཟག་དང༌། ཡོངས་སུ་གནས་པ་དང༌། གསོ་སྦྱོང་གཞག་པ་དང༌། གནས་མལ་དང༌། རྩོད་པ་དང༌། དགེ་འདུན་གྱི་དབྱེན་ཞེས་བྱ་བའི་གཞི་བཅུ་བདུན་པོ་དག་དོན་གྱི་བདག་ཉིད་ཀྱིས་སྤང་བ་དང༌། བླང་བའི་བྱེ་བྲག་གཉིས་སུ་དབྱེ་བར་བྱའོ། །དེ་ལ་སྤང་བ་ནི་འདི་ལྟ་སྟེ། དགེ་སློང་གིས་བྲན་རབ་ཏུ་དབྱུང་བར་མི་བྱའོ་ཞེས་གསུངས་པ་ལ་སོགས་པ་ལྟ་བུའོ། །བླང་བ་ནི་འདི་ལྟ་སྟེ། དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་ངེད་ཕྱིན་ཆད་ནས་འདུག་པའི་བྱ་བ་དང༌། གསོ་སྦྱོང་ལ་ཏྲོན་བྱའོ་ཞེས་གསུངས་པ་ལ་སོགས་པའོ། །དགོས་བ་ནི་བརྗོད་པར་བྱ་བ་དེའི་ངོ་བོ་ཉིད་བསྟན་པ་ནི་དེ་བཞིན་གཤེགས་པའི་དགོས་པ་སྟེ་འདི་ལྟར་བྱ་བ་བསྟན་པས་འཇུག་པའི་འབྲས་བུས་དགོས་པ་བསྟན་ཏོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་འདི་ལྟར་བྱ་བ་དགེ་སློང་རྣམས་ལ་བསྟན་པར་རྩོལ་བས་དེའི་ཕྱིར་དེའི་ངོ་བོ་
ཉིད་བསྟད་པ་ནི་དགོས་པ་ཡིན་པར་གནས་སོ། །འབྲེལ་པ་ནི་དེའི་ངོ་བོ་ཉིད་བསྟན་པ་དེ་ཡང་གཞི་ཞེས་བྱ་བའི་བསྟན་བཅོས་སྒྲའི་བདག་ཉིད་འདིས་བྱེད་པས་དེའི་ཕྱིར་བསྟན་བཅོས་སྒྲའི་བདག་ཉིད་ཐབས་སུ་གྱུར་པ་འདིས་དོན་གྱི་བདག་ཉིད་ཐབས་ལས་བྱུང་བའི་ངོ་བོ་ཉིད་ཡོངས་སུ་ཤེས་པས་དེའི་ཕྱིར་བསྟན་བཅོས་དང༌། དགོས་པ་ཐབས་དང་ཐབས་ལས་བྱུང་བའི་ངོ་བོ་ཉིད་ཀྱིས་འབྲེལ་པ་ཡིན་ཏེ། འདི་ལྟར་བསྟན་བཅོས་འདིས་གཞི་བཅུ་བདུན་པོ་དེ་དག་གི་ངོ་བོ་ཉིད་སྟོན་པར་བྱེད་དེ། ཐབས་སུ་གྱུར་པ་མ་ཡིན་པའི་བསྟན་བཅོས་ཀྱིས་ནི་གཞི་རྣམས་ཀྱི་ངོ་བོ་ཉིད་ཡོངས་སུ་ཤེས་པར་མི་འགྱུར་བས་དེའི་ཕྱིར་བསྟན་བཅོས་ནི་ཐབས་ཡིན་ལ། །དགོས་པ་ནི་ཐབས་ལས་བྱུང་བ་ཡིན་པར་གནས་ཏེ། དེ་ཉིད་འབྲས་བུ་དང༌། རྒྱུའི་མཚན་ཉིད་ཀྱིས་འབྲེལ་བ་དང༌། དེ་བཞིན་དུ་བསྒྲུབ་པར་བྱ་བ་དང༌། སྒྲུབ་པའི་མཚན་ཉིད་ཀྱིས་འབྲེལ་པ་ཡང་ཡིན་ནོ། །དགོས་པའི་དགོས་པ་ནི་གལ་ཏེ་འགའ་ཞིག་ན་རེ་གཞི་ཡོངས་སུ་ཤེས་པ་དེས་ཅི་བྱ་སྟེ་དེ་ནི་གར་ཡང་དགོས་པ་མེད་དེ། བྱ་རོག་གི་སོ་བརྟག་པ་དང་འདྲ་བར་གནས་མ་ཡིན་པ་ལ། ཡོངས་སུ་ངལ་བར་འགྱུར་རོ་ཞེས་ཟེར་ན་དེའི་ཕྱིར་དགོས་པའི་དགོས་པ་ཡང་བརྗོད་པར་བྱ་སྟེ། གཞི་ལ་སོགས་པའི་འདུལ་བ་ཡོངས་སུ་ཤེས་ན་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ལ་དེ་ཡོངས་སུ་དག་ན་འཇིག་རྟེན་པའི་ཐོས་པ་ལས་བྱུང་བའི་ཤེས་རབ་མངོན་ཕར་འཕེལ་བར་འགྱུར་ཞིང༌། དེ་ནས་བསམས་པ་དང། བསྒོམས་པ་ལས་བྱུང་བའི་ཤེས་རབ་དང༌། མི་སྡུག་པ་དང༌། དབུགས་རྔུབ་པ་དང༌། འབྱུང་བ་དྲན་པ་དང༌། དྲན་པ་ཉེ་བར་གཞག་པ་དང༌། དྲོ་བར་གྱུར་པ་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་མཆོག་དང༌། ཤེས་པ་དག་སྐྱེ་བར་འགྱུར་ལ། དེ་ནས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་རྣམས་ནས་བཟུང་སྟེ། སྲིད་པའི་རྩེ་མོ་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བའི་རྣམ་པ་ཆུང་ངུའི་བར་དག་སྤངས་པས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་ཟད་པ་
དང། མི་སྐྱེ་བ་ཤེས་པའི་མཚན་ཉིད་ཀྱི་བྱང་ཆུབ་ཐོབ་ནས། སྡུག་བསྔལ་མ་ལུས་པར་ཞི་བ་གཅིག་པུའི་མཚན་ཉིད་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པར་འགྱུར་བ་འདི་ནི་དགོས་པའི་དགོས་པ་ཡིན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། འདིར་བརྗོད་པར་བྱ་བ་ནི་གཞི་རྣམས་སོ། །དགོས་པ་ནི་དེ་དག་གི་ངོ་བོ་ཉིད་བསྟན་པའོ། །འབྲེལ་པ་ནི་གང་གི་ངོ་བོ་ཉིད་སྟོན་པ་དེ་ཡང་བསྟན་བཅོས་འདིས་བྱེད་པས་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་འབྲེལ་པའོ། །དགོས་པའི་དགོས་པ་ནི་གཞི་ལ་སོགས་པ་འདུལ་བ་ཡོངས་སུ་ཤེས་པས་ཚུལ་ཁྲིམས་ཡོངས་སུ་དག་ན་འཕགས་པའི་ལམ་བསྒོམ་པས་མྱ་ངན་ལས་འདས་པ་འཐོབ་པོ། །དེ་ནི་རེ་ཞིག་སྤྱིའི་དོན་ཏོ། །ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཡང་དག་པར་སྡུད་པར་བྱེད་པས་རབ་ཏུ་འབྱུང་བའི་གཞིའི་ཞར་ལ་རབ་ཏུ་འབྱུང་བ་དང༌། དགའ་བ་དང༌། བྱེད་པ་དང༌། ཉམས་པའི་ངོ་བོ་ཉིད་ཀྱི་རྣམ་པ་བཞི་དཀའ་བར་བསྟན་པའི་ཕྱིར་དང༌། དགེ་སློང་རྣམས་སྤྲོ་བར་བྱ་བའི་ཕྱིར། ཁྱིམ་དོན་ཆེ་ཆུང་སྤངས་ཏེ་དང་པོར་རབ་འབྱུང་དཀའ། །ཞེས་བྱ་བ་ལ་སོགས་པ་སྟག་རྣམ་པར་རྩེན་པ་ལྟ་བུའི་ཚིགས་སུ་བཅད་པ་གཅིག་གསུངས་སོ། །དེ་ལ་རེ་ཞིག་རྣམ་པ་དང་པོ་དཀའ་བར་བསྟན་པའི་ཕྱིར། ཁྱིམ་དོན་ཆེ་ཆུང་སྤངས་ཏེ་དང་པོར་རབ་འབྱུང་དཀའ། །ཞེས་གསུང་སྟེ། ཁྱིམ་སྤངས་ཏེ་དང་པོ་རབ་ཏུ་འབྱུང་བར་དཀའོ་ཞེས་བྱ་བར་སྦྱར་རོ། །ཁྱིམ་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་ཁྱིམ་དོན་ཆེ་ཆུང་ཞེས་བྱ་བ་གསུངས་ཏེ། ཁྱིམ་གྱི་དོན་ཆེན་པོ་ཞེས་བྱ་བ་ནི་ནོར་དང༌། འབྲུ་དང༌། དབྱིག་དང༌། གསེར་དང༌། གླང་པོ་ཆེ་དང༌། རྟ་དང༌། བ་ལང་དང༌། མ་ཧེ་ལ་སོགས་པ་མང་པོ་དག་གོ །ཁྱིམ་གྱི་དོན་ཆུང་དུ་ཞེས་བྱ་བ་ནི་དེ་དག་ཉུང་བའོ། །དེ་དག་སྤངས་ཏེ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཁྱིམ་གྱི་གནས་ཡོངས་སུ་སྤངས་ཏེའོ། །དེ་ལྟར་ཡང༌། ནོར་བཅས་ནོར་མི་མེད་པ་ཡི། །ཁྱིམ་ན་
གནས་པ་སྡུག་བསྔལ་ཆེ། །གཅིག་ནི་བསྲུང་བའི་ཚེགས་ཕྱིར་ཏེ། །གཉིས་པ་བསྒྲུབ་པའི་ཚེགས་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །དང་པོར་ཞེས་བྱ་བ་ནི་རབ་ཏུ་འབྱུང་བ་དང༌། དགའ་བ་དང༌། བྱེད་པ་དང༌། ཉམས་པ་ཞེས་བྱ་བ་རྣམས་པ་བཞི་པོ་དག་ལས་དང་པོར་རབ་ཏུ་འབྱུང་བ་དཀའ་བའམ། སྡིག་པ་ཐམས་ཅད་སྤོང་བའི་མཚན་ཉིད་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུར་གྱུར་པ་རྫོགས་པར་བསྙེན་པའམ། སྡུག་བསྔལ་ཐམས་ཅད་སྤང་བའི་མྱ་ངན་ལས་འདས་པ་བས་དང་པོར་རབ་ཏུ་འབྱུང་བར་དཀའོ་ཞེས་བྱ་བར་སྦྱར་རོ། །རབ་ཏུ་འབྱུང་བ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བས་རབ་འབྱུང་སྟེ་ཁྱིམ་ཡོངས་སུ་སྤང་བའོ། །དེ་ཇི་ལྟར་དཀའ་ཞེ་ན། འདི་ལྟར་ཁྱིམ་ན་གནས་པ་ནི་ཤིན་ཏུ་གོམས་པའི་ཕྱིར་དང༌། རབ་ཏུ་འབྱུང་བ་ནི་མ་གོམས་པའི་ཕྱིར་ཁྱིམ་ཡོངས་སུ་སྤང་བ་བྱ་དཀའ་བའི་ཕྱིར་རོ། །དེ་ལྟར་ཡང༌། འདོད་པའི་འདོད་ཆགས་རྗེས་འཇུག་པ། །དབེན་པ་ལ་ནི་མ་གོམས་པའི། །མི་རྣམས་ཕལ་ཆེར་རབ་འབྱུང་ལ། །གཡང་ས་བཞིན་དུ་སེམས་པར་བྱེད། །ཅེས་གསུངས་པ་ཡིན་ནོ། །འོན་ཀྱང་ཤཱཀྱའི་རྒྱལ་པོ་འཕགས་པ་བཟང་ལྡན་ལ་སོགས་པ་ཁྱིམ་གྱི་དོན་ཆེན་པོ་དང་ལྡན་པ་རྣམས་ཀྱིས་རབ་ཏུ་འབྱུང་བ་ནི་དཀའ་མོད། ཁྱིམ་གྱི་དོན་ཆུང་ངུ་དང་ལྡན་པ་རྣམས་ཀྱིས་རབ་ཏུ་འབྱུང་བ་ཇི་ལྟར་དཀའ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་དེ་ཙམ་ལ་ལྷག་པར་ཆགས་པའི་རྒྱུ་ཡིན་པའི་ཕྱིར་དེ་དག་གི་ཁྱིམ་ཡོངས་སུ་སྤང་བ་ཡང་དཀའ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་མི་དབུལ་པོའི་དབང་དུ་མཛད་ནས། མདོ་སྡེ་ལས་འདི་ལྟར་ཁྱིམ་གྱི་འཆིང་བ་གང་དག་གིས་བཅིངས་པའི་མི་དེས་ནི་ཁྱིམ་གྱི་འཆིང་བ་དེ་དག་སྤངས་ཏེ། རབ་ཏུ་འབྱུང་བར་མི་ནུས་སོ་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་ཏོ། རྣམ་པ་གཉིས་པ་དཀའ་བར་བསྟན་པའི་ཕྱིར། རབ་འབྱུང་ཐོབ་ནས་ཡུལ་སྤྱད་དག་གིས་དག་འཐོབ་དཀའ། །ཞེས་བྱ་བ་གསུངས་ཏེ། རབ་ཏུ་འབྱུང་བ་ཐོབ་ནས་དགའ་བ་ཐོབ་པར་དཀའོ་ཞེས་བྱ་བར་སྦྱར་རོ། །རབ་འབྱུང་ཐོབ་ནས་ཞེས་བྱ་བ་ནི་རབ་ཏུ་འབྱུང་བ་ཐོབ་ནས་སོ། །དེ་ཐོབ་ནས་དགའ་བ་ཐོབ་པར་དཀའ་སྟེ། སུ་
དག་གིས་ཤེ་ན། ཡུལ་སྤྱད་དག་གིས་ཞེས་བྱ་བ་གསུངས་ཏེ། གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ཞེས་འདོད་པའི་ཡོན་ཏན་ལྔ་པོ་དག་ཉེ་བར་སྤྱད་པའི་གང་ཟག་གིས་སོ། །དེ་དག་གིས་ཅི་ཞིག་ཐོབ་པར་དཀའ་ཞེ་ན། དེའི་ཕྱིར་དགའ་ཐོབ་དཀའ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་བསླབ་པའི་གཞི་བསྲུང་བས་དགེ་སློང་གི་ནང་དུ་མངོན་པར་དགའ་བ་ཐོབ་པར་དཀའོ་ཞེས་བྱ་བའི་ཐ་ཚིག་སྟེ། ཐོག་མ་མེད་པའི་དུས་ནས་གོམས་པ་ཉོན་མོངས་པ་ཅན་གྱི་བདེ་བའི་རོ་མྱོང་བར་བྱེད་པས་ཉོན་མོངས་པ་ཅན་མ་ཡིན་པའི་བདེ་བའི་རོ་མྱང་བ་ཐོབ་པར་དཀའ་བའི་ཕྱིར་རོ། །དེ་ལྟར་ཡང༌། སྐྱེ་བོ་འདོད་པ་ལྷག་སྤྱད་པ། །རབ་ཏུ་བྱུང་ནས་དེ་དྲན་ན། །འདོད་ཆགས་ལས་བྱུང་གདུང་བ་ཡིས། །སེམས་གདུངས་གྱུར་པ་སྡུག་བསྔལ་ཐོབ། །ཅེས་གསུངས་པ་ཡིན་ནོ། །རྣམ་པ་གསུམ་དཀའ་བར་བསྟན་པའི་ཕྱིར། མངོན་དགའ་ཇི་བཞིན་དོན་སྐྱེད་ཡང་དག་ཕྱེད་པ་དཀའ། །ཞེས་བྱ་བ་གསུངས་ཏེ། མངོན་པར་དགའ་བ་ཡོད་ཀྱང་ཡང་དག་པའི་བྱེད་པ་དཀའོ་ཞེས་བྱ་བར་སྦྱར་རོ། །མངོན་དགའ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་བསླབ་པའི་གཞི་བསྲུང་བས་དགེ་སློང་གི་ནང་དུ་མངོན་པར་དགའ་བ་ཡོད་དུ་ཟིན་ཀྱང་ངོ༌། །དེ་ལ་ཅི་ཞིག་དཀའ་ཞེ་ན་ཡང་དག་པའི་བྱེད་པ་དཀའ་སྟེ། ཡང་དག་པའི་བྱེད་པ་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་ཇི་བཞིན་དོན་སྐྱེད་བྱེད། །ཅེས་བྱ་བ་གསུངས་ཏེ། ཇི་བཞིན་དོན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ་དོན་དམ་པའི་དགེ་བ་ཡིན་པའི་ཕྱིར་ཏེ། ཐར་པ་ནི་དོན་དམ་པའི་དགེ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་སྐྱེད་པར་བྱེད་པ་ནི་ཐོབ་པར་བྱེད་པའོ། །དེ་གང་ཡིན་ཞེ་ན། དེའི་ཕྱིར་ཡང་དག་བྱེད་པ་ཞེས་བྱ་བ་གསུངས་ཏེ། །ཡང་དག་པའི་ཕྱིན་ཅི་མ་ལོག་པར་ཇི་སྐད་གསུངས་པའི་ཚུལ་ཁྲིམས་བསྲུངས་པས་ཁ་ན་མ་ཐོ་བ་ཕྲ་རབ་དག་ལ་ཡང་འཇིགས་པར་ལྟ་བུའི་མཚན་ཉིད་ཀྱིས་རྗེས་སུ་བསྒྲུབ་པ་གང་ཡིན་པའོ། །དེ་ཡང་དཀའོ་ཞེས་བྱ་བར་སྦྱར་ཏེ། ཇི་ལྟར་ཡང༌། དགེ་སློང་ཚུལ་ལ་གནས་གྱུར་ཅིང༌། །དབང་པོ་རྣམས་ཀྱིས་བསྡམས་པ་དང༌། །ཟས་ཀྱི་ཚོད་ཀྱང་རིག་པ་དང༌། །མི་ཉལ་བ་ལ་
སྦྱོར་བ་དང༌། །ཉིན་མཚན་གཡེལ་བ་མེད་པར་ནི། །དེ་ལྟར་བརྟུན་ཅིང་གནས་གྱུར་པ། །དེ་ནི་ཡོངས་སུ་མི་ཉམས་ཤིང༌། །མྱ་ངན་འདས་ལ་ཉེ་བ་ཡིན། །ཞེས་གསུངས་པ་ཡིན་ནོ། །རྣམ་པ་བཞི་པ་དཀའ་བར་བསྟན་པའི་ཕྱིར། །དུར་སྨྲིག་གོས་འཆང་མཁས་པ་ཚུལ་ལས་ཉམས་པ་དཀའ། །ཞེས་བྱ་བ་གསུངས་ཏེ། ཆོས་གོས་དུར་སྨྲིག་གྱོན་པ་མཁས་པ་ཚུལ་ལས་ཉམས་པ་ཡང་དཀའོ་ཞེས་བྱ་བར་སྦྱར་རོ། །དུར་སྨྲིག་གོས་འཆང་ཞེས་བྱ་བ་ནི་གོས་དུར་སྨྲིག་ཏུ་ཁ་བསྒྱུར་བ་གྱོན་པའོ། །མཁས་པ་ཞེས་བྱ་བ་ཤེས་རབ་དང་ལྡན་པའོ། །ཚུལ་ལས་ཉམས་པ་ཞེས་བྱ་བ་ནི་བསླབ་པའི་གཞི་ལས་འདྲལ་བས་ཉམས་པ་འམ་འབབ་པས་ཉམས་པའོ། །དེ་ཡང་དཀའོ་ཞེས་བྱ་བར་སྦྱར་ཏེ། བློ་དང་ལྡན་པ་ནི་དེ་བཞིན་གཤེགས་པའི་བསླབ་པའི་གཞི་ལས་འདས་པར་དཀའ་སྟེར་རབ་དགའ་བསླབ་པར་འདོད་པའི་རིགས་ཀྱི་བུ་གང་དག་རང་གི་སྲོག་གི་ཕྱིར་ཡང་བསླབ་པ་དག་ལས་རྣམ་པར་མི་འདའ་བ་ཡང་ཡོད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང༌། ཡོན་ཏན་ལྡན་པ་ཆུ་བོའི་མ། །རྗེས་འཇུག་མཐུ་དང་ལྡན་པ་དག །ཤིན་ཏུ་སྙིང་དགའ་འཕགས་པའི་མ། །སྲོག་བདེའི་ཕྱིར་མི་སྤང་བ་བཞིན། །སྡུག་བསྔལ་ལ་ནི་གནས་གྱུར་ཀྱང༌། །དམ་བཅས་པ་ནི་གཏོང་མི་བྱེད། །ཅེས་གསུངས་པ་ཡིན་ནོ། །འདི་སྐད་ཅེས་བསྟན་ཏེ། ཁྱིམ་དོན་ཆེན་པོའམ། ཆུང་དུ་ཡན་རུང་བ་སྤངས་ཏེ། དང་པོར་རབ་ཏུ་འབྱུང་བར་ཁས་ལེན་པ་ཡང་དཀའོ། །རབ་ཏུ་བྱུང་ནས་བསྟན་པ་ལ་དགའ་བ་སྐྱེད་པ་ཡང་དཀའོ། །མངོན་པར་དགའ་བ་ཡོད་ཀྱང་བསླབ་པའི་གཞི་སྲུང་བ་རྗེས་སུ་སྒྲུབ་པར་བྱེད་པ་ཡང་དཀའོ། །བླང་བ་དང་དོར་བ་ཤེས་ཤིང་ནུས་པའི་བསླབ་པའི་གཞི་འདྲལ་བ་ཡང་དཀའ་སྟེ། དེ་དག་ལས་དང་པོ་གསུམ་ནི་སྐྱེས་བུ་དམ་པ་མ་ཡིན་པ་རྣམས་ལ་དཀའོ། །ཐ་མ་ནི་སྐྱེས་བུ་དམ་པ་རྣམས་ལ་དཀའ་སྟེ། །དེའི་ཕྱིར་སྐྱེས་བུ་དམ་པ་མ་ཡིན་པའི་སྤྱོད་པ་སྤངས་ཏེ། སྐྱེས་བུ་དམ་པའི་ཚུལ་ལ་འཇུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཡང་དེ་མདོ་སྡེ་ལས། །ཀྱེ་ཤཱ་རིའི་བུ་འཕགས་པའི་ཆོས་འདུལ་བ་ལ་ཇི་ཞིག་དཀའ། འཛམ་བུའི་གྲིབ་མ་ཅན་རབ་ཏུ་འབྱུང་བའོ། །ཀྱེ་ཤཱ་རིའི་བུ་རབ་ཏུ་འབྱུང་
བ་ལ་ཅི་དཀའ། འཛམ་བུའི་གྲིབ་མ་ཅན་མངོན་པར་དཀའ་བའོ། །སྐྱེ་ཤཱ་རིའི་བུ་མངོན་པར་དཀའ་བ་ལ་ཅི་དཀའ། འཛམ་བུའི་གྲིབ་མ་ཅན་དགེ་བའི་ཆོས་རྣམས་སྒོམ་པ་རྟག་ཏུ་བྱེད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞི་རྣམས་ཀྱི་སྤྱི་སྡོམ་ལ་ཞེས་བྱ་བ་ལ། གཞི་ཞེས་བྱ་བ་ནི་རྟེན་ཏེ། དེའི་ཕྱིར་རབ་ཏུ་འབྱུང་བ་ལ་སོགས་པའི་རྟེན་དུ་གྱུར་པ་ཉེ་བར་སྟོན་པའི་གཞུང་ནི་རབ་ཏུ་འབྱུང་བའི་གཞི་ལ་སོགས་པའི་སྒྲར་གསུངས་སོ། །རྣམས་ཀྱིས་ཞེས་བྱ་བ་ནི་གཞི་བཅུ་བདུན་པོ་རྣམས་ཀྱིའོ། །སྤྱི་སྡོམ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བའི་གཞི་ལ་སོགས་པའི་སྤྱིའི་ཚུལ་འོག་ནས་འབྱུང་བ་རྣམས་ཀྱི་ཟུར་ཙམ་གྱི་ཕྱོགས་རེ་རེ་བསྡུས་པ་ཡིན་ནོ། །རབ་ཏུ་འབྱུང་བའི་གཞིའི་སྤྱི་སྡོམ་ལ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བའི་གཞི་འབའ་ཞིག་གི་སྡོམ་གྱི་ཚིགས་སུ་བཅད་པ་འོག་ནས་འབྱུང་བ་རྣམས་ཀྱི་ཟུར་ཙམ་གྱི་ཕྱོགས་རེ་རེ་བསྡུས་པ་ཡིན་ནོ། །སྡོམ་ལ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བའི་གཞི་ཉིད་ཀྱི་འབྱུང་བ་རྣམས་བསྡུས་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱང་འདོན་པ་རྣམས་ཀྱིས་མི་བརྗེད་པར་བྱ་བའི་ཕྱིར་ཡང་དག་པར་སྡུད་པར་བྱེད་པའི་ཚིག་ཡིན་ཏེ། འདི་ལྟར་ཚེ་དང་ལྡན་པ་དག་མ་འོངས་པའི་དུས་ན་དགེ་སློང་བརྗེད་པས་པ་རྒྱུད་ཉམ་ཆུང་བ་གང་དག་སྡོམ་གྱི་ཚིགས་སུ་བཅད་པ་མེད་པར་མདོ་སྡེ་དང༌། འདུལ་བ་དང༌། ཆོས་མངོན་པ་རྣམས་འཛིན་མི་ནུས་པ་དག་འབྱུང་བར་འགྱུར་བས་དེ་དག་གི་ཕྱིར་བདག་ཅག་གིས་སྔ་དྲོ་སྡོམ་གྱི་ཚིགས་སུ་བཅད་པ་དག་སྦྱར་བར་བྱ་ཞིང༌། ཕྱི་དྲོ་མདོ་སྡེ་དང༌། འདུལ་བ་དང༌། ཆོས་མངོན་པ་རྣམས་ཡང་དག་པར་བསྡུ་བར་བྱའོ་ཞེས་ཡང་དག་བར་སྡུད་པ་བྱེད་པའི་དུས་ན་གསུངས་པ་ཡིན་ནོ། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན་ཞེས་བྱ་བ་ལ། བྱང་ཆུབ་ཅེས་བྱ་བ་ནི་ཟད་པ་དང༌། མི་སྐྱེ་བ་ཤེས་པ་ཤིན་ཏུ་བསྒོམས་པ་བླ་ན་མེད་པའི་བྱང་ཆུབ་སྟེ། །མི་ཤེས་པ་མ་ལུས་པ་དང་བྲལ་བའི་ཕྱིར་དང༌། བདག་གི་དོན་བྱས་པ་རྟོགས་པའི་ཕྱིར་དང༌། ཡང་བྱར་མེད་པ་རྟོགས་པའི་ཕྱིར་རོ། །སེམས་པ་ཞེས་བྱ་བ་ནི་གང་ལ་སེམས་པའི་བསམ་པ་ཡོད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའོ། །གཞན་དག་ནི་བྱང་ཆུབ་སེམས་དཔའི་མཚན་ཉིད་སྤྱིར་བརྗོད་དེ། འདི་ལྟར། གང་གི་བདེ་ལ་སེམས་མ་
ཆགས། རྟག་ཏུ་གཞན་ཕན་བརྩོན་ཕྱེད་ཅིང༌། །རབ་འབྱུང་བསམ་གཏན་ལྷུར་ལེན་པ། བྱང་ཆུབ་སེམས་དཔའ་རབ་ཏུ་བསྒྲགས། །ཞེས་ཟེར་རོ། །དགའ་ལྡན་ཞེས་བྱ་བ་ནི་ཆོས་ཀྱི་རོའི་ཡོངས་སུ་དགའ་བ་དང་ལྡན་པས་དུས་ཐམས་ཅད་དུ་ཡིད་དགའ་བ་དང་ལྡན་པའོ། །དེ་དག་གི་གནས་ནི་གཞལ་མེད་ཁང་ངོ༌། །དེ་ན་གནས་པ་ནི་དགའ་ལྡན་གྱི་གནས་ན་བཞུགས་པ་སྟེ། དེའི་ཚེ་ན་ཞེས་བྱ་བའི་ཐ་ཚིག་གོ །ཡུལ་ཨང་ག་དག་ན་ཞེས་བྱ་བ་ནི། ཨང་ག་ཞེས་བྱ་བའི་མི་རྒྱལ་རིགས་རྣམས་གནས་པའི་ཡུལ་ཨང་ག་ཞེས་བྱ་བ་དག་ནའོ། །རྒྱལ་པོ་ཞེས་བྱ་བ་ནི་ཆོས་ཀྱིས་སྐྱེ་དགུ་དགའ་བར་བྱེད་པའི་ཕྱིར་ཏེ་མིའི་བདག་པོའོ། །ཨང་གར་བྱུང་བ་ཞེས་བྱ་བ་ནི་རྒྱལ་པོའི་མིང་ཏེ། རྒྱལ་པོ་པད་མ་ཆེན་པོ་ཞེས་བྱ་བ་དང་འདྲའོ། །རྒྱལ་སྲིད་ཅེས་བྱ་བ་ནི་རྗེ་དཔོན་དང༌། བློན་པོ་དང༌། ཡུལ་འཁོར་དང༌། རྫོང་དང༌། མཛོད་དང༌། དཔུང་དང༌། མཛའ་བ་ཤེས་དག་ཡན་ལག་བདུན་དང་ལྡན་པ་ནི་རྒྱལ་སྲིད་ཡིན་ཏེ། དེ་ལྟར་ཡང༌། རྗེ་དཔོན་བློན་པོ་ཡུལ་འཁོར་རྫོང༌། །མཛོད་དང་དཔུང་དང་མཛའ་བཤེས་ཀྱི། །ཡན་ལག་བདུན་ལྡན་རྒྱལ་སྲིད་དེ། །སེམས་ཅན་བློ་ལ་བརྟེན་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །འབྱོར་པ་ཞེས་བྱ་བ་ནི། །དབྱིག་དང་གསེར་ལ་སོགས་པས་སོ། །རྒྱས་པ་ཞེས་བྱ་བ་ནི། གྲོང་དང་གྲོང་ཁྱེར་ལ་སོགས་པས་སོ། །བདེ་བ་ཞེས་བྱ་བ་ནི་གདོད་པ་མེད་པས་སོ། །ལོ་ལེགས་པ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བ་དང༌། གོས་མང་བས་སོ། །སྐྱེ་བོ་དང༌། མི་མང་པོས་གང་བ་ཞེས་བྱ་བ་ནི་གླང་པོ་ཆེ་དང་རྟ་ལ་སོགས་པ་དཔུང་ཕུན་སུམ་ཚོགས་པ་དང༌། མི་ཞེས་བྱ་བ་རྒྱལ་པོས་ཉེ་བར་འཚོ་བའི་སྐྱེས་པ་དང༌། བུད་མེད་དང༌། མ་ནིང་ཕུན་སུམ་ཚོགས་པ་སྟེ། དེས་རྒྱལ་སྲིད་དེ་སྐྱེ་བོ་མང་པོས་གང་བ་དང་མི་མང་པོས་གང་བ་ཡིན་ནོ། །བྱེད་དུ་བཅུག་གོ་ཞེས་བྱ་བ་ནི་གྲོགས་ཕུན་སུམ་ཚོགས་པས་རྗེས་སུ་གྲུབ་པ་སྟེ་རྒྱལ་པོ་གྲོགས་མེད་པས་ནི་གང་དུ་ལན་འགའ་ཅུང་ཟད་ཀྱང་བྱེད་མི་ནུས་སོ། །དེ་ལྟར་ཡང༌། རྒྱལ་པོ་འཇིག་རྟེན་ཕན་འདོགས་པའི། །གཡོག་འཁོར་རྣམས་དང་བྲལ་གྱུར་པ། །ཉི་མ་གཟི་བརྗིད་ལྡན་པ་ཡང༌། །འོད་ཟེར་བྲལ་བ་མི་མཛེས་བཞིན། །ཞེས་
གསུངས་པ་ཡིན་ནོ། །ཡུལ་མ་ག་དྷཱ་དག་ན་ཞེས་བྱ་བ་ནི། མ་ག་བྷ་ཞེས་པའི་མི་རྒྱལ་རིགས་རྣམས་གནས་པའི་ཡུལ་མ་ག་དྷ་ཞེས་བྱ་བ་དག་ནའོ། །པདྨ་ཆེན་པོ་ནི་རྒྱལ་པོའི་མིང་སྟེ། རྒྱལ་པོ་ཨང་གར་བྱུང་བ་ཞེས་བྱ་བ་དང་འདྲའོ། །རེས་འགའ་ཞེས་བྱ་བ་ནི་དུས་ལན་འགའ་ནའོ། །དཔུང་དང་མཐུ་ཆེ་བ་ཞེས་བྱ་བ་ལ། དཔུང་ཞེས་བྱ་བ་ནི་དཔུང་གི་ཚོགས་ཡན་ལག་བཞི་པའོ། །མཐུ་ཞེས་བྱ་བ་ནི་སྤྲོ་བ་དང་ནུས་པའོ། །ཆེ་བ་ཞེས་བྱ་བ་ནི་ལྷག་མའོ། །གང་གི་ཚེ་ཞེས་བྱ་བ་ནི་དུས་གང་གི་ཚེའོ། །དེའི་ཚེ་ཞེས་བྱ་བ་ནི་དུས་དེའི་ཚེ་ནའོ། །དཔུང་གི་ཚོགས་ཞེས་བྱ་བ་ནི་གླང་པོ་ཆེ་དང་རྟ་ལ་སོགས་པའི་ཚོགས་སོ། །ཡན་ལག་བཞི་པ་ཞེས་བྱ་བ་ནི་ཡན་ལག་བཞི་དང་ལྡན་པ་སྟེ། ཕྱི་མ་ཡན་ལག་ལྔ་དང་ལྡན་པ་བཞིན་ནོ། །དེ་ཉིད་གླང་པོ་ཆེའི་ཚོགས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། དཔུང་བུ་ཆུང་ཞེས་བྱ་བ་ནི་རྐང་ཐང་ངོ༌། །གོ་བསྐོན་ཏེ་ཞེས་བྱ་བ་ནི་ཅི་ལ་མ་རེག་པར་ཆར་བཅུག་སྟེའོ། །རྒྱལ་པོའི་ཁབ་ཅེས་བྱ་བ་ནི་གྲོང་ཁྱེར་ཏེ། ཀླུ་གནས་པའི་ཕྱོགས་སུ་གྲོང་ཁྱེར་རྩིག་པས་བརྩིགས་སོ་ཅོག་ཀླུའི་རྒྱལ་པོས་བཤིག་ཅིང་རྒྱལ་པོ་མང་པོས་བཀུར་གྱི་ཁྱིམ་འགའ་ཞིག་མ་བཤིག་པར་རིག་ནས། བློན་པོ་རྣམས་ཀྱིས་གྲོང་ཁྱེར་ཐམས་ཅད་ལ་རྒྱལ་པོའི་མིང་དུ་བྱས་པས་དེའི་ཕྱིར་རྒྱལ་པོའི་ཁབ་ཅེས་བྱའོ། །ཁ་ཅིག་ན་རེ། རྒྱལ་པོ་ཆེན་པོ་བཞིས་བྱས་པས་རྒྱལ་པོའི་ཁབ་ཅེས་བྱའོ་ཞེས་ཀྱང་ཟེར་རོ། །མ་གཏོགས་པ་བཅོམ་ནས་ཞེས་བྱ་བ་ནི། རྒྱལ་པོའི་ཁབ་འབའ་ཞིག་མ་གཏོགས་པ་མ་ག་དྷཱ་པའི་གྲོང་ཁྱེར་ལ་སོགས་པ་གཞན་ཐམས་ཅད་བཅོམ་ནས་སོ། །ཕྱིར་ལྡོག་པར་བྱེད་དོ་ཞེས་བྱ་བ་ནི་འགྲོ་བར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཙམ་པ་ཞེས་བྱ་བ་ནི་གྲོང་ཁྱེར་ཏེ། །ཀླུའི་རྒྱལ་པོ་ཙམ་པའི་གནས་ཀྱིས་དྲུང་དུ་བརྩིགས་པས་ཙམ་པ་ཞེས་བྱའོ། །ཁ་ཅིག་ན་རེ་ཤིང་ཙམ་པའི་ཚལ་དུ་བརྩིགས་པས་ཙམ་པ་ཞེས་བྱའོ་ཞེས་ཟེར་རོ། །དེ་ནས་ཤེས་པ་ནི་དེའི་འོག་ཏུའོ། །དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་གཞན་གྱི་འོག་ཏུའོ། །གྱུར་ནས་ཞེས་བྱ་བ་ནི་རེད་ནས་སོ། །བརྩམས་པ་ཞེས་བྱ་བ་ནི་བཤམས་པའོ། །སྦྲོན་པ་དག་ཅེས་བྱ་བ་ནི་མི་སྙན་པར་སྦྲོན་པའི་མི་བསྔགས་པ་དག་གོ །ཐོས་
ནས་ཞེས་བྱ་བ་ནི་དེའི་ཚིག་མཉན་ནས་སོ། །འཕགས་སོ་ཞེས་བྱ་བ་ནི་མངོན་དུ་སོང་བའོ། །དེ་ན་ཞེས་བྱ་བ་ནི་དེའི་ཚེ་ནའོ། །ཕྲོགས་ཞེས་བྱ་བ་ནི་ཁྱེར་བའོ། །ཕམ་པ་ཞེས་བྱ་བ་ནི་ཟིལ་གྱིས་མནན་པ་སྟེ། སྙིང་ཚོམས་གཙོ་བོ་དག་སྒྱེལ་བའི་ཕྱིར་རོ། །སྐྲག་པ་ཞེས་བྱ་བ་ནི་བྱེད་པ་སྟེ། བརྟན་པ་ཉམས་པའི་ཕྱིར་རོ། །བཅོམ་པ་ཞེས་བྱ་བ་ནི་གཡུལ་ངོ་ནས་ཕྱིར་ལོག་པའོ། །གཞན་རྒྱལ་བ་ཞེས་བྱ་བ་ནི་གཡུལ་གྱིས་ནས་ཕྱིར་ལོག་པའོ། །རྒྱབ་ཀྱིས་ཕྱོགས་པར་བྱས་ཏེ་ཞེས་བྱ་བ་ནི་འབྲོས་པར་བརྩམས་པས་ཏེ། གཡུལ་གྱི་ས་ནས་ཕྱིར་དེའི་རྒྱབ་བསྟན་ཞེས་བྱ་བའི་ཐ་ཚིག་གོ ། སྦྲེངས་ནས་ཞེས་བྱ་བ་ནི་བསྐོར་ཏེ་སྲུང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཕོ་ཉ་ཞེས་བྱ་བ་ནི་འཕྲིན་སྐྱེལ་བའོ། །བཏང་ཞེས་བྱ་བ་ནི་མངགས་ཏེའོ། །རྗེ་ཞེས་བྱ་བའི་སྒྲ་ནི་གོ་རིམས་ཀྱི་དོན་ཏོ། །དེ་ལྟར་ན་ལེགས་ཤིང་བྱ་བ་ནི་དེ་ལྟ་ན་བཟང་བའོ། །ཅི་སྟེ་ཞེས་བྱ་བ་ནི་གལ་ཏེའོ། །སྟེང་གི་ནམ་མཁའ་ལ་འགྲོ་ན་ཞེས་བྱ་བ་ནི་རྐང་མཐིལ་བསྐུ་བ་ལ་སོགས་པའི་ཐབས་ཀྱིས་སོ། །མདའ་བརྒྱུད་པས་ཞེས་བྱ་བ་ནི་མདའ་ཕྱི་བརྒྱུད་ཀྱིས་སོ། །མཆིལ་པ་ཞེས་བྱ་བ་ནི་སྨྱིག་མའི་རྩེ་མོ་ལ་ཐ་གུ་རིང་པོ་བཏགས་པའི་སྣ་ལ་ལྕགས་ཀྱོ་རྩེ་རྣོན་བརྟགས་པའོ། །དེ་དྲང་བའི་ཚུལ་གྱིས་ཞེས་བྱ་བ་ནི་བྱ་བའི་བྱེ་བྲག་དེ་ལྟ་བུས་སོ། །རིའི་རྩེ་མོ་ཞེས་བྱ་བ་ནི་རིའི་སྒང་ངོ༌། །དེ་ཞེས་བྱ་བ་ནི་རྒྱལ་པོ་པདྨ་ཆེན་པོའོ། མི་བདེ་བར་གྱུར་ཏེ་ཞེས་བྱ་བ་ནི། །འཇིགས་པ་འམ་སྡུག་བསྔལ་བར་གྱུར་ཏེའོ། །ལག་པ་ལ་འགྲམ་པ་གཏད་ནས་ཞེས་བྱ་བ་ནི་ལག་མཐིལ་ལ་རྐམ་ཚུགས་བཅས་ནས་སོ། །སེམས་ཁོང་དུ་ཆུད་ཅིང་འདུག་འདུག་ནས་ཞེས་བྱ་བ་ནི་སེམས་མི་དགའ་ཞིང་འདུག་འདུག་ནས་སོ། །ཤེས་ལྡན་ཞེས་བྱ་བ་ནི་བོད་པའི་ཕྱིར་རྗེས་སའི་ཚིག་ཡིན་ཏེ། ཤེས་པ་དེ་དག་ལ་ཡོད་པའི་ཕྱིར་རོ། །འདུག་པ་ཞེས་བྱ་བ་ནི་ལུས་ཀྱི་སྟོབས་ཀྱིས་སོ། །ཕ་རོལ་གནོན་པ་ཞེས་བྱ་བ་ནི་གྲོགས་ཀྱི་སྟོབས་ཀྱིས་སོ། །འདི་དང་འདི་སྐད་ཅེས་བྱ་ཞེས་བྱ་བ་ནི་གལ་ཏེ་ཇེ་ཕྱིར་འབྱུང་ན་དེ་ལྟ་ན་ལེགས། གལ་ཏེ་ཕྱིར་མི་འབྱུང་ན་ཇི་སྟེ་སྟེང་གི་ནམ་མཁའ་ལ་འགྲོ་ན་ནི་མདའ་བརྒྱུད་པས་ཁྱོད་ལྟུང་བར་བྱའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་དག་ཡོད་པས་ཚིགས་
གཉིས་སུ་བཟླས་སོ། །ཇི་ལྟར་བསྒྲུབ་པར་བྱ་ཞེས་བྱ་བ་ནི་ཇི་ལྟར་ནན་ཏན་བྱ་ཞེས་བྱའོ། །ཚིགས་སུ་བཅད་པ་ཞེས་བྱ་བ་ནི་ཚུལ་མ་ངེས་པ་སྟེ། ཇི་སྐད་དུ། སྡེབ་སྦྱོར་འབྲི་ཞིང་སྐྱེ་བ་དང༌། རྩ་བ་དག་ཀྱང་མ་ངེས་དང༌། །ཚིག་ཕྲད་དག་གིས་གང་བརྗོད་པ། །དེ་ནི་ཚིགས་སུ་བཅད་པ་བསྟན། །ཞེས་བརྗོད་པ་ལྟ་བུའོ། །ཡུལ་དང་སྲོག་ལ་གནོད་གྱུར་ན། །ཞེས་བྱ་བ་ནི་ཡུལ་ནི་གྲོང་དང་གྲོང་ཁྱེར་ལ་སོགས་པའི་ཡུལ་ལམ། གཟུགས་ལ་སོགས་པའི་ཡུལ་ལྔའོ། །སྲོག་ནི་སྲོག་གི་དབང་པོའོ། །ཀུན་དུ་ཞེས་བྱ་བ་ནི་འབད་པས་སོ། །བསྲུང་བྱ་ཞེས་བྱ་བ་ནི་བསྐྱང་བར་བྱ་བའོ། །བློ་ཡིས་ཞེས་བྱ་བ་ནི་ཤེས་རབ་ཀྱིས་སོ། །གཉི་ག་ཞེས་བྱ་བ་ནི་ཡུལ་དང་སྲོག་ལ་གནོད་པར་གྱུར་པ་གཉི་གའོ། །དཔྱད་བྱས་ན་ཞེས་བྱ་བ་ནི་བརྟགས་ནའོ། །ཡུལ་ནི་ཡང་རྙེད་ཅེས་བྱ་བ་ནི་ལན་ཅིག་བཅོམ་ཡང་ཡང་ཕྱིར་འཐོབ་ཏུ་རུང་བའོ། །སྲོག་རྣམས་མིན་ཞེས་བྱ་བ་ནི་ལན་ཅིག་བཅད་ནས་ཡང་ཕྱིར་གསོར་མི་རུང་བའོ། །མགུལ་དུ་ཐོགས་ཏེ་ཞེས་བྱ་བ་ནི་གཉའ་བར་ཐོགས་ཏེའོ། །འདུད་པ་ལ་བསྣུན་པར་མི་བྱེད་དོ་ཞེས་རྒྱལ་པོའི་ཚུལ་ལས་འབྱུང་ཞེས་གྲག་གོ །ལོ་ཐང་ཞེས་བྱ་བ་ནི་གྲོང་ཁྱེར་ལ་སོགས་པ་ནས་འབྱུང་བའོ། །བཅའ་ཞེས་བྱ་བ་ནི་ཤོ་གམ་གྱི་གནས་ལ་སོགས་པ་ནས་འབྱུང་བའོ། །ཕབ་སྟེ་ཞེས་བྱ་བ་ནི་ཁྱེད་ཀྱིས་ཚད་འདི་ཙམ་གཞལ་བར་བྱའོ་ཞེས་ཐང་བཅད་དེའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ། འདིར་བཅོམ་ལྡན་འདས་ཞེས་སྨོས་པ་ནི་ཕྱིས་འབྱུང་བའི་མཚན་ལས་བསམས་ནས་སྨོས་པ་ཡིན་ཏེ། འདིར་ད་དུང་དེས་བདུད་བཞི་མ་བཅོམ་པས་དཔེར་ན་འབྲས་ཆན་འཚོད་དོ་ཞེས་པའི་ཚུལ་དང་འདྲའོ། །ཡང་ན་ལེགས་པ་རྣམ་པ་དྲུག་པོ་རང་དབང་དང༌། རབ་ཏུ་སྦྱངས་པ་དང༌། གཟུགས་བཟང་བ་དང༌། གྲགས་པ་དང༌། དཔལ་ལྡན་དང༌། ཆེ་བ་ཉིད་ཚོགས་པ་ལ་བྱ་སྟེ། སྒྲ་ངེས་པར་སྦྱོར་བ་ལས་ཇི་སྐད་དུ། རང་དབང་དང་ནི་རབ་སྦྱངས་དང༌། གཟུགས་བཟང་བ་དང་གྲགས་པ་དང༌། དཔལ་ངང་ཆེ་བ་ཉིད་ཚོགས་པ། །དྲུག་པོ་རྣམས་ལ་ལེགས་ཤེས་བཤད། །ཅེས་འབྱུང་བ་ལྟ་བུའོ། །གཟིགས་པ་ལྔ་པོ་དག་ལ་ཞེས་བྱ་བ་ནི་བརྟག་པའི་གནས་ལྔ་པོ་དག་སྟེ། རིགས་དང༌། ཡུལ་དང༌།
དུས་དང༌། རུས་དང༌། བུད་མེད་ལ་གཟིགས་པ་དག་ལའོ། །འདོད་པ་ན་སྤྱོད་པའི་ལྷ་དྲུག་ཅེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞི་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཅེས་བྱ་བ་འདོད་པ་སྤྱོད་པ་དབང་ཕྱུག་སྣ་ཚོགས་དག་གིས་བརྩལ་བ་དྲུག་པོ་དག་གོ །ལན་གསུམ་བསྒོ་བ་མཛད་དེ་ཞེས་བྱ་བ་ནི་མིའི་འཇིག་རྟེན་དུ་སྐྱེ་བའི་ཕྱིར་ལང་སུམ་བསྒོ་བ་མཛད་པ་སྟེ། །དེ་ལྟར་ཡང་འོག་ནས་བཟོད་ལྡན་དག་ད་ནི་དགའ་ལྡན་གྱི་ལྷའི་རིས་འདི་ནས་ཤི་འཕོས་ཏེ། མི་རྣམས་ཀྱི་ནང་དུ་རྒྱལ་པོ་ཟས་གཙང་གི་བཙུན་མོ་དམ་པའི་མངལ་དུ་དེའི་བུ་ཉིད་དུ་སྐྱེ་བ་ལེན་པར་བྱེད་ཅིང་བདུད་རྩི་ཐོབ་པར་བྱ་སྟེ། བདུད་རྩི་ཐོབ་ནས་འགྲོ་བ་ཚིམ་པར་བྱེད་ཅིང་ཁྱེད་ཅག་ལས་གང་བདུད་རྩི་འདོད་པ་དེས་ཡུལ་དབུས་སུ་སྐྱེ་བ་ལོང་ཤིག་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །གླང་པོ་ཆེ་ལྟར་སྣང་བར་བསྒྱུར་ཏེ་ཞེས་བྱ་བ་ནི་རྨི་ལམ་དུ་དགེ་བའི་མཚན་མ་བསྟན་པའི་ཕྱིར་བདག་ཉིད་གླང་པོ་ཆེ་མཆེ་བ་དྲུག་པར་བསྟན་པར་གྱུར་ཏེ་ཞེས་བྱ་བའི་ཐ་ཚིག་གོ །འཇིག་རྟེན་འདིའི་ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་འདིའོ། །ཁ་དོག་གི་མཐུ་བས་ཞེས་བྱ་བ་ནི་ཁ་དོག་གི་མདངས་པས་སོ། །སྣང་བ་རྒྱ་ཆེན་པོས་ཞེས་བྱ་བ་ནི་གསལ་བ་ཆེན་པོས་སོ། །ཁྱད་པར་གྱུར་ཅེས་བྱ་བ་ནི་ཐམས་ཅད་དུ་ཁྱབ་པ་སྟེ། དེ་ལྟར་ཡང་བྱང་ཆུབ་སེམས་དཔའ་བར་མདོའི་སྲིད་པ་ལ་གནས་པ་མའི་མངལ་དུ་ཞུགས་པ་ནི་གླིང་བཞི་པ་ཐེར་འབུམ་སྣང་བར་གྱུར་ཏོ་ཞེས་གསུངས་པ་ཡིན་ནོ། །འཇིག་རྟེན་གྱི་བར་ཞེས་བྱ་བ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁོར་ཡུག་གི་བར་དག་ན་གྲང་བའི་དམྱལ་བའི་གནས་དག་ན་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ །རྫུ་འཕྲུལ་ཆེ་བ་ཞེས་བྱ་བ་ནི་དབང་ཕྱུག་དང་ལྡན་པའི་ཕྱིར་རོ། །མཐུ་ཆེ་བ་ཞེས་བྱ་བ་ནི་གཞན་ལ་ཕན་པ་བྱེད་པའི་ཕྱིར་རོ། །འོད་དག་ཅེས་བྱ་བ་ནི་རང་གི་འོད་དག་གོ །ཉམས་སུ་མི་མྱོང་བ་ཞེས་བྱ་བ་ནི་སྣང་བར་མི་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །མུན་པ་ཞེས་བྱ་བ་ནི་མི་སྣང་བའོ། །གང་གིས་མི་སྣང་ཞེ་ན། དེའི་ཕྱིར་མུན་ནག་ཅེས་བྱ་བ་གསུངས་ཏེ། མུན་ནག་གིས་མི་སྣང་བ་ཡིན་གྱི་མིག་མེད་པས་མི་སྣང་བ་མ་ཡིན་ནོ། །བརྒྱལ་བ་དང་རྨོངས་པ་
ལ་སོགས་པས་ཀྱང་མུན་ནག་ཏུ་འགྱུར་ཞིང་མི་མཐོང་བ་ཡོད་པས་དེ་ལས་བྱེ་བྲག་ཏུ་བསྟན་པ་ཡིན་པའི་ཕྱིར། མུན་པར་བྱེད་པས་གང་པར་གྱུར་པ་ཞེས་བྱ་བ་གསུངས་ཏེ། མུན་པར་བྱེད་པ་ཉིད་ཀྱིས་བསྒྲིབས་ཤིང་གནག་པར་གྱུར་པས་མི་མཐོང་བ་ཡིན་གྱི། བརྒྱལ་བ་དང་རྨོངས་པ་ལ་སོགས་པས་མི་མཐོང་བར་གྱུར་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རང་གི་ལག་པ་བརྐྱང་བ་ཡང་མི་མཐོང་བ་ཞེས་བྱ་བ་ནི་རང་གི་ལག་པ་བརྐྱང་པ་ཙམ་ཡང་མི་མཐོང་ན་རང་གི་ལུས་གཞན་ལྟ་སྨོས་ཀྱང་ཅི་དགོས་པའོ། །གཅིག་གིས་གཅིག་ཅེས་བྱ་བ་ནི་ཕན་ཚུན་ནོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ། །ཤེས་ལྡན་དག་སེམས་ཅན་གཞན་ཡང་འདིར་སྐྱེས་སོ་ཞེས་བྱ་བ་ནི་སེམས་ཅན་གཞན་མཐོང་བས་རངས་པའི་ཕྱིར་ཚིག་ལན་གཉིས་སུ་བཟླས་སོ། །ཡང་ན་སེམས་ཅན་སྡུག་བསྔལ་བ་གཞན་དག་མཐོང་བས་ཡི་ཆད་པའི་ཚིག་ལན་གཉིས་སུ་བཟླས་སོ། །མཉན་དུ་ཡོད་ཅེས་བྱ་བ་ནི་གྲོང་ཁྱེར་ཏེ། དྲང་སྲོང་མཉན་པ་དང༌། ཡོད་པ་ཞེས་བྱ་བ་གཉིས་ཀྱིས་བརྩིགས་པའི་ཕྱིར་རོ། །རྩིབས་ཀྱིས་འཕུར་ཚངས་བྱིན་ཞེས་བྱ་བ་ལ་རྩིབས་ཀྱིས་འཕུར་བ་ཞེས་བྱ་བ་ནི་དེའི་དུས་ཡིན་ལ་ཚངས་བྱིན་ཞེས་བྱ་བ་ནི་མིང་ཡིན་ནོ། །འཕགས་རྒྱལ་ཞེས་བྱ་བ་ཡང་གྲོང་ཁྱེར་ཏེ། འཕགས་རྒྱལ་ཞེས་བྱ་བས་བརྩིགས་པའི་ཕྱིར་རོ། །ཀཽ་ཤཱམ་བཱི་ཞེས་བྱ་བ་ཡང་གྲོང་ཁྱེར་ཏེ། ཀཽ་ཤཱམ་བཱི་ཞེས་བྱ་བས་བརྩིགས་པའི་ཕྱིར་རོ། །ཉི་མའི་གཟུགས་ཞེས་བྱ་བ་ནི་ཉི་མའི་གཟུགས་བརྙན་ནོ། །བཙུན་མོ་གཟུགས་ཅན་ཞེས་བྱ་བ་ནི་བཙུན་མོ་ཆེན་མོའི་མིང་ངོ༌། །གསལ་བ་གསལ་བ་ཞེས་བྱ་བ་ནི་གསལ་བ་དག་པས་ཀྱང་ཆེས་དྲི་མ་མེད་ཅིང་གསལ་བ་སྟེ་རྡུལ་དང་ཞེས་བྱ་བའི་ཐ་ཚིག་གོ །གསལ་རྒྱལ་ཞེས་བྱ་བ་ནི་གསལ་བྱེད་དོ། །རབ་སྣང་ཞེས་བྱ་བ་ནི་སྐར་མདའོ། །རིགས་དང་མཐུན་པར་ཞེས་བྱ་བ་ནི་རིགས་དང་འཚམ་པར་རོ། །མ་མ་བརྒྱད་པོ་ཞེས་བྱ་བ་ལ་སོགས་པ་ལ། པད་ན་འཚོ་བའི་མ་མ་ཞེས་བྱ་བ་ནི་འཚོ་བའི་བུད་མེད་དོ། །ནུ་མ་སྣུན་པའི་མ་མ་ཞེས་བྱ་བ་ནི་འོ་མ་ལྡུད་པའོ། །དྲི་མ་འཕྱི་བའི་མ་མ་ཞེས་བྱ་བ་ནི་ཁྲུས་དང༌། དྲི་ལ་ཕྱི་ལ་སོགས་པ་བྱེད་པའོ། །རྩེད་གྲོགས་ཀྱི་མ་མ་ཞེས་བྱ་བ་ནི་རྩེར་འཇུག་པར་བྱེད་པ་གང་ཡིན་པའོ། །གཉིས་གཉིས་སྐོ་བ་ནི་བྲེལ་བ་
ཉིད་ཀྱིས་ཕོངས་པར་མི་འགྱུར་བར་བྱ་བའི་ཕྱིར་རོ། །མར་གྱི་སྙིང་ཁུ་ཞེས་བྱ་བ་ནི་ཞུན་མར་གྱི་སྙིང་པོའོ། །ཡོ་བྱེད་ཀྱི་བྱེ་བྲག་ཅེས་བྱ་བ་ནི་ཡོ་བྱད་ཁྱད་པར་ཅན་དག་གོ །གཙོ་བོ་གཙོ་བོ་དག་ཅེས་བྱ་བ་ནི་གོས་དང་རྒྱན་དང༌། བྱུག་པ་ལ་སོགས་པ་བཟང་པོ་དག་སྟེ། རྣམ་པའི་ཚིག་ཏུ་ལན་གཉིས་སྨོས་སོ། །སྲིང་པར་བྱེད་ཅེས་བྱ་བ་ནི་སྲིད་དུའོ། །སྐྱེད་པར་བྱེད་ཅེས་བྱ་བ་ནི་སྦོམས་སུའོ། །རྫིང་ན་གནས་པ་ཞེས་བྱ་བ་ནི་རྫིང་གི་ནང་ན་གནས་པའོ། །པདྨ་ཞེས་བྱ་བ་ནི་པདྨ་དང༌། ཨུཏྤ་ལ་སྔོན་པོ་ལ་སོགས་པ་དག་གོ །མྱུར་དུ་ཞེས་བྱ་བ་ནི་སྐྱེན་པར་རོ། །ཡི་གེ་ཞེས་བྱ་བ་ནི་ཡིག་འབྲུ་དག་གོ །གྲངས་ཞེས་བྱ་བ་ནི་ཡིད་ཀྱིས་བགྲང་བའོ། །རྩིས་ཞེས་བྱ་བ་ནི་ཚིག་གིས་བརྩི་བ་སྟེ་རྩིས་སུ་བྱ་བའོ། །ལག་རྩིས་ཞེས་བྱ་བ་ནི་ལག་པའི་ཐ་སྙད་དོ། །འབྱུང་བ་ཞེས་བྱ་བ་ནི་སྤྲོག་མ་ལ་སོགས་པ་ནས་རྫས་འབྱུང་བའོ། །གཞུག་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ནང་དུ་གཞུག་པའོ། །གཞག་པ་ཞེས་བྱ་བ་ནི་ཕྱི་རོལ་དུ་གཞག་པའོ། །ཉེ་བར་ཞུགས་ནས་ཞེས་བྱ་བ་ནི་བསླབ་པའི་ཕྱིར་ངེས་པར་སྦྱར་ནས་སོ། །འབྱེད་པ་ཞེས་བྱ་བ་ནི་ཡི་གེ་འདྲི་བ་འམ་བསྟན་བཅོས་ཀྱི་གནས་ལ་མཁས་པའོ། །གློག་པ་ཞེས་བྱ་བ་ནི་ཡི་གེ་གློག་པའོ། །མཁས་པ་ཞེས་བྱ་བ་ནི་དོན་ཤེས་པའོ། །སྤྱོད་པ་གསལ་བ་ཞེས་བྱ་བ་ནི་གྲིམས་པའོ། །བརྟག་པ་ཞེས་བྱ་བ་ནི་རིན་པོ་ཆེ་ལ་སོགས་པའི་ཡོན་ཏན་དང་སྐྱོན་དཔྱད་པའོ། །གཞི་ཞེས་བྱ་བ་ནི་ས་གཞིའོ། །མཁས་པར་གྱུར་ཏོ་ཞེས་བྱ་བ་ནི་བྱང་བར་གྱུར་ཏོ། །རྒྱལ་རིགས་ཞེས་བྱ་བ་ནི་སྐྱེ་དགུ་བསྲུང་བའི་ཕྱིར་ཏེ་ལྷུར་ལེན་པའོ། །སྤྱི་བོར་དབང་བསྐུར་བ་ཞེས་བྱ་བ་ནི་སྐྱེ་བོའི་སྟེང་དུ་གཞག་པའི་ཕྱིར་རོ། །ལྗོངས་ཀྱི་དབང་ཕྱུག་ཅེས་བྱ་བ་ནི་ཡུལ་བསྲུང་བའོ། །མཐུ་ཞེས་བྱ་བ་ནི་སྟོབས་སོ། །བརྩོན་འགྲུས་ཞེས་བྱ་བ་ནི་མངོན་པར་སྦྲོ་བ་སྟེ་དེ་གཉིས་ཐོབ་པའོ། །མངོན་པར་རྒྱལ་བར་བྱས་ཏེ་ཞེས་བྱ་བ་ནི་ཕབ་སྟེའོ། །གནས་པ་ཞེས་བྱ་བ་ནི་ཉེ་བར་སྤྱོད་པ་སྟེ་བསྲུང་བ་ཞེས་བྱ་བའི་ཐ་ཚིག་གོ །བཟོའི་གནས་ཞེས་བྱ་བ་ལ། བཟོ་ཞེས་བྱ་བ་ནི་ལས་ལ་མཁས་པའོ། །དེའི་གནས་ནི་ཡུལ་ལོ། །ལས་ཀྱི་གནས་ཞེས་བྱ་བ་ལ། ལས་ཞེས་བྱ་བ་ནི་ཡོངས་སུ་སྦྱང་བ་རྗེས་སུ་སྒྲུབ་ཅིང་བྱེད་པའོ། །
དེའི་གནས་ནི་ཡུལ་ཏེ། དེ་བདག་ཉིད་གླང་པོ་ཆེའི་གཉའ་བར་ཞོན་པ་ལ་སོགས་པས་སྟོན་ཏོ། །ཐ་དད་པར་གྱུར་པ་ཞེས་བྱ་བ་ནི་སོ་སོ་བའོ། །གླང་པོ་ཆེའི་གཉའ་བར་ཞོན་པ་ཞེས་བྱ་བ་ནི་གླང་པོ་ཆེ་དག་གི་གཉའ་བར་བཞོན་པའི་ཕྱིར་བསླབ་པའོ། རྟ་ལ་བཞོན་པ་ཞེས་བྱ་བ་ཡང་རྟ་བཞོན་པའི་ཕྱིར་བསླབ་པའོ། །ཤིང་རྟའི་ཐབས་ཞེས་བྱ་བ་ནི་ཤིང་རྟ་བཞོན་པའི་ཕྱིར་བསླབ་པའོ། །རལ་གྲིའི་ཐབས་ཞེས་བྱ་བ་ནི་རལ་གྲིའི་གཟུང་བ་ཤེས་པའོ། །འཕོང་ཞེས་བྱ་བ་ནི་མདའ་གཞུའི་ཐབས་ཤེས་པའོ། །ཕྱིར་བསྣུར་བ་ཞེས་བྱ་བ་ནི་གཡུལ་ངོ་ནས་ཕྱིར་འགྱེད་པའོ། །མདུན་དུ་བསྣུར་པ་ཞེས་བྱ་བ་ནི་གཡུལ་ངོར་འཇུག་པའོ། །ལྕགས་ཀྱོས་བསྒྱུར་ཐབས་ཞེས་བྱ་བ་ནི་ལྕགས་ཀྱིས་གཟུང་བ་ཤེས་པའོ། །ཞགས་པ་གདབ་པ་ཞེས་བྱ་བ་ནི་ཞགས་པ་གཟུང་བ་ཞེས་པའོ། །མདའ་བོ་ཆེའི་ འཕེན ་ཐབས་ཞེས་བྱ་བ་ནི། མདའ་བོ་ཆེ་འཕངས་པ་ཤེས་པ་སྟེ། མདའ་བོ་ཆེ་ཞེས་བྱ་བ་ནི། མཚོན་མདུང་གི་རྣམ་པ་ལྟ་བུ་མདུང་རྩེ་ཅན་ཡུ་བ་སྦོམ་པོ་ཐུང་དུ་ཞེས་བྱ་བའོ། །འཛིན་སྟངས་ཞེས་བྱ་བ་ནི་མདའ་འཕང་བ་ལ་དགོས་པའོ། །གོམས་སྟངས་ཞེས་བྱ་བ་ནི་འཁོར་ལོ་འཕང་བ་ལ་སོགས་པ་ལ་དགོས་པའོ། །ཐོར་ཚུགས་ཞེས་བྱ་བ་ནི་གཡུལ་ལ་སོགས་པ་ལ་དགོས་པའི་སྒྲ་བཅིང་བའོ། །བཅད་པ་ཞེས་བྱ་བ་ནི་གོ་ཆའི་སྒྲོ་གུ་ལ་སོགས་པའོ། །དྲལ་བ་ཞེས་བྱ་བ་ནི་གོ་ཆ་ལ་སོགས་པའོ། །དབུག་པ་ཞེས་བྱ་བ་ནི་རི་ལ་སོགས་པའོ། །གནས་ལྔ་པོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་གླང་པོ་ཆེ་དང༌། རྟ་དང༌། ཤིང་རྟ་བཞོན་པའི་མཚན་ཉིད་ནི་གནས་གཅིག་གོ །རལ་གྲིའི་ཐབས་དང་འཕོང་གི་ཡུལ་ཤེས་པ་ནི་གཉིས་པའོ། །གཡུལ་ངོར་ཕྱིན་པ་བསྣུར་བ་དང༌། མདུན་དུ་བསྣུན་པ་ནི་གསུམ་པའོ། །ལྕགས་ཀྱོས་བསྒྱུར་ཐབས་ལ་སོགས་པའི་ཡུལ་སྐྱེལ་བའི་ཐལ་མོ་ཞེས་བྱ་བ་ནི་བཞི་པའོ། །བཅད་པ་ལ་སོགས་པའི་ཡུལ་ལ་མཚོན་གྱི་ལས་ཤེས་པ་ནི་ལྔ་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་ཕྱིར་བསྣུར་བ་ལ་སོགས་པ་ནི་གཅིག་གོ །ལྕགས་ཀྱོས་བསྒྱུར་ཐབས་ལ་སོགས་པ་ནི་གཉིས་སོ། །འཛིན་སྟངས་ལ་སོགས་པ་ནི་གསུམ་པའོ། རྒྱང་ནས་ཕོག་པ་ལ་སོགས་པ་ནི་བཞི་པའོ། །
ཚབས་ཆེ་བ་ནི་ལྔ་པའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་གཅད་པ་ནི་དང་པོའོ། །དྲལ་བ་ནི་གཉིས་པའོ། །དབུག་པ་ནི་གསུམ་པའོ། །འཛིན་སྟངས་ལ་སོགས་པ་ནི་བཞི་པའོ། །སྒྲ་གྲག་པར་ཕོག་པ་ལ་སོགས་པ་ནི་ལྔ་པའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་འཛིན་སྟངས་ལ་སོགས་པའི་འོག་ཏུ་གནས་ལྔ་པོ་འདི་ལྟ་སྟེ། རྒྱང་ནས་ཕོག་པ་དང༌། སྒྲ་གྲག་པར་ཕོག་པ་དང༌། གནད་དུ་ཕོག་པ་དང༌། མི་འཆོར་བར་ཕོག་པ་དང༌། ཚབས་ཆེ་བ་ཞེས་སྨོས་པས་རྒྱང་ནས་ཕོག་པ་ནི་གནས་དང་པོ་ཡིན་ནོ། །སྒྲ་གྲག་པར་ཕོག་པ་ནི་གཉིས་པའོ། །གནད་དུ་ཕོག་པ་ནི་གསུམ་པའོ། །མི་འཆོར་བར་ཕོག་པ་ནི་བཞི་པའོ། །ཚབས་ཆེ་བ་ནི་ལྔ་པའོ་ཞེས་ཟེར་ཏེ། སྐབས་འདིར་ནི་རྣམ་གྲངས་ཐ་མ་འདི་གཟུང་བར་རིག་པར་བྱའོ། །རྒྱང་ནས་ཕོག་པ་ཞེས་བྱ་བ་ནི། ཐག་རིང་པོ་ནས་ཕོག་པའོ། །སྒྲ་གྲག་པར་ཕོག་པ་ཞེས་བྱ་བ་ནི་སྒྲའི་རྗེས་སུ་འབྲང་བས་ཕོག་པའོ། །གནད་དུ་ཕོག་པ་ཞེས་བྱ་བ་ནི་འཆི་བའི་ཕྱོགས་དག་ཏུ་ཕོག་པའོ། །མི་འཆོར་བར་ཕོག་པ་ཞེས་བྱ་བ་ནི་གདོན་མི་ཟ་བར་ཕོག་པའོ། །ཚབས་ཆེ་བ་ཞེས་བྱ་བ་ནི་མཐུ་དང་ལྡན་པར་ཕོག་པའོ། །བྱང་བར་གྱུར་ཏེ་ཞེས་བྱ་བ་ནི་ལེགས་པར་ལོབས་པར་གྱུར་པའོ། །བཟོ་སྦྱར་བ་བཅོ་བརྒྱད་ཅེས་བྱ་བ་ནི་བཟོའི་རིག་པའི་གནས་བཅོ་བརྒྱད་དེ། ཚོང་པ་དང༌། རྫོང་མཁན་དང༌། ཕྲེང་བ་མཁན་དང༌། ཆང་འཚོང་དང༌། ཕྱུགས་བཙལ་བ་དང༌། འདྲེག་མཁན་དང༌། འབྲུ་མར་འཚིར་བ་དང༌། མགར་བ་དང༌། ཤིང་མཁན་དང༌། ཕྱྭ་མཁན་དང༌། ཐ་ག་པ་དང༌། ཀོ་ལྤགས་མཁན་དང༌། རྐྱལ་ཆེན་པ་དང༌། བཙོ་བླག་མཁན་དང༌། སྨྱིག་མ་མཁན་དང༌། ཤན་པ་དང༌། གདོལ་བའི་ལས་དང༌། ཤིང་རྟ་མཁན་ཞེས་བྱ་བ་དག་གོ །བཅུག་ནས་ཞེས་བྱ་བ་ནི་དེ་དག་སློབ་ཏུ་བཅུག་ནས་སོ། །ཞོ་ཤས་འཚོ་བ་དག་ཅེས་བྱ་བ་ནི་དཔྱ་ཕུལ་བའི་མི་དག་གམ། མཚོན་ཆས་ཕོག་པ་དག་གོ །སྡུད་པ་ཞེས་བྱ་བ་ནི་ལེན་པའོ། །ལོ་ཐད་འདུལ་བ་ཞེས་བྱ་བ་ནི་ལོ་ཐང་ངེས་པར་འབུལ་ལོ། །རྒྱུས་མི་ཤེས་པ་ཞེས་བྱ་བ་ནི་སྐབས་མི་ཤེས་པའོ། །མ་བཟློག་གམ་ཞེས་བྱ་བ་ནི་དྲི་བའོ། །མཚམས་ཆེན་པོ་གཅད་པར་བྱའོ་ཞེས་བྱ་བ་ནི་ཆད་པའོ། །གནས་ཡོད་པར་འགྱུར་གྱི་ཞེས་བྱ་བ་ནི་སྲིད་
ཀྱིས་ཞེས་བྱ་བའོ། །ཆས་ཞེས་བྱ་བ་ནི་ནས་ལ་སོགས་པའི་འབྲུའོ། །འབའ་ཞིག་ཅེས་བྱ་བ་ནི་གཞན་མེད་པའོ། །མཐུ་ཞེས་བྱ་བ་ནི་དྲལ་བ་ལ་སོགས་པ་ནུས་པའོ། །དཔུང་ཞེས་བྱ་བ་ནི་དམག་དང་ལྡན་པའོ། །བརྩོན་འགྲུས་ཞེས་བྱ་བ་ནི་སྤྲོ་བ་དང་བཅས་པའོ། །ཕ་རོལ་གནོན་པ་ཞེས་བྱ་བ་ནི་དམག་མིའོ། །མ་ཉམས་པར་གྱིས་ཤིག་ཅེས་བྱ་བ་ནི་མ་བྲི་བར་གྱིས་ཤིག་པའོ། །ཡུལ་འཁོར་གཞོམ་པར་བྱས་ཞེས་བྱ་བ་ནི་རྒྱལ་སྲིད་གཞིག་པར་བྱ་བའོ། །ཁྱིམ་དཔལ་ཞེས་བྱ་བ་ནི་ཁྱིམ་ཁོལ་གྱིས་ཤིག་པའོ། །ལྟེ་བ་ཞེས་བྱ་བ་ནི་ཤིང་རྟའི་དཀྱིལ་ལོ། །རྩིབས་ཞེས་བྱ་བ་ནི་ཤིང་རྟའི་རྩིབས་སོ། །སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ཞེས་བྱ་བ་ནི་སྟེང་གི་ཁང་བཟངས་ཀྱི་གཞིའོ། །ཕྲུ་མ་ཞེས་བྱ་བ་ནི་ཕོ་བྲང་གི་གནས་སོ། །བྱེར་ཞེས་བྱ་བ་ནི་སྐྲག་ནས་ཕན་ཚུན་དུ་བྲོས་པའོ། །ཕོ་ཉ་རྟ་པ་ཞེས་བྱ་བ་ནི་རྟ་ཞོན་པའོ། འཚོ་པའི་རྒྱུ་ཞེས་བྱ་བ་ནི་གྲོང་དང་ལོངས་སྤྱོད་ལ་སོགས་པ་འཚོ་བའི་རྒྱུའོ། །གནས་སྐབས་ཞེས་བྱ་བ་ནི་གཟུགས་བརྙན་ནམ་ཆད་པའམ། །ཡོངས་སུ་མ་གྲུབ་པ་ཞེས་བྱ་བའི་དོན་ནོ། །ཐལ་མོ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཡུལ་འཁོར་དང་འཁོན་པའོ། །འཐབ་པ་ཞེས་བྱ་བ་ནི་རང་གི་ཡུལ་འཁོར་དང་འཁོན་པའོ། །ཕྱི་དགྲ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དམག་ཚོགས་ཀྱིས་བྱས་པའི་འཁྲུག་པའོ། །ནང་འཁྲུག་ཅེས་བྱ་བ་ནི་རང་གི་དམག་ཚོགས་ཀྱིས་བྱས་པའི་འཁྲུག་པའོ། །ཁ་ཅིག་ན་རེ་གནོད་པར་བྱེད་པའི་གནོད་སྦྱིན་ནི། །ཕྱི་དགྲ་ཞེས་ནི་བརྗོད་པར་བྱ། །གནོད་སྦྱིན་གནོད་པར་བྱེད་པའི་ཚོགས། །གཙེ་དང་བཅས་པ་ནང་འཁྲུག་ཡིན། །ཞེས་ཀྱང་ཟར་རོ། །ཆོམ་རྐུན་ཞེས་བྱ་བ་ནི་གཡོན་ཅན་ནོ། །མུ་གེ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བ་དཀོན་ནོ། །ནད་ཅེས་བྱ་བ་ནི་ཡམས་ཀྱི་ནད་ལ་སོགས་པའོ། །སཱ་ལུའི་ཕྲེང་བ་ཞེས་བྱ་བ་ནི་འབྲས་སཱ་ལུའི་ཞིང་གི་ཚར་རོ། །བུ་རམ་ཤིང་གི་ཕྲེར་བ་ཞེས་བྱ་བ་ནི་བུ་རམ་ཤིང་གི་ཚར་རོ། །ཆོས་དང་ལྡན་པ་ཞེས་བྱ་བ་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཆོས་སྤྱོད་པའི་ཕྱིར་རོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་རིགས་པས་རྒྱལ་སྲིད་ཐོབ་པའི་ཕྱིར་རོ། །ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ་
ཞེས་བྱ་བ་ནི་མི་རིགས་པའི་ཆད་པ་ལ་སོགས་པས་སྐྱེ་བོ་ལ་གནོད་པར་མི་བྱེད་པས་བློན་པོའི་ཚོགས་རྣམས་རྒྱལ་སྲིད་བྱེད་དུ་བཅུག་བ་ཡིན་ནོ། །ཤེད་བུ་ཞེས་བྱ་བ་ནི་བྲམ་ཟེ་གཞོན་ནུ་སྟེ། བྲམ་ཟེ་ལོ་བཞི་བཅུ་མ་ལོན་པ་ཞེས་བྱ་བའི་ཐ་ཚིག་གོ །གསང་ཚིག་ཅེས་བྱ་བ་ནི་དུག་ལ་སོགས་པ་བསལ་བ་ལ་དགོས་པ་སྐྱེས་བུ་ཆེན་པོས་བཤད་པའི་རིག་བྱེད་དང༌། །གསང་སྔགས་སོ། །འདོད་པ་ཞེས་བྱ་བ་ནི་སེམས་ཀྱིས་སོ། །ཚོལ་བ་ཞེས་བྱ་བ་ནི་ལུས་དང་ངག་གི་བྱ་བས་སོ། །ཞིག་ཅེས་བྱ་བ་ནི་འཇིག་རྟེན་ལ་མིང་མ་གྲགས་པའམ་མིང་གཙོ་བོ་མ་ཡིན་པའོ། །ཡུལ་དབུས་ནས་ཞེས་བྱ་བ་ནི། །བཅོམ་ལྡན་འདས་ཉིད་ཀྱིས་ཉེ་བ་འཁོར་ཡུལ་གྱི་དབུས་ཀྱི་མཚམས་ནི་ཤར་དུ་ནི་གྲོང་ཁྱེར་ལི་ཁང་ཤིང་འཕེལ་ཞེས་བྱ་བ་ནི་མདུན་གྱི་ནགས་ལི་ཁ་རིའི་ཤིང་ཚང་ཚིང་ཅན་ཞེས་བྱའོ། །ལྷོར་ནི་གྲོང་ཁྱེར་འདམ་བུ་ཅན་ཞེས་བྱ་བའི་ལྷོར་ནི་ཆུ་ཀླུང་འདམ་བུ་ཅན་ཞེས་བྱ་བའོ། །ནུབ་ཏུ་ནི་བྲམ་ཟེའི་གྲོང་ཀ་བ་དང༌། ཉེ་བའི་ཀ་བ་ཞེས་བྱ་བ་ནི་གཉིས་སོ། །བྱང་དུ་ནི་ཨུ་ཤི་རའི་རི་ཞེས་བྱ་བའོ་ཞེས་གསུངས་པས་དེའི་ནང་ནས་སོ། །རིག་བྱེད་ཅེས་བྱ་བ་ནི་ངེས་བརྗོད་ཀྱི་རིག་བྱེད་དང༌། མཆོད་སྦྱིན་གྱི་རིག་བྱེད་དང༌། སྙན་ཚིག་གི་རིག་བྱེད་དང༌། སྲིད་སྲུང་གི་རིག་བྱེད་ཅེས་བྱ་བ་བཞི་པོ་དག་གོ །རིག་བྱེད་ཀྱི་ཡན་ལག་ཅེས་བྱ་བ་ནི་བསླབ་པ་དང༌། ཆོ་ག་དང༌། བརྡ་སྤྲོད་པ་དང༌། སྡེབ་སྦྱོར་དང༌། ངེས་པའི་ཚིག་དང༌། སྐར་མ་ཞེས་བྱ་བའི་བསྟན་བཅོས་དྲུག་པོ་དག་གོ །ཕ་རོལ་དུ་སོན་པ་ཞེས་བྱ་བ་ནི་མཁས་པའོ། །སྟོན་པར་གྱུར་པ་ཞེས་བྱ་བ་ནི་རྟེན་དུ་གྱུར་པའོ། །ཞི་བ་ཞེས་བྱ་བ་ནི་མི་རྒོད་པའོ། །སྤྱོད་ལམ་བཞིས་ཞེས་བྱ་བ་ནི་ཆ་ལུགས་ཀྱིས་སོ། །ཞབས་ལ་སྲི་ཞུ་བགྱིས་པར་ཞེས་བྱ་བ་ནི་བླ་མ་ལ་མཆོད་པ་བྱེད་པར་རོ། །ཀླག་པ་ཞེས་བྱ་བ་ནི་གདོན་པའོ། །ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་རྟག་ཏུ་གྲགས་པའོ། །མི་གློག་པ་ཞེས་བྱ་བ་ནི་མི་འདོན་པ་སྟེ། དེ་སྐད་དུ་བྲམ་ཟེ་དག་གིས། ཚེས་བརྒྱད་མཁན་པོ་ཉམས་འགྱུར་ཏེ། །བཅུ་བཞི་སློབ་མ་ཉམས་པར་འགྱུར། །བཅོ་ལྔ་ལྔོམ་སྐྱོན་ཉམས་འགྱུར་བས། །དེའི་ཕྱིར་དུས་ཚིགས་སྤོང་བར་བྱ། །ཞེས་སྨྲས་པ་ཡིན་
ནོ། །ཆོ་ངོགས་ཞེས་བྱ་བ་ནི་རྗེ་དཔོན་སྨིན་དྲུག་སྐྱེས་ཀྱི་ཆུ་ངོགས་ལ་སོགས་པ་བསོད་ནམས་ཀྱི་གནས་དག་གོ །ཉེ་རེག་ཅེས་བྱ་བ་ནི་ཁྲུས་བྱ་བ་དང༌། སྤྱི་བླུགས་ལ་སོགས་པའི་ལས་སོ། །གྲོང་ཁྱེར་ལྟ་ཞེས་བྱ་བ་ནི་གྲོང་ཁྱེར་བལྟ་བའི་ཕྱིར་རོ། །ཡམ་སྲེག་ཤིང་ཞེས་བྱ་བ་ནི་སྦྱིན་སྲེག་བྱ་བའི་བུད་ཤིང་རྒྱ་སྐྱེགས་ཀྱི་ཤིང་ལ་སོགས་པའོ། །བར་སྐབས་ཀྱི་གཏམ་བརྗོད་པ་ཞེས་བྱ་བ་ནི་བར་སྐབས་ཀྱི་གཏམ་ཟེར་བའོ། །སྐུད་པའི་རིགས་ཞེས་བྱ་བ་ལ་སོགས་པ་ནི་རིགས་ཀྱི་སྒྲ་སྟེ། དྲང་སོང་སྐུད་པ་དང་བད་ས་ལ་སོགས་པའི་རིགས་རྒྱུད་ཡིན་པའི་ཕྱིར་རོ། །བློ་ཅན་ཞེས་བྱ་བ་ནི་ཤེས་རབ་ཅན་ནོ། །ཡོན་བྱེད་ཅེས་བྱ་བ་ནི་སྦྱིན་པ་དང་རིམ་གྲོ་དང༌། བཀུར་སྟི་ལ་སོགས་པ་བྱེད་པ་འམ་གཞན་གྱི་སྨེས་རྗེས་སུ་བསྲུང་བའོ། །ཕྲ་མ་ཅན་ཞེས་བྱ་བ་ནི་དབྱེ་བར་འདོད་པའི་ཚིག་སྨྲ་བའོ། །ཚིག་རྩུབ་ཅེས་བྱ་བ་ནི་ཚིག་རྩུབ་པོ་སྨྲ་བའོ། །མཆོག་ཅེས་བྱ་བ་ནི་གཙོ་བོའོ། །སློང་མོ་བརྒྱས་ཞེས་བྱ་བ་ནི་ཟན་གྱི་ཕྱིར་རྒྱུ་བ་མང་པོ་སྟེ། འདིས་ནི་བརྟུལ་ཞུགས་ངེས་པ་དང་ལྡན་པའི་སྐྱེ་བོ་མང་པོ་རྒྱུ་བ་བསྟན་ཏོ། །དབུས་པའི་སྐྱེ་བོ་ཞེས་བྱ་བ་ནི་སྐྱེ་བོད་གེ་བའོ། །མཐའ་འཁོབ་པའི་སྐྱེ་བོ་ཞེས་བྱ་བ་ནི་ཀླ་ཀློ་དང། དྲག་ཤུལ་གྱི་ལས་བྱེད་པའོ། །སྐྱེ་བོ་མཁས་པ་ཞེས་བྱ་བ་ནི་སྐྱེ་བོ་མཛངས་པའོ། །ཁ་རྗེ་ཞེས་བྱ་བ་ནི་འཇིག་རྟེན་པའི་དོན་གྲུབ་པའོ། །བསོད་ནམས་ཞེས་བྱ་བ་ནི་བདེ་འགྲོ་འགྲུབ་པའོ། །བཀྲ་ཤིས་ཞེས་བྱ་བ་ནི་སྡིག་པ་ཉམས་པར་བྱེད་པའམ། དོད་པའི་དོན་གྲུབ་པའི་རྒྱུ་ཡིན་པའོ། །གཙང་བ་ཞེས་བྱ་བ་ནི་རང་ཉིད་སྐྱོན་མེད་ཅིང་དབེན་པའི་ཕྱིར་རོ། །གཙང་བ་ཉིད་ཀྱི་གནས་སུ་གྲགས་ཞེས་བྱ་བ་ནི་གཞན་དག་གི་སྡིག་པའི་ལས་སྤང་པའི་ཕྱིར་རོ། །འགྲམ་གཉིས་ནས་རླན་འཕྱོ་མ་ཞེས་བྱ་བ་ནི་སྐྱེ་བ་མང་པོ་ལ་མཁོ་བ་ཉིད་ཀྱི་ཆུས་གང་བས་དོགས་ཀྱི་མུ་གཉིས་ཀ་ནས་ཆུའི་དབྱིངས་སྤྱད་དུ་རུང་པའོ། །བསྟི་གནས་ཞེས་བྱ་བ་ནི་དྲང་སྲོང་གི་གནས་སོ། །ཆུ་དགུར་བཅོ་བརྒྱད་འབབ་པ་ཞེས་བྱ་བ་ནི་གྱ་གྱུར་འབབ་པའི་གླིང་བཅོ་བརྒྱད་ཀྱིས་མཚོན་པའི་ཡུལ་ལོ། །ཁ་ཅིག་ན་རེ་དྲང་སྲོང་གྱ་གྱུ་བཅོ་བརྒྱད་པ་ཞེས་བྱ་བའི་གནས་ཡིན་
ནོ་ཞེས་ཀྱང་ཟེར་རོ་།དཀའ་ཐུག་སྤྱད་ན་ཞེས་བྱ་བ་ནི་ཚངས་པར་སྤྱོད་པ་སྤྱད་ན་སྟེ། དུ་བ་རྔུབ་པ་དང་དཀའ་ཐུབ་ལྔ་ལ་སོགས་པའི་དཀའ་ཐུབ་སྤྱད་ནའོ། །རང་གི་ལུས་ཉིད་ཀྱིས་མཐོ་རིས་སུ་འདོད་བ་ཞེས་བྱ་བ་ནི་དེ་དག་དཀའ་ཐུབ་སྤྱོད་པ་ཉིད་ན་བདེ་བ་དང་ཡིད་བདེ་བ་དང་ལྡན་བཞིན་དུ་དུས་བྱས་ནས་བར་མ་དོའི་སྲིད་པས་མཐོ་རིས་སུ་འདོད་པར་ཤེས་པར་བྱའོ། །གཞན་དུ་ན་བར་མ་དོའི་སྲིད་པ་བཀག་པར་འགྱུར་རོ། །མཁས་པར་བགྲང་བ་ཞེས་བྱ་བ་ནི་མང་དུ་ཐོས་པར་གྲགས་པའོ། །སྙན་པར་སྨྲ་བའི་ཞེས་བྱ་བ་ནི་སྙན་པར་སྨྲ་བའོ། །སྨྲ་བའི་ཁྱུ་མཆོག་ཅེས་བྱ་བ་ནི་སྨྲ་བའི་གཙོ་བོ་སྟེ་སྨྲ་བའི་དཔའ་བོ་ཞེས་བྱ་བའི་ཐ་ཚིག་གོ །བསྔགས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་བདེན་པ་བརྗོད་པའོ། །ས་དང་ས་གཞི་ཞེས་བྱ་བ་ནི་ས་ཉིད་དོ། །མཛེས་པ་དག་ཅེས་བྱ་བ་ནི་བཟང་པོ་དག་གི་རྣམ་གྲངས་སོ། །བསྙེན་བཀུར་བགྱི་ཞེས་བྱ་བ་ནི་བསྟེན་པར་བྱ་བའམ་བལྟ་བར་བྱ་བའོ། །ཚར་གཅད་པར་བགྱི་ཞེས་བྱ་བ་ནི་ཕམ་པར་བྱ་བའོ། །སློབ་མ་ལ་རྗེས་སུ་ཆགས་པ་དང་བཅས་པ་ཞེས་བྱ་བ་ནི་སློབ་མ་ལ་དགའ་བའོ། །འཁོར་ཉུང་བ་ཞེས་བྱ་བ་ནི་གཡོག་འཁོར་ཉུང་བའམ་ཁྱིམ་གྱི་ཡི་བྱད་ཉུང་བའོ། །གཡང་གཞི་དག་ཅེས་བྱ་བ་ནི་རི་དགས་ལ་སོགས་པའི་པགས་པ་དག་གོ །ཤིང་ཤུན་དག་ཅེས་བྱ་བ་ནི་ཤིང་ལྗོན་པའི་གུན་པ་དག་གོ །དབྱུག་གུ་དག་ཅེས་བྱ་བ་ནི་ཁར་བ་དག་གོ །བླུགས་གཟར་ཞེས་བྱ་བ་ནི་སྦྱིན་སྲེག་རྒྱུ་ལྡུགས་པར་བྱེད་པའི་གཟར་བུ་ཡུ་བ་རིང་བོའོ། །དགང་གཟར་ཞེས་བྱ་བ་ནི་སྦྱིན་སྲེག་རྒྱུས་དགའ་བར་བྱ་བུའི་གཟར་བུ་ཆེན་པོའོ། །རིལ་བ་དག་ཅེས་བྱ་བ་ནི་བཀྲུ་བཤལ་བྱ་བའི་སྣོད་དོ། །རྒོལ་བའི་ཤིང་རྟ་ཞེས་བྱ་བ་ནི། རྒོལ་བ་ཚར་བཅད་པ་དག་གིས་དྲང་བར་བྱ་བའི་ཤིང་རྟའོ། །ཁ་ཅིག་ནི་མགོར་ཐལ་བའི་བུམ་པ་དག་གིས་བསྣུན་ཞེས་བྱ་བ་ནི་རྒོལ་བས་ཕམ་ན་ཚར་གཅད་པའི་ཕྱིར་མགོར་ཐལ་བས་བཀང་བའི་བུམ་པ་གཅོག་པར་བྱེད་པའོ། །ཁ་ཅིག་ནི་འཕང་གི་པོང་པར་ཁྭ་བཞིན་དུ་ཐག་རིང་པོ་ནས་ཡོང་སུ་སྤོང་བར་བྱེད་ཅེས་བྱ་བ་ནི། གང་དག་མཁས་པར་གྲངས་པ་དེ་དག་གིས་ནི་ཤེས་པ་ལྷག་པར་གྱུར་པ་ཡིན་ནོ་སྙམ་དུ་སེམས་པས་འཕོང་གི་ཕོང་བར་ཁྭ་འབྱོལ་བ་
བཞིན་དུ་ཐག་ཏིང་པོར་འབྱོལ་བར་བྱེད་པའོ། །ཁ་ཅིག་ནི་གདུགས་དང་རྒྱལ་མཚན་དང་བ་དོན་དག་གིས་བསུ་པར་བྱེད་ཅེས་བྱ་བ་ནི་འདི་ནི་ཤེས་པས་ཕྱུག་པ་ཡིན་ནོ་སྙམ་དུ་རིག་ནས་གདུགས་ལ་སོགས་པས་མདུན་དུ་བསུ་བར་བྱེད་པའོ། །ཁ་ཅིག་ནི་སློབ་པ་ཉིད་དུ་ཁས་ལེན་པར་བྱེད་ཅེས་བྱ་བ་ནི་འདི་ནི་རིག་བྱེད་དང་རིག་བྱེད་ཀྱི་ཕ་རོལ་དུ་སོན་པ་གཙོ་བོ་ཡིན་པས་བདག་ཅག་གི་མཁན་པོར་རུང་བའོ་སྙམ་དུ་ཤེས་ནས་སློབ་པ་ཉིད་ཁས་ལེན་པར་བྱེད་པའོ། །མཐར་གྱིས་ཞེས་བྱ་བ་ནི་རྐང་པ་བསྐུ་བ་ལ་སོགས་པས་ཐོད་རྒྱལ་མ་ཡིན་པར་རོ། །གྲོང་ཞེས་བྱ་བ་ནི་སྐྱེ་བོའི་ཚོགས་གནས་པ་ཟོང་བཀྲམ་པ་དང་བདེར་བ་མེད་པའོ། །གྲོང་ཁྱེར་ཞེས་བྱ་བ་ནི་བམ་པོ་འབྱེད་པར་བྱེད་པའི་གནས་ཆེན་པོ་ཟོང་བཀྲམ་པ་དང་བཅེར་བ་དང་ལྡན་པའོ། །གྲོང་རྡལ་ཞེས་བྱ་བ་ནི་གྲོང་ཁྱེར་དང་འདྲ་བ་ཆུང་ངུ་ཟོང་བཀྲམ་པ་དང་བཅེར་བ་དང་ལྡན་པའོ། །དབྱེ་ཚོང་ཞེས་བྱ་བ་ནི་འབྲོག་བ་འབྲོག་ན་གནས་པའི་གནས་ཆེན་པོར་ཉོ་ཚོང་བྱེད་པའི་གནས་སོ། །ཚོང་རྡལ་ཞེས་བྱ་བ་ནི་ཆུ་ཀླུང་ཆེན་པོའི་འགྲམ་གྱི་གྲོང་ཁྱེར་དུ་ཉོ་ཚོང་བྱེད་པའི་གནས་སོ། །འདུལ་ཞིང་ཞེས་བྱ་བ་ནི་ཕམ་པར་བྱེད་ཅིང་ངོ༌། །ཡལ་ག་ཞེས་བྱ་བ་ནི་ལྷུག་མའོ། །ལོ་མ་ཞེས་བྱ་བ་ནི་ཡལ་ག་ཕྲེའུའོ། །ཉུག་པར་བྱ་ཞེས་བྱ་བ་ནི་ནོར་མར་བྱའོ། །སྙམ་ནས་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །རྒྱལ་བ་དང་ཚེ་སྤེལ་བ་བྱས་ཏེ་ཞེས་བྱ་བ་ནི་ཁྱོད་རྒྱལ་བར་གྱུར་ཅིག །ཁྱོད་ཚེ་རིང་བར་གྱུར་ཅིག་ཅེས་ཤེས་པ་བརྗོད་པས་སྤེལ་བའི་གཏམ་བྱས་ཏེའོ། །དེ་ལྟར་ཡང༌། རྒྱལ་པོ་ཚེ་དང་ཁ་དོག་དང༌། དཔུང་དང་དཔལ་གྱིས་འཕེལ་གྱུར་ཅིག །དགྲ་ཡི་ཚེར་མས་མ་སྨྲས་པར། །རྒྱ་མཚོའི་མཐས་གཏུགས་ས་སྐྱོངས་ཤིག །ཅེས་བརྗོད་པ་ཡིན་ནོ། །བཀའ་མཆིད་རྣམ་པར་གཏན་ལ་དབབ་པ་ཞེས་བྱ་བ་ནི་གཏམ་རྣམ་པར་གཏན་ལ་དབབ་པར་བྱའོ། །ཞུགས་ལྟ་བུའི་ཤེས་པས་ཞེས་བྱ་བ་ནི་མེད་པ་འདྲ་བའི་ཤེས་པ་སྟེ། ཤེས་པ་ཐམས་ཅད་ལ་མཐུས་ཐོགས་པ་མེད་པའི་ཕྱིར་རོ། །རང་གི་སྨྲ་བ་གསལ་བར་བགྱིས་པ་ཞེས་བྱ་བ་ནི་རང་གི་གཞུང་ལུགས་རབ་ཏུ་གཞག་པའོ། །གཞན་གྱི་སྨྲ་བ་ཚར་གཅོད་པར་ཞེས་བྱ་བ་ནི། གཞན་གྱི་གཞུང་ལུགས་དགག་པའོ། །བསྟན་
བཅོས་གནས་ལེན་གྱི་བུ་ཞེས་བྱ་བ་ནི་གནས་ལེན་གྱི་བུ་ཞེས་བྱ་བས་བྱས་པའི་ཕྱིར་བསྟན་བཅོས་ཀྱི་མིང་ཡང་གནས་ལེན་གྱི་བུ་ཞེས་བྱ་བ་སྟེ་ཚུལ་གྱི་བསྟན་བཅོས་སོ། །ཁ་ཅིག་ན་རེ་སྐར་མའི་བསྟན་བཅོས་ཞེས་ཀྱང་ཟེར་རོ། །ཉེ་བར་སྦྱར་ཏེ་ཞེས་བྱ་བ་ནི་བྱས་པའོ། །རྡོ་ཅི་ཐོགས་པས་ཞེས་བྱ་བ་ནི་ཅི་ནུས་པས་སོ། །རྒོལ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཞལ་ཅེའི་མི་དག་གྲོ། །ཕྱོགས་ཞེས་བྱ་བ་ནི་རང་གི་གཞུང་ལུགས་དམ་འཆའ་བའོ། །གཞན་གྱི་ཕྱོགས་ཞེས་བྱ་བ་ནི་གཞན་གྱི་གཞུང་ལུགས་དམ་འཆའ་བའོ། །ཕྱོགས་སྔ་མ་ཞེས་བྱ་བ་ནི་རང་གི་གཞུང་ལུགས་དམ་འཆའ་བ་སྔར་བྱེད་པའོ། །འགྲོན་པ་ཞེས་བྱ་བ་ནི་གློ་བུར་དུ་འོངས་པ་སྟེ། དེ་ཉིད་མཆོད་པར་བྱ་བ་ཡིན་ནོ། །དེ་ལྟར་ཡང༌། གློ་བུར་འོངས་པའི་འགྲོན་ལ་ནི། །གང་ཡང་རུང་བས་བསྙེན་བཀུར་བྱ། །ཞེས་བྱ་བ་དང༌། བ་ར་དྭ་ཛ་འགྲོན་ལ་བསྙེན་བཀུར་བྱ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྒྱུད་ཆགས་ཞེས་བྱ་བ་ནི་བརྩད་པའི་བསྟན་བཅོས་སོ། །ལྔ་བརྒྱ་ཞེས་བྱ་བ་ནི་གཞུང་ལྔ་བརྒྱའི་ཚད་དོ། །རིགས་པ་མེད་པ་ཞེས་བྱ་བ་ནི་ལུང་དང་འགལ་བའོ། །མི་མཐུན་བྱ་བ་ཞེས་བྱ་བ་ནི་སྔ་ཕྱི་འགལ་བའོ། །མི་འཐད་པ་ཞེས་བྱ་བ་ནི་རིགས་པ་དང་འགལ་བའོ། །ཅི་ཡང་མི་སྨྲ་བར་འདུག་གོ་ཞེས་བྱ་བ་ནི་ཁ་རོག་པར་འདུག་པའོ། །ཚར་བཅད་པའི་གནས་ཞེས་བྱ་བ་ནི་ཕམ་པའི་རྒྱུའོ། །ལན་ལ་སྤོབས་པ་མེད་པ་ཞེས་བྱ་བ་ནི་ལན་གྱི་སྐབས་སུ་ཅང་མི་སྨྲ་བར་འདུག་པ་སྟེ། བརྒལ་བར་ཁས་བླངས་ནས་སྤོབས་པ་མེད་པས་ཀྱང་ཅང་མི་སྨྲ་བ་ནི་ཚར་བཅད་པའི་གནས་ཡིན་ནོ་ཞེས་ཟེར་བའི་ཕྱིར་རོ། །ཐ་ཆད་ཅེས་བྱ་བ་ནི་སྨད་པའོ། །སུ་རྒྱལ་ཞེས་བྱ་བ་ནི་གང་རྒྱལ་ཞེས་བྱ་བྱའོ། །ཡིད་དགའ་བ་ཞེས་བྱ་བ་ནི་སེམས་དགའ་བའོ། །རྙེད་པ་ཞེས་བྱ་བ་ནི་རྒྱལ་སྲིད་སྐྱེ་བོ་མཁས་པས་གད་བའོ། །ལེགས་པར་རྙེད་དོ་ཞེས་བྱ་བ་ནི་ཕས་ཀྱི་རྒོལ་བ་ཚར་གཅད་ནུས་པའི་ཕྱིར་རོ། །རངས་པ་ཞེས་བྱ་བ་ནི་སྤུ་གྱེན་དུ་འགྲེང་བའོ། །དགའ་བ་ཞེས་བྱ་བ་ནི་ལུས་ཀྱི་བདེ་བ་དང་ལྡན་པའོ། །མཆོག་ཏུ་དགའ་བ་ཞེས་བྱ་བ་ནི་ཡིད་ཀྱི་བདེ་བ་དང་ལྡན་པའོ། །འབྱོར་པ་འདོད་པ་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་ལ་དགའ་བའོ། །རིགས་མཉམ་པ་ལས་ཞེས་བྱ་བ་ནི་ཐབ་རིར་འབབ་པ་ལས་སོ། །ཆུང་མ་ཞེས་བྱ་
བ་ནི་ཁྱོ་མོའོ། །དེ་དང་ཞེས་བྱ་བ་ནི་ཆུང་མ་དང་ངོ༌། །རྩེ་བར་བྱེད་ཅེས་བྱ་བ་ནི་རྒྱན་པོ་དང་ཕོ་ལང་ལ་སོགས་པས་སོ། །དགའ་བར་བྱེད་ཅེས་བྱ་བ་ནི་གླུ་དང་བྲོ་དང་འོ་དང་འཁྱུད་པ་ལ་སོགས་པས་སོ། །དགའ་མགུར་སྤྱོད་པར་བྱེད་ཅེས་བྱ་བ་ནི་སྤྲོད་པ་ལས་བྱུང་བས་བདག་ཉིད་ཀྱིས་སྤྱོད་པར་བསྙེན་བཀུར་བྱེད་དུ་འཇུག་པའོ། །རོ་སྟོད་རིང་བ་ཞེས་བྱ་བ་ནི་དེའི་ལུས་ཀྱི་རོ་སྟོད་ཀྱི་ཆ་རིང་བ་ཞེས་བྱ་བའི་ཐ་ཚིག་གོ །བཙས་ནས་ཞེས་བྱ་བ་ནི་མངལ་གྱི་གནས་ནས་བཙས་ནས་སོ། །འདུས་ཤིང་ཞེས་བྱ་བ་ནི་ཉེ་འཁོར་ན་འཁོད་པ་དག་འདུས་ཤིང་ངོ༌། །ལྷགས་ནས་ཞེས་བྱ་བ་ནི་ཐག་རིང་པོ་ན་འཁོད་པ་དག་ལྷགས་ནས་སོ། །ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཅེས་བྱ་བ་ནི་བདུན་པ་དང་པོ་དང༌། གཉིས་པ་དང༌། གསུམ་པ་ལ་བཙས་སྟོན་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་བྱེད་དུ་བཅུག་པ་ཉིད་ཀྱི་ཉི་མ་ནི་བདུན་གསུམ་ཡང་ཡིན་ལ། སྤྱིར་བསྡོམས་ན་ཉི་ཤུ་གཅིག་ཀྱང་ཡིན་པའོ། བཙས་སྟོན་ཞེས་བྱ་བ་ནི་བཙས་པའི་མཆོད་པ་སྟེ། བང་ཟན་ནོ། །རྒྱ་ཆེར་ཞེས་བྱ་བ་ནི་ཡོ་ལང་ཆེར་རོ། །མིང་ཞེས་བྱ་བ་ནི་མིང་དུ་གདགས་པའོ། །སྟོད་རིངས་ཞེས་བྱ་བ་ནི་རོ་སྟོད་རིང་པའོ། །བྲམ་ཟེའི་ཞེས་བྱ་བ་ནི་བྲམ་ཟེ་དང་འབྲེལ་བའི་འོ། །སྤྱོད་ཚུལ་ཞེས་བྱ་བ་ནི་འགྲོ་བ་དང༌། འགེད་བ་དང༌། འདུག་པ་དང༌། ཉལ་བ་དང༌། བྲལ་བའི་ཆ་ལུགས་སོ། །སྤྱོད་པ་ཞེས་བྱ་བ་ནི་འགྲོ་བ་ལ་སོགས་པའི་བྱ་བའོ། །གཙང་སྦྲ་ཞེས་བྱ་བ་ནི་གནས་སྐབས་ཀྱི་ཚུལ་གྱིས་ཡན་ལག་དག་པར་བྱེད་པའོ། །ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་གུས་པར་སྨྲ་བ་ལ་སོགས་པ་རྗེས་སུ་སྒྲུབ་པའོ། །ཐལ་བ་བླང་བ་ཞེས་བྱ་བ་ནི་ཐལ་པས་བྱ་བ་གང་ཡིན་པ་དེ་བླང་བ་རྗེས་སུ་མཐུན་པར་སྒྲུབ་པའོ། །འོག་མ་དག་ལ་ཡང་དེ་བཞིན་དུ་སྦྱར་བའོ། །བྱ་མ་བུམ་ཞེས་བྱ་བ་ནི་ཆུ་སྣོད་ཀྱི་རིལ་བའོ། །ས་བླང་བ་ཞེས་བྱ་བ་ནི་འདག་རྫས་ཀྱི་རྒྱུ་གང་ནས་ཇི་སྙེད་ཇི་ལྟར་བླང་བའོ། །ལག་སྟངས་ཞེས་བྱ་བ་ནི་ལག་པ་གཞག་པའི་ཐབས་སོ། །ཐོར་ཚུགས་ཞེས་བྱ་བ་ནི་སྐྲ་བཅིང་བའི་ཐབས་སོ། །རབ་བསྔགས་ཞེས་བྱ་བ་ནི་ཨོཾ་ཞེས་བྱ་བ་སྐྱེ་དགུ་སྲུང་བའི་ཐབས་ཏེ། དེ་ཇི་ལྟར་སྲིད་པ་དེ་ལྟར་བསླབ་པར་བྱའོ། །ཀྱེ་ཞེས་བྱ་བ་ནི་མཆོད་སྦྱིན་བྱེད་པའི་ཚེ་ན་བྲམ་ཟེ་རྣམས་བོད་པའི་ཕྱིར་ལེགས་པར་སྦྱར་བས་བོད་བ་བྱ་བའོ།།
ངེས་བརྗོད་ཀྱི་རིག་བྱེད་ཅེས་བྱ་བ་ནི་ཚིག་གི་ཚད་ངེས་པ་སྟེ། ཤེས་པ་བསྐྱེད་པའི་ཚིག་གོ །མཆོད་སྦྱིན་གྱི་རིག་བྱེད་ཅེས་བྱ་བ་ནི་ཚིག་སྦྱར་བའི་ཚད་ངེས་པར་བྱེད་པ་དག་གོ །སྙན་ཚིག་གི་རིག་བྱེད་ཅེས་བྱ་བ་ནི་བརྒྱ་བྱིན་དང༌། ཚངས་པ་ལ་སོགས་པ་ལ་བསྟོད་པའི་ཚིག་དག་གོ །སྲིད་སྲུང་གི་རིག་བྱེད་ཅེས་བྱ་བ་ནི་སྐྱེ་དགུ་སྲུང་བའི་ཐབས་སྟོན་པའོ། །མཆོད་སྦྱིན་བྱེད་པ་ཞེས་བྱ་བ་ནི་བདག་ཉིད་མཆོད་སྦྱིན་ལ་སོགས་པའི་བྱ་བ་བྱེད་པའོ། །མཆོད་སྦྱིན་བྱེད་དུ་འཇུག་པ་ཞེས་བྱ་བ་ནི་གཞན་མཆོད་སྦྱིན་ལ་སོགས་པའི་བྱ་བ་བྱེད་དུ་འཇུག་པའོ། །ཀློག་པ་ཞེས་བྱ་བ་ནི་བདག་ཉིད་ཚིག་འདོན་པའོ། །ཀློག་ཏུ་འཇུག་པ་ཞེས་བྱ་བ་ནི་གཞན་ཚིག་ལ་འདོན་དུ་འཇུག་པའོ། །སྦྱིན་པ་ཞེས་བྱ་བ་ནི་བྲམ་ཟེས་བྲམ་ཟེ་དག་ལ་སྦྱིན་པའོ། །ལེན་བ་ཞེས་བྱ་བ་ནི་བྲམ་ཟེ་ལས་བྲམ་ཟེ་དང༌། རྒྱལ་རིགས་དང༌། དམངས་རིགས་གསུམ་གྱིས་ལེན་པའོ། །མཁས་པ་ཞེས་བྱ་བ་ནི་ལས་དྲུག་པོ་དེ་དག་ལྷུར་ལེན་པའོ། །ཡང་ཞེས་བྱ་བ་ནི་ཕྱིས་ཡང་ངོ༌། །ཤ་རི་ཀ་ཞེས་བྱ་བ་ནི་རི་སྐེགས་སོ། །ཡིག་འབྲུའི་ཡི་གེ་ཞེས་བྱ་བ་ནི་ལག་ཡིག་ལ་སོགས་པའི་ཡི་གེ་གཞན་དག་ཀྱང་ཡོད་པས་དེ་དག་བརྩལ་བའི་ཕྱིར། ཡིག་འབྲུ་ཞེས་བྱ་བ་སྨོས་ཏེ། ཡིག་འབྲུ་ཁོ་ནའི་ཡི་གེའོ་ཞེས་བྱ་བའི་ཐ་ཚིག་གོ །ཉེ་བར་སྦྱར་ནས་ཞེས་བྱ་བ་ནི་སློབ་ཏུ་བཅུག་ནས་སོ། །དམ་ཞེས་བྱ་བ་ནི་མི་བཟོད་པའོ། །ང་འདས་ནས་ཞེས་བྱ་བ་ནི་མེད་ནས་ཏེ་ཤི་ནས་ཞེས་བྱ་བའི་ཐ་ཚིག་གོ །འཇིག་རྟེན་རྒྱང་པན་ཞེས་བྱ་བ་ནི་མེད་པའི་བསྟན་བཅོས་ཞེས་བྱ་བའི་ཐ་ཚིག་གོ །བཟུང་བ་ཞེས་བྱ་བ་ནི་ཀླག་པའོ། །གཞུང་གསར་ཞེས་བྱ་བ་ནི་གཞུང་གསར་དུ་ཀླག་པའོ། །བྱེད་པ་གསལ་བ་ཞེས་བྱ་བ་ལ་འདིར་བྱེད་པ་ཞེས་བྱ་བ་ནི་ལྕེ་དང༌། རྐན་དང༌། མགུལ་དང༌། མཆུ་ལ་སོགས་པ་དག་སྟེ། དེ་དག་གསལ་བ་ན་དེའི་ཚིག་འཁྲུལ་བ་མེད་པའི་ཕྱིར་རོ། །ཚིག་འགྲེལ་པ་ཞེས་བྱ་བ་ནི་སྒྲ་དཀའ་བས་རྒྱུད་ཆགས་འདོད་པ་སྟེ། དཔེར་ན་འདམ་རྫབ་རྐང་པ་འགྲེད་པར་རྐང་པ་མི་ཚུགས་པ་དང་འདྲ་བར་སྒྲ་དཀའ་བ་བྲོད་ན་མྱུར་དུ་བརྡའ་མི་ཕྲད་ཅིང་ལེན་མི་ཐེབས་པའོ། །མཆིས་ཤིང་ལྷགས་ཞེས་བྱ་བ་ལ་མཆིས་ཤིང་ཞེས་བྱ་བ་ནི་བ་སྔར་འདུས་པའོ། །ལྷགས་པ་ཞེས་བྱ་བ་ནི་ཕྱིས་འོངས་པའོ། །ལོངས་སྤྱོད་ཀྱི་བ་དན་ཞེས་བྱ་བ་ནི་རྒྱལ་བའི་ལོངས་སྤྱོད་ཀྱི་རྟགས་
སུའོ། །བཟང་མོ་ཞེས་བྱ་བ་ནི་སྙན་པའི་ཚིག་གིས་བོད་པའོ། །ཁྱིམ་གྱི་སོ་ནམ་ཞེས་བྱ་བ་ནི་ཁྱིམ་གྱི་སོ་ཚིས་སོ། །ཕན་པ་མང་དུ་བཏགས་ཞེས་བྱ་བ་ནི་ཕས་ཀྱི་རྒོལ་བ་ཚར་གཅོད་པ་ལ་སོགས་པའོ། །ཟིལ་གནོན་ཞེས་བྱ་བ་ནི་བརྙས་པའོ། །དགྲ་བོ་ཞེས་བྱ་བ་ནི་དགྲའོ། །སྲོག་དང་བྲལ་བ་ཞེས་བྱ་བ་ནི་གསོད་པའོ། །དཔལ་གྱིས་འབྱོར་པ་ཆེན་པོས་ཞེས་བྱ་བ་ནི་ལོངས་སྤྱོད་ཆེན་པོ་ཕུན་སུམ་ཚོགས་པས་སོ། །ཀུན་དུ་རྒྱུ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་རྣམ་པ་སྟེ། རབ་ཏུ་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ །སེན་རིངས་ཞེས་བྱ་བ་ནི་ལུས་ཀྱི་རོ་སྟོད་རིང་ཞིང་སེན་མོ་ཡང་མི་འབྲེག་པར་འཇོག་བའི་ཕྱིར་རོ། །སྲིད་པ་ཐ་མ་ཞེས་བྱ་བ་ནི་སྐྱེ་བ་ཐ་མ་པའོ། །སྤྱོད་པ་ཚོལ་བ་ཞེས་བྱ་བ་ནི་ལམ་གྱི་སྤྱོད་པ་ཚོལ་བར་བྱེད་པའོ། །ཐར་པའི་སྙིང་པོ་གཟུང་བ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པར་འཕངས་པའོ། །མྱ་ངན་ལས་འདས་པ་ལ་ཕྱོགས་པ་ཞེས་བྱ་བ་ནི་ཐར་པ་མངོན་པར་འདོད་པའོ། །འཁོར་བ་ལས་ཕྱིར་ཕྱོགས་པ་ཞེས་བྱ་བ་ནི་ཁ་ཕྱིར་ཕྱོགས་པར་གྱུར་པའོ། །སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་སྐྱེ་བ་དོན་དུ་མི་གཉེར་བ་ཞེས་བྱ་བ་ནི་སྲིད་པའི་ངོ་བོ་ཉིད་འགྲོ་བ་ལྔ་བོ་ཐམས་ཅད་དུ་འཆི་འཕོ་དང་སྐྱེ་བ་ལ་མི་ལྟོས་པ་ཞེས་བྱ་བའི་ཐ་ཚིག་གོ །སྐྱེས་བུ་དམ་པའི་འགྲོ་བ་བདུན་བརྩལ་བའི་ཕྱིར་སྲིད་པའི་ཉེས་པ་སྨོས་སོ། སོ། །བདེ་འགྲོ་བསྡུ་བའི་ཕྱིར་ཐམས་ཅད་ཅེས་སྨོས་སོ། །ལུས་ཐ་མ་འཛིན་པ་ཞེས་བྱ་བ་ནི་སྲིད་པ་བར་མའི་ལུས་ཐ་མ་འབའ་ཞིག་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ །ཞིག་ཀྱང་ཞེས་བྱ་བ་ནི་མིང་མ་གྲགས་པའི་སེམས་ཅན་ཞིག་ཀྱང་ངོ༌། །ལྷའི་རིས་ཞེས་བྱ་བ་ནི་ལྷའི་གནས་སོ། །བཟང་པོ་ཞིག་ནས་ཞེས་བྱ་བ་ནི་ཡུལ་གསལ་བ་ཞིག་གནས་སོ། །ཞུགས་སོ་ཞེས་བྱ་བ་ནི་བབས་པས་སོ། །རྨིས་ལྟས་ཞེས་བྱ་བ་ནི་རྨི་ལམ་བཟང་ངན་སྟོན་པའི་བསྟན་བཅོས་སོ། །ལོ་བརྒྱད་གཉིས་ཞེས་བྱ་བ་ནི་ལོ་བཅུ་དྲུག་གོ །སྦྱོར་བ་གང་ཡིན་ཞེས་བྱ་བ་ནི་འབྲེལ་པ་གང་ཡིན་ཞེས་བྱ་བའོ། །ཟླ་བ་བརྒྱད་དམ་དགུ་ཞེས་བྱ་བ་ལ་གང་དག་ཟླ་བ་ངོ་ཚང་བ་ལ་འབའ་ཞིག་ཟླ་བ་ཉིད་དུ་བགྲང་ཞིང་ཟླ་བ་ཕྱེད་ལ་སོགས་པ་ཡོངས་སུ་སྤོ་བར་བྱེད་པ་དེ་དག་གི་ལུགས་ལྟར་ནི་ཟླ་བ་བརྒྱད་ཅེས་སྨོས་སོ། །གང་དག་ཟླ་བ་ཕྱེད་པ་ལ་སོགས་པའི་བསམ་པས་ཀྱང་ཟླ་བ་ཉིད་
དུ་བསྣན་ཏེ་བགྲང་བར་བྱེད་པ་དེ་དག་གི་ལུགས་ལྟར་ནི་ཟླ་བ་དགུ་སྨོས་སོ། །འདས་ནས་ཞེས་བྱ་བ་ནི་ཡོལ་ནས་སོ། །བཙས་པ་ལས་ཞེས་བྱ་བ་ནི་མངལ་ན་གནས་པ་བཙས་པ་ལས་སོ། །གཟུགས་བཟང་བ་ཞེས་བྱ་བ་ནི་ཁ་དོག་གིས་སོ། །བལྟ་ན་སྡུག་པ་ཞེས་བྱ་བ་ནི་དབྱིབས་ཀྱིས་སོ། །མཛེས་བ་ཞེས་བྱ་བ་ནི་དགའ་ཞིང་སྡུག་པའི་རྒྱུར་གྱུར་བའོ། །གསལ་བ་གསེར་གྱི་མདོག་འདྲ་བ་ཞེས་བྱ་བ་ནི་གསེར་གྱི་མདོག་འདྲ་བ་ཉིད་ཀྱིས་གསལ་བ་སྟེ། སྔོ་བསངས་ལ་སོགས་པ་བསལ་བ་ཡིན་ནོ། །མགོ་གདུགས་ལྟ་བུ་དང་ལྡན་པ་ཞེས་བྱ་བ་ནི་མགོ་གདུགས་ལྟར་ཟླུམ་པ་དང་ལྡན་པའོ། །ལག་པ་རིང་བ་ཞེས་བྱ་བ་ནི་ལག་པས་པུས་མོར་སླེབས་པའོ། འཕྲལ་བའི་དབྱེས་ཆེ་བ་ཞེས་བྱ་བ་ནི་འཕྲལ་བ་ཡངས་པའོ། །སྨིན་མ་འཇར་བ་ཞེས་བྱ་བ་ནི་སྨིན་མའི་སྤུ་རྣམས་ནང་འཇར་ཞིང་འདབ་ཆགས་སུ་འབྱོང་པའོ། །སྣའི་གཟེངས་མཐོ་བ་ཞེས་བྱ་བ་ནི་སྣའི་གཟེངས་ཀྱི་འཕང་མཐོ་བའོ། །བྱུང་ངོ་ཞེས་བྱ་བ་ནི་མངལ་ནས་བྱུང་བའོ། །མེས་པོ་ཞེས་བྱ་བ་ནི་མའི་ཕའོ། །ཕ་ལས་དྲངས་ཏེ་ཞེས་བྱ་བ་ནི་ཕ་ལས་གླེངས་ཏེའོ། །རིག་པའི་གནས་ཐམས་ཅད་ཅེས་བྱ་བ་ནི་རྟོག་གེ་དང༌། ལུང་དང༌། གསོ་བ་དང༌། སྒྲ་དང༌། ལས་དང༌། བཟོའི་རིག་པ་དག་གོ །ཡབ་ཅེས་བྱ་བ་ནི་ཕ་ལ་བོད་པའོ། །གསང་ཚིག་གི་གཞི་ཞེས་བྱ་བ་ནི་རིག་བྱེད་ཀྱི་ཚིག་གོ །སྔོན་གྱི་དྲང་སྲོང་ཞེས་བྱ་བ་ནི་བརྒྱད་པ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་སོ། །བསྟོད་པ་ཞེས་བྱ་བ་ནི་རབ་ཏུ་བསྔགས་པའོ། །བསྒྲགས་པ་ཞེས་བྱ་བ་ནི་གཞན་དག་ལ་སྨྲས་པའོ། །ཡང་དག་པར་སྦྱོར་བ་ཞེས་བྱ་བ་ནི་ཕན་ཚུན་སྦྱར་བའོ། །རྗེས་སུ་སྒྲོགས་ཞེས་བྱ་བ་ནི་སྙན་ཚིག་གི་རིག་བྱེད་སྒྲོགས་པས་སྟོད་པར་བྱེད་པའོ། །རྗེས་སུ་བརྗོད་པ་ཞེས་བྱ་བ་ནི་མཆོད་སྦྱིན་གྱི་རིག་བྱེད་དང༌། ངེས་བརྗོད་ཀྱི་རིག་བྱེད་དང༌། སྲིད་སྲུང་གི་རིག་བྱེད་བརྗོད་པས་རྗོད་པར་བྱེད་པའོ། །ཡང་ན་རྗེས་སུ་སྒྲོགས་ཞེས་བྱ་བ་ནི་ཡི་སྒོ་ནས་སོ། །རྗེས་སུ་བརྗོད་ཅེས་བྱ་བ་ནི་དོན་གྱི་སྒོ་ནས་སོ། །གཞུང་བསྲང་བར་བྱ་བ་ཞེས་བྱ་བ་ནི་ཚིག་གཙོ་བོ་གསལ་བར་བྱ་བའོ། །ཁྱད་པར་ལྷག་པར་རྙོག་པར་བྱ་བ་ཞེས་བྱ་བ་ནི་བྱེ་བྲག་ཏུ་ཆེས་གསལ་བར་བྱའོ། །ཀློག་ཏུ་འཇུག་པ་ཞེས་བྱ་བ་ནི་འདོན་དུ་འཇུག་པ་པའོ། །རིག་བྱེད་རིང་པོ་རིང་པོ་གང་དག་ཡིན་པ་དེ་དག་ནི་ཚིག་དང་ཡི་གེ་
ཕྱི་ཞིང་ཐུང་དུར་རྣམ་པར་གཞག་གོ་ཞེས་བྱ་བར་སྦྱར་རོ། །རིག་བྱེད་ཐུང་དུ་ཐུང་དུ་གང་དག་ཡིན་པ་དེ་དག་ནི་དོན་དང་ངེས་པའི་ཚིག་ཏུ་རིང་པོར་རྣམ་པར་གཞག་གོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རིག་བྱེད་རིང་པོ་གང་དག་ཡིན་པ་དེ་དག་ལས་ནི་ཚིག་ཟློས་བུ་ཕྲི་བ་ན། དེ་དག་ལས་ཚིག་ཟློས་བུ་ཕྲི་བ་ནི་ཚིག་ཕྲི་ཞིང་ཐུང་དུར་རྣམ་པར་གཞག་པ་ཡིན་ནོ། །གཅིག་གི་ཚིག་དང་གཉིས་ཀྱི་ཚིག་དང་མང་པོའི་ཚིག་རྣམས་ལས་གཅིག་གི་ཚིག་འབའ་ཞིག་བཞག་སྟེ་གཉིས་ཀྱི་ཚིག་དང་མང་པོའི་ཚིག་དོན་འདྲ་བ་གཉིས་ཕྱིར་བ་ནི་ཡི་གེ་ཕྲི་ཞིང་ཐུང་དུར་རྣམ་པར་བཞག་པ་ཡིན་ནོ། །ཐུང་དུ་གང་དག་ཡིན་པ་དེད་ག་རིང་པོར་རྣམ་པར་གཞག་པ་ཚིག་དང་ཡི་གེའི་སྒོ་ནས་མ་ཡིན་གྱི་འདི་ལྟར་དོན་དང་ངེས་པའི་ཚིག་གི་སྒོ་ནས་ཏེ་ཚིག་ཐུང་དུ་གཅིག་ལ་ཡད་དོན་མང་པོར་དྲངས་ཏེ་བསྐྱེད་པ་ནི་དོན་དང་ངེས་པའི་ཚིག་གི་སྒོ་ནས་རྣམ་པར་གཞག་པ་ཡིན་ནོ།། །།བ་མ་པོ་གཉིས་པ། གྲོང་ཤིང་ཐགས་ཅན་ཞེས་བྱ་བ་ནི། ཤིང་ཐགས་ཀྱིས་མཚན་པའི་ཕྱིར་རོ། །མདུན་ན་འདོན་པ་ཞེས་བྱ་བ་ནི་བསོད་ནམས་བྱ་བ་ལ། རྒྱལ་པོའི་བླ་མའོ། །ཕྱུག་པ་ཞེས་བྱ་བ་ནི་སཱ་ལུ་ལ་སོགས་པ་ནང་གི་ཡོ་བྱད་འབྱོར་པའོ། །ནོར་མང་བ་ཞེས་བྱ་བ་ནི་དབྱིག་དང་གསེར་ལ་སོགས་པའི་ནོར་འབྱོར་པའོ། །ལོངས་སྦྱོད་ཆེ་བ་ཞེས་བྱ་བ་ནི་བ་ལང་དང༌། མ་ཧེ་དང༌། ར་དང༌། གྲོང་ལ་སོགས་པ་དག་གིས་སོ། །ཡོངས་སུ་གཟུང་བ་ཞེས་བྱ་བའི་སྒྲ་ནི་ཡངས་པ་དང་རྒྱ་ཆེ་བ་གཉི་ག་དང་སོ་སོར་སྦྱར་རོ། །དེ་ནས་ཡོངས་སུ་བཟུང་བ་ཡངས་ཞེས་བྱ་བ་ནི་བྲན་དང་བྲན་མོ་དང༌། ལས་བྱེད་པ་ལ་སོགས་པ་ཡོ་བྱད་མི་དག་གིས་སོ། །ཡོངས་སུ་གཟུང་བ་རྒྱ་ཆེ་བ་ཞེས་བྱ་བ་ནི་ཁང་ཁྱིམ་གྱི་གཏོས་རྒྱ་ཆེ་བའོ། །རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ་ཞེས་བྱ་བ་ནི་གྲངས་དང་རིན་ཆེ་བའི་ནོར་དང་ལྡན་པའི་ཕྱིར་རོ། །རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞེས་བྱ་བ་ནི་ནོར་མཉམ་པ་གཞན་མི་སྣང་བས་རྣམ་ཐོས་ཀྱི་བུ་ལ་ནོར་ཀྱིས་འགྲན་པའི་ཕྱིར་རོ། །ཁ་ཅིག་ན་རེ་རྣམ་ཐོས་ཀྱི་བུ་ཡང་སྦྱིན་པ་སྦྱིན་པས་ཟད་བར་མི་འགྱུར་ལ་བདག་ཀྱང་སྦྱིན་པ་སྦྱིན་པས་ཟད་པར་མི་འགྱུར་རོ་ཞེས་འགྲན་པའི་ཕྱིར་རོ་ཞེས་ཀྱང་ཟེར་རོ། །བུ་མངོན་པར་འདོད་པས་ཞེས་བྱ་བ་ནི་བུ་ཡོད་པར་འདོད་པས་སོ། །ཞི་བ་ཞེས་བྱ་བ་ནི་ལྷ་ཆེན་པོའོ། །ཆུ་ལྟ་ཞེས་བྱ་བ་ནི་ཆུའི་
ལྷའོ། །ལུས་ངན་ཞེས་བྱ་བ་ནི་རྣམ་ཐོས་ཀྱི་བུའོ། །སྩོགས་པ་ཞེས་སྨོས་པས་ནི་ཡུལ་འཁོར་སྲུང་ལ་སོགས་པ་དག་པ་སྡུའོ། །གསོལ་བ་འདེབས་ཞེས་བྱ་བ་ནི་འཚོལ་བའོ། །ལྷའི་བྱེ་བྲག་ཅེས་བྱ་བ་ནི་ལྷའི་རྣམ་པའོ། །ཀུན་དགའ་ར་བ་ཞེས་བྱ་བ་ནི་འབྲས་བུ་དང་ལྡན་པའི་ཤིང་ལྗོན་པའི་གནས་སོ། །ཚལ་ཞེས་བྱ་བ་ནི་འབྲས་བུ་མེད་པའི་ཤིང་ལྗོན་པའི་གནས་སོ། །བཞི་མདོ་ཞེས་བྱ་བ་ནི་ལམ་གྱི་བཞི་མདོའི་གནས་སོ། སུམ་མདོ་ཞེས་བྱ་བ་ནི་ལམ་གྱི་སུམ་མདོའི་གནས་སོ། །གཏོར་མ་ལེན་བ་ཞེས་བྱ་བ་ནི་ཁྱིམ་གྱི་ལྷ་དག་གོ །ལྷན་ཅིག་སྐྱེས་ལ་དག་ཅེས་བྱ་བ་ནི་དུས་གཅིག་ཏུ་བྱུང་བ་སྲུང་བར་བྱེད་པ་གནོད་སྦྱིན་ལ་སོགས་པ་དག་གོ །ཆོས་མཐུན་པ་དག་ཅེས་བྱ་བ་ནི་བསྟན་བཅོས་མཐུན་པ་དག་སྟེ། དགེ་བ་བྱ་བ་ལ་མཐུན་པར་མངོན་པར་དགའ་པ་དག་གོ །རྟག་ཏུ་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་རྟག་ཏུ་ཕྱི་བཞིན་འོད་བའོ། །གཏམ་ཞེས་བྱ་བ་ནི་གྲགས་པའོ། །འཁོར་ལོས་སྒྱུར་བ་ཞེས་བྱ་བ་ནི་གསེར་གྱི་འཁོར་ལོས་ནམ་མཁའ་ལ་འགྲོ་བས་རྒྱལ་སྲིད་བྱེད་དུ་འཇུག་པ་གང་ལ་ཡོད་པའོ། །གནས་གསུམ་པོ་དག་ཅེས་བྱ་བ་ནི་རྒྱུ་གསུམ་པོ་དག་གོ །མངོན་དུ་གྱུར་པ་ལས་ཞེས་བྱ་བ་ནི་ཉེ་བར་གྱུར་པ་ལས་སོ། །ཕ་དང་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་ཞེས་བྱ་བ་ནི་གནས་གཅིག་སྟེ། ཆགས་པར་གྱུར་ཅིང་འདུས་པ་ཞེས་བྱ་བ་ནི་འདོད་ཆགས་མངོན་སུམ་དུ་གྱུར་པའོ། །འདུས་པ་ཞེས་བྱ་བ་ནི་བྱ་བ་ཅིག་རྩོམ་ཞིང་སྦྱོར་བ་སྟེ། སྤྲོད་པ་ལས་བྱུང་བ་བརྩམས་པའོ། །མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་ཞེས་བྱ་བ་ནི་གནས་གཉིས་པ་སྟེ། དུས་ལ་བབ་ཅིང་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་ཡིད་བདེ་ཞིང་མངལ་ན་གནས་པ་འཛིན་ནུས་པའོ། །ཟླ་མཚན་དང་ལྡན་པ་ཞེས་བྱ་བ་ནི་ཁྲག་གི་ཐིགས་པ་གཉིས་སམ་གསུམ་ཙམ་གྱི་གནས་སྐབས་དང་ལྡན་པ་སྟེ། མེ་ཏོག་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །དྲི་ཟ་ཉེ་བར་གནས་ཤིང་འཇུག་འདོད་པ་ཞེས་བྱ་བ་ནི་གནས་གསུམ་པ་སྟེ། དྲི་ཟ་ཞེས་བྱ་བ་ནི་སྲིད་པ་བར་མའི་སེམས་ཅན་སྟེ། ཟས་སུ་དྲི་བཟའ་བའོ། །ཉེ་བར་གནས་ཤིང་ཞེས་བྱ་བ་ནི་འཇུག་པའི་ཕྱིར་ཉེ་བར་འོངས་ཤིང་ངོ༌། །འཇུག་འདོད་པའོ་ཞེས་བྱ་བ་ནི་མངལ་དུ་འཇུག་འདོད་པའོ། །དེའི་ཞེས་བྱ་བ་ནི་བྲམ་ཟ་དེའི་འོ། །སྐྱེད་གུའི་བདག་མོ་ཞེས་བྱ་བ་ནི་སྐྱེ་དགུ་ཞེས་བྱ་བ་བུའི་ཚོགས་ཏེ་དེའི་བདག་མོ་ཡིན་པའི་ཕྱིར་རོ། །བུད་མེད་ཀྱི་ཡུལ་ཞེས་བྱ་བ་ནི་མོ་བཙུན་ཏེ། བུད་མེད་
ཅེས་བྱ་བ་ནི་བུ་སྐྱེད་པའི་ཕྱིར་རོ། །ཡུལ་ཞེས་བྱ་བ་ནི་ལོངས་སྤྱད་པར་བྱ་བའི་ཕྱིར་རོ། །དེ་ལྟར་ན་བུད་མེད་ཀྱང་ཡིན་ལ་ཡུལ་ཡང་ཡིན་པས་བུད་མེད་ཀྱི་ཡུལ་ཞེས་བྱ་བར་རྣམ་པར་སྦྱར་རོ། །མཁས་པའི་རང་བཞིན་ཅན་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པའོ། །ལ་ལ་ལ་ཞེས་བྱ་བ་ནི་འགའ་ཞིག་ལའི་ཐམས་ཅད་ལམ་ཡིན་ཏེ། དགེ་བ་དག་གི་ནང་ནས་ཕྱོགས་ལ་ལ་ལ་གནས་པ་འབའ་ཞིག་ལ་ཞེས་བྱ་བའི་ཐ་ཚིག་གོ །མ་འདྲེས་པ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའོ། །ཆོས་ཞེས་བྱ་བ་ནི་དངོས་པོའོ། །སྐྱེས་པ་ཆགས་པར་གྱུར་བ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་ཞེས་བྱ་བ་ནི་ཆགས་པར་གྱུར་པ་དང༌། ཆགས་པ་དང་བྲལ་བའི་གནས་སྐབས་ཤེས་པའི་ཕྱིར་ཆོས་གཅིག་གོ །དུས་ཤེས་ཤིང་ཟླ་མཚན་ཤེས་པ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ངོ་བོ་ཉིད་ཤེས་པའི་ཕྱིར་ཆོས་གཉིས་པ་སྟེ། དུས་ཤེས་བྱ་བ་ནི་མངལ་ན་གནས་པའི་ཡོངས་སུ་འཛིན་པའི་དུས་ལ་བབ་པའི་དུས་སོ། །ཟླ་མཚན་ཞེས་བྱ་བ་ནི་ཁྲག་གི་དྲི་མ་ཟགས་པའི་ལྷག་མ་ཁྲག་གི་ཐིགས་པ་གཉིས་གསུམ་ཙམ་སྟེ། མེ་ཏོག་ཅེས་བྱ་བའི་ཐ་ཚིག་གོ །མངལ་ན་གནས་པ་ཞུགས་པ་ཤེས་པ་ཞེས་བྱ་བ་ནི་མངལ་ན་གནས་པ་ཞེས་བྱ་བ་བུ་མངལ་དུ་ཞུགས་ཤིང་ཆགས་པར་ཤེས་པའི་ཕྱིར་ཆོས་གསུམ་པ་ཡིན་ནོ། །གང་ལས་མངལ་ན་གནས་པ་ཞུགས་པ་དེ་ཤེས་པ་ཞེས་བྱ་བ་ནི་མངལ་ན་གནས་ཕ་འཇོག་པར་བྱེད་པའི་སྐྱེས་པ་གང་ལས་མངལ་ན་གནས་པ་རང་གི་རུམ་དུ་ཞུགས་པའི་སྐྱེས་པའི་བྱེ་བྲག་ཤེས་པའི་ཕྱིར་ཆོས་བཞི་པའོ། །ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་ཞེས་བྱ་བ་ནི་མངལ་ན་གནས་པའི་བྱེ་བྲག་ཤེས་པའི་ཕྱིར་ཆོས་ལྔ་པའོ། །ཁྱེའུ་དང་བུ་མོ་ཤེས་པའི་བུད་མེད་ཀྱི་ཤེས་པའི་རྒྱུ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྱེའུ་ཡིན་ན་དཀུ་གཡས་པར་བརྟན་ཅིང་འདུག་ཅེས་བྱ་བ་ནི་འདོད་ཆགས་སྟོན་པ་ཡིན་པས་མའི་དཀུ་གཡས་རོལ་ན་མའི་ལྟོ་ལོགས་སུ་རྒྱབ་བསྟན་ཞིང་རྒལ་ཚིག་ལོགས་སུ་མདུན་བསྟན་ཞིང་འདུག་བའོ། །བུ་མོ་ཡིན་ན་དཀུ་གཡོན་པར་བརྟེན་ཅིང་འདུག་ཅེས་བྱ་བ་ནི་འདོད་ཆགས་བསྟན་པར་བྱ་བ་ཡིན་པས་མའི་དཀུ་གཡོན་རོལ་ན་མའི་ལྟ་ལོགས་སུ་མདུན་བསྟན་རྒལ་ཚིགས་ལོགས་སུ་རྒྱབ་བསྟན་ཅིང་འདུག་པའོ། །ཡིད་དགའ་ཞིང་ཡིད་དགའ་ནས་ཞེས་བྱ་བ་ནི་ཡིད་མགུ་བ་སྟེ། རྣམ་
པའི་ཕྱིར་ཚིག་གཉིས་སུ་སྨོས་སོ། །ཁྱིམ་ཐབ་ཅེས་བྱ་བ་ནི་ཁྱོའོ། །སེམས་ཅན་ཞུགས་པ་ཞེས་བྱ་བ་ནི་མངལ་ན་གནས་པ་ཆགས་པའོ། །ངེས་པར་ཞེས་བྱ་བ་ནི་གདོན་མི་ཟ་བར་གོར་མ་ཆག་པར་རོ། །དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱ་བ་ནི་ཤིས་པ་བརྗོད་པའི་ཚིག་སྟེ། དགྱེས་པ་ཞེས་བྱ་བ་ནི་དགའ་བ་ཡིན་བ་དེ་འཕེལ་བར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །དེ་ཡང་ཞེས་བྱ་བ་ནི་ཁྱིམ་ཐབ་དེ་ཡང་ངོ༌། །རོ་སྟོད་སྲོང་སྟེ་ཞེས་བྱ་བ་ནི་སྤྱི་བོ་ལ་སོགས་པ་སྟོད་དེའོ། །ལག་པ་གཡས་པ་བརྐྱང་ནས་ཞེས་བྱ་བ་ནི་བཏེག་ནས་སོང༌། །འདི་སྐད་ཅེས་བྱ་བ་ནི་ལེགས་སུ་སྨོན་པའོ། །ཁོ་བོ་དང་མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་ཞེས་བྱ་བ་ནི་ཁོ་བོའི་རྗེས་སུ་སྐྱེ་ལ་ཚིག་ཉན་པར་འགྱུར་ཞིང་ཚིག་ཉན་པར་མི་འགྱུར་བ་མ་ཡིན་ནོ། །བྱ་བ་དག་བྱེད་པ་ཞེས་བྱ་བ་ནི་ཁྱིམ་གྱི་བྱ་བ་དག་གོ །གསོས་པས་ཞེས་བྱ་བ་ནི་གསོས་པས་སོ། །ཕྱིར་གསོ་བ་ཞེས་བྱ་བ་ནི་བུས་ཕ་དག་ལ་ལན་དུ་ཕན་འདོགས་ཤིང་ཕྱིར་གསོ་བའོ། །བགོ་སྐལ་ལ་སྤྱད་པ་ཞེས་བྱ་བ་ནི་སྐལ་བ་བྱིན་པའི་རིགས་ཀྱི་ནོར་ལ་ལོངས་སྤྱོད་པར་བྱེད་པ་སྟེ། ཁྱིམ་གྱི་ནོར་ཆུད་མི་གསོན་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །རིགས་རྒྱུད་ཅེས་བྱ་བ་ནི་རིགས་ཀྱི་རྒྱུན་ནོ། །ཡུན་རིང་དུ་གནས་པར་སྒྲུབ་པ་ཞེས་བྱ་བ་ནི་དུས་ཡུན་རིང་དུ་གནས་པར་བྱེད་པ་སྟེ། །བུ་དང་ཚ་བོ་ལ་སོགས་པ་བསྐྱེད་པའི་ཕྱིར་རོ། །བདག་ཅག་ཅེས་བྱ་བ་ནི་ཕ་དང་མ་དག་གོ །ཤི་ཞིང་ཞེས་བྱ་བ་ནི་བར་མདོར་དུས་མ་ཡིན་པར་འཆི་བས་ཤི་བའོ། །དུས་ལ་བབ་པ་ཞེས་བྱ་བ་ནི་ཚེ་ཟད་ཅིང་འཆི་བས་ཤི་བའོ། །སྦྱིན་པ་དག་ཅེས་བྱ་བ་ནི་ཕན་འདོགས་པར་བྱེད་པའི་ཕྱིར་རོ། །བསོད་ནམས་དག་ཅེས་བྱ་བ་ནི་མཆོད་པ་བྱེད་པའི་ཕྱིར་རོ། །ཡང་ན་སྦྱིན་པ་དག་ཅེས་བྱ་བ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དག་གོ །བསོད་ནམས་དང་ཅེས་བྱ་བ་ནི་ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དག་གོ །འདི་ཞེས་བྱ་བ་ནི་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་པའོ། འགྲོ་ཞིང་ཞེས་བྱ་བ་ནི་འཁོར་བའི་ལམ་དུ་མཚམས་སྦྱོར་ཞིང་ངོ༌། །རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་བྱ་བ་ནི་རྗེས་སུ་ཐོབ་པར་གྱུར་ཅིག་ཅེས་སོ། །མིང་གིས་ཡོན་བཤད་པ་བྱེད་པར་གྱུར་ཅིག་ཅེས་བྱ་བ་ནི་བདག་ཅག་གི་མིང་ནས་འབྱིན་ཅིང་ཡོན་གནས་དག་ལ་མཆོད་པ་བྱ་བའི་ཕྱིར་ཡོན་འབུལ་བ་ལ་སོགས་པ་
བྱེད་ཅིང་སྨོན་ལམ་འདེབས་པར་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ །ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་དོ་ཞེས་བྱ་བ་ནི་མགུ་བའི་ཚིག་རྗོད་པར་བྱེད་པ་སྟེ། ཡིད་བདེ་བ་ཚིག་ཏུ་རྗོད་པར་བྱེད་ཅེས་བྱ་བ་ནི་ཐ་ཚིག་གོ །ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གསོ་བའི་ཕྱིར་རོ། །སྟེང་གི་ཞེས་བྱ་བ་ནི་ཁང་སྟེང་གི་སྟེང་ཕྱོགས་སུ་རྣམ་པར་ལྟ་བས་བསང་བའི་ཕྱིར་དང༌། དབེན་པ་ཉིད་དུ་བྱུང་བའི་ཕྱིར་སྟེང་དུ་རིམ་གྲོར་བྱེད་དུ་འཇུག་པའོ། །གཞིར་ཞེས་བྱ་བ་ནི་ས་གཞིར་རོ། །གྲང་བ་ན་ཞེས་བྱ་བ་ནི་གྲང་བའི་དུས་ནའོ། །དྲོ་བ་ན་ཞེས་བྱ་བ་ནི་དྲོ་བའི་དུས་ནའོ། །སྨན་པས་བཅས་པ་ཞེས་བྱ་བ་ནི་སྨན་པས་བསྟན་པའོ། །ཟས་ཧ་ཅང་མི་ཁ་བ་ཞེས་བྱ་བ་ལ་སོགས་པ་དང༌། ཁ་བ་ལ་སོགས་པ་རྣམ་པར་སྤངས་པ་ནི་རླུང་ལ་སོགས་པའི་རྣམ་པར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་རོ། །དེ་སྐད་དུ། ཚ་དང་ཁ་དང་བསྐ་བས་ནི། །རླུང་དག་འཁྲུག་པར་བྱེད་པ་ཡིན། །ཚ་དང་སྐྱུར་དང་ལན་ཚྭས་ནི། །མཁྲིས་པ་འཁྲུག་པར་བྱེད་པ་ཡིན། །མངར་དང་སྐྱུར་དང་ལན་ཚྭས་ནི། །བད་ཀན་འཁྲུག་པར་བྱེད་པ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །དོ་ཤལ་ཞེས་བྱ་བ་ནི་མུ་ཏིག་གི་དོ་ཤལ་འཕྱང་བའོ། །སེ་མོ་དོ་ཞེས་བྱ་བ་ནི་མུ་ཏིག་གི་དོ་ཤལ་གྱི་ཕྱེད་ནུ་མ་དག་གི་སྟེང་ན་གནས་པའོ། །རྒྱན་གྱིས་ཀླུབས་བའི་ལུས་ཞེས་བྱ་བ་ནི་རྒྱུན་གྱིས་བརྒྱན་པའི་ལུས་སོ། །དགའ་བའི་ཚལ་ཞེས་བྱ་བ་ནི་སུམ་ཅུ་ཙ་གསུམ་པའི་ལྷ་རྣམས་ཀྱིས་སོ། །རྣམ་པར་སྤྱོད་པ་ཞེས་བྱ་བ་ནི་རྒྱུ་བའོ། །ཁྲི་ནས་ཁྱིར་ཞེས་བྱ་བ་ལ་སོགས་པ་ནི་གཅིག་གི་སྟེང་ནས་གཅིག་གི་སྟེང་དུ་རྗེས་སུ་རྒྱུ་བའོ། །ཤོད་ཀྱི་གཞིར་མི་འབབ་པ་ཞེས་བྱ་བ་ནི་ངལ་བ་ཡོངས་སུ་སྤང་བའི་ཕྱིར་རོ། །སྒྲ་ཡིད་དུ་མི་འོང་བཅུད་ཟད་ཀྱང་མི་ཐོས་པར་ཞེས་བྱ་བ་ནི་མི་དགའ་བར་མི་འགྱུར་བར་བྱ་བའི་ཕྱིར་རོ། །གནོད་པ་མེད་པ་ཉིད་དུ་ཞེས་བྱ་བ་ནི་ཉམ་ང་བ་མེད་པ་ཉིད་དུའོ། །རིམ་གྲོ་བྱེད་དུ་འཛུད་དོ་ཞེས་བྱ་བ་ནི་སྲེལ་བར་བྱེད་པ་སྟེ། རྣམ་པ་དེ་དག་ཐམས་ཅད་ཀྱང་ལུས་གནས་ན་བདེ་བ་དང༌། ཡིད་བདེ་བ་སྐྱེ་ལ་དེ་སྐྱེ་བའི་ཕྱིར་རྒྱུར་བསྟན་པ་ཡིན་ནོ། །ལྷ་དཔང་དུ་བླངས་ནས་ཞེས་བྱ་བ་ནི་སྙིང་ལ་བསམས་ཏེ། ལྷ་ལ་གསོལ་བ་བཏབ་ནས་ཞེས་བྱ་བའི་ཐ་ཚིག་གོ །མཽད་གལ་མའི་རིགས་ཡིན་པས་མཽད་གལ་གྱི་བུ་ཞེས་བྱ་བ་ནི་དྲང་མུད་ག་ལའི་བུ་ནི་མཽད་གལ་ཡིན་ལ།
མཽད་གལ་ཡའི་རིགས་ནི་པང་ནས་སྐྱེས་ཡིན་པས་མཽད་གལ་གྱི་བུ་ཞེས་བྱའོ། །སྦ་གོང་ཞེས་བྱ་བ་ནི་ཞུམ་པའི་ཕྱིར་མིག་དམའ་བར་ལྟ་བའོ། །མི་དགའ་བ་ཞེས་བྱ་བ་ནི་མཐུ་མེད་པའི་ཕྱིར་རོ། །མི་འཇིགས་པ་མེད་ཅེས་བྱ་བ་ནི་སེམས་ཞུམ་པས་འཇིགས་པ་དང་བཅས་པའོ། །བསམ་པ་ཞེས་བྱ་བ་ནི་སེམས་ཀྱི་བསམ་པའོ། །སྐད་མདོག་དབང་པོའི་རྣམ་པ་དག་ཅེས་བྱ་བ་ལ་སྐད་ཀྱི་རྣམ་པ་ནི། ཆགས་པའི་མི་ཡི་སྐད་ཅི་དང་དང་པོ། །སྡང་བའི་མི་ཡི་སྐད་ནི་རྩུབ་པ་ཡིན། །རྨོངས་པའི་མི་ཡི་སྐད་ནི་འཁྲུགས་པར་འགྱུར། ཚངས་པ་རྔ་སྒྲ་འདི་ནི་སངས་རྒྱས་ཏེ། ཁྱིམ་ཐབ་དེ་ནི་གཞོན་ནུ་མི་བསྟེན་གྱི། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང༌། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །མདོག་གི་རྣམ་པ་ནི། སྐྱེས་བུ་ཆགས་པའི་རྗེས་ནི་གསལ་མི་འགྱུར། །ཞེ་སྡང་ལྡན་པའི་རྗེས་ནི་ཟབ་པ་ཡིན། །རྨོངས་པར་གྱུར་པའི་རྗེས་ནི་ནོགས་པར་འགྱུར། །ཤིན་ཏུ་ཆགས་བྲལ་རྗེས་ནི་འདི་འདྲ་སྟེ། ཁྱིམ་ཐབ་དེ་ནི་གཞོན་ནི་མི་བསྟེན་གྱི། །ཕྱི་རོལ་རང་གི་སྡུམ་པ་ཉིད་དུ་འདོང༌། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དབང་པོའི་རྣམ་པ་ནི། ཆགས་པའི་མིག་ནི་རིག་རིག་ལྟ་བར་བྱེད། །སྡང་བའི་མིག་ནི་དུག་དྲག་སྦྲུལ་བཞིན་བལྟ། །རྨོངས་པའི་མིག་ནི་མུན་ཁྲོད་རྟོག་བཞིན་བ་ལྟ། །ཤིན་ཏུ་ཆགས་བྲལ་གཉའ་ཤིང་ཙམ་དུ་བལྟ། །ཁྱིམ་ཐ་བ་དེ་ནི་གཞོན་ནུ་མི་བསྟེན་གྱི། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང༌། །ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །རྣམ་པར་སྦ་བར་ཞེས་བྱ་བ་ནི་བཅབ་པར་རོ། །སྐབས་དེ་ཞེས་བྱ་བ་ནི་བྱུང་བའི་མཐའ་དེའོ། །ཆེས་ཤེས་རབ་ཅན་ཞེས་བྱ་བ་ནི་ཤེས་རབ་ཆེས་ཆེ་བའོ། རིགས་ཀྱིས་རྒན་པ་ཞེས་བྱ་བ་ནི་རིགས་ཀྱི་ཐུ་བོའོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དོན་དུ་གཉེར་བས་ཞེས་བྱ་བ་ནི་ཐོས་པ་ཚོལ་བས་སོ། །བགོ་བཤའ་ཞེས་བྱ་བ་ནི་མགྲོན་བྱ་བའོ། །ཇི་བྱ་སྙམ་ནས་ཞེས་བྱ་བ་ནི་མཆིད་ལུང་ནོད་བས་སོ། །ཀླུའི་རྒྱལ་པོ་རི་བོ་དང་ཡིད་འོང་གཉིས་ཀྱི་དུས་སྟན་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་དེ་གཉིས་ཀྱི་ཕྱིར་དུས་སྟོན་བྱེད་པ་སྟེ། དེ་ཉིད་གཞུང་འདི་ལས་འོག་ནས་འབྱུང་ངོ༌། །ཉམས་སུ་མྱོང་བར་བྱེད་ཅེས་བྱ་བ་ནི་བྲོ་དང་གླུ་དང་རོལ་མོ་ལ་སོགས་པ་བལྟ་བས་དགའ་བ་ཉམས་སུ་མྱོང་བར་བྱེད་པའོ། །མ་སྐྱེས་དགྲ་ཞེས་བྱ་བ་ནི་མིང་སྡེ་མའི་མངལ་ན་
གནས་པ་ཉིད་ནས་ཕའི་རྒྱབ་ཀྱི་ཤ་ཟ་བ་ལ་སོགས་པས་མིང་དེ་སྐད་བཏགས་ཏེ། དེ་ཡང་གཟུང་འདི་ཉིད་ལས་འོག་ནས་འབྱུང་ངོ༌། །བྱ་བ་ཅུང་ཞིག་ཅེས་བྱ་བ་ནི་དགོས་པ་ཅུང་བའི་ཕྱིར་མིང་མ་སྨོས་སོ། །རྒོལ་བའི་སྟན་ཞེས་བྱ་བ་ནི་གང་དུ་རྒོལ་བ་འདུག་པའོ། །མཆོག་ཐོབ་པའི་སྟན་ཞེས་བྱ་བ་ནི་བྲམ་ཟེ་ཀློག་པ་ཕུན་སུམ་ཚོགས་པ་དང་ལྡན་པ་གང་ལ་རྒྱལ་པོས་གྲོང་ལ་སོགས་པ་མཆོག་ཕུལ་བ་དེའི་སྟན་ནོ། །མཆོག་ཐོབ་པའི་སྟན་ལ་དབྱུང་གུ་དང་རིལ་བ་ཞོག་སྟེ་ཞེས་བྱ་བ་ནི་ཀློག་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་པས་ཁྱོད་དང་འདྲ་བ་གཞན་མེད་པའི་མཆོག་ཐོབ་པར་འགྱུར་རོ་ཞེས་བསམས་པའོ། །རྒོལ་བའི་སྟན་ལ་འདུག་ཤིག་ཅེས་བྱ་བ་ནི་རྒོལ་བ་ཐམས་ཅད་པས་ཁྱད་པར་དུ་འཕགས་པ་ཁྱོད་དང་འདྲ་བར་གཞན་མེད་པའི་ཕྱིར། རྒོལ་པའི་སྟན་ཐོབ་པར་འགྱུར་རོ་ཞེས་བྱ་བར་བསམས་པ་ཡིན་ནོ། །ཏོ་ཏ་ཀ་ཞེས་བྱ་བ་ནི་ཀླུ་དབྱངས་ཀྱི་སྡེབ་སྦྱོར་གྱི་མིང་ངོ༌། །དབང་པོ་དག་ཕྱིར་བླན་ཏེ་ཞེས་བྱ་བ་ནི་མི་གཡེང་བའི་ཕྱིར་མིག་གི་དབང་པོ་ནང་དུ་བསྡུས་པའོ། །བླུན་པོ་ཆེན་པོ་ཞེས་བྱ་བ་ནི་ལྟང་མོ་ལ་འོངས་ལ་མི་ལྟ་བར་འཇུག་པའི་ཕྱིར་རོ། །ཤེས་པས་མི་འཁྲུགས་པ་ཞེས་བྱ་བ་ནི་ཉེ་བར་ཞི་བའི་ཕྱིར་བསྐྱོད་པར་མི་ནུས་པའོ། །གང་གིས་མཐོང་བ་འམ་ཐོས་པ་ལ་སྣང་ངོ་ཞེས་བྱ་བ་ནི་ཁོ་བོས་ནི་མ་མཐོང་མ་ཐོས་སོ་ཞེས་བྱ་བར་བསམས་པའོ། །དབང་པོ་དག་ནང་དུ་བསྡུས་པས་མ་མཐོང་བ་ནི་བདེན་ན་ཞེས་བྱ་བ་ནི་མིག་གི་དབང་པོ་ནང་དུ་བསྡུས་པས་མ་མཐོང་བ་ནི་རུང་ན་ཞེས་བྱ་བའི་ཐ་ཚིག་གོ །མིག་གི་དབང་པོའི་རྒྱུན་མང་དུ་འབྱུང་བའི་ཕྱིར་མང་པོའི་ཚིག་ཏུ་གསུངས་སོ། །ཇི་ལྟར་མ་ཐོས་ཞེས་བྱ་བ་ནི་རྣ་བ་ནི་མ་བཀག་ན་སྒྲ་ཇི་ལྟར་མ་ཐོས་ཞེས་བྱ་བའི་ཐ་ཚིག་གོ །ཤི་ལྤགས་ཞེས་བྱ་བ་ནི་རྔ་པ་ཊ་ཧ་ལ་སོགས་པའོ། ཤི་བའི་རྒྱུས་པ་ཞེས་བྱ་བ་ནི་པི་ཝང་ལ་སོགས་པའོ། །འཆིར་འགྱུར་བཞད་གང་པ་ཞེས་བྱ་བ་ནི་འཆི་བར་འགྱུར་བ་སྙོན་ཐབས་མཁན་ནམ་ལྟད་མོ་བའོ། །འཆིར་འགྱུར་འཇོ་སྒེག་པ་ཞེས་བྱ་བ་ནི་འཆི་བར་འགྱུར་བའི་འཇོག་སྒེག་དག་གམ་གར་མཁན་ནམ། གླུ་མཁན་དག་གོ །འཆི་བའི་སྐྱེ་བོ་འདུས་པ་ལ་ཞེས་བྱ་བ་ནི་འཆི་བདག་གིས་ཟིན་པའི་སེམས་ཅན་འདུས་པ་འདི་ལའོ། །མཁས་པ་སུ་ཞིག་
ཅེས་བྱ་བ་ནི་ཤེས་རབ་དང་ལྡན་པ་སུ་ཞིག་གོ །བག་མེད་བྱེད་ཅེས་བྱ་བ་ནི་བག་མེད་པར་ག་ལ་བདེ་བྱེད་ཅེས་བྱ་བ་ནི་ཐ་ཚིག་གོ །འདི་སྐད་བསྟན་ཏེ། ཀོ་ལྤགས་དང༌། ཆུ་རྒྱུས་གང་དག་ཡིན་པ་དག་ཐམས་ཅད་ནི་ཤི་བ་དང་འབྲེལ་པ་ཡིན་ལ། བཞད་གད་དང༌། འཇོ་སྒེག་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་འཆི་བར་འགྱུར་བའི་ཆོས་ཅན་ཡིན་ཏེ། དེ་ལྟའི་སྐྱེ་བོ་འཆི་བདག་དང་འབྲེལ་པ་འདུས་པ་འདི་ལ་ཤེས་རབ་དང་ལྡན་པ་སུ་ཞིག་བག་མེད་པ་བྱེད་དེ་དེ་ལྟར་མི་བྱེད་དོ་ཞེས་བྱ་བ་ནི་ཐ་ཚིག་གོ །རྒྱན་ཅེས་བྱ་བ་ནི་མགུལ་གདུབ་དང༌། གདུ་བུ་རྒྱན་ཅན་དང༌། དཔུང་རྒྱན་ལ་སོགས་བའོ། །ཁུར་ཡིན་ཏེ་ཞེས་བྱ་བ་ནི་གནོད་པ་བྱེད་པའི་ཕྱིར་རོ། །ཐོ་འཚམས་པ་ཞེས་བྱ་བ་ནི་བཞད་གད་དུ་གྱུར་པས་སྨྱོན་པ་དང་འདྲ་བའི་ཕྱིར་རོ། །ཀྱལ་བ་བྱ་སྟེ་ཞེས་བྱ་བ་ནི་ཚིག་ཀྱལ་པར་སྨྲས་པའི་ཕྱིར་རོ། །མི་རྟག་ཉིད་ཡིན་ནོ་ཞེས་བྱ་བ་ནི་མི་བརྟན་པའི་ཕྱིར་རོ། །ཡང་དག་པ་ཁོ་ནར་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་དུའོ། །དད་པས་ཞེས་བྱ་བ་ནི་ཡིད་ཆེས་པ་བསྐྱེད་པས་སོ། །ཁྱིམ་ནས་ཞེས་བྱ་བ་ནི་ཁྱིམ་པའི་ཁྱིམ་ནས་སོ། ཁྱིམ་མེད་པར་ཞེས་བྱ་བ་ནི་ཁྱིམ་ཡོངས་སུ་སྤངས་པའི་ངོ་བོ་ཉིད་ཀྱི་རབ་ཏུ་འབྱུང་བ་ཁས་བླང་པར་རོ། །གང་གི་དོན་དུ་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །མཆོད་སྦྱིན་སྦྱིན་པར་བྱེད་ཅེས་བྱ་བ་ནི་རྟས་བསང་བ་ལ་སོགས་པས་མཆོད་སྦྱིན་བྱེད་པའོ། །སྦྱིན་སྲེག་སྲེག་པར་བྱེད་ཅེས་བྱ་བ་ནི་རྒྱུན་དུ་མེར་སྦྱིན་སྲེག་བྱེད་པའོ། །དཀའ་ཐུབ་ཀྱིས་གདུང་བར་བྱེད་ཅེས་བྱ་བ་ནི་དུ་བ་རྔུབ་པ་ལ་སོགས་པ་དཀའ་ཐུབ་དྲག་པོ་བྱེད་པའོ། །ལག་མཐིལ་དུ་འོངས་ཞེས་བྱ་བ་ནི་ལག་ཏུ་ཐོབ་བའོ། །ཇི་ཞིག་བྱེད་ཅེས་བྱ་བ་ནི་ཇི་ཡང་མི་བྱེད་པའོ། །ཡོངས་སུ་བཟུང་བས་ཞེས་བྱ་བ་ནི་རྟ་དང༌། གླང་པོ་ཆེ་དང༌། ཉེ་དུ་དང༌། མཛའ་བཤེས་དང༌། དབྱིག་དང༌། གསེར་ལ་སོགས་པའོ། །ཤིང་ཤུན་ཞེས་བྱ་བ་ནི་ཤིང་ལྗོན་པའི་ཤུན་པའོ། །རྩྭ་གྱོན་པ་ཞེས་བྱ་བ་ནི་རྩྭ་དཱུར་བའི་གོས་སོ། །རི་དགས་གདུག་པ་ཞེས་བྱ་བ་ནི་སེང་གེ་དང་སྟག་ལ་སོགས་པ་གཅན་གཞན་ནོ། །འཇིག་རྟེན་ཕ་རོལ་འཇིགས་པ་བགྱིད་པའི། །ཞེས་བྱ་བ་ནི་ངན་འགྲོས་འཇིགས་པར་བལྟ་བའོ། །རྒྱལ་སྲིད་སྲང་དུ་ནི་ཞེས་བྱ་བ་ནི་རྒྱལ་སྲིད་ཀྱི་ཕྱིར་རོ། །གསོད་ཅེས་
བྱ་བ་ནི་གསོད་པའོ། །འཆིང་ཞེས་བྱ་བ་ནི་སུ་འདོད་དང༌། ཁོང་སྒྲིལ་ལ་སོགས་པའི་འཆིང་བའོ། །བརྡེག་པ་ཞེས་བྱ་བ་ནི་ཁུ་ཚུར་དང་ཐལ་ལྕག་ལ་སོགས་པས་བརྡེག་གོ །སྡུག་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །ཡིད་དུ་འོང་བ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །བཟོད་པ་ཞེས་བྱ་བ་ནི་བཟོད་པ་དང་ལྡན་པ་སྟེ། ཚིག་ཉན་པ་ཞེས་བྱ་བའི་ཐ་ཚིག་གོ །མཐོང་ན་མི་མཐུན་པ་མེད་པ་ཞེས་བྱ་བ་ནི་ཞེ་འགྲས་པ་མེད་པ་སྟེ། བདེ་བ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །མི་འདོད་བཞིན་དུ་འབྲལ་བ་ཁ་ན་ཡིན་གྱི་ཞེས་བྱ་བ་ནི་མི་དགའ་བཞིན་དུ་འབྲལ་བའོ། །བུ་གཞོན་ནུ་ཞེས་བྱ་བ་ནི་བུ་ཐུ་བོ་ལ་དགའ་བའི་ཚིག་གིས་བོད་པའོ། །ཤེས་པར་གྱིས་ཤིག་ཅེས་བྱ་བ་ནི་འོག་ནས་འབྱུང་བའི་ཚིག་འདི་དག་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་བྱ་བའོ། །ཤིན་ཏུ་གཞོན་པ་ཞེས་བྱ་བ་ནི་ལུས་ཀྱི་ཡོན་ཏན་གྱིས་སོ། །བདེ་བ་འདོད་པ་ཞེས་བྱ་བ་ནི་སེམས་ཀྱི་ཡོན་ཏན་གྱིས་སོ། །ཁྱོད་ཀྱིས་སྡུག་བསྔལ་མི་ཤེས་ཏེ་ཞེས་བྱ་བ་ནི་ཁྱོད་ཀྱིས་སྡུག་བསྔལ་གྱི་རྒྱུས་མི་ཤེས་ཏེ་ཞེས་བྱ་བའོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་སྤངས་པའོ། །སྤྱད་དཀའ་བ་ཞེས་བྱ་བ་ནི་བསྒྲུབ་དཀའ་བའོ། །རབ་ཏུ་དབེན་པ་ཞེས་བྱ་བ་ནི་ལུས་དང་སེམས་དབེན་པའོ། །བརྒྱལ་རབ་ཏུ་དབེན་པར་བྱས་ན་དེ་ལ་སེམས་དགའ་བར་འགྱུར་རོ་ཞེ་ན། དེའི་ཕྱིར། གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ་ཞེས་གསུངས་ཏེ། གཅིག་བུ་ཉིད་ལ་མངོན་པར་དགའ་བར་སྐྱེད་པར་དཀའོ། །ཁ་ཅིག་དགོན་པར་གྲོགས་དང་བཅས་པ་ལ་མངོན་པར་དགའ་བ་སྐྱེའོ་སྙམ་དུ་དོགས་པ་དེའི་ཕྱིར། གནས་མལ་དགོན་པ་ནགས་ཁྲོད་དང༌། རི་དྲུང་དང༌། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ་ཞེས་བྱ་བ་གསུངས་ཏེ། གནས་མལ་ཞེས་བྱ་བ་ནི་འདུག་པའི་གནས་ཏེ། སྐབས་འདི་ནི་དགོན་པ་ཞེས་བྱ་བ་དང་སྦྱར་ཏེ། གནས་མལ་དགོན་པ་དེ་ཡང་གང་ཞེ་ན། འོག་ནས་ངས་ཁྲོད་དང༌། རི་ཀླུང་དང༌། བས་མཐའ་དག་ཅེས་འབྱུང་བ་དང་སྦྱར་རོ། །དེ་ལ་གནས་མལ་ཞེས་བྱ་བ་ནི་འདུག་པའི་ངས་སོ། །དགོན་པ་ཞེས་བྱ་བ་ནི་སྐྱེ་བོ་མི་གནས་པའི་གནས་སོ། །ནགས་ཁྲོད་ཅེས་བྱ་བ་ནི་ཤིང་ལྗོན་པ་ཐིབས་པོའོ། །རི་དྲུང་ཞེས་
བྱ་བ་ནི་རི་དན་ཐག་ཉེ་བར་ན། ཆུ་ཀླུང་ངམ། ངམ་གྲོག་ཕྱོགས་གཅིག་གོ །བས་མཐའ་ཞེས་བྱ་བ་ནི་རབ་ཏུ་ཐག་ཏིང་བའི་མཐའོ། །གནས་མལ་དགོན་པ་ནགས་ཁྲོད་ལ་སོགས་པ་དེ་དག་ནི་ཡིད་ཀྱིས་ཀྱང་བཟོད་པར་དཀའ་སྟེ། གང་དག་ཡིད་ཀྱིས་ཀྱང་བཟོད་པར་དཀའ་བ་དེ་དག་ཏུ་ནི་གྲོགས་གཞན་གྱིས་ཀྱང་ཅི་བྱ་སྟེ། དེས་ན་དེ་དག་ཏུ་གྲོགས་ཡོད་ཀྱང་དཀའ་བར་མི་འགྱུར་རོ། །ཅིའི་ཕྱིར་གནས་མལ་དགོན་པ་དེ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའ་ཞེ་ན། དེའི་ཕྱིར་གཅིག་པུར་དགོན་པར་གནས་པ་སྡུག་བསྔལ་ལོ་ཞེས་བྱ་བ་གསུངས་ཏེ། གཅིག་པུ་དགོན་པར་གནས་པ་ཡང་སྡུག་བསྔལ་གྲོགས་དང་བཅས་ན་ཡང་སྡུག་བསྔལ་ལོ་ཞེས་བྱ་བའི་ཐ་ཚིག་གོ །གཞན་གྱིས་བྱིན་པས་འཚོ་བར་བྱ་དགོས་སོ་ཞེས་བྱ་བ་ནི་གཞན་དག་གིས་བྱིན་པའི་བཟའ་བ་དང་བཏུང་བ་དང༌། གོས་ལ་སོགས་པས་འཚོ་བར་བྱ་དགོས་པ་སྟེ། གཞན་གྱི་ངོར་ལྟ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ །མིའི་འདོད་པ་དག་ལས་ཞེས་བྱ་བ་ནི་གཟུངས་དང༌། སྒྲ་དང་དྲི་དང་རོ་དང༌། རེག་བྱ་ཞེས་བྱ་བའི་ལོངས་སྤྱོད་ཀྱི་ཡོ་བྱང་དག་ལས་སོ། །དབེན་པར་ཞེས་བྱ་བ་ནི་བར་ཆད་དོ། །དགའ་བ་དང་རྩེད་མོ་དག་ལས་ཞེས་བྱ་བ་ནི་འདོད་པའི་ལོངས་སྤྱོད་དངོས་ལས་སོ། །དགའ་བ་ཞེས་བྱ་བ་ནི་བུད་མེད་དག་ལ་ཡིད་ཀྱིས་ཆགས་པའོ། རྩེད་མོ་ཞེས་བྱ་བ་ནི་བུད་མེད་ལ་རེག་པའི་ལོངས་སྤྱོད་དོ། །ཉེ་དུ་ཞེས་བྱ་བ་ནི་གཉེན་བ་ཤེས་སོ། །ནེའུ་ལྡངས་ཞེས་བྱ་བ་ནི་ན་ཚོད་མཉམ་ཞིང་སྙིང་དུ་སྡུག་པའི་གྲོགས་སོ། །ཞི་བ་ཞེས་བྱ་བ་ནི་དགའ་བའི་ཚིག་གིས་བོད་པ་སྟེ། ཟླ་བ་དང་འདྲ་བར་ཞི་བ་ཞེས་བྱ་བའི་ཐ་ཚིག་གོ །མཁས་པས་བསྔགས་པ་ཞེས་བྱ་བ་ནི་ཡེ་ཤེས་འབྱམ་ཀླས་པ་དག་གིས་བསྔགས་པའོ། །སླར་ལྡོག་པར་ཞེས་བྱ་བ་ནི་ཕྱིར་ཁྱིམ་དུ་འོངས་པའོ། །འབྲས་བུའི་རིན་གྱིས་ཞེས་བྱ་བའི་འབྲས་བུ་ཞེས་བྱ་བ་ནི་འབྲས་བརྡོས་པའི་ཐུག་པའི་རྣམ་པ་སྟེ། དང་པོ་དེ་བཏུང་བའི་རིན་གྱིས་སོ། །ཟན་བཅད་པར་བྱ་པས་ནི་ཆང་དྲོད་ཆུང་བས་དང་པོར་དེ་འཐུངས་ན་མེའི་ཁམས་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང༌། བརྡོས་པའི་འབྲས་ཀྱི་ཐུག་པ་ནི། །སྨིན་དང་དྲོད་སྐྱེ་འཕྲོད་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །མཐུ་ཞེས་བྱ་བ་ནི་བསྟན་པ་ཉིད་དོ། །སྟོབས་ཞེས་བྱ་བ་ནི་འོང་
བ་དང་འགྲོ་བ་ལ་སོགས་པ་འདི་ནུས་པའོ། །བརྩོན་འགྲུས་ཞེས་བྱ་བ་ནི་ཡིད་ཀྱི་སྤྲོ་བའོ། །བསྐྱེད་དེ་ཞེས་བྱ་བ་ནི་བྱས་ཏེའོ། །དབེན་པ་ལ་དགའ་བས་ཞེས་བྱ་བ་ནི་ལུས་དང་སེམས་དབེན་པ་ལ་དགའ་བས་སོ། །ལེགས་པ་བྱེད་པ་ཞེས་བྱ་བ་ནི་ལེགས་པར་འགྱུར་བའོ། །འཆིང་བ་དམ་པོ་ཞེས་བྱ་བ་ནི་རྫས་མང་པོ་ཉེ་བར་བསོག་པ་ཉིད་ཀྱིས་དགའ་བར་འགྱུར་བ་གཅད་དཀའ་བའི་ཕྱིར་རོ། །འཆིང་བ་བརྟན་པ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་འདོད་ཆགས་ཀྱིས་བསྒོས་པས་དབྲལ་ལ་སྤང་དཀའ་བའི་ཕྱིར་རོ། །འཆིང་བ་མ་བུལ་བ་ཞེས་བྱ་བ་ནི་རྫས་བསྲུང་བའི་ཐབས་མང་པོ་དག་གིས་མྱུར་དུ་ཆུད་ཟ་བར་མི་འགྱུར་བའི་ཕྱིར་རོ། །གགས་ཤིང་སྦོམ་པ་ཞེས་བྱ་བ་ནི་ཕ་མ་དང༌། ཉེ་དུ་དང༌། མཛའ་བཤེས་དང༌། བློན་པོ་དང༌། བྲན་ཕོ་དང་བྲན་མོ་ལ་སོགས་པ་འཁོར་མང་པོ་དང་རྗེས་སུ་འབྲེལ་པས་རང་གིར་བསྒྲུབ་ཏུ་མེད་པས་ཤིང་གི་གགས་ཤིང་སྦོམ་པོས་གཉའ་བར་བསྒགས་པ་དང་འདྲ་བའོ། །འཆིང་བ་སྟོབས་མེད་པ་ཞེས་བྱ་བ་ནི་མི་དམ་པའི་ཕྱིར་རོ། །འཆིང་བ་སྟོབས་ཆུང་བ་ཞེས་བྱ་བ་ནི་མི་བརྟན་པའི་ཕྱིར་རོ། །འཆིང་བ་རུལ་པ་ཞེས་བྱ་བ་ནི་བསྲུང་བ་མེད་པའི་ཕྱིར་རོ། །གགས་ཤིང་ཕྲ་བ་ཞེས་བྱ་བ་ནི་དེ་ཉེ་དུའི་ཚོགས་ཉུང་བའི་ཕྱིར་རོ། །ཚེ་དང་ལྡན་པ་ཞེས་བྱ་བ་ནི་ཚེ་དོན་ཡོད་པ་སྟེ་དེའི་འབྲས་བུའི་རྗེས་སུ་ཞུགས་པས་ད་ལྟར་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་ལྡན་པ་ཞེས་སྨོས་སོ། །སྨོན་ལམ་ཞེས་བྱ་བ་ནི་བསྒྲུབ་བའོ། །རྟག་ཏུ་རབ་བྱུང་མང་བར་ཤོག་ཅེས་བྱ་བ་ནི་རྟག་ཏུ་རབ་ཏུ་འབྱུང་བ་ལ་གཞོལ་བར་ཤོག་ཅིག་ཅེས་བྱ་བའོ། །བྲམ་ཟེ་རབ་ཏུ་གྲགས་པ་དག་ཅེས་བྱ་བ་ནི་གཙོ་བོར་གྲགས་པ་དག་གོ ། གང་ཡང་རུང་བར་ཞེས་བྱ་བ་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་མ་གཏོགས་པ་གཞན་ལ་བབ་ཅོལ་དུའོ། །རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་པོ་ཞེས་བྱ་བ་ནི་འདྲོབ་སྐྱོང་གི་བུ་རྫོགས་བྱེད་ལ་སོགས་པ་དྲུག་གོ །སྟོན་པ་ཞེས་བྱ་བ་ནི་ཕན་པ་དང་གནོད་པ་ཉེ་བར་སྟོན་པའོ། །ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པ་མངོན་པའི་ང་རྒྱལ་ཅན་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་དངོས་པོ་ཐམས་ཅད་མི་ཤེས་བཞིན་དུ་ལོག་པའི་མངོན་པའི་ང་རྒྱལ་གྱིས་བདག་ཉིད་ཐམས་ཅད་མཁྱེན་པ་ཡིན་ནོ་སྙམ་དུ་སེམས་པའི་ཕྱིར་རོ། །འདྲོབ་སྐྱོང་གི་བུ་རྫོགས་བྱེད་ཅེས་བྱ་བ་ལ། འདྲོབ་སྐྱོང་གི་བུ་ཞེས་བྱ་བ་ནི་རིགས་ཡིན་ལ་
རྫོགས་བྱེད་ནི་རང་གི་མིང་ཡིན་ནོ། །གནག་ལྷས་ཀྱི་བུ་ཀུན་དུ་རྒྱུ་ཞེས་བྱ་བ་ཡང་གནག་ལྷས་ཀྱི་བུ་ཞེས་བྱ་བ་ནི་མའི་མིང་ཡིན་ལ། ཀུན་དུ་རྒྱུ་ཞེས་བྱ་བ་ནི་རང་གི་མིང་ཡིན་ནོ། །སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་ཡང༌། སྨྲ་འདོད་ཀྱི་བུ་མོའི་བུ་ཞེས་བྱ་བ་ནི་མའི་མིང་ཡིན་ལ། ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་ནི་རང་གི་མིང་ཡིན་ནོ། །མི་ཕམ་སྐྲའི་ལ་བ་ཅན་ཞེས་བྱ་བ་ལ། མི་ཕམ་ཞེས་བྱ་བ་ནི་རང་གི་མིང་ཡིན་ལ། སྐྲའི་ལ་བ་ཅན་ཞེས་བྱ་བ་ནི་དེའི་བརྟུལ་ཞུགས་ཏེ། སྐྲ་ལས་བྱས་པའི་ལ་བ་གྱོན་པའི་ཕྱིར་རོ། །ཀ་ཏྱའི་བུ་ནོག་ཅན་ཞེས་བྱ་བ་ལ། ཀ་ཏྱའི་བུ་ཞེས་བྱ་བ་ནི་རིགས་ཡིན་ལ། ནོག་ཅན་ཞེས་བྱ་བ་ནི་རང་གི་མིང་ཡིན་ནོ། །གཉེན་གྱི་བུ་གཅེར་བུ་ཞེས་བྱ་བ་ལ། གཉེན་གྱི་བུ་ཞེས་བྱ་བ་ནི་མའི་མིང་ཡིན་ལ། གཅེར་བུ་ཞེས་བྱ་བ་ནི་རང་གི་མིང་སྟེ། རབ་ཏུ་བྱུང་བའོ། །ཉེ་བར་བརྟེན་ཅིང་གནས་སོ་ཞེས་བྱ་བ་ནི་འདུག་པའོ། །ཆོས་ཀྱི་ཚུལ་ཞེས་བྱ་བ་ནི་དངོས་པོའི་ཚུལ་ཏེ་ལུང་རྣམ་པར་གཞག་པའོ། །སློབ་མ་ལ་གདངས་པ་ཞེས་བྱ་བ་ནི་ལན་བསྟན་པའོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་དཀའ་ཐུབ་ཀྱིའོ། །འབྲས་བུ་ནི་གང་ཡིན་ཞེས་བྱ་བ་ནི་དངོས་ཀྱི་འབྲས་བུ་ལས་བསམས་པ་སྟེ། འབྲས་བུའི་གཙོ་བོ་མྱ་ངན་ལས་འདས་པ་གང་ཡིན་ཞེས་བྱ་བའོ། །ཕན་ཡོན་ནི་གང་ཡིན་ཞེས་བྱ་བ་ནི་ཞར་ལ་བྱུང་བའི་འབྲས་བུ་ལས་བསམས་པ་སྟེ། གཙོ་བོ་མ་ཡིན་པའི་འབྲས་བུ་མཐོ་རིས་ལ་སོགས་གང་ཡིན་ཞེས་བྱ་བའོ། །འདི་ལྟར་ལྟ་ཞིང་ཞེས་བྱ་བ་ནི་ཤེས་པ་སྟེ། ནང་གི་དེ་ཁོ་ན་ཉིད་ཀྱིས་སོ། །འདི་སྐད་སྨྲས་ཏེ་ཞེས་བྱ་བ་ནི་ཚིག་གིས་དེ་གཞན་ལ་སྟོན་པས་སོ། །སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་བྱ་བའི་ཚིག་ལྔས་ནི་རྒྱུའི་དངོས་པོ་འགོག་པར་བྱེད། དེ་ལ་བྱིན་པ་ཞེས་བྱ་བ་ནི་གཞན་ལ་ཕན་གདགས་པའི་ཕྱིར་བྱིན་པའོ། །མཆོད་སྦྱིན་ཞེས་བྱ་བ་ནི་མཆོད་པའི་ཕྱིར་སྦྱིན་པའོ། །སྦྱིན་སྲེག་ཅེས་བྱ་བ་ནི་མེར་བླུགས་པའོ། །ཡང་ན་བྱིན་པ་ཞེས་བྱ་བ་ནི་སྦྱིན་པར་བྱ་བའི་དངོས་པོའོ། །མཆོད་སྦྱིན་ཞེས་བྱ་བ་ནི་ལེན་པའོ། །སྦྱིན་སྲེག་ཅེས་བྱ་བ་ནི་སྦྱིན་པར་བྱེད་པའོ། །ཡང་ན་བྱིན་པ་ཞེས་བྱ་བ་ནི་ཡིད་ཀྱིས་གཏང་བ་གང་ཡིན་པའོ། །མཆོད་སྦྱིན་ཞེས་བྱ་བ་ནི་ལས་ཀྱི་
གདུང་བ་གང་ཡིན་པའོ། །སྦྱིན་སྲེག་ཅེས་བྱ་བ་ནི་ལེན་པ་པོས་ཟོས་པ་གང་ཡིན་པའོ། །ལེགས་པར་སྤྱད་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་སྤོང་བའོ། །ཉེས་པར་སྤྱད་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའོ། །རྒྱུ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་འདི་ནི་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་པའི་གཞུང་ལས་རྟོག་གེ་པ་དང༌། སྙོམས་པར་འཇུག་པ་པ་གཉིས་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དོ། །དེ་ལ་རེ་ཞིག་རྟོག་གེ་པ་དག་གིས་ནི་སེར་སྣ་ཅན་རབ་ཏུ་མི་སྦྱིན་པའི་ངང་ཚུལ་ཅན་ཁ་ཅིག་ཀྱང་འབྱོར་པ་ངང་ལོངས་སྤྱོད་ཆེན་པོ་དང་ལྡན་པ་མཐོང་ལ། སྦྱིན་པ་ལ་མོས་པ་རབ་ཏུ་སྦྱིན་པའི་ངང་ཚུལ་ཅན་ཁ་ཅིག་ཀྱང་དབུལ་བ་དང༌། ལོངས་སྤྱོད་ཆུང་དུ་དང་ལྡན་པར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གལ་ཏེ་སྦྱིན་པའི་འབྲས་བུ་ཡོད་པར་འགྱུར་ན་སེར་སྣ་ཅན་རབ་ཏུ་མི་སྦྱིན་པའི་ངང་ཚུལ་ཅན་དབུལ་བ་དང། ལོངས་སྤྱོད་ཆུང་ངུ་དང་ལྡན་པར་འགྱུར་ཞིང༌། སྦྱིན་པ་ལ་མོས་པ་རབ་ཏུ་སྦྱིན་པའི་ངང་ཚུལ་ཅན་དག་ནི་འབྱོར་པ་དང༌། ལོངས་སྤྱོད་ཆེན་པོ་དང་ལྡན་པར་འགྱུར་བར་རིགས་ན་དེ་ལྟ་མ་ཡིན་ཏེ། ལོག་པར་སྣང་བས་དེའི་ཕྱིར་སྦྱིན་པ་མེད་དོ། མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །སྙོམས་པར་འཇུག་པ་དག་གིས་ནི་སེར་སྣ་ཅན་རབ་ཏུ་མི་སྦྱིན་པའི་ངང་ཚུལ་ཅན་ཁ་ཅིག་ཀྱང་འབྱོར་པ་དང་ལོངས་སྤྱོད་ཆེན་པོ་དང་ལྡན་པའི་ཁྱིམ་དག་ཏུ་སྐྱེ་བར་མཐོང་ལ་སྦྱིན་པ་ལ་མོས་པ་རབ་ཏུ་སྦྱིན་པའི་ངང་ཚུལ་ཅན་ཁ་ཅིག་ཀྱང་དབུལ་བ་དང་ལོངས་སྤྱོད་ཆུང་དུ་དང་ལྡན་པའི་ཁྱིམ་དག་ཏུ་སྐྱེ་བར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གལ་ཏེ་སྦྱིན་པའི་འབྲས་བུ་ཡོད་པར་གྱུར་ན་སེར་སྣ་ཅན་རབ་ཏུ་མི་སྦྱིན་པའི་ངང་ཚུལ་ཅན་དག་དབུལ་བ་དང༌། ལོངས་སྤྱོད་ཆུང་དུ་དང་ལྡན་པའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་ཞིང༌། སྦྱིན་པ་ལ་མོས་པ་རབ་ཏུ་སྦྱིན་པའི་ངང་ཚུལ་ཅན་དག་ནི་འབྱོར་བ་དང༌། ལོངས་སྤྱོད་ཆེན་པོ་དང་ལྡན་པའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་བར་རིགས་ན་དེ་ལྟ་མ་ཡིན་ཏེ། ལོག་པར་སྣང་བས་དེའི་ཕྱིར་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་
པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་དང་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་ནི་འབྲས་བུ་འགོག་པར་བྱེད་དོ། །དེ་ལ་འབྲས་བུ་ཞེས་བྱ་བ་ནི་བདག་པོའི་འབྲས་བུའོ། །རྣམ་པར་སྨིན་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །འབྲས་བུ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་འདི་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ཡང་བྱེ་བྲག་པའི་གཞུང་ལས་རྟོག་གེ་པ་དང༌། སྙོམས་པར་འཇུག་པ་པ་གཉིས་ལ་ལྟ་བའི་རྣམ་པར་སྨིན་པའི་འབྲས་བུའོ། །དེ་ལ་རེ་ཞིག་རྟོག་གེ་པ་དག་གིས་ནི་ཁ་ཅིག་སྲོག་གཅོད་ཀྱང་ཚེ་རིང་བ་དང༌། མ་བྱིན་པར་ལེན་ཀྱང་ལོངས་སྤྱོད་ཆེ་བ་དང༌། གཞན་ལ་གནོད་པ་བྱེད་ཀྱང་ནང་ཉུང་བར་མཐོང་ལ། ཁ་ཅིག་སྲོག་མི་གཅོད་ཀྱང་ཚེ་ཐུང་བ་དང༌། མ་བྱིན་པར་མི་ལེན་ཀྱང་ལོངས་སྤྱོད་ཆུང་བ་དང༌། གཞན་ལ་གནོད་པ་མི་བྱེད་ཀྱང་ནད་མང་བར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གལ་ཏེ་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་དང༌། རྣམ་པར་སྨིན་པ་ཡོད་པར་གྱུར་ན་སྲོག་གཅོད་པ་ནི་ཚེ་ཐུང་བ་དང༌། མ་བྱིན་པར་ལེན་པ་ནི་ལོངས་སྤྱོད་ཆུང་བ་དང༌། གཞན་ལ་གནོད་པར་བྱེད་པ་ནི་ནད་མང་བར་འགྱུར་ཞིང༌། སྲོག་མི་གཅོད་པ་ནི་ཚེ་རིང་བ་དང༌། མ་བྱིན་པར་མི་ལེན་པའི་ལོངས་སྤྱོད་ཆེ་བ་དང༌། གཞན་ལ་གནོད་པ་མི་བྱེད་པ་ནི་ནད་ཉུང་བར་འགྱུར་བའི་རིགས་ན་དེ་ལྟ་མ་ཡིན་ཏེ། ལོག་པར་སྣང་བས་དེའི་ཕྱིར་ལེགས་པར་སྤྱད་པ་དང༌། ཉེས་པར་སྤྱད་པའི་ལས་ཀྱི་འབྲས་བུ་དང༌། རྣམ་པར་སྨིན་པ་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲས་སོ། །སྙོམས་པར་འཇུག་པ་དག་གིས་ནི་ཁ་ཅིག་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། གཞན་ལ་གནོད་པ་བྱེད་ཀྱང་མཐོ་རིས་དག་ཏུ་སྐྱེ་བར་མཐོང་ལ། ཁ་ཅིག་སྲོག་མི་གཅོད་པ་དང༌། མ་བྱིན་པར་མི་ལེན་བ་དང༌། གཞན་ལ་གནོད་པ་མི་བྱེད་ཀྱང་ངན་སོང་དག་ཏུ་སྐྱེ་བར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གལ་ཏེ་ལེགས་པར་སྤྱད་པ་དང༌། ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་དང༌། རྣམ་པར་སྨིན་པ་ཡོད་པར་གྱུར་ན། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། གཞན་ལ་
གནོད་པར་བྱེ་པའི་ངན་སོང་དག་ཏུ་སྐྱེ་བར་འགྱུར་ཞིང༌། སྲོག་མི་གཅིག་པ་དང༌། མ་བྱིན་པ་མི་ལེན་པ་དང༌། གཞན་ལ་གནོད་པ་མི་བྱེ་པ་ནི་མཐོ་རིས་དག་ཏུ་སྐྱེ་བར་འགྱུར་བའི་རིགས་ན་དེ་ལྟ་མ་ཡིན་ཏེ། ལོག་པར་སྣང་བས་དེའི་ཕྱིར་ལེགས་པར་སྤྱད་པ་དང༌། ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་དང༌། རྣམ་པར་སྨིན་པ་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །མ་མེད་དོ། །ཕ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བའི་ཚིག་ལྔས་ནི། །རྒྱུ་དང་འབྲས་བུའི་དངོས་པོ་གཉིས་ཀར་འགོག་པར་བྱེད་དོ། །དེ་ལ་འཇིག་རྟེན་འདི་མེད་དོ་ཞེས་བྱ་བ་ནི་འཇིག་རྟེན་འདིར་ཚེ་ཕྱི་མ་རྒྱུ་ཉིད་དུ་མི་འགྱུར་བའོ། །འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བ་ནི་ཚེ་ཕྱི་མ་ཚེ་འདིའི་འབྲས་བུ་ཉིད་དུ་མི་འགྱུར་བའོ། །དེ་ལྟར་ན་རྒྱུ་དང་འབྲས་བུའི་དངོས་པོས་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གཉི་ག་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་འཇིག་རྟེན་འདི་མེད་དོ་ཞེས་བྱ་བ་ནི་ཚེ་འདི་ལ་མྱོང་བར་འགྱུར་བའི་ལས་ལ་སྐུར་པ་འདེབས་སོ། །འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བ་ནི་སྐྱེས་ནས་མྱོང་བར་འགྱུར་བ་དང༌། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ལ་སྐུར་པ་འདེབས་པའོ། །རྒྱུ་དང་འབྲས་བུ་ལ་སྐུར་པའི་ལོག་པའི་ལྟ་བ་འདི་ནི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང༌། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེད་བྲག་པའི་གཞུང་ལས་མུ་སྟེགས་ཅན་སྔ་ན་མེད་པ་དང་ཞིག་ནས་མེད་པར་ལྟ་བ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དེ། དེ་དག་གིས་འབྱུང་བ་རྣམས་སྔ་ན་མེད་པ་ལས་འབྱུང་ཞིང་བྱུང་ནས་ཀྱང་ཞིག་པར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བྱུང་བ་འདི་དག་མ་བྱུང་བས་འབྱུང་བ་དེ་བཞིན་དུ་བྱུང་ནས་ཀྱང་འཇིག་པར་འགྱུར་རོ་སྙམ་ནས་དེའི་ཕྱིར་འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །མ་མེད་དོ། །ཕ་མེད་དོ་ཞེས་བྱ་བ་ནི་བུ་ཡོད་པར་འགྱུར་བའི་ལས་ལ་སྐུར་བ་འདེབས་སོ། །ཡང་ན་ཕ་མ་ལ་ལན་དུ་ཕན་འདོགས་པའི་རྒྱུ་ལས་བྱུང་བའི་བསོད་ནམས་ལ་སྐུར་པ་འདེབས་པ་ཡིན་ནོ། །རྒྱུ་དང་འབྲས་བུ་ལ་སྐུར་པ་
འདེབས་པའི་ལོག་པའི་ལྟ་བ་འདི་ནི་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་པའི་གཞུང་ལས་མུ་སྟེགས་ཅན་གཅིག་ལ་གཅིག་མེད་པར་ལྟ་བ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དེ། དེ་དག་འདི་སྙམ་དུ་སེམས་ཏེ། ཕ་མ་གཉིས་ཀྱིས་སྤྲོད་པ་ལས་བྱུང་བ་བྱེད་འདོད་པའི་བསམ་པས་ཕྲད་པར་གྱུར་བ་ན་མི་འདོད་བཞིན་དུ་དེ་ལས་བུ་བྱུང་བར་ཟད་དོ། །དཔེར་ན་ལྕི་བ་དང༌། མི་གཙང་བ་དང༌། ལྗན་ལྗིན་དང༌། འདམ་རྫབ་དང༌། རྩྭ་དང་ཆུ་དང་རྩ་སྔོན་པོ་ལ་སོགས་པ་དག་ཏུ་སྲོག་ཆགས་དག་སྐྱེས་པ་དེ་དག་ལ་ཕ་ཡང་མེད། མ་ཡང་མེད་པ་བཞིན་ནོ་སྙམ་སྟེ། དེ་ལྟར་ཡང༌། དབང་པོ་རྣམས་ནི་གཡོ་བ་དང༌། །བུད་མེད་རྣམས་ནི་དགའ་འདོད་པས། །ཟླ་མཚན་དུས་སུ་བདག་སྐྱེས་ཏེ། །དེ་ལ་ཁྱོད་ཀྱིས་ཅི་ཞིག་བྱས། །ཞེས་ཇི་སྐད་ཟེར་བ་ལྟ་བུའོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་བར་མདོའི་སྲིད་པ་འགོག་པར་བྱེད་དོ། །རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་འདི་ནི་ཀུན་དུ་འབྱུང་བ་མཐོང་བས་སྤང་བར་བྱ་བ་དང༌། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་པའི་གཞུང་ལས་མུ་སྟེགས་ཅན་གཏན་མེད་པར་ལྟ་བ་དང་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དོ། །འདི་དག་གིས་སེམས་ཅན་རྫུས་ཏེ་སྐྱེ་བར་གཏན་མ་མཐོང་ནས། དེ་དག་འདི་སྙམ་དུ་སེམས་ཏེ། བར་མ་དོའི་སྲིད་པ་དེ་གཏན་མེད་དོ་སྙམ་ནས་དེའི་ཕྱིར་སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་རྟོགས་པ་ཡང་དག་པར་བསྒྲུབ་པ་གང་དག་ཚེ་འདི་ལ་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང༌། འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱས་ནས་བསྒྲུབ་སྟེ། བདག་ཅག་ནི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་པ་དག་མེད་དོ་ཞེས་བྱ་བ་ནི་ཐར་པའི་ལམ་འགོག་པར་བྱེད་དོ། །དེ་ལ་དགྲ་བཅོམ་པ་ཞེས་བྱ་བ་ནི་ཁམས་གསུམ་པའི་ཉོན་མོངས་པའི་དགྲ་བཅོམ་པའི་ཕྱིར་རམ་འགྲོ་བ་མཐའ་དག་གིས་མཆོད་པར་འོས་པའི་ཕྱིར་རོ། །འཕགས་པའི་ལམ་ལ་སྐུར་པ་འདེབས་
པའི་ལོག་པའི་ལྟ་བ་འདི་ནི་ལམ་མཐོང་བ་ལ་སྤང་བར་བྱ་བ་ཡིན་ནོ། །དགྲ་བཅོམ་པ་དེའི་བྱེ་བྲག་བསྟན་པའི་ཕྱིར་ཡང་དག་པར་རྟོགས་པ་ཡང་དག་པར་བསྒྲུབ་པ་ཞེས་བྱ་བ་གསུངས་ཏེ། ཡང་དག་པར་རྟོགས་པ་ཞེས་བྱ་བ་ནི་དགྲ་བཅོམ་པ་ཡང་དག་པའི་ཡེ་ཤེས་དང་ལྡན་པ་རྣམས་ཀྱིས་རྟོགས་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །མྱ་ངན་ལས་འདས་པ་ལ་སྐུར་པ་འདེབས་པའི་ལོག་པའི་ལྟ་བ་འདི་ནི་འགོག་པ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཡང་དག་པར་བསྒྲུབ་པ་ཞེས་བྱ་བ་ནི་ལམ་བཞི་པོ་མདོ་སྡེ་ལས་མངོན་པར་ཤེས་པ་བུལ་བ་དཀའ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་བུལ་བ་སླ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་བ་དཀའ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་ཡང་ཡོད་ཅེས་གསུངས་པ་དེ་དག་ཡང་དག་པ་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ལ་ཞུགས་པའི་ཕྱིར་རོ། །ལམ་བསྒྲུབ་པ་བཞི་པོ་དག་ལ་སྐུར་པ་འདེབས་པ་འདི་ཡང་འཕགས་པའི་ལམ་ལ་སྐུར་པ་འདེབས་པའི་ལོག་པའི་ལྟ་བ་ཡིན་ཏེ། ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །དེ་དག་གི་བྱེ་བྲག་བསྟན་པའི་ཕྱིར་གང་དག་ཚེ་འདི་ཉིད་ལ་བྱ་བ་ལ་སོགས་པ་གསུངས་ཏེ། གང་དག་ཅེས་བྱ་བ་ནི་དགྲ་བཅོམ་པ་དག་གོ །ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་མངོན་སུམ་གྱི་ཚེ་ཉིད་ལའོ། །རང་གི་མངོན་པར་ཤེས་པས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཤེས་པའོ། །འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཞེས་བྱ་བ་ནི་ཚེ་འདི་དང༌། ཚེ་ཕྱི་མ་འམ། ཚེ་འདི་ལ་མྱོང་བར་འགྱུར་བའི་ལས་དང༌། སྐྱེས་ནས་མྱོང་བར་འགྱུར་བ་དང༌། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་སོ། །མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་མངོན་སུམ་དུ་ཤེས་པར་བྱས་ནས་ཏེ། འདི་ནི་ཤེས་པ་མངོན་སུམ་བྱ་བ་བསྟན་ཏོ། །བསྒྲུབས་ཏེ་ཞེས་བྱ་བ་ནི་ཤེས་པ་དང་ལྡན་པར་གྱུར་པ་སྟེ། འདིས་ནི་ཤེས་པའི་ཐོབ་པའི་མངོན་སུམ་དུ་བྱ་བ་བསྟན་ཏོ། །བདག་ཅག་ནི་ཞེས་བྱ་བ་ནི་ང་ཅག་ནི་ཞེས་བྱ་བའོ། །སྐྱེ་བ་ཟད་དོ་ཞེས་བྱ་བ་ནི་འདིས་ནི་སྡུག་བསྔལ་གྱི་བདེན་པ་བསྟན་ཏོ། །ཚངས་པར་སྤྱད་པ་བསྟེན་ཏོ་ཞེས་བྱ་བ་ནི་འཕགས་པའི་ལམ་སྤྱད་པ་སྟེ། འདིས་ནི་ལམ་གྱི་བདེན་
པ་བསྟན་ཏོ། །བྱ་བ་བྱས་སོ་ཞེས་བྱ་བ་ནི་ཉོན་མོངས་པ་སྤང་བ་སྟེ། འདིས་ནི་འགོག་པའི་བདེན་པ་བསྟན་ཏོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་ནི་ལས་ཀྱི་སྲིད་པ་སྟེ། འདིས་ནི་ཀུན་འབྱུང་གི་བདེན་པ་བསྟན་ཏོ། །གོ་བར་བྱེད་པ་ཞེས་བྱ་བ་ནི་ཤེས་པར་བྱེད་པ་སྟེ། ཅི་ཞིག་ཤེས་པར་བྱེད་ཅེ་ན། བདག་ཅག་ནི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་དེ་དག་ཤེས་པར་བྱེད་དོ། །དེ་ལྟར་ན་བདག་ནི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པ་འདིས་ནི་དགྲ་བཅོམ་པ་རྣམས་ཀྱི་ཟད་པ་དང་མི་སྐྱེ་བ་ཤེས་པ་བསྟན་ཏོ། །དེ་ལྟར་དགྲ་བཅོམ་པ་རྣམས་ཀྱི་ཤེས་པ་དང༌། མཐོང་བ་ལ་སྐུར་པ་འདེབས་པའི་ལོག་པའི་ལྟ་བ་འདི་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །དེའི་ཀུན་ནས་སློང་བ་ནི་བྱེ་བྲག་པའི་གཞུང་ལས་རྟོག་གེ་དང༌། སྙོམས་པར་འཇུག་པ་གཉིས་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དོ། །དེ་ལ་རེ་ཞིག་རྟོག་གེ་པ་དག་གིས་ནི་དངོས་པོ་རྣམས་རྟག་པ་དང༌། བརྟན་པ་དང༌། གཡུང་དྲུང་དང༌། མི་འགྱུར་བ་དང༌། རྒ་ཤི་མེད་པ་དང༌། རྒ་ཤིས་མ་བཅོམ་པར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། དངོས་པོ་ཐམས་ཅད་རྟག་པ་དང༌། བརྟན་པ་དང༌། གཡུང་དྲུང་དང༌། མི་འགྱུར་བ་དང༌། རྒ་ཤི་མེད་པ་དང༌། རྒ་ཤིས་མ་བཅོམ་པའི་ཡིན་ནོ་སྙམ་ནས་དེའི་ཕྱིར་འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་བསྒྲུབ་པ་གང་དག་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང༌། འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱས་ནས་བསྒྲུབ་ཏེ། བདག་ཅག་ནི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་པ་དག་མེད་དོ་ཤེས་སོ་ཞེས་གོ་བར་བྱེད་པ་དག་མེད་དོ་ཞེས་དེ་དག་དེ་ལྟར་ཞིང་དེ་སྐད་སྨྲའོ། །སྙོམས་པར་འཇུག་པ་དག་གིས་ནི་སྙོམས་པར་འཇུག་པས་བསམ་གཏན་དང་པོ་ཐོབ་པ་གང་ཡིན་པ་དེ་བསམ་གཏན་གཉིས་པ་ཐོབ་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཐོབ་པ་གང་དག་ཡིན་པ་དེ་དག་གི་ཡུལ་ཉམས་སུ་མ་མྱོང་བས་དོ་བསམ་གཏན་དང་པོ་དེ་ལ་དགྲ་བཅོམ་པའི་འདུ་ཤེས་སྐྱེ་ཞིང༌།
གང་གི་ཚེ་དེ་དེ་ལས་ཡོངས་སུ་ཉམས་ནས་འདོད་པའི་ཁམས་སུ་སྐྱེ་བ་དང༌། བསམ་གཏན་དང་པོར་སྐྱེ་བ་མཐོང་བ་དེའི་ཚེ་ན། དེ་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་སྙམ་ནས་དེའི་ཚེ་འཇིག་རྟེན་དགྲ་བཅོམ་པ་ཡང་དག་པར་བསྒྲུབས་པ་གང་དག་ཚེ་འདི་ཉིད་ལ་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ། བདག་ཅག་ནི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་པ་དག་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །ཇི་ལྟར་ན་བྱིན་པ་ལ་སོགས་པ་མེད་ཅིང་དེ་དག་མེད་པ་འདི་ལ་རྒྱུ་གང་ཞེ་ན། དེའི་ཕྱིར་སྲོག་ནི་འདི་ཉིད་ལ་འཚོ་ཞིང་དེ་ཕྱིས་ཆད་པར་འགྱུར་ཞིག་པར་འགྱུར་ཏེ། ཤི་བའི་འོག་ཏུ་མི་འབྱུང་ངོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་སྲོག་དག་ནི་ཚེ་འདི་ཉིད་ལ་འཚོ་བར་འདུག་ཅིང་སྲོག་དེ་ཕྱིས་འཇུག་ཏུ་ཤེས་པའི་བདག་ཉིད་ཀྱིས་ཆད་ཅིང་ཟད་པར་འགྱུར་ལ། གཟུགས་ཀྱི་བདག་ཉིད་ཀྱིས་ཞིག་ཅིང་ཆུད་ཟ་བར་འགྱུར་ཏེ། ཤི་བའི་འོག་ཏུ་ཤེས་པའི་བདག་ཉིད་དང༌། གཟུགས་ཀྱི་བདག་ཉིད་གཉི་ག་ཆང་པར་འགྱུར་ཞིང་མི་འབྱུང་བའམ་ཡང་ན་བྱ་བས་ཆད་པར་འགྱུར་ལ། ལུས་ཀྱིས་ཞིག་པར་འགྱུར་ཏེ། ཤི་བའི་འོག་ཏུ་ཡང་སྐྱེ་བ་མི་ལེན་པས་མི་འབྱུང་བ་དེའི་ཕྱིར་བྱིན་པ་ལ་སོགས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་དེ་གང་དུ་འགྲོ་བར་འགྱུར་ཞེ་ན། དེའི་ཕྱིར་སྐྱེས་བུའི་ལུས་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཡིན་ཏེ། དེ་ནི་གང་གི་ཚེ་དུས་བྱེད་པ་ནི་དེའི་སའི་ལུས་ནི་སའི་བག་ལ་ཞ། ཆུའི་ལུས་ནི་ཆུའི། མེའི་ལུས་ནི་མེའི། རླུང་གི་ལུས་ནི་རླུང་གི་བག་ལ་ཞ་བར་འགྱུར་རོ། །དབང་པོ་རྣམས་ནི་ནམ་མཁའི་རྗེས་སུ་འགྲོ་བར་འགྱུར་རོ། །སྐྱེས་བུའི་རོ་ནི་ཁྲི་དང་ལྔའི་མི་དག་གིས་ཁྱེར་ཏེ། དུར་ཁྲོད་དུ་འགྲོ་ཞིང་བསྲེགས་ཕན་ཆད་མི་མངོན་པར་འགྱུར་རོ། །བསྲེག་བྱ་དག་ནི་ཐལ་བར་འགྱུར་རོ། །རུས་པ་དག་ནི་ཐི་བའི་མདོག་འདྲ་བར་གནས་སོ་ཞེས་བྱ་བར་སྨྲ་སྟེ། རེ་ཞིག་བདག་ནི་ཆད་པར་འགྱུར་ན་སྐྱེས་བུའི་ལུས་འདི་གར་འགྲོ་ཞེ་ན། སྐྱེས་བུའི་ལུས་འབྱུང་བ་ཆེན་པོ་བཞི་ལས་འདུས་བྱས་
པ་གང་ཡིན་པ་དེ་ནི་འཆི་བའི་དུས་ནི་འབྱུང་བ་ཆེན་པོ་བཞི་པོའི་བག་ལ་ཞ་བར་འགྱུར་རོ། །མིག་ལ་སོགས་པ་དབང་པོ་རྣམས་ནི་ནམ་མཁའི་བག་ལ་ཞ་བར་འགྱུར་ཏེ། དབང་པོ་སྣང་བའི་རང་བཞིན་རྣམས་རྟེན་གྱི་འབྱུང་བ་ཆེན་པོ་དང་བྲལ་བ་ན་ནམ་མཁའི་ཁམས་གསལ་བའི་རང་བཞིན་ཅན་གྱི་རྗེས་སུ་འགྲོ་སྟེ་དཔེར་ན་ཤིང་ལྗོན་པ་རྡིབ་པ་ན་བྱ་དག་ནམ་མཁའ་ལ་འགྲོ་བ་བཞིན་ནོ། །རོ་ནི་རོ་གཞག་པའི་ཁྲི་དང་དེ་འདེགས་པའི་མི་བཞི་ཁྲི་དང་ལྔའི་མི་དག་གིས་ཁྱེར་ཏེ་དུར་ཁྲོད་དུ་མེར་བསྲེགས་ཕན་ཆད་མི་མངོན་པར་འགྱུར་རོ། །ཁྲག་དང་ཤ་ལ་སོགས་པ་བསྲེག་བྱ་དག་ནི་ཐལ་བར་འགྱུར་རོ། །བསྲེགས་པའི་ལྷག་མ་སོ་ལ་སོགས་པའི་རུས་པ་སྣུམ་བག་ཅན་དག་ནི་ཐི་བའི་མདོག་འདྲ་བར་གནས་ལ། སྣུམ་བག་མེད་པ་དག་ནི་དུང་གི་མདོ་འདྲ་བར་གནས་ཏེ། སྐྱེས་བུའི་འགྲོ་བ་ནི་དེ་ལྟ་བུ་ཡིན་ནོ། །དེ་ལྟ་བས་ན་བྱེད་པ་པོ་དང༌། ཟ་བ་པོ་དང༌། ཤེས་པ་པོའི་ལུས་ནི་འདི་ཉིད་དུ་ཞིག་སྟེ། འཇིག་རྟེན་ཕ་རོལ་དུ་མི་འགྲོ་བས། དེའི་ཕྱིར་འབྲས་བུ་ཟབ་མོ་མེད་པས། བྱིན་པ་ལ་སོགས་པ་མེད་དོ། །འོ་ན་སྦྱིན་པ་དང༌། ལེན་པ་དག་གསུམ་དག་བསྟན་ཅེ་ན། དེའི་ཕྱིར་འདི་ལྟར་ན། དེའི་ཕྱིར་འདི་ལྟར་རྨོངས་པ་ཉེ་བར་སྟན་པ་ནི་སྦྱིན་པ་ལ་མཁས་པ་ཉེ་བར་བསྟན་པ་ནི་ལེགས་སོ་ཞེས་བྱ་བ་སྨྲས་ཏེ་རྨོངས་པ་ཞེས་བྱ་བ་ནི་བླུན་པའོ། །ཉེ་བར་བསྟན་པ་ཞེས་བྱ་བ་ནི་དང་པོ་འགའ་ཞིག་གིས་སྦྱིན་པ་བྱིན་ཅིག་ཅེས་ཉེ་བར་བསྟན་པ་སྟེ། དེ་ནི་རྨོངས་པ་ཡིན་པས་དང་པོ་འགའ་ཞིག་གིས་ཉེ་བར་བསྟན་པའི་དྲིང་འཇོག་ཅིང་མི་ཕན་བཞིན་དུ་སྦྱིན་པར་བྱེད་དོ། །མཁས་པ་ཞེས་བྱ་བ་ནི་ཤེས་རབ་ཅན་ནོ། །ཉེ་བར་བསྟན་པ་ཞེས་བྱ་བ་ནི་དང་པོ་འགའ་ཞིག་གིས་ལོང་ཤིག་ཅེས་ཉེ་བར་བསྟན་པ་སྟེ། དེ་ནི་མཁས་པ་ཡིན་པས་དང་པོ་འགའ་ཞི་གིས་ཉེ་བར་བསྟན་པ་རྗེས་སུ་འབྲང་ཞིང་འཕྲལ་གྱི་ཐོབ་རྒྱལ་གྱིས་ཟུག་ཟུག་ཏུ་ལེན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་ཡོད་པར་སྨྲ་བ་དག་གིས་འཇིག་རྟེན་ཕ་རོལ་ལ་སོགས་པ་མ་བསྟན་ནམ་ཞེ་ན། དེ་ལ་གང་དག་ཡོད་པར་སྨྲ་བ་དེ་དག་ཐམས་ཅད་ནི་གསོབ་གསོག་བརྫུན་དུ་སྨྲ་བ་དག་ཡིན་ནོ་ཞེས་བྱ་བར་སྨྲས་ཏེ། ཡོད་པར་སྨྲ་བ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ལ་སོགས་པ་ཡོད་པར་སྨྲའོ། །གསོབ་
ཅེས་བྱ་བ་ནི་བརྗོད་པར་བྱ་བས་སྟོང་པའི་ཕྱིར་རོ། །གསོག་ཅེས་བྱ་བ་ནི་དགོས་པའི་སྙིང་པོ་མེད་པའི་ཕྱིར་རོ། །བརྫུན་ཞེས་བྱ་བ་ནི་ལོག་པར་འདུ་ཤེས་པའི་ཕྱིར་རོ། །འོ་ན་དེ་ལྟར་མཛངས་ངན་ལ་སོགས་པ་མེད་དམ་ཞེ་ན། དེའི་ཕྱིར་འདི་ལྟར་བྱིས་པ་དང་མཁས་པ་དེ་ཉིད་ནི་ཕྱིས་ཆད་པར་འགྱུར་ཞིག་པར་འགྱུར་ཏེ། ཤི་བའི་འོག་ཏུ་མི་འབྱུང་ངོ་ཞེས་བྱ་བ་སྨྲས་ཏེ། ཆད་པར་འགྱུར་ཞེས་བྱ་བ་ནི་བར་མ་དོའི་སྲིད་པ་ལ་གནས་པའོ། །ཞིག་པར་འགྱུར་ཞེས་བྱ་བ་ནི་དུས་སྔ་མའི་སྲིད་པ་ལ་གནས་པའོ། །མི་འབྱུང་ཞེས་བྱ་བ་ནི་སྐྱེ་བའི་སྲིད་པ་ལ་གནས་པའོ། །དེ་ལྟར་ལྟ་བ་འདི་དག་ནི་ཆད་པར་ལྟ་བའི་ལོག་པའི་ངོ་བོ་ཉིད་ཡིན་ཏེ་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་བའི་གཞུང་ལས་མུ་སྟེགས་ཅན་ཆད་པར་སྨྲ་བ་ལྟ་བ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དོ། །དེ་དག་ཡང་འབྱུང་བའི་སྲིད་པ་ནི་མེད་དེ། མངལ་ན་གནས་པའི་སྐྱེ་བའི་དངོས་པོ་ཡིན། འཆི་བ་ནི་སྐྱེ་བའི་ཐ་མ་ཡིན་པར་ལྟ་བས་དེ་དག་ལ་ཡང་འབྱུང་བའི་སྲིད་པར་ཕན་པར་བྱེད་པའི་སེམས་བརྟས་པར་མི་བྱེད་ཅིང༌། སེམས་ཅན་རྣམས་ཀྱི་ཚེ་ཕྱི་མ་མེད་པར་སེམས་པས་དེའི་ཕྱིར་སྲོག་ནི་འདི་ཉིད་ལ་འཚོ་ཞིང༌། དེ་ཕྱིས་ཆད་པར་འགྱུར་ཞིག་པར་འགྱུར་ཏེ། ཤི་བའི་འོག་ཏུ་མི་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །ལམ་གོལ་བར་ཞུགས་པ་ཞེས་བྱ་བ་ནི་ཡང་དག་པའི་ཤེས་པ་སྤངས་པར་གྱུར་པའོ། །ལམ་ངན་པ་ལེགས་པར་སྒྲུབ་ཅེས་བྱ་བ་ནི་ལམ་ལོག་པ་ལུས་དང་ངག་གཉིས་ཀྱི་རྗེས་སུ་སྒྲུབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་དེར་སོང་ནས་འཇིགས་པ་དང་ཕྲད་པར་འགྱུར་བས་ལམ་དེ་སྔ་ནས་སྤང་བར་བྱ་དགོས་པ་བཞིན་དུའོ། །བློ་ངན་ཞེས་བྱ་བ་ནི་ཤེས་པ་སྟེ་ནང་གི་དེ་ཁོ་ན་ཉིད་ཀྱིས་སོ། །ལོག་པར་སྟོན་བྱེད་པ་ཞེས་བྱ་བ་ནི་ཚིག་གིས་ཏེ། གཞན་ལ་སྟོན་པས་སོ། །དམན་པ་ཞེས་བྱ་བ་ནི་བྱིས་པའོ། །སྟོན་པར་གྲགས་པ་སྟེ་ཞེས་བྱ་བ་ནི་སྟོན་པ་མ་ཡིན་པར་སྟོན་པར་གྲགས་པའོ། །གང་གི་ཞེས་བྱ་བ་ནི་སྟོན་པ་དེའི་འོ། །ཆོས་འདི་ནི་དེ་འདྲ་བ་ཞེས་བྱ་བ་ནི་མེད་པ་ཉིད་དང་ཆད་པར་ལྟ་བའོ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་བྱ་བ་ནི་ཆོས་དེ་བས་
ཆེས་དམན་པའི་ཆོས་མ་ཡིན་པ་མེད་པའི་ཕྱིར་དེའི་ཆོས་མ་ཡིན་པ་མི་སྲིད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སྨྲས་པ་ཞེས་བྱ་བ་ནི་དེ་སྐད་ཅེས་ནས་སྨྲས་སོ། །སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་ཞེས་བྱ་བ་ནི་རྫས་ཀྱིས་སྟོང་པའི་སྣོད་སོར་མོ་ལ་སོགས་པས་བརྡབས་ཏེ། སྒྲ་ཕྱུང་ན་ནང་ན་རྫས་མེད་པར་ཤེས་པ་བཞིན་དུ་སྟོན་པ་དེ་ཡང་བརྒལ་ཞིང་བརྟག་པའི་ཚིག་གིས་བརྡབས་ཏེ། རང་གི་གཞུང་ལུགས་སྨྲ་བའི་སྒྲ་བྱུང་ན་བློའི་ནང་ན་དོན་གྱི་རྗེས་མེད་པར་ཤེས་སོ་ཞེས་བྱ་བའི་ཐ་ཚིག་གོ །རྫོགས་བྱེད་ཀྱི་ལྟ་བའི་རྣམ་པ་བཤད་ཟིན་ཏོ།། །།སེམས་ཅན་རྣམས་ཀུན་ནས་ཉོན་མོངས་བར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཀུན་ནས་ཉོན་མོངས་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་འཇུག་པའི་རྒྱུ་འགོག་པར་བྱེད་དོ། །དེ་ལ་ཀུན་ནས་ཉོན་མོངས་པར་འགྱུར་བ་ལ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དུ་འགྱུར་བ་ལའོ། །རྒྱུ་མེད་ཅེས་བྱ་བ་ནི་ནང་གོམས་པ་ལ་སོགས་པའི་བྱེད་རྒྱུ་མེད་པའོ། །རྐྱེན་མེད་ཅེས་བྱ་བ་ནི་ཕ་རོལ་གྱི་དམ་པ་མ་ཡིན་པའི་ཆོས་ཉན་པ་ལ་སོགས་པའི་བྱེད་རྒྱུ་མེད་པའོ། །འཇུག་པའི་རྒྱུ་འགོག་པའི་ལོག་པའི་ལྟ་བ་འདིས་ནི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བའི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་རྒྱུ་མེད་པར་ལྟ་བ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དེ། འདི་ནི་མུ་སྟེགས་ཅན་ཁ་ཅིག་གིས་དགོན་པ་ན་འདུག་པ་དག་ཀུན་ནས་ཉོན་མོངས་པར་འགྱུར་ཞིང་གྲོང་ན་འདུག་པ་དག་རྣམ་པར་བྱང་བར་འགྱུར་བར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཀུན་ནས་ཉོན་མོངས་པར་འགྱུར་བ་རྒྱུ་དང་བཅས་པ་ཡིན་ན་གྲོང་ན་འདུག་པ་དག་ཀུན་ནས་ཉོན་མོངས་པར་འགྱུར་ཞིང༌། དགོན་པ་ན་འདུག་པ་དག་རྣམ་པར་དག་པར་འགྱུར་བའི་རིགས་ན། དེ་ལྟ་མ་ཡིན་ཏེ། ལོག་པར་སྣང་བས། དེའི་ཕྱིར་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་གྱུར་པ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཀུན་ནས་ཉོན་མོངས་པར་འགྱུར་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་རྣམ་
པར་དག་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་ལོག་པའི་རྒྱུ་འགོག་པར་བྱེད་དོ། །དེ་ལ་རྣམ་པར་དག་པར་འགྱུར་བ་ལ་ཞེས་བྱ་བ་ནི་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་བ་ལའོ། །ལོག་པའི་རྒྱུ་འགོག་པའི་ལྟ་བ་འདི་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་རྒྱུ་མེད་པར་ལྟ་བ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དེ། འདི་ན་མུ་སྟེགས་ཅན་ཁ་ཅིག་གིས་གྲོང་ན་འདུག་པ་དག་རྣམ་པར་དག་པར་འགྱུར་ཞིང་དགོན་པ་ན་འདུག་པ་དག་ཀུན་ནས་ཉོན་མོངས་པར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གལ་ཏེ་རྣམ་པར་དག་པར་འགྱུར་བ་རྒྱུ་དང་བཅས་པ་ཡིན་ན། དགོན་པ་ན་འདུག་པ་དག་རྣམ་པར་དག་པར་འགྱུར་ཞིང་གྲོང་ན་འདུག་པ་དག་ཀུན་ནས་ཉོན་མོངས་པར་འགྱུར་བའི་རིགས་ན་དེ་ལྟ་མ་ཡིན་ཏེ། ལོག་པར་སྣང་བས་དེའི་ཕྱིར་སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་རྣམ་པར་དག་པར་འགྱུར་རོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲས་སོ། །སེམས་ཅན་རྣམ་ཤེས་པ་མེད་པར་འགྱུར་བ་དང༌། མཐོང་བ་མེད་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཤེས་པ་མེད་པ་དང་མཐོང་བ་མེད་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་འཇུག་པའི་རྒྱུ་ཉིད་དུ་འདོད་པ་ཤེས་པ་མེད་པ་དང༌། མཐོང་བ་མེད་པ་རྒྱུ་ཉིད་མ་ཡིན་པར་འགོག་པར་བྱེད་དོ། །དེ་ལ་ཤེས་པ་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མི་རྟོགས་པས་སོ། །མཐོང་བ་མེད་པ་ཞེས་བྱ་བ་ནི་བྱེ་བྲག་མི་རྟོགས་པའོ། །ཤེས་པ་མེད་པ་དང༌། མཐོང་བ་མེད་པ་འཇུག་པའི་རྒྱུ་ཉིད་མ་ཡིན་པར་འགོག་པའི་ལོག་པའི་ལྟ་བ་འདི་ནི་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་འཇུག་པའི་རྒྱུ་མེད་པར་ལྟ་བ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དེ། དེ་ནི་མུ་སྟེགས་ཅན་ཁ་ཅིག་གིས་ཤེས་པ་མེད་པ་དང༌། མཐོང་བ་མེད་པར་བྱ་བའི་ཕྱིར་འགའ་ཡང་རྩོལ་བར་མི་བྱེད་ཀྱང་སེམས་ཅན་རྣམས་ཤེས་པ་མེད་པ་དང༌། མཐོང་བ་མེད་པར་འགྱུར་བར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། སེམས་ཅན་རྣམས་ཤེས་
པ་མེད་པ་དང༌། མཐོང་བ་མེད་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ་སྙམ་ནས་དེའི་ཕྱིར་སེམས་ཅན་རྣམས་ཤེས་པ་མེད་པར་འགྱུར་བ་དང༌། མཐོང་བ་མེད་པར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཤེས་པ་མེད་པ་དང༌། མཐོང་བ་མེད་པར་འགྱུར་རོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །སེམས་ཅན་ཤེས་པར་འགྱུར་བ་དང༌། མཐོང་བར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཤེས་པ་དང༌། མཐོང་བར་འགྱུར་རོ་ཞེས་བྱ་བ་འདིས་ནི་ལྡོག་པའི་རྒྱུ་ཉིད་དུ་འདོད་པ་ཤེས་པ་དང༌། མཐོང་བ་རྒྱུ་ཉིད་མ་ཡིན་པ་འགོག་པར་བྱེད་དོ། །དེ་ལ་ཤེས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་རྟོགས་པའོ། །མཐོང་བ་ཞེས་བྱ་བ་ནི་བྱེ་བྲག་རྟོགས་པའོ། །ཤེས་པ་དང་མཐོང་བ་ལྡོག་པའི་རྒྱུ་ཉིད་མ་ཡིན་པ་འགོག་པའི་ལོག་པའི་ལྟ་བ་འདི་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་ལྡོག་པའི་རྒྱུ་མེད་པར་ལྟ་བ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དེ། འདི་ན་མུ་སྟེགས་ཅན་ཁ་ཅིག་གིས་ཤེས་པ་དང་མཐོང་བར་བྱ་བའི་ཕྱིར་ཁ་ཅིག་གིས་བརྩལ་ཀྱང་སེམས་ཅན་འགས་ཀྱང་ཤེས་པ་དང་མཐོང་བ་ཐོབ་པར་མ་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། སེམས་ཅན་རྣམས་ཤེས་པ་དང་མཐོང་བར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ་སྙམ་ནས། དེའི་ཕྱིར་སེམས་ཅན་རྣམས་ཤེས་པར་འགྱུར་བ་དང༌། མཐོང་བར་འགྱུར་བ་ལ་རྒྱུ་མེད་རྐྱེན་མེད་དོ། །སེམས་ཅན་རྣམས་རྒྱུ་མེད་རྐྱེན་མེད་པར་ཤེས་པ་དང༌། མཐོང་བར་འགྱུར་རོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །སྟོབས་མེད་དོ། །བརྩོན་འགྲུས་མེད་དོ། །སྟོབས་དང་བརྩོན་འགྲུས་མེད་དོ་ཞེས་བྱ་བ་ལ་སོགས་པ་ལ་སྟོབས་ཞེས་བྱ་བ་ནི་ལུས་ཀྱི་ནུས་པའོ། །བརྩོན་འགྲུས་ཞེས་བྱ་བ་ནི་ཡིད་ཀྱི་སྤྲོ་བའོ། །དེ་གཉིས་ཀ་བསྡུས་པ་ནི་སྟོབས་དང་བརྩོན་འགྲུས་སོ། །སྐྱེས་བུའི་རྩལ་ཞེས་བྱ་བ་ནི་སྐྱེས་བུའི་ཞོ་ཤ་སྟེ་རང་གི་ནུས་པའོ། །ཕ་རོལ་གནོན་པ་ཞེས་བྱ་བ་ནི་ཐབས་ཀྱི་ནུས་པའོ། །དེ་གཉི་ག་བསྡུས་པ་ནི་སྐྱེས་བུའི་རྩལ་དང་ཕ་རོལ་གནོན་པའོ། །བདག་གི་རྩལ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ནུས་པའོ། །གཞན་གྱི་རྩལ་ཞེས་བྱ་བ་ནི་ཕ་རོལ་གྱི་ནུས་པའོ། །དེ་གཉིས་ཀ་བསྡུས་བ་ནི་བདག་གི་རྩལ་དང་གཞན་གྱི་
རྩལ་ལོ། །འདིས་ནི་རང་དང་གཞན་དང་གཉིས་ཀས་བྱས་པའི་བདེ་བ་དང་སྡུག་བསྔལ་བརྩལ་བར་ཤེས་པར་བྱའོ། །གལ་ཏེ་གཞན་གྱིས་བྱས་པ་བཀག་ན་དེ་ནས་དེ་ཉེས་པ་མེད་དོ་ཞེས་ཟེར་རོ། །རང་གི་ལས་ཀྱི་བྱ་བ་བཀག་པ་ནི་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བའི་ལོག་པའི་ལྟ་བ་ཡིན་ནོ། །སེམས་ཅན་ཞེས་བྱ་བ་ནི་ལྷ་དང་མི་སྟེ། སྙིང་སྟོབས་དང་ལྡན་པའི་ཕྱིར་རོ། །སྲོག་ཆགས་ཞེས་བྱ་བ་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ཏེ། སྲོག་ཅ་མ་འཛིན་པའི་ཕྱིར་རོ། །འབྱུང་པོ་ཞེས་བྱ་བ་ནི་ཡི་དགས་ལ་སོགས་པ་མི་སྣང་བའི་སྲོག་ཆགས་ཏེ། ཡང་དག་པའི་དོན་སྟོན་པའི་ཕྱིར་རོ། །མཐུ་མེད་ཅེས་བྱ་བ་ནི་ཡིད་ཀྱི་སྟོབས་དང་བྲལ་བའོ། །སྟོབས་མེད་ཅེས་བྱ་བ་ནི་ལུས་ཀྱི་སྟོབས་དང་བྲལ་བའོ། །དབང་པོ་མེད་ཅེས་བྱ་བ་ནི་འདོད་པའི་སྟོབས་དང་བྲལ་བའོ། །བརྩོན་འགྲུས་མེད་ཅེས་བྱ་བ་ནི་སྤྲོས་པ་དང་བྲལ་བའོ། །ཕ་རོལ་གནོན་པ་མེད་ཅེས་བྱ་བ་ནི་ཐབས་ཀྱི་སྟོབས་དང་བྲལ་བའོ། །འགྲོ་བ་མཚམས་སྦྱོར་བའི་སྲིད་པ་དག་ངེས་པར་གྱུར་རོ་ཞེས་བྱ་བ་ལ། འགྲོ་བ་མཚམས་སྦྱོར་བའི་སྲིད་པ་ཞེས་བྱ་བ་ནི་འགྲོ་བ་དྲུག་པོ་དག་འཁོར་བར་མཚམས་སྦྱོར་བའི་སྲིད་པའོ། །ངེས་པར་ཞེས་བྱ་བ་ནི་བསྟན་པ་སྟེ། ལྷ་གང་དག་ཡིན་པ་དེ་དག་ཀྱང་ལྷ་ཉིད་དུ་མཚམས་སྦྱོར་ལ། མི་གང་དག་ཡིན་པ་དེ་དག་ཀྱང་མི་ཉིད་དུ་མཚམས་སྦྱོར་བ་ལ་སེམས་པས། འགྲོ་བ་ནང་འཁྲུལ་པ་མེད་པའོ། །གྱུར་ཏོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར་དེ་ལྟར་མ་ཡིན་པའི་ཕྱིར་འབྱུང་པོ་ཐམས་ཅད་ནི་འདི་ལྟར་འགྲོ་བ་དྲུག་པོ་དག་ཏུ་བདེ་བ་དང་སྡུག་བསྔལ་སོ་སོར་མྱོང་བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ནང་འཁྲུལ་པ་མེད་པར་སོ་སོར་འཁོར་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟ་མ་ཡིན་གྱི་འགྲོ་བ་ནི་དྲུག་པ་ཡིན་ནོ། །དེ་དག་གིས་ནི་ཆོས་ཐམས་ཅད་ཀྱི་ནུས་པ་འགོག་པར་བྱེད་དོ། །དེ་ལ་བདེ་བ་ཞེས་བྱ་བ་ནི་བདེ་བའི་ཚོར་བའོ། །སྡུག་བསྔལ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོར་བའོ། །སོ་སོར་མྱོང་བར་འགྱུར་རོ་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་འགྱུར་རོ། །དེ་དག་གང་དུ་ངེས་པར་འགྱུར་ཞེ་ན། དེའི་ཕྱིར་འདི་ལྟར་འགྲོ་བ་ནི་དྲུག་པོ་དག་ཏུ་ཞེས་བྱ་བ་སྨྲས་སོ། །བྱེ་བྲག་ཏུ་སྨྲ་བའི་
གཞུང་ལས་ནི་རིགས་བཙུན་པ་དྲུག་པོ་དག་ཅེས་འབྱུང་སྟེ། དེ་ལ་རིགས་བཙུན་པ་དྲུག་ནི་ནག་པོའི་རིགས་བཙུན་པ་ནི་ཤན་པ་སོགས་པའོ། །སྔོན་པོའི་རིགས་བཙུན་པ་ནི་རབ་ཏུ་བྱུང་བ་གཅེར་བུ་པ་དག་གོ །སེར་པོའི་རིགས་བཙུན་པ་ནི་རབ་ཏུ་བྱུང་བ་ཀུན་དུ་འཚོ་ཞེས་བྱ་བ་དག་གོ ། དམར་པོའི་རིགས་བཙུན་པ་ནི་ཤཱཀྱའི་སྲས་ཀྱི་དགེ་སློང་དག་གོ །དཀར་པོའི་རིགས་བཙུན་པ་ནི་ཀུན་དུ་འཚོ་བའི་ཉན་ཐོས་ཁྱིམ་པ་དག་གོ །མཆོག་ཏུ་དཀར་བའི་རིགས་བཙུན་བ་ནི་ནནད་དང༌། བཏྶ་དང༌། ཀྲི་ཀི་དང༌། སདྐྲི་ཀི་དང༌། གནག་ལྷས་ཀྱི་བུ་ཀུན་དུ་རྒྱུ་ཞེས་བྱ་བ་དག་གོ །དེ་ལྟར་ན་སེམས་ཅན་དེ་དག་ནི་རིགས་བཙུན་པ་དྲུག་པོ་དེ་དག་ཏུ་བདེ་བ་དང་སྡུག་བསྔལ་སོ་སོར་མྱོང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་འདིས་ནི་ཟག་པའི་སྟོབས་དང་བརྩོན་འགྲུས་བཀག་སྟེ། དེའི་ཕྱིར་ལོག་པའི་ལྟ་བ་འདི་ནི་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཟག་པ་མེད་པའི་སྟོབས་དང༌། བརྩོན་འགྲུས་འགོག་པར་བྱེད་པའི་ལོག་པའི་ལྟ་བ་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་ཆོས་ཐམས་ཅད་ཀྱི་ནུས་པ་འགོག་པར་བྱེད་པ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དེ། འདི་ན་མུ་སྟེགས་ཅན་དེ་དག་གིས་ཁ་ཅིག་ལོངས་སྤྱོད་ཀྱི་དབང་ཕྱུག་སྒྲུབ་པའི་ཕྱིར་རྩོལ་བ་ཆེན་པོ་བྱེད་ཀྱང་དེ་དག་གིས་མི་འགྲུབ་ལ། ཁ་ཅིག་རྩོལ་བ་མི་བྱེད་པས་ཀྱང་ལོངས་སྤྱོད་ཀྱི་དབང་ཕྱུག་འགྲུབ་པར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། སྟོབས་མེད་དོ། །བརྩོན་འགྲུས་མེད་དོ། །སྟོབས་དང་བརྩོན་འགྲུས་མེད་དོ། །སྐྱེས་བུའི་རྩལ་མེད་དོ། །ཕ་རོལ་གནོན་པ་མེད་དོ། །སྐྱེས་བུའི་རྩལ་དང་ཕ་རོལ་གནོན་པ་མེད་དོ། །བདག་གི་རྩལ་མེད་དོ། །གཞན་གྱི་རྩལ་མེད་དོ། །བདག་གི་རྩལ་དང་གཞན་གྱི་རྩལ་མེད་དོ། །སེམས་ཅན་ཐམས་ཅད་དང༌། སྲོག་ཆགས་ཐམས་ཅད་དང༌། འབྱུང་པོ་ཐམས་ཅད་མཐུ་མེད་དོ། །སྟོབས་མེད། །དབང་མེད། བརྩོན་འགྲུས་མེད། ཕ་རོལ་གནོན་པ་མེད་དོ། །འགྲོ་བ་མཚམས་སྦྱོར་བའི་སྲིད་པ་དག་ངེས་པར་གྱུར་ཏོ། །འདི་ལྟར་འགྲོ་བ་དྲུག་པོ་དག་ཏུ་བདེ་བ་དང༌། སྡུག་བསྔལ་སོ་སོར་མྱོང་བར་འགྱུར་རོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེའི་ཕྱིར་མུ་
སྟེགས་ཅན་དག །གང་གིས་ཚེར་མ་རྣོན་པར་བྱས། །བྱ་དང་རི་དགས་གང་གིས་བྲིས། །འབྱུང་བ་འདི་ཀུན་རྒྱུ་མེད་དེ། །འཇིག་རྟེན་དབང་མེད་འདོད་བྱེད་མིན། །ཞེས་ཟེར་རོ། །ཆོས་འདི་དེ་འདྲ་བ་ཞེས་བྱ་བ་ནི་རྒྱུ་ལ་སྐུར་པ་འདེབས་པ་དང༌། ལམ་ལ་སྐུར་པ་འདེབས་པ་དང༌། ཐར་པ་ལ་སྐུར་པ་འདེབས་པ་ཞེས་བྱ་བའི་ཐ་ཚིག་གོ །ཀུན་དུ་རྒྱུ་བའི་ལྟ་བའི་རྣམ་པ་བཤད་ཟིན་ཏོ།། །།བམ་པོ་གསུམ་པ། བྱེད་པ་དང་བྱེད་དུ་འཇུག་པ་ཞེས་བྱ་བ་ལ་སོགས་པ་ལ་བྱེད་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་བདག་གིས་བྱེད་པའོ། །བྱེད་དུ་འཇུག་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་གཞན་བྱེད་དུ་འཇུག་པ་སྟེ། དེ་ལ་གཞི་དེ་ལས་སྡིག་པ་ཡང་མེད། གཞི་དེ་ལས་སྡིག་པར་འགྱུར་བ་ཡང་མེད་དོ་ཞེས་འོག་ནས་འབྱུང་བའི་བྱེད་པའི་ཚིག་དེ་དང་སྦྱར་བར་བྱ་སྟེ། སོགས་པ་མེད་པའི་ཕྱིར་སྡིག་པ་མེད་ལ། སྡིག་པ་སྐྱེ་བ་མེད་པའི་ཕྱིར་སྡིག་པར་འགྱུར་བ་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །གཅོད་པ་དང་གཅོད་དུ་འཇུག་པ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཅོད་པ་དང་གཅོད་དུ་འཇུག་པ་ཞེས་བྱ་བ་ནི་ལག་པ་དང༌། ཤིང་ལྗོན་པ་ལ་སོགས་པའོ། །སྲེག་པ་དང་སྲེག་ཏུ་འཇུག་པ་ཞེས་བྱ་བ་ནི་སེམས་སོ། །རྡེག་པ་དང་རྡེག་ཏུ་འཇུག་པ་ཞེས་བྱ་བ་ནི་དབྱུག་པ་ལ་སོགས་པས་སོ། །སྲོག་ཆགས་ལ་འཚེ་བ་ཞེས་བྱ་བ་ནི་དུག་ལ་སོགས་པས་གསོད་པར་བྱེད་པའོ། །མ་སྦྱིན་པར་ལེན་པ་ཞེས་བྱ་བ་ནི་རྐུ་སེམས་ཀྱིས་ལེན་པའོ། །འདོད་པ་དག་ལ་ལོག་པར་སྤྱོད་པ་ཞེས་བྱ་བ་ནི་འདོད་པ་དག་ལ་ལོག་པར་གཡེམ་པའོ། །ཤེས་བཞིན་དུ་བརྫུན་སྨྲ་བ་ཞེས་བྱ་བ་ནི་བློ་སྔོན་དུ་བཏང་སྟེ་བརྫུན་སྨྲ་བའོ། །མྱོས་པར་འགྱུར་བའི་བཏུང་བ་འཐུང་བ་ཞེས་བྱ་བ་ནི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་འཐུང་བའོ། །ཁྱིམ་འབིགས་པ་ཞེས་བྱ་བ་ནི་ཁྱིམ་དང་ར་བ་ལ་སོགས་པའི་རྩིགས་པ་འབིགས་པའོ། །མདུད་པ་འགྲོལ་བ་ཞེས་བྱ་བ་ནི་ཤིང་ཐགས་ལ་སོགས་པའི་སྒོ་འབྱེད་པ་དང༌། སྤྲོག་མ་ལ་སོགས་པ་འབྱེད་པའོ། །རིལ་གྱིས་འཕྲོག་པ་ཞེས་བྱ་བ་ནི་མ་ལུས་པར་འཕྲོག་པའོ། །ལམ་འགོག་ཅིང་འདུག་པ་ཞེས་བྱ་བ་ནི་གགས་བྱེད་པའམ། ལམ་གོལ་བར་སོང་བར་
འཇོམས་པའོ། །གྲོང་འཇོམས་པར་བྱེད་པ་ཞེས་བྱ་བ་ནི་ཟོད་བཀྲམ་པ་མེད་པའི་གནས་འཇོམས་པར་བྱེད་པའོ། །གྲོང་ཁྱེར་འཇོམས་པར་བྱེད་པ་ཞེས་བྱ་བ་ནི་ཟོང་བཀྲམ་པ་ཡོད་པའི་གནས་འཇོམས་པར་བྱེད་པའོ། །ཡུལ་འཇོམས་པར་བྱེད་པ་ཞེས་བྱ་བ་ནི་ཡུལ་མ་རུང་བར་བྱེད་པའོ། །འཁོར་ལོའི་སྤུ་གྲི་ལས་བྱས་པས་ཞེས་བྱ་བ་ནི་སྤུ་གྲིའི་སོ་དང་འདྲ་བར་རྣོན་པོས་ཞེས་བྱ་བའི་ཐ་ཚིག་གོ །གཅོད་པ་ཞེས་བྱ་བ་ནི་ཐད་ཀར་གཅོད་པའོ། །འཆེག་པ་ཞེས་བྱ་བ་ནི་ཚལ་པ་གཉིས་སུ་འཆེག་པའོ། །བརྡུང་བ་ཞེས་བྱ་བ་ནི་ཏིལ་བཞིན་དུ་ཕྱེ་མར་བརྡུང་བའོ། །འདྲལ་བ་ཞེས་བྱ་བ་ནི་གཞོག་པའོ། །ཐང་མ་ཞེས་བྱ་བ་ནི་བཀྲམ་པའི་ཕུང་པོའོ། །ཚོགས་ཞེས་བྱ་བ་ནི་བཤིགས་པའི་ཕུང་པོའོ། །བུངས་ཞེས་བྱ་བ་ནི་ཚོམས་དག་གི་ཕུང་པོའོ། །ཕུང་པོ་ཞེས་བྱ་བ་ནི་ཟླུམ་པོ་ལས་གཞན་པའི་ཚོམས་སོ། །ཆུ་ཀླུང་གང་གཱའི་ལྷོ་ནས་ཞེས་བྱ་བ་ནི་ཆུ་ཀླུང་གང་གཱ་དང་ཉེ་བའི་ལྷོའི་ངོས་ནས་ཞེས་བྱ་བའི་ཐ་ཚིག་གོ །བྱང་ནས་ཞེས་བྱ་བ་ཡང་ཆུ་ཀླུང་གང་གཱ་དང་ཉེ་བའི་བྱང་གི་ངོས་ནས་སོ། །སྦྱིན་པ་ཞེས་བྱ་བ་ནི་རྫས་གཏོང་བའོ། །མཆོད་སྦྱིན་ཞེས་བྱ་བ་ནི་རྟ་བསང་གི་མཆོད་སྦྱིན་ལ་སོགས་པ་བྱེད་པའོ། །དུལ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཏོ། །ཡང་དག་པར་སྡོམ་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་སོ། །དོན་སྤྱོད་པ་ཞེས་བྱ་བ་ནི་གཞན་ལ་ཕན་འདོགས་པར་བྱེད་པའོ། །དོན་མཐུན་པ་ཞེས་བྱ་བ་ནི་འབྲས་བུ་མཐུན་པ་ཉིད་ཀྱིས་སོ། །དེ་ལྟར་བྱེད་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་དེ་སྦྱིན་པ་ལ་སོགས་པ་བྱེད་པ་ཡང་བསོད་ནམས་མི་བྱེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་འདི་ནི་ཀུན་འབྱུང་བ་དང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་དག་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དོ། །དེ་དག་འདི་སྐད་ཅེས་ཆུ་ཀླུང་གང་གཱའི་དོགས་གཉིས་ནས་ལྷའི་གནས་ནས་གནོད་སྦྱིན་གྱི་གནས་ན་ཡོད་པས་ཆུ་ཀླུང་གང་གཱའི་ལྷོ་ནས་ཀུན་དུ་གཅོད་པར་བྱེད། ཀུན་དུ་འཆེག་པར་བྱེད་ཀུན་དུ་རྡུང་བར་བྱེད། ཀུན་དུ་འདྲལ་བར་བྱེད་ཅིང་འགྲོ་བ་ནི་གནོད་སྦྱིན་གྱིས་བྱེད་དུ་བཅུག་པ་ཡིན་པས་གཞི་དེ་ལས་
སྡིག་པ་དང་སྡིག་པར་འགྱུར་བ་ཡང་མེད་དོ། །ཆུ་ཀླུང་གང་གཱའི་བྱང་ནས་སྦྱིན་པ་བྱེད། མཆོད་སྦྱིན་བྱེད་ཅིང་འགྲོ་བ་ནི་ལྷས་བྱེད་དུ་བཅུག་པ་ཡིན་པས་གཞི་དེ་ལས་བསོད་ནམས་དང༌། བསོད་ནམས་སུ་གྱུར་པ་ཡང་མེད་དོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེ་ཆོས་འདི་འདྲ་བ་ཞེས་བྱ་བ་ནི་བསོད་ནམས་དང་སྡིག་པ་མེད་པ་དང༌། རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་ཞེས་བྱ་བའི་ཐ་ཚིག་གོ །ཡང་དག་པར་རྒྱལ་བ་ཅན་གྱི་ལྟ་བའི་རྣམ་པར་བཤད་ཟིན་ཏོ།། །།ལུས་བདུན་པོ་ཞེས་བྱ་བ་ནི་ཆ་བདུན་པོ་འམ་དངོས་པོ་བདུན་པོ་སྟེ། ཡོད་པའི་སྒྲར་བརྗོད་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །མ་བྱས་པ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པ་འབྱིན་པ་པོ་རང་གིས་མ་བྱས་པའོ། །བྱས་པས་མ་བྱས་པ་ཞེས་བྱ་བ་ནི་ཚངས་པ་པས་བྱས་པའི་སྐྱེ་དགུའི་བདག་པོ་ལ་སོགས་པས་མ་བྱས་པའོ། །མ་སྤྲུལ་པ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པས་རྒྱུ་མེད་པར་འདོད་པའི་དབང་གིས་མ་བླངས་པའོ། །སྤྲུལ་པས་མ་བྱས་པ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པས་སྤྲུལ་པའི་སྐྱེ་དགུའི་བདག་པོ་ལ་སོགས་པས་རྒྱུ་མེད་པར་འདོད་པའི་དབང་གིས་མ་བླངས་པའོ། །གནོད་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་བསྣུན་པར་མི་ནུས་པའོ། །ཇི་ལྟར་ཞེ་ན་དེའི་ཕྱིར་ཐེར་ཐུག་ཏུ་གནས་པ་ཞེས་བྱ་བ་གསུངས་ཏེ། ངོ་བོ་ཉིད་གཅིག་ཏུ་གནས་པ་བསྟན་པའི་ཕྱིར་གནོད་པར་བྱ་བ་མ་ཡིན་ཞེ་བྱ་བའི་ཐ་ཚིག་གོ །ཀ་བ་བཞིན་དུ་གནས་པ་ཞེས་བྱ་བ་ནི་ཀ་བའི་རྣམ་པ་ལྟར་མི་འགྱུར་བའོ། །སྲོག་གསོན་པ་ཉིད་ཅེས་བྱ་བ་ནི་ནང་གི་སྐྱེས་བུ་སྲོག་གི་རང་བཞིན་དུ་གསོན་པའོ། །བསོད་ནམས་སུ་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་ཕན་འདོགས་པའི་སྒོ་ནས་བསོད་ནམས་སུ་འགྱུར་བའི་ཕྱིར་རོ། །སྡིག་པར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་གནོད་པ་མེད་པའི་སྒོ་ནས་སྡིག་པར་འགྱུར་བའི་ཕྱིར་རོ། །བསོད་ནམས་དང་སྡིག་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཕན་འདོགས་པ་དང་གནོད་པ་བྱེད་པའི་སྒོ་ནས་གཉིས་ཀར་འགྱུར་བའི་ཕྱིར་རོ། །གཡོ་བར་མི་བྱེད་ཅེས་བྱ་བ་ནི་འགུལ་བར་མི་བྱེད་པའོ། །རྣམ་པར་འགྱུར་བར་མི་བྱེད་ཅེས་བྱ་བ་ནི་གཞན་དུ་འགྱུར་བར་མི་བྱེད་པའོ། །གཅིག་ལ་གཅིག་གནོད་པར་མི་བྱེད་ཅེས་བྱ་བ་ནི་ཕན་ཚུན་གནོད་པར་མི་བྱེད་པའོ། །འོ་ན་བརྡེགས་པ་ལ་སོགས་
པས་རྣམ་པར་འགྱུར་བ་སྣང་ངོ་སྙམ་དུ་དོགས་པའི་ཕྱིར་སྐྱེས་བུ་གང་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གཡོ་བ་ཞེས་བྱ་བ་ནི་མི་ལ་སོགས་པ་སེམས་པ་དང་བཅས་པའོ། །གནས་པ་ཞེས་བྱ་བ་ནི་ཤིང་ལྗོན་པ་ལ་སོགས་པ་སེམས་པ་མེད་པའོ། །ཇི་ལྟར་ན་སྐྱེས་བུས་སྐྱེས་བུའི་མགོ་གཅོད་པར་བྱེད་པས་འཇིག་རྟེན་ན་གཡོ་བ་འམ་གནས་པ་ལ་གནོད་པ་ཅུང་ཟད་ཀྱང་མི་བྱེད་ཅེ་ན། དེའི་ཕྱིར་ལུས་བདུན་པོ་དག་ལ་བར་མེད་པར་མཚོན་ཐལ་བྱུང་དུ་འགྲོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བར་མེད་པར་ཞེས་བྱ་བ་ནི་བུ་གུ་མེད་པར་རོ། །གང་གི་ཕྱིར་ལུས་བདུན་པོ་རྟག་པ་དག་ལ་བར་མ་བྱས་བ་ཉིད་དུ་མགོ་གཅོད་པར་བྱེད་པའི་མཚོན་ཏེ་ཐལ་བྱུང་དུ་འགྲོ་བ་དང༌། གང་གི་ཕྱིར་དེ་ལ་གནས་པའི་སྲོག་ཆགས་གནོད་པ་བྱར་མི་ནུས་ཏེ། དུས་ངེས་པ་ཡིན་པ་དེའི་ཕྱིར་གནོད་པ་ཅུང་ཟད་ཀྱང་མི་བྱེད་དོ། །དེ་ལྟར་གནོད་པ་མེད་ན་ལུས་རྣམ་པ་བདུན་པོ་དེ་དག་ལ་གནོད་པར་བྱེད་པ་ཡང་མེད་པར་བསྟན་པའི་ཕྱིར་དེ་ལ་གསོད་པར་བྱེད་པའམ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གསོད་པར་བྱེད་པས་ཞེས་བྱ་བ་ནི་རང་གི་ལག་པས་སོ། །གསོད་དུ་བཅུག་པ་ཞེས་བྱ་བ་ནི་གཞན་གྱི་ལག་པས་སོ། །སྐུལ་བར་བྱེད་པ་ཞེས་བྱ་བ་ནི་བསྐུལ་བས་བརྡེགས་པ་ལ་སོགས་པ་ལ་འཇུག་པའོ། །བསྐུལ་དུ་བཅུག་པ་ཞེས་བྱ་བ་ནི་གཞན་གྱིས་སོ། །དྲན་པར་བྱེད་པ་ཞེས་བྱ་བ་ནི་བསོད་ནམས་བྱ་བའམ། སྡིག་པ་བྱ་བ་རང་ཉིད་ཀྱིས་མི་བརྗེད་པར་བྱེད་པའོ། །དྲན་པར་བྱེད་དུ་བཅུག་པ་ཞེས་བྱ་བ་ནི་གཞན་གྱིས་སོ། །རྣམ་པར་རིག་པར་བྱེད་པ་ཞེས་བྱ་བ་ནི་རང་ཉིད་སྨྲ་བའོ། །རྣམ་པར་རིག་པར་བྱེད་དུ་བཅུག་པ་ཞེས་བྱ་བ་ནི་གཞན་གྱིས་སོ། །དེ་ལྟར་དེ་དག་ནི་མཐར་འཛིན་པའི་ལྟ་བ་རྟག་པར་ལྟ་བས་བསྡུས་པ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་དག་གིས་འབྱུང་བ་ཆེན་པོའི་རྒྱུ་དང༌། བདེ་བ་དང༌། སྡུག་བསྔལ་གྱི་རྒྱུ་ལ་རག་ལས་པ་དང༌། རྐྱེན་ལ་རག་ལས་པ་དང༌། བྱེད་རྒྱུ་ལ་རག་ལས་པ་དང༌། གཞན་དང་གཞན་མ་ཡིན་པ་མ་དམིགས་ཤིང༌། རྣམ་པར་ཤེས་པ་སྲོག་གི་འདུ་ཤེས་ཅན་རྣམས་ལ་ལྟ་བའི་རྣམ་པ་འདི་འབྱུང་བར་བརྗོད་དེ། སྐྱེ་ནས་གཙོ་བོ་དང་ལན་པ་ཁྲི་བཞི་སྟོང་ཞེས་བྱ་བ་ནི་གནས་ཀྱི་གཙོ་
བོ་དག་སྟེ། ཇི་ལྟར་བདག་ཅག་གི་སྐྱེ་གནས་གཙོ་བོ་སྒོ་ང་ལས་སྐྱེ་བ་ལ་སོགས་པ་བཞི་པོ་དག་ཏུ་སེམས་ཅན་སྐྱེ་བར་གྱུར་པ་དེ་བཞིན་དུ་མུ་སྟེགས་ཅན་རྣམས་ཀྱི་སྐྱེ་གནས་གཙོ་བོ་དང་པ་དང༌། ཁུ་བྱུང་དང༌། ཁྲུང་ཁྲུང་ལ་སོགས་པ་སྐྱེ་གནས་ནས་སྐྱེ་བ་ཁྲི་བཞི་སྟོང་འདོད་དེ། སེམས་ཅན་རེ་རེས་ཀྱང་དེ་དག་ཏུ་སྐྱེ་བར་བྱ་དགོས་སོ་ཞེས་ཟེར་རོ། །རྟོག་པ་ཆེན་པོ་དྲུག་ཁྲི་དང་དྲུག་བརྒྱ་ཞེས་བྱ་བ་ནི་ལྟ་བའི་རྣམ་པ་གཙོ་བོ་དྲུག་ཁྲི་དང་དྲུག་བརྒྱ་སྟེ། སེམས་ཅན་རེ་རེས་ཀྱང་དེ་དག་སྐྱེ་བར་བྱ་དགོས་སོ། །ལྟ་བའི་རྣམ་པ་ལ་རྟོག་པ་ཞེས་བྱ་སྟེ། ལོག་པར་རྟོག་པའི་ཕྱིར་རོ། །ལས་ལྔ་ཞེས་བྱ་བ་ནི་སྐྱེ་གནས་གཙོ་བོ་དེ་དག་ཐོབ་པར་བྱེད་པའི་ལས་ལྔའོ། །བྲམ་ཟེ་གསོད་པ་དང༌། བ་ལང་གསོད་པ་དང༌། གསེར་རྐུ་བ་དང༌། བླ་མའི་ཆུང་མའི་གནས་སུ་འགྲོ་བ་དང༌། ཆང་འཐུང་བ་སྡིག་ཏོ་ཆེན་པོ་ལྔ་པོ་དག་གོ །གཞན་ཡང་དེ་དག་གི་ལས་ལྔ་སྟེ། འདེགས་པ་དང༌། འཇོག་པ་དང༌། བརྐྱང་བ་དང༌། བསྐུམ་པ་དང༌། འགྲོ་བའོ། །ལས་གསུམ་པོ་ཞེས་བྱ་བ་ནི་ལུས་དང༌། དག་དང༌། ཡིད་ཀྱི་ཉེས་པ་དག་གོ །ལས་གཉིས་ཞེས་བྱ་བ་ནི་རང་གིས་བྱས་པ་དང༌། གཞན་གྱིས་བྱས་པའོ། །གཞན་ཡང་ལས་གཉིས་ཏེ། སེམས་པའི་ལས་དང་བསམས་པའི་ལས་སོ། །ལས་དང་ལས་ཕྱེད་ཅེས་བྱ་བ་ནི་ཇི་ལྟར་བདག་ཅག་གི་ལས་གཉིས་པའོ། །རིས་མཐུན་པའི་ འཕེན ་པའི་ལས་དང༌། རིས་མཐུན་པ་རྫོགས་པར་བྱེད་པའི་ལས་གཉིས་དང་འདྲ་བར་དེ་དག་གིས་ལས་གཉིས་ཏེ། ཟུང་དང་ཟུང་མ་ཡིན་པའོ། །དེ་ལ་ཟུང་ནི་བསམ་པ་དང༌། བྱས་པ་གང་ཡིན་པ་སྟེ་དེ་ནི་ལས་སོ། །ཟུང་མ་ཡིན་པ་ནི་བསམ་པ་ཉིད་ཡིན་ལ། མ་བྱས་པ་གང་ཡིན་པ་སྟེ། དེ་ནི་ལས་ཕྱེད་ཡིན་ནོ། །ཡང་སྡིག་ཏོའི་ལས་དང༌། སྡིག་ཏོ་དང་ཉེ་བའི་ལས་ཏེ་དེ་ལ་སྡིག་ཏོའི་ལས་ནི་འདི་ལྟ་སྟེ། བྲམ་ཟེ་གསོད་པ་དང༌། བ་ལང་གསོད་པ་དང༌། གསེར་རྐུ་བ་དང༌། བླ་མའི་ཆུང་མའི་གན་དུ་འགྲོ་བ་དང༌། ཆང་འཐུང་བ་སྟེ་དེ་ནི་ལས་ཡིན་ནོ། །སྡིག་ཏོ་དང་ཉེ་བའི་ལས་ནི་དེ་ལས་གཞན་པ་དག་སྟེ། དེ་ནི་སྔོན་ལས་ཕྱེད་ཡིན་ནོ། །ལམ་དྲུག་ཅུ་རྩ་གཉིས་ཞེས་བྱ་བ་ནི་ཇི་ལྟར་བདག་
ཅག་གི་རྣམ་པར་དག་པའི་ལམ་བཞི་པོ་མངོན་པར་ཤེས་པ་བུལ་བ་དཀའ་བའི་ལམ་དང༌། མངོན་པར་ཤེས་པ་མྱུར་བ་དཀའ་བའི་ལམ་དང༌། མངོན་པར་ཤེས་པ་བུལ་བ་སླ་བའི་ལམ་དང༌། མངོན་པར་ཤེས་པ་མྱུར་བ་སླ་བའི་ལམ་དང་འདྲ་བར་དེ་དག་གིས་རྣམ་པར་དག་པའི་ལམ་དྲུག་ཅུ་རྩ་གཉིས་ཏེ་ཟན་མི་ཟ་བ་དང༌། མེར་འཇུག་པ་དང༌། རི་ལས་མཆོང་བ་དང༌། ཆུར་འཇུག་པ་དང༌། རལ་བ་ཐོགས་པ་དང༌། ཐལ་བས་སྐུད་པ་དང༌། གཡང་གཞི་ཐོགས་པ་དང༌། དབྱུང་པ་ལ་སོགས་པ་མཐོ་རིས་ལ་སོགས་པའི་ཐབས་དག་གོ །རྟོག་པ་བར་མ་དྲུག་ཅུ་རྩ་གཉིས་ཞེས་བྱ་བ་ནི་དེ་དག་གི་རྟག་པ་དང༌། ཆད་པའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་གཙོ་བོ་མ་ཡིན་པ་དྲུག་ཅུ་རྩ་གཉིས་སོ། །ཁ་ཅིག་ན་རེ་མི་རྣམས་ཀྱི་འཕེལ་བ་དང༌། འགྲིབ་པའི་དུས་ཏེ་བར་གྱི་བསྐལ་པ་དྲུག་ཅུ་རྩ་གཉིས་ལ་བྱའོ་ཞེས་ཀྱང་ཟེར་རོ། །སེམས་ཅན་དམྱལ་བ་བརྒྱ་ཉི་ཤུ་ཞེས་བྱ་བ་ནི་ཡང་སོས་ལ་སོགས་པའི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དང་དེ་དག་རེ་རེ་ལ་ཡང་འཁོར་མེ་མ་མུར་ལ་སོགས་པ་བཅུ་དྲུག་བཅུ་དྲུག་ཡོད་པ་སྤྱིར་བསྡོམས་ན་བརྒྱ་ཉི་ཤུ་ཡོད་དོ། །དབང་པོ་བརྒྱ་ཉི་ཤུ་ཞེས་བྱ་བ་ནི་ཇི་ལྟར་བདག་ཅག་གིས་དབང་པོ་ཉི་ཤུ་རྩ་གཉིས་དང་འདྲ་བ་དེ་དག་གི་དབང་པོ་བརྒྱ་ཉི་ཤུ་སྟེ། དེ་ལ་མིག་གཉིས་དང༌། རྣ་བ་གཉིས་དང༌། སྣ་གཉིས་དང༌། ལྕེ་དང་ལུས་དང༌། ཡིད་དང་སྲོག་དང༌། བདེ་བ་དང༌། སྡུག་བསྔལ་བ་དང་ཡིད་བདེ་བ་དང༌། ཡིད་མི་བདེ་བ་དང༌། བཏང་སྙོམས་དང༌། དད་པ་དང༌། བརྩོན་འགྲུས་དང་དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པ་ཉི་ཤུ་འདོད་པ་དེ་དག་འགྲོ་བ་དྲུག་ཏུ་བསྒྲེས་ན་བརྒྱ་ཉི་ཤུར་འགྱུར་ཏེ། སེམས་ཅན་གཅིག་གིས་ཀྱང་དེ་དག་བསྐྱེད་པར་བྱ་དགོས་སོ། །རྡུལ་གྱི་ཁམས་དྲུག་ཅུ་རྩ་གཉིས་ཞེས་བྱ་བ་ནི་ཇི་ལྟར་བདག་ཅག་གི་ཀུན་དུ་སྦྱོར་བའི་གནས་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་དང་འདྲ་བར་དེ་དག་གི་ཀུན་དུ་སྦྱོར་བའི་གནས་དྲུག་ཅུ་རྩ་གཉིས་ཏེ། བརྒྱ་བྱིན་གྱི་གནས་ལ་སོགས་པའི་བདེ་བའི་གནས་དག་གོ །ཀླུའི་རིགས་བཞི་ཁྲི་དགུ་སྟོང་ཞེས་བྱ་བ་ནི་ཇི་ལྟར་བདག་ཅག་གི་ཀླུའི་རིགས་བཞི་པོ་སྒོ་ང་ལས་སྐྱེ་བ་དང༌། དྲོད་གཤེར་ལས་སྐྱ་བ་དང༌། རྫུས་ཏེ་སྐྱེ་བ་དང་འདྲ་བར་དེ་དག་གི་ཀླུའི་རིགས་བཞི་ཁྲི་དགུ་སྟོང་ཡོད་དོ། །སེམས་
ཅན་གཅིག་གིས་ཀྱང་དེ་དག་ཏུ་སྐྱེ་བར་བྱ་དགོས་སོ། །ནམ་མཁའ་ལྡིང་གི་རིགས་བཞི་ཁྲི་དགུ་སྟོང་ཞེས་བྱ་བ་ནི་ཇི་ལྟར་བདག་ཅག་གི་ཀླུའི་རིགས་བཞི་པོ་སྒོ་ང་ལས་སྐྱེས་པ་དང༌། མངལ་ལས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་ཏེ་སྐྱེས་པ་དང་འདྲ་བར་དེ་དག་གི་ནམ་མཁའ་ལྡིང་གི་རིགས་བཞི་ཁྲི་དགུ་སྟོང་ཡོད་དོ། །སེམས་ཅན་གཅིག་གིས་ཀྱང་དེ་དག་ཏུ་སྐྱེ་བར་བྱ་དགོས་སོ། །ཀུན་དུ་རྒྱུ་བའི་རིགས་བཞི་ཁྲི་དགུ་སྟོང་ཞེས་བྱ་བ་དེ་དག་ནི་མུ་སྟེགས་ཅན་གྱི་གནས་ཏེ། སེམས་ཅན་གཅིག་གིས་ཀྱང་དེ་དག་ཐམས་ཅད་དུ་རབ་ཏུ་འབྱུང་བར་བྱ་དགོས་སོ། །ཀུན་དུ་འཚོ་བའི་རིགས་བཞི་ཁྲི་དགུ་སྟོང་ཞེས་བྱ་བ་དེ་དག་ནི་མོའི་ལས་ལ་སོགས་པ་བཟོའི་གནས་དག་སྟེ། སེམས་ཅན་གཅིག་གིས་ཀྱང་དེ་དག་ཐམས་ཅད་བསླབ་པར་བྱ་དགོས་སོ། །གཅེར་བུའི་རིགས་བཞི་ཁྲི་དགུ་སྟོང་ཞེས་བྱ་བ་དེ་དག་ཀྱང༌། མུ་སྟེགས་ཅན་གྱི་གནས་ཏེ་སེམས་ཅན་གཅིག་ཀྱང་དེ་དག་རབ་ཏུ་འབྱུང་བར་བྱ་དགོས་སོ། །འདུ་ཤེས་ཅན་གྱི་གནས་བདུན་ཞེས་བྱ་བ་ནི་དེ་དག་གི་འདུ་ཤེས་ཅན་གྱི་སྙོམས་པར་འཇུག་པ་བདུན་ཏེ། སེམས་ཅན་གཅིག་གིས་ཀྱང་དེ་དག་བསྐྱེད་པར་བྱ་དགོས་སོ། གཅེར་བུའི་གནས་བདུན་ཞེས་བྱ་བ་དེ་དག་ནི་སྦྱོར་བའི་ལམ་སྟེ་སྙོམས་པར་འཇུག་པ་དེ་དག་གི་སེམས་ཉེ་བར་གཏོད་པ་སྟེ། དེ་དག་གིས་སྙོམས་བར་འཇུག་པ་དེ་དག་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །ལྷ་མ་ཡིན་བདུན་དད་ཤ་ཟ་བདུན་ཞེས་བྱ་བ་ནི་དེ་དག་ན་རེ་སེམས་ཅན་རེ་རེས་ཀྱང་ལྷ་མ་ཡིན་རྣམས་ཀྱི་ནང་དུ་ལན་བདུན་དང། ཤ་ཟ་རྣམས་ཀྱི་ནང་དུ་ལན་བདུན་སྐྱེ་བར་བྱ་དགོས་སོ་ཞེས་ཟེར་རོ། །ལྷ་བདུན་དང༌། མི་བདུན་ཞེས་བྱ་བ་ཡང་དེ་དག་ན་རེ་སེམས་ཅན་རེ་རེས་ཀྱང་ལྷ་རྣམས་ཀྱི་ནང་དུ་ལན་བདུན་དང༌། མི་རྣམས་ཀྱི་ནང་དུ་ལན་བདུན་སྐྱེ་བར་བྱ་དགོས་སོ་ཞེས་ཟེར་རོ། །མཚོ་ཆེན་པོ་བདུན་ཞེས་བྱ་བ་ནི་མ་དྲོས་པ་ལ་སོགས་པའི་མཚོ་ཆེན་པོ་དག་གོ །མཚོ་བདུན་བརྒྱ་ཞེས་བྱ་བ་ནི་དེ་དག་ལས་གཞན་པའི་མཚོ་དག་གོ །དེ་དག་གི་བསོད་ནམས་ཀྱི་ཆུ་དོགས་དག་སྟེ། སེམས་ཅན་གཅིག་གིས་ཀྱང་དེ་དག་ཐམས་ཅད་དུ་ཁྲུས་བྱ་དགོས་སོ། །རྨི་ལམ་ཆེན་པོ་བདུན་ཞེས་བྱ་བ་ནི་རྨི་ལམ་
ཡུན་རིང་པོ་དག་གོ །རྨི་ལམ་བདུན་བརྒྱ་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྨི་ལམ་ཡུན་ཐུང་དུ་དག་གོ །དེ་དག་ནི་སེམས་ཅན་གཅིག་གིས་ཀྱང་ཐམས་ཅད་བལྟ་བར་བྱ་སྟེ། གང་གི་སྐྱེ་གནས་གང་དུ་སྐྱེ་བར་བྱ་བ་དེས་རྨི་ལམ་དེ་ལྟ་བུ་ཉིད་མཐོང་བར་འགྱུར་རོ། །འབྲི་བ་ཆེན་པོ་བདུན་པོ་དང༌། འབྲི་བ་བདུན་བརྒྱ་ཞེས་བྱ་བ་དེ་དག་ནི་ཡོན་ཏན་ཡོངས་སུ་ཉམས་པ་དག་སྟེ། སེམས་ཅན་རེ་རེ་ལ་ཡང་དེ་དག་ཉམས་པར་འགྱུར་རོ། །འཕེལ་བ་བདུན་བརྒྱ་པ་ཞེས་བྱ་བ་དེ་དག་ནི་ཡོན་ཏན་འཕེལ་བ་དག་སྟེ། སེམས་ཅན་རེ་རེས་ཀྱང་དེ་དག་ཐམས་ཅད་བསྐྱེད་པར་བྱ་དགོས་སོ། །སད་པ་ཆེན་པོ་བདུན་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་ལ་སོགས་པའོ། །སད་པ་བདུན་བརྒྱ་ཞེས་བྱ་བ་ནི་འདོད་པའི་ལྷ་དག་གོ །སེམས་ཅན་རེ་རེས་ཀྱང་ཡོན་ཏན་དེ་དག་བསྐྱེད་པར་བྱ་དགོས་སོ། །གཡང་ས་ཆེན་པོ་བདུན་ཞེས་བྱ་བ་ནི་ངམ་གྲོག་ཆེན་པོ་དག་གོ །གཡང་ས་བདུན་བརྒྱ་ཞེས་བྱ་བ་ནི་དེ་དག་ལས་གཞན་པ་དག་གོ །སེམས་ཅན་རེ་རེས་ཀྱང་དེ་དག་ཏུ་ལུས་གཏང་བར་བྱ་དགོས་སོ། །རིགས་བཙུན་པ་དྲུག་ཅེས་བྱ་བ་ནི་སྔར་བསྟན་པའི་གནས་དེ་དག་ཏུ་རིགས་བཙུན་པ་དྲུག་གདགས་པར་བྱ་སྟེ། ནག་པོའི་རིགས་བཙུན་པ་དང༌། སྔོན་པོའི་རིགས་བཙུན་པ་དང༌། སེར་པོའི་རིགས་བཙུན་པ་དང༌། དམར་པོའི་རིགས་བཙུན་པ་དང༌། དཀར་པོའི་རིགས་བཙུན་པ་དང༌། མཆོག་ཏུ་དཀར་པོའི་རིགས་བཙུན་པའོ། །དེ་ལ་ནག་པོའི་རིགས་བཙུན་པ་ནི་ཤེན་པ་ལ་སོགས་པའོ། །སྔོན་པོའི་རིགས་བཙུན་པ་སྟེ། ཀུན་དུ་འཚོ་བའི་ཉན་ཐོས་ཁྱིམ་པ་དག་གོ །སེར་པོའི་རིགས་བཙུན་པ་ནི་ཀུན་དུ་འཚོ་བའི་ཉན་ཐོས་རབ་ཏུ་བྱུང་བ་དག་གོ །དམར་པོའི་རིགས་བཙུན་པ་ནི་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་དག་གོ །དཀར་པོའི་རིགས་བཙུན་པ་ནི་གཅེར་བུའི་རབ་ཏུ་འབྱུང་བ་དག་གོ །མཆོག་ཏུ་དཀར་བའི་རིགས་བཙུན་པ་ནི་འདི་ལྟ་སྟེ། ནནད་དང༌། བཏྶ་དང༌། ཀྲི་ཀི་དང༌། སྡྐྲི་ཀི་དང༌། གནག་ལྷས་ཀྱི་བུ་ཀུན་དུ་རྒྱུ་ཡིན་ནོ། །མངོན་པར་མཐོ་བ་བཅུ་ཞེས་བྱ་བ་ནི་བདག་ཅག་གི་མི་སློབ་པའི་ཆོས་བཅུ་པོ་དག་དང་འདྲ་བ་དེ་དག་གི་འདོད་ཆགས་དང་བྲལ་བའི་ལམ་བཅུའོ། །ཁ་ཅིག་ན་རེ་མངོན་པར་མཐོ་བ་དང་བཅུ་ཞེས་བྱ་བ་ནི་མིའི་རྒྱལ་པོ་ཆེན་པོ་བཞི་དང༌། ལྷའི་རྒྱལ་པོ་ཆེན་
པོ་བཞི་དང༌། བརྒྱ་བྱིན་ཉིད་དང༌། བདུད་ཉིད་དོ་ཞེས་ཀྱང་ཟེར་རོ། །སྐྱེས་བུ་ཆེན་པོས་བརྒྱད་ཅེས་བྱ་བ་ནི་ཇི་ལྟར་བདག་ཅག་གི་ས་བརྒྱད་པོ་བསམ་གཏན་བཞི་དང༌། གཟུགས་མེད་པ་བཞི་པོ་དག་དང་འདྲ་བར་དེ་དག་གི་ཚངས་པའི་གནས་གཞན་བརྒྱད་ཡོད་དེ་དེ་དག་ཏུ་སེམས་ཅན་རེ་རེས་ཀྱང་སྐྱེ་བར་བྱ་དགོས་སོ། །ཡང་ན་སྐྱེས་བུ་ཆེན་པོ་ས་བརྒྱད་ནི་གཙོ་བོ་ཉིད་དང༌། དབང་ཕྱུག་ཉིད་དང༌། ཕྲ་བ་ཉིད་དང༌། ཆེན་པོ་ཉིད་དང༌། ཐག་རིང་པོ་མཐོང་བ་དང༌། ཐོས་པ་དང༌། དྲན་པ་དང༌། རྣམ་པར་ཤེས་པའོ། །དེ་དག་ཡོད་ན་བྱ་བ་བཞིར་འགྱུར་ཏེ། ཐམས་ཅད་ཤེས་པ་ཉིད་དང༌། བརྔ་སྤྲོད་པ་ཉིད་དང༌། ཅི་འདོད་པར་སྤྱོད་པ་ཉིད་དང༌། ཐོགས་པ་མེད་པ་ཉིད་དོ། །མཚམས་སྦྱར་ཞིང་ཞེས་བྱ་བ་ནི་བར་མ་དོའི་སྲིད་པས་སོ། །འཁོར་ནས་ཞེས་བྱ་བ་ནི་སྐྱེ་བའི་སྲིད་པས་སོ། །སྡུག་བསྔལ་མཐར་བྱེད་དོ་ཞེས་བྱ་བ་ནི་ཐར་པ་ཐོབ་པར་བྱེད་པའོ། །སྐུད་པའི་དྲུ་བུ་ཞེས་བྱ་བ་ནི་སྐུད་པའི་གོང་བུའོ། །སྟེང་གི་ནམ་མཁའ་ལས་འཕངས་པ་ཞེས་བྱ་བ་ནི་རིའི་སྒང་ནས་འཕངས་པའོ། །གཟངས་པ་ཞེས་བྱ་བ་ནི་བརྒྱད་པ་ནའོ། །ས་ལ་བབ་པ་ཞེས་བྱ་བ་ནི་ས་ལ་འགྲོ་བའོ། །དེ་བཞིན་དུ་བྱིས་པ་འམ་མཁས་པ་གང་དག་ཡིན་པ་དག་ཀྱང་དེ་དག་ཏུ་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་མཚམས་སྦྱོར་ཞིང་འཁོར་ནས་སྡུག་བསྔལ་མཐར་བྱེད་དོ་ཞེས་བྱ་བ་ནི་དཔེར་ན་སྐུད་པའི་དྲུ་བུ་ཡང་བ་སྟེང་གི་ནམ་མཁའ་ལས་འཕངས་པ་གཟངས་པ་ན་བར་སྐབས་སུ་མི་ཐོགས་པར་ས་ལ་འབབ་པ་དེ་བཞིན་དུ་བྱིས་པའམ། མཁས་པ་དང་དག་ཡིན་པ་དེ་དག་ཀྱང༌། སྐྱེ་གནས་གཙོ་བོ་དང་ལྡན་པ་ཁྲི་བཞི་སྟོང་ལ་སོགས་པ་ཇི་སྐད་བསྟན་པ་དེ་དག་ཏུ་སྤྱིར་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་མཚམས་སྦྱོར་ཞིང་འཁོར་ནས་སྡུག་བསྔལ་མཐར་བྱེད་ཅིང་གྲོལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཁ་ཅིག་ན་རེ་ནག་པོའི་རིགས་བཙུན་པ་བསྐལ་པ་ཆེན་པོ་བཞི་སྟོང་འཁོར་ཞིང་མཚམས་སྦྱོར་ལ་དེ་བཞིན་དུ་སྔོན་པོའི་རིགས་བཙུན་པ་དང༌། སེང་པོའི་རིགས་བཙུན་པ་དང༌། དམར་པོའི་རིགས་བཙུན་པ་དང༌། དཀར་པོའི་རིགས་བཙུན་པ་དང༌། མཆོག་ཏུ་དཀར་པོའི་རིགས་བཙུན་པ་དག་ཏུ་ཡང་བསྐལ་པ་ཆེན་པོ་ཁྲི་བཞི་སྟོང་འཁོར་ཞིང་མཚམས་སྦྱོར་བ་དེ་དག་སྤྱིར་བསྡོམས་ན་བསྐལ་པ་
ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་འགྱུར་རོ་ཞེས་ཀྱང་ཟེར་རོ། །གལ་ཏེ་དུས་ཟད་པས་གྲོལ་བ་ཡིན་ནོ། །འོ་ན་ཅིའི་ཕྱིར་ཚུལ་ཁྲིམས་ལ་སོགས་པ་སྤྱོད་པར་བྱེད་སྙམ་དུ་དོགས་པའི་ཕྱིར་དེ་ལ་དགེ་སྦྱོང་ངམ་བྲམ་ཟེ་གང་འདི་སྐད་ཅེས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཚུལ་ཁྲིམས་ཞེས་བྱ་བ་ནི་འཚེ་བ་ལ་སོགས་པ་ལས་ལྡོག་པའོ། །བརྟུལ་ཞུགས་ཞེས་བྱ་བ་ནི་མཚན་མོ་ཟ་བ་ལ་སོགས་པའི་ངེས་པའོ། །དཀའ་ཐུབ་ཅེས་བྱ་བ་ནི་དུ་བ་རྔུབ་པ་ལ་སོགས་པ་ཚངས་པར་སྤྱོད་པ་ལས་ལྡོག་པའོ། །ཡོངས་སུ་མ་སྨིན་པ་ཞེས་བྱ་བ་ནི་འབྲས་བུ་མ་གྱུར་པའོ། །ཡོངས་སུ་སྨིན་པར་བྱ་ཞེས་བྱ་བ་ནི་འབྲས་བུ་ལས་སྦྱོར་བར་བྱ་བའོ། །རེག་པར་བྱས་ནས་ཞེས་བྱ་བ་ནི་སྤྱད་ནས་སོ། །བྱང་བར་བྱའོ་ཞེས་བྱ་བ་ནི་ཟད་པར་བྱའོ། །བདེ་བ་དང་སྡུག་བསྔལ་འདི་ནི་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་མཐར་ཐུག་པར་བྱའོ། །ཡར་སྐྱེ་བ་དང་མར་འགྲིབ་པ་ནི་མི་སྲིད་དོ་ཞེས་བྱ་བ་ལ་ཡར་སྐྱེ་བ་ཞེས་བྱ་བ་ནི་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ལས་ལྷག་པའོ། །མར་འགྲིབ་པ་ཞེས་བྱ་བ་ནི་དེ་དག་པས་ཉུང་བ་སྟེ། དེས་ན་གཉིས་ཀ་ཡང་མི་སྲིད་དེ། དེ་ཁོ་ནའི་མཐའ་མྱོང་ནས་གྲོལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟ་བུ་ཉིད་དང་གཞན་མ་ཡིན་པས་ཞེས་བྱ་བ་ལ་འདི་ལྟ་བུ་ཉིད་ཅེས་བྱ་བ་ནི་ཡར་སྐྱེ་བའོ། །གཞན་ཞེས་བྱ་བ་ནི་མར་འགྲིབ་པའོ། །མ་ཡིན་པས་ཞེས་བྱ་བ་ནི་མི་སྲིད་པས་སོ། །ཡང་ན་འདི་ལྟ་བུ་ཉིད་ཅེས་བྱ་བ་ནི་ཁོ་བོས་སྔར་ཇི་སྐད་བརྗོད་པའི་རིམ་པས་སོ། །གཞན་མ་ཡིན་པས་ཞེས་བྱ་བ་ནི་གལ་ཏེ་དེ་སྐད་མི་བརྗོད་ན་རྣམ་པ་གང་གིས་ཀྱང་དེ་བརྗོད་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །འཁོར་བ་གཞལ་ལོ་ཞེས་བྱ་བ་ནི་རྣམ་པར་ཕྱེ་བའོ། །ཆོས་འདི་དེ་འདྲ་བ་ཞེས་བྱ་བ་ནི་དུས་ཀྱི་ངོ་བོ་ཉིད་ཀྱིས་གྲོལ་བར་སྨྲ་བ་དང༌། མཐར་འཛིན་པར་ལྟ་བ་ཞེས་བྱ་བའི་ཐ་ཚིག་གོ །མི་ཕམ་གྱི་ལྟ་བའི་རྣམ་པ་བཤད་ཟིན་ཏོ།། །།གལ་ཏེ་འགའ་ཞིག་ཁོ་བོའི་གན་དུ་འོངས་ཏེ། འདི་སྐད་ཅེས་འཇིག་རྟེན་ཕ་རོལ་ཡོད་དམ་ཞེས་འདྲི་བ་འདྲིན་ཞེས་བྱ་བ་ལ་སོགས་པ་ལ་ཡོད་དམ་ཞེས་བྱ་བ་ནི་དྲི་བ་གཅིག་པ་སྟེ། རྟག་པར་འཛིན་པའོ། །འདི་ལྟར་ཤི་བའི་འཇིག་རྟེན་གཞན་དུ་འགྲོ་བར་ལྟ་བའི་ཕྱིར་རོ། །མེད་དམ་ཞེས་བྱ་བ་ནི་དྲི་བ་གཉིས་པ་སྟེ། ཆད་པར་འཛིན་པའོ། །
འདི་ལྟར་ཤི་བའི་འོག་ཏུ་བདག་ཆད་པར་ལྟ་བའི་ཕྱིར་རོ། །ཡོད་པ་དང་མེད་པ་ཡིན་ནམ་ཞེས་བྱ་བ་ནི་དྲི་བ་གསུམ་པ་སྟེ། རྟག་པ་དང་ཆད་པར་འཛིན་པའོ། །འདི་ལྟར་བདག་ཏུ་འདོད་པའི་འཇིག་རྟེན་ལ་རྟག་པ་དང་ཆད་པར་འཛིན་པའི་ཕྱིར་ཏེ། དཔེར་ན་སྤྲུལ་པ་པོའི་ཚངས་པ་གང་ཡིན་པ་དེ་ནི་རྟག་པ་ཡིན་ལ། དེས་སྦྲུལ་པ་གང་ཡིན་པ་དེ་ནི་མི་རྟག་པ་ཡིན་པས། ཁ་ཅིག་ནི་རྟག་པ་ཡིན་ལ། ཁ་ཅིག་ནི་མི་རྟག་པ་ཡིན་ནོ་ཞེས་ཚངས་པའི་དྲ་བའི་མདོ་ལས་རྒྱ་ཆེར་གསུངས་པ་བཞིན་ནོ། །ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནམ་ཞེས་བྱ་བ་ནི་དྲི་བ་བཞི་པ་སྟེ། རྟག་པ་ལ་རྟག་པ་ཉིད་དང༌། མི་རྟག་པ་ལ་མི་རྟག་པ་ཉིད་གཉིས་ཀ་མི་རིགས་པའི་ཕྱིར་གནས་སྐབས་སུ་གཏོགས་པའི་དྲི་བའོ། །དེ་དག་ནི་རེ་ཞིག་ཡོད་པ་ཙམ་དྲི་བ་ཡིན་ནོ། །བྱེ་བྲག་ཏུ་དྲི་བ་དེ་དག་གི་དབང་དུ་བྱས་ནས་དེ་བཞིན་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་དྲི་བ་བཞི་སྨྲས་སོ། །འཇིག་རྟེན་ཕ་རོལ་འདི་ལྟ་བུ་ཉིད་དང་འདི་ལྟ་བུ་ཉིད་མ་ཡིན་ནམ་ཞེས་བྱ་བ་ནི་བྱེ་བྲག་ཏུ་དྲི་བ་གཅིག་སྟེ། འདི་ལྟ་བུ་ཉིད་ཅེས་བྱ་བ་ནི་རྣམ་པ་འདི་ལྟ་བུ་ཉིད་དོ། །དང་ཞེས་བྱ་བའི་སྒྲ་ནི་འམ་ཞེས་གང་ཡང་རུང་བ་ཅིག་གཟུང་བའི་དོན་དུ་མི་ལྟའོ། །དང་ཞེས་བྱ་བ་ནི་སྒྲ་ཉིད་ཀྱིས་གཉིས་ཀ་བསྡུ་བའི་དོན་དུ་བལྟའོ། །མ་ཡིན་པ་ཞེས་བྱ་བའི་སྒྲ་ནི་དགག་པའི་དོན་ཏོ། །དེས་ན་འཇིག་རྟེན་ཕ་རོལ་འཇིག་རྟེན་འདིའི་རྣམ་པ་དང་འདྲ་བ་འདི་ལྟ་བུ་ཉིད་ཀྱང་ཡིན་ལ། འཇིག་རྟེན་འདིའི་རྣམ་པ་དང་འདྲ་བ་འདི་ལྟ་བུ་ཉིད་ཀྱང་མ་ཡིན་ཏེ། ཅུང་ཞིག་མི་འདྲ་བ་ཉིད་ཀྱང་ཡོད་པའི་ཕྱིར་རོ་ཞེས་འདྲ་བ་ཡང་ཡིན་ནོ། །མི་འདྲ་བ་ཡང་ཡིན་ནམ་ཞེས་འདྲིའོ། །འཇིག་རྟེན་ཕ་རོལ་གཞན་ཉིད་དང༌། གཞན་མ་ཡིན་ནམ་ཞེས་བྱ་བ་ནི་བྱེ་བྲག་ཏུ་འདྲི་བ་གཉིས་པ་སྟེ། འཇིག་རྟེན་ཕ་རོལ་འདི་ལས་གཞན་པ་ཉིད་ཀྱང་ཡིན་ལ། གཞན་པ་ཉིད་ཀྱང་མ་ཡིན་ཏེ། ཅུང་ཟད་འདྲ་བ་ཡང་ཡོད་པའི་ཕྱིར་རོ་ཞེས་གཞན་ཡང་ཡིན་ལ། གཞན་པ་ཉིད་ཀྱང་མ་ཡིན་ནོ་ཞེས་འདྲིའོ། །འཇིག་རྟེན་ཕ་རོལ་གཞན་མ་ཡིན་པ་ཉིད་མ་ཡིན་ནམ་ཞེས་བྱ་བ་ནི་བྱེ་བྲག་ཏུ་དྲི་བ་གསུམ་པ་སྟེ། འཇིག་རྟེན་ཕ་རོལ་འཇིག་རྟེན་འདི་ལས་གཞན་པ་ཉིད་ཀྱང་ཡིན་ལ། གཞན་མ་ཡིན་པ་ཉིད་ཀྱང་མ་ཡིན་པའང་ཡིན་ཏེ། གཞན་ཡིན་དང༌། གཞན་མ་ཡིན་པ་ཉིད་གཉིས་ཀ་ཡང་མཉན་དུ་ཡོད་པའི་ཕྱིར་རོ་ཞེས་
གཞན་མ་ཡིན་པ་ཡང་ཡིན་ལ། གཞན་མ་ཡིན་པ་ཉིད་ཀྱང་མ་ཡིན་ནམ་ཞེས་འདྲིའོ། །འཇིག་རྟེན་ཕ་རོལ་དེ་ཉིད་དང༌། དེ་ཉིད་མ་ཡིན་པ་མ་ཡིན་ནམ་ཞེས་བྱ་བ་ནི་བྱེ་བྲག་ཏུ་དྲི་བ་བཞི་པ་སྟེ། འཇིག་རྟེན་ཕ་རོལ་འཇིག་རྟེན་འདི་ཉིད་ཀྱང་ཡིན་ལ། འདི་ཉིད་མ་ཡིན་པ་ཡང་ཡིན་ཏེ། དེ་ཉིད་དང་དེ་ཉིད་མ་ཡིན་པ་གཉིས་ཀ་ཡང་མཉམ་དུ་ཡོད་པའི་ཕྱིར་རོ་ཞེས་དེ་ཉིད་ཀྱང་ཡིན་ལ་དེ་ཉིད་མ་ཡིན་པ་ཡང་ཡིན་ནམ་ཞེས་འདྲིའོ། །དེ་ལ་འདྲི་བ་དང་པོ་ལ་ནི་འདི་ལྟ་བུ་ཉིད་གཙོ་ཆེའོ། །གཉིས་པ་ལ་ནི་གཞན་ཉིད་གཙོ་ཆེའོ། །གསུམ་པ་ལ་ནི་གཞན་ཉིད་དང༌། གཞན་མ་ཡིན་པ་ཉིད་མཉམ་པའོ། །བཞི་པ་ལ་ནི་དེ་ཉིད་དང། དེ་ཉིད་མ་ཡིན་པ་མཉམ་པར་ཤེས་པར་བྱའོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་ལྷ་མི་སྤོང་བར་སྨྲ་བ་དག་དམན་ཞིང་རྨོངས་རྟུལ་བ་ཡིན་ལ། གཞན་གྱི་ཚིག་དང་འགལ་བར་བྱེད་མི་ནུས་ཤིང་ཆ་གཅིག་བཟུང་བ་མི་བཟང་ངོ་སྙམ་དུ་སེམས་ཤིང་ཆ་གཅིག་བཟུང་ན་ཕ་རོལ་པོའི་ཡིད་མི་དགའ་ཞིང་གནོད་པར་གྱུར་ན་བདག་གིས་ལྷར་སྐྱེ་བ་སྤང་བར་འགྱུར་བས་བདག་ལ་མི་མཐུན་པར་སྨྲ་བ་བླའོ་སྙམ་ནས། གལ་ཏེ་འགའ་ཞིག་ཁོ་བོའི་གན་དུ་འོངས་ཏེ། འདི་སྐད་ཅེས་འཇིག་རྟེན་ཕ་རོལ་ཡོད་དམ་ཞེས་འདྲི་བ་འདི་ན་ཁོ་བོ་དེ་ལ་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་མེད་དམ་ཞེས་འདྲི་བ་འདྲི་ན་དེ་ལ་ཁོ་བོས་མེད་དོ་ཞེས་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་ཡོད་པ་དང་མེད་པ་ཡིན་ནམ་ཞེས་འདྲི་བ་འདྲི་ན་དེ་ལ་ཁོ་བོས་ཡོད་པ་དང་མེད་པ་ཡིན་ནོ་ཞེས་ལན་འདེབས་པར་བྱེད་དོ། །འཇིག་རྟེན་ཕ་རོལ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནམ་ཞེས་འདྲི་བ་འདི་ན་དེ་ལ་ཁོ་བོས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་ལན་འདེབས་པར་བྱེད་དོ་ཞེས་ཡོད་ཕ་ཙམ་དུ་འདྲི་བ་དང༌། དེ་དག་གི་བྱེ་བྲག་འདི་བ་རྒྱ་ཆེར་འདི་སྐད་དུ་བསྟན་པ་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ་ཞེས་འབྱུང་ངོ༌། །ཆོད་འདི་དེ་འདྲ་བ་ཞེས་བྱ་བ་ནི་ཀུན་དུ་རྨོངས་པ་མང་བའི་ཕྱིར་རྟག་པ་དང་ཆད་པར་སྨྲ་བ་དང༌། བདག་ཏུ་སྨྲ་བ་ཞེས་བྱ་བའི་ཐ་ཚིག་གོ །ནོག་ཅན་གྱི་ལྟ་བའི་རྣམ་པ་བཤད་ཟིན་ཏོ།། །།སྐྱེས་བུ་གང་ཟག་ཅེས་བྱ་བ་ནི་སེམས་ཅན་ནོ། །སོ་སོར་མྱོང་བ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བའོ། །
སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི་སྔོན་གྱི་ལས་ཀྱི་རྒྱུ་ལས་བྱུང་བའོ། །དཀའ་ཐུབ་ཀྱིས་འབྱང་བར་འགྱུར་ལ་ཞེས་བྱ་བ་ནི་བརྟུལ་ཞུགས་དྲག་པོས་འབྱང་བར་འགྱུར་བའོ། །མི་བྱ་བར་ཆུ་ལོན་གྱིས་ཟློག་པ་ཞེས་བྱ་བ་ནི་ལྷག་པར་མ་སྤྱད་པས་འཇུག་པར་མི་བྱ་བའོ། །ཟག་པ་མེད་དོ་ཞེས་བྱ་བ་ནི་ལས་ཀུན་དུ་མི་སྤྱོད་པའོ། །སྡུག་བསྔལ་མཐར་བྱེད་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །འདིའི་ཀུན་ནས་སློང་བ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་མུ་སྟེགས་ཅན་དག་གིས་བྱེད་པ་དོན་མེད་པ་དང༌། ལས་མི་བྱེད་པའི་ངང་ཚུལ་ཅན་གྱི་མི་དག་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བར་མཐོང་ནས། དེ་དག་འདི་སྙམ་དུ་སེམས་ཏེ་སྐྱེས་བུ་གང་ཟག་གིས་སོ་སོར་མྱོང་བར་འགྱུར་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ལས་རྙིང་པ་རྣམས་ནི་དཀའ་ཐུབ་ཀྱིས་འབྱང་བར་འགྱུར་ལ་ལས་སར་པ་རྣམས་ནི་མི་བྱ་བར་ཆུ་ལོན་གྱིས་བཟློག་པར་བྱ་སྟེ། དེ་ལྟར་ན་ཕྱི་མ་ལ་ཟག་པ་མེད་དོ། །ཟག་པ་མེད་ན་ལས་ཟད་དོ། །ལས་ཟད་ན་སྡུག་བསྔལ་ཟད་དོ། །སྡུག་བསྔལ་ཟད་ན་སྡུག་བསྔལ་མཐར་བྱེད་པར་འགྱུར་རོ་ཞེས་དེ་དག་དེ་ལྟར་ལྟ་ཞིང་དེ་སྨྲའོ་ཞེས་འབྱུང་ངོ༌། །འོ་ན་ཆོས་འདི་པ་ཡང་སྔོན་བྱས་པའི་རྒྱུ་ལས་བྱུང་བར་འདོད་ན། ཅིའི་ཕྱིར་དེ་དག་ལྟ་བའི་རྣམ་པར་མི་འགྱུར་ལ་མུ་སྟེགས་ཅན་རྣམས་ལ་ནི་ལྟ་བའི་རྣམ་པར་འགྱུར་ཞེ་ན། ཆོས་འདི་པ་དག་ནི་ཁ་ཅིག་སྔོན་བྱས་པའི་རྒྱུ་ལས་བྱུང་བར་ཡང་འདོད་ལ། ཁ་ཅིག་ད་ལྟར་གྱི་སྐྱེས་བུའི་རྩལ་ལས་བྱུང་བར་འདོད་པས་དེ་དག་ལ་ནི་ལྟ་བའི་རྣམ་པར་མི་འགྱུར་གྱི། མུ་སྟེགས་ཅན་དག་ནི་ཐམས་ཅད་སྔོན་བྱས་པའི་རྒྱུ་ལས་བྱུང་བར་འདོད་ལ། དེ་དག་ལྟ་བའི་རྣམ་པར་འགྱུར་རོ། །ཆོས་འདི་དེ་འདྲ་བ་ཞེས་བྱ་བ་ནི་སྐྱེས་བུའི་རྩལ་ལ་སྐུར་པ་འདེབས་པ་དང༌། དཀའ་ཐུབ་ཀྱིས་དག་པ་དང༌། ཤེས་པ་ལ་སྐུར་པ་འདེབས་པ་ཞེས་བྱ་བའི་ཐ་ཚིག་གོ །གཅེར་བུ་པའི་ལྟ་བའི་རྣམ་པ་བཤད་ཟིན་ཏོ།། །།མུ་སྟེགས་ཅན་གྱི་གནས་ཞེས་བྱ་བ་ལ། མུ་སྟེགས་ཅན་ཞེས་བྱ་བ་ནི་གང་དག་ལ་ཆུ་ཀླུང་དུ་འཇུག་པའི་ཐར་པའི་ལམ་ཡོད་པ་དེ་དག་ནི་མུ་སྟེགས་ཅན་ནོ། །དེ་དག་གི་གནས་ནི་བརྟེན་ཏེ་འབྱུང་བའི་གནས་ཞེས་བྱ་བའི་ཐ་ཚིག་གོ །ཡང་དག་
རྒྱལ་བ་ཅན་ཞེས་བྱ་བ་ནི་སྟོན་པའི་མིང་ངོ༌། །བྱུང་ནས་རིང་པོ་མ་ལོན་ཞེས་བྱ་བ་ནི་བྱུང་མ་ཐག་གོ །ཡང་དག་འཇོག་ཅེས་བྱ་བ་ནི་དབེན་པར་གནས་པའོ། །ཀྱི་མ་ཞེས་བྱ་བ་ནི་ངོ་མཚར་ཆེ་བའི་ཚིག་ཡིན་ནོ། །ཡུན་རིན་གོམ་རིང་མོ་ཞིག་ནས་ཞེས་བྱ་བ་ནི་གུས་པའི་ཕྱིར་ལན་གཉིས་སུ་བཟླས་སོ། །ཚུལ་དང་མཐུན་པ་ཞེས་བྱ་བ་ནི་བཟང་བའོ། །བསམ་གཏན་ཞེས་བྱ་བ་ནི་དགེ་བའི་དོན་ལ་སེམས་པའོ། །དབང་པོ་རྣམས་ཚིམ་པར་གྱུར་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱིས་བརྟས་པར་གྱུར་པའོ། །བྱད་བཞིན་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་དང་བས་ཉེ་བར་ཞི་བ་ཉིད་དོ། །ཡོན་ཏན་ཅན་དག་ཅེས་བྱ་བ་ནི་ཚུལ་ཁྲིམས་ལ་སོགས་པའོ། །བདེན་པའི་བསམ་པས་རབ་ཏུ་བྱུང་བ་ཞེས་བྱ་བ་ལ། བདེན་པ་ཞེས་བྱ་བ་ནི་བརྫུན་གྱི་ཚིག་དང་བྲལ་བའོ། །དེའི་ཕྱིར་གང་ལ་བདེན་པའི་བསམ་པ་ཡོད་པར་དེའི་རབ་ཏུ་བྱུང་བ་ནི་བདེན་པའི་བསམ་པས་རབ་ཏུ་བྱུང་ངོ༌། །ཆོས་ཐམས་ཅད་མི་འཚེ་བའི་གཞི་ལས་བྱུང་བ་ཞེས་བྱ་བ་ནི་མི་འཚེ་བ་གཙོ་བོར་བྱེད་པ་སྟེ། མི་འཚེ་བ་ནི་སྲོག་གཅོད་པ་སྤངས་པའོ། །འདིས་ནི་སེམས་ཅན་ལ་འཚེ་བ་སྤངས་པ་བསྟན་ཏེ། དེ་ཡང་སྙིང་རྗེ་ལས་འགྱུར་བས་དེའི་ཕྱིར་དགེ་བའི་ཆོས་ཐམས་ཅད་ཀྱི་གཙོ་བོ་ནི་སྙིང་རྗེ་ཡིན་པར་བསྟན་ཏོ། །ཞི་བ་ཞེས་བྱ་བ་ནི་ལེགས་པར་བྱེད་པའི་ཕྱིར་རོ། །རྒ་བ་མེད་པར་ཞེས་བྱ་བ་ནི་རྒ་བ་དང་བྲལ་བའི་ཕྱིར་རོ། །འཆི་བ་མེད་པ་ཞེས་བྱ་བ་ནི་མི་འཆི་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཉམས་པ་མེད་པ་ཞེས་བྱ་བ་ནི་རེ་ཞིག་ཉམས་པ་མེད་པའི་ཕྱིར་རོ། །གནས་ཞེས་བྱ་བ་ནི་ཡོད་པ་ཉིད་དང་ལྡན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་མེ་ཞི་བར་བྱེད་པའི་ཕྱིར་རོ། །རྣམ་གྲངས་ཞེས་བྱ་བ་ནི་རྒྱུ་ཐ་དད་པ་མ་ཡིན་པ་དོན་གཅིག་ལ་སྒྲའི་རྣམ་གྲངས་སུ་བརྗོད་བའོ། །དེ་ནི་ཚངས་པའོ་ཞེས་བྱ་ནི་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་ཚངས་བ་ཡིན་ཏེ། དོན་དམ་པའི་དགེ་བ་ཡིན་པའི་ཕྱིར་དང། སྡུག་བསྔལ་མེད་པའི་ཕྱིར་ཏེ། གཞན་ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཚངས་པའི་འཇིག་རྟེན་དུ་གཞོལ་བར་བྱ་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་དུ་སྐྱེ་བའི་ཕྱིར་དུས་ཐམས་ཅད་དོན་དུ་གཉེར་བ་ཉིད་ཡོད་པའི་ཕྱིར་རོ། །ཚངས་པའི་འཇིག་རྟེན་དུ་འབབ་པ་ཞེས་བྱ་བ་ནི་དེ་ཐོབ་པར་
བྱ་བའི་ཕྱིར་འབད་པ་ཆེན་པོ་བྱེད་པའི་ཕྱིར་རོ། །ཚངས་པའི་འཇིག་རྟེན་དུ་བབ་པ་ཞེས་བྱ་བ་ནི་འབད་པ་ཆེན་པོ་བྱེད་པ་མི་སྤོང་བའི་ཕྱིར་རོ། །ཚངས་པའི་འཇིག་རྟེན་ཡང་དེ་ལྟ་བུ་ཡིན་ཞེས་བྱ་བ་ལ་ཡང་ཞེས་བྱ་བའི་སྒྲ་ནི་ཡིད་ཆེས་པ་ཡིན་ནོ། །དེ་ལྟ་བུ་ཞེས་བྱ་བའི་སྒྲ་ནི་དེ་འདྲ་བ་ཞེས་བྱ་བའི་དོན་ཡིན་ནོ། །དེས་ན་འདིར་ཚངས་པའི་འཇིག་རྟེན་ཡང་མྱ་ངན་ལས་འདས་པ་དེ་ལྟ་བུ་ཡིན་པར་ཡིད་ཆེས་སོ་ཞེས་བྱ་བའི་ཐ་ཚིག་གོ །དེ་འདྲ་བ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་དེ་འདྲ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བུ་ཡིན་ཞེས་བྱ་བ་དང་དེ་འདྲ་བ་ཡིན་ཞེས་བྱ་བའི་ཚིག་གཉིས་སྨོས་པ་ནི་ཚངས་པའི་འཇིག་རྟེན་གྱི་ཡོན་ཏན་ཡང་དག་པར་བསྟན་པའི་ཕྱིར་རོ། །ཚངས་པའི་འཇིག་རྟེན་དང་སྐལ་བ་མཉམ་པ་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་གྱི་ནང་དུའོ། །སྒྲུབ་པ་ཞེས་བྱ་བ་ནི་ཐོབ་པར་བྱེད་པའོ། །མྱ་ངན་ལས་འདས་པ་ལ་གཞོལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་པའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཀུན་དུའོ། །སྒྲ་ཞེས་བྱ་བ་ནི་བསྔགས་སོ། །གྲགས་ཞེས་བྱ་བ་ནི་ཐོས་པའོ། །རྙེད་པ་ཞེས་བྱ་བ་ནི་ཆོས་གོས་ལ་སོགས་པའོ། །བཀུར་སྟི་ཞེས་བྱ་བ་ནི་མཆོད་པའོ། །བྱུང་བར་གྱུར་ཏེ་ཞེས་བྱ་བ་ནི་སྐྱེས་པར་གྱུར་པའོ། །སྨན་ཞེས་བྱ་བ་ནི་ནད་ཞི་བར་བྱ་བའི་ཕྱིར་ཐབས་སུ་གྱུར་པའི་རྩིའོ། །རྩ་བ་ཞེས་བྱ་བ་ནི་གླ་སྒང་ལ་སོགས་པའོ། །སྡོང་བུ་ཞེས་བྱ་བ་ནི་ཙན་དན་ལ་སོགས་པའོ། །འདབ་མ་ཞེས་བྱ་བ་ནི་ཀོ་ཤ་ཏ་ཀྐི་ལ་སོགས་པའོ། །མེ་ཏོག་ཅེས་བྱ་བ་ནི་ཤིང་ནིམ་པའི་མེ་ཏོག་ལ་སོགས་པའོ། །འབྲས་བུ་ཞེས་བྱ་བ་ནི་ཨ་རུ་ར་ལ་སོགས་པའོ། །འཇམ་པ་ཞེས་བྱ་བ་ནི་ཅུང་ཟད་རྒོང་བའོ། །རྒྱུ་མ་མཆིས་ཞེས་བྱ་བ་ནི་རྒྱུ་མེད་པ་སྟེ། ནང་གི་བྱེད་རྒྱུ་མེད་པའི་ཕྱིར་རོ། །རྐྱེན་མ་མཆིས་ཞེས་བྱ་བ་ནི་ཕྱི་རོལ་གྱི་བྱེད་རྒྱུ་མེད་པའི་ཕྱིར་རོ། །མི་མཛད་ན་ཞེས་བྱ་བ་ནི་མི་བྱེད་ནའོ། །མེ་ཕུང་ཞེས་བྱ་བ་ནི་མེ་སྤར་པའི་ཕུང་པོའོ། །འདོད་པའི་རྒྱུ་ཞེས་བྱ་བ་ནི་ཕྲ་རྒྱས་མ་སྤངས་པའི་ཕྱིར་རོ། །འདོད་པའི་གཞི་ཞེས་བྱ་བ་ནི་ཡུལ་ཉེ་བར་གནས་པའི་ཕྱིར་རོ། །འདོད་པའི་གནས་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ཉེ་བར་གནས་པའི་ཕྱིར་རོ། །ཁ་ཅིག་ན་རེ་ལྷག་པར་ཆགས་པ་ཆུང་དུ་དང་འབྲིང་དང་ཆེན་པོའི་གནས་སྐབས་ཡིན་ནོ་ཞེས་ཟེར་རོ། །
སྡུག་བསྔལ་ཞེས་བྱ་བ་ནི་སྲོག་ཉམས་པ་ལ་སོགས་པའོ། །དུས་ཞེས་བྱ་བ་ནི་སྟོན་གྱི་དུས་ལ་སོགས་བའོ། །བདུད་རྩི་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །དོན་དུ་གཉེར་ཞེས་བྱ་བ་ནི་ཡིད་ཀྱིས་སོ། །ཚོལ་ཞེས་བྱ་བ་ནི་ལུས་དང་ངག་གིས་སོ། །འདི་ཉིད་ཀྱི་ཞེས་བྱ་བ་ནི་དུས་དེ་ཉིད་ཀྱིའོ། །ལྷ་ཞེས་བྱ་བ་ནི་ལྷ་ཉིད་དོ། །རྒྱུ་བ་ཞེས་བྱ་བ་ནི་ཕན་ཚུན་འགྲོ་བའོ། །གངས་ཀྱི་ངོས་དང་ཉེ་བར་ཞེས་བྱ་བ་ནི་རི་གངས་ཀྱི་ལྷོ་ཕྱོགས་ཀྱི་ངོས་དང་ཉེ་བའོ། །ཆུ་ཀླུང་སྐལ་ལྡན་ཤིང་རྟའི་འགྲམ་ཞེས་བྱ་བ་ནི་ཆུ་ཀླུང་གང་གཱའི་ཕ་རོལ་ཏེ། ཧ་ཅང་ཡང་མི་རིང་ཧ་ཅང་ཡང་མི་ཉེ་བའི་བར་ཞེས་བྱ་བའི་ཐ་ཚིག་གོ ། ཤཱཀྱ་ཞེས་བྱ་བ་ནི་གཞན་གྱིས་མི་ནུས་པའི་ལས་བྱེད་པའི་ཕྱིར་ནུས་པ་ཞེས་བྱའོ། །ལྟས་པ་ཞེས་བྱ་བ་ནི་སྐར་མ་བརྩི་བ་སྟེ། ལྟས་ཀྱི་བསྟན་བཅོས་ཀྱི་མཚན་མ་ལ་སྤྱོད་པའི་ཕྱིར་རོ། །མཚན་མཁན་ཞེས་བྱ་བ་ནི་མཚན་གྱི་བྱེ་བྲག་གོ །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞེས་བྱ་བ་ནི་གསེར་གྱི་འཁོར་ལོ་ནམ་མཁའ་ལ་འགྲོ་བས་རྒྱལ་སྲིད་སྒྱུར་བར་བྱེད་པའི་ཕྱིར་རོ། །མཐའ་བཞིར་ཞེས་པ་ནི་རྒྱ་མཚོ་བཞིའི་མཐར་རོ། །རྒྱལ་བ་ཞེས་བྱ་བ་ནི་དཔའ་བའོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་རིགས་པས་རྒྱལ་སྲིད་བདག་གིར་བྱས་པའི་ཕྱིར་རོ། །ཆོས་དང་ལྡན་པ་ཞེས་བྱ་བ་ནི་ཆོས་སྤྱོད་པའི་ཕྱིར་རོ། །རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞེས་བྱ་བ་ནི་རིན་པོ་ཆེ་སྣ་བདུན་གྱི་དབང་ཕྱུག་གོ །ལྡན་པ་ཞེས་བྱ་བའི་སྒྲ་ནི་འདིར་དབང་བ་ལ་བྱའི་འཐོབ་པ་ནི་མ་ཡིན་ནོ། །གཞན་དུ་སེམས་ཅན་དུ་བགྲང་བ་མ་ཡིན་པ་དག་པ་དང་ལྡན་པར་འགྱུར་བས་དེ་ལྟར་མི་བཞེད་དེ་འཐོབ་པ་དང་འཐོབ་པ་མེད་པ་ནི་རང་གི་རྒྱུད་དུ་གཏོགས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་དག་ལ་དེ་འདོད་དགུར་དབང་བྱེད་པ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་བྱུང་ངོ༌། །ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ནི་སྒྲོན་མའི་ཆེད་ཀྱི་ནོར་བུ་རིན་པོ་ཆེའོ། །ཁྱིམ་བདག་རིན་པོ་ཆེ་ཞེས་བྱ་བ་ནི་མཛོད་ཀྱི་བདག་པོའོ། །དམག་དཔོན་རིན་པོ་ཆེ་ཞེས་བྱ་བ་ནི་དམག་གི་བདག་པོའོ། །གླང་པོ་ཆེ་ལ་སོགས་པ་སེམས་ཅན་དུ་བགྲང་བ་དག་ཇི་ལྟར་གཞན་གྱི་ལས་ཀྱིས་འབྱུང་བར་འགྱུར་ཞེ་ན། འགའ་ཡང་གཞན་གྱི་ལས་ཀྱིས་འབྱུང་སྟེ། འདི་ལྟར་དེ་དང་འབྲེལ་བའི་ལས་ཀྱིས་འཕངས་པར་ཟད་ཀྱི་དེ་དག་འབྱུང་བ་ནི་རང་གི་
ལས་ཀྱིས་ཚོགས་པ་ཁོ་ན་ལས་འབྱུང་ངོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་གཞུང་ལུགས་ལས་འབྱུང་ངོ༌། །དཔའ་བ་ཞེས་བྱ་བ་ནི་འཇིགས་པའོ། །རྟུལ་ཕོད་པ་ཞེས་བྱ་བ་ནི་མཐུ་ཕུན་སུམ་ཚོགས་པའོ། །ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཞེས་བྱ་བ་ནི་ཡན་ལག་མཛེས་པ་མཆོག་གི་གཟུགས་དང་ལྡན་པའོ། །ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཞེས་བྱ་བ་ནི་ཕ་རོལ་གྱི་སྒྲུབ་པ་ཕམ་པར་བྱེད་པ་སྟེ། རང་གི་ལས་ལ་བག་ཡོད་ཅེས་བྱ་བའི་ཐ་ཚིག་གོ །མ་ལུས་པ་ཞེས་བྱ་བ་ནི་ཐམས་ཅད་དམ་གཅུགས་མེད་པའོ། །གནོད་པར་སྔོ་བ་མེད་ཅིང་ཞེས་བྱ་བ་ནི་འགྲན་ཟླ་མེད་པའོ། །འཆོ་བ་མེད་པ་ཞེས་བྱ་བ་ནི་གནོད་པ་མེད་པའོ། །ཆད་པ་མེད་ཅིང་ཞེས་བྱ་བ་ནི་ནོར་འཕྲོག་བ་མེད་ཅིང་ངོ༌། །མཚོན་གྱིས་བདའ་བ་མེད་ལ་ཞེས་བྱ་བ་ནི་གསོད་པ་མེད་ལའོ། །ཆོས་དང་མཐུན་པ་ཞེས་བྱ་བ་ནི་ཆོམ་རྐུན་ལ་སོགས་པ་ཤོམ་པ་མེད་པའི་རིགས་པ་དང་མཐུན་ཞིང་ངོ༌། །སྙོམས་པས་ཞེས་བྱ་བ་ནི་སྡིག་པ་དང་མ་འདྲེས་པ་དང༌། ཆོས་བསྟན་པས་སོ། །གནས་པར་འགྱུར་རོ་ཞེས་བྱ་བ་ནི་སྐྱོང་བར་འགྱུར་རོ། །སྐྲ་དང་ཁ་སྤུ་བྲེགས་ཏེ་ཞེས་བྱ་བ་ནི་འདོད་ཆགས་བྲལ་པའི་རྗེས་སུ་མཐུན་པར་བྱེད་པའི་ཕྱིར་དང༌། མི་འབྲལ་བར་བྱ་བའི་ཕྱིར་གཉིས་ཀ་བྲེགས་ཏེའོ། །བགོས་ནས་ཞེས་བྱ་བ་ནི་གྱོན་ནས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཇི་ལྟ་བ་དེ་བཞིན་དུ་གཤེགས་པ་དང༌། སེམས་ཅན་འདུལ་བ་ཇི་ལྟ་བ་དེ་བཞིན་དུ་གཤེགས་པ་དང༌། ཉེས་པ་བག་ཆགས་དང་བཅས་པ་ཡང་མི་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ་གཤེགས་པ་ཡང༌། དེའི་དང་པོའི་སྨོན་ལམ་ཇི་ལྟར་གྱུར་པ་དེ་བཞིན་དུ་མཛད་པ་མ་ལུས་པར་མཛད་པར་གྱུར་པས་དེ་བཞིན་གཤེགས་པ་ཞེས་བྱའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་འགྲོ་བ་མཐའ་དག་གིས་མཆོད་པར་འོས་པའི་ཕྱིར་རོ། །ཡང་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་དང༌། ཉོན་མོངས་པའི་བག་ཆགས་དང་བཅས་པའི་དགྲ་བཅོམ་པའི་ཕྱིར་དགྲ་བཅོམ་པ་ཞེས་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་སྟེ་མི་སླུ་བའི་མཁྱེན་པ་ཕྱིན་ཅི་མ་ལོག་པ་ཡང་དག་པར་ཤེས་བྱའི་དོན་མ་ལུས་པ་མཐའ་དག་རྫོགས་པར་ཐུགས་སུ་ཆད་ཅིང་སངས་རྒྱས་པ་མཁྱེན་པའི་མཐུ་ཐོགས་པ་ཁ་བྱེ་བ་དང་
ལྡན་པས་རང་ཉིད་ཀྱིས་སངས་རྒྱས་པར་པདྨ་ཁ་བྱེ་བ་ལྟ་བུ་དང༌། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་དུ་རྨོངས་པའི་གཉིད་དང་གཏན་དུ་བྲལ་བའི་ཕྱིར་མི་གཉིད་སངས་པ་དང་འདྲ་བར་སངས་རྒྱས་པའོ། །རྣམ་པར་གྲགས་པའི་སྒྲ་དང་ལྡན་པ་ཞེས་བྱ་བ་ནི་གྲགས་པ་སྙན་པ་དང་ལྡན་པའོ། །ལུང་བསྟན་ཞེས་བྱ་བ་ནི་རྒྱ་ཆེར་བསྟན་པའོ། །རིགས་སྨྲ་བ་ཞེས་བྱ་བ་ནི་བྲམ་ཟེ་ནི་རིགས་མཆོག་ཡིན་ནོ་ཞེས་བྱ་བ་ནི་ཀཽཎྜི་ནྱའི་རིགས་མཆོག་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲའོ། །ཤེད་བུར་སྨྲ་བ་ཞེས་བྱ་བ་ནི་བྲམ་ཟེ་གཞོན་ནུ་ལོ་བཞི་བཅུ་མ་ལན་པ་བརྟུལ་ཞུགས་དང་ཀློག་པ་ལ་སོགས་པས་མཐོ་བར་སྨྲ་བའོ། །རྒྱགས་པ་དང་ང་རྒྱལ་ངེས་པར་བཅོམ་པ་དག་གིས་ཞེས་བྱ་བ་ལ། རྒྱགས་པ་ཞེས་བྱ་བ་ནི་རང་གི་ཡོན་ཏན་ལ་ལྟོས་པས་ཁེངས་པར་བྱེད་པའོ། །ང་རྒྱལ་ཞེས་བྱ་བ་ནི་གཞན་ལས་ཁྱད་ཞུགས་པར་རྟོགས་པས་ཁེངས་པར་བྱེད་པའོ། །དེ་ལྟར་ན་རྒྱགས་པ་དང༌། ང་རྒྱལ་ངེས་པར་བཅོམ་ཞིང་ཡོངས་སུ་སྤངས་པ་དག་གིས་ཞེས་བྱ་བའི་ཐ་ཚིག་གོ །བསགས་པ་ཞེས་བྱ་བ་ནི་ཚོགས་པའི་རང་བཞིན་ནོ། །དེ་དག་ཀུན་གྱིས་མཐའ་ཟད་ཅིང༌། །ཞེས་བྱ་བ་ནི་མཐར་ཟད་པར་འགྱུར་བའོ། །མཐོན་པོའི་ཞེས་བྱ་བ་ནི་དངོས་པོ་འཕངས་མཐོ་བ་རྣམས་སོ། །དེ་རྣམས་ཀྱི་མཐའ་ལྟུང་འགྱུར་ཞེས་བྱ་བ་མཐར་རྡིབ་པར་འགྱུར་བའོ། །ཕྲད་པ་ཞེས་བྱ་བ་ནི་ཚོགས་པའོ། །དེའི་མཐའ་ནི་འབྲལ་བ་སྟེ་ཞེས་བྱ་བ་ནི་མཐར་འབྱེ་བར་འགྱུར་བའོ། །གསོན་པོ་ཞེས་བྱ་བ་ནི་སྲོག་གི་དབང་པོ་དང་ལྡན་པའོ། །དེའི་མཐའ་ནི་འཆི་བར་འགྱུར་བ་ཡིན་ནོ། །དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ་ཞེས་བྱ་བ་ལ་དུས་ཞེས་བྱ་བ་ནི། འཚོ་བའི་དུས་ཏེ་འཆི་བའོ། །ཆོས་ཞེས་བྱ་བ་ནི་ངོ་བོ་ཉིད་དེ། དུས་ཀྱི་ཆོས་དེ་དང་ལྡན་པར་གྱུར་ཏོ་ཞེས་བྱ་བ་ནི་ཤིའོ་ཞེས་བྱ་བའི་ཐ་ཚིག་གོ །ཁྱོགས་ཞེས་བྱ་བ་ནི་འདིར་ཁྲི་ཡིན་ནོ། །བརྒྱན་ཏེ་ཞེས་བྱ་བ་ནི་མཛེས་པར་བྱས་པའོ། །བསྐྱལ་ནས་ཞེས་བྱ་བ་ནི་ཁྱེར་ནས་སོ། །མྱ་ངན་བསང་བ་བྱས་ནས་ཞེས་བྱ་བ་ལ་མྱ་ངན་ཞེས་བྱ་བ་ནི་ནང་གི་གདུང་བའོ། །དེ་བསང་བ་ནི། ཀྱེ་མ་འདུ་བྱེད་མི་རྟག་སྟེ། །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་བྱ་བ་ལ་སོགས་
པའི་ཆོས་ལ་སོ་སོར་བརྟགས་པས་བསང་བ་བྱས་སོ། །ཞུགས་ཞེས་བྱ་བ་ནི་འོངས་པའོ། །ངོ་མཚར་ཅེས་བྱ་བ་ནི་སྔོན་མ་མཐོང་བའི་ཕྱིར་རོ། །རྨད་དུ་བྱུང་བ་ཞེས་བྱ་བ་ནི་སྔོན་མ་ཐོས་པའི་ཕྱིར་རོ། །སློབ་དཔོན་གྱི་དཔེ་མཁྱུད་ཅེས་བྱ་བ་ནི་སྙིང་པོའི་བློས་བཟུང་བའི་བསྟན་བཅོས་གྱ་ཚོམ་དུ་གཞན་ལ་མི་སྟོན་པ་སྟེ། ཁུ་ཚུར་ཤིན་ཏུ་བཅངས་པ་དང་འདྲའོ། །ཤིན་ཏུ་ཞེས་བྱ་བ་ནི་ཏེ་པོར་རོ། །ལྷའི་མིག་ཅེས་བྱ་བ་ནི་ཐག་རིང་བ་དང༌། ཆ་ཕྲ་བ་དང༌། བསྒྲིབས་པ་མཐོང་བའི་ཕྱིར་རོ། །ཡུལ་གཞན་ན་འདུག་པའི་གཟུགས་ཞེས་བྱ་བ་ནི་གསེར་གླིང་ན་རྒྱལ་པོ་གསེར་བདག་དུས་ལ་བབ་པའི་ཆུང་མ་མེར་མཆོངས་པ་ལ་སོགས་པའོ། །ལྷའི་རྣ་བ་ལས་ཞེས་བྱ་བ་ནི་ཐག་རིང་བ་དང༌། ཆ་ཕྲ་བ་དང་བསྒྲིབས་པའི་སྒྲ་ཐོས་པའི་ཕྱིར་རོ། །སྒྲ་ཡིད་དུ་འོང་བ་དག་ཅེས་བྱ་བ་ནི་ལྷ་དག་སྟེང་གི་བར་སྣང་དུ་རྒྱུ་བའི་སྒྲ་ལ་སོགས་པའོ། །ཁྲིམས་སུ་བྱ་བ་ཞེས་བྱ་བ་ནི་རྣམ་པར་གཞག་བར་བྱ་བའོ། །ལྗོངས་རྒྱུར་ཞེས་བྱ་བ་ནི་ཡུལ་གཞན་དུ་འགྱུར་རོ། །འདོད་པ་དག་ལ་མ་རོལ་ཏེ་ཞེས་བྱ་བ་ནི་ཡུལ་རྣམས་ལ་མ་སྤྱད་དེ་ཞེས་བྱ་བའི་ཐ་ཚིག་གོ །ཐུགས་བྱུང་ནས་ཞེས་བྱ་བ་ནི་དགའ་བ་དང་བྲལ་བའོ། །དཀའ་བ་བྱེད་པ་ཞེས་བྱ་བ་ནི་དབུགས་འགོག་པ་ལ་སོགས་པ་དཀའ་ཐུབ་དྲག་པོའོ། །ཅི་ཡང་མེད་པ་ཞེས་བྱ་བ་ནི་འབྲས་བུ་མེད་པའོ། །ཇི་བདེར་ཞེས་བྱ་བ་ལ་སོགས་པ་ནི་དབུགས་རྔུབ་པ་དང་དབུགས་འབྱུང་བའི་རྒྱུ་ལས་བྱུང་བ་ཁོང་སྤོས་པའི་བསམ་གཏན་ལས་ཕྱིར་ལོག་པའི་ཕྱིར་རོ། །དབུགས་རྔུབ་པ་ཞེས་བྱ་བ་ནི་རླུང་ནང་དུ་འཇུག་པའོ། །དབུགས་འབྱིན་པ་ཞེས་བྱ་བ་ནི་རླུང་ཕྱིར་འབྱུང་བའོ། །འབྲས་ཆན་ཞེས་བྱ་བ་ནི་ནས་བརྡུངས་པའི་ཆན་ཏེ། ཚལ་ཚོལ་གྱི་ཆན་ཞེས་བྱ་བའི་ཐ་ཚིག་གོ །རྒྱ་ཆེན་པོ་ཞེས་བྱ་བ་ནི་རྒྱུ་མཐུན་པ་ཆེ་བའི་ཕྱིར་དང༌། ཚད་ཆེ་བའི་ཕྱིར་རོ། །དེ་ཉིད་འབྲས་ཆན་ལ་སོགས་པ་བསྟན་ཏེ། འབྲས་ཆན་འབྲུམ་བུ་གཅིག་ལ་སོགས་གསོལ་བ་ལས་ཕྱིར་ལོག་པའི་ཕྱིར་རོ། །ཞུན་མར་དང་འབྲུ་མར་དག་གིས་སྐུ་དག་ཀྱང་སྐུད་པར་མཛད་ཅེས་བྱ་བ་ནི་དྲི་མ་དང་རྫབ་འཆད་བའི་བརྟུལ་ཞུགས་ལས་ཕྱིར་ལོག་པའི་ཕྱིར་རོ། །ཆུ་དྲོན་པོ་ཞེས་བྱ་བ་ནི་ཅུང་ཟད་དྲོ་བའོ། །གྲོང་སྡེ་འདོང་ཞེས་བྱ་བ་ནི་གྲོང་གི་མིང་ངོ༌། །ལན་བཅུ་དྲུག་བཟླས་ཞེས་བྱ་བ་ནི་སྟོང་དང༌། ལྔ་བརྒྱ་དང༌།
ཉིས་བརྒྱ་ལྔ་བཅུ་དང༌། བརྒྱ་ཉི་ཤུ་རྩ་ལྔ་དང༌། དྲུག་ཅུ་རྩ་གཉིས་དང༌། སུམ་ཅུ་རྩ་གཉིས་དང༌། བཅུ་དྲུག་དང༌། བརྒྱད་པོ་དག་བཞོ་བ་དང༌། བླུད་པ་གཉིས་གཉིས་བཟླས་པའི་རིམ་གྱིས་ལན་བཅུ་དྲུག་ཏུ་འགྱུར་ཏེ། འདི་ལྟར་བ་སྟོང་བཞོས་ནས་དེ་དག་གི་འོ་མ་སྟོང་པོ་དེ་དག་ཉིད་ལ་བུད་ནས་ཡང་བ་དེ་དག་བཞོས་པའི་འོ་མ་ལྔ་བརྒྱ་ལ་བླུད་པ་དང༌། ལྔ་བརྒྱ་བཞོས་པའི་འོ་མ་ཉིས་བརྒྱ་ལྔ་བཅུ་ལ་བླུད་པ་དང༌། ཉིས་བརྒྱ་ལྔ་བཅུ་བཞོས་པའི་འོ་མ་བརྒྱ་ཉི་ཤུ་རྩ་ལྔ་ལ་བླུད་པ་དང༌། བརྒྱ་ཉི་ཤུ་རྩ་ལྔ་བཞོས་པའི་འོ་མ་དྲུག་ཅུ་རྩ་གསུམ་ལ་བླུད་པ་དང༌། དྲུག་ཅུ་རྩ་གསུམ་བཞོས་པའི་འོ་མ་སུམ་ཅུ་རྩ་གཉིས་ལ་བླུད་པ་དང༌། སུམ་ཅུ་རྩ་གཉིས་བཞོས་པའི་འོ་མ་བཅུ་དྲུག་ལ་བླུད་པ་དང༌། བཅུ་དྲུག་བཞོས་པའི་འོ་མ་བརྒྱད་ལ་བླུད་པ་དང༌། བརྒྱད་བཞོས་པའི་འོ་མ་བྱང་ཆུབ་སེམས་དཔའི་མགུར་དུ་གསོལ་ལོ་ཞེས་བྱ་བར་སྦྱར་རོ། །འོ་མ་སྦྲང་རྩི་དང་བསྲེས་པ་ཞེས་བྱ་བ་ནི་འོ་ཐུག་སྦྲང་རྩི་དང་བསྲོས་པའོ། །མངོན་པར་བསྟོད་པ་ནི་ཞེས་བྱ་བ་ནི། ཐུབ་པ་དག་གིས་མངོན་མཐོང་བའི། །སངས་རྒྱས་དེ་དག་རྫུ་འཕྲུལ་ཆེ། །དེ་དག་དང་ནི་ཁྱོད་མཐོང་ན། །ཐ་དད་བགྱི་བ་མ་མཆིས་སོ། །ཞེས་བྱ་བ་ལ་སོགས་པ་གཞུང་འདི་ཉིད་ལས་འོག་ནས་འབྱུང་བ་དག་གིས་མངོན་པར་བསྟོད་པ་ནའོ། །རྩྭ་བཀྲ་ཤིས་འཚོང་བ་ཞེས་བྱ་བ་ནི། རྩྭ་བཀྲ་ཤིས་བྱ་བ་འཚོང་བའི་མིའོ། །བྱང་ཆུབ་ཀྱི་གཞི་ཞེས་བྱ་བ་ནི་རྡོ་རྗེའི་གདན་ནོ། །རྩྭ་མ་འཁྲུགས་པ་ཞེས་བྱ་བ་ནི་རྩྭའི་ཁ་ཕྱོགས་གཅིག་ཏུ་བལྟ་བའོ། །དྲན་པ་ཀུན་དུ་མ་འཁྲུལ་པ་ཞེས་བྱ་བ་ནི་ལང་ལོང་དུ་མ་གྱུར་པའོ། །སྐྱིལ་མ་ཀྲུང་བཅས་ཏེ་ཞེས་བྱ་བ་ནི་སྐྱིལ་མོ་ཀྲུང་བྱས་ཏེའོ། །སྐུ་དྲང་པོར་བསྲངས་ནས་ཞེས་བྱ་བ་ནི་དྲང་པོར་རྣམ་པར་བཞག་ནས་ཏེ། ཏིང་ངེ་འཛིན་དང་རྗེས་སུ་མཐུན་པར་མཛད་ཅེས་བྱ་བའི་ཐ་ཚིག་གོ །དྲན་པ་ཕྱོགས་པ་གཞག་སྟེ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལས་ཕྱིར་ཕྱོགས་པ་དང༌། དམིགས་པ་ལ་ཕྱོགས་པར་བརྩོན་པ་སྟེ། སྣའི་རྩེ་མོར་གཏད་ཅིང་དབུགས་འབྱུང་བ་དང༌། རྔུབ་པའི་དམིགས་པའོ། །ཟག་མེད་ཅེས་བྱ་བ་ནི་འདོད་པ་དང༌། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཟག་པ་ཞེས་བྱ་བ་ནི་འཁོར་བ་འཇོག་པའི་མཚན་ཉིད་
དག་གི་གཉེན་པོ་བསྒོམ་པས་དེ་དག་ཟད་པ་གང་ཡིན་པའོ། །ཐུགས་བསྐྱེད་ཅེས་བྱ་བ་ནི་བསམ་པ་བརྟན་པར་བསྒྲུབ་པའི་ཕྱིར་རོ། །གསུང་བརྗོད་ཅེས་བྱ་བ་ནི་ལྷ་རྣམས་ལ་དབང་གཟུགས་པའི་ཕྱིར་རོ། །བྱམས་པའི་སྟོབས་ཀྱིས་ཞེས་བྱ་བ་ནི་ཀྱེ་མ་སེམས་ཅན་རྣམས་བདེ་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་ཞེ་སྡང་མེད་པའི་རྣམ་པས་ཞུགས་པའི་བྱམས་པའི་སྟོབས་ཀྱིས་སོ། །བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་ནས་ཞེས་བྱ་བ་ནི་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཟད་པ་དང༌། མི་སྐྱེ་བ་ཤེས་པའི་མཚན་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་སོ། །ཚངས་པས་གསོལ་ཏོ་ཞེས་བྱ་བ་ནི་ཚངས་པས་གསོལ་བ་བཏབ་སྟེའོ། །བཱ་རཱ་ཎསཱི་ཞེས་བྱ་བ་ནི་ཆུ་ཀླུང་བཱ་རཱ་ཀས་མཚོན་པའི་ཕྱིར་རོ། །ལན་གསུམ་དུ་བཟླས་ཏེ་ཞེས་བྱ་བ་ནི་འདི་ནི་སྡུག་བསྔལ་ལོ། །འདི་ནི་ཀུན་འབྱུང་བའོ། །འདི་ནི་འགོག་པའོ། །འདི་ནི་ལམ་མོ་ཞེས་བྱ་བ་ནི་བཟླས་པ་དང་པོ་སྟེ་མཐོང་བའི་ལམ་མོ། །སྡུག་བསྔལ་དེ་ཡོངས་སུ་ཤེས་པར་བྱའོ། །ཀུན་འབྱུང་བ་སྤང་པར་བྱའོ། །འགོག་པ་མངོན་སུམ་དུ་བྱའོ། །ལམ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བཟླས་པ་གཉིས་པ་སྟེ་བསྒོམ་པའི་ལམ་མོ། །སྡུག་བསྔལ་དེ་ཡོངས་སུ་ཤེས་སོ། །ཀུན་འབྱུང་བ་སྤངས་སོ། །འགོག་པ་མངོན་སུམ་དུ་བྱས་སོ། །ལམ་བསྒོམས་སོ་ཞེས་བྱ་བ་ནི་བཟླས་པ་གསུམ་པ་སྟེ། མི་སློབ་པའི་ལམ་མོ། །རྣམ་པ་བཅུ་གཉིས་སུ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་བཟླས་པ་རེ་རེ་ལ་ཡང་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་གྱི་རྣམ་པ་བཞི་བཞི་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །ཡང་ན་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཞེས་བྱ་བ་ནི་བཟླས་པ་དང་པོ་མཐོང་བའི་ལམ་ལ་འདི་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ཡང༌། མིག་དང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་བའི་རྣམ་པ་བཞི་ཡོད་ལ། བཟླས་པ་གཉིས་པ་བསྒོམ་པའི་ལམ་ལ་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ལ་ཡང༌། མིག་དང༌། ཤེས་པ་དང༌། རག་པ་དང༌། བློ་སྐྱེ་བའི་རྣམ་པ་བཞི་ཡོད་ཅིང༌། བཟླས་པ་གསུམ་པ་མི་སློབ་པའི་ལམ་ལ་སྡུག་བསྔལ་དེ་ཡོངས་སུ་ཤེས་སོ་ཞེས་བྱ་བ་ལ་ཡང་མིག་དང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་བའི་རྣམ་པ་བཞི་ཡོད་དོ། །དེ་བཞིན་དུ་བཟླས་པ་
དང་པོ་མཐོང་བའི་ལམ་ལ་འདི་ནི་ཀུན་འབྱུང་བའོ་ཞེས་བྱ་བ་ལ་ཡང་མིག་དང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་བའི་རྣམ་པ་བཞི་ཡོད་ལ། བཟླས་པ་གཉིས་པ་བསྒོམ་པའི་ལམ་ལ་ཀུན་འབྱུང་བ་སྤང་བར་བྱའོ་ཞེས་བྱ་བ་ལ་ཡང༌། མིག་དང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་བའི་རྣམ་པ་བཞི་ཡོད་ཅིང༌། བཟླས་པ་གསུམ་པ་མི་སློབ་པའི་ལམ་ལ་ཀུན་འབྱུང་བ་སྤངས་སོ་ཞེས་བྱ་བ་ལ་ཡང༌། མིག་དང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་བའི་རྣམ་པ་བཞི་ཡོད་དེ། དེ་བཞིན་དུ་བཟླས་པ་དང་པོ་མཐོང་བའི་ལམ་ལ་འདི་ནི་འགོག་པའོ་ཞེས་བྱ་བ་ལ་ཡང་མིག་དང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་པའི་རྣམ་པ་བཞི་ཡོད་ལ། བཟླས་པ་གཉིས་པ་བསྒོམ་པའི་ལམ་ལ་འགོག་པ་མངོན་སུམ་དུ་བྱའོ་ཞེས་བྱ་བ་ལ་ཡང༌། མིག་དང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་བའི་རྣམ་པ་བཞི་ཡོད་ཅིང༌། བཟླས་པ་གསུམ་པ་མི་སློབ་པའི་ལམ་ལ་འགོག་པ་མངོན་སུམ་དུ་བྱས་སོ་ཞེས་བྱ་བ་ཡང་མིག་དང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་བའི་རྣམ་པ་བཞི་ཡོད་དོ། །དེ་བཞིན་དུ་བཟླས་པ་དང་པོ་མཐོང་བའི་ལམ་ལ་འདི་ནི་ལམ་མོ་ཞེས་བྱ་བ་ལ་ཡང་མིག་དང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་བའི་རྣམ་པ་བཞི་ཡོད་ལ། བཟླས་པ་གཉིས་པ་བསྒོམ་པའི་ལམ་ལ་ལམ་བསྒོམ་པར་བྱའོ་ཞེས་བྱ་བ་ལ་ཡང༌། མིག་དང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་བའི་རྣམ་པ་བཞི་ཡོད་ཅིང༌། བཟླས་པ་གསུམ་པ་ནི་མི་སློབ་པའི་ལམ་ལ་ལམ་བསྒོམས་སོ་ཞེས་བྱ་བ་ལ་ཡང་མིག་དང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་བའི་རྣམ་པ་བཞི་ཡོད་དོ། །དེ་ལྟར་བྱས་ནས་མཐོང་བ་དང༌། བསྒོམ་པ་དང་མི་སློབ་པའི་ལམ་དག་ལ་བདེན་པ་དབྱེ་བས་ནི་བཟླས་པ་བཅུ་གཉིས་ཡོད་ལ། མིག་དང༌། ཤེས་པ་དང༌། རིག་པ་དང༌། བློའོ་དབྱེ་བས་ནི་རྣམ་པ་བཞི་བཅུ་རྩ་བརྒྱད་ཡོད་དོ། །འོ་ན་དེ་ལྟར་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཞེས་གསུངས་པ་ཉམས་པར་འགྱུར་རོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་གསུམ་པ་དང༌། བཅུ་གཉིས་དང་ཆོས་མཐུན་པས་བདེན་པ་རེ་རེ་ཡོངས་སུ་བརྟག་པ་ལ་བརྟེན་ན། གསུམ་དང༌། བཅུ་གཉིས་ལས་མི་ཉམས་ཏེ། འདི་ལྟར་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་བརྟག་པ་ལ་ཡང་མཐོང་
བ་དང༌། བསྒོམ་པ་དང༌། མི་སློབ་བའི་ལམ་གྱི་བཟླས་པ་གསུམ་པ་དང༌། མིག་དང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་བའི་རྣམ་པ་བཅུ་གཉིས་ཡོད་ལ། ཀུན་འབྱུང་བའི་བདེན་པ་ཡོངས་སུ་བརྟག་པ་ལ་ཡང༌། མཐོང་བ་དང༌། བསྒོམ་པ་དང་མི་སློབ་པའི་ལམ་གྱི་བཟླས་པ་གསུམ་པ་དང༌། མིག་དང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་བའི་རྣམ་པ་བཅུ་གཉིས་ཡོད་ཅིང༌། འགོག་པའི་བདེན་པ་ཡོངས་སུ་བརྟག་པ་ལ་ཡང་མཐོང་བ་དང༌། བསྒོམ་པ་དང༌། མི་སློབ་པའི་ལམ་གྱི་བཟླས་པ་གསུམ་པ་དང༌། མིག་དང༌། ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་བའི་རྣམ་པ་བཅུ་གཉིས་ཡོད། ལམ་གྱི་བདེན་པ་ཡོངས་སུ་བརྟག་པ་ལ་ཡང་མཐོང་བ་དང༌། བསྒོམ་པ་དང༌། མི་སློབ་པའི་ལམ་གྱི་བཟླས་པ་གསུམ་པ་དང༌། མིག་དང་ཤེས་པ་དང༌། རིག་པ་དང༌། བློ་སྐྱེ་བའི་རྣམ་པ་བཅུ་གཉིས་ཡོད་དོ། །དེ་ལྟར་ན་གསུམ་དང་བཅུ་གཉིས་དང༌། ཆོས་མཐུན་པས་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཞེས་གསུངས་ཏེ། གཉིས་དང་བདུན་གྱི་གནས་ལ་མཁས་པ་བསྟན་པ་བཞིན་ནོ་ཞེས་འབྱུང་ངོ༌། །ཆོས་དང་ལྡན་པའི་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་མཐོང་བའི་ལམ་སྟེ། མྱུར་དུ་འགྲོ་བ་དང༌། འདོར་ཞིང་གནོད་པ་དང༌། མ་ཕེབས་པ་འབེབས་པ་དང༌། ཕེབས་པར་གནས་པ་དང༌། འཕར་ཞིང་འབབ་པ་དང་འདྲ་བའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་ནི་མཐོང་བའི་ལམ་སྟེ། རྩིབས་ལ་སོགས་པ་མྱུར་དུ་འགྲོ་བའི་ཕྱིར་རོ་ཞེས་ཀྱང་གསུངས་པའི་ཕྱིར་རོ། །བསྐོར་བ་ཞེས་བྱ་བ་ནི་གཞན་གྱི་རྒྱུད་ལ་དོན་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་པ་བསྐྱེད་པའི་ཕྱིར་རོ། །འོ་ན་དེ་ལྟར་ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ་ལ་འབའ་ཞིག་ཡིན་ན། ཇི་ལྟར་བསྒོམ་པ་དང་མི་སློབ་པའི་ལམ་གཉིས་དང་བཅས་པ་ལ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཞེས་གསུངས་ཤེ་ན་བདེན་མོད་ཀྱི་འོན་ཀྱང་མཐོང་བའི་ལམ་གཙོ་བོ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་ཡིན་པར་གསུངས་ཏེ། དེའི་འབྲས་བུ་ནི་བསྒོམ་པའི་ལམ་དང༌། མི་སློབ་པའི་ལམ་གཉིས་ཡིན་པས་འགལ་བ་མེད་དོ། །དེའི་ཕྱིར། དེ་ནི་གཙོ་ཕྱིར་དང་པོའི་ཕྱིར། །གྲོལ་བའི་རྒྱུ་ཕྱིར་ཆོས་འཁོར་ལོ། །གསུམ་པ་རྣམ་པ་
བཅུ་གཉིས་ཀྱི། །ཆོས་ཀྱི་འཁོར་ལོ་གང་གསུངས་པ། །མཐོང་བའི་ལམ་ལ་དེ་ཡོད་པས། །འབྲས་བུར་བཅས་པ་ཡོངས་སུ་བཟུང༌། །ཞེས་གསུངས་པ་ཡིན་ནོ།། །།བམ་པོ་བཞི་པ། ལྔ་པོ་ཞེས་བྱ་བ་ནི་ལྔའི་ཚོགས་ཀྱིས་སྤྱོད་པའི་ཕྱིར་ཏེ། དེ་དག་ཀྱང་འཕགས་པ་ཀུན་ཤེས་ཀཽཎྜི་ནྱ་དང༌། རྟ་ཐུལ་དང༌། བཟང་ལྡན་དང༌། རླངས་བ་དང༌། མིང་ཆེན་ཞེས་བྱ་བ་དག་གོ །ཉེ་ལྔ་ཞེས་བྱ་བ་ནི་ལྔ་བ་དང༌། ཉེ་བར་ཞུགས་པའི་ཕྱིར་ཏེ། དེ་དག་ནི་གྲགས་པ་དང༌། གོང་བོ་དང༌། དྲི་མེད་དང༌། བ་ལང་བདག་དང༌། ལག་བཟངས་ཞེས་བྱ་བ་དག་གོ །མཐོ་བ་མཐོ་བ་ཞེས་བྱ་བ་ནི་གཙོ་བོ་དག་པས་ཀྱང་ཆེས་གཙོ་བོ་དག་སྟེ། རྣམ་པའི་ཕྱིར་ལན་གཉིས་སུ་སྨོས་སོ། །བཏུལ་ཞེས་བྱ་བ་ནི་འཕགས་པའི་ལམ་སྐྱེད་པས་དུལ་བར་མཛད་པའོ། །རབ་ཏུ་ཕྱུང་ཞེས་བྱ་བ་ནི་སྔོམ་པ་ཡང་མ་ཡིན། སྔོམ་པ་མ་ཡིན་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་འབྱུང་བར་ཐོབ་པར་མཛད་པའོ། །རྫོགས་པར་བསྙེན་པ་ཞེས་བྱ་བ་ནི་སྡིག་པ་ཐམས་ཅད་སྤོང་བའི་མཚན་ཉིད་དགེ་སློང་གི་དངོས་པོ་ལ་རྣམ་པར་གཞག་པ་མཛད་དེ། དེ་ལ་རྫོགས་པ་ཞེས་བྱ་བ་ནི་དོན་ཐམས་ཅད་ཡང་དག་པར་གྲུབ་པའི་དཔལ་ཏེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་སྐད་དུ་ཡང༌། དྲི་མ་ཐམས་ཅད་བཅོམ་བྱས་ཤིང༌། །མྱ་ངན་འདས་པ་རྫོགས་པ་ཐོབ། །སྡུག་བསྔལ་ཐ་མར་བྱེད་པ་སྟེ། །ཐམས་ཅད་རྫོགས་པར་གྱུར་པ་ཡིན། །ཞེས་ཇི་སྐད་གསུངས་པ་ཡིན་ནོ། །དེར་བསྙེན་པ་ནི་དེ་དང་ཉེ་བའི་སྒྲ་ཡིན་ཏེ། རྫོགས་པ་དང༌། ཉེ་བ་ནི་རྫོགས་པར་བསྙེན་པ་སྟེ། དགེ་སློང་གི་སྡོམ་པ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟར་རྫོགས་པ་དང་ཉེ་བར་རྣམ་པར་གནས་པ་ཡིན་པ་དེ་ནི་ཁད་ཉེ་བ་ཉིད་ཀྱིས་མྱ་ངན་ལས་འདས་པ་ལ་གནས་པ་ཡིན་ནོ། །དེ་ལྟར་ཡང་ངའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དེ་ནི་མཐོ་རིས་ནི་དར་གྱིས་བསྒྲིབས་པ་ཙམ་ཡིན་ལ། ཐར་པ་ནི་ཡོལ་བས་བསྒྲིབས་པ་ཙམ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །རྫོགས་པར་བསྙེན་པ་དེ་ཐོབ་པར་མཛད་པ་ནི་རྫོགས་པར་བསྙེན་པ་ཞེས་བྱ་བའི་ཐ་ཚིག་གོ །ཀར་པི་སའི་ཚལ་གསེབ་ཅེས་བྱ་བ་ནི་ཤིང་ལྗོན་པ་ཞེས་མང་པོའི་མིང་ཡིན་ནོ། །བཟང་སྡེའི་ཚོགས་ཞེས་བྱ་བ་ནི་བཟང་པོ་མཛེས་པའི་ཚོགས་ཏེ།
དེས་འགྲོ་བ་དང་འོངས་པ་ལ་སོགས་པས་རྣམ་པར་གནས་པའི་ཕྱིར་རོ། །བདེན་པ་དག་ལ་ཞེས་བྱ་བ་ནི་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དག་ལའོ། །བཀོད་དོ་ཞེས་བྱ་བ་ནི་ཤེས་པ་མི་གཡོ་བ་བསྐྱེད་པ་ཉིད་ཀྱིས་སོ། །ལྟེང་རྒྱས་ཞེས་བྱ་བ་ནི་གྲོང་གི་མིང་ངོ༌། །ག་ཡ་མགོའི་མཆོད་རྟེན་ཞེས་བྱ་བ་ནི་གྲོང་ཁྱེར་ག་ཡར་ལྷ་ཁང་བརྩིགས་པས་དེའི་ཕྱོགས་གཙོ་བོ་ཡིན་པའི་ཕྱིར་རོ། །ཆོས་འཕྲུལ་གསུམ་གྱིས་ཞེས་བྱ་བ་ནི་རྫུ་འཕྲུལ་དང༌། ཀུན་བརྗོད་པ་དང༌། རྗེས་སུ་བསྟན་པའི་ངོ་བོ་ཉིད་ཀྱི་ཡ་མཚན་བསྐྱེད་པ་དག་གིས་ཏེ། ཆོ་འཕྲུལ་ཞེས་བྱ་བ་ནི་ཞེ་འགྲས་པ་དང༌། ཐ་མལ་པ་རྣམས་ཀྱི་ཡིད་འཕྲོག་ཅིང་སྡུད་པར་བྱེད་པའི་ཕྱིར་རོ། །གདམས་པ་ཞེས་བྱ་བ་ནི་རྗེས་སུ་བསྟན་བའོ། །ཤིན་ཏུ་མཐར་ཐུག་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཟད་པར་འདོད་པའི་མཐར་ཐུག་པའི་ཕྱིར་དང༌། ཡང་བྱ་བ་ཉིད་མེད་པའི་ཕྱིར་དང༌། གྲུབ་པ་དད་པ་དེ་བ་ཞེས་བྱ་བ་ལ། གྲུབ་པ་ཞེས་བྱ་བ་ནི་སྔོན་མ་ཐོབ་པའི་ཉོན་མོངས་པ་སྤངས་པའོ། །བདེ་བ་ཞེས་བྱ་བ་ནི་དེ་ཐོབ་པ་མི་ཉམས་པ་སྟེ། དེ་ནི་གྲུབ་པ་ཡང་ཡིན་ལ་བདེ་བ་ཡང་ཡིན་ཏེ། ཡོངས་སུ་མི་ཉམས་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཤར་པའི་ཚལ་ཞེས་བྱ་བ་ནི་སྨྱུག་མ་ཕྲ་ཤར་ཤར་པོའི་ཚལ་ལོ། །འོད་མའི་ཚལ་ཞེས་བྱ་བ་ནི་འོད་མ་མང་པོའི་གནས་ཞེས་བྱ་བའི་ཐ་ཚིག་གོ །བཞེས་ཏེ་ཞེས་བྱ་བ་ནི་གནས་ཀྱི་དོན་དང་སྦྱིན་པ་བ་པོ་རྣམས་ཀྱིས་སྦྱིན་བ་པོ་པར་བྱ་བའི་ཆོས་ཡོངས་སུ་ལོངས་སྤྱད་པའི་དོན་དུ་ཞལ་གྱིས་བཞེས་ཏེའོ། །དེ་ན་ཞེས་བྱ་བ་ནི་འོད་མའི་ཚལ་ནའོ། །སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནི་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་འདས་པ་དང༌། མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཡིན་ལ། བདུད་བཞི་བཅོམ་པའི་ཕྱིར་བཅོམ་ལྡན་འདས་སོ། །ཚིག་གཉི་ག་སྨོས་པ་ནི་ཡང་དག་པར་སྡུད་པར་བྱེད་པའི་ཚིག་སྟེ། གུས་པ་སྐྱེད་པའི་ཕྱིར་རོ། །འདི་ལ་འདུལ་བ་བྱེ་གྲག་ཏུ་སྨྲ་བ་དག་མུ་བཞིར་བྱེད་དེ། སངས་རྒྱས་ཡིན་ལ་བཅོམ་ལྡན་འདས་མ་ཡིན་པ་ཡང་ཡོད། བཅོམ་ལྡན་འདས་ཡིན་ལ་སངས་རྒྱས་མ་ཡིན་པ་ཡང་ཡོད། སངས་རྒྱས་ཀྱང་ཡིན་ལ་བཅོམ་
ལྡན་འདས་ཀྱང་ཡིན་པ་ཡང་ཡོད། སངས་རྒྱས་ཀྱང་མ་ཡིན་ལ་བཅོམ་ལྡན་འདས་ཀྱང་མ་ཡིན་པ་ཡང་ཡོད་དོ། །དེ་ལ་སངས་རྒྱས་ཡིན་ལ་བཅོམ་ལྡན་འདས་མ་ཡིན་པ་ནི་འདི་ལྟ་སྟེ། རང་སངས་རྒྱས་དང༌། ཉན་ཐོས་ཀྱི་སངས་རྒྱས་དག་གོ །བཅོམ་ལྡན་འདས་ཡིན་ལ་སངས་རྒྱས་མ་ཡིན་པ་ནི་འདི་ལྟ་སྟེ། །བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་མའོ། །སངས་རྒྱས་ཀྱང་ཡིན་ལ་བཅོམ་ལྡན་འདས་ཀྱང་ཡིན་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །སངས་རྒྱས་ཀྱང་མ་ཡིན་ལ། བཅོམ་ལྡན་འདས་ཀྱང་མ་ཡིན་པ་ནི་འདི་ལྟ་སྟེ། སོ་སོའི་སྐྱེ་བོ་ཐམས་ཅད་དོ། །འདིར་བརྒལ་བ་ཅིའི་ཕྱིར་མདོ་སྡེ་དང་ཆོས་མངོན་པ་གཉིས་ཀྱི་གླེང་གཞིར་ནི་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཞེས་སྨོས་ལ། འདུལ་བའི་གླེང་གཞིར་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་སྨོས་ཤེ་ན། ཡ་མཚན་ཅན་དགུ་བཅུ་རྩ་དྲུག་གི་གཉེན་པོའི་ཕྱིར་ཏེ། ཡ་མཚན་ཅན་དགུ་བཅུ་རྩ་དྲུག་པོ་དག་ལ་ནི་ཐམས་ཅད་ལ་བཅོམ་ལྡན་འདས་ཞེས་བྱ་བའི་སྒྲ་གྲག་སྟེ་ལེགས་ལྡན་རྫོགས་བྱེད་དང༌། ལེགས་ལྡན་བརྒྱ་བྱིན་དང༌། ལེགས་ལྡན་ཚངས་པ་ཞེས་བྱ་བ་ལ་སོགས་པར་བརྗོད་ལ། དེ་དག་ལ་སངས་རྒྱས་ཞེས་བྱ་བའི་སྒྲ་ནི་མེད་པས་དེ་དག་ལས་ནི་རྣམ་པར་གཅད་པའི་ཕྱིར་སངས་རྒྱས་ཞེས་བྱ་བའི་སྒྲ་སྨོས་སོ། །གལ་ཏེ་དེ་ལྟར་ན་མདོ་སྡེ་དང༌། ཆོས་མངོན་པ་གཉིས་ལ་ཡང་སངས་རྒྱས་ཞེས་བྱ་བའི་སྒྲ་སྨོས་པར་བྱ་བའི་རིགས་ན་ཅིའི་ཕྱིར་མ་སྨོས་ཤེ་ན། མདོ་སྡེ་དང་ཆོས་མངོན་པ་གཉིས་ནི་ཉན་ཐོས་དང༌། རང་སངས་རྒྱས་དང༌། ལྷ་དང༌། དྲང་སྲོང་སྤྲུལ་པ་དག་དང་ལྷན་ཅིག་ཐུན་མོང་དུ་བསྟན་པ་ཡིན་ལ། བསླབ་པའི་གཞི་བཅའ་བ་ལ་ནི་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་དགྲ་བཅོམ་པ་དག་ལ་ཡང་དབང་མེད་ན་གཞན་དག་ལ་ཏ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཕྱིར་བསླབ་པའི་གཞི་བཅའ་བ་ནི་ཐུན་མོང་མ་ཡིན་པའི་ཕྱིར་འདུལ་བའི་སྡེ་སྣོད་ལ་མཚན་མར་བྱ་བའི་ཕྱིར་སངས་བཅོམ་ལྡན་འདས་ཞེས་སྨོས་སོ། །མདོ་སྡེ་དང་ཆོས་མངོན་པ་གཉིས་ལ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཞེས་སྨོས་སོ་ཞེས་འདུལ་བ་བྱེ་བྲག་ཏུ་སྨྲ་བ་དག་ཟེར་རོ། །རྒྱལ་
པོའི་ཁབ་ན་ཞེས་བྱ་བ་ནི་ཉེ་བའི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། དཔེར་ན་ཆུ་ཀླུང་ཡ་མུ་ན་ཕོ་གྲང་འདུག་གོ་ཞེས་བྱ་བ་དང་འདྲའོ། །ཀ་ལན་ད་ཀའི་གནས་ན་ཞེས་བྱ་བ་ནི་ཀ་ལན་ད་ཀ་ཞེས་བྱ་བ་སྲོག་ཆགས་བྱ་ཕྲ་མོ་དག་གི་གནས་ན་སྟེ། དེ་ཉིད་ཀྱི་གླེང་གཞི་གཞུང་འདི་ལས་འོག་ནས་འབྱུང་ངོ༌། །བཞུགས་སོ་ཞེས་བྱ་བ་ནི་གནས་པ་སྟེ། སྤྱོད་ལམ་བཞི་མཛད་པའི་ཕྱིར་རོ། །ཆེ་མ་མེ་ཆེམས་སེ་ཞེས་བྱ་བ་ནི་ཡོངས་སུ་གཡོ་བ་དང་བྲལ་བ་སྟེ། ཆེམ་མེ་བས་ཀྱང་ཆེས་ཆེམས་སེ་འདུག་པའི་ཕྱིར་རྒྱུ་གཉིས་ཀྱིས་ཤེས་དོ། །ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་ཤེས་བྱ་བ་ལ། ཕ་རོལ་གྱི་དམག་ཚོགས་ཞེས་བྱ་བ་ནི་ཕ་རོལ་གྱི་ཡུལ་འཁོར་བ་འོངས་པའོ། །དེས་འཇིགས་པ་ནི་གྲོང་ཁྱེར་ན་གནས་པའི་མི་དག་མི་གཡོ་བར་ཆེམ་མེ་ཆེམས་སེ་འཁོད་པ་ན་གྲོང་ཁྱེར་ཡང་རྒྱུན་ལུགས་མེད་ཅིང་ཆེམ་ཆེམས་སེར་གནས་པར་འགྱུར་བའོ། །དགེ་སྦྱོད་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་འམ་སྡིག་པ་ཞི་བའི་ཕྱིར་རོ། །བྲམ་ཟེ་ཞེས་བྱ་བ་ནི་རིགས་དང་ལྡན་པའི་ཕྱིར་རམ་སྡིག་པ་སྤངས་པའི་ཕྱིར་རོ། །དབང་ཆེ་བར་གྲགས་པ་ཞེས་བྱ་བ་ནི་བསོད་ནམས་དང་ལྡན་པའོ། །གནས་པ་ཞེས་བྱ་བ་ནི་འདུག་པ་སྟེ། དེ་འདུག་པ་ཉིད་ཀྱིས་ན་དེའི་མཐུས་ཞི་བ་ཉིད་དུ་འགྱུར་རོ་སྙམ་ནས་ཞེས་བྱ་བར་སྦྱར་རོ། །རེ་ཞིག་ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་མེད་པས་ཞེས་བྱ་བ་ནི་རྒྱུ་གཉིས་པོ་དག་ལས་ཞེས་བྱ་བར་ཚིག་ཁོང་ནས་འབྱུང་ངོ༌། །སང་ཞེས་བྱ་བ་ནི་སང་ནང་པར་རོ། །འཕྲལ་རིས་གསུམ་ཞེས་བྱ་བ་ནི་འཕྲལ་བའི་ཕྱོགས་སུ་ཐལ་བའི་རི་མོ་གསུམ་བྱས་པའོ། །སྤྱོད་ཡུལ་དུ་ཞེས་བྱ་བ་ནི་དོན་གྱི་ཕྱིར་ཕྱི་རོལ་དུ་འདོང་བའི་སར་རོ། །ཕྱི་བཞིན་ཕྱི་བཞིན་ཞེས་བྱ་བ་ནི་རྗེས་བཞིན་དུ་སྟེ། བཟླས་པའི་ཕྱིར་ཚིག་གཉིས་སུ་སྨོས་སོ། །ཕྱིར་གྱུར་ཏེ་ཞེས་བྱ་བ་ནི་ཕྱིར་ལོག་སྟེའོ། །དེའི་སྐབས་སུ་ཞེས་བྱ་བ་ནི་དེའི་བར་སྐབས་སུའོ། །མི་མཁྱེན་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་སམ། འཇིག་རྟེན་པའི་མཁྱེན་པས་སོ། །མ་གཟིགས་པས་ཞེས་བྱ་བ་ནི་སྤྱན་གྱིས་སམ། འཇིག་རྟེན་ལས་འདས་པའི་མཁྱེན་པས་སོ། །མ་རིག་པ་ཞེས་བྱ་བ་ནི་སྙན་གྱིས་སམ། ཐག་རིང་པོའི་གཟུགས་གཟིགས་པས་སོ། རྣམ་པར་
མི་མཁྱེན་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སམ། ཆ་ཕྲ་ཞིང་བསྒྲིབས་པའི་གཟུགས་གཟིགས་པས་སོ། །ཡང་ན་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མཁྱེན་པ་དག་གིས་གོ་རིམས་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ནི་ཉིད་ལན་གསུམ་མཚན་ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས་མཁྱེན་པ་དང་གཟིགས་པ་འཇུག་གོ་ཞེས་འོག་ནས་འབྱུང་བ་དང་སྦྱར་རོ། །འཚོ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པར་མི་འཛིན་པའོ། །བཞུགས་པ་ཞེས་བྱ་བ་ནི་བསམ་གཏན་དང། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བདེ་བ་ཡོངས་སུ་སྤངས་ཏེ། འཇིག་རྟེན་ལ་ཕན་པ་མཛད་པ་རྗེས་སུ་བསྒྲུབ་པར་མཛད་པའོ། །གསོན་ཞེས་བྱ་བ་ནི་མངོན་པར་མི་དགའ་བའི་ཕུང་པོ་ལྔ་པོ་ཁུང་དུ་གྱུར་བ་དེ་དག་བསྣམས་པས་སྡུག་བསྔལ་བསྣམས་པའོ། །བཞེས་ཞེས་བྱ་བ་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པས་མངོན་པར་མི་དགྱེས་པའི་དངོས་པོ་ཐམས་ཅད་དང་དུ་བཞེས་ཤིང་བཞེས་པའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་ནི་ཐུགས་རྗེ་བླ་ན་མེད་པས་བསྐྱོད་པས་སོ། །འཇིག་རྟེན་ལ་ཕན་པར་ཞུགས་པ་ཞེས་བྱ་བ་ནི་རྗེས་སུ་བསྒྲུབས་པས་སོ། །སྲུང་བ་གཅིག་པུ་བཞེས་བྱ་བ་ནི་རྟག་ཏུ་དྲན་པ་ཉེ་བར་གཞག་པའི་སྒོ་སྲུང་དང་ལྡན་པའོ། །ཉག་གཅིག་དཔའ་བ་ཞེས་བྱ་བ་ནི་གྲོགས་ལ་མི་སྟོས་བའོ། །གཉིས་པ་མེད་པ་ཞེས་བྱ་བ་ནི་འདྲ་བ་གཉིས་པ་མེད་པའོ། །གཉིས་སུ་མི་གསུང་བ་ཞེས་བྱ་བ་ནི་ཤིན་ཏུ་ངེས་པར་གསུངས་པ་སྟེ། སྔ་ཕྱི་འགལ་བར་མི་གསུང་བའོ། །ཞི་གནས་དང་ལྷག་མཐོང་གིས་བཞུགས་པ་ཞེས་བྱ་བ་ལ། ཞི་གནས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཏེ། ཉེས་པ་ཞི་བར་བྱེད་པའི་ཕྱིར་རོ། །ལྷག་མཐོང་ཞེས་བྱ་བ་ནི་ཤེས་རབ་མཁས་པ་སྟེ། ལྷག་མཐོང་གི་སྐྱེས་བུ་མཁས་པར་བྱེད་པའི་ཕྱིར་རོ། །རིག་པ་གསུམ་གསལ་བར་མཛད་པ་ཞེས་བྱ་བ་ནི་སྔོན་གྱི་གནས་དང༌། འཆི་འཕོ་དང༌། སྐྱེ་བ་དང༌། ཟག་པ་ཟད་པ་མཁྱེན་པའི་རིག་པ་གསུམ་སྟོན་པར་མཛད་པའོ། །བསླབ་པ་གསུམ་ལ་ལེགས་པར་བསླབས་པ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གསུམ་རྗེས་སུ་
བསྒྲུབ་པའོ། །དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ་ཞེས་བྱ་བ་ནི་གཅིག་ཏུ་འཇམ་པ་དང་གཅིག་ཏུ་རྩུབ་པ་དང་འཇམ་རྩུབ་འདྲེན་མས་འདུལ་བ་གནས་གསུམ་ལ་མཁས་པའོ། །ཆུ་པོ་བཞི་ལས་རྒལ་བ་ཞེས་བྱ་བ་ནི་འདོད་པ་དང༌། སྲིད་པ་དང༌། ལྟ་བ་དང༌། མ་རིག་པའི་ཆུ་པོ་ལས་རྒལ་བའོ། །རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ་ཞེས་བྱ་བ་ནི་འདུན་པའི་ཏིང་དེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྡུ་འཕྲུལ་གྱི་རྐང་པ་དང༌། སེམས་དང༌། བརྩོན་འགྲུས་དང༌། དཔྱོད་པའི་ཏིང་ངེ་འཛིན་སྤོང་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ལའོ། །བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ་ཞེས་བྱ་བ་ནི་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་མཐུན་པ་དང༌། དོན་སྤྱོད་པ་ལ་ཡུན་རིང་པོ་ནས་གོམས་པར་མཛད་པའོ། །མི་འཇིགས་པ་བཞིས་བསྙེལ་བ་མི་མངའ་བ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པར་སངས་རྒྱས་པ་ཉིད་དང༌། ཟག་པ་ཟད་པ་ཉིད་དང༌། ངེས་པར་འབྱུང་བའི་ལམ་སྟོན་པ་ཉིད་དང༌། བར་དུ་གཅོད་པའི་དེ་བཞིན་དུ་བསྟན་པ་ལ། བསྙེལ་བ་མི་མངའ་ཞིང་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ལ་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པའོ། །ཡན་ལག་ལྔ་སྤངས་པ་ཞེས་བྱ་བ་ནི་འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང༌། འགྱོད་པ་དང༌། རྒོད་པ་དང༌། ལྷ་བ་དང༌། ཐེ་ཚོམ་ཞེས་བྱ་བ་འཁོར་བར་བྱེད་པའི་ཡན་ལག་ལྔ་པོ་དག་སྤངས་པའོ། །འགྲོ་བ་ལྔ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་ནི། ལྷ་དང་མི་དང་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་ཀྱི་འགྲོ་བ་ལྷ་ལས་སོ། །ཡན་ལག་དྲུག་དང་ལྡན་པ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ཡུལ་དང༌། ལྷའི་རྣ་བ་དང༌། སེམས་ཀྱི་རྣམ་གྲངས་དང༌། སྔོན་གྱི་གནས་དང༌། འཆི་འཕོ་དང་སྐྱེ་བ་དང༌། ཟག་པ་ཟད་པ་ཤེས་པ་དག་བརྙེས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་རྫོགས་པ་སྟེ། དེ་དག་འཕེལ་
བའི་ཕྱིར་རོ། །རྟག་ཏུ་གནས་པ་དྲུག་གིས་གནས་པ་ཞེས་བྱ་བ་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཡུལ་དྲུག་པོ་དག་ལ་རྟག་ཏུ་དྲན་པ་དང༌། ཤེས་བཞིན་གྱི་གནས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ་ཞེས་བྱ་བ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཆོས་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིའོ། །ལམ་གྱི་ཡན་ལག་བརྒྱད་སྟོན་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དང་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱི་འཕགས་པའི་ལམ་སྟོན་པར་མཛད་པའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ་ཞེས་བྱ་བ་ནི་བསམ་གཏན་བཞི་དང༌། གཟུགས་མེད་པ་བཞི་དང༌། འགོག་པའི་སྙོམ་པར་འཇུག་པ་ལའོ། །སྟོབས་བཅུའི་སྟོབས་དང་ལྡན་པ་ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་དང༌། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་སྟོབས་དང༌། དབང་པོ་མཆོག་དང༌། མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། འཆི་འཕོ་དང༌། སྐྱེ་བ་མཁྱེན་པའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་ངོ༌། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་བ་ཞིས་བྱ་བ་ལ། ཕྱོགས་བཅུ་ཞེས་བྱ་བ་ནི་ཕྱོགས་བཞི་དང༌། ཕྱོགས་མཚམས་བཞི། སྟེང་དང༌། འོག་གོ ། བརྒྱ་ཕྲག་བཅུར་དབང་བསྐྱུར་བ་ལས་ཁྱད་པར་དུ་འཕགས་པ་ཞེས་བྱ་བ་ལ། བརྒྱ་ཕྲག་བཅུ་ཞེས་བྱ་བ་ནི་གྲངས་ཀྱི་ཁྱད་པར་སྟེ། སྟོང་གི་འཇིག་རྟེན་གྱི་ཁམས་སོ། །དེར་དབང་སྒྱུར་བ་ནི་འཁོར་གྱི་བདག་པོ་སྟེ། སྟོང་གི་འཇིག་རྟེན་གྱི་ཁམས་སུ་དབང་སྒྱུར་བའི་སྟངས་པའོ། །དེ་ལས་ཁྱད་
པར་དུ་འཕགས་པ་ནི་མཐུས་ལྷག་པའོ། །ཆོས་ཉིད་ཅེས་བྱ་བ་ནི་དངོས་པོའི་ཚུལ་ཏེ། གདོན་མི་ཟ་བར་སྐུ་དོན་རྗེས་སུ་འགྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ །ཉིན་ལན་གསུམ་མཚན་ལན་གསུམ་ཞེས་བྱ་བ་ནི་ཉིད་པར་སྔ་དྲོའི་ཆ་གསུམ་དང༌། མཚན་མོའི་ཐུན་དང་པོ་དང༌། གུང་དང་ཐ་མ་གསུམ་མོ། །སངས་རྒྱས་ཀྱི་སྤྱན་གྱིས་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སོ། །འཇིག་རྟེན་ལ་ཞེས་བྱ་བ་ནི་ཁམས་གསུམ་པའི་འགྲོ་བ་ལའོ། །རྣམ་པར་གཟིགས་ནས་ཞེས་བྱ་བ་ནི་སོ་སོར་བརྟགས་ནས་སོ། །ཉམས་པར་འགྱུར་ཞེས་བྱ་བ་ནི་དད་པ་ལ་སོགས་པ་དགེ་བའི་ཆོས་དག་ལས་ལྟུང་བའོ། །འཕེལ་བར་འགྱུར་ཞེས་བྱ་བ་ནི་དད་པ་ལ་སོགས་པ་དགེ་བ་དེ་དག་གིས་ཉེ་བར་སོགས་པར་འགྱུར་བའོ། །གནོད་པ་ཞེས་བྱ་བ་ནི་ལུས་ཀྱིས་སྡུག་བསྔལ་བའོ། །ཉ་མ་ང་བཞེས་བྱ་བ་ནི་སྡུག་པ་དང་བྲལ་བའི་སྡུག་བསྔལ་ལོ། །ཁ་ཅིག་ན་རེ་གནོད་པ་ཞེས་བྱ་བ་ནི། དབྱུང་བར་དཀའ་བའི་ཕྱིར་རོ། །ཉམ་ང་བཞེས་བྱ་བ་ནི་ཕྱིར་བཅོས་པའི་སྐབས་མེད་པའི་ཕྱིར་རོ། །མི་བདེ་བ་ཞེས་བྱ་བ་ནི་གནོད་པའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །གནོད་པ་དང་ཉམ་ང་བ་དང༌། མི་བདེ་བ་ཞེས་བྱ་བ་བསྡུས་པ་ནི་སྡུག་བསྔལ་འབྱུང་བ་ཡོད་པའི་ཕྱིར་རོ། །གང་ནི་ངན་སོང་ལ་ཞེས་བྱ་བ་ལ་སོགས་པ་དང༌། ངན་སོང་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ། །གཞོལ་བ་དང༌། འབབ་པ་དང༌། བབ་པ་ཞེས་བྱ་བ་ནི་ཆུང་དུ་དང༌། འབྲིང་དང༌། ཆེན་པོའི་རྣམ་པས་མངོན་པར་ཕྱོགས་པའོ། །ཁ་ཅིག་ན་རེ་གཞོལ་ཞེས་བྱ་བ་ནི་ངན་སོང་བའི་ལས་ཀྱི་སྦྱོར་བ་བྱེད་པའི་ཕྱིར་རོ། །འབབ་པ་ཞེས་བྱ་བ་ནི་ལས་ཀྱི་དངོས་གཞི་ཡོངས་སུ་རྫོགས་པའི་ཕྱིར་རོ། །བབ་པ་ཞེས་བྱ་བ་ནི་ལས་ཀྱི་མཇུག་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །མཐོ་རིས་ཞེས་བྱ་བ་ནི་ལྷའི་འཇིག་རྟེན་ནོ། །ཐར་པ་ཞེས་བྱ་བ་ནི་དུས་གསུམ་ལས་ཐར་པ་གསུམ་པ་སྟེ། མྱ་ངན་ལས་འདས་པའོ། །འབྲས་བུ་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུའོ། །འདོད་པའི་འདམ་ཞེས་བྱ་བ་ནི་དངོས་པོའི་འདོད་པ་དང༌། ཉོན་མོངས་པའི་འདོད་པ་སྟེ་འདམ་དང་ཆོས་མཐུན་པའི་ཕྱིར་རོ། །འཕགས་པའི་ནོར་
ཞེས་བྱ་བ་ནི་ཟག་པ་མེད་པའི་དད་པ་དང༌། ཚུལ་ཁྲིམས་དང་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། ཐོས་པ་དང༌། གཏོང་བ་དང༌། ཤེས་རབ་ཀྱི་ནོར་བདུན་པོ་དག་གོ །འབྲས་བུ་དང་བཅས་པ་ཞེས་བྱ་བ་ནི་གནས་ལ་དད་པ་ལ་སོགས་པའི་རིམ་གྱིས་སོ། །དགེ་བའི་རྩ་བདག་ལ་བསྐྱེད་པ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པ་དག་མ་སྤངས་པའོ། །ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བ་ནི་མཐུས་ཤེས་ཤིང་སྤེལ་བའོ། །རྣམ་པར་གྲོལ་བ་ཞེས་བྱ་བ་ནི་འབྲས་བུར་འགྱུར་བའོ། །མཁྱེན་པ་དང་གཟིགས་པ་ཞེས་བྱ་བ་ལ། མཁྱེན་པ་ཞེས་བྱ་བ་ནི་བྱ་བ་ཡོངས་སུ་གཅོད་པའོ། །ཡང་ན་རང་གི་ངོ་བོ་ངེས་པར་རྟོགས་པའོ། །གཟིགས་པ་ཞེས་བྱ་བ་ནི་རྟོག་པ་སྟེ་བྱེ་བྲག་ཏུ་སོ་སོར་རྟོག་པའོ། །ཁ་ཅིག་ན་རེ་མཁྱེན་པ་ཞེས་བྱ་བ་ནི་ཡིད་ཀྱིས་མཁྱེན་པར་བྱ་བའི་དངོས་པོ་མཁྱེན་པའོ། །གཟིགས་པ་ཞེས་བྱ་བ་ནི་སྤྱན་གྱིས་གཟིགས་པར་བྱ་བ་དངོས་པོ་གཟིགས་པའོ། །ཡང་ན་མེད་པ་ལ་མེད་པར་མཁྱེན་པ་དང༌། ཡོད་པ་ལ་ཡོད་པར་གཟིགས་པ་སྟེ་གོ་རིམས་བཞིན་ནོ། །ཡང་ན་མཁྱེན་པ་ནི་ཟག་པ་མེད་པའི་ཡུལ་མཁྱེན་པའོ། །གཟིགས་པ་ནི་འཇིག་རྟེན་པའི་ཡུལ་གཟིགས་པའོ་ཞེས་ཟེར་རོ། །སྨྲས་པ་ཞེས་བྱ་བ་ནི་ཡང་དག་པར་སྡུད་པ་སྟོད་པ་བྱེད་པ་ལས་སོ། །ཆུ་སྲིན་གནས་ཀྱི་དུག་ཅན་པ། །ཞེས་བྱ་བ་ནི་རྒྱ་མཚོ་ཆེན་པོའོ། །དེ་ནི་ཆུ་སྲིན་གྱི་གནས་ཀྱང་ཡིན་ལ། དུག་ཅན་པ་ཡང་ཡིན་པའི་ཕྱིར་རོ། །ཆུ་སྲིན་སྨོས་པ་ནི་མཚོན་པ་ཙམ་སྟེ། ཉ་ཆེན་དང༌། ཉ་ཆེན་མེད་དང་ཉ་ཆེན་མིད་ཆེན་པོ་ལ་སོགས་པ་སྲོག་ཆགས་འབྱུང་པོ་གཞན་གྱི་གནས་ཀྱང་ཡིན་ནོ། །ཆུ་སྲིན་གྱི་གནས་དང་དགུ་ཅན་པ་ཞེས་བྱ་བའི་ཚིག་གཉི་ག་སྨོས་པ་ནི། རྒྱལ་བ་དུག་ཅན་གྱིས་བསོགས་པའི་ཆུ་ཀླུང་དང༌། རྫིང་བུ་གཞན་དག་ཀྱང་ཡོད་པས་དེ་ལས་དགར་བར་བྱ་བའི་ཕྱིར་རོ། །དུས་ལས་ཞེས་བྱ་བ་ནི་དུས་གསུམ་དུ་རླབས་བྱུང་བའི་དུས་ལས་སོ། །འདའ་བར་འགྱུར་བ་ཞེས་བྱ་བ་ནི་ཡོལ་བར་འགྱུར་བའོ། །གདུལ་བ་ཞེས་བྱ་བ་ནི་གདུལ་བའི་སྐྱེ་པོ་ལའོ། །བྱམས་པ་ཞེས་བྱ་བ་ནི་སྤྱན་རས་གཟིགས་ཀྱིས་འཚོ་བའོ། །རྟོག་ཅིང་ཞེས་བྱ་བ་ནི། དུས་ཐམས་ཅད་དུ་བྱམས་པའི་བསམ་པས་ཉེ་བར་གནས་པར་བྱེད་པའོ། །དེ་སྲོག་སྲུང་བར་བྱེད་ཅེས་བྱ་བ་ནི། སྦྲུལ་དང༌། དུག་དང༌།
ཚེར་མ་ལ་སོགས་པ་སྲོག་ལ་གནོད་པ་དག་ལས་ཀུན་དུ་སྲུང་བར་བྱེད་པའོ། །གདུལ་བའི་སྐྱེ་བོ་ཞེས་བྱ་བ་ནི་གདུལ་བར་བྱ་བའི་སེམས་ཅན་གྱི་ཚོགས་སོ། །རྟོག་པར་མཛད་ཅེས་བྱ་བ་ནི་བུ་གཅིག་པ་ལ་བྱམས་པ་དང་འདྲ་བར་དུས་ཐམས་ཅད་དུ་བྱམས་པར་མཛད་པའོ། །དེ་སྲོག་སྲུང་བར་མཛད་ཅེས་བྱ་བ་ནི་རྒྱུད་ལ་འཕགས་པའི་ལམ་སྐྱེ་བའི་རྒྱུ་དང་མི་མཐུན་པ་དག་ལ་ཀུན་ནས་སྲུང་བར་མཛད་པའོ། །ཇི་ལྟར་དེ་ལྟར་རྟོག་པར་མཛད་ཅེ་ན། དེའི་ཕྱིར་ཀུན་མཁྱེན་ཞེས་བྱ་བ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་རྒྱུད་ལ་མངའ་བའི་ཐུགས་རྗེ་བ་བཞོན་མ་ལྷ་བུ་མངའ་བ་གང་ཡིན་པ་དེ་འདུལ་བ་འཁོར་བའི་བཙོན་རར་འཁྱམས་པ་བེའུ་ལྟ་བུ་དག་ཚོལ་བས་མི་སྐྱོ་བ་དེའི་ཕྱིར་དེ་བཞིན་གཤེགས་པ་འདུལ་བའི་སྐྱེ་བོ་རྟོག་པར་མཛད་ཅིང་དེའི་སྲོག་སྲུང་བར་མཛད་དོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར། གདུལ་བ་སྲིད་དང་ངན་འགྲོས་ཉམས་ལ་བྱམས་པ་ནི། །རབ་ཉམས་བེའུ་ལ་བྱམས་པ་ཡི་བ་བཞིན་ནོ། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པའི་རྒྱུད་ལ་མངའ་བའི་ཐུགས་རྗེ་ནི་བ་བཞོན་དྲུས་མ་ལྟ་བུ་ཡིན་ལ་གདུལ་བའི་སྐྱེ་བོ་སྲིད་པ་དང༌། ངན་འགྲོས་ཉམས་པ་ནི་བེའུ་ལྟ་བུ་ཡིན་པས། དེ་བཞིན་གཤེགས་པའི་ཐུགས་རྗེས་གདུལ་བའི་སྐྱེ་བོ་ཚོལ་བས་མི་སྐྱོ་བ་ནི་བ་བཞོན་དྲུས་མ་བེའུ་ཚོལ་བས་མི་སྐྱོ་བ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ །བྱ་བ་ལྷག་པར་བྱས་པ་ཞེས་བྱ་བ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་འཕགས་པའོ། །དགེ་བའི་རྩ་བའི་ཚོགས་བསགས་པ་ཞེས་བྱ་བ་ནི་ཐར་པའི་ཆ་མཐུན་པའི་དགེ་བའི་རྩ་བ་ཡོངས་སུ་བརྟས་པ་སྟེ། འབྲས་བུ་བསྐྱེད་པ་ལ་མངོན་དུ་ཕྱོགས་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་འབྲས་བུ་ཡོངས་སུ་སྨིན་པ་མཚོན་གྱིས་བརྟོལ་བ་ལ་སྡོད་པ་ལྟ་བུ་ཞེས་བྱ་བས་བསྟན་ཏོ། །ཅི་འདི་གཉིས་རེ་ཞིག་སྟོན་པས་གདུལ་བ་ཡིན་ནམ། འོན་ཏེ་ཉན་ཐོས་ཀྱིས་གདུལ་བ་ཡིན་སྙམ་དུ་དགོངས་ན་ཞེས་བྱད་བ་ལ་སོགས་པའི་ཚིག་དེ་ནི་ཉན་ཐོས་ཀྱིས་གདུལ་བ་ཐམས་ཅད་འདུལ་བར་མི་འགྱུར་བ་དགག་པ་ཡིན་གྱི་སྟོན་པས་གདུལ་བ་ཁ་ཅིག་མི་གདུལ་བར་དགག་པ་ནི་མ་ཡིན་ཏེ། འདི་ལྟར་སྟོན་པས་ནི་གདུལ་
བ་ཐམས་ཅད་འདུལ་བར་འགྱུར་བའི་ཕྱིར་རོ། །སྒོ་གང་ནས་ཞེས་བྱ་བ་ནི་གདུལ་བར་འགྱུར་བའི་ཐབས་གང་ནས་སོ། །འདུག་པར་འགྱུར་ཞེས་བྱ་བ་ནི་བསྟན་ལ་འཇུག་པར་འགྱུར་རོ། །རྫུ་འཕྲུལ་ཞེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའོ། །སྤྱོད་ལམ་ལམ་ཞེས་བྱ་བ་ནི་འགྲོ་བ་དང༌། འོང་བ་ལ་སོགས་པ་བྱ་བའི་མཚན་ཉིད་དོ། །ཡིད་སྡུང་པར་བྱེད་པ་ཞེས་བྱ་བ་ནི་དང་པོ་སྐྱེད་པར་བྱེད་པའོ། །སེམས་ཤིག་ཅེས་བྱ་བ་ནི་ལྟོས་ཤིག་ཅེས་བྱ་བའོ། །ཅང་མི་སྨྲ་བས་ཞེས་བྱ་བ་ནི་ཁ་རོག་པས་སོ། །བླང་བ་ཞེས་བྱ་བ་ནི་དང་དུ་བླངས་པས་སོ། །མངོན་པར་བསྟོད་པས་ཞེས་བྱ་བ་ནི་སེམས་ཀྱིས་ཁས་བླངས་པའོ། །རྗེས་སུ་ཡི་རངས་པ་ཞེས་བྱ་བ་ནི་དེ་ལྟ་ལགས་སོ་ཞེས་ཚིག་གི་བསྟོད་པའོ། །སྔ་དྲོ་ཞེས་བྱ་བ་ནི་གུང་ཚིགས་ཀྱི་མདུན་རོལ་ལོ། །ཤམ་ཐབས་བགོས་ཞེས་བྱ་བ་ནི་སྨད་ཀྱི་གོས་བགོས་བའོ། འདི་ལྟར་ཤམ་ཐབས་ནི་སྔ་ནས་ཀྱང་བགོས་ཟིན་མོད་ཀྱི། འོན་ཀྱང་སྤྱོད་ཡུལ་དུ་འཇུག་པའི་ཚེ་ལེགས་པར་བཅོས་པ་ཡིན་པས་ཉེས་པ་མེད་དོ། །ཁ་ཅིག་ན་རེ་ཤམ་ཐབས་ཀྱི་གཞན་གྱོན་གྱོན་པ་ཕུད་དེ་སྤྱོད་ཡུལ་དུ་འཇུག་ཁར་ཤམ་ཐབས་ཉིད་བགོས་པ་ལ་བྱའོ་ཞེས་ཀྱང་ཟེར་རོ། །ལྟུང་བཟེད་ཐོགས་ཞེས་བྱ་བ་ནི་ལག་ན་ཐོགས་པའོ། །ཆོས་གོས་ཐོགས་ཞེས་བྱ་བ་ནི་སྟོད་ཀྱི་གོམ་བགོས་པའོ། །འགྲོ་བ་ཞེས་བྱ་བ་ནི་ཕར་འགྲོ་བའོ། །ལྡོག་པ་ཞེས་བྱ་བ་ནི་ཕྱིར་ལྡོག་པའོ། །ཅུང་ཟང་ལྟ་བ་ཞེས་བྱ་བ་ནི་མདུན་དུ་ལྟ་བའོ། །རྣམ་པར་ལྟ་བ་ཞེས་བྱ་བ་ནི་གཡས་དུ་ལྟ་བའོ། །བསྐུམ་པ་ཞེས་བྱ་བ་ནི་ལག་པ་ལ་སོགས་པ་བསྐུམ་པའོ། །བརྐྱང་བ་ཞེས་བྱ་བ་ཡང་ལག་པ་ལ་སོགས་པ་བརྐྱང་བའོ། །སྣམ་སྦྱར་ཞེས་བྱ་བ་ནི་སྣམ་ཕྲན་གྱི་གླེགས་བུ་སྦྱར་བའི་གོས་སྟོད་དུ་བགོ་བའོ། །ཆོས་གོས་ཞེས་བྱ་བ་ནི་སྣམ་སྦྱར་ལས་གཞན་པ་བླ་གོས་ལ་སོགས་པའོ། །བྱ་བ་ཞིག་གི་ཕྱིར་ཞེས་བྱ་བ་ནི་དོན་གཙོ་བོ་མ་ཡིན་པས་མིང་མི་སྨོས་སོ། །གང་གི་ཕྱིར་ནི་རབ་ཏུ་བྱུང་བ་ཞེས་བྱད་བ་ནི་རབ་ཏུ་བྱུང་བ་མཐོང་ངམ། ཐོས་པའི་ཕྱིར་རབ་ཏུ་བྱུང་བའོ། །དགའ་བ་ཞེས་བྱ་བ་ནི་འདོད་པའོ། །ལམ་ཆེན་པོ་ཞེས་བྱ་བ་ནི་ཤིང་རྟའི་ལམ་མོ། །དེ་ནི་ཡངས་པ་ཡང་ཡོད་པས་དེའི་ཕྱིར་རུབ་པ་ཞེས་བྱ་བ་ནི་སྨོས་ཏེ། སྲང་དོག་པ་
བསྒུགས་སླ་བཞིག་ན་ཞེས་བྱ་བར་སྦྱར་རོ། །འགྲོ་བ་དང་ལྡོག་པས་ཞེས་བྱ་བ་ནི་ཆགས་པས་སོ། །ཤས་ཆེར་ཞེས་བྱ་བ་ནི་གཙོ་ཆེར་ཏེ་ཞར་ལ་དོན་གཞན་ཡང་བྱེད་པའོ། །སྡོད་ཅིང་ཞེས་བྱ་བ་ནི་སྡོད་པའོ། །དགེ་སྦྱོང་གཽ་ཏ་མ་ཞེས་བྱ་བ་སྨོས་པ་ནི། གཞན་དག་དེ་སྐད་ཟེར་བའི་ཚིག་གི་རྗེས་སྙེགས་པ་ཡིན་གྱི་ཚེ་དང་ལྡན་པ་རྟ་ཐུལ་ཉིད་ནི་སྟོན་པ་ལ་དེ་སྐད་ཅེས་མི་བརྗོད་དོ། །གཽ་ཏ་མ་ཞེས་བྱ་བ་ནི་དྲོང་སྲོང་གཽ་ཏ་མའི་རྒྱུད་ཡིན་པའི་ཕྱིར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་ནི་བླ་ན་མེད་པའི་མཁྱེན་པའོ། །མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་ནི་བརྙེས་པར་གྱུར་པའོ། །ཆོས་ཞེས་བྱ་བ་ནི་བསྟན་པའི་ཆོས་སོ། །སྟོན་ཅིག་ཅེས་བྱ་བ་ནི་སྨོས་ཤིག་ཅེས་བྱ་བའོ། །ན་གཞོན་ཞེས་བྱ་བ་ནི་ན་ཚོད་གཞོན་པའོ། །བསྟན་པ་ཞེས་བྱ་བ་ནི་ཆོས་སོ། །སླ་བ་མ་ཡིན་ཏེ་ཞེས་བྱ་བ་ནི་མི་ནུས་ཏེ་ཞེས་བྱ་བའོ། །དེའི་ཞེས་བྱ་བ་ནི་སྟོན་པའི་འོ། །ཆོས་གང་རྒྱུས་བྱུང་ཞེས་བྱ་བ་ནི་སོགས་པ་ལ་ཆོས་གང་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་འདུས་བྱས་ཀྱི་དངོས་པོ་རྣམས་སོ། །རྒྱུས་བྱུང་ཞེས་བྱ་བ་ནི་རྒྱུ་ལ་བརྟེན་ཏེ། བྱུང་བ་འབྲས་བུར་གྱུར་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་འདིས་ནི་སྡུག་བསྔལ་གྱི་བདེན་པ་བསྟན་ཏེ་དེ་བཞིན་གཤེགས་པས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་དག་གི་རྒྱུ་ཞེས་བྱ་བ་ནི་སྔར་བསྟན་མ་ཐག་པའི་ཆོས་གང་དག་རྒྱུ་ལ་བརྟེན་ཏེ། བྱུང་བ་དེ་དག་གི་རྒྱུ་སྟེ་རྒྱུར་གྱུར་པའི་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་འདིས་ནི་ཀུན་འབྱུང་བའི་བདེན་པ་བསྟན་ཏེ། དེ་ཡང་དེ་བཞིན་གཤེགས་པས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་འགོག་པ་གང་ཡིན་པའང་ཞེས་བྱ་བ་ནི་སྡུག་བསྔལ་ཏེ་འགོག་པ་གང་ཡིན་པ་སྟེ། མྱ་ངན་ལས་འདས་ཞེས་བྱ་བའི་ཐ་ཚིག་གོ ། དེ་ལྟར་ན་འདིས་ནི་འགོག་པའི་བདེན་པ་བསྟན་ཏེ། དེ་ཡང་དེ་བཞིན་གཤེགས་པས་བཀའ་སྩལ་ཏེ་ཞེས་བྱ་བར་སྦྱར་རོ། །དགེ་སྦྱོང་ཆེན་པོ་ཞེས་བྱ་བ་ནི་དགེ་སྦྱོང་གཞན་དག་པས་གཙོ་བོར་གྱུར་པ་སྟེ་སྡིག་པ་ཞི་བའི་ཕྱིར་རོ། །དེ་སྐད་གསུངས་ཞེས་བྱ་བ་ནི་གསུངས་པའི་དང་ཚུལ་ཅན་ཏེ།
འདིས་ནི་ལམ་གྱི་བདེན་པ་བསྟན་ཏེ། དེ་སྐད་ཅེས་བྱ་བའི་སྒྲ་སྨོས་པའི་ཕྱིར་རོ། །འདི་ལྟར་དེ་སྐད་ཅེས་བྱ་བའི་སྒྲ་ནི་དེ་ལྟར་ཞེས་བྱ་བ་སྟེ་དེ་ལྟར་སྒ་ཡང་ཇི་ལྟར་ཞེས་བྱ་བའི་སྒྲ་དང་སྦྱར་རོ། །དེས་ནས་ཇི་ལྟར་སྡུག་བསྔལ་གྱི་བདེན་པ་རྒྱུ་དང་བཅས་པ་དེ་བཞིན་གཤེགས་པས་བཀའ་སྩལ་པ། དེ་ལྟར་འགོག་པའི་བདེན་པ་ཡང་རྒྱུ་དང་བཅས་པར་དེ་བཞིན་གཤེགས་པས་བཀའ་སྩལ་ཏོ་ཞེས་སྦྱར་རོ། །དེ་ལྟར་ན་ཚིགས་སུ་བཅད་པ་འདིས་ནི་འཕགས་པའི་བདེན་པ་བཞི་བསྟན་པ་ཡིན་ནོ། །ཁ་ཅིག་ན་རེ་ཆོས་གང་ཞེས་བྱ་བ་འདིས་ནི་སྡུག་བསྔལ་གྱི་བདེན་པ་སྟེ། རྒྱུ་ཞེས་བྱ་བ་འདིས་ནི་ཀུན་འབྱུང་བའི་བདེན་པ་བསྟན་ཏོ། །འགོག་པ་ཞེས་བྱ་བ་འདིས་ནི་འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་གཉིས་བསྟན་ཏེ། དེ་གཉིས་འབྲེལ་བའི་ཕྱིར་ཏེ། འདི་ལྟར་བྱ་བ་བསྒྲུབ་པས་ནི་འགོག་པ་བསྟན་ཏེ། འགོག་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །བྱེད་པ་བསྒྲུབ་པས་ནི་ལམ་བསྟན་ཏེ། ལམ་འདིས་འགོག་པར་བྱེད་པས་ན་འགོག་པར་བྱེད་པ་ནི་ལམ་ཡིན་ནོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་ཆོས་གང་ཞེས་བྱ་བས་ནི་སྡུག་བསྔལ་གྱི་བདེན་པ་བསྟན་ཏོ། །རྒྱུ་ཞེས་བྱ་བས་ནི་ཀུན་འབྱུང་བའི་བདེན་པ་བསྟན་ཏོ། །འགོག་པ་ཞེས་བྱ་བས་ནི་འགོག་པའི་བདེན་པ་བསྟན་ཏོ། །འང་ཞེས་བྱ་བའི་སྒྲས་ནི་ལམ་གྱི་བདེན་པ་བསྟན་ཏོ། འདི་ལྟར་འང་ཞེས་བྱ་བའི་སྒྲ་འདི་ནི་བསྡུ་བའི་དོན་ཏོ། །དེས་ན་ཇི་ལྟར་སྡུག་བསྔལ་གྱི་བདེན་པ་རྒྱུ་དང་བཅས་པར་གསུངས་པ་དེ་བཞིན་དུ་འགོག་པའི་བདེན་པ་ལ་རྒྱུ་དང་བཅས་པར་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ །ལམ་ནི་འགོག་པ་ཐོབ་པའི་རྒྱུ་ཉིད་དུ་རྣམ་པར་གཞག་གི །སྐྱེད་པའི་རྒྱུ་ཉིད་ནི་མ་ཡིན་ནོ་ཞེས་ཟེར་རོ། །ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་པ་འམ་ཆོས་ཀྱི་གོ་རིམས་སོ། །བདེན་པ་བཞིའི་མཚན་ཉིད་དོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་མཐོང་བས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བའི་ཐ་ཚིག་གོ །རྡུལ་མེད་ཅེས་བྱ་བ་ནི་ཕྲ་རྒྱས་མེད་པའི་ཕྱིར་རོ། །དྲི་མ་དང་བྲལ་བ་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པ་མེད་པའི་ཕྱིར་རོ། །ཡང་ན་རྡུལ་མེད་ཅེས་བྱ་བ་ནི་གསལ་བར་སྣང་བའི་ཕྱིར་རོ། །དྲི་མ་དང་བྲལ་
བ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཕྱིར་ཏེ། ཇི་སྐད་དུ། བསྒོམས་པའི་སྟོབས་ཀྱིས་གསལ་བ་སྟེ། །འཇིགས་ལ་སོགས་པ་སྡང་བ་བཞིན། །ཤེས་པ་མ་ནོར་མི་རྟོག་པ། །གང་ཡིན་དེ་ནི་མངོན་སུམ་མོ། །ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟ་བུའོ། །སྐྱེས་སོ་ཞེས་བྱ་བ་ནི་ཐོས་པ་ཞེས་བྱ་བའི་ཐ་ཚིག་གོ །ཆོས་མཐོང་བ་ཞེས་བྱ་བས་ནི་སྡུག་བསྔལ་གྱི་བདེན་པ་བསྟན་ཏོ། །ཆོས་ཐོབ་པ་ཞེས་བྱ་བས་ནི་འགོག་པའི་བདེན་པ་བསྟན་ཏོ། །ཆོས་རིག་པ་ཞེས་བྱ་བས་ནི་ཀུན་འབྱུང་བའི་བདེན་པ་བསྟན་ཏོ། །ཆོས་ཀྱི་གཏིང་སླེབས་ཞེས་བྱ་བས་ནི་ལམ་གྱི་བདེན་པ་བསྟན་ཏོ། །སོམ་ཉི་ལས་རྒལ་བ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་བག་ཆགས་ཀྱིས་བསྒོས་པས་ཆོས་རྣམས་མ་རྟོགས་པ་རྟོགས་པར་འདོད་པ་དང་བྲལ་བའི་ཕྱིར་རོ། །ཐེ་ཚོམ་རྒལ་བ་ཞེས་བྱ་བ་ནི་བདེན་པའི་ཡུལ་ལ་ཡིད་གཉིས་དང་བྲལ་བའོ། །གཞན་གྱི་དྲིང་མི་འཇོག་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཆོས་རྣམས་རྟོགས་པའི་ཕྱིར་གཞན་གྱི་རྐྱེན་གྱིས་མི་འགྲོ་བའོ། །གཞན་གྱིས་མི་བཀྲི་བ་ཞེས་བྱ་བ་ནི་གཞན་གྱིས་བཀྲི་བར་མི་ནུས་པའི་ཕྱིར་རོ། །སྟོན་པའི་བསྟན་པའི་ཆོས་རྣམས་ལ་ཞེས་བྱ་བ་ནི་བཤད་པའི་ཆོས་རྣམས་ལའོ། །མི་འཇིགས་པ་ཐོབ་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཡོངས་སུ་ཤེས་པའི་ཕྱིར་མི་འཇིགས་པ་ཐོབ་པའོ། །བླ་གོས་ཞེས་བྱ་བ་ནི་སྟེང་དུ་བགོ་བའི་གོས་སོ། །ཕྲག་པ་གཅིག་ཏུ་ཞེས་བྱ་བ་ནི་ཕྲག་པ་ཡ་གཅིག་ཏུའོ། །ཐལ་མོ་སྦྱར་བ་ཞེས་བྱ་བ་ནི་ལག་མཐིལ་གཉིས་སྦྱར་བའོ། །བཏུད་དེ་ཞེས་བྱ་བ་ནི་བརྐྱང་སྟེའོ། །སྐྱོབ་པ་རྣམས་ཀྱི་ཞེས་བྱ་བ་ནི་གདུལ་བའི་སྐྱེ་བོ་ཡོངས་སུ་སྲུང་བ་ལ་གཞོལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིའོ། །ཆོས་འདི་ཡིན་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞིའི་ངོ་བོ་ཉིད་ཀྱི་ཆོས་འདིའོ། །བསྐལ་པ་ཞེས་བྱ་བ་ནི་དར་གྱི་བསྐལ་པ་ལ་སོགས་པ་དུས་ཀྱི་བྱེ་བྲག་གོ །བྱེ་བ་ཁྲག་ཁྲིག་ཅེས་བྱ་བ་ནི་བྱེ་བ་ཁྲག་ཁྲིག་སྟེ། གྲངས་ཀྱི་ཚད་ཀྱི་གནས་བཅུ་གཉིས་པའོ། །སྔོན་ཆད་མ་མཐོང་ཞེས་བྱ་བ་ནི་འཁོར་བ་ཐོག་མ་མེད་པ་ནས། ལན་འགའ་ཡང་མ་མཐོང་བའི་ཕྱིར་རོ། །མ་ཐོས་ཞེས་བྱ་བ་ནི་ཉེ་བར་སྟོན་པ་མེད་པའི་ཕྱིར་རོ། །འཆི་
མེད་ཅེས་བྱ་བ་ནི་ཡོངས་སུ་ཉམས་པ་མེད་པའི་ཕྱིར་རོ། །མྱ་ངན་མེད་པ་ཞེས་བྱ་བ་ནི་སྡུག་བསྔལ་མེད་པའི་ཕྱིར་རོ། །གོ་འཕང་ཞེས་བྱ་བ་ནི་གནས་ཏེ། ཡོན་ཏན་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །རྗེས་སུ་རྟོགས་ཞེས་བྱ་བ་ནི་ད་ལྟར་ཤེས་པར་གྱུར་པའོ། །གལ་བཞུགས་ཞེས་བྱ་བ་ནི་དྲི་བའོ། །རྣམ་པར་དང་ཞེས་བྱ་བ་ནི་ཤིན་ཏུ་གསལ་བའོ། །ཡོངས་སུ་དག་ཅས་བྱ་བ་ནི་མདངས་དང་ལྡན་པའོ། །ཡོངས་སུ་དཀར་ཞེས་བྱ་བ་ནི་ཆེས་བཀྲག་པ་དང་ལྡན་པའོ། །ད་དུང་ཡང་ལན་ཅིག་རྗོད་ཅིག་ཅེས་བྱ་བ་ནི་མ་རྟོགས་པའི་ཕྱིར་ཡང་ལན་ཅིག་ཟློས་སུ་བཅུག་པའོ། །འཁོར་ལ་ལྟ་བ་ནི་ལེགས་པ་ཡིན་ནོ་ཞེས་བྱ་བ་ནི་གཡོག་འཁོར་ལ་ལྟ་བ་བཟང་པའོ། །ད་ཞེས་བྱ་བ་ནི་ད་ལྟར་ཏེ་འགྲུབ་པའི་དུས་སོ། །དེའི་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་ཞེས་བྱ་བའི་དགོངས་པ་དེའི་འོ། །ཤེས་པར་གྱིས་ཤིག་ཅེས་བྱ་བ་ནི་ཁོང་དུ་ཆུད་པར་བྱོས་ཤིག་ཅེས་བྱ་བའོ། །ཉིན་མོ་སྤྱོད་པ་ཞེས་བྱ་བ་ནི་ཉིན་པར་དགེ་བའི་ཕྱོགས་བྱེད་པའོ། །བསྙེན་བཀུར་ཞེས་བྱ་བ་ནི་མཆོད་པའོ། །འོན་ཏེ་ཞེས་བྱ་བ་ནི་སྤྱད་པའོ། །འབྱུང་བ་ཞེས་བྱ་བ་ནི་སྐབས་སོ། །གང་ལས་ཞེས་བྱ་བ་ནི་ཉེ་བར་སྟོན་པ་ལས་སོ། །ཆོས་ཞེས་བྱ་བ་ནི་འཇིག་རྟེན་གཉིས་ཀ་དང་མི་འགལ་བའོ། །རྣམས་ཤེས་པ་ཞེས་བྱ་བ་ནི་རྟོགས་པར་གྱུར་པའོ། །གུས་བྱས་ཞེས་བྱ་བ་ནི་རྗེས་བྱས་ཏེའོ། །གཙང་མ་ཞེས་བྱ་བ་ནི་ཁྲུས་ལ་སོགས་པས་སོ། །བརྒྱ་ཕྲག་དུ་མ་ཞེས་བྱ་བ་ནི་བརྒྱ་ཕྲག་མང་པོའི་ཚད་དོ། །གྲོགས་པོ་ཞེས་བྱ་བ་ནི་སྙིང་དུ་སྡུག་པའོ། །ཚོགས་ཡོངས་སུ་སྡུད་པ་ཞེས་བྱ་བ་ནི་ཚོགས་ཡོངས་སུ་སྲུང་བ་སྟེ། ཚོགས་མཐའ་དག་སྡུད་པར་བྱེད་པའོ། །ཚོགས་ཡོངས་སུ་འདྲེན་པ་ཞེས་བྱ་བ་ནི་གཙོ་བོར་གྱུར་པའི་ཕྱིར་ཚོགས་ཀྱི་མདུན་ནས་བདར་བའོ། །མཆོད་པའི་ཚིག་སྟེ། ཤིན་ཏུ་དགེ་བ་དང༌། བདེ་བ་སྐྱེད་པའི་ཕྱིར་རོ། །ཉན་ཐོས་ཟུང་ཞེས་བྱ་བ་ནི་ཟུང་གཅིག་སྟེ། གཉིས་ཞེས་བྱ་བའི་ཐ་ཚིག་གོ །ཟུང་གཅིག་མཆོག་ཅེས་བྱ་བ་ནི་ཉན་ཐོས་རྫུ་འཕྲུལ་དང་ལྡན་པ་དང༌། ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་གོ །ཟུང་བཟང་པོ་ཞེས་བྱ་བ་ནི་ཚེགས་ཆུང་དུས་གདུལ་བ་དང༌། །གཞན་ལ་ཕན་འདོགས་པའི་ཕྱིར་བཟང་པོའོ། །དགོངས་ཡུལ་
མཐའ་ཡས་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་མཐའ་ཡས་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །སྐྱེས་བུའི་དབང་པོ་མཁྱེན་མཐར་བྱོན། །ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དད་ཕ་ལ་སོགས་པའི་དབང་པོ་མཁྱེན་པའི་ཕ་རོལ་ཏུ་བྱོན་པ་སྟེ། འདིས་ནི་དབང་པོ་མཆོག་དང༌། མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་ལྡན་པར་བསྟན་ཏོ། །སྲིད་པ་མཐར་མཛད་པས་ཞེས་བྱ་བ་ནི་སྲིད་པ་གསུམ་གྱི་མཐར་ཕྱིན་པས་སོ། །ཚོགས་མཆོག་ཅེས་བྱ་བ་ནི་དགེ་སློང་གི་དགེ་འདུན་ནོ། །ལུང་བསྟན་མཛད་ཅེས་བྱ་བ་ནི་ལུང་བསྟན་པར་གྱུར་པའོ། །ལེགས་པར་གསུངས་པ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་གསུངས་པའོ། །ཆོས་འདུལ་བ་ལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་དོན་དུ་ཉེ་བར་བསྟན་པའི་གསུང་རབ་ལའོ། །རྫོགས་པར་བསྙེན་པ་དགེ་སློང་གི་དངོས་པོ་ཞེས་བྱ་བ་ནི་རྫོགས་པར་བསྙེན་པའི་མཚན་ཉིད་ཀྱི་དགེ་སློང་གི་དངོས་པོའོ། །ཚིག་གཉིས་ཀ་སྨོས་པ་ནི་མིང་གི་དགེ་སློང་ལ་སོགས་པ་བསླང་བའི་ཕྱིར་རོ། །དགེ་སློང་ཚུར་ཤོག་པ་ཞེས་བྱ་བ་ནི་བྱ་བ་གང་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བ་ཡོད་པ་དེ་ནི་དགེ་སློང་ཚུར་ཤོག་པའོ། །གང་ལ་ཁས་བླང་བ་བྱ་བ་དང་བྱེད་དུ་འཇུག་པ་ཙམ་ཁོ་ནས་རྫོགས་པར་བསྙེན་པར་འགྱུར་བ་སྟེ། སྨོན་ལམ་བཏབ་པའི་ཕྱིར་སློབ་དཔོན་ལ་སོགས་པ་ལ་མི་ལྟོས་པས་དེས་ཞེས་བྱ་བའི་ཐ་ཚིག་གོ།། །དགེ་སློང་དག་ཅེས་བྱ་བ་ནི་ཕྱིས་དགེ་སློང་དུ་མ་གྱུར་པ་ལ་བརྟེན་ནས་བཀའ་སྩལ་པ་ཡིན་ནོ། །བཀའི་མཇུག་ཁོ་ནར་ཞེས་བྱ་བ་ནི་བཀའ་སྩལ་མ་ཐག་པ་ཁོ་ནར་རོ། །ལག་པ་ལྷུང་བཟེད་དང་བྱམ་བུམ་གྱིས་བྲེལ་བས་ཞེས་བྱ་བ་ནི་ལག་ན་དེ་དག་བསྲེལ་བའོ། །སྣམ་སྦྱར་གྱོན་པའི་ལུས་དང་ལྡན་ཞིང་ཞེས་བྱ་བ་ལ། སྣམ་སྦྱར་ཞེས་བྱ་བ་ནི་སྣམ་བུར་དྲས་ཤིང་སྦྱར་བའི་ཆོས་གོས་ཏེ། གང་གི་ལུས་ལ་དེ་གྱོན་པ་དེ་ནི་སྣམ་སྦྱར་གྱོན་པའི་ལུས་དང་ལྡན་པའོ། །མོད་ལ་དབང་པོ་རབ་ཞིག་ནས་གྱུར་ཏེ། །ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་མོད་ལ་དབང་པོ་རྣམས་རབ་ཏུ་ཞི་བར་གནས་པར་གྱུར་པའོ། །དགོངས་པས་ཞེས་བྱ་བ་ནི་ཐུགས་ལ་དགོངས་པས་སོ། །དེ་དག་གིས་ཇི་ཞིག་དགོངས་པར་གྱུར་ཞེ་ན་དེའི་ཕྱིར། ལུས་གཟུགས་བཀབ་པར་གྱུར་ཅེས་གསུངས་ཏེ། ལུས་
གཟུགས་ཞེས་བྱ་བ་ནི་རང་བཞིན་དུ་གནས་པའི་ལུས་ཀྱི་གནས་སྐབས་སོ། །དེ་བཀབ་པ་ནི་འགེབས་ཤིང་གཡོགས་པར་བྱེད་པ་སྟེ་ཆ་ལུགས་སོ། །ཆ་ལུགས་དེ་དང་ལྡན་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ །རབ་ཏུ་མང་པོ་ཞེས་བྱ་བ་ནི་གཉིས་ལས་ལྷག་པ་ནི་མང་པོ་ཡིན་ནོ། ཡང་དག་རྒྱལ་བ་ཅན་གྱི་མུ་སྟེགས་ཅན་གྱི་གནས་ཞེས་བྱ་བ་ནི་སྟོན་པ་ཡང་དག་རྒྱལ་བ་ཅན་གྱི་སློབ་མ་མུ་སྟེགས་ཅན་གྱི་གནས་ཀུན་དུ་རྒྱུ་ཉེ་རྒྱལ་དང༌། པང་ནས་སྐྱེས་འཁོར་དང་བཅས་པའོ། །རབ་ཏུ་བྱུང་ཞིང་རྫོགས་པར་བསྙེན་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཡང་དག་རྒྱལ་བ་ཅན་གྱི་སློབ་མ་མུ་སྟེགས་ཅན་གྱི་གནས་པ་དག་རབ་ཏུ་བྱུང་ཞིང་རྫོགས་པར་བསྙེན་པར་མཛད་པ་ཡིན་གྱི་ཡང་དག་རྒྱལ་བ་ཅན་ཉིད་ནི་མ་ཡིན་ཏེ། དེ་ལྟར་དུས་ལ་བབ་པའི་ཕྱིར་རོ། །རིང་པོ་མ་ལོན་པས་ཞེས་བྱ་བ་ནི་རྒྱུ་དེས་རྒྱལ་པོའི་ཁབ་ཀྱི་མི་དག་ཡི་མ་རངས་ཤིང་མངོན་པར་མི་དགའ་བར་གྱུར་ཏོ་ཞེས་བྱ་བར་སྦྱར་རོ། །ཡི་མ་རངས་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཀྱིས་ཡི་ཆད་པའོ། །མངོན་པར་མི་དགའ་ཞེས་བྱ་བ་ནི་ཕྱི་རོལ་ཉེ་བར་མ་ཞི་བས་འཁྲུག་པའོ། །དེ་དང་དེ་དག་ཅེས་བྱ་བ་ནི་བཟླས་པའི་ཕྱིར་ལན་གཉིས་སུ་སྨོས་སོ། །ཅོ་འདྲི་ཞེས་བྱ་བ་ནི་ཞེར་འདེབས་པར་བྱེད་པའོ། །གྲོང་མཆོག་ཅེས་བྱ་བ་ནི་གྲོང་ཁྱེར་གྱི་གཙོ་བོའོ། །ཡང་དག་རྒྱལ་བའི་ཞེས་བྱ་བ་ནི་དེའི་སློབ་མ་ཀུན་ཞེས་བྱ་བར་སྦྱར་རོ། །ཁྲིད་ན་ཞེས་བྱ་བ་ནི་རབ་ཏུ་ཕྱུང་ནའོ། །ཕྱིན་ཆད་ཅི་ཞིག་བཀྲི་བར་བྱ་ཞེས་བྱ་བ་ནི་ད་ཡང་གཞན་ཅི་ཞིག་བཀྲི་བར་བྱར་ཡོད་ན་ཁྱེད་ཅག་ཡང་གྲོང་ཁྱེར་དུ་ལྷགས་ཞེས་བྱ་བར་བསམས་པ་ཡིན་ནོ། །བརྒྱུས་ནས་ཞེས་བྱ་བ་ནི་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་བྱས་ནས་སོ། །ཟས་ཀྱི་བྱ་བ་བྱས་ཏེ་ཞེས་བྱ་བ་ནི་ཟས་ཀྱི་བྱ་བ་བསྒྲུབས་པས་ཏེ། ཟས་ཟོས་ཏེ་ཞེས་བྱ་བའི་ཐ་ཚིག་གོ །ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པའི་ཞེས་བྱ་བ་ལ་ཕྱི་མའི་ཟས་ཞེས་བྱ་བ་ནི་ཕྱེད་ཡོལ་ཕན་ཆད་དེའི་ཕྱི་དྲོའོ། །བསོད་སྙོམས་ལས་ཕྱིར་ལོག་པས་ཞེས་བྱ་བ་ནི་བསོད་སྙོམས་མི་བྱེད་པས་ཏེ། ཚིག་གི་དོན་ཕྱིར་བསྡུ་ན། ཕྱི་དྲོ་བསོད་སྙོམས་ལ་མི་རྒྱུ་བས་ཞེས་བྱ་བའི་ཐ་ཚིག་གོ །ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་ནས་ཞེས་བྱ་བ་ནི་སོ་སོར་དེས་པའི་གནས་སུ་རྣམ་པར་བཞག་ནས་སོ། །སྡུག་བསྔལ་ཞེས་བྱ་བ་ནི་ལུས་ཀྱིའོ། །མི་བདེ་
བས་ཞེས་བྱ་བ་ནི་སེམས་ཀྱིས་ཏེ། དེ་གཉིས་ནི་བྱ་བའི་བྱེ་བྲག་ཡིན་ནོ། །འདི་ལ་ཞེས་བྱ་བ་ནི་བསྟན་པ་འདི་ལའོ། །དཔའ་ཆེན་ཞེས་བྱ་བ་ནི་སྟོབས་བླ་ན་མེད་པ་དང་ལྡན་པའམ་བདུད་བཞི་བཅོམ་པའི་ཕྱིར་རོ། །ཆོས་ཀྱིས་ཞེས་བྱ་བ་ནི་དམ་པའི་ཆོས་ཀྱིས་ཡིན་གྱི་ནན་ཁུགས་ཀྱིས་མ་ཡིན་པའོ། །མཁས་པ་ཞེས་བྱ་བ་ནི་ཤེས་པའོ། །མི་བཟོད་ཅེས་བྱ་བ་ནི་སུ་ཞིག་མི་བཟོད་པ་སྐྱེད་པར་བྱེད་ཅེས་བྱ་བའོ། །རློམ་པ་ཙམ་ཞེས་བྱ་བ་ནི་ཁེངས་པ་ཉིད་དོ། །སྦོབས་པ་ཙམ་ཞེས་བྱ་བ་ནི་མི་འཇིགས་པ་ཉིད་དོ། །སྒོ་བ་ཞེས་བྱ་བ་ནི་སྒོ་སྲུང་ངོ༌། །བཞིན་གྱི་གཟུགས་ཞེས་བྱ་བ་ནི་ངོ་ཤེས་པར་འགྱུར་བའི་མཚན་མ་ཁ་དོག་དང༌། དབྱིབས་ཀྱི་མཚན་ཉིད་ཀྱི་རྟགས་སོ། །མངོན་དུ་ཞེས་བྱ་བ་ནི་མངོན་སུམ་དུའོ། །ཡང་དག་པར་དགའ་བར་འགྱུར་བ་ཞེས་བྱ་བ་ནི་བསྙུན་གསོལ་བའི་ཕྱིར་རོ། །ཡང་དག་པར་མགུ་བར་འགྱུར་བ་ཞེས་བྱ་བ་ནི་བདེ་བའི་གཏམ་ཐོས་པས་མགུ་བ་སྐྱེས་པའི་ཕྱིར་རོ། །སྣ་ཚོགས་ཞེས་བྱ་བ་ནི་རྣམ་པ་དུ་མའོ། །བྱས་ཏེ་ཞེས་བྱ་བ་ནི་ཕན་ཚུན་བྱས་ཏེའོ། །ཀྱེ་གཽ་ཏ་མ་བདག་ནི་ཐམས་ཅད་མི་བཟོད་པའོ་ཞེས་བྱ་བ་ལ་སོགས་པ་ནི་གང་རིགས་པས་རིགས་པ་མ་ཡིན་པ་དེ་བདག་མི་འདོད་དེ་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་ལ་སོགས་པ་ནི་རིགས་པས་རིགས་པ་མ་ཡིན་ཏེ། མངོན་སུམ་གྱི་ཡུལ་ནི་དངོས་པོ་མདུན་ན་འདུག་པ་ཡིན་ལ། འཇིག་རྟེན་ཕ་རོལ་ནི་དབང་པོའི་ཡུལ་མ་ཡིན་ཏེ། དབང་པོའི་ཡུལ་མ་ཡིན་པ་ལ་ནི་མངོན་སུམ་གྱི་ཚད་མ་ལྡོག་གོ །རྗེས་སུ་དཔག་པའི་ཡུལ་ནི་སྤྱིའི་མཚན་ཉིད་ཡིན་པས། ཡུལ་གྱི་དངོས་པོ་མེད་པས་ཚད་མར་མི་རུང་བ་སྟེ། དེ་ལྟར་ཡང་མངོན་སུམ་དུ་མ་ཡིན་པ་ནི་ཚད་མ་ཡིན་ནོ་ཞེས་ཟེར་བ་དེའི་ཕྱིར་བདག་ནི་དེ་མི་འདོད་དོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཀུན་དུ་རྒྱུ་སེན་རིངས་ནི་ཆད་པར་ལྟ་བ་ཡིན་པས་དེ་མངལ་ན་གནས་པ་ནི་སྐྱེ་བ་དང་པོ་ཡིན་ལ། འཆི་བ་ནི་སྐྱེ་བའི་ཐ་མ་ཡིན་ཏེ། སེམས་ཅན་ཤི་བའི་འོག་ཏུ་ཆད་པར་འགྱུར་བར་ལྟ་བའི་ཕྱིར་དང༌། འཕགས་པ་ཤཱ་རིའི་བུ་རབ་ཏུ་བྱུང་བས་ཡིད་མི་བདེ་བར་གྱུར་ནས་དེ་ལ་འདི་ལྟ་བུའི་སེམས་སྐྱེས་ཏེ་ཤེས་པ་མཐར་ཐུག་པ་དག་ནི་མེད་པས་རེ་ཞིག་རིང་དུ་སོང་བའི་བློ་ཅན་དག་ཀྱང༌། བསྟན་
བཅོས་ལས་ཕྱིར་ལོག་པས་ན་ཤཱ་རིའི་བུ་བས་དགེ་སྦྱོང་གཽ་ཏ་མ་ཆེས་མཁས་ལ། དེ་བས་ཀྱང་གཞན་ཞིག་ཆེས་མཁས་ཤིང་དེ་བས་ཀྱང་གཞན་ཞིག་ཆེས་མཁས་གོར་མ་ཆག་གོ །ཤཱ་རིའི་བུའི་ཤེས་པ་ནི་དགེ་སྦྱོང་གཽ་ཏ་མའི་ཤེས་པས་ཟིལ་གྱིས་ནོན་ལ། དེའི་ཤེས་པ་ཡང་གཞན་ཞིག་གིས་ཟིལ་གྱིས་ནོན་པར་འགྱུར་ཞིང་དེའི་ཡང་གཞན་གྱིས་ཟིལ་གྱིས་གནོན་པར་འགྱུར་བས་དེའི་ཕྱིར་ཤེས་པ་མཐར་ཐུག་པ་དག་མེད་དོ། །ཕུལ་དུ་ཕྱིན་པའི་ཁྱད་པར་ཅན་མེད་དོ། སྙམ་ནས། ཀྱེ་གཽ་ཏ་མ་བདག་ནི་ཐམས་ཅད་མི་བཟོད་དོ་ཞེས་ཟེར་རོ། །དེ་དེ་སྐད་ཟེར་བ་ལ་བཅོམ་ལྡན་འདས་ཀྱིས་མེར་འཇུག་གི་བུ་ཡོད་ཀྱི་བདག་ཅག་ཐམས་ཅད་མི་བཟོད་པར་ལྟ་བ་གང་ཡིན་པའི་ལྟ་བ་དེ་ཡང་མི་བཟོད་དོ་ཞེས་བྱ་བ་བཀའ་སྩལ་ཏེ། བདག་ནི་ཐམས་ཅད་མི་བཟོད་དོ་ཞེས་ཁྱབ་པའི་ཚིག་གིས་ཐམས་ཅད་བཀག་པས་ཆད་པར་ལྟ་བ་ཉིད་ཀྱང་བཀག་པར་གྱུར་པའི་ཕྱིར་རོ། །དེ་ནས་སེན་རིངས་ཀྱིས་དམ་བཅས་པ་ཉམས་ཀྱིས་དོགས་པས་ཀྱེ་གཽ་ཏ་མ་བདག་ནི་ཐམས་ཅད་མི་བཟོད་པར་ལྟ་བ་གང་ཡིན་པའི་ལྟ་བ་དེ་ཡང་མི་བཟོད་དོ་ཞེས་བྱ་བ་གསོལ་ཏོ། །འདི་ནི་མཐར་འཛིན་པའི་ལྟ་བ་ཆད་པར་ལྟ་བས་བསྡུས་པ་ཡིན་ཏེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདིའི་ཀུན་ནས་སློང་བ་ནི་འཇིག་རྟེན་རྒྱང་པན་ཐོབ་པའི་ཕྱིར་དང༌། འཕགས་པ་ཤཱ་རིའི་བུ་རབ་ཏུ་བྱུང་བས་ཡིད་མི་བྱེད་པའི་ཕྱིར། ཀྱེ་གཽ་ཏ་མ་བདག་ནི་ཐམས་ཅད་མི་བཟོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་སྟེ། དེ་ནི་རེ་ཞིག་སྤྱིའི་དོན་ཡིན་ནོ། །ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཀྱེ་ཞེས་བྱ་བ་ནི་བོད་པའི་ཚིག་གོ །ཐམས་ཅད་ཅེས་བྱ་བ་ནི་རྟག་པར་སྨྲ་བའི་བདག་ཉིད་ལ་སོགས་པའོ། །མི་བཟོད་དོ་ཞེས་བྱ་བ་ནི་མི་འདོད་དོ་ཞེས་བྱ་བའོ། །མེར་འཇུག་གི་བུ་ཞེས་བྱ་བ་ནི་མེར་འཇུག་གི་རིས་ལས་སྐྱེས་པའི་ཕྱིར་རོ། །ཐམས་ཅད་མི་བཟོད་པར་ལྟ་བ་གང་ཡིན་པའི་ལྟ་བ་དེ་ཡང་མི་བཟོད་དོ་ཞེས་བྱ་བ་ནི་ཐམས་ཅད་མི་བཟོད་པའི་ཁོངས་སུ་ཆད་པར་ལྟ་བ་དེ་ཡང་འདུས་པས་ཁྱེད་ཀྱིས་ཆད་པར་ལྟ་བའི་ལྟ་བ་ད་ཡང་མི་བཟོད་པར་རིགས་སོ་ཞེས་བཀའ་སྩལ་པ་ཡིན་ནོ། །དེ་ནས་སེན་རིངས་དམ་བཅས་པ་ཉམས་ཀྱིས་དོགས་པས་བདག་ནི་ཐམས་ཅད་མི་བཟོད་པར་ལྟ་བ་གང་ཡིན་པའི་ལྟ་བའི་ལྟ་བ་དེ་ཡང་མི་བཟོད་དོ་ཞེས་
ཁས་བླངས་སོ། །འོ་ན་ཞེས་བྱ་བ་ནི་ཁས་བླངས་ནའོ། །སེན་རིངས་ཀྱིས་དེ་ལྟར་ཁས་བླངས་ནས། དེའི་ཕན་ཡོན་གང་ཞེ་ན། སེན་རིངས་ཆད་པར་ལྟ་བ་ཡིན་པས་གང་གི་ཚེ་དེས་ཐམས་ཅད་མི་བཟོད་པ་དེའི་ཚེ་ན། དེས་ལྟ་བ་ཐམས་ཅད་ཡོངས་སུ་གཏང་བ་དེ་ཉིད་དེའི་ཕན་ཡོན་ཆེན་པོ་ཡིན་ནོ་ཞེས་སྦྱར་བར་བྱའོ། །དེ་ལྟར་ཤེས་ཤིང་ཞེས་བྱ་བ་ནི་ལྟ་བ་ཐམས་ཅད་མི་རིགས་པ་ཉིད་ཡིན་པས་སྔ་ཕྱི་འགལ་བར་ཤེས་ཤིང་ངོ༌། །དེ་ལྟར་མཐོང་ན་ཞེས་བྱ་བ་ནི་རིགས་པའི་སྒོ་ནས་དེ་ལྟར་མཐོང་ནའོ། །ལྟ་བ་དེ་ཡང་ཞེས་བྱ་བ་ནི་ཆད་པར་ལྟ་བ་དེ་ཡང་ངོ༌། །ལྟ་བ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཅན་གྱི་ཤེས་རབ་སྟེ། ཀུན་དུ་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །སྤོང་བ་ཞེས་བྱ་བ་ནི་རྣམ་པར་གནོན་པའི་སྒོ་ནས་སོ། །འདོར་བ་ཞེས་བྱ་བ་ནི་དེའི་འཐོབ་པ་ཆད་པའི་ཕྱིར་རོ། །མེད་པར་འགྱུར་བ་ཞེས་བྱ་བ་ནི་ཡང་མི་འགྱུར་བའི་ཕྱིར་རོ། །ལྟ་བ་གཞན་ཡང་ཞེས་བྱ་བ་ནི་ཆད་པར་ལྟ་བ་ལས་གཞན་པ་དེའི་རྒྱུ་ལས་བྱུང་བའི་ལྟ་བ་གཞན་དག་གོ །མཚམས་མི་སྦྱོར་བ་ཞེས་བྱ་བ་ནི་མངོན་སུམ་དུ་འགྱུར་བ་མེད་པའི་ཕྱིར་རོ། །ཉེ་བར་མི་ལེན་པ་ཞེས་བྱ་བ་ནི་འབྲེལ་པ་མེད་པའི་ཕྱིར་རོ། །མི་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་རྒྱུན་ཆད་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་ཁྱོད་ཀྱིས་ལྟ་བ་ཐམས་ཅད་མི་རིགས་པར་ཤེས་ན་དེའི་ཚེ་ལྟ་བ་ཐམས་ཅད་ལས་ལོག་པར་འགྱུར་པས་དེ་ཉིད་ཕན་ཡོན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སེན་རིངས་ཀྱི་ཕན་ཡོན་ལེགས་པར་མཉན་པས་བཅོམ་ལྡན་འདས་ཀྱི་བཀའ་བཟླས་པའི་ཕྱིར་ཀྱེ་གཽ་ཏ་མ་བདག་གིས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ན་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། དེ་དེ་བཞིན་ཏེ་བདག་གིས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ན་ལྟ་བའི་རྣམ་པ་ཐམས་ཅད་ལྡོག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་སེན་རིངས་འདི་སྙམ་དུ་ལྟ་བ་ཐམས་ཅད་དང་བྲལ་བར་གྱུར་ན་དེའི་ཚེ་བདག་གི་ཆད་པར་སྨྲ་བ་དང༌། བྱེ་བྲག་འགའ་ཡང་མེད་དོ་སྙམ་དུ་དོགས་པ་དེའི་ཕྱིར་མེར་འཇུག་གི་བུ་ཁྱོད་ནི་སྐྱེ་བོ་ཕལ་པོ་ཆེ་དང་ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱོད་ནི་སྐྱེ་བོ་ཕལ་པོ་ཆེ་ལྟ་བ་མི་བཟད་པ་དག་དང་ལྷན་ཅིག་ལྟ་བ་
མཚུངས་པར་འགྱུར་རོ་ཞེས་སྟོན་ཏོ། །མཚུངས་ཤིང་ཞེས་བྱ་བ་ནི་བརྒྱུད་པས་གཞན་དུ་འགྲོ་བའི་ཕྱིར་རོ། །འདྲ་བར་འགྱུར་ཏེ་ཞེས་བྱ་བ་ནི་དངོས་པོ་གཅིག་པའི་ཚུལ་གྱིས་སོ། །སྐྱེ་བོ་ཕལ་པོ་ཆེ་ཡང་དེ་ལྟར་ལྟ་ཞིང་དེ་སྐད་སྨྲས་བས་ཁྱོད་ཀྱང་དེ་དང་འདྲ་བ་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནི་རྫོགས་བྱེད་པ་མང་པོ་གཏི་མུག་གིས་ཀུན་ནས་དཀྲིས་པ་དག་ནི་རྣམ་པ་དེ་ལྟ་བུ་དག་གིས་ལྟ་བའི་ཆུ་བོ་དང་ལྡན་པ་ཡིན་གྱི་ཁྱོད་ནི་ཤེས་རབ་ཅན་ཡིན་པས་གལ་ཏེ་དེ་འདྲ་བ་ཁོ་ནར་གྱུར་ན་མི་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ཡང་ལྟ་བ་ངན་པར་ཡོངས་སུ་སྤངས་པའི་ཕན་ཡོན་བསྟན་པའི་ཕྱིར་མེར་འཇུག་གི་བུ་འཇིག་རྟེན་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགེ་སྦྱོང་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་བའི་རབ་ཏུ་བྱུང་བའོ། །ལྟ་བ་འདི་ཡང་ཞེས་བྱ་བ་ནི་ཆད་པར་ལྟ་བ་ལ་སོགས་པའོ། །འདོར་ཞིང་ཞེས་བྱ་བ་ནི་ཡོངས་སུ་སྤོང་ཞིང་ངོ༌། །ལྟ་བ་གཞན་ཡང་ཞེས་བྱ་བ་ནི་ལོག་པར་ལྟ་བ་ལ་སོགས་པའོ། །ཉེ་བར་མི་ལེན་པའི་ཞེས་བྱ་བ་ནི་མི་འཛིན་པའོ། །ཉུང་པ་བས་ཀྱང་ཆེས་ཉུང་བ་སྟེ་སྲབ་ཅེས་བྱ་བའི་ཐ་ཚིག་གོ །འདི་སྐད་བསྟན་ཏེ། ས་གཞི་ལ་བརྟེན་པའི་རྡུལ་ཇི་སྙེད་ཀྱི་སེམས་ཅན་ནི་བློ་མ་བྱང་བ་ཡིན་ལ་སེན་མོའི་རྩེ་ལ་བརྟེན་པའི་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་ནི་བློ་བྱང་བ་ཡིན་པས་དེའི་ཕྱིར་ཁྱོད་ཀྱིས་ཀྱང་སྐྱེ་བོ་ཡ་རབས་ཆེས་ཉུང་བའི་ནང་དུ་བདག་ཉིད་འཇུག་པར་བྱ་ཞིང་ལྟ་བའི་རྣམ་པ་གཏང་བར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །དེ་ནས་སེན་རིངས་ལན་རིགས་པ་ཐོས་པའི་ཕྱིར་དང༌། རིགས་པ་བརྗོད་པའི་ཕྱིར་དན། ཚིག་འཇམ་པོ་བཀའ་སྩལ་བའི་ཕྱིར་སེམས་གཏོད་པ་ལ་བཅོམ་ལྡན་འདས་ཀྱིས་ལྟ་བ་རྣམས་ཀྱི་ངོ་བོ་ཉིད་དང༌། ཉེས་དམིགས་དང་ཕན་ཡོན་བསྟན་པའི་རིམ་གྱིས་མདོ་སྡེ་བསྟན་བསྩལ་བའི་ཕྱིར་མེར་འཇུག་གི་བུ་གསུམ་པོ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྟ་བའི་གནས་ཞེས་བྱ་བ་ནི་ལྟ་བ་རྣམས་སྐྱེ་བའི་གནས་ཏེ། འབྱུང་གནས་ཞེས་བྱ་བའི་ཐ་ཚིག་གོ །གསུམ་གང་ཞེས་བྱ་བ་ནི་དྲི་བའི་ཐ་ཚིག་སྟེ། དྲི་བ་འདི་ཡང་ཁ་ཅིག་ཏུ་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་མི་འཇིགས་པ་མ་ཐོབ་པར་མཁྱེན་པ་ནས་ཉིད་ཀྱིས་མཛད་པའི་འམ། ཡང་ན་ཉན་པའི་མི་འཇིགས་པ་དང་ལྡན་པས་རང་གི་
བྱས་པ་ཤེས་པར་བྱའོ། །འདི་ལ་ཞེས་བྱ་བ་ནི་ལྟ་བ་ཡོངས་སུ་བརྗོད་པ་ལའོ། །ལ་ལ་ཞེས་བྱ་བ་ནི་འགའ་སྟེ་ཐམས་ཅད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཐམས་ཅད་བཟོད་དོ་ཞེས་བྱ་བས་ནི་རྟག་པར་ལྟ་བ་བསྟན་ཏོ། །གཞན་ཡང་ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡང་ངམ། དངོས་པོ་བརྗོད་པའི་ཚིག་གི་ལྷག་མའོ། །ཐམས་ཅད་མི་བཟོད་དོ་ཞེས་བྱ་བས་ནི་ཆད་པར་ལྟ་བ་བསྟན་པའོ། །ཁ་ཅིག་ནི་བཟོད་ལ་ཁ་ཅིག་ནི་མི་བཟོད་དོ་ཞེས་བྱ་བས་ནི་རྟག་པར་ལྟ་བ་དང༌། ཆད་པར་ལྟ་བ་གཉིས་ཀ་བསྟན་ཏོ། །འོ་ན་གང་ཟག་དེ་ཉིད་རྟག་པར་ཡང་ལྟ། ཆད་པར་ཡང་ལྟ་བར་ཇི་ལྟར་འགྱུར་ཞེ་ན། འདི་ལྟ་གང་ཟག་ལ་གཟུགས་རྟག་པར་འཛིན་པ་དེའི་ཚེ་ན། ཕུང་པོ་བཞི་ཆད་པར་འཛིན་ཏོ། །ཡང་ན་གཟུགས་ཆད་པར་འཛིན་པ་དེའི་ཚེ་ཕུང་པོ་བཞི་རྟག་པར་འཛིན་པས་འགལ་བ་མེད་དོ་ཞེས་བྱེ་བྲག་པའི་གཞུང་ལས་འབྱུང་ངོ༌། །མེར་འཇུག་གི་བུ་དེ་ལ་ཞེས་བྱ་བ་ལ་སོགས་པ། དེ་ལ་ཞེས་བྱ་བའི་སྒྲ་ནི་དམིགས་ཀྱིས་བསལ་བ་སྟེ། དམིགས་ཀྱིས་བསལ་བ་ཞེས་བྱ་བ་ནི་རིགས་དང༌། ཡོན་ཏན་དང་བྱ་བ་དག་གི་སྤྱི་ལས་ཕྱོགས་གཅིག་ཐ་དད་པར་དགར་བའོ། །དེ་ཡང་རེ་རེ་ལ་རྣམ་པ་གསུམ་གསུམ་སྟེ། གང་ལས་དང༌། གང་གིས་དང༌། ཇིའི་ཕྱིར་རོ། །དེ་ལ་གང་ལས་དམིགས་ཀྱིས་བསལ་ཞེ་ན། ལྟ་བ་གསུམ་གྱི་སྤྱི་ལས་སོ། །གང་གིས་དམིགས་ཀྱིས་བསལ་ཞེ་ན། རྟག་པ་ཉིད་ཀྱིས་རིགས་སོ། །ཅིའི་ཕྱིར་དམིགས་ཀྱིས་བསལ་ལ་ཞེ་ན། མ་གྲགས་པའི་ཆོས་ཤེས་པར་བྱ་བའི་ཕྱིར་ཏེ་རྣམ་པ་གཞན་དག་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ལྟ་བ་གང་ཡིན་པ་འདི་ནི་ཞེས་བྱ་བ་ནི་རྟག་པར་ལྟ་བའོ། །ཀུན་འདོད་ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་རྒྱུན་ཏོ། །འགྱུར་ཞེས་བྱ་བ་ནི་རྒྱུའི་དངོས་པོར་འགྱུར་བའོ། །ཀུན་དུ་ཞེ་སྡང་བ་དང༌། ཀུན་དུ་གཏི་མུག་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གལ་ཏེ་རང་གི་ལ་ཀུན་དུ་ཞེ་སྡང་བར་ཇི་ལྟར་འགྱུར་ཞེ་ན། དེ་ལྟར་མི་འགྱུར་ཏེ། འདི་ལྟར་གཞན་གྱི་ལྟ་བ་ལ་ཞེས་སྡང་བར་འགྱུར་ཏེ། འདི་ལྟར་རང་གི་ལྟ་བ་ལ་ལྷག་པར་ཆགས་པར་འགྱུར་ན་དེའི་དགྲ་བོར་གྱུར་པ་གཞན་གྱི་ལྟ་བ་ལ་ཀུན་དུ་ཞེས་སྡང་བར་འགྱུར་བའི་ཕྱིར་རོ། །ཀུན་དུ་སོགས་པ་ཞེས་བྱ་བ་ནི་ཡང་འབྱུང་བར་
བྱེད་པའི་ལས་རྣམས་བརྟས་པའོ། །ཀུན་དུ་སོགས་པ་མེད་པ་ཞེས་བྱ་བ་ནི་ཡང་འབྱུང་བར་བྱེད་པའི་ལས་རྣམས་ལྡོག་པའོ། །ཀུན་དུ་སྦྱོར་བ་ཞེས་བྱ་བ་ནི་ཡང་འབྱུང་བར་བྱེད་པའི་ཕུང་པོ་འཕངས་པ་རྣམས་དང་ལྷན་ཅིག་ཀུན་དུ་སྦྱོར་བའོ། །ཀུན་སྦྱོར་བ་དང་བྲལ་བ་ཞེས་བྱ་བ་ནི་དེ་དག་དང་བྲལ་བའོ། །ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་གྱི་རྒྱུན་ཏོ། །རྣམ་པར་བྱང་བ་ཞེས་བྱ་བ་ནི་སྡུག་བསྔལ་ལས་ལོག་པའོ། །མངོན་པར་དགའ་བ་ཞེས་བྱ་བ་ནི་མ་འོངས་པར་འདོད་པའོ། །ཉེ་བར་ལེན་པ་ཞེས་བ་བ་ནི་དེའི་ཐོབ་པ་ཡོངས་སུ་ཚོལ་བ་ལས་བྱུང་བའི་ཉོན་མོངས་པའོ། །ལྷག་པར་ཆགས་པ་ཞེས་བྱ་བ་ནི་ཐོབ་པ་ལས་ལྷག་པར་ཆགས་པའོ། །དེ་དག་ལས་བཟློག་པ་ཡང༌། དེ་བཞིན་དུ་ཤེས་པར་བྱའོ། །འོན་ལྟ་བའི་རྣམ་པ་ཐམས་ཅད་ཀྱང་ཀུན་དུ་འདོད་ཆགས་པ་ལ་སོགས་པར་འགྱུར་བ་ཡིན་ན་ཅིའི་ཕྱིར་རྟག་པར་ལྟ་བ་ན་འབའ་ཞིག་ཀུན་དུ་འདོད་ཆགས་པ་ལ་སོགས་པར་འགྱུར་ལ། ཆད་པར་ལྟ་བ་ནི་ཀུན་དུ་འདོད་ཆགས་པ་ལ་སོགས་པར་མི་འགྱུར་བར་བསྟན་ཅེ་ན། འདི་ལ་བྱེ་བྲག་ཏུ་སྨྲ་བ་དག་གིས་ལན་བཏབ་པ་དེ་ནི་དགོངས་ཏེ་གསུངས་པ་ཡིན་ཏེ། མུ་སྟེགས་ཅན་རྟག་པར་ལྟ་བ་ལ་ཡང་འབྱུང་བ་ཡོད་པས་དེ་ནི་ཡང་འབྱུང་བ་ འཕེན ་པའི་སེམས་བརྟས་པར་བྱེད་དོ། །མུ་སྟེགས་ཅན་ཆད་པར་ལྟ་བ་ལ་ནི་ཡང་འབྱུང་བ་མེད་པས་མངལ་ན་གནས་པ་ནི་དེའི་སྐྱེ་བོ་ཐ་མ་ཡིན་པས་དེ་ནི་ཡང་འབྱུང་བ་ འཕེན ་པའི་སེམས་བརྟས་པར་མི་བྱེད་དོ། །དེའི་ཕྱིར་དེ་ལས་དགོངས་ནས། རྟག་པར་ལྟ་བ་ནི་ཀུན་དུ་འདོད་ཆགས་པར་འགྱུར་ལ་ཆད་པར་ལྟ་བ་ནི་ཀུན་དུ་འདོད་ཆགས་པ་ལ་སོགས་པར་མི་འགྱུར་བར་བསྟན་ཏོ། །དེ་ལྟ་བས་ན་མུ་སྟེགས་ཅན་རྟག་པར་ལྟ་བ་ནི་འཇིག་རྟེན་ཕ་རོལ་འདོད་པ་སྔོན་དུ་བཏང་བས་དེ་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་འབྱུང་ངོ༌། །མུ་སྟེགས་ཅན་ཆད་པར་ལྟ་བ་ནི་འཇིག་རྟེན་ཕ་རོལ་མི་འདོད་པས་དེ་ལ་ནི་ཉོན་མོངས་པ་དག་མི་འབྱུང་ངོ༌། །དེ་ལྟར་ན་འདིས་ལྟ་བ་རྣམས་ཀྱི་ངོ་བོ་ཉིད་དང༌། ཉེས་དམིགས་དང༌། ཕན་ཡོན་བསྟན་པ་ཡིན་ནོ།། །།བམ་པོ་ལྔ་པ། གལ་ཏེ་སེན་རིངས་འདི་སྙམ་དུ་རྟག་པར་ལྟ་བ་སྔོན་དུ་བཏང་བ་ལས།
ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་འབྱུང་བས་ཆད་པར་ལྟ་བ་ཉིད་བཟང་སྟེ། མྱ་ངན་ལས་འདས་པའི་རྗེས་སུ་མཐུན་པའི་ཕྱིར་རོ། །དེའི་ཕྱིར་ཕྱི་རོལ་པའི་ལྟ་བ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། བདག་མེད་དོ། །བདག་གི་མེད་དོ། །བདག་འབྱུང་བར་མི་འགྱུར་རོ། །བདག་གི་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་འདི་ནི་མཆོག་ཡིན་ནོ་ཞེས་བསྟན་ཏོ་སྙམ་དུ་དགོངས་པ་དེའི་ཕྱིར་དེ་ལ་འཕགས་པའི་ཉན་ཐོས་ཐོས་པ་དང་ལྡན་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཞེས་བྱ་བ་ནི་དམིགས་ཀྱིས་བསལ་བ་ཡིན་ནོ། །འཕགས་པའི་ཞེས་བྱ་བ་ནི་སངས་རྒྱས་དང༌། སངས་རྒྱས་ཀྱི་ཉན་ཐོས་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་གྱུར་པ་རྣམས་ཀྱིའོ། །དེ་རྣམས་ཀྱི་ཉན་ཐོས་ཞེས་བྱ་བ་ནི་གུས་པར་ཉན་པ་སྟེ། སློབ་མ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟར་སོ་སོར་རྟོག་པར་བྱེད་དེ་ཞེས་བྱ་བ་ནི་འོག་ནས་འབྱུང་བ་ལྟར་རྟོག་པར་བྱེད་པའོ། །རྩོད་པ་ཞེས་བྱ་བ་ནི་གནོད་པར་བྱེད་པའི་བསམ་པས་གནས་པའོ། །འགྱོད་ཅེས་བྱ་བ་ནི་རྩུབ་པོ་སྨྲ་ཞིང་ལན་འདེབས་པའི་བདག་ཉིད་དེ་འཐབ་ཅེས་བྱ་བའི་ཐ་ཚིག་གོ །རྣམ་པར་འཚེ་ཞེས་བྱ་བ་ནི་ཁུ་ཚུར་དང༌། ཐལ་ལྕག་ལ་སོགས་པས་བསྣུན་པའོ། །བདག་ལ་ཞེས་བྱ་བ་ནི་འཕགས་པའི་ཉན་ཐོས་ལའོ། །དེ་ལྟ་བས་ན་འདིས་ནི་མངོན་པར་ཞེ་པ་དམ་པོས་བསྐྱེད་པའི་ལྟ་བ་རྣམ་པ་ཐམས་ཅད་ནི་ཚེ་འདི་དང་ཚེ་ཕྱི་མའི་གནོད་པ་སྐྱེད་པར་བྱེད་པ་ཡིན་པས་རྣམ་པ་ཐམས་ཅད་དུ་ཐག་པ་སྲིད་ཞིང་སྤང་བར་བྱའོ་ཞེས་བསྟན་ཏོ། །འཁོར་བ་ན་རྩོད་པའི་གཞི་ནི་གཉིས་ཏེ། ལྟ་བ་ལ་ལྷག་པར་ཆགས་པ་དང༌། འདོད་པ་ལ་ལྷག་པར་ཆགས་པའོ། །དེ་གཉིས་ལས་ལྟ་བ་ལ་ལྷག་པར་ཆགས་པ་ཡོངས་སུ་སྤང་བའི་ཕྱིར་དེ་ལ་ཆོས་བསྟན་ནས། དེ་ནི་འདོད་པ་ལ་ལྷག་པར་ཆགས་པ་ཡོངས་སུ་སྤང་བའི་ཕྱིར་དེ་ལ་ཆོས་བསྟན་པ་བརྩམ་པར་བྱ་སྟེ། དེའི་ཕྱིར་མེར་འཇུག་གི་བུ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་འདོད་པ་ལ་ལྷག་པར་ཆགས་པ་ནི་ཚོར་བའི་དབང་གིས་འབྱུང་སྟེ། ཚོར་བའི་རོ་མྱང་བའི་དབང་གིས་འདོད་པ་དག་ལ་མངོན་པར་ཆགས་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །ཚོར་བའི་རོ་མྱང་བ་ཡང་
དབང་པོ་དང་བཅས་པའི་ལུས་ཀྱིས་འགྲུབ་པས་དེའི་ཕྱིར་ལུས་ལ་ལྷག་པར་ཆགས་པ་དེ་བཟློག་པའི་ཕྱིར་བཤད་པའི་རིམ་པ་འདི་བརྩམས་སོ། །ལུས་ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་བའི་ཚོགས་འཇིག་པའི་བདག་ཉིད་དོ། །གཟུགས་ཞེས་བྱ་བ་ནི་གནོད་པར་བྱར་རུང་བའི་ཕྱིར་གཟུགས་ཏེ། འདི་ལ་གཟུགས་ཏེ་ཡོད་པའི་ཕྱིར་རོ། །རགས་པ་ཞེས་བྱ་བ་སྨོས་པ་ནི་བར་མ་དོའི་སྲིད་པའི་གཟུགས་དགག་པའི་ཕྱིར་རོ། །འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཞེས་བྱ་བས་ནི་དབང་ཕྱུག་ལ་སོགས་པས་མ་བསྐྱེད་པར་བསྟན་ཏོ། །ཡང་དང་ཡང་དུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །འབྱུང་བ་དང་འཇིག་པར་རྗེས་སུ་ལྟ་ཞིང་གནས་པར་བྱའོ་ཞེས་བྱ་བ་ལ་འབྱུང་བ་ཞེས་བྱ་བ་ནི་བསྐྱེད་པའོ། །འཇིག་པ་ཞེས་བྱ་བ་ནི་འགག་པའོ། །དེ་གཉིས་སུ་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ནི་བརྟག་ཆིང་ངོ༌། །ཡང་ན་ལུས་འདུས་བྱས་ཀྱི་མཚན་ཉིད་དུ་བསྟན་པ་ལ་སྐད་ཅིག་ལ་འབྱུང་ཞིང་འཇིག་པར་བརྟག་པར་བྱ་བ་སྟེ། ཇི་སྐད་དུ་དགེ་སློང་ཁྱོད་ནི་སྐད་ཅིག་ལ་སྐྱེ་བ་དང༌། རྒ་བ་དང༌། འཆི་བ་དང༌། ཉམས་པ་དང༌། འབྱུང་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ལུས་ལ་འདུན་པ་ཞེས་བྱ་བ་ལ་སོགས་པ་ནི་ཡུལ་ཐ་དད་པར་གྲགས་པའི་རྣམ་གྲངས་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཆོས་སྟོན་པ་མཛད་པ་ནི་གདུལ་བ་གང་དག་སེམས་གཡེངས་པས་དོན་དེ་མ་གོ་བ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉི་ཚིག་གཞན་དག་གིས་བསྟན་པ་ཡིན་ནོ། །ཡང་ན་མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་གཞན་དག་གིས་དོན་དེ་བསྟན་པ་རྡ་མ་ཕྲད་པའི་འདུལ་བ་དོན་དེ་ཉིད་བསྟན་པས་གདུལ་བ་དག་ལ་བཅོམ་ལྡན་འདས་ཀྱིས་མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌། ཡི་གེའི་ཚོགས་གཞན་དག་གིས་དོན་དེ་ཉིད་བསྟན་པ་ཡིན་ནོ། །ཡང་ན་དེ་བསྟན་པའི་སྣོད་དུ་གྱུར་པ་ཕྱིས་ལྷགས་པ་མ་ཐོས་པ་རྣམས་ཀྱིས་ཐོས་པར་བྱ་བའི་ཕྱིར་ཏེ། ཇི་སྐད་དུ་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་བཙུན་པ་བློས་མི་འབེབས་ཀྱིས་བསྟན་པ་ལས། བཅོམ་ལྡན་འདས་ནི་གདུལ་བ་སྔ་མ་དང༌། འབྲེལ་བའི་བཤད་པ་མཐར་ཕྱིན་ནས་དེ་བསྟན་པས་འདུལ་བའི་གདུལ་བ་གཞན་དག་ལྷགས་པ་ན་དོན་དེ་ཉིད་མིང་གི་ཚོགས་དང༌། ཚིག་གི་ཚོགས་དང༌།
ཡི་གེའི་ཚོགས་གཞན་དག་གིས་སྟོན་པར་མཛད་དོ་ཞེས་གསུངས་པ་ལྟ་བུའོ། །ཡང་ན་བཅོམ་ལྡན་འདས་ཀྱི་ལྟར་ཉན་པའི་སྐྱེ་བོ་བློ་རྟུལ་པོ་རྣམ་པར་བཤད་པའི་རྣམ་པའི་ཚིག་གཅིག་གི་དོན་འཛིན་པར་མི་ནུས་པར་འབྱུང་བར་མཁྱེན་ནས། དེའི་ཕྱིར་རྣམ་གྲངས་ཀྱི་ཚིག་མང་བར་བསྟན་པ་ཡིན་ནོ། །ཡང་ན་ལུས་ལ་འདུན་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་ཡིན་ཏེ། གོང་ནས་གོང་དུ་རྣམ་པར་བཤད་པར་གྱུར་པ་དག་ཡིན་ནོ། །ཚུལ་འདི་ནི་འོག་ནས་འབྱུང་བའི་རྣམ་གྲངས་ཀྱིས་ཚིག་གཞན་དག་ལ་ཡང་ད་བཞིན་དུ་རིག་པར་བྱའོ། །ཡང་ན་དེ་དག་གི་དོན་ཐ་དད་པར་ཡང་བཤད་པར་བྱ་སྟེ། དེ་ལ་འདུན་པ་ཞེས་བྱ་བ་ནི་མ་འོངས་པ་འདོད་པའི་ཕྱིར་རོ། །ཆགས་པ་ཞེས་བྱ་བ་ནི་འདོད་པ་དེ་གྲུབ་པ་ལ་ཉོན་མོངས་པ་ཅན་གྱི་དགའ་བ་བསྐྱེད་པའོ། །དགའ་བ་ཞེས་བྱ་བ་ནི་ཡང་དང་ཡང་དུ་འདོད་པར་བྱེད་པའོ། །ཞེན་པ་ཞེས་བྱ་བ་ནི་ཡུལ་གཞན་ཡོངས་སུ་གཏང་པ་དེ་ལ་ལྷག་པར་ཆགས་པ་བསྐྱེད་པའི་ཕྱིར་རོ། །འཆུམས་པ་ཞེས་བྱ་བ་ནི་སྐད་ཅིག་ཀྱང་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ལྷག་པར་ཆགས་པ་ཞེས་བྱ་བ་ནི་གཞན་གྱིས་བཟློག་པ་ན་ཞེས་དང་སྐྱེད་པའི་ཕྱིར་རོ། །དེའི་སེམས་ཡོངས་སུ་གཏུགས་ཏེ་མི་གནས་སོ་ཞེས་བྱ་བ་ནི་ལུས་ལ་འདུན་པ་ལ་སོགས་པ་དེས་དེའི་སེམས་གཏུགས་ཤིང་ཡོངས་སུ་ཟད་པར་བྱས་ཏེ་མི་གནས་སོ་ཞེས་བྱ་བའི་ཐག་ཚིག་གོ །དེ་ལྟར་ན་འདིས་ནི་འདོད་པ་ན་སྤྱོད་པའི་ལུས་ལ་ལྷག་པར་ཆགས་པའི་གཞི་ཉིད་དུ་བསྟན་ཏོ། །ལུས་ལ་ལྷག་པར་ཆགས་པ་དེ་ཡང་ཚོར་བའི་རོ་མྱང་བའི་དབང་གིས་འབྱུང་བས་དེའི་ཕྱིར་མེར་འཇུག་གི་བུ་གསུམ་པོ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚོར་བ་ཞེས་བྱ་བ་ནི་མྱོང་བའི་ངོ་བོ་ཉིད་དོ། །བདེ་བ་ཞེས་བྱ་བ་ནི་ཕན་འདོགས་པའོ། །སྡུག་བསྔལ་ལ་ཞེས་བྱ་བ་ནི་གནོད་པར་བྱེད་པའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཞེས་བྱ་བ་ནི་གཉི་ག་མ་ཡིན་པ་སྟེ། བཏང་སྙོམས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ན་འདིས་ནི་ཉོན་མོངས་པ་མ་སྤངས་ཀྱི་ཚོར་བ་དང་དག་ཡིན་པ་དེ་དག་ནི་འདོད་པ་ལ་ལྷག་པར་ཆགས་པའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་དེ་དག་བཀའ་སྩལ་ཏོ་
ད་ནི་ཉོན་མོངས་པ་སྤངས་པ་རྣམས་ཀྱི་ཚོར་བ་གང་དག་ཡིན་པ་དེ་དག་ཇི་ལྟར་འདོད་པ་ལ་ལྷག་པར་ཆགས་པའི་རྒྱུ་ཉིད་དུ་མི་འགྱུར་བར་དེ་ལྟར་བསྟན་པའི་ཕྱིར་མེར་འཇུག་གི་བུ་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདེ་བའི་ཚོར་བ་ནི་དགྲ་བཅོམ་པས་ཀྱང་ཡུལ་གྱི་དབང་གིས་མྱོང་བར་བྱེད་དོ། ལུས་ཀྱི་ཚོར་བ་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དགེ་སྦྱོང་དགྲ་བཅོམ་པ་ཟག་པ་ཟད་པ་གསོན་ཞིང་འདུག་ལ་འཚོ་ཞིང་སྡོད་པའི་དབང་པོ་ལྔ་པ་སྔོན་གྱི་མངོན་པར་འདུ་བྱེད་པའི་རྒྱེན་ལས་བྱུང་བ་དག་ནི་མ་འགགས་ཏེ། དེ་ལས་བྱུང་བའི་ཚོར་བ་བདེ་བ་དང༌། སྡུག་བསྔལ་སོ་སོར་མྱོང་བར་བྱེད་དོ་ཞེས་གསུངས་སོ། །ལ་ལ་དག་ཚོར་བ་གསུམ་ཆར་དུས་གཅིག་ཏུ་མྱོང་བར་འགྱུར་ར་སྙམ་དུ་དོགས་པ་དེའི་ཕྱིར་དེའི་ཚེ་ན་དེ་ལ་སྡུག་བསྔལ་བ་དང༌། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་གཉིས་འགའ་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགག་པར་འགྱུར་ཏེ་ཞེས་བྱ་བ་ནི་སོས་རོ་མ་བརྟགས་པའི་འགོག་པས་སོ། །དུས་གཅིག་ཏུ་ཚོར་བ་རྣམ་གསུམ་མྱོང་བར་མི་རིགས་པས་དེའི་ཕྱིར་དེའི་ཚེ་ན་འཕགས་པ་ཉན་ཐོས་བདེ་བའི་ཚོར་བ་འབའ་ཞིག་མྱོང་བར་བྱེད་དེ་ཞེས་བྱ་བ་གསུངས་ཏེ། སེམས་ཅན་རྣམས་ཀྱིས་སེམས་ཀྱི་རྒྱུད་ནི་རེ་རེ་ནས་བྱུང་ངོ་ཞེས་བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལས་གསུངས་སོ། །མི་རྟག་པ་ཞེས་བྱ་བ་ནི་སྐད་ཅིག་པའི་ཕྱིར་རོ། །སྡུག་བསྔལ་བ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་གཉིས་ཀྱིས་སོ། །འགོག་པའི་ཆོས་ཅན་ཞེས་བྱ་བ་ནི་རྒྱུ་མི་རྟག་པ་དང་ལྡན་པའི་ཕྱིར་རོ། །གཞི་ནི་གང་ཡིན་ཞེས་བྱ་བ་ནི་དང་པོ་ཀུན་ནས་སློང་བའི་རྒྱུ་སྟེ། དཔེར་ན་བད་ཀན་གྱི་དང་པོ་ཀུན་ནས་སློང་བའི་རྒྱུ་གྲང་བ་དང༌། སྣུམ་པ་དང༌། མངར་བ་དག་ལྟ་བུའོ། །ཀུན་འབྱུང་བ་ནི་གང་ཡིན་ཞེས་བྱ་བ་ནི་རྐྱེན་གྱི་ཚོགས་པས་འདུས་པ་སྟེ། རྐྱེན་གཅིག་སྐྱེད་པ་ནི་འགའ་ཡང་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །རིགས་མཐུན་ནི་གང་ཡིན་ཞེས་བྱ་བ་ནི་འདྲ་བའི་རྒྱུ་སྟེ་བདེ་བའི་ཚོར་བ་ནི་རེག་པ་བདེ་བ་ལས་འབྱུང་ལ་སྡུག་བསྔལ་གྱི་ཚོར་བ་ཡང་རེག་པ་སྡུག་བསྔལ་བ་ལས་འབྱུང་ལ་སྡུག་བསྔལ་གྱི་ཚོར་བ་ཡང་རེག་པ་སྡུག་བསྔལ་བ་ལས་འབྱུང༌། གཉིས་ཀ་མ་ཡིན་པའི་ཚོར་བ་ཡང་རེག་པ་གཉིས་ཀ་མ་ཡིན་པ་ལས་འབྱུང་བ་ལྟ་
བུའོ། །རབ་ཏུ་བསྐྱེད་པ་ནི་གང་ཡིན་ཞེས་བྱ་བ་ནི་བར་ཆད་མེད་པའི་རྒྱུ་སྟེ། གང་ལས་འབྲས་བུ་མངོན་སུམ་དུ་སྐྱེ་བའོ། །ཁ་ཅིག་ན་རེ་རྒྱུ་ཐག་གིང་བ་དང༌། ཐག་ཉེ་བ་དང༌། རྒྱུན་མི་འཆད་པ་དང༌། དུ་མ་ལས་འབྱུང་བ་དང་གོ་རིམས་བཞིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་རྒྱུ་མེད་པ་ཉི་དང༌། རྒྱུ་གཅིག་པ་ཉིད་དང༌། རྒྱུ་རྟག་པ་ཉིད་དང༌། རྒྱུ་འགྱུར་བར་སྨྲ་བའི་གཉེན་པོར་གོ་རིམས་བཞིན་ནོ་ཞེས་ཟེར་རོ། །བཞིན་ནི་རེག་པ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། རེག་པ་ཞེས་བྱ་བ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་འདུས་པ་སྟེ། དེ་ལྟར་ན་འདིས་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བསྟན་པ་ཡིན་ནོ། །རེག་པ་དང་དེ་དང་དེ་ཞེས་བྱ་བ་ནི་བདེ་བའི་ཚོར་བ་དང་མཐུན་པ་དང༌། སྡུག་བསྔལ་གྱི་ཚོར་བ་དང་མཐུན་པ་དང༌། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་མཐུན་པའི་ཀུན་འབྱུང་བ་ལས་ཞེས་བྱ་བ་ནི་སྐྱེས་པ་ལས་སོ། །འགགས་པ་ལས་ཞེས་བྱ་བ་འདིས་ནི་རེག་པ་འགགས་པས་ཚོར་བ་འགག་ཅེས་བསྟན་པ་ཡིན་ནོ། །དེ་ལ་འགག་པ་ཞེས་བྱ་བ་ནི་སྐད་ཅིག་ལ་འགག་པའི་ཕྱིར་རོ། །ཉེ་བར་ཞི་བ་ཞེས་བྱ་བ་ནི་སྲབས་པར་གྱུར་པའི་ཕྱིར་རོ། །བསལ་བ་ཞེས་བྱ་བ་ནི་རྒྱུན་ཆད་པའི་ཕྱིར་རོ། །ནུས་པ་ཞེས་བྱ་བ་ནི་ཡང་མི་འགྱུར་བའི་ཕྱིར་རོ། །རོ་མྱང་བ་ཞེས་བྱ་བ་ནི་ཉོན་མོངས་ཅན་གྱི་བདེ་བ་སྐྱེད་པའི་ཕྱིར་རོ། །ཉེས་དམིགས་ཞེས་བྱ་བ་ནི་མི་རྟག་པའི་ཕྱིར་རོ། །གང་མི་རྟག་པ་དེ་ནི་ཉེས་དམིགས་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ངེས་པར་འབྱུང་བ་ཞེས་བྱ་བ་ནི་འདུན་པའི་འདོད་ཆགས་ལས་ཡང་དག་པར་འདས་པའི་ཕྱིར་རོ། །མི་རྟག་པ་ཞེས་བྱ་བ་ནི་སྐད་ཅིག་པ་ཉིད་ཡིན་པའི་ཕྱིར་རོ། །ཟད་པ་ཞེས་བྱ་བ་ནི་རྒྱུན་གྱིས་འཇིག་པའི་ཕྱིར་རོ། །འཇིག་པ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་འཇིག་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་རྣམ་པར་གནོད་པ་ཙམ་གྱི་ཕྱིར་རོ། །འགོག་པ་ཞེས་བྱ་བ་ནི་གཉེན་པོ་ཟག་པ་མེད་པ་སྒྲུབ་པའི་ཕྱིར་རོ། །རབ་ཏུ་སྦང་བ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རོ། །འཇིག་རྟེན་ལ་ཅུང་ཟད་ཀྱང་ཉེ་བར་ལེན་པར་མི་བྱེད་ཅེས་བྱ་བ་ནི་འཁོར་བའི་དངོས་པོ་གང་ལས་ཡང་སྙིང་པོ་
ཉིད་དུ་མི་འཛིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་སྲེད་པ་མངོན་སུམ་དུ་མི་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །ཉེ་བར་ལེན་པར་མི་བྱེད་ན་ཞེས་བྱ་བ་ནི་སྲེད་པའི་ཀུན་འབྱུང་བ་བཟློག་པའི་ཕྱིར་རོ། །ཡོངས་སུ་གདུང་བར་མི་འགྱུར་ཞེས་བྱ་བ་ནི་འཕགས་པའི་ལམ་སྐྱེ་བ་ལ་ཉོན་མོངས་པ་ཀུན་འབྱུང་བ་མེད་པའི་ཕྱིར་ཏེ། རྒྱུད་ལ་ཡོངས་སུ་གདུང་བ་མི་སྐྱེ་བའོ་ཞེས་བྱ་བའི་ཐ་ཚིག་གོ །བདག་ཉིད་ཁོ་ནས་ཞེས་བྱ་བ་ནི་རང་ཉིད་ཀྱིས་སོ། །ཡོངས་སུ་མྱ་ངན་ལས་འདས་པར་བྱེད་ཅེས་བྱ་བ་ནི་ཕུང་པོའི་ལྷག་མ་དད་བཅས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ། །དེ་ཐོབ་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །ལུས་ཀྱི་མཐའ་པའི་ཚོར་བ་ཞེས་བྱ་བ་ནི་དབང་པོ་གཟུགས་ཅན་ལྔ་ལ་བརྟེན་པ་སྟེ། ལུས་ཀྱི་མཐའ་ནི་ལུས་ཀྱི་མཐར་ཐུག་པའི་དབང་པོ་ལྔའོ། །དྲའི་ཚོར་བ་ནི་དང་པོ་ལྔ་ལ་བརྟེན་པའི་ཚོར་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཡང་ཚེ་དང་ལྡན་པ་ས་གའི་ཚོར་བ་གང་ཡིན་པ་དེ་ལ་ནི་འདོད་ཆགས་བག་ལ་ཉལ་བ་སྡུག་བསྔལ་གྱི་ཚོར་བ་གང་ཡིན་པ་དེ་ལ་ནི་ཁོང་ཁྲོ་བ་བག་ལ་ཉལ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་གང་ཡིན་པ་དེ་ལ་གཏི་མུག་བག་ལ་ཉལ་ལོ་ཞེས་གསུངས་པས། དེ་ལ་བག་ལ་ཉལ་གྱི་ངོ་བོ་ཉིད་ཀྱི་ཚོར་བ་དག་ནི་མི་འབྱུང་གི་ལུས་ཀྱི་ཁུར་ཐོགས་པ་ཙམ་འབའ་ཞིག་ལས་བྱུང་བའི་ཚོར་བ་རྒྱུད་ལ་འབྱུང་སྟེ། དེའི་ཕྱིར་ལུས་ཙམ་ཡོད་ན་དེ་དག་འབྱུང་གི་ལུས་འགགས་ན་དེ་དག་འགག་པར་འགྱུར་ཏེ། དགྲ་བཅོམ་པ་དག་ལ་ཡང་ཡུལ་གྱི་དབང་གིས་ཚོར་བ་འབྱུང་ངོ་ཞེས་གསུངས་པའི་ཕྱིར་རོ། །མྱོང་རོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བ་འདིས་ནི་ཤེས་བཞིན་དུ་སྤོད་པ་ཉིད་བསྟན་ཏེ། ཤེས་བཞིན་དུ་སྤྱོད་པ་ཉིད་ལ་ནི་ཉོན་མོངས་པ་ཀུན་དུ་འབྱུང་བ་མེད་དོ། །སྲོག་གི་མཐའ་པའི་ཚོར་བ་ཞེས་བྱ་བ་ནི་ཡིད་ཙམ་དང་མཚུངས་པར་ལྡན་པ་བཏང་སྙོམས་ཀྱི་ཚོར་བ་སྟེ། འདི་ལྟར་ཇི་སྲིད་དུ་འཚོ་བ་དེ་སྲིད་དུ་ཡིད་ཙམ་དང་མཚུངས་པར་ལྡན་པ་བཏང་སྙོམས་ཀྱི་ཚོར་བ་མེད་པ་དེའི་རྒྱུ་ལས་འབྱུང་ངོ༌། །དེའི་ཕྱིར་མདོ་སྡེ་ལས་དགེ་སློང་གི་སེམས་ཚོར་བ་གསུམ་པོ་འདི་དག་ལས་འདོད་ཆགས་
དང་བྲལ་ཞིང་རྣམ་པར་གྲོལ་བ་ནི་དེ་ལས་ལྷག་མ་བཏང་སྙོམས་ཀྱི་ཚོར་བ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་ཙམ་ཞིག་ཡོད་ཅེས་གསུངས་ཏེ། དེའི་ཕྱིར་དེའི་སྲོག་ཡོད་ན། བཏང་སྙོམས་ཀྱི་ཚོར་ཀུན་དུ་འབྱུང་བ་ཡོད་ན་སྲོག་ཟད་ལ། དེ་ཡང་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ །བཏང་སྙོམས་སྲོག་དང་ཡིད་ལྡན་ན། །ངེས་པར་གསུམ་དང་ལྡན་པ་ཡིན། །གཟུགས་མེད་པ་ནས་འཆི་བ་ན། །སྲོག་ཡིད་བཏང་སྙོམས་འགག་པར་འགྱུར། །ཞེས་བཤད་པའི་ཕྱིར་རོ། །ལུས་ཞིག་པའི་ཞེས་བྱ་བ་ནི་ལུས་ཤི་བའི་འོ། །འོག་ཏུ་ཡོངས་སུ་གཏུགས་པས་ཞེས་བྱ་བ་ནི་ཡང་འབྱུང་བར་བྱེད་པའི་ལས་ཉེ་བར་མ་བསགས་པས་མཚམས་སྦྱོར་བ་མེད་པའི་ཕྱིར་རོ། །དུས་ཕྱི་མར་སྲོག་ཀྱང་མེད་པས་ཞེས་བྱ་བར་དགོངས་པ་ཡིན་ནོ། །འདི་ཉིད་དུ་ཞེས་བྱ་བ་ནི་ཚེ་འདི་ཉིད་དུའོ། །དེའི་ཚོར་བ་ཐམས་ཅད་ཅེས་བྱ་བ་ནི་བདེ་བ་དང༌། སྡུག་བསྔལ་བ་དང༌། བཏང་སྙོམས་ཀྱི་ཚོར་བ་ལུས་ཀྱི་མཐའ་བ་དང༌། སྲོག་གི་མཐའ་པ་ཐམས་ཅད་དོ། །མ་ལུས་པར་འགག་པར་འགྱུར་ཞེས་བྱ་བ་ནི་གནས་ལུས་དང༌། སྲོག་གཉིས་ཐམས་ཅད་ཀྱི་ཐམས་ཅད་དུ་བསགས་པའི་ཕྱིར་ཏེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རོ། །མ་ལུས་པར་ནུས་པར་འགྱུར་ཞེས་བྱ་བ་ནི་གནས་དེ་གཉིས་ཀྱང་མི་སྐྱེ་བའི་ཕྱིར་རོ། །མ་ལུས་པར་ཡོངས་སུ་ཟད་པར་འགྱུར་ཞེས་བྱ་བ་ནི་དེ་གཉིས་ལས་གཞན་པའི་གནས་མེད་པའི་ཕྱིར་རོ། །མ་ལུས་པར་ཡོངས་སུ་གཏུགས་པར་འགྱུར་ཞེས་བྱ་བ་ནི་གནས་མེད་པ་ལ་ཚོར་བ་མི་འབྱུང་བའི་ཕྱིར་རོ། །བདག་བདེ་བའི་ཚོར་བ་མྱོང་བར་བྱེད་པ་ནི་ལུས་ཞིག་པར་གྱུར་པ་དེ་ཉིད་སྡུག་བསྔལ་གྱི་མཐའ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་འཆི་བའི་ཚེ་ན་འཆི་བའི་མཐའི་ཚོར་བ་དག་ནི་སྡུག་བསྔལ་སྐྱེ་བའི་རྒྱུར་མི་འགྱུར་བར་དགོངས་ཏེ། ཇི་སྐད་དུ། ཚངས་སྤྱོད་ལེགས་པར་སྤྱད་པ་དང༌། །ལམ་ཉིད་ལེགས་པར་བསྒོམས་པ་ནི། །ཚེ་ཟད་དགའ་བར་འགྱུར་བ་སྟེ། །ནད་དང་བྲལ་བ་ཇི་བཞིན་ནོ། །ཚངས་སྤྱོད་ལེགས་པར་སྤྱད་པ་དང༌། །ལམ་ཉིད་ལེགས་པར་བསྒོམས་པ་ནི། །ཚེ་ཟད་དགའ་བར་འགྱུར་བ་སྟེ། །དུག་སྣོད་སྤངས་པ་ཇི་བཞིན་
ནོ། །ཚངས་སྤྱོད་ལེགས་པར་སྤྱོད་པ་དང༌། །ལམ་ཉིད་ལེགས་པར་བསྒོམས་པ་ནི། །འབར་བའི་ཁྱིམ་ནས་ཐར་བ་ལྟར། །འཆི་བའི་མཐའ་ནི་མྱ་ངན་མེད། །ཚངས་སྤྱོད་ལེགས་པར་སྤྱད་པ་དང༌། །ལམ་ཉིད་ལེགས་པར་བསྒོམས་པ་ནི། །གང་ཚེ་འཇིག་རྟེན་ཤེས་རབ་ཀྱིས། །རྩྭ་དང་ཤིང་འདྲར་མཐོང་གྱུར་པ། །དེ་ཚེ་ཉིད་མཚམས་སྦྱོར་མེད་ལས། །གཞན་པ་འདོད་པར་མི་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དགྲ་བཅོམ་པ་དག་འཆི་བའི་མཐར་བདེ་བའི་ཚོར་བ་དང༌། སྡུག་བསྔལ་གྱི་ཚོར་བ་གཉིས་ནི་མི་མྱོང་གི །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་མྱོང་བར་འགྱུར་ཏེ། འཆི་བ་དང་སྐྱེ་བ་གཉིས་ལ་ནི་བཏང་སྙོམས་ཀྱི་ཚོར་བ་ཡོད་དོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། དེ་བདེན་མོད་ཀྱི་འོན་ཀྱང་འཆི་བའི་མཐའི་སྐད་ཅིག་མ་གཅིག་ལ་ནི་བཏང་སྙོམས་ཀྱི་ཚོར་བ་འབའ་ཞིག་ཡོད་ལ། ཚོར་བ་གཞན་མེད་ཀྱི་ལུས་འཇིག་པ་ནི་སྐད་ཅིག་མའི་རྒྱུན་གྱིས་ཡིན་པས་དེའི་ཕྱིར་སྐད་ཅིག་མའི་རྒྱུན་གྱིས་ལུས་འཇིག་པ་ལ་ནི་ཚོར་བ་གསུམ་ཆར་ཡོད་པས་ཉེས་པའི་སྐད་མེད་དོ། །དེ་བདེ་བའི་ཚོར་བ་མྱོང་བར་བྱེད་པ་ནི་མི་ལྡན་པ་མྱོང་བར་བྱེད་ཀྱི་ལྡན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ཚེ་དང་ལྡན་པ་ཀུན་དགའ་བོ། །ཁོ་བོ་ལ་ནི་སྟེན་པ་ཡོངས་སུ་མྱ་ངན་ལས་འདས་ཤིང་གཞན་དུ་གྱུར་ཀྱང༌། མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་དག་མི་འབྱུང་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་མི་ལྡན་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སྤངས་པའི་ཕྱིར་རོ། །ལྡན་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀུན་དུ་འབྱུང་བའི་ཕྱིར་རོ། །འདོད་ཆགས་དང༌། ཞེ་སྡང་དང༌། ཞེ་སྡང་དང༌། གཏི་མུག་དང་མི་ལྡན་པ་ཞེས་བྱ་བ་ནི་དེ་གསུམ་གཙོ་བོ་ཡིན་པའི་ཕྱིར་དང་ཡང་དང་ཡང་དུ་ཀུན་དུ་འབྱུང་བའི་ཕྱིར་སྨོས་པར་ཟད་ཀྱི། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཞན་དག་ཀྱང་འདར་གཟུང་བར་བྱ་བའོ། །སྐྱེ་བ་ཞེས་བྱ་བ་ནི་ཕུང་པོ་མངོན་པར་འགྲུབ་པའོ། །རྒ་བ་ཞེས་བྱ་བ་ནི་ཕུང་པོ་ཡོངས་སུ་སྨིན་པའོ། །ན་བ་ཞེས་བྱ་བ་ནི་ལུས་ཀྱི་སྡུག་བསྔལ་བའོ། །འཆི་བ་ཞེས་བྱ་བ་ནི་ཕུང་པོ་འདོར་བའོ།
མྱ་ངན་ཞེས་བྱ་བ་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པའི་རྣམ་པར་རྟོག་པའོ། །སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནི་མྱ་ངན་གྱིས་བསླང་བའི་ཚིག་ཏུ་འདོན་པའོ། །སྡུག་བསྔལ་ཞེས་བྱ་བ་ནི་ལུས་ཀྱི་ཚོར་བ་སྡུག་བསྔལ་གློ་བུར་དུ་འབྱུང་བའོ། །ཡིད་མི་བདེ་བ་ཞེས་བྱ་བ་ནི་སེམས་ཀྱི་ཚོར་བའོ། །འཁྲུག་པ་ཞེས་བྱ་བ་ནི་མྱ་ངན་དང་བཅས་པའི་བྲང་བརྡུང་བ་ལ་སོགས་པ་ལུས་རྣམ་པར་འགྱུར་བའོ། །སྡུག་བསྔལ་ཞེས་བྱ་བ་ནི་སྔར་བསྟན་པ་སྤྱིའི་བདག་ཉིད་ཀྱི་སྡུག་བསྔལ་གྱི་ཆུ་བོའམ། ཕུང་པོའི་ཁུར་ཐོགས་པ་ལས་སྐྱེས་པའི་སྡུག་བསྔལ་ལོ། །དེ་ལྟར་ན་ཆོས་བསྟན་པ་དེས་ནི་བཅོམ་ལྡན་འདས་ཀྱིས་ཀུན་དུ་རྒྱུ་སེན་རིངས་ལ་ལྟ་བ་ལ་ལྷག་པར་ཆགས་པས་གཟུགས་དང༌། གཟུགས་མེད་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་སྐྱེ་བ་དང་འགག་པ་བསྟན་པ་ལ་འདོད་པ་ལ་ལྷག་པར་ཆགས་པས་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱི་སྐྱེ་བ་དང་འགག་པ་བསྟན། འདོད་ཆགས་དང་བྲལ་བའི་ཟག་པ་དང་བཅས་པའི་ཚོར་བ་རྣམས་ནི་འདོད་པ་ལ་ལྷག་པར་ཆགས་པའི་རྒྱུར་མི་འགྱུར་བ་དང༌། འཁོར་བའི་རྩ་བ་ཡང་མ་ཡིན་པར་བསྟན་ཏོ། །བསིལ་ཡབ་ཅེས་བྱ་བ་ནི་རྔ་མའོ། །ཆོས་དེ་དང་དེ་དག་གི་ཞེས་བྱ་བ་ནི་ལུས་དང་ཚོར་བ་དང་རེག་བ་དག་གི་སྟེ། བཟླས་པའི་ཕྱིར་ལན་གཉིས་སུ་སྨོས་སོ། །སྤོང་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། ཉོན་མོངས་པ་རྣམས་ཟད་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་དེ་ལ་དམིགས་པའི་ཉོན་མོངས་པ་བ་ཟད་པའི་ཕྱིར་རོ། །འགོག་པ་ཞེས་བྱ་བ་ནི་ཉོན་མོངས་པའི་ངོ་བོ་ཉིད་ཟད་པའི་ཕྱིར་རོ། །རབ་ཏུ་སྤོང་བ་ཞེས་བྱ་བ་ནི་ཁ་ཅིག་ལ་མིག་ལ་སོགས་པ་སྤངས་ཀྱང་ཀུན་དུ་འབྱུང་བ་ཡོད་པས། ཀུན་དུ་འབྱུང་བ་དེ་ཡང་སྤངས་པའི་ཕྱིར་ཏེ། འདིས་ནི་ཕུང་པོའི་ལྷག་མ་མེད་པའི་གནས་སྐབས་བསྟན་ཏོ། །ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ལ་ཡང་ཟག་པ་རྣམས་ལས་ཞེས་བྱ་བ་ནི་ཁམས་གསུམ་པའི་ཉོན་མོངས་པ་རྣམས་ལས་ཏེ། དེ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ཇི་ལྟར་རྣམ་པར་གྲོལ་ཞེ་ན། དེའི་ཕྱིར་ལེན་པ་མེད་པར་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་ལྷག་མ་རྣམས་འཐོབ་པའི་སྒོ་ནས་བཟུང་སྟེ།
རྣམ་པར་སྤངས་ཞེས་བྱ་བའི་ཐ་ཚིག་གོ །ཁ་ཅིག་ན་རེ་ཡོངས་སུ་མི་ཉམས་པའི་ཆོས་ཉིད་ཀྱི་ཞེས་ཀྱང་ཟེར་རོ། །དེ་ལ་ཟག་པ་ཞེས་བྱ་བའི་ངེས་པའི་ཚིག་ནི་སྲིད་པའི་རྩེ་མོ་མན་ཆད་ནས་མནར་མེད་པ་ཡན་ཆད་དུ་སྐྱེ་མཆེད་ཀྱི་རྨ་དྲུག་པོ་དག་ནས་འཛག་ཅིང་འབྱུང་བ་འམ་འཁོར་བར་གནས་པར་གྱུར་པ་ཡིན་ནོ། །རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཁམས་གསུམ་ལ་ཆགས་པ་མེད་པའི་ཕྱིར་ཏེ། ཉོན་མོངས་པ་སྤངས་པས་དགྲ་བཅོམ་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ །གཅིག་པུ་ཞེས་བྱ་བ་ནི་གྲོགས་མེད་པ་སྟེ་ལུས་ཀྱིས་དབེན་ནོ། །དབེན་པ་ཞེས་བྱ་བ་ནི་སེམས་ཀྱིས་ཐག་རིང་དུ་གྱུར་པའོ། །བག་ཡོད་པ་ཞེས་བྱ་བ་ནི་ནན་ཏན་ལྷུར་ལེན་པའོ། །བརྟུན་པ་དང་ལྡན་པ་ཞེས་བྱ་བ་ནི་བརྩོན་འགྲུབ་དང་ལྡན་པའོ། །བདག་ཉིད་བཏང་བ་ཞེས་བྱ་བ་ནི་ཡིད་བཏང་བ་སྟེ། རྟག་ཏུ་དགེ་བའི་ཕྱོགས་འདོད་ཅེས་བྱ་བའི་ཐ་ཚིག་གོ །གནས་སོ་ཞེས་བྱ་བ་ནི་འདུག་པར་གྱུར་པའོ། །རིགས་ཀྱི་བུ་དག་ཅེས་བྱ་བ་ནི་རིགས་སུ་སྐྱེས་པའི་མི་དག་གོ །གང་གི་ཕྱིར་ཞེས་བྱ་བ་ནི་གང་གི་དོན་དུའོ། །ཚངས་པར་སྤྱོད་པའི་མཐའ་ཞེས་བྱ་བ་ནི་ལམ་གྱི་འབྲས་བུ་མྱ་ངན་ལས་འདས་པའོ། །བླ་ན་མེད་པ་ཞེས་བྱ་བ་ནི་མཆོག་གོ །ཚེ་དེ་ཉིད་ལ་ཞེས་བྱ་བ་ནི་མངོན་སུམ་གྱི་ཚེ་ལའོ། །རང་གི་མངོན་པར་ཤེས་པས་ཞེས་བྱ་བ་ནི་རང་གི་ཤེས་པས་སོ། །མངོན་སུམ་དུ་བྱས་ཏེ་ཞེས་བྱ་བ་ནི་ཤེས་པར་བྱས་ཏེའོ། །བསྒྲུབས་ནས་ཞེས་བྱ་བ་ནི་འཐོབ་པ་མངོན་སུམ་དུ་བྱ་བ་ཐོབ་ནས་སོ། །ཟད་དོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །སྤྱད་དོ་ཞེས་བྱ་བ་ནི་སྤྱད་ཟིན་པའོ། །བྱ་བ་བྱས་སོ་ཞེས་བྱ་བ་ནི་ཉོན་མོངས་པ་སྤངས་པའོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་ནི་བར་མ་དོའི་སྲིད་པ་ཡང་ངོ༌། །གོ་བར་བྱེད་ཅིང་ཞེས་བྱ་བ་ནི་ཤེས་པར་བྱེད་ཅིང་ངོ༌། །ཅི་ཞིག་ཤེས་པར་བྱེད་ཅིང་ཞེ་ན། བདག་གི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ་དག་གོ ། ཀུན་ཤེས་པ་དང་ལྡན་པ་པའི་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བའི་ཤེས་པ་ཐོབ་པའི་སྟེ། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱར་མེད་དོ་ཞེས་བྱ་བ་ལ་སོགས་པའི་ཀུན་ཤེས་པ་རྟོགས་པ་གང་ལ་ཡོད་པ་དེ་ནི་ཀུན་ཤེས་པ་དང་ལྡན་པའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་མཆོད་པར་འོས་པ་
དང་ཡང་མི་སྐྱེ་བ་དང༌། ཉོན་མོངས་པའི་དགྲ་བཅོམ་པའི་ཕྱིར་རོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཡོངས་སུ་མི་ཉམས་པའི་ཆོས་ཉིད་ཀྱིས་སོ། །བར་སྡོམ་ཞེས་བྱ་བ་ནི་ཀྱེ་གཽ་ཏ་མ་བདག་ནི་ཐམས་ཅད་མི་བཟོད་དོ་ཞེས་བྱ་བ་ལ་སོགས་པ་མདོ་སྡེའི་ཁོངས་སུ་གཏོགས་པའི་རྣམ་གྲངས་དག་མི་བརྗེད་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པས་མདོར་བསྡུས་པའོ། །སོ་སོ་ཡང་དག་རིག་པ་ཐོབ་པ་ཞེས་བྱ་བ་ནི་ཆོས་དང༌། དོན་དང༌། ངེས་པའི་ཚིག་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པར་ཞེས་བྱ་བའི་ཕྱིར་མི་བཟློགས་པའི་ངོ་བོ་ཉིད་ཀྱིས་ཤེས་པ་དག་ལ་ཚེགས་ཆུང་དུས་ཀུན་དུ་སྤྱོད་པའི་བདག་པོ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ །ཐེ་ཚོམ་སྐྱེས་ནས་ཞེས་བྱ་བ་ནི་འཕགས་པ་ཤཱ་རིའི་བུ་ཤེས་རབས་བྱམ་ཀླས་པ་དང་ལྡན་པས་དགེ་སློང་རྣམས་ཐེ་ཚོམ་ཐམས་ཅད་གཅོད་པ་ཞེས་བྱ་བ་ནི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཐེ་ཚོམ་གྱིས་དབྱེ་བ་ཐམས་ཅད་ངེས་པར་མཛད་པའོ། །ཞུས་པ་ཞེས་བྱ་བ་ནི་དྲིས་པའོ། །ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ལ། ལས་ཞེས་བྱ་བ་ནི་དགེ་བ་ཟག་པ་དང་བཅས་པའོ། །རྣམ་པར་སྨིན་པ་ཞེས་བྱ་བ་ནི་རྒྱུ་ལ་འབྲས་བུ་བཏགས་པ་སྟེ། འབྲས་བུ་སྐྱེད་པའི་གནས་སྐབས་སུ་གྱུར་པའི་ལས་ཉིད་ལ་བྱ་བའི་འབྲས་བུར་སྨིན་པའི་གནས་སྐབས་ནི་མ་ཡིན་ནོ། །ཤེས་རབ་རྣོ་བ་ཞེས་བྱ་བ་ནི་མྱུར་དུ་དོན་ཆ་ཕྲ་བ་དག་ལ་འཇུག་པའི་ཕྱིར་རོ། །ཤེས་རབ་ཟབ་པ་ཞེས་བྱ་བ་ནི་གཞན་དག་གིས་གཏིང་མི་སླེབས་པའི་ཤེས་རབ་དང་ལྡན་པའི་ཕྱིར་རོ། །ངེས་པར་འབྱེད་པའི་ཤེས་རབ་ཅེས་བྱ་བ་ནི་ཉོན་མོངས་པ་སྤོང་བར་བྱེད་པའི་ཕྱིར་རོ། །ཚོགས་རྙེད་པ་ཞེས་བྱ་བ་ནི་ནང་གི་ལྷན་ཅིག་བྱེད་པའི་རྒྱུ་དག་རྙེད་པའོ། །རྐྱེན་ཡོངས་སུ་གྱུར་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གྲོགས་རྗེས་སུ་མཐུན་པར་འགྱུར་པའོ། །འོད་པ་བཞིན་དུ་ཉེ་བར་གནས་པ་ཞེས་བྱ་བ་ནི་ཆུའི་འོད་པ་བཞིན་དུ་རང་གི་བྱ་བ་བྱེད་པ་ལ་མངོན་དུ་ཕྱོགས་པའོ། །གདོན་མི་ཟ་བར་འབྱུང་བར་གྱུར་པ་དག་ཅེས་བྱ་བ་ནི་ངེས་པ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་བཟློག་པར་མི་སྤྱོད་པ་དག་གོ །བྱས་ཤིང་ཞེས་བྱ་བ་ནི་བསླང་ཞིང་ངམ་བསྒྲུབས་ཤིང་ངོ༌། །བསགས་པས་ཞེས་བྱ་བ་ནི་མཐུན་
པའི་ཚོགས་ཀྱིས་གསོས་པའམ། །འབྲས་བུར་འགྱུར་བར་ངེས་པར་བྱས་བ་སྟེ། ཆེད་དུ་བསམས་ཏེ་བྱས་པས་སོ། །བཅོམ་ལྡན་འདས་ནི་ཐུགས་རྗེའི་བདག་ཉིད་ཅན་ཡིན་ན། ཉིད་ཀྱིས་ཅིའི་ཕྱིར་ཞལ་གྱིས་མི་བཞེས་ཤེ་ན། དེའི་ཕྱིར་ཤཱ་རིའི་བུ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར་ཞེས་བྱ་བ་གསུངས་ཏེ། འབྲེལ་པ་མེད་པའི་ཕྱིར་གཞན་གྱི་རྒྱུད་ལ་འབྲས་བུ་དག་ཏུ་མི་འགྱུར་རོ་ཞེས་བྱ་བར་དོངས་སོ། །རྫུ་འཕྲུལ་དང་གསང་སྔགས་ལ་སོགས་པའི་དབང་གིས་ཕྱི་རོལ་གྱི་དངོས་པོ་དག་ལས་ཅིའི་ཕྱིར་འབྱུང་པར་མི་མཛད་ཅེ་ན་དེའི་ཕྱིར་དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཀྱམས་ལ་རྣམ་པར་སྨིན་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་གསངས་སོ། །ལས་དགེ་བ་ཞེས་བྱ་བ་ནི་བཟང་བའོ། །མི་དགེ་བ་ཞེས་བྱ་བ་ནི་ངན་པའོ། །ཟིན་པ་ཞེས་བྱ་བ་ནི་སེམས་པས་ཟིན་པ་སྟེ། ནང་གི་ཞེས་བྱ་བའི་ཐ་ཚིག་གོ །ཕུང་པོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་སྤུངས་པའི་མཚན་ཉིད་ལྔའོ། །ཁམས་ཞེས་བྱ་བ་ནི་མིག་གི་ཁམས་ལ་སོགས་པ་འབྱུང་གནས་ཀྱི་མཚན་ཉིད་བཅོ་བརྒྱད་དོ། །སྐྱེ་མཆེད་དག་ལ་ཞེས་བྱ་བ་ནི་མིག་གི་སྐྱེ་མཆེད་ལ་སོགས་པ་རྣམས་པར་ཤེས་པ་སྐྱེ་བའི་སྒོའི་མཚན་ཉིད་བཅུ་གཉིས་པོ་དག་ལའོ། །རྣམ་པར་སྨིན་པར་འགྱུར་ཏེ་ཞེས་བྱ་བ་འདིས་ནི་ལམ་རྣམས་ཀྱི་ཕྱི་རོལ་གྱི་སའི་ཁམས་ལ་སོགས་པ་སེམས་པ་མེད་པ་དག་ལ་རྣམས་པར་སྨིན་པར་འགྱུར་པར་དགག་པར་བསྟན་ཏོ། །དུས་འཕོངས་པས་ཇི་ལྟར་ཆུད་མི་ཟ་བར་མི་འགྱུར་ཞེ་ན། དེའི་ཕྱིར། ལས་རྣམས་བསྐལ་བ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འང་ཞེས་བྱ་བའི་སྒྲ་གཉིས་པས་ནི་འདི་ལྟར་ཞེས་བྱ་བ་བའི་སྒྲའི་དོན་ལ་འཇུག་པའི་བའི་བྱེ་བྲག་བསྟན་ཏེ། ལས་རྣམས་བསྐལ་བ་བརྒྱར་ཡང་ཆུད་མི་ཟ་བ་ནི་འདི་ལྟར་ཚོགས་པ་དང༌། དུས་རྙེད་ན་ལུས་ཅན་རྣམས་ལ་འབྲས་བུ་དག་ཏུ་འགྱུར་བ་ཉིད་ཡིན་གྱི་ཚོགས་པ་དང༌། དུས་མ་རྙེད་ན་འབྲས་བུ་དག་ཏུ་འགྱུར་བར་མ་ངེས་སོ་ཞེས་བྱ་བའི་ཐག་ཚིག་གོ །ཚོགས་ཞེས་བྱ་བ་ནི་སྐྱེད་པའི་རྒྱུའི་ཚོགས་པའོ། །དུས་ཞེས་བྱ་བ་ནི་བར་དུ་གཅོད་པའི་རྒྱུ་མེད་པའོ། །རྙེད་ན་ཞེས་བྱ་བ་ནི་ལྡན་
ནའོ། །ལུས་ཅན་རྣམས་ལ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལའོ། །འབྲས་བུ་དག་ཏུ་འགྱུར་བ་ཞེས་བྱ་བ་ནི་འབྲས་བུ་དག་ཏུ་སྨིན་པར་འགྱུར་པའོ། །ཉིད་ཅེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། གདོན་མི་ཟ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། ལས་ངེས་པ་རྣམས་ནི་བསྐལ་པ་བརྒྱ་ཕྲག་འདས་པ་དག་ཏུ་ཡང་ཆུད་མི་ཟ་བ་ཡིན་ཏེ། དེ་ཡང་འདི་ལྟར་རྒྱུའི་ཚོགས་པ་དང༌། བར་དུ་གཅོད་པའི་རྒྱུ་མེད་པའི་དུས་རྙེད་ན་བྱེད་པ་པོ་སེམས་ཅན་ལུས་ཅན་རྣམས་ལ་འདོད་པ་དང་མི་འདོད་པའི་འབྲས་བུ་དག་ཏུ་འགྱུར་བ་ཉིད་ཡིན་ཏེ་འདིར་དོན་ནི་དེ་ཡིན་ནོ། །འཕགས་པ་ཤཱ་རིའི་བུས་གང་གི་ཚེ་ལས་དག་བྱས་ཤིང་ཇི་ལྟར་བྱས་ཤེ་ན། དེའི་ཕྱིར་དགེ་སློང་དག་སྔོན་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་བྱུང་བར་གྱུར་པ་དེ་བསྙད་པར་བྱའི་ད་ལྟར་གྱི་དུས་ཀྱི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཉོན་མོངས་པ་དག་གིས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའོ། །གནོད་པར་གྱུར་ནས་ཞེས་བྱ་བ་ནི་གཟིར་བར་གྱུར་ནས་སོ། །དགོན་པའི་སྨན་དག་གིས་ཞེས་བྱ་བ་ནི་དགོན་པ་ནས་འབྱུང་བའི་སྨན་རྩ་བ་སྡོང་བུ་ལ་སོགས་པ་དག་གིས་སོ།། འཚོ་བར་ཞེས་བྱ་བ་ནི་སྟོབས་དང་ལྡན་པའོ། །ཅིག་ཅར་ཅེས་བྱ་བ་ནི་དུས་གཅིག་ཏུའོ། །ཚིག་བརྗོད་དང་ཞེས་བྱ་བ་ནི་ཚིག་སྨྲ་བའོ། །སིག་པ་ཞེས་བ་བ་ནི་འབྲས་བུ་མི་འདོད་པ་དང་ལྡན་པའོ། །དམ་པ་མ་ཡིན་པའི་ཆོས་ཞེས་བྱ་བ་ནི་སྐྱེས་བུ་དག་པ་མ་ཡིན་པ་རྣམས་ཀྱི་ཆོས་ཏེ། ཉེས་པར་སྤྱོད་པའི་མཚན་ཉིད་འཛིན་པའི་ཕྱིར་ཆོས་མ་ཡིན་པ་ཡང་ཆོས་ཀྱི་སྒྲར་བརྗོད་དོ། ལྷན་ཅིག་ཅེས་བྱ་བ་ནི་ཅིག་ཅར་རོ། །ཡོན་ཏན་གྱི་ཚོགས་ཞེས་བྱ་བ་ནི་ཡོན་ཏན་ཆེན་པོ་སྟེ། འདིར་ནི་ཤེས་པའི་ཕྱེ་བྲག་ཡིན་ནོ་།མཐའ་གཅིག་ཏུ་ཞེས་བྱ་བ་ནི་སྐྱེ་བོ་མེད་པའི་གནས་སུའོ། །མཁན་པོ་མེད་པ་ཞེས་བྱ་བ་འདིར་ཆོས་རམ་པར་འཆད་བ་མེད་པའི་ཕྱིར་རོ། །སློབ་དཔོན་མེད་པ་ཞེས་བྱ་བ་ནི་ལམ་ཉེ་བར་སྟོན་པ་མེད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཞེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་བྱང་ཆུབ་ཀྱི་ཕྱོགས་དང་རྗེས་སུ་མཐུན་པའོ། །ཆོས་སུ་མ་ཅུ་རྟ་བདུན་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞིན་དང༌། ཡང་
དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡང་ལག་བརྒྱད་པ་དག་བསྡོམས་ན་སུམ་ཅུ་རྩ་བདུན་ཡིན་ནོ། །བསྐྱེད་ནས་ཞེས་བྱ་བ་ནི་མངོན་སུམ་དུ་བྱས་ནས་སོ། །རང་བྱང་ཆུབ་ཅེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་དབང་པོ་འབྲིང་གིས་བསྡུས་པའོ། །མངོན་སུམ་དུ་བྱས་སོ་ཞེས་བྱ་བ་ནི་འཐོབ་པ་དང་ཤེས་པ་མངོན་སུམ་དུ་བྱ་བ་གཉིས་ཀྱིས་མངོན་སུམ་དུ་བྱས་པ་སྟེ། རང་སངས་རྒྱས་སུ་གྱུར་ཅེས་བྱ་བའི་ཐ་ཚིག་གོ །བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་སྟོན་གྱི་ཚིག་གིས་མི་སྟོན་པས་ཞེས་བྱ་བ་ལ། ལུས་ཀྱིས་ཞེས་བྱ་བ་ནི་ལུས་ལ་བརྟེན་པ་འབར་བ་དང༌། གསལ་བ་ལ་སོགས་པས་སོ། །ཆོས་སྟོན་ཅེས་བྱ་བ་ནི་ཆོས་ཉེ་བར་སྟོན་པའོ། །འོན་ཆོས་སྟོན་པ་ཞེས་བྱ་བ་ནི་ཚིག་གི་བྱེ་བྲག་ཡིན་ན་ལུས་ཀྱིས་ཇི་ལྟར་ཆོས་སྟོན་པ་ཉིད་དུ་རུང་ཞེ་ན་པ་དེན་མེད་ཀྱི་འོན་ཀྱང་ཉེ་བར་གདགས་པ་ལ་ཉེས་པ་མེད་དེ། ཇི་ལྟར་ཚིག་གིས་ཆོས་སྟོན་པས་འབྲས་བུ་འདོད་པ་བསྐྱེད་པ་དང་འདྲ་བར་ལུས་ཀྱིས་ཅོ་འཕྲུལ་སྟོན་པ་འདིས་ཀྱང་འབྲས་བུ་འདོད་པ་སྐྱེད་པས་འབྲས་བུ་རྒྱུ་བརྟགས་ནས་འདི་ལ་ཆོས་སྟོན་པ་ཞེས་བྱ་སྟེ། དཔེར་ན་མི་བླུན་པོ་ལ་བ་ལང་ཞེས་ཕྱ་བ་བཞིན་ནོ། །ཚིག་གིས་མི་སྟོན་པས་ཞེས་བྱ་བ་ནི་ཚིག་གིས་ཆོས་མི་སྟོན་པས་སོ། །འོ་ན་བདག་ཉིད་ཆེན་པོ་དེ་དག་ནི་སྙིང་རྗེས་བསྐྱད་པའི་རྒྱུ་དང་ལྡན་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དང༌། སེམས་ཅན་གྱི་སྤྱོད་པ་ཡོངས་སུ་ཤེས་པ་ལ་མཁས་པ་ཡིན་ན། ཅིའི་ཕྱིར་དེ་དག་ཚིག་གིས་ཆོས་མི་སྟོན་ཅན། བདེན་མོད་ཀྱི་དེ་དག་ནི་དུས་དཔག་ཏུ་མེད་པ་ནས་གོམས་པའི་དབང་གིས་དབེན་པ་ལ་མོས་པ་ཉིད་ཀྱིས་མཆོག་ཏུ་ཟབ་པའི་ཆོས་གཟུང་བའི་ཕྱིར་སེམས་ཅན་རྣམས་ལ་བྱ་བ་བྱེད་པར་མི་སྤྲོ་སྟེ། འདི་ལྟར་སེམས་ཅན་འདི་དག་ནི་ཐོག་མ་མེད་པ་ནས་བསགས་པའི་ཉོན་མོངས་པའི་རྒྱུན་གྱིས་འཁོར་བའི་རྒྱུན་ཕྱོགས་སུ་འདོང་བ་ཡིན་པས་དེ་དག་འཁོར་བའི་རྒྱུན་ལས་བཟློག་ཕྱོགས་སུ་བཀྲི་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མ་གཏོགས་པ་གཞན་གྱིས་བྱ་དཀའོ་སྙམ་པའི་
ཕྱིར་རོ། །ཡང་ན་སྐྱེ་བོ་མ་ལུས་པ་ལ་རྗེས་སུ་སྟོན་པར་ཐལ་བར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་ཏེ། རྣམ་པར་གཡེང་བ་སྣ་ཚོགས་ལ་བརྟེན་པས་འཇིགས་ཤིང་སྐྲག་པའི་ཕྱིར་རོ། །འདབ་མ་བརྐྱང་བ་ཞེས་བྱ་བ་ནི་གཤོག་པ་འཕྱར་བའོ། །ནམ་མཁའ་ལ་ཞེས་བྱ་བ་ནི་བར་སྣང་ལའོ། །མངོན་པར་འཕགས་ནས་ཞེས་བྱ་བ་ནི་གྱེན་དུ་སོང་ནས་སོ། །འབར་བ་ཞེས་བྱ་བ་ནི་མེ་ལ་མོས་པའི་ཕྱིར་རོ། །གསལ་བ་ཞེས་བྱ་བ་ནི་འོད་ཟེར་ལ་མོས་པའི་ཕྱིར་རོ། །ཆར་འབེབས་པ་ཞེས་བྱ་བ་ནི་དེ་ཉིད་ལ་མོས་པའི་ཕྱིར་རོ། །གློག་འབྱིན་པ་ཞེས་བྱ་བ་ནི་སྣང་བ་ལ་མོས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མ་མཐོང་བའོ། །སེམས་གཏོད་པ་ཞེས་བྱ་བ་ནི་རྗེས་སུ་མཐུན་པར་བྱེད་པའོ། །ཤིང་ལྗོན་པ་ཞེས་བྱ་བ་ནི་ཤིང་སྐྱེ་བའོ། །རྩ་བ་ནས་བཅད་པ་ཞེས་བྱ་བ་ནི་དྲུང་བ་ནས་བཅད་པའོ། །མཁོ་བ་བསྟབས་པ་ཞེས་བྱ་བ་ནི་བཟའ་བ་དང༌། བཏུང་བ་དང༌། གོས་ལ་སོགས་པས་བཀུར་སྟི་བྱ་བའོ། མི་འདོད་བཞིན་དུ་དང་བར་བྱ་ན་ཞེས་བྱ་བ་ནི་མི་འདོད་བཞིན་དུ་ཡང་གསོ་བར་བྱ་ནའོ། །སྨོས་ཀྱང་ཅི་དགོས་ཀྱིས་ཞེས་བྱ་བ་ནི་བསམ་ཅི་དགོས་ཀྱིས་ཞེས་བྱ་བའོ། །ཆེན་པོ་ལ་འོས་པ་ཞེས་བྱ་བ་ནི་གཙོ་བོ་ཞེས་བ་བའི་ཐ་ཚིག་གོ །རྣོ་བོ་རྣོ་བར་གཅོད་ཅེས་བྱ་བ་ནི་མྱུར་དུ་གཅོད་པའི་ཕྱིར་རོ། །ཤེས་རབ་རྣོ་བ་ཞེས་བྱ་བ་ནི་མྱུར་དུ་དོན་ཡོངས་སུ་གཅོད་པའི་ཕྱིར་རོ། །ཟབ་མོ་ཟབ་མོར་འབིགས་ཞེས་བ་བ་ནི་ཐག་རིང་པོར་འབིགས་པའི་ཕྱིར་རོ། །ཤེས་རབ་ཟབ་མོ་ཞེས་བྱ་བ་ནི་དོན་ཆ་ཕྲ་མོ་ཡོངས་སུ་གཅོད་པའི་ཕྱིར་རོ། །ཐལ་བུང་ཐལ་བུང་དུ་འགྲོ་བ་ཞེས་བྱ་བ་ནི་རིམ་པ་གཉིས་པ་ལ་ཏུག་པར་འགྲོ་བའོ། །ངེས་པར་འབྱེད་པའི་ཤེས་རབ་ཅེས་བྱ་བ་ནི་མ་ལུས་པའི་དོན་ཡོངས་སུ་གཅོད་པའི་ཕྱིར་རོ། །དགེ་སློང་དག་དེ་ལ་བྱ་བ་ལ་སོགས་པ་ཡན་སྐབས་ཀྱི་མཇུག་བསྡུ་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་དམིགས་ཀྱིས་བསལ་བའོ། །དེའི་ཚེ་ཞེས་བྱ་བ་ནི་བསྐལ་བའི་བེ་བྲག་གོ །དེའི་དུས་ཞེས་བྱ་བ་ནི་འཕགས་པ་ཤཱ་རིའི་བུས་མཚོན་པའི་དུས་ནའོ། །སྐབས་འདིར་གཟུང་ཁ་ཅིག་ལས་དགེ་སློང་དག་འདི་ཇི་སྙམ་དུ་སེམས་ཞེས་ཀྱང་འབྱུང་སྟེ། དེའི་གཟུང་ཉམས་པ་ཡིན་པས་དེ་ལྟར་
མི་གཟུང་སྟེ། འདི་ལྟར་མདོ་སྡེ་ལ་སོགས་པ་གཞུང་གཞན་ལས་དགེ་སློང་དག་འདི་ཇི་སྣམ་དུ་སེམས་དེའི་ཚེ་དེའི་དུས་ན་ཆེ་གེ་མོ་ཞིག་གང་ཡིན་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱེད་ཡིད་གཉིས་དང་ཐེ་ཚོམ་ཟ་ན། དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆེ་གེ་མོ་ཉིད་དེའི་ཚེ་དེའི་དུས་ན་ཆེ་གེ་མོ་དེ་ཡིན་པའི་ཕྱིར་རོ་ཞེས་འབུང་བའི་ལུགས་ལྟར་ནི། །འདི་སྙམ་དུ་སེམས་ཞེས་བྱ་བ་དེ་རུང་གི །འདིར་འདུལ་བའི་སྡེ་སྣོད་ཀྱི་སྐབས་སུ། དགེ་སློང་དག་དེ་ལ་དེའི་ཚེ་དེའི་དུས་ན། བྲམ་ཟེའི་བུ་མོ་ཞིབ་མོ་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་ཉིད་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་སྐབས་སུ་ནི། འདི་ཇི་སྙམ་དུ་སེམས་ཞེས་བྱ་བ་དེ་འབྲེལ་པ་མེད་པའི་ཕྱིར་མི་གཟུང་ངོ༌། །མཆོད་པ་ཞེས་བྱ་བ་ནི་མཆོད་པའི་བྱེ་བྲག་སྟེ་བཟའ་བ་དང༌། བཏུང་བ་ལ་སོགས་པའི་མཆོད་པའོ། །དེ་ལྟར་ན་ཞེས་བྱ་བ་ནི་དེ་ལྟར་ནའོ། ལས་གཅིག་ཏུ་གནག་པ་རྣམས་ཀྱི་ཞེས་བྱ་བ་ནི་ལས་རམ་པ་ཐམས་ཅད་དུ་མི་དགེ་བ་རྣམས་ཀྱིའོ། །རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ཞེས་བྱ་བ་ནི་འབྲས་བུ་མི་འདོད་པ་ཡིན་ནོ། །ལས་གཅིག་ཏུ་དཀར་བ་རྣམས་ཀྱི་ཞེས་བྱ་བ་ནི་ལས་རྣམ་པ་ཐམས་ཅད་དུ་དགེ་བ་རྣམས་ཀྱིའོ། །རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན་ཞེས་བྱ་བ་ནི་འབྲས་བུ་འདོད་པ་ཡིན་པའོ། །དགེ་སློང་དག་དེ་ལྟ་བས་ན་ཞེས་བྱ་བ་ནི་མཇུག་བསྡུ་བའི་རྒྱུའི་ཚིག་ཡིན་ནོ། །ན་ཞེས་བ་བའི་སྒྲ་ནི་ཡང་ཞེས་བྱ་བའི་དོན་ཏོ། །བརྩལ་བར་བྱ་སྟེ་ཞེས་བྱ་བ་ནི་བསམ་པར་བ་སྟེའོ། །ཁྱད་ཀྱིས་ཞེས་བྱ་བ་ནི་ཁྱེད་ཅག་གིས་སོ། །བསླབ་པར་བའོ་ཞེས་བྱ་བ་ནི་བརྩོན་པར་བྱ་རྗེས་སུ་བསྒྲུབ་པར་ཞེས་བྱ་བའི་ཐ་ཚིག་གོ །ཆོས་དང་ཆོས་མ་ཡིན་པས་ཞེས་བྱ་བ་ལ། ཆོས་ཞེས་བྱ་བ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པའོ། །ཆོས་མ་ཡིན་པ་ཞེས་བྱ་བ་ནི་སྲོག་གཅོད་པ་སྟེ། འདྲེན་མས་ཞེས་བྱ་བའི་ཐ་ཚིག་གོ །སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ཞེས་བྱ་བ་ལ། སེམས་ཅན་དམྱལ་བ་ཞེས་བྱ་བ་ནི་དགའ་བར་འགྱུར་བའི་དངོས་པོ་མེད་པའི་ཕྱིར་དང༌། གཅིག་ཏུ་སྡུག་བསྔལ་བའི་ཕྱིར་རོ། །དེར་འགྲོ་བར་འགྱུར་བ་ནི་དེར་ལྷུང་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །ལེགས་པར་གསུངས་པའི་ཆོས་འདུལ་བ་ཞེས་བྱ་བ་ལ། དྲང་སྲོང་རྣམས་ཀྱི་ཆོས་ནི་ལམ་གྱི་མཚན་ཉིད་གང་
ཡིན་པའོ། །འདུལ་བ་ཞེས་བྱ་བ་ནི་ཀུན་དུ་སྤྱོད་པའི་ཚལ་ལོ། །སྤྱོས་ཏེ་ཞེས་བྱ་བ་ནི་བསྡིགས་རེའོ། །སློང་པོར་ཞེས་བྱ་བ་ནི་གྱོད་དམ་མ་མ་ཁམ་ཕོར་རོ། །རྒྱུ་བ་ཞེས་བྱ་བ་ནི་འཕྱན་པའོ། །བཞིན་བཟངས་ཞེས་བྱ་བ་ནི་སྙན་པའི་ཚིག་གིས་བོད་པའོ། །ཆོས་གོས་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་ཚུལ་དང་མཐུན་པའི་ཆོས་གོས་སོ། །བསྟི་གནས་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་འདག་གནས་སོ། །མངོན་པར་ཤེས་པ་ལྔ་ཞེས་བྱ་བ་ནི་རྫ་འཕྲུལ་གྱི་ཡུལ་དང༌། ལྷའི་རྣ་བ་དང༌། སེམས་ཀྱི་རྣམ་གྲངས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་དང། སྐྱེ་བ་ཤེས་པའོ། །དུལ་བ་དང་བཅས་པས་ཞེས་བྱ་བ་ནི་འདུན་པ་དང་བཅས་པས་སོ། །དགེ་བའི་རྩ་བ་ཞེས་བྱ་བ་ནི་ཆགས་པ་མེད་པ་ལ་སོགས་པའོ། །སྨོན་ལམ་གྱི་དབང་གིས་ཤེས་བྱ་བ་ནི་སྨོན་ལམ་གྱི་རྒྱུས་སོ། །བསྐལ་པ་བཟང་པོ་ཞེས་བྱ་བ་ནི་དུས་ཀྱི་ཕྱེ་བྲག་སྟེ། དེ་བཞིན་གཤེགས་པ་ལྔ་བརྒྱ་འབྱུང་བའི་ཕྱིར་བཟང་བ་ཡིན་ནོ། །སྟོན་པ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་སྟོན་པའི་ཕྱིར་རམ། གཏན་དུ་སྟོན་པའི་ཕྱིར་རོ།། ཁ་ཅིག་ན་རེ་གཞན་གྱི་དོན་ལ་ཤེས་པས་བརྩོན་པའི་མཚན་ཉིད་ཀྱི་སྟོན་པ་ཡོད་པའི་ཕྱིར་རྒྱུ་ལ་འབྲས་བུ་བཏགས་པ་སྟེ། གཞན་གྱི་དོན་ཤེས་བརྩོན་པ་སྟེ། །དེའི་ཕྱིར་ཐུགས་བརྩེ་སྟོན་པ་ཡིན། །ཞེས་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། སྟོན་པ་ཇི་ལྟ་བུ་ཞིག་ཅེ་ན་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ནི་མི་སློབ་པའི་རིག་པ་གསུམ་དང༌། མི་སློབ་པའི་ལུས་ཀྱི་སྡོམ་པ་དང༌། ངག་གི་སྡོམ་པ་དང༌། ཡང་དག་པའི་འཚོ་བའི་སྤྱོད་པ་དག་དང་ལྡན་པའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་ཀུན་དུ་གཟིགས་པ་ལ་སོགས་པའི་སྤྱོད་པ་མཛེས་པས་གཤེགས་པ་དང་ལྡན་པའོ། །ཁ་ཅིག་ན་རེ་བཀྲ་ཤིས་པ་དང༌། ཡང་མི་ལྡོག་པ་དང༌། མ་ལུས་པར་ཤེས་པའི་ཕྱིར་རམ། དེ་ཁོ་ན་ཉིད་དང༌། བརྟན་པ་ཉིད་དང༌། ལྷག་མ་མེད་པའི་བྱེ་བྲག་མཁྱེན་པའི་ཕྱིར་རོ་ཞེས་ཀྱང་ཟེར་རོ། འཇིག་རྟེན་མཁྱེན་པ་ཞེས་བྱ་བ་ནི། སེམས་ཅན་འཁོར་བ་ཐུགས་སུ་ཆུད་པའི་ཕྱིར་རོ། །ཁ་ཅིག་ན་རེ་འཇིག་རྟེན་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པའོ། །དེ་དག་
མཁྱེན་པ་ནི་མི་རྟག་པ་ལ་སོགས་པ་ནི་ཇི་ལྟ་བ་བཞིན་དུ་མཁྱེན་པ་སྟེ། ཐུགས་སུ་ཆུད་ཅེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་རོ། །སྐྱེས་བུ་འདུལ་པའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱ་བ་ནི་འཇམ་པ་དང༌། རྩུབ་བ་པ་དང༌། གཉི་གའི་རང་བཞིན་གྱི་འདུལ་བ་རྣམ་པ་གསུམ་གྱིས་འདུལ་བ་སྐྱེས་བུ་ལྟ་བུ་དག་ཕྱིན་ཅི་མ་ལོག་པར་འདུལ་བ་མཛད་པའི་ཕྱིར་རོ། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་བདེན་པ་སྟོན་པར་མཛད་པའི་ཕྱིར་རོ། །ཉི་ཚེ་བའི་སྟོན་པ་ནི་མ་ཡིན་ཏེ། འདི་ལྟར་མི་དང༌། ལྷ་དང་བཅས་པའི་སྟོན་པ་ཡིན་ཏེ། ཇི་སྐད་དུ་དགེ་སློང་དག་ངའི་ཆོས་འདུལ་བ་ལེགས་པར་གསུངས་པ་གསལ་བ་རམ་པར་ཕྱེ་བ་རྒྱུར་བ་བཅད་པ་ནི་ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་ཏོ་ཞེས་གསུངས་པ་ཡིན་ནོ། །འོད་སྲུངས་ཞེས་བྱ་བ་ནི་འོད་སྲུངས་ཀྱི་རིགས་ལས་འཁྲུངས་པའི་ཕྱིར་རོ་ཞེས་སྒྲ་གྲགས་སོ་ཞེས་བྱ་བ་ནི་སྒྲ་གྲགས་པའོ། །འཇིག་རྟེན་དུ་བྱུང་སྟེ་ཞེས་བྱ་བ་ནི་ཁམས་གསུམ་པའི་འགྲོ་བ་ཐམས་ཅད་དུ་བྱུང་བའོ། །བསྟན་པ་ལ་ཞེས་བྱ་བ་ནི་ཕན་པ་དང་གནོད་པ་ཉེ་བར་བསྟན་པ་དང་ལྡན་པ་བསྟན་པའི་ཆོས་ལའོ། །ཡོན་གནས་ཞེས་བྱ་བ་ནི་ཡོད་དུལ་བར་འོས་པའོ། །བླ་ན་མེད་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་གོ །བྲལ་ཟེའི་ཁྱེའུ་བླ་མ་ལ་ཞེས་བྱ་བ་ལ་སོགས་པ་ལ་བྲམ་ཟེའི་ཁྱེའུ་བླ་མ་རབ་ཏུ་བྱུང་བའི་གཏམ་ནི་གཟུང་འདི་ཉིད་ལས་འོག་ནས་འབྱུང་བའོ། །ཤཱཀྱ་ཐུབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔར་གྱུར་པ་ན་གྲོང་ཁྱེར་དུ་གཤེགས་པའི་ཚེ། ཤ་ཀྱ་གཏུམ་པོ་རྣམས་ཐུབ་པ་དག་བཞིན་དུ་འཁོད་པའི་ཕྱིར་རམ། ཉོན་མོངས་པ་ཅན་གྱི་ཚིག་མི་གསུང་བའི་ཕྱིར་རོ། །ཤ་ཀྱའི་སེང་གེ་ཞེས་བྱ་བ་ལ། ཤ་ཀྱ་ཞེས་བྱ་བ་ནི་མང་པོས་བཀུར་བའི་རྒུད་ཡིན་པའི་ཕྱིར་རོ། །སེང་གེ་ཞེས་བྱ་བ་ནི་མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བའི་ཕྱིར་རོ། །སེང་གེ་བཞིན་དུ་བསྙེངས་པ་མི་མངའ་བ་སྟེ། མུ་སྟེགས་ཅན་གྱི་རི་དགས་ཀྱི་ཚོགས་མ་ལུས་པ་སྐྲག་པར་མཛད་པའི་ཕྱིར་རོ། །ཤ་ཀྱའི་རྒྱལ་པོ་གཙོ་བོ་ཞེས་བྱ་བ་ནི་ཤ་ཀྱའི་རྒྱལ་པོ་གང་དག་ཡིན་པ་དེ་དག་གི་གཙོ་བོ་སྟེ། ཆོས་ཀྱི་རྗེ་ཡིན་པའི་ཕྱིར་རོ། །རྫུ་འཕྲུལ་ཆེ་བ་ཞེས་བྱ་བ་ནི་ཉན་ཐོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་རྫུ་འཕྲུལ་དང་ལྡན་པའི་
ཕྱིར་རོ། །མཐུ་ཆེ་བ་ཞེས་བྱ་བ་ནི་བསོད་ནམས་དང་ལྡན་པའོ། །བྱམས་པའི་བདག་ཉིད་ཅན་ཞེས་བྱ་བ་ནི་བྱམས་པ་ཐོབ་པའོ། །སྙིང་རྗེ་དང་ལྡན་པ་ཞེས་བྱ་བ་ནི་སྙིང་རྗེ་ཐོག་པའོ། །སེམས་ཅན་ལ་བྱམས་པ་ཞེས་བྱ་བ་ནི་བྱམས་པའི་བསམ་པ་དང་ལྡན་པའོ། །ཉོན་མོངས་པ་ཞེས་བྱ་བ་ནི་ཡོན་ཏན་དང༌། ནོར་ཉམས་པ་སྟེ། དབུལ་པོ་ཞེས་བྱ་བའི་ཐ་ཚིག་གོ །ཚེགས་ཆེན་པོས་ཞེས་བྱ་བ་ནི་སྡུག་བསྔལ་བས་སོ། །འཚོ་བ་ཞེས་བྱ་བ་ནི་འཚོ་བའི་ཐབས་སོ། །འདི་ལྟར་ཞེས་བྱ་བ་ནི་རྣམ་པ་འདི་ལྟར་རོ། །རབ་ཏུ་འབྱུང་བར་འདོད་པ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བ་དོན་དུ་གཉེར་བའོ། །རྒྱུན་ཆད་ཅིང་དུས་ལ་བབ་ཅེས་བྱ་བ་ནི་རིས་མཐུན་པ་སྤངས་པས་ཤི་བ་ཡིན་གྱི་སྐད་ཅིག་གིས་ཞིག་པའི་ཕྱིར་ནི་མ་ཡིན་ནོ། །ཀྱེ་མ་ཞེས་བྱ་བ་ནི་ཐུགས་བརྩེ་བའོ། །དགེ་འདུན་ཐམས་ཅད་ཅེས་བྱ་བའི་ཚིག་ནི་དཀྱིལ་འཁོར་ས་ཕྱོགས་གཅིག་གི་དགེ་འདུན་འདུས་པ་དགག་པའི་དོན་ཏོ། །འདི་སྐད་བསྟན་ཏེ་མཚམས་དེ་ན་དགེ་སློང་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ལས་ཀྱིས་གནས་དེར་ལྷགས་པ་ཡིན་པས་དེའི་ཕྱིར་དགེ་འདུན་ཐམས་ཅད་ཅེས་བྱ་བའོ། །འདུས་པ་ན་ཞེས་བྱ་བ་ནི་ཚོགས་པ་ནའོ། །ཆ་ལུགས་འདི་བཞིན་བྱས་ཞེས་བྱ་བ་ནི་རབ་ཏུ་འབྱུང་བ་དང༌། རྫོགས་པར་བསྙེན་པར་འདོད་པ་དེས། ཆོས་འདི་པའི་རབ་ཏུ་འབྱུང་བ་དང༌། རྫོགས་པར་བསྙེན་པའི་ཆ་ལུགས་ཅི་འདྲ་བ་དེ་བཞིན་བྱས་པ་སྟེ། གང་གི་སྐྲ་དང༌། ཁ་སྤུ་དག་བྲེགས་ཤིང་ཆོས་གོས་གསུམ་བ་གོས་པར་གྱུར་པ་དེའི་ཚེ་ན། ཆ་ལུགས་འདི་བཞིན་བྱས་ཞེས་བྱ་བའོ། །རྒན་རིམས་ལ་ཞེས་བྱ་བ་ནི་དགེ་འདུན་ལ་རབས་གཉིས་ཏེ། གཞོན་རིམས་དང༌། རྒན་རིམས་ཡོད་པས། དགེ་སློང་རྒན་པ་རྣམས་ཀྱི་རབས་ནི་རྒན་རིམས་ཏེ། དེར་ཕྱག་འཚལ་དུ་བཅུག་སྟེ་ཞེས་བྱ་བའི་ཐ་ཚིག་གོ །ཐལ་མོ་སྦྱར་ནས་ཞེས་བྱ་བ་ནི་དེ་ཐལ་མོ་སྦྱོར་བའི་ཚུལ་དང་ལྡན་པར་བྱས་ནས་སོ། །ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ་ཞེས་བྱ་བ་ནི་ཙོག་པུས་འདུག་ཏུ་བཅུག་པ་སྟེ། སྟན་ལ་མི་གཞག་པར་པུས་མོ་གཉིས་གྱེན་དུ་ཙོག་ཙོག་པོར་བྱུང་བས་འདུག་ཏུ་བཅུག་སྟེའོ། །ལན་གསུམ་གསོལ་བ་འདེབས་སུ་བཅུག་ནས་ཞེས་
བྱ་བ་ནི་གསོལ་བ་གདབ་པའི་ཚིག་འོག་ནས་འབྱུང་བ་འདི་ལན་གསུམ་ཟློས་སུ་བཅུག་ནས་ཏེ། རང་གི་དོན་དུ་སྔགས་བརྗོད་པ་ཐམས་ཅད་ནི་ལན་གསུམ་དུ་བཟླས་སོ་ཞེས་གསུངས་པའི་ཕྱིར་རོ། །གསོལ་བ་བྱས་ཏེ་ལས་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་འབྱུང་བ་དང༌། རྫོགས་པར་བསྙེན་པ་ཉེ་བར་བསྒྲུབ་པར་བྱ་བའོ། །ལས་གང་ལ་ལས་བརྗོད་པ་གསུམ་དང༌། གསོལ་བ་དང་བཞི་བྱེད་པ་དེ་ནི། གསོལ་བ་དང་བཞིའི་ལས་ཡིན་ནོ། །འདི་སྐད་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་ལན་གསུམ་གསོལ་བ་འདེབས་སུ་གཞུག་པའི་ཚིག་ཡིན་ནོ། །དགེ་འདུན་ཞེས་བྱ་བ་ནི་སྤྱི་ལ་ཕོད་པའོ། །བཙུན་པ་རྣམས་ཞེས་བྱ་བ་ནི་སོ་སོ་ནས་སེམས་གཏོད་དུ་གཞུག་པའི་ཕྱིར་བོད་པའོ། །གསན་དུ་གསོལ་བ་ཞེས་བྱ་བ་ནི་རྣ་བ་གཏོད་ཅིག་ཅེས་བྱ་བའོ། །བདག་མིང་འདི་ཞེས་བགྱི་བ་ཞེས་བྱ་བ་ནི་བདག་ཉིད་ཉེ་བར་སྟོན་པར་བྱེད་པའོ། །ཐུགས་བརྩེ་བ་ཞེས་བྱ་བ་ནི་གང་གི་ཕྱིར་དགེ་འདུན་ནི་སྡུག་བསྔལ་གྱི་འདམ་དུ་བྱིང་བ་རྣམས་ཡོངས་སུ་སྐྱོབ་པར་མཛད་པ་དེའི་ཕྱིར་ཐུགས་བརྩེ་བ་ཅན་ཡིན་ནོ། །ཐུགས་བརྩེ་བའི་སླད་དུ་ཞེས་བྱ་བ་ནི་ཐུགས་བརྩེ་བ་སྔོན་དུ་བཏང་ནས་ཏེ། ལན་དུ་ཕན་འདོགས་པའི་བློས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །བདག་ཅེས་བྱ་བ་ནི་སྡོམ་པ་འདོད་པ་ཉིད་དུ་བསྟན་ཏོ། །རབ་ཏུ་འབྱུང་དུ་གསོལ། རྫོགས་པར་བསྙེན་པར་མཛད་དུ་གསོལ་ཞེས་བྱ་བས་ནི་དགེ་འདུན་ལ་བསྐུལ་བ་བསྟན་ཏོ། །གསོལ་བ་བྱས་ཏེ་ཞེས་བྱ་བ་ནི་དགེ་འདུན་ལ་གོ་བར་བྱས་སྟེའོ། །ལས་བྱའོ་ཞེས་བྱ་བ་ནི་གསོལ་བ་དང༌། བཞིའི་ལས་བྱ་བའོ། །དུས་ལ་བབ་ཅིང་ཞེས་བྱ་བ་ནི་རིགས་པའི་ཚུལ་ཡིན་ཞིང་ངོ༌། །བཟོད་ན་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་དང༌། རྫོགས་པར་བསྙེན་པར་བྱ་བའི་རིགས་པའི་ཚུལ་ཡིན་པར་གནང་ན་སྟེ། འདོད་ན་ཞེས་བྱ་བའི་ཐ་ཚིག་གོ །དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་ཞེས་བྱ་བ་ནི་རིགས་པར་གནང་ན་དེའི་ཕྱིར་དགེ་འདུན་གྱིས་གནང་བར་མཛོད་ཅིག་ཅེས་བྱ་བ་སྟེ། འདིས་ནི་ལམ་བྱེད་པ་གོ་བར་བསྟན་ཏོ། །བཟོད་པ་དེ་དག་ནི་ཞེས་བྱ་བ་ནི་འདོད་པ་དེ་དག་ནིའོ། །ཅང་མ་གསུང་ཤིག་ཅེས་བྱ་བ་ནི་ཅང་མི་སྨྲ་བས་དང་དུ་ལོང་ཤིག་ཅེས་བྱ་བའོ། །གང་དག་མི་བཟོད་པ་དེ་དག་ནི་
གསུངས་ཤིག་ཅེས་བྱ་བ་ནི་གང་དག་མི་འདོད་པ་དེ་དག་གིས་ནི་མི་རུང་ངོ་ཞེས་གྱིས་ཤིག་ཅེས་བྱ་བའོ། །ལས་བརྗོད་པ་ཞེས་བྱ་བ་ནི་ལས་ཀྱི་སྐབས་ཀྱི་དོན་བརྗོད་པ་སྟེ། བཟླས་པ་ཞེས་བྱ་བའི་ཐ་ཚིག་གོ །དགེ་འདུན་གྱིས་བཟོད་ཅིང་གནང་ནས་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའི་ཐ་ཚིག་ཡིན་ནོ། །དེ་ནི་སྔོན་གྱི་ཆོ་གའོ་ཞེས་བྱ་བ་ནི་ད་ལྟར་གྱི་ཆོ་ག་བས་སྔར་ཆོ་ག་རིགས་པ་རྣམ་པ་དེ་ལྟ་བུ་བྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་ལ་ལ་དག་འདི་སྐད་ཅེས། གལ་ཏེ་སྔོན་གྱི་ཆོ་གས་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་འགྱུར་བའི་རྒྱུའི་དངོས་པོ་བསྒྲུབ་པར་འགྱུར་ན་ནི་ད་ལྟར་གྱི་ཆོ་གས་ཅི་བྱ། གལ་ཏེ་ད་ལྟར་གྱི་ཆོ་ག་ཁོ་ནས་རྒྱུའི་དངོས་པོ་སྒྲུབ་པར་འགྱུར་ན་ཡང༌། སྔོན་གྱི་ཆོ་གས་ཅི་བྱ་སྟེ། གཅིག་ཁོ་ནས་བྱ་བའི་ཕྱིར་རོ་ཞེ་ན། དེ་ལ་ཉེས་པ་མེད་དོ། །གཉི་ག་ཡང་རྒྱུའི་དངོས་པོ་སྒྲུབ་པར་འགྱུར་བ་ཡིན་མོད་ཀྱི། འོན་ཀྱང་གདུལ་བའི་སེམས་ཅན་གྱི་བྱེ་བྲག་ལས་ཆོ་ག་གཉིས་རྣམ་པར་བཞག་སྟེ། འདི་ལྟར་དང་པོ་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ཀྱི་ཚེ་ན་ནི་སེམས་ཅན་རྣམ་པར་དག་པ་ཤ་སྟག་བྱུང་བས་གདུལ་བའི་རིམ་པ་ལ་མི་ལྟོས་ཤིང་མཁན་པོ་དང༌། སློབ་དཔོན་ལ་སོགས་པ་ལ་མ་ལྟོས་པར་ཚེགས་ཆུང་དུ་ཁོ་ནས། བཅོམ་ལྡན་འདས་ཀྱི་བཀའ་རྫོགས་པར་བྱེད་པ་དང༌། དེ་དག་བསོད་ནམས་བྱས་པ་ཡིན་པས་ནད་མེད་པ་དང༌། ཅི་སྟེ་དེ་དག་ལས་ནད་ཅིག་འབྱུང་དུ་ཟིན་ན་ཡང་དེ་དག་གིས་ནད་གཡོག་ལ་སོགས་པ་རྙེད་པར་འགྱུར་རོ། །དེ་ལྟར་ནི་དེ་ལྟ་བུའི་རྒྱུད་རྣམ་པར་དག་པ་དག་མེད་པས་དེས་ན་ད་ལྟར་གྱི་ཆོ་ག་རྣམ་པར་གཞག་གོ །མཁན་པོ་དང་སློབ་དཔོན་མེད་པས་ཞེས་བྱ་བ་ནི་དགེ་འདུན་གྱིས་རབ་ཏུ་བྱུང་ཞིང་རྫོགས་པར་བསྙེན་པའི་ཕྱིར་དེ་དག་ལ་མཁན་པོ་དང་སློབ་དཔོན་མེད་པས་སོ། །ལེགས་པར་མ་སྦྱངས་པ་ཞེས་བྱ་བ་ནི་ཤམ་ཐབས་ལེགས་པར་མ་སྦྱངས་པའོ། །ལེགས་པར་མ་བགོས་ལ་ཞེས་བྱ་བ་ནི་སྟོད་ཀྱི་ཆོས་གོས་ལེགས་པར་མ་བགོས་སོ། །སྒྲ་མཐོན་པོ་ཞེས་བྱ་བ་ནི་སྒྲ་གཅིག་གི་རྒྱུན་འབྱིན་པའི་ཕྱིར་རོ། །སྒྲ་ཆེན་པོ་ཞེས་བྱ་བ་ནི་སྒྲ་མང་པོ་དག་འབྱིན་པའི་ཕྱིར་རོ། །ཡང་སྒྲ་མཐོན་པོ་ཞེས་བྱ་བ་ནི་སྒྲའི་གསང་
མཐོན་པོས་སོ། །སྒྲ་ཆེན་པོ་ཞེས་བྱ་བ་ནི་ཀུ་ཅོའི་སྒྲས་སོ། །རྒོད་བག་གི་སྤྱོད་ལམ་གྱིས་ཞེས་བྱ་བ་ནི་ཉེ་བར་མ་ཞི་བར་འགྲོ་བ་དང་ལྡོག་པ་ལ་སོགས་པའི་བྱ་བས་སོ། །ཁྱིམ་བདག་གི་ཁྱིམ་དག་ཏུ་ཞེས་བྱ་བ་ནི་ཁྱིམ་བདག་གི་མཆོད་སྟོན་ནམ་ཁྱིམ་བདག་གི་རྗེ་དཔོན་དག་གི་གན་དུའོ། །བསྟན་པ་དང་འགལ་བ་ཞེས་བྱ་བ་ནི་བསྟན་པ་དང་མི་མཐུན་པའོ། །གཞན་དག་ཅེས་བྱ་བ་ནི་གཤེ་བ་དང་རྡེག་པ་ལ་སོགས་པའོ། །ཤཱཀྱའི་བུའི་དགེ་སྦྱོང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སློབ་མ་ཉིད་དུ་ཁས་བླངས་པ་སྟེ། ཆོས་ཀྱི་སྲས་ཉིད་དུ་ཉེ་བར་བཏགས་པའི་ཕྱིར་རོ། །མགོ་རེག་ཅེས་བྱ་བ་ནི་གཙུག་ཕུད་བྲེགས་པས་ཉེ་དུ་རྣམས་ཀྱིས་ཉེ་དུའི་གྲལ་ནས་ཕྱུང་བའི་ཕྱིར་ཏེ། འཇིག་རྟེན་ནས་སྨད་པ་ཞེས་བྱ་བའི་ཐ་ཚིག་གོ །བསོད་སྙོམས་ཞེས་བྱ་བ་ནི་ཟས་སོ། །སྦྱིན་པ་ཞེས་བྱ་བ་ནི་གཡོས་བྱས་པའི་ངོ་བོ་ཉིད་ཡོངས་སུ་གཏང་བའོ། །བྱ་བ་ཞེས་བྱ་བ་ནི་དེའི་ཕྱིར་གཡོས་གཞན་བྱ་བའོ། །སྨོད་པར་བྱེད་ཅེས་བྱ་བ་ནི་མིང་ནས་འབྱིན་ཅིང་ཉེས་པ་སྒྲོགས་པའོ། །ཕྱར་ཀ་གཏོང་བར་བྱེད་ཅེས་བྱ་བ་ནི་གཞོགས་ཀྱིས་སྙད་འདོགས་པས་སོ། །ཁ་ཟེར་བར་བྱེད་ཅེས་བྱ་བ་ནི་སྤྱོ་བར་བྱེད་པའོ། །གཅིག་གིས་གཅིག་བསྡུ་བའི་ཕྱིར་ཞེས་བྱ་བ་ནི་ཕ་དང་བུའི་ཐ་སྙད་ཀྱིས་གཅིག་གིས་གཅིག་ལ་བྱམས་པ་བསྐྱེད་པའི་ཕྱིར་རོ། །དགེ་ཚུལ་གྱི་སློབ་དཔོན་ཞེས་བྱ་བ་ནི་དགེ་ཚུལ་གྱི་སྡོམ་པ་བྱིན་པའི་ཕྱིར་རོ། །སྐྱབས་སུ་འགྲོ་བ་ཞེས་བྱ་བ་ལ། སྐྱབས་ཞེས་བྱ་བ་ནི་འདིར་ཐར་པ་དང༌། ལམ་ཐོབ་པར་བྱ་བའི་རྟེན་དུ་གྱུར་པ་དཀོན་མཆོག་གསུམ་ཞེས་བྱ་བའི་དངོས་པོའོ། །སྐྱབས་སུ་འགྲོ་བ་ཞེས་བྱ་བ་ནི་སྐྱབས་དེ་ལ་སྐྱབས་སུ་འགྲོ་བ་སྟེ། སྐྱབས་སུ་འཇུག་པའོ། །བསླབ་པའི་གཞི་དག་ཅེས་བྱ་བ་ལ། བསླབ་པ་ཞེས་བྱ་བ་ནི་བསླབ་པར་བྱ་བས་བསླབ་པ་སྟེ། ཉོན་མོངས་པ་སྦོང་པའོ། །གཞི་དག་ཅེས་བྱ་བ་ནི་གནས་དང་རྟེན་ཅེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་དེ་ལ་རྣམ་པར་གནས་ན་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་ཏེ། ཇི་སྐད་དུ། མཁས་པ་ཚུལ་ལ་གནས་བྱས་ཏེ། །སེམས་དང་ཤེས་རབ་སྒོམ་བྱེད་པ། །བརྟུན་ལྡན་རྟག་ཏུ་འཁྲུད་བྱེད་པའི། །དགེ་སློང་སྡུག་བསྔལ་ཟད་པ་འཐོབ། །ཅེས་
ཚིགས་སུ་བཅད་པ་གསུངས་པའི་ཕྱིར་རོ། །ཡང་ན་བསླ་པར་བྱ་བའི་གཞི་ནི་བསླབ་པའི་གཞི་སྟེ། སྲོག་གཅོད་པ་སྤོང་བ་ལ་སོགས་པའོ། །གསང་སྟེ་སྟོན་པ་ཞེས་བྱ་བ་ནི་དབེན་པ་སྟོང་པའི་ཕྱོགས་སུ་བར་ཆད་ཀྱི་ཆོས་དྲི་བའི་ཕྱིར་རོ། །གསང་སྟེ་བསྟན་པ་ཞེས་བྱ་བ་ནི། དབེན་པར་བཀར་ཏེ་བར་ཆད་ཀྱི་ཆོས་དྲིས་པའོ། །ལས་བྱེད་པ་ཞེས་བྱ་བ་ནི་རྫོགས་པར་བསྙེན་པའི་ཚེ་གསོལ་བ་དང་བཞིའི་ལས་བྱས་པའོ། །གསོལ་བ་དང་བཞིའི་ལས་བྱ་བ་ནི་བྱ་བ་གང་ལ་ལས་བརྗོད་པ་གསུམ་དང༌། གསོལ་བ་དང་བཞི་བྱེད་པའོ། །གནས་སྦྱིན་པའི་སློབ་དཔོན་ཞེས་བྱ་བ་ནི་གནས་སྦྱིན་པར་བྱེད་པ་སྟེ། དེ་ལ་གནས་པས་དགེ་བའི་ཚོགས་འཕེལ་བའི་ཕྱིར་རོ། །ཞག་གཅིག་ཙམ་ཡང་གནས་པས་འདུག་པ་ཞེས་བྱ་བ་ནི་མཚམས་གཅིག་གི་ནང་དུ་གནས་གཅིག་པ་ཉིད་ཀྱི་ཕྱིར། ཞག་གཅིག་ཙམ་ཡང་དེའི་དྲུང་དུ་འདུག་སྟེ། ཡང་ཞེས་བྱ་བའི་སྒྲ་ནི་མཐའ་བསྟན་པ་ཡིན་ནོ། །ཀློག་པའི་སློབ་དཔོན་ཞེས་བྱ་བ་ནི་གཙུག་ལག་གི་ཚིག་ཀློག་ཏུ་འཇུག་པའོ། །ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་ལན་གསུམ་བཟླས་ཏེ། གཟུང་བ་ཞེས་བྱ་བ་ལ། ཚིག་བཞི་ཞེས་བྱ་བ་ནི་གཞུང་གང་ན་ཚིག་བཞི་ཡོད་པ་སྟེ། དཔེར་ན། སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་བྱ་བ་ནི་ཚིག་གཅིག་པ་ཡིན། དགེ་བ་ཕུན་སུམ་ཚོགས་པར་བྱ། །ཞེས་བྱ་བ་ནི་ཚིག་གཉིས་པ་ཡིན། རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་བྱ་བ་ནི་ཚིག་གསུམ་པ་ཡིན། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བ་ནི་ཚིག་བཞི་པ་ཡིན་པ་ལྟ་བུའོ། །ཚིགས་སུ་བཅད་པ་འདི་ནི་དེའི་ཚད་དང་མཉམ་པའི་གཞུང་རྐྱང་པའི་དཔེ་ཡིན་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་ཞེས་བྱ་བ་གསུངས་ཏེ། ཚིག་བཞི་པའི་ཚིགས་སུ་བཅད་པ་ཡང་རུང༌། དེ་དང་ཚད་མཉམ་པ་ཙམ་གྱིས་གཞུང་རྐྱང་པ་ཡང་རུང་ངོ་ཞེས་བྱ་བའི་ཐ་ཚིག་སྟེ། འདིར་དེ་གཉི་ག་ཡང་གཙུག་ལག་གི་གཞུང་ཡིན་པར་ཤེས་པར་བྱའོ། །ལན་གསུམ་བཟླས་ཏེ་ཞེས་བྱ་བ་ནི་ལན་གཅིག་དང༌། ལན་གཉིས་ཀྱིས་ནི་བཟླས་པའི་མཐར་ཕྱིན་ཀྱང༌། རྫོགས་པ་མ་ཡིན་
པས་སློབ་དཔོན་དུ་མི་འགྱུར་གྱི། ལན་གསུམ་བཟླས་ན། དེ་ནི་ཀློག་པ་མཐར་ཐུག་པ་ཡིན་པས་དེས་ན་སློབ་དཔོན་དུ་གྱུར་པ་ཡིན་ནོ། །དེ་ལྟར་ཡང་བཅོམ་བརླག་ཏུ་ཡང་དག་པར་སྡུད་པ་ལས་ཀྱང་ཀློག་པའི་སློབ་དཔོན་གང་ཞེ་ན། གང་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་ལན་གསུམ་བཟླས་ཏེ། བཟུང་བ་ཡིན་ནོ་ཞེས་འབྱུང་ལ། ད་ལྟར་གྱི་གཙུག་ལག་ལས་ཀྱང་དེ་སྐད་འབྱུང་བས་སྔོན་གྱི་འདུལ་བ་འཛིན་པ་དག་གི་ལུགས་མཐུན་ཏེ། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་དང༌། དེ་ཙམ་གྱི་གཞུང་རྐྱང་པ་ཡན་ཆད་ནས། གཞུང་མང་པོ་མཐའ་ཡས་པའི་བར་དག་ལན་གསུམ་བཟླས་ན་དེ་ནི་ཀློག་པའི་མཐར་ཐུག་པ་ཡིན་པས། དེས་ན་སློབ་དཔོན་དུ་གྱུར་པ་ཡིན་གྱི་ལན་གཉིས་བཟླས་པས་མི་འགྱུར་རོ། །གཟུང་བ་ཞེས་བྱ་བ་ནི་ཀློག་པའི་སློབ་དཔོན་གྱིས་སྨྲས་པ་ཟློས་པར་བྱེད་པས་རྗེས་སུ་བཟླས་པ་ཡིན་ནོ། །ཀློག་པའི་བསམ་པ་མེད་པས་བརྗོད་པ་ནི་ཀློག་པ་ཉིད་མ་ཡིན་པས་སློབ་དཔོན་དུ་མི་འགྱུར་རོ། །རབ་ཏུ་འབྱིན་པར་བྱེད་པ་གང་ཡིན་པ་དང༌། རྫོགས་པར་བསྙེན་པར་བྱེད་པ་གང་ཡིན་པ་ཞེས་བྱ་བ་ནི་གང་ཟག་གཅིག་གིས་དེ་གཉིས་ཀ་བྱས་ན་ཡང་དེ་མཁན་པོ་ཡིན་ལ། གང་ཟག་གཉིས་ཀྱིས་བྱས་ན་ཡང་དེ་གཉིས་ཀ་མཁན་པོ་ཡིན་ནོ།། །།བམ་པོ་དྲུག་པ། དེས་ཞེས་བྱ་བ་ནི་དང་པོའི་མཁན་པོར་མ་གྱུར་པ་དེས་སོ། །དེ་ལ་བར་ཆད་ཀྱི་ཆོས་རྣམས་དྲིས་ནས་ཞེས་བྱ་བ་ལ། འདིར་བར་ཆད་ཀྱི་ཆོས་རྣམས་ཞེས་བྱ་བ་ནི་མ་བསད་པ་ལ་སོགས་པ་ཡིན་པར་འདོད་དེ། རབ་ཏུ་འབྱུང་བ་ལ་བར་དུ་གཅོད་པར་བྱེད་པའི་ཕྱིར་རོ། །བར་ཆད་ཀྱི་ཆོས་རྣམས་ནི་རྣམ་པ་གཉིས་ཏེ། ཁ་ཅིག་ནི་སྡོམ་པ་སྐྱེ་བ་ལ་བར་ཆད་བྱེད་པ་སྟེ། འདི་ལྟ་སྟེ། མ་བསད་པ་ལ་སོགས་པའོ། །ཁ་ཅིག་ནི་མཛེས་པ་ཉིད་ལ་བར་དུ་གཅོད་པ་སྟེ། འདི་ལྟ་སྟེ་ལག་རྡུམ་ལ་སོགས་པའོ། །གཞན་ཡང་བར་ཆད་ཀྱི་ཆོས་རྣམས་ནི་རྣམ་པ་གཉིས་ཏེ། ཁ་ཅིག་ནི་ལྟ་བའི་རྣམ་པ་སྟེ། འདི་ལྟ་སྟེ་མུ་སྟེགས་ཅན་མ་ཡིན་ནམ་ཞེས་བསྟན་པ་ལ་སོགས་པའོ། །ཁ་ཅིག་ནི་བྱ་བ་སྟེ། འདི་ལྟ་སྟེ་རྒྱལ་པོས་བཀྲབས་པ་མ་ཡིན་ནམ་ཞེས་བྱ་བ་ལ་
སོགས་པའོ། །དེ་དག་ཀྱང་རབ་ཏུ་བྱུང་བའི་གཞི་འདི་ཉིད་ཀྱིས་བསྡུ་བར་བྱ་བའི་སྐབས་དང༌། དེ་འཕོངས་པ་ཕྲན་ཚེགས་ལ་སོགས་པ་མ་གསུངས་པ་ཐམས་ཅད་གོ་རིམས་བཞིན་དུ་དྲི་བར་བྱའོ། །དྲིས་ནས་གཟུང་བར་བྱའོ་ཞེས་བྱ་བ་ནི་དྲིས་ནས་ཡོངས་སུ་དག་པ་ལ་སྐབས་དབྱེ་བར་བྱ་བ་སྟེ། གལ་ཏེ་དགེ་སློང་འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་ཞིག་འོང་ཞིང༌། རབ་ཏུ་འབྱུང་བར་གསོལ་ན། དེའི་ཚེ་དགེ་སློང་དེས་དེ་ལ་བར་ཆད་ཀྱི་ཆོས་རྣམས་དྲི་བར་བྱ་སྟེ། གལ་ཏེ་བར་ཆད་དེ་དག་མེད་ན་དེའི་འོག་ཏུ་ཡོངས་སུ་དག་པ་དེ་ལ་དང་པོའི་མཁན་པོར་འགྱུར་བ་ཉིད་ཀྱིས་ངས་ཁྱོད་རབ་ཏུ་དབྱུང་ངོ་ཞེས་སྐབས་དབྱེ་ཞིང་ཁས་བླང་བར་བྱ་བའོ། །འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་ཚིག་འདི་སྐད་ཅེས་བརྗོད་དུ་གཞུག་པར་བྱ་བའོ། །བཙུན་པ་ཞེས་བྱ་བ་ནི་བོད་པའོ། །དགོངས་སུ་གསོལ་ཞེས་བྱ་བ་ནི་སེམས་གཏོད་ཅིག་ཅེས་བྱ་བའོ། །བདག་མིང་འདི་ཞེས་བགྱི་བ་ཞེས་བྱ་བས་ནི་བདག་ཉིད་ཉེ་བར་སྟོན་པར་བྱེད་དོ། །དུས་འདི་ནས་བཟུང་སྟེ་ཞེས་བྱ་བ་ནི་དུས་གང་གི་ཚེ་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། སྡོམ་པ་ལེན་པར་རྩོམ་པའི་དུས་འདི་ནས་བརྩམས་ཏེའོ། །ཇི་སྲིད་འཚོའི་བར་དུ་ཞེས་བྱ་བ་ནི་ཇི་སྲིད་རིས་མཐུན་པ་མ་སྤངས་ཀྱི་བར་དུའོ། །རྐང་གཉིས་རྣམས་ཀྱི་མཆོག་ཅེས་བྱ་བ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ཀྱི་ཡོན་ཏན་དག་དང་ལྡན་པའི་ཕྱིར། སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའོ། །སངས་རྒྱས་ལ་ཞེས་བྱ་བ་ནི་མི་སློབ་པ་ལ་སྟེ། སངས་རྒྱས་སུ་བྱེད་པ་ཟད་པ་དང༌། མི་སྐྱེ་བ་ཤེས་པ་ལའོ། །སྐྱབས་སུ་མཆིའོ་ཞེས་བྱ་བ་ནི་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་ཕྱིར་རྟེན་ཉིད་དུ་ཁས་བླང་པའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཅེས་བྱ་བ་ནི་འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བ་རྣམས་པས་ཟག་པ་མེད་པའི་ལམ་འཐོབ་པའི་ཕྱིར་དང༌། ཡོངས་སུ་མི་ཉམས་པའི་ཕྱིར་དང༌། དགེ་བ་དང་རྟག་པའི་ཕྱིར་མཆོག་གོ །ཆོས་ལ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །ཚོགས་རྣམས་ཀྱི་མཆོག་ཅེས་བྱ་བ་ནི་རབ་ཏུ་འབྱུང་བ་དང༌། རབ་ཏུ་མ་
བྱུང་བའི་ཚོགས་རྣམས་པས་མི་ཕྱེད་པའི་ཕྱིར་རོ། །བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཡིན་པའི་ཕྱིར་མཆོག་གོ །དགེ་འདུན་ལ་ཞེས་བྱ་བ་ནི། སློབ་པ་དང་མི་སློབ་པ་ལ་སྟེ། དགེ་འདུན་དུ་བྱེད་པ་ལའོ། །དེ་ལྟར་ན་འདིས་ནི་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བས་སྐྱབས་སུ་འགྲོ་བས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྒྲུབ་པར་བྱེད་དེ། ཇི་ལྟར་ཞེ་ན། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་ལམ་ཉེ་བར་སྟོན་པར་མཛད་པ་ལ་ཡང་དག་པར་རྟེན་པར་བྱེད། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ལ་ཡང་དག་པར་རྟེན་པར་བྱེད། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ཟླ་གྲོགས་ལ་ཡང་དག་པར་རྟེན་པར་བྱེད་པའི་ཕྱིར་ཏེ། དེ་ལྟར་ན་སྐྱབས་སུ་འགྲོ་བས་ནི་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྒྲུབ་པར་བྱེད་ལ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོས་ནི་སྡོམ་པ་འཐོབ་པར་འགྱུར་བར་ཤེས་པར་བྱའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ་ཞེས་བྱ་བ་ནི་དགེ་བསྙེན་ཉིད་དུ་ཁས་བླངས་པ་ཡིན་ནོ། །དེ་ལ་དགེ་བསྙེན་ཞེས་བྱ་བ་ནི། དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱེད་པའི་ཕྱིར་དང༌། དགེ་བའི་ཆོས་ལ་བསྙེན་བཀུར་བྱེད་པའི་ཕྱིར་དང༌། བསླབ་པའི་གཞི་ཇི་སྐད་གསུངས་པ་དག་ཡོངས་སུ་སྲུང་བར་བྱེད་པའི་ཕྱིར་རོ། །བཙུན་པས་གཟུང་དུ་གསོལ་ཞེས་བྱ་བ་ནི་ཐུགས་སུ་ཆུད་པར་མཛོད་ཅིག་ཅེས་བྱ་བའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས་ཞེས་བྱ་བ་ནི་ལྷག་པོར་མ་གཏོགས་པ་རང་གི་དོན་གྱི་སྔགས་བརྗོད་པ་ནི་ལན་གསུམ་མོ་ཞེས་འབྱུང་བས་འདིར་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། དགེ་བསྙེན་ཉིད་དུ་ཁས་བླངས་པས། དགེ་བསྙེན་གྱི་སྡོམ་པ་སྦྱིན་པ་ཡང་ལན་གསུམ་བརྗོད་དགོས་པས། ཇི་ལྟར་བརྗོད་པ་དང་པོ་སྔར་བསྟན་པ་དེ་བཞིན་དུ་བརྗོད་པ་གཉིས་པ་དང༌། བརྗོད་པ་གསུམ་པ་ཡང་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཚིག་
གསུམ་པ་ལ་སློབ་དཔོན་གྱིས་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་བཙུན་པས་གཟུང་དུ་གསོལ་ཞེས་བྱ་བ་དེ་བརྗོད་པ་དང་པོ་དང༌། གཉིས་པ་ལ་ནི་བཙུན་པས་གཟུང་དུ་གསོལ་ཞེས་བརྗོད་པར་བྱའི་བརྗོད་པ་གསུམ་པ་ལ་ནི་བཙུན་པས་ཞེས་མི་བྱ་བར་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བརྗོད་པར་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་དུས་ནི་སློབ་དཔོན་དུ་ཡང་འགྱུར་ལ། སློབ་མས་ཀྱང་སྡོམ་པ་ཐོབ་པའི་ཕྱིར་རོ། །དེ་ཡང་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབ་པ་ལ་སོགས་པའི་དོན་གྲུབ་ན་སློབ་དཔོན་དེ་ཉིད་ལ་སོགས་པར་གྱུར་པ་ཉིད་ཀྱིས་བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་ཡིན་པས། བརྗོད་པ་དང་པོ་དང༌། གཉིས་པ་ལ་ནི་དགེ་བསྙེན་ཉིད་དུ་ཡང་མ་གྲུབ་ལ། སློབ་དཔོན་ཉིད་དུ་ཡང་མ་གྱུར་པས་བཙུན་པས་གཟུང་དུ་གསོལ་ཞེས་བརྗོད་པར་བྱའོ། །བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་ནི་དགེ་བསྙེན་ཉིད་དུ་གྲུབ་ཅིང༌། སློབ་དཔོན་ཉིད་དུ་ཡང་གྱུར་པས་དེའི་ཕྱིར་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བརྗོད་པར་བྱ་བའོ། །འདི་ལྟར་དགེ་བསྙེན་གྱི་སྡོམ་པ་སྦྱིན་པའི་དུས་ན། དོན་གྱི་མཚམས་གཉིས་ཏེ། སྐྱབས་སུ་འགྲོ་བ་དང༌། དགེ་བསྙེན་ཉིད་དུ་ཁས་བླང་བ་ཡིན་མོད་ཀྱི། འོན་ཀྱང་ཆ་གསུམ་དུ་བྱ་བར་ནུས་ཏེ། སྐྱབས་སུ་འགྲོ་བ་ནི་ཆ་གཅིག་གོ །བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་ཉིད་དུ་ཞེས་བྱ་བ་ནི་ཆ་གཉིས་པའོ། །སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བྱ་བ་ནི་ཆ་གསུམ་པའོ། །འོ་ན་བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པའི་དུས་དེ་ཡང་གང་ཡིན་པར་ཤེས་པར་བྱ་ཞེ་ན། བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་ཞེས་བྱ་བའི་འོག་ཏུ་སློབ་དཔོན་གྱིས་ཞེས་བྱ་བའི་སྒྲ་བརྗོད་པའི་གོང་དུ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟ་བས་ན་དེའི་འོག་ཏུ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བརྗོད་པར་བྱའི། བཙུན་པས་གཟུང་དུ་གསོལ་ཞེས་བརྗོད་པར་མི་བྱའོ། །དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པ་ལ་སོགས་པ་ལས་ཐམས་ཅད་ལ་ཡང་ཆོ་ག་འདི་བཞིན་དུ་བལྟ་བར་བྱའོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་གང་ཟག་གིས་རང་གི་དོན་དུ་བརྗོད་ན། གསོལ་བ་བཏབ་པས་མཇུག་ཏུ་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པའི་ཕྱིར་ཏེ། གལ་ཏེ་གང་ཟག་
གིས་རང་གི་དོན་ཙམ་བརྗོད་པའི་ཕྱིར་བརྗོད་ན་གསོལ་བ་བཏབ་པའི་གང་ཟག་གིས་དེ་སྔགས་བརྗོད་དུ་བཅུག་པའི་མཇུག་ཏུ་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཐབས་ལས་བྱུང་བ་ནི་ཐབས་ཡིན་ཏེ། ཁྱོད་ཀྱིས་དེ་ལྟར་བྱས་པ་ནི་དོན་དེ་བསྒྲུབ་པའི་ཐབས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དགེ་བསྙེན་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི། དེའི་རྗེས་སུ་དེ་ལ་ཅིག་ཤོས་ཀྱིས་ལེགས་སོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པའི་ཕྱིར་ཏེ། གསོལ་བ་བཏབ་པའི་གང་ཟག་དེས་ཐབས་ཡིན་ནོ་ཞེས་ཚིག་བརྗོད་པ་དེའི་རྗེས་ལ་གསོལ་བ་འདེབས་པར་བྱེད་པའི་གང་ཟག་ཅིག་ཤོས་ཀྱིས་ལེགས་སོ་ཞེས་བརྗོད་པར་བྱ་བའོ། །ཐབས་ཡིན་ནོ་ཞེས་གང་སྨྲས་པ་དེ་ལེགས་ཏེ། དེ་ནི་ཐབས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །རབ་ཏུ་འབྱུང་བ་ལ་སོགས་པ་གང་ཟག་གིས་རང་གི་དོན་དུ་བརྗོད་པ་ཐམས་ཅད་ལ་ཡང་ཆོ་ག་འདི་བཞིན་བལྟ་བར་བྱའོ། །དེ་ལྟར་ན་དགེ་བསྙེན་ཉིད་དུ་ཁས་ལེན་དུ་བཅུག་ནས་དེའི་འོག་ཏུ་ཅི་བྱ་ཞེ་ན། དེའི་འོག་ཏུ་བསླབ་པ་བརྗོད་པ་ཁས་བླང་བའི་ཚུལ་གྱིས་བྱའོ་ཞེས་གསུངས་ཏེ། དེའི་འོག་ཏུ་ཞེས་བྱ་བ་ནི་དགེ་བསྙེན་ཉིད་དུ་ཁས་བླང་བའི་ཚིག་བརྗོད་མ་ཐག་པ་དེའི་འོག་ཏུའོ། །བསླབ་པ་བརྗོད་པ་ཞེས་བྱ་བ་ནི་བསླབ་པའི་བརྗོད་པ་ནི་བསླབ་པ་བརྗོད་པ་སྟེ། དགེ་བསྙེན་རྣམས་ཀྱི་བསླབ་པའི་གཞི་ལྔའོ། །འདི་སྐད་བསྟན་ཏེ། བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བྱ་བའི་ཚིག་དེའི་འོག་ཏུ་དེ་ཉིད་ལ་བསླབ་པའི་གཞི་གང་དག་ཡིན་པ་དེ་དག་བརྗོད་པར་བྱའོ། །ཇི་ལྟར་དེ་ཅི་བྱ་བའི་ཚུལ་གྱིས་འདི་དང་འདི་སྤོང་ངོ་ཞེས་སམ་འོན་ཏེ་དགག་པའི་ཚུལ་གྱིས་འདི་དང་འདི་མི་བྱའོ་ཞེས་ཤེ་ན། དེའི་ཕྱིར་ཁས་བླངས་པའི་ཚུལ་གྱིས་བྱའོ་ཞེས་བྱ་བ་གསུངས་ཏེ། བྱ་བའི་ཚུལ་གྱིས་བྱའོ། །འདི་ལྟར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པ་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་གྱུར་པའི་ཕྱིར་རོ། །དེ་དག་གང་ཞེ་ན་དེའི་ཕྱིར་དགྲ་བཅོམ་པ་དེ་དག་ཅེས་བྱ་བ་གསུངས་ཏེ། དེས་ན་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཉིད་དང༌། སེམས་ཅན་ཐམས་ཅད་ལ་དམིགས་པ་དང་སྤོང་བའི་དགོངས་པས། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་
སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་གིས་ཀྱང་དེ་ལྟར་བགྱིའོ་ཞེས་བྱ་བའི་ཐ་ཚིག་གོ །སྲོག་གཅོད་པ་ཞེས་བྱ་བ་ནི་ཆེད་དུ་བསམས་ཏེ། སྲོག་གི་སྐད་ཅིག་མ་མ་འོངས་པ་རྣམས་ཀྱི་རྒྱུན་གཅོད་ཅིང་འཇིག་པར་བྱེད་པའོ། །སྤངས་ཏེ་ཞེས་བྱ་བ་ནི་ཡང་དག་པར་ལེན་པའི་དུས་ན། སྲོག་ཆགས་གསོད་པ་ཡིད་ཀྱིས་བཏང་སྟེའོ། །སྲོག་གཅོད་པ་ལས་སླར་ལོག་པ་ཞེས་བྱ་བ་ནི་དུས་ཕྱིས་ཀྱང་ལུས་དང༌། དག་དང་ཡིད་དག་གིས་ཕྱིར་ལོག་པར་གྱུར་པའོ། །ཡན་ལག་དང་པོ་འདིས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་པའི་རྗེས་སུ་མཐུན་པའི་སྲོག་གཅོད་པ་སྤངས་པས་ཏེ། ཚུལ་ཁྲིམས་ནི་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །རྗེས་སུ་སློབ་བོ་ཞེས་བྱ་བ་ནི་ཇི་ལྟར་དེ་དག་ཐར་པའི་དགོངས་པས། །བསླབ་པ་སློབ་པ་དེ་བཞིན་དུ་བདག་ཀྱང་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ་ཞེས་བྱ་བའི་ཐ་ཚིག་གོ །རྗེས་སུ་སྒྲུབ་པོ་ཞེས་བྱ་བ་ནི་ཐར་བའི་བསམ་པས་ཞུགས་པས་སེམས་ཅན་ལ་ཡང་གནོད་པ་མི་བྱ་བར་བསྒྲུབ་པའོ། །རྗེས་སུ་བགྱིད་དོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་བསླབ་པའི་གཞི་རྣམས་སྲོག་དང་བསྔོ་ཞིང་ཡོངས་སུ་སྲུང་བར་བྱེད་པའོ། །མ་བྱིན་པར་ལེན་པ་ཞེས་བྱ་བ་ནི་གཞན་གྱི་རྫས་བདག་གིར་བྱེད་པའོ། །འདོད་པ་ལ་ལོག་པར་གཡེམ་པ་ཞེས་བྱ་བ་ནི་བགྲོད་པ་མ་ཡིན་པ་དང༌། ཡན་ལག་མ་ཡིན་པ་དང༌། ཡུལ་མ་ཡིན་པ་དང༌། དུས་མ་ཡིན་པ་དག་ཏུ་སྨད་པའི་འདོད་པ་བསྟེན་པའོ། །བརྫུན་དུ་སྨྲ་བ་ཞེས་བྱ་བ་ནི་བསླུ་བའི་ཕྱིར་གཞན་དུ་སྟོན་པའོ། །འབྲུའི་ཆང་ཞེས་བྱ་བ་ནི་ཟས་ཀྱི་ཆང་ངོ༌། །བཅོས་པའི་ཆང་ཞེས་བྱ་བ་ནི་རྫས་ཀྱི་ཆང་ངོ༌། །དེ་གཉིས་ཀྱིས་ཀྱང་མྱོས་བར་འགྱུར་བ་ཞེས་བྱ་བ་ནི་ར་རོ་བར་འགྱུར་བའི་རྫས་སོ། །བག་མེད་པའི་གནས་ཞེས་བྱ་བ་ནི་འབྲུའི་ཆང་དང༌། བཅོས་པའི་ཆང་གི་མཚན་ཉིད་དེ། བག་མེད་པ་ཞེས་བྱ་བའི་དོན་ནི་ཉམས་ལ། དོན་མ་ཡིན་པ་ནི་འཕེལ་བའོ། །དེའི་གནས་ཞེས་བྱ་བ་ནི་དེའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ །དགེ་བསྙེན་གྱི་སྡོམ་པ་བྱིན་པའི་འོག་ཏུ་ཇི་ལྟར་རབ་ཏུ་དབྱུང་བར་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་གང་གིས་དེ་ཞུ་བར་བྱེད་པའི་དགེ་སློང་ལ་གཏད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། དགེ་སློང་གང་གིས་རབ་ཏུ་འབྱུང་བར་
འདོད་པ་དེ་དགེ་འདུན་ལ་ཞུ་བར་བྱེད་པའི་དགེ་སློང་ལ་གཏད་པར་བྱ་སྟེ། འདི་དགེ་འདུན་ལ་ཞུས་ཤིག་ཅེས་བྱ་བའི་ཚིག་གིས་བཀྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་ཞུ་བས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་ཞུ་བའི་དགེ་སློང་གིས་ཁྱོད་ཀྱི་བར་ཆད་ཀྱི་ཆོས་རྣམས་དྲིས་སམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་གསུངས་ཏེ། གང་གིས་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་པའི་དགེ་སློང་ལ་དྲི་བར་བྱའོ། །འགལ་ཚབས་ཅན་ཞེས་བྱ་བ་ནི་ཉེས་པ་དང་བཅས་པ་སྟེ། ཉེས་བྱས་ཀྱི་ལྟུང་བ་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ །དེའི་འོག་ཏུ་ཞུ་བའི་དགེ་སློང་གིས་ཞུ་བར་བྱའོ་ཞེས་བྱ་བ་ནི་བར་ཆད་ཀྱི་ཆོས་རྣམས་དག་ན་ཞུ་བར་བྱའོ། །གནས་མལ་བཤམ་པ་བྱས་ནས་ཞེས་བྱ་བ་ནི་སྟན་དག་གོ་རིམས་བཞིན་དུ་བཏིང་ནས་སོ། །གཎྜཱི་བརྡུངས་ཏེ་ཞེས་བྱ་བ་ནི་དགེ་འདུན་བསྡུ་པའི་ཕྱིར་རོ། །དྲིས་པའི་ཚིག་གིས་ཞེས་བྱ་བ་ནི་གཎྜཱི་བརྡུངས་པ་ན་གཞན་དག་གིས་ཅིའི་ཕྱིར་གཎྜཱི་དེ་བརྡུངས་ཞེས་དྲིས་པའི་ལན་དུ་དེ་དང་མཐུན་པའི་ཚིག་བརྗོད་པ་ནི། དྲིས་པའི་ཚིག་སྟེ་དེས་སོ། །དགེ་སློང་རྣམས་ལ་ཡང་དག་པར་བསྐུལ་ནས་ཞེས་བྱ་བ་ནི་དགེ་སློང་རྣམས་བསྡུ་བའི་ཕྱིར་བསྒོ་ནས་སོ། །འདུག་ཅིང་ཞེས་བྱ་བ་ནི་ཉེ་བར་ཞུགས་པའོ། །མཐུན་པར་གྱུར་ཞེས་བྱ་བ་ནི་བྱ་བ་མཐུན་པ་ཉིད་དུ་གྱུར་པའོ། །གནས་ཁང་སོ་སོ་ན་འཁོད་པ་ཞེས་བྱ་བ་ནི་གནས་ཁང་སོ་སོ་སོ་སོ་ན་གནས་པས་འཁོད་པའོ། །གཉིས་ཀར་ཡང་རུང་ཞེས་བྱ་བའི་སྒྲ་སྨོས་པ་ནི། རྣམ་པ་གཉིས་ཀར་བསྟན་པའི་ཚིག་སྟེ། རྣམ་པ་འདིས་ཞུར་ཡང་རུང་ལ། རྣམ་པ་འདིས་ཞུར་ཡང་རུང་བའོ། །འདི་སྐད་བསྟན་ཏེ། དགེ་འདུན་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་པར་གྱུར་པ་དེའི་ཚེ་ཞུར་ཡང་རུང༌། ཡང་ན་གང་གི་ཚེ་དགེ་འདུན་དུ་གྱུར་པའི་དགེ་སློང་དག །རང་རང་གི་གནས་ཁང་ན་གནས་པའི་ཚེ། གནས་ཁང་སོ་སོར་སོང་སྟེ། དེ་དག་གི་མདུན་དུ་ཞུར་ཡང་རུང་ངོ་ཞེས་བསྟན་ཏོ། །ཞུ་བར་བྱེད་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་ཞུ་བར་བྱེད་པའི་དགེ་སློང་གིས་སྔགས་འདི་བརྗོད་པར་བྱ་བ་ཡིན་གྱི། རབ་ཏུ་བྱུང་བར་འདོད་པས་བཟླས་པར་ནི་མི་བྱའོ། །ཁྱིམ་པ་ཞེས་བྱ་བ་ནི་ཁྱིམ་མ་སྤངས་པ་སྟེ། དེ་ལ་ཁྱིམ་ཡོད་པའི་ཕྱིར་རོ། །མིང་ཙམ་གྱིས་ཁྱིམ་ཡིན་ནམ་ཞེ་ན། དེའི་
ཕྱིར་གོས་དཀར་པོ་ཅན་ཞེས་བྱ་བ་གསུངས་ཏེ། གོས་དཀར་པོ་གྱོན་པའོ། །ཡང་ན་ཁྱིམ་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་ཡིན་ལ་གོས་དཀར་པོ་ཅན་ཞེས་བྱ་བ་ནི་བཤད་པའི་ཚིག་ཡིན་ནོ། །གང་དག་གི་མདུན་དུ་ཞུ་བར་བྱ་བ་དེ་དག་གིས་ཆོ་ག་གང་ཡིན་པ་དེ་བསྟན་པའི་ཕྱིར། དེ་དག་ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། དགེ་འདུན་དུ་གྱུར་པའི་དགེ་སློང་མ་ལུས་པ་དེ་དག་ཐམས་ཅད་ཀྱིས་གལ་ཏེ་རབ་ཏུ་འབྱུང་བར་འདོད་པ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་པར་གྱུར་ན་དེའི་ཚེ་རབ་ཏུ་འབྱུང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་འོག་ཏུ་མཁན་པོར་གསོལ་བར་བྱའོ་ཞེས་བྱ་བ་ནི་ཞུས་པའི་འོག་ཏུ་རབ་ཏུ་འབྱུང་བར་འདོད་པས་མཁན་པོར་གསོལ་བར་བྱ་བའོ། །འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་སློབ་མ་བཟློས་སུ་གཞུག་པའོ། །བདག་མིང་འདི་ཞེས་བགྱི་བ་ཞེས་བྱ་བ་ནི་བདག་ཉིད་ཉེ་བར་བསྟན་པའོ། །ཚིག་གསུམ་ལ་མཁན་པོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་དེའི་ཚེ་ན་ཁས་བླངས་པའི་བདག་ཉིད་ཀྱི་མཁན་པོར་གྱུར་པའི་ཕྱིར་རོ། །འདི་མཁན་པོར་འགྱུར་བ་ནི་མཁན་པོར་གསོལ་བ་ཁས་བླངས་པ་ན་དེར་གྱུར་པ་ཡིན་ཏེ། ཇི་སྲིད་དུ་དགེ་ཚུལ་ཉིད་དུ་མི་བྱེད་པ་འམ། ཇི་སྲིད་དུ་རྫོགས་པར་བསྙེན་པར་མི་བྱེད་ཀྱི་བར་དུ་མི་འགྱུར་བ་མ་ཡིན་ནོ། །དེའི་འོག་ཏུ་གང་གིས་དེའི་སྐྲ་དང་ཁ་སྤུ་དག་འདྲེག་པར་བྱེད་པའི་དགེ་སློང་ལ་བཅོལ་བར་བྱའོ་ཞེས་བྱ་བ་ནི་མཁན་པོར་བསྐོས་པའི་འདྲེག་མཁན་གྱིས་སྐྲ་དང་ཁ་སྤུ་དག་འདྲེག་པར་བྱེད་ན་དེ་ལྟར་ན་ཡང་ཉེས་པ་མེད་པར་བསྟན་པ་ཡིན་གྱི། ནུས་ན་མཁན་པོ་ཉིད་ཀྱིས་བྲེག་པར་བྱ་བ་ཡིན་ནོ། །གཙུག་ཕུད་གཞག་པར་བྱ་ཞེས་བྱ་བ་ནི་དགོས་པ་ནི་རབ་ཏུ་འབྱུང་བར་འདོད་པའི་རབ་ཏུ་འབྱུང་བར་ངེས་པ་ཡིན་ནམ་ཞེས་དྲི་བས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །དེའི་གཙུག་ཕུད་གང་གི་ཚེ་བྲེག་པར་བྱ་ཞེ་ན། དེའི་ཕྱིར་གཙུག་ཕུད་བྲེག་གམ་ཞེས་དྲི་བར་བྱ་ཞིང་གལ་ཏེ་བྲེགས་ཤིག་ཅེས་ཟེར་ན་བྲེག་པར་བྱའོ། །དེའི་འོག་ཏུ་ཁྲུས་བྱེད་དུ་གཞུག་སྟེ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བར་འདོད་པ་དེ་སྐྲ་དང་ཁ་སྤུ་བྲེགས་པའི་འོག་ཏུ་དུས་དང་མཐུན་པའི་ཆུས་ཁྲུས་བྱེད་དུ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་འོག་ཏུ་མཁན་པོས་གོས་དུར་སྨྲིག་དག་
སྦྱིན་པར་བྱ་ཞེས་བྱ་བ་ནི་ཁྲུས་བྱས་པའི་འོག་ཏུ་མཁན་པོས་རབ་ཏུ་བྱུང་བ་དེ་ལ་རབ་ཏུ་བྱུང་བའི་ཚུལ་དང་ཆ་མཐུན་པའི་ཚོན་གྱིས་ཁ་སྒྱུར་བའི་གོས་དག་སྦྱིན་པར་བྱ་བའོ། །དེས་ཀྱང་རྐང་པ་གཉིས་ལ་གཏུགས་ཏེ་བླང་བར་བྱའོ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བར་འདོད་པ་དེས་ཀྱང་མཁན་པོ་ལ་ཕྱག་བཙལ་ཏེ་གོས་དེ་དག་བླང་བར་བྱ་བའོ། །དེའི་འོག་ཏུ་མཁན་པོས་བསྐོན་པར་བྱ་ཞེས་བྱ་བ་ནི་མཁན་པོ་རང་གིས་རབ་ཏུ་འབྱུང་བར་འདོད་པ་དེ་ལ་གོས་དེ་དག་བསྐོན་པར་བྱ་བའོ། །བསྐོན་པ་ན་མཁན་པོས་རབ་ཏུ་འབྱུང་བར་འདོད་པ་དེས་མཚན་མེད་པའམ། མཚན་གཉིས་པའམ་གླེ་འདམས་པ་མ་ཡིན་ནམ་ཞེས་བརྟག་པར་བྱའོ་ཞེས་བྱ་བ་ནི་ཟ་མ་དང༌། མ་ནིང་དང༌། མཚན་མེད་པ་དང༌། མཚན་གཉིས་པ་དང༌། གླེ་འདམས་པ་ལ་སོགས་པའི་སྐྱོན་ཡོངས་སུ་སྤང་བའི་ཕྱིར་རོ། །མཚན་མེད་པ་ཞེས་བྱ་བ་ནི་དབང་པོ་མེད་པའོ། །མཚན་གཉིས་པ་ཞེས་བྱ་བ་ནི་ཕོ་དང་མོའི་དབང་པོ་གཉིས་ཀ་ཡོད་པའོ། །གླེ་འདམས་པ་ཞེས་བྱ་བ་ནི་བཤང་བ་དང་གཅི་བའི་ལམ་གཉིས་གཅིག་ཏུ་གྱུར་པའོ། །མ་ཚོར་བར་བརྟག་པར་བྱའོ་ཞེས་བྱ་བ་ནི་ཅི་ནས་ཀྱང་རབ་ཏུ་འབྱུང་བར་འདོད་པ་དེས་བདག་གི་མཚན་མཁན་པོས་མཐོང་ངོ་སྙམ་དུ་མི་ཤེས་པ་དེ་ལྟར་བརྟག་པར་བྱའི། སྒྲེན་མོར་ཕྱུང་སྟེ་ནི་མ་ཡིན་ནོ། །རབ་ཏུ་དབྱུང་བའི་དུས་ཁོ་ནར་མཚན་བརྟག་པར་ངེས་པ་ནི་མ་ཡིན་ནོ། །འདི་ལྟར་གང་ཚུན་ཆད་ཁོ་བོས་རབ་ཏུ་དབྱུང་ངོ་ཞེས་མཁན་པོ་ཉིད་དུ་ཁས་བླངས་པ་དེ་ཚུན་ཆད་ནས་ཤམ་ཐབས་བསྐོན་པའི་བར་དག་གཟུང་ངོ༌། །མཁན་པོ་རང་ཁོ་ནས་ངེས་པར་བྱ་བ་ཡང་མ་ཡིན་ཏེ། གལ་ཏེ་དགེ་སློང་ཡིད་ཆེས་པ་ལས་དེ་བྱས་པ་དེ་ལས་མཁན་པོས་ཐོས་པར་གྱུར་ན་ཡང་ལས་མཁན་པོ་ཉིད་ཀྱིས་བྱས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེའི་འོག་ཏུ་སྐྱབས་སུ་འགྲོ་བ་རྩོམ་པས་རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་རབ་ཏུ་འབྱུང་བར་འདོད་པ་ཟ་མ་ལ་སོགས་བའི་སྐྱོན་དང་བྲལ་བར་ཤེས་ནས་དེའི་འོག་ཏུ་རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་པར་བྱའོ། །ཇི་ལྟར་ཉེ་བར་བསྒྲུབ་པར་བྱ་ཞེ་ན། སྐྱབས་སུ་འགྲོ་བ་རྩོམ་པ་སྟེ། རབ་ཏུ་འབྱུང་བར་ཉེ་བར་བསྒྲུབ་པ་དེའི་དང་པོ་རྩོམ་པ་དེ་ནི་སྐྱབས་སུ་འགྲོ་བ་རྩོམ་པ་སྟེ། འདི་སྐད་བསྟན་ཏེ། དང་པོ་སྐྱབས་སུ་འགྲོ་བ་སྦྱིན་པར་
བྱ་ཞིང་ཕྱིས་རབ་ཏུ་འབྱུང་བ་ཡང་དག་པར་ལེན་དུ་གཞུག་གོ །འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི། མཁན་པོས་ཟློས་སུ་གཞུག་པར་བྱའོ། །ཁྱིམ་པའི་རྟགས་ཞེས་བྱ་བ་ནི་གོས་དཀར་པོ་གྱོན་པ་དང་སྐྲ་དང་ཁ་སྤུ་རིང་པོར་འཇོག་པ་ལ་སོགས་པའོ། །རབ་ཏུ་བྱུང་བའི་རྟགས་ཞེས་བྱ་བ་ནི་གོས་དུར་སྨྲིག་གྱོན་པ་དང༌། སྦ་དང་ཁ་སྤུ་རིང་པོར་མི་འཇོག་པ་ལ་སོགས་པའོ། །དེའི་འོག་ཏུ་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་ལ་གཏད་པར་བྱའོ་ཞེས་བྱ་བ་ནི་མཁན་པོས་རབ་ཏུ་ཕྱུང་བའི་གང་ཟག་དེ་དེ་ལ་གཏད་པར་བྱ་བའོ། །དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་ཞེས་བྱ་བ་ནི་གང་གིས་དེ་ལ་དགེ་ཚུལ་གྱི་སྡོམ་པ་སྦྱིན་པར་བྱེད་པ་སྟེ། དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་དགེ་ཚུལ་ཉིད་སྒྲུབ་པར་བྱེད་པའོ། །དགེ་སློང་ལ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་རྫོགས་པར་བསྙེན་པའི་དགེ་སློང་དེ་ལའོ། །གཏད་པར་བྱའོ་ཞེས་བྱ་བ་ནི་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེས་ཀྱང་ཅི་ཡོངས་སུ་དག་གམ་ཞེས་དྲིས་ནས། ཡོངས་སུ་དག་ན་སྐྱབས་སུ་འགྲོ་བ་དང་དགེ་ཚུལ་ཉིད་དུ་ཁས་བླངས་པས་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པར་ངེས་པ་འདི་བྱ་བ་ཡིན་ནོ། །ཅི་ཡོངས་སུ་དག་གམ་ཞེས་བྱ་བ་ནི་ཅི་འདི་ལ་བར་ཆད་ཀྱི་ཆོས་རྣམས་མེད་དམ་ཞེས་བྱ་བའི་ཐ་ཚིག་གོ །དྲིས་ནས་ཞེས་བྱ་བ་ནི་གཏོད་པར་བྱེད་པའི་དགེ་སློང་དེ་ལ་དྲིས་ནས་སོ། །གལ་ཏེ་དེ་འདི་སྐད་ཅེས་འདི་ནི་ཡོངས་སུ་དག་གོ་ཞེས་ཟེར་ན་དེའི་ཚེ་གང་ཟག་དེ་ཡོངས་སུ་དག་པ་ཡིན་པས་སྐྱབས་སུ་འགྲོ་བ་དང། དགེ་ཚུལ་ཉིད་དུ་ཁས་བླང་པའི་ཆོ་ག་འོག་ནས་འབྱུང་བས་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པར་བྱའི་མ་དག་ན་ནི་མི་བྱའོ། །དགེ་ཚུལ་གྱི་བསླབ་པའི་གཞི་ནི་བཅུ་སྟེ། དེ་དག་ལས་དང་པོ་ལྔ་ནི་དགེ་བསྙེན་དང་ཐུན་མོང་ཡིན་ནོ། །ལྔ་ནི་ཐུན་མོང་མ་ཡིན་ཏེ། དེ་ལ་གླུ་གར་དང་རོལ་མོའི་སྒྲ་སྤོང་བ་ནི་བསླབ་པའི་གཞི་གཅིག་སྟེ། རྒོད་བག་གི་རང་བཞིན་ཡིན་པའི་ཕྱིར་རོ། །ཕྲེང་བ་དང་སྤོས་ཉུག་པ་དང་རྒྱན་དང་ཁ་དོག་འཆང་བ་སྤོང་བ་ནི་བསླབ་པའི་གཞི་གཉིས་པ་སྟེ། རྒྱགས་པ་བསྐྱེད་པའི་ཕྱིར་རོ། །དེ་ལ་སྤོས་ཉུག་བ་ཞེས་བྱ་བ་ནི་རྫས་དྲི་ཞིམ་པོ་དག་གིས་ལུས་ཐམས་ཅད་ཉུག་པའོ། །རྒྱན་
ཞེས་བྱ་བ་ནི་མགུལ་རྒྱན་དང༌། གདུ་བུ་རྒྱན་ཅན་དང༌། དཔུང་རྒྱན་ལ་སོགས་པ་ཐོགས་པའོ། །ཁ་དོག་འཆང་བ་ཞེས་བྱ་བ་ནི་གུར་ཀུམ་དང་ག་བུར་ལ་སོགས་པས་རང་གི་ལུས་ལ་རི་མོ་བྱེད་པའོ། །ཁྲི་སྟན་མཐོན་པོ་དང༌། ཁྲི་སྟན་ཆེན་པོ་སྤོང་བ་ནི་བསླབ་པའི་གཞི་གསུམ་པ་སྟེ། འདོད་ཞེན་ཆེ་བ་ཡིན་པའི་ཕྱིར་རོ། །དེ་ལ་ཁྲི་སྟན་མཐོན་པོ་ཞེས་བྱ་བ་ནི་ཁྲུ་ཚད་ལས་ལྷག་པའོ། །ཁྲི་སྟན་ཆེན་པོ་ཞེས་བྱ་བ་ནི་དབྱིག་དང་གསེར་ལ་སོགས་པ་ལས་བྱས་པའོ། །དུས་མ་ཡིན་པའི་ཟས་སྤོང་བ་ནི་བསླབ་པའི་གཞི་བཞི་པ་སྟེ། བརྟུལ་ཞུགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གསེར་དངུལ་ལེན་པ་སྤོང་བ་ནི་བསླབ་པའི་གཞི་ལྔ་པ་སྟེ། ཡོ་བྱད་དོན་མེད་པའི་ཕྱིར་རོ། །འདི་ལ་གསེར་དངུལ་ཞེས་བྱ་བ་ནི་རིན་པོ་ཆེ་གཞན་དག་གི་དཔེ་ཡིན་ནོ། །ལེན་པ་ཞེས་བྱ་བ་ནི་བདག་གིར་བྱེད་པའོ། །འདི་ལྟར་བསླབ་པའི་གཞི་དེ་དག་ལ་ནི་རེ་རེ་ལ་ཡང་རྣམ་པ་དུ་མ་ཡོད་མོད་ཀྱི་དེ་དག་མང་ཆེས་པས་བསྲུང་བར་མི་ནུས་སོ་སྙམ་དུ་སྤ་གོང་བ་དག་ལ་བསྟན་བླ་བར་བྱ་བའི་ཕྱིར་བསླབ་པའི་གཞི་བཅུར་བསྟན་ཏེ། དཔེར་ན་འཕགས་པ་རྒྱ་གར་བུ་ལ་བསླབ་པ་གསུམ་བསྟན་པ་དང་འདྲའོ། །དེ་ལྟར་དགེ་ཚུལ་ཉིད་ཀྱི་ཆོ་ག་རྣམ་པར་བཤད་ནས། ད་ནི་རྫོགས་པར་བསྙེན་པའི་ཆོ་ག་བརྗོད་པར་བྱ་སྟེ། དེའི་ཕྱིར་དེའི་འོག་ཏུ་གལ་ཏེ་དེ་ལོ་ཉི་ཤུ་ཚང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་ཚུལ་དེ་ལོ་ཉི་ཤུ་ཚང་ནའོ། །རྫོགས་པར་བསྙེན་པ་ནི་དགེ་འདུན་ཁོ་ན་ལས་འགྱུར་གྱི། ཇི་ལྟར་རབ་ཏུ་བྱུང་བ་དང་དགེ་ཚུལ་ཉིད་གང་ཟག་ཁོ་ན་ལས་འགྱུར་བ་ལྟར་གང་ཟག་ལས་ནི་མ་ཡིན་ནོ། །ཐབས་གང་གིས་དགེ་འདུན་ལས་རྫོགས་པར་བསྙེན་པར་འགྱུར་ཞེ་ན། དེའི་ཕྱིར་དེའི་ལྟུང་བཟེད་དང་ཆོས་གོས་དག་བཙལ་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པས་སློབ་མ་དེའི་ལྷུང་བཟེད་དང་ཆོས་གོས་དག་བཙལ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ལས་བྱེད་པ་དང༌། གསང་སྟེ་སྟོན་པ་དང༌། གང་དག་དེའི་ལས་ཀྱི་གནས་སུ་འཇུག་པའི་དགེ་སློང་དེ་དག་ལ་ཡང་གསོལ་བ་གདབ་བར་བྱའོ་ཞེས་བྱ་བ་ཡང་མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པ་དེ་ཉིད་ཀྱིས་དེ་དག་བྱའོ་ཞེས་བྱ་བར་སྦྱར་རོ། །ལས་ཀྱི་གནས་སུ་ཞེས་བྱ་བ་ནི་དེ་
རྫོགས་པར་བསྙེན་པར་བྱེད་པའི་ལས་ཀྱི་མཚམས་སུ་སྟེ། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པའི་མཚམས་སམ། དཀྱིལ་འཁོར་བའི་མཚམས་སུའོ། །དགེ་སློང་རང་བཞིན་དུ་གནས་པ་མ་ཡིན་པས་ཚོགས་ཀྱི་ཁ་བསྐང་བར་མི་བྱའོ་ཞེས་གསུངས་པས་འདིར་དེ་བསལ་བའི་ཕྱིར་དགེ་སློང་གང་དག་དེའི་ལས་ཀྱི་གནས་སུ་འཇུག་པར་འགྱུར་བ་དེ་དག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེར་འདུ་བར་འགྱུར་བའི་ཚེ་ཞེས་བྱ་བ་ནི་དགེ་སློང་རྣམས་དེ་རྫོགས་པར་བསྙེན་པར་བྱ་བའི་ཕྱིར་འདུ་བ་གང་ཡིན་པའི་ལས་ཀྱི་གནས་དེར་འདུ་བའི་མདུན་རོལ་དུ་འདུ་བ་ལ་སྦྱོར་བའི་ཚེའོ། །ཟླ་བ་ཕྱེད་འདས་པའི་ཉེས་པ་ཞེས་བྱ་བ་ནི་དེའི་མདུན་རོལ་དུ་ཟླ་བ་ཕྱེད་ཀྱི་གསོ་སྦྱོང་གང་འདས་པ་ཕན་ཆད་ཀྱི་ཉེས་པ་ནི་གསོ་སྦྱོང་དེ་ཉིད་ཀྱི་ཚེ་བསྡམ་པ་དང་བཤགས་པ་ལ་སོགས་པ་བྱས་ཟིན་པས་དེ་ལ་ནི་སོ་སོར་བརྟག་མི་དགོས་ཀྱི་དེ་ཚུན་ཆད་ཀྱི་ཉེས་པ་ལ་སོ་སོར་བརྟག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཉེས་པ་དེ་ཡང་གང་ཞེ་ན། དེའི་ཕྱིར་བསྡམ་པར་བྱ་བ་དང༌། བཤགས་པར་བྱ་བ་དང༌། བྱིན་གྱིས་བརླབ་པར་བྱ་བ་དག་ཅེས་བྱ་བ་གསུངས་ཏེ། བསྡམ་པར་བྱ་བ་ཞེས་བྱ་བ་ནི་ཡིད་ཀྱི་ཉེས་བྱས་ཕྲ་མོའོ། །བཤགས་པར་བྱ་བ་ཞེས་བྱ་བ་ནི་ལྟུང་བྱེད་དང༌། ས་སོར་བཤགས་པར་བྱ་བ་དང༌། བཤགས་པའི་ཉེས་བྱས་སོ། །བྱིན་གྱིས་བརླབ་པར་བྱ་བ་དག་ཅེས་བྱ་བ་ནི་དགེ་འདུན་ལྷག་མ་དང༌། སྤང་བའི་ལྟུང་བྱེད་དག་གོ །དེ་དག་ལ་སོ་སོར་བརྟག་པར་བྱ་ཞིང་ཞེས་བྱ་བ་ནི། བདག་ལ་ཉེས་པ་དེ་དག་གང་བྱུང་བ་ལ་སོ་སོར་བརྟག་པར་བྱ་ཞིང་ངོ༌། །ཅི་སོ་སོར་བརྟགས་ནས་ལྟུང་བ་དེ་ཕྱིར་མ་བཅོས་པ་ཁོ་ནར་འདུག་པར་བྱ་འམ་ཞེ་ན། དེའི་ཕྱིར་ཉེས་པ་ཤེས་པ་བསྡམ་པའམ་བཤགས་པའམ་བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ་འདུག་པར་བྱའོ་ཞེས་བྱ་བ་གསུངས་ཏེ། གལ་ཏེ་བསྡམ་པར་བྱ་བའི་ཉེས་པ་དག་ཤེས་ནས་བསྡམས་པས་ཕྱིར་བཅོས་པས་འདུག་པར་བྱའོ། །བཤགས་པར་བྱ་བའི་ཉེས་པ་དག་ཤེས་ནས་བཤགས་པས་ཕྱིར་བཅོས་ཏེ་འདུག་པར་བྱ་བའོ། །བྱིན་གྱིས་བརླབ་པར་བྱ་བའི་ཉེས་པ་དག་ཤེས་ནས་བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ་འདུག་པར་བྱའོ། །འདིར་ལྟུང་བྱེད་ལ་སོགས་པ་བཤགས་པར་གསུངས་པ་
ནི་ཉི་མ་དེ་ཉིད་ལ་ཕྱིར་བཅོས་པར་ནུས་པ་ཡིན་པས་དེ་དག་ནི་བྱིན་གྱིས་བརླབས་པས་དག་པ་ཉིད་དུ་མི་འགྱུར་རོ་ཞེས་བསྟན་ཏེ། དགེ་འདུན་ལྷག་མ་དང་སྤང་བ་དག་བྱིན་གྱིས་བརླབས་པར་གསུངས་པ་ནི་ཉི་མ་དེ་ཉིད་ལ་ཕྱིར་བཅོས་པ་མི་ནུས་པ་ཡིན་པས་བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ་ཞེས་བསྟན་ཏོ། །ད་ལྟར་ན་ཇི་སྐད་བསྟན་པའི་ཆོ་ག་འདིས་ནི་ཐམས་ཅད་ལྟ་བ་མཐུན་པ། ཚུལ་ཁྲིམས་ཡོངས་སུ་དག་པ་འདུག་ཅིང་མཐུན་པར་གྱུར་པ་དག་གིས་གསོ་སྦྱོང་དང༌། དགག་དབྱེ་དང༌། གསོལ་བ་དང༌། གསོལ་བ་དང་གཉིས་དང༌། གསོལ་བ་དང་བཞིའི་ལས་བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ནོ། །དེའི་ལས་ཀྱི་མཚམས་གང་ཞེ་ན། དེའི་ཕྱིར་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པའམ། དཀྱིལ་འཁོར་བ་ལ་ཡང་རུང་སྟེ་ཞེས་བྱ་བ་གསུངས་ཏེ། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པའམ་ཞེས་བྱ་བ་ནི་གཞིའི་ཆོ་ག་ཉིད་བསྟན་ཏེ། མཚམས་གཅིག་ན་དགེ་འདུན་ཇི་སྙེད་བཞུགས་པ་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལས་རྫོགས་པར་བསྙེན་པར་བྱ་བའོ། །དཀྱིལ་འཁོར་ལ་ཡང་རུང་སྟེ་ཞེས་བྱ་བ་ནི་གཞིའི་ཆོ་ག་ཉིད་ལ་བརྟེན་པར་མི་ནུས་ན་དཀྱིལ་འཁོར་པའི་མཚམས་སུ་དགེ་འདུན་དུ་གྱུར་པའི་དགེ་སློང་ཕྱོགས་གཅིག་ཏུ་བཅད་པ་དག་ལས་རྫོགས་པར་བསྙེན་པར་བྱར་ཡང་རུང་བར་བསྟན་ཏོ། །དགེ་འདུན་དུ་མ་གྱུར་པ་དག་གིས་ལས་མི་བྱའོ་ཞེས་གསུངས་པས་འདིར་རྫོགས་པར་བསྙེན་པར་བྱ་བའི་ལས་ལ་དུ་དག་དགེ་འདུན་ཉིད་ཡིན་ཞེ་ན། དེའི་ཕྱིར་ཡུལ་དབུས་སུ་དགེ་སློང་བཅུ་ལ་སོགས་པའི་ཚོགས་སམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་དབུས་ཀྱི་མཚན་མ་ཤར་དུ་ནི་ལི་ཁ་ར་ཤིང་འཕེལ་གྱི་མདུན་གྱི་ནགས་མི་ཁ་རའི་ཤིང་ཚང་ཚིང་ཅན་ཞེས་བྱ་བའོ། །ལྷོར་ནི་གྲོང་ཁྱེར་འདམ་བུ་ཅན་གྱི་ལྷོ་ན་ཆུ་ཀླུང་འདམ་བུ་ཅན་ཞེས་བྱ་བའོ། །ནུབ་ཏུ་ནི་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་ཞེས་བྱ་བ་གཉིས་སོ། །བྱང་དུ་ནི་ཨུ་ཤི་རའི་རི་ཞེས་བྱ་བའོ་ཞེས་གསུངས་པ་དེ་དག་གི་ཁོངས་སུ་གཏོགས་པ་ནི་ཡུལ་དབུས་ཏེ། དགེ་སློང་ཡུལ་དབུས་སུ་རྫོགས་པར་བསྙེན་པའི་བྱ་བའི་ལས་ལ་ནི། དགེ་སློང་བཅུ་ལ་སོགས་པ་དགེ་འདུན་ཉིད་ཡིན་ནོ། །མཐའ་འཁོབ་དག་ཏུ་གཞན་མེད་ན་འདུལ་བ་འཛིན་
པ་དང༌། ལྔ་ལ་སོགས་པའི་ཚོགས་ལ་ཡང་རུང་སྟེ་ཞེས་བྱ་བ་ནི། ཡུལ་དབུས་ཀྱི་ཕྱོགས་བཞིའི་མཚམས་ཀྱི་མཚན་མ་སྔར་སྨོས་པ་དེ་དག་ཕན་ཆད་ནི་ཡུལ་མཐའ་འཁོབ་སྟེ། དགེ་སློང་ཡུལ་མཐའ་འཁོབ་ཏུ་རྫོགས་པར་བསྙེན་པར་བྱ་བའི་ལས་ལ་ནི་དགེ་སློང་བཅུ་ལ་སོགས་པ་གཞན་མེད་ན་འདུལ་བ་འཛིན་པ་ཞེས་བྱ་བ་ལས་བྱེད་པ་ཉིད་གཏོགས་པར་ལྔ་ལ་སོགས་པ་དགེ་འདུན་ཉིད་ཡིན་ནོ། །ཡོད་ན་ནི་གཞིའི་ཆོ་ག་ཁོ་ན་ལ་བརྟེན་པར་བྱ་སྟེ། ཆོག་ལས་འདས་ན་ལས་མི་ཆགས་སོ་ཞེས་གསུངས་པའི་ཕྱིར་རོ། །དང་པོར་དགེ་སློང་རེ་རེ་ལ་ཕྱག་གསུམ་གསུམ་འཚལ་དུ་གཞུག་གོ་ཞེས་བྱ་བ་ནི། རྫོགས་པར་བསྙེན་པར་བྱ་བའི་ཕྱིར་འདུས་པའི་དང་པོར་དགེ་སློང་དང་ཕྲད་དོ་ཅོག་ཐམས་ཅད་ལ་རྫོགས་པར་བསྙེན་པར་བྱ་བ་དེས་ཕྱག་ལན་གསུམ་གསུམ་བྱ་བར་རིགས་པ་ཡིན་ཏེ། འདི་ལྟར་ཕྱག་བྱས་པས་བདག་ཉིད་དགེ་འདུན་གྱི་ནང་དུ་འཇུག་པར་སྟོན་ཅིང་བསམ་པ་དྲག་པོས་དྲང་པོར་འཇུག་པར་རིགས་པས་དེའི་ཕྱིར་འདིར་དང་པོར་ཕྱག་ལན་གསུམ་བྱ་བར་གསུངས་སོ། །ཕྱག་ལན་གསུམ་འཚལ་དུ་བཅུག་ནས། དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་མཁན་པོར་གསོལ་བ་བྱའོ་ཞེས་བྱ་བ་གསུངས་ཏེ། རྫོགས་པར་བསྙེན་པར་འདོད་པས་དགེ་འདུན་གྱི་དབུས་དེ་ཉིད་དུ་མཁན་པོར་གསོལ་བར་བྱའོ། །ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ཏེ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཞེས་བྱ་བ་ལ་ཕ་གུའི་སྟེང་དུ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པོར་འདུག་ཏུ་གཞུག་པ་ཡུན་རིང་དུ་ཙོག་ཙོག་པོར་འདུག་པ་སྡུག་བསྔལ་བས་དེའི་ཕྱིར་འདི་རྗེས་སུ་གནང་སྟེ། རྫོགས་པར་བསྙེན་པར་བྱེད་པ་ན་ཆོས་གོས་དང༌། ལྷུང་བཟེད་བྱིན་གྱིས་བརླབ་པ་དང༌། གསང་སྟེ་སྟོན་པ་མ་གཏོགས་པར་མཁན་པོར་གསོལ་བ་དང༌། རྫོགས་པར་བསྙེན་པར་གསོལ་བ་དང༌། ལས་ཀྱི་སློབ་དཔོན་གྱིས་བར་ཆད་དྲི་བ་མཉན་པ་དང༌། དེའི་ལན་འདེབས་པ་དང༌། རྫོགས་པར་བསྙེན་པར་བྱ་བ་ལ་སོགས་པའི་སྐབས་ཐམས་ཅད་དུ་རྫོགས་པར་བསྙེན་པར་བྱ་བའི་གང་ཟག་དེ་ཕ་གུའི་སྟེང་དུ་རྐང་པ་གཉིས་ཀྱིས་འདུག་ཏུ་གཞུག་པར་བྱའོ། །འདིར་ཕ་གུ་ཞེས་བྱ་བ་ནི་བོང་བ་ཡིན་པར་ཤེས་པར་བྱའོ། །རྩྭ་བཏིང་
བ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པོར་འདུག་ཏུ་གཞུག་པ་ནི་ཆོས་གོས་མ་རུང་བར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་རོ་ཞེས་འདུལ་བ་འཛིན་པ་དག་གིས་མན་ངག་ལས་ཁོང་དུ་ཆུད་པར་བྱའོ། །ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་གང་ཁོ་ན་ལ་གནས་སྟེ། རབ་ཏུ་བྱུང་བ་དེ་ཁོ་ན་ལ་གནས་ཏེ། རྫོགས་པར་བསྙེན་པར་ངེས་པ་མ་ཡིན་གྱི། འདི་ལྟར་འདོད་པས་འདུག་པར་རིགས་པར་བྱ་སྟེ། དེའི་ཕྱིར་གལ་ཏེ་དང་པོའི་མཁན་པོ་ཉིད་ལ་མཁན་པོར་གསོལ་ན་ནི་དེའི་ཚེ་འདི་སྐད་ཅེས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཁན་པོ་ལ་མཁན་པོར་གསོལ་གྱི། མཁན་པོ་བདག་གི་མཁན་པོ་མཛད་དུ་གསོལ། མཁན་པོ་མཁན་པོས་རྫོགས་པར་བསྙེན་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །དགེ་ཚུལ་གྱིས་སློབ་དཔོན་ལ་སོགས་པ་སློབ་དཔོན་ལ་མཁན་པོར་གསོལ་ན་ནི་དེའི་ཚེ་འདི་སྐད་ཅེས་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་ལ་མཁན་པོར་གསོལ་གྱི་སློབ་དཔོན་བདག་གི་མཁན་པོ་མཛད་དུ་གསོལ་སློབ་དཔོན་མཁན་པོས་རྫོགས་པར་བསྙེན་པར་བགྱིའོ་ཞེས་བརྗོད་ཅིང་ཚིག་གསུམ་པ་ལ་མཁན་པོ་ཞེས་བརྗོད་པར་བྱའོ། །དགེ་སློང་གཞན་ཞིག་ལ་མཁན་པོ་ལ་ནི་དེའི་ཚེ་བཙུན་པ་དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་གཞུང་ཉིད་ལས་འབྱུང་བ་བཞིན་དུ་བརྗོད་པར་བྱའོ། །མཁན་པོར་གསོལ་བའི་འོག་ཏུ་མཁན་པོས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་མཁན་པོ་རང་གིས་དེ་ལ་ཆོས་གོས་གསུམ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་གསུངས་ཏེ། མཁན་པོ་ཞེས་བྱ་བ་ནི་རྫོགས་པར་བསྙེན་པར་འགྱུར་བའི་མཁན་པོ་ལ་བསྙེགས་ཏེ། འདས་མ་ཐག་ཏུ་བསྟན་པའི་ཕྱིར་རོ། །འོ་ན་རང་གིས་ཞེས་བྱ་བ་སྨོས་མི་དགོས་ཏེ། མཁན་པོས་དེ་ལས་ཆོས་གོས་གསུམ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་འདི་གཉིས་ཀྱང་དོན་རྟོགས་པའི་ཕྱིར་རང་གིས་ཞེས་བྱ་བ་སྨོས་ཅི་དགོས་ཤེ་ན། དེ་ནི་འདི་ལྟ་མ་ཡིན་ཏེ། རང་གིས་སྨོས་པ་ནི་བཅོལ་བའི་ཆོ་ག་སྤང་བའི་ཕྱིར་ཏེ། །འདི་ལྟར་དཔེར་ན་སྐྲ་དང་ཁ་སྤུ་བྲེགས་པ་དང༌། མཚན་བརྟག་པ་ལ་སོགས་པ་དག་གཞན་གྱིས་བྱེད་ན་ཡང་ཉེས་པ་མེད་པ་ལྟ་བུ་ཆོ་ག་མ་ངེས་པ་ནི་བཅོལ་བའི་
ཆོ་ག་ཞེས་བྱའོ། །འདིར་ནི་ཆོས་གོས་བྱིན་གྱིས་བརླབ་པ་མཁན་པོ་ཉིད་ཀྱི་རང་གིས་བྱ་བ་ཡིན་གྱི། གཞན་བྱེད་དུ་མི་གཞུག་པ་དེའི་དོན་དུ་རང་གིས་ཞེས་བྱ་བའི་སྒྲ་ཉེ་བར་བརྗོད་པར་བྱས་སོ། །དེ་ལ་ཞེས་བྱ་བ་ནི་རྫོགས་པར་བསྙེན་པར་བྱ་བ་ལའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། མཁན་པོ་དེ་རང་གི་རྫོགས་པར་བསྙེན་པར་བྱ་བ་དེ་ལ་ཆོས་གོས་གསུམ་དྲས་ཤིང་དྲུབས་པ་དག་ཡོད་ཅིང་བདོག་པ་འམ། མེད་ཅིང་མི་བདོག་ན་རྒྱུ་གཞན་ལ་ཡང་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་བརླབས་པའི་འོག་ཏུ་བསྐོན་པར་བྱ་སྟེ། ཆོས་གོས་བྱིན་གྱིས་བརླབ་པ་ནི་ཆ་ལུགས་ཀྱི་དོན་དུ་ཡིན་པའི་ཕྱིར་རོ། །ཆོས་གོས་དྲས་ཤིང་དྲུབས་པ་དག་ཅེས་བྱ་བ་ནི་སྣམ་སྦྱར་རྣམ་པ་དགུ་པ་གླེགས་བུ་ཕྱེད་དང་གསུམ་པ་དང༌། བླ་གོས་རྣམ་པ་བདུན་པ་གླེགས་བུ་ཕྱེད་དང་གསུམ་པ་དང་མཐང་གོས་རྣམ་པ་ལྔ་པ་གླེགས་བུ་ཕྱེད་དང་གཉིས་པ་དྲས་ཤིང་དྲུབས་ཟིན་པ་དག་གོ །གཉིས་ཀ་འགྲེང་སྟེ་ལག་པས་ཆོས་གོས་སྣམ་སྦྱར་བཟུང་ནས་ཞེས་བྱ་བ་ནི་ཆོས་གོས་ལ་སོགས་པ་གོས་བྱིན་གྱིས་བརླབ་པ་ནི་འགྲེང་པའི་མདུན་དུ་འགྲེང་སྟེ། གཉི་གའི་ལག་པས་རྫས་དེ་བཟུང་ནས་བྱིན་གྱིས་བརླབ་པའི་སྔགས་གདོན་པར་བྱ་བ་ཡིན་པའི་ཕྱིར་རོ། །བགྱིས་ཞེས་བྱ་བ་ནི་ཐ་ག་པས་སོ། །ལག་པ་ཞེས་བྱ་བ་ནི་བཀྲུ་བ་དང༌། བཙེམས་པ་དང༌། ཁ་བསྒྱུར་བ་ལ་སོགས་པས་སོ། །རུང་བ་ཞེས་བྱ་བ་ནི་རྔ་མོའི་བལ་དང༌། རི་དགས་ཀྱི་བལ་ལ་སོགས་པ་དང་བྲལ་བའོ། །སྤྱད་པར་འོས་པ་ཞེས་བྱ་བ་ནི་སྤྱད་བཟོད་པ་སྟེ། བགོ་བཟས་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ །བྱིན་གྱིས་བརླབ་པོ་ཞེས་བྱ་བ་ནི་སྔགས་སྔོན་དུ་གཏང་བས་བདག་གིར་བྱ་བའོ། །མཐང་གོས་ཞེས་བྱ་བ་ནི་སྨད་དུ་བགོ་བའོ། །དེའི་འོག་ཏུ་ཆོས་གོས་བསྐོན་པར་བྱ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པའི་འོག་ཏུ་མཁན་པོ་ཉིད་ཀྱིས་སམ་མཁན་པོས་བསྐོས་པའི་དགེ་སློང་དག་གིས་དེ་ལ་ཆོས་གོས་དག་བསྐོན་པར་བྱ་སྟེ། ཆོས་གོས་བྱིན་གྱིས་བརླབ་པ་ནི་ཆ་ལུགས་ཀྱི་དོན་དུ་ཡིན་པའི་ཕྱིར་རོ། །དེས་ཀྱང་སྣམ་སྦྱར་དང་བཅས་པ་ཉིད་ཡིན་ན་དེར་འདུས་པའི་དགེ་འདུན་ལ་ཕྱག་བྱའོ་ཞེས་བྱ་བ་ནི་རྫོགས་པར་བསྙེན་པར་བྱེད་
པའི་གང་ཟག་ལ་མཁན་པོས་ཆོས་གོས་གསུམ་བྱིན་གྱིས་རློབ་ཏུ་བཅུག་སྟེ། སྣམ་སྦྱར་དང་བཅས་པ་ཉིད་དུ་གྱུར་པ་ན། ངེས་བདག་ཉིད་རྫོགས་པར་བསྙེན་པར་བྱ་བའི་ཕྱིར་འདུས་པའི་དགེ་འདུན་ལ་ཕྱག་བྱ་བ་ཉིད་དུ་རིགས་པའོ། །ཆོས་གོས་དྲས་ཤིང་དྲུབས་པ་དག་མེད་ན་རྒྱུ་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་བརྟད་པའི་དབང་གིས་གསུངས་པ་ཡིན་ཏེ། འདི་ལྟར་རྫོགས་པར་བསྙེན་པའི་ཚོགས་པ་རྙེད་པའི་ཚེ་ཆོས་གོས་དྲས་ཤིང་དྲུབས་པ་དག་མེད་ན་ཕྱིས་རྫོགས་པར་བསྙེན་པར་བྱ་བའི་ཚོགས་པ་རྙེད་པར་དཀའོ་སྙམ་དུ་བསམས་ནས་གང་ནས་སུ་ལས་ཀྱང་རུང་སྟེ། ཆོས་གོས་མ་དྲས་ཤིང་མ་དྲུབས་པ་ཁ་མ་བསྒྱུར་བ་དག་རྙེད་ན་དེའི་ཚེ་མ་དྲས་པ་མ་དྲུབས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ་རྫོགས་པར་བསྙེན་པའི་ལས་བྱས་ལ། ཕྱིས་གོས་དེ་དག་དྲས་ཤིང་དྲུབས་ཏེ་བྱིན་གྱིས་བརླབ་པར་བཅོམ་ལྡན་འདས་ཀྱིས་དགོངས་སོ་ཞེས་འདུ་ལ་བ་འཛིན་པ་དག་གི་མན་ངག་ལས་ཤེས་པར་བྱའོ། །འོ་ན་དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པ་དང་ཇི་ལྟར་མི་འགའ་ཞེ་ན། དེ་ནི་གཞུང་ལས་བཙུན་པ་ཆོས་གོས་མ་དྲས་པ་ལས་བྱིན་གྱིས་བརླབ་ཏུ་རུང་ངམ་ཉེ་བ་འཁོར་མི་རུང་སྟེ། རྐྱེན་དེ་ལྟ་བུ་དག་ཡོད་ན་མི་རུང་ངོ་ཞེས་གསུངས་པ་ལས་ཁོང་དུ་ཆུད་པར་བྱ་སྟེ། རྫོགས་པར་བསྙེན་པར་འདོད་པ་ལ་བརྟད་པའི་རྐྱེན་བྱུང་ངམ། དགེ་སློང་གིས་གོས་ཕྲོགས་སམ། གོས་བརླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་བའི་རྐྱེན་དེ་ལྟ་བུ་དག་ཡོད་ན་སྣམ་སྦྱར་ཡང་མ་དྲས་པ་ལ་བྱིན་གྱིས་བརླབ་པར་གནང་ལ། རྐྱེན་དེ་ལྟ་བུ་དག་མེད་ན་སྣམ་སྦྱར་ནི་མ་དྲས་པ་ལ་བྱིན་གྱིས་བརླབ་ཏུ་མི་གནང་ངོ༌། །བླ་གོས་དང་མཐང་གོས་ནི་དྲས་ཤིང་དྲུབས་པ་དག་མེད་ན་རྐྱེན་དེ་ལྟ་བུ་དག་ཡོད་ཀྱང་རུང་མེད་ཀྱང་རུང་མ་དྲས་པ་ལ་བྱིན་གྱིས་བརླབ་ཏུ་རུང་ངོ༌། །ལུང་ལས་ཀྱང་ཆོས་གོས་ཞེས་བྱ་བ་ནི་སྣམ་སྦྱར་ཡིན་པར་གསུངས་ཏེ། དེ་ལྟར་ཡང་མ་མེ་ལས་ཉེ་བ་འཁོར་གྱིས་ཞུས་པ་ལས་བཅོམ་ལྡན་འདས་ཀྱིས་སྣམ་སྦྱར་ནི་ངེས་པར་དྲས་ཏེའོ། །བླ་གོས་དང་མཐོང་གོས་ནི་ངེས་པ་མེད་དོ་ཞེས་གསུངས་སོ། །འདུལ་བའི་ཚིག་ལེའུར་བྱས་པ་བྱེད་ཀྱང་སྣམ་སྦྱར་ངེས་པར་དྲས་ཏེ་བཅང༌། གཞན་དག་མ་ངེས་
གང་གི་ཕྱིར། །འདོད་ཆུང་གང་གི་ཆོས་གོས་ཀྱི། །ལས་ཀྱིས་སྡུག་བསྔལ་འགྱུར་ཕྱིར་རོ། །ཞེས་སྨྲས་སོ། །དེ་དག་གི་ཚང་ཅི་ཙམ་ཞེ་ན། སྣམ་སྦྱར་དང་བླ་གོས་དང༌། མཐང་གོས་བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི་ཚད་གཅིག་སྟེ། ཞེང་དུ་ཁྲུ་གསུམ། ཆུར་ཁྲུ་ལྔའོ། །ཆུང་དུ་དག་གི་ཚད་ནི་ཞེད་དུ་ཁྲུ་ཕྱེད་དང་གསུམ་ཆུར་ཁྲུ་ཕྱེད་དང་ལྔའོ། །འབྲིང་རྣམས་ཀྱི་ཚད་ནི་ཆེ་ཆུང་གཉིས་ཀྱི་བར་མའོ། །ཡང་མཐང་གོས་ཀྱི་ཚད་ནི་ཞེད་དུ་ཁྲུ་དོ། །ཆུར་ཁྲུ་ལྔ་ཡང་ཡིན་ཞིང་ཞེང་དུ་ཁྲུ་དོ། ཆུར་ཁྲུ་བཞི་ཡང་ཡིན་འཁོར་གསུམ་ཁེབས་པ་ཉིད་ཀྱང་ཡིན་ནོ། །ཚལ་ལ་ཞེས་བྱ་བ་ནི་འདོད་ནའོ། །བར་ཆད་མ་བྱུང་ན་ཞེས་བྱ་བ་ནི་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་མེད་ནའོ། །སྣམ་ཕྲན་དགུ་པར་བགྱིས་ཏེ་ཞེས་བྱ་བ་ནི་ཚལ་བུ་དགུ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། འདིར་སྣམ་ཕྲན་ཞེས་བྱ་བའི་སྒྲ་ནི་ཚལ་བུ་ལ་བྱའི། གླེགས་བུ་དང་གླེགས་བུ་ཕྱེད་ལ་ནི་མི་བྱའོ། །གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ་ཞེས་བྱ་བ་ནི་སྣམ་ཕྲན་དགུ་པ་ལ་གླེགས་བུ་ཕྱེད་དང་གསུམ་པར་བྱ་བའོ། །དེ་ནི་མཚོན་པ་ཙམ་དུ་ཟང་དེ་སྣམ་སྦྱར་གྱི་སྣམ་ཕྲན་དག་ནི་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དེ་ཟུང་མ་གཏོགས་སོ། །དེ་ཡན་ཆད་ནི་ཚེམས་བུའོ། །སྣམ་ཕྲན་དེ་དག་ལ་གླེགས་བུ་དང་གླེགས་བུ་བྱེད་ཇི་ལྟར་རྣམ་པར་གཞག་ཅེ་ན། དང་པོ་གསུམ་ལ་ནི་དེ་དག་གི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ། །གཉིས་པ་ལ་ནི་གླེགས་བུ་བྱེད་དང་བཞི་པ་ཉིད་དོ། །གསུམ་པ་ལ་ནི་གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ། །བཀྲུའོ་ཞེས་བྱ་བ་ནི་བཀྲུ་བཤལ་བྱ་བའོ། །བརྐྱང་ངོ་ཞེས་བྱ་བ་ནི་གདིང་བར་བྱ་བའོ། །དྲའོ་ཞེས་བྱ་བ་ནི་གཉིས་སུ་གཅད་པར་བྱ་བའོ། །བསྡེབ་པོ་ཞེས་བྱ་བ་ནི་དྲས་པ་ཕན་ཚུན་སྦྱར་བར་བྱ་བའོ། །གཟུངས་གདབ་བོ་ཞེས་བྱ་བ་ནི་བསྡེབ་པ་སྐུད་པས་གཟུངས་གདབ་པར་བྱ་བའོ། །དྲུབ་པོ་ཞེས་བྱ་བ་ནི་གཟུངས་བཏབ་པ་བཙེམ་པར་བྱ་བའོ། །ཁ་བསྒྱུར་རོ་ཞེས་བྱ་བ་ནི་ཁ་བསྒྱུར་བ་གསུམ་པོ་སྔོན་པོ་འམ། དམར་པོ་འམ། ངུར་སྨྲིག་ལས་གང་ཡང་རུང་བར་ཁ་བསྒྱུར་བར་བྱ་བའོ། །ཡང་ན་འདི་ལྷན་ཐབས་སུ་གླན་ནོ་ཞེས་བྱ་བ་ནི་ཆོས་གོས་མ་དྲས་པ་འདིའི་སྟེང་དུ་གཞན་གྱི་
སྣམ་ཕྲན་དང༌། གླེགས་བུ་དང༌། གླེགས་བུ་ཕྱེད་ཀྱིས་ལྷན་ཐབས་སུ་གླན་པར་བྱའོ། །ཡང་ན་གལ་ཏེ་ལྡང་ན་གོས་དེ་ཉིད་ལ་དྲས་ཏེ་སྣམ་ཕྲན་དང༌། གླེགས་བུར་སྦྱར་བར་བྱའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱི་སྟེ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཆོས་གོས་གཞན་རྙེད་ན་འདི་གང་ལས་རེ་ཞིག་གཡར་པོར་བླངས་པ་དེ་ལ་ཕྱིར་སྦྱིན་པར་བྱ་བ་ལ་སོགས་པའོ། །སྣམ་ཕྲན་བདུན་པར་བགྱིས་ཏེ་གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ་ཞེས་བྱ་བ་ནི་བླ་གོས་སོ། །སྣམ་ཕྲན་ལྔ་པར་བགྱིས་ཏེ་གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ་ཞེས་བྱ་བ་ནི་མཐང་གོས་སོ། །དེ་གཉིས་ནི་ཆོས་གོས་བྱིན་གྱིས་བརླབ་པའི་སྔགས་འདི་ལས་ཤེས་པར་བྱའི། བཅོམ་ལྡན་འདས་ཀྱི་བླ་གོས་དང་མཐང་གོས་གཉིས་ཀྱིས་སྣམ་ཕྲན་གྱི་ཚད་ནི་སྣམ་སྦྱར་ཚད་ལྟང་གང་དུ་ཡང་བཀའ་མ་སྩལ་ཏོ། །ཆོས་གོས་ཀྱི་སྔགས་དབྱུང་བ་ཡང་འགྲེང་བའི་མདུན་དུ་འགྲེང་སྟེ། གཉིས་ཀས་ལག་པས་བཟུང་ནས་དབྱུང་བར་བྱའོ། །ཆོས་གོས་བྱིན་གྱིས་བརླབ་པ་དང་དབྱུང་བ་ནི་ཆོས་གོས་ཉེ་བར་གནས་ན་དགེ་སློང་ཉེ་བར་མི་གནས་ཀྱང་རང་གི་ཡིད་ཀྱིས་རྣམ་པར་བརྟག་པས་ཀྱང་བྱར་རུང་ངོ༌། །ཆོས་གོས་དབྱུང་བ་ལ་ནི་ཆོས་གོས་ཉེ་བར་མི་གནས་ཀྱང་དབྱུང་བ་འགྲུབ་པ་ཁོ་ནར་འགྱུར་རོ། །དེ་ལྟར་ཆོས་གོས་བྱིན་གྱིས་བརླབས་ཏེ་བསྐོན་ནས་དེར་འདུས་པའི་དགེ་འདུན་ལ་ཕྱག་འཚལ་དུ་གཞུག་པ་དེའི་འོག་ཏུ་དེའི་ལྷུང་བཟེད་བསྟན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །བཙུན་པ་འམ་ཚེ་དང་ལྡན་པ་ཞེས་བྱ་བ་ནི་གལ་ཏེ་རྒན་ན་བཙུན་པ་ཞེས་བོད་ཅིང༌། གཞོན་ན་ཚེ་དང་ལྡན་པ་ཞེས་བོད་པ་ཡིན་གྱི། འདིར་གཉིས་ཀ་བརྗོད་པར་བྱ་བ་མ་ཡིན་ནོ། །དགེ་འདུན་ལ་ལྷུང་བཟེད་བསྟན་པ་ཅིའི་ཕྱིར་ཞེ་ན་དེའི་ཕྱིར་མི་ཆུང་ངམ་ཞེས་བྱ་བ་ལ་སོགས་པ་དྲི་བའི་ཕྱིར་ཏེ། བྱིན་གྱིས་བརླབ་ཏུ་རུང་བའི་ལྷུང་བཟེད་གསུམ་ལས་མི་ཆུང་ངམ་ཞེས་བྱ་བ་ནི་མི་དམན་ནམ་ཞེས་བྱ་བའི་ཐ་ཚིག་གོ །མི་ཆེའམ་ཞེས་བྱ་བ་ནི་ཚད་གསུམ་པ་དག་ལས་བོང་ཚོད་མ་ལྷག་གམ་ཞེས་བྱ་བའོ། །མི་སྐྱའམ་ཞེས་བྱ་བ་ནི་ལྷུང་བཟེད་དཀར་པོར་མི་འགྱུར་ཏམ་ཞེས་བྱ་བའོ། །བྱིན་གྱིས་བརླབ་ཏུ་རུང་བའི་ལྷུང་བཟེད་ཆེ་ཆུང་གསུམ་གྱི་ཆད་ཇི་ཙམ་ཞེ་ན། དགེ་སློང་གི་ལྷུང་
བཟེད་ཀྱི་ཆེ་ཚད་བྱིན་གྱིས་བརླབ་ཏུ་རུང་བ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་ཡུལ་མ་ག་དྷཱའི་བྲེའུ་ཆུང་དོ་བཙོས་པའི་ཆན་དེའི་རྐྱེན་གྱི་ཚོད་མ་གང་ཡང་རུང་བ་དང་བཅས་པ་བླུགས་ན་མཐེ་བོའི་ལྟོ་གང་གིས་མ་གང་པ་ཡིན་ནོ། །ལྷུང་བཟེད་ཆུང་ཚད་ནི་དེའི་ཕྱེད་བླུགས་ན་མཐེ་བོའི་ལྟོ་གང་གིས་མ་གང་བ་ཡིན་ནོ། །ལྷུང་བཟེད་འབྲིང་ཚད་ནི་དེ་ཉིད་ཀྱི་བར་ཡང་རུང་བ་ཤོང་བའོ། །འབྲས་ཐུག་པོ་ཆེ་དྲུས་པ་སྐམ་ཡུལ་མ་ག་དྷཱའི་བྲེའུ་ཆུང་གང་ལ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་ཡུལ་མ་ག་དྷཱའི་སྲང་བཅུ་དྲུག་སྟེ། ཡུལ་མ་ག་དྷཱ་པའི་སྲང་གཅིག་ལ་བོད་ཀྱི་སྲང་གཉིས་ཡོད་དོ། །དེ་ལྟར་ན་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་ཡུལ་མ་ག་དྷཱ་པའི་བྲེའུ་ཆུང་གང་ལ་བོད་ཀྱིས་སྲང་ཚད་དུ་བརྩི་ན་ནི་སྲང་སུམ་ཅུ་རྩ་གཉིས་ཡོད་དོ། །ཕུལ་ཚད་དུ་བརྩི་ན་ནི་བདུན་ཕུལ་དོ་དང་ཁྱོར་གང་ཡོད་དོ། །མ་ག་དྷཱའི་བྲེའུ་ཆུང་དོ་ལ་ནི་དེའི་གཉིས་འགྱུར་ཡོད་དོ། །མཐེ་བོའི་ལྟོ་གང་ཞེས་བྱ་བ་ནི་མཐེ་བོའི་སོར་གཅིག་སྟེ། མཐེ་བོའི་ཚེགས་དང་པོའི་ཕྱོགས་གཅིག་ནས་བརྩམས་ཏེ། ཚིགས་དེ་ཉིད་ཀྱིས་ཕྱོགས་གཅིག་གི་བར་དུ་ལྟོ་རོལ་ནས་གཞལ་བ་ནི་མཐེ་བོའི་ལྟོ་གང་ཞེས་བྱ་སྟེ། དེ་ནི་མཐེ་བོའི་སོར་གཅིག་ཡིན་ནོ། །ལྷུང་བཟེད་བསྟན་པའི་འོག་ཏུ་དགེ་སློང་དེ་དག་གིས་ཇི་སྐད་བརྗོད་པར་བྱ་ཞེ་ན། དེའི་ཕྱིར་དགེ་སློང་ཐམས་ཅད་ཀྱིས་ཀྱང་ལྷུང་བཟེད་དེ་ལྟ་བུ་ཉིད་མ་ཡིན་ན་རེ་རེ་ནས་ལྷུང་བཟེད་བཟང་ངོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། ལྷུང་བཟེད་དེ་ལྟ་བུ་ཉིད་མ་ཡིན་ན་ཞེས་བྱ་བ་ནི་ཆུང་བ་དང༌། ཆེ་བ་དང༌། སྐྱ་བ་ལྟ་བུའི་སྐྱོན་ཅན་མ་ཡིན་ནོ། །རེ་རེ་ནས་ཞེས་བྱ་བ་ནི་ལྷུང་བཟེད་སྟོན་པའི་དགེ་སློང་གིས་དེར་འདུས་པའི་དགེ་སློང་རེ་རེའི་མདུན་དུ་དེ་སྐད་དྲིས་པ་ན་དགེ་སློང་དེ་དག་གིས་ཀྱང་རེ་རེ་ནས་འཕྲལ་འཕྲལ་ལ་ལན་འདི་སྐད་བརྗོད་པར་བྱའོ། །ལྷུང་བཟེད་བཟང་ངོ་ཞེས་བྱ་བ་ནི་མཛེས་པ་སྟེ། བྱིན་གྱིས་བརླབ་ཏུ་ཟུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ལྷུང་བཟེད་བསྟན་པའི་འོག་ཏུ་མཁན་པོས་ཇི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་མཁན་པོ་རང་གིས་དེ་ལ་ལྷུང་བཟེད་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་གསུངས་སོ། །གཉིས་ཀ་འགྲེང་སྟེ་ལག་པ་གཡོན་པར་ལྷུང་བཟེད་བཞག་ལ་ལག་པ་གཡས་
པས་བཀབ་ནས་ཞེས་བྱ་བ་ནི་ལྷུང་བཟེད་དང་སྨན་བྱིན་གྱིས་བརླབ་པ་ནི་འགྲེང་བའི་མདུན་དུ་འགྲེང་བ་ལ། ལག་པ་གཡོན་པར་བཞག་སྟེ་ལག་པ་གཡས་པས་བཀབ་ནས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །སྨན་གྱི་སྔགས་དབྱུང་བ་ནི་དེའི་རྗེས་སུ་འབྲང་བས་ཆོ་ག་འདི་བཞིན་དུ་བྱ་བར་ཤེས་བར་བྱའོ། །ལྷུང་བཟེད་ཀྱི་སྔགས་དབྱུང་བ་ནི་ལག་པས་སྟེང་ནས་གཡོགས་པ་བཏང་སྟེ། ལག་པ་ཡ་རེས་ཁ་ནས་བཟུང་སྟེ་བྱའོ། །གསེར་དངུལ་ལ་སོགས་པ་རེག་པར་བྱ་བ་མ་ཡིན་པ་ཉིད་ལ་ནི་མདུན་དུ་བཞག་སྟེ་བྱིན་གྱིས་བརླབ་པར་བྱའོ། །ཟས་ལ་སྤྱད་པར་འོས་པ་ཞེས་བྱ་བ་ནི་ཟས་ཀྱི་བྱ་བ་ལ་སྤྱད་བཟོད་པའོ། །དྲང་སྲོང་གི་སྣོད་ཅེས་བྱ་བ་ནི་དྲང་སྲོང་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། རང་སངས་རྒྱས་དང༌། ཉན་ཐོས་རྣམས་ཀྱི་སྣོད་ཡིན་པའོ། །བླང་བའི་སྣོད་དུ་ཞེས་བྱ་བ་ནི་ཟས་བླང་བའི་ཆེད་དུའོ། །ལྷུང་བཟེད་བྱིན་གྱིས་བརླབས་པའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་རྫོགས་པར་བསྙེན་པར་བྱ་བ་དེ་ཐོས་པའི་ཉེན་ཁོར་ནས་བཀར་ཏེ་མཐོང་བའི་ཉེན་ཁོར་དུ་ཐལ་མོ་སྦྱོར་དུ་བཅུག་ནས་ཚོགས་ལ་མངོན་དུ་ཕྱོགས་པར་གཞག་པར་བྱའོ་ཞེས་བྱ་བ་གསུངས་ཏེ། ཐོས་པའི་ཉེན་ཁོར་ནས་བཀར་ཏེ་ཞེས་བྱ་བ་ནི་དཀྱིལ་འཁོར་པའི་གནས་ནས་ཕྱིར་ཕྱུང་ནས་ཏེ། ཐག་ཇི་སྲིད་དུ་བཀར་བར་བྱ་ཞེ་ན། གསང་སྟེ་སྟོན་པའི་ཕྱིར་ལས་གང་བྱེད་པ་དེ་མི་ཐོས་པ་དེ་སྲིད་དུ་བཀར་བར་བྱའི། དཀྱིལ་འཁོར་པའི་མཚམས་ཀྱི་ཕྱི་རོལ་དུ་བཟླ་བར་མི་བྱའོ། །མཐོང་བའི་ཉེན་ཁོར་དུ་ཞེས་བྱ་བ་ནི་གང་དུ་དགེ་སློང་རྣམས་ཀྱི་མིག་གི་རྣམ་པར་ཤེས་པ་མ་ཉམས་པ་སྐྱེ་བར་འགྱུར་རོ། །ཐལ་མོ་སྦྱར་དུ་བཅུག་ནས་ཞེས་བྱ་བ་ནི་ཐལ་མོ་སྦྱར་བར་བྱེད་དུ་བཅུག་ནས་སོ། །ཚོགས་ལ་མངོན་དུ་ཕྱོགས་པར་ཞེས་བྱ་བ་ནི་གང་ནས་དེས་དཀྱིལ་འཁོར་པའི་དགེ་སློང་རྣམས་མཐོང་བ་ནས་དགེ་འདུན་གྱི་ཚོགས་དེ་ལ་ཁ་ཚུར་བསྟན་ཏེའོ་།གཞག་པར་བྱའོ་ཞེས་བྱ་བ་ནི་དེ་ལྟ་བུའི་སྤྱོད་ལམ་གྱིས་འགྲེང་སྟེ་འདུད་པ་དང་བཅས་པས་གཞག་པར་བྱའོ། །དེ་ནི་སེམས་དང་བ་བསྐྱེད་པར་བྱ་བའི་ཕྱིར་དང༌། ལས་ཐོས་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་
པས་གསང་སྟེ་སྟོན་པའི་དགེ་སློང་ལས་གཞུང་ལས་འབྱུང་བའི་སྔགས་ཀྱིས་གང་ཡིན་ཞེས་དྲི་བར་བྱའོ། །དེའི་འོག་ཏུ་གསང་སྟེ་སྟོན་པ་གང་ཡིན་པ་དེས་བདག་མིང་འདི་ཞེས་བྱའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསང་སྟེ་སྟོན་པའི་དགེ་སློང་ལས་གཞུང་ལས་འབྱུང་བའི་སྔགས་ཀྱིས་སྤྲོ་འམ་ཞེས་སྤྲོ་བར་བྱའོ། །དེའི་འོག་ཏུ་གསང་སྟེ་སྟོན་པ་ངེས་ཀྱང་གལ་ཏེ་བདག་ཉིད་སྤྲོ་ན་སྤྲོའོ་ཞེས་བརྗོད་པར་བྱའོ། །དེ་དང་དེ་ལྟར་བྱས་ནས་དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསང་སྟེ་སྟོན་པ་དེ་དགེ་འདུན་ལས་གསོལ་བ་བྱ་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱའོ། །གསོལ་བ་འབའ་ཞིག་གི་ལས་ཞེས་བྱ་བ་ནི་ལས་བརྒྱ་རྩ་གཅིག་ནི་ལས་གསུམ་གྱིས་བསྡུས་ཏེ། གསོལ་བ་འབའ་ཞིག་གི་ལས་དང༌། གསོལ་བ་དང་གཉིས་ཀྱི་ལས་དང༌། གསོལ་བ་དང་བཞིའི་ལས་ཀྱིས་སོ་ཞེས་གསུངས་པ་ལས། གང་ལ་ལས་བརྗོད་པ་མེད་ཅིང་དགེ་འདུན་ལ་གོ་བར་བྱ་བ་འབའ་ཞིག་ཡོད་པ་དེ་ནི་གསོལ་བ་འབའ་ཞིག་གི་ལས་ཞེས་བྱའོ། །འདུག་པ་ཞེས་བྱ་བ་ནི་ལས་ནི་འདུག་པ་ཉིད་ཀྱིས་བྱའོ་ཞེས་གསུངས་པའི་ཕྱིར་ཏེ། གསོལ་བ་དང༌། གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་ཐམས་ཅད་ནི་འདུག་པ་ཉིད་ཀྱིས་བྱའོ། །སྤྱོད་ལམ་བཞིས་མི་བྱ་བས་དེའི་ཕྱིར་འདུག་ལ་ཞེས་བྱ་བ་གསུངས་ཏེ། ལས་གཞན་གྱི་སྐབས་ཐམས་ཅད་དུ་ཡང་ལས་ནི་འདུག་པ་ཉིད་ཀྱི་བྱ་བར་ཤེས་པར་བྱའོ། །དགེ་འདུན་ལ་གསོལ་བའི་འོག་ཏུ་གསང་སྟེ་སྟོན་པས་རྫོགས་པར་བསྙེན་པར་བྱ་བ་དེ་ལྐོག་ཏུ་རྗེས་སུ་བསྟན་པར་བྱ་སྟེ། དེའི་ཕྱིར་དེའི་འོག་ཏུ་གསང་སྟེ་སྟོན་པའི་དགེ་སློང་གིས་དཀྱིལ་འཁོར་པའི་ཕྱི་རོལ་དུ་སོང་སྟེ། རྫོགས་པར་བསྙེན་པར་བྱ་བ་དེ་དག་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ་ཐལ་མོ་སྦྱོར་དུ་བཅུག་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདེན་པའི་དུས་ཞེས་བྱ་བ་ནི་བདེན་པའི་དུས་ཏེ། ད་བདེན་པར་སྨྲོས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །བྱུང་བའི་དུས་ཞེས་བྱ་བ་ནི་བྱུང་བའི་མཐའི་གང་ཡིན་པ་དེ་དག་
སྨྲ་བའི་དུས་ཡིན་ཞེས་བྱ་བའི་ཐ་ཚིག་གོ །མ་འཛེམ་པར་བྱོས་ལ་ཞེས་བྱ་བ་ནི་མི་འཇིགས་པར་གྱོས་ལ་ཞེས་བྱ་བའོ། །སྨོས་ཤིག་ཅེས་བྱ་བ་ནི་ཁས་ལོང་ཤིག་ཅེས་བྱ་བའོ། །ལན་ཐོབ་ཅིག་ཅེས་བྱ་བ་ནི་སྤོངས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་ན་ཡིན་པ་ལའང་ཡིན་ཞེས་ཁས་ལོང་ཤིག་།མ་ཡིན་པ་ལ་ཡང་མ་ཡིན་ཞེས་སྤོངས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །ཁྱོད་སྐྱེས་པ་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་ནི་མགོ་གཅིག་པའི་ཚུལ་གྱིས་དྲིས་པ་ཡིན་པར་རིག་པར་བྱའོ། །སྐྱེས་པ་ལགས་ཞེས་བྱ་བ་ལ་སོགས་པ་ནི་འདུད་པའི་ཚུལ་གྱིས་ལན་གདབ་པ་ཡིན་པར་རིག་པར་བྱའོ། །བྲན་ཞེས་བྱ་བ་ནི་ཁྱིམ་ནས་སྐྱེས་པའོ། །བརྐུས་པ་ཞེས་བྱ་བ་ནི་གཞན་གྱི་རྒྱལ་སྲིད་ལས་གྱ་ཚོམ་དུ་མཐུས་བཀུག་པའོ། །རྙེད་བཙོན་ཞེས་བྱ་བ་ནི་གཏའི་ཚུལ་གྱིས་བྱིན་པའོ། །རྩོད་པ་ཅན་ཞེས་བྱ་བ་ནི་སྐྱིན་པོ་ལ་སོགས་པ་བླངས་ནས་ཕྱིས་འཚོ་བ་མ་ལུས་པ་ན་བྲན་ཉིད་དུ་བསྒོས་པའོ། །བཙོངས་པ་ཞེས་བྱ་བ་ནི་ཚོང་གིས་ཐོབ་པའོ། །རྒྱལ་པོས་བཀྲབས་པ་ཞེས་བྱ་བ་ནི་བློན་པོའི་མཆོག་གམ་རུང་བའོ། །རྒྱལ་པོ་ལ་སྡིགས་པ་ཞེས་བྱ་བ་ནི་དགྲ་ཉིད་གནས་པའོ། །རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་ཞེས་བྱ་བ་ནི་རྒྱལ་པོ་ལ་གནོད་པ་བྱེད་པའི་ཕྱིར་འཇུག་པའོ། བྱས་སས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བྱེད་དུ་བཅུག་པ་ཞེས་བྱ་བ་ནི་གཞན་ནོ། །ཆོམ་རྐུན་པར་གྲགས་པ་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ལ་ཆོམ་རྐུན་པར་གྲགས་པ་སྟེ་རྒྱལ་མཚན་བཙུགས་པ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ །ཟ་མ་ཞེས་བྱ་བ་ནི་རླིག་པ་ཕྱུང་བའི་ཉེས་པས་མཐུ་ཉམས་པའམ་ས་བོན་མེད་པའོ། །མ་ནིང་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། སྐྱེས་ནས་མ་ནིང་དང༌། ཟླ་བ་ཕྱེད་བའི་མ་ནིང་དང༌། འཁྱུད་ནས་ལྡང་བའི་མ་ནིང་དང༌། ཕྲག་དོག་ཅན་གྱི་མ་ནིང་དང༌། ཉམས་པའི་མ་ནིང་ངོ༌། །དེ་ལ་སྐྱེས་པའི་མ་ནིང་ཞེས་བྱ་བ་ནི་སྐྱེས་པའི་ཚེ་ཉིད་ནས་ཕོའི་དབང་པོ་ཡོད་པའི་ཕྱིར་བུད་མེད་ཉིད་ཀྱང་མ་ཡིན་ལ། མོའི་དབང་པོ་ཡོད་པའི་ཕྱིར་སྐྱེས་པ་ཉིད་ཀྱང་མ་ཡིན་པ་སྟེ། འཇིག་རྟེན་ན་མཚན་གཉིས་པ་ཞེས་བྱ་བ་གང་ཡིན་པའོ། །ཟླ་བ་ཕྱེད་པའི་མ་ནིང་ཞེས་བྱ་བ་གང་ཡིན་པ་ནི་ཞག་བཅོ་ལྔ་ནི་བུད་མེད་ཀྱི་འདོད་ཆགས་ཀྱིས་གནོད་པར་
འགྱུར་ལ། ཞག་བཅོ་ལྔ་ནི་སྐྱེས་པའི་འདོད་ཆགས་ཀྱིས་གནོད་པར་འགྱུར་བ་གང་ཡིན་པའོ། །འཁྱུད་ནས་ལྡང་བའི་མ་ནིང་ཞེས་བ་བ་ནི་སྐྱེས་པ་གཞན་གྱིས་བརྩལ་བ་ན་དབང་པོ་ལས་སུ་རུང་བ་ལྡང་བར་འགྱུར་བ་འམ་བུད་མེད་ལ་སོགས་པས་བརྩལ་བ་ན་དབང་པོ་ལས་སུ་རུང་བ་ལྡང་བར་གྱུར་པ་གང་ཡིན་པའོ། །ཕྲག་དོག་ཅན་གྱི་མ་ནིང་ཞེས་བྱ་བ་ནི་གཞན་གྱིས་བརྩལ་བའི་བུད་མེད་ལ་སོགས་པ་མཐོང་བ་དེའི་ཚེ་ཁོ་ན་ཕྲག་དོག་གིས་དབང་པོ་ལས་སུ་རུང་བར་འགྱུར་བ། གཞན་གྱི་ཚེ་ནི་མི་འགྱུར་བ་གང་ཡིན་པའོ། །ཉམས་པའི་མ་ནིང་ཞེས་བྱ་བ་ནི་ཕོའི་དབང་པོ་བཅད་པ་ལ་སོགས་པས་ཉམས་པར་འགྱུར་བ་གང་ཡིན་པའོ། །དགེ་སློང་མ་སུན་ཕྱུང་ཞེས་བྱ་བ་ཉིད་གེ་སློང་མ་ཕམ་པར་འགྱུར་བ་མ་བྱུང་བ་ལ་མི་ཚངས་པར་སྤྱད་པས་སུན་ཕྱུང་བའོ། །རྐུ་ཐབས་སུ་གནས་པ་ཞེས་བྱ་བ་ནི་བདག་ཉིད་རྫོགས་པར་བསྙེན་པའི་ཆོ་ག་མ་བྱས་པ་ཉིད་དམ་མ་ཆགས་པ་ཉིད་དུ་ཤེས་ལ། ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བ་ཉིད་གང་ཡིན་པའོ། །ཐ་དད་དུ་གནས་པ་ཞེས་བྱ་བ་ནི་གནས་ནས་ཕྱུང་བའི་ལས་བྱས་པའམ། །ལྷས་སྦྱིན་ལྟ་བུ་ཆོས་མ་ཡིན་པ་ལ་དམིགས་པའི་བློ་དང་ལྡན་པའོ། །གནས་པར་མི་བྱ་ཞེས་བྱ་བ་ནི་ཉམས་པའོ། །མུ་སྟེགས་ཅན་ཞེས་བྱ་བ་ནི་ལྟ་བ་གཞན་དང་ལྡན་པའོ། །མུ་སྟེགས་ཅན་ཞུགས་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་གང་གིས་རབ་ཏུ་འབྱུང་བ་འདི་ཡང་དག་པར་བླངས་ལ་མུ་སྟེགས་ཅན་གྱི་ལྟ་བ་དང་ལྡན་ཞིང༌། ཆོས་གོས་འདི་བོར་ཏེ་མུ་སྟེགས་ཅན་གྱི་རྒྱལ་མཚན་དེས་མུ་སྟེགས་ཅན་གྱི་གནས་སུ་སྐྱ་རེངས་ཤར་བ་དང༌། མུ་སྟེགས་ཅན་གང་གིས་རབ་ཏུ་འབྱུང་བ་འདི་ཡང་དག་པར་བླངས་ལ་མུ་སྟེགས་ཅན་གྱི་ལྟ་བ་དེ་དང་ལྡན་ཞིང་ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ཉམས་པར་འགྱུར་བ་གང་ཡིན་པའོ། །ཕ་བསད་པ་ཞེས་བྱ་བ་ནི་ཕ་མིའི་འགྲོ་བར་སྐྱེས་པ་བསད་པའོ། །མ་བསད་པ་ཞེས་བྱ་བ་ཡང་མ་མིའི་འགྲོ་བར་སྐྱེས་པ་བསད་པའོ། །དགྲ་བཅོམ་པ་བསད་པ་ཞེས་བྱ་བ་ནི་མི་སློབ་པ་བསད་པའོ། །དགེ་འདུན་གྱི་དབྱེན་བྱས་པ་ཞེས་བྱ་བ་ནི་སྟོན་པ་དང་ལས་དབྱེ་བར་འདོད་པས་དགེ་སློང་བརྒྱད་ལ་སོགས་པ་ཁ་
གཉིས་སུ་ཕྱེ་བའོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་བསད་པའི་བསམ་པའི་ངན་སེམས་ཀྱིས་ཁྲག་ཕྱུང་བའོ། །སྤྲུལ་པ་ཞེས་བྱ་བ་ནི་ཀླུ་ལ་སོགས་པ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་མིའི་གཟུགས་སུ་འདུག་པའོ། །ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་ཞེས་བྱ་བ་ནི་བུ་ལོན་ནི་གཞལ་བར་བྱ་བ་ཡིན་པས་དེའི་ཕྱིར་བུ་ལོན་ཅན་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པའི་མི་བྱའོ། །བུ་ལོན་ཅན་ཐམས་ཅད་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱ་བ་ཡང་མ་ཡིན་ཏེ། འདི་ལྟར་གལ་ཏེ་རྫོགས་པར་བསྙེན་ནས་འཇལ་ནུས་སོ་ཞེས་ཟེར་ན་དེ་རབ་ཏུ་བྱུང་བ་དང་རྫོགས་པར་བསྙེན་པར་བྱའོ། །སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ་ཞེས་བྱ་བ་ནི་དེ་ལྟར་ཁྱིམ་པ་ལས་རབ་ཏུ་བྱུང་བར་གསོལ་བ་དང༌། དགེ་ཚུལ་ལས་རྫོགས་པར་བསྙེན་པར་གསོལ་བ་དེའི་སྔོན་རོལ་ན་ཁྱིམ་པར་གྱུར་པ་དེའི་སྔོན་རོལ་དུ་ལན་འགའ་རབ་ཏུ་བྱུང་བ་མ་ཡིན་ཞེས་དྲི་བ་སྟེ། སྐྱེས་པ་ནི་ལན་བདུན་རབ་ཏུ་འབྱུང་བར་གནང་བའི་ཕྱིར་རོ། །ཁྱོད་ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ་ཞེས་བྱ་བ་ནི་སྔོན་ཁྱིམ་པའི་མདུན་རོལ་དུ་རབ་ཏུ་འབྱུང་བ་དེའི་ཚེ་ན་ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་མ་བྱུང་ངམ་ཞེས་དྲི་བ་ཡིན་ནོ། གང་ཡང་རུང་བ་གཅིག་ཅེས་སྨོས་པ་ནི་གཅིག་གིས་ཀྱང་སྐྱེ་བའི་ཆོས་ཉིད་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབབས་པ་ན་བསླབ་པ་ལེགས་པར་ཕུལ་ལམ་ཞེས་བྱ་བ་ནི་སྔོན་རབ་ཏུ་བྱུང་བ་ལས་བར་དུ་ཁྱིམ་པར་བབས་པ་ན་དགེ་སློང་རང་བཞིན་དུ་གནས་པ་ལ་སོགས་པ་ལ་བསླབ་པ་ལེགས་པར་ཕུལ་བའམ་ཞེས་དྲི་བར་བྱའོ། །ཇི་ལྟར་ཁྱོད་དེ་ལྟར་རབ་ཏུ་བྱུང་བ་ཡིན་ནམ་ཞེས་བྱ་བ་ནི་ཁྱོད་ད་ལྟར་རྫོགས་པར་བསྙེན་པར་གསོལ་བའི་འདིའི་མདུན་དུ་མཁན་པོ་ལས་ཆོ་བཞིན་རབ་ཏུ་འབྱུང་ཞིང་སློབ་དཔོན་ལས་དགེ་ཚུལ་གྱི་སྡོམ་པ་བླངས་པ་ཡིན་ནམ་ཞེས་དྲི་བའོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་བསླབ་པ་དག་གོ །ལེགས་པར་སྤྱད་དམ་ཞེས་བྱ་བ་ནི་ལེགས་པར་སྤྱད་པར་བྱས་སམ་ཞེས་བྱ་བའོ། །དོན་གྱི་སླད་དུ་ཞེས་བྱ་བ་ནི་དགོས་པའི་དབང་གིས་སོ། །མཛེ་
ཞེས་བྱ་བ་ནི་འབྲུམ་བུ་རྡོལ་བ་རྣག་ཁྲག་འཛག་པའོ། །འབྲས་ཞེས་བྱ་བ་ནི་འབྲུམ་བུ་འབྲུ་ཆེན་པོ་དག་ཡོད་པའོ། །ཕོལ་མིག་ཅེས་བྱ་བ་ནི་འབྲུམ་བུ་འབྲུ་ཕྲ་མོ་དག་ཡོད་པའོ། །འབྲུམ་ཕྲན་ཞེས་བྱ་བ་ནི་འབྲུམ་བུ་ཕྲ་མོ་དག་ཡོད་པ་དེ་དག་གི་བར་བར་དུ་ཡང་རྡོལ་ཅིང་རྨ་བྱུང་བའོ། །ཤ་བཀྲ་ཞེས་བྱ་བ་ནི་ལུས་ཐམས་ཅད་ལ་ཁྲ་ཁྲ་བོར་ཡོད་པ་སྟེ། ཤ་གཟི་གུ་ཞེས་བྱ་བའི་ཐ་ཚིག་གོ །ཁྱི་རྡོ་ཞེས་བྱ་བ་ནི་གཡན་པ་སྟེ་རྣག་འཛག་པའི་ཕྱིར་རོ། །གཡའ་བ་ཞེས་བྱ་བ་ནི་གཡན་པའི་རྣམ་པ་ཉིད་དེ་རྣག་མི་འཛག་པའི་ཕྱིར་རོ། །ཀློག་པ་ཞེས་བྱ་བ་ནི་གཡའ་བ་ན་ཀློག་པ་ལྡང་བའོ། །རྐང་ཤུ་ཞེས་བྱ་བ་ནི་མེད་བལ་ལོ། །སྐེམ་ནད་ཅེས་བྱ་བ་ནི་ཁོང་སྐེམ་མོ། །སྐོམ་པ་ཞེས་བྱ་བ་ནི་སྐོམ་ནད་དོ། །བརྗེད་བྱེད་ཅེས་བྱ་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་འཁྲུགས་པ་ལས་དྲན་པ་ཉམས་པའི་བདག་ཉིད་ཀྱི་ནད་འབྱུང་བའམ། གདོན་གྱིས་བརླམས་པའི་རྣམ་པར་འགྱུར་བའོ། བཀྲེས་ངབ་ཅེས་བྱ་བ་ནི་བཀྲེས་པའི་ནད་དོ། །སྐྱ་རྦབ་ཅེས་བྱ་བ་ནི་ལུས་ཐམས་ཅད་ཀྱི་པགས་པའི་མདོག་སྐྱ་བའོ། རྐང་བམ་ཞེས་བྱ་བ་ནི་རྐང་པའི་ནད་དོ། །མཚན་བར་རྡོལ་ཞེས་བྱ་བ་ནི་བཤད་པ་དང་གཅི་བ་གཉིས་ལམ་གཅིག་ནས་འོད་བའོ། །རིམས་ཞེས་བྱ་བ་ནི་སྤྱིའི་རང་བཞིན་ཏེ་ནང་དུ་བག་ལ་ཞ་བའི་ཕྱིར་རོ། །རིམས་དྲག་པོ་ཞེས་བྱ་བ་ནི་རབ་ཏུ་གདུང་བའི་ཕྱིར་རོ། །རིམས་ཉིན་གཅིག་པ་ཞེས་བྱ་བ་ནི་རིམས་ཉི་མ་གཅིག་གིས་འབྱུང་བའོ། །ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་ཞེས་བྱ་བ་ནི་རིམས་ཉི་མ་གཅིག་དང༌། གཉིས་དང༌། གསུམ་དང༌། བཞི་དག་གིས་འབྱུང་བའོ། །འདུས་པ་ཞེས་བྱ་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་འཁྲུག་པའོ། །རིམས་ཉིན་རེ་བ་ཞེས་བྱ་བ་ནི་ཉི་མ་རེ་རེ་ལ་ལེན་རེ་རེ་འདེབས་པ་དང༌། འཚོ་བ་གཉིས་བྱེད་པའོ། །རྗེས་སུ་བསྟན་པའི་འོག་ཏུ་གསང་སྟེ་སྟོན་པས་རྫོགས་པར་བསྙེན་པར་བྱ་བ་དེ་ལ་ཁྱོད་མ་པོས་པར་དུ་མ་འོང་བར་སྡོད་ཅིག་ཅེས་བསྒོ་བར་བྱའོ།། །།བམ་པོ་བ་དུན་པ། དེ་ལྟར་གསང་སྟེ་བསྟན་ཞིང་བསྒོ་ནས་དགེ་འདུན་ལ་རྫོགས་པར་
བསྙེན་པར་བྱ་བ་དེའི་ཡོངས་སུ་དག་པ་གོ་བར་བྱ་བ་དང༌། འོང་བཞུ་བའི་ཕྱིར་དེའི་འོག་ཏུ་གསང་སྟེ་སྟོན་པའི་དགེ་སློང་གིས་རྒན་པའི་མཐའ་ལོགས་སུ་འགྲེང་སྟེ། འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒན་པའི་མཐའ་ལོགས་སུ་འགྲེང་སྟེ་འདུད་པ་དང་བཅས་པས་ཞེས་བྱ་བ་ནི་དགེ་འདུན་ལ་གཞན་གྱི་དོན་དུ་བརྗོད་པ་གང་ཡིན་པ་དེ་ནི་རྒན་པའི་མཐའ་ལོགས་སུ་འགྲེང་སྟེ་འདུད་པ་དང་བཅས་པས་བརྗོད་པར་བྱ་སྟེ་ཞེས་གསུངས་པའི་ཕྱིར་ཏེ། འདི་ལྟ་སྟེ་ཞུ་བ་དག་དང༌། འདུན་པ་ཡོངས་སུ་དག་པ་དང༌། བགག་དབྱེ་བརྗོད་པ་དགེ་འདུན་གྱི་ཕྱོགས་ལ་བྱ་བ་དང༌། དབྱར་གནས་པའི་དགེ་འདུན་གྱིས་དགག་དབྱེ་མཛད་ལགས་སོ་ཞེས་གོ་བར་བྱ་བ་དང༌། ཁྲིམས་སུ་བྱ་བ་བཟང་པོ་བརྗོད་པ་དང༌། རྩོད་པ་མི་བསྐྱེད་པ་ཉིད་དང༌། ཚུལ་ཤིང་གི་གྲངས་དང༌། གནས་མལ་ལ་ལོག་པར་ལོངས་སྤྱོད་པ་ཉིད་དགེ་འདུན་ལ་གོ་བར་བྱ་བ་དག་ནི་རྒན་པའི་མཐའ་ལོགས་སུ་འགྲེང་སྟེ་འདུད་པ་དང་བཅས་པས་བརྗོད་པར་བྱའོ། །གཞུང་ཁ་ཅིག་ལས་གསང་སྟེ་སྟོན་པ་ནི་ལམ་གྱི་དབུས་ནས་འགྲེང་སྟེ་འདུད་པ་དང་བཅས་པས་བརྗོད་པར་བྱའོ་ཞེས་ཀྱང་འབྱུང་སྟེ། དེ་ཡང་རུང་པ་ཉིད་ཡིན་པར་བལྟའོ། །དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན་ཞེས་བྱ་བས་ནི་རྫོགས་པར་བསྙེན་པར་བྱ་བ་དེའི་ཡོངས་སུ་དག་པར་དགེ་འདུན་ལ་གོ་བར་བྱ་བ་བསྟན་ཏོ། །ཅི་མཆི་ཞིག་གམ་ཞེས་བྱ་བས་ནི་རྫོགས་པར་བསྙེན་པར་བྱ་བ་དེའི་འོང་བ་དགེ་འདུན་ལ་ཞུ་བར་བྱ་བ་བསྟན་ཏོ། །འོང་བ་ཞུས་པའི་འོག་ཏུ་དགེ་འདུན་ཐམས་ཅད་ཀྱིས་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལ། ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ལན་མེད་པ་མ་ཡིན་པར་བསྟན་པའི་ཕྱིར་རོ། །གལ་ཏེ་ཡོངས་སུ་དག་ནའོ་ཞེས་བྱ་བ་ནི་གལ་ཏེ་རྫོགས་པར་བསྙེན་པར་བྱ་བདེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་ནའོ་ཞེས་བྱ་བའི་སྒྲ་ནི་བརྗོད་མ་ཐག་པའི་དེ་ཉིད་ལ་སྙེགས་པའི་དོན་དེ། དེ་ཁོ་ན་སྐད་བརྗོད་པར་བྱའི་ལྷག་མ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །བརྗོད་པར་བྱའོ་ཞེས་བྱ་བ་ནི་སྨྲ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །
དགེ་འདུན་ལ་ཡོངས་སུ་དག་པ་གོ་བར་བྱ་སྟེ། འོང་བར་གནང་བ་དེའི་འོག་ཏུ་དེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་རྫོགས་པར་བསྙེན་པར་བྱ་བ་དེ་ཉིད་དཀྱིལ་འཁོར་བར་བཀུག་ནས། རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་དུ་བཅུག་སྟེ་ཞེས་བྱ་བ་གསུངས་སོ། །གང་གི་ཚེ་དགེ་འདུན་གྱིས་གནང་སྟེ་རྫོགས་པར་བསྙེན་པར་བྱ་བ་དེ་དགེ་འདུན་གྱི་ནང་དུ་ཞུགས་པ་དེའི་ཚེ་ན། དགེ་སློང་ལས་བྱེད་པས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དགེ་སློང་ལས་བྱེད་པས་རྫོགས་པར་བསྙེན་པར་གསོལ་དུ་གཞུག་པར་བྱའོ་ཞེས་བྱ་བ་གསུངས་ཏེ། དགེ་སློང་ལས་བྱེད་པས་རྫོགས་པར་བསྙེན་པར་བྱ་བ་དེ་རྫོགས་པར་བསྙེན་པར་བྱ་བའི་དགེ་སློང་ལ་གསོལ་དུ་གཞུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དགེ་འདུན་བཙུན་པ་རྣམས་ཀྱིས་བདག་དྲང་བར་གསོལ་ཞེས་བྱ་བ་ནི་ཕྱག་བརྐྱང་བའི་ཚུལ་གྱིས་སམ་ཚུལ་ཁྲིམས་འཆལ་བའི་ཚོགས་གཅད་པའི་ཕྱིར་རོ། །བདག་རྗེས་སུ་གཟུང་དུ་གསོལ་ཞེས་བྱ་བ་ནི་སྔོན་སྔོམ་པ་མ་བྱིན་པའི་ཕྱིར་རོ། །བདག་ལ་རྗེས་སུ་བསྟན་དུ་གསོལ་ཞེས་བྱ་བ་ནི་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་རོ། །གསོལ་བའི་འོག་ཏུ་དགེ་སློང་ལས་བྱེད་པས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་དགེ་སློང་ལས་བྱེད་པས་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའི་གསོལ་བ་འབའ་ཞིག་གི་ལས་བྱའོ་ཞེས་བྱ་བ་གསུངས་ཏེ། དགེ་འདུན་གྱི་ནང་དུ་བདག་ཉིད་ཀྱིས་རྫོགས་པར་བསྙེན་པར་བྱ་བ་དེ་ལ་བར་ཆད་དྲི་བའི་ཕྱིར་དགེ་འདུན་ལ་གསོལ་བ་འབའ་ཞིག་གི་ལས་ཀྱིས་གོ་བར་བྱའོ། །ནང་དུ་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བ་འདི་ནི་རྫོགས་པར་བསྙེན་པར་བྱ་བའི་གང་ཟག་གིས་ཐོས་པར་བྱ་སྟེ། དེ་ལྟར་ཡང་ནང་དུ་དྲི་བའི་ཕྱིར་གསོལ་བ་ལ་སོགས་པ་ནི་རྫོགས་པར་བསྙེན་པར་བྱ་བས་ཐོས་པར་བྱའོ་ཞེས་གསུངས་སོ། །དེ་ནས་ལས་བྱེད་པའི་སློབ་དཔོན་གྱིས་དགེ་འདུན་གྱི་ནང་དུ་བར་ཆད་ཀྱི་ཆོས་རྣམས་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང༌། གསོལ་བ་དང་བཞིའི་ལས་ཀྱིས་རྫོགས་པར་བསྙེན་པར་བྱ་བའི་ལས་དེ་དག་ནི་རྫོགས་པར་བསྙེན་པར་བྱ་བའི་གང་ཟག་དེས་ཐོས་པ་དང་བཅས་པར་བྱའོ། །དེ་ལས་གཞན་པའི་ལས་ནི་
དེས་ཐོས་པར་མི་བྱའོ། །དེ་ལྟར་ནང་དུ་བར་ཆད་དྲི་བའི་གསོལ་བ་བྱས་ནས་དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་དགེ་སློང་ལས་བྱེད་པས་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བར་བྱའོ་ཞེས་བྱ་བ་གསུངས་སོ། །ཅི་གསང་སྟེ་བསྟན་པ་དང༌། ཆོ་ག་འདྲ་བའམ་ཞེ་ན། མི་འདྲ་སྟེ་ཞེས་དེའི་ཕྱིར་འདི་ལྟར་དྲི་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྫོགས་པར་བསྙེན་པར་བྱེད་པ་ན་གསང་སྟེ་བསྟན་པ་དང༌། ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབས་པ་མ་གཏོགས་པ་དེ་དག་ལས་གཞན་པའི་ལས་ཐམས་ཅད་མདུན་དུ་ཕ་གུའི་སྟེང་དུ་རྩྭ་བཏིང་པ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ་ཐལ་མོ་སྦྱོར་དུ་བཅུག་ནས་བྱ་བ་ཡིན་པར་གསུངས་སོ། །ནང་དུ་བར་ཆད་དྲིས་པའི་འོག་ཏུ་རྫོགས་པར་བསྙེན་པར་ཉེ་བར་བསྒྲུབ་པར་བྱ་བ་སྟེ་དེའི་ཕྱིར་དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསོལ་བ་བྱ་སྟེ་ལས་བྱའོ་ཞེས་བྱ་བ་གསུངས་སོ། །ལས་བྱེད་པས་རྫོགས་པར་བསྙེན་པར་བྱ་བ་དེ་གསོལ་བ་དང་བཞིའི་ལས་ཀྱིས་རྫོགས་པར་བསྙེན་པར་ཉེ་བར་བསྒྲུབ་པར་བྱ། ཡང་དག་པར་ཐོབ་པར་བྱ། རབ་ཏུ་གནས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ །དེའི་འོག་ཏུ་གྲིབ་ཚོད་གཞལ་བར་བྱའོ་ཞེས་བྱ་བ་ནི་རྫོགས་པར་བསྙེན་པར་ཉེ་བར་བསྒྲུབ་པ་དེའི་འོག་ཏུ་དགེ་སློང་གང་ཡང་རུང་བས་གྲིབ་མ་གཞལ་བར་བྱ་ཞིང་གྲིབ་མ་དེའི་ཚོད་རྫོགས་པར་བསྙེན་པའི་གང་ཟག་ལ་ད་ལྟ་གྲིབ་མ་འདི་ཙམ་དུ་གྱུར་ཏེ་ཞེས་རིག་པར་བྱའོ། །གཞལ་བ་དེ་ཡང་ཅི་ཞིག་གིས་བྱ་ཞེ་ན། དེའི་ཕྱིར་ཐུར་མ་སོར་བཞི་ཙམ་གྱིས་གཞལ་བར་བྱ་ཞེས་བྱ་བ་གསུངས་ཏེ། གྲིབ་མ་གཞལ་བ་དེ་ནི་ཐུར་མ་སོར་བཞིའི་ཚང་ཙམ་གྱིས་གཞལ་ན་མྱུར་ཞིང་སླ་བར་རིག་པར་བྱའོ། །རྐང་པ་ལ་སོགས་པས་ནི་བུལ་བར་འགྱུར་གྱིས་ཐུར་མས་ནི་མྱུར་ཏེ། དེའི་ཕྱིར་ཐུར་མས་བཅལ་ན་བཟང་གི་གཞན་གྱིས་ནི་མི་བཟང་ངོ༌། །གྲིབ་ཚོང་གཞལ་བ་དེ་ནེ་དགེ་སློང་གང་ཡང་རུང་བ་གཞན་གྱིས་བྱའི། །དགེ་སློང་ལས་བྱེད་པས་མི་བྱ་སྟེ། འདི་ལྟར་དེས་ནི་གནས་བརྗོད་པ་ལ་སོགས་པ་སྐབས་ལྷག་མ་དག་བྱ་དགོས་པས་སྟན་ལས་ལྡང་བར་མི་རིགས་པའི་
ཕྱིར་རོ། །མིང་མ་གྲགས་པ་གཞན་གྱི་ཐ་སྙད་བསྟན་པའི་ཕྱིར། ཐུར་མ་ཇི་ཙམ་ཡོད་པ་དེ་ཙམ་ལ་སྐྱེས་བུ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། ཐུར་མ་དེའི་ཐ་སྙད་ནི་སྐྱེས་བུ་ཞེས་བྱ་སྟེ། ཐུར་མས་གཞལ་བའི་གྲིབ་མ་ཐུར་དུ་བྱུང་བ་རེ་རེ་ལ་གྲིབ་ཚོད་སྐྱེས་བུ་རེ་རེ་ཞེས་བྱ། སོར་རེ་རེ་ཞིང་རྩ་བ་རེ་རེ་ཞེས་བརྗོད་པར་བྱའོ། །གྲིབ་ཚོད་འབའ་ཞིག་གཞལ་བར་བྱ་བ་མ་ཡིན་གྱི། གཞན་ཡང་དེའི་འོག་ཏུ་ཉིན་མཚན་གྱི་ཆ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ། ཉིན་མཚན་ཞེས་བྱ་བ་ནི་ཉིན་བར་དང་མཚན་མོའོ། །དེའི་ཆ་ནི་སྔ་དྲོ་དང་གུང་དང་ཕྱི་དྲོ་ཞེས་བྱ་བ་ལ་སོགས་པ་སྟེ། སྔ་དྲོ་གྲིབ་ཚོད་སྐྱེས་བུ་དང་རྩ་བ་འདི་རྙེད་དོ་ཞེའམ། གུང་གི་གྲིབ་ཚོད་སྐྱེས་བུ་དང་རྩ་བ་འདི་རྙེད་དོ་ཞེའམ། ཕྱི་དྲོའི་གྲིབ་ཚོད་སྐྱེས་བུ་དང་རྩ་བ་འདི་རྙེད་དོ་ཞེས་བརྗོད་པར་བྱ་སྟེ། སྔ་དྲོ་དང་གུང་ཚིགས་ཀྱི་བར་དུ་ནི་གྲིབ་ཚོད་གང་མང་བ་ལ་སྔ་ལ། གུང་ཚིགས་ནས་ཕྱི་དྲོའི་བར་དུ་ནི་གྲིབ་ཚོད་གང་ཉུང་བ་སྔའོ། །སྐྱ་རེངས་དང་པོ་ལ་སོགས་པའོ། །ཉི་མ་བརྒྱད་ཆ་ཤར་བ་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་གྱི་བརྒྱད་ཆ་ཤར་བའོ། །ཉི་མ་བཞི་ཆ་ཤར་བ་ཞེས་བྱ་བ་ནི་ཡང་ཉི་མའི་དཀྱིལ་འཁོར་གྱི་བཞི་ཆ་ཤར་བའོ། །ཁ་ཅིག་ན་རེ་མ་ཤར་བ་ནས་ནུབ་པའི་བར་དུ་ལམ་ཇི་སྲིད་ཡོད་པའི་བརྒྱད་ཆ་དང་བཞི་ཆ་ཤར་བའོ་ཞེས་ཀྱང་ཟེར་རོ། །གུང་ཚིགས་མ་ཡོལ་བ་ཞེས་བྱ་བ་ནི་མ་འདས་པའོ། །དེའི་འོག་ཏུ་དུས་ཚོད་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་ལོ་ཚིགས་ཤེས་པར་བྱ་བའི་ཕྱིར་ཏེ། དེས་ན་དུས་ཚིགས་ལྔ་པོ་དག་ནི་ཟླ་བ་འདིའི་ཚེས་གྲངས་འདི་ལ་ཉིན་མོའི་ཆ་འདིའི་གྲིབ་ཚོད་སྐྱེས་བུ་དང་རྩ་བ་འདི་ཅམ་ལ་ཞེའམ། མཚན་མོའི་ཆ་འདི་ཙམ་ལ་ཁྱོད་རྫོགས་པར་བསྙེན་ཏོ་ཞེས་བརྗོད་པར་བྱ་བ་ཡིན་ནོ། །འོ་ན་དུས་ཚོད་དེ་དག་དུ་ཡོད་ཅེ་ན། དེའི་ཕྱིར་དུས་ཚོད་ནི་ལྔ་སྟེ་ཞེས་བྱ་བ་གསུངས་སོ། །དེ་དག་ཀྱང་གང་ཞེ་ན། དེའི་ཕྱིར་དགུན་གྱི་དུས་དང༌། དཔྱིད་ཀྱི་དུས་དང་དབྱར་གྱི་དུས་དང༌། དབྱར་ཐུང་ངུའི་དུས་དང༌། དབྱར་རིང་པོའི་དུས་སོ་ཞེས་བྱ་བ་གསུངས་ཏེ། དགུན་གྱི་དངོས་པོ་ནི་དགུན་གྱི་དུས་སོ། །དཔྱིད་ཀྱི་དངོས་པོ་ནི་དཔྱིད་ཀྱི་དུས་སོ། །དབྱར་རྣམས་ཀྱི་དངོས་པོ་ནི་དབྱར་གྱི་དུས་སོ། །དུས་ཐུང་ངུར་གནས་པའི་ཕྱིར་ཤི་བ་དང་འདྲ་བས་
ཐུང་ངུ་ཡང་དེ་ཡིན་ལ་དབྱར་ཀྱང་དེ་ཡིན་པ་ནི་དབྱར་ཐུང་ངུའི་དུས་སོ། །དུས་རིང་བའི་ཕྱིར་རིང་པོ་ཡང་དེ་ཡིན་ལ་དབྱར་ཀྱང་དེ་ཡིན་པ་ནི་དབྱར་རིང་བའི་དུས་སོ། །དེ་དག་གི་ཚད་བརྗོད་པར་བྱ་བའི་ཕྱིར། དེ་ལ་དགུན་གྱི་དུས་ནི་ཟླ་བ་བཞིའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོན་ཟླ་ཐ་ཆུངས་ཉ་ནས་དཔྱིད་ཟླ་ར་བ་ཉའི་བར་གྱི་ཟླ་བ་བཞི་ནི་དགུན་གྱི་དུས་སོ། །དཔྱིད་ཀྱི་དུས་ཀྱང་ཟླ་བ་བཞིའོ་ཞེས་བྱ་བ་ནི་དཔྱིད་ཟླ་ར་བ་ཉ་ནས་དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་བཞིའོ། །དབྱར་གྱི་དུས་ནི་ཟླ་བ་གཅིག་གོ་ཞེས་བྱ་བ་ནི་དབྱར་ཟླ་འབྲིང་པོ་ཉ་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཅིག་གོ །དབྱར་ཐུང་ངུའི་དུས་ནི་ཉིན་ཞག་གཅིག་གོ་ཞེས་བྱ་བ་ནི་དབྱར་ཟླ་ཐ་ཆུངས་ཆོས་བཅུ་དྲུག་གི་ཉིན་ཞག་གཅིག་གོ །དབྱར་རིང་པོའི་དུས་ནི་ཉིན་ཞག་གཅིག་གིས་ཟླ་བ་གསུམ་དུ་མ་ཆོག་པ་ཞེས་བྱ་བ་ནི་དབྱར་ཐུང་ངུའི་དུས་ཀྱི་ཉིན་ཞག་གཅིག་པོ་དེ་ཉིད་ཀྱིས་ཟླ་བ་གསུམ་དུ་མ་ཆོག་པ་སྟེ། དབྱར་ཟླ་ཐ་ཆུངས་ཚེས་བཅུ་བདུན་ནས་སྟོན་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཉིས་དང་ཞག་ཉི་ཤུ་རྩ་དགུའོ། །དུས་ཚོད་བརྗོད་པ་དེའི་འོག་ཏུ་གནས་རྣམས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་རྫོགས་པར་བསྙེན་པའི་འོག་ཏུ་ལས་བྱེད་པས་རྫོགས་པར་བསྙེན་པ་དེ་ལ་གནས་རྣམས་བརྗོད་པར་བྱའོ། །དེ་དག་ཀྱང་གང་ཞེ་ན། བཞི་སྟེ། ཕྱག་དར་ཁྲོད་པ་དང༌། བསོད་སྙོམས་པ་དང༌། ཤིང་དྲུང་པ་དང༌། བཀུས་ཏེ་བོར་བ་ཞེས་བྱ་བ་གནས་བཞི་པོ་དག་གོ །ཕྱག་དར་བཞིན་དུ་བོར་བའི་ཕྱིར་ཕྱག་དར་དང་འདྲ་བའི་གོས་ནི་ཕྱག་དར་ཁྲོད་དོ། །ཡང་ན་ཕྱག་དར་དག་གི་ནང་ན་འདུག་པའི་གོས་ཕྱག་དར་དུ་བསགས་པ་ཞེས་བྱ་བའི་ཐ་ཚིག་གོ །ལྷུང་བཟེད་ལ་སོགས་པའི་ནང་དུ་ཟས་བཅུག་ཅིང་བླུགས་པ་ནི་བསོད་སྙོམས་སོ། །ཤིང་ལྗོན་པའི་དྲུང་ནི་ཤིང་དྲུང་ངོ༌། །ཚགས་ཀྱིས་བཙགས་པ་ནི་བཀུས་ཏེ་བོར་བའོ། །ཡང་ན་བཀུས་པ་ཡང་ཡིན་ལ་བོར་བ་ཡང་ཡིན་པ་ནི་བཀུས་ཏེ་བོར་བའོ། །བཞི་པོ་དེ་དག་ནི་ཚངས་པར་སྤྱོད་པའི་གནས་ཡིན་པར་ཁོང་དུ་ཆུད་པར་བྱའོ། །མཁྱེན་ཞེས་བྱ་བ་ནི་འཇིག་རྟེན་པའི་མཁྱེན་པས་སོ། །གཟིགས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་མཁྱེན་པས་སོ། །ཕྱག་དར་
ཁྲོད་ཅེས་བྱ་བ་ནི་ཕྱག་དར་བཞིན་དུ་བོར་ཕྱག་དར་དང་འདྲ་བའི་གོས་ནི་ཕྱག་དར་ཁྲོད་དོ། །ཡང་ན་ཕྱག་དར་དག་གི་ནང་ན་འདུག་པའི་གོས་ཕྱག་དར་དུ་བསགས་པ་ཞེས་བྱ་བའི་ཐ་ཚིག་གོ །རུང་བ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པའི་ཕྱིར་རོ། །རྙེད་ཀྱང་སླ་སྟེ་ཞེས་བྱ་བ་ནི་བརྩལ་བ་ཆུང་དུས་རྙེད་པའི་ཕྱིར་རོ། །དར་ཞེས་བྱ་བ་ནི་དར་གྱི་སྲིན་བུ་ལས་བྱུང་བའི་བྱེ་བྲག་ཡུག་ཁྱིམ་རིང་བའོ། །རས་ཡུག་ཆེན་ཞེས་བྱ་བ་ནི་རས་བལ་ལས་བྱས་པ་ཁྲུ་བཅུ་གཉིས་ཀྱི་ཚད་དོ། །བེའུ་རས་ཞེས་བྱ་བ་ནི་བེའུ་རས་སྤུ་ཅན་ནོ། །དར་ལ་ཞེས་བྱ་བ་ནི་དར་སྲབ་མོ་རྒྱུ་སྤུན་སེད་བག་ཅན་ཞེས་བྱ་བའི་ཐ་ཚིག་གོ །མོན་དར་ཞེས་བྱ་བ་ནི་དར་གྱི་སྲིན་བུ་ལས་བྱུང་བའི་རྫས་སོ། །བེའུ་རས་ཡུག་ཆེན་ཞེས་བྱ་བ་ནི་རས་ཀྱི་རྣམ་པ་སྤུ་ཅན་ཆེན་པོའོ། །བེའུ་རས་དམར་པོ་ཞེས་བྱ་བ་ནི་བེའུ་རས་ཀྱི་རྣམ་པ་དམར་པོའོ། །བེའུ་ཕྲུག་ཅེས་བྱ་བ་ནི་རས་ཀྱི་རྣམ་པ་སྤུ་ཅན་ཕྲ་མོའོ། །ལ་དམར་ཞེས་བྱ་བ་ནི་ལ་བའི་རྣམ་པ་སྲིན་བུ་དམར་པོའི་མདོག་འདྲ་བའོ། །ཁ་ཅིག་ན་རེ་སྲིན་བུ་ནག་པོའི་མདོག་འདྲ་བ་ཞེས་ཀྱང་ཟེར་རོ། །ཡུལ་ཀ་ཤི་ཀའི་རས་ཕྲན་ཞེས་བྱ་བ་ནི་ཡུལ་ཀ་ཤི་དག་ཏུ་བཏགས་པའི་རས་ཤིན་ཏུ་ཕྲ་ཞིང་བཟང་བའོ། །ཁ་དོག་རན་པ་ཞེས་བྱ་བ་ནི་སྔོན་པོ་དང་སེར་པོ་དང་དུར་སྨྲིག་གསུམ་གྱི་ཆ་མཉམ་པའོ། །ཁ་དོག་ངན་པ་ཞེས་བྱ་བ་ནི་སྔོན་པོའམ་སེར་པོའམ་དུར་སྨྲིག་གཅིག་ཏུ་ཁ་བསྒྱུར་བའོ། །བལ་གོས་ཞེས་བྱ་བ་ནི་བལ་ལས་བྱས་པའོ། །ཤ་ནའི་རས་ཞེས་བྱ་བ་ནི་རྩྭའི་བྱེ་བྲག་ཤ་ན་ཕྲ་མོའི་རས་སོ། །ཟར་མའི་རས་ཞེས་བྱ་བ་ནི་རྩྭའི་རྣམ་བ་ཟར་མ་ཞེས་བྱ་བའི་ཤུན་པ་ལས་བྱས་པའོ། །རས་གོས་ཞེས་བྱ་བ་ནི་རས་བལ་ལས་བྱས་པའོ། །དུ་གུ་ལའི་རས་ཞེས་བྱ་བ་ནི་རྩྭའི་རྣམ་པ་དུ་གུ་ལ་ཕྲ་མོ་ལས་བྱས་པའི་རས་ཕྲན་ནོ། །ཀོ་ཏམ་པའི་རས་ཞེས་བྱ་བ་ནི་རྩྭའི་རྣམ་པ་ཀོ་ཏམ་པ་ཞེས་བྱ་བ་ཕྲ་མོ་ལས་བྱས་པའི་རས་ཕྲན་ནོ། །ཁ་ཅིག་ན་རེ་རྒྱུ་ནི་རས་བལ་ལས་བྱས་ལ། སྤུན་ནི་སྲིན་བལ་ལས་བྱས་པའི་རས་ཕྲན་ནི་ཀོ་ཏམ་པའི་རས་ཞེས་ཟེར་རོ། །ཉི་འོག་གོས་ཞེས་བྱ་བ་ནི་རྒྱ་ཡུལ་ལ་སོགས་པ་ནས་འོངས་པའི་གོས་སོ། །ཚོད་ཟིན་པར་གྱིས་
ཤིག་ཅེས་བྱ་བ་ནི་བླང་བའི་ཚོད་ཤེས་པར་གྱིས་ཤིག་པའོ། །དམ་འཆའ་འམ་ཞེས་བྱ་བ་ནི་ཁས་ལེན་ཏམ་ཞེས་བྱ་བའོ། །བསོད་སྙོམས་ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པའི་ནང་དུ་ཟས་བཅུག་ཅིང་བླུགས་པའོ། །འབྲས་ཆན་ཞེས་བྱ་བ་ནི་འབྲས་བཙོས་པ་ལ་སོགས་པའི་ཟས་སོ།། སྐྱོམ་ཞེས་བྱ་བ་ནི་ཕྱེ་དང༌། ཆུ་དང༌། ཞུན་མར་དང༌། བལ་པོ་སེའུ་ལ་སོགས་པ་ལས་བྱས་པའམ་འོ་མ་ལ་སོགས་པ་ལས་བྱས་པའོ། །ཐུག་པ་ཞེས་བྱ་བ་ནི་འོ་མ་ལ་སོགས་པ་ལས་བྱས་པའི་བཏུང་བའོ། །ལྔ་སྟོན་ཞེས་བྱ་བ་ནི་ཞག་ལྔ་ཞིང་སྦྱོར་བའོ། །བརྒྱང་སྟོན་ཞེས་བྱ་བ་ནི་ཚེས་བརྒྱད་ལ་སྦྱོར་བའོ། །བཅུ་བཞི་སྟོན་ཞེས་བྱ་བ་ནི་ཆོས་བཅུ་བཞི་ལ་སྦྱོར་བའོ། །ཉ་སྟོན་ཞེས་བྱ་བ་ནི་ཚེས་བཅོ་ལྔ་ལ་སྦྱོར་བའོ། །རྟག་རེས་འཁོར་ཞེས་བྱ་བ་ནི་དུས་རྟག་ཏུ་སྦྱོར་བའི་ཟས་སོ། །མགྲོན་དུ་བོས་པ་ཞེས་བྱ་བ་ནི་ལན་འགའ་ལན་འགའ་འབྱུང་བའོ། །འཕྲལ་ལ་བོས་པ་ཞེས་བྱ་བ་ནི་གློ་བུར་དུ་བོས་པའོ། །སྤགས་པ་ཞེས་བྱ་བ་ནི་ཕོག་པའོ། །གནས་མལ་ཞེས་བྱ་བ་ནི་འདིར་ཉལ་བས་མལ་ས་སྟེ་ཁྲི་ལ་སོགས་པའོ། །འདིར་འདུག་པས་སྟན་ཏེ་ཁྲིའུ་ལ་སོགས་པའོ། །ཤིང་དྲུང་ཞེས་བྱ་བ་ནི་ཤིང་ལྗོན་པའི་དྲུང་ངོ༌། །ཁང་པ་ཞེས་བྱ་བ་ནི་གནས་ཀྱི་ཁྱད་པར་ཆུང་དུའོ། །ལྔ་ཁང་ཞེས་བྱ་བ་ནི་འཁོར་གྱི་ཁྱམས་སོ། །ཁང་པ་བརྩེགས་པ་ཞེས་བྱ་བ་ནི་ཀ་བས་མཚོན་པ་ཤིང་ཡོན་པོ་བཅུག་པའི་ཁྱམས་སོ། །བསིལ་ཁང་ཞེས་བྱ་བ་ནི་བདུན་བརྩེགས་ལ་སོགས་པ་གང་དུ་དག་སྦྱོར་ཚ་བས་གདུངས་པ་དག་འཁོད་ན་བསིལ་བར་འགྱུར་བའོ། །སབ་མོས་བསྐོར་བ་ཞེས་བྱ་བ་ནི་ཁོ་ར་ཁོར་ཡུག་ཏུ་སབ་མོས་བསྐོར་བའོ། །བ་གམ་ཞེས་བྱ་བ་ནི་གཙང་ཁང་ཕྱུར་བུའི་རྣམ་པ་ལྟར་བྱས་པའོ། །ཁང་བཟངས་ཞེས་བྱ་བ་ནི་ཁོ་ར་ཁོར་ཡུག་ཏུ་འཁོར་སའི་སྲང་གིས་བསྐོར་བའི་ཁང་བཟངས་སོ། །སྒོ་ཁང་སྟེང་གི་བསིལ་ཁང་ཞེས་བྱ་བ་ནི་སྒོ་ཁང་གི་སྟེང་དུ་གནས་ཀྱི་བྱེ་བྲག་གཉིས་བརྩེགས་སམ་སུམ་བརྩེགས་པའོ། །ཁང་སྟེང་གི་ཡོལ་ཁང་ཞེས་བྱ་བ་ནི་ཁང་ཐོག་ཏུ་ཤིང་ཡོན་པོ་ཡོལ་བས་གཡོགས་པའོ། །ཡོལ་ཁང་ཞེས་བྱ་བ་ནི་གནས་ཀྱི་རྣམ་པ་སྦྲང་སྐྱབས་འདྲ་བ་ཤིང་དག་ལ་ཁོ་ར་ཁོར་ཡུག་ཏུ་ཡོལ་བས་གཡོགས་
པའོ། །སྤང་ལེབ་ཁང་ཞེས་བྱ་བ་ནི་ཤིང་གི་སྤང་ལེབ་ལས་བྱས་པའི་གནས་སོ། །ས་ཕུག་ཅེས་བྱ་བ་ནི་ཆེད་དུ་བྱས་པའོ། །བྲག་ཕུག་དང་རི་ཕུག་ཅེས་བྱ་བ་ནི་ཆེད་དུ་མ་བྱས་པའོ། །རྩྭའི་སྤྱིལ་བུ་ཞེས་བྱ་བ་ནི་རྩྭ་ལས་བྱས་པའི་སྤྱིལ་བུའོ། །ལོ་མའི་སྤྱིལ་བུ་ཞེས་བྱ་བ་ནི་ཤིང་ལོ་ལ་སོགས་པ་ལས་བྱས་པའི་སྤྱིལ་བུའོ། །འཆག་སར་བྱས་པ་ཞེས་བྱ་བ་ནི་མའི་ལས་ཀྱིས་བསྒྲུབས་པའོ། །འཆག་སར་མ་བྱས་པ་ཞེས་བྱ་བ་ནི་གཞན་གྱིས་བརྩལ་བ་ལ་མི་རྟོན་པར་འཆགས་པའི་ཚེ་ན་རང་གྲུབ་པའོ། །བྱ་སྐྱིབས་སུ་བྱས་པ་ཞེས་བྱ་བ་ནི་རི་ལས་བང་རིམ་འདྲ་བར་ཕྱིར་བྱུང་བ་མིའི་ལས་ཀྱིས་བསྒྲུབས་པའོ། །བྱ་སྐྱིབས་སུ་མ་བྱས་པ་ཞེས་བྱ་བ་ནི་རི་ལས་བང་རིམ་འདྲ་བར་ཕྱིར་བྱུང་བ་གཞན་གྱིས་བརྩལ་བ་ལ་མི་ལྟོས་པར་འཆགས་པའི་ཚེ་ན་རང་གྲུབ་པའོ། །བཀུས་ཏེ་བོར་བ་ཞེས་བྱ་བ་ནི་ཚགས་ཀྱིས་བཙགས་ཏེ་བོར་བའོ། །ཡང་ན་བཀུས་པ་ཡང་ཡིན་ལ་བོར་བ་ཡང་ཡིན་པ་ནི་བཀུས་ཏེ་བོར་བའོ། །ཞུན་མར་ཞེས་བྱ་བ་ནི་མར་བཞུས་པ་འཁྱགས་པའོ། །འབྲུ་མར་ཞེས་བྱ་བ་ནི་ཏི་ལ་མར་ལ་སོགས་པའོ། །སྦྲང་རྩི་ཞེས་བྱ་བ་ནི་སྦྲང་བུ་ཚང་རྩིའོ། །བུ་རམ་གྱི་དབུ་བ་ཞེས་བྱ་བ་ནི་བུ་རམ་ལ་སོགས་པའོ། །དུས་སུ་རུང་བ་ཞེས་བྱ་བ་ནི་སྔ་དྲོ་བཟའ་བ་རྒུན་འབྲུ་ལ་སོག་པ་གང་ཡིན་པའོ། །ཐུན་ཚོད་དུ་རུང་བ་ཞེས་བྱ་བ་ནི་རྒུན་ཆུ་ལ་སོགས་པ་ཐུན་ཚོད་ཀྱི་མཐའ་ཚུན་ཆོད་དུ་བྱིན་གྱིས་བརླབས་ཏེ་བཏུང་བ་གང་ཡིན་པའོ། །ཞག་བདུན་པ་ཞེས་བྱ་བ་ནི་ཞག་བདུན་པར་བྱིན་གྱིས་བརླབས་ཏེ་བཟའ་བ་འབུར་མར་ལ་སོགས་པའོ། །འཚོ་བའི་བར་དུ་བཅང་བ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་བྱིན་གྱིས་བརླབས་ཏེ་བཟའ་བ་བཅའ་བ་ལ་སོགས་པའོ། །རྩ་བ་ཞེས་བྱ་བ་ནི་ཤུ་དག་ལ་སོགས་པའོ། །སྡོང་བུ་ཞེས་བྱ་བ་ནི་ཙན་དན་ལ་སོགས་པའོ། །ལོ་མ་ཞེས་བྱ་བ་ནི་ཀོ་ཤ་ཏ་ཀི་ལ་སོགས་པའོ། །འབྲས་བུ་ཞེས་བྱ་བ་ནི་ཨ་རུ་ར་ལ་སོགས་པའོ། །གནས་བཞི་པོ་དེ་དག་རྫོགས་པར་བསྙེན་མ་ཐག་ཏུ་བརྗོད་པར་བྱ་བ་ནི་སེམས་ལས་སུ་རུང་བའི་ཕྱིར་རོ། །དེའི་འོག་ཏུ་ལྟུང་བར་འགྱུར་བའི་ཆོས་རྣམས་བརྗོད་
པར་བྱ་སྟེ་ཞེས་བྱ་བ་ནི་ལས་བྱེད་པས་བརྗོད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དགེ་སློང་གི་དངོས་པོའི་ལྟུང་བ་དང་རྗེས་སུ་མཐུན་པའི་ཕྱིར་ལྟུང་བར་འགྱུར་བ་སྟེ། དེ་དག་ཀྱང་མི་ཚངས་པར་སྤྱོད་པ་ལ་སོགས་པ་བཞི་འོག་ནས་འབྱུང་བ་དག་གོ །བྱས་ན་ཞེས་བྱ་བ་ནི་སྤྱད་ནའོ། །བྱས་མ་ཐག་ཏུ་ཞེས་བྱ་བ་ནི་སྤྱད་མ་ཐག་ཏུའོ། །དགེ་སློང་དུ་མི་རུང་པར་འགྱུར་ཞེས་བྱ་བ་ནི་དགེ་སློང་གི་དངོས་པ་ཡོངས་སུ་དག་པ་མེད་པའི་ཕྱིར་ཏེ། གནས་པ་དང་ལོངས་སྤྱོད་དུ་མི་དབང་ཞེས་བྱ་བའི་ཐ་ཚིག་གོ །དགེ་སྦྱོང་དུ་མི་རུང་ཞེས་བྱ་བ་ནི་འཇིག་རྟེན་ན་དགེ་སྦྱོང་ཞེས་བྱ་བ་ནི་ཞི་བའི་བདག་ཉིད་ལ་བྱ་ན། དེ་ནི་ལུས་དང་ངག་དང་ཡིད་མ་ཞི་བར་ཀུན་དུ་སྤྱོད་པ་དེས་དགེ་སྦྱོང་སྨད་པ་ཡིན་པའོ། །ཁ་ཅིག་ན་རེ་ཆ་ལུགས་ཙམ་གྱི་ལྷག་མ་མ་ལུས་པའི་ཕྱིར་སེམས་ཅན་ཤི་བ་དང༌། ཤིང་ཚིག་པ་དང༌། མགལ་མེའི་འཁོར་ལོ་དང་རྫིང་སྐམས་པ་དང༌། ས་བོན་རུལ་བ་དང་འདྲའོ་ཞེས་ཟེར་རོ། །ཤཱཀྱའི་སྲས་ཀྱིས་མི་རུང་བ་ཞེས་བྱ་བ་ནི་ཤཱཀྱའི་སྲས་བཅོམ་ལྡན་འདས་ཀྱི་སློབ་མ་ཡོངས་སུ་དག་པར་མི་རུང་བ་སྟེ། དེའི་བཀའ་ལུང་རྗེས་སུ་མི་བསྒྲུབ་པའི་ཕྱིར་རོ། །དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ་ཞེས་བྱ་བ་ནི་བསླབ་པ་ལས་ཉམས་པར་འགྱུར་བ་སྟེ་ལྷོད་པར་རྗེས་སུ་སྒྲུབ་པའི་ཕྱིར་རོ། །དེའི་དགེ་སློང་གི་ཚུལ་ཞིང་པར་འགྱུར་ཞིང་ཞེས་བྱ་བ་ནི་དགེ་སློང་གི་སྔོམ་པ་རལ་བར་འགྱུར་བ་སྟེ། བཤགས་པའི་སེམས་མི་སྐྱེ་བའི་ཕྱིར་རམ་འཕགས་པའི་ལམ་འཐོབ་པའི་སྐལ་བ་མེད་པའི་ཕྱིར་རོ། །ཉམས་པ་ཞེས་བྱ་བ་ནི་ཆུད་ཟོས་པ་སྟེ། བཤགས་པའི་སེམས་བསྐྱེད་དུ་ཟིན་ཀྱང་བཤགས་པར་མི་ནུས་པའི་ཕྱིར་རོ། །བཅོམ་པ་ཞེས་བྱ་བ་ནི་དཀྲུགས་པ་སྟེ། ཚེ་དེ་ཉིད་ལ་ཉོན་མོངས་པ་བཟློག་པའི་མཐུ་མེད་པའི་ཕྱིར་རོ། །ལྷུང་བ་ཞེས་བྱ་བ་ནི་སེམས་ཀྱི་རྒྱུན་ལ་ཉོན་མོངས་པ་བཟློག་པའི་ནུས་པ་སྐྱེ་བའི་མཐུ་མེད་པའི་ཕྱིར་རོ། །ཕམ་པར་གྱུར་བ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་དག་གིས་ཟིལ་གྱིས་མནན་པའི་ཕྱིར་རོ། །ཇི་ལྟར་ན་དགེ་སྦྱོང་དུ་མི་རུང་ཞེ་ན། དེའི་ཕྱིར་དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། ཕྱིར་བླང་དུ་མེད་པ་ཞེས་བྱ་བ་ནི་མ་དག་
པའི་ས་ནས་བླངས་ཏེ་དག་པའི་སར་གཞག་ཏུ་མེད་པ་སྟེ། དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་སོགས་པ་ཕྱིར་བཅོས་པ་བཅད་པས་ཕྱིར་བླང་དུ་རུང་བ་ལྟར་ཕྱིར་བླང་དུ་མི་རུང་བ་ཞེས་བྱ་བའི་ཐ་ཚིག་གོ །འདིར་དཔེ་བསྟན་པ་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤིང་ཏ་ལའི་ཞེས་བྱ་བ་ནི་ཤིང་ལྗོན་པའི་རིགས་ཏ་ལ་ཞེས་བྱ་བའོ། །མགོ་བཅད་ན་ཞེས་བྱ་བ་ནི་རྩེ་མོ་བཅད་ནའོ། །སྔོན་པོར་འགྱུར་དུ་ཞེས་བྱ་བ་ནི་རློན་པ་ཉིད་དུ་འགྱུར་དུའོ། །མི་རུང་ལ་ཞེས་བྱ་བ་ནི་མི་བཏུབ་ལའོ། །འཕེལ་ཞིང་ཞེས་བྱ་བ་ནི་མྱུ་གུ་སྐྱེ་བའོ། །རྒྱས་པ་ཞེས་བྱ་བ་ནི་གནམ་འཕང་དུ་སྐྱེ་བའོ། །ཡངས་པར་ཞེས་བྱ་བ་ནི་སྦོམས་ཀྱི་ཁྱོན་དུའོ། །འདོད་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་པོ་དག་གོ །རྣམ་གྲངས་དུ་མས་ཞེས་བྱ་བ་ནི་རྣམ་པ་མང་པོས་སོ། །སྨད་དོ་ཞེས་བྱ་བ་ནི་བཤུངས་པའོ། །སྤངས་པ་ཞེས་བྱ་བ་ནི་མ་འོངས་པ་དག་མི་འདོད་པའོ། །བོར་བ་ཞེས་བྱ་བ་ནི་ད་ལྟར་བྱུང་བ་དག་ལ་ཀུན་དུ་སྤྱོད་པ་བཟློག་པའོ། །བསལ་བ་ཞེས་བྱ་བ་ནི་མ་འོངས་པ་དག་ལ་ལྟོས་པ་དང་བཅས་པ་ཉིད་མེད་པའོ། །ཟད་པ་ཞེས་བྱ་བ་ནི་དེ་ལ་དམིགས་པ་ཟད་པའོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་ཟད་པའོ། །འགོག་པ་ཞེས་བྱ་བ་ནི་གཉེན་པོ་ཐག་པ་མེད་པ་ཐོབ་པའོ། །ཉེ་བར་ཞི་བ་ཞེས་བྱ་བ་ནི་འགག་པ་རྣམས་ཀྱང་ཡང་མི་སྐྱེ་བའོ། །ནུབ་པ་ཞེས་བྱ་བ་ནི་རྒྱུན་ཆད་པ་སྟེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ །བསྟོད་ཅེས་བྱ་བ་ནི་ངོ་བོ་ཉིད་ཡོན་ཏན་བསྒྲགས་པས་སོ། །བཀུར་ཞེས་བྱ་བ་ནི་འབྲས་བུའི་སྒོ་ནས་ཡོན་ཏན་བསྒྲགས་པས་སོ། །སྔགས་ཞེས་བྱ་བ་ནི་གཞན་གྱིས་དྲིས་པ་ལ་ལེན་ལེགས་པར་འདེབས་པས་སོ། །སྙན་པར་བརྗོད་པས་ཞེས་བྱ་བ་ནི་ལྐོག་ནས་ཡོན་ཏན་བརྗོད་པ་ལ་རྗེས་སུ་ཡི་རང་བས་སོ། །མིག་གཏད་དེ་མིག་གིས་བལྟ་བར་ཡང་མི་བྱ་བ་ན་ཞེས་བྱ་བ་ནི་ཆེད་དུ་བསམས་ནས་མིག་གཏད་དེ་མིག་གིས་བལྟ་བར་ཡང་མི་བྱ་བ་ཡིན་གྱི། གློ་བུར་དུ་ཐད་བཟུང་མིག་བལྟ་བ་ནི་མ་ཡིན་ཏེ་དེས་ན་གལ་ཏེ་གློ་བུར་དུ་ཐད་བཟུང་
མིག་གིས་བུད་མེད་མཐོང་བ་དེའི་ཚེ་ན་ནི་ཉེས་པ་མེད་ཀྱི་གང་གི་ཚེ་མིག་རྒྱུན་ཆགས་སུ་འབྱུང་བས་ཡང་དང་ཡང་དུ་བལྟ་བར་འདོད་པས་ཡུལ་དེ་ལ་མིག་གཏད་དེ་མིག་གིས་བལྟ་ན་ཉེས་པར་འགྱུར་བས་དེའི་ཕྱིར་མིག་གཏང་དེ་ཞེས་བྱ་བ་གསུངས་སོ། །གཉིས་ཀྱིས་གཉིས་སྤྲད་དེ་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་གཉིས་ཀྱིས་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་སྤྲད་དེའོ། །མི་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་ཚངས་པ་ཞེས་བྱ་བ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར། སྤྱོད་པ་འཕགས་པའི་ལམ་གང་ཡིན་པ་དེ་ནི་ཚངས་པར་སྤྱོད་པ་ཡིན་ལ། དེ་དང་མི་མཐུན་པ་ནི་མི་ཚངས་པར་སྤྱོད་པ་སྟེ། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་བའི་ཉོན་མོངས་པ་ཅན་ལྷག་པར་སྤྱོད་པའོ། །སྤྲོད་པ་ལས་བྱུང་བའི་ཆོས་ཞེས་བྱ་བ་ལ་ཕོ་དང་མོ་གཉིས་ཀྱིས་སྤྲོད་པ་སྟེ། རེག་པའི་མཚན་ཉིད་དོ། །དེ་ལས་བྱུང་བ་ནི་སྤྲོད་པ་ལས་བྱུང་བ་སྟེ། ཉོན་མོངས་པ་ཅན་གྱི་བདེ་བ་ལྷག་པར་སྤྱོད་པ། བཅུག་རེག་ཉམས་སུ་མྱོང་བར་བྱེད་པ་ཚོར་བའི་མཚན་ཉིད་དོ། །ཆོས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་བརྗོད་པ་སྟེ། སྡིག་པའི་མཚན་ཉིད་འཛིན་པའི་ཕྱིར་རོ། །སྟན་པ་ལྟ་ཞེས་བྱ་བ་ནི་བྱ་བ་ལྟའོ། །སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་བསམ་པ་ཡང་ཅི་དགོས་ཞེས་བྱ་བའོ། །ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་སྤྲོད་པ་ལས་བྱུང་བའི་ཆོས་བསྟན་ན། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་ལས་གསུངས་པ་ཡིན་ཏེ། དེ་ལ་ཡང་བྱ་བ་ནི་ཕྱི་མའི་དོན་ཏོ། །དགེ་སློང་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པས་རྫོགས་པར་བསྙེན་པའི་དགེ་སློང་ངོ༌། །གང་ཞེས་བྱ་བ་ནི་སྤྱིའི་ཚིག་གོ །དེས་ན་འདིར་དོན་ནི་འདི་འབྱུང་སྟེ། དགེ་སློང་ལས་དང་པོ་པ་མ་གཏོགས་པ་ཡང་ཕྱིས་གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པས་རྫོགས་པར་བསྙེན་པའི་དགེ་སློང་གང་ཡང་རུང་བས་ཉེས་པ་འདི་བྱས་ན།
དེ་ལ་ལྟུང་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །དགེ་སློང་རྣམས་དང་ལྷན་ཅིག་ཅེས་བྱ་བ་ནི་དེ་ལས་གཞན་པ་ཆོས་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ངོ༌། །བསླབ་པ་མཚུངས་པར་གྱུར་པ་ཞེས་བྱ་བ་ནི་བསླབ་པ་གང་ལ་རྫོགས་པར་བསྙེན་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་བསླབ་པར་བྱ་བ་དེ་ལ་དེང་རྫོགས་པར་བསྙེན་པས་ཀྱང་བསླབ་པར་བྱ་བ་དང༌། དེང་རྫོགས་པར་བསྙེན་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་རྫོགས་པར་བསྙེན་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་པར་བྱ་བ་ཉིད་ཀྱི་འདི་ལ་ཚུལ་ཁྲིམས་ཉིད་ཀྱིས་མཉམ་པ་དང༌། བསླབ་པ་ཉིད་ཀྱིས་མཉམ་པ་དང༌། སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་གང་ཡིན་པ་དེ་ནི་བསླབ་པ་མཚུངས་པས་ཞེས་བྱའོ། །བསླབ་པ་མ་ཕུལ་པ་ཞེས་བྱ་བ་ནི་བསླབ་པའམ། སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ། མདོ་སྡེ་འམ། འདུལ་བ་འམ། མ་མོ་འམ། སློབ་དཔོན་ནམ། མཁན་པོ་ལ་འབུལ་ལོ་ཞེས་བྱ་བ་ལྟ་བུའམ། བདག་ཁྱིམ་པ་འམ། དགེ་ཚུལ་ལམ། ཟ་མ་འམ་མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བའམ། རྐུ་ཐབས་སུ་གནས་པའམ། ཐ་དད་དུ་གནས་པ་འམ། གནས་པར་མི་བྱ་བའམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་ཞུགས་པའམ། མ་བསད་པ་འམ། ཕ་བསད་པའམ། དགྲ་བཅོམ་པ་བསད་པ་འམ། དགེ་འདུན་གྱི་དབྱེན་བྱས་པའམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བར་གཟུང་དུ་གསོལ་ཞེས་བྱ་བ་ལྟ་བུའམ། བདག་ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་དང་ལྷན་ཅིག་གནས་པའམ། ལོངས་སྤྱོད་པས་ཆོག་གོ་ཞེས་བྱ་བ་ལྟ་བུའི་ཚིག་གིས་བསླབ་པ་མ་ཕུལ་བའོ། །བསླབ་པ་ཉམས་པར་མ་བྱས་པར་ཞེས་བྱ་བ་ནི་ཚེ་དང་ལྡན་པ་མཁྱེན་པར་མཛོད་ཅིག་ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པ་བྱ་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ། །གནས་མལ་དགོན་པ་ནགས་ཁྲོད་དང༌། རི་དྲུང་དང༌། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཕ་མ་དང༌། ཕུ་ནུ་དང༌། བུ་སྲིང་དྲན་ནོ། །བདག་བཟོ་དག་སློབ་ཏུ་ཆུག་
ཅིག །བདག་གི་ལས་ཀྱི་མཐའ་དག་ཚོལ་ཅིག །བདག་ཁྱིམ་བཟང་པོ་དག་ཏུ་གཏོད་ཅིག་ཅེས་བྱ་བ་ལྟ་བུའི་ཚིག་གིས་བསླབ་པ་ཉམས་པར་མ་བྱས་པར་རོ། །དེ་ལ་བསླབ་པ་ཕུལ་བ་ཞེས་བྱ་བ་ནི་བསླབ་པ་དབུལ་བ་བསླབ་པ་ཉམས་པར་བྱ་བ་མེད་པར་བྱེད་པ་སྟེ། དེའི་རྒྱུ་མ་བསྟན་པའི་ཕྱིར་ཡོངས་སུ་རྫོགས་པ་མ་ཡིན་པས་བསླབ་པ་ཕུལ་ཞེས་སྨོས་པར་ཟད་ཀྱི། བསླབ་པ་ཕུལ་ན་བསླབ་པ་ཉམས་པར་མ་བྱས་སུ་ཟིན་ཀྱང༌། དེ་ལ་དགེ་སློང་གི་དངོས་པོ་ཉིད་མེད་དོ། །བསླབ་པ་ཉམས་པར་བྱས་པ་ཞེས་བྱ་བ་ནི་བསླབ་པ་ཉམ་པར་བྱ་བ་བསླབ་པ་དབུལ་བ་མེད་པར་བྱེད་པ་སྟེ། དེའི་ནི་འབྲས་བུ་མ་བསྟན་པའི་ཕྱིར་ཡོངས་སུ་རྫོགས་པ་མ་ཡིན་པས་བསླབ་པ་ཉམས་པར་བྱ་བ་ཞེས་སྨོས་པར་ཟད་ཀྱི། བསླབ་པ་ཉམས་པར་བྱ་བ་བསླབ་པ་མ་ཕུལ་དུ་ཟིན་ཀྱང་དེ་ལ་དགེ་སློང་གི་དངོས་པོ་མེད་དོ། །བསླབ་པ་ཉམས་པར་ཡང་བྱས་ལ་བསླབ་པ་ཕུལ་བ་ནི་དགེ་སློང་གི་དངོས་པོ་ཉིད་མེད་པ་གང་ཡིན་པ་དེའི་རྒྱུ་ཡང་བསྟན་ལ། འབྲས་བུ་ཡང་བསྟན་པའི་ཕྱིར་ཡོངས་སུ་རྫོགས་པ་ཡིན་པས་བསླབ་པ་ཉམས་པར་ཡང་བྱས་ལ་བསླབ་པ་ཕུལ་བ་ཞེས་སྨོས་ཏེ། དེ་ལ་ཡང་དགེ་སློང་གི་དངོས་པོ་ཉིད་མེད་དོ། །བསླབ་པ་མ་ཕུལ་ཞིང་བསླབ་པ་ཉམས་པར་མ་བྱས་པ་ནི་དགེ་སློང་གི་དངོས་པོ་ཉིད་མེད་པར་འགྱུར་བའི་རྒྱུའི་རྒྱུ་དེ་གཉིས་གང་ཡང་མ་བྱས་པས་དེ་ལ་ནི་དགེ་སློང་གི་དངོས་པོ་ཉིད་ཡོད་པ་ཡིན་ནོ། །འདི་སྐད་བསྟན་ཏེ་མུ་བཞི་པོ་དེ་དག་ལས་དང་པོ་གསུམ་ལ་ནི་དགེ་སློང་གི་དངོས་པོ་ཉིད་མེད་ལ། མུ་ཐ་མ་ལ་ནི་དགེ་སློང་གི་དངོས་པོ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། དེས་ན་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་ཉེས་པ་འདི་བྱས་ན་དེ་ལ་ལྟུང་བ་འདིར་འགྱུར་རོ་ཞེས་གསུངས་སོ། །མི་ཚངས་པར་སྤྱོད་པ་སྤྲོད་པ་ལས་བྱུང་བའི་ཆོས་བསྟེན་ན་ཞེས་བྱ་བ་ནི་བྱས་ནའོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ་ཞེས་བྱ་བ་ནི་ཕྲ་མོའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པ་དང༌། ལྷན་ཅིག་མི་ཚངས་པར་སྤྱོད་པ་སྤྲོད་པ་ལས་བྱུང་བའི་ཆོས་བསྟེན་ཀྱང་རུང་སྟེའོ། །ཐ་ན་ཞེས་བྱ་བ་ནི་མཐའ་བསྟན་པ་སྟེ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་
དང་ལྷན་ཅིག་ཀྱང་རུང་ན། ལྷ་དང་མི་ལ་སོགས་པའི་འགྲོ་བར་སྐྱེས་པ་དང་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཏོ། །དགེ་སློང་དེ་ཞེས་བྱ་བ་ནི་གང་གིས་མི་ཚངས་པར་སྤྱོད་པ་སྤྲོད་པ་ལས་བྱུང་བའི་ཆོས་བསྟེན་པ་དེ་སྟེ། དགེ་སློང་ཞེས་བྱ་བ་ནི་གང་ལ་དགེ་སློང་གི་དངོས་པོ་གསོལ་བ་དང་བཞིའི་ལས་མི་གཡོ་བར་གཞག་པར་མི་འོས་པས་རྫོགས་པར་བསྙེན་པའི་སྡོམ་པ་ཡོད་པའོ། །དེ་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དང་ཀུན་དུ་བསྟན་པའི་ཚིག་བླ་དགས་ཏེའོ། །འདིར་དགེ་སློང་ཞེས་སྨོས་པ་ནི་ཕྱོགས་གཅིག་འཁྲུགས་ཀྱང་དགེ་སློང་གི་དངོས་པོ་ལྷག་མ་དང་མ་བྲལ་བའི་ཕྱིར་ཏེ། ཕྱོགས་གཅིག་འཁྲུགས་པས་ནི་སྔོམ་པ་མཐའ་དག་ཡོངས་སུ་གཏོང་བར་མི་རིགས་སོ། །དེ་ལྟར་ཡང༌། ཇི་ལྟར་ཕྱོགས་གཅིག་བླངས་གྱུར་བས། །མཐའ་དག་བླངས་པར་མི་བཞེད་ལྟར། །དེ་བཞིན་ཕྱོགས་གཅིག་འཁྲུགས་གྱུར་པས། །མཐའ་དག་འཁྲུགས་པར་ཇི་ལྟར་འགྱུར། །ཞེས་གསུངས་པ་དང༌། བུ་ལོན་ནོར་བཞིན་ཁ་ཆེ་རྣམས། །བྱུང་བ་ལ་ནི་གཉིས་སུ་འདོད། །ཅེས་བཤད་པའི་ཕྱིར་རོ། །ཕམ་པར་འགྱུར་བ་ཡིན་གྱི་ཞེས་བྱ་བ་ནི་ཕམ་པར་བྱེད་པས་ཕམ་པར་གྱུར་པ་སྟེ། ཉམས་པ་ཞེས་བྱ་བའི་ཐ་ཚིག་གོ ། འདིས་ནི་ཚེ་ཕྱི་མའི་ཉེས་དམིགས་བསྟན་ཏོ། །གནས་པར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་རྣམས་ཀྱིས་དེ་དང་གསོ་སྤྱོད་དང་དགག་དབྱེ་དང་ལས་དང་གནས་དང་ཟས་ལ་སོགས་པའི་ལོངས་སྤྱོད་དག་ལ་གནས་པར་མི་བྱ་བ་དང་དེ་གང་ཟག་གིས་ལས་བཅུ་གཉིས་དག་ཏུ་བསྐོ་བར་མི་བྱ་བ་སྟེ། འདིས་ནི་ཚེ་འདིའི་ཉེས་དམིགས་བསྟན་ཏོ། །སྤྱད་པ་མ་ཡིན་པ་ཞེས་བྱ་བ་ནི་སྦྱོར་བས་སྤང་པའོ། །བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་དངོས་ཀྱིས་སྤང་པའོ། །སྤྱད་པ་མ་ཡིན་པ་སྤང་བ་ཞེས་བྱ་བ་ནི་མཇུག་གིས་སྤང་བའོ། །དེ་ལྟར་ནི་སྦྱོར་བ་དང་དངོས་པོ་དང་མཇུག་གིས་སྤངས་པའི་ཉེས་པ་མེད་པ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག་ཅེས་བྱ་བར་སྦྱར་རོ། །དེ་ལ་དྲན་པར་ཞེས་བྱ་བ་ནི་མི་བརྗེད་པའོ། །བག་ཡོད་པས་ཞེས་བྱ་བ་ནི་དགེ་བའི་ཆོས་བསྒོམ་པས་སོ། །སེམས་ཞེས་བྱ་བ་ནི་སེམས་པའོ། །ཤིན་ཏུ་ཞེས་བྱ་བ་ནི་རྒྱ་ཆེར་རོ། །
བསྲུང་བར་ཞེས་བྱ་བ་ནི་ཡོངས་སུ་བསྐྱང་བར་རོ། །བརྩོན་པར་གྱིས་ཤིག་ཅེས་བྱ་བ་ནི་རྣལ་འབྱོར་དུ་གྱིས་ཤིག་པའོ། །དོན་ནི་འདི་ཡིན་ཏེ་སེམས་སྲུང་བར་བྱེད་པ་ནི་དྲན་པ་དང་བག་ཡོད་པ་གཉིས་ཡིན་ཏེ། འདི་ལྟར་དགེ་བའི་ཆོས་བསྒོམས་པ་ལ་ནི་དྲན་པ་ཉམས་པར་མི་སྐྱེ་ལ། དགེ་བའི་ཆོས་མ་བསྒོམས་པ་ལ་ནི་ཡོངས་སུ་བསྲུང་ལ་དགེ་བའི་ཆོས་མ་བསྒོམས་པ་ནི་སྒོམ་པར་བྱེད་པས་སེམས་ཤིན་ཏུ་བསྲུང་བར་འགྱུར་ཞིང་སེམས་བསྲུང་བ་དེ་ལ་དྲན་པ་དང་བག་ཡོད་པས་མགོ་དང་གོས་ལ་མེ་འབར་བ་ལྟར་བརྩོན་པར་གྱིས་ཤིག་ཅེས་བསྟན་ཏོ། །ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ་ཞེས་བྱ་བ་ནི་འདི་ལྟར་འདོད་པ་བསྟེན་པའི་གནས་འདི་ལྟ་བུ་ལ་སྤྱོད་པར་མི་བྱེད་མོད་ཅེས་དྲི་བའོ། །ཏིལ་གྱི་ཕུབ་མ་ཞེས་བྱ་བ་ནི་ཏིལ་གྱི་ཤུན་པའོ། མ་ཤ་ཀ་ལྔ་ཞེས་བྱ་བ་ནི་ཀ་ཀ་ནི་བཞི་ལ་མ་ཤ་ཀ་གཅིག་སྟེ། ཀ་ཀ་ནི་ཞེས་བྱ་བ་ནི་པོ་ཏི་ཞེས་བྱ་སྟེ། དེ་ཡང་འགྲོན་བུ་ཉི་ཤུའི་རིན་ཐང་གི་མིང་ཡིན་ནོ། །ཀ་ཀ་ནི་བཞི་ལ་ནི་མ་ཤ་ཀ་གཅིག་སྟེ། འགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་ནོ། །མ་ཤ་ཀ་ལྔ་ལ་ནི་འགྲོན་བུ་བཞི་བརྒྱ་ཡོད་དེ། མ་ཤ་ཀ་ལྔ་ནི་ཀཱཪྵཱ་པ་ཎའི་བཞི་ཆ་གཅིག་དང་མཉམ་མོ། །མ་ཤ་ཀ་ལྔ་ལས་ལྷག་པ་ཞེས་བྱ་བའི་མ་ཤ་ཀ་ལྔའི་ཚད་ལས་ལྷག་པའོ། །ཡང་དགེ་སློང་གང་གཞན་དག་གིས་གྲོང་ན་འདུག་པའམ། དགོན་པ་ན་འདུག་པ་མ་བྱིན་པ་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན་ཇི་ཅམ་མ་བྱིན་པར་བླངས་པས་དེ་རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པའོ། །རྐུ་བའོ་ཞེས་ཟེར་ཞིང་གསོད་དམ་འཆིང་ངམ་སྤྱུགས་ཀྱང་རུང་སྟེ་དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན་དགེ་སློང་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱི་གནས་པར་མི་བྱའོ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་ལས་གསུངས་པ་ཡིན་ཏེ། དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གཞན་དག་གིས་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་དག་གིའོ། །གྲོང་ན་འདུག་པའམ་ཞེས་བྱ་བ་ནི་ར་བའི་ནང་ན་འདུག་པ་སྟེ། བདག་གིར་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ །དགོན་པ་ན་འདུག་པ་ཞེས་བྱ་བ་ནི་ར་བའི་ཕྱི་རོལ་ན་འདུག་པ་སྟེ། བདག་གིར་མ་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ །མ་བྱིན་པ་ཞེས་བྱ་བ་ནི་
དེ་ལས་སྐྱེས་པའམ། བུད་མེད་དམ། མ་ནིང་གང་གིས་ཀྱང་མ་བྱིན་པའོ། །རྐུ་བའི་གྲངས་སུ་གཏོགས་པ་ཞེས་བྱ་བ་ནི་མ་བྱིན་པ་གང་ཡིན་པ་དེ་རྐུ་བའི་གྲངས་སུ་གཏོགས་པ་ཡང་ཡིན་ནོ། །བླངས་ན་ཞེས་བྱ་བ་ནི་ལེན་ནའོ། །ཇི་ཙམ་མ་བྱིན་པར་བླངས་པ་ཞེས་བྱ་བ་ནི་མ་ཤ་ཀ་ལྔ་འམ། མ་ཤ་ཀ་ལྔ་ལས་ལྷག་པས་སོ། །དེ་ཞེས་བྱ་བ་ནི་དགེ་སློང་དེའོ། །རྒྱལ་པོའམ་ཞེས་བྱ་བ་ནི་བུད་མེད་རྒྱལ་སྲིད་ལ་དབང་བསྐུར་བར་གྱུར་ན། དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་པོ་ནས་དབང་བསྐུར་བ་ཡིན་ལ། རྒྱལ་རིགས་དང༌། བྲམ་ཟེ་དང༌། རྗེའུའི་རིགས་དང༌། དམངས་རིགས་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན་དེ་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བ་ཡིན་ནོ། །བློན་པོ་ཆེན་པོས་ཞེས་བྱ་བ་ནི་རྒྱལ་པོ་ལས་གཞན་པ་བློན་པོ་དང༌། རྩིས་མཁན་དང༌། སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྲིད་བྱེད་པ་གསང་ཚིག་མཐུན་པས་འཚོ་བར་གང་དག་རྒྱལ་པོ་ལ་བརྟེན་ནས་འཚོ་བར་བྱེད་པ་དག་གིས་སོ། །བཟུང་ནས་ཞེས་བྱ་བ་ནི་བླངས་ནས་སོ། །དེ་ལ་ཞེས་བྱ་བ་ནི་དགེ་སློང་དེ་ལའོ། །འདི་སྐད་ཅེས་ཀྱེ་མི་ཁྱོད་ནི་ཞེས་བྱ་བ་ནི་བོད་པའོ། །རྐུན་མའོ་ཞེས་བྱ་བ་ནི་འཇབ་བུས་བརྐུས་པའོ། །བྱིས་པའོ་ཞེས་བྱ་བ་ནི་རང་གིས་མི་ཤེས་པའོ། །བླུན་པོ་ཞེས་བྱ་བ་ནི་ལུང་ཕོག་པ་མི་ཤེས་པའོ། །རྐུ་བའོ་ཞེས་བྱ་བ་ནི་མཐུས་རྐུ་བའོ་ཞེས་ཟེར་ཞིང་ཞེས་བྱ་བ་ནི་བརྗོད་ཅིང་ངོ༌། །གསོད་དམ་ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པའོ། །འཆིང་ངམ་ཞེས་བྱ་བ་ནི་ཆིངས་མ་གསུམ་པོ་སྤ་ལས་བྱས་པ་དང༌། ཤིང་ལས་བྱས་པ་དང༌། རྩྭ་ལས་བྱས་པ་དག་གིས་སོ། །སྤྱུགས་ཀྱང་རུང་སྟེ་ཞེས་བྱ་བ་ནི་ཡུལ་མེད་པར་བྱེད་ཀྱང་རུང་སྟེའོ། །དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གྲོག་སྦུར་ཞེས་བྱ་བ་ནི་སྲོག་ཆགས་ཀྱི་བྱེ་བྲག་ཤིན་ཏུ་ཕྲ་བའོ། །མིར་ཆགས་པ་ཞེས་བྱ་བ་ནི་མའི་ལྟོར་ལུས་དང་སྲོག་དང་ཡིད་ཀྱི་དབང་པོ་ཐོབ་པ་སྟེ། མི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ །ཡང་དགེ་སློང་གང་མི་འམ་མིར་ཆགས་པ་ལ་བསམས་བཞིན་དུ་རང་གིས་ལག་དར་ཏེ་སྲོག་བཅད་དམ་དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་ཏམ་དེ་
འཆིར་བཅུག་གམ་དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བླའི་ཞེས་ཟེར་ཞིང་སེམས་ཀྱི་འདོད་པ་དང་སེམས་ཀྱི་ཀུན་དུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ་དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་རྩོམ་པ་དེ་དུས་བྱས་ནས་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་ལས་གསུངས་པ་ཡིན་ཏེ། དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །མི་འམ་ཞེས་བྱ་བ་ནི་གང་གི་མའི་ལྟོར་དབང་པོ་དྲུག་པོ་འདི་ལྟ་སྟེ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་དབང་པོ་ཐོབ་པར་གྱུར་པའོ། །མིར་ཆགས་པ་ལ་ཞེས་བྱ་བ་ནི་གང་གིས་མའི་ལྟོར་དབང་པོ་གསུམ་པོ་འདི་ལྟ་སྟེ། ལུས་དང༌། སྲོག་དང༌། ཡིད་ཀྱི་དབང་པོ་ཐོབ་པར་གྱུར་པ་ལའོ། །བསམས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ། །རང་གིས་ལག་དར་ཏེ་ཞེས་པ་ནི་ལག་པས་ལག་པ་དར་ཏེའོ། །སྲོག་བཅད་དམ་ཞེས་བྱ་བ་ནི་དེའི་སྲོག་བཅད་པར་གྱུར་ནའོ། །དེ་ལ་མཚོན་བྱིན་ནམ་ཞེས་བྱ་བ་ནི་རལ་གྲི་འམ། སྤུ་གྲི་ལ་སོགས་པ་ཕུལ་བའོ། །དེ་ལ་མཚོན་ཐོགས་པ་གཉེར་ཏམ་ཞེས་བྱ་བ་ནི་སྐྱེས་པའམ་བུད་མེད་དམ། མ་ནིང་ངོ༌། །དེ་འཆིར་བཅུག་གམ་ཞེས་བྱ་བ་ནི་འཆིར་གཞུག་པ་ནི་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་འཆལ་བ་དང༌། ཚུལ་ཁྲིམས་དང་ལྡན་པ་དང༌། ནད་པའོ། །དེ་གསུམ་ལ་ལྷུང་བཟེད་ལ་སོགས་པ་ཐོབ་ཏུ་རེ་བས་འཆིར་བཅུག་སྟེ་ཤི་ན་ཕམ་པར་འགྱུར་རོ། །དེ་འཆིར་མ་བཏུབ་ན་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །དེ་འཆིར་བཅུག་ནས་དགེ་སློང་འགྱོད་པ་སྐྱེས་ཏེ། ཁྱོད་མ་འཆི་ཤིག་ཅེས་ཕྱིར་བཟློག་ན། དེ་ལྟར་ན་ཡང་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །དེའི་ཕྱིར་བཟློག་ཀྱང་མ་བཏུབ་སྟེ། ཤི་ན་ཡང་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ་ཞེས་བྱ་བ་ནི་འཆི་བར་མངོན་པར་མི་དགའ་བའི་མདུན་དུ་འཆི་བའི་བསྔགས་པ་བརྗོད་པའོ། །དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་ཅེས་བྱ་བ་ནི་བོད་
པའི་ཚིག་བླ་དགས་སོ། །འཚོ་བ་ཞེས་བྱ་བ་ནི་གསོན་པའོ། །སྡིག་པ་ཞེས་བྱ་བ་ནི་སྡིག་པའི་འབྲས་བུ་འམ་སྡིག་པའི་རྒྱུའོ། །མི་གཙང་བ་ཞེས་བྱ་བ་ནི་ལུས་ཀྱི་གཞི་མི་གཙང་བའོ། །ངན་པ་ཞེས་བྱ་བ་ནི་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ་ཐང་ཤིག་ཅེས་བྱ་བའོ།། གསོན་པ་བས་ནི་ཤི་བླའོ་ཞེས་བྱ་བ་ནི་གསོན་པ་སྨད་ཅིང་འཆི་བའི་བསྔགས་པ་བརྗོད་པའོ་ཞེས་ཟེར་ཞིང་ཞེས་བྱ་བ་ནི་བརྗོད་ཅིང་ངོ༌། །སེམས་ཀྱི་འདོད་པ་ཞེས་བྱ་བ་ནི་གསོད་སེམས་ཀྱིས་མི་དེ་འཆི་བར་མངོན་པར་འདོད་པའོ། །སེམས་ཀྱི་ཀུན་དུ་རྟོག་པ་དག་གིས་ཞེས་བྱ་བ་ནི་ལྷུང་བཟེད་དང༌། ཆོས་གོས་དང༌། དྲ་བ་དང༌། ཕོར་བུ་དང༌། སྐ་རགས་ལ་སོགས་པ་འཚོ་བའི་ཡོ་བྱད་འཐོབ་ཏུ་རེ་བའི་རྣམ་པར་རྟོག་པ་དག་གིས་སོ། །རྣམ་གྲངས་དུ་མས་ཞེས་བྱ་བ་ནི་རྣམ་པ་མང་པོས་སོ། །དེ་འཆིར་བཅུག་གམ་དེ་ལ་འཆི་བའི་བསྔགས་པ་བརྗོད་དེ་ཞེས་ཀྱང་སྨོས་པ་ནི་འཆི་བར་མངོན་པར་མི་དགའ་བའི་མདུན་དུ་རྣམ་གྲངས་དུ་མས་འཆི་བའི་བསྔགས་པ་བརྗོད་པ་དེ་བཟླས་པའི་ཕྱིར་བསྣན་པའོ། །དེ་ཡང་ཞེས་བྱ་བ་ནི་མི་དེ་ཡང་ངོ༌། །རྩོམ་པ་དེས་ཞེས་བྱ་བ་ནི་སྦྱོར་བའི་རྩོམ་པ་དེ་ཉིད་ཀྱིས་སོ། །དུས་བྱས་ནས་ཞེས་བྱ་བ་ནི་ཤི་ནའོ། །དགེ་སློང་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱི་གནས་པར་མི་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཐ་ན་བཞད་གད་བྱ་བར་བསམས་ཏེ་ཞེས་བྱ་བ་ནི་བཞད་གང་བྱ་བའི་བསམ་པས་སོ། །ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ་མིའི་ཆོས་བླ་མ་མཐའ་དང་འཕགས་པའི་བྱེ་བྲག་ཐོབ་པ་དང་ཤེས་པ་དང་མཐོང་བ་དང་རེག་པར་སྦྱོད་པ་མེད་ལ། མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེས་པ་ལ་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང༌། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། གསོབ་གསོག་བརྫུན་དུ་སྨྲས་སོ་ཞེས་ཟེར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་བྱ་བ་སོ་སོར་ཐར་པའི་མདོ་ལས་གསུངས་པ་ཡིན་ཏེ། དེ་ཡང་དགེ་སློང་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །མངོན་
པར་མི་ཤེས་ཤིང་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པའི་ས་བའི་ཤེས་པ་ཟག་པ་དང་བཅས་པས་གཟུགས་མངོན་པར་མི་ཤེས་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་མངོན་པར་མི་ཤེས་ཤིང་ངོ༌། །ཡོངས་སུ་མི་ཤེས་ལ་ཞེས་བྱ་བ་ནི་བསམ་གཏན་དང༌། གཟུགས་མེད་པའི་ས་པའི་ཤེས་པ་ཟག་པ་མེད་པའི་གཟུགས་ཡོངས་སུ་མི་ཤེས་པ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་ཡོངས་སུ་མི་ཤེས་པའོ། །མིའི་ཆོས་བླ་མ་ཞེས་བྱ་བ་ལ་མིའི་ཆོས་ཞེས་བྱ་བ་ནི་མི་རྣམས་ཀྱི་ཆོས་མྱ་ངན་ལས་འདས་པ་སྟེ། དེ་ནི་རྣམས་ཀྱིས་འཐོབ་ཀྱི་ཟ་མ་དང༌། མ་ནིང་དང༌། མཚན་གཉིས་པ་དག་གིས་ཀྱང་མི་འཐོབ་ན། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡིད་དགས་རྣམས་ཀྱིས་ལྟ་སྨོས་ཀྱང་རྩི་དགོས་པའི་ཕྱིར་རོ། །བླ་མ་ཞེས་བྱ་བ་ནི་འདོད་པའི་ཁམས་པས་གཟུགས་ཀྱི་ཁམས་བླ་མ་ཡིན་ལ། གཟུགས་ཀྱི་ཁམས་པས་གཟུགས་མེད་པའི་ཁམས་བླ་མ་ཡིན་པའོ། །ཡང་ན་མིའི་ཆོས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་པོ་འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། རྨུགས་པ་དང༌། གཉིད་དང་འགྱོད་པ་དང༌། རྒོད་པ་དང༌། ཐེ་ཚོམ་དག་གོ །བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ། །མཐའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། མཐར་ཐུག་པ་ཡིན་པའི་ཕྱིར་རོ། །འཕགས་པའི་བྱེ་གྲག་ཐོབ་པ་ཞེས་བྱ་བ་ནི་ཟག་པ་མེད་པ་ཐོབ་པ་སྟེ། འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཡིན་ནོ། །བྱེ་བྲག་ཐོབ་པ་ཞེས་བྱ་བ་ནི་དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོངས་བའི་འབྲས་བུ་དང༌། དགྲ་བཅོམ་པ་ཡིད་དོ། །ཤེས་པ་ཞེས་བྱ་བ་ནི་ཤེས་པ་བཞི་པོ་དག་སྟེ། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་བ་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་སྟེ། རྗེས་སུ་མི་ཚོལ་བའི་ཤེས་རབ་བོ། །མཐོང་བ་ཞེས་བྱ་བ་ནི་མཐོང་བ་བཞི་པོ་དག་སྟེ། སྡུག་བསྔལ་མཐོང་བ་དང༌། ཀུན་འབྱུང་བ་མཐོང་བ་དང༌། འགོག་པ་མཐོང་བ་དང༌། ལམ་མཐོང་བ་སྟེ། རྗེས་སུ་ཚོལ་པའི་ཤེས་རབ་བོ་རེག་པར་སྤྱོད་པ་ཞེས་བྱ་བ་ནི་བསམ་གཏན་བཞི་པོ་དག་ལ་བདེ་པར་
གནས་པ་སྟེ། སྙོམས་པར་འཇུག་པ་ལས་ཡིན་གྱི། སྐྱེ་བ་ལས་ནི་མ་ཡིན་ནོ། །མེད་པ་ལ་ཞེས་བྱ་བ་ནི་དངོས་པོ་མེད་པ་སྟེ། མངོན་སུམ་དུ་མ་གྱུར་པ་འམ་མི་སྲིད་པའོ། །མེད་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ལ་མེད་བཞིན་དུ་སྟེ། མ་ཐོབ་པའོ། །འདི་ཤེས་སོ་ཞེས་བྱ་བ་ལ། ཇི་ཞིག་ཤེས་སོ་ཞེ་ན། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ཤེས་སོ་ཞེས་སོ། །འདི་མཐོང་ངོ་ཞེས་བྱ་བ་ལ། ཅི་ཞིག་མཐོང་ངོ་ཞེས་ཤེ་ན། ལྷ་རྣམས་དང༌། ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མི་འམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་ཕོ་རྣམས་དང༌། ཡི་དགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་མཐོང་ངོ་ཞེས་ཟེར་བ་དང༌། དེ་རྣམས་ཀྱི་སྒྲ་ཐོས་སོ་ཞེས་ཟེར་བ་དང༌། བདག་དེ་རྣམས་བལྟ་བའི་ཕྱིར་འགྲོའོ་ཞེས་ཟེར་བ་དང༌། དེ་རྣམས་བདག་ལ་ལྟར་འོང་ངོ་ཞེས་ཟེར་བ་དང༌། བདག་དེ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་ཟེར་བ་དང༌། དེ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་ཟེར་བ་དང༌། བདག་གི་འདུ་ཤེས་ཉི་ཤུ་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། དགེ་སྦྱོང་གི་འབྲས་བུ་བཞི་དང༌། མངོན་པར་ཤེས་པ་དྲུག་དང༌། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང༌། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་མ་ཐོབ་བཞིན་དུ་ཐོབ་བོ་ཞེས་ཟེར་བ་སྟེ། དེ་དག་ཀྱང་མངོན་སུམ་དུ་གྱུར་པ་ཉིད་ཀྱིས་མཐོང་བ་དང་འདྲ་བའི་ཕྱིར་འདིར་མཐོང་བའི་སྒྲས་བསྡུས་སོ། །ཁས་འཆེས་པ་ལས་ཞེས་བྱ་བ་ནི་ཁས་བླངས་པ་ལས་སོ། །དེ་ཞེས་བྱ་བ་ནི་དགེ་སློང་དེའོ། །ལྟུང་བ་བྱུང་བ་ཞེས་བྱ་བ་ནི་གཞི་དེའིའོ། །རྣམ་པར་དག་པར་འདོད་ནས་ཞེས་བྱ་བ་ནི་རྣམ་པར་ལྡང་བར་འདོད་ནས་སོ། །དུས་གཞན་ཞིག་ཅེས་བྱ་བ་ནི་དུས་གཞན་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག་གིས་གླེངས་ཀྱང་རུང་ངོ༌། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག་
གིས་མ་གླེངས་པར་དེ་དག་ཉིད་འགྱོད་པ་དང༌། ཅུང་ཟད་འགྱོད་པ་དང༌། རྣམ་པར་འགྱོད་པ་དང༌། རབ་ཏུ་འགྱོད་པ་སྐྱེས་པས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །གསོབ་གསོག་བརྫུན་དུ་སྨྲས་སོ་ཞེས་ཤེས་པ་དེ་དག་ནི་སྨྲས་པའི་རྣམ་གྲངས་ཀྱི་ཚིག་ཡིན་ཏེ། གསོབ་ཅེས་བྱ་བ་ནི་དོན་དེས་སྟོང་པའོ། །གསོག་ཅེས་བྱ་བ་ནི་དེའི་ས་བོན་གྱིས་སྟོང་པ་སྟེ། གྲིབ་མ་ཙམ་དང་བྲལ་བའོ། །བརྫུན་ཞེས་བྱ་བ་ནི་དེར་འདུ་ཤེས་པ་དང་བྲལ་བའོ། །ཟེར་ན་ཞེས་བྱ་བ་ནི་བརྗོད་ནའོ། །མངོན་པའི་ང་རྒྱལ་མ་གཏོགས་ཏེ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་གཞག་སྟེའོ། །མངོན་པའི་ང་རྒྱལ་ཞེས་བྱ་བ་ནི་གྲིབ་མ་ཙམ་མཐོང་བ་ལས་ཡོན་ཏན་ཐོབ་པར་ང་རྒྱལ་བྱེད་པའོ། །མ་གཏོགས་ཏེ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་ཅན་གྱི་དོན་བརྫུན་པ་ཡང་དག་པའི་འདུ་ཤེས་ཀྱིས་བརྗོད་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི་གནས་པར་མི་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྡུག་བསྔལ་ཤེས་སོ་ཞེས་བྱ་བ་ནི་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང་བདག་མེད་པའི་རྣམ་པ་དག་གིས་སྐྱེས་པ་ཟག་པ་ཟད་པ་མེད་པའི་ཤེས་པའོ། །ཀུན་འབྱུང་བ་ཤེས་སོ་ཞེས་བྱ་བ་ནི་རྒྱུ་དང་ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་གྱི་རྣམ་པ་དག་གིས་སྐྱེས་བ་ཟག་པ་མེད་པའི་ཤེས་པའོ། །འགོག་པ་ཤེས་སོ་ཞེས་བྱ་བ་ནི་འགོག་པ་དང༌། ཞི་བ་དང༌། གྱ་ནོམ་པ་དང༌། ངེས་པར་འབྱུང་བའི་རྣམ་པ་དག་གིས་སྐྱེས་པ་ཟག་པ་མེད་པའི་ཤེས་པའོ། །ལམ་ཤེས་སོ་ཞེས་བྱ་བ་ནི་ལམ་དང་རིགས་པ་དང༌། སྒྲུབ་པ་དང་ངེས་པར་འབྱིན་པའི་རྣམ་པ་དག་གིས་སྐྱེས་པ་ཟག་པ་མེད་པའི་ཤེས་པའོ། །ལྷ་ཞེས་བྱ་བ་ནི་བརྒྱ་བྱིན་ལ་སོགས་པའོ། །ཀླུ་ཞེས་བྱ་བ་ནི་ཀླུ་ཕྲ་མོ་རྣམས་སོ། །གནོད་སྦྱིན་ཞེས་བྱ་བ་ནི་ལྷའི་གནས་སུ་མཆོད་པར་བྱ་བ་གཏོར་མ་ལེན་པ་རྣམས་སོ། །ནམ་མཁའ་ལྡིང་ཞེས་བྱ་བ་ནི་འང་བ་བཟངས་རྣམས་སོ། །དྲི་ཟ་ཞེས་བྱ་བ་ནི་ལྷ་རྣམས་ཀྱིས་གླུ་དང་རོལ་མོ་བྱེད་པ་རྣམས་སོ། །མི་འམ་ཅི་ཞེས་བྱ་བ་ནི་དུད་འགྲོ་མིའི་རྣམ་པ་ཅན་ཤིན་ཏུ་གཟུགས་
བཟང་པོ་དང་ལྡན་པ་རྣམས་སོ། །ལྟོ་འཕྱེ་ཆེན་པོ་ཞེས་བྱ་བ་ནི་ཀླུ་ཆེན་པོ་སྟེ། དགའ་བོ་དང༌། ཉེ་དགའ་ལ་སོགས་པ་ཀླུའི་བདག་པོ་རྣམས་སོ། །ཡི་དགས་ཞེས་བྱ་བ་ནི་རྐང་པ་ཕྱིར་ལྟ་བ་ལྟོགས་པ་རྣམས་སོ། །ཤ་ཟ་ཞེས་བྱ་བ་ནི་ཡི་དགས་ཀྱི་བྱེ་བྲག་སྟེ། ཤ་དང་ཁྲག་ཟ་བ་ནག་པོ་ཆེན་པོ་ལ་སོགས་པ་དག་གོ །གྲུལ་བུམ་ཞེས་བྱ་བ་ནི་ཡི་དགས་ཀྱི་རྣམ་པ་ཉིད་དོ། །དེ་དག་གི་ཡན་ལག་གི་རྣམ་པ་འབྲས་བུ་བུམ་པ་འདྲ་བ་སྟེ། བུམ་སྣ་ལ་སོགས་པ་དག་གོ །སྲུལ་པོ་ཞེས་བྱ་བ་ནི་ཡི་དགས་ཀྱི་བྱེ་བྲག་ཉིད་དོ། །ལུས་སྲུལ་པོ་ཞེས་བྱ་བ་ཡང་ཡི་དགས་ཀྱི་བྱེ་བྲག་ཉིད་དོ། །ཐུང་དུ་ལུས་དྲི་ང་བ་སེག་དང་རེ་ལྡེ་ལ་སོགས་པ་གྱོན་པ་དག་གོ །གཏམ་འདྲེ་བར་བྱེད་ཅེས་བྱ་བ་ནི་ཚུར་ཤོག་འོངས་པ་ལེགས་སོ་ཞེས་བྱ་བ་ལ་སོགས་པས་གཏམ་འདྲེ་བར་བྱེད་པའོ། །ཕེབས་པར་སྨྲ་བར་བྱེད་ཅེས་བྱ་བ་ནི་ཡིད་འབེབས་པར་བྱེད་པའི་མཚན་ཉིད་ཀྱིས་སོ། སོ་སོར་ཀུན་དགའ་བར་བྱེད་ཅེས་བྱ་བ་ནི་དེའི་ཡོན་ཏན་གྱི་ཚོགས་ལེགས་པར་བསྒྲགས་པས་ཕན་ཚུན་ཀུན་དགའ་བར་བྱེད་པའོ། །རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་བྱ་བ་ནི་རྒྱུན་ཉིད་ཀྱིས་ལྷན་ཅིག་ཏུ་འདུག་པའོ། །མི་རྟག་པའི་འདུ་ཤེས་ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་མི་རྟག་གོ་ཞེས་བྱ་བར་ཞུགས་པ་བསམ་གཏན་གྱི་དངོས་གཞིའི་ས་པའི་འདུ་ཤེས་སོ། །མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བའོ་ཞེས་བྱ་བ་བསམ་གཏན་གྱི་དངོས་གཞིའི་ས་པའི་འདུ་ཤེས་སོ། །སྡུག་བསྔལ་ལ་བདག་མེད་པའི་འདུ་ཤེས་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང༌། སྡུག་བསྔལ་བ་གང་ཡིན་པ་དེ་ལ་རང་དབང་མེད་དོ་ཞེས་བྱ་བར་འདུ་ཤེས་པ་བསམ་གཏན་གྱི་དངོས་གཞིའི་ས་པའི་འདུ་ཤེས་སོ། །ཟས་ལ་མི་མཐུན་པའི་འདུ་ཤེས་ཞེས་བྱ་བ་ནི་ཟས་ལ་མི་ཕྱོགས་པའི་འདུ་ཤེས་སོ། །འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་དག་ལ་མི་ཕྱོགས་པའི་འདུ་ཤེས་སོ། །ཉེས་དམིགས་ཀྱི་འདུ་ཤེས་ཞེས་བྱ་བ་ནི་ཡོངས་སུ་འགྱུར་བའི་ཉེས་པ་ལ་དམིགས་པའོ། །སྤོང་བའི་འདུ་ཤེས་ཞེས་བྱ་བ་ནི་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་འགོག་
པ་ལ་དམིགས་པའོ། །འདོད་ཆགས་དང་བྲལ་བའི་འདུ་ཤེས་ཞེས་བྱ་བ་ནི་འདོད་ཆགས་འགོག་པ་ལ་དམིགས་པའོ། །འགོག་པའི་འདུ་ཤེས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་སྤོང་བ་ལ་དམིགས་པའོ། །འཆི་བའི་འདུ་ཤེས་ཞེས་བྱ་བ་ནི་ཚེའི་འདུ་བྱེད་འགག་པ་ལ་དམིགས་པའོ། །མི་སྡུག་པའི་འདུ་ཤེས་ཞེས་བྱ་བ་ནི་རུས་པའི་ཀེང་རུས་ལ་དམིགས་པའི་འདུ་ཤེས་སོ། །རྣམ་པར་བསྔོས་པའི་འདུ་ཤེས་ཞེས་བྱ་བ་ནི་ལུས་རུལ་ཅིང་སྔོན་པོར་གྱུར་པ་ལ་དམིགས་པའོ་།རྣམ་པར་རྣགས་པའི་འདུ་ཤེས་ཞེས་བྱ་བ་ནི་རྣག་འཛག་པ་ལ་དམིགས་པའོ། །རྣམ་པར་བམ་པའི་འདུ་ཤེས་ཞེས་བྱ་བ་ནི་སྐྲངས་ཤིང་སྤོས་པ་ལ་དམིགས་པའོ། །རྣམ་པར་འབུས་གཞིགས་པའི་འདུ་ཤེས་ཞེས་བྱ་བ་ནི་སྲིན་བུས་གཞིགས་པ་ལ་དམིགས་པའོ། །རྣམ་པར་ཟོས་པའི་འདུ་ཤེས་ཞེས་བྱ་བ་ནི་ཤ་བར་བར་དུ་ཟོས་པ་ལ་དམིགས་པའོ། །རྣམ་པར་དམར་བའི་འདུ་ཤེས་ཞེས་བྱ་བ་ནི་དམར་བའི་རྣམ་པ་ལ་དམིགས་པའོ། །རྣམ་པར་འཐོར་བའི་འདུ་ཤེས་ཞེས་བྱ་བ་ནི་ཡན་ལག་རྣམ་པར་འཐོར་བ་ལ་དམིགས་པའོ། །རུས་གོང་གི་འདུ་ཤེས་ཞེས་བྱ་བ་ནི་ཐོད་པ་ལ་སོགས་པ་ལ་དམིགས་པའོ། །སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཞེས་བྱ་བ་ནི་འགྲོ་བ་ལ་རྟག་པའི་ཆོས་ཀྱི་བདག་ཉིད་དང༌། གང་ཟག་གི་བདག་ཉིད་ཀྱིས་སྟོང་པར་སེམས་པ་བསམ་གཏན་གྱི་དངོས་གཞིའི་ས་བའི་འདུ་ཤེས་སོ། །བསམ་གཏན་དང་པོ་ཞེས་བྱ་བ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའོ། །གཉིས་པ་ཞེས་བྱ་བ་ནི་རྟོག་པ་མེད་ཅིང་དཔྱོད་པ་མེད་པའོ། །གསུམ་པ་ཞེས་བྱ་བ་ནི་དགའ་བ་མེད་ཅིང་བདེ་བའོ། །བཞི་པ་ཞེས་བྱ་བ་ནི་སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པའོ། །བྱམས་པ་ཞེས་བྱ་བ་ནི་ཀྱེ་མ་སེམས་ཅན་རྣམས་བདེ་བར་གྱུར་ཅིག་ཅེས་སྨོས་པ་ལས་བྱུང་བ་བསམ་གཏན་གྱི་དངོས་གཞིའི་ས་པའི་ཞེ་སྡང་མེད་པ་སྟེ། མཛའ་བཤེས་དག་ལས་འབྱུང་བའི་ཕྱིར་རོ། །སྙིང་རྫེ་ཞེས་བྱ་བ་ནི་ཀྱེ་མ་སེམས་ཅན་རྣམས་ནི་སྡུག་བསྔལ་ལོ་ཞེས་བྱ་བར་མོས་པ་ལས་བསམ་གཏན་གྱི་དངོས་གཞིའི་ས་པའི་ཞེ་སྡང་མེད་པའོ། །དགའ་བ་ཞེས་བྱ་བ་ནི་ཀྱེ་མ་སེམས་ཅན་རྣམས་དགའ་བར་གྱུར་ཅིག་ཅེས་མོས་པ་ལས་བྱུང་བ་བསམ་གཏན་གྱི་དངོས་གཞིའི་ས་པའི་ཡིད་
བདེ་བའོ། །བཏང་སྙོམས་ཞེས་བྱ་བ་ནི་འདི་དག་ནི་སེམས་ཅན་ཙམ་མོ་ཞེས་མོས་པ་ལས་བྱུང་བ་བསམ་གཏན་གྱི་དངོས་གཞིའི་ས་པའི་འདོད་པ་མེད་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་ས། །རྣམ་པར་ཤེས་པ་མཐའ་ཡས་སོ། །བདག་གི་བ་གང་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་སྦྱོར་བ་ལས་བྱུང་བའི་ཕུང་པོ་བཞི་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་བ་ནི་འདུ་ཤེས་ཀྱི་བྱ་བ་མི་བྱེད་པའི་ཕྱིར། འདུ་ཤེས་ཀྱང་མ་ཡིན་ལ་རྫས་སུ་ཡོད་པའི་ཕྱིར་འདུ་ཤེས་མེད་པ་ཡང་མ་ཡིན་པས་འདུ་ཤེས་མེད་འདུ་ཤེས་མེད་མིན་པ་ཡང་མ་ཡིན་པས་གཙོ་ཆེ་བའི་ཕུང་པོ་བཞི་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་ལ། རྒྱུན་ཞེས་བྱ་བ་ནི་འཕགས་པའི་ལམ་སྟེ། དེས་མྱ་ངན་ལས་འདས་པའི་རྒྱུ་མཚོར་འཇུག་པའི་ཕྱིར་རོ། །དེར་ཞུགས་པ་ནི་རྟོགས་པ་སྟེ། ཁམས་གསུམ་པའི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པས་ཟག་པ་མེད་པའི་ལམ་གྱིས་སེམས་ཀྱི་སྐད་ཅིག་མ་དྲུག་ཅུ་ཐོབ་པ་འདུས་བྱས་དང་འདུས་མ་བྱས་ཀྱི་བྱེ་བྲག་གི་རྣམ་པ་གཉིས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བ་ནི་གང་དག་ལན་ཅིག་ཅེས་བྱ་བ་རེས་གཅིག་མིའི་འགྲོ་བར་འོངས་པར་འགྱུར་ཞིང་ལྷག་མ་མེད་པ་དེ་དག་ནི་ལན་ཅིག་ཕྱིར་འོང་བ་དག་སྟེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་དག་གི་རྣམ་པ་དྲུག་པ་སྤངས་ཤིང་མཐོང་བའི་ལམ་ལས་ལངས་པའི་འཕགས་པའི་གང་ཟག་རྣམས་སོ། །དེ་དག་གི་འབྲས་བུ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟེ། ཁམས་གསུམ་པའི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་དང༌། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་དག་གི་རྣམ་པ་དྲུག་སྤངས་པས་ཟག་པ་མེད་པའི་ལམ་ཐོབ་པ་འདུས་བྱས་དང། འདུས་མ་བྱས་ཀྱི་བྱེ་བྲག་གི་རྣམ་པ་གཉིས་སོ། །ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བ་ནི་གང་དག་འདོད་པའི་ཁམས་སུ་སྐྱེ་བའི་དོན་དུ་ཡང་ཕྱིར་མི་འོང་བ་འདོད་པ་ན་སྤྱོད་པའི་ཉོ་ན་མོངས་པ་བསྒོམ་པས་སྤང་བར་བྱ་བ་དག་གི་རྣམ་པ་དགུ་པ་ཡང་སྤང་བའི་ཕྱིར་རོ། །དེ་དག་གི་
འབྲས་བུ་ནི་ཕྱིར་མི་འོང་བའི་འབྲས་བུ་སྟེ། ཁམས་གསུམ་པའི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་དང༌། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་དག་སྤངས་པས། ཟག་པ་མེད་པའི་ལམ་ཐོབ་པ་འདུས་བྱས་དང༌། འདུས་མ་བྱས་ཀྱི་བྱེ་བྲག་གི་རྣམ་པ་གཉིས་སོ། །དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཞེས་བྱ་བ་ལ། དགྲ་བཅོམ་པ་ཉིད་ཅེས་བྱ་བ་ནི་འགྲོ་བ་མཐའ་དག་གིས་མཆོད་པར་འོས་པ་དང༌། ཡང་མི་སྐྱེ་བ་དང༌། ཉོན་མོངས་པའི་དགྲ་རྣམས་བཅོམ་པ་ཉིད་དོ། །དེ་ཉིད་འབྲས་བུ་ཡིན་པས་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་སྟེ། ཁམས་གསུམ་པའི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤངས་པས་ཟད་པ་དང་མི་སྐྱེ་བ་ཐོབ་པས་འདུས་བྱས་དང་འདུས་མ་བྱས་ཀྱི་བྱེ་བྲག་རྣམ་པ་གཉིས་སོ། །རྫུ་འཕྲུལ་ཞེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བ་དང༌། དངོས་པོ་འབྱུང་བ་དང༌། བསྒྱུར་བ་དང་བྱིན་གྱིས་བརླབས་པ་དང༌། ཀ་བ་ལ་སོགས་པ་བསྒྲིབས་པ་ལ་འཇུག་པ་དང༌། འབྱུང་བའི་ཡོན་ཏན་ནི་རྫུ་འཕྲུལ་ཡིན་ནོ། །ཤེས་པ་གང་ལ་རྫུ་འཕྲུལ་གྱི་ཡུལ་དེ་ཡོད་པ་དེ་ནི་རྫུ་འཕྲུལ་གྱི་ཡུལ་དང་ལྡན་པ་སྟེ་བསམ་གཏན་གྱི་དངོས་གཞིའི་ས་པའི་ཏིང་ངེ་འཛིན་ཏོ། །ལྷའི་རྣ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་རྣ་བས་ཐག་རིང་པོ་དང༌། ཆ་ཕྲ་བ་དང་བསྒྲིབས་པ་ཐོས་པའོ། །སེམས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་གཞན་གྱི་སེམས་ཤེས་པ་སྟེ། སེམས་ཀྱི་བྱེ་བྲག་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ །ཁ་ཅིག་ན་རེ་འདིས་སེམས་ཡོངས་སུ་ཤེས་པར་བྱེད་པའི་ཕྱིར་སེམས་ཡོངས་སུ་ཤེས་པ་ཞེས་བྱ་བ་སྟེ། དེས་ཆགས་པ་དང་སྡང་བ་དང༌། རྨོངས་པའི་སེམས་ཤེས་པར་བྱེད་པའམ། ལན་འགའ་ཆགས་པ་དང༌། ལན་འགའ་སྡང་བ་དང༌། ལན་འགའ་རྨོངས་པར་གྱུར་པའི་གོ་རིམས་ཡོངས་སུ་ཤེས་པར་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །སྔོན་གྱི་གནས་ཞེས་བྱ་བ་ནི་སྔོན་གྱི་སྐྱེ་བ་དྲན་པ་སྟེ་སྔོན་གྱི་གནས་ཤེས་པར་བྱེད་པའི་ཕྱིར་རོ། །འཆི་འཕོ་དང་སྐྱེ་བ་ཞེས་བྱ་བ་ནི་ལྷའི་མིག་སྟེ། འཆི་འཕོ་དང་སྐྱེ་བ་མཐོང་བར་བྱེད་པའི་ཕྱིར་རོ། །ཟག་པ་ཟད་པ་ཞེས་བྱ་བ་ནི་ཟད་པ་ཤེས་པ་སྟེ། ཟག་པ་ཟད་པ་ཤེས་པར་བྱེད་པའི་ཕྱིར་རོ། །
རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཞེས་བྱ་བ་ནི། རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་དང༌། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་དང༌། སྡུག་པའི་རྣམ་པར་ཐར་པ་དང༌། གཟུགས་མེད་པ་བཞི་དང་འགོག་པའི་སྙོམས་པར་འཇུག་པའོ། །དེ་དག་ལ་བསམ་གཏན་པ་ཞེས་བྱ་བ་ནི་གང་རྣམ་པར་ཐར་པ་བརྒྱད་པོ་དག་ལ་སྙོམས་པར་འཇུག་པའོ། །གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང༌། སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་གང་ཡིན་པའོ།། །།བམ་པོ་བརྒྱད་པ། དེ་ལྟར་ལྟུང་བར་འགྱུར་བའི་ཆོས་རྣམས་བརྗོད་ནས། དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་དགེ་སྦྱོང་དུ་བྱེད་པའི་ཆོས་རྣམས་བརྗོད་པར་བྱ་སྟེ་ཞེས་བྱ་བ་གསུངས་སོ། །དེ་དག་ཀྱང་གང་ཞེ་ན། གཤེ་ཡང་སླར་མི་གཤེ་པར་བྱ་བ་དང༌། ཁྲོས་ཀྱང་སླར་མི་ཁྲོ་བར་བྱ་བ་དང༌། བརྡེགས་ཀྱང་སླར་མི་བརྡེག་པར་བྱ་བ་དང༌། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བར་བྱ་བ་དག་གོ །འདི་ལྟར་དེ་དག་ནི་གཞན་ལ་གནོད་པ་མེད་པའི་ཕྱིར་དགེ་སྦྱོང་དུ་བྱེད་པས་ན་དགེ་སྦྱོང་བྱེད་པ་སྟེ། དེ་ལྟར་ཡང༌། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་པ་དང༌། དགེ་སློང་ཆོས་དང་ལྡན་པ་ནི་གཤེ་ཡང་སླར་གཤེ་བར་མི་བྱེད་པ་དང༌། ཁྲོས་ཀྱང་སླར་ཁྲོ་བར་མི་བྱེད་པ་དང༌། བརྡེགས་ཀྱང་སླར་རྡེག་པར་མི་བྱེད་པ་དང༌། མཚང་བྲུས་ཀྱང་སླར་མཚང་འབྲུ་བར་མི་གྱེད་དེ། དེ་ཙམ་གྱིས་ན་དགེ་སྦྱོང་གི་ཆོས་ལ་རྣམ་པར་ངས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གཤེ་ཞེས་བྱ་བ་ནི་སྤྱོ་པའོ། །ཁྲོ་ཞེས་བྱ་བ་ནི་ཞེར་འདེབས་པའོ། །རྡེག་ཅེས་བྱ་བ་ནི་བསྣུན་པའོ། །མཚང་འབྲུ་ཞེས་བྱ་བ་ནི་ཅོ་འདྲི་བའོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་མཆོག་ཏུ་འདོད་པར་བྱ་བ་ཡང་དག་པ་ཉིད་ཀྱིས་རྫོགས་པ་ཉིད་བརྗོད་པར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། མཆོག་ཏུ་འདོད་པར་བྱ་བ་ཞེས་བྱ་བ་ནི་རབ་ཏུ་འདོད་པར་བྱ་བ་འདོད་པར་གྱུར་པའི་དངོས་པོ་སྟེ། ཁྱོད་སྟོན་བདག་ལེགས་པར་གསུངས་པའི་ཆོས་
འདུལ་བ་ལ་རབ་ཏུ་བྱུང་བ་དང༌། རྫོགས་པར་བསྙེན་པ་དགེ་སློང་གི་དངོས་པོ་ཐོབ་ཀྱང་ཅི་མ་རུང་སྙམ་དུ་སྨོན་པ་གང་ཡིན་པ་དེ་ཞེས་བྱ་བ་ནི་མཆོག་ཏུ་བྱ་བའི་དངོས་པོའོ། །ཡང་དག་པ་ཉིད་ཀྱིས་ཞེས་བྱ་བ་ལ། ཡང་དག་པའི་དངོས་པོ་ནི་ཡང་དག་པ་ཉིད་དེ། ཡང་དག་པ་ཉིད་དེས་དེང་ཁྱོད་མཁན་པོ་འོས་པ་དང༌། སློབ་དཔོན་འོས་པ་གཉིས་དང༌། དགེ་འདུན་མཐུན་པ་དང༌། གསོལ་བ་དང་བཞིའི་ལས་མི་གཡོ་བར་གཞག་པར་མི་འོས་པས་ཞེས་བྱ་བས་སོ། །རྫོགས་པ་ཉིད་ཅེས་བྱ་བ་ནི་མཆོག་ཏུ་འདོད་པར་བྱ་བའི་དངོས་པོ་དེ་རྫོགས་པ་ཉིད་གང་ཡིན་པ་ཡོངས་སུ་རྫོགས་པ་དང༌། ཡོངས་སུ་རྒྱས་པ་སྟེ། རབ་ཏུ་བྱུང་ཞིང་རྫོགས་པར་བསྙེན་ཏོ་ཞེས་བྱ་བའོ། །སྨན་པ་ཞེས་བྱ་བ་ནི་འདོད་པའོ། །འོས་པ་ཞེས་བྱ་བ་ནི་རྫོགས་པར་བསྙེན་པ་དང་བཅས་ཤིང་མ་ཉམས་པའོ། །མཐུན་པ་ཞེས་བྱ་བ་ནི་ཚང་བའོ། །མི་གཡོ་བ་ཞེས་བྱ་བ་ནི་ཡང་བྱ་བ་མེད་པའི་ཕྱིར་ཏེ། ཆོ་ག་ལས་མ་འདས་པ་ཞེས་བྱ་བའི་ཐ་ཚིག་གོ །གཞག་པར་མི་འོས་པས་ཞེས་བྱ་བ་ནི་འགོག་པར་བྱེད་པ་མེད་པའི་ཕྱིར་རོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་ཀྱི་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་ཅེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་རྒྱུ་མཚན་གྱིས་མཉམ་པའི་རང་བཞིན་ཉིད་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་དེ། རྫོགས་པར་བསྙེན་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་དེ་རིང་རྫོགས་པར་བསྙེན་པས་ཀྱང་བསླབ་པའོ། །དེ་རིང་རྫོགས་པར་བསྙེན་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་རྫོགས་པར་བསྙེན་ནས་ལོ་བརྒྱ་ལོང་པས་ཀྱང་བསླབ་པོ་ཞེས་བྱ་བའོ། །དེ་བསྒྲུབ་པ་ནི་ནན་ཏན་ཏུ་བྱ་བ་སྟེ་དེ་ལ་ངེས་པར་སྦྱར་བར་བྱ་སྟེ་ཞེས་བྱ་བ་ནི་དེ་ལྟར་ན་ཚུལ་ཁྲིམས་ཀྱིས་མཉམ་པ་དང༌། བསླབ་པ་ཉིད་ཀྱིས་མཉམ་པ་དང༌། སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་དེ་ཁྱོད་ཀྱིས་དེང་ཕྱིན་ཆད་བསྒྲུབ་པར་བྱའི་མི་བསྒྲུབ་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གིས་སོ། །དེ་རིང་རྫོགས་པར་བསྙེན་པས་ཞེས་བྱ་བ་ནི་ཉི་མ་དེ་ཉིད་ལ་རྫོགས་པར་བསྙེན་པས་སོ། །ཚུལ་
ཁྲིམས་ཉིད་ཀྱིས་མཉམ་པ་ཞེས་བྱ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་དང་སྤོང་བས་མཉམ་པར་གྱུར་པའི་ཕྱིར་རོ། །བསླབ་པ་ཉིད་ཀྱིས་མཉམ་པ་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྤོང་བས་མཉམ་པར་གྱུར་བའི་ཕྱིར་རོ། །སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་ཞེས་བྱ་བ་ནི་གསོ་སྦྱོང་ལྷན་ཅིག་བྱེད་པའི་ཕྱིར་ཏེ། ཆོས་ཀྱི་ལོངས་སྤྱོད་ཀྱིས་མཉམ་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལ་སོ་སོར་ཐར་པ་ཞེས་བྱ་བ་ནི་དང་པོ་ཐར་པ་སྟེ། དེས་དང་པོར་སྡིག་པ་ལས་ཐར་བའི་ཕྱིར་རོ། །དེ་ལས་བྱུང་བ་འམ་དེ་ལ་ཡོད་པ་ནི་སོ་སོར་ཐར་པའོ། །དེ་ཉིད་མདོ་སྡེ་འདུལ་བ་མཐའ་དག་གི་ཆོ་གའི་དོན་མདོར་སྨོས་པའི་ཕྱིར་རོ། །དེ་འདོན་པ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པ་ལྔ་པོ་གླེང་གཞི་གདོན་པ་དང༌། ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་དང༌། རིལ་གྱིས་གདོན་པ་དག་གདོན་པ་སྟེ། དགེ་འདུན་གྱི་ནང་དུ་ཁ་ཐོན་དུ་འདོན་ཞེས་བྱ་བའི་ཐ་ཚིག་གོ །བསྒྲུབ་པར་བྱ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །མི་བསྒྲུབ་པར་མི་བྱ་ཞེས་བྱ་བ་ནི་ཉམས་པར་མི་བྱ་བའོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་ཚུལ་དང་འབྲེལ་བའི་གཟུགས་བརྙན་ལ་ངེས་པར་སྦྱར་བར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། ཚུལ་དང་འབྲེལ་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་དང་འབྲེལ་པ་སྟེ། འཇིག་རྟེན་གྱི་ཕ་མ་ལྟ་བུར་འབྲེལ་པ་ཞེས་བྱ་བའི་ཐ་ཚིག་གོ །དེའི་གཟུགས་བརྙན་ཞེས་བྱ་བ་ནི་གཟུགས་བརྙན་ལྟ་བུར་འདྲ་བར་བསྒྲུབ་པ་སྟེ། དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་གཞག་པར་བྱ་བའོ། །མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་ཉེ་བར་གཞག་པར་བྱའོ་ཞེས་བྱ་བའོ། །དེ་ལ་ངེས་པར་སྦྱར་བར་བྱ་བ་ནི་ཁྱོད་ཀྱིས་དེང་ཕྱིན་ཆད་མཁན་པོ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱའོ། །མཁན་པོས་ཀྱང་ཁྱོད་ཤི་བའམ་སོས་ཀྱིས་བར་དུ་ནད་གཡོག་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་ན་བ་ལ་སོགས་པའི་གནས་སྐབས་དག་ན་རེ་བ་དང་བཅས་པ་ཉིད་དུ་བྱ་བའི་ཕྱིར་རོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་དུལ་བར་གནས་པ་ཉིད་ལ་ངེས་པར་སྦྱར་བར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། དུལ་
བ་ཞེས་བྱ་བ་ནི་ཉེ་བར་ཞེ་བ་སྟེ་མི་རྒོད་པའོ། །དེ་དུལ་བར་གནས་པ་ནི་དུལ་བར་གནས་པའོ། །དེའི་དངོས་པོ་ནི་དུལ་བར་གནས་པ་ཉིད་དོ། །དེ་ལ་ངེས་པར་སྦྱར་བར་བྱ་བ་ནི་དེང་ཕྱིན་ཆད་ཁྱོད་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང༌། གནས་བརྟན་རྣམས་དང་བར་མ་རྣམས་དང༌། གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང༌། ཞེས་དང་བཅས་པ་དང༌། འཇིགས་པ་དང་བཅས་པའི་དབང་དུ་མ་གྱུར་པར་གནས་པར་བྱའོ་ཞེས་བྱ་བས་སོ། །གུས་པ་དང་བཅས་པ་ཞེས་བ་བ་ནི་ཡོན་ཏན་རྣམས་དང༌། ཡོན་ཏན་དང་ལྡན་པ་རྣམས་ལ་ཡོན་ཏན་འདོད་པ་ཉིད་སྔོན་དུ་བཏང་བས་གུས་པ་དང་བཅས་པ་སྟེ། ངོ་ཚ་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང་བཅས་པ་ཞེས་བྱ་བ་ནི་རྗེ་དཔོན་གྱི་བསམ་པ་དང་བཅས་པའོ། །འཇིགས་པ་དང་བཅས་པའི་དབང་དུ་འགྱུར་བར་ཞེས་བྱ་བ་ནི་ཐམས་ཅད་ལ་རྗེ་དཔོན་ཉིད་དུ་སེམས་པས་འཇིགས་པའི་དོགས་པ་དང་བཅས་པའི་དབང་དུ་འགྱུར་བར་རོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་དགོས་པ་རྗེས་སུ་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། དགོས་པ་ཞེས་བྱ་བ་ནི་ཀླག་པ་དང༌། ཁ་ཏོན་དང༌། མཁས་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱ་བ་ལ་སོགས་པའོ། །དེའི་རྗེས་སུ་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱ་བ་ནི་དེང་ཕྱིན་ཆད་ཁྱོད་ཀྱིས་ལུང་མནོད་པར་བྱ། བཀླག་པར་བྱ། ཁ་ཏོན་དུ་བྱའོ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སོ། །ལུང་མནོད་པར་བྱ་ཞེས་བྱ་བ་ནི་བཀླག་པའི་ཁ་ཏོན་དུ་ལུང་ནོད་པ་དང༌། ལུང་དབོག་པར་བྱ་བའོ། །བཀླག་པར་བྱ་ཞེས་བྱ་བ་ནི་ལུང་ནོད་པ་རྣམས་ཁ་ཏོན་དུ་བྱ་བའི་ཕྱིར་བཀླག་པར་བྱ་བའོ། །ཁ་ཏོན་བྱའོ་ཞེས་བྱ་བ་ནི་ཀླག་པ་ལོབས་པ་རྣམས་མི་བརྗེད་པར་བྱ་བའི་ཕྱིར་ཁ་ཏོན་བྱ་བའོ། །ཕུང་པོ་ལ་མཁས་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་དབྱེ་བས་ཕུང་པོ་རྣམས་ལ་མཁས་པར་བྱ་བའོ། །ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་ཞེས་བྱ་བ་ཡང་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་དབྱེ་བས་ཕུང་པོ་རྣམས་ལ་མཁས་པར་བྱ་བའོ། །ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་ཞེས་བྱ་བ་ཡང་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་དབྱེ་བས་དེ་དག་ལ་
མཁས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་བ་འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དང༌། འདི་ལྟ་སྟེ་འདི་མེད་པས་འདི་མི་འབྱུང་ལ། འདི་མ་སྐྱེས་པའི་ཕྱིར་འདི་མི་སྐྱེ་བ་སྟེ། འདི་ལྟ་སྟེ་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་ཅེས་བྱ་བ་ནས། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འགག་པར་འགྱུར་རོ་ཞེས་བྱ་བའི་བར་གྱི་དབྱེ་བས་ལུགས་སུ་འབྱུང་བ་དང༌། ལུགས་སུ་མི་འབྱུང་བ་ལ་མཁས་པའོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ཞེས་བྱ་བ་ནི་ལུས་ཀྱིས་ལེགས་པར་སྤྱད་པའི་འབྲས་བུ་དང༌། རྣམ་པར་སྨིན་པ་འདོད་པ་དང༌། སྡུག་པ་དང༌། དགའ་བ་དང༌། ཡིད་དུ་འོང་བར་འགྱུར་བ་ནི་གནས་ཡིན་ཞིང་སྐབས་ཡིན་ལ། ལུས་ཀྱིས་ཉེས་པར་སྤྱད་པའི་འབྲས་བུ་དང༌། རྣམ་པར་སྨིན་པ་མི་འདོད་པ་དང༌། སྡུག་པ་དང༌། དགའ་བ་དང༌། ཡིད་དུ་འོང་པར་འགྱུར་བ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་སྲིད་པ་དང་མི་སྲིད་པའི་གནས་ལ་མཁས་པའོ། །མ་ཐོབ་པ་ཐོབ་པར་བྱ་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་མ་ཐོབ་བ་ཐོབ་པར་བྱ་བའི་ཕྱིར་རོ། །མ་རྟོགས་པ་རྟོགས་པར་བྱ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཕུང་པོ་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་རོ། །མངོན་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕུང་པོ་མངོན་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་རོ། །བརྩོན་པ་ཞེས་བྱ་བ་ནི་བརྩོན་འགྲུས་སོ། །མི་འདོར་བར་བྱའོ་ཞེས་བྱ་བ་ནི་ཡོངས་སུ་མི་གཏང་བར་བྱ་བའོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པའི་སྒྲུབ་པར་འགྱུར་བ་ཉིད་ཀྱང་བརྗོད་པར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ་མ་བརྗོད་པ་ཞེས་བྱ་བ་ནི་གོ་བར་མ་བྱས་ཤིང་མ་སྨྲས་པའོ། །ཡང་དག་པར་བླངས་པ་ཞེས་བྱ་བ་ནི་མ་ནོས་ཤིང་ཡང་དག་པར་བླངས་པ་སྟེ། དགེ་འདུན་ལྷག་མ་ལ་སོགས་བསླབ་པའི་གཞི་རྣམས་
སོ། །དེ་ནི་མ་བརྗོད་པ་ཡང་ཡིན་ལ། ཡང་དག་ཕར་བླངས་པ་ཡང་ཡིན་པས། མ་བརྗོད་པ་ཡང་དག་པར་བླངས་པའོ། །དེའི་ཡོངས་སུ་ཤེས་པ་ནི་མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པར་བྱ་བའོ། །དེའི་བསྒྲུབ་པར་འགྱུར་བ་ཉིད་ནི་དེ་བསྒྲུབ་པར་བྱ་བ་ཉིད་འབྱུང་བར་འགྱུར་བའི་ཐབས་ཏེ། དེ་དག་བརྗོད་པར་བྱ་བ་འདི་དག་ནི་ཁོ་བོས་ཁྱོད་ལ་བསླབ་པའི་གཞི་ཆེ་ལོང་ཆེ་ལོང་ཙམ་ཞིག་བརྗོད་པར་ཟད་དེ། གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་ཐོས་པར་འགྱུར་རོ། །གཞན་དག་ཀྱང་སློབ་དཔོན་དང་མཁན་པོ་དང༌། མཁན་པོ་གཅིག་པ་དང༌། སློབ་དཔོན་གཅིག་པ་དང༌། གཏམ་འདྲེས་པ་དང༌། ཕེབས་པར་སྨྲ་བ་དང༌། སྨོས་འདྲིན་དང་འགྲོགས་བཤེས་རྣམས་ཀྱང་རྒྱ་ཆེར་སྟོན་པར་འགྱུར་རོ་ཞེས་བྱ་བས་སོ། །འདི་སྐད་བསྟན་ཏེ། དེ་ལྟར་ཁོ་བོས་ལྟུང་བར་འགྱུར་བ་ཙམ་ཞིག་བརྗོད་པར་བྱ་སྟེ། བསླབ་པའི་གཞི་ལྷག་མ་མ་བརྗོད་པ་ཡང་དག་ཕར་བླངས་པ་དེ་དག་ཁྱོད་ཀྱིས་ཡོངས་སུ་ཤས་པར་བྱ་བ་ནི་མཁན་པོ་ལ་སོགས་པ་ལས་བསྒྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །ཆེ་ལོང་ཆེ་ལོང་ཞེས་བྱ་བ་ནི་གཙོ་བོ་དག་པས་ཀྱང་ཆེས་གཙོ་བོ་དག་གོ །གཞན་དག་ཅེས་བྱ་བ་ནི་དགེ་འདུན་ལྷག་མ་ལ་སོགས་པ་དག་གོ་།ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་ཞེས་བྱ་བ་ནི་གསོ་སྤྱོད་བཅུ་བཞི་པའམ་བཅོ་ལྔ་པའི་ཚེའོ། །ཐོས་པར་འགྱུར་རོ་ཞེས་བྱ་བ་ནི་ལོབས་པར་འགྱུར་བའོ། །གཏམ་འདྲེས་པ་ཞེས་བྱ་བ་ནི་ཚུར་ཤོག་འོངས་པ་ལེགས་སོ་ཞེས་བྱ་བ་ལ་སོགས་པའི་གཏམ་འདྲེས་དགའ་བར་གྱུར་པའོ། །ཕེབས་པར་སྨྲ་བ་ཞེས་བྱ་བ་ནི་ཡིད་གཅུགས་པ་སྨྲ་བས་བཤེས་པར་གྱུར་པའོ། །སྨོས་འདྲིན་ཞེས་བྱ་བ་ནི་ངོ་ཤེས་ཤིང་མིང་དང་རུས་ལ་སོགས་པ་འཛིན་པས་སྙིང་དུ་སྡུག་པར་གྱུར་པའོ། །འགྲོགས་བཤེས་ཞེས་བྱ་བ་ནི་ལམ་གཅིག་ཏུ་འགྲོ་བ་ལ་སོགས་པའི་བྱ་བས་ཤེས་བ་ཅུང་ཟད་སྐྱེས་པའོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་གུས་པ་ལ་ཡང་ངེས་པར་སྦྱར་བར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། གུས་པ་ཞེས་བྱ་བ་ནི་རྫོགས་པར་བསྙེན་པ་དེ་བསླབ་པ་དག་ལ་གུས་པར་བྱ་བ་སྟེ། དེ་ལ་ངེས་པར་སྦྱར་བར་བྱ་བ་ནི། ཤེས་རབ་མཆོག་གི་བསྟན་
པ་ལ། །ཁྱོད་ནི་རྫོགས་པར་བསྙེན་པར་གྱུར། །ད་ལ་དང་འབྱོར་པ་རྙེད་དཀའ་བས། །འདི་དག་ཇི་ལྟ་བཞིན་དུ་སྒྲུབས། །མཛེས་པ་རབ་ཏུ་དབྱུང་བ་དང༌། །ཡོངས་སུ་དག་པ་རྫོགས་བསྙེན་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །ཞེས་བྱ་བའི་ཚིགས་སུ་བཅད་པས་སོ། །ཤེས་རབ་མཆོག་གི་ཞེས་བྱ་བ་ནི་མཁྱེན་རབ་བླ་ན་མེད་པ་དང་ལྡན་པའིའོ། །བསྟན་པ་ལ་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་རབ་ལའོ། །ཁྱོད་ནི་རྫོགས་པར་བསྙེན་པར་གྱུར། །ཅེས་བྱ་བ་ནི་དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་པས་ཕུན་སུམ་ཚོགས་པ་ཐམས་ཅད་རྫོགས་པའི་མྱ་ངན་ལས་འདས་པ་དང་ཁད་ཉེ་བར་གྱུར་པའོ། །དལ་དང་འབྱོར་བ་རྙེད་དཀའ་བས། །ཞེས་བྱ་བ་ནི་མི་ཁོམ་པ་བརྒྱད་སྤངས་པའི་ཁོམ་པ་དལ་བ་དང༌། བདག་གི་འབྱོར་བ་དང་གཞན་གྱི་འབྱོར་པ་ལ་སོགས་པ་ཚོགས་ཀྱི་ལམ་རྙེད་པ་ནི་བསྐལ་པ་ཆེན་པོ་བགྲངས་པ་དག་གིས་ཀྱང་རྒྱ་མཚོ་ཆེན་པོར་རུས་སྦལ་ཞར་བའི་མགྲིན་པ་གཉའ་ཤིང་གི་མིག་ཏུ་ཆུད་པ་དང་འདྲ་བར་ཤིན་ཏུ་དཀའ་བས་སོ། །འདི་དག་ཇི་ལྟ་བཞིན་དུ་སྒྲུབས། །ཞེས་བྱ་བ་ནི་བསླབ་པ་འདི་དག་ཇི་སྐད་གསུངས་བ་བཞིན་དུ་མ་ཉམས་པར་སྒྲུབས་ཤིག་ཅེས་བྱ་བའོ། །འདི་སྐད་བསྟན་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཁྱོད་རྫོགས་པར་བསྙེན་པར་གྱུར་གྱི་ཅི་ནས་ཀྱང་མི་ཁོམ་པ་བརྒྱད་སྤངས་པ་དང༌། བདག་གི་འབྱོར་པ་ལ་སོགས་པའི་འབྱོར་པ་ཆུད་མ་ཟོས་པ་དེ་ཇི་ལྟར་ཇི་སྐད་གསུངས་པའི་བསླབ་པའི་གཞི་དག་ལ་མ་ཤིའི་བར་དུ་མགོ་དང་གོས་ལ་མེ་འབར་བ་ལྟར་ཡོངས་སུ་བསྐྱང་ཞིང་རྗེས་སུ་སྒྲུབ་པ་ལྷུར་ལོང་ཤིག་ཅེས་བསྟན་ཏོ། །མཛེས་པ་རབ་ཏུ་དབྱུང་བ་དང༌། །ཞེས་བྱ་བ་འདིས་ནི་རིགས་དང་ལུས་ལ་སྐྱོན་ཆགས་པ་ཉིད་སེལ་བར་བྱེད་དོ། །ཡོངས་སུ་དག་པ་རྫོགས་བསྙེན་པར། །ཞེས་བྱ་བ་འདིས་ནི་མ་བསད་པ་ལ་སོགས་པ་བར་ཆང་ཉིད་དག་སེལ་བར་བྱེད་དོ། །འདིར་གཉི་ག་ལ་གཉི་ག་ཡོད་པར་ཤེས་པར་བྱ་སྟེ། རབ་ཏུ་དབྱུང་བ་ལ་ཡང་མཛེས་པ་དང༌། ཡོངས་སུ་དག་པ་གཉིས་ཀ་དགོས་ལ། རྫོགས་པར་བསྙེན་པ་ལ་ཡང་མཛེས་པ་དང་ཡོངས་སུ་དག་པ་གཉིས་ཀ་དགོས་པར་
བཀའ་སྩལ་ཏོ་ཞེས་བྱ་བར་ཤེས་པར་བྱ་བའོ། །རྫོགས་སངས་རྒྱས་ཀྱིས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པའི་ཕྱིར་ཏེ་དེས་སོ། །རབ་མཁྱེན་ཏེ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་མངོན་པར་མཁྱེན་པའི་ཕྱིར་རབ་ཏུ་མཁྱེན་ཏེའོ། །བདེན་པའི་མཚན་གྱིས་ཞེས་བྱ་བ་ནི་གང་གི་མིང་བདེན་པ་དེ་ནི་བདེན་པའི་མཚན་ཏེ། རྫོགས་སངས་རྒྱས་ཀྱིས་ཞེས་བྱ་བ་དེས་སོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་གསུངས་པའོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་དེའི་འོག་ཏུ་བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་ངེས་པར་སྦྱར་པར་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། བསྒྲུབ་པར་བྱ་བ་ཞེས་བྱ་བ་ནི་དོན་གང་གི་ཕྱིར་རབ་ཏུ་འབྱུང་བ་དང༌། རྫོགས་པར་བསྙེན་པ་དགེ་སྦྱོང་གི་ཚུལ་ཏེ། ཚེ་དང་ལྡན་པ་ཁྱོད་རྫོགས་པར་བསྙེན་ཟིན་གྱི་ཞེས་བྱ་བའོ། །དོན་དེ་བསྒྲུབ་པར་བྱ་བའི་ཐབས་གང་ཞེ་ན། བག་ཡོད་པ་ཞེས་བྱ་བའོ། །དེ་བརྗོད་པ་དང་བཅས་པ་ལ་ངེས་པར་སྦྱར་པར་བྱ་བ་ནི་སྒྲུབས་ཤིག་ཅེས་བྱ་བའོ། །བག་ཡོད་པ་སྒྲུབས་ཤིག་ཅེས་བྱ་བ་ནི་བག་ཡོད་པའི་མཚན་ཉིད་དགེ་བའི་ཆོས་བསྒོམ་པའི་ཐབས་སུ་གྱུར་པ་དེས་སྒྲུབས་ཤིག་ཅེས་བྱ་བའི་ཐ་ཚིག་སྟེ། དེ་ལྟར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་དང༌། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་འཐོབ་པོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་སྐྱབས་སུ་འགྲོ་བ་མེད་པར་ནི་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མི་འགྲུབ་ལ། མྱ་ངན་ལས་འདས་པའི་བསམ་བ་བརྟན་པོ་མེད་པར་ནི་སྡོམ་པ་མི་སྐྱེ་ན་འདིར་རྫོགས་པར་བསྙེན་པའི་སྐབས་སུ་སྐྱབས་སུ་འགྲོ་བར་ཁས་བླང་པའི་ཚིག་ཅིའི་ཕྱིར་མི་བརྗོད་ཅེ་ན། རྫོགས་པར་བསྙེན་པའི་དུས་ན་ནི་རྫོགས་པར་བསྙེན་ཞེས་བྱ་བའི་སྒྲ་ཁོ་ལས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོར་རྟོགས་པར་བྱ་སྟེ། འདི་ལྟར་རྫོགས་པར་བསྙེན་པ་ཞེས་བྱ་བ་ལ། རྫོགས་པ་ཞེས་བྱ་བ་ནི་གནོད་པ་ཐམས་ཅད་དང་བྲལ་བ་ཕུན་སུམ་ཚོགས་པ་ཐམས་ཅད་རྫོགས་པའི་མྱ་ངན་ལས་འདས་པ་ཡིན་ལ། བསྙེན་པ་ཞེས་བྱ་བའི་སྒྲ་ནི་ཉེ་བའི་ཚིག་
ཡིན་ཏེ། དེས་ན་དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ན་བསམ་པ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་དང༌། ཁད་ཉེ་བར་གྱུར་པ་ནི་རྫོགས་པར་བསྙེན་པ་ཡིན་པས་འདིར་དགེ་སློང་གི་སྡོམ་པ་ཡང་དག་པར་བླང་བའི་བསམ་པས་ནི་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་འགྲུབ་ལ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོས་སྡོམ་པ་སྐྱེ་བས་འདིར་རྫོགས་པར་བསྙེན་པའི་སྐབས་སུ་སྐྱབས་སུ་འགྲོ་བར་ཁས་བླང་བའི་ཚིག་བརྗོད་པར་བྱ་མི་དགོས་སོ། །དགེ་སློང་རྫོགས་པར་བསྙེན་པ་ཞེས་བྱ་བའི་ཆོ་ག་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །། ད་ནི་གནས་ཀྱི་སྐབས་བརྗོད་པར་བྱ་སྟེ། །དེ་ནི་གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱ་བ་དང༌། གཞན་ཡང་གནས་པས་གནས་ཀྱི་ལྷུང་བཟེད་ཀྱི་ལས་དང༌། ཆོས་གོས་ཀྱི་ལས་དང༌། ནད་གཡོག་བྱ་བ་དང༌། འགྱོད་པ་བསྩལ་པ་དང༌། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་དང༌། དགེ་འདུན་གྱིས་ནན་ཏུར་གྱི་ལས་བདུན་བྱེད་པར་འདོད་པ་དང༌། ནན་ཏུར་གྱི་ལས་བདུན་བྱས་པ་དགེ་འདུན་ལ་བཟོད་པར་གསོལ་བ་དང༌། དགེ་འདུན་ལྷག་མའི་ལྟུང་བ་བྱུང་ན་ཡོངས་སུ་གནས་པ་སྦྱིན་པ་དང༌། ཡོངས་སུ་གནས་པ་སྤྱད་པ་མགུ་པར་བྱ་བ་སྦྱིན་པ་དང༌། མགུ་བར་བྱ་བ་སྤྱད་པ་འགྱུར་པར་བྱ་བ་རྣམ་པ་བཅུ་ལ་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱ་བ་དང༌། གནས་ཀྱིས་ཀྱང་གནས་པ་ལ་ཞུ་བ་མ་གཏོགས་པ་ལྷག་མ་བཅུ་གསུམ་པོ་དག་བྱ་བ་ལ་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱ་བའོ། །དེའི་ཕྱིར་ཁར་སྡོམ་ལ། མ་ཞུས་ཆོས་གོས་ལྟུང་བ་ཟེད་དང༌། །ནད་གཡོག་འགྱོད་དང་ལྟ་བ་དང༌། །ནན་ཏུར་བཟོད་དང་ཡོངས་གནས་དང༌། །མགུ་དང་དབྱུང་བ་རྣམ་པ་བཅུ། །ཞེས་བྱ་བ་གསུངས་སོ། །གནས་པས་གནས་ལམ་ཞུས་པར་བྱ་བ་མི་བྱའོ་ཞེས་བྱ་བའི་བྱུང་བའི་མཐའ་བསྟན་པའི་ཕྱིར་དེ་དག་དེ་ལྟར་རབ་ཏུ་བྱུང་ཞིང་རྫོགས་པར་བསྙེན་པ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞུ་བར་མི་བྱེད། ཡོངས་སུ་ཞུ་བར་མི་བྱེད། གུས་པར་མི་བྱེད་ཅེས་བྱ་བ་ནི་ལས་ཀྱི་མཐའ་ཆུང་དུ་དང༌། འབྲིང་དང༌། ཆེན་པོའམ། ལས་ཀྱི་སྦྱོར་བ་དང༌། དངོས་དང༌། མཇུག་དང༌། གོ་རིམས་བཞིན་ནོ། །ལྷན་ཅིག་གནས་པ་ཞེས་བྱ་བ་ནི་སློབ་མའོ། །
ཉེ་གནས་ཞེས་བྱ་བ་ནི་གནས་བྱིན་པ་ལ་སོགས་པས་འབྲེལ་པའོ། །ཀུན་དུ་སྤྱོད་པའི་ཞེས་བྱ་བ་ནི་ཉིན་གཅིག་བཞིན་དུ་ཟ་སྙད་དུ་བྱ་བ་ལ་དགོས་པའིའོ། །ཆོས་དག་ཅེས་བྱ་བ་ནི་རྗེས་སུ་བསྒྲུབ་པར་བྱ་བའི་དངོས་པོ་དག་གོ །བཅའ་བྱ་སྟེ་ཞེས་བྱ་བ་ནི་གཞག་པའམ་བསྟན་པར་བྱ་སྟེའོ། །མ་ཞུས་པ་ཞེས་བྱ་བ་ནི་མ་དྲིས་པར་རོ། །ཆག་ཆག་ཅེས་བྱ་བ་ནི་ཆུས་གདབ་པའོ། །ཕྱག་དར་ཞེས་བྱ་བ་ནི་ས་ཕྱག་པའོ། །པ་ལང་གི་ལྕི་བ་སར་པས་བྱུག་པ་ཞེས་བྱ་བ་ནི་དེའི་བྱུག་པས་བྱུགས་པའོ། །ལྟུང་བཟེད་ཀྱི་ལས་ཞེས་བྱ་བ་ནི་སྲེག་པ་དང་གླན་པ་ལ་སོགས་པའོ། །ཆོས་གོས་ཀྱི་ལས་ཞེས་བྱ་བ་ནི་དྲུབས་པ་དང་ཁ་བསྒྲུབ་པ་ལ་སོགས་པའོ། །དགེ་སློང་དེ་འདྲ་བ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་སྐྱོན་ཆགས་པ་སྟེ། ཚུལ་ཁྲིམས་འཆལ་བ་ཕམ་པར་གྱུར་པ་ཞེས་བྱ་བའི་ཐ་ཚིགས་གོ །དེ་ཡང་ཤེས་པའམ་དོགས་པའོ། །མཁོས་སུ་དབབ་པ་ཞེས་བྱ་བ་ནི་གནས་འང་དུ་འཇུག་ཏུ་གཞུག་པའོ། །འདག་རྫས་ཞེས་བྱ་བ་ནི་ལྕི་སྐམ་གྱི་ཕྱེ་མ་ལ་སོགས་པའོ།། སོ་ཤིང་ཞེས་བྱ་བ་ནི་སོ་འདྲུད་པ་དང༌། བད་ཀན་དྲང་བའི་ཤིན་བུའོ། །བསྟབས་པ་ཞེས་བྱ་བ་ནི་དབུལ་པའོ། །ཁ་དོན་ཞེས་བྱ་བ་ནི་གཉིས་ཀྱིས་ཁ་དོན་བྱ་བའོ། །དམིགས་ཀྱིས་དྲི་བ་ཞེས་བྱ་བ་ནི་དོན་བརྗེད་པའི་ཐེ་ཚོམ་དྲི་བའོ། །མ་ཞུས་པར་ལས་ཐམས་ཅད་མི་བྱ་སྟེ་ཞེས་བྱ་བ་ནི་གནས་པས་གནས་ལ་མ་ཞུས་པར་བྱ་བ་གང་ཡང་མི་བྱའོ། །དེ་ལྟར་སྤྱིར་བཏང་བ་བསྟན་ནས། ད་ནི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། བཤད་བ་དང༌། གཅི་བ་དང༌། སོ་ཤིང་དོར་བ་དང༌། ཆུ་བཏུང་བ་དང༌། ཉེ་འཁོར་དང་བཅས་པའི་གཙུག་ལག་ཁང་དུ་མཆོད་རྟེན་ལ་ཕྱག་བྱ་བ་དང་གཙུག་ལག་ཁང་ནས་འདོམ་བཞི་བཅུ་རྩ་དགུའི་མཐའ་ཚུན་ཆད་དུ་འགྲོ་བ་ནི་མ་གཏོགས་སོ་ཞེས་བྱ་བ་གསུངས་ཏེ། དེ་དག་ནི་གནས་པས་གནས་ལ་མ་ཞུས་པར་བྱ་བར་གནང་ངོ༌། །ཉེ་འཁོར་དང་བཅས་པའི་གཙུག་ལག་ཁང་ཞེས་བྱ་བ་ནི་ཉོ་འཁོར་དང་བཅས་པར་གནས་པ་སྟེ། གཙུག་ལག་ཁང་དེ་ན་མཆོད་རྟེན་གང་ཡོད་པ་དེ་ལ་ཕྱག་བྱ་བ་ནི་མ་ཞུས་པར་ཡང་བྱའོ། །གཙུག་ལག་ཁང་གང་ན་འདྲུ་བ་དང༌། འཚེད་པ་དང༌། ཟ་བ་ལ་སོགས་པའི་བྱ་བས་ཁྱབ་པའི་བགྲོད་
པ་གང་ཡོད་པ་དེ་ནི་གཙུག་ལག་ཁང་དེའི་ཉེ་འཁོར་ཡིན་པར་རིག་པར་བྱ་སྟེ། དེ་ན་མཆོད་རྟེན་གང་ཡོད་པ་དེ་ལ་ཕྱག་བྱ་བ་ནི་མ་གཏོགས་སོ་ཞེས་བྱ་བའི་ཐ་ཚིག་གོ །གཙུག་ལག་ཁང་ནས་འདོམ་བཞི་བཅུ་རྩ་དགུའི་མཐའ་ཚུན་ཆད་དུ་འགྲོ་བར་ཞེས་བྱ་བ་ལ། གཙུག་ལག་ཁང་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། ར་བས་བསྐོར་བ་དང༌། ད་བས་མ་བསྐོར་བའོ། །དེ་ལ་གལ་ཏེ་གཙུག་ལག་ཁང་ར་བས་བསྐོར་བ་ནས་འགྲོན་ནི་དེའི་ཚེར་བའི་ཕྱི་རོལ་ནས་བརྩམས་ཏེ་འདོམ་བཞིན་བཅུ་རྩ་དགུའི་མཐའ་ཚུན་ཆད་དུ་འགྲོ་བར་བྱའོ། ར་བསམ་བསྐོར་བ་ནས་འགྲོ་ན་ནི་གཙུག་ལག་ཁང་གི་རྩིད་དྲུང་ནས་བརྩམས་ཏེ་བགྲང་བར་བྱའོ། །དེ་ཡང་བཅག་པ་བྱ་བའི་ཕྱིར་བསྟན་པ་ཡིན་གྱི། མཆོད་རྟེན་ལ་ཕྱག་བྱ་བའི་ཕྱིར་ནི་མ་ཞུས་པར་འགྲོ་བར་མི་བྱའོ། །གལ་ཏེ་བཅག་པའི་བསམ་པ་ཁོ་ནས་འགྲོ་ན་ལམ་ཁར་མཆོད་རྟེན་ལ་ཕྱག་འཚལ་བར་བྱེད་ན་ནི་དེའི་ཚེ་ཉེས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ་ཞེས་བྱ་བ་ལ། གནས་པས་ཞེས་བྱ་བ་ནི་སློབ་མ་དང་ཉེ་གནས་ཀྱིས་སོ། །གནས་ལ་ཞེས་བྱ་བ་ནི་མཁན་པོ་དང་སློབ་དཔོན་ལའོ། །མ་ཞུས་པར་ཞེས་བྱ་བ་ནི་མ་དྲིས་པར་རོ། །བྱ་བ་ཞེས་བྱ་བ་ནི་ཆག་ཆག་དང༌། ཕྱག་དར་དང༌། བྱུག་པ་དང༌། ལྷུང་བཟེད་དང༌། ཆོས་གོས་ཀྱི་ལས་ལ་སོགས་པ་སྟེ། དེ་མི་བྱ་བའོ། །བྱ་བ་ཡང་རྣམ་པ་གཉིས་ཏེ། གང་སྦྱོར་བ་ཆེན་པོས་རྩོམ་པ་ནི་འདི་ལྟ་སྟེ། ལྷུང་བཟེད་དང༌། ཆོས་གོས་ཀྱི་ལས་ལ་སོགས་པ་སྟེ། དེ་ནི་མ་ཞུས་པར་མི་བྱའོ། །གང་སྦྱོར་བ་ཆུང་དུས་དེའི་མོད་ཁོ་ན་ལ་བྱ་བ་ནི་འདི་ལྟ་སྟེ། གཏམ་འདྲེ་པ་དང༌། ཕེབས་པར་སྨྲས་པ་དང༌། ཕན་ཚུན་ཀུན་དགའ་བར་བྱ་བ་དང༌། ལན་གདབ་པ་དང༌། འོངས་པ་ལེགས་སོ་ཞེས་པ་ལ་སོགས་པ་དང༌། ལག་པ་ཆུར་སྨྱུག་པ་དང༌། རྐང་ལག་དག་ལ་བྱུག་པ་དང༌། གོས་ལ་རྡུལ་ཆགས་པ་སྦྲུག་པ་དང༌། དེ་ལྟ་བུ་ལ་སོགས་པ་སྟེ་དེ་ནི་མ་ཞུས་པར་ཡང་བྱ་སྟེ། དེ་དག་ཞུས་ན་བཞད་གང་ཀྱི་གཞིར་གྱུར་པའི་ཕྱིར་རོ། །དགེ་སློང་ཚུལ་ཁྲིམས་འཆལ་པའི་ཡུལ་ལ་ནི་དེ་དག་ཐམས་ཅད་ཀྱང་ཞུ་བར་བྱ་བ་ཡིན་ཏེ། སློབ་དཔོན་དང༌། མཁན་པོ་དང༌། དགེ་
སློང་ནང་པ་ལ་ནི་མ་གཏོགས་སོ། །ད་ནི་གནས་པའི་ཚུལ་ཁྲིམས་བརྗོད་པར་བྱ་སྟེ། དེའི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ནི་སྲིད་པ་ཡིན་གྱི་འབྱུང་བའི་མཐའ་ལས་གྱུར་པ་ནི་མ་ཡིན་ནོ། །ཉེ་བར་གནས་པར་གྱུར་ན་ཞེས་བྱ་བ་ནི་བྱུང་བར་གྱུར་ནའོ། །ཨེ་མའོ་བདག་ཅག་གིས་ཞེས་བྱ་བ་ནི་འདོད་པའི་ཚུལ་གྱིས་སྒྲུབ་པར་བྱེད་པ་སྟོན་ཏོ། །བྱའོ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བྱད་དུ་གཞུག་གོ་ཞེས་བྱ་བ་ནི་གཞན་ནོ། །དེ་ལྟར་བརྩོན་པ་ཤས་ཆེན་པོ་བསྒྲུབ་པར་བྱ་བ་ནི་འབད་པ་ཆེན་པོ་རབ་ཏུ་བསྒྲུབ་པར་བྱ་བ་སྟེ། ནན་ཏན་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། ནད་གཡོག་ཅེས་བྱ་བ་ནི་འཕྲོད་པ་དང༌། དམན་སྦྱིན་པ་ལ་སོགས་པའོ། །འགྱོད་པ་ཞེས་བྱ་བ་ནི་ཡིད་ལ་གཅགས་པ་སྟེ། ཉེས་བྱས་ལ་སོགས་པའི་ལྟུང་བ་ལྷག་པར་སྦྱང་པའི་ཕྱིར་ཡིད་ལ་གཅགས་པ་སྐྱེས་པ་གང་ཡིན་པའོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ཞེས་བྱ་བ་ལ་སྡིག་པ་ཅན་ཞེས་བྱ་བ་ནི་རྣམ་པར་སྨིན་པ་མི་འདོད་པའོ། །ལྟ་བའི་རྣམ་པ་ཞེས་བྱ་བ་ནི་རྟག་པ་དང་ཆད་པའི་མཐར་ལྟ་བ་ལ་སོགས་པའི་རྣམ་པ་སྟེ་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་ནི་བར་དུ་གཅོད་པར་མི་འགྱུར་རོ་ཞེས་བྱ་བ་དང༌། དེ་ལྟ་བུ་ལ་སོགས་པ་ལྟ་བའི་རྣམ་པ་དག་གོ །ནན་ཏུར་གྱི་ལས་ཞེས་བྱ་བ་ནི་ཆད་པའི་ལས་ཏེ། ཡོངས་སུ་དག་པའི་ས་ནས་ཉམས་པར་བྱས་ཏེ་ས་འོག་མར་འཇོག་པར་བྱེད་པའི་ཕྱིར་རོ། །བསྡིགས་པའི་ལས་ཞེས་བྱ་བ་ནི་དགེ་སློང་དམར་སེར་ཅན་དག་ལ་སོགས་པ་གང་ཟག་འཐབ་ཁྲོལ་བྱེད་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྡིགས་པར་བྱ་བའོ། །སྨད་པའི་ལས་ཞེས་བྱ་བ་ནི་དགེ་སློང་དགེ་ལྡན་ལ་སོགས་པ་གང་ཟག་དགེ་འདུན་ལྷག་མའི་ལྟུང་བ་རྒྱུན་དུ་འབྱིན་ཞིང་སྔ་མ་ཕྱིར་མ་བཅོས་པར་ཡང་དང་ཡང་དུ་འབྱིན་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་སྨད་པར་བྱ་བའོ། །བསྐྲད་པའི་ལས་ཞེས་བྱ་བ་ནི་དགེ་སློང་འགྲོ་མགྱོགས་དང་ན་པ་སོ་ལ་སོགས་པ་གང་ཟག་ཁྱིམ་སུན་འབྱིན་པ་མ་བཏང་བ་དང༌། དེའི་ཕྱིར་འདུ་བ་མི་སྦྱིན་པ་དང༌། སྐབས་མི་སྦྱིན་པ་དང༌། ལྷུང་བ་མ་མཐོང་ཞེས་ཟེར་བ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྐྲད་པར་བྱ་བའོ། །ཕྱིར་འགྱེད་པའི་ལས་ཞེས་
བྱ་བ་ནི་དགེ་སློང་དམ་པ་ལ་སོགས་པ་གང་ཟག་ཁྱིམ་པ་ལ་བརྙས་ཐམས་བྱེད་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་ཕྱིར་འགྱེད་པར་བྱ་བའོ། །མ་མཐོང་བས་གནས་ནས་དབྱུང་བའི་ལས་ཞེས་བྱ་བ་ནི་དགེ་སློང་འདུན་པ་ལ་སོས་པ་གང་ཟག་ལྟུང་བ་མ་མཐོང་ཞེས་ཟེར་ཞིང་ཕྱིར་བཅོས་པ་རྗེས་སུ་སྒྲུབ་པར་མི་འདོད་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བར་བྱ་བའོ། །ཕྱིར་མི་འཆོས་པས་གནས་ནས་དབྱུང་བའི་ལས་ཞེས་བྱ་བ་ནི་དགེ་སློང་འདུན་པ་ལ་སོགས་པའི་གང་ཟག་ལྟུང་བ་གྲགས་པ་ཕྱིར་མ་བཅོས་པ་བསྡམ་པས་ཕྱིར་བཅོས་སུ་མི་རུང་བ་ཆོས་བཞིན་དུ་ཕྱིར་མི་འཆོས་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བར་བྱའོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བའི་ལས་ཞེས་བྱ་བ་ནི་དགེ་སློང་འཆི་ལྟས་ལ་སོགས་པ་གང་ཟག་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བར་བྱ་བའོ། །བྱེད་འདོད་པར་གྱུར་ན་ཞེས་བྱ་བ་ནི་བྱེད་པར་རྩོམ་ནའོ། །ནན་ཏུར་གྱི་ལས་འདི་ལྟ་བུ་བྱས་པ་ཞེས་བྱ་བ་ནི་བྱས་ཟིན་པར་གྱུར་པ་སྟེ། དེ་དག་ལ་དགེ་འདུན་གྱིས་བཟོད་པ་བྱ་བའོ་ཞེས་བརྩན་པ་ཤས་ཆེན་པོ་བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ནན་ཏུར་གྱི་ལས་བྱས་པ་ཇི་ལྟར་གྱུར་པ་དག་ལ་དགེ་འདུན་གྱིས་བཟོད་པར་བྱ་ཞེ་ན། གཤེ་བ་དང་ཁྲོ་བ་དང་སྤྱོ་བ་ཉིད་མི་འཛིན་པ་དང༌། དགེ་འདུན་གྱི་རྙེད་པ་མེད་པ་དང༌། གནས་མེད་པར་བྱ་བར་སེམས་པ་ཉིད་མི་འཛིན་པ་དང༌། བླའི་གྲྭ་དང༌། འོག་ཟུར་དང༌། ཉེ་དུའི་གང་ཟག་རྟེན་ཉིད་དུ་མི་འཛིན་པ་དང༌། དགེ་འདུན་རྟེན་མ་ཡིན་པ་ཉིད་དུ་མི་འཛིན་པ་དང༌། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བར་མི་བྱེད་པ་དང༌། མུ་སྟེགས་ཅན་ལ་བརྟེན་པ་དང༌། མུ་སྟེགས་ཅན་ལ་བརྟེན་པ་དང༌། ཆོག་མ་ཡིན་པ་སྤྱོད་པར་མི་བྱེད་པ་དང༌། དགེ་སློང་གི་བསླབ་བ་དག་ལ་མི་སློབ་བར་མི་བྱེད། སྐྲ་འགྲེང་བར་འགྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྦུ་སྙོལ་པར་བྱེད། །འབྱུང་བར་བསྐྱོད། མཚུངས་པ་ཉེ་བར་སྟོན་པ་མཚམས་ཀྱི་ནང་དུ་འོངས་ཏེ་བཟོད་པ་གསོལ་ཞིང་རྒྱུ་གང་གིས་ནན་ཏུར་གྱི་ལས་བྱས་པ་དེ་ཡང་སྤང་བ་དག་ལ་བཟོད་པ་བྱའོ་ཞེས་
བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྐྲ་འགྲེང་བར་གྱུར་ཅེས་བྱ་བ་ནི་སྒྲ་དག་གྱེན་དུ་རྣམ་པར་འགྲེང་པར་གྱུར་པ་ཉིད་དོ། །སྐྲ་འཕྱར་བར་གྱུར་ཅེས་བྱ་བ་ནི་སྐྲ་དག་ཐད་ཀར་རྣམ་པར་འཕྱར་བ་ཉིད་དོ། །དེ་གཉིས་ཀྱིས་ནི་སྨ་བབ་པ་ཉིད་དུ་བསྟན་པ་ཡིན་ཏེ། འདི་ལྟར་སྨ་བབ་པ་ནི་སྐྲ་འགྲེང་བར་གྱུར་པ་དང༌། སྐྲ་འཕྱར་བར་གྱུར་པ་ཡིན་ནོ་ཞེས་གྲགས་པའི་ཕྱིར་རོ། །དགེ་འདུན་ལ་སྤུ་སྙོལ་བར་བྱེད་ཅེས་བྱ་བ་ནི་དགེ་འདུན་གྱི་ཡུལ་ལ་སྤུ་འཁུམས་པར་བྱེད་པའོ། །དེས་ནི་རྒྱགས་པ་མེད་པ་ཉིད་དུ་བསྟན་ཏེ་འདི་ལྟར་རྒྱགས་པ་དང་བཅས་པ་ནི་སྤུ་དག་ཏེ་པོར་ཤིན་ཏུ་སྤུངས་པར་སྟོན་པའི་ཕྱིར་རོ། །འབྱུང་བར་བསྐྱོད་ཅེས་བྱ་བ་ནི་ནན་ཏུར་གྱི་ལས་བྱས་པ་ཉིད་ཅེས་བྱ་བ་རིགས་པ་མ་ཡིན་པ་དག་པ་མ་ཡིན་པ་སྨད་པ་ཞེས་བྱ་བའི་གནས་སྐབས་ཀྱི་བྱེ་བྲག་དེ་ནས་རྣམ་པར་དག་པའི་ལམ་དུ་གནས་པར་འབྱུང་བ་སྒྲུབ་པར་བསྐྱོད་པའོ། །མཚུངས་པར་ཉེ་བར་སྟོན་ཞེས་བྱ་བ་ལ། མཚུངས་པ་ཞེས་བྱ་བ་ནི་ཡང་དག་པ་ཉིད་དུ་གྱུར་པར་འཇུག་པ་སྟེ། དགེ་འདུན་དང་འདྲེ་ཤིང་དགེ་འདུན་དང་ལྷན་ཅིག་མཚུངས་པར་འཇུག་པའོ། །དེར་ཉེ་བར་སྟོན་པ་ནི་གང་གིས་འདི་བདག་ཅག་དང་མཚུངས་པར་གྱུར་ཏོ་ཞེས་བྱ་བར་ཤེས་པར་འགྱུར་བར་ལུས་འདུན་པ་དང་བཅས་པ་དང༌། རྗེས་དང་བཅས་པས་མཉེན་ཞིང་རྗེས་སུ་མཐུན་པའི་བྱ་བ་དང༌། མཛའ་བར་གྱུར་པའི་སྦྱོད་པ་དང་ལྡན་ཞིང་གུས་པ་དང་རྗེ་ས་གཉིས་ཀྱིས་བདག་ཉིད་དུ་གྱུར་པའི་ནང་དུ་གནས་ཤིང་ཐ་དད་དུ་གྱུར་པ་ལས་ཕྱིར་མི་ལྡོག་པར་སྟོན་པའོ། །མཚམས་ཀྱི་ནང་དུ་འོངས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱི་མཚམས་ཀྱི་ནང་དུ་འོངས་ཏེའོ། །བཟོད་པ་གསོལ་ཞིང་ཞེས་བྱ་བ་ནི་དགེ་འདུན་ལ་བཟོད་པ་གསོལ་བའི་བསྔགས་པ་ལན་གསུམ་ཟློག་ཤིང་ངོ༌། །རྒྱུ་གང་གིས་ནན་ཏུར་གྱི་ལས་བྱས་པ་དེ་ཡང་སྤོང་བ་ཞེས་བྱ་བ་ནི་འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པའི་རྒྱུ་གང་གིས་དེ་ལ་བསྡིགས་པ་ལ་སོགས་པའི་ནན་ཏུར་གྱི་ལས་བྱས་པར་གྱུར་པའི་རྒྱུ་དེ་ལས་ཕྱིར་ལྡོག་པའོ། །དེ་ལྟ་བུ་དག་ལ་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བཟོད་པར་བྱའོ་ཞེས་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱའོ། །ཡོངས་སུ་གནས་པ་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་བཅས་པའི་
རྒྱུའི་ཆད་པའི་ལས་ཀྱི་བྱེ་བྲག་བྱེད་དུ་གཞུག་པའོ། །གཞི་ནས་ཡོངས་སུ་གནས་པ་ཞེས་བྱ་བ་ནི་ཡོངས་སུ་གནས་པ་བྱེད་བཞིན་པ་ལས་ཡང་བར་དུ་དེ་དང་མཐུན་པའི་དགེ་འདུན་ལྷག་མ་བྱུང་བ་ལ་ཡོངས་སུ་གནས་པ་གཞི་ནས་བརྩམས་ཏེ་བྱེད་དུ་གཞུག་པའོ། །འདི་ལ་ཡང་ཡང་བཞི་ནས་བླངས་ཏེ་ཡོངས་སུ་གནས་པ་ཡང་ཡོད་དེ་དེ་ནི་གཞི་ནས་ཡོངས་སུ་གནས་པ་བྱེད་བཞིན་པ་ལས་ཡང་བར་དུ་དེ་དང་མཐུན་པའི་དགེ་འདུན་ལྷག་མ་བྱུང་བ་ལ་ཡོངས་སུ་གནས་པ་ཡང་གཞི་ནས་བསླང་སྟེ་བྱེད་དུ་གཞུག་པའོ། །མགུ་བར་བྱ་བ་ཞེས་བྱ་བ་ནི་ཡོངས་སུ་གནས་པ་སྤྱད་ཟིན་པ་ལས་དབྱུང་བའི་རྒྱུར་ཞག་དྲུག་ཆད་པའི་ལས་ཀྱི་བྱེ་བྲག་དུ་གཞུག་པའོ། །གཞི་ནས་མགུ་བར་བྱ་བ་ཞེས་བྱ་བ་ནི་མགུ་བ་ལ་སྤྱོད་བཞིན་པ་ལས་ཡང་བར་དུ་དེ་དང་མཐུན་པའི་དགེ་འདུན་ལྷག་མ་བྱུང་བ་ལ་མགུ་བར་བྱ་བ་གཞི་ནས་བརྩམས་ཏེ་བྱེད་དུ་གཞུག་པའོ། །འདེ་ལ་ཡང་ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཡང་ཡོད་དེ། དེ་ནི་གཞི་ནས་མགུ་བར་བྱ་བ་བྱེད་བཞིན་པ་ལས་ཡང་བར་དུ་དེ་དང་མཐུན་པའི་དགེ་འདུན་ལྷག་མ་བྱུང་བ་ལ་མགུ་བར་བྱ་བ་ཡང་གཞི་ནས་བསླང་སྟེ་བྱེད་དུ་གཞུག་པའོ། །དབྱུང་བ་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ལྟུང་བའི་ཟུག་རྡུ་དབྱུང་བ་སྟེ། ལྟུང་བ་ལས་བསླང་བ་ཞེས་བྱ་བའི་ཐ་ཚིག་གོ །གནས་པའི་ཚུལ་ཁྲིམས་བསྟན་ནས། ད་ནི་གནས་ཀྱི་ཚུལ་ཁྲིམས་བརྗོད་པར་བྱ་སྟེ་དེའི་ཕྱིར་དགེ་སློང་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱིས་མཁན་པོ་དང་སློབ་དཔོན་དག་ལ་ཇི་ལྟར་བསྒྲུབ་པར་བྱ་བ་དེ་བཞིན་དུ་མཁན་པོ་དང་སློབ་དཔོན་དག་གིས་ཀྱང་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ལ་བསྒྲུབ་པར་བྱ་སྟེ། ཞུ་བ་ནི་མ་གཏོགས་སོ་ཞེས་བྱ་བ་གསུངས་ཏེ། གནས་ནས་གནས་ཀྱི་ལྷུང་བཟེད་ཀྱི་ལས་ལ་སོགས་པ་རྣམ་པ་བཅུ་ལ་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱ་བ་དེ་བཞིན་དུ་གནས་ཀྱི་གནས་པའི་ལྷུང་བཟེད་ཀྱི་ལས་ལ་སོགས་པ་རྣམ་པ་བཅུ་པོ་དེ་དག་ལ་བརྩོན་པ་ཤས་ཆེན་པོས་བསྒྲུབ་པར་བྱ་སྟེ། མ་ཞུས་པར་བྱ་བ་མི་བྱའོ་ཞེས་བསྟན་པ་འབའ་ཞིག་བསྟན་པ་མ་གཏོགས་སོ། །གནས་པས་གནས་པ་ལ་མ་ཞུས་པར་བྱ་བ་མི་བྱའོ་ཞེས་བསྟན་པ་དེའི་ཞར་ལ་རྫོགས་པར་བསྙེན་ནས་ཇི་སྲིད་ལོན་པ་ཡོན་ཏན་དུ་མ་དང་ལྡན་
པས་མཁན་པོ་ཉིད་ལ་སོགས་པ་བྱ་བར་གནང་བ་དང་མི་གནང་བའི་བྱུང་བའི་མཐའ་དང་བྱེ་བྲག་བསྟན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་བར་དབྱར་གནས་པར་ཞལ་གྱིས་བཞེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་རྒྱལ་བྱེད་ཀྱི་ཚལ་ཞེས་བྱ་བ་ནི་རྒྱལ་བུ་རྒྱལ་བྱེད་ཅེས་བྱ་བ་ལས་བྱེ་བ་བཀྲམ་པས་ཉོས་པའི་སྐྱེད་མོས་ཚལ་ལོ། །མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་བར་ཞེས་བྱ་བ་ནི་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་བྱ་བས་དེར་གཙུག་ལག་ཁང་བརྩེགས་པར་རོ། །དབྱར་གནས་པར་ཞལ་གྱིས་བཞེས་སོ་ཞེས་བྱ་བ་སྔགས་སྔོན་དུ་བཏང་བས་དབྱར་གནས་གཅིག་ཏུ་གནས་པར་ཞལ་གྱིས་བཞེས་པའོ། །ལྗོངས་སུ་ཞེས་བྱ་བ་ནི་ཡུལ་གཞན་དུའོ། །ལོ་གཅིག་ལོན་ན་ཞེས་བྱ་བ་ནི་རྫོགས་པར་བསྙེན་ནས་སོ། །ལྷན་ཅིག་ནས་པ་ཞེས་བྱ་བ་ནི་ཕྱིས་དེར་འགྱུར་བའི་མིང་སྨོས་པ་ཡིན་ནོ། །ལོ་གཉིས་ལོན་པ་ཞེས་བྱ་བ་ནི་དེའི་ཚེ་ན་ཚེ་དང་ལྡན་པ་ཉེ་སྡེ་རྫོགས་པར་བསྙེན་ནས་ལོ་གཉིས་ལོན་པའོ། །མཐའ་གཅིག་ཏུ་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུའོ། །འདུག་གོ་ཞེས་བྱ་བ་ནི་འགྲེང་བཞིན་དུ་སྡོད་པའོ། །དང་པོ་ཁོ་ནར་ཞེས་བྱ་བ་ནི་ཐོག་མ་ཁོ་ནར་རོ། །ཚོགས་བསྡུ་བར་བསམས་ཞེས་བྱ་བ་ནི་ལོ་གཅིག་ལོན་པ་ཁོ་ནས་འཁོར་ཉེ་བར་གཞག་པའི་ཕྱིར་བསམ་པ་བྱས་པའོ། །རབ་ཏུ་འབྱུང་བར་མི་བྱ་རྫོགས་པར་བསྙེན་པར་མི་བྱ་ཞེས་བྱ་བ་ནི་མཁན་པོ་ཉིད་མི་བྱ་བའོ། །གནས་སྦྱིན་པར་མི་བྱ། དགེ་ཚུལ་ཉེ་བར་གཞག་པར་མི་བྱ་བ་ཞེས་བྱ་བ་ནི་གནས་ཉིད་མི་བྱ་བའོ། །དགེ་ཚུལ་ཉེ་བར་གཞག་པར་མི་བྱ་ཞེས་བྱ་བ་ནི་སྔགས་སྔོན་དུ་བཏང་སྟེ་གནས་སྦྱིན་པར་མི་བྱའོ། །ཁ་ཅིག་ན་རེ་ཉེ་བར་གཞག་པ་ཞེས་བྱ་བའི་སྒྲ་ནི་སྔགས་མེད་པར་ཉེ་བར་གཞག་པ་ལ་བྱ་སྟེ། འདི་ལྟར་གནས་སྦྱིན་པ་ཞེས་གསུངས་པའི་འོག་ཁོ་ནར་དགེ་ཚུལ་ཉེ་བར་གཞག་པ་གསུངས་པས། བཅོམ་ལྡན་འདས་ཀྱིས་དེ་དང་དེ་དག་དགེ་ཚུལ་ཉེ་བར་གཞག་པ་སྔགས་མེད་པར་ཡང་གནང་བས་འདིར་ནི་འདི་ཉིད་ཡིན་པར་གཟུང་སྟེ། གཞན་དུ་གནས་སྦྱིན་པར་གསུངས་པའི་འོག་ཏུ་དགེ་ཚུལ་ཉེ་བར་གཞག་པར་བྱ་ཞེས་གསུངས་པའི་ཚིག་དེ་དོན་མེད་
པའི་སྐྱོན་དུ་འགྱུར་རོ། །བདག་ཉིད་ཀྱང་མི་གནས་པར་འདུག་པར་མི་བྱའོ་ཞེས་བྱ་བ་ནི་རང་ཡང་གཞན་ལ་གནས་མ་བཅས་པར་འདུག་པར་མི་བྱའོ། །ལོ་བཅུ་ལོན་པས་ཞེས་བྱ་བ་ནི་རྫོགས་པར་བསྙེན་ནས་ལོ་བཅུ་ཚང་བའོ། །བྱེ་བྲག་མེད་པར་ཞེས་བྱ་བ་ནི་བྱེ་བྲག་མ་རྟོགས་པར་རོ། །དེ་ཉིད་བསྟན་པའི་ཕྱིར་བྱིས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱིས་པ་ཞེས་བྱ་བ་ནི་མདོ་སྡེ་དང༌། འདུལ་བ་དང༌། ཆོས་མངོན་པ་དག་ལ་བློ་མ་བྱང་བའོ། །རྨོངས་པ་ཞེས་བྱ་བ་ནི་དེ་དག་ལ་བློ་སྦྱོང་བ་ན་བྱང་བར་མི་ནུས་པའོ། །མི་གསལ་བ་ཞེས་བྱ་བ་ནི་འདུལ་བའི་དོན་གྱི་དེ་ཁོ་ན་ཉིད་བསྒྲུབ་པར་མི་ནུས་པའོ། །མི་མཁས་པ་ཞེས་བྱ་བ་ནི་འདུལ་བའི་དོན་ཉིད་མ་འདྲེས་པར་གཞག་པ་ལ་མི་མཁས་པའོ། །ཡང་ན་དེ་དག་ནི་ལྷན་ཅིག་སྐྱེས་པ་དང་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་དང་བྲལ་བ་སྟེ་གོ་རིམས་བཞིན་ནོ། །ཀྱེ་མ་ཞེས་བྱ་བ་ནི་མི་སྲིད་པར་བསྟན་པའི་ཚིག་ཡིན་ནོ། །མ་དུལ་བ་ཞེས་བྱ་བ་ནི་ལུས་ཀྱིས་སོ། །དེ་ནི་གནས་མེད་པ་ཞེས་བྱ་བ་ནི་དེ་ལྟ་བུ་མི་སྲིད་ལ་ཞེས་བྱ་བའི་ཐ་ཚིག་གོ །མ་ཞི་བ་ཞེས་བྱ་བ་ནི་ངག་གིས་སོ། །མ་གྲོལ་བ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ལས་སོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་ཞེས་བྱ་བ་ནི་དེ་ལས་གཞན་པའི་ཉོན་མོངས་པ་མ་བཞི་བའོ། །ཡང་ན་དེ་དག་ནི་དབང་པོ་སྡོམ་པ་དང༌། ཡིད་སྡོམ་པ་དང༌། འཕགས་པའི་ལམ་དང་དགྲ་བཅོམ་པ་ཉིད་མེད་པ་སྟེ་གོ་རིམས་བཞིན་ནོ། །འདམ་ལས་མ་རྒལ་བ་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་བའི་འདམ་ལས་སོ། །རྒན་ཞུགས་ཞེས་བྱ་བ་ནི་ཡུན་རིང་ཞིག་ལོན་ནས་རབ་ཏུ་བྱུང་བའོ། །གཞན་མུ་སྟེགས་ཅན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལས་གཞན་པའི་མུ་སྟེགས་ཅན་ཁས་བླངས་པའོ། །དུས་དང་དུས་སུ་ཞེས་བྱ་བ་ནི་དང་པོའི་དུས་དང༌། འབྲེལ་བའི་དུས་གཞན་དུའོ། །གདམས་དག་ཅེས་བྱ་བ་ནི་གནོད་པ་དགག་པའོ། །རྗེས་སུ་བསྟན་པ་ཞེས་བྱ་བ་ནི་ཕན་པ་ལ་གཞུག་པའོ། །ཡང་ན་དེ་གཉིས་ནི་ལམ་བསྒོམ་པ་བསྟན་པ་དང་བྱ་བ་དང་ནི་མི་བྱ་བ་ནི་བསླབ་པ་སྟེ་གོ་རིམས་བཞིན་ནོ། །ཉམས་པར་གྱུར་ཅེས་བྱ་བ་ནི་ཁྱིམ་པའི་སྡུག་བསྔལ་གྱི་ནང་དུ་འབབ་པ་ཁས་བླངས་པ་སྟེ། དགེ་
སློང་གི་དངོས་པོ་ལས་ཉམས་ཤིང༌། ཁྱིམ་པར་བབས་ཞེས་བྱ་བའི་ཐ་ཚིག་གོ །ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་ཞེས་བྱ་བ་ནི་དགེ་སློང་རྫོགས་པར་བསྙེན་ནས་ལོ་བཅུ་ལོན་པ་ཉིད་ཀྱིས་མཁན་པོ་ཉིད་དང་གནས་ཉིད་དང་མི་གནས་པར་འདུག་པ་ཉིད་བྱ་བ་མ་ཡིན་ཏེ། རྫོགས་པར་བསྙེན་ནས་ལོ་བཅུ་ལོན་དུ་ཟིན་ཀྱང་གལ་ཏེ་འོག་ནས་འབྱུང་བའི་ཡོན་ཏན་ལྷན་ཅིག་སྦྱར་བའི་ལྔ་པ་ཉིད་ཤུ་རྩ་གཅིག་པོ་དག་ལས་ལྔ་པ་གཅིག་དང་ཡང་མི་ལྡན་ན་དེ་མཁན་པོ་ཉིད་དང་གནས་ཉིད་དང་མི་གནས་པར་འདུག་པ་ཉིད་མི་བྱའོ། །གང་རྫོགས་པར་བསྙེན་ནས་ལོ་བཅུ་ཡང་ལོན་ལ་ལྔ་པ་གཅིག་དང་ཡང་ལྡན་དང༌། དེས་ནི་མཁན་པོ་ཉིད་དང་གནས་ཉིད་དང་མི་གནས་པར་འདུ་པ་ཉིད་ཀྱང་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་རབ་ཏུ་དབྱུང་བར་བྱ། རྫོགས་པར་བསྙེན་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་གཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུ་པར་བྱའོ་ཞེས་བྱ་བ་གསུངས་སོ། །ལྔ་པ་ཉི་ཤུ་རྩ་གཅིག་གང་ཞེ་ན། ལོ་བཅུ་ལོན་པ་དང༌། ནད་གཡོག་དང༌། འགྱོད་པ་སྐྱེས་པ་སེལ་བ་དང༌། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་བྱུང་བ་སྤོང་བ་དང༌། གནས་མངོན་པར་མི་དགའ་བ་དོར་བར་བྱེད་དམ་བྱེད་དུ་འཇུག་ནས་ལ་ཞེས་གསུངས་པ་ནི་ལྔ་པ་གཅིག་ཡིན་ནོ། །དེ་ལ་ལོ་བཅུ་ལོན་པ་ཞེས་བྱ་བ་ནི་རྫོགས་པར་བསྙེན་ནས་ལོ་བཅུ་ལོན་པ་འམ་ལྷག་པ་སྟེ། དེ་ནི་འདིར་ལྔ་པ་དང་པོའི་ཡན་ལག་དང་པོ་ཡིན་ཏེ། དེས་འདུལ་བ་ལ་གནས་པའི་དོན་ཉིད་ཀྱང་བསྟན་ཏོ། །ལྔ་པོ་ལྷག་མ་རྣམས་ཀྱིས་ནི་ཡུལ་ཡིན་པར་སྟོན་ཏེ། གང་ལ་ལོ་བཅུ་ལོན་པ་ཉིད་དང༌། འདུལ་བ་ལ་གནས་པའི་དོན་ཉིད་གཉིས་པོ་དེ་དག་ཡོད་པ་དེས་ནི་མཁན་པོ་ཉིད་ལ་སོགས་པ་གསུམ་པོ་དག་བྱ་སྟེ། འདི་ལྟར་དེ་ནི་མཁན་པོ་ཉིད་ལ་སོགས་པ་དག་གི་གཙོ་བོའི་རྒྱུ་ཡིན་པའི་ཕྱིར་རོ། །སློབ་པ་ཉིད་ལ་སོགས་པའི་ཡན་ལག་ལྷག་མ་ནི་བྱེ་བྲག་ཏུ་གྱུར་པ་ཉིད་ཡིན་ཏེ། དེ་མེད་ཀྱང་མཁན་པོ་ཉེད་ལ་སོགས་པའི་རྒྱུ་རུང་བས་དེའི་ཕྱིར་ལོ་བཅུ་ལོན་པ་ཉིད་དང་འདུལ་བ་ལ་གནས་པའི་དོན་ཉིད་ནི་བཟླ་བར་བྱ་བ་མ་ཡིན་པའི་ཡན་ལག་ཡིན་ནོ། །དོན་འདི་བསྟན་པའི་ཕྱིར་དང་པོར་ལོ་བཅུ་ལོན་པ་ཉིད་སྨོས་སོ། །ནད་གཡོག་ཅེས་བྱ་བ་འདིས་ནི་སྙིང་རྗེ་དང་ལྡན་པ་ཉིད་
དང༌། སྡུག་བསྔལ་ལ་ཇི་མི་སྙམ་པ་ཉིད་བསྟན་ཏེ། གང་ལ་དེ་གཉིས་ཡོད་པ་དེས་ནི་ནད་གཡོག་བྱེད་པར་ནུས་སོ། །འགྱོད་པ་སྐྱེས་པ་སེལ་བ་ཞེས་བྱ་བ་ནི་བྱ་བ་འདིས་ཅི་བདག་ལྟུང་བ་དང་བཅས་པར་གྱུར་ཏམ་འོན་ཏེ་མ་ཡིན་ཞེས་འགྱོད་པར་གྱུར་པ་དེ་བསལ་བ་སྟེ། དེ་བྱེད་དམ་བྱེད་དུ་འཇུག་པ་ཡིན་ནོ། །ཡན་ལག་འདིས་ནི་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་ཏེ། འདི་ལྟར་གང་ལ་ལ་ཞིག་གིས་ལྟུང་བ་དང༌། ལྟུང་བ་མ་ཡིན་པ་མངོན་པར་ཤེས་ཤིང་དེ་ལས་བསླང་བ་ཡང་མངོན་པར་ཤེས་པ་དེས་ནི་དེ་དག་གི་འགྱོད་པ་སེལ་བ་ཁོ་ན་ཡིན་པའི་ཕྱིར་རོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་བྱུང་བ་སྤོང་བ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་མངོན་པ་ལ་མཁས་པ་ཉིད་བསྟན་ཏོ། །གནས་མངོན་པར་མི་དགའ་བ་དོར་བ་ཞེས་བྱ་བ་ལ་སོགས་པས་ནི་བསམ་པ་ཤེས་པ་ཉིད་བསྟན་ཏོ། །འདི་ལྟར་འདིར་བྱེད་དུ་འཇུག་པ་ཞེས་བྱ་བ་སྨོས་མོད་ཀྱི་འོན་ཀྱང་གང་ལ་ཡན་ལག་བཞི་པོ་དེ་དག་རང་གིས་བྱེད་པའི་མཐུ་མེད་ན་གཞན་བྱེད་དུ་གཞུག་པའི་མཐུ་ཡོད་དུ་ཟིན་ཀྱང་དེས་གསུམ་པོ་དེ་དག་མི་བྱ་སྟེ། དེ་ལྟ་མ་ཡིན་དུ་ཟིན་ན་འདུལ་བ་ལ་གནས་པའི་དོན་ཉིད་ཅེས་བྱ་བའི་ཡན་ལག་བཟླ་བར་བྱ་བ་མ་ཡིན་པ་དེ་ཡང་བཟླས་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་བྱེད་དུ་གཞུག་པ་ཞེས་བྱ་བ་སྨོས་པ་ཅིའི་ཕྱིར་ཞེ་ན། གདུལ་པ་ལ་ལྟོས་པའི་ཕྱིར་ཏེ། ལ་ལ་གདུལ་བ་ནི་ལ་ལས་ནུས་ཀྱི་ཐམས་ཅད་ཀྱིས་ཐམས་ཅད་ནུས་པ་ནི་མ་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་དང་ལྡན་པ་དང༌། མང་དུ་ཐོས་པ་དང༌། མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པའོ་ཞེས་བྱ་བ་ནི་ལྔ་པ་གཉིས་པའོ། །དེ་ལ་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་གང་ལ་ཚུལ་ཁྲིམས་ཡོད་པ་དེ་ནི་ཚུལ་ཁྲིམས་དང་ལྡན་པ་སྟེ། འདི་ལ་ཚུལ་ཁྲིམས་འཆལ་བའི་སྐབས་མེད་པའི་ཕྱིར་དེས་ན་འདི་ནི་དགེ་བ་ཞེས་བྱ་བར་ཤེས་པ་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཉིད་ཡིན་པར་རིག་པར་བྱའོ། །མང་དུ་ཐོས་པ་ཞེས་བྱ་བ་ནི་གང་ལ་མང་དུ་ཐོས་པ་ཡོད་པ་དེ་ནི་མང་དུ་ཐོས་པ་སྟེ། བསྟན་བཅོས་མང་པོ་ཤེས་པ་ཉིད་དོ། །འདི་མན་ཆད་ལྔ་པ་གང་ལ་མདོ་སྡེ་དང་འདུལ་བ་དང༌། མ་མོའི་སྡེ་སྣོད་མངོན་པར་ཤེས་པ་ཉིད་ཡོད་པ་དེར་ནི་མང་དུ་ཐོས་པ་ཉིད་གཞན་གྱི་བསྟན་བཅོས་ཀྱི་
ཡུལ་ཅན་ཡིན་ནོ། །གང་དུ་སྡེ་སྣོད་མངོན་པར་ཤེས་པ་མ་བསྡུས་པ་དར་ནི་མང་དུ་ཐོས་པ་ཉིད་རང་གི་གྲུབ་པའི་མཐའི་ཡུལ་ཅན་ཡིན་པར་རིག་པར་བྱའོ། །མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པ་གཟུང་བ་མི་བརྗེད་པའོ། །ཚུལ་ཁྲིམས་དང་ལྡན་པ་དང༌། མང་དུ་ཐོས་པ་དང༌། མདོ་སྡེ་ལ་མཁས་པ་དང༌། འདུལ་བ་ལ་མཁས་པ་དང༌། མ་མོ་ལ་མཁས་པ་ཞེས་བྱ་བ་ནི་ལྔ་པ་གསུམ་པའོ། །དེ་ལ་མདོ་སྡེ་ལ་སོགས་པ་ལ་མཁས་པ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་ཕན་ཚུན་འབྲེལ་པས་འདྲེས་པར་གནས་པ་ལ་སོ་སོར་གནས་པར་ནུས་པའོ། །ཚུལ་ཁྲིམས་དང་ལྡན་པ་དང༌། མང་དུ་ཐོས་པ་དང༌། མདོ་སྡེ་རིག་པ་དང༌། འདུལ་བ་རིག་པ་དང༌། མ་མོ་རིག་པ་ཞེས་བྱ་བ་ནི་རྣམ་པ་བཞི་པའོ། །དེ་ལ་མདོ་སྡེ་ལ་སོགས་པ་རིག་པ་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་གཉིས་དང༌། ལུང་གི་མདོ་སྡེ་ལ་སོགས་པ་སྦྱོར་ནུས་པའོ། །ཚུལ་ཁྲིམས་དང་ལྡན་པ་དང༌། མང་དུ་ཐོས་པ་དང༌། མདོ་སྡེ་ལ་གསལ་བ་དང༌། འདུལ་བ་ལ་གསལ་བ་དང༌། མ་མོ་ལ་གསལ་བ་ཞེས་བྱ་བ་ནི་ལྔ་པ་ལྔ་པའོ། །དེ་ལ་མདོ་སྡེ་ལ་སོགས་པ་ལ་གསལ་བ་ཞེས་བྱ་བ་ནི་ལུང་དར་རིག་པ་གཉིས་ཀྱིས་མདོ་སྡེ་ལ་སོགས་པ་སྦྱར་ཏེ། གཞན་ལ་གོ་བར་བྱེད་ནུས་པ་གང་ཡིན་པའོ། །ཚུལ་ཁྲིམས་དང་ལྡན་པ་དང༌། མང་དུ་ཐོས་པ་དང༌། མདོ་སྡེ་འཛིན་དུ་འཇུག་ནུས་པ་དང༌། འདུལ་བ་འཛིན་དུ་འཇུག་ནུས་པ་དང༌། མ་མོ་འཛིན་དུ་འཇུག་ནུས་པ་ཞེས་བྱ་བ་ནི་ལྔ་པ་དྲུག་པའོ། །དེ་ལ་མདོ་སྡེ་ལ་སོགས་པ་འཛིན་དུ་འཇུག་ནུས་པ་ཞེས་བྱ་བ་ནི་སྡེ་སྣོད་དེ་དག་དོན་གྱི་བདག་ཉིད་ཀྱིས་གཞན་འཛིན་དུ་གཞུག་ཅིང་གོ་བར་བྱེད་ནུས་པ་ཉིད་དོ། །དེ་ནི་སྡེ་སྣོད་མངོན་པར་ཤེས་པ་ཉིད་དེ་ཁོ་ནའི་བྱེ་བྲག་གཞན་ཡིན་ཏེ། དེ་ལྟ་མ་ཡིན་དུ་ཟིན་ན་གལ་ཏེ་དེ་རང་གིས་མངོན་པར་མི་ཤེས་པར་ཇི་ལྟར་དོན་གྱི་བདག་ཉིད་ཀྱིས་གཞན་འཛིན་དུ་གཞུག་པར་ནུས་པ་དང༌། འདུལ་བ་ལ་གནས་པའི་དོན་ཉིད་ཀྱང་ཤིན་ཏུ་བཟླས་པར་འགྱུར་རོ། །དེ་ལྟ་བས་ན་སྡེ་སྣོད་མངོན་པར་ཤེས་པའི་གང་ཟག་ཉིད་ཀྱིས་གཞན་ལ་གོ་བར་བྱེད་ནུས་པ་གང་ཡིན་པ་དེ་ནི་དེའི་བརྗོད་པ་ཡིན་པར་རིག་པར་བྱའོ། །ཚུལ་ཁྲིམས་དང་ལྡན་པ་དང༌། མང་དུ་
ཐོས་པ་དང་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་པ་དང༌། ལྷག་པའི་སེམས་ཀྱི་བསླབ་པ་ལ་སློབ་པ་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སློབ་པ་དང་ཞེས་བྱ་བ་ནི་ལྔ་པ་བདུན་པའོ། །དེ་ལ་ལྷག་པ་ཞེས་བྱ་བའི་སྒྲ་ནི་ལྷག་པའི་དོན་དང་དབང་དུ་བྱས་པའི་དོན་ཏོ། །ཚུལ་ཁྲིམས་ཞེས་སྨོས་པས་དེ་ནི་འདུལ་བར་གཏོགས་པའི་བསླབ་པའི་གཞི་ཐམས་ཅད་བཟུང་བ་ཡིན་ནོ། །སེམས་ཞེས་སྨོས་པས་ནི་བསམ་གཏན་བཞི་པོ་དག་བཟུང་སྟེ། དེ་དག་ནི་སེམས་འདུལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །ཤེས་རབ་ཅེས་སྨོས་པས་ནི་ཟག་པ་མེད་པའི་ལམ་བཟུང་ངོ༌། །སློབ་པ་ཞེས་བྱ་བ་ནི་སློབ་པར་བྱེད་པའོ། །ཚུལ་ཁྲིམས་དང་ལྡན་པ་དང༌། མང་དུ་ཐོས་པ་དང༌། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་ཏུ་འཇུག་ནུས་པ་དང༌། ལྷག་པའི་སེམས་ཀྱི་བསླབ་པ་ལ་སློབ་ཏུ་འཇུག་ནུས་པ་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སློབ་ཏུ་འཇུག་ནུས་པ་ཞེས་བྱ་བ་ནི་ལྔ་པ་བརྒྱད་པའོ། །འདི་ནི་སྔ་མ་ཉིད་ཀྱི་བྱེ་བྲག་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་རང་ཉིད་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་ལ་མ་བསླབ་པར་གཞན་སློབ་ཏུ་འཇུག་ནུས་པ་ནི་འགའ་ཡང་མེད་པའི་ཕྱིར་ཏེ། བདག་ཉིད་མ་དུལ་བར་གཞན་འདུལ་བར་བྱེད་པ་ནི་གནས་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །སློབ་ཏུ་འཇུག་ནུས་པ་ཞེས་བྱ་བ་ནི་གཞན་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་ལ་སློབ་ཏུ་འཇུག་ནུས་པ་ཉིད་དོ། །ཚུལ་ཁྲིམས་དང་ལྡན་པ་དང༌། མང་དུ་ཐོས་པ་དང༌། ལྷག་པའི་སྤྱོད་པ་ལ་སློབ་པ་དང༌། ལྷག་པའི་འདུལ་བ་ལ་སློབ་བ་དང༌། ལྷག་པའི་སོ་སོར་ཐར་པ་ལ་སློབ་པ་ཞེས་བྱ་བ་ནི་ལྔ་པ་དགུ་པའོ། །དེ་ལ་ལྷག་པའི་སྤྱོད་པ་ཞེས་བྱ་བ་ནི་འདུལ་བ་ལས་འགྲོ་བ་དང་འོང་བ་ལ་སོགས་པ་ཡིན་པར་གསུངས་ཏེ། རྟག་ཏུ་ལྷག་པར་སྤྱད་པ་ཡིན་པའི་ཕྱིར་རོ། །ལྷག་པའི་འདུལ་བ་ཞེས་བྱ་བ་ནི་སོ་སོར་ཐར་པའི་བསླབ་པའི་རྣམ་པར་བཤད་པར་གྱུར་པ་རྣམ་པར་འབྱེད་པ་དང་གཞི་དང་ཕྲན་ཚེགས་ལ་སོགས་པའོ། །ལྷག་པའི་སོ་སོར་ཐར་པ་ཞེས་བྱ་བ་ནི་སོ་སོར་ཐར་པར་གཏོགས་པའི་བསླབ་པའི་གཞི་རྣམས་སོ། །ཚུལ་ཁྲིམས་དང་ལྡན་པ་དང༌། མང་དུ་ཐོས་པ་དང༌། ལྷག་པའི་སྤྱོད་པ་ལ་སློབ་ཏུ་འཇུག་ནུས་པ་
དང། ལྷག་པའི་འདུལ་བ་ལ་སློབ་ཏུ་འཇུག་ནུས་པ་དང༌། ལྷག་པའི་སོ་སོར་ཐར་པ་ལ་སློབ་ཏུ་འཇུག་ནུས་པ་ཞེས་བྱ་བ་ནི་ལྔ་པ་བཅུ་པའོ། །འདི་ཡང་སྔ་མ་དེ་ཉིད་ཀྱི་བྲེ་བྲག་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་རང་ཉིད་ལྷག་པའི་སྤྱོད་པ་ལ་སོགས་པ་ལ་མ་བསླབས་པར་གཞན་སློབ་ཏུ་འཇུག་ནུས་པ་ནི་འགའ་ཡང་མེད་པའི་ཕྱིར་རོ། །སློབ་ཏུ་འཇུག་ནུས་པ་ཞེས་བྱ་བ་ནི་གཞན་ལྷག་པའི་སྤྱོད་པ་ལ་སོགས་པ་ལ་སློབ་ཏུ་འཇུག་ནུས་པ་ཉིད་དོ། །དད་པ་ཕུན་སུམ་ཚོགས་པ་དང༌། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། ཐོས་པ་ཕུན་སུམ་ཚོགས་པ་དང༌། གཏོང་བ་ཕུན་སུམ་ཚོགས་པ་དང༌། ཤེས་རབ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ལྔ་པ་བཅུ་གཅིག་པའོ། །དེ་ལ་དད་པ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་སོགས་པ་དག་ལ་སེམས་དང་བའི་མཚན་ཉིད་དོ། །ཚུལ་ཁྲིམས་ཞེས་བྱ་བ་ནི་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་སྤོང་བའི་མཚན་ཉིད་དོ། །ཐོས་པ་ཞེས་བྱ་བ་སྨོས་པས་ནི་འདིར་འདུལ་བ་བཟུང་བ་ཡིན་ཏེ། འདུལ་བ་ལ་གནས་པའི་དོན་ཉིད་ཤིན་ཏུ་བཟླ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །གཏོང་བ་ཞེས་བྱ་བ་ནི་མ་ཆགས་པའི་ངོ་བོ་ཉིད་དོ། །ཤེས་རབ་ཅེས་བྱ་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །ཕུན་སུམ་ཚོགས་པ་ཞེས་བྱ་བ་དད་པ་ལ་སོགས་པས་ཕུན་སུམ་ཚོགས་པ་ནི་དད་པ་ལ་སོགས་པ་ཕུན་སུམ་ཚོགས་པ་སྟེ་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང༌། ཤེས་རབ་ཕུན་སུམ་ཚོགས་པ་དང༌། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་དང༌། རྣམ་པར་གྲོལ་བ་ཤེས་པ་དང་མཐོང་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ལྔ་པ་བཅུ་གཉིས་པའོ། །འདིར་ཡང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་སྨོས་པས་ནི་འདུལ་བ་མངོན་པར་ཤེས་པ་ཉིད་སྟོན་ཏོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་སེམས་རྩེ་གཅིག་པའི་མཚན་ཉིད་དེ། འདིས་སེམས་དང་སེམས་ལས་བྱུང་བ་དག་ཏིང་ངེ་འཛིན་དུ་བྱེད་པའི་ཕྱིར་རོ། །ཤེས་རབ་ཅེས་བྱ་བ་ནི་འདིར་ཡང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་དོ། །རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཉོན་མོངས་པ་སྤངས་པ་སྟེ། འདིར་ནི་མི་སློབ་པའི་རྣམ་པར་གྲོལ་བ་ལ་བྱའོ། །རྣམ་པར་གྲོལ་བའི་ཤེས་པ་དང༌། མཐོང་བ་
སྟེ། རྣམ་པར་གྲོལ་བ་ཤེས་པ་ནི་ཟས་པ་དང་མི་སྐྱེ་བ་ཤེས་པ་ཞེས་བྱ་བའོ། །དེ་མཐོང་བ་ནི་མི་སློབ་པའི་ལྟ་བའོ། །ཚུལ་ཁྲིམས་དང་ལྡན་པ་དང༌། ཐོས་པ་དང༌། བརྩོན་འགྲུས་བརྩམས་པ་དང༌། ཤེས་རབ་དང་ལྡན་པ་དང༌། དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་ལྔ་པ་བཅུ་གསུམ་པའོ། །བརྩོན་འགྲུས་བརྩམས་པ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ཆོས་བསྐྱེད་པ་དང༌། དགག་པར་བྱས་པ་ལ་སོགས་པའོ། །དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་དང་ལྡན་པའོ། །ཚུལ་ཁྲིམས་དན་ལྡན་པ་དང༌། མང་དུ་ཐོས་པ་དང༌། བརྩོན་འགྲུས་བརྩམས་པ་དང༌། ཤེས་རབ་དང་ལྡན་པ་དང༌། ནང་དུ་ཡང་དག་གཞག་པ་ཞེས་བྱ་བ་ནི་ལྔ་པ་བཅུ་བཞི་པའོ། །ནང་དུ་ཡང་དག་གཞག་པ་ཞེས་བྱ་བ་ནི་རབ་ཏུ་དབེན་པར་གྱུར་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཚུལ་ཁྲིམས་དང་ལྡན་པ་དང༌། མང་དུ་ཐོས་པ་དང༌། བརྩོན་འགྲུས་བརྩམས་པ་དང༌། ཤེས་རབ་དང་ལྡན་པ་དང༌། མཉམ་པར་གཞག་པ་ཞེས་བྱ་བ་ནི་ལྔ་པ་བཅོ་ལྔ་པའོ། །མཉམ་པར་གཞག་པ་ཞེས་བྱ་བ་ནི་མི་རྒོད་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཐམས་ཅད་དུ་ཡང་མང་དུ་ཐོས་པ་ཉིད་ཅེས་སྨོས་པས་ནི་འདུལ་བ་ལ་གནས་པའི་དོན་ཉིད་སྟོན་ཏོ། །སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་གྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཤེས་པ་དང་མཐོང་བའི་ཕུང་པོ་དང་ལྡན་པ་ཞེས་བྱ་བ་ནི་ལྔ་པ་བཅུ་དྲུག་པའོ། །སློབ་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་ལམ་གྱི་ཉོན་མོངས་པ་སྤང་བའི་སློབ་པའི་ངང་ཚུལ་ཅན་ཏེ། སློབ་པ་ཞེས་བྱ་བའི་ག་ནི་རྒྱུ་འཇུག་པ་ཡིན་པས་སློབ་པ་ཞེས་བྱ་བའོ། །སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཞེས་བྱ་བ་ནི་གང་ཟག་བདུན་གྱི་རྒྱུད་ལ་ཡོད་པའི་སློབ་པའི་སྡོམ་པ་ཟག་པ་མེད་པའོ། །སློབ་པའི་ཏིང་ངེ་འཛིན་གྱི་ཕུང་པོ་ཞེས་བྱ་བ་ནི་འཕགས་པའི་གང་ཟག་བདུན་གྱི་རྒྱུ་ད་ལ་སྐྱེས་པ་སློབ་པའི་ཏིང་ངེ་འཛིན་ཟག་པ་མེད་པའོ། །སློབ་པའི་ཤེས་རབ་ཀྱི་ཕུང་པོ་ཞེས་བྱ་བ་ནི་འཕགས་པའི་གང་ཟག་གི་རྒྱུད་ལས་བྱུང་བ་སློབ་པའི་ཡང་དག་པའི་ལྟ་བ་ཟག་པ་མེད་པའོ། །སློབ་པའི་རྣམ་པར་གྲོལ་བའི་ཕུང་པོ་ཞེས་བྱ་བ་ནི་སློབ་པ་ཡིད་ལ་བྱེད་པ་དང༌། མཚུངས་པར་ལྡན་པ་སློབ་པའི་མོས་པའོ། །སློབ་
པའི་རྣམ་པར་གྲོལ་བ་ཤེས་པ་དང་མཐོང་བའི་ཕུང་པོ་ཞེས་བྱ་བ་ནི་བསླབ་པར་བྱ་བ་མོས་པར་བྱ་བ་ཞེས་བྱ་བའི་རྣམ་པར་གྲོལ་བར་གྱུར་ན་ཤེས་པ་དང་མཐོང་བ་འབྱུང་བ་སྟེ། སློབ་པའི་ཆོས་ཤེས་པ་ལ་སོགས་པ་ནི་ཤེས་པ། །ཆོས་ཤོས་པའི་བཟོད་པ་ལ་སོགས་པ་ཤེས་རབ་ནི་མཐོང་བ་སྟེ། དེའི་ཕྱིར་རྣམ་པར་གྲོལ་བ་ཤེས་པ་དང་མཐོང་བ་ཞེས་བྱ་བའོ།། །།བམ་པོ་དགུ་པ། མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་གྱི་ཕུང་པོ་དང༌། ཤེས་རབ་ཀྱི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཕུང་པོ་དང༌། རྣམ་པར་གྲོལ་བའི་ཤེས་པ་དང༌། མཐོང་བའི་ཕུང་པོ་དང་ལྡན་པ་ཞེས་བྱ་བ་ནི་ལྔ་པ་བཅུ་བདུན་པའོ། །མི་སློབ་པ་ཞེས་བྱ་བ་ནི་ཉོན་མོངས་པ་སྤངས་པའི་ཕྱིར་མི་སློབ་པ་སྟེ་དགྲ་བཅོམ་པ་ཉིད་དོ། །འདིས་ནི་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་ཚུལ་ཁྲིམས་ལ་སོགས་པའི་ཡན་ལག་ལྔ་པོ་དེ་དག་ཉིད་བསྡུས་པ་ཡིན་ནོ། འོ་ན་ལྔ་པ་གོང་མ་དང༌། འདི་གཉིས་ཀྱིས་འདུལ་བ་ལ་གནས་པའི་དོན་ཉིད་མ་བསྟན་པ་ཤིན་ཏུ་བཟླ་བར་བྱ་བ་མ་ཡིན་པའི་ཡན་ལག་ཇི་ལྟར་བཟླ་བར་རུང༌། འདི་ལྟར་འདུལ་བ་ལ་ཡོངས་སུ་ཤེས་པ་མེད་པར་ཡང་སློབ་པ་དང༌། མི་སློབ་པ་ཉིད་ནི་སྲིད་པ་ཁོ་ན་ཡིན་ལ། ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་ཡུལ་ལ་འདི་ནི་བྱ་བའོ། །འདི་ནི་བྱ་བ་མ་ཡིན་ནོ་ཞེས་ཡོངས་སུ་ཤེས་པ་གང་ཡིན་པ་ནི་མངོན་པར་རྟོགས་པ་ལས་བྱུང་བ་ཁོ་ན་སྟེ། འཕགས་པའི་ལམ་གྱིས་ཡིན་ལ། ལྟུང་བ་རྣམ་པར་གཞག་ལ་ལ་ནི་སོ་སོར་ཐར་པ་ལ་སོགས་པ་ཡོངས་སུ་ཤེས་པ་དགོས་པའི་ཕྱིར་རོ་ཞེ་ན། དེ་ལ་ཉེས་པ་མེད་དེ་ལོ་བཅུ་ལོན་པ་ཉིད་སྨོས་པའི་ཕྱིར་ཏེ། འདི་ལྟར་དེ་གཉིས་ནི་འཕགས་པ་ཡིན་པས་ལོ་བཅུ་བོ་དག་ལ་འདུལ་བ་ལ་གདོན་མི་ཟ་བར་འབད་པར་བྱས་པ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ལོ་བཅུ་ལོན་པ་ཉིད་ཅེས་གསུངས་པས་ནི་རང་དབང་ཡོད་པར་བསྟན་པ་ཡིན་པས། གལ་ཏེ་དེ་གཉིས་ལ་འདུལ་བ་ལ་གནས་པའི་དོན་ཉིད་མེད་པར་གྱུར་ན། དེ་གཉིས་ཇི་ལྟར་རང་དབང་ཅན་དུ་འགྱུར། དེ་ལྟ་བས་ན་ལོ་བཅུ་ལོན་པ་ཉིད་ཅེས་སྨོས་པས་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་པ་ཡིན་ནོ། །དེ་ལྟར་མདོ་སྡེ་ལས་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་བསམས་བཞིན་དུ་བསླབ་པ་ལས་འདའ་བར་བྱེད་པ་དེ་ནི་
གནས་མེད་སྐབས་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །འབྱུང་བ་ཤེས་པ་དང༌། བཅས་པ་ཤེས་པ་དང༌། རྗེས་སུ་བཅས་པ་ཤེས་པ་དང༌། བཀག་པ་ཤེས་པ་དང༌། གནང་བ་ཤེས་པ་ཞེས་བྱ་བ་ནི་ལྔ་པ་བཅོ་བརྒྱད་པའོ། །དེ་ལས་བྱུང་བ་ཞེས་བྱ་བ་ནི་བསླབ་པའི་གཞི་རྣམས་གང་ལས་བྱུང་བར་གྱུར་པའི་འབྱུང་བ་དེའི་གཞི་དང༌། རྒྱུ་མཚན་དང་བྱེད་རྒྱུ་གང་ཡིན་པ་སྟེ། དེ་ནི་འབྱུང་བ་ཞེས་བྱ་བའི་སྒྲས་བརྗོད་དོ། །བཅས་པ་ཞེས་བྱ་བ་ནི་བསླབ་པའི་གཞི་རྣམས་རྣམ་པར་གཞག་པའོ། །ཉེས་པ་སྦོམ་པོ་ནི་དགེ་སློང་འདི་སྙེད་ཅིག་གི་མདུན་དུ་བཤགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ཡང་བཅས་པ་ཞེས་སྨོས་པས་བཟུང་བར་རིག་པར་བྱའོ། །རྗེས་སུ་བཅས་པ་ཞེས་བྱ་བ་ནི་སྔར་གནང་བའི་གཞི་ལ་བཀག་པ་དང༌། སྔར་བཀག་པ་ལ་གནང་བ་གང་ཡིན་པ་དེ་ནི་རྗེས་སུ་བཅས་པས་དཔེར་ན་མཆིལ་ལྷམ་གཉིས་གནང་བ་མཛད་པ་ལ་ཡང་དེ་གཉིས་གྱི་བྱེ་བྲག་དགག་པ་མཛད་དོ། སྒྲ་ཀྲོག་ཀྲོག་མི་ཟེར་བ་དང༌། སྒྲ་ཏུག་ཏུག་མི་ཟེར་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ནི་གནང་བ་ལ་ཡང་བཀག་པའོ། །བཀག་པ་ལ་ཡང་གནང་བ་ནི་དཔེར་ན་དུས་མ་ཡིན་པའི་ཟས་སྔར་བཀག་པ་ནང་པ་ལ་གནང་བ་ལྟ་བུ་སྟེ་དེ་ནི་བཀག་པ་ལ་ཡང་གནང་བའོ། །བཀག་པ་ཞེས་བྱ་བ་ནི་སྲོག་ལ་བབ་ཀྱང་གཞི་འདི་རྣམ་པ་ཐམས་ཅད་དུ་མི་བྱའོ་ཞེས་བྱ་བ་སྟེ། དཔེར་ན་ངལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཐ་ན་རྩྭའི་མཆོག་མས་ཀྱང་ཆང་མི་བླུད་མི་བཏུང་ངོ་ཞེས་གསུངས་པ་དང༌། སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་མི་བྱའོ་ཞེས་གསུངས་པ་ལྟ་བུའོ། །གནང་བ་ཞེས་བྱ་བ་ནི་ཅི་དགར་སྤྱད་པའི་ཡུལ་ལ་བྱ་བ་གང་ཡང་རུང་བ་ཞིག་མི་བྱེད་དམ་བྱེད་ན་ལྟུང་བ་ཞེས་བྱ་བའི་ཉེས་པ་མེད་པ་སྟེ། དཔེར་ན་ཕས་ཀྱི་རྒོལ་བ་ཚར་བཅད་པའི་ཕྱིར་ཕྱི་རོལ་གྱི་བསྟན་བཅོས་བླང་བ་ངས་རྗེས་སུ་གནང་ངོ་ཞེས་གསུངས་པ་ལྟ་བུའོ། །ལྔ་པ་འདི་དང་འོག་ནས་ལྟུང་བ་ཤེས་པ་ཞེས་བྱ་བ་ལ་སོགས་པའི་ལྔ་པས་ནི་འདུལ་བ་འབའ་ཞིག་མངོན་པར་ཤེས་པ་ཉིད་བསྟན་ཏོ། །བར་དུ་གཅོད་པ་ཤེས་པ་དང༌། བར་དུ་གཅོད་པ་མ་ཡིན་པར་ཤེས་པ་དང༌། སྨྲ་བ་པོ་དང་རྗེས་སུ་སྟོན་པ་དང༌། གནས་འཆར་གཞུག་
ནུས་པ་ཞེས་བྱ་བ་ནི་ལྔ་པ་བཅུ་དགུ་བའོ། །དེ་ལ་བར་དུ་གཅོད་པ་ཞེས་བྱ་བ་ནི་འདུལ་བ་ལས་སྲོག་གཅོད་པ་བྱ་བ་མ་ཡིན་པ་གང་ཡིན་པ་སྟེ། དེ་ནི་བར་དུ་གཅོད་པར་ནུས་པའི་ཕྱིར་བར་དུ་གཅོད་པའོ། །བོར་དུ་གཅོད་པ་མ་ཡིན་པ་ཞེས་བྱ་བ་ནི་བྱ་བ་གང་ཡིན་པ་སྟ། དེ་ནི་བར་དུ་གཅོད་པ་མ་ཡིན་ནོ། །བར་དུ་གཅོད་པ་དང་བར་དུ་གཅོད་པ་མ་ཡིན་པ་མངོན་པར་ཤེས་པ་ཉིད་ཅེས་བྱ་བ་ཡན་ལག་གཉིས་པོ་འདིས་ནི་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་ཏོ། །སྨྲ་བ་པོ་ཞེས་བྱ་བ་ནི་སྨྲ་བར་བྱེད་པས་སྨྲ་བ་པོ་སྟེ། བར་དུ་གཅོད་པ་དང་བར་དུ་གཅོད་པ་མ་ཡིན་པ་ཤེས་པའི་ཡན་ལག་གཉིས་པོ་དེ་དག་ཉིད་གཞན་དག་ལ་སྟོན་པའམ་གོ་བར་བྱ་བ་ལ་མཁས་པར་གྱུར་ཅིང་ནུས་པ་གང་ཡིན་པ་དེ་ནི་སྨྲ་བ་པོ་ཞེས་བྱའོ། །རྗེས་སུ་སྟོན་པ་ཞེས་བྱ་བ་ནི་སློབ་མ་ལ་སོགས་པ་དག་བྱ་བ་མ་ཡིན་པ་དག་ལས་ལེགས་པར་འཇོག་པ་དང་རྗེས་སུ་མཐུན་པ་རྣམ་པར་བཟློག་པ་དང༌། རྗེས་སུ་མཐུན་པར་སྨྲ་བ་ཉིད་དང༌། བྱ་བ་དག་ལ་རྗེས་སུ་བསྒྲུབ་པ་ལ་འཇུག་པ་དང༌། རྗེས་སུ་མཐུན་པར་སྨྲ་བ་ཉིད་དེ་འདིས་སློབ་མ་རྣམས་རྗེས་སུ་སྟོན་པར་བྱེད་པའི་ཕྱིར་རོ། །གནས་འཆར་གཞུག་ནུས་པ་ཞེས་བྱ་བ་ནི་གལ་ཏེ་མཁན་པོ་གཞན་དུ་འགྲོ་ན་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་གཞན་ལ་གནས་འཆར་གཞུག་ནུས་པའོ། །བར་དུ་གཅོད་པ་ཤེས་པ་དང༌། བར་དུ་གཅོད་པ་མ་ཡིན་པ་ཤེས་པ་དང༌། སྨྲ་བ་པོ་དང༌། རྗེས་སུ་སྟོན་པ་དང༌། རེ་ཞིག་གི་གནས་འཆར་འཇུག་ནུས་པ་ཞེས་བྱ་བ་ནི་ལྔ་པ་ཉི་ཤུ་པའོ། །དེ་ལ་རེ་ཞིག་གི་གནས་འཆར་གཞུག་ནུས་པ་ཞེས་བྱ་བ་ནི་གལ་ཏེ་མཁན་པོ་རེ་ཞིག་པའི་བསམ་པ་གཞན་དུ་འགྲོ་བའམ། དེ་ཉིད་ན་ཡོངས་སུ་གནས་པ་ལ་སོགས་པའི་དགོས་པའི་དབང་གིས་འདུག་པ་ན། ལྷན་ཅིག་གནས་པ་དང་ཉེ་བར་གནས་པ་རྣམས་གཞན་ལ་རེ་ཞིག་གི་གནས་འཆར་གཞུག་ནུས་པའོ། །ལྟུང་བ་ཤེས་པ་དང༌། ལྟུང་བ་མ་ཡིན་པར་ཤས་པ་དང༌། ཡང་བ་ཤེས་པ་དང༌། ལྕི་པ་ཤེས་པ་དང༌། སོ་སོར་ཐར་པའི་མདོ་གདོན་པ་དང༌། རྒྱས་པར་བཀླགས་པ་དང༌། ཐོན་པ་ཞེས་བྱ་བ་ནི་ལྔ་པ་ཉི་ཤུ་གཅིག་པའོ། །དེ་ལ་ལྟུང་བ་དང༌། ལྟུང་བ་མ་ཡིན་པ་ཤེས་པ་ནི་སློབ་མ་ལ་སོགས་པ་བྱ་བ་དང༌། བྱ་བ་མ་ཡིན་པ་ལ་སྦྱར་བ་དགོས་
སོ། ཡང་བ་དང་ལྕི་བ་ཤེས་པ་ནི་ཉེས་པ་སྦོམ་པོ་བཤགས་པ་ལ་དགོས་ཏེ། འདི་ལྟར་ཉེས་པ་སྦོམ་པོ་ཁ་ཅིག་ནི་མཚམས་ཀྱི་ནང་དུ་དགེ་འདུན་ཐམས་ཅད་ཚོགས་པ་ལ་བཤགས་པར་བྱ་བ་ཡིན། ཁ་ཅིག་ནི་མཚམས་ཀྱི་ཕྱི་རོལ་དུ། ཁ་ཅིག་ནི་བདུན་ལ། ཁ་ཅིག་ནི་ལྔ་ལ། ཁ་ཅིག་ནི་བཞི་ལ་བཤགས་པར་བྱ་བ་ཡིན་པའི་ཕྱིར་རོ། །སོ་སོར་ཐར་པའི་མདོ་གདོན་པ་དང༌། རྒྱས་པར་བཀླགས་པ་དང༌། ཐོན་པ་ཞེས་བྱ་བ་ནི་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་ཏོ། །སོ་སོར་ཐར་པའི་མདོ་གདོན་པ་ལ་ལྔ་པ་དག་གོ །རྒྱས་པར་ཞེས་སྨྲས་པས་ནི་འདུལ་བ་མཐའ་དག་བསྡུས་པ་ཡིན་པར་རིག་པར་བྱ་སྟེ། འདུལ་བ་མཐའ་དག་ནི་སོ་སོར་ཐར་པ་རྒྱས་པར་གྱུར་པ་ཡིན་པའི་ཕྱིར་རོ། །འདིར་སོ་སོར་ཐར་བའི་མདོ་གདོན་པ་དང༌། རྒྱས་པར་བཀླགས་པ་དང༌། ཐོན་པ་ནི་ཚིག་ལས་རིག་པར་བྱའོ། །དོན་ལས་ནི་ལྟུང་བ་དང༌། ལྟུང་བ་མ་ཡིན་པ་ལ་སོགས་པ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །བཀླགས་པ་ཞེས་སྨོས་པས་ནི་འདིར་སོ་སོར་ཐར་པའི་མདོ་གདོན་པ་དང༌། རྒྱས་པ་གཉིས་ཀ་སློབ་དཔོན་དང༌། མཁན་པོ་ལ་སོགས་པ་ལས་བཀླག་པའི་བསམ་བ་ལས་བཟུང་བ་སྟོན་ཏོ། །ཐོན་པ་ཞེས་སྨོས་པས་ནི་སོ་སོར་ཐར་བའི་མདོ་གདོན་པ་ཁ་དོན་དུ་རྣམ་པར་གཞག་པ་ཉིད་སྟོན་ཏོ། །གཙུག་ལག་ཁང་གང་ན་དགེ་སློང་ལོ་བཅུ་ལོན་པའམ། དེ་བས་ལྷག་པ་ལྔ་པ་གང་དང་ཡང་མི་ལྡན་པ་འབའ་ཞིག་འཁོད་ལ་གཙུག་ལག་ཁང་དེ་ན་རྒན་པ་ལྔ་པ་དང་ལྡན་པ་མེད་ན་དེས་ཇི་ལྟར་བསྒྲུབ་པར་བྱ་བ་བསྟན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཇི་སྐད་ཅེས་བགྱི་ཞེས་བྱ་བ་ནི་ཐ་སྙད་ཇི་སྐད་ཅེས་བརྗོད་བར་བགྱི་ཞེས་བྱ་བའོ། །གནས་བརྟན་བྱིས་པ་ཞེས་བྱའོ་ཞེས་བྱ་བ་ནི་རྒན་པའི་ཕྱིར་གནས་བརྟན་ཞེས་བྱ་བ་ལ། འདུལ་བ་མངོན་པར་མི་ཤེས་པའི་ཕྱིར་བྱིས་པ་ཞེས་བྱ་བའོ། །ཆེས་རྒན་བ་མེད་ན་ཆེས་གཞོན་པ་ལ་གནས་པས་འདུག་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་རྒན་པ་ལྔ་པ་གང་ཡང་རུང་བ་གཅིག་དང་ཡང་མི་ལྡན་པར་གྱུར་ན་དེའི་ཆོ་ག་ནི་དེ་ཡིན་ནོ། །ཆེས་རྒན་པ་ཞེས་བྱ་བ་ནི་ལྔ་པ་དང་ལྡན་པའོ། །ཆེས་
གཞོན་པ་ཞེས་བྱ་བ་ནི་ལོ་གྲངས་ཀྱིས་གཞོན་པ་ལ་བྱའི་ལྔ་པ་དང་མི་ལྡན་པ་ནི་མ་ཡིན་ཏེ། དེས་ལོ་བཅུ་ལོན་པ་ལྔ་པ་དང་ལྡན་པ་ཉིད་བཟུང་ངོ༌། །ཅི་ཉེ་གནས་ཀྱི་ཚུལ་ཁྲིམས་ཐམས་ཅད་བྱའམ་ཞེས་ན། དེའི་ཕྱིར་ཐམས་ཅད་བྱ་སྟེ། འདུད་པ་འབའ་ཞིག་མ་གཏོགས་སོ་ཞེས་བྱ་བ་གསུངས་ཏེ། རྒན་པས་གཞོན་པ་ལ་བཏུད་དེ་ཕྱག་བྱ་བ་ལ་འབའ་ཞིག་མ་གཏོགས་པ་གནས་པའི་ཚུལ་ཁྲིམས་དེ་ལས་གཞན་པ་དག་ལ་རྗེས་སུ་གནས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དགེ་སློང་གནས་ན་གནས་པས་ཇི་ལྟར་རྗེས་སུ་གནས་པ་བསྟན་ན། ལམ་དུ་ཞུགས་པས་ཀྱང་ཅི་དེ་དག་ཉིད་ལ་རྗེས་སུ་གནས་པར་བྱ་བ་འམ་ཞེ་ན་མ་ཡིན་ཏེ། དེའི་འབྱུང་བའི་མཐའ་བསྟན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་སུ་དབྱར་གནས་པར་ཞལ་གྱིས་བཞེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མྱུར་དུ་ལྡོག་པ་ཞེས་བྱ་བ་ནི་མཁན་པོ་དང་སློབ་དཔོན་དག་འདི་ན་འཁོད་ན་བདག་ཅག་ཡུལ་གཞན་དུ་འཁོད་དུ་མི་རུང་བས་མྱུར་དུ་ཕྱིར་ལྡོག་དགོས་པའི་ཕྱིར་རོ། །སྐྱེན་པར་ལྡོག་དགོས་པ་ཞེས་བྱ་བ་ནི་བདག་ཅག་མཁན་པོ་དང་སློབ་དཔོན་དག་ལ་བྱམས་པས་ལམ་ནས་ལྡོག་པའི་ཚེ་ཡང་བརྟན་པར་ལྡོག་དགོས་པའི་ཕྱིར་རོ། །བཙལ་བར་བྱ་དགོས་པའི་ཕྱིར་རོ་ཞེས་བྱ་བ་ནི་གནས་ཀྱི་སློབ་དཔོན་བཙལ་བར་བྱ་དགོས་པའི་ཕྱིར་རོ། །འཁོར་ཉུང་ཤས་ཅིག་ཅེས་བྱ་བ་ནི་འཁོར་ཉུང་ངུ་ཞིག་གོ །སྐུ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཐམས་ཅད་དུ་གུས་པར་མཛད་པའི་བྱ་བས་འགྱུར་བར་མཛད་པའི་ཕྱིར་རོ། །གཡས་ནས་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་མཆོག་དང་ལྡན་པའི་ཕྱིར་རོ། །གླང་པོ་ཆེའི་ལྟ་སྟངས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུའི་ཚིགས་ཀླུ་ལྟར་འབྲེལ་པའི་ཕྱིར་གླང་པོ་ཆེའི་གཙོ་བོ་བཞིན་དུ་སྐུ་ཐམས་ཅད་ཀྱིས་གཡས་ནས་སྣམ་ལོགས་སུ་བསྐོར་ཏེ་རྣམ་པར་གཟིགས་པའོ། །ཅིའི་ཕྱིར་མེད་པར་མཛད་ཅེ་ན། དེའི་ཕྱིར་སངས་རྒྱས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་རོ། །མཁྱེན་པ་ཁོ་ན་ཡིན་མོད་
ཀྱི་དོན་དང་བཅས་པ་འབའ་ཞིག་གི་ཕྱིར་རྨེད་པར་མཛད་དེ། འཇིག་རྟེན་པའི་ཐ་སྙད་ཀྱི་ཕྱིར་རྨེད་པར་མཛད་ཀྱི་མི་མཁྱེན་པའི་ཕྱིར་རྨེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །མཁྱེན་བཞིན་དུ་རྨེད་པ་ཞེས་བྱ་བ་ནི་གལ་ཏེ་མཁྱེན་ན་ཅིའི་ཕྱིར་རྨེད་པར་མཛད་ཅེ་ན། སྐུར་པ་འདེབས་པ་དགག་པའི་ཕྱིར་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཉེས་པ་དང་ཕན་ཡོན་མི་ཤེས་པ་དེ་དག་ལ་མ་རྨས་པར་བསླབ་པའི་གཞི་བཅས་པའམ་གནང་བར་གྱུར་ན་དགེ་སློང་དེ་དག་བཅོམ་ལྡན་འདས་ལ་འདི་ལ་སུ་ལེགས་པའམ་ཉེས་པ་ཅི་བྱས་ན་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བའམ། གནང་བ་མཛད་ཅེས་སྐུར་པ་འདེབས་པར་འགྱུར་བས་དེའི་ཕྱིར་མཁྱེན་བཞིན་དུ་རྨེད་པར་མཛད་དོ། །མཁྱེན་ཀྱང་མི་རྨེད་པ་ཞེས་བྱ་བ་ནི་གང་གི་ཕྱིར་གཞན་གྱི་དོན་མ་གཟིགས་ན་མཁྱེན་ཀྱང་མི་རྨེད་པ་སྟེ། གདུལ་བ་ཉིད་མེད་པའི་ཕྱིར་རོ། །དུས་སུ་རྨེད་པ་ཞེས་བྱ་བ་ནི་བྱ་བས་གཡེན་སྤྱོ་བ་མེད་པ་དག་དང༌། མ་འདྲེས་པའི་དུས་སུ་རྨེད་པར་མཛད་པའོ། །དུས་ལས་ཡོལ་བར་མི་རྨེད་པར་ཞེས་བྱ་བ་ནི་སྔ་མ་ལས་བཟློག་པའི་དུས་སུ་མི་རྨེད་པ་སྟེ། དགོས་པ་མེད་པའི་ཕྱིར་རོ། །དོན་དང་ལྡན་པ་རྨེད་པ་ཞེས་བྱ་བ་ནི་བདེན་པ་མཐོང་བར་བྱ་བ་ལ་སོགས་པའི་དགོས་པ་དང་ལྡན་པ་རྨེད་པར་མཛད་པའོ། །དོན་དང་མི་ལྡན་པ་མི་རྨེད་པ་ཞེས་བྱ་བ་ནི་དགོས་པ་མེད་པའི་ཕྱིར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཤེས་བྱ་བྱང་ཆུབ་ཤིང་གི་རིམ་པ་སྙེད་ཐུགས་སུ་ཆུད་ཀྱང་རིམ་པ་གཅིག་ཙམ་ལས་བཀའ་མ་སྩལ་ཏོ་ཞེས་བྱ་བའི་ཕྱིར་རོ། །ཆུ་ལོན་གྱིས་ལྡོག་པར་མཛད་པ་ཞེས་བྱ་བ་ནི་ཆུ་ལོན་ལྟ་བུས་མི་མཛད་པར་བཟློག་པར་མཛད་པ་སྟེ། ཐུགས་རྗེ་དང་མཁྱེན་པ་གཉིས་ཀྱིས་རྟག་ཏུ་ཉེ་བར་གནས་པའི་ཕྱིར་རོ། །དུས་མཁྱེན་པ་ཡིན་པས་ཞེས་བྱ་བ་ལ། གལ་ཏེ་དུས་མཁྱེན་པ་ཉིད་ཀྱིས་ཅི་ཞིག་སྟོན་པར་བྱེད་ཅེ་ན། སངས་རྒྱས་ཀྱི་མཛད་པ་སྐྲའི་རྩེ་མོ་བརྒྱར་གཤགས་པ་ཙམ་ཡང་ཉམས་པར་མི་མཛད་དེ། བཅོམ་ལྡན་འདས་ནི་འདུལ་བ་ལ་བརྟེན་ཏེ། ཉིན་མཚན་ལན་དྲུག་རྣམ་པར་གཟིགས་པ་འབའ་ཞིག་ཏུ་མ་ཟད་
ཀྱི་འདི་ལྟར་བསྟན་པ་གནས་པར་བྱ་བའི་ཕྱིར་ཡང་འདི་ལ་ངས་རྗེས་སུ་གནང་བར་བྱ་བ་གང་ཡིན་པ་དེ་ནི་རྗེས་སུ་གནང་བར་བྱ་བ་ལ་ཕྱིར་དགག་པར་བྱ་བ་གང་ཡིན་པ་དེ་ནི་ཕྱིར་དགག་པར་བྱའོ་སྙམ་དུ་བསྟན་པ་ལ་ཡང་རྣམ་པར་གཟིགས་པ་སྟོན་ཏོ། །ལོ་ལྔ་ལོན་པ་ཆོས་ལྔ་དང་ལྡན་པས་མི་གནས་པར་ལྗོངས་རྒྱུར་འགྲོ་བར་རྗེས་སུ་གནང་ངོ་ཞེས་བྱ་བ་ནི་གལ་ཏེ་ལོ་ལྔ་ཡང་ལོན་པ་ལྔ་པ་ཉི་ཤུ་རྩ་གཅིག་སྔར་བསྟན་པའི་ལྔ་པ་ཐ་མ་དང་ཡང་ལྡན་ན་གནས་མ་བཅས་པར་ཡང་འགྲོ་ཞིང་རྒྱུ་བར་བྱའོ། །ཅི་འདིར་ལོ་ལྔ་ལོན་པ་ཉིད་གཙོ་བོ་ཡིན་ནམ། འོན་ཏེ་ལྔ་པ་ཐ་མ་དང་ཡང་ལྡན་པ་ཉིད་གཙོ་བོ་ཡིན་ཞེ་ན། འདིར་གཉིས་ཀ་ཡང་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ལྔ་པ་ཐ་མ་དང་ལྡན་ཡང་ལོ་ལྔ་མ་ལོན་ན་དེས་ཀྱང་འགྲོ་བར་མི་བྱ་ལ། ཅི་སྟེ་ལོ་ལྔ་ལོན་ཡང་ལྔ་པ་ཐ་མ་དང་མི་ལྡན་ན་དེ་ལྟ་ན་ཡང་འགྲོ་བར་མི་བྱའོ། །གསུམ་རིག་པ་ཞེས་བྱ་བ་ནི་རིག་པ་གསུམ་པོ་སྔོན་གྱི་གནས་དང་འཆི་འཕོ་དང༌། སྐྱེ་བ་དང༌། ཟག་པ་ཟད་པར་ཤེས་པ་དག་དང་ལྡན་པའོ། །དྲི་མ་གསུམ་སྤངས་ལ་ཞེས་བྱ་བ་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གསུམ་སྤངས་པ་ལའོ། །ལོ་ལྔ་མ་ལགས་ཤིང་ཞེས་བྱ་བ་ནི་རྫོགས་པར་བསྙེན་ནས་སོ། །ཆོས་ལྔ་དང་མི་ལྡན་ན་ཞེས་བྱ་བ་ནི་ལྔ་པ་ཐ་མ་དང༌། ཉེ་བ་འཁོར་མི་བྱའོ་ཞེས་བྱ་བ་ནི་གལ་ཏེ་ལོ་ལྔ་མ་ལོན་ནམ། ལོ་ལྔ་ལོན་ཡང་ལྔ་པ་ཐ་མ་དང་མི་ལྡན་ན་རིག་པ་གསུམ་པོ་སྔོན་གྱི་གནས་དང༌། འཆི་འཕོ་དང༌། སྐྱེ་བ་དང༌། ཟག་པ་ཟང་པ་ཤེས་པ་དག་དང་ལྡན་དུ་ཟིན་ཀྱང་དེ་ལྟ་ན་དེས་གནས་མ་བཅས་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱ་སྟེ། དེ་ལྟ་བས་ན་འདིར་ཇི་ལྟར་གསུམ་རིག་པ་ཡང་མ་གནང་བ་བཞིན་དུ་གཞན་ལ་ཡང་དེ་ཁོ་ན་བཞིན་ནོ། །བར་སྔོམ་ལ་ཞེས་བྱ་བ་ནི་སྔར་ལྔ་པ་ཉི་ཤུ་རྩ་གཅིག་པ་བསྟན་པ་མན་ཆད་དང་གོ་རིམས་བཞིན་དུ་སྦྱར་རོ། །སྔར་སྔོམ་གྱི་ཚིགས་སུ་བཅད་བ་ལས། ཤཱ་རིའི་བུ་དང་རབ་འབྱུང་དང༌། །རྫོགས་པར་བསྙེན་པར་གནས་པ་དང༌། །ཉེ་སྡེས་
ཚོགས་ནི་བསྡུས་པ་དང༌། །ལྔ་པའི་སྡེ་ཚན་བསྡུས་པ་ཡིན། །ཞེས་སྨོས་པའི་སྡེ་ཚན་བཤད་ཟིན་ཏོ། །གནས་ཀྱི་སྐབས་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །།འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན་དེས་དེ་ལ་བར་ཆད་ཀྱི་ཆོས་རྣམས་དྲིས་ནས་གཟུང་བར་བྱའོ་ཞེས་གང་གསུངས་པ་དེའི་ཕྱིར་འདི་མན་ཆད་ནི་བར་ཆད་རྣམས་བརྗོད་པར་བྱའོ། །བར་ཆད་ཀྱི་ཆོས་རྣམས་ནི་རྣམ་པ་གཉིས་ཏེ། ཁ་ཅིག་ནི་སྔོམ་པ་སྐྱེ་བ་ལ་བར་ཆད་བྱེད་པ་སྟེ། འདི་ལྟ་སྟེ་མ་གསོད་པ་ལ་སོགས་པའོ། །ཁ་ཅིག་ནི་མཛེས་པ་ལ་བར་དུ་གཅོད་པ་སྟེ། འདི་ལྟ་སྟེ་ལག་རྡུམ་ལ་སོགས་པའོ། །གཞན་ཡང་བར་ཆད་ཀྱི་ཆོས་རྣམས་ནི་རྣམ་པ་གཉིས་ཏེ། ཁ་ཅིག་ནི་ལྟ་བའི་རྣམ་པ་སྟེ། འདི་ལྟ་སྟེ་མུ་སྟེགས་ཅན་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པའོ། །ཁ་ཅིག་ནི་བྱ་བ་སྟེ། འདི་ལྟ་སྟེ་རྒྱལ་པོས་བཀྲབས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཐམས་ཅད་གོ་རིམས་བཞིན་དུ་སྟོན་ཏོ། །སྔོམ་ལ་ཞེས་བྱ་བ་ནི་སྔར་རབ་ཏུ་འབྱུང་བའི་གཞིའི་སྤྱི་སྔོམ་ལས་མུ་སྟེགས་ཅན་ཞེས་སྨོས་པའི་སྔོམ་གྱི་ཚིགས་སུ་བཅད་པ་ཡིན་པར་རིག་པར་བྱའོ། །མུ་སྟེགས་ཅན་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའི་བྱུང་པའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྩོད་པ་ཞེས་བྱ་བ་ནི་འཐབ་མོའོ། །སོང་ཞེས་བྱ་བ་ནི་བྲོས་པའོ། །དེའི་རྗེས་སུ་ཞུགས་པའི་ཕྱིར་རོ། །མི་གཏི་མུག་ཅན་ཞེས་བྱ་བ་ནི་མི་ཤེས་པའོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ནི་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་སྤངས་པ་ཡིན་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་གཏི་མུག་ཅན་ཞེས་སྨད་པའི་ཚིག་གིས་སྨད་པར་མཛད་ཅེ་ན། བཅོམ་ལྡན་འདས་ནི་གདུལ་བྱའི་རྒྱུད་དག་ལ་དགོངས་པས་ལོག་པར་བསྒྲུབ་པ་མི་མངའ་མོད་ཀྱི། འོན་ཀྱང་བྱ་བ་རྣམ་པར་བཟློག་པའི་ཕྱིར་སྨོད་པར་མཛད་དེ། མཁན་པོ་དང་སློབ་དཔོན་དག་སློབ་མ་དང་ཉེ་གནས་དག་ལ་བསམ་པས་ལོག་པར་བསྒྲུབ་པ་མེད་ཀྱང་ཚིག་དྲག་པོ་དག་གིས་སྣོད་པར་བྱེད་པ་དང་འདྲའོ། །གྱ་ནོམ་པ་
ཞེས་བྱ་བ་ནི་བཟང་བ་སྟེ། མཐོ་རིས་དང་བྱང་གྲོལ་གྱི་བདེ་བ་བསྐྱེད་པའི་ཕྱིར་རོ། །ཡང་ན་ཀུན་དུ་མཛེས་པའི་ཕྱིར་རམ་ཐོག་མ་དང་བར་དང༌། ཐ་མར་དགེ་བའི་ཕྱིར་རོ། །ལྟ་ཞེས་བྱ་བ་ནི་སྨད་པའི་ཚིག་གོ །བཀྲེས་པའི་ཉམ་ཆུང་བ་ལ་ཡོངས་སུ་གཟིར་བ་ཞེས་བྱ་བ་ལ། བཀྲེས་པ་ཞེས་བྱ་བ་ནི་ཟས་འདོད་པ་སྟེ། བྲུ་བ་ཚ་བ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཉམ་ཆུང་བ་ཞེས་བྱ་བ་ནི་ལྟོགས་པ་ཉིད་དོ། །དེས་ཡོངས་སུ་གཟིར་བ་ཞེས་བྱ་བ་ནི་རྨྱ་བའམ་ལྡན་པའོ། །བཟའ་བ་ཞེས་བྱ་བ་ནི་ལ་དུ་ལ་སོགས་པའོ། །བཅའ་བ་ཞེས་བྱ་བ་ནི་ལ་ཕུག་ལ་སོགས་པའོ། །གྱ་ནོམ་པ་ཞེས་བྱ་བ་ནི་ཞིམ་པོ་ཞེས་བྱ་བའི་ཐ་ཚིག་གོ །བཤད་པ་ཞེས་བྱ་བ་ནི་ཕྱི་སའོ། །ཤཱཀྱ་མ་གཏོགས་པ་ནི་དེ་དག་ཉེ་དུ་ལ་བྱམས་པས་བཅོས་མ་མ་ཡིན་པའི་རྣམ་པས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་འཇུག་པའི་ཕྱིར་རོ། །མེ་པ་རལ་པ་ཅན་མ་གཏོགས་པ་ནི་དེ་དག་ལས་སྨྲ་བ་ཉིད་ལ་སོགས་པའི་རྒྱུས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་བ་བསྐྱེད་པའི་ཕྱིར་རོ། །མེ་པ་ཞེས་བྱ་བ་ནི་མེ་ལ་དད་པས་མེ་པ་སྟེ། མེད་པའི་རིགས་དང་དད་པས་ཡོངས་སུ་སྤྱོད་པར་ཞུགས་པ་དང༌། མངོན་པར་བརྩོན་པར་གྱུར་པས་ན་མེ་པ་ཞེས་བྱའོ། །རལ་པ་ཅན་ཞེས་བྱ་བ་ནི་སྐྲ་རལ་པར་འཇོག་པའི་ཕྱིར་རོ། །ཉེ་དུའི་ཡོངས་སུ་སྤང་བ་ཞེས་བྱ་བ་ནི་ཡོངས་སུ་སྤང་བར་བྱ་བ་གཞན་དག་ལས་ཉེ་དུ་རྣམས་ཐ་དད་པར་བྱའོ། །མཁན་པོས་སྦྱང་བ་ཞེས་བྱ་བ་ནི་མཁན་པོས་བྱིན་པའོ། །གནས་པ་ཞེས་བྱ་བ་ནི་སེམས་མགུ་བར་བྱ་བའི་ཕྱིར་དགེ་འདུན་གྱི་དྲུང་དུ་བརྟག་པའི་ཆེད་དུ་གཞུག་པར་བྱའོ། །འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་དགེ་འདུན་ལ་གསོལ་བའི་སྔགས་འོག་ནས་འབྱུང་བ་ལན་གསུམ་བཟླས་པ་དང་སྦྱར་རོ། །གསོལ་བར་བྱ་སྟེ་ལས་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་སོ།། ཟླ་བ་བཞི་པོ་དག་ལ་ཟན་དང་གོས་གང་ནས་སྦྱིན་པར་བྱ་ཞེ་ན། དེའི་ཕྱིར་དེའི་ཟན་ནི་དགེ་འདུན་ལས་སོ་ཞེས་བྱ་བ་གསུངས་ཏེ། མུ་སྟེགས་ཅན་གནས་པ་ཡིན་པ་དེའི་ཟས་ནི་དགེ་འདུན་གྱི་ལས་སྦྱིན་པར་བྱའོ། །གོས་གང་ནས་ཤེ་ན། དེའི་ཕྱིར་གོས་ནི་མཁན་པོ་
ལས་སོ་ཞེས་བྱ་བ་གསུངས་ཏེ། གོས་ནི་མཁན་པོས་སྦྱིན་པར་བྱའོ། །ཟན་དང་གོས་འབྱོར་ནས་དེས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་ལས་ནི་དགེ་ཚུལ་གྱི་གྲལ་རིམ་བཞིན་དུ་བྱའོ་ཞེས་བྱ་བ་གསུངས་ཏེ། དགེ་ཚུལ་དག་པས་ཀྱང་ཆེས་གཞོན་པའི་ཕྱིར་གཞོན་པ་ཐམས་ཅད་ཀྱི་ལས་སུ་བསྒོ་བ་གང་ཡིན་པ་དེ་དེས་བྱའོ། །སེམས་མགུ་བར་མ་གྱུར་བའི་མུ་སྟེགས་ཅན་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་གསུངས་ན། དེ་ཇི་ཙམ་གྱིས་ན་སེམས་མགུ་བར་གྱུར་པར་རིག་པར་བྱ་ཞེ་ན། དེ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་ཀྱི་བསྔགས་པ་བརྗོད་པར་བྱ་ཞེས་བྱ་བ་ནི་ཡོན་ཏན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱ་བ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཀྱི་བསྔགས་པ་ཡང་དག་པར་བརྗོད་པར་བྱ་ཞེས་བྱ་བ་ཡང་ཡོན་ཏན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱ་བ་སྟེ། བཅོམ་ལྡན་འདས་ཀྱི་ཆོས་རྣམས་ནི་ལེགས་པར་གསུངས་པ་ཞེས་བྱ་བ་ལ་སོགས་པའོ། །དགེ་འདུན་གྱི་བསྔགས་པ་ཡང་དག་པར་བརྗོད་པར་བྱ་ཞེས་བྱ་བ་ཡང་ཡོན་ཏན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱ་བ་སྟེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཞེས་བྱ་བ་ལ་སོགས་པའོ། །མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པར་བརྗོད་པར་བྱ་ཞེས་བྱ་བ་ནི་སྐྱོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱ་བ་སྟེ། ཉེས་པར་བཤད་པའི་ཆོས་ཅན་ཞེས་བྱ་བ་ལ་སོགས་པའོ། །ནང་བར་བྱེད། འཁྲུག་པར་བྱེད། ཁོང་ཁྲོ་བར་བྱེད་ཅེས་བྱ་བ་ནི་གཡོ་བའི་རྒྱུ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་བྱེ་བྲག་གོ །ཡུལ་ཡུལ་པོར་འདུག་པར་བྱེད་ཅེས་བྱ་བ་ནི་བྱ་བ་དག་ལ་བག་འཁུམས་ཤིང་སེམས་ཞུམ་པར་འདུག་པའོ། །ཁྲོ་བ་སྐྱེད་པར་བྱེད་ཅེས་བྱ་བ་ནི་ཁྲོ་བ་ཡང་དང་ཡང་དུ་མངོན་དུ་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གཞི་དེ་དོན་གང་གི་ཕྱིར་ཞེས་བྱ་བ་སྟེ། དེའི་རྒྱུ་གང་ཡིན་ཞེས་བྱ་བའི་ཐ་ཚིག་གོ །ལས་སྨྲ་བ་ཞེས་བྱ་བ་ནི་སྔོན་གྱི་ལས་དགེ་
བ་དང་མི་དགེ་བའི་འབྲས་བུ་སྨྲ་བའི་ཕྱིར་རོ། །བྱ་བ་སྨྲ་བ་ཞེས་བྱ་བ་ནི་སྐྱེས་བུའི་རྩལ་གྱི་འབྲས་བུ་བསྐྱེད་པ། ལུས་དང༌། ངག་དང༌། ཡིད་ཀྱི་ལས་ཀྱི་ངོ་བོ་ཉིད་ཀྱི་བྱ་བ་སྨྲ་པའི་ཕྱིར་རོ། །རྒྱུ་སྨྲ་བ་ཞེས་བྱ་བ་ནི་འབྲས་བུ་རྒྱུ་བས་སྔར་འབྱུང་བ་དང༌། ལྷན་ཅིག་འབྱུང་བ་དང༌། སྐད་ཅིག་མ་གསུམ་ལ་སོགས་པས་བར་དུ་ཆོད་པ་འགོག་པ་སྨྲས་པའི་ཕྱིར་རོ། །ཁ་ཅིག་ན་རེ་རྟག་པའི་རྒྱུ་དང༌། མི་མཐུན་པའི་རྒྱུ་དང༌། མཐོང་བའི་རྒྱུ་འགོག་པ་སྨྲ་བའི་ཕྱིར་རོ་ཞེས་ཟེར་རོ། །བརྩོན་འགྲུས་སྨྲ་བ་ཞེས་བྱ་བ་ནི། བསྐྱེད་པའི་རྒྱུའི་ཚོགས་པ་སྨྲ་བའི་ཕྱིར་རོ། །འདི་སྐད་ཅེས་བསྟན་ཏེ། རབ་ཏུ་འབྱུང་བའི་ཕྱིར། ཉེ་བར་འོངས་པ་དང༌། མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ་དྲིས་པ་ན། གལ་ཏེ་དེ་བདག་མུ་སྟེགས་ཅན་ཡིན་ནོ་ཞེས་ཟེར་ན། ཤཱཀྱ་དང་མེ་པ་རལ་པ་ཅན་མེ་གཏོགས་པ་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ། །ཇི་ཙམ་གྱིས་སེམས་མགུ་བར་རིག་པར་བྱ་ཞེ་ན། དཀོན་མཆོག་རྣམས་ཀྱི་བསྔགས་པ་དང༌། མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པར་བརྗོད་པ་ན་མི་གཡོ་བ་ཉིད་ནི་སེམས་མགུ་བར་གྱུར་པ་ཉིད་ཡིན་ནོ། །སེམས་མགུ་བར་གྱུར་པ་ཉིད་ཡིན་ན་དགེ་བསྙེན་ཉིད་དུ་བྱས་ཏེ། དེ་ལ་དགེ་འདུན་གྱི་ལས་ཀྱིས་གནས་བྱིན་ལ། ཟླ་བ་བཞིར་གནས་པར་བྱའོ། །དེའི་འོག་ཏུ་རབ་ཏུ་འབྱུང་ཞིང་རྫོགས་པར་བསྙེན་པར་བྱའོ། །ཤཱཀྱ་དང་མེ་པ་རལ་པ་ཅན་ནི་རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་ན། རབ་ཏུ་དབྱུང་ཞིང་རྫོགས་པར་བསྙེན་པར་བྱའོ་ཞེས་བསྟན་ཏོ། །གང་གི་ཕྱིར་བར་ཆད་རྣམ་པ་གཉིས་པོ་རེ་ཞིག་པ་དང༌། གཏན་དུ་བ་ཞེས་གསུངས་པ་ལ། ཇེ་རེ་ཞིག་བསྟན་པར་བྱ་སྟེ། དེ་ལ་ལོ་ཉི་ཤུ་མ་ཚང་བ་རྫོགས་པར་བསྙེན་པར་མི་བྱའི་བྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སར་པ་ཞེས་བྱ་བ་ནི་རྫོགས་པར་བསྙེན་ནས་རིང་པོ་མ་ལོན་པའི་ཕྱིར་རོ། །སྐྱེས་ཕྲན་ཞེས་བྱ་བ་
ནི་བསྟན་པའི་ལུས་ལས་སུ་རུང་བའོ། །གཞོན་ནུ་ཞེས་བྱ་བ་ནི་ན་ཚོད་གསར་པའོ། །བཅུ་བདུན་སྡེའི་ཚོགས་ཞེས་བྱ་བ་ནི་བཅུ་བདུན་པོ་དག་བསྡེབས་ཤིང་འགྲོགས་པའི་ཚོགས་སོ། །ཐོ་རངས་ཀྱི་དུས་ཞེས་བྱ་བ་ནི་སྐྱ་རེངས་དང་པོ་འཆར་དུས་ཞེས་བྱ་བའི་ཐ་ཚིག་གོ །ཀུན་དགའ་ར་བའི་ནང་ན་ཞེས་བྱ་བ་ནི་གཙུག་ལག་ཁང་གི་ནང་ནའོ། །སྡིག་སྦྲུལ་ཞེས་བྱ་བ་ནི་སྦྲུལ་ལ་སོགས་པའོ། །ཚིག་གི་ལམ་ཞེས་བྱ་བ་ནི་ཐབ་མོའི་ལམ་ཞེས་བྱ་བའི་ཐ་ཚིག་གོ །ངན་པར་སྨྲ་བ་ཞེས་བྱ་བ་ནི་མི་སྙན་པ་ཞེར་འདེབས་པའི་ངོ་བོ་ཉིད་དོ། །ངན་པ་འོངས་པ་ཞེས་བྱ་བ་ནི་སྐུར་པ་འདེབས་པའི་རང་བཞིན་ནོ། །སྡུག་བསྔལ་ཞེས་བྱ་བ་ནི་མི་འདོད་པའོ། །མི་བཟད་པ་ཞེས་བྱ་བ་ནི་ཤས་ཆེན་པོ་དང་ལྡན་པའོ། །རྩུབ་པ་ཞེས་བྱ་བ་ནི་དང་པོ་བྱུང་བ་ན་བརྣག་པར་མི་བཟོད་པའོ། །ཚ་བ་ཞེས་བྱ་བ་ནི་མཐར་ཡང་བརྣག་པར་མི་བཟོད་པའོ། །ཡིད་དུ་མི་འོང་བ་ཞེས་བྱ་བ་ནི་དྲན་པའི་དུས་ན་ཡིད་མི་བདེ་བ་སྐྱེད་པའོ། །སྲོག་འཕྲོག་པར་བྱེད་པ་ཞེས་བྱ་བ་ནི་སྲོག་གི་དབང་པོ་འཕྲོག་པར་བྱེད་པའོ། །བྱུང་ངོ་ཅོག་ཅེས་བྱ་བ་ནི་མཐར་ཆགས་སུ་འབྱུང་བ་དང་ལྡན་པའོ། །མི་བཟོད་ཅེས་བྱ་བ་ནི་ལུས་ཀྱིས་སོ། །ཟག་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དག་གོ །ཇི་ལྟ་མི་མཉམ་པ་ཞེས་བྱ་བ་ནི་བརྩལ་པའོ། །ཉེས་དམིགས་ཞེས་བྱ་བ་ནི་ཉེས་པའོ། །འགལ་ཚབས་ཅན་ཞེས་བྱ་བ་ནི་ཉེས་པ་དང་བཅས་པའོ། །ལོ་བཅོ་ལྔ་མ་ལོན་པ་རབ་ཏུ་འབྱུང་བར་མི་བྱ་བའི་འབྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉི་མ་གཉིས་སམ་གསུམ་དུ་ཞེས་བྱ་བ་ནི་ཉི་མ་རངས་པར་བགྲང་བས་ནི་གཉིས་སོ། །ཉི་མ་དུམ་བུ་བགྲང་བས་ནི་གསུམ་མོ། །ཀུན་དུ་སྤྱད་པའི་ཞེས་བྱ་བ་ནི་ཀུན་དུ་ཐ་སྙད་བྱ་བའི་འོ། །ཆོས་དག་ཅེས་བྱ་བ་ནི་ཆོག་དག་གོ །རི་དགས་ཀྱི་རི་དགས་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རྣམས་རི་དགས་དང་འདྲ་བའི་ཕྱིར་རོ། །རྒྱ་ཆེ་ལ་ཞེས་བྱ་བ་ནི་གོ་སྐབས་སྤངས་པ་བསྟན་ཏོ། །
རང་གི་སྤྱོད་ཡུལ་ཞེས་བྱ་བ་ནི་བཀག་པ་མེད་པར་བསྟན་ཏོ། །སྤྱོད་ཡུལ་ནི་ཡུལ་ལོ། །ཡབ་ཀྱི་ཡིན་གྱིས་ཞེས་བྱ་བས་ནི་སྟོན་པས་རྗེས་སུ་གནང་བ་ཉིད་བསྟན་ཏོ། །བསོད་སྙོམས་བསྒྲུབས་ལ་ཞེས་བྱ་བ་ནི་སློང་མོའི་ཟས་བསྒྲུབས་ལ་ཞེས་བྱ་བའོ། །འཚོ་བར་གྱིས་ཤིག་ཅེས་བྱ་བ་ནི་སྲོག་བཟུང་བར་གྱིས་ཤིག་ཅེས་བྱ་བའོ། །སྲང་ཞེས་བྱ་བ་ནི་ཚོང་འདུས་སོ། །ཁུར་བ་ཞེས་བྱ་བ་ནི་བག་ཆོས་ཀྱི་བྱེ་བྲག་གོ །ཡབ་ཅེས་བྱ་བ་ནི་ཕའོ། །རིན་མཆིས་པར་ཞེས་བྱ་བ་ནི་དེ་བཞིན་དུའོ། །ཀཱཪྵཱ་པ་ཎ་ཞེས་བྱ་བ་ནི་པ་ཎའི་བྱེ་བྲག་སྟེ། མངོན་མཚན་ཅན་ཡིན་ན་ནི་དངུལ་ལས་བྱས་པ་ཡིན་ནོ། །བརྩགས་པ་ཞེས་བྱ་བ་ནི་ཁྱིམ་པའི་ཚེའོ། །འགའ་ཞིག་གིས་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན་དེས་དེ་ལ་ལོ་བཅོ་ལྔ་ལོན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བར་འདོད་པ་རབ་ཏུ་འབྱུང་བའི་ཕྱིར་འོངས་པ་ལ། མཁན་པོས་ཅི་ཁྱོད་ལོ་བཅོ་ལྔ་ལོན་ནམ་ཞེས་དྲི་བར་བྱ་ཞིང་ལོ་བཅོ་ལྔ་མ་ལོན་པ་རབ་ཏུ་འབྱུང་བར་མི་བྱའོ། །ལོ་བཅོ་ལྔ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་དང༌། བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ་རབ་ཏུ་དབྱུང་བར་མི་བྱ་བའི་བྱུང་བའི་མཐའ་ནི་འོག་ནས་སྟོན་ཏོ། །སྡོམ་ལ། དགེ་ཚུལ་གཉིས་དང་བྲན་དང་ནི། །ཞེས་བྱ་བ་ལ་སོགས་པ་ནི་སྔར་རབ་ཏུ་དབྱུང་བའི་གཞིའི་སྤྱི་སྡོམ་ལས་དགེ་ཚུལ་གཉིས་དང་ཞེས་སྨོས་པའི་སྡོམ་གྱིས་ཚིགས་སུ་བཅད་པ་ཡིན་པར་རིག་པར་བྱའོ། །ཅི་དཔེར་ན་གནས་གཅིག་གིས་གནས་རྫོགས་པར་བསྙེན་པ་མང་པོ་དག་ཉེ་བར་འཇོག་པར་བྱེད་པ་དེ་བཞིན་དུ་དེས་དགེ་ཚུལ་མང་པོ་དག་ཀྱང་གཞག་པར་བྱའམ་ཞེ་ན་མ་ཡིན་ཏེ། དེའི་བྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞོགས་སྟེགས་ཞེས་བྱ་བ་ནི་ཧ་ཅང་བརྟད་པར་མི་འཇུག་ཅིང་བཙུན་སྦུ་མ་ཉམས་པར་འཇོ་སྒེག་དང་ཀུན་དུ་རྩེ་བ་ལ་སོགས་པ་ལུས་དང་ངག་གིས་ལས་སོ། །འཕྱ་གཡེང་ཞེས་བྱ་བ་ནི་ཤིན་ཏུ་བརྟན་བར་འཇུག་ཅིང་འཁྱུད་པ་དང་འོ་བྱེད་པ་ལ་སོགས་པའི་རྟལ་བག་བྱེད་པའོ། །ལུས་ལ་བརྡེག་པ་ཞེས་བྱ་བ་ནི་ཕན་ཚུན་བཞད་གད་བྱེད་
པས་ལག་པས་རྡེག་པར་བྱེད་པའོ། །དེ་ཉིད་བསྟན་པའི་ཕྱིར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགེ་ཚུལ་གཉིས་ཉེ་བར་གཞག་པར་མི་བྱའོ་ཞེས་བྱ་བ་ནི་དགེ་ཚུལ་གཅིག་ལས་ལྷག་པ་དགེ་ཚུལ་གཉིས་པ་ལ་སོགས་པ་ཉེ་བར་གཞག་པར་མི་བྱ་བའོ། །འདི་ནི་དྲུང་དུ་ཉེ་བར་འཇོག་པ་བཀག་པ་ཡིན་གྱི་རབ་ཏུ་དབྱུང་བར་དཀག་པ་ནི་མ་ཡིན་ནོ། །ཇི་ལྟར་དགེ་ཚུལ་གཉིས་པ་ལ་སོགས་པ་ཉེ་བར་བཞག་པ་བཀག་པ་ལྟར་ཇི་ལྟར་རབ་ཏུ་དབྱུང་བ་ཡང་གཉིས་པ་ལ་སོགས་པ་མི་བྱའམ་ཞེ་ན་མ་ཡིན་ཏེ། དེའི་འབྱུང་བའི་མཐའ་བསྟན་པའི་ཕྱིར་གཞན་སྤུན་གཉིས་ཤིག་འོངས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་སྤུན་གཉིས་ཤིག་འོངས་ཏེ་བདག་ཅག་གཉིས་ཅིག་ཅར་ལྷན་ཅིག་ཏུ་རབ་ཏུ་དབྱུང་བར་བྱའོ་ཞེས་ངེས་པར་བྱས་ཏེ་ལྷགས་ན་རབ་ཏུ་དབྱུང་བར་བྱའོ་ཞེས་བྱ་བ་ནི་རབ་ཏུ་དབྱུང་བར་འདོད་པ་གཉིས་ཤིག་བདག་ཅག་གཉིས་ཅིག་ཅར་ལྷན་ཅིག་ཏུ་རབ་ཏུ་དབྱུང་བར་བྱའོ་ཞེས་དེ་ལྟར་ངེས་པར་བྱ་བ་སྟེ། རབ་ཏུ་འབྱུང་བའི་ཕྱིར་འོངས་པ་དེ་གཉིས་གལ་ཏེ་སོ་སོ་ཐ་དད་པར་རབ་ཏུ་འབྱུང་བར་མི་འདོད་ན་དེའི་ཚེ་གཉིས་ཀ་རབ་ཏུ་དབྱུང་བར་བྱ་བའོ། །རབ་ཏུ་དབྱུང་ནས་གལ་ཏེ་ལོ་ཉི་ཤུ་ལོན་ན་རྫོགས་པར་བསྙེན་པར་བྱའོ་ཞེས་བྱ་བ་ནི་གཉིས་ཀའོ། །གལ་ཏེ་གཅིག་ལོ་ཉི་ཤུ་ལོན་ན་དེ་རྫོགས་པར་བསྙེན་པར་བྱ་ཞེས་བྱ་བ་ནི་གཉིས་ཀ་རབ་ཏུ་ཕྱུང་ནས་དགེ་ཚུལ་ནས་རྒན་ཤོས་རྫོགས་པར་བསྙེན་པར་བྱའོ། །གལ་ཏེ་རྒན་དུ་ཟིན་ཀྱང་ལོ་ཉི་ཤུ་མ་ལོན་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་གལ་ཏེ་གཉིས་ཀ་ལོ་ཉི་ཤུ་མ་ལོན་ན་གཅིག་བདག་ཉིད་ཀྱིས་ཉེ་བ་གཞག་པར་བྱ་ཞིང་ཅིག་ཤོས་དགེ་སློང་གྲོགས་པོ་འགའ་ལ་གཏད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། དགེ་ཚུལ་གང་ཡང་རུང་བདེ་རྒན་དུ་ཟིན་ཀྱང་གལ་ཏེ་ལོ་ཉི་ཤུ་མ་ལོན་པར་གྱུར་ན་དེའི་ཚེ་ད་གཉིས་ལས་གཅིག་དགེ་སློང་གཞན་ལ་རེ་ཞིག་གི་གནས་ཀྱི་དོན་དུ་གཏད་པར་བྱའོ། །ཅི་དེ་གང་ལ་རེ་ཞིག་གི་གནས་ཀྱི་དོན་དུ་གཏད་པ་དེའི་ཡིན་པ་ཁོ་ནར་འགྱུར་རམ་ཞེ་ན་མི་འགྱར་ཏེ། དེའི་ཕྱིར་དེ་གང་གི་ཡིན་པ་དེས་རྫོགས་པར་བསྙེན་པར་བྱའོ་ཞེས་བྱ་བ་གསུངས་
ཏེ། དགེ་ཚུལ་དེ་ཐོག་མ་རབ་ཏུ་འབྱིན་པའི་མཁན་པོ་གང་ཡིན་པ་དེས་རྫོགས་པར་བསྙེན་པར་བྱའི་གང་ལ་གཏད་པ་དེས་དབྲོག་པར་མི་བྱའོ། །གལ་ཏེ་མི་སྟེར་ན་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་མི་སྟེར་བ་ལས་མཐུས་དགུག་པར་བྱའོ་ཞེས་བྱ་བ་གསུངས་ཏེ། མི་སྟེར་བ་ལས་མཐུས་དགུག་སྟེ། དང་པོའི་མཁན་པོ་ཉིད་ཀྱིས་རྫོགས་པར་བསྙེན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །བྲན་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱ་བའི་བྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཁས་པ་ཞེས་བྱ་བ་ནི་མྱུར་དུ་བྱེད་པ་དང་ལྡན་པའོ། །ལེ་ལོ་མེད་པ་ཞེས་བྱ་བ་ནི་ལེ་ལོ་ཅན་མ་ཡིན་པའོ། །སྒྲུབ་ཕོད་པ་ཞེས་བྱ་བ་ནི་བྱ་བ་དག་ལ་རྩོམ་པའི་ཕྱིར་མཐུ་དང་ལྡན་པའོ། །འཕྲལ་གྱི་བྱ་བ་ཞེས་བྱ་བ་ནི་བྱ་བ་ཕྲན་ཚེགས་སོ། །སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་ཐོག་མར་འགྲོ་བའོ། །སྤྱོས་ཞེས་བྱ་བ་ནི་སྨད་པའོ། །མགུ་དཀའ་བ་ཞེས་བྱ་བ་ནི་སེམས་བཟུང་བར་མི་ནུས་པའོ། །གཞོན་ནུའི་ཡོངས་སུ་སྤང་བ་ཞེས་བྱ་བ་ནི་རྒྱལ་པོའི་བུ་དང་འདྲ་བར་ཟིལ་གྱིས་མནན་པ་ཡོངས་སུ་སྤང་བའོ། །བརྩོན་པ་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ལུང་ནོད་བ་ཉན་པའོ། །འབད་པ་ཞེས་བྱ་བ་ནི་ལུང་མནོས་པ་དེ་སེམས་པའོ། །བརྩལ་བ་ཞེས་བྱ་བ་ནི་ལུང་མནོས་པ་དེ་བསྒོམ་པའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་བཅོམ་པའམ་ཡང་མི་སྐྱེ་བའམ་འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པར་འོས་པའོ། །དེ་ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་དང༌། གཟུགས་དང་གཟུགས་མེད་པ་ཞེས་བྱ་བའི་ཁམས་གསུམ་པོ་དག་ཏུ་སྤྱོད་པ་དང་བསྡུས་པ་དང༌། འགྲོ་བའི་ཕྱིར་ཁམས་གསུམ་པ་སྟེ་འགྲོ་བ་མཐའ་དག་གོ །དེ་ལས་འདོད་ཆགས་དང་བྲལ་བ་ནི་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བའོ། །བོང་བ་དང་གསེར་དུ་མཉམ་པ་ཞེས་བྱ་བ་ནི་གང་ལ་བོང་བ་དང་གསེར་དག་མཉམ་པའི་
བློ་ཡོད་པའོ། །ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ་ཞེས་བྱ་བ་ནི་གང་ལ་ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་ཡོད་པ་ནི་བདག་དང་བདག་གི་བ་ལ་ཆགས་པ་མེད་པས་དེ་ནི་ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ་ཡིན་ནོ། །ཙན་དན་བཞག་པ་ལྟ་བུ་ཞེས་བྱ་བ་ནི་གང་ཙན་དན་བདར་བ་ཞག་ལོན་པ་བསིལ་བར་གྱུར་བ་དང་འདྲ་བར་ཉོན་མོངས་པ་ཉིད་ཀྱིས་བསིལ་བར་གྱུར་བ་དེ་ནི་ཙན་དན་བཞག་པ་ལྟ་བུ་ཞེས་བྱའོ། །རིག་པས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཤེས་པས་སོ། །སྒོ་བའི་སྦུབས་ཞེས་བྱ་བ་ནི་འཁོར་བ་སྒོ་ང་ལྟ་བུའི་སྦུབས་ཞེས་བྱ་བ་དཀྲིས་པ་མ་རིག་པའི་མཚན་ཉིད་དོ། །དྲལ་བར་གྱུར་ཅིང་ཞེས་བྱ་བ་ནི་བཅོམ་པར་གྱུར་པ་སྟེ། གང་གིས་ཟག་པ་མེད་པའི་ཤེས་པས་འཁོར་བ་སྒོ་ངའི་སྦུབས་གཡོགས་བཅོམ་པར་གྱུར་པ་དེ་ནི་རིག་པས་སྒོ་དའི་སྦུབས་དྲལ་བར་གྱུར་པ་ཞེས་བྱ་བའོ། །རིག་པ་ཞེས་བྱ་བ་ནི་གསུམ་མོ། །མངོན་པར་ཤེས་པ་ཞེས་བྱ་བ་ནི་དྲུག་གོ །སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་བཞིའོ། །ཐོབ་པར་ཞེས་བྱ་བ་ནི་གང་གིས་རིག་པ་གསུམ་དང༌། མངོན་པར་ཤེས་པ་དྲུག་དང༌། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དེ་ནི་རིག་པ་དང༌། མངོན་པར་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་ཐོབ་པའོ། །སྲིད་པ་དང་འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་ཞེས་བྱ་བ་ནི་སྲིད་པ་དག་དང་འདོད་པའི་རྒྱུར་གྱུར་པའི་རྙེད་པ་དག་དང༌། བཀུར་སྟི་དག་ལ་མི་ཕྱོགས་པར་གྱུར་པའོ། །དབང་པོ་ཞེས་བྱ་བ་ནི་བརྒྱ་བྱིན་ནོ། །ཉེ་དབང་ཞེས་བྱ་བ་ནི་ཉི་མ་བཅུ་གཉིས་དང༌། ནོར་ལྷ་བརྒྱད་དང༌། ཐ་སྐར་གྱི་བུ་གཉིས་དང༌། དྲག་པོ་བཅུ་གཉིས་ཏེ། སྤྱིར་གསུམ་ཅུ་རྩ་གསུམ་མོ་ཞེས་འཇིག་རྟེན་པ་དག་ཟེར་རོ། །མཆོད་པར་བྱ་བ་ཞེས་བྱ་བ་ནི་ཆོས་གོས་ལ་སོགས་པ་དག་གིས་ཏེ། མཆོད་པར་འོས་པ་ཡིན་པའི་ཕྱིར་རོ། །རྗེད་པར་བྱ་བ་ཞེས་བྱ་བ་ནི་ཕྱག་ལ་སོགས་པ་དག་གིས་སོ། །མངོན་དུ་སྨྲ་བར་བྱ་བ་ཞེས་བྱ་བ་ནི་གུས་པར་སྨྲ་བ་ལ་སོགས་པ་དག་གིས་སོ། །འགྱོད་པ་སྐྱེས་ནས་ཞེས་བྱ་བ་ནི་ཡིད་ལ་གཅགས་པར་གྱུར་བའོ། །བྱ་བ་ཐམས་ཅད་ཀྱི་མངའ་བདག་ཅེས་བྱ་བ་ནི་དོན་ཐམས་ཅད་ལ་
དབང་ཐོབ་པའོ། །མཁྲིག་མ་ནས་ཞེས་བྱ་བ་ནི་མཁྲིག་མའི་ཚིགས་ནས་སོ། །དགེ་སྦྱོང་གི་ཚུལ་ཞེས་བྱ་བ་ནི་ཐར་པའི་ཐབས་སུ་གྱུར་པའི་ངལ་བའོ། །ཚིག་པ་ཞེས་བྱ་བ་ནི་ཆུད་ཟོས་པའོ། །བྲམ་ཟེའི་ཚུལ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་སྤངས་པའོ། །བྲན་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བ་ནི་འབའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན་དེས་དེ་ལ་བྲན་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། བྲན་རབ་ཏུ་དབྱུང་བ་དང༌། རྫོགས་པར་བསྙེན་པར་མི་བྱའོ། །བུ་ལོན་ཅན་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱ་བའི་བྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་བྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕུ་ལོན་ཆགས་པ་ཞེས་བྱ་བ་ནི་བུ་ལོན་གཞལ་བར་བྱ་བའོ། །དངོས་ཞེས་བྱ་བ་ནི་གཞིའོ། །སྐྱེད་ཅེས་བྱ་བ་ནི་འཕེལ་ལོ། །མཚོར་བ་ཁོ་ནར་ཞེས་བྱ་བ་ནི་མ་བསྒོ་བར་ཏེ་གྱ་ཚོམ་དུ་ཞེས་བྱ་བའི་ཐ་ཚིག་གོ །མགུ་དཀའ་བར་གྱུར་བས་ཞེས་བྱ་བ་ནི་མཐུ་དང་ལྡན་པས་དེ་ཐ་སྙ་བྱ་བའི་ཕྱིར་དྲུང་དུ་འགྲོ་དཀའ་བས་ཞེས་བྱ་བའི་ཐ་ཚིག་གོ །བུ་ལོན་ཆགས་པ་མ་ཡིན་ནམ་ཞེས་དྲི་བར་བྱའི་ཞེས་བྱ་བ་ནི་འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན་དེས་དེ་ལ་ཁྱོད་ལ་ལའི་བུ་ལོན་མ་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། བུ་ལོན་ཅན་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ། །བུ་ལོན་ཅན་ཐམས་ཅད་རབ་ཏུ་དབྱུང་བར་མི་བྱ་བ་ཡང་མ་ཡིན་ཏེ། གང་འདི་སྐད་དུ་རབ་ཏུ་བྱུང་ངམ། རྫོགས་པར་བསྙེན་ནས་ཕྱིས་བུ་ལོན་འཇལ་ནུས་སམ་ཞེས་དམ་འཆའ་བར་བྱེད་པར་དེ་ནི་རབ་ཏུ་དབྱུང་བར་བྱའོ། །བྱེ་བྲག་འདི་ནི་བར་ཆད་དྲི་བའི་སྔགས་ལས་སྣང་སྟེ། སྔགས་ལས་འདི་སྐད་ཅེས་ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་རབ་ཏུ་དབྱུང་ངམ་རྫོགས་པར་བསྙེན་ནས་འཇལ་ནུས་སམ་ཞེས་གསུངས་པའི་ཕྱིར་རོ། །རབ་ཏུ་འབྱུང་
བར་འདོད་པ་ཕ་མ་གསོན་ཞིང་དེ་གཉིས་ཀྱིས་མ་གནང་བ་ཡུལ་ཐག་མི་རིང་བ་ཞག་བདུན་བསྲེལ་བར་བྱ་བ་དང༌། ཕ་མས་གནང་བ་དང༌། ཕ་མས་མ་གནང་བ་ཡུལ་ཐག་རིང་བ་འཕྲལ་དུ་རབ་ཏུ་དབྱུང་བར་བྱ་བའི་འབྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་བྱིན་ནམ་ཞེས་བྱ་བ་ནི་དགེ་བསྙེན་དུ་ཉེ་བར་བསྒྲུབས་ནས་སོ། །ཁྱེའུ་འདི་འདྲ་བ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་སྒོ་ནས་རྣམ་པ་འདི་འདྲ་བ་ཞིག་གོ །སྤུ་གྲི་ཐོགས་པ་འབའ་ཞིག་གིས་སྡོད་དམ་ཞེས་བྱ་བ་ནི་སྦུ་གྲི་འབའ་ཞིག་ཐོགས་ཏེ་སྡོད་ན་ཁྱེད་ཅག་ལ་ལས་གཞན་མེད་དམ་ཞེས་བྱ་བའི་ཐ་ཚིག་གོ །ཀྱེ་མ་ཞེས་བྱ་བ་ནི་འདོད་པའི་ཐ་ཚིག་གོ །རབ་ཏུ་འབྱུང་བར་འདོད་པ་པ་མ་གསོན་ཞིང་དེ་གཉིས་ཀྱིས་མ་གནང་བ་འོངས་ན་ཞག་བདུན་ནམ་བརྒྱད་བསྲེལ་བར་བྱའོ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བར་འདོད་པའི་གང་གི་ཕ་མ་གཉིས་གསོན་ཞིང་དེ་གཉིས་ཀྱིས་མ་གནང་བ་འོངས་ན་ཞག་བདུན་འབྲེལ་བར་བྱ་སྟེ། འོངས་མ་ཐག་ཏུ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་ཕ་མ་གཉིས་ལས་གཅིག་གསོན་ཞིང་ངེས་མ་གནང་ན་ཡང་དེའི་ཚེ་ཁོ་ན་བཞིན་དུ་བསྒྲུབ་པར་བྱའོ། །ཡུལ་ཐག་རིང་བ་ཞེས་བྱ་བ་ནི་ཡུལ་གང་དུ་རྒྱལ་པོའི་ཚིག་མངོན་སུམ་མམ། བརྒྱུ་པ་འདའ་བར་བྱེད་པའི་ཡུལ་དེ་ནས་སྐྱེས་པའོ། །ཕ་མས་གཏམ་ཡང་མི་ཐོས་པ་ཞེས་བྱ་བ་ནི་ཡུལ་ཐག་རིང་བ་ནས་སྐྱེས་པའི་ཕྱིར་ཕ་མས་གཏམ་དྲིས་ཀྱང་མ་ཐོས་པའོ། །རབ་ཏུ་དབྱུང་བར་བྱ་སྟེ་ཞེས་བྱ་བ་ནི་ཕ་མས་གནང་བ་དང༌། ཕ་མས་མ་གནང་བ་ཡུལ་ཐག་རིང་པོ་ཕ་མས་གཏམ་ཡང་མི་ཐོས་པ་གང་དག་འོངས་པ་དེ་དག་ནི་ཞག་བདུན་བསྲེལ་མི་དགོས་པར་འོངས་མ་ཐག་ཏུ་རབ་ཏུ་དབྱུང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །རབ་ཏུ་འབྱུང་བར་འདོད་པ་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱ་བའི་འབྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་
ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བུ་ལོན་འཇལ་བར་བྱེད་པ་ཞེས་བྱ་བ་ནི་བུ་ལོན་འཁོར་བར་བྱེད་པའི་ཕྱིར་རོ། །ནོར་སྤྱོད་པ་ཞེས་བྱ་བ་ནི་ནོར་ལ་ལོངས་སྤྱོད་པར་བྱེད་པའི་ཕྱི་རོ། །ཟོང་ཞེས་བྱ་བ་ནི་བཙོང་བར་བྱ་བའི་རྫས་སོ། །ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཅེས་བྱ་བ་ནི་མི་རིགས་པ་འགའ་ཞིག་པའི་ཤི་བར་གྱུར་བའོ། །ཉེ་དུའི་མཐུ་ཞེས་བྱ་བ་ནི་ཉེ་དུ་དག་ལས་བསླངས་པའོ། །ལག་མཐུས་ཞེས་བྱ་བ་ནི་དོག་པ་བཀལ་པ་ལ་སོགས་པས་ནོར་བསྒྲུབས་པས་སོ། །བསྙོད་ཅེས་བྱ་བ་ནི་ཟས་དང་སྐོམ་ལ་སོགས་པས་བདེ་བར་བསྟབས་བའོ། །གསོས་ཞེས་བྱ་བ་ནི་བརྟས་པས་རྒྱུ་ཁྲུས་དང༌། དྲིལ་ཕྱི་དང༌། བསྐུ་མ་ཉེ་ལ་སོགས་པ་དག་གིས་བརྟས་པར་བྱས་པའོ། །བསྐྱེད་ཅེས་བྱ་བ་ནི་ཕྱི་རོལ་གྱི་གནོད་པ་དག་ལས་ལེགས་པར་བསྲུངས་བའོ། །ཕྱི་རོལ་གྱི་བསྟན་བཅོས་ཞེས་བྱ་བ་ནི་བརྡ་སྤྲོད་པ་ལ་སོགས་པའོ། །བདག་ཉིད་ལས་བྱུང་བའི་ངོ་ཚ་ཤེས་པ་ཞེས་བྱ་བ་ནི་ངོ་ཚ་ཤེས་པ་ནི་བདག་ཉིད་ལ་ལྟས་པ་ཡིན་པའི་ཕྱིར་རོ། །ཕྱི་རོལ་ལ་བྱུང་བའི་ཁྲེལ་ཡོད་པ་ཞེས་བྱ་བ་ནི་ཁྲེལ་ཡོད་པ་ནི་གཞན་ལ་ལྟོས་པ་ཡིན་པའི་ཕྱིར་རོ། །ཤེད་བསྐྱེད་ཅེས་བྱ་བ་ནི་དགའ་བར་བྱེད་པའོ། །དཀའ་ཐུབ་ཀྱི་ཚལ་ཞེས་བྱ་བ་ནི་བསྟི་གནས་སྟོང་པ་དག་གོ །མུ་སྟེགས་ཀྱི་གནས་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་གནས་མི་སྟོང་བ་དག་གོ །དགེ་འདུན་ལམ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བ་ནི་རབ་ཏུ་དབྱུང་བར་འདོད་པ་ཕ་མ་གསོན་བཞིན་དེ་གཉིས་ཀྱིས་མ་གནང་བ་ཡུལ་ཐག་མི་རིང་བ་ཞག་བདུན་བསྲེལ་བ་དང༌། ཡུལ་ཐག་རིང་བ་ཡང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ། །དགེ་འདུན་ལ་ཞུ་བ་ནི་རྐུན་པོ་ཞེས་བྱ་བའི་ཚིག་གིས་སྐུར་བའི་འདེབས་པ་སྤང་བའི་ཕྱིར་རོ། །ཁ་ཅིག་ན་རེ་དགེ་འདུན་ལ་ཞུ་བ་ནི་དགེ་འདུན་ཚོགས་པ་ལ་ཞུ་དགོས་པས་དགེ་འདུན་མ་ཚོགས་ཀྱིས་བར་དུ་བསྡད་པ་དང༌། ཚོགས་པའི་ཚེ་ཡང་དགེ་སློང་ཁ་ཅིག་ཕྱིར་ལྡོག་པ་ལ་སོགས་པ་བྱེད་པས་དུས་འགྱངས་པ་དེའི་ཚེ་ཕ་མ་འོངས་ནས་དྲིས་ནས་སྟེར་ན་རབ་ཏུ་དབྱུང་བར་བྱ། མི་སྟེར་ན་ཕྱིར་བཏང་བར་བྱ་བའི་ཕྱིར་དགེ་འདུན་ལ་ཞུ་བ་དཀའ་སྩལ་ལོ་ཞེས་ཟེར་རོ། །ནད་པ་རབ་ཏུ་དབྱུང་བ་
དང་རྫོགས་པར་བསྙེན་པར་མི་བྱ་བའི་འབྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནའོ་ད་མའི་ཚལ་བྱ་ཀ་ལན་དཀའི་གནས་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བོར་ཞེས་བྱ་བ་ནི་སྤངས་ཏེའོ། །འཚོ་བྱེད་ཅེས་བྱ་བ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོས་འཚོའམ་ཞེས་བྱ་བའི་ཚིག་གིས་ཀུན་དུ་སྤྱོད་པའི་ཕྱིར་རོ། །གཞོན་ནུས་གསོས་ཞེས་བྱ་བ་ནི་རྒྱལ་བུ་གཞོན་ནུ་འཇིགས་མེད་ཀྱིས་གསོས་པའི་ཕྱིར་རོ། །དེའི་མིང་གཞན་དེ་ཉིད་གཞུན་འདི་ལས་འོག་ནས་འབྱུང་ངོ༌། །གསོ་ཞེས་བྱ་བ་ནི་ནད་མེད་པར་བྱ་བའོ། །གསོ་དཀའ་ཞེས་བྱ་བ་ནི་བསྒྲུབས་དཀའ་བའོ། །རིགས་མཆོག་ཅེས་བྱ་བ་ནི་རིགས་ཀྱི་གཙོ་བོ་སྟེ་བྲམ་ཟེ་ཞེས་བྱ་བའི་ཐ་ཚིག་གོ །རིགས་སྣ་ཚོགས་ཅན་ཞེས་བྱ་བ་ནི་བྲམ་ཟེ་དང༌། རྒྱལ་རིགས་དང༌། རྗེའུ་རིགས་དང༌། དམངས་རིགས་དང་ལྡན་པའོ། །རྩྭ་ཀ་ཤ་ཞེས་བྱ་བ་ནི་རྩའི་རྣམ་པའོ། །ཀུ་ཤ་ཞེས་བྱ་བ་ནི་རྩྭའི་རྣམ་པ་རྣོན་པོ་སྟེ། རྩྭ་དར་བ་ཞེས་བྱ་བའི་ཐ་ཚིག་གོ །མཁུན་ཞེས་བྱ་བ་ནི་མཁུན་སྒྲ་འབྱིན་པའོ། །མི་དགའ་ཞེས་བྱ་བ་ནི་ཡིད་ལ་གཅགས་པའོ། །ནད་བྲང་ཞེས་བྱ་བ་ནི་ནད་པའི་བྲང་ངོ༌། །མ་བླངས་པ་ཞེས་བྱ་བ་ནི་མ་ཐོགས་པའོ། །ལེན་པར་མི་བྱེད་ཅེས་བྱ་བ་ནི་ཐོགས་པར་མི་བྱེད་པའོ། །བླངས་པ་ཞེས་བྱ་བ་ནི་ཐོགས་པའོ། །མཐར་ཕྱིན་པར་བྱེད་ཅེས་བྱ་བ་ནི་གནས་སུ་ཕྱིན་པ་བྱེད་པའོ། །ལྕི་ཞེས་བྱ་བ་ནི་ངན་པ་སྟེ་གསོ་དཀའ་བ་ཞེས་བྱ་བའི་ཐ་ཚིག་གོ །དགེ་སྦྱོང་གི་འབྲས་བུའི་བཞི་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོད་པ་དང༌། དགྲ་བཅོམ་པ་ཉིད་དོ། །དེ་ལ་དགེ་སྦྱོང་གི་ཟག་པ་མེད་པའི་ལམ་མོ། །དེས་ཉོན་མོངས་པ་ཟད་པར་བྱས་པ་ནི་འབྲས་བུ་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དད་པས་སྦྱིན་པར་བྱ་བ་ཞེས་བྱ་བ་ནི་དད་པ་ཅན་དག་གིས་དད་པས་བྱིན་པ་སྟེ་ཟས་ལ་སོགས་པའོ། །ཆུད་གཞན་ནས་ཞེས་བྱ་བ་ནི་བུ་ལོན་སྐྱེད་པས་ཆུད་གཟན་ནས་སོ། །ཚུལ་མ་ཡིན་པས་སྡུག་བསྔལ་སྐྱེད་པར་བྱེད་ཅེས་བྱ་བ་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་ཉམས་པས་སེམས་ཅན་དམྱལ་བ་ལ་
སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །དེའི་ཚིག་མ་ཡིན་པར་བྱས་ཏེ་ཞེས་བྱ་བ་ནི་དེའི་ཚིག་བཅས་སྟེའོ། །བྱས་པ་ཤེས་པས་ཞེས་བྱ་བ་ནི་དྲིན་གཟོ་བས་སོ། །འདི་ནི་བདག་གི་བྱ་བ་ཡིན་གྱིས་ཞེས་བྱ་བ་ནི་བདག་གི་ལས་ཁོ་ན་ཡིན་པས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྨྲ་བར་བྱ་བ་ཁོ་ན་ཡིན་གྱིས་ཞེས་བྱ་བའི་ཐ་ཚིག་གོ །མཛོད་ཅེས་བྱ་བ་ནི་དབྱིག་དང་གསེར་ལ་སོགས་པའི་མཛོད་དོ། །བང་བ་ཞེས་བྱ་བ་ནི་འབྲས་ལ་སོགས་པའི་འབྲུའི་བང་བའོ། །སྲ་བས་ཞེས་བྱ་བ་ནི་འགྲིབ་པ་ཉིད་ཀྱིས་སོ། །ཡོངས་སུ་བས་ཞེས་བྱ་བ་ནི་རྒྱུན་ཆད་པས་སོ། །ཡོངས་སུ་གཏུགས་པ་ཞེས་བྱ་བ་ནི་གཞན་མི་འབྱུང་བས་སོ། །ངལ་ཞེས་བྱ་བ་ནི་བྱ་བ་མང་བས་སོ། །དགེ་བའི་ཕྱོགས་ཀྱང་ཡོངས་སུ་ཉམས་པར་འགྱུར་བས་ཞེས་བྱ་བ་ནི་བསམ་གཏན་དང་བཀླག་པ་དག་ཡོངས་སུ་ཉམས་པར་འགྱུར་བས་སོ། །དྲན་པར་བགྱི་ཞེས་བྱ་བ་ནི་བསླབ་པའི་གཞི་བཅའ་བ་སྟེ་འདིས་དྲན་པར་བྱེད་པའི་ཕྱིར་རོ། །ནད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་ནི་འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན་དེས་དེ་ལ་ནད་པ་མ་ཡིན་ནམ་ཞེས་དྲི་བར་བྱ་བའོ། །ཁྱོད་ལ་གང་ཡང་རུང་བ་མེད་དམ་ཞེས་བྱར་ཡང་རུང་ངོ༌། །རྫོགས་པར་བསྙེན་པར་བྱེད་པ་དག་གིས་ནི་བྱེ་བྲག་ཏུ་དྲི་བར་བྱ་སྟེ། དེ་ཡང་བར་ཆད་དྲི་བའི་སྔགས་ལས་མི་རྣམས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འབྱུང་བའི་འདི་ལྟ་སྟེ། མཛེ་དང༌། འབྲས་དང་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་ཏུ་དྲི་དགོས་པའི་ཕྱིར་རོ། །རབ་ཏུ་འབྱུང་བར་འདོད་པ་ཕ་མས་མ་གནང་བ་རབ་ཏུ་དབྱུང་བར་མི་བྱ་བ་དང༌། ཕ་མས་མ་གནང་བ་ཡུལ་ཐག་རིང་པོ་ནི་རབ་ཏུ་དབྱུང་བར་བྱ་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེར་སྐྱའི་གནས་ཞེས་བྱ་བ་ནི་གྲོང་ཁྱེར་ཏེ། དྲང་སྲོང་སེར་སྐྱས་གནས་བར་བྱས་པའི་ཕྱིར་རོ། །ནྱ་གྲོ་དྷའི་གུན་དགའ་རབ་ན་ཞེས་བྱ་བ་ནི་གཙུག་ལག་ཁང་སྟེ། ཤིང་ལྗོན་པའི་ནྱ་གྲོ་དྷས་མཆོད་པའི་སྐྱེད་མོས་ཚལ་དུ་གཙུག་ལག་ཁང་བརྩིགས་པའི་ཕྱིར་རོ། །དེ་དག་ཀྱང་གཞུང་འདི་ཉིད་ལས་
འོག་ནས་འབྱུང་ངོ༌། །ཁྱིམ་དག་ནས་རེ་རེ་ནས་ཞེས་བྱ་བ་ནི་ཁྱིམ་རེ་རེ་ནས་རེ་རེ་རབ་ཏུ་ཕྱུང་བའོ། །ཤཱཀྱ་མོ་ཞེས་བྱ་བ་ནི་ཤཱཀྱའི་ཆུང་མའོ། །ནོན་ནས་ཞེས་བྱ་བ་ནི་གདུངས་ནས་སོ། །སྙིང་རྗེ་རྗེ་སྐད་དུ་ཞེས་བྱ་བ་ནི་ཤིན་ཏུ་ཡིད་ལ་གཅགས་ཤིང་ངོ༌། །ཟས་གཙང་ཞེས་བྱ་བ་ནི་བཙས་པའི་ཚེ་ཕས་སློང་མོ་ཕ་དག་ལ་ཟས་འབའ་ཞིག་གི་སྦྱིན་པ་སྦྱིན་པའི་ཕྱིར་རོ། །བདག་ལ་དམ་པ་འོས་སོ་ཞེས་བྱ་བ་ནི་བདག་ལ་ཡིད་ལ་བསམས་པའི་དོན་འགྲུབ་པའི་དམ་པ་བརྩལ་བར་འོས་སོ་ཞེས་བྱ་བ་སྟེ། འདི་ལྟར་བདག་ནི་ཁྱོད་ཀྱི་ཡབ་ཡིན་ལ། བདག་ཀྱང་རིགས་པ་གསོལ་བའི་ཕྱིར་རོ་སྙམ་དུ་བསམས་པའོ། །དམ་པ་ལས་འདས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ནི་དམ་པ་སྦྱིན་པས་འདུལ་བ་རྣམས་རྗེས་སུ་འཛིན་པར་མི་མཛད་དེ། དེ་དག་ནི་དམ་པ་སྦྱིན་པའི་ལྷ་དང་དྲང་སྲོང་ལ་སོགས་པ་དག་ལས་འདས་པའི་ཕྱིར་རོ། །ཁོ་ན་ཞེས་བྱ་བ་ནི་ངེས་པར་བཟུང་བའོ། །འཕགས་པ་རྣམས་ཀྱིས་བརྙེས་སླ་བ་གང་ལགས་པའོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྩོལ་སྤྱོད་པའི་དངོས་པོ་གང་ལགས་པ་སྟེ། འཕགས་པ་དག་རིགས་ཀྱི་བུ་མོ་ཕ་མས་མ་གནང་བ་རབ་ཏུ་འབྱིན་པར་མི་བྱེད་པ་དེ་ནི་རྒྱལ་པོའི་ཡིད་ལ་བསམས་པ་ཡིན་ལ། དེ་ནི་འཕགས་པ་རྣམས་ཀྱིས་སྩོལ་སྤྱོད་དོ་ཞེས་བྱ་བའི་ཐ་ཚིག་གོ །ནམ་མཁའི་ངོས་ན་རྒྱུ་ཞིང་ཞེས་བྱ་བ་ནི་ནམ་མཁའི་དཀྱིལ་ནས་འགྲོ་ཞིང་ངོ༌། །གླིང་བཞི་དག་ཏུ་ཞེས་བྱ་བ་ནི་འཛམ་བུའི་གླིང་དང༌། ཤར་གྱི་ལུས་འཕགས་དང༌། ནུབ་ཀྱི་བ་ལང་སྤྱོད་དང༌། བྱང་གི་སྒྲ་མི་སྙམ་ཞེས་བྱ་བ་དག་ཏུའོ། །རྗེས་སུ་མཆིའོ་སྙམ་པས་ཞེས་བྱ་བ་ནི་འགྲོའོ་སྙམ་པ་སྟེ། ཕབ་ནས་ལོངས་སྤྱད་པར་བྱའོ་སྙམ་པས་ཞེས་བྱ་བའི་ཐ་ཚིག་གོ །བདེ་བ་ཞེས་བྱ་བ་ནི་ལུས་ཀྱིའོ། །ཡིད་བདེ་བ་ཞེས་བྱ་བ་ནི་སེམས་ཀྱིའོ། །མི་ཆུང་བ་ཞེས་བྱ་བ་ནི་ཆེན་པོའོ། །མ་མཆིས་པར་གྱུར་ཏོ་ཞེས་བྱ་བ་ནི་མེད་པར་གྱུར་པའོ། །རེ་བ་ཙམ་གྱུར་པ་ཞེས་བྱ་བ་ནི་རེ་བ་ཅུང་ཟད་བྱུང་བའོ། །སྟོབས་ཀྱིས་འཁོར་ལོས་སྒྱུར་བ་ཞེས་བྱ་བ་ནི་དཔུང་གི་ཚོགས་དང་ལྡན་པས་འཛམ་བུའི་གླིང་དུ་རྒྱལ་སྲིད་བྱེད་དུ་འཇུག་པའོ། །སྒྲ་
གཅན་འཛིན་བཟང་པོ་ཞེས་བྱ་བ་ནི་སྒྲ་གཅན་འཛིན་ཉིད་དོ། །དངོས་བརྩན་པ་ཞེས་བྱ་བ་ནི་བསོད་ནམས་ཀྱི་མཐུ་དངོས་འཇུག་ན་ཡུལ་དབུས་སུ་རྒྱལ་སྲིད་བྱེད་དུ་འཇུག་ནུས་པ་སྟེ། མཐུ་སྟོབས་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །བག་དྲོ་བར་གྱུར་པ་ཞེས་བྱ་བ་ནི་བྱམས་པའི་འམ་ཡིད་རྟོན་པའོ། །འདིར་དོན་ནི་འདི་ཡིན་ཏེ། ཇི་ལྟར་བདག་བུ་དང་ཚ་བོ་དག་ལ་རེ་ཞིག་བྱམས་པ་བཞིན་དུ་གཞན་དག་ཀྱང་དེ་བཞིན་པས། དེའི་ཕྱིར་ཕ་མས་གནང་ན་རབ་ཏུ་དབྱུང་བར་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཕ་མས་མ་གནང་བ་ཡུལ་ཐག་རིང་པོ་ཕ་མས་གཏམ་ཡང་མི་ཐོས་པ་དག་ལས་འོངས་པ་དེ་དག་ནི་རབ་ཏུ་འབྱུང་བར་བྱ་སྟེ་ཞེས་བྱ་བ་ནི་འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན་དེས་དེ་ལ་ཕ་མས་གནང་ངམ་ཞེས་དྲི་བར་བྱ་ཞིང༌། རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། ཕ་མས་གནང་བ་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ། །ཡུལ་ཐག་རིང་བ་ནི་མ་གཏོགས་སོ། །སྡོམ་ལ། བྱ་རོག་སྐྲོད་ཅེས་བྱ་བ་ལ་སོགས་པ་ནི་སྔར་རབ་ཏུ་དབྱུང་བའི་གཞིའི་སྤྱི་སྡོམ་ལས། བྱ་རོག་སྐྲོད་ཅེས་གསུངས་པའི་སྡོམ་གྱི་ཚིགས་སུ་བཅད་པ་ཡིན་པར་སྦྱར་རོ། །རབ་ཏུ་འབྱུང་བར་འདོད་པ་ལོ་བདུན་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་རབ་ཏུ་དབྱུང་བར་མི་བྱ་ཞིང༌། དེ་ལས་བཟློག་པ་རབ་ཏུ་དབྱུང་བར་གནང་བའི་བྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་སྐྱེས་པོ་ཞེས་བྱ་བ་ནི་ཕྱིས་མོས་མ་ལ་འདིས་ཀོ་ས་ལའི་རིགས་རྣམ་པར་འཕེལ་བར་འགྱུར་རོ་ཞེས་སྨྲས་པའི་ཕྱིར་རོ། །ཁོ་ན་མེད་པ་ཞེས་བྱ་བ་ནི་ཡིད་སྡང་བ་མེད་པའོ། །མི་འགྲན་པ་ཞེས་བྱ་བ་ནི་གནོད་པ་མི་བྱེད་པའོ། །མི་འཁུ་བ་ཞེས་བྱ་བ་ནི་མི་རྐུ་བའོ། །དེ་དང་དེ་ན་ཞེས་བྱ་བ་ནི་ལམ་པོ་ཆེ་ལ་སོགས་པ་ནའོ། །ཟོང་བསྒྱུར་ནས་ཞེས་བྱ་བ་ནི་ཟོང་བཙོངས་ནས་སོ། །མཆིལ་མས་བརྣངས་ཞེས་བྱ་བ་ནི་མཆིལ་མ་དང་བཅས་པར་ངུ་བས་མགུལ་བ་བརྫངས་པའོ། །སྡུད་ཅེས་བྱ་བ་ནི་འཇོག་པའོ། །ཕྱིར་འབྱུང་ན་ཞེས་བྱ་བ་ནི་གྲོང་ཁྱེར་ལ་སོགས་པ་ནས་སོ། །ལྷུང་
བཟེད་ཀྱི་ལྷག་མ་ཞེས་བྱ་བ་ནི་ཕམ་པས་སོ། །སྐྱ་བོ་བསེང་བསེང་པོ་ཞེས་བྱ་བ་ནི་ནད་ལས་གྱུར་པ་བཞིན་དུ་མདོག་སྐྱ་བོར་གྱུར་པའོ། །རིང་པ་ཞེས་བྱ་བ་ནི་མ་རྒྱས་པའོ། །ཉམ་ཆུང་བ་ཞེས་བྱ་བ་ནི་སྟོབས་ཉམས་པའོ། །རྐེ་བ་ཞེས་བྱ་བ་ནི་པགས་པ་སྐམ་པའོ། །སྐམ་པ་ཞེས་བྱ་བ་ནི་ཤ་ཉམས་པའོ། །ལུས་མ་ཐོབ་པ་ཞེས་བྱ་བ་ནི་བརྩོན་པ་མེད་པའོ། །རབ་ཏུ་འབྱུང་བར་འདོད་པ་དགེ་འདུན་གྱིས་ཟན་སྦྱིན་པར་རྗེས་སུ་གནང་ངོ་ཞེས་བྱ་བ་ནི་ཞག་བདུན་བསྲེལ་བར་བྱ་བ་ལ་སོགས་པའི་སྐབས་སུ་དགེ་འདུན་གྱིས་ཟན་བྱིན་ན་རུང་བའོ། །སྐོས་མ་ལ་ཞེས་བྱ་བ་ནི་སྤྱི་བུངས་ཀྱི་གནས་སམ་ཚང་མང་ངོ༌། །ལོ་བདུན་པ་བྱ་རོག་སྐྲོད་ནུས་པ་ཡོངས་སུ་སྤང་བས་རབ་ཏུ་དབྱུང་བར་རྗེས་སུ་གནང་ངོ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བར་འདོད་པ་ལོ་བཅོ་ལྔ་མ་ལོན་པ་ལོ་བདུན་ལོན་པ་བྱ་རོག་སྐྲོད་ནུས་ན་དེ་རབ་ཏུ་དབྱུང་བར་གནང་བའོ། །འདི་སྐད་བསྟན་ཏེ། རབ་ཏུ་འབྱུང་བར་འདོད་པ་ལོ་བཅོ་ལྔ་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་རབ་ཏུ་དབྱུང་བར་མི་བྱའོ། །བྱ་རོག་སྐྲོད་ནུས་ཀྱང་ལོ་བདུན་མ་ལོན་ན་རབ་ཏུ་དབྱུང་བར་མི་བྱའོ། །གལ་ཏེ་ལོ་བཅོ་ལྔའམ་ལོ་བདུན་ལོན་ལ་བྱ་རོག་སྐྲོད་ཀྱང་ནུས་ན་དེ་ནི་རབ་ཏུ་དབྱུང་བར་བྱའོ། །ཡིད་བྱུང་བ་ཞེས་བྱ་བ་ནི་བསྡིགས་པའོ། །གཅོད་པ་ཞེས་བྱ་བ་ནི་ཐད་ཀར་གཅོད་པའོ། །འཆེག་པ་ཞེས་བྱ་བ་ནི་ཚལ་པ་གཉིས་སུ་འཆེག་པའོ། །རྡུང་བ་ཞེས་བྱ་བ་ནི་ཏིལ་བཞིན་དུ་ཕྱེ་མར་རྡུང་བའོ། །འདྲལ་བ་ཞེས་བྱ་བ་ནི་གཞོག་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ལྕགས་ཀྱི་ཐུ་ལུམ་འབར་བཟ་བ་དང༌། ཟངས་ཁུ་བསྐོལ་བ་ལྡུད་པ་ལ་སོགས་པ་དག་བསྡུའོ། །ལེ་ལོས་ཞེས་བྱ་བ་ནི་བྱ་བ་མ་ཡིན་པ་ལ་ལྷག་པར་ཆགས་པས་སོ། །འདའ་བར་བྱེད་པ་ཞེས་བྱ་བ་ནི་དུས་ཡོལ་བར་བྱེད་པས་སོ། །ཤི་ཞེས་བྱ་བ་ནི་སྐད་ཅིག་གིས་འཇིག་པའོ། །དུས་ལ་བབ་ཅེས་བྱ་བ་ནི་རིས་མཐུན་པ་སྤངས་པའོ། །འདི་དག་ཅེས་བྱ་བ་ནི་སེམས་ཅན་དམྱལ་བར་སྐྱེ་བའི་བདག་ཉིད་དོ། །གཞན་དག་ཅེས་བྱ་བ་ནི་ཟིལ་གྱིས་མནན་པ་ལ་སོགས་པའོ། །གཟེངས་བསྟོད་ཅེས་བྱ་བ་ནི་སྤྲོ་བར་བྱ་བའོ། །པི་ཝང་ཞེས་བྱ་བ་ནི་ཀུ་བའི་པི་ཝང་ངོ༌། །འོད་མ་ཞེས་བྱ་བ་ནི་ཀུ་བ་འོད་མ་ཅན་རྒྱུད་བཏགས་པ་ལ་འདིར་འོད་མ་ཞེས་
བྱའི་གླིང་བུ་ནི་མ་ཡིན་ཏེ། དེ་ལ་རྒྱུད་ཀྱི་སྦྱོར་བ་མེད་པའི་ཕྱིར་རོ། །བ་ལ་རི་དང༌། མ་ཧཱ་ཏི་དང༌། སུ་གྷོ་ཤ་ཀ་ཞེས་བྱ་བ་དག་ཀྱང་རྒྱུད་ཅན་གྱི་བྱེ་བྲག་ཡིན་ནོ། །གཞལ་མེད་ཁང་ཞེས་བྱ་བ་ནི་ཁང་པ་བརྩེགས་པའོ། །ལྷའི་བུ་མོ་ཞེས་བྱ་བ་ནི་ལྷ་མོའོ། །འདི་དག་དང་ཞེས་བྱ་བ་ནི་མཐོ་རིས་འགྲུབ་པའི་མཚན་ཉིད་དོ། །གཞན་དག་ཀྱང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་པའི་བདག་ཉིད་དོ། །གླིང་བཞི་དང་ཡང་དག་པར་ལྡན་པ་ཞེས་བྱ་བ་ནི་མདོ་སྡེའི་མཚན་ཏེ། རྒྱུ་དང་ཡང་དག་པར་ལྡན་པ་ཞེས་བྱ་བའི་དོན་ཏོ། །རྒྱུད་དུ་གཏོགས་པ་ཞེས་བྱ་བ་ནི་མདོ་སྡེའི་རྒྱུད་དུ་གཏོགས་པ་སྟེ། སྐབས་སམ་ལེའུ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཉིད་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་མདོ་སྡེའི་ཚིག་ཉི་ཤུ་རྩ་བ་བཞི་བསྟན་ཏེ། དེ་ལ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བ་མང་ཞིང་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ། མི་རྣམས་ཀྱི་ནང་དུ་སྐྱེ་བ་ཉུང་བར་སྦྱར་བ་ལ་མདོ་སྡེ་གསུམ་མོ། །ཡང་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང་ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བ་མང་ཞིང་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ། ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ཉུང་བར་སྦྱར་བ་ལ་མདོ་སྡེ་གསུམ་མོ། །ཡང་དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ། དུད་འགྲོ་དང༌། སེམས་ཅན་དམྱལ་བ་དང༌། ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བ་མང་ཞིང༌། དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་སྐྱེ་བ་ཡང་ཉུང་བ་སྦྱར་བ་ལ་མདོ་སྡེ་གསུམ་མོ། །ཡང་དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་དུད་འགྲོ་དང༌། སེམས་ཅན་དམྱལ་བ་དང༌། ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བ་མང་ཞིང༌། དུད་འགྲོ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ཉུང་བར་སྦྱར་བ་ལ་མདོ་སྡེ་གསུམ་མོ། །ཡང་ཡི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ཡི་དགས་དང༌། སེམས་ཅན་དམྱལ་བ་དང༌། དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བ་མང་ཞིང༌། ཡི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་
སྐྱེ་བ་ཡང་ཉུང་བར་སྦྱར་བ་ལ་མདོ་སྡེ་གསུམ་མོ། །ཡང་ཡི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ཡི་དགས་དང༌། སེམས་ཅན་དང་དམྱལ་བ་དང༌། དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བ་མང་ཞིང༌། ཡི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ཉུང་བར་སྦྱར་བ་ལ་མདོ་སྡེ་གསུམ་མོ། །ཡང་ལྷ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བ་མང་ཞིང༌། ལྷ་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ཉུང་བར་སྦྱར་བ་ལ་མདོ་སྡེ་གསུམ་མོ། །ཡང་མི་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བ་མང་ཞིང༌། མི་རྣམས་ཀྱི་ནང་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་སྐྱེ་བ་ཉུང་བར་སྦྱར་བ་ལ་མདོ་སྡེ་གསུམ་སྟེ། དེ་དག་གཅིག་ནས་བརྟགས་ན་མདོ་སྡེ་ཉི་ཤུ་རྩ་བཞི་ཡོད་དོ། །གནས་པ་ཞེས་བྱ་བ་ནི་འདུག་པའོ། །རྡུལ་ཞེས་བྱ་བ་ནི་ས་རྡུལ་ལོ། །རྩེ་མོ་ཞེས་བྱ་བ་ནི་མཐའོ། །མི་ཞེས་བྱ་བ་ནི་ཡིད་དང་སེམས་ཤས་ཆེ་བའི་ཕྱིར་རོ། །འཇིག་རྟེན་པ་དག་ན་རེ་སྐྱེ་དགུའི་བདག་པོ་ཤེད་ཀྱི་བུ་ཡིན་པའི་ཕྱིར་ཤེད་བུ་ཞེས་ཀྱང་ཟེར་རོ། །དུད་འགྲོ་ཞེས་བྱ་བ་ནི་འདུད་ཅིང་འགྲོ་བའི་ཕྱིར་རོ། །ཡི་དགས་ཞེས་བྱ་བ་ནི་ལྟོགས་པས་ཉེན་པའི་ཕྱིར་རོ། །འཁོར་ལོ་བཞིན་དུ་སྦྱར་བ་ཞེས་བྱ་བ་ལ། འཁོར་ལོ་བཞིན་དུ་ཞེས་བྱ་བ་ནི་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དགས་དང༌། ལྷ་དང༌། མི་རྣམས་ཀྱི་ནང་དུ་འཁོར་ལོ་བཞིན་དུ་འཁོར་བའོ། །སྦྱར་བ་ཞེས་བྱ་བ་ནི་ཚིག་སྔ་མ་བཞིན་དུ་མདོར་བསྡུས་ཞིང་སྦྱར་བ་སྟེ། དེས་ན་མདོ་སྡེའི་ཚོགས་གང་ལ་ཚིག་མདོར་བསྡུ་བ་ཡང་དང་ཡང་དུ་འཁོར་ལོ་བཞིན་དུ་འཁོར་བ་ཡོད་པ་དེ་ནི་འཁོར་ལོ་བཞིན་དུ་སྦྱར་བའི་མདོ་ཞེས་བྱ་བའོ། །སྤགས་པ་དང་ཞེས་བྱ་བ་ནི་ཁུར་ཕོག་ལ་སྤགས་པ་དང་ངོ༌། །རྒྱུན་ཆད་པར་མ་གྱུར་པ་ཞེས་བྱ་བ་ནི་མ་སྤངས་པའོ། །ཟོ་ཆུན་རྒྱུད་མོའི་ཚུལ་གྱིས་ཞེས་བྱ་བ་ནི་ཆུ་བཅུ་བའི་ཟོ་ཆུན་རྒྱུད་མོ་ཞེས་བྱ་བ་འཁྲུལ་འཁོར་གྱི་བྱེ་བྲག་དེའི་ཟོ་བ་ཁ་ཅིག་ནི་འབྱུང་ཟོ་བ་ཁ་ཅིག་ནི་ནུབ་པར་གྱུར་པ་དེ་བཞིན་དུ་རྫུས་ཏེ་སྐྱེ་བའི་སེམས་ཅན་དག་འགྲོ་
བ་ལྔ་པའི་འཁོར་བར་འཁོར་བར་འགྱུར་བའོ། །ཡིད་བྱུང་ནས་ཞེས་བྱ་བ་ནི་སྐྱོ་ནས་སོ། །ཚིགས་སུ་བཅད་པ་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ལ། གང་ཕྱིར་མི་གནས་ཞེས་བྱ་བ་ནི་གང་གི་ཕྱིར་འཆི་འཕོ་དང༌། སྐྱེ་བའི་སྡུག་བསྔལ་ཡོད་པ་དེའི་ཕྱིར་མི་གནས་པ་ཡིན་ནོ། །ལྷ་རྣམས་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་རྣམས་སོ། །མི་བཟད་པ་ཞེས་བྱ་བ་ནི་དགག་པའོ། །འཚོ་བ་ཐུང་བ་ཞེས་བྱ་བ་ནི་ཚེ་ཐུང་བའོ། །གང་ན་ཞི་མེད་སྲིད་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྲིད་པ་ན་སྟེ། མི་རྟག་པའི་ཕྱིར་ཞི་བའི་བདེ་བ་མེད་དོ། །མྱ་ངན་ལས་འདས་པ་མཆོག་ཅེས་པ་ནི་གྱ་ནོམ་པའི་ཕྱིར་དང༌། རྟག་པའི་ཕྱིར་དང༌། དགེ་བའི་ཕྱིར་རོ། །འདི་སྐད་ཅེས་བསྟན་ཏེ། གང་གི་ཕྱིར་ལྷ་དང་མི་རྣམས་ལ་ཐམས་ཅད་ན་སྡུག་བསྔལ་ཡོད་པ་དེའི་ཕྱིར་མྱ་ངན་ལས་འདས་པ་ནི་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཕྱིར་དང༌། ཞི་བའི་ཕྱིར་དང༌། ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་བདེ་བར་གཤེགས་པས་མཆོག་ཅེས་གསུངས་ཏེ། དེ་ཐོབ་ན་དེ་དག་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །བརྩམ་པ་ཞེས་བྱ་བ་ནི་མདོར་བསྡུ་བའམ་རྒྱས་པར་ཆོས་བསྟན་པའི་རྩོམ་པའོ། །བག་ལ་ཉལ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའོ། །ཁམས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་རིགས་སམ་འཇམ་པོ་ལ་སོགས་པའི་ཆོས་བསྟན་པས་འདུལ་བའོ། །རང་བཞིན་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་དབང་པོ་རྣམས་ཀྱི་རྣོ་བ་ཉིད་ལ་སོགས་པའོ། །ལྷུང་བཟེད་ནག་པོ་ཞེས་བྱ་བ་ནི་དྲང་སྲོང་གི་སྣོད་དོ། །ལེགས་པར་གསུངས་པ་ཞེས་བྱ་བ་ནི་ལེགས་པར་བཀའ་སྩལ་པའོ། །བསླབ་པའི་གཞི་བཅའ་བ་མཛད་པ་ཞེས་བྱ་བ་ནི་རབ་ཏུ་དབྱུང་བར་འདོད་པ་ལོ་བཅོ་ལྔ་མ་ལོན་པ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བཅའ་བ་མཛད་པའོ། །བག་ཡངས་སུ་མཛད་ཅེས་བྱ་བ་ནི་ལྷོད་པ་སྟེ། ལོ་བདུན་ལོན་ན་བྱ་རོག་སྐྲོད་ནུས་པ་རབ་ཏུ་དབྱུང་བར་གནང་བའི་ཕྱིར་རོ། །དྲང་སྲོང་སྨྲ་བ་ཞེས་བྱ་བ་ནི་དུས་ཐམས་ཅད་དྲང་སྲོང་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། རང་སངས་རྒྱས་དང༌། ཉན་ཐོས་རྣམས་ཀྱི་ཞལ་དུ་གྱུར་པའི་ཕྱིར་ཏེ། དེ་ལྟར་ཡང་གནས་དེ་ནི་སངས་རྒྱས་རྣམས་
དང༌། རང་སངས་རྒྱས་རྣམས་དང༌། ཉན་ཐོས་རྣམས་དང༌། དྲང་སྲོང་རྣམས་ཀྱིས་མི་སྟོང༌། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་མ་བྱུང་བ་དེའི་ཚེ་ན་ནི་རང་སངས་རྒྱས་དག་གནས་ལ། གང་གི་ཚེ་རང་སངས་རྒྱས་མ་བྱུང་བ་དེའི་ཚེ་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་དག་དེ་ན་གནས་པ་དང༌། གང་གི་ཚེ་སངས་རྒྱས་བྱུང་བ་དེའི་ཚེ་ན་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་ན་བཞུགས་པའི་ཕྱིར་རོ་ཞེས་བརྗོད་དོ། །ཡང་ན་དྲང་སྲོང་ཡང་དག་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེར་དང་པོ་ཁོ་ནར་ཆོས་ཀྱི་འཁོར་ལོ་བསྐོར་བས་དྲང་སྲོང་སྨྲ་བ་སྟེ། གནས་གང་དུ་དྲང་སྲོང་ཆེན་པོས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་དྲང་སྲོང་སྨྲ་བ་སྟེ། དེ་ལྟར་ཡང༌། ཀ་ཤི་པུ་ར་མཛེས་པའི་རི་དགས་ནགས། །སྔོན་གྱི་སངས་རྒྱས་གནས་དེ་དྲན་པར་གྱིས། །དེར་ནི་དང་པོར་སངས་རྒྱས་དེ་དག་གིས། །ཆོས་མཆོག་ཞི་བའི་འཁོར་ལོ་བསྐོར་བར་གྱུར། །ཞེས་གསུངས་པ་ཡིན་ནོ། །རི་དགས་ཀྱི་ནགས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རི་དགས་རྣམས་ཀྱི་ནང་དུ་སྐྱེས་པས་རྒྱལ་པོ་ཚངས་བྱིན་བཏུལ་ནས། དེའི་ཕྱིར་རྒྱལ་པོས་རི་དགས་རྣམས་བག་ཡངས་སུ་བྱ་བའི་ཕྱིར་རྩྭ་དང་ལོ་མ་དང་ཤིང་ལྗོན་པ་མང་པོ་དང་བཅས་པའི་ཡུལ་དེ་རི་དགས་རྣམས་ལ་ཡོངས་སུ་བཏང་བའི་ཕྱིར་རོ། །དེ་དག་ཀྱང་གཞུང་འདི་ཉིད་ལས་འོག་ནས་འབྱུང་ངོ༌། །ལུང་བསྟན་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་འགྱུར་རོ།། །།བམ་པོ་བཅུ་པ། འདི་མན་ཆད་དགེ་སློང་མ་སུན་ཕྱུང་བ་ལ་སོགས་པ་སྡོམ་པ་སྐྱེ་བ་ལ་བར་ཆད་བྱེད་པ་དག་བསྟན་པར་བྱ་སྟེ། དེ་དག་ལ་ནི་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པར་འདྲ་ལ། དེ་ལྟ་བུ་རབ་ཏུ་བྱུང་བ་དང༌། དགེ་ཚུལ་དང་རྫོགས་པར་བསྙེན་པའི་བརྟགས་ཅན་ནི་བསྙིལ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་གང་ཟག་དགེ་སློང་མ་སུན་ཕྱུང་བ་རབ་ཏུ་དབྱུང་བར་མི་བྱ་ཞིང༌། དེ་ལ་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དང༌། དེ་ལྟ་བུ་རབ་ཏུ་བྱུང་བའི་རྟགས་ཅན་བསྙིལ་བར་བྱ་བའི་བྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཡུལ་ཀ་ཤི་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །འཛུམ་པ་ཞེས་བྱ་བ་ནི་ཞལ་ཅུང་ཟད་བཞད་པའོ། །འོད་ཟེར་ཞེས་བྱ་བ་ནི་འོད་འཕྲོ་བའོ། །ཡང་སོ་ཞེས་བྱ་བ་ནི་བསད་ཅིང་འཚོ་བ་རྣམས་སོ། །ཐིག་ནག་ཅེས་བྱ་བ་ནི་གཤེགས་པ་ལ་སོགས་པའི་ཐིག་ནག་པོ་འདེབས་པའོ། །བསྡུས་འཇོམས་ཞེས་བྱ་བ་ནི་བསྡུས་ཏེ་འཇོམས་པའི་སྡུག་བསྔལ་མང་པོ་དང་ལྡན་པ་དག་གོ །དུ་འབོད་ཅེས་བྱ་བ་ནི་རྟག་ཏུ་ངུ་བའོ། །དུ་འབོད་ཆེན་པོ་ཞེས་བྱ་བ་ནི་དུ་འབོད་ལས་ཀྱང་ཆེས་རྟག་ཏུ་ངུ་བའོ། །ཚ་བ་ཞེས་བྱ་བ་ནི་རྟག་ཏུ་མེ་འབར་བས་ཚ་བའོ། །རབ་ཏུ་ཚ་བ་ཞེས་བྱ་བ་ནི་ཚབ་བས་ཀྱང་ཆེས་མཆོག་ཏུ་ཚ་བའོ། །མནར་མེད་པ་ཞེས་བྱ་བ་ནི་ཐམས་ཅད་དུ་སེམས་ཁྱབ་པས་བདེ་བའི་མཚམས་ཀྱི་བར་སྐབས་སྟོང་བ་མེད་པ་དང༌། སྡུག་བསྔལ་འཆད་པ་མེད་པའོ། །ཡང་སོས་ལ་སོགས་པ་དེ་དག་ནི་ཚ་བའི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དོ། །ཆུ་བུར་ཅན་ཞེས་བྱ་བ་ནི་ཆུ་བུར་འབུས་པའི་རྣམ་པ་ལྟར་ལུས་སྐྲངས་པའོ། །ཆུ་བུར་རྡོལ་ཞེས་བྱ་བ་ནི་ཆུ་བུར་རྣམས་གས་པའི་ཕྱིར་རོ། །སོ་ཐམས་ཐམས་ཞེས་བྱ་བ་ནི་རྟག་ཏུ་ཁ་དང་སོ་དག་ལས་སྒྲ་ཐམས་ཐམས་ཟེར་བ་འབྱུང་བའི་ཕྱིར་རོ། །ཀྱི་ཧུད་ཟེར་ཞེས་བྱ་བ་ནི་རྟག་ཏུ་ཀྱི་ཧུད་ཅེས་བྱ་བའི་སྒྲ་འབྱིན་པའི་ཕྱིར་རོ། །ཨ་ཆུ་ཟེར་ཞེས་བྱ་བ་ནི་རྟག་ཏུ་ཨ་ཆུ་ཟེར་བའི་སྒྲ་འབྱིན་པའི་ཕྱིར་རོ། །ཨུཏྤལ་ལྟར་གས་པ་ཞེས་བྱ་བ་ནི་ལུས་ཨུཏྤལ་ལྟར་འདབ་ཆགས་སུ་གས་པའི་ཕྱིར་རོ། །པདྨ་ལྟར་གས་པ་ཞེས་བྱ་བ་ནི་ལུས་པདྨ་ལྟར་འདབ་ཆགས་སུ་གས་པའི་ཕྱིར་རོ། །པདྨ་ལྟར་གས་པ་ཆེན་པོ་ཞེས་བྱ་བ་ནི་པདྨ་ལྟར་གས་པ་བས་ཀྱང་ཆེས་ལུས་པདྨ་ལྟར་འདབ་ཆགས་སུ་གས་པའི་ཕྱིར་རོ། །ཆུ་བུར་ཅན་ལ་སོགས་པ་དེ་དག་ནི་གྲང་བའི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དོ། །ཚ་བ་ཞེས་བྱ་བ་ནི་ཚ་བའི་སེམས་ཅན་དམྱལ་བ་བརྒྱད་པོ་ལ་སོགས་པའོ། །གྲང་བ་ཞེས་བྱ་བ་ནི་གྲང་བའི་སེམས་ཅན་དམྱལ་བ་བརྒྱད་པོ་ལ་སོགས་པའོ། །གནོད་པའི་བྱེ་བྲག་ཅེས་བྱ་བ་ནི་མྱོང་བར་འགྱུར་བར་མ་ངེས་པའི་ལས་ཀྱི་འབྲས་བུ་ཉམ་ང་བདག་གོ །འདི་ནས་ཤི་འཕོས་ཞེས་བྱ་བ་ནི་སེམས་ཅན་དམྱལ་བའི་འགྲོ་བ་ནས་སོ། །གཞན་དུ་སྐྱེས་ཞེས་བྱ་བ་ནི་ཤལ་
མ་ལིའི་ཚལ་ལ་སོགས་པ་འཁོར་གྱི་གནས་གཞན་དུའོ། །བདེན་པ་དག་གི་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་བཞི་པོ་དག་གིའོ། །སྣོད་དུ་གྱུར་པ་ཞེས་བྱ་བ་ནི་སྣོད་དུ་རུང་བའོ། །རྒྱལ་ཆེན་བཞི་པ་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞིའི་གནས་ན་གནས་པའི་ཕྱིར་རོ། །སུམ་ཅུ་རྩ་གསུམ་པ་ཞེས་བྱ་བ་ནི་དབང་པོ་གཅིག་དང༌། ཉེ་དབང་སུམ་ཅུ་རྩ་གཉིས་ཏེ། དེ་དག་ལ་ཉན་པའི་ཕྱིར་སུམ་ཅུ་རྩ་གསུམ་པ་ཞེས་བྱ་བའོ། །འཐབ་བྲལ་ཞེས་བྱ་བ་ནི་སྐབས་འདིར་ཐུན་སྒྲོགས་ཞེས་ཀྱང་བྱ་སྟེ། ཐུན་བརྒྱད་པོ་དག་ཏུ་བསོད་ནམས་ལ་སྤྲོ་བའི་སྒྲ་སྒྲོགས་པའི་ཕྱིར་རོ། །ཁ་ཅིག་ན་རེ་ཐུན་རེ་རེ་ཞིང༌། ཨ་ལ་ལ་བདེའོ། །ཨ་ལ་ལ་བདེའོ་ཞེས་བྱ་བའི་སྒྲ་སྒྲོགས་པའི་ཕྱིར་རོ་ཞེས་ཟེར་རོ། །དགའ་ལྡན་ཞེས་བྱ་བ་ནི་རྟག་ཏུ་དགའ་བ་དང་ལྡན་པའི་ཕྱིར་རོ། །འཕྲུལ་དགའ་ཞེས་བྱ་བ་ནི་ཅི་དགར་སྤྲུལ་པ་དག་གིས་མངོན་པར་དགའ་བའི་ཕྱིར་རོ། །གཞན་འཕྲུལ་དབང་བྱེད་ཅེས་བྱ་བ་ནི་གཞན་དག་གིས་སྤྲུལ་པ་དག་ལ་དབང་བྱེད་པའི་ཕྱིར་རོ། །ཚངས་རིས་ཞེས་བྱ་བ་ནི་ཚངས་པའི་འཁོར་ཡིན་པའི་ཕྱིར་རོ། །ཚངས་པ་མདུན་ན་འདོན་ཞེས་བྱ་བ་ནི་ཚངས་པ་དང་ཉེ་བའི་འཁོར་རོ། །ཚངས་ཆེན་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་ན་བདག་པོ་ཡིན་པའི་ཕྱིར་རོ། །འོད་ཆུང་དང༌། ཚད་མེད་འོད་དང༌། འོད་གསལ་ཞེས་བྱ་བ་དག་ནི་འོད་ཆུང་དང་འབྲིང་དང་ཆེན་པོ་ཉིད་དང་ལྡན་པའི་བྱེ་བྲག་གིས་གོ་རིམས་བཞིན་ནོ། །དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་རྒྱས་ཞེས་བྱ་བ་དག་ཀྱང༌། དགེ་བ་ཆུང་དུ་དང༌། འབྲིང་དང། ཆེན་པོ་ཉིད་ཀྱི་བྱེ་བྲག་གིས་གོ་རིམས་བཞིན་དུ་ཤེས་པར་བྱའོ། །སྤྲིན་མེད་ཅེས་བྱ་བ་ནི་དབུགས་རྔུབ་པ་དང༌། དབུགས་འབྱུང་བ་ལ་སོགས་པ་བར་ཆད་ཀྱི་སྤྲིན་མེད་པའི་ཕྱིར་རོ། བསོད་ནམས་སྐྱེས་ཞེས་བྱ་བ་ནི་ཡང་དང་ཡང་དུ་དགེ་བ་རྩོམ་པའི་ཕྱིར་རོ། །འབྲས་བུ་ཆེ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་རྒྱ་ཆེ་ཞིང་རབ་ཏུ་ཞི་བའི་ཕྱིར་རོ། །མི་ཆེ་བ་ཞེས་བྱ་བ་ནི་ཐག་པ་མེད་པའི་ཆོས་རྟོགས་པའི་ཕྱིར་འབད་པ་གྲོད་པས་ཆེན་དུ་སྒྲིམ་པ་མི་ཆེ་བའི་ཕྱིར་རོ། །མི་གདུང་ཞེས་བྱ་བ་ནི་ལུས་དང་སེམས་ལ་གདུང་བ་མེད་པའི་ཕྱིར་རོ། །གྱ་ནོམ་སྣང་ཞེས་བྱ་བ་ནི་ཤེས་རབ་གྱ་
ནོམ་པ་སྣང་བའི་ཕྱིར་རོ། །ཤིན་ཏུ་མཐོང་ཞེས་བྱ་བ་ནི་སྲིད་པ་ཐམ་པ་ཉིད་ཀྱིས་ཤིས་པ་མཐོང་བའི་ཕྱིར་རོ། །འོག་མིན་ཞེས་བྱ་བ་ནི་གཟུགས་ཅན་ཐམས་ཅད་ཀྱི་ཐུ་བོ་ཡིན་པའི་ཕྱིར་རོ། །མི་རྟག་པ་ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །སྡུག་བསྔལ་བ་ཞེས་བྱ་བ་ནི་སྡུག་བསྔལ་གསུམ་དང་ལྡན་པས་མི་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །སྟོང་པ་ཞེས་བྱ་བ་ནི་བདག་མེད་པའི་ཕྱིར་རོ། །བདག་མེད་པ་ཞེས་བྱ་བ་ནི་རང་གི་བདག་ཉིད་དང༌། གཞན་ལ་བདག་པོ་མེད་པའི་ཕྱིར་རོ། །སྒྲོགས་པར་བྱེད་ཅེས་བྱ་བ་ནི་སྨྲ་བར་བྱེད་པས་ཏེ། བཅོམ་ལྡན་འདས་གསུང་རབ་བཞེད་པའི་དབང་གིས་སྒྲ་སྒྲོགས་པར་བྱེད་ཀྱི། གཞན་དུ་ན་འོད་ཟེར་ལས་སྒྲ་མི་འབྱུང་བའི་ཕྱིར་རོ། །བརྩམ་པར་བྱ་ཞིང་ཞེས་བྱ་བ་ནི་རྩོམ་པར་གྱིས་ཤིག་པའོ། །འབྱུང་བར་བྱ་ཞེས་བྱ་བ་ནི་འཁོར་བ་ལས་ངེས་པར་འབྱུང་བར་གྱིས་ཤིག་པའོ། །སངས་རྒྱས་བསྟན་ལ་ཞེས་བྱ་བ་ནི་བདེན་པ་བཞི་བསྟན་པ་ལའོ། །འཇུག་པར་བྱ་ཞེས་བྱ་བ་ནི་མགོ་དང་གོས་ལ་མེ་འབར་བ་ལྟར་མངོན་པར་བརྩོན་པར་གྱིས་ཤིག་གོ །འདམ་དུའི་ཁྱིམ་ལ་གླང་ཆེན་བཞིན། །ཞེས་བྱ་བ་ནི། འཆི་བདག་སྡེ་ནི་གཞོམ་པར་བྱ། །ཞེས་བྱ་བའི་དཔེ་ཡིན་ཏེ། འདམ་བུའི་ཁྱིམ་ཞེས་བྱ་བ་ནི་འདམ་བུ་ལས་བྱས་པའི་ཁྱིམ་མོ། །གླང་ཆེན་ཞེས་བྱ་བ་ནི་གླང་པོ་ཆེའོ། །དེས་ན་ཇི་ལྟར་གླང་པོ་ཆེས་འདམ་བུའི་ཁྱིམ་ཕྱེ་མར་རློག་པ་བཞིན་དུ་འཆི་བདག་སྡེ་ནི་གཞོམ་པར་བྱ་ཞེས་བྱ་བར་སྦྱར་ཏེ། འཆི་བདག་ཅེས་བྱ་བ་ནི་འཆི་བའོ། །སྡེ་ཞེས་བྱ་བ་ནི་སྲིད་པ་ལ་སོགས་པ་འཁོར་རོ། །གཞོམ་པར་བྱ་ཞེས་བྱ་བ་ནི་གཞིག་པར་གྱིས་ཤིག་ཅེས་བྱ་བའོ། །ཕན་ཡོན་བསྟན་པའི་ཕྱིར། གང་ཞིག་རབ་ཏུ་བག་ཡོད་པ། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རབ་ཏུ་བག་ཡོད་པར་ཞེས་བྱ་བ་ནི་རབ་ཏུ་བག་མེད་པ་སྤངས་པས་སོ། །ཆོས་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདུལ་ཞེས་བྱ་བ་ནི་ཡང་དག་པར་སྒྲུབ་པའི་མཚན་ཉིད་དོ། །སྤྱོད་འགྱུར་ཞེས་བྱ་བ་ནི་རྗེས་སུ་བསྒྲུབ་པར་འགྱུར་བའོ།
སྐྱེ་བའི་འཁོར་བ་ཞེས་བྱ་བ་ནི་སྐྱེ་བ་གཙོ་བོ་ཡིན་པའི་ཕྱིར་ཏེ། འཁོར་བའི་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང༌། སྐྱེ་འདི་དོན་མེད་གང་ཕྱིར་སྐྱེ་བ་ཡོད་ན་རྒ་ཤི་དང༌། །ན་དང་སྡུག་བསྔལ་སྡང་དང་བཅིང་ལ་སོགས་པའི་དགྲ་དག་ཡོད། །གལ་ཏེ་འཇིགས་མང་སྐྱེ་བ་མེད་ན་དོན་མེད་དེ་མི་འབྱུང༌། །ཤིང་སྐྱེས་མེད་ན་ནགས་མེ་རླུང་གིས་བསྡིགས་པར་མི་འགྱུར་བཞིན། །ཞེས་བཤད་པའི་ཕྱིར་རོ། །རབ་སྤངས་ནས་ཞེས་བྱ་བ་ནི་གཏན་སྤངས་ནས་སོ། །སྡུག་བསྔལ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའོ། །ཐ་མར་བྱེད་པར་འགྱུར་ཞེས་བྱ་བ་ནི་རྒྱུན་ཆད་པར་འགྱུར་བའོ། །སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་བ་ནི་གཅིག་རྣམས་ཀྱི་སྟོང་དང༌། སྟོང་རྣམས་ཀྱི་སྟོང་དང༌། སྟོང་རྣམས་ཀྱི་སྟོང་དག་སྟེ། དེ་དག་ནི་གླིང་བཞི་པའམ། འདོད་པ་ན་སྤྱོད་པའི་ལྷའི་རིས་དང༌། ཚངས་རིས་ཀྱི་འཇིག་རྟེན་སྟོང་ལ་ནི་སྟོང་ཆུང་དུ་གཅིག་གོ །སྟོང་ཆུང་ངུ་སྟོང་ལ་ནི་སྟོང་འབྲིང་པོ་གཅིག་གོ །སྟོང་འབྲིང་པོ་སྟོང་ལ་ནི་སྟོང་ཆེན་པོ་གཅིག་སྟེ། དེ་ནི་སྟོང་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་སྟོང་ཆེན་པོའོ། དེ་ནི་སྟོང་གསུམ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་སྟོང་གསུམ་གྱི་སྟོང་ཆེན་པོ་སྟེ། གླིང་བཞི་པ་ལ་སོགས་པ་ཐེར་འབུམ་གྱི་ཚད་ཅེས་བྱ་བའི་ཐ་ཚིག་གོ །འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི་འདུག་པའི་གནས་སོ། །བྱུལ་ནས་ཞེས་བྱ་བ་ནི་བསྐོར་ནས་སོ། །འདིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་སྨོས་པ་ནི་དེའི་ཚེ་ན་གནས་པ་རྣམས་ལ་བསྐལ་པ་ཡོད་པའི་ཕྱིར་རོ། །ཡང་ན་དེ་ནི་མཚོན་པ་ཙམ་དུ་ཟད་དེ། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་ཡང་དེ་བཞིན་ནོ། །འདས་པའི་ལས་ལུང་སྟོན་པར་བཞེད་ཅེས་བྱ་བ་ནི་གང་ལ་འབྲས་བུ་ཐམས་ཅད་འདས་པའོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ཅེས་བྱ་བ་ནི་གང་ལ་འབྲས་བུ་ཉིད་མ་འོངས་པའོ། །ཐལ་མོ་སྦྱར་ཏེ་ཞེས་བྱ་བ་ནི་ཐལ་མོ་ལྗབ་ལྗབ་པོར་སྦྱར་ཏེའོ། །རྒྱུ་མ་མཆིས་ཞེས་བྱ་བ་ནི་འཇིག་རྟེན་པའི་དགོས་པ་མེད་པའོ། །རྐྱེན་མ་མཆིས་པར་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་དགོས་པ་མེད་པར་རོ། །ཚིགས་སུ་བཅད་པ་ཡང་གསོལ་བ་ཞེས་བྱ་བ་ལ་སོགས་པ་ལ། ཚོགས་
རྣམས་ཞེས་བྱ་བ་ནི་འོད་ཟེར་གྱི་ཚོགས་རྣམས་སོ། །ཞལ་གྱི་སྒོ་ནས་ཞེས་བྱ་བ་ནི་ཞལ་གྱི་སྒོ་ནས་སོ། །རྒོད་བྲལ་ཞེས་བྱ་བ་ནི་རྒོད་པ་སྤངས་པའོ། །ཞུམ་ཞེས་བྱ་བ་ནི་སེམས་ཞུམ་པ་ཉིད་དོ། །རྒྱགས་པ་ཞེས་བྱ་བ་ནི་རང་གི་ཡོན་ཏན་ལ་ལྟོས་པས་ཁེངས་པའོ། །དེ་གཉིས་ལ་གྲོལ་བ་ནི་ཞུམ་པ་དང༌། རྒྱགས་པ་རབ་སྤངས་པ་སྟེ། དེ་དག་ནི་བོད་པའི་ཚིག་གོ །མཆོག་གི་རྒྱུར་གྱུར་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་རྒྱུའི་ངོ་བོ་ཉིད་དོ། །རྒྱལ་བ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ལས་རྒྱལ་བའི་ཕྱིར་རོ། །དགྲ་ཐུལ་ཞེས་བྱ་བ་ནི་བདུད་བཞིའི་དགྲ་ཐུལ་བའོ། །བྱེད་རྒྱུ་མ་མཆིས་པར་ཞེས་བྱ་བ་ནི་རྒྱུ་མེད་པར་ཏེ། འདི་ལ་རྒྱུ་གང་ལགས་ཞེས་བྱ་བའི་ཐ་ཚིག་གོ །རྩ་ལག་ཅེས་བྱ་བ་ནི་པདྨའི་རྩ་ལག་མྱུ་གུའི་མཚན་ཉིད་དུ་གནས་པའོ། །དུང་ཞེས་བྱ་བ་ནི་དུང་ཉིད་དོ། །པདྨའི་རྩ་ལག་དང་དུང་ལྟར་དཀར་བ་ཞེས་བྱ་བ་ནི་ཞལ་བཞད་པའི་ཚེམས་ཀྱི་འཛུམ་པ་སྟེ། འཛུམ་པ་ཞེས་བྱ་བ་ནི་ཅུང་ཟད་བཞད་པའོ། །དེ་སླད་ཅེས་བྱ་བ་ནི་དེའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །བསྟན་པ་ཞེས་བྱ་བ་ནི་བོད་པའོ། །རང་བློས་ཞེས་བྱ་བ་ནི་རང་གི་ཡེ་ཤེས་ཀྱིས་སོ། །དུས་མཁྱེན་ནས་ཞེས་བྱ་བ་ནི་ལུང་བསྟན་པའི་དུས་མཁྱེན་ནས་སོ། །ཐུབ་པ་ཁྱུ་མཆོག་ཅེས་བྱ་བ་ཡང་བོད་པའི་ཚིག་སྟེ། ཐུབ་པ་ཞེས་བྱ་བ་ནི་སློབ་པ་དང་མི་སློབ་པ་དག་གོ །དེ་དག་གི་ཁྱུ་མཆོག་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །དགེ་སྦྱོང་ཀྱེ་དབང་པོ་ཞེས་བྱ་བ་ཡང་བོད་པའི་ཚིག་སྟེ། དགེ་སྦྱོང་གི་སྐྱེ་བོ་ཞེས་བྱ་བ་ནི་འཕགས་པའི་གང་ཟག་བརྒྱད་དོ། །དེ་དག་གི་དབང་པོ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །ཉན་པའི་སྐྱེ་བོ་ཞེས་བྱ་བ་ནི་ཀུན་ཤེས་པར་འདོད་པའི་སྐྱེ་བོའོ། །སོམ་ཉི་ལྡན་རྣམས་ལ་ཞེས་བྱ་བ་ནི་ཐེ་ཚོམ་ཅན་རྣམས་ལའོ། །དེ་རྣམས་ལ་ཐེ་ཚོམ་སྐྱེས་པ་བསལ་དུ་གསོལ་ཞེས་བྱ་བར་སྦྱར་རོ། །ཚིག་ཇི་ལྟ་བུ་དག་གིས་བསལ་ཞེ་ན། དེའི་ཕྱིར་གསུང་ཚིག་བསྟན་པ་དང༌། དམ་པ་དགེ་བ་དག་གིས་ཞེས་བྱ་བ་གསུངས་ཏེ། བརྟན་པ་ཞེས་བྱ་བ་ནི་མི་གཡོ་བའོ། །དམ་པ་ཞེས་བྱ་བ་ནི་དོན་གྱི་མཆོག་ཡིན་པའི་ཕྱིར་དང༌། ཟབ་པའི་ཕྱིར་རོ། །དགེ་བ་ཞེས་བྱ་བ་ནི་བཟང་བའི་ཕྱིར་དང༌། ཁ་ན་མཐོ་བ་མེད་པའི་ཕྱིར་རོ། །ཚྭ་ཆུ་ཞེས་བྱ་བ་ནི་རྒྱ་མཚོའོ། །རི་རྒྱལ་ཞེས་བྱ་བ་ནི་རིའི་རྒྱལ་པོ་རི་རབ་
བོ། །དེ་གཉིས་ལྟ་བུར་བསྟན་པ་གང་ཡིན་པ་དེ་དག་ནི་ཚྭ་ཆུ་རི་རྒྱལ་ལྟ་བུར་བསྟན་པ་དག་གོ །དེ་དག་གང་ཞེ་ན། སངས་རྒྱས་མགོན་རྣམས་ཞེས་བྱ་བ་དག་གོ །གློ་བུར་ཞེས་བྱ་བ་ནི་ཐར་ཟུར་རོ། །དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་མཐུན་པར་བཀའ་སྩལ་པ་སྟེ། གུས་པར་མཛད་པའི་སླད་དུ་ལན་གཉིས་སུ་བཟླས་སོ། །གཡོན་ཅན་ཞེས་བྱ་བ་ནི་སྒྱུ་ཐབས་ཀྱིས་ཆོམ་རྐུན་བྱེད་པའོ། །ལུས་བསྐྱོད་པས་སུན་ཕྱུང་ཞེས་བྱ་བ་ནི་ཡན་ལག་དང་ཉིད་ལག་སྤྲད་པ་མ་བྱས་པར་ཡན་ལག་གི་རྣམ་པར་ཡན་ལག་གི་རྣམ་པ་བཅུག་པ་འབའ་ཞིག་གིས་མི་ཚངས་པར་སྤྱོད་པ་དེ་སུན་ཕྱུང་བའོ། །གཞན་དུ་ན་ལུས་ལ་རེག་པ་ལ་སོགས་པས་དགེ་སློང་མ་ཕམ་པར་གྱུར་ཟིན་པས། དེ་ལ་མི་ཚངས་པར་སྤྱད་ཀྱང་དགེ་སློང་མ་སུན་ཕྱུང་བའི་ཉེས་པར་མི་འགྱུར་བའི་ཕྱིར་རོ། །དགེ་སློང་ཞིག་གིས་ཞེས་བྱ་བ་ནི་གཙོ་བོ་མ་ཡིན་པ་དག་གིས་སོ། །མི་སྐྱེ་བའི་ཆོས་ཅན་ཞེས་བྱ་བ་ནི་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པའོ། །དེ་ལྟར་སྐྱེ་བའི་ཆོས་ཉིད་མེད་པ་རབ་ཏུ་བྱུང་ན་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་བསྙིལ་བར་བྱའོ་ཞེས་བྱ་བ་གསུངས་ཏེ། གནས་པ་དང་ལོངས་སྤྱོད་པ་སྤངས་པས་མིག་ལམ་དུ་སྣང་བར་གཞག་པར་བྱའོ། །གང་ཟག་རྐུ་ཐབས་སུ་གནས་པ་རབ་ཏུ་དབྱུང་བར་མི་བྱ་ཞིང༌། དེ་ལ་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དང༌། དེ་ལྟ་བུ་ལ་རབ་ཏུ་བྱུང་བའི་རྟགས་ཅན་བསྙིལ་བར་བྱ་བའི་བྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདོད་ཆགས་དང་བྲལ་བ་མེད་པ་ནི་ཞེས་བྱ་བ་ནི་ཉོན་མོངས་པ་སྤང་བ་མ་བྱས་པ་ནའོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་ཁུ་བ་འབྱིན་པ་ལ་སོགས་པ་སྟེ། ལྟུང་བ་དེ་གསོ་བའི་ལྷག་མ་དགེ་འདུན་ཙམ་ཞིག་ལ་ལས་པ་སྟེ། དེ་སྦྱར་བའི་ཕྱིར་ཆད་པའི་ལས་དགེ་འདུན་ལས་འཐོབ་ཅེས་བྱ་བའི་ཐ་ཚིག་གོ །ཆོས་བཞིན་དུ་སྒྲུབ་པར་བྱེད་ཅེས་བྱ་བ་ནི་འདུལ་བ་དང་མཐུན་པར་འཆགས་པའོ། །དྲུག་སྡེ་ཞེས་བྱ་བ་ནི་མི་དྲུག་ཕན་ཚུན་སྡེ་ཞིང་གནས་པ་སྟེ། དེ་དག་ཀྱང་དགའ་བོ་དང༌། ཉེ་དགའ་དང༌།
འཆར་ཀ་དང༌། འགྲོ་མགྱོགས་དང༌། ནབ་སོ་དང༌། འདུན་པ་ཞེས་བྱ་བ་དག་གོ །ཐབས་ཀྱི་རྣམ་པ་ཞིག་བྱའོ་ཞེས་བྱ་བ་ནི་གཉེན་པོ་ཞིག་བསམ་པར་བྱའོ། །མཁས་པའི་རང་བཞིན་ཅན་ཞེས་བྱ་བ་ནི་སྐྱེས་ནས་ཐོབ་པའི་ཤེས་རབ་དང་ལྡན་པ་ཡིན་གྱི་ལུང་དང་རྟོགས་པ་ལས་སྐྱེས་པའི་ཤེས་རབ་དང་ལྡན་པ་ནི་མ་ཡིན་ནོ། །མཐའ་འཁོབ་ཅེས་བྱ་བ་ནི་ཡུལ་དབུས་ནས་ཐག་རིང་བ་སྟེ། སྐྱེ་བོ་ཡ་རབས་རྒྱུ་བ་ཉུང་བའོ། །ཆོས་ཀྱི་རྗེ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ་ཆོས་རྣམས་ཀྱི་མངའ་བདག་ཏུ་གྱུར་པའི་ཕྱིར་རོ། །ལྷའི་གཟུགས་དག་ཅེས་བྱ་བ་ནི་རྒྱ་བྱིན་དང༌། ཚངས་པ་ལ་སོགས་པའོ། །སྣང་བ་ཞེས་བྱ་བ་ནི་འོད་དོ། །ལྷའི་སྒྲ་ཞེས་བྱ་བ་ནི་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའིའོ། །ཀུན་ཤེས་པ་བརྡ་སྤྲོད་པ་ཞེས་བྱ་བ་ལ་ཀུན་ཤེས་པ་ཞེས་བྱ་བ་ནི་མི་སློབ་པའི་ཤེས་པ་ཟག་པ་མེད་པའོ། །དེ་བརྡ་སྤྲོད་པ་ནི་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟན་ཏོ་ཞེས་བྱ་བ་ལ་སོགས་པས་གོ་བར་བྱེད་པའོ། །ཟང་ཟིང་གི་ལོངས་སྤྱོད་ཅེས་བྱ་བ་ནི་མགྲོན་དུ་བོད་པ་ལ་སོགས་པའི་ལོངས་སྤྱོད་དོ། །ཆོས་ཀྱི་ལོངས་སྤྱོད་ཅེས་བྱ་བ་ནི་ཆོས་ཉན་པ་ལ་སོགས་པའི་ལོངས་སྤྱོད་དེ། །དུས་བསྐྱེད་པ་ན་ཞེས་བྱ་བ་ནི་དྲན་དུ་བསྐུལ་བ་ནའོ། །ཡོན་བཤད་པ་ཞེས་བྱ་བ་ནི་སྦྱིན་པའི་འབྲས་བུའི་སྔགས་པ་བརྗོད་པའོ། །སྣམ་སྦྱར་གྱི་རྒྱལ་མཚན་འཆང་བ་རྣམས་ཀྱི་མཆོག་ཅེས་བྱ་བ་ལ། སྣམ་སྦྱར་གྱི་རྒྱལ་མཚན་འཆང་བ་ཞེས་བྱ་བ་ནི་དགེ་སློང་རྣམས་སོ། །དེ་རྣམས་ཀྱི་མཆོག་ཏུ་བསྟན་པ་ནི་དང་པོར་ཟག་པ་མེད་པའི་ཆོས་ཐོས་པས་དགེ་སློང་གེ་སྡོམ་པ་སྐྱེས་པའི་ཕྱིར་རོ། །རྐུ་ཐབས་སུ་གནས་པ་ཞེས་བྱ་བ་ནི་འདིར་རང་གིས་རྟགས་བླངས་པ་སྡོམ་པ་མ་ཐོབ་པའོ། །ཁ་ཅིག་ན་རེ་དེས་དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་གསོ་སྦྱོང་ལ་སོགས་པའི་ལས་དག་ལན་གཉིས་སམ་གསུམ་མྱོང་བ་ཡིན་ནོ་ཞེས་ཟེར་རོ། །སེ་གོལ་གྱི་སྒྲས་ཞེས་བྱ་བ་ནི་སོར་མོ་གཏོགས་པའི་སྒྲས་སོ། །བསྐྲད་ཅེས་བྱ་བ་ནི་སྟན་ལས་བསླང་བའོ། །རང་བྱུང་ཞེས་བྱ་བ་ནི་གཞན་གྱི་མན་རག་མེད་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །དགེ་སློང་རང་བཞིན་དུ་གནས་པ་དག་ཅེས་བྱ་བ་ནི་ཚུལ་ཁྲིམས་
དང་ལྡན་པ་དག་གོ །གསོ་སྦྱོང་གི་ལས་དག་ཅེས་བྱ་བ་ནི་ཚུལ་ཁྲིམས་གསོ་ཞིང་བརྟས་པར་བྱེད་པས་ཏེ། དེའི་ངོ་བོ་ཉིད་ཀྱི་ལས་དག་ནི་གསོ་སྦྱོང་གི་ལས་ཏེ། སོ་སོར་ཐར་པའི་མདོ་འདོན་པའི་བདག་ཉིད་དག་ཅེས་བྱ་བའོ། འདིར་གསོ་སྦྱོང་གི་ལས་དག་ཅེས་སྨོས་པ་ནི་མཚོན་པ་སྟེ། ལས་བརྒྱ་རྩ་གཅིག་པོ་ཐམས་ཅད་ཀྱང་དེ་བཞིན་ནོ། །ལས་གཉིས་སམ་གསུམ་ཉམས་སུ་མྱོང་བར་གྱུར་ན་ཞེས་བྱ་བ་ལ་ལན་གཉིས་ཀྱིས་ནི་རྐུ་ཐབས་སུ་གནས་པ་ཉིད་འགྲུབ་པོ། །ལན་གསུམ་ཞེས་བྱ་བ་ནི་རྒྱུན་བསྟན་པའི་ཕྱིར་ཏེ། དེ་ཕན་ཆད་ཀྱང་རྐུ་ཐབས་སུ་གནས་པ་ཉིད་ཡིན་ནོ། །གང་ཟག་མ་ནིང་རབ་ཏུ་དབྱུང་བར་མི་བྱ་ཞིང་དེ་ལ་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དང༌། དེ་ལྟ་བུ་རབ་ཏུ་བྱུང་བའི་རྟགས་ཅན་བསྙིལ་བར་བྱ་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེས་པ་འདྲ་བ་ཞེས་བྱ་བ་ནི་སྐྱེས་པའི་རྣམ་པ་འདྲ་བའོ། །བུད་མེད་ཀྱང་མ་ཡིན་སྐྱེས་པ་ཡང་མ་ཡིན་པ་ཞེས་བྱ་བ་ནི་མཚན་གཉིས་པའོ། །མཚན་མ་སྟོན་པར་བྱེད་ཅེས་བྱ་བ་ནི་སོར་མོ་ལ་སོགས་པས་བརྡ་བྱེད་པའོ། །ཡོངས་སུ་གདུངས་པས་ཞེས་བྱ་བ་ནི་སྐྱོབས་སོ། །དབང་པོ་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་ལས་སུ་རུང་བར་འགྱུར་བའོ། །རྩོལ་བ་ཞེས་བྱ་བ་ནི་མི་ཚངས་པར་མི་སྤྱོད་པའོ། །འགྱུར་བ་མི་སྟེན་ན་ཞེས་བྱ་བ་ནི་གཞན་ལ་རྩོལ་འདོད་པའི་འདུན་པ་ལ་སོགས་པ་མི་འབྱུང་བའོ། །བཏང་སྙོམས་སུ་བྱའོ་ཞེས་བྱ་བ་ནི་བསྙིལ་བར་མི་བྱའོ། །སྦྲུལ་པ་རབ་ཏུ་དབྱུང་བར་མི་བྱ་ཞིང་དེ་ལ་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དང༌། དེ་ལྟ་བུ་རབ་ཏུ་དབྱུང་བའི་རྟགས་ཅན་བསྙིལ་བར་བྱ་བ་ལ་སོགས་པ་བྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱེ་མ་མེའི་མདོག་ལྟ་བུ་ཞེས་བྱ་བ་ནི་བྱེ་ཚན་ནོ། །རུས་པའི་ཀེང་རུས་ཞེས་བྱ་བ་ནི་རུས་པའི་ཕུང་པའོ། །བརྣག་ཅེས་བྱ་བ་ནི་བཟོད་
པ་དང་དུ་བླངས་པའོ། །རིས་མཐུན་པ་ཞེས་བྱ་བ་ནི་སྐྱེ་བའོ། །བསྐལ་པར་གནས་པ་ཞེས་བྱ་བ་ནི་འདིར་བསྐལ་པ་བར་མ་བཞི་བཅུ་ལ་བསྐལ་པར་ཤེས་པར་བྱའོ། །ས་འཛིན་པ་ཞེས་བྱ་བ་ནི་ས་ཡོངས་སུ་སྐྱོང་བའོ། །འདབ་ཆགས་ཀྱི་རྒྱལ་པོ་འདབ་བཟངས་ཞེས་བྱ་བ་ནི་ནམ་མཁའ་ལྡིང་ངོ༌། དབྱུང་བར་མི་ནུས་ཞེས་བྱ་བ་ནི་ཟིལ་གྱིས་མི་ནོན་པའོ། །ཀླུ་ཕྲ་མོ་ཞེས་བྱ་བ་ནི་ཀླུ་ཆུང་ངུའོ། །བསམ་གཏན་ལ་བརྩོན་ཞིང་ཞེས་བྱ་བ་ནི་བསམ་གཏན་བཞི་པོ་དག་ལའོ། །ཀློག་པ་ལ་བརྩོན་ཞིང་ཞེས་བྱ་བ་ནི་བཀླག་པ་ལའོ། །རྣལ་འབྱོར་ལ་བརྩོན་ཞིང་ཞེས་བྱ་བ་ནི་ཏིང་ངེ་འཛིན་དུ་གྲུབ་པ་ལའོ། །ཡིད་ལ་བྱེད་པ་ལ་བརྩོན་ཞིང་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་ཏིང་ངེ་འཛིན་ལའོ། །དགོན་པ་པ་ཞེས་བྱ་བ་ནི་དགོན་པ་ན་གནས་པའོ། །ཤན་པ་ཞེས་བྱ་བ་ནི་བ་ལང་གསོད་པ་ལ་སོགས་པའོ། །གཅིག་ལས་འཕྲོས་པ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་གཅིག་ནས་བརྩམས་ཏེ་བརྒྱའི་བར་དུ་བསྒྲེ་བའི་ལུང་ངོ༌། །དེ་ཡང་གཅིག་ལས་འཕྲོས་པའི་ལུང་ཞེས་བྱ་བའི་རྒྱུད་དུ་གཏོགས་པ་ཡིན་ཏེ། གཅིག་ལས་འཕྲོས་པའི་ལུང་ནི་ཆོས་ཀྱི་རྣམ་གྲངས་གཅིག་ནས་བརྩམས་ཏེ་བརྒྱའི་བར་དུ་ཐུག་པ་དེ་ལྟ་བུའི་རྒྱུད་མང་པོ་བསྟན་པ་ཡིན་པར་ལུང་གཞན་ལས་འབྱུང་ངོ༌། །དེང་སོང་ནི་གཅིག་ལས་འཕྲོས་པའི་ལུང་ལས་ཆོས་ཀྱི་རྣམ་གྲངས་གཅིག་ནས་བརྩམས་ཏེ་བཅུའི་བར་དུ་ཐུག་པ་དེ་ལྟ་བུའི་རྒྱུད་དག་འབྱུང་སྟེ། དེ་ནི་ལུང་ཉམས་པ་ཡིན་ཏེ། དཔེར་ན་རྒྱུ་དྲུག་བསྟན་པའི་མདོ་སྡེའི་རྣམ་པར་དབྱེ་བ་དེང་སང་མི་སྣང་བ་དང་འདྲའོ་ཞེས་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་འབྱུང་ངོ༌། །ཁ་ཐོན་དུ་ལྡོག་ནས་ཞེས་བྱ་བ་ནི་ལོབས་ནས་སོ། །མིག་གང་སྟེ་ཞེས་བྱ་བ་ནི་མིག་མགུ་སྟེའོ། །བདུད་རྩི་ཞེས་བྱ་བ་ནི་ཟས་དང་པོ་ཞུན་མར་འདྲ་བའོ། །ཟོས་ཤིང་ཟོས་ཤིང་ཞེས་བྱ་བ་ནི་བཟླས་པའི་ཕྱིར་ལན་གཉིས་སྨོས་སོ། །གཉིད་ཆེ་བ་ཞེས་བྱ་བ་ནི་གཉིད་ལྷག་པར་ཆེ་བའོ། །བསོད་སྙོམས་གློ་བུར་པ་ཞེས་བྱ་བ་ནི་རྒྱུ་བ་ལ་སོགས་པའི་ཚོགས་མེད་པ་སྟེ། ཅིག་ཅར་དུ་རྙེད་པ་ཞེས་བྱ་བའི་ཐ་ཚིག་གོ །མགར་བའི་ཞེས་བྱ་བ་ནི་གསེར་མགར་ལ་སོགས་པའིའོ། །གཏན་པའི་བུ་གནས་ཞེས་བྱ་བ་ནི་ལྡེ་མིག་ཁྱོག་པོ་གཟུག་པ་ནས་སོ། །མྱུར་བ་མྱུར་བ་ཁོ་ནར་
ཞེས་བྱ་བ་ནི་རིངས་པ་རིངས་པ་ཁོ་ནར་སྟེ། བརྟད་པའི་ཕྱིར་ཚིག་ལན་གཉིས་སུ་སྨོས་སོ། །རང་བཞིན་གྱི་ཆ་ལུགས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ལུས་གཟུགས་སོ། །སྤྲུལ་པའི་ཆ་ལུགས་ཞེས་བྱ་བ་ནི་འཕྲལ་ལ་སྤྲུལ་པའི་ལུས་གཟུགས་སོ། །ཕུང་པོ་འདི་དག་གིས་ཞེས་བྱ་བ་ནི་སྤྲུལ་པ་འདི་དག་གིས་སམ་དུད་འགྲོ་དག་གིས་སོ། །ཡོན་ཏན་གྱི་ཚོགས་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་སོགས་པ་ཟག་པ་མེད་པའམ་དགེ་སློང་གི་སྡོམ་པའོ། །མ་འཚེ་བར་ཞེས་བྱ་བ་ནི་མི་བདེ་བ་ལ་རེག་པར་མི་བྱེད་པར་ཏེ། གནོད་པ་མ་བྱེད་པར་ཞེས་བྱ་བའི་ཐ་ཚིག་གོ །སཱ་ལའི་དགོན་པ་ཞེས་བྱ་བ་ནི་ཤིང་ལྗོན་པ་སཱ་ལས་མཚོན་པའི་ནགས་དགོན་པའོ། །རྟ་བབས་ཞེས་བྱ་བ་ནི་ལམ་པོ་ཆེའི་སྒོའོ། །མཐོན་པོ་ཞེས་བྱ་བ་ནི་བསྒྲེང་བའོ། །མཐང་ཁུང་ཞེས་བྱ་བ་ནི་སྣང་བའི་མཐང་ཁུང་ངོ༌། །སྐར་ཁུང་དྲ་བ་ཅན་ཞེས་བྱ་བ་ནི་རླུང་འཇུག་པའི་གནས་དྲ་བ་ཅན་ནོ། །ལན་ཀན་ཞེས་བྱ་བ་ནི་རྒྱུ་བའི་དོན་དུ་ལམ་ཁ་ཁྱེར་གྱིས་བསྐོར་བའོ། །བརྒྱན་པ་ཞེས་བྱ་བ་ནི་མཛེས་པར་བྱས་པའོ། །སྙིང་དང་མིག་འཕྲོག་པར་བྱེད་པ་ཞེས་བྱ་བ་ནི་སེམས་དང་མིག་འདྲེན་པར་བྱེད་པའོ། །མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ་ཞེས་བྱ་བ་ནི་དེ་ལ་བརྟེན་ན་མཐོ་རིས་སུ་འགྲོ་བའི་ཕྱིར་རོ། །ཁྲི་དང་ཁྲིའུ་དང་ཡོ་བྱད་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཆོས་གོས་དང་བསོད་སྙོམས་དང་གནས་མལ་དང་ན་བའི་རྐྱེན་དང་སྨན་གྱི་ཡོ་བྱད་ལ་སོགས་པ་ཐམས་ཅད་དང་ལྡན་པའོ། །སྤྲུལ་ཏེ་ཞེས་བྱ་བ་ཡང་དག་པ་མ་ཡིན་པ་དེའི་བྱ་བ་བྱེད་ནུས་པ་ཅི་དགར་ཕྱུང་སྟེའོ། །མགོ་སྤྲ་བའི་མེ་ཏོག་སྐྱེ་བ་ཞེས་བྱ་བ་ནི་མགོའི་སྐྲ་སྤྲ་བའི་མེ་ཏོག་རྒྱས་པ་ལྟར་དཀར་བའོ། །སྨིན་མ་འཕྱང་བ་ཞེས་བྱ་བ་ནི་སྨིན་མའི་སྤུ་རིང་ཞིང་ཐུར་དུ་འཕྱང་བའོ། །བྱོན་པ་ལེགས་སོ་བྱོན་པ་ལེགས་སོ་ཞེས་བྱ་བ་ནི་གུས་པའི་ཕྱིར་ལན་གཉིས་སུ་བཟླས་སོ། །ཞལ་ཏེ་བྱེད་པ་ཞེས་བྱ་བ་ནི་ལས་བྱེད་པའོ། །ཐོས་པ་ཞེས་བྱ་བ་ནི་མཐོང་པ་དང་ཐོས་པ་ཉམས་སུ་མྱོང་བའོ། །ཡིན་ཇི་སྲིད་ཀྱིས་འབྲེལ་པ་སྤང་པར་བྱ་ཞེས་བྱ་བ་ནི་བདག་ཅག་གིས་སྒོ་འཕར་བརྒྱ་སྙེད་དག་འདས་ཤིང་བསོད་སྙོམས་སྒྲུབ་པའི་འབྲེལ་པ་ཚེགས་ཆེན་པོ་དེ་ནམ་དུ་བརྣགས་པར་བྱ་སྙམ་དུ་བསམས་
པའོ། །གནས་ངན་ལེན་ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་ཐམས་ཅད་དུ་སྨད་པའི་ཀུན་དུ་སྤྱོད་པ་དང་ལྡན་པ་སྟེ། དྷལ་པོ་ཆེ་ཞེས་བྱ་བའི་ཐ་ཚིག་གོ །འདུ་བ་ཡང་མི་སྣང་ཞེས་བྱ་བ་ནི་འབྱུང་ཁུང་གི་སྒོ་མི་མངོན་པའི་ཕྱིར་རོ། །འགོད་པ་ཡང་མི་སྣང་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱང་འབྲི་བར་མི་མངོན་པའི་ཕྱིར་རོ། །གྲངས་དག་འདེབས་སུ་གཞུག་གོ་ཞེས་བྱ་བ་ནི་འདུ་འགོད་རྩིས་སུ་སྦྱོར་དུ་བཅུག་སྟེ་སྡོམ་གཟུང་བར་བྱའོ་སྙམ་དུ་བསམས་པའོ། །ཉམས་པ་ཞེས་བྱ་བ་ནི་འཚོ་བ་མི་བདེ་བའོ། །སྒོ་འཕར་ཞེས་བྱ་བ་ནི་གླེགས་ཀྱི་གཞིའོ། །དེས་པ་དེས་པ་ཞེས་བྱ་བ་ནི་དེས་པ་དག་པས་ཀྱང་ཆེས་དེས་པ་སྟེ། མི་གྱ་ནོམ་པ་ཞེས་བྱ་བའི་ཐ་ཚིག་གོ །ཕྱོགས་ཞེས་བྱ་བ་ནི་གྲོགས་སོ། །རྩ་ནས་གདོན་ཏོ་ཞེས་བྱ་བ་ནི་དྲུངས་དབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །མི་སྣང་བར་བྱས་ནས་ཞེས་བྱ་བ་ནི་མིག་ལམ་དུ་མི་སྣང་བར་བཞག་ནས་སོ། །འགྲམ་དུ་ཞེས་བྱ་བ་ནི་དོགས་སུའོ། །སྒྲེ་བོ་ཞེས་བྱ་བ་ནི་སྐམ་པོའོ། །རྡོ་རྒྱུས་ཞེས་བྱ་བ་ནི་ཤོད་རིས་བྲི་བའོ། །བསྟན་པ་མཐར་ཐུག་གི་བར་དུ་ཞེས་བྱ་བ་ནི་བསྟན་པ་ནུབ་པའི་དུས་ཀྱི་བར་དུའོ། །ཚོང་རིག་པར་བྱའོ་ཞེས་བྱ་བ་ནི་གྲངས་གདབ་པ་ལ་གཞོལ་པར་བྱ་བའོ། །ཆོས་སྨྲ་བ་ཞེས་བྱ་བ་ནི་ཆོས་ཀྱི་གཏམ་སྨྲ་བ་ལྷུར་ལེན་པའོ། །ཁ་ཅིག་ན་རེ་ཆོས་སྨྲ་བ་ཞེས་བྱ་བ་ནི་སྐབས་སུ་བབ་པར་ཆོས་ཀྱི་གཏམ་བྱ་བ་ཤེས་པའོ་ཞེས་ཟེར་རོ། །རྫུབས་པས་ཞེས་བྱ་བ་ནི་གཅིག་ལས་འཕྲོས་པའི་ལུང་ལས་གཞན་མི་ཤེས་པས་གཅིག་ལས་འཕྲོས་པའི་ལུང་འབའ་ཞིག་གིས་ཞེས་བྱ་བའི་ཐ་ཚིག་གོ །ཁ་ཅིག་ན་རེ་སྐབས་སྐབས་སུ་མི་དྲན་པས་ཞེས་ཀྱང་ཟེར་རོ། །སྡེ་སྣོད་གསུམ་ཞེས་བྱ་བ་ནི་མདོ་སྡེ་དང༌། འདུལ་བ་དང༌། ཆོས་མངོན་པའི་ཚོགས་དག་སྟེ། དེ་ཡང་སྟོང་ཕྲག་བརྒྱ་པའི་ཚད་དོ། །དེ་ལྟར་ཡང་དགེ་སློང་སྡེ་སྣོད་ཀྱི་ཚད་ཇི་ཙམ་ཞེ་ན། སྟོང་ཕྲག་བརྒྱའོ་ཞེས་གསུངས་པའི་ཕྱིར་རོ། །རིགས་པའི་སྟོབས་ཅན་ཞེས་བྱ་བ་ནི་རིགས་པ་དང་ལྡན་པའི་དོན་སྟོན་པའི་ཕྱིར་རོ། །གྲོལ་བའི་སྤོབས་པ་ཅན་ཞེས་བྱ་བ་ནི་དོན་ཐགས་ཐོགས་མེད་པར་སྟོན་པའི་ཕྱིར་རོ། །བཟློག་གམ་ཅི་ན་ཞེས་བྱ་བ་ནི་མི་མཐུན་པར་བྱས་སམ་ཅི་ན་ཞེས་བྱ་བའི་
ཐ་ཚིག་གོ །ཀླུའི་གནས་སུ་ཡང་སྐབས་མི་རྙེད་དོ་སྙམ་ནས་ཞེས་བྱ་བ་ནི་སྐྱོན་དང་བཅས་ནའོ་སྙམ་དུ་བསམས་པ་ཡིན་ནོ། །དེའི་ངོར་མགྲོན་དུ་པོས་པ་ལ་ནི་ལྷུང་བ་མེད་དོ་ཞེས་བྱ་བ་ནི་དགེ་སློང་དེ་ཉིད་གཅོ་ཅོ་བྱས་ཏེ། དགེ་སློང་དག་མགྲོན་དུ་བོས་ན་མ་གསོལ་བར་དེས་ལས་བསྟན་པ་ལ་ཉེས་པ་མེད་དེ། འཕགས་པ་དྲུག་སྡེ་དག་གི་ངོར་དགེ་སློང་དག་མགྲོན་དུ་བོས་པ་མ་ཡིན་ལ། དེ་དག་ལ་མ་གསོལ་བཞིན་དུ་དེ་དག་གིས་ཆོས་བསྟན་པ་ལས་བཅའ་བ་མཛད་པའི་ཕྱིར་རོ། །གདུལ་བ་ལྟོས་པས་ཞེས་བྱ་བ་ནི་གདུལ་བ་ལ་སེམས་པས་སོ། །ངེས་པ་སྐལ་བ་དང་ལྡན་པ་ཉིད་ཅེས་བྱ་བ་ནི་ངེས་པར་དགྲ་བཅོམ་པ་ཉིད་དུ་རུང་བ་ཉིད་དོ། །རྩྭ་ཀུ་ཤའི་བྱིངས་སམ་ཀུ་ཤའི་བྱིངས་ནས་ཞེས་བྱ་བ་ནི་དེ་དག་གི་འབྱུང་གནས་ནས་སོ། །ཐབས་ཡིན་ནོ་ཞེས་བྱ་བ་ནི་ཁས་བླངས་པ་སྟེ། དེ་ལྟར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ །འཛུམ་པ་སྔོན་དུ་བཏང་སྟེ་ཞེས་བྱ་བ་ནི་སྔར་འཛུམ་ཕྱུང་སྟེའོ། །འཇིགས་པ་མེད་ཅིང་ཞེས་བྱ་བ་ནི་བག་ཚ་བ་མེད་ཅིང་ངོ༌། །བཞིན་ཉམས་པ་མེད་པ་ཞེས་བྱ་བ་ནི་བྱིངས་འགྱུར་བ་མེད་པའོ། །དམན་པ་མེད་པས་ཞེས་བྱ་བ་ནི་ཁ་དོག་ཉམས་པ་མེད་པས་སོ། །ལུང་བཞི་ཞེས་བྱ་བ་ནི་ཡང་དག་པར་ལྡན་པ་དང༌། བར་མ་དང༌། གཅིག་ལས་འཕྲོས་པ་དང༌། རིང་པོ་ཞེས་བྱ་བ་དག་གོ །རྒྱ་མཚོ་ཆེན་པོར་འདོང་བའི་ཟོང་ཞེས་བྱ་བ་ནི་གླིང་གཞན་དག་ཏུ་མཁོ་བའམ། འགྲོ་བའམ་འོང་བ་ལ་དེ་གོས་པའོ། །འཇིགས་པ་དུ་མས་ཀུན་དུ་གང་བ་ཞེས་བྱ་བ་ནི་ཉ་ཆེན་དང་ཉ་ཆེན་མིད་དང་ཉ་ཆེན་མིད་པ་མིད་ལ་སོགས་པའི་འཇིགས་པ་དང་ལྡན་པའོ། །བདེ་ལེགས་ཞེས་བྱ་བ་ནི་དགེ་བའོ། །སྤྱད་པར་བརྩམས་ཏེ་ཞེས་བྱ་བ་ནི་བརྟག་པར་བརྩམས་ཏེའོ། །ནེའུ་ལྡེང་ཞེས་བྱ་བ་ནི་ཤེད་མཐུན་པའོ། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་ཉི་མ་གཅིག་ལ་བརྩམས་པའམ་གྲོང་ཁྱེར་གཅིག་ཏུ་སྐྱེས་པའོ། །ས་རྡུལ་ལ་ལྷན་ཅིག་རྩེ་རྩེ་བ་ཞེས་བྱ་བ་ནི་རྒྱུན་དུ་མཛའ་བའི་ཕྱིར་རོ། །གསོལ་བ་གདབ་པར་བྱའོ་ཞེས་བྱ་བ་ནི་བཅོལ་བར་བྱ་བའོ། །རང་དབང་མེད་ཅེས་བྱ་བ་ནི་བདག་ལ་དབང་མེད་པའོ། །འཇིགས་པ་ཞེས་བྱ་བ་ནི་འཇིགས་པ་དེ་ལྟར་བྱུང་བའོ། །འཇིགས་སུ་རུང་བ་ཞེས་བྱ་བ་ནི་འཇིགས་
པའི་རྒྱུ་གནོད་སྦྱིན་འཇིགས་སུ་རུང་བའི་གཟུགས་ཅན་ལ་སོགས་པའོ། །དགེ་མཚན་ཞེས་བྱ་བ་ནི་སྲུང་བའི་ཕྱིར་གི་ཝང་དང༌། མཚོན་སྣ་ལྔའི་སྐུད་པ་དང༌། ཡུངས་ཀར་ལ་སོགས་པ་ལག་པ་ལ་སོགས་པ་ལ་འདོགས་པའོ། །བཀྲ་ཤིས་ཞེས་བྱ་བ་ནི་མེ་ཏོག་དཀར་པོ་དང༌། ཞོ་དང༌། བ་ལང་དང། སྣོད་གསར་པ་དང༌། ཤ་རློན་པ་ལ་སོགས་པ་མཐོང་ངོ༌། །བདེ་ལེགས་སུ་འགྱུར་བ་ཞེས་བྱ་བ་ནི་མེར་སྦྱིན་སྲེག་བྱེད་པ་དང༌། བྲམ་ཟེ་ཀློག་ཏུ་འཇུག་པ་ལ་སོགས་པས་ཞི་བར་འགྱུར་བའོ། ཁྲུ་དག་ཅེས་བྱ་བ་ནི་ཕྲག་གདང་གི་ཁུར་དག་གོ །སྦྱང་དག་ཅེས་བྱ་བ་ནི་རྩྭ་དང་སོག་མ་ལ་སོགས་པ་ལས་བྱས་པ་དག་གོ །གླེབ་དག་ཅེས་བྱ་བ་ནི་འདམ་བུ་དང༌། སྨིག་ཚལ་ལ་སོགས་པ་ལས་བྱས་པ་གཞལ་བའི་སྣོད་དོ། །རྙིང་པ་ཞེས་བྱ་བ་ནི་དི་ན་རའི་བྱེ་བྲག་གོ །གྲུ་བོ་ཆེ་ཞེས་བྱ་བ་ནི་རྒྱ་མཚོར་འཇུག་པའི་གླུའོ། །སྦྱར་ནས་ཞེས་བྱ་བ་ནི་ཉོས་ནས་སོ། །ཞོ་ཤས་འཚོ་བ་ཞེས་བྱ་བ་ནི་ནོར་བསྒྲུབ་པའི་ཕྱིར་ཞོ་ཤས་འཚོ་བའོ། །སྟོབས་པར་བྱེད་པ་ཞེས་བྱ་བ་ནི་ཟས་ལ་སོགས་པ་དབུལ་བའོ། །སེལ་བར་བྱེད་པ་ཞེས་བྱ་བ་ནི་ལྷག་མ་ལ་སོགས་པ་འདོར་བའོ། །རྐྱལ་ཆེན་ཞེས་བྱ་བ་ནི་ཆུའི་ནང་དུ་འཇུག་པའོ། །གྲུ་པ་ཞེས་བྱ་བ་ནི་གྲུའི་ལས་བྱེད་པའོ། །རླུང་ཡོར་ཐོགས་པ་ཞེས་བྱ་བ་ནི་རླུང་ཡོར་གྱི་བ་དན་གྱིས་ལམ་དང་ལམ་མ་ཡིན་པ་རྟོགས་པའོ། །ལན་གསུམ་དྲིལ་བསྒྲགས་ནས་ཞེས་བྱ་བ་ནི་རྒྱ་མཚོ་ཆེན་པོར་སོང་བའི་ཕན་ཡོན་དང་ཉེས་དམིགས་ཡང་དག་པ་ལན་རེ་བརྗོད་ཅིང་དྲིལ་ལན་རེ་བསྒྲགས་ཏེ་ཉག་ཐག་རེ་རེ་བཅད་ནས་སོ། །དེ་ལྟར་བརྩམས་པ་ཞེས་བྱ་བ་ནི་རྒྱ་མཚོར་འཚོང་བར་བརྩམས་པའོ། །ཅི་མཛད་ཅི་མཛད་ཅེས་བྱ་བ་ནི་བརྟད་པའི་ཕྱིར་ལན་གཉིས་སུ་བཟླས་སོ། །བཟློག་བཞིན་དུ་ཞེས་བྱ་བ་ནི་བཀག་བཞིན་དུའོ། །ཡ་མཚན་སྐྱེས་ནས་མིག་ཚུགས་སུ་ལྟ་ཟིང་ཞེས་བྱ་བ་ནི་ཤིན་ཏུ་རངས་པ་སྐྱེས་ནས་མིག་བགྲད་དེ་ལྟ་ཞིང་ངོ༌། །སངས་རྒྱས་རྣམ་པར་གཟིགས་ལ་སོགས་པའི་དྲི་གཙང་ཁང་ཞེས་བྱ་བ་ནི་དེ་དག་གི་ཕྱིར་བསྔོས་པ་ཡིན་གྱི་དེ་དག་གིས་དུས་ཀྱི་ནི་མ་ཡིན་ཏེ། འདི་ནས་བསྐལ་པ་ཆེན་པོ་དགུ་བཅུ་རྩ་གཅིག་འདས་པའི་མདུན་རོལ་དུ་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་བྱུང་བ་ལ་སོགས་པའི་ཚུལ་གྱིས་འཇིག་པའི་བསྐལ་པ་དག་གིས་འཇིག་རྟེན་འདི་
ཞིག་པར་གྱུར་པའི་ཕྱིར་རོ། །དྲི་གཙང་ཁང་ཞེས་བྱ་བ་ནི་བཞུགས་པའི་གནས་ཏེ། དད་པ་ཅན་དག་གིས་རྫས་དྲི་ཞིམ་པོ་དག་གིས་བྱུགས་པའི་ཕྱིར་རོ། །མཆོད་རྟེན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཆེ་བའི་ཡོན་ཏན་དག་གི་གཟུགས་བརྙན་ཉིད་ཀྱིས་བཀྲ་བའམ། དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཡོན་ཏན་དེ་དག་གི་གཟུགས་བརྙན་ཉིད་དུ་བསགས་པར་འོས་པའོ། །རབ་ཏུ་གནས་ཞེས་བྱ་བ་ནི་དོན་དང་ཚིག་གི་སྒོ་ནས་སེམས་ཀྱི་རྒྱུད་ལ་རབ་ཏུ་གནས་པར་གྱུར་པའོ། །མི་ཁོམ་པར་སྐྱེས་ཞེས་བྱ་བ་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་ཕྱིར་རོ། །ལོག་པར་ལྟུང་བའི་ལུས་དང་ལྡན་པ་ཞེས་བྱ་བ་ལ་ལྡན་པ་ཞེས་བྱ་བ་ནི་ལུས་ངན་སོང་དུ་སོང་བ་དང་ལྡན་པ་ཡིན་གྱི་སེམས་ལོག་པར་ལྟུང་བ་ནི་མ་ཡིན་པའོ། །མདོ་སྡེའི་མཐའ་ཞེས་བྱ་བ་ནི་ངེས་པའི་དོན་གྱི་མདོ་སྡེའོ། །སྤྲུལ་པ་དེས་ཞེས་བྱ་བ་ནི་དྲུག་སྡེ་དག་གིས་ཐོ་འཚམས་པ་རྒྱ་མཚོ་ཆེན་པོར་ཞུགས་པ་གང་ཡིན་པ་དེས་སོ། །ཡང་དག་པར་ལྡན་པ་ཞེས་བྱ་བ་ནི་ཕུང་པོ་དང༌། སྐྱེ་མཆེད་དང༌། གླེང་གཞི་ལ་སོགས་པའི་རྒྱུད་དུ་གཏོགས་པ་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །བར་མ་ཞེས་བྱ་བ་ནི་མདོ་སྡེ་བར་མ་བར་མ་དག་ཡོད་པའི་ཕྱིར་རོ། །རིང་པོ་ཞེས་བྱ་བ་ནི་མདོ་སྡེ་རིང་པོ་རིང་པོ་དག་ཡོད་པའི་ཕྱིར་རོ། །བརྗེད་པའི་སྐབས་ཞེས་བྱ་བ་ནི་མི་དྲན་པའི་སྐབས་སོ། །གསལ་བར་བྱའོ་ཞེས་བྱ་བ་ནི་དྲན་པར་བྱའོ། །བག་ཆགས་ཞེས་བྱ་བ་ནི་གོམས་པའོ། །འཛིན་ཞེས་བྱ་བ་ནི་མི་བརྗེད་པའོ། །མིག་གདུག་པ་ཞེས་བྱ་བ་ནི་མཐོང་ན་སྲེག་པར་འགྱུར་བའི་ཕྱིར་རོ། །དབུགས་དང༌། རེག་པ་དང་མཆེ་བ་གདུག་པ་ཞེས་བྱ་བ་ཡང་དེ་དག་གིས་རེག་ན་སྲེག་པར་འགྱུར་བའི་ཕྱིར་རོ། །མིང་ཙམ་ཞིག་ལུས་པ་ཞེས་བྱ་བ་ནི་མི་ནས་མིང་ཙམ་ཞིག་གྲག་པའོ། །ལྷན་ཅིག་ཅེས་བྱ་བ་ནི་མ་ཚང་བ་མེད་པའོ། །ཚོགས་ཤིང་ཞེས་བྱ་བ་ནི་བྱ་བ་ཅིག་ལ་ཞུགས་ཤིང་ངོ༌། །ཀུན་དགའ་བཞིན་དུ་ཞེས་བྱ་བ་ནི་ཐམས་ཅད་དགའ་བཞིན་དུའོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་སྡུད་པར་བྱེད་པའི་ཚིག་ཡིན་ནོ། །བལྟ་བས་ཆོག་མི་ཤེས་ཞེས་བྱ་བ་ནི་བལྟ་བས་ངོམས་མི་ཤེས་པ་སྟེ། དེ་ལ་ལྟ་བ་ནི་མིག་གི་
བློ་གཞན་དུ་མི་འགྲོ་ཞེས་བྱ་བའི་ཐ་ཚིག་གོ །མཐོང་ན་མི་མཐུན་པ་མེད་པ་ཞེས་བྱ་བ་ནི་མཐོང་ན་བདེ་བ་སྐྱེད་པའི་ཕྱིར་རོ། །ཅང་ཤེས་ཞེས་བྱ་བ་ནི་རྣམ་པ་དང་མཉེན་པ་དང༌། བཟོད་པ་དང་དེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །གཞོན་ཤ་ཅན་ཞེས་བྱ་བ་ནི་ལུས་ཤིན་ཏུ་གཞོན་ཤ་ཆགས་པའི་ཕྱིར་རོ། །དུབ་པས་ཞེས་བྱ་བ་ནི་ངལ་པས་སོ། །སྟུག་པོས་ཞེས་བྱ་བ་ནི་ཆེན་པོས་སོ། །ཁལ་དག་ཅེས་བྱ་བ་ནི་གླང་པོ་ལ་སོགས་པའོ། །ཕོག་ནས་ཞེས་བྱ་བ་ནི་གདུངས་ནས་སོ། །སྙིང་སྟོབས་ཆེ་བ་ཞེས་བྱ་བ་ནི་བསྟན་པའོ། །ལམ་སྲང་ཞེས་བྱ་བ་ནི་ལམ་ཕྲན་ནོ། །ཐོབ་ཅེས་བྱ་བ་ནི་མཚོན་རྩེ་གཅིག་པའོ། །ཉེན་ནས་ཞེས་བྱ་བ་ནི་ཟིལ་གྱིས་གནོན་ནས་སོ། །ཉམ་ཐག་པའི་སྐད་ཅེས་བྱ་བ་ནི་ཨ་ན་ཨ་ཙ་ཞེས་བྱ་བ་ལ་སོགས་པ་ཞུམ་པའི་སྐད་དོ། །ཡིད་ཆེས་པར་དཀའ་བས་ཞེས་བྱ་བ་ནི་ཡིད་མི་ཆེས་པའི་རང་བཞིན་ནོ། །ཟན་གྱི་གྲལ་དུ་ཞེས་བྱ་བ་ནི་དགེ་འདུན་གྱི་བཀད་སར་རོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཁ་ཅིག་གི་སྡུག་བསྔལ་གྱི་གནས་སོ། །སྣུམ་བག་གི་རྙེད་པ་ཞེས་བྱ་བ་ནི་འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་སྐམ་མོ། །ཡུལ་ངན་ཞེས་བྱ་བ་ནི་ཆར་བབ་པ་ལ་སོགས་པའོ། །མ་རུང་བར་གྱུར་པ་ཞེས་བྱ་བ་ནི་ཆུད་ཟོས་པའོ། །འབར་ཞེས་བྱ་བ་ནི་ཅུང་ཟད་འབར་བའོ། །རབ་ཏུ་འབར་ཞེས་བྱ་བ་ནི་འབྲིང་དུ་འབར་བའོ། །ཀུན་དུ་རབ་ཏུ་འབར་ཞེས་བྱ་བ་ནི་ཆེར་འབར་བའོ། །མེ་ལྕེ་གཅིག་ཏུ་གྱུར་ཞེས་བྱ་བ་ནི་མེ་ལྕེ་འབར་བའི་ལུས་གཅིག་ཏུ་གྱུར་པའོ། །ཚུལ་ཁྲིམས་འཆལ་ཞེས་བྱ་བ་ནི་ཕམ་པར་གྱུར་པའོ། །སྡིག་པའི་ཚོགས་ཅན་ཞེས་བྱ་བ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཉམས་པ་སྟེ། ཉིན་གཅིག་མི་ཆད་པར་མི་འདོད་པའི་ལས་བྱེད་པའི་ཕྱིར་རོ། །ཡོན་སྦྱོང་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་གྱུར་པ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་པ་དང༌། ཟས་རོ་བརྒྱ་པ་དང༌། ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཡང་འོས་པ་དང༌། དགེ་འདུན་གྱི་རྫས་དང༌། མི་སློབ་པ་མན་ཆད་ཀྱི་རྫས་ལ་ཡང་ལོངས་སྤྱོད་དུ་དབང་བའི་ཕྱིར་རོ། །དེའི་ཞར་གྱིས་ཞེས་བྱ་བ་ནི་དེའི་གཡམ་ལའོ། །བསླབ་པ་འདོད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདིར་ཁ་ཅིག་
སློབ་པ་དང༌། མི་སློབ་པ་མང་པོ་བསྲེགས་པས་ཞེས་ཀྱང་ཟེར་ཏེ་དེ་ནི་མི་རུང་སྟེ། འདི་ལྟར་མི་སློབ་པ་བསད་ན་མཚམས་མེད་པ་བྱས་པས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་ལ། སློབ་པ་བསད་ན་མཚམས་མེད་དང་ཉེས་པ་བྱས་པས་སེམས་ཅན་དམྱལ་བ་ཆེན་པོ་གཞན་དག་ཏུ་སྐྱེ་བར་འགྱུར་བ་ཡིན་ན། །འདིར་ལས་དེའི་རྣམ་པར་སྨིན་པས་ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེས་ཏེ་ཞེས་གསལ་བར་སྨོས་པའི་ལུང་ཉིད་དང་འགལ་བར་མི་རུང་ངོ༌། །སེམས་ཅན་དམྱལ་བ་ཀ་བ་འདྲ་བ་དག་ཅེས་བྱ་བ་ལ་སོགས་པ་ནི་ཀ་བ་ལ་སོགས་པའི་དབྱིབས་འདྲ་བའོ། །བསྟི་གནས་ཞེས་བྱ་བ་ནི་གནས་སོ། །བསོད་ནམས་འདོད་པ་ཞེས་བྱ་བ་ནི་དགེ་བ་འདོད་པའམ་སྙིང་རྗེ་ཅན་ནོ། །གཙང་སྦྲ་ཅན་ཞེས་བྱ་བ་ནི་ཕྱག་དར་ལ་སོགས་པ་བྱེད་པའོ། །མྱོས་ཞེས་བྱ་བ་ནི་དཀྲུགས་པའོ། །བྲམ་ཟེ་དང་ཡང་དག་པར་ལྡན་པ་ཞེས་བྱ་བ་ནི་བྲམ་ཟེ་རྣམས་ཀྱིས་སྒྲུབ་པ་དང་ཡང་དག་པར་ལྡན་པའི་རྒྱུད་དུ་གཏོགས་པའོ། །སོམ་ཉི་མ་རྒལ་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་བསྟན་ཏེ། འཕགས་པའི་བདེན་པ་དག་ལ་སོམ་ཉི་མ་སྤངས་ན་གཅེར་བུའི་སྤྱོད་པ་ལ་སོགས་པས་མི་དག་གི་སྡིག་པ་འབྱང་བར་མི་འགྱུར་བས་བྲམ་ཟེ་དག་གི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དེ་ནི་ལམ་མ་ཡིན་ནོ། །གང་འབྱུང་པོ་ཀུན་ལ་འཚེ་བ་རྣམ་པར་སྤངས་ཏེ་ཆོས་སྤྱོད་པ་ལ་སོགས་པ་དེ་ནི་རྒྱན་གྱིས་བརྒྱན་ཀྱང་དགེ་སྦྱོང་དང༌། བྲམ་ཟེ་དང༌། དགེ་སློང་ཡིན་པས་ཆོས་འདི་པ་དག་གི་སྙིང་རྗེ་དང་ཚུལ་ཁྲིམས་དང༌། ཚངས་པར་སྤྱོད་པ་ནི་ལམ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་སོམ་ཉི་མ་རྒལ་ཅེས་བྱ་བ་ནི་འཕགས་པའི་བདེན་པ་དག་ལ་ཐེ་ཚོམ་དང་མ་བྲལ་ནའོ། །གཅེར་བུའི་སྤྱོད་པ་ཞེས་བྱ་བ་ནི་གོས་མེད་པར་རྒྱུ་བའོ། །རལ་པ་ཞེས་བྱ་བ་ནི་སྐྲའི་རལ་པའི་ཁུར་ཐོགས་པའོ། །རྫབ་ཅེས་བྱ་བ་ནི་ཆུའི་རྫབ་ཀྱི་ནང་ན་འདུག་པའམ་ཐལ་བས་སྐུད་པའོ། །སྣ་ཚོགས་ཟས་ཞེས་བྱ་བ་ནི་ཨུཏྤ་ལའི་རྩ་བ་ལ་སོགས་པའི་ཟས་སྣ་ཚོགས་ཟ་བའོ། །ཐབ་ལ་ཉལ་ཞེས་བྱ་བ་ནི་ས་སྒྲེ་བོ་ལ་ཉལ་བའམ། ལྕི་བས་བྱུགས་མ་ཐག་པའི་ས་ལ་ཉལ་བའོ། །རྡུལ་ཞེས་བྱ་བ་ནི་ས་རྡུལ་གྱིས་སྐུད་པའོ། །དྲི་མ་ཞེས་བྱ་བ་ནི་རྡུལ་ལ་སོགས་པ་ལས་
གྱུར་པའི་དྲི་མ་འཆང་བའོ། །ཙོག་བུའི་སྤོང་བས་ཞེས་བྱ་བ་ནི་ཙོག་ཙོག་པོར་འདུག་པའི་སྤྱོད་ལམ་གྱིས་བུད་མེད་དང་གླང་པོ་ཆེ་གདུག་པ་ལ་སོགས་པ་ཡོངས་སུ་སྤོང་བར་བྱེད་པ་འམ་ཙོག་ཙོག་པོར་འདུག་པའི་སྤྱོད་ལམ་གྱིས་བརྩོན་འགྲུས་བྱེད་པས་སོ། །མི་དག་ཅེས་བྱ་བ་ནི་མིའི་འཇིག་རྟེན་དག་གོ །འབྱང་མི་འགྱུར་ཞེས་བྱ་བ་ནི་སྡིག་པ་སྤོང་བར་མི་འགྱུར་བའོ། །འབྱུང་པོ་ཀུན་ལ་ཞེས་བྱ་བ་ནི་སེམས་ཅན་འཛའ་ཤེས་དང༌། དགྲ་བོ་དང༌། ཐ་མལ་བ་ཐམས་ཅད་ལའོ། །འཚེ་བ་ཞེས་བྱ་བ་ནི་གསོད་སེམས་ཀྱི་བསམ་པའོ། །རྣམ་སྤངས་ཏེ་ཞེས་བྱ་བ་ནི་གཏམ་སྤངས་ཏེའོ། །ཆོས་སྤྱོད་ཅེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ལེགས་པར་སྤྱོད་པའོ། །ཞི་ཞེས་བྱ་བ་ནི་དབང་པོ་སྡོམ་པའོ། །ཡང་དག་སྡོམ་ཞེས་བྱ་བ་ནི་ཚུལ་ཁྲིམས་གོང་ན་མེད་པ་དང་ལྡན་པའོ། །ཚངས་སྤྱོད་ལྡན་པ་ཞེས་བྱ་བ་ནི་ཚངས་པར་སྤྱོད་པ་དང་ལྡན་པ་སྟེ། ལམ་ཚོལ་པ་ལྷུར་ལེན་པའོ། །རྒྱན་གྱིས་བརྒྱན་གྱུར་ཀྱང་ཞེས་བྱ་བ་ནི་མགོ་རྒྱན་ལ་སོགས་པ་དང་ལྡན་པར་གྱུར་དུ་ཟིན་ཀྱང་ངོ༌། །དེ་ཉིད་བྲམ་ཟེ་དགེ་སྦྱོང་དགེ་སློང་ཡིན། །ཞེས་བྱ་བ་ནི། །འབྱུང་པོ་ཀུན་ལ་འཚེ་བ་རྣམ་སྤངས་ཏེ། །ཞེས་བྱ་བ་ལ་སོགས་པ་ཡོན་ཏན་སྔར་བསྟན་པ་དེ་དག་དང་ལྡན་པ་དེ་ཉིད་བྲམ་ཟེ་དང༌། དགེ་སྦྱོང་དང༌། དགེ་སློང་ཡིན་གྱི། མིང་ཙམ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གྲོང་ཁྱེར་ལྟ་བུའི་མདོ་ཞེས་བྱ་བ་ནི་མདོ་སྡེ་གང་གི་དཔེ་གྲོང་ཁྱེར་ལས་བླངས་པའོ། །གདོན་པར་བརྩམས་པ་ཞེས་བྱ་བ་ནི་ཁ་དོག་ཏུ་གདོན་པར་བརྩམས་ཏེའོ། །སྔོན་ང་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་སངས་མ་རྒྱས་པའི་སྔོན་བླ་ན་མེད་པའི་ཡེ་ཤེས་མ་བརྙེས་པའི་ཚེའོ། །གཅིག་པུ་ཞེས་བྱ་བ་ནི་གྲོགས་མེད་པའོ། །དབེན་པར་སོང་ཏེ་ཞེས་བྱ་བ་ནི་ཁྱིམ་གྱིས་སྟོང་པར་སོང་སྟེའོ། །ནང་དུ་ཡང་དག་བཞག་པ་ན་ཞེས་བྱ་བ་ནི་དབེན་པར་འདུག་པ་ནའོ། །སེམས་ལ་ཞེས་བྱ་བ་ནི་བདག་མ་ཡིན་པ་ལའོ། །སེམས་ཀྱི་ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་དག་ཆུ་དང་འོ་མ་འདྲེས་པ་བཞིན་དུ་བདག་དང་སེམས་ཅན་དུ་མཚུངས་པར་ལྡན་པ་ལས་རྟོག་པ་འབྱུང་ངོ་ཞེས་ཟེར་བ་དགག་པའི་ཕྱིར་སེམས་ཀྱི་ཡོངས་སུ་རྟོག་པ་ཞེས་སྨོས་ཏེ། བདག་གི་ཡོངས་སུ་རྟོག་
པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་ཁ་ནང་དུ་བལྟས་པ་ཆ་ཕྲ་མོ་ལ་དམིགས་པ་སྟེ་རྣམ་པར་རྟོག་པ་ཞེས་བྱ་བའི་ཐ་ཚིག་གོ །འདི་ལྟ་བུ་ཞེས་བྱ་བ་ནི་འོག་ནས་འབྱུང་བ་ལྟ་བུའོ། །ཀྱེ་མ་ཞེས་བྱ་བ་ནི་ཐུགས་བརྩེ་བའོ། །འཇིག་རྟེན་འདི་ཞེས་བྱ་བ་ནི་ཁམས་གསུམ་པའི་འགྲོ་བའོ། །སྡུག་བསྔལ་བར་ཞེས་བྱ་བ་ནི་ཉམ་ང་བའི་གནས་སུའོ། །གྱུར་ཏེ་ཞེས་བྱ་བ་ནི་ཐོབ་སྟེའོ། །ཇི་ལྟར་སྡུག་བསྔལ་བར་གྱུར་ཅེ་ན། དེའི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་ཐ་ཚིག་གོ ། སྐྱེ་བར་འགྱུར་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྐྱེ་བར་འགྱུར་བའོ། །དགའ་བར་འགྱུར་ཞེས་བྱ་བ་ནི་དབང་པོ་ཡོངས་སུ་སྨིན་པར་འགྱུར་བའོ། །འཆི་བར་འགྱུར་ཞེས་བྱ་བ་ནི་རིས་མཐུན་པ་ཡོངས་སུ་སྤོང་བར་འགྱུར་བའོ། །ཉམས་པར་འགྱུར་ཞེས་བྱ་བ་ནི་སྐད་ཅིག་མ་རེ་རེ་ལ་ཉམས་པར་འགྱུར་བའོ། །དེ་དག་གིས་ནི་སྐྱེ་བ་གཅིག་ལ་སྐྱེ་བ་དང༌། རྒ་བ་དང༌། འཆི་བ་དང༌། སྐད་ཅིག་གིས་ཉམས་པར་འགྱུར་བ་བསྟན་ཏོ། །འབྱུང་བར་འགྱུར་ཡང་ཞེས་བྱ་བ་ནི་རིས་མཐུན་པ་གཞན་ཡོངས་སུ་ལེན་པར་འགྱུར་ཡང་ངོ༌། །འོན་ཀྱང་སེམས་ཅན་འདི་དག་གིས་ཞེས་བྱ་བ་ནི་འདི་ལྟར་རྒ་ཤིས་སྡུག་བསྔལ་བར་གྱུར་པ་དག་གིས་སོ། །བླ་ན་ཡོད་བཞིན་དུ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པ་མྱ་ངན་ལས་འདས་པ་ཡོད་བཞིན་དུ་འོ། །ངེས་པར་འབྱུང་བ་ཞེས་བྱ་བ་ནི་གཉེན་པོ་འཕགས་པའི་ལམ་མོ། །ཡང་དག་པ་ཇི་ལྟ་བ་ནི་མ་ནོར་བའོ། །ང་ཞེས་བྱ་བ་ནི་སེམས་ཀྱི་གནས་སྐབས་དེ་ལྟ་བུ་ཐོབ་པའོ། །གང་ཡོད་ན་ཞེས་བྱ་བ་ནི་ཉེ་བར་ལེན་པའི་རྒྱུ་ཡོད་ནའོ། །རྐྱེན་གང་གིས་ཞེས་བྱ་བ་ནི་གྲོགས་བྱེད་པའི་རྐྱེན་གང་གིས་སོ། །ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་དངོས་པོའི་དེ་ཁོ་ན་ཇི་ལྟ་བ་བཞིན་ཡིད་ལ་བྱེད་པ་ནའོ། །མངོན་པར་རྟོགས་པར་གྱུར་ཏོ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཤེས་པས་མངོན་སུམ་དུ་གྱུར་པའོ། །དེ་ལ་རྒ་ཤི་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང༌། །རེག་པ་དང་ཚོར་བའི་གནས་སྐབས་གང་ཡིན་པ་དེ་ནི་མ་འོངས་པའི་རྒ་ཤི་སྟེ། ཕུང་པོ་ལྔའི་གནས་སྐབས་སོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྒ་ཤི་དང་
པོར་བྱས་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྟོག་པ་བྱེད་ཅིང་མ་རིག་པ་དང་པོར་བྱས་ཏེ་མི་བྱེད་ཅན། །རྟོག་པའི་རིམ་པ་འདི་ནི་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་གི་བྱེ་མ་སྙེད་དག་གིས་ངེས་པར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྒ་ཤི་དང་པོར་བྱས་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྟོགས་པར་བྱེད་པས་འདི་ལ་ཉེས་པ་མེད་དོ། །ཡང་ཡོངས་སུ་རྟོགས་པའི་རྗེས་སུ་མཐུན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྒན་པོ་དང་ནད་མེད་པ་བདག་མཐོང་ནས་ཡིད་བྱུང་སྟེ་ནགས་སུ་སོང་ངོ་ཞེས་གསུངས་པའི་ཕྱིར་རོ། །དེ་དག་མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། གང་ཡོད་ན་རྒ་ཤི་འབྱུང་ཞིང་རྐྱེན་གང་གིས་རྒ་ཤི་འབྱུང་སྙམ་དུ་དེ་ཚུལ་བཞིན་ཡིད་ལ་བྱེད་པ་ནི། འདི་ལྟར་སྐྱེ་བ་ཡོད་ན་རྒ་ཤི་འབྱུང་ཞིང་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །འོ་ན་ཅིའི་ཕྱིར་འདིར་རྐྱེན་གང་གིས་ཞེས་རྐྱེན་འགའ་ཞིག་སྨོས་ལ་རྒྱུ་སྨོས་ཤེ་ན། གལ་ཏེ་རྒྱུ་འབའ་ཞིག་སྨོས་ལ་རྐྱེན་མ་སྨོས་པར་གྱུར་ན། དེའི་ཚེ་རྒྱུའི་རྐྱེན་འབའ་ཞིག་གཟུང་བར་འགྱུར་གྱི་རྐྱེན་གཞན་གཟུང་བར་མི་འགྱུར་རོ། །རྐྱེན་ཞེས་སྨོས་པས་ནི་རྐྱེན་བཞི་པོ་དག་གཟུང་བར་འགྱུར་རོ། །ཡང་ན་རྐྱེན་ཞེས་སྨོས་པས་ནི་རྒྱུ་དང་བྱེ་བྲག་མེད་དེ། །དེ་ལྟར་ཡང་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་ཀུན་དགའ་བོ་དེ་ལྟ་བས་ན་རྒ་ཤིའི་རྒྱུ་ནི་འདི་ཡིན་རྐྱེན་ནི་འདི་ཡིན། གཞི་ནི་འདི་ཡིན་ཏེ། འདི་ལྟ་སྟེ་སྐྱེ་བོ་ཞེས་མདོ་སྡེ་ལས་གསུངས་པའི་ཕྱིར་རོ་ཞེས་འབྱུང་ངོ༌། །སྐྱེ་བ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་རྣམ་པར་ཤེས་པའི་གནས་སྐབས་གང་ཡིན་པ་དེ་ནི་མ་འོངས་པའི་སྐྱེ་བ་སྟེ་ཕུང་པོ་ལྔའི་གནས་སྐབས་སོ། །སྲིད་པ་ཞེས་བྱ་བ་ནི་ཡང་འབྱུང་བའི་སྲིད་པ་སེམས་པ་ན། ལུས་དང་དག་དང་ཡིད་ཀྱིས་རྣམ་པར་རིག་པར་བྱེད་པ་གང་ཡིན་པ་དེ་ནི་སྲིད་པས་ཏེ། ཕུང་པོ་ལྔའི་གནས་སྐབས་སོ། །ལེན་པ་ཞེས་བྱ་བ་ནི་ལོངས་སྤྱོད་དག་ཚོལ་བ་ན་གང་གི་ཚེ་ཕྱོགས་བཞིར་རྒྱུག་པ་གང་ཡིན་པ་དེ་ནི་ལེན་པ་སྟེ། ཕུང་པོ་ལྔའི་གནས་སྐབས་སོ། །སྲེད་པ་ཞེས་བྱ་བ་ནི་དེའི་གནས་སྐབས་ན་ཚོར་བ་གསུམ་པོ་ཐམས་ཅད་འབྱུང་ཞིང་འདོད་པ་དང༌། སྤྱོད་པ་ལས་བྱུང་བའི་འདོད་ཆགས་ཀུན་དུ་སྤྱོད་
འདོད་པ་གང་ཡིན་པ་དེ་ནི་སྲིད་པ་སྟེ། ཕུང་པོ་ནི་འདི་ཡིན་རྐྱེན་ནི་འདི་ཡིན། གཞི་ནི་འདི་ཡིན་ཏེ། འདི་ལྟ་སྟེ་བ་དང་སྡུག་བསྔལ་ཡོངས་སུ་གཅོད་པ་ན་གནོད་པར་བྱེད་པའི་རྒྱུ་ཡོངས་སུ་སྤོང་ཞིང་མེ་ལ་འཛིན་པར་མི་བྱེད་མཚོན་གྱིས་འདེབས་པར་མི་བྱེད། མི་གཙང་བ་བསྟེན་པར་མི་བྱེད་པར་ཟས་ཀྱི་སྲེད་པ་སྐྱེད་པར་བྱེད་ཅིང༌། སྤྱོད་པ་ལས་བྱུང་བའི་འདོད་ཆགས་སྐྱེད་པར་མི་བྱེད་པ་གང་ཡིན་པ་དེ་ནི་ཚོར་བ་སྟེ། ཕུང་པོ་ལྔའི་གནས་སྐབས་སོ། །རེག་པ་ཞེས་བྱ་བ་ནི་དབང་པོ་དང༌། ཡུལ་དང་རྣམ་པར་ཤེས་པ་དག་འདུས་པ་ལས་རེག་པ་འབྱུང་ཞིང་བདེ་བ་དང་སྡུག་བསྔལ་ཡོངས་སུ་གཅོད་པར་ཡང་མི་བྱེད། གནོད་པར་འགྱུར་བ་སྤོང་བར་མི་བྱེད་མེ་ལ་འཛིན་པར་ཡང་མི་བྱེད། དུག་དང་མཚོན་དང༌། མི་གཙང་བ་བསྟེན་པར་ཡང་མི་བྱེད་པ་གང་ཡིན་པ་དེ་ནི་རེག་པ་སྟེ། ཕུང་པོ་ལྔའི་གནས་སྐབས་སོ། །སྐྱེ་མཆེད་དུ་གཅེས་བྱ་བ་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཅེས་བྱ་བའི་སྐྱེ་མཆེད་དྲུག་དོད་ཅིང༌། ཇི་སྲིད་དུ་དབང་པོ་དང༌། ཡུལ་དང༌། རྣམ་པར་ཤེས་པ་གསུམ་འདུས་པ་ལས་རེག་པ་མ་བྱུང་བ་གང་ཡིན་པ་དེ་ནི་སྐྱེ་མཆེད་དྲུག་སྟེ་ཕུང་པོ་ལྔའི་གནས་སྐབས་སོ། །མིང་དང་གཟུགས་ཞེས་བྱ་བ་ཉིད་མཚམས་སྦྱོར་བ་ན་སྐྱེ་མཆེད་དྲུག་མ་དོད་པའི་བར་སྐབས་སུ་མེར་མེར་པོ་དང༌། ནུར་ནུར་པོ་དང༌། མཁྲང་བར་གྱུར་པ་རྐང་ལག་འགྱུས་པའི་གནས་སྐབས་གང་ཡིན་པ་དེ་ནི་མིང་དང་གཟུགས་ཏེ་ཕུང་པོ་ལྔའི་གནས་སྐབས་སོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་མའི་མངལ་དུ་རྣམ་པར་ཤེས་པ་ཉིང་མཚམས་འབྱོར་བ་གང་ཡིན་པ་སྟེ་ཕུང་པོ་ལྔའི་གནས་སྐབས་སོ། །ངའི་ཡིད་རྣམ་པར་ཤེས་པ་ནས་ཕྱིར་ལོག་ཅིང་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཤེས་ནས་དེ་ཁོ་ན་ནས་སེམས་ཕྱིར་ལོག་ཅིང་ངོ༌། །དེ་ཕན་ཆད་དུ་འཇུག་པར་མི་བྱེད་དེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཕན་ཆད་དུ་སེམས་འཇུག་པར་མ་གྱུར་པ་སྟེ། རྣམ་པར་ཤེས་པའི་རྒྱུ་ནི་འདུ་བྱེད་ཀྱི་མཚན་ཉིད་ཡིན་ལ། འདུ་བྱེད་ཀྱི་རྒྱུ་ནི་མ་རིག་པའི་མཚན་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་ངའི་སེམས་འཇུག་པར་མ་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ །འོ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔས་ཡན་ལག་གཉིས་པོ་མ་རིག་པ་དང་འདུ་བྱེད་གཉིས་མ་བརྟགས་
ཤེ་ན་སྔར་བརྟགས་ཟིན་པའི་ཕྱིར་ཏེ། འདི་ལྟར་སྲིད་པའི་ཡན་ལག་གསུམ་པོ་མ་རིག་པ་དང༌། སྲིད་པ་དང་ལེན་པ་ནི་ཉོན་མོངས་པའི་ངོ་བོ་ཉིད་ཡིན་པས། གང་གི་ཚེ་སྲེད་པ་དང་ལེན་པ་བརྟགས་པར་གྱུར་པ་དེའི་ཚེ་ན་མ་རིག་པ་ཡང་བརྟགས་ཟིན་ཏོ། །སྲིད་པའི་ཡན་ལག་གཉིས་པོ་འདུ་བྱེད་པ་དང་སྲིད་པ་ནི་ལས་ཀྱི་ངོ་བོ་ཡིན་པས་གང་གི་ཚེ་སྲེད་པ་བརྟགས་པར་གྱུར་པ་དེའི་ཚེ་ན་འདུ་བྱེད་ཀྱང་བརྟགས་ཟིན་ཏོ། །འོ་ན་ལྟ་སྲིད་པའི་ཡན་ལག་བདུན་པོ་རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྐྱེ་བ་དང༌། རྒ་ཤི་ནི་ལས་དང་ཉོན་མོངས་པའི་གཞི་ཡིན་པའི་ཕྱིར་གཞིའི་ངོ་བོ་ཉིད་ཡིན་པས། གང་གི་ཚེ་རྒ་ཤི་བརྟགས་པར་གྱུར་པ་དེའི་ཚེ་ན་མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་ཡང་བརྟགས་ཟིན་ལ། གང་གི་ཚེ་སྐྱེ་བ་བརྟགས་པར་གྱུར་པ་དེའི་ཚེ་ན། རྣམ་པར་ཤེས་པ་ཡང་བརྟགས་ཟིན་པ་ཡིན་ན་ཅིའི་ཕྱིར་དེ་དག་ཀྱང་རྟོག་པར་བྱེད་ཅེ་ན། སྔར་རྒ་ཤི་དང་སྐྱེ་བ་མདོར་བསྡུས་ཏེ་བརྟགས་ནས། ཕྱིས་དེ་ཉིད་རྒྱ་ཆེར་བརྟག་པའི་ཕྱིར་མིང་དང་གཟུགས་ལ་སོགས་པ་དང་རྣམ་པར་ཤེས་པ་ལ་རྟོག་པར་བྱེད་པས་འདི་ལ་ཉེས་པ་མེད་དོ། །འོ་ན་རྣམ་པར་ཤེས་པ་ལ་མདོར་བསྡུ་བ་དང༌། རྒྱས་པར་དབྱེ་བ་གཉིས་མེད་ན། ཅིའི་ཕྱིར་རྣམ་པར་ཤེས་པ་ལ་ལན་གཉིས་སུ་བརྟགས་པར་གྱུར་ཅེ་ན། བྱང་ཆུབ་སེམས་དཔའི་ནི་སྐྱེ་བས་འཇིགས་པས་དེའི་ཕྱིར་རྣམ་པར་ཤེས་པ་ལན་གཉིས་སུ་བརྟགས་པར་གྱུར་ཏེ། འདི་ལྟར་དེ་རྒ་ཤི་ཡིད་ལ་བྱུང་བ་ན་དོན་མེད་པ་འདི་ཅི་ལས་བྱུང་ཞེས་རྟོག་པ་ན་སྐྱེ་བ་ལས་བྱུང་བར་མཐོང་ངོ༌། །སྐྱེ་བ་ཡང་གང་གིས་མངོན་པར་བསྒྲུབས་ཞེས་རྟོག་པ་ན་ལས་ཀྱིས་མངོན་པར་བསྒྲུབ་པར་མཐོང་ངོ༌། །ལས་ཀྱང་གང་གིས་ཀུན་ནས་བསླང་ཞེས་རྟོག་པ་ན། ཉོན་མོངས་པས་ཀུན་ནས་བསླང་ཞིང་ཉོན་མོངས་པ་ནི་གཞི་ལ་བརྟེན་པར་མཐོང་ངོ༌། །གཞི་ཡང་གང་གིས་མངོན་པར་བསྒྲུབས་ཞེས་རྟོགས་པར་གྱུར་ན་སྐྱེ་བས་མངོན་པར་བསྒྲུབས་པར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། དོན་མེད་པ་འདི་དག་ཐམས་ཅད་ནི་སྐྱེ་བ་ལས་བྱུང་ངོ་སྙམ་དུ་སེམས་པས་དེའི་ཕྱིར་སྐྱེ་བས་ཡིད་འབྱུང་བས་རྣམ་པར་ཤེས་པ་ལ་
ཡང་ལན་གཉིས་སུ་བརྟགས་པར་གྱུར་ཏེ། སྡུག་བསྔལ་འདི་དག་ཐམས་ཅད་སྐྱེ་བས་བསྐྱེད་པས་དེའི་ཕྱིར་དེའི་ཡིད་རྣམ་པར་ཤེས་པ་ནས་ལོག་ཅིང་དེ་ཕན་ཆད་དུ་འཇུག་པར་མི་བྱེད་དོ། །དེ་ལྟར་ན་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཞེས་བྱ་བ་འདི་ནི་ཡམས་ཀྱི་ནད་དང༌། གནོད་པ་དང༌། འགོ་བའི་ནད་དང༌། འཁྲུག་པ་དག་གིས་ཚིག་བླ་དགས་ཡིན་ནོ། །འབའ་ཞིག་པ་ཞེས་བྱ་བ་འདི་ནི་བླངས་པ་དང་མཐར་ཕྱིན་པ་དང༌། ཡོངས་སུ་རྫོགས་པའི་ཚིག་བླ་དགས་ཡིན་ནོ། །འདི་ཞེས་བྱ་བ་འདི་ནི་ཀུན་དུ་བསྟན་པ་དང༌། ཉེ་བར་བསྟན་པའི་ཚིག་བླ་དགས་ཡིན་ནོ། །འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ། །འདུ་བྱེད་རྣམས་ཞེས་བྱ་བ་ནི་སྐྱེ་བ་སྔ་མའི་བསོད་ནམས་དང༌། བསོད་ནམས་མ་ཡིན་པའི་ལས་ཀྱི་གནས་སྐབས་གང་ཡིན་པ་དེ་ནི་འདིའི་འདུ་བྱེད་རྣམས་ཏེ་ཕུང་པོ་ལྔའི་གནས་སྐབས་སོ། །མ་རིག་པ་ཞེས་བྱ་བ་ནི་སྐྱེ་བ་སྔ་མའི་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་དེ་ནི་འདིའི་མ་རིག་པ་སྟེ་ཕུང་པོ་ལྔའི་གནས་སྐབས་སོ། །འོ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔས་འཇུག་པའི་ཕྱོགས་ལ་ནི་སྲིད་པའི་ཡང་ལག་བཅུ་བརྟགས་པར་གྱུར་ལ། ལྡོག་པའི་ཕྱོགས་ལ་ནི་བཅུ་གཉིས་བརྟགས་པར་གྱུར་ཅེ་ན། བྱང་ཆུབ་སེམས་དཔའ་ནི་འཇུག་པའི་ཕྱོགས་ལ་སྡང་ལ། ལྡོག་པའི་ཕྱོགས་ལ་དགའ་ཞིང་འདོད་པས་དེའི་ཕྱིར་ལྡོག་པའི་ཕྱོགས་ལ་ཡན་ལག་བཅུ་གཉིས་བརྟགས་པར་གྱུར་ཏེ། འདི་ལ་ཉེས་པ་མེད་དོ་ཞེས་བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་འབྱུང་ངོ༌།། །།བམ་པོ་བཅུ་གཅིག་པ། སྔོན་གྱི་ཞེས་བྱ་བ་ནི་སྔ་རབས་ཀྱིའོ། །ལམ་ཞེས་བྱ་བ་ནི་ལམ་པོ་ཆེའོ། །བགྲོད་པ་ཞེས་བྱ་བ་ནི་བགྲོད་པ་གཅིག་པའོ། །ལམ་སྲོལ་ཞེས་བྱ་བ་ནི་ཤིང་རྟ་འགྲོ་བའི་འཕང་ལོས་དྲངས་པའི་རྗེས་སོ། །དེ་དག་གིས་ནི་ལམ་པོ་ཆེ་ཉིད་དུ་བསྟན་ཏེ། དེ་ལྟར་ཡང་ལམ་འདིས་ཆུ་བོ་ལས་རྒལ་བར་གྱུར་ཅིང༌། བརྒལ་བར་འགྱུར་རྒལ་བར་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ། །སྔོན་གྱི་དྲང་སྲོང་རྣམས་གཤེགས་ཤིང་རྗེས་སུ་འདོད་པ་ཞེས་བྱ་བ་ནི་སྔོན་གྱི་དྲང་སྲོང་དེ་བཞིན་གཤེགས་པ་དང༌། རང་སངས་རྒྱས་དང་ཉན་ཐོས་རྣམས་སྔར་གཤེགས་ཤིང་དེ་དག་གི་རྗེས་སུ་ཉན་ཐོས་དག་ཕྱིས་འདོད་པའོ། །འདི་ནི་ལམ་སྟེ་ཆེན་པོ་དག་གིས་བརྟུལ་བ་ཉིད་
བསྟན་ཏོ། །ནགས་མཆོག་ཅེས་བྱ་བ་ནི་ནགས་མཆོག་ཏུ་ཐག་རིང་བའོ། །བཟང་པོ་ཞེས་བྱ་བ་ནི་མཛེས་པའོ། །ནགས་དང་ལྡན་པ་ཞེས་བྱ་བ་ནི་ཚང་ཚིང་དང་སྤན་སྤུན་གྱིས་གང་བའོ། །དགའ་བར་འགྱུར་བ་ཞེས་བྱ་བ་ནི་ཡིད་དང་མཐུན་པའོ། །དེ་གྲོང་ཁྱེར་བགྱིད་དུ་རྩོལ་ལ་ཞེས་བྱ་བ་ནི་གྲོང་ཁྱེར་རྙིང་པ་དེ་སར་པར་བྱེད་དུ་ཆུག་ཅིག་ཅེས་བྱ་བའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་ལ་འཕགས་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཕྱིར་རོ། །ཡང་དག་པའི་ལྟ་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་ཤེས་རབ་ཟག་པ་མེད་པའོ། །ཡང་དག་པའི་རྟོག་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་ངེས་པར་འབྱུང་བ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པའོ། །ཡང་དག་པའི་དག་ཅེས་བྱ་བ་ནི་ལོག་པའི་འཚོ་བར་འགྱུར་བ་དག་གིས་ཉེས་པ་སྤྱོད་པ་བཞི་མ་གཏོགས་པ་དེ་ལས་གཞན་པའི་ངག་གིས་ཉེས་པར་སྤྱོད་པར་སྤྱོད་པ་སྤངས་བ་ཟག་པ་མེད་བའོ། །ཡང་དག་པའི་ལས་ཡི་མཐའ་ཞེས་བྱ་བ་ནི་ལོག་པའི་འཚོ་བར་འགྱུར་བའི་ལུས་ཀྱིས་ཉེས་པར་སྤྱོད་པ་གསུམ་མ་གཏོགས་པ་དེ་ལས་གཞན་པའི་ལུས་ཀྱིས་ཉེས་པར་སྤྱོད་པ་སྤངས་པ་ཟག་པ་མེད་པའོ། །ཡང་དག་པའི་འཚེ་བ་ཞེས་བྱ་བ་ནི་ལོག་པའི་འཚོ་བ་སྤངས་པ་ཟག་པ་མེད་པའོ། །ཡང་དག་པའི་རྩོལ་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་བརྩོན་འགྲུས་སོ། །ཡང་དག་པའི་དྲན་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་དྲན་པའོ། །ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཟག་པ་མེད་པའི་ཏིང་ངེ་འཛིན་ཏོ། །རྒ་ཤི་ཞེས་བྱ་བ་ནི་རྒ་ཤིའི་ངོ་བོ་ཉིད་དེ་དེས་ནི་སྡུག་བསྔལ་གྱི་བདེན་པ་སྟོན་ཏོ། །རྒ་ཤི་ཀུན་འབྱུང་བ་ཞེས་བྱ་བ་ནི་རྒ་ཤིའི་རྒྱུ་སྐྱེ་བ་སྟེ། དེས་ནི་ཀུན་འབྱུང་བའི་བདེན་པ་བསྟན་ཏོ། །རྒ་ཤིའི་འགོག་པ་ཞེས་བྱ་བ་ནི་རྒ་ཤི་འགགས་ལ་མྱ་ངན་ལས་འདས་པ་སྟེ། དེས་ནི་འགོག་པའི་བདེན་པ་བསྟན་ཏོ། །རྒ་ཤི་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་ནི་རྒ་ཤི་འགགས་པའི་མྱ་ངན་ལས་འདས་པ་གྲོང་ཁྱེར་དང་འདྲ་བར་འགོར་བའི་ལམ་སྟེ། དེས་ནི་ལམ་གྱི་བདེན་པ་བསྟན་ཏོ། །སྐྱེ་བ་ལ་སོགས་པ་ཡང་ལག་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །འོ་ན་ཅིའི་ཕྱིར་མ་རིག་པའི་རྣམ་པ་བཞི་མ་བསྟན་ཞེ་ན། སྐྱེ་བ་སྔ་མའི་ཉོན་མོངས་པའི་
གནས་སྐབས་གང་ཡིན་པ་དེ་ནི་འདིའི་མ་རིག་པ་ཡིན་པར་སྔར་བསྟན་པས་འདིར་མ་རིག་པའི་ཤེས་པ་བཞི་ལོགས་ཤིག་མ་གསུངས་ཏེ། དེ་ལྟར་ཡང་ཤེས་པའི་དངོས་པོ་བཞི་བཅུ་རྩ་བཞི་བསྟན་པའི་མདོ་ལས། དགེ་སློང་དག་ཁྱོད་ལ་ཤེས་པའི་དངོས་པོ་བཞི་བཅུ་རྩ་བཞི་བསྟན་པར་བྱས། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང༌། ངས་ཁྱོད་ལ་བཤད་པར་བྱའོ། །དངོས་པོ་བཞི་བཅུ་རྩ་བཞི་གང་ཞེ་ན་རྒ་ཤི་ཞེས་བྱ་བ་ནི་དངོས་པོ་དང༌། རྒ་ཤི་ཀུན་འབྱུང་དང་རྒ་ཤི་འགོག་པ་དང་རྒ་ཤི་འགོག་པར་འགྲོ་བའི་ལམ་ཤེས་པའི་དངོས་པོ་དང༌། སྐྱེ་བ་དང༌། སྲིད་པ་དང༌། ལེན་པ་དང༌། སྲེད་པ་དང༌། ཚོར་བ་དང༌། རེག་པ་དང༌། སྐྱེ་མཆེད་དྲུག་དང༌། མིང་དང་གཟུགས་དང་རྣམ་པར་ཤེས་པ་དང༌། འདུ་བྱེད་རྣམས་ཞེས་བྱ་བའི་དངོས་པོ་དང༌། འདུ་བྱེད་རྣམས་ཀུན་འབྱུང་བ་དང༌། འདུ་བྱེད་རྣམས་འགོག་པ་དང༌། འདུ་བྱེད་རྣམས་འགོག་པར་འགྲོ་བའི་ལམ་ཤེས་པའི་དངོས་པོའོ་ཞེས་གསུངས་ཏེ། དེ་ཡང་མ་རིག་པ་ཤེས་པའི་དངོས་པོ་བཞི་མ་བསྟན་ཏོ། །མངོན་པར་རྫོགས་པར་བྱང་ཆུབ་ནས་ཞེས་བྱ་བ་ནི་ཐུགས་སུ་ཆུད་ནས་སོ། །མུ་སྟེགས་ཅན་ཞེས་བྱ་བ་ནི་གཅེར་བུ་པའི་ཟད་བྱེད་དག་གོ །སྤྱོད་པ་ཅན་ཞེས་བྱ་བ་ནི་མུ་སྟེགས་ཀྱི་རྣམ་པ་རབ་ཏུ་བྱུང་བ་དག་གོ །ཡང་དག་པར་བསྒྲུབ་པ་ན་ཞེས་བྱ་བ་ནི་ནན་ཏན་བྱེད་པ་ནའོ། །སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །རིགས་དང་ལྡན་པར་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། རིགས་པ་དང་མ་བྲལ་བའི་ཕྱིར་རོ། །ཆོས་དང་ལྡན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱིས་མཆོག་ཏུ་གྱུར་པའི་ཕྱིར་རོ། །དགེ་བ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་འགྱུར་བའི་ཕྱིར་ཏེ། ཐར་པ་ནི་དོན་དམ་པའི་དགེ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཚངས་པར་སྤྱད་པ་ཞེས་བྱ་བ་ནི་ལམ་བསྟན་པའོ། །རྒྱ་ཆེ་བ་ཞེས་བྱ་བ་ནི་རྒྱ་ཆེན་པོར་གྱུར་པའོ། །སྐྱེ་བོ་མང་པོ་ལ་ཕན་པ་ཞེས་བྱ་བ་ནི་སྐྱེ་བོ་མང་པོ་ལ་མཁོ་བའོ། །ཡངས་པར་གྱུར་པ་ཞེས་བྱ་བ་ནི་ཆེས་རྒྱ་ཆེ་བར་གྱུར་པ་སྟེ། ཉན་ཐོས་རྣམས་ཀྱིས་ཀྱང་གཞན་དག་གི་རྒྱུད་ལ་ལམ་བསྐྱེད་པའི་ཕྱིར་རོ། །ལྷ་དང་མིའི་བར་དག་ལ་ཞེས་བྱ་བ་ནི་ལྷ་དང་མིའི་བར་དག་ལ་རབ་ཏུ་བསྟན་
པའི་ཕྱིར་རོ། །ཡང་དག་པར་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་རོ། །རབ་ཏུ་བསྟན་ཞེས་བྱ་བ་ནི་རྒྱ་ཆེར་ཉེ་བར་བསྟན་པའི་ཕྱིར་རོ། །དེ་ལྟར་ཡང་མདོ་སྡེ་ལས་དགེ་སློང་དག་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ལམ་མ་བརྙེས་པ་བརྙེས་པ་ཚངས་པར་སྤྱོད་པ་མ་བཅས་པ་འཆའ་བ་སྟེ། དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ལམ་མཁྱེན་པ་ལམ་རིག་པ་ལམ་སྟོན་པ་ལམ་གསུངས་པ་ལམ་འདྲེན་པ་ཡིན་ནོ། །ཉན་ཐོས་རྣམས་ནི་ཕྱིས་ལྡན་ཞིང་ལམ་གྱི་རྗེས་སུ་འདོང་བའི་སྟོན་པའི་བསྟན་པ་བཞིན་དུ་བྱེད་པ་སྟེ། དེ་དག་དེ་ལྟར་བསྟན་པ་ལ་ཡང་དག་པར་བསྒྲུབ་པ་ན་སྒྲུབ་པ་བྱེད་པ་ཡིན་ཞིང་རིགས་པ་དང་ལྡན་པ་ཆོས་དང་ལྡན་པ་དགེ་བ་སྒྲུབ་པར་བྱེད་དོ་ཞེས་གསུངས་སོ། །མཇུག་ཏུ་ཞེས་བྱ་བ་ནི་རྫོགས་པ་ནའོ། །འབྱུང་པོ་གང་དག་ཅེས་བྱ་བ་ནི་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་སེམས་ཅན་གང་དག་གོ །འདིར་ནི་ཞེས་བྱ་བ་ནི་དམ་པའི་ཆོས་བསྟན་པའི་གནས་སུའོ། །ལྷགས་གྱུར་ཞེས་བྱ་བ་ནི་འོངས་བར་གྱུར་པའོ། །བར་སྣང་ཞེས་བྱ་བ་ནི་ནམ་མཁའོ། །སྐྱེ་དགུ་རྣམས་ལ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལའོ། །ཆོས་ཞེས་བྱ་བ་ནི་སྲོག་གཅོད་པ་སྤོང་པ་ལ་སོགས་པ་ལེགས་པར་སྤྱོད་པའོ། །སྤྱོད་གྱུར་ཅིག་ཅེས་བྱ་བ་ནི་ཡོངས་སུ་སྐྱོང་བར་གྱུར་ཅིག་ཅེས་བྱ་བའོ། །ཡོངས་སུ་བསྔོས་ཞེས་བྱ་བ་ནི་འབྲས་བུ་སྦྱིན་པ་ལ་གཞག་པའོ། །བདེན་པ་མཐོང་བ་རྟོགས་མ་ཐག་ཏུ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་སྟེ་ཞེས་བྱ་བ་ནི་སྔར་འཇིག་རྟེན་པའི་ལམ་གྱིས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སྤངས་པའི་ཕྱིར་བདེན་པ་མཐོང་མ་ཐག་ཏུ་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱས་སོ། །རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་སོ་ཞེས་བྱ་བ་ནི་བསམ་གཏན་གྱི་དངོས་གཞི་དག་ལ་བརྟེན་ནས་བསྐྱེད་པའོ། །ལེགས་པར་གསུངས་སོ། །ལེགས་པར་གསུངས་སོ་ཞེས་བྱ་བ་ནི་གུས་པའི་ཕྱིར་ལན་གཉིས་སུ་བཟླས་སོ། །མགྲིན་གཅིག་ཏུ་ཞེས་བྱ་བ་ནི་དོན་བརྗོད་པའི་སྒྲ་དུས་གཅིག་ཏུའོ། །སྒྲ་ཞེས་བྱ་བ་ནི་སྐད་དོ། །རྫུ་འཕྲུལ་མངོན་པར་འདུ་བྱ་བ་ན་ཞེས་བྱ་བ་ནི་རྫུ་འཕྲུལ་སྒྲུབ་ཅིང་སྐྱེད་པར་བྱེད་པའི་ཏིང་ངེ་འཛིན་དག་གོ །བརྟུལ་ཞེས་བྱ་བ་ནི་བཏང་བའོ། །འབྱོར་བ་རྙེད་ཅེས་བྱ་བ་ནི་སྒྲུབ་
པའི་དོན་གྲུབ་པའི་ཕྱིར་རོ། རྒྱ་ཆེན་པོ་ཞེས་བྱ་བ་ནི་ཆེ་བའོ། །ཞུམ་པ་མེད་པ་ཞེས་བྱ་བ་ནི་འཇིགས་པ་མེད་པའོ། །དགེ་བ་ཞེས་བྱ་བ་ནི་བཟང་བའོ། །ཕན་ཡོན་ལྔ་ཞེས་བྱ་བ་ནི་ཡོན་ཏན་ལྔའོ། །ཡང་དག་པར་རྗེས་སུ་མཐོང་བའི་ཞེས་བྱ་བ་ནི་ཤེས་པའོ། །རབ་ཏུ་འབྱུང་བ་ལ་མོས་པར་བྱ་བ་ཁོ་ནར་རིགས་ཞེས་བྱ་བ་ནི་རབ་ཏུ་འབྱུང་བར་འདོད་པར་བྱ་བ་ཁོ་ནར་རིགས་པ་སྟེ། རིགས་ཞེས་བྱ་བ་ནི་འོས་ཤིང་བཟང་བ་ཞེས་བྱ་བའི་ཐ་ཚིག་གོ །རང་གི་དོན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་མཚན་ཉིད་དོ། །མ་འདྲེས་པ་ཞེས་བྱ་བ་ནི་རྒྱལ་པོ་ལ་སོགས་པ་དང་ཐུན་མོང་མ་ཡིན་ནོ། །རྗེས་སུ་ཐོབ་པ་ཞེས་བྱ་བ་ནི་འགྲུབ་པའོ། །བྲན་ཞེས་བྱ་བ་ནི་ཉེ་བར་སྤྱད་པར་བྱ་བ་སྟེ་བྲན་དང་བརྐུས་པ་དང༌། རྙེད་བཙོན་དང་རྩོད་པ་ཅན་དང༌། བཙོངས་པ་དག་གོ །མངག་གཞུག་པ་དང་ཞེས་བྱ་བ་ནི་ལྐོག་གི་ལས་སུ་བསྐོ་བར་བྱ་བ་སྟེ། ནོར་གྱིས་གླས་ཤིང་བསྒོ་བའི་མངག་གཞུག་བྱེད་པའོ། །བསྒོ་བ་ཞེས་བྱ་བ་ནི་མངོན་སུམ་གྱི་ལས་སུ་བསྒོ་བར་བྱ་སྟེ་བློན་པོ་ལ་སོགས་པའོ། །རང་དབང་བྱེད་པ་ཞེས་བྱ་བ་ནི་གཞན་ལ་རག་ལས་པ་སྟེ། ཆབ་འོག་གི་རྒྱལ་ཕྲན་ལ་སོགས་པའོ། །དགའ་དགུར་འགྲོར་མེད་པ་ཞེས་བྱ་བ་ནི་ཅི་དགར་སྤྱོད་དུ་མེད་པ་སྟེ་བློན་པོ་ཆེན་པོའོ། །འདི་ལྟར་དེ་ནི་རྒྱལ་པོའི་དྲུང་དུ་རྟག་ཏུ་བརྟེན་དུ་ཡང་མེད་ལ་གཞན་དུ་འགྲོར་ཡང་མེད་པའི་ཕྱིར་རོ། །མཆོད་པར་བྱ་བ་ཞེས་བྱ་བ་ནི་ཆོས་གོས་ལ་སོགས་པས་སོ། །བསྟོད་པར་བྱ་བ་ཞེས་བྱ་བ་ནི་ཚིག་གིས་སོ། །གྲུབ་པ་དང་བདེ་བ་ཞེས་བྱ་བ་ལ་གྲུབ་པ་ཞེས་བྱ་བ་ནི་སྔར་ཐོབ་པའོ། །བདེ་བ་ཞེས་བྱ་བ་ནི་ཐོབ་པ་མི་ཉམས་པ་སྟེ། དེ་ནི་གྲུབ་པ་ཡང་ཡིན་ལ་བདེ་བ་ཡང་ཡིན་པས་གྲུབ་པ་དང་བདེ་བ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ །བླ་ན་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །འཐོབ་པ་ལས་ཉམས་ན་ཞེས་བྱ་བ་ནི་འཐོབ་པར་བྱ་བ་ལས་ཉམས་ཤིང་མ་ཐོབ་ན་སྟེ། མྱ་ངན་ལས་འདས་པ་ལས་མ་ཐོབ་པའི་ཡོངས་སུ་ཉམས་པས་ཉམས་ནའོ། །དམ་པ་ཞེས་བྱ་བ་ནི་དྲང་སྲོང་ཆེན་པོ་རྣམས་སོ། །ཡང་དག་པར་རྟོགས་པ་ཞེས་བྱ་བ་ནི་མི་སློབ་པ་རྣམས་སོ། །ཡང་དག་པར་སྒྲུབ་པ་ཞེས་བྱ་བ་ནི་སློབ་པ་རྣམས་སོ། །སྐྱེས་བུ་དམ་པ་རྣམས་ཀྱིས་ཞེས་བྱ་བ་ནི་
སོ་སོའི་སྐྱེ་བོ་དགེ་བ་རྣམས་ཀྱིས་སོ། །ཉམ་ང་བར་གྱུར་ཏེ་ཞེས་བྱ་བ་ནི་འདིར་མི་བདེ་བར་གྱུར་པའོ། །བདག་གི་མཐུས་ཞེས་བྱ་བ་ནི་བདག་གི་ནུས་པས་སོ། །གཟིངས་ལྟ་བུར་གྱུར་ཞེས་བྱ་བ་ནི་དཔེར་ན་གཟིངས་ཀྱིས་གཞན་བསྒྲལ་ནས་བདག་ཉིད་བསྒྲལ་བར་མི་ནུས་པ་དེ་བཞིན་དུ་བདག་གི་མཐུས་འདི་དག་གིས་ཕྱིར་མི་འོང་བའི་འབྲས་བུ་དང་རྫུ་འཕྲུལ་མངོན་པར་བསྒྲུབས་པར་གྱུར་ན། བདག་ནི་སོ་སོའི་སྐྱེ་བོ་ཉིད་དུ་གནས་ཤིང་རྫུ་འཕྲུལ་མེད་པ་ལྟ་སྙམ་དུ་བསམས་པའོ། །ཡུད་ཙམ་ཞེས་བྱ་བ་ནི་འདིར་དུས་ཇི་སྲིད་ཀྱིས་བསམས་པའི་ངོན་འགྲུབ་པའི་ཡུལ་ལ་བྱ་བའོ། །མང་དུ་ཐོས་པ་ཞེས་བྱ་བ་ནི་མདོ་སྡེ་དང༌། །འདུལ་བ་དང་ཆོས་མངོན་པ་ལ་སོགས་པ་དམ་པའི་བསྟན་བཅོས་ལ་མཁས་པའོ། །གཞན་ལ་རག་མ་ལས་པ་ཞེས་བྱ་བ་ནི་རང་ལ་རག་ལས་པའོ། །ཆོས་གོས་ཀྱི་གྲྭ་ཞེས་བྱ་བ་ནི་མཐའ་མའོ། །འདབ་མ་བརྐྱང་བ་ཞེས་བྱ་བ་ནི་གཤོག་པ་ཕྱར་བའོ། །རྫས་མཁོས་སུ་འབེབས་པར་བྱེད་པ་ནི་ནང་དུ་འཇུད་པར་བྱེད་པའམ་བྲུངས་སུ་རྩིག་པར་བྱེད་པ་ནའོ། །སྐྱེས་ཞེས་བྱ་བ་ནི་དབུལ་བའོ། །དུས་ཡོལ་ཞེས་བྱ་བ་ནི་འདས་པའོ། །རེ་བ་མེད་པར་གྱུར་ཞེས་བྱ་བ་ནི་རེ་བ་ཆད་པའོ། །དམ་ཞག་པ་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཅིང་ལས་སུ་བསྐོས་པ་སྟེ་ཕྱག་རྒྱ་པ་ཞེས་བྱ་བའི་ཐ་ཚིག་གོ །འབྲུ་མར་གྱི་ཚིགས་མ་ཞེས་བྱ་བ་ནི་ཏིལ་གྱི་ཚིགས་མའོ། །ཀུན་ནས་དཀྲིས་པ་དྲག་པོས་ཞེས་བྱ་བ་ནི་སེམས་ཀྱི་ཞེ་སྡང་བ་དྲག་པོས་སོ། །སྡིག་པ་སྡིག་པ་ལས་ཤོགས་ཤིག་ཅེས་བྱ་བ་ནི་ཉེས་པ་ཉེས་པ་ཉིད་དུ་ཤོགས་ཤིག་པའོ། །བསྲབས་པ་ཉིད་ཅེས་བྱ་བ་ནི་ལས་མྱོང་བར་མ་ངེས་པ་རྣམས་ཀྱི་སྦྱོར་བ་ལས་བྱུང་བ་རྣམ་པར་མནན་པའོ། །ཡོངས་སུ་ཟད་པ་ཞེས་བྱ་བ་ནི་དངོས་གཞིའི་དུས་སུ་བྱུང་བ་རྣམས་རྣམ་པར་མནན་པའོ། །ཡོངས་སུ་མཐར་ཐུག་ཅེས་བྱ་བ་ནི་མཇུག་གི་དུས་སུ་བྱུང་བ་རྣམས་རྣམ་པར་མནན་པའོ། །རྙེད་པ་སྟོབས་པ་ཞེས་བྱ་བ་ནི་དགུན་དང་དབྱར་ལ་སོགས་པའི་རྙེད་པ་འབྲིམ་པར་བྱེད་པ་སྟེ་གསར་བུ་རྒད་པོ་ལ་སོགས་པའོ། །བསྒྱུར་ཞེས་བྱ་བ་ནི་གཞག་པའོ། །ཞལ་ལྟ་བྱེད་པ་ཞེས་བྱ་བ་ནི་ལས་བྱེད་པའོ། །ཁྱིམ་གྱིས་སྟོང་པ་ཞེས་བྱ་བ་ནི་ཁྱིམ་དག་མེད་པའོ། །རི་སུལ་ཞེས་བྱ་བ་ནི་ཆུའི་འོད་པས་བཟོས་པའི་རི་སུལ་ལོ། །རྩྭ་སྤྱིལ་
ཞེས་བྱ་བ་ནི་རྩྭའི་སྤྱིལ་པོའོ། །ཕྱིས་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུའོ། །རི་རབ་ཀྱི་བང་རིམ་ཞེས་བྱ་བ་ནི་རི་རབ་ལས་ཕྱི་རིམ་འཐོན་པ་བཞི་ཡོད་པ་ནི་རི་རབ་ཀྱི་བང་རིམ་ཞེས་བྱ་བའོ། །གསེར་གྱི་རི་བདུན་ཞེས་བྱ་བ་ནི་གཉའ་ཤིང་འཛིན་དང༌། གཤོལ་མདའ་འཛིན་དང༌། སེང་ལྡེང་ཅན་དང༌། བལྟ་ན་སྡུག་དང་རྟ་རྣ་རི་དང༌། རྣམ་པར་འདུད་དང༌། མུ་ཁྱུད་འཛིན་ཞེས་བྱ་བ་དག་གོ །མཚོ་ཆེན་པོ་མ་དྲོས་པ་དང་རྫིང་བུ་དལ་གྱིས་འབབ་ན་ཞེས་བྱ་བ་ནི་དེ་དག་གི་དྲུང་ན་གནས་ཡོད་པ་ནའོ། །དྲངས་ཞེས་བྱ་བ་ནི་ཁྱེར་བའོ། །མི་སྣང་བར་བྱེད་པ་ཞེས་བྱ་བ་ནི་ལུས་མི་སྣང་བར་བྱེད་པ་ནའོ། །ལྷུང་བཟེད་ཐོགས་པ་ཞེས་བྱ་བ་ནི་བཀུར་བ་ལ་སོགས་པའི་ཕྱིར་རོ། །འབྲས་ཆན་གྱི་གཟེགས་མ་གཅིག་ཅེས་བྱ་བ་ནི་འབྲུ་གཅིག་གོ །སྨོན་ལམ་ལོག་པ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ལོག་པར་བསྔོས་པའོ། །ལས་ཤིན་ཏུ་ཆེན་པོ་ཞེས་བྱ་བ་ནི་བསགས་པའོ། །ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་ཚོགས་པ་དང་དུས་དང་ལྡན་པའོ། །ཁ་ཅིག་ན་རེ་ཤིན་ཏུ་ཆེན་པོ་ཞེས་བྱ་བ་ནི་བསམས་པའི་བྱེ་བྲག་དང་ལྡན་པའོ། །ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་བསགས་པའི་ཕྱིར་རོ་ཞེས་ཟེར་རོ། །ལུས་བརྗེ་བ་ཞེས་བྱ་བ་ནི་འཆི་བའོ། །སེམས་འདི་ཐག་རིང་གྱུར་པ་སྟེ་ཞེས་བྱ་བ་ནི་ཟློག་པའི་མཐུ་ཉམས་པའི་ཕྱིར་རོ། །དེ་ཉིད་དུ་སྐྱེས་ཞེས་བྱ་བ་ནི་ཤི་འཕོས་ནས་སོ། །མུ་སྟེགས་ཅན་ཞུགས་པ་རབ་ཏུ་དབྱུང་བར་མི་བྱ་ཞིང་དེ་ལ་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དང༌། དེ་ལྟ་བུ་རབ་ཏུ་བྱུང་བའི་རྟགས་ཅན་བསྙིལ་བར་བྱ་བའི་བྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞག་བྲི་བར་གྱུར་ནས་ཞེས་བྱ་བ་ནི་སུན་ཅུ་མི་ཐུབ་པར་གྱུར་པ་སྟེ། དགུན་དང་སོ་ག་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་པའི། །ལྟག་མ་ཟླ་བ་ཕྱེད་པོ་དག །མཁས་པས་ཞག་ནི་ད་བྲི་བར་བྱ། །ཞེས་བཤད་པའི་ཕྱིར་རོ། །དེས་པ་ཞེས་བྱ་བ་ནི་བགྲུངས་པ་དང་ལྡན་པའོ། །འགྲོགས་ན་བདེ་བ་ཞེས་བྱ་བ་ནི་སྤྲོ་རིང་བའོ། །ངང་ཚུལ་ངན་པ་ཞེས་བྱ་བ་ནི་སྤྲོ་ཐུང་བ་ཡིན་གྱི་སྤྱོད་པ་ཉམས་པ་ནི་མ་ཡིན་ནོ། །ཚུལ་ཤིང་ཡང་ཕྱུང་བར་གྱུར་ཞེས་
བྱ་བ་ནི་བགྲང་བའི་དོན་གྱི་ཐུར་མ་ཡང་བོར་བར་འགྱུར་རོ། །སྤང་ལེབ་ཁྲིའུ་ཡང་བསྒྱུར་བར་འགྱུར་ཞེས་བྱ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ནང་སྟན་བཏིང་པ་གནས་ནས་བཏོན་པར་འགྱུར་བའོ། །སློང་པོར་ཡང་ཁས་ཕུབ་པར་འགྱུར་ཞེས་བྱ་བ་ནི་ཁྲིམས་སུ་བཅའ་བས་ལོངས་སྤྱོད་པ་ཉམས་པར་བྱེད་ཅིང་ཟས་ཀྱི་སྣོད་ཀྱང་ཉམས་པར་བྱེད་པའོ། །སློང་ཕོར་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་ལྷུང་བཟེད་ཀྱི་མིང་ངོ༌། ཁར་བ་ཡང་བོར་བར་འགྱུར་ཞེས་བྱ་བ་ནི་ཁར་པ་ཡང་གནས་ནས་ཕྱི་རོལ་དུ་བོར་བར་འགྱུར་བའོ། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ནང་ནས་ཀྱང་ཕྱུང་བར་འགྱུར་ཞེས་བྱ་བ་ནི་དེ་དག་གི་ནང་ནས་བསྐྲད་པར་འགྱུར་བའོ། །དགེ་སྐོས་ཞེས་བྱ་བ་ནི་གསར་བུ་རྒན་པོ་ལ་སོགས་པ་སྟེ། རྫས་བསྲུང་བར་བསྐོས་པའི་ཕྱིར་རོ། །བསྔོས་པ་ཞེས་བྱ་བ་ནི་བགྲངས་པ་ནའོ། །འདུན་པ་ཞེས་བྱ་བ་ནི་བསམ་པ་བརྗོད་པའོ། །རྒྱལ་མཚན་འདི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པའི་དགེ་སློང་གི་རྟགས་སོ། །ལྟ་བ་དེ་ལ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་ལྟ་བའོ། །དེར་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་གནས་སུའོ། །སྐྱ་རངས་འཆར་བར་བྱེད་ན་ཞེས་བྱ་བ་ནི་སྐྱ་རེངས་དང་པོའོ། །གང་ཟག་མ་བསད་པ་རབ་ཏུ་དབྱུང་བར་མི་བྱ་བ་དང༌། དེ་ལ་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དང་དེ་ལྟ་བུ་རབ་ཏུ་བྱུང་བའི་རྟགས་ཅན་བསྙིལ་བར་བྱ་བའི་བྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྱིམ་ཞེས་བྱ་བ་ནི་ཁང་པའོ། །ཐོག་ཐག་ཅེས་བྱ་བ་ནི་ཐམས་ཅད་དོ། །སྒོ་ཞེས་བྱ་བ་ནི་འབྱུང་བའོ། །རྟེན་པ་ཞེས་བྱ་བ་ནི་སྤྱོད་པའོ། །སྙིང་རྗེ་མེད་པ་ཞེས་བྱ་བ་ནི་སྙིང་བརྩེ་བ་མེད་པའོ། །མགོ་དྲུང་པ་ནས་བཅད་ཅེས་བྱ་བ་ནི་མགྲིན་པ་ནས་བཅད་པའོ། །འདར་ཞེས་བྱ་བ་ནི་འགུལ་པའོ། །བདག་དུ་མོ་དང་གཉིས་ཞེས་བྱ་བ་ནི་རྗེ་ཁོལ་གཉིས་སོ། །ཡོན་ཏན་དག་མངོན་པར་མི་ཤེས་ཞེས་བྱ་བ་ནི་བུའི་ཕ་མ་གཉིས་ནི་ཀ་བ་བྱད་པ་ཞེས་བྱ་བ་ལ་སོགས་པའི་ཕན་ཡོན་མི་ཤེས་པའོ། །གནས་སྐབས་ཞེས་བྱ་བ་ནི་ཆད་པའོ། །བཀུར་སྟི་བྱས་ཏེ་ཞེས་བྱ་བ་ནི་སྲེགས་ཏེའོ། །བསྟན་པ་ཞེས་བྱ་བ་ནི་
མངོན་པར་དགའ་བའོ། །སྡིག་པའི་ལས་ཟད་པར་འགྱུར་ཞེས་བྱ་བ་ནི་མ་བསད་པའི་ལས་འབྱུང་བར་འགྱུར་བའོ། །ཐབས་ཞེས་བྱ་བ་ནི་རྒྱུའོ། །ངེས་པར་འབྱུང་བའི་ཐབས་ཞེས་བྱ་བ་ནི་ཇི་ལྟར་བསམས་པའི་དོན་གྲུབ་པའི་རྒྱུའོ། །དགེ་བ་ཡིས་ནི་འགོག་བྱེད་དེ། །ཞེས་བྱ་བ་ནི་དགེ་བས་འབྱུང་བར་འགྱུར་བའོ། །དེ་སྣང་འགྱུར་ཞེས་བྱ་བ་ནི་སྡིག་པ་བསྲབས་པའི་ལུས་ནི་གསལ་བར་འགྱུར་བའི་ཕྱིར་རོ། །རྗེས་སུ་འཇུག་པར་བྱ་ཞེས་བྱ་བ་ནི་དད་པར་བྱས་པའོ། །བསྲོ་གང་ཞེས་བྱ་བ་ནི་ཁྲུས་ཀྱི་ཆོ་ག་ཡོ་བྱད་དང་བཅས་པའོ། །ཆོས་ཀྱི་འཁོར་སྡུད་སྡུད་པ་ཞེས་བྱ་བ་ནི་བསྡུ་བའི་དངོས་པོ་བཞིས་སོ། །འོད་ཟེར་དག་གིས་ཞེས་བྱ་བ་ནི་མེ་ལྕེ་དག་གིས་སོ། །སྐལ་ཆད་ཅེས་བྱ་བ་ནི་བསོད་ནམས་ཆུང་བའོ། །དགེ་བའི་སེམས་ཀྱིས་ཞེས་བྱ་བ་ནི་བསྲོ་གང་བྱེད་དུ་བཅུག་པས་སོ། །ལྷའི་བུ་མོ་ཞེས་བྱ་བ་ནི་ལྷ་མོའོ། །ཡོངས་སུ་གནས་པ་བསྟན་ཏེ་ཞེས་བྱ་བ་ནི་ཞག་ལོན་ཏེའོ། །རྣ་ཆ་གདུབ་འཁོར་གཡོ་ཞིང་དྲི་མ་མེད་པ་ཐོགས་ཏེ་ཞེས་བྱ་བ་ལ། རྣ་ཆ་གདུབ་འཁོར་ཞེས་བྱ་བ་ནི་རྣ་རྒྱན་གདུབ་འཁོར་ཅན་ནོ། །གཡོ་ཞིང་ཞེས་བྱ་བ་ནི་ཡང་བའོ། །དྲི་མ་མེད་པ་ཞེས་བྱ་བ་ནི་འོད་གསལ་བའོ། །ཐོགས་ཏེ་ཞེས་བྱ་བ་ནི་དེས་དེ་ཉིད་དོ། །ཐུ་བ་ཞེས་བྱ་བ་ནི་བླ་གོས་ཀྱི་གྲྭའོ། །ཁ་དོག་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་མི་ལས་ཤིན་ཏུ་འདས་པའི་ཁ་དོག་དང་ལྡན་པའི་ཕྱིར་རོ། །མཚན་མོ་ལ་བབ་པ་ཞེས་བྱ་བ་ནི་ནམ་སྲོས་པའོ། །འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོབ་ཞེས་བྱ་བ་ལ། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་ཡུལ་ལ་བདག་དང་བདག་གིར་ཤེས་པའོ། །རིའི་རྩེ་མོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དེ་ཉིད་གཞིག་དཀའ་བའི་ཕྱིར་རི་དང་འདྲའོ། །ཉི་ཤུ་ཞེས་བྱ་བ་ནི་བདག་གཟུགས་ཡིན་ཏེ་བདག་པོ་དང་འདྲ་བ་དང༌། བདག་གཟུགས་དང་ལྡན་ཏེ་རྒྱན་དང་འདྲ་བ་དང༌། གཟུགས་བདག་གི་ཡིན་ཏེ་བྲན་དང་འདྲ་བ་དང༌། གཟུགས་ལ་བདག་གནས་ཏེ་སྣོད་དང་འདྲ་བ་དང༌། བདག་ཚོར་བ་ཡིན་ཏེ་བདག་པོ་དང་འདྲ་བ་དང༌། བདག་ཚོར་བ་དང་ལྡན་ཏེ་རྒྱན་དང་འདྲ་བ་དང༌། ཚོར་བ་བདག་གི་ཡིན་ཏེ་བྲན་དང་འདྲ་བ་དང༌། ཚོར་བ་ལ་བདག་གནས་ཏེ་སྣོད་དང་འདྲ་བ་དང༌། བདག་འདུ་ཤེས་ཡིན་
ཏེ་བདག་པོ་དང་འདྲ་བ་དང༌། བདག་འདུ་ཤེས་དང་ལྡན་ཏེ་རྒྱན་དང་འདྲ་བ་དང༌། འདུ་ཤེས་བདག་གི་ཡིན་ཏེ་བྲན་དང་འདྲ་བ་དང༌། འདུ་ཤེས་ལ་བདག་གནས་ཏེ་སྣོད་དང་འདྲ་བ་དང༌། བདག་འདུ་བྱེད་ཡིན་ཏེ་བདག་པོ་དང་འདྲ་བ་དང༌། བདག་འདུ་བྱེད་དང་ལྡན་ཏེ་རྒྱན་དང་འདྲ་བ་དང༌། འདུ་བྱེད་བདག་གི་ཡིན་ཏེ་བྲན་དང་འདྲ་བ་དང༌། འདུ་བྱེད་ལ་བདག་གནས་ཏེ་སྣོད་དང་འདྲ་བ་དང༌། བདག་རྣམ་པར་ཤེས་པ་ཡིན་ཏེ་བདག་པོ་དང་འདྲ་བ་དང༌། བདག་རྣམ་པར་ཤེས་པ་དང་འདྲ་སྟེ་རྒྱན་དང་འདྲ་བ་དང༌། རྣམ་པར་ཤེས་པ་བདག་གི་ཡིན་ཏེ་བྲན་དང་འདྲ་བ་དང༌། རྣམ་པར་ཤེས་པ་བདག་ལ་གནས་ཏེ་སྣོད་དང་འདྲ་བ་ཞེས་བྱ་བ་བདག་ཏུ་ལྟ་བའི་རྣམ་པ་ཉི་ཤུ་པོ་དག་གོ །ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་མཐོང་བའི་ལམ་སྟེ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཅིག་ཅར་འཇོམས་པའི་ཕྱིར་རོ། །འོ་ན་བཟོད་པས་འཇིག་ཚོགས་ལ་ལྟ་བ་འཇོམས་ཀྱི་ཤེས་པ་མ་ཡིན་ཏེ། སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས། །གཞོམ་བྱ་མཐོང་བས་སྤང་བྱ་ཉིད། །ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱིས། །བཟོད་པས་གཞོམ་མིན་སྒོམ་ཁོ་ནས། །ཞེས་བཤད་ན། ཇི་ལྟར་ཡེ་ཤེས་རྡོ་རྗེས་འཇོམས་ཤེ་ན། བདེན་མོད་ཀྱི་འོན་ཀྱང་བཟོད་པ་དག་ནི་ཤེས་པའི་འཁོར་ཡིན་པས་ཤེས་པ་ལ་ཉེ་བར་གདགས་ཏེ། རྒྱལ་པོའི་འཁོར་རྒྱལ་པོ་ལ་ཉེ་བར་གདགས་པ་དང་འདྲ་བས་ཉེས་པ་མེད་དོ། །འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པ་ཞེས་བྱ་བ་ནི་བདེན་པ་བཞི་ཁོང་དུ་ཆུད་པར་བྱེད་པའོ། །སྔོན་གྱི་ཕ་མེས་ཞེས་བྱ་བ་ནི་མེས་པོ་ལ་སོགས་པ་ཉེ་དུ་སྔོན་ཤི་བ་དག་གོ །མཛའ་བ་ཤེས་ཞེས་བྱ་བ་ནི་གྲོགས་པོ་ལ་སོགས་པའོ། །རྩ་ལག་ཅེས་བྱ་བ་ནི་མེས་པོ་ཞེས་བྱ་བ་ལ་སོགས་པ་ཉེ་དུའོ། །བསྒོམས་ཞེས་བྱ་བ་ནི་ཡང་དག་པར་འགྱུར་བ་མེད་པའི་ཕྱིར་རོ། །བསྒྲལ་ཞེས་བྱ་བ་ནི་ཡང་སོགས་པར་འགྱུར་བ་མེད་པའི་ཕྱིར་རོ། །བསྐུམ་ཞེས་བྱ་བ་ནི་སྤང་དེར་འཇུག་པའི་ཕྱིར་རོ། །ཕྱེ་ཞེས་བྱ་བ་ནི་དེར་འགྲོ་བའི་ཕྱིར་རོ། །ཁྱོད་མཐུས་ཞེས་བྱ་བ་ནི་ཁྱོད་ཀྱིས་ཕན་བཏགས་པའི་མཐུས་སོ། །རབ་དྲག་ཅེས་བྱ་བ་ནི་རབ་ཏུ་འཇིགས་པའོ། །ཉེས་པ་མང་ལྡན་པ་ཞེས་བྱ་བ་ནི་མཚོན་དང་མེ་དང་ཚེ་མ་ཞེས་བྱ་བ་ལ་སོགས་པ་ཉེས་པ་དང་ལྡན་པའོ། །ངན་སོང་ཤུལ་ཞེས་བྱ་བ་ནི་ཡང་སོས་ལ་སོགས་པའི་སྒོའོ། །བཀག་
ཅེས་བྱ་བ་ནི་བཅད་པའོ། །བསོད་ནམས་རབ་ལྡན་པ་ཞེས་བྱ་བ་ནི་ཤིན་ཏུ་བཟང་བའོ། །མཐོ་རིས་འགྲོ་བ་ཞེས་བྱ་བ་ནི་རྒྱལ་ཆེན་བཞི་པ་ལ་སོགས་པའི་མཐོ་རིས་ཀྱི་ལམ་མོ། །ཕྱེ་ཞིང་ཞེས་བྱ་བ་ནི་བསྟན་ཞིང་ངོ༌། །མྱ་ངན་ལས་འདས་པའི་ཤུལ་ཞེས་བྱ་བ་ནི་འཕགས་པའི་ལམ་མོ། །ཐོབ་པར་གྱུར་ཞེས་བྱ་བ་ནི་ཤེས་པར་གྱུར་པའོ། །ཤིན་ཏུ་རྣམ་དག་ཅེས་བྱ་བ་ནི་བོད་པའི་ཚིག་སྟེ། བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །སྐྱོན་བྲལ་ཞེས་བྱ་བ་ནི་ཟག་པ་མེད་པའོ། །དག་པ་ཞེས་བྱ་བ་ནི་མ་ནོར་བའོ། །ཐོབ་ཅིང་ཞེས་བྱ་བ་ནི་རྙེད་ཅིང་ངོ༌། །གོ་འཕང་ཞི་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ་སྡུག་བསྔལ་ཞི་བའི་ཕྱིར་རོ། །འཕགས་པ་དགྱེས་པ་ཞེས་བྱ་བ་ནི་འཕགས་པ་རྣམས་བཞད་པའོ། །སྡུག་བསྔལ་རྒྱ་མཚོ་ཕ་རོལ་རྒལ་བར་འགྱུར། །ཞེས་བྱ་བ་ནི་འཁོར་བའི་ཆ་ལས་རྒྱལ་བར་གྱུར་པ་སྟེ། སྲིད་པ་བདུན་པ་ལས་མེད་པའི་ཕྱིར་རོ། །འགྲོ་བ་ལྷ་མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་བ་རབ་དཀོན་པ། །ཐུབ་པ་ཞེས་བྱ་བ་ནི་བོད་པའོ། །འགྲོ་བར་ཞེས་བྱ་བ་ནི་ཁམས་གསུམ་པའི་འཁོར་བར་རོ། །འདུད་བྱས་ཞེས་བྱ་བ་ནི་ཞབས་གཉིས་ལ་ཕྱག་བྱས་པ་སྟེ། ཞབས་གཉིས་ལ་ཡན་ལག་ལྔས་འདུད་པར་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ །དོ་ཤལ་རབ་འཕྱང་བས་ཞེས་བྱ་བས་ནི་དོ་ཤལ་དང་སེ་མོ་དོས་བརྒྱན་པའི་ལུས་ཀྱིས་སོ། །དགྲ་ཐུལ་གཡས་ནས་ཡོངས་སུ་བསྐོར་བྱས་ཏེ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ནས་སོང་བ་སྟེ་གཡས་ཕྱོགས་ནས་བསྐོར་ཞེས་བྱ་བའི་ཐ་ཚིག་གོ །མཁའ་ལ་སོང་ཞེས་བྱ་བ་ནི་བར་སྣང་ལ་སོང་ཞེས་བྱ་བའི་ཐ་ཚིག་གོ །ཚོང་པ་ཁེ་སྤོགས་རྙེད་པ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ནི་དགའ་བའི་ཁྱད་པར་ཐོབ་པའི་དཔེའོ། །ཆ་ལུགས་གང་གིས་ཞེས་བྱ་བ་ནི་རྣ་ཆ་གདུབ་འཁོར་གཡོ་ཞིང་དྲི་མ་མེད་པ་ཐོགས་ཏེ། དོ་ཤལ་དང་སེ་མོ་དོས་བརྒྱན་པའི་ལུས་ཀྱིས་ཞེས་སྔར་བསྟན་པ་ཉིད་ཀྱིས་སོ། །ཁར་ཕོར་ཞེས་བྱ་བ་ནི་ཁར་བ་ལས་བྱས་པའི་སྣོད་དོ། །ཀྱེ་མ་སངས་རྒྱས་ཀྱེ་མ་ཆོས་ཀྱེ་མ་དགེ་འདུན་ཀྱེ་མ་ཆོས་ཀྱི་ལེགས་པ་གསུངས་པ་ཉིད་ཅེས་བྱ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དང་བསྟན་པའི་ཆོས་
ཀྱི་ལེགས་པར་གསུངས་པ་ཐུན་མོང་པ་སྤྱིར་ཕན་འདོགས་པ་ཉིད་དོ། མཚར་ཆེའོ་ཞེས་བྱ་བའི་ཐ་ཚིག་གོ །ཆད་དུ་བརྗོད་པ་ཞེས་བྱ་བ་ནི་ཐུན་མོང་གི་ཡོན་ཏན་སྤྱིར་བསྟོད་པའོ། །རངས་ཞེས་བྱ་བ་ནི་བཞིན་རབ་ཏུ་དང་བས་སོ། །མགུ་ཞེས་བྱ་བ་ནི་མངོན་པར་འདོད་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །མཆོག་ཏུ་དགའ་བ་ཞེས་བྱ་བ་ནི་སྐད་རབ་ཏུ་གསལ་བས་སོ། །དྲི་བའི་ལན་གདབ་པའོ་ཞེས་བྱ་བ་ནི་དྲིས་པར་བསྟན་པའོ། །དུས་མ་ཡིན་གྱིས་ཞེས་བྱ་བ་ནི་དེ་ནི་སྐྱེ་བོ་མང་པོ་མེད་ལ། དགེ་འདུན་གྱི་ནང་ན་སྐྱེ་བོ་མང་པོ་ཡོད་པའི་ཕྱིར་རོ། །སྐབས་དེ་ཞེས་བྱ་བ་ནི་མཁན་པོ་དགེ་བའི་སེམས་ཀྱིས་དུས་ལ་བབ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཤིང་འཕགས་པའི་བདེན་པ་མཐོང་བར་གྱུར་པའི་སྐབས་དེའོ། །གང་ཟག་ཕ་བསད་པ་རབ་ཏུ་དབྱུང་བར་མི་བྱ་དེ་ལ་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དང༌། དེ་ལྟ་བུར་རབ་ཏུ་བྱུང་བའི་རྟགས་ཅན་བསྙིལ་བར་བྱ་བའི་མཐའ་བསྟན་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚིག་གི་དོན་གཞན་ནི་སྔ་མ་བཞིན་ནོ། །སྡོམ་ལ། དགྲ་བཅོམ་བསད་དང་ཞེས་བྱ་བ་ལ་སོགས་པ་ནི་སྔར་རབ་ཏུ་འབྱུང་བའི་གཞིའི་སྤྱི་སྡོམ་ལས་དགྲ་བཅོམ་བ་བསད་པ་དང་ཞེས་སྨོས་པའི་སྡོམ་གྱི་ཚིགས་སུ་བཅད་པ་ཡིན་པར་སྦྱར་རོ། །གང་ཟག་དགྲ་བཅོམ་པ་བསད་པ་རབ་ཏུ་དབྱུང་བར་མི་བྱ་ཞིང་དེ་ལ་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དང༌། དེ་ལྟ་བུ་རབ་ཏུ་བྱུང་བའི་རྟགས་ཅན་བསྙིལ་བར་བྱ་བའི་བྱུང་བའི་མཐའ་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀོ་ས་ལར་བྱུང་བ་ཞེས་བྱ་བ་ནི་ཡུལ་ཀོ་ས་ལར་སྐྱེས་པའོ། །གཞོན་ནུའི་དཔེའི་མདོ་སྡེ་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞི་པོ་འདི་དག་ནི་གཞོན་ནི་ཁྱད་དུ་གསད་པར་མི་བྱ་ཞིང་གཞོན་ནུ་ཟིལ་གྱིས་མནན་པར་མི་བྱའོ། །བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་རྒྱལ་རིགས་གཞོན་ནུ་ཁྱད་དུ་གསད་པར་མི་བྱ་ཞིང་གཞོན་ནུ་ཟིལ་གྱིས་མནན་པར་མི་བྱ་བ་དང༌། རྒྱལ་པོ་ཆེན་པོ་བྲང་འགྲོ་གཞོན་ནུ་ཁྱད་དུ་གསད་པར་མི་བྱ་ཞིང༌། གཞོན་ནུ་ཟིལ་གྱིས་མནན་པར་མི་བྱ་བ་དང༌། རྒྱལ་པོ་ཆེན་པོ་
མེ་ཆུང་དུ་ཁྱད་དུ་གསད་པར་མི་བྱ་ཞིང་མེ་ཆུང་དུ་ཟིལ་གྱིས་མནན་པར་མི་བྱ་བ་དང༌། རྒྱལ་པོ་ཆེན་པོ་དགེ་སློང་གཞོན་ནུ་ཁྱད་དུ་གསད་པར་མི་བྱ་ཞིང༌། གཞོན་ནུ་ཟིལ་གྱིས་མནན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་དགེ་སློང་གཞོན་ནུ་ཡིན་ཡང་དེ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གཞོན་ནུ་ལས་དཔེ་བླངས་པའི་མདོ་སྡེ་སྟེ། དེ་ཉིད་གཞུང་འདི་ལས་དགེ་འདུན་གྱི་དབྱེན་གྱི་གཞིའི་སྐབས་ནས་འོག་ནས་འབྱུང་ངོ༌། །བཏུལ་ཞེས་བྱ་བ་ནི་འདུལ་བར་བྱས་པ་སྟེ། དཀོན་མཆོག་གསུམ་ལ་དད་པར་བྱས་ཞེས་བྱ་བའི་ཐ་ཚིག་གོ །ས་མཚམས་ཀྱེ་བར་ཞེས་བྱ་བ་ནི་མཚམས་ཀྱི་བར་རོ། །སེལ་བ་དང་བཅས་པ་ཞེས་བྱ་བ་ནི་དཔུང་དང་བཅས་པའོ། །བྱ་མ་རྟ་ཞེས་བྱ་བ་ནི་ཉན་རྣ་སྟེ་བྱ་ར་བ་ཞེས་བྱ་བའི་ཐ་ཚིག་གོ །བཏང་སྙོམས་ཞེས་བྱ་བ་ནི་བརྩལ་བ་ཆུང་ངུའོ། །མ་བསམས་པར་ཞེས་བྱ་བ་ནི་སོ་སོར་མ་བརྟགས་པར་རོ། །སྐྲ་ཡེགས་ཞེས་བྱ་བ་ནི་སྐྲ་འགྲེང་བ་དང༌། སྐྲ་འཕྱར་བར་གྱུར་པའོ། །ཀུ་ཅོ་འདོན་ཞེས་བྱ་བ་ནི་དུ་བའི་སྒྲ་འབྱིན་པའོ། །བག་ཡངས་སུ་ཞེས་བྱ་བ་ནི་བག་ཚ་བ་མེད་པར་རོ། །གསོན་པོར་བཟུང་སྟེ་ཞེས་བྱ་བ་ནི་སྲོག་དང་ལྡན་བཞིན་དུ་བཟུང་སྟེའོ། །ལམ་པོ་ཆེ་ཞེས་བྱ་བ་ནི་ཤིང་རྟའི་ལམ་མོ། །སྲང་ཞེས་བྱ་བ་ནི་ལམ་དོག་པའམ་ཚོང་འདུས་ཀྱི་དབུས་སོ། །རྗེས་སུ་སྒྲོགས་ཤིང་ཞེས་བྱ་བ་ནི་གང་དེ་དག་བྱ་བ་མ་ཡིན་པ་བྱེད་པ་དེ་དག་ལ་ཆད་པ་འདི་ལྟ་བུ་བྱའོ་ཞེས་ཐམས་ཅད་དུ་གོ་བར་བྱེད་ཅིང་ངོ༌། །གསད་པ་ཞེས་བྱ་བ་ནི་གསད་པའི་གནས་ཏེ་དུར་ཁྲོད་ལ་སོགས་པའོ། །རྒུད་པ་ཞེས་བྱ་བ་ནི་དཔལ་མེད་པའོ། །འབྱོར་བ་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པའོ། །ཅིའི་ཕྱིར་འབྱོར་པ་ཀུན་དུ་སྐྱོ་བར་འགྱུར་བའི་གནས་ཡིན་ཞེ་ན། རྒྱལ་པོ་དང་རྐུན་པོ་ལ་སོགས་པ་དང་ཐུན་མོང་ཡིན་པས་གནོད་པ་དང༌། མི་བརྟན་པ་ཉིད་དུ་ཀུན་དུ་སྐྱོ་བར་འགྱུར་བ་དང༌། རང་གི་ལས་ཀྱིས་འཕངས་པས་གཞན་ལ་བསྒྱུར་དུ་མེད་པའི་ཕྱིར་ལས་ལ་ཀུན་དུ་སྐྱོ་བར་འགྱུར་བའི་ཕྱིར་དེ་དག་ཀྱང་སྙེམས་པ་རྣམས་དང༌། ཞུམ་པ་རྣམས་ཀུན་དུ་སྐྱོ་བ་བསྐྱེད་པའི་ཕྱིར་རོ། །གང་ཟག་དགེ་འདུན་གྱི་དབྱིན་བྱས་པ་རབ་ཏུ་དབྱུང་བར་མི་བྱ་ཞིང་དེ་ལ་སྔོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དང༌། དེ་ལྟ་བུ་རབ་ཏུ་དབྱུང་བའི་རྟགས་ཅན་བསྙིལ་བར་བྱ་བ་བསྟན་པའི་
ཕྱིར་གང་གིས་སྔོན་རབ་ཏུ་བྱུང་བ་ན། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་བྱེ་བ་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་བྱུང་བའི་མཐའ་ལས་བཅས་པ་ནི་མ་ཡིན་གྱི་ཞུས་པའི་སྐབས་ནས་བཤད་པ་ཡིན་ནོ། །དགེ་འདུན་གྱི་དབྱེན་ཞེས་བྱ་བ་ནི་ལྷ་སྦྱིན་དང་སྦོམ་དགའ་མོ་ལྟ་བུས་དགེ་འདུན་བརྒྱད་ལ་སོགས་པ་གཉིས་སུ་ཕྱེ་བ་སྟེ་དེ་བྱས་ནས་སྡོམ་པ་བཏང་སྟེ། བསམས་ནས་ཡང་རབ་ཏུ་འབྱུང་བར་འདོད་ན་དེ་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱ་ཞིང་དེ་ལ་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དང༌། དེ་ལྟ་བུ་རབ་ཏུ་བྱུང་བའི་རྟགས་ཅན་བསྙིལ་བར་གསུངས་སོ། །དགེ་འདུན་གྱི་དབྱེན་ནི་ཁྱིམ་པས་བྱེད་པར་མི་ནུས་པས་འདིར་སྔོན་རབ་ཏུ་བྱུང་བ་ན་ཞེས་སྨོས་ཏེ། སྐྱེས་པ་རབ་ཏུ་འབྱུང་བ་ལ་བར་ཆད་འདི་དྲི་བར་བྱའི། །བུད་མེད་ལ་ནི་དྲི་མི་དགོས་ཏེ། བུད་མེད་སྔོན་རབ་ཏུ་བྱུང་བ་ལ་ལན་གཉིས་སུ་རབ་ཏུ་འབྱུང་བ་བཀག་ཟིན་པའི་ཕྱིར་རོ། །གང་ཟག་དེ་བཞིན་གཤེགས་པ་ལང་ན་སེམས་ཀྱིས་ཁྲག་ཕྱུང་བ་རབ་ཏུ་དབྱུང་བར་མི་བྱ་ཞིང་དེ་ལ་སྔོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དང༌། དེ་ལྟ་བུ་རབ་ཏུ་བྱུང་བའི་རྟགས་ཅན་བསྙིལ་བར་བྱ་བ་བསྟན་པའི་ཕྱིར། གང་གིས་དེ་བཞིན་གཤེགས་པ་ལས་ངན་སེམས་ཀྱིས་ཁྲག་ཕྱུང་བདེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་བྱུང་བའི་མཐའ་ལས་བཅས་པ་ནི་མ་ཡིན་གྱི་ཞུས་པའི་སྐབས་ནས་བཤད་པ་ཡིན་ནོ། །ངན་སེམས་ཀྱིས་ཁྲག་ཕྱུང་བ་ཞེས་བྱ་བ་ནི་བསད་པའི་བསམ་ཕས་ངན་སེམས་ཀྱིས་ཁྲག་ཕྱུང་བ་སྟེ། འདི་ནི་ཁྱིམ་པས་ཀྱང་བྱར་རུང་བས་འདིར་སྔོན་རབ་ཏུ་བྱུང་བ་ན་ཞེས་མ་སྨོས་ཏེ། སྐྱེས་པ་དང་བུད་མེད་གང་གིས་དེ་བྱས་པ་རབ་ཏུ་དབྱུང་བར་མི་བྱ་རྫོགས་པར་བསྙེན་པར་མི་བྱ་ཞིང་དེ་ལ་སྔོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དང༌། དེ་ལྟ་བུ་རབ་ཏུ་བྱུང་བའི་རྟགས་ཅན་བསྙིལ་བར་གསུངས་ཏེ། འདི་ནི་སྐྱེས་པ་དང་བུད་མེད་གཉིས་ལ་དྲི་བར་བྱའོ། །གང་ཟག་ཕམ་པར་གྱུར་པ་བཞི་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ་རབ་ཏུ་དབྱུང་བར་མི་བྱ་ཞིང་དེ་ལ་སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དང༌། དེ་ལྟ་བུ་རབ་ཏུ་བྱུང་བའི་རྟགས་ཅན་བསྙིལ་བར་བྱ་བ་བསྟན་པའི་ཕྱིར། གང་སྔོན་རབ་ཏུ་བྱུང་བ་ན་ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་བྱུང་བའི་མཐའ་ལས་བཅས་པ་ནི་མ་ཡིན་གྱི། ཞུས་པའི་
སྐབས་ནས་བཤད་པ་ཡིན་ནོ། །གང་ཡང་རུང་བ་ཞེས་བྱ་བ་སྨོས་པ་ནི་གཅིག་གིས་ཀྱང་སྐྱེ་བའི་ཆོས་ཉིད་མེད་པ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །འདི་ཡང་སྐྱེས་པས་སྔོན་རབ་ཏུ་བྱུང་བས་དེ་བྱས་ནས་བབས་ཏེ་ཡང་རབ་ཏུ་འབྱུང་བར་འདོད་ན་དེ་རབ་ཏུ་དབྱུང་བ་དང༌། རྫོགས་པར་བསྙེན་པར་མི་བྱ་ཞིང་དེ་ལ་སྔོམ་པ་སྐྱེ་བའི་ཆོས་ཉིད་མེད་པ་དང༌། དེ་ལྟ་བུ་རབ་ཏུ་བྱུང་བའི་རྟགས་ཅན་བསྙིལ་བར་གསུངས་པས་སྐྱེས་པ་རབ་ཏུ་འབྱུང་བ་ལ་བར་ཆད་འདི་འདྲི་བར་བྱའི། །བུད་མེད་ལ་ནི་དྲི་མི་དགོས་ཏེ་བུད་མེད་སྔོན་རབ་ཏུ་བྱུང་བ་ལན་གཉིས་སུ་རབ་ཏུ་འབྱུང་བ་བཀག་ཟིན་པའི་ཕྱིར་རོ། །བུད་མེད་ཕམ་པར་འགྱུར་བ་ཐུན་མོང་མ་ཡིན་པ་བཞི་ལས་གང་ཡང་རུང་བ་བྱུང་བ་མཚན་གྱུར་ནས་ཡང་རབ་ཏུ་འབྱུང་བར་འདོད་ན་དེ་ནི་སྔོམ་པའི་ཞིང་ཡིན་པས་རབ་ཏུ་དབྱུང་བར་བྱའོ། །གང་ཟག་རྒྱུ་ལས་བཟློག་པའི་ཆད་པས་ཁས་མི་ལེན་པ་དག་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱ་བ་བསྟན་པའི་ཕྱིར། གང་ཟག་མ་མཐོང་བ་གནས་ནས་ཕྱུང་བ་བབས་པ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་སློང་ལྟུང་བ་མ་མཐོང་བས་གནས་ནས་ཕྱུང་བ་དང་ཕྱིར་མི་འཆོས་པས་གནས་ནས་ཕྱུང་བ་དང༌། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་ཕྱུང་བ་བབས་པ་ཞིག་རྒྱུ་གང་གིས་སྔོན་གནས་ནས་ཕྱུང་བའི་རྒྱུ་དེ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་ཡང་རབ་ཏུ་འབྱུང་བར་འདོད་ན་རབ་ཏུ་དབྱུང་བར་མི་བྱའོ། །ཁས་ལེན་ན་ནི་རབ་ཏུ་དབྱུང་བར་བྱའོ། །རྫོགས་པར་བསྙེན་ན་བཟོད་པར་གསོལ་ཟིན་པ་ཡིན་པས་ཡང་བཟོད་པར་གསོལ་མི་དགོས་སོ། །གལ་ཏེ་རྫོགས་པར་བསྙེན་ནས་ཁས་མི་ལེན་པ་ནི་ཚོགས་པ་ཡོད་ན་ཡང་ཆད་པས་བཅད་དོ། །གལ་ཏེ་མ་མཐོང་ངོ་ཞེས་བརྫུན་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །མ་མཐོང་བས་གནས་ནས་ཕྱུང་བ་གསུམ་ཇི་ལྟ་བ་བཞིན་དུ་ནན་ཏུར་གྱི་ལས་བསྡིགས་པ་ལ་སོགས་པ་བཞིན་ནོ། །སྔོམ་ལ། ལག་རྡུམ་དག་དང་ཞེས་བྱ་བ་ལ་སོགས་པ་ནི་སྔར་རབ་ཏུ་བྱུང་བའི་གཞིའི་སྤྱི་སྡོམ་པ་ལས་ལག་རྡུམ་གྱི་སྡེ་ཚན་ཡང་དག་པར་བསྡུས་པ་ཡིན་ཞེས་སྨོས་པའི་སྡོམ་གྱི་ཚིགས་སུ་བཅད་པ་ཡིན་པར་སྦྱར་རོ། །དེ་ལ་གང་གི་ལག་པ་མཁྲིག་མ་ཕན་ཆད་ཆད་པ་དེ་དག་ནི་ལག་རྡུམ་དག་གོ །གང་དག་གི་རྐང་པ་ལོང་བུ་མན་ཆད་ཆད་པ་ང་དག་ནི་རྐང་རྡུམ་
དག་གོ །གང་དག་གི་ལག་པའི་སོར་མོ་སྦྲུལ་གྱི་གདེངས་ཀ་འདྲ་བ་དེ་དག་ནི་ལག་སོར་ཟླུམ་པོར་འཇས་པ་དག་གོ །གང་དག་གི་མཆུ་གཉིས་མེད་པ་དེ་དག་ནི་མཆུ་མེད་དག་གོ །གང་གི་ལུས་ལ་རྨ་མཚན་དག་ཡོད་པ་དེ་དག་ནི་ལུས་ལ་རྨ་མཚན་ཅན་དག་སྟེ། སྣག་ཚ་ལ་སོགས་པས་ལག་པ་ལ་བྲིས་པ་ནི་ལུས་ལ་རྨ་མཚན་ཅན་ཡིན་ཏེ། ཁབ་ལ་སོགས་པས་གཙགས་ཤིང་ཁྱི་རྗེས་ལ་སོགས་པའི་མངོན་མཚན་དག་གིས་མཚན་བཏབ་པའི་ཕྱིར་རོ། །ལྕག་ལ་སོགས་པས་གཞུས་པའི་རྨ་མཚན་ཡང་ཡིན་ནོ། །རྒས་པས་སྦྱོར་མི་བཟོད་པ་དག་ནི་རྒན་ཆེས་པ་དག་གོ །ལོ་བཅོ་ལྔ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་དག་དང། བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ་དག་ནི་གཞོན་ཆེས་པ་དག་གོ །རྐང་པ་འཐེང་ཞིང་ལེག་ལེག་པར་འགྲོ་བ་ནི་ཐེང་བའོ། །བརླའི་ཕྱོགས་རླུང་བྱ་རྒོད་འགྲོས་ཀྱིས་ཀུན་དུ་ཉམས་པར་གྱུར་པ་ནི་སྨད་འཆལ་ལོ། །མིག་ཡ་གཅིག་པ་ནི་ཞར་པའོ། །གང་གི་མཁྲིག་མའི་ཕྱོགས་ན་མཚན་མ་ཙམ་གྱི་ལག་པ་ཡོད་ཅིང་ཅུང་ཟད་ཀྱང་བྱེད་མི་ནུས་པ་ནི་ལག་སོར་རྡུམ་པོའོ། །བྲང་དང་རྒལ་ཚིགས་ཞོམས་པ་ནི་རྒུར་པོའོ། །ཧ་ཅང་ལུས་ཆུང་བར་གྲགས་པ་ནི་མིའུ་ཆུང་ངོ༌། །གང་གི་ལྐོག་མ་ལ་ལྦ་བ་ཡོད་པ་དེ་ནི་ལྦ་བ་ཅན་ནོ། །སྨྲ་མི་ནུས་པ་ནི་ལྐུགས་པའོ། །དོན་དང་བཅས་པའི་སྒྲ་ཐོས་པར་མི་ནུས་པ་ནི་འོན་པའོ། །གང་ལག་པ་གཉིས་ལག་རྟེན་ལ་བརྟེན་ནས་གཟུགས་བཞིས་འཕྱེ་བ་ནི་རྟེན་འཕྱེའོ། །མི་གཉིས་པ་ནི་གྲུམ་པོ་ཞེས་ཀྱང་བྱའོ། །གང་གི་རྐང་པ་ལ་ནད་ཀྱི་རིགས་རྐང་བ་མ་ཡོད་པ་དེ་ནི་རྐང་བ་མ་མོ། །བུད་མེད་དག་ཤས་ཆེར་བསྟེན་པས་མཐུ་དང་གཟི་བརྗིད་ཟད་ཅིང་ལུས་མི་བདེ་བ་བུད་མེད་ཀྱིས་དུབ་པ་དག་ནི་བུད་མེད་ཀྱིས་དུབ་མ་དག་གོ །དེ་བཞིན་དུ་མི་བཟོད་པའི་ཁུར་ཐོགས་པའི་ཕྱིར་ཁུར་གྱིས་དུབ་པ་དག་གོ །ལམ་དུ་འགྲོ་བ་དྲགས་པའི་ཕྱིར་ལམ་གྱིས་དུབ་བ་རྣམས་སོ། །ཡ་ཟ་མ་ལུག་ཅེས་བྱ་བ་ནི་གང་དག་ལ་ཇི་ལྟར་ཟོས་པ་མ་ཞུ་བར་ཐུར་དུ་འབྱུང་བའོ། །གཞན་དག་ནི་འདི་སྐད་ཟེར་ཏེ། གང་གི་རྐང་པ་ལྕགས་སྒྲོག་གིས་ཉམས་པ་ལྕགས་སྒྲོག་ལས་བཀྲོལ་ཡང་བཅིངས་པ་བཞིན་དུ་འགྲོ་བ་ནི་སྒྲོག་བཀྲོལ་ཞེས་བྱའོ་ཞེས་ཟེར་རོ། །དེ་ལ་དང་པོ་ནི་ཁ་ཟས་ལ་སོགས་པ་ཐུར་དུ་འཛག་པ་དེ་ནི་ཡ་ཟ་མ་ལུག་གོ །ཕྱོགས་ཕྱི་མ་ལ་ནི་ལྕགས་སྒྲོག་གི་འཆིང་བ་ལས་
བཀྲོལ་བས་སྒྲོག་བཀྲོལ་ཞེས་བྱའོ། །ཡང་ན་བཀྲོལ་ཡང་ལྕགས་སྒྲོག་ཏུ་བཅུག་པ་བཞིན་དུ་རྐང་པ་ཁྲིས་ཁྲིས་པོར་འགྲོ་བའི་ཕྱིར་སྒྲོག་བཀྲོལ་ཞེས་བྱའོ། །རྟ་གམ་པ་ཞེས་བྱ་བ་ནི་གང་དག་ལང་ཚོ་ལ་མ་བབ་པ་ཁོ་ནར་ནད་ལ་སོགས་པས་དེ་ལྟར་ཉམས་པར་གྱུར་ཅིང་ཏེ་པོར་རྒས་པས་ཉམས་པ་བཞིན་དུ་བྱ་བ་ཅུང་ཟད་ཀྱང་བྱེད་མི་ནུས་པ་སྟེ། བྱུང་བ་ཉིད་ནས་དེ་དག་གི་ལང་ཚེ་ཉམས་པར་གྱུར་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བུའི་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུའིའོ། །མི་རྣམས་ནི་ཞེས་བྱ་བ་ནི་ལག་རྡུམ་ལ་སོགས་པའི་མི་རྣམས་སོ། །དྲང་སྲོང་ཆེན་པོས་ཞེས་བྱ་བ་ནི་དེ་ནི་དྲང་སྲོང་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་དྲང་སྲོང་ཆེན་པོ་སྟེ་དེས་སོ། །དགག་པ་མཛད་ཅེས་བྱ་བ་ནི་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པའི་ཕྱིར་བཀག་པའོ། །འདི་དག་གིས་མཚོན་པ་རབ་ཏུ་འབྱུང་བའི་གཞིའི་སྐབས་སུ་འདུལ་བ་ཕྲན་ཚེགས་ལ་སོགས་པ་ལས་སྐྲ་སེར་ལ་སོགས་པ་དང། སེན་པོ་གཅིག་པ་དང༌། རྒྱལ་པོས་བཀྲབས་པ་ལ་སོགས་པ་དང༌། རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་དང༌། ཆོམ་རྐུན་པར་གྲགས་པ་དང༌། ཕུང་ཁྲོལ་བ་དང༌། ལྷམ་མཁན་དང༌། གདོལ་བ་དང༌། གཡུང་པོ་ལ་སོགས་པ་དང་མི་མ་ཡིན་པའི་འགྲོ་བ་དང༌། བྱང་གི་སྒྲ་མི་སྙན་པ་དང༌། མཚན་ལན་གསུམ་གྱུར་པ་དང༌། སྐྱེས་པ་འདྲ་བའི་བུད་མེད་དང༌། བུད་མེད་འདྲ་བའི་སྐྱེས་པ་དང༌། སྡིག་སྡིག་ལྟ་བུའི་མཚན་ཉིད་དང༌། གླིང་གཞན་ནས་སྐྱེས་པ་ཚུལ་བྱེད་མི་འདྲ་བ་ལ་སོགས་པ་རིགས་དང་ལུས་ལ་སྐྱོན་ཆགས་པ་དག་ནི་རབ་ཏུ་དབྱུང་བར་ཡང་མི་བྱ་ལ། རབ་ཏུ་བྱུང་ན་ཡང་ཉེ་བར་གཞག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཛེས་པ་རབ་ཏུ་དབྱུང་བ་དང༌། །ཡོངས་སུ་དག་པ་རྫོགས་པ་བསྙེན་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་གསུངས་སོ། །བསྡུ་བར་བྱ་བའི་སྐབས་སོ་ཞེས་བྱ་བ་ནི་རིགས་དང་ལུས་ལ་སྐྱོན་ཆགས་པ་མ་ཡིན་པ་རབ་ཏུ་དབྱུང་བར་བྱ་བའི་སྐབས་ཏེ། རིགས་ལ་སྐྱོན་ཆགས་པ་ནི་ལྷམ་མཁན་དང༌། གདོལ་པ་དང༌། གཡུང་པོའི་རིགས་སོ། །ལུས་ལ་སྐྱོན་ཆགས་པ་ནི་རྣམ་པ་གཉིས་ཏེ། དབྱིབས་ལས་དང༌། ཁ་དོག་ལས་སོ། །དེ་ལ་དབྱིབས་ལས་སྐྱོན་ཆགས་པ་ནི་ལག་རྡུམ་ལ་སོགས་པའོ། །ཁ་དོག་ལས་སྐྱོན་
ཆགས་པ་ནི་ལུས་རྨ་མཚན་ཅན་ལ་སོགས་པའོ། །རབ་ཏུ་འབྱུང་བའི་གཞི་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །།དེ་ལྟར་རབ་ཏུ་འབྱུང་བའི་གཞི་རྒྱ་ཆེར་བཤད་ནས། ད་ནི་གསོ་སྦྱོང་གི་གཞི་བཤད་པར་བྱའོ། །དེའི་ཕྱིར་གསོ་སྦྱོང་གི་གཞིའི་སྤྱི་སྡོམ་ལ་ཞེས་བྱ་བ་གསུངས་ཏེ། འདིས་ནི་གསོ་སྦྱོང་གི་གཞི་ཐམས་ཅད་སྡུད་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་ནི་རྣམ་པ་གཉིས་སུ་གསུངས་ཏེ། ཞི་གནས་ཀྱི་གསོ་སྦྱོང་དང༌། མཐུན་པའི་གསོ་སྦྱོང་ངོ༌། །དེ་ལ་གཙོ་བོ་ཡིན་པའི་ཕྱིར་དང༌། བརྗོད་པར་བྱ་བ་ཉུང་བའི་ཕྱིར་ཇེ་དང་པོར་ཞི་གནས་ཀྱི་གསོ་སྦྱོང་རྣམ་པར་བཤད་པར་བྱའོ། །དེའི་ཕྱིར་སྡོམ་པ། མུ་སྟེགས་ཅན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་གསོ་སྦྱོང་གི་གཞིའི་སྤྱི་སྡོམ་ལས་མུ་སྟེགས་ཅན་དང་ཞེས་སྔར་སྨོས་པའི་སྡོམ་གྱི་ཚིགས་སུ་བཅད་པ་ཡིན་པར་སྦྱར་རོ། །ནང་པར་ནང་པར་ཞིང་ཞེས་བྱ་བ་ནི་ཉི་མ་རེ་རེ་ཞིང་ངམ་ནང་པར་སྔར་རོ། །ལྟ་དང་བསྙེན་བཀུར་བྱ་བའི་ཕྱིར། །ཞེས་བྱ་བ་ནི་ཕྱག་བྱ་བ་དང༌། དེའི་ལུང་རྗེས་སུ་བསྒྲུབ་པའི་ཕྱིར་རོ། །ཡིད་དུ་འཐད་པ་ཞེས་བྱ་བ་ནི་ཡིད་ཀྱི་དུས་ཐམས་ཅད་དུ་ཡོན་ཏན་དག་ཡང་དག་པར་རྗེས་སུ་དྲན་པར་བྱའོ། །ཀུན་དགའ་ར་བ་ཞེས་བྱ་བ་ནི་མུ་སྟེགས་ཅན་དག་གི་འདུག་གནས་སོ། །འདུག་པ་ཞེས་བྱ་བ་ནི་རྐུབ་ཚོས་བཞག་ནས་རྣལ་འབྱོར་ལ་འདུག་སྟེ་རྐུབ་ཆོས་བཞག་སྟེ་འདུག་པས་ཏིང་ངེ་འཛིན་སྒོམ་པར་བྱེད་པའི་ཕྱིར་རོ། །བྱ་བ་ཞེས་བྱ་བ་ནི་དགེ་འདུན་ཚོགས་པའི་གསོལ་བ་དང༌། གསོལ་བ་དང་གཉིས་དང༌། གསོལ་བ་དང་བཞིའི་ལས་དང་དགེ་བའི་བྱ་བའོ། །གསོ་སྦྱོང་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པ་དང༌། །མུ་སྟེགས་ཅན་གྱི་གསོ་སྦྱོང་ངོ༌། །ཡོད་ཅེས་བྱ་བ་ནི་བྱེད་པའོ། །མངོན་པར་བསྟོད་པར་ཡང་མི་བྱེད་ཅེས་བྱ་བ་ནི་བསྔགས་པ་བརྗོད་པར་ཡང་མི་བྱེད་པ་སྟེ་སྐྱོན་ཆགས་པའི་ཕྱིར་རོ། །ཕྱིར་མི་བཟློག་པར་ཡང་མི་བྱེད་ཅེས་བྱ་བ་ནི་ཕྱིར་འགོག་པར་ཡང་མི་བྱེད་པ་སྟེ་དབྱེ་བ་མ་ཡིན་པར་ངེས་པ་མེད་པའི་ཕྱིར་རོ། །བདག་ཅག་ལ་ཡང་ཞེས་བྱ་བ་ནི་བསྟན་པ་ལ་སྟེ། དགེ་སློང་ལ་ཞེས་བྱ་བའི་ཐ་ཚིག་གོ །བཅའ་བར་གསོལ་ཞེས་བྱ་བ་ནི་རྣམ་པར་གཞག་པར་གསོལ་བའོ། །ཏྲོན་བྱ་བར་ཞེས་བྱ་བ་ནི་རྗེས་སུ་བསྒྲུབ་པར་རོ། །རྣལ་འབྱོར་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཏེ་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །རྐང་
པའི་མཐིལ་ཡན་ཆད་ཅེས་བྱ་བ་ནི་རྐང་མཐིལ་གཉིས་ཡན་ཆད་ནས་སོ། །གླད་པའི་སྐྲ་མན་ཆད་ཅེས་བྱ་བ་ནི་སྐྲས་མཆོན་པའི་གླད་པ་མན་ཆད་དོ། །པགས་པ་ལ་ཐུག་པའི་ཞེས་བྱ་བ་ནི་པགས་པའི་མཐིའིའོ། །བར་དུ་ཞེས་བྱ་བ་ནི་ཆུ་ཞེང་གཉིས་ཀར་རོ། །ཇི་ལྟར་གནས་པ་ཞེས་བྱ་བ་ནི་རྟག་ཏུ་མི་གཙང་བའི་གཞི་ཉིད་དུ་རྣམ་པར་གནས་པའོ། །ཇི་ལྟར་བྱས་པ་ཞེས་བྱ་བ་ནི་ཟས་དང་སྐོམ་གྱིས་གློ་བུར་དུ་མི་གཙང་བ་བསགས་པའོ། །དེ་ཉིད་བསྟན་པའི་ཕྱིར་ལུས་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ནི་ནང་གི་སོ་སོའི་བདག་ཉིད་ལ་ཆགས་པའི་གནས་ཡིན་པའི་ཕྱིར་དང༌། རང་གི་ལུས་ཀྱི་སྐྱོན་ལ་སོ་སོར་བརྟག་པའི་ཕྱིར་དང་པོར་བསྟན་ཏོ། །སྤྱོད་ཡུལ་དུ་ཞུགས་ན་ཡང་ཞེས་བྱ་བ་ནི་བསོད་སྙོམས་ལ་འགྲོ་བ་ན་ཡང་ངོ༌། །འཁྲུལ་པ་ཞེས་བྱ་བ་ནི་ཤུགས་དང་ལྡན་པའོ། །ལྷན་ཅིག་ཕྲད་ཅེས་བྱ་བ་ནི་འདོམ་པའམ་ཐུག་པའོ། །འགྱེལ་ཞེས་བྱ་བ་ནི་ལུས་ཐམས་ཅད་འགྱེལ་པའོ། །བུབ་ཅེས་བྱ་བ་ནི་ལུས་ཕྱེད་བུབ་པའོ། །སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་བསྒོམ་པར་མི་བྱའོ་ཞེས་བྱ་བ་འདིས་ནི་གོམས་པར་བྱེད་པ་བཀག་པ་ཡིན་གྱི་གདུལ་བའི་དོན་དུ་རྫུ་འཕྲུལ་རྣམ་པར་འཕྲུལ་པ་ལ་སོགས་པ་བསྟན་པའི་ཕྱིར་སེམས་རྩེ་གཅིག་པ་ཉིད་མངོན་དུ་བྱ་བ་ནི་བཀག་པ་མ་ཡིན་ཏེ། དེ་ལ་སྐྱོན་ཆགས་པ་མེད་པའི་ཕྱིར་རོ། །སྒོ་གང་དང་ཁྱམས་སུ་བསྒོམ་པར་མི་བྱའོ་ཞེས་བྱ་བ་ནི་མངོན་པར་འདུ་བའི་གནས་ཡིན་པའི་ཕྱིར་བཀག་པ་ཡིན་ཏེ། སྒོ་བཅད་ན་ནི་སྒོ་གང་དང་ཁྱམས་སུ་མངོན་པར་འདུ་བ་ཉིད་རྒྱུན་ཆད་པར་འགྱུར་བས་དེར་རྣལ་འབྱོར་བསྒོམ་པ་ལ་ཉེས་པ་མེད་དོ། །གནས་ཁང་ནི་རྣམ་པར་གཡེང་བ་ཡིན་ལ། དགོན་པ་ནི་གཏུམ་པོའི་གནས་ཡིན་པ་དང༌། གྲོང་དང་ཉེ་བ་ནི་གྱ་ཚོམ་པ་དག་གི་གནས་ཡིན་པས་དེ་དག་ཏུ་བསྒོམ་པ་དགག་པ་མཛད་དོ། །ཡལ་ག་ཞེས་བྱ་བ་ནི་ཤིང་ལྗོན་པའི་མགོ་ལྕོགས་སོ། །སེག་ཅེས་བྱ་བ་ནི་སྨྱིག་མ་ལ་སོགས་པའི་ཐགས་མགྲུ་བཞིའོ། །རེ་ལྡེ་ཞེས་བྱ་བ་ནི་དེ་ཉིད་ཁྲུན་རིང་པོའོ། །མ་ཏུ་ལུང་ག་ཞེས་བྱ་བ་ནི་ཁང་ལུང་ངོ༌། །སྤོང་ཁང་ཞེས་བྱ་བ་ནི་བསམ་གཏན་སྒོམ་པའི་གནས་སོ། །ཁང་པ་གཉིས་ཀྱི་བར་དུ་སྲང་བཏོད་པ་ཞེས་བྱ་བ་ནི་ངོས་ཡ་གཅིག་ཏུ་ཡང་གནས་ཁང་གཅིག་བརྩིགས་ཤིང་བར་དུ་ཁྱམས་རྒྱུད་མོའི་སྤང་
བཏོད་པའོ། །གནས་ཁང་བཅུའམ་བཅུ་གཉིས་ཀྱི་སྲང་བཏོད་པ་ཞེས་བྱ་བ་ནི་ངོས་ཡ་གཅིག་ཏུ་ཡང་གནས་ཁང་ལྔ་བརྩིགས་ཡ་ངོས་ཡ་གཅིག་ཏུ་ཡང་གནས་ཁང་ལྔར་བརྩིགས་ཤིང་བར་དུ་མཚམས་རྒྱུད་མོའི་སྲང་བཏོད་པ་དང༌། ངོས་ཡ་གཅིག་ཏུ་གནས་ཁང་དྲུག་བརྩིགས་ལ། ངོས་ཡ་གཅིག་ཏུ་ཡང་གནས་ཁང་དྲུག་བརྩིགས་ཤིང་བར་དུ་འཁྱམས་རྒྱུད་མོའི་སྲང་བཏོད་པ་སྟེ། གཉིས་པ་ནི་ཆུང་ཚད་དོ། །བཞི་པ་ཡན་ཆད་བཅུ་པ་མན་ཆད་ནི་འབྲིང་ཚད་དོ། །བཅུ་གཉིས་པ་ནི་ཆེ་ཚད་དོ། །སྦྱང་ཞེས་བྱ་བ་ནི་འབྲུ་ལ་སོགས་པའི་སྒོ་དང་སྐར་ཁུང་མེད་པའོ། །སྒོ་གླེགས་ཞེས་བྱ་བ་ནི་སྤང་ལེབ་ཅེས་བྱ་བའི་ཤིང་སྟེ། དེས་སྒོ་དང་སྐར་ཁུང་གཅོད་པར་བྱེད་པའོ། །ལག་གཟུངས་ཞེས་བྱ་བ་ནི་སྒོ་གླེགས་ནང་དུ་འདྲེན་པ་ལྕགས་ལས་བྱས་པའོ། །རས་མ་ཞེས་བྱ་བ་ནི་གོས་ཀྱི་དུམ་བུའོ། །གོང་དུ་སུམ་ཆ་བོར་བ་ཞེས་བྱ་བ་ནི་རྩིག་ངོས་ཀྱི་གོང་གི་ཆ་སུམ་ཆ་བོར་ཞིང་འོག་ཏུ་སུམ་གཉིས་ལུས་པའི་ཕྱོགས་སུའོ། །རྒྱ་མཚོའི་རྣམ་པ་ལྟ་བུ་ཞེས་བྱ་བ་ནི་དབྱིབས་རྒྱ་མཚོའི་རྣམ་པ་འདྲ་བ་སྟེ་བྱིན་གྱིས་ཡངས་པའོ། །དེ་ཉིད་བསྟན་པའི་ཕྱིར་ཕྱི་རུབ་ལ་ནང་ཡངས་པ་ཞེས་བྱ་བ་གསུངས་ཏེ། དེའི་ཕྱི་རོལ་གྱི་ཁ་ཞུམ་ལ་ནང་ལོགས་ཡངས་པའོ། །སྐར་ཁུང་དྲ་བ་ཅན་ཞེས་བྱ་བ་ནི་བྱ་རྒྱ་ཅན་ནོ། །ཏྲེ་མ་བུ་གཞེས་བྱ་བ་ནི་སྲོག་ཆགས་ཀྱི་བྱེ་བྲག་ཕྲ་མོ་ཞིག་གོ །ཏྲེ་ལ་ཏ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རིགས་ཆེན་པོའོ། །སྒོ་གླེགས་ཞེས་བྱ་བ་ནི་སྐར་ཁུང་གཅོད་པའི་སྤང་ལེབ་བོ། །འཕྲེད་གཏན་ཞེས་བྱ་བ་ནི་སྒོ་བཅད་པའི་སྒོ་གཏན་གྱི་ཤིང་རིང་པོ་འཕྲེད་དུ་བསྙལ་ཏེ་ཕ་ཏོག་ཚུ་ཏོག་རྩིག་པའི་སྦུབས་སུ་གཞུག་པ་སྟེ། སྒོ་གཏན་ཞེས་ཀྱང་བྱའོ། །གནམ་གཟེར་ཞེས་བྱ་བ་ནི་སྒོའི་ཡ་ཕུགས་དང་འབྲེལ་པ་གཟེར་བུ་ལ་སོགས་པ་སྟེ་རྣམ་གཏན་ཞེས་བྱ་བའི་ཐ་ཚིག་གོ །འཁོར་གཏན་ཞེས་བྱ་བ་ནི་སྒོ་གླེགས་བཅད་པའི་ཐབས་སུ་གྱུར་པ་ཡིན་ཏེ། སྒོ་གླེགས་ཀྱི་དཀྱིལ་གྱི་ཕྱོགས་སུ་ཤིང་གི་གཏན་བུ་ཁྲུ་གང་གི་ཚད་ཙམ་གདགས་ཤིང་སྒོ་སྐྱེས་ལ་དེའི་གཟུངས་ལྕགས་ཀྱུའམ་བུ་གུ་བཏོད་དོ། །གཏན་བུ་དེ་འཁོར་ལོ་བཞིན་དུ་བསྐོར་ནས་གཟུངས་དེར་གཞུག་པར་བྱ་སྟེ། དེས་ན་འཁོར་གཏན་ཞེས་བྱའོ། །དབྱུག་གུ་སྐམ་ཁ་ཞེས་བྱ་བ་ནི་དབྱུག་གུ་ར་རྐང་འདྲ་བ་ཁ་བྲག་སྟེ་དེས་སྐར་ཁུང་འཕྲེད་གཏན་འཛུད་པ་དང་འབྱིན་པར་
བྱེད་དོ། །སའི་སྟེགས་བུ་དག་བྱའོ་ཞེས་བྱ་བ་ནི་འདུག་པར་བྱ་བའི་ཆེད་དུས་ལས་བྱས་པའི་སྟེགས་བུ་དག་བྱ་བའོ། །མཁྲང་བར་གྱུར་ནས་ཞེས་བྱ་བ་ནི་འོག་ནས་སྲ་བར་གྱུར་ནས་སོ། །ཁྲིའུ་བྱའོ་ཞེས་བྱ་བ་ནི་ཡང་འདུག་པར་བྱ་བའི་ཆེད་དུའོ། །ཁོ་ར་ཁོར་ཡུག་ཏུ་ཁྲུ་བཞིས་འཁོར་བ་ཞེས་བྱ་བ་ནི་ཁྲིའུ་གྲུ་བཞི་ངོས་རེ་ལ་ཁྲུ་རེའི་ཚད་དུ་བྱ་བའོ། །དེ་ཐགས་མས་བླ་བར་བྱའོ་ཞེས་བྱ་བ་ནི་ཁྲིའུ་དེ་ནི་སྟེང་ཐགས་མས་དྲ་བར་བླ་བར་བྱ་བའོ། །ཐགས་རྒྱུ་རུང་བར་གྲགས་པ་ལྡ་བསྟེན་པའི་ཕྱིར། མུན་ཛའི་དང༌། ཤ་ནའི་དང༌། གྲེས་མའི་དང༌། རས་མའི་དང༌། པ་ཕྲ་མོའི་འོ་ཞེས་བྱ་བ་གསུངས་ཏེ། འདི་དག་གིས་ཐག་བུ་ལ་སོགས་པ་བཀག་པ་ནི་མ་ཡིན་པར་ཤེས་པར་བྱའོ། །དེར་སྟན་ནང་ཚངས་ཅན་དག་གདིང་བར་བྱའོ་ཞེས་བྱ་བ་ནི་ཁྲིའུ་དེའི་སྟེང་དུ་རས་བ་ལ་ལ་སོགས་པ་བརྫངས་པའི་སྟན་ནང་ཚངས་ཅན་དག་གདིང་བར་བྱ་བའོ། །སྲིད་དུ་ཁྲུ་བཞི་པ་ཞེང་དུ་ཁྲུ་དོ་ཡོད་པ་གཉིས་བལྟབ་ཏུ་བྱས་ཏེ་དྲུབ་པར་བྱའོ་ཞེས་བྱ་བ་ནི་སྟན་ནང་ཚངས་ཅན་གྱི་རྒྱུ་དེ་རྐེད་བལྟབ་ཏུ་བྱས་ན་གྲུ་བཞིའི་ངོས་རེ་ལ་ཁྲུ་དོ་དོ་ཡོད་པར་བྱ་ཞིང་དེ་ཁྲིའུ་གྲུ་བཞི་ངོས་རི་ལ་ཁྲུ་རེ་ཡོད་པའི་སྟེང་དུ་བཏིང་ན་ཁོ་ར་ཁོར་ཡུག་ཏུ་མཐོ་རེ་ལྷག་པར་བྱ་བའོ། །དེའི་ནང་དུ་ཤིང་བལ་གྱིས་དགོང་བར་བྱའོ་ཞེས་བྱ་བ་ནི་སྟན་ནང་ཚངས་ཅན་དེའི་ནང་དུའོ། །ཤིང་བལ་དག་ནི་ལྔ་སྟེ་ཞེས་བྱ་བ་ནི་གྲགས་པ་བསྟེན་པའི་ཕྱིར་དེ་དག་སྨོས་པར་ཟད་ཀྱི་གྲངས་དེ་དག་ཏུ་ཆད་པ་ནི་མ་ཡིན་ཏེ། དེས་ནི་ཤིང་བ་ལ་གཞན་དག་གིས་བཀང་ན་ཡང་རུང་བ་ཁོ་ནའོ། །མདོ་མདོར་སྲུབས་བྱ་རོག་རྐང་གིས་གཟུངས་གདབ་པར་བྱའོ་ཞེས་བྱ་བ་དེ་དག་ནི་ཤིང་བལ་དེ་དག་ཕྱོགས་གཅིག་ཏུ་མི་འཆུག་ཅིང་སྟན་ནང་ཚངས་ཅན་གྱི་ཕྱོགས་ཐམས་ཅད་དུ་སྙོམས་པར་བྱ་བའི་ཕྱིར་སྟེང་གི་མདོ་མདོར་སྦུབས་བྱ་རོག་གི་རྐང་པ་འདྲ་བ་དག་གིས་གཟུངས་གདབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །གདོས་བུ་ཞེས་བྱ་བ་ནི་གཉིད་སེལ་བར་བྱེད་པ་ཤིང་ལ་སོགས་པ་ལས་བྱས་པའི་གདོས་བུའོ། །དབྱུག་གུས་གཟུགས་པར་བྱའོ་ཞེས་བྱ་བ་ནི་སྤོང་བ་པ་ཡུར་ན་སྤོང་བའི་ཞལ་ཏ་བས་དབྱུག་གུས་གཟུགས་པར་བྱ་བའོ། །སྨྱུག་གུའི་བཅད་འཕྲོ་ལྟ་བུ་ཞེས་བྱ་བ་ནི་བསེགས་བཅད་པའོ། །བྲེའི་བཅད་འཕྲོ་ལྟ་བུ་ཞེས་བྱ་བ་ནི་བྲེ་ཞེས་བྱ་བ་གཞལ་སྣོད་ཀྱི་རྣམ་པ་དེའི་ཞབས་ལྟར་མཉམ་པའོ། །རས་མ་དག་གིས་དཀྲིས་ནས་ཞེས་བྱ་བ་ནི་
བྲེའི་བཅད་འཕྲོ་ལྟར་བྱས་པ་དེ་ཡང་རས་མ་དག་གིས་དཀྲི་བར་བྱ་བའོ། །དལ་བུས་ཁད་ཀྱིས་གཟུགས་པར་བྱའོ་ཞེས་བྱ་བ་ནི་ཅི་ནས་ཀྱང་དེའི་སེམས་གནས་པ་ཉིད་འདྲོགས་པར་མི་འགྱུར་བ་དེ་ལྟར་དལ་བུས་གཟུགས་པར་བྱ་བའོ། །ཕོ་ལོང་འཕང་བར་བྱའོ་ཞེས་བྱ་བ་ནི་སྤོང་བ་པ་ཡུར་བ་ལས་སྤོང་བ་པའི་ཞལ་ཏ་བས་ཕོ་ལོང་ཞེས་བྱ་བ་སྐུད་པ་ལ་སོགས་པའི་ཚོགས་ཟླུམ་པོ་འཕང་བར་བྱ་བའོ། །འཁྱམས་ནས་ཞེས་བྱ་བ་ནི་མི་སྣང་ནས་སོ། །ཐག་གུས་བཏགས་ཏེ་འཕང་བར་བྱ་ཞིང་དེ་ནས་ཡང་ཕྱིར་དྲང་བར་བྱའོ་ཞེས་བྱ་བ་ནི་སྤོང་བའི་ཞལ་ཏ་བས་ཕོ་ལོང་དེ་ཡང་ཕྱིར་དྲང་བར་བྱ་བའི་ཕྱིར་ཐག་གུ་ཕྲ་མོ་རིང་པོས་བཏགས་ཏེ་འཕང་བར་བྱ་བའོ། །མདུན་དུ་མར་མེ་གཞག་པར་བྱའོ་ཞེས་བྱ་བ་ནི་འོན་ཀྱང་ཡུར་ན་སྤོང་བའི་ཞལ་ཏ་བས་དེའི་མདུན་དུ་མར་མེ་གཞག་པར་བྱ་བའོ། །རྐང་པ་གཅིག་བརྐྱང་བར་བྱའོ་ཞེས་བྱ་བ་ནི་འོན་ཀྱང་གཉིད་མ་སངས་ན་རྐང་པ་ཡ་གཅིག་ཀྱང་བརྐྱང་བར་བྱའོ་ཞེས་བྱ་བ་ལ་འོན་ཀྱང་གཉིད་མ་སངས་ནའོ།། ལངས་ཏེ་བཅག་པར་བྱའོ་ཞེས་བྱ་བ་ནི་འོན་ཀྱང་གཉིད་མ་སངས་ན་ལངས་ཏེ་འཆག་སར་ཕན་ཚུན་བཅག་པར་བྱ་བའོ། །འཐམ་ནས་ཞེས་བྱ་བ་ནི་དགེ་སློང་སྤོང་བ་པ་མུན་ཁུང་ན་འཆག་པ་ལམ་མི་རྩོལ་ཞིང་འཐམ་ནའོ། །ཕྲེང་ཐག་ལ་འཇུ་བར་བྱའོ་ཞེས་བྱ་བ་ནི་འཆགས་མགོ་མཇུག་སླེབས་པའི་ཕྲེང་ཐག་ཐང་ཆད་བར་ཏུ་བརྒྱངས་པ་དེ་ལྟ་བུ་ལ་ལག་པས་འཇུ་ཞིང་བཅག་པར་བྱ་བའོ། །ལག་པས་ཆང་བརྒྱུད་བྱེད་ནས་ཞེས་བྱ་བ་ནི་ཕྲེང་ཐག་ལ་ཆང་བས་མཁྱུད་དེ་བརྒྱུད་ཅིང་འཆག་པ་ན་ཆང་ལ་ནོད་ནས་སོ། །སྦུ་བུ་བསྐོན་ལ་སྐུད་པས་བཏགས་པ་ལ་འཇུས་སྟེ་གདགས་པར་བྱ་བའི་ཞེས་བྱ་བ་ནི་ཕྲེང་ཐག་ལ་སྦུ་བུ་བསྐོན་པ་ལ་ཐག་གུས་བཏགས་པ་ལ་འཇུས་ཏེ་བཅག་པར་བྱའོ། །མཆིལ་ལྷམ་ཅན་གྱིས་བཅག་པར་མི་བྱའོ་ཞེས་བྱ་བ་ནི་མཆིལ་ལྷམ་དང་བཅས་པར་བཅག་པར་བྱེད་པ་ན་སྒྲ་འབྱུང་བས་སྤོང་བ་གཞན་ལ་གནོད་པ་དང་མ་གུས་པའི་ཚུལ་ཡིན་པས་དགག་པ་མཛད་དེ། །འདི་ནི་སྤོང་བ་པ་ཉི་ཚེར་མ་ཟད་ཀྱི་གཞན་ཐམས་ཅད་ཀྱིས་ཀྱང་མི་བྱའོ། །རྡུལ་གྱི་རྐང་པ་མ་རུང་ནས་ཞེས་བྱ་བ་ནི་འཆག་པའི་ཚེ་རྐང་པ་གཉིས་ལ་རྡུལ་གོས་ཤིང་རྐང་པ་རྡུལ་ཅན་གྱིས་སྐྱིལ་མོ་ཀྲུང་བཅས་པ་ན་གོས་མ་རུང་བར་གྱུར་ནས་སོ། །པར་ཏང་གདིང་བར་བྱའོ་ཞེས་བྱ་བ་ནི་འཆག་སར་ཐགས་མ་ཁྲ་བོ་གདིང་བར་བྱ་བ་
སྟེ། འདིར་པར་ཏང་ཞེས་སྨོས་པ་ནི་གཡམ་པོ་དང་སྟན་གཞན་དག་གི་དཔེ་ཡིན་ནོ། །སྣུམ་པར་གྱུར་ནས་ཞེས་བྱ་བ་ནི་རྐང་པ་བཀྲུས་ནས་འབྲུ་མར་ལ་སོགས་པས་ཧ་ཅང་སྣུམ་པོར་བྱས་པས་འཆགས་སྟན་ལ་སོགས་པ་སྣུམ་པར་གྱུར་ནས་སོ། །སྤང་བ་པས་ཞག་གསུམ་ཞིང་རྐང་པ་གཉིས་བསྐུ་བར་བྱའོ་ཞེས་བྱ་བ་ནི་ཞག་གསུམ་ཞིང་གསུམ་ཞིང་རྐང་པ་གཉིས་བསྐུ་བར་བྱ་བའོ། །འདིར་བསྐུ་བ་ཙམ་དུ་གསུང་བར་ཟད་ཀྱི་འབྲུ་མར་ལ་སོགས་པས་ཧ་ཅང་སྣུམ་པར་བྱ་བ་ནི་མ་ཡིན་ཏེ། འདི་ལྟར་དེང་སང་ཡང་ཡུལ་དབུས་ན་དང་པོར་རྐང་པ་གཉིས་བསྐྲུ་ཞིང་ཕྱིས་ཅུང་ཟད་ཙམ་སྐུད་པར་བྱེད་དེ། དེས་ན་གསོལ་བ་སྣུམ་པོ་ཉིད་དུ་མི་འགྱུར་རོ། །དེ་དག་དེར་མི་ཤོང་ནས་ཞེས་བྱ་བ་ནི་སྤོང་བ་པ་དེ་དག་སྤོང་ཁང་དེར་མི་ཤོང་ནས་སོ། །སྟེང་དུ་རིམ་ཁང་གཉིས་པ་བྱའོ་ཞེས་བྱ་བ་ནི་སྤོང་ཁང་མོ་ཆེའམ་ཡང་ཐོག་བྱ་བའོ། །ཐེམས་སྐས་བྱའོ་ཞེས་བྱ་བ་ནི་འཛེགས་པའི་ཕྱིར་དེར་ཐེམས་སྐས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཁ་ཁྱིར་གྱིས་བསྐོར་བར་བྱའོ་ཞེས་བྱ་བ་ནི་མི་དག་མི་ལྟུང་བར་བྱ་བའི་ཕྱིར་ཐེམ་སྐས་ལ་ཁ་ཁྱེར་གྱིས་བསྐོར་བར་བྱའོ། །ལྕགས་ཀྱི་གཟེར་བ་དག་གིས་གདབ་པར་བྱའོ་ཞེས་བྱ་བ་ནི་ཁ་ཁྱེར་དེ་མི་འཁྲུལ་བར་བྱའི་ཕྱིར་ལྕགས་ཀྱི་གཟེར་བུ་དག་གིས་གདབ་པར་བྱ་བའོ། །ཕྱི་རོལ་དུ་སྤོང་ཁང་ཆེན་པོ་བྱའོ་ཞེས་བྱ་བ་ནི་འོན་ཀྱང་མི་སོང་ན་སྤོང་ཁང་གི་ཕྱི་རོལ་དུ་སྤོང་ཁང་ཆེན་པོའམ་གནས་ཁང་གི་ཚར་དག་བརྩིགས་པར་བའོ། །སྒོ་སྤྲོད་ཅེས་བྱ་བ་ནི་སྒོ་བྱང་བསྟན་དུ་འབབ་པའོ། །སྒོ་བསྣོལ་མ་ཞེས་བྱ་བ་ནི་སྒོ་གཟུང་བའོ། །སྒོ་ལ་གང་བྱའོ་ཞེས་བྱ་བ་ནི་སྤོང་ཁང་ལ་སྒོ་གང་བྱ་བའོ། །ཕུག་ཀྱང་བྱའོ་ཞེས་བྱ་བ་ནི་དེའི་ཉེ་འཁོར་གྱི་ཆེད་དུས་ཕུག་ལ་སོགས་པ་ཡང་བྱ་བའོ། །སྒོ་དྲུང་དུ་སྣམ་བུའམ་རས་དཔྱངས་ཏེ་ཉལ་བར་བྱ་ཞེས་བྱ་བ་ནི་གཉིད་བྲོ་བསང་བར་མི་ནུས་ན་འབྱོར་གྱི་གནས་དེར་སྒོ་བཅད་དེ་ཉལ་བ་ལ་ཉེས་པ་མེད་དོ། །སྒོ་བཅད་པ་འདི་ནི་གཞན་དག་མ་དད་པར་འགྱུར་བ་དང་ཐོ་འཆམས་པ་སྤོང་བའི་ཕྱིར་རོ། །སྤང་བའི་ཞལ་ཏ་བྱེད་པ་བསྒོ་བར་བྱ་སྟེ་ཞེས་བྱ་བ་ནི་དགེ་སློང་སྤོང་བ་རྣམས་ཀྱི་ཕྱིར་ཞལ་ཏེ་བྱེད་པ་ན་སྤོང་བའི་ཞལ་ཏེ་བྱེད་པ་ཞེས་བྱ་བ་སྟེ། དགེ་འདུན་གྱི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །འདུན་པས་འགྲོ་བ་ཞེས་
བྱ་བ་ནི་སྲེད་པའི་དབང་གིས་སོ། །ཞེ་སྡང་གིས་འགྲོ་བ་ཞེས་བྱ་བ་ནི་ཁོན་གྱི་རྒྱུས་སོ། །གཏི་མུག་གིས་འགྲོ་བ་ཞེས་བྱ་བ་ནི་མི་ཤེས་པས་སོ། །འཇིགས་པས་འགྲོ་བ་ཞེས་བྱ་བ་ནི་སྐྲག་པ་སྟོན་པས་སོ། །སྤོང་བ་ལ་ཏྲོན་བྱས་པ་དང་མ་བྱས་པ་མི་ཤེས་པ་ཞེས་བྱ་བ་ནི་བརྗེད་ངས་པའི་ཕྱིར་རོ། །སྤོང་བའི་ཞལ་ཏ་བྱེད་པའི་ཀུན་དུ་སྤྱོད་པའི་ཆོས་ཞེས་བྱ་བ་ནི་སྤོང་ཁང་དུ་ཆག་ཆག་གདབ་པ་ལ་སོགས་པའོ། །གཎྜཱི་བརྡུང་བར་བྱའོ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་གནས་དེར་སྤོང་བ་དག་བསྡུ་བའི་ཕྱིར་གཎྜཱི་བརྡུང་བར་བྱའོ། །དངགས་ནས་ཞེས་བྱ་བ་ནི་སྐྲག་ནས་སོ། །རྣམ་པར་འཚེ་བ་ལ་ཏྲོན་མཛད་ཀྱི་ཞེས་བྱ་བ་ནི་ཐོ་འཚམས་པ་ལ་བརྩོན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །གཎྜཱི་བརྡུང་བའི་བརྩིས་མགོ་ནི་རྣམ་པ་ལྔ་སྟེ། དེ་དག་བརྡུང་བའི་གནས་ནི་ཁང་སྟེང་ལ་སོགས་པ་ཕྱོགས་མཐོན་པོ་དག་ཡིན་ནོ། །དགེ་འདུན་བསྡུ་བའི་གཎྜཱི་དེ་ནི་རྒྱུད་གསུམ་དང་ཏོག་གསུམ་མོ་ཞེས་བྱ་བ་ནི་འདུས་པ་ཆེན་པོའི་ཚེ་དགེ་འདུན་ཐམས་ཅད་བསྡུ་བའི་ཕྱིར་གཎྜཱི་བརྡུང་བ་ལ་ནི་བཟླས་པའི་རྒྱུད་ལན་གསུམ་བརྡུང་ཞིང་མཇུག་ཏུ་ཏོག་སྒྲ་ཆེན་པོ་ཡང་ལན་གསུམ་བྱའོ། །ལས་ཀྱི་གཎྜཱི་དེ་ནི་རྒྱུད་གཅིག་དང་ཏོག་གསུམ་མོ་ཞེས་བྱ་བ་ནི་ལས་བྱ་བའི་དོན་དུ་གཎྜཱི་བརྡུང་བ་ལ་ནི་བཟླས་པའི་རྒྱུད་ལན་གཅིག་བརྡུང་ཞིང་མཇུག་ཏུ་ཏོག་སྒྲ་ཆེན་པོ་ལན་གསུམ་བྱ་བའོ། །ཁ་ཅིག་ལ་ནི་རྒྱུད་གསུམ་དང་ཏོག་གཉིས་སོ་ཞེའོ། །ཤི་བའི་གཎྜཱི་དེ་ནི་བྱི་བོའོ་ཞེས་བྱ་བ་ནི་ཤི་བའི་ཕྱིར་འདུ་ཞིང་ཁྱོགས་ཕྲག་པས་འདེགས་པ་ལ་སོགས་པའི་དོན་དུ་གཎྜཱི་བརྡུང་བ་ནི་བྱི་བོ་སྟེ། རྒྱུད་ཉི་ཚེ་བརྡུང་ཞིང་མཇུག་ཏུ་ཏོ་མི་བརྡུང་བ་ཡིན་ནོ། །ཁ་ཅིག་ལས་ནི་རྒྱུད་གཅིག་དང་ཏོག་གཅིག་གོ་ཞེའོ། །སྤོང་བའི་གཎྜཱི་དེ་ནི་འཁར་གསིལ་ལོ་ཞེས་བྱ་བ་ནི་དགེ་སློང་སྤོང་བ་པ་ལ་འདུ་བའི་འཁར་གསིལ་གྱིས་གཎྜཱི་བྱས་ཏེ་འཁར་གསིལ་བར་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ །ཁ་ཅིག་ལས་ནི་གཎྜཱི་དེ་ཆུང་དུ་ཞེའོ། །གནོད་པ་བྱུང་བའི་གཎྜཱི་ནི་ཇི་ཙམ་གྱིས་ཆོག་པའོ་ཞེས་བྱ་བ་ནི་ཆོམ་རྐུན་ལ་སོགས་པ་གནོད་པ་བྱུང་བའོ་ཚེ་གཎྜཱི་བརྡུང་བ་ནི་ཇི་ཙམ་གྱིས་ཆོག་པ་དེ་ཙམ་གྱིས་བརྡུང་བར་བྱ་སྟེ་ནམ་ཞི་བར་གྱུར་གྱི་བར་དུ་བརྡུང་ངོ་ཞེས་བྱ་བའི་ཐ་ཚིག་གོ །ཟན་གྱི་ཕྱིར་འདུ་བའི་དོན་ཏུ་ནི་གཎྜཱི་དང་གཎྜཱི་ཆུང་ངུ་གཉིས་ཀ་བརྡུང་སྟེ། སྔར་གཎྜཱི་ཆུ་ངུ་
བརྡུང་ལ་ཁང་སྐྱོང་དང་གཙང་སྦྱོར་ལ་སོགས་པས་སངས་རྒྱས་མཆོད་པ་དང༌། ལྷུང་བཟེད་བཀྲུ་བ་ལ་སོགས་པའི་ལས་བྱས་ནས་དེའི་འོག་ཏུ་གདུགས་ཚོད་ལ་བབ་པའི་ཚེ་གཎྜཱི་ཆེན་པོ་བརྡུང་ཞིང་དགེ་འདུན་ཐམས་ཅད་ཟན་གྱི་ཕྱིར་འདུལ་བར་བྱའོ། །འདུས་པ་ཆེ་བའི་ཚེ་གཎྜཱི་བརྡུངས་བས་གོ་བར་མི་འགྱུར་བ་ལྟ་ན་དུང་བསྒྲིལ་ཏེ་བུད་པ་དང་རྡ་བོ་ཆེ་དག་ཀྱང་བརྡུང་བར་བྱའོ། །གཎྜཱི་བརྡུངས་པར་མི་འགྲོ་བར་མི་བྱ་ཞིང་མི་མྱུར་བར་ཡང་མི་བྱའོ། །དུས་རྟིང་ལ་ཐུག་པ་ཞེས་བྱ་བ་ནི་གདུགས་ཚོད་ལ་བབ་ལ་ཐུག་པའོ། །ཅི་བདེར་བྱེད་ནས་ཞེས་བྱ་བ་ནི་སྤོང་བའི་ཞལ་ཏེ་བྱེད་བས་དགེ་སློང་རྣམས་བསོད་སྙོམས་ལ་སོགས་པ་ལ་ཡང་སྦྱར་བའི་ཚེ་ཚེ་དང་ལྡན་པ་དག་དང་ཅི་བདེར་སྤྱོད་ཅིག་ཅེས་བརྗོད་པའོ། །དེ་དགེ་འདུན་ལས་འཐོབ་པ་ཞེས་བྱ་བ་ནི་དགེ་འདུན་གྱི་ནང་དུ་ཟན་ཟ་བའོ། །རྒྱུན་ཆགས་གསུམ་པ་གདོན་པར་བྱའོ་ཞེས་བྱ་བ་ནི་འགྱེས་ཀར་དཀོན་མཆོག་གསུམ་གྱི་རྒྱུད་དང༌། མདོ་སྡེའི་རྒྱུད་དང༌། བསྔོ་བའི་རྒྱུད་ཆགས་གསུམ་གདོན་པར་བྱའོ། །དེ་ཡང་དཔེར་ན་ཀུན་དུ་རྒྱུ་དག་གི་རིལ་པའི་གཞི་ཤིང་བུ་གསུམ་ལ་བརྟེན་བ་དང་འདྲ་བར་དམ་པའི་ཆོས་གདོན་པའི་གཞི་ནི་རྒྱུན་ཆགས་གསུམ་པོ་འདི་ཡིན་པས་དེའི་ཕྱིར་རྒྱུན་ཆགས་གསུམ་ཞེས་བྱ་བའོ། །རན་ཕར་གདོན་པར་བྱའོ། ཞེས་བྱ་བ་ནི་ཧ་ཅང་མང་བ་ཡང་མ་ཡིན་ཏེ། ཧ་ཅང་ཉུང་བ་ཡང་མ་ཡིན་པར་ཅི་རན་ཅིག་གདོང་པར་བྱ་བའོ། །ཡོན་བཤད་པར་བྱའོ་ཞེས་བྱ་བ་ནི་རྒྱུན་ཆགས་གསུམ་པ་བཏོན་པའི་འོག་ཏུ་སྦྱིན་པའི་ཕན་ཡོན་བཤད་པར་བྱའོ། །གལ་ཏེ་རྐྱེན་དེ་ལྟ་བུ་བྱུང་ན་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་དང་སྲོག་དང་ཚངས་པར་སྤྱོད་པར་བར་ཆད་དུ་འགྱུར་བ་ལ་སོགས་པ་ཞིག་བྱུང་ནའོ། །ལྡེ་མིག་ཅེས་བྱ་བ་ནི་ལྡེ་མིག་ཁྱོག་པོ་ལ་སོགས་པའོ། །དེ་ནི་འདུག་པའོ་ཞེས་བྱ་བ་ནི་ཞི་གནས་ཀྱི་གསོ་སྦྱོང་ངོ༌།། །།བམ་པོ་བཅུ་གཉིས་པ། ད་ནི་གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་སྐབས་བརྗོད་པར་བྱ་སྟེ། དེ་ལ་དད་པོར་མཐུན་པའི་གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱ་བའི་ཞལ་ལས་བསྟན་པའི་ཕྱིར་བྱ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསོལ་བ་ཞེས་བྱ་བ་ནི་ལ་གང་ལ་གསོལ་བ་འབའ་ཞིག་བྱེད་པ་སྟེ། འདི་ལྟ་སྟེ་གསང་སྟེ་སྟོན་པར་བསྐོ་བ་ལ་སོགས་པའོ། །
གསོལ་བ་དང་གཉིས་ཞེས་བྱ་བ་ནི་ལས་གང་ལ་ལས་བརྗོད་པ་གཅིག་དང༌། གསོལ་བ་དང་གཉིས་བྱེད་པ་སྟེ། འདི་ལ་སྟེ་གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱ་བ་ལ་སོགས་པའོ། །གསོལ་བ་དང་བཞིའི་ལས་ཞེས་བྱ་བ་ནི་ལས་གང་ལ་ལས་བརྗོད་པ་གསུམ་དང་གསོལ་བ་དང་བཞི་བྱེད་པ་སྟེ། འདི་ལྟ་སྟེ་རྫོགས་པར་བསྙེན་པར་བྱ་བ་ལ་སོགས་པའོ། །གསོ་སྦྱོང་ཞེས་བྱ་བ་ནི་ཚུལ་ཁྲིམས་གསོ་ཞིང་སྦྱོང་བ་སྟེ་གསོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཟླ་བ་ཕྱེད་ཕྱེད་ཅིང་གདོན་པར་བྱའོ་ཞེས་བྱ་བ་ནི་བཅུ་བཞི་པའམ་བཅོ་ལྔ་པའི་དུས་སུའོ། །སོ་སོར་ཐར་པའི་མོད་གདོན་པ་གདོན་པར་བྱའོ་ཞེས་བྱ་བ་ནི་སེམས་དྲང་པོར་བསྒྲུབ་པ་ལ་སོགས་པ་དང་རྒྱུ་འགལ་བ་བཟློག་པ་ལ་སོགས་པའི་རྣམ་པ་གཞན་གྱིས་ཀྱང་ཚུལ་ཁྲིམས་གསོ་བར་བྱེད་པ་ཡོད་པ་དེ་དག་བསལ་བའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པར་བྱའོ་ཞེས་གསུངས་སོ། །སོ་སོར་ཐར་པའི་མདོ་གདོན་པ་ནི་རྣམ་པ་ལྔ་སྟེ། གླེང་གཞི་གདོན་པ་དང་ཕམ་པར་འགྱུར་པ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་དང༌། རིལ་གྱིས་གདོན་པའོ། །དགེ་འདུན་གྱི་གནས་བརྟན་གྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པར་བྱའོ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་གདོན་པ་མི་དགེ་འདུན་གྱི་གནས་བརྟན་གྱི་ལས་ཡིན་ནོ། །དེས་མི་ནུས་ན་གནས་བརྟན་གཉིས་པའོ། །ངེས་ཀྱང་མི་ནུས་ན་གསུམ་པའོ། །དེས་ཀྱང་མི་ནུས་ན་རེས་ཀྱིས་བྱའོ། །རེས་བབ་པས་མི་ནུས་ན་གཞན་ལ་བཅོལ་བར་བྱའོ། །བཅོལ་ཏེ་མ་བཏུབ་ན་དགེ་འདུན་གྱིས་བཅོལ་བར་བྱའོ། །འདོན་པ་རྡུགས་ན་གཞན་གྱིས་གདོན་ནོ། །དམ་དུམ་འཛིན་པ་ཉིད་ཡིན་ན་ཇི་སྙེད་ཀྱིས་གཞུང་སྲོང་བ་དག་གིས་གཞུང་བསྲང་སྟེ་གདོན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྐབས་འོག་ནས་ཀྱང་བྱུང་ངོ༌། །གསོ་སྦྱོང་གི་གནས་ལ་བོ་མཐུན་པར་བྱའོ་ཞེས་བྱ་བ་ནི་གནས་གང་དུ་གསོ་སྦྱོང་མངོན་དུ་བྱེད་པའི་གནས་དེ་ནི་གསོ་སྦྱོང་གི་གནས་ཞེས་བྱ་སྟེ། གནས་དེར་གསོ་སྦྱོང་བྱ་བར་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བློ་མཐུན་པར་བྱ་བའོ། །གསོ་སྦྱོང་གི་གནས་ཇི་ལྟ་བུ་དེ་ལ་བློ་མཐུན་པར་བྱ་ཞེ་ན། དེའི་ཕྱི་གནས་ཐམས་ཅད་གྲུབ་པའམ་བྱས་པའམ་ཟིན་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དན་བཅས་པ་དགེ་འདུན་གྱིས་
གསོ་སྦྱོང་གི་གནས་སུ་འདོད་པ་གང་ཡིན་པ་དེ་ལ་བློ་མཐུན་པར་བྱའོ་ཞེས་བྱ་བ་གསུངས་ཏེ། གནས་ཐམས་ཅད་གྲུབ་པ་ཞེས་བྱ་བ་ནི་འཆགས་པའི་བསྐལ་བའི་ཚེ་རང་གྲུབ་པའམ་དེའི་འོག་ཏུ་ཏིབ་ཆད་པ་ལ་སོགས་པས་རབ་གྲུབ་པས་ཏེ་དཔེར་ན་བྱ་སྒྲུབས་ལ་སོགས་པ་ལྟ་བུ་སྟེ། གཞན་གྱི་བརྩལ་བ་ལ་མི་ལྟོས་པའི་ཕྱིར་རོ། །བྱས་པ་ཞེས་བྱ་བ་ནི་སྐྱེས་བུའི་གནས་བྱེད་པས་མངོན་པར་བསྒྲུབ་པའོ། །ཟིན་པ་ཞེས་བྱ་བ་བྱེད་པའི་གནས་ལ་སོགས་པ་རུང་བའོ། །ནད་མཚམས་དང་བཅས་པ་ཞེས་བྱ་བ་ནི་ནང་ན་ཆུ་ལ་སོགས་པའི་བར་ཆད་མེད་པ་སྟེ། མཚམས་གཅིག་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་ཞེས་བྱ་བ་ནི་ཕྱི་རོལ་དུ་གྱུར་པའི་ཉེ་འཁོར་འདོམ་གད་ཙམ་དན་བཅས་པ་གད་ཡིན་པ་སྟེ། དེ་དག་གིས་ནི་གསོ་སྦྱོང་གི་གནས་རྣམ་པ་ཐམས་ཅད་ཡོངས་སུ་གྲུབ་པ་བསྟན་ཏོ། །ཅི་དགེ་འདུན་མི་འདོད་བཞིན་དུ་ཡང་དེ་ལ་བློ་མཐུན་པར་བྱའམ་ཞེན་མ་ཡིན་ཏེ། དེའི་ཕྱིར་དགེ་འདུན་གསོ་སྦྱོང་གི་གནས་སུ་འདོད་པ་ཞེས་བྱ་བ་གསུངས་ཏེ། ལས་བརྗོད་པའི་སྐབས་སུ་ནི་གནས་ཐམས་ཅད་གྲུབ་པའམ་ལགས་པའམ་བགྱི་པ་ཞེས་ཚིགས་གསུམ་ཆར་སྨོས་པར་མི་བྱ་བར་དེ་གསུམ་ལས་གང་ཡིན་པ་གཅིག་བརྗོད་པར་བྱའོ། །དགག་དབྱེ་ཞེས་བྱ་བ་ནི་དབྱར་གནས་པར་ཁས་བླངས་པའི་དགེ་སློང་རྣམས་ཀྱིས་མཐོང་བ་དང༌། ཐོས་པ་དང༌། དགོས་པའི་གནས་གསུམ་གྱིས་གླེང་པའི་སྐབས་འབྱེད་པའོ། །མི་མཐུན་པར་བྱེད་ཅེས་བྱ་བ་ནི་ཁ་སྐོང་བ་དག་མ་ཚོགས་པ་དང་འདུན་པ་ལ་སོགས་པ་མ་བླངས་པར་ལས་བྱེད་པའོ། །སྡོམ་ལ་ཀ་ཕི་ན་དང་ཞེས་བྱ་བ་ལ་སོགས་པ་ནི་གསོ་སྦྱོང་གི་གཞིའི་སྤྱི་སྡོམ་ལས་ཀ་ཕི་ན་ཞེས་སྨོས་པའི་སྡོམ་གྱི་ཚིགས་སུ་བཅད་པའི་ཡིན་པར་སྦྱར་རོ། །སྡེ་ཅན་མའི་བུག་ཅེས་བྱ་བ་ནི་གཙུག་ལག་གི་མིང་སྟེ། སྡེ་ཅན་མས་བྱེད་དུ་བཅུག་པའི་ཕྱིར་རོ། །གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་ཞེས་བྱ་བ་ནི་དགེ་འདུན་གཅིག་ཏུ་འདུ་ཞིང་གསོ་སྦྱོང་བྱ་བ་ནི་སྡོམ་པས་ཏེ་ཉམས་སུ་མྱོང་བ་ཞེས་བྱ་བའོ། །བྱ་བ་དག་ཅེས་བྱ་བ་ནི་ངེས་པ་ཉིད་དུ་གནས་པ་སྟེ། གསོལ་བ་ལ་སོགས་པའི་ལས་སོ། །བྱེད་པ་དག་ཅེས་བྱ་བ་ནི་དུས་གཞན་ན་
འབྱུང་བ་ཡོངས་སུ་གནས་པ་ལ་སོགས་པའོ། །རྟག་ཏུ་དག་པ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ཀུན་དུ་སྤྱོད་པ་རྟག་ཏུ་དག་པ་སྟེ་ཉེས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །སྙིང་པོ་སྟེ་ཞེས་བྱ་བ་ནི་སྙིང་པོ་དང་ལྡན་པ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་ཞེས་བྱ་བའི་ཐ་ཚིག་གོ །རྟག་དུ་དག་པ་གསོ་སྦྱོང་ཡིན། །ཞེས་བྱ་བ་ནི་རྟག་ཏུ་རྒྱུད་དག་པ་ནི་གསོ་སྦྱོང་ཡིན་ནོ། །གཙང་མའི་ལས་ནི་དག་གྱུར་པ། །ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་ཁ་ན་མ་ཐོ་བ་མེད་པའོ། །དེ་ཡིན་བརྟུལ་ཞུགས་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་སྤོང་བའི་མཚན་ཉིད་བདུན་གྱི་ཚུལ་ཁྲིམས་འགྲུབ་པར་འགྱུར་ཞེས་བྱ་བ་ནི་ཐ་ཚིག་གོ ། དག་ཅིང་ཞེས་བྱ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་མེད་པའི་ཕྱིར་རོ། །མཆོག་ཏུ་དག་པ་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་མེད་པའི་ཕྱིར་རོ། །མ་བྱུང་ངམ་ཞེས་བྱ་བ་ནི་དྲི་བའོ། །མི་འགྲོ་བར་མ་བྱེད་པར་ཞེས་བྱ་བ་ནི་མནན་པའི་ཕྱིར་དགག་པ་གཉིས་སྨོས་སོ། །མཚམས་ཆེན་པོ་བཅད་པར་རྗེས་སུ་གནང་ངོ་ཞེས་བྱ་བ་ནི་གསོ་སྦྱོང་ལ་སོགས་པའི་གནས་གཅིག་ཏུ་བསྡུ་བའི་ཕྱིར་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་མཐའ་ཚུན་ཆད་དུ་གསོལ་བ་དང་གཉིས་ཀྱིས་མཚམས་གཅད་པར་བྱ་བའོ། །གནས་པ་ཞེས་བྱ་བ་ནི་དུས་ཐུང་ངུར་གནས་པ་ཕྱིར་ནང་གི་རྒྱུས་མི་ཤེས་པའོ། །གཉུག་མར་གནས་པ་ཞེས་བྱ་བ་ནི་དུས་ཡུན་རིང་དུ་གནས་པ་ཕྱི་ནང་གིས་རྒྱུས་ཤེས་པའོ། །བརྟན་པོ་ཞེས་བྱ་བ་ནི་བརྟན་པ་སྟེ་བཅོས་མ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ །མཚན་མ་ཞེས་བྱ་བ་ནི་མངོན་མཚན་ནོ། །གཟུགས་པར་བྱའོ་ཞེས་བྱ་བ་ནི་བརྟག་པར་བྱའོ། །མཚམས་བཅད་པའི་ལས་ནི་མཚམས་བརྟག་པའི་ཕྱིར་བྱེད་པ་ཡིན་པས་དེའི་ཕྱིར་མཚན་མ་མ་བཙུགས་ན་མཚམས་མ་བརྟགས་པ་ཡིན་པས་དེའི་ཕྱིར་མཚན་མ་བརྟན་པོ་གཟུངས་པར་བྱའོ་ཞེས་གསུངས་སོ། །བརྗོད་པར་བྱའོ་ཞེས་བྱ་བ་ནི་བསྒྲག་པར་བྱའོ། །ནང་དུ་ཞེས་བྱ་བ་ནི་དེ་ཚུན་ཆད་དུའོ། །གནས་བསྡུ་བཞི་བྱ་བ་ནི་གསོ་སྦྱོང་ལ་སོགས་པའི་ལས་ལྷན་ཅིག་ཏུ་བྱ་བ་སྟེ། དེས་ན་མཚམས་དེའི་ནང་ན་གནས་པའི་དགེ་སློང་རྣམས་ལས་ཀྱི་གནས་སུ་མ་ཚོགས་སམ། དེ་དག་གི་འདུན་པ་མ་བླངས་པར་བྱེད་ན་མི་མཐུན་པར་བྱེད་པ་ཡིན་པས་ལས་མི་འཆགས་སོ། །དགེ་སློང་རྣམས་
བདེ་བ་ལ་རེག་པར་གནས་པ་ཞེས་བྱ་བ་ནི་ལས་འགྲུབ་པ་དང༌། ཁ་ན་མ་ཐོ་བ་མེད་པར་འགྱུར་བའི་ཕྱིར་རོ། །གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པ་ཞེས་བྱ་བ་ནི་མཚམས་ཆེན་པོ་དེའི་ནང་ན་གྲོང་དང་གྲོང་གི་ཉེ་འཁོར་གང་དག་ཡོད་པ་དེ་དག་མཚམས་ཀྱི་ཁོངས་སུ་མ་བརྩི་བར་ཁོལ་དུ་དབྱུང་བར་བྱ་བའོ། །དེས་ན་གྲོང་དང་གྲོང་གི་ཉེ་འཁོར་སྔ་ན་ཡོད་ན་ཡང་དེ་མཚམས་སུ་མི་འགྱུར་ལ་ཕྱིས་བརྩིགས་ན་ཡང་མཚམས་སུ་མ་གཏོགས་པར་འགྱུར་རོ། །དགོན་པ་ལ་ཐུག་པ་ཞེས་བྱ་བ་ནི་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དོ། །གནས་ལ་ཐུག་པ་ཞེས་བྱ་བ་ན་གཙུག་ལག་ཁང་ལ་ཐུག་པའོ། །སྐྱོ་བར་གྱུར་ཅེས་བྱ་བ་ནི་གནོད་པར་གྱུར་པའོ། །མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱིས་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་མཚམས་དེར་གལ་ཏེ་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་བྱས་པར་གྱུར་ན། གཟོད་ཆོག་གོས་དང་མི་འབྲལ་བར་འགྱུར་བ་ཡིན་གྱི་མཚམས་བཅད་པ་ཙམ་གྱིས་འབྲལ་བར་མི་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སྟོད་གཡོགས་སྨད་གཡོགས་དང་བཅས་པ་ཞེས་བྱ་བ་ནི་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པ་སྟེ། སྣམ་སྦྱར་མེད་པར་ཞེས་བྱ་བའི་ཐ་ཚིག་གོ །བཞི་ཡི་ཚོགས་ཀྱིས་ལས་བྱ་བ། །ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ཉེ་པ་སྦོམ་པོ་ཡང་བཤགས་པའོ། །ལྔ་ཡིན་ཚོགས་ཀྱིས་ལས་བྱ་བ། །ཞེས་བྱ་བ་ནི་དགེ་འདུན་ལྷག་མར་འགྱུར་བའི་ཉེས་པ་སྦོམ་པོ་ལྕི་བ་བཤགས་པའོ། །ཁ་ཅིག་ན་རེ་བཞིའི་ཚོགས་ཀྱིས་ལས་བྱ་བ་ནི་གསོ་སྦྱོང་ལས་སོ། །ལྔའི་ཚོགས་ཀྱིས་ལས་བྱ་བ་ནི་དགག་དབྱེའི་ལས་སོ་ཞེས་ཟེར་རོ། །བཅུ་ཡིན་ཚོགས་ཀྱིས་ལས་བྱ་བ། །ཞེས་བྱ་བ་ནི་ཡུལ་དབུས་རྫོགས་པར་བསྙེན་པའི་ལས་སོ། །མཚམས་བུ་ཆུང་ཞེས་བྱ་བ་ནི་དཀྱིལ་འཁོར་བ་སྟེ། དེའི་ཕྱིར་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱའོ་ཞེས་གསུངས་སོ། །ཇེ་དང་པོར་མཚམས་ཆེན་པོ་དགྲོལ་བར་བྱའོ་ཞེས་བྱ་བ་ནི་སྔ་མ་བག་ཡངས་སུ་མ་བྱས་པར་བཅད་པར་གཞན་མི་འཆགས་པའི་ཕྱིར་རོ། །སྲོལ་བཏོད་པ་ཞེས་བྱ་བ་ནི་རོལ་ལ་སོགས་པའི་སྲོལ་
བཏོད་པའོ། །མཚན་པ་བརྟན་པོ་གཟུགས་པར་བྱ་བའོ་ཞེས་བྱ་བ་ནི་ཕྱོགས་བཞིར་སེང་ལྡེང་གི་ཕུར་བུ་བཏབ་པའམ་སྲད་བུ་བྲེས་པའམ་རྡོ་བཞགས་པའམ་སྲོལ་བཏོད་པ་ལ་སོགས་པའི་མཚན་མ་བརྟན་པོ་དེ་ཤེས་པའི་དགེ་སློང་ཡུལ་དེ་ན་གནས་པའམ། གཉུག་མར་གནས་པ་རྣམས་ཀྱིས་དང་པོར་བརྟག་ཅིང་མཚན་མ་གཟུགས་པར་བྱ་བའོ། །མཚན་མ་བརྟན་པོ་བརྗོད་པར་བྱའོ་ཞེས་བྱ་བ་ནི་མཚན་མ་དེ་དག་བརྟགས་ཤིང་བཙུགས་པའི་འོག་ཏུ་དགེ་འདུན་གྱིས་མཚན་མ་བརྟན་པོ་དེ་དག་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ་ཞེས་བྱ་བ་ནི་ཕྱོགས་བཞིའི་མཚན་མ་བརྟན་པོ་དེ་དག་བརྗོད་པའི་འོག་ཏུ་མཚམས་བཅད་པའི་ལས་བྱ་བའོ། །མཚམས་བུ་ཆུང་བཅད་པར་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བའི་སྦྱིན་པར་བྱའམ་ཞེ་ན། འདི་ལ་ངེས་པ་མེད་དེ། འདི་ལྟར་ཞུས་པ་ལས་བཙུན་པས་མཚམས་བུ་ཆུང་ངུ་ཡང་ཆོས་གོས་དག་དང་མི་འབྲལ་བར་བློ་མཐུན་པར་བགྱིའམ། གལ་ཏེ་འདོད་ན་བློ་མཐུན་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེའི་འོག་ཏུ་མཚམས་ཆེན་པོ་བཅད་པར་བྱའོ་ཞེས་བྱ་བ་ནི་སྔར་མཚམས་བུ་ཆུང་མ་བཅད་པར་ཆེན་པོས་བཅད་ནས་དེའི་འོག་ཏུ་མཚམས་བུ་ཆུང་གཅོད་པར་འདོད་ན་མཚམས་ཆེན་པོ་སྔར་བཅད་པ་བཀྲོལ་ལ་མཚམས་བུ་ཆུང་བཅད་པར་བྱའོ། །མཚམས་བུ་ཆུང་བཅད་ནས་ཡང་མཚམས་ཆེན་པོ་བཅད་པར་འདོད་ན་དེའི་འོག་ཏུ་ཡང་མཚམས་ཆེན་པོ་གཅད་པར་བྱ་བའོ། །དེའི་འོག་ཏུ་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱིས་ཆོས་གོས་དག་དང་མི་འབྲལ་བའི་གནད་བ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་མཚམས་བུ་ཆུང་བཅད་པའི་འོག་ཏུ་མཚམས་ཆེན་པོ་ཕྱིས་བཅད་པ་དེར་ཡང་གནང་བ་བྱས་ན་ཆོས་གོས་དང་འབྲལ་བར་མི་འགྱུར་བ་དེ་བྱ་བའོ། །བཙུན་པ་ལས་བགྱིད་པ་གཅིག་གིས་གསོལ་བ་གཅིག་དང༌། ལས་བརྗོད་པ་གཅིག་གིས་མཚམས་ཀྱི་སྒོ་ནང་དང་སླད་རོལ་དང་བཅས་པ་བསྒྱུར་བ་དང༌། སྐྱེད་པར་རུང་ངམ་ཞེས་ཞུས་པ་དང༌། ལན་སྩལ་བའི་སྐབས་ཀྱིས་ནི་མཚམས་ཆེན་པོ་དང་མཚམས་བུ་ཆུང་གཉིས་ལས་བྱེད་པ་གཅིག་གིས་གསོལ་བ་གཅིག་དང༌། ལས་བརྗོད་པ་གཅིག་གིས་ཅིག་ཅར་དགྲོལ་དུ་ཡང་རིང་ལ་ཅིག་ཅར་གཅད་དུ་ཡང་རུང་བར་སྟོན་ཏོ། །དེལ་མཚམས་ཀྱི་སྒོ་ནང་དན་ས་ཅས་པ་
ཞེས་བྱ་བ་ནི་མཚམས་བུ་ཆུང་ངོ༌། །མཚམས་ཀྱི་སྒོ་སླད་རོལ་དང་བཅས་པ་ཞེས་བྱ་བ་ནི་མཚམས་ཆེན་པོའོ། །བསྐྱུད་པ་ཞེས་བྱ་བ་ནི་མཚམས་བུ་ཆུང་བཅད་པའོ། །སྐྱེད་པ་ཞེས་བྱ་བ་ནི་མཚམས་ཆེན་པོ་བཅད་པ་སྟེ། དེས་ན་གལ་ཏེ་མཚམས་ཆེ་ཆུང་གཉིས་ཀ་དུས་གཅིག་ཏུ་བསྐྱུང་བ་དང། སྐྱེད་པར་བྱེད་ན་ཡང་མི་རིགས་པ་མེད་དོ། །དེ་ལྟར་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལས་བྱེད་པ་གཅིག་གིས་གསོལ་བ་གཅིག་དང་ལས་བརྗོད་པ་གཅིག་གིས་མཚམས་ཆེ་ཆུང་གཉིས་དུས་གཅིག་ཏུ་དགྲོལ་བ་དང་དུས་གཅིག་ཏུ་གཅད་པའི་ལས་སྟོན་ཏོ། །མཚམས་གཉིས་ཀར་དགེ་འདུན་བཀོད་དེ་ཞེས་བྱ་བ་ནི་མཚམས་ཆེ་ཆུང་གཉིས་ཀར་རོ། །ཤིང་ལ་སོགས་པས་མནན་ནས་ཞེས་བྱ་བ་ནི་དེ་དག་གིས་མནན་ན་མཚམས་གཅིག་ཏུ་འགྱུར་བའི་ཕྱིར་དེ་སྐད་གསུངས་སོ། །འདི་ལ་གལ་ཏེ་འདོད་ན་བསྐྱེད་པར་ཡང་བྱའོ། །གལ་ཏེ་མི་འདོད་ན་བསྐྱུང་བར་ཡང་བྱའོ་ཞེས་བྱ་བ་ནི་ལས་བྱེད་པ་གཅིག་གིས་གསོལ་བ་གཅིག་དང༌། ལས་བྱེད་པ་གཅིག་གིས་མཚམས་ཆེ་ཆུང་གཉིས་ཀ་དུས་གཅིག་ཏུ་གཅད་པར་དང་དགྲོལ་བར་བྱ་བ་འདི་ལ་གལ་ཏེ་འདོད་ན་དེ་ལྟར་བྱའི་གལ་ཏེ་མི་འདོད་ན་དེ་ལྟར་མི་བྱའོ་ཞེས་བསྟན་པ་ཡིན་ནོ། །རྩིགས་པས་བསྐོར་བ་ཡིན་ན་རྩིག་པ་མཚམས་ཡིན་ཞེས་བྱ་བ་ནི་མཚམས་མ་བཅད་པའི་གནས་གང་ཡིན་པ་དེར་ལས་བྱ་བའི་ཡུལ་ལ་གཙུག་ལག་ཁང་གི་རྩིག་པ་ཉིད་མཚམས་ཡིན་ནོ། རྩིག་པས་མ་བསྐོར་ནས་ཝ་ཁ་ནས་ཆུ་འཛག་པ་གང་དུ་བབ་པ་ཚུན་ཆད་ཅེས་བྱ་བ་ནི་མཚམས་མ་བཅད་པའི་གནས་རྩིག་པས་མ་བསྐོར་བ་ལ་མི་ཝ་ཁ་ནས་ཆུ་འཛག་པའི་སྣ་གང་དུ་འཛག་པ་ཚུན་ཆད་ལས་ལ་མཚམས་ཡིན་པ་བསྟབ་ཏོ། །དགེ་སློང་དེ་ན་འཁོད་པ་རྣམས་ཀྱིས་དེར་འདུག་སྟེ་གསོ་སྦྱོང་བྱ་ཞིང་དགག་དབྱེ་དང་གསོལ་བ་དང༌། གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་བྱའོ་ཞེས་བྱ་བ་འདིས་ནི་ལས་ཀྱི་གཞི་སྤྱིར་བསྟན་པ་ལས་བརྒྱ་རྩ་གཅིག་པོ་དག་གཙོ་ཆེར་སྨོས་པར་ཟད་ཀྱིས་འདིར་ལས་བརྒྱ་རྩ་གཅིག་པོ་གཉི་ཚེ་བཟུང་པར་མ་ཟད་དེ་འདུལ་བ་དང་ལྡན་པའི་ལས་ཐམས་ཅད་བསྡུས་པར་རིག་པར་བྱའོ། །ཆོས་གོས་དང་མི་འབྲལ་བའི་མཚམས་ནི་མ་གཏོགས་ཏེ། དེ་ནི་སྔར་ལས་ཀྱིས་མཚམས་བཅད་པ་ཉིད་ཡིན་པའི་ཕྱིར་རོ། །ཉེ་འཁོར་མཐའ་ཚུན་ཆད་དེ་ཞེས་བྱ་བ་ནི་གྲོང་ལ་
ནི་གྲོང་གི་ཉེ་འཁོར་གྱི་མཐའ་ཚུན་ཆད་མཚམས་ཡིན་པའོ། །རྒྱང་གྲགས་ཀྱི་མཐའ་ཚུན་ཆད་དེ་ཞེས་བྱ་བ་ནི་དགོན་པ་ལ་ནི་ཕྱོགས་སུ་རྒྱང་གྲགས་ཀྱི་མཐའ་ཆུང་ཆད་མཚམས་ཡིན་པའོ། །བཙུན་པ་གསོ་སྦྱོང་གི་ལས་སུ་མཆིས་ཞེས་བྱ་བ་ནི་ཆོས་དང་ཆོས་མ་ཡིན་པ་དང་མཐུན་པ་དང་མི་མཐུན་པའི་མཚན་ཉིས་སྟོན་ཏོ། །ཆོས་མ་ཡིན་པས་ཞེས་བྱ་བ་ནི་གདོན་པར་བྱ་བ་དང༌། དེའི་ཚད་དང་དུས་དང༌། འདོན་པར་བྱེད་པ་རྣམས་དེ་ཁོ་ན་བཞིན་ཉེ་བར་གཟུང་བ་སྟེ། དེ་ལ་གདོན་པར་བྱ་བ་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་སོ་སོར་ཐར་པའི་མདོ་ལ་གཞན་ཕྲན་ཚེགས་ལ་སོགས་པ་འདོན་པའོ། །དེའི་ཚད་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་གླེང་གཞི་མི་འདོན་ཞིང་ལྷག་མ་རྣམས་ཀྱང་ཐོས་པ་བསྒྲུབས་པས་སྒྲུབ་བར་མི་བྱེད་པའོ། །དེའི་དུས་དེ་ཁོན་བཞིན་ཉེ་བར་མ་བཟུང་བ་ནི་གསོ་སྦྱོང་གི་དུས་ལས་གཞན་པའི་དུས་སུ་བྱད་པའོ། །འདོན་པར་བྱེད་པ་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་གང་ཟག་གང་དག་གི་དབང་དུ་གསོ་སྦྱོང་བྱེད་པ་རྫོགས་པར་བསྙེན་པ་དང་བཅས་པ་ལྟ་བ་དང་ཚུལ་ཁྲིམས་དག་གིས་རིས་མཐུན་པ་དེ་དག་ལ་གཞན་བས་བྱེད་པའོ། །ཡང་ན་གང་གདོན་པར་བྱ་བ་དག །ཇི་སྙེད་གདོན་པར་བྱ་བ་དང༌། གང་གི་ཚེ་གདོན་པར་བྱ་བ་དང༌། གང་དག་གིས་གདོན་པ་བྱ་བ་དེ་དག་ཡོངས་སུ་སྤངས་ཏེ། གདོན་པར་བྱ་བ་དང་ཚད་དང་དུས་དང་གདོན་པར་བྱེད་པ་གཞན་ཉིད་ཉེ་བར་འཛིན་པར་བྱེད་པ་དེ་ནི་འདིར་མི་འཆགས་པར་བྱེད་པ་ཡིན་པ་ཆོས་མ་ཡིན་པར་ཤེས་པར་བྱའོ། །དེ་ལས་བཟློག་པ་ནི་ཆོས་ཀྱིས་བྱེད་པ་ཡིན་ནོ། །མི་མཐུན་པར་བྱེད་པ་ཞེས་བྱ་བ་ནི་ལས་ཀྱི་མཚམས་སུ་གཏོགས་པའི་དགེ་སློང་རྣམས་ལུས་སམ་འདུན་བས་མ་འདུས་པ་དང་གསོལ་བ་མ་བརྗོད་པར་འདོན་པའོ། །དེ་ལ་བཟློག་པ་ནི་མཐུན་པར་བྱེད་པ་ཡིན་ནོ། །བཙུན་པ་སོ་སོར་ཐར་པའི་མདོ་འདོན་པ་དུ་མཆིས་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པ་རྣམ་པ་ལྟན་སྟོན་ཏེ། གླེང་གཞི་གདོན་བ་དང༌། ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་དང༌། རིལ་གྱི་གདོན་པའོ། །སྔོམ་ལ། གནས་དང་དབྱར་སྔ་ཕྱི་མ་དང༌། །ཞེས་བྱ་བ་ལ་སོགས་པ་མི་སྔར་སྤྱི་སྡོམ་ལས་གནས་དང་ཞེས་སྨོས་པའི་སྡོམ་གྱི་ཚིགས་སུ་བཅད་པ་ཡིན་བར་
སྦྱར་རོ། །ཆེ་གེ་མོ་ཞིག་ལ་ཞེས་བྱ་བ་ལ་སོགས་པ་སྣང་ངོ་ཞེས་བྱ་བ་ནི་ཁ་ཏོན་དུ་ཐོན་པ་སྟེ། བཟླས་པའི་ཕྱིར་ལན་གཉིས་སུ་སྨོས་སོ། །གནས་བསྟབས་པ་ཞེས་བྱ་བ་ནི་གནས་ཁང་ལས་མི་དབྲལ་བའོ། །གནས་མལ་བསྟབས་པ་ཞེས་བྱ་བ་ནི་མལ་ཆ་དང་སྟན་ལ་སོགས་པ་ལས་མི་དབྲལ་བའོ། །ལས་བསྟབས་པ་ཞེས་བྱ་བ་ནི་ལས་སུ་མི་བསྐོ་བའོ། །རྙེད་པ་བསྟབས་པ་ཞེས་བྱ་བ་ནི་ལས་སུ་བསྐོས་པའི་རྙེད་པ་དབང་བ་དེ་ལས་མ་བྱས་ཀྱང་སྦྱིན་པའོ། །བསྙེན་བཀུར་བ་བསྟབས་པ་ཞེས་བྱ་བ་ནི་དེའི་བསྙེན་བཀུར་བ་ལས་སུ་མི་བསྐོས་བའོ། །དབྱར་སྡ་མ་ཞེས་བྱ་བ་ནི་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གོ །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་ཞེས་བྱ་བ་ནི་དབྱར་སྔ་མ་ཉེ་བར་བསྒྲུབ་པ་དབྱར་ཟླ་འབྲིང་པོ་ཚེས་བཅོ་ལྔ་ལའོ། །དབྱར་ཕྱི་མ་ཞེས་བྱ་བ་ནི་དབྱར་ཟླ་ཐ་ཆུངས་ཚེས་བཅུ་དྲུག་གོ །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་ཉེ་བ་ནི་དབྱར་ཕྱི་མ་ཉེ་བར་བསྒྲུབ་པ་དབྱར་ཟླ་ཐ་ཆུངས་ཚེས་བཅོ་ལྔ་ལའོ། །ཟླ་བ་གཉིས་ཞེས་བྱ་བ་ནི་དབྱར་ཟླ་ཐ་ཆུངས་ཉ་ནས་སྟོན་ཟླ་ར་བའི་ཉའི་བར་གྱི་ཟླ་བ་གཅིག་དང༌། སྟོན་ཟླ་ར་བ་ཉ་ནས་སྟོན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཅིག་གོ །སོ་སོར་བརྟགས་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་དབྱར་ཉེ་བར་བསྒྲུབ་པ་ནི་གཉིས་བཀའ་སྩལ་གྱི། གསུམ་པ་ནི་མེད་པས་དགག་དབྱེ་སྔ་མ་ཤོས་ཉིད་བཙལ་བར་བྱའོ་སྙམ་དུ་སོ་སོར་བརྟགས་ཏེའོ། །གསོ་སྦྱོང་གཞན་ལ་ཞེས་བྱ་བ་ནི་སྟོན་ཟླ་འབྲིང་པོ་གནས་སྟོང་གི་གསོ་སྦྱོང་ལ་སོགས་པ་ལའོ། །མདོ་སྡེ་འཛིན་པ་ཞེས་བྱ་བ་ལ་སོགས་པ་ནི་དོན་གྱི་སྒོ་དད་ཚིག་གི་སྒོ་ནས་འཛིན་པའོ། །དོན་དུ་ཞེས་བྱ་བ་ནི་ཆེད་དུའོ། །ཁྱམས་ཞེས་བྱ་བ་ནི་གཙུག་ལག་ཁང་གི་སྒོའི་བར་གྱི་བང་རིམ་མོ། །ངག་གི་བཤེས་པའི་ཚིག་གིས་ཞེས་བྱ་བ་ནི་བྱོན་པ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་ཚིག་སྙན་པས་སོ། །ཁྲུས་བྱ་ཞེས་བྱ་བ་ནི་བསྐུ་མཉེ་དང་དྲིལ་ཕྱི་བྱ་ཞིང་དུས་དང་མཐུན་པའི་ཆུས་ཁྲུས་བྱ་བའོ། །དགེ་འདུན་ལ་ཡང་སྣུམ་བག་གི་རྙེད་པ་དབུལ་བར་བྱའོ་ཞེས་བྱ་བ་ནི་དེའི་ཕྱིར་དགེ་འདུན་ལ་ཡང་སྣུམ་བག་གི་རྙེད་པ་དབུལ་བར་བྱ་བའོ། །ཚེས་མཉན་པར་བྱའོ་ཞེས་བྱ་བ་ནི་དེར་ཐམས་ཅད་ཀྱི་སྤྲོ་བ་བསྐྱེད་པར་བྱ་ཞིང་སེང་གེའི་ཁྲི་བཤམས་པ་ལ་སོགས་པ་ཐམས་ཅད་ཀྱིས་བརྗོད་པར་མི་བྱ་སྟེ་ཅ་ཅོར་འགྱུར་བའི་ཕྱིར་རོ། །ལ་ལ་ཞིག་ཅེས་བྱ་བ་
དགེ་སློང་ཕྲག་དོག་ཅན་ལ་ལ་ཞིག་གོ །རབ་ཏུ་འབྱུང་བ་དག་ཏུ་འདྲ་ན་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ཆོ་གས་རབ་ཏུ་བྱུང་བ་དག་ཏུ་འདྲ་བའི་ཕྱིར་རོ། །སྟོན་པ་འདས་པའི་གསུང་རབ་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པས་བསྟན་པའི་ཆོས་ལ་སྟེ། མ་འོངས་པའི་དུས་ན་འབྱུང་བ་ལ་ལྟོས་ནས་སྟོན་པ་འདས་པའི་ཞེས་གསུངས་ཀྱི་ཞལ་བཞུགས་པའི་དུས་ལ་ལྟོས་པ་ནི་མ་ཡིན་ནོ། །འདི་ནི་སྟོན་པའོ་ཞེས་བྱ་བ་ནི་ཉེ་བར་བཏགས་པའོ། །འདི་ནི་རྟེན་ཏེ་ཞེས་བྱ་བ་ནི་འདི་ལས་བྱ་བ་དང༌། བྱ་བ་མ་ཡིན་པ་ཡོངས་སུ་ཤེས་པ་འགྲུབ་པའི་ཕྱིར་རྟེན་མིན་ནོ། །རྣམ་པ་གང་གིས་ཀྱང་གནང་བར་མི་བྱའོ་ཞེས་བྱ་བ་ནི་ཡེ་མི་གནང་བར་བྱ་བའོ། །གནས་བརྟན་དང་བཅས་པ་ཞེས་བྱ་བ་ནི་དགེ་འདུན་གྱི་གནས་བརྟན་ཉིད་སོ་སོར་ཐར་པའི་མདོ་གདོན་པར་བྱེད་པའོ། །སོ་སོར་ཐར་པ་དང་བཅས་པ་ཞེས་བྱ་བ་ནི་གསར་བུ་སོ་སོར་ཐར་པའི་མདོ་གདོན་པར་བྱེད་པའོ། །དེས་ན་འདིར་དོན་འདི་ཡིན་ཏེ། གང་ན་གནས་བརྟན་ཉིད་སོ་སོར་ཐར་པའི་མདོ་འདོན་པ་དེར་འགྲོ་བར་བྱ་བའོ། །གང་ན་གསར་བུ་སོ་སོར་ཐར་པའི་མདོ་གདོན་པ་དེར་ནི་འགྲོ་བར་མི་བྱའོ། །གནས་བརྟན་སོ་སོར་ཐར་པའི་མདོ་གདོན་པ་མེད་ན་ནི་གང་ན་སོ་སོར་ཐར་པའི་མདོ་འདོན་པ་དེར་ཡང་འགྲོ་བར་བྱའོ། །ཁ་ཅིག་ན་རེ་གནས་བརྟན་ཉིད་དང་བཅས་པ་སོ་སོར་ཐར་པ་དང་བཅས་ཞེས་བྱ་བ་ནི་དགེ་འདུན་གྱི་གནས་བརྟན་ཉིད་ཀྱང་ཡོད་ཅིང་དེ་ཉིད་སོ་སོར་ཐར་པའི་མདོ་འདོན་པར་བྱེད་པ་ཡིན་ཏེ། དེ་ས་ན་གང་ན་གནས་བརྟན་ཀྱང་ཡོད་ཅིང་དེ་ཉིད་སོ་སོར་ཐར་པའི་མདོ་འདོན་པར་ཡང་བྱེད་པ་དེར་འགྲོ་བར་བྱའི་ངེ་གཉིས་ཡང་གྱུར་པར་ནི་འགྲོ་བར་མི་བྱའོ་ཞེས་ཟེར་ཏེ། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པས་ནི་སྤྱོད་པ་བཟང་པོ་དང་ལྡན་པ་ཉིད་བསྟན་ཏོ། །དེ་ལས་གཞན་དུ་འཇུག་ན་ཞེས་བྱ་བ་ནི་མཁན་པོ་ལ་སོགས་པས་བསྒོ་བ་དེ་ལས་གཞན་དུ་སློབ་མ་ལ་སོགས་པ་འགྲོ་ནའོ། །བྲོ་འཚལ་བ་ཞེས་བྱ་བ་ནི་ནད་ཡོད་པའི་ཕྱིར་རོ། །སྡུག་བསྔལ་བ་ཞེས་བྱ་བ་ནི་ནད་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་ཏེ། སྡུག་བསྔལ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ །བྲོ་ཚབས་ཆེ་བ་ཞེས་བྱ་བ་ནི་ནད་ཤིན་ཏུ་ཚབས་ཆེན་པོ་དང་ལྡན་པ་སྟེ། ཁྲིལ་ཉལ་བ་ཞེས་བྱ་བའི་ཐ་ཚིག་གོ །དེའི་ཡོངས་སུ་དག་པ་བླང་བར་
བྱའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྟ་བ་ཕུན་སུམ་ཚོགས་པ་གཉིས་ཀྱིས་གསོ་སྦྱོང་ཉམས་སུ་མྱོང་བར་རུང་བ་ཉིད་ཡིན་ལ། ཚུལ་ཁྲིམས་དང་ལྟ་བ་ཕུན་སུམ་ཚོགས་པ་མཚམས་ཀྱི་ནང་ན་གནས་པ་དག་གིས་ལས་ཉམས་སུ་མྱོང་བར་རུང་གི་གཞན་གྱིས་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་འོག་ནས་ཀྱང་འགྲོ་བའི་བླ་མས་དགེ་སློང་དེས་བདག་ཉིད་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་དག་པ་ཕུལ་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་པར་འབྱུང་ངོ༌། །ཕུང་ནས་ཞེས་བྱ་བ་ནི་བཞག་ནས་སོ། །བར་ཆད་ཀྱི་ཆོས་རྣམས་ཞེས་བྱ་བ་ནི་ཕམ་པར་འགྱུར་བ་ལ་སོགས་པའོ། །བརྗོད་དོ་ཞེས་བྱ་བ་ནི་ཁྱོད་ལ་བརྗོད་པར་བྱའོ་ཞེས་བྱ་བའོ། །རིག་པར་བགྱིད་དོ་ཞེས་བྱ་བ་ནི་བརྒྱུད་པས་དགེ་འདུན་ལ་ཡང་རིག་པར་བྱེད་པའོ། །ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་ཞེས་བྱ་བ་ནི་མགོ་གཅོག་པ་ལ་སོགས་པས་སོ། །བླང་བར་བྱའོ་ཞེས་བྱ་བ་ནི་བསྐུར་བར་བྱ་བའོ། །རྒྱུག་བར་མི་བྱའོ་ཞེས་བྱ་བ་ནི་རྒྱུག་ཅིང་འགྲོ་བར་མི་བྱ་བའོ། །མགྱོགས་པར་མི་བྱའོ་ཞེས་བྱ་བ་ནི་མི་བརྒྱུག་པར་ཅུང་ཟད་ངལ་བའི་འགྲོས་ཀྱིས་འགྲོ་བར་བྱ་བའོ། །མཆོང་བར་མི་བྱའོ་ཞེས་བྱ་བ་ནི་མཆོང་བར་མི་བྱའོ། །ཕྱི་རོལ་ལ་མཆོང་བར་མི་བྱའོ་ཞེས་བྱ་བ་ནི་གཙུག་ལག་ཁང་གི་ཕྱི་རོལ་གྱི་རྩིག་པ་དང༌། ས་སྒལ་ལ་མཆོང་བར་མི་བྱའོ། །འོབས་མཆོང་བར་མི་བྱའོ་ཞེས་བྱ་བ་ནི་མཚམས་ཀྱི་འོབས་ལ་སོགས་པ་ལའོ། །བར་རིམ་ལ་མཆོང་བར་མི་བྱའོ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཁྱམས་ཀྱི་བར་རིམ་ལའོ། །ནམ་མཁའ་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ནི་ནམ་མཁའ་ལ་འདུག་པའམ་འགྲོ་བར་མི་བྱའོ། །མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི་མཚམས་ནས་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱའོ། །གོམ་པ་གཅིག་གིས་སྐས་ཀྱི་རིམ་པ་གཉིས་ལ་ཐོད་རྒལ་དུ་འཛེག་པར་མི་བྱའོ་ཞེས་བྱ་བ་ནི་སྐས་ཀྱི་གདང་བུ་གཞན་ཐོད་རྒལ་དུ་བཞག་སྟེ། གཞན་ལ་ཐོད་རྒལ་དུ་གོམས་པ་འདོར་བར་མི་བྱ་བའོ། །གོམ་པ་གཅིག་གིས་ཐེམ་སྐས་ཀྱི་ཐེམ་པ་གཉིས་ལ་ཐོད་རྒལ་དུ་འཛེག་བར་མི་བྱའོ་ཞེས་བྱ་བ་ནི་ཐེམ་སྐས་གཞན་བཞག་ནས་གཞན་དུ་གོམ་པ་དོར་བར་མི་བྱ་བའོ། །ཆུ་ལྐོག་མ་ནུབ་ཙམ་ལ་འབོག་བར་མི་བྱའོ་ཞེས་བྱ་བ་ནི་འགྲོ་བའི་ལམ་གཞན་ཡོད་ན་སྟེ་མེད་ན་ནི་ཉེས་པ་མེད་དོ། །གཉིད་ལོག་པར་བྱེད་པ་དང་སྙོམས་
པར་འཇུག་པར་བྱེད་པ་ནི་རྒྱུ་གཉིས་ཀྱིས་སྨད་པར་བྱ་བ་ཡིན་ཏེ་ཞེས་བྱ་བ་ལ་ངོ་ཚ་མེད་པ་ཉིད་ཅེས་བྱ་བ་ནི་བླ་མ་དང་ཡོན་ཏན་ཅན་དག་ལ་མི་གུས་པའི་ཕྱིར་རོ། །མ་ཀླས་པ་ཉིད་ཅེས་བྱ་བ་ནི་བསྟན་པ་དེ་ལ་ཐེ་ཚོམ་ཟ་བ་ཉིད་དང༌། མ་ངེས་པ་ཉིད་དང༌། མ་མོས་པ་ཉིད་དང༌། མ་གུས་པ་ཉིད་ཀྱི་བར་མ་དོ་ན་གཡེལ་བག་ཏུ་ལྡོམ་པའོ། །མ་ལྷགས་པ་རྣམས་ཀྱི་ཞེས་བྱ་བ་ནི་མཚམས་ཀྱི་ནང་ན་འཁོད་པ་དགེ་འདུན་གྱི་ནང་དུ་མ་འདུས་པ་རྣམས་ཀྱིའོ། །ལན་གསུམ་དུ་བཟླས་ཞེས་བྱ་བ་ནི་གང་ཟག་ལ་བཟླས་པའི་སྔགས་སོ། །དགེ་འདུན་ལ་བཟླས་པ་ནི་ལན་གཅིག་གིས་ཆོག་གོ །ཁྱིམ་པ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལ། དབྱར་གྱིས་འཆེ་བ་ཞེས་བྱ་བ་ནི་དམ་འཆའ་བ་སྟེ་ཁས་ལེན་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་ཁྱིམ་པ་ལ་སྡོམ་པ་མེད་པ་དེ་བཞིན་དུ་བདག་ཀྱང་སྡོམ་པ་མེད་པ་ཉིད་དུ་ཁས་ལེན་པའི་ཕྱིར་དེས་འདུན་པ་དང་ཡོངས་སུ་དག་པ་མ་བླངས་པ་ཡིན་ནོ། །ཇི་ལྟར་དགེ་ཚུལ་དགེ་སློང་གིས་ལས་དག་ལ་མི་རིགས་པ་དེ་བཞིན་དུ་བདག་ཀྱང་ཁས་ལེན་པའི་ཕྱིར་རོ། །ཇི་ལྟར་ཟ་མ་ཉིད་ནས་རྐུ་ཐབས་སུ་གནས་པ་ཉིད་ཀྱི་བར་དག་སྡོམ་པའི་ཞིང་དུ་གྱུར་པ་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་ཁས་ལེན་པའི་ཕྱིར་དང༌། ཇི་ལྟར་ཐ་དད་པར་གནས་པ་ཉིད་རབ་ཏུ་བྱུང་བ་ཐམས་ཅད་ལས་ཐ་དད་པར་གྱུར་ཅིང་ཁྱིམ་པ་དང་འདྲ་བ་དེ་བཞིན་དུ་བདག་ཀྱང་ཐ་དད་པར་གྱུར་པ་ཉིད་དུ་ཁས་ལེན་པའི་ཕྱིར་དང༌། ཇི་ལྟར་གནས་པར་མི་བྱ་བ་ཉིད་ཉམས་པའི་ཕྱིར་ཆོ་ག་འཁྲུགས་ཤིང་སྡོམ་པ་ཉམས་པ་དེ་བཞིན་དུ་བདག་ཀྱང་ཁས་ལེན་པའི་ཕྱིར་དེ་དག་གིས་ཀྱང་འདུན་པ་དང༌། ཡོངས་སུ་དག་པ་མ་བླངས་པ་ཡིན་ནོ། །བླངས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དགེ་འདུན་གྱི་ནང་དུ་འོངས་ཏེ་མ་བརྗོད་ན་དེས་ཇི་ལྟར་འདུན་པ་དང་ཡོངས་སུ་དག་པ་བརྗོད་པར་བྱ་ཞེ་ན། འདི་ལ་བླངས་པ་ཉིད་དུ་ཁྱེད་ཀྱིས་ཐེ་ཚོམ་མེད་པར་ཁོང་དུ་ཆུད་པར་བྱ་བའོ་ཞེས་བསྟན་པའི་ཕྱིར་རྗོད་པར་བྱེད་པ་ཡིན་པས་དགེ་སློང་དེ་དགེ་འདུན་གྱི་ནང་དུ་འོངས་པ་ཉིད་ཀྱིས་ཐམས་ཅད་ལ་ཐེ་ཚོམ་མེད་པར་གྱུར་པས་དེས་ན་ཉེས་པའི་སྐབས་མེད་དོ། །དེ་ལྟ་བས་ན་བླངས་པ་ཉིད་དུ་འདུ་ཤེས་པ་ལས་བྱེད་ན་མ་བརྗོད་དུ་ཟིན་ཀྱང་ལྟུང་བར་མི་འགྱུར་གྱི་གཞན་དུ་ན་ལྟུང་བར་འགྱུར་བ་ཁོ་ནར་རིག་པར་བྱའོ། །ཡོངས་སུ་དག་པ་ལས་
ཇི་ལྟ་བ་བཞིན་དུ་འདུན་པ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དགེ་སློང་ཡོངས་སུ་དག་པ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ཚུལ་ཁྲིམས་དང་ལྡན་པའོ། །ལྟ་བ་མཐུན་པ་ཞེས་བྱ་བ་ནི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་མ་བསྐྱེད་པའི་ཕྱིར་རོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་བ་ཡིན་ནོ་ཞེས་བྱ་བ་ལ། གསོ་སྦྱོང་བཅོ་ལྔ་ཞེས་སྨོས་པ་ནི་གསོ་སྦྱོང་བཅུ་བཞི་པའི་དཔེ་སྟེ། ཇི་སྐད་དུ་མདོ་ལས་གསོ་སྦྱོང་ནི་གཉིས་ཏེ། བཅུ་བཞི་པ་དང་བཅོ་ལྔ་བའོ་ཞེས་གསུངས་པའི་ཕྱིར་རོ། །བྱིན་གྱིས་བརླབ་པོ་ཞེས་བྱ་བ་ནི་དུས་གཞན་དུ་བྱ་བའི་ཕྱིར་དང༌། གཞན་པར་བྱ་བའོ། །རིམ་པ་ཞེས་བྱ་བ་ནི་གོ་རིམས་ཏེ། དེ་ནི་དགེ་འདུན་མེད་པའི་ཕྱིར་རོ། །འོག་མ་དག་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གཅིག་ལ་གཅིག་བརྗོད་པར་བྱའོ་ཞེས་བྱ་བ་ནི་གཅིག་ལ་གཅིག་གསོ་སྦྱོང་སྦྱིན་ཞིང་བྱིན་གྱིས་བརླབ་པར་བྱའོ། །གསོལ་བ་བྱས་ཏེ་གསོ་སྦྱོང་བྱའོ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པའི་གསོ་སྦྱོང་ཡང་ཡོད་པས་དེ་ལས་དགར་བའི་ཕྱིར་ཏེ་ལས་དང་བཅས་པའི་གསོ་སྦྱོང་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེར་ནི་ནད་པའི་ཡོངས་སུ་དག་པ་བླང་བར་མི་བྱའོ་ཞེས་བྱ་བ་ནི་དགེ་འདུན་མ་ཚང་བའི་ཕྱིར་དེའི་ཡོངས་སུ་དག་པ་བླང་བ་དག་ག་པར་མཛད་དེ། དགེ་འདུན་ཚང་ན་ནི་ནད་པའི་ཡོངས་སུ་དག་པ་བླང་བར་བྱའོ། །སྡོམ་ལ། རྒྱལ་པོས་དགེ་སློང་བཟུང་བ་དང༌། །ཞེས་བྱ་བ་ལ་སོགས་པ་ནི་སྔར་སྤྱི་སྡོམ་ལ་རྒྱལ་པོའི་ཞེས་སྨོས་པའི་སྡོམ་གྱི་ཚིགས་སུ་བཅད་པ་ཡིན་པར་སྦྱར་རོ། །གསོད་པ་ཞེས་བྱ་བ་ནི་གཤེད་མའོ། །ཕྱིར་རྒོལ་བ་ཞེས་བྱ་བ་ནི་ལོངས་སྤྱོད་དབྲོག་པའི་ཕྱིར་བརྩོན་པའོ། །དགྲ་བོ་ཞེས་བྱ་བ་ནི་འཁོན་གྱི་ཤ་གོན་པའི་ཕྱིར་བརྩོན་པའོ། །དཀྱིལ་འཁོར་བར་དོང་སྟེ་ཞེས་བྱ་བ་ནི་དགེ་སློང་བཟུང་བ་དེ་མཚམས་ཀྱི་ནང་ན་འདུག་ན་མི་མཐུན་པ་སྤང་བའི་ཕྱིར་དེ་སྐད་གསུངས་པ་ཡིན་གྱི་དེ་མཚམས་ཀྱི་ནང་ན་མི་འདུག་ན་དཀྱིལ་འཁོར་བར་འདོད་མི་དགོས་སོ། །དེའི་འདུན་པ་བླང་བར་བྱའོ་ཞེས་བྱ་བ་ལ། གལ་ཏེ་འདུན་པ་དང་ཡོངས་སུ་དག་པ་གཉིས་ལ་བྱེ་བྲག་ཅི་ཡོད་ཅེ་ན། འདུན་པ་དབུལ་བ་ལ་ནི་ལས་མཐུན་པ་བསྒྲུབ་པའི་ཕྱིར་རོ། །ཡོངས་སུ་དག་པ་དབུལ་བ་ནི་བདག་ཉིད་ཀྱིས་གསོ་སྦྱོང་ཉམས་སུ་མྱོང་བར་བྱ་བའི་ཕྱིར་རོ། །དེའི་ཕྱིར་དགེ་སློང་དེས་
བདག་ཉིད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་དག་པར་དབུལ་བར་བྱ་ཞིང་དགེ་འདུན་གྱིས་ལས་མཐུན་པར་བྱ་བའི་ཕྱིར་དེའི་འདུན་པ་ཡང་བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་གསོ་སྦྱོང་དང་དགག་དབྱེ་གཉིས་ལ་ནི་དགེ་སློང་གིས་འདུན་པ་དང་ཡོངས་སུ་དག་པ་གཉིས་ཀ་བླང་བར་བྱ་བ་ལ་མཚམས་བཅད་པ་མ་གཏོགས་པའི་ལས་གཞན་ལ་ནི་འདུན་པ་འབའ་ཞིག་བླང་བར་བྱ་སྟེ། ཉེ་བ་འཁོར་མཚམས་བཅད་པ་མ་གཏོགས་པའི་ལས་གཞན་ཐམས་ཅད་ནི་འདུན་པ་དང་བཅས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །སྒྲེན་མོ་ཞེས་བྱ་བ་ནི་མདོམས་མ་གཡོགས་པའི་ཕྱིར་རོ། །སྨྱོས་ཞེས་བྱ་བ་ནི་སྨྱོས་བྱེད་ཀྱི་ཐ་སྙད་ཉམས་པའི་ཕྱིར་རོ། །སེམས་འཁྲུགས་ཞེས་བྱ་བ་ནི་རླུང་ལ་སོགས་པས་རང་བཞིན་གྱིས་སེམས་ཉམས་པའི་ཕྱིར་རོ། །རེས་འགའ་ཞེས་བྱ་བ་ནི་དུས་ལན་འགའོ། །ལྟུང་བ་ཞེས་བྱ་བ་ནི་ཉེས་བྱས་ལ་སོགས་པའོ། །ཆོས་བཞིན་དུ་ཕྱིར་བྱ་ཞེས་བྱ་བ་ནི་རྣམ་པར་དག་པ་བསྒྲུབ་པའི་ཕྱིར་ཏེ་ལྟུང་བ་དང་བཅས་པ་ལས་ཉམས་སུ་མྱོང་བ་བཀག་པའི་ཕྱིར་ཏེ། འོག་ནས་ཀྱང་ཐམས་ཅད་ཡོངས་སུ་དག་པ་ལྟ་བ་མཐུན་པ་འདུག་ཅིང་མཐུན་པར་གྱུར་པ་དག་གིས་གསོ་སྦྱོང་བྱའོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ༌། །དག་བའི་མཐའ་ཚུན་ཆད་ནས་བཟུང་སྟེ་ཞེས་བྱ་བ་ནི་ལྟུང་བ་མེད་པའི་གནས་སྐབས་ཀྱི་མཐའ་ཚུན་ཆད་ནས་སོ། །མཐོལ་ལོ་ཞེས་བྱ་བ་ནི་མིང་བརྗོད་པར་བྱ་བའོ། །འཆགས་སོ་ཞེས་བྱ་བ་ནི་རིགས་བརྗོད་པར་བྱ་བའོ། །མི་འཆབ་བོ་ཞེས་བྱ་བ་ནི་ཚིག་ཏུ་བརྗོད་པ་ཙམ་འབའ་ཞིག་ཏུ་མ་ཟད་ཀྱི་བདག་ཡིད་ཀྱིས་ཀྱང་མི་འཆབ་བའོ། །བདེ་བ་ལ་རེག་པ་ཞེས་བྱ་བ་ནི་རྣམ་པར་དག་པ་ཐོབ་པ་སྟེ། ལྟུང་བ་དང་བྲལ་བའི་རྒྱུས་ཡིད་ཡོངས་སུ་དགའ་བའོ། །ཕྱིན་ཆད་ཅེས་བྱ་བ་ནི་མ་འོངས་པའི་དུས་ནའོ། །སྡོམ་ཞེས་བྱ་བ་ནི་མི་བྱེད་པའོ། །བར་བཅད་བ་ཞེས་བྱ་བ་ནི་འདིར་མི་བྱ་བའོ། །དོགས་པ་ཞེས་བྱ་བ་ནི་གཞན་གྱིས་བྱས་པའི་ཐེ་ཚོམ་མོ། །ཡིད་གཉིས་ཞེས་བྱ་བ་ནི་རང་གིས་བྱས་པའི་ཐེ་ཚོམ་མོ། །བསལ་ནས་ཞེས་བྱ་བ་ནི་ཡོངས་སུ་སྤངས་ནས་སོ། །རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱ་ཞེས་བྱ་བ་ནི་ལས་བྱེད་པས་སོ། །དགེ་སློང་གཞན་གྱིས་ནི་དགེ་སློང་དྲུང་ན་འདུག་པའི་
མདུན་དུ་བྱའོ། །འདི་དང་སྔ་མའི་བྱིན་གྱིས་བརླབ་པའི་སྐབས་དག་ཏུ་ཧ་ཅང་ཡུན་རིང་ན་མི་མཛེས་པས་སྔགས་ལན་རེ་བཟླས་པས་ཆོག་སྟེ་ལན་གསུམ་ནི་མི་དགོས་སོ། །སྣང་བའི་ཕྱོགས་སུ་ཞེས་བྱ་བ་ནི་ཁྱམས་ལ་སོགས་པར་རོ། །མི་འདོད་བཞིན་དུ་ཞེས་བྱ་བ་ནི་མི་དགའ་བཞིན་དུའོ། །གླེང་བར་མི་བྱ་ཞེས་བྱ་བ་ནི་ཉེས་པ་བསྒྲགས་པས་སོ། །དྲན་པར་མི་བྱ་ཞེས་བྱ་བ་ནི་བཤགས་པའི་དུས་དང་གྲོགས་བརྗོད་པས་སོ། །སྡོམ་ལ་སྦྱར་བ་མང་དང་ཞེས་བྱ་བ་ལ་སོགས་པ་ནི་སྔར་སྤྱི་སྡོམ་ལ་སྦྱར་བ་མང་ཞེས་སྨོས་པའི་སྡོམ་གྱི་ཚིགས་སུ་བཅད་པ་ཡིན་པར་སྦྱར་རོ། །དགེ་སློང་གང་དག་མ་ལྷགས་པ་ཞེས་བྱ་བ་ནི་མཚམས་ཀྱི་ནང་ན་གནས་པ་གང་དག་ལས་ཀྱི་གནས་དེར་མ་ལྷགས་པ་དག་གོ །རུང་ངོ་སྙམ་ནས་ཞེས་བྱ་བ་ནི་རིགས་སོ་སྙམ་ནས་སོ། །རྟོག་པས་དོན་དུ་གཉེར་བ་ཞེས་བྱ་བ་ལ། རྟོག་པ་ཞེས་བྱ་བ་ནི་སྒྱུ་ཐབས་སོ། །དེས་དོན་དུ་གཉེར་བ་ནི་སྒྱུ་ཐབས་ཀྱིས་འཇུག་པའི་ལས་དེས་གསོ་སྦྱོང་དོན་དུ་གཉེར་ཞིང་བྱེད་འདོད་པའོ། །རྟོག་པའི་ཡོ་བྱད་ཅན་ཞེས་བྱ་བ་ནི་སྒྱུ་ཐབས་དེ་ཉིད་ཡོ་བྱད་དང་རྒྱུར་སྦྱར་ནས་གསོ་སྦྱོང་གི་ལས་ལ་འཇུག་པ་གང་ལ་ཡོད་པ་དག་གོ །དེ་དག་གིས་ཞེས་བྱ་བ་ནི་སྔ་མ་དག་གིས་ཏེ། དེ་དག་གིས་སྒྱུ་ཐབས་ལ་སོགས་པའི་གསོ་སྦྱོང་ལེགས་པར་མ་བྱས་པ་དེའི་ཕྱིར་ཕྱིས་ལྷགས་པ་དག་གི་དོན་དུ་ཡང་གསོ་སྦྱོང་བྱ་བ་ཁོ་ནར་ངེས་པར་རིག་པར་བྱའོ། །རྟོག་པའི་ཉེར་བསྔོགས་ལས་ཞེས་བྱ་བ་ནི་སྒྱུ་ཐབས་ལས་སྦྱོར་བའི་རྒྱུ་ལས་སོ། །འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་ལས་མི་འཆགས་པར་བྱེད་པའི་ཉེས་བྱས་སུ་འགྱུར་བའོ། །ཡིད་གཉིས་ཀྱིས་དོན་དུ་གཉེར་བ་ཞེས་བྱ་བ་ལ་ཡིད་གཉིས་ཀྱིས་ཞེས་བྱ་བ་ནི་ཐེ་ཚོམ་ཟ་བའོ། །དེས་དོན་དུ་གཉེར་བ་ནི་ཐེ་ཚོམ་གྱིས་འཇུག་པའི་ལས་དེས་གསོ་སྦྱོང་དོན་དུ་གཉེར་ཞིང་བྱེད་འདོད་པའོ། །ཡིད་གཉིས་ཀྱི་ཡོ་བྱད་ཅན་ཞེས་བྱ་བ་ནི་ཐེ་ཚོམ་དེ་ཉིད་ཡོ་བྱད་དང་རྒྱུར་བྱས་ནས་གསོ་སྦྱོང་གི་ལས་ལ་འཇུག་པ་གང་ལ་ཡོད་པ་དག་གོ །ཡིད་གཉིས་ཀྱིས་ཉེར་བསྔོགས་ལས་ཞེས་བྱ་བ་ནི་ཐེ་ཚོམ་ལ་སྦྱོར་བའི་རྒྱུ་ལས་སོ། །མེད་ཀྱང་རུང་ཞེས་བྱ་བ་ནི་མི་སྣང་བ་ན་འདུག་ཀྱང་རུང་སྙམ་པའོ། །དེ་ཉིད་དུ་འདུག་ཀྱང་རུང་ཞེས་བྱ་བ་ནི་གང་ནས་འོངས་པ་དེ་ཉིད་དུ་འདུག་ཀྱང་རུང་སྙམ་པའོ། །སོ་སོར་གྱུར་ཀྱང་
རུང་ཞེས་བྱ་བ་ནི་ལས་ཐ་དད་པར་གྱུར་ཀྱང་རུང་སྙམ་པའོ། །ཐག་རིང་པོར་གྱུར་ཀྱང་རུང་སྙམ་ནས་ཞེས་བྱ་བ་ནི་ཐོས་པའི་ཉེ་འཁོར་དུ་ཡང་མ་འདུག་ཀྱང་རུང་སྙམ་ནས་སོ། །དབྱེན་གྱི་དོན་དུ་གཉེར་བཞེས་བྱ་བ་ལ། དབྱེན་ཞེས་བྱ་བ་ནི་ལས་དབྱེ་བ་དང་འཁོར་ལོད་བྱེ་བའི་བསམ་པ་དང་སྦྱོར་བའོ། །དེས་དོན་དུ་གཉེར་བ་ནི་དབྱེན་གྱི་བསམ་པ་དང་སྦྱོར་བས་འཇུག་པའི་ལས་དེས་གསོ་སྦྱོང་དོན་དུ་གཉེར་ཞིང་བྱེད་འདོད་པའོ། །དབྱེན་གྱི་ཡོ་བྱད་ཅན་ཞེས་བྱ་བ་ནི་དབྱེན་གྱི་བསམ་པ་དང་སྦྱོར་བ་དེ་ཉིད་ཡོ་བྱད་དང་རྒྱུར་བྱས་ནས་གསོ་སྦྱོང་གི་ལས་ལ་འཇུག་པ་གང་ལ་ཡོད་པ་དག་གོ །དབྱེན་གྱི་ཉེར་བསྡོགས་ལས་ཞེས་བྱ་བ་ནི་དབྱེན་བྱ་བར་སེམས་པ་དང་སྦྱོར་བའི་རྒྱུ་ལས་སོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མའི་སྐབས་ཀྱི་ཉེས་པ་སྐོམ་པོར་འགྱུར་བའོ། །སྦྱོར་བ་མང་པོ་འདི་ལ་འགྲེས་བརྒྱད་ཅུ་རྩ་གཅིག་ཡོད་དེ། གཉུག་མར་གནས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གཉུག་མར་གནས་པ་ཉུང་ངུ་དང་མཉམ་པ་དང༌། མང་པོ་དག་ཉིད་ལྷགས་པའི་དབྱེ་བས་འགྲེས་གསུམ་ལ་རྟོག་པ་དང༌། ཡིད་གཉིས་དང་དབྱེན་གྱི་བྱེ་བྲག་གིས་གསུམ་གསུམ་དགུར་འགྱུར་ཏེ། དེ་ནི་དགུ་བ་གཅིག་གོ །གཉུག་མར་གནས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་བློ་བུར་དུ་འོངས་པ་ཉུང་དུ་དང་མཉམ་པ་དང༌། མང་བོ་དག་ལྷགས་པའི་དབྱེ་བས་འགྲེས་གསུམ་ལ་རྟོག་པ་དང༌། ཡིད་གཉིས་དང༌། དབྱེན་གྱི་བྱེ་བྲག་གིས་གསུམ་གསུམ་དགུར་འགྱུར་ཏེ། དེ་ནི་དགུ་པ་གཉིས་པའོ། །གཉུག་མར་གནས་བ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་བློ་བུར་དུ་འོངས་པ་དག་དང་གཉུག་མར་གནས་པ་འདྲེན་མ་ཉུང་ངུ་དང༌། མཉམ་པ་དང་མང་པོ་དག་ལྷགས་པའི་དབྱེ་བས་འགྲེས་གསུམ་ལ་རྟོག་པ་དང་ཡིད་གཉིས་དང༌། དབྱེན་གྱི་བྱེ་བྲག་གིས་གསུམ་གསུམ་དགུར་འགྱུར་ཏེ། དེ་ནི་དགུ་པ་གསུམ་པའོ། །བློ་བུར་དུ་འོངས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གློ་བུར་དུ་འོངས་པ་ཉུང་ངུ་དང༌། མཉམ་པ་དང་མང་པོ་དག་ཉིད་ལྷགས་པའི་དབྱེ་བས་འགྲེས་གསུམ་ལ་རྟོག་པ་དང༌། ཡིད་གཉིས་དང་དབྱེན་གྱི་བྱེ་བྲག་གིས་གསུམ་གསུམ་དགུར་འགྱུར་ཏེ། དེ་ནི་དགུ་བ་བཞི་པའོ། །གློ་བུར་དུ་འོངས་པ་དགའ་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གཉུག་མར་
གནས་པ་ཉུང་ངུ་དང༌། མཉམ་པ་དང་མང་པོ་ངག་ལྷགས་པའི་དབྱེ་བས་འགྲེས་གསུམ་ལ་རྟོག་པ་དང༌། ཡིད་གཉིས་དང་དབྱེན་གྱི་བྱེ་བྲག་གིས་གསུམ་གསུམ་དགུར་འགྱུར་ཏེ་དེ་ནི་དགུ་པ་ལྔ་པའོ། །གློ་བུར་དུ་འོངས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གློ་བུར་དུ་འོངས་པ་དང་གཉུག་མར་གནས་པ་འདྲེན་མ་ཉུང་ངུ་དང༌། མཉམ་པ་དང་མང་པོ་དག་ལྷགས་པའི་དབྱེ་བས་འགྲེས་གསུམ་ལ་རྟོག་པ་དང༌། ཡིད་གཉིས་དང་དབྱེན་གྱི་བྱེ་བྲག་གིས་གསུམ་གསུམ་དགུར་འགྱུར་ཏེ། དེ་ནི་དགུ་པ་དྲུག་པའོ། །གློ་བུར་དུ་འོངས་པ་དང་གཉུག་མར་གནས་པ་དག་འདྲེན་མར་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གློ་བུར་དུ་འོངས་པ་དང༌། གཉུག་མར་གནས་པ་འདྲེན་མ་ཉུང་ངུ་དང༌། མཉམ་པ་དང་མང་པོ་དག་ལྷགས་པའི་དབྱེ་བས་འགྲེས་གསུམ་ལ་རྟོག་པ་དང༌། ཡིད་གཉིས་དང་དབྱེན་གྱི་བྱེ་བྲག་གིས་གསུམ་གསུམ་དགུར་འགྱུར་ཏེ། དེ་ནི་དགུ་པ་བདུན་པའོ།། གློ་བུར་དུ་འོངས་པ་དང༌། གཉུག་མར་གནས་པ་དག་འདྲེན་མར་འདུག་ཅིང་མཐུན་པར་འགྱུར་བ་དག་གློ་བུར་དུ་འོངས་པ་ཉུང་ངུ་དང༌། མཉམ་པ་དང་མང་པོ་དག་ལྷགས་པའི་དབྱེ་བས་འགྲེས་གསུམ་ལ་རྟོག་པ་དང༌། ཡིད་གཉིས་དང་དབྱེན་གྱི་བྱེ་བྲག་གིས་གསུམ་གསུམ་དགུར་འགྱུར་ཏེ། དེ་ནི་དགུ་བ་བརྒྱད་པའོ། །གློ་བུར་དུ་འོངས་པ་དང་གཉུག་མར་གནས་པ་དག་འདྲེན་མར་འདུག་ཅིང་མཐུན་པར་གྱུར་བ་དག་ཏུ་གཉུག་མར་གནས་པ་ཉུང་ངུ་དང༌། མཉམ་པ་དང་མང་པོ་དག་ལྷགས་པའི་དབྱེ་བས་འགྲེས་གསུམ་ལ་རྟོག་པ་དང༌། ཡིད་གཉིས་དང༌། དབྱེན་གྱི་བྱེ་བྲག་གིས་གསུམ་གསུམ་དགུར་འགྱུར་ཏེ་དེ་ནི་དགུ་པ་དགུ་པའོ། །དེ་ལྟར་ན་འདིར་འགྲེས་དགུ་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་རོ། །ཆོས་ཀྱི་འདུ་ཤེས་ཅན་ཞེས་བྱ་བ་ནི་གསོ་སྦྱོང་གི་ཆོ་ག་ཉམས་པར་མི་འདོད་པའི་ཕྱིར་རོ། །མཐུན་པའི་འདུ་ཤེས་ཅན་ཞེས་བྱ་བ་ནི་དགེ་སློང་འགའ་དང་ཡང་མི་མཐུན་པར་མི་འདོད་པའི་ཕྱིར་ཏེ། གང་དག་མཚམས་ཀྱི་ནང་ན་གནས་པ་དེ་དག་ཐམས་ཅད་དེར་ཚོགས་པར་སེམས་པའོ། །དེ་དག་གིས་ཞེས་བྱ་བ་ནི་གཉུག་མར་གནས་པར་སྔར་འདུག་ཅིང་མཐུན་པར་གྱུར་བ་དག་གིས་སོ། །བྲེལ་རིམས་བཞིན་དུ་ཞེས་བྱ་བ་ནི་རྒན་རིམས་བཞིན་ནོ། །དེ་དག་དང་ཞེས་བྱ་བ་ནི་ཕྱིས་ལྷགས་པ་དག་དང་ངོ༌། །ཚིག་འདི་ནི་ཕྱིས་
ལྷགས་པ་དག་མི་དགའ་བར་འགྱུར་བ་སྤང་བའི་ཕྱིར་ཏེ། འདི་ལྟར་དགེ་སློང་གཉུག་མར་གནས་པ་དག་ཕྱི་རོལ་དུ་དོང་བན་ན་དེ་དག་གིས་གསོ་སྦྱོང་བརྩམས་ཤིང་དེའི་འོག་ཏུ་གཉུག་མར་གནས་པ་དེ་དག་ཕྱིར་ལྷགས་པ་ན། དེ་དག་འདི་སྙམ་དུ་བདག་ཅག་ཕྱི་རོལ་དུ་དོང་བ་ན་འདི་དག་གིས་མ་བསྡད་པར་གསོ་སྦྱོང་བྱ་བར་བརྩམས་སོ་ཞེས་མི་དགའ་བར་འགྱུར་བས་དེ་སྤང་བའི་ཕྱིར་རོ། །དེ་བས་ན་དེ་དག་གིས་ཆོས་དང་མཐུན་པའི་འདུ་ཤེས་ཀྱི་གསོ་སྦྱོང་བྱེད་པ་ན་ཕྱིས་ལྷགས་པ་རྣམས་ཀྱི་ཆེད་དུ་ཡང་གསོ་སྦྱོང་བྱ་བ་འདི་ནི་འདོད་པས་འཇུག་པ་ཡིན་གྱི་ངེས་པ་ནི་མ་ཡིན་ནོ། །འཁོར་དེ་མ་ལངས་ཤིང་དགེ་སློང་དག་མ་དོང་བར་ཞེས་བྱ་བ་ལ། འཁོར་དེ་ཞེས་བྱ་བ་གང་ཞེ་ན། དགེ་སློང་དག་གོ །ཇི་ལྟར་མ་ལངས་ཤིང་ཞེ་ན། དེའི་ཕྱིར་མ་དོང་བར་ཞེས་བྱ་བ་གསུངས་ཏེ། ཐོས་པའི་ཉ་འཁོར་ནས་མ་འདས་ཤིང་གསོ་སྦྱོང་གི་གནས་མ་བཏང་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་གི་དོན་དུ་ཞེས་བྱ་བ་ནི་ཕྱིས་ལྷགས་པ་དག་གི་དོན་དུ་སྟེ། འདི་ནི་ཚོགས་པས་ལས་བྱ་བར་རིགས་པར་ངེས་པ་ཡིན་གྱི། འདོད་པས་འཇུག་པ་ནི་མ་ཡིན་པར་རིག་པར་བྱའོ། །དེ་དག་གིས་ཞེས་བྱ་བ་ནི་སྔ་མ་དག་གིས་སོ། །ཚོགས་པ་ཞེས་བྱ་བ་ནི་དོང་བ་རྣམས་ཡང་གསོ་སྦྱོང་གི་གནས་སུ་ཕྱིར་བསྡུ་བའོ། །འདི་ནི་འདོད་པས་འཇུག་པ་ཡིན་གྱི་ངེས་པ་ནི་མ་ཡིན་ནོ། །དེ་དག་གིས་དཀྱིལ་འཁོར་བར་དོང་སྟེ་ཞེས་བྱ་བ་ནི་ཕྱིས་ལྷགས་པ་དག་གིས་ཏེ། འདི་ནི་མི་མཐུན་པ་སྤང་བའི་ཕྱིར་རོ། །འདི་ལ་འདྲེས་བདུན་ཅུ་རྩ་གཉིས་ཡོད་དེ། གཉུག་མར་གནས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་རྟག་ཏུ་གཉུག་མར་གནས་པ་ཉུང་ངུ་དང་མཉམ་པ་དག་ཉིད་ལྷགས་པའི་དབྱེ་བས་འགྲེས་གཉིས་ལ་གྲལ་རིམས་དང༌། གསོལ་བ་དང༌། ཚོགས་པ་དང༌། དཀྱིལ་འཁོར་བའི་བྱེ་བྲག་གིས་གཉིས་བཞི་བརྒྱད་དུ་འགྱུར་ཏེ་དེ་ནི་བརྒྱད་པ་གཅིག་གོ །གཉུག་མར་གནས་པ་དག་འདུག་ཅིང་མཐུན་པར་གྱུར་བ་དག་ཏུ་གློ་བུར་དུ་འོངས་བ་ཉུང་ངུ་དང་མཉམ་པ་དག་ལྷགས་པའི་དབྱེ་བས་འགྲེས་གཉིས་ལ་གྲལ་རིམས་དང༌། གསོལ་བ་དང༌། ཚོགས་པ་དང༌། དཀྱིལ་འཁོར་བའི་བྱེ་བྲག་གིས་གཉིས་བཞི་བརྒྱད་དུ་འགྱུར་ཏེ། དེ་ནི་བརྒྱད་པ་གཉིས་པའོ། །གཉུག་མར་གནས་པ་དག་འདུག་ཅིང་མཐུན་པར་གྱུར་བ་དག་ཏུ་གློ་བུར་
འོངས་པ་དང་གཉུག་མར་གནས་པ་འདྲེས་མ་ཉུང་དུ་དང་མཉམ་པ་དག་ལྷགས་པའི་དབྱེ་བས་འགྲེས་གཉིས་ལ་གྲལ་རིམས་དང༌། གསོལ་བ་དང༌། ཚོགས་པ་དང༌། དཀྱིལ་འཁོར་པའི་བྱེ་བྲག་གིས་གཉིས་བཞི་བརྒྱད་དུ་འགྱུར་ཏེ། དེ་ནི་བརྒྱད་པ་གསུམ་པའོ། །གློ་བུར་དུ་འོངས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་གློ་བུར་དུ་འོངས་པ་ཉུང་ངུ་དང་མཉམ་པ་དག་ཉིད་ལྷགས་པའི་དབྱེ་བས་འགྲེས་གཉིས་ལ་གྲལ་རིམས་དང༌། གསོལ་བ་དང༌། ཚོགས་པ་དང༌། དཀྱིལ་འཁོར་པའི་བྱེ་བྲག་གིས་གཉིས་བཞི་བརྒྱད་དུ་འགྱུར་ཏེ། དེ་ནི་བརྒྱད་པ་བཞི་པའོ། །གློ་བུར་དུ་འོངས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གཉུག་མར་གནས་པ་ཉུང་ངུ་དང་མཉམ་པ་དག་ལྷགས་པའི་དབྱེ་བས་འགྲེས་གཉིས་ལ་གྲལ་རིམས་དང༌། གསོལ་བ་དང༌། ཚོགས་པ་དང༌། དཀྱིལ་འཁོར་པའི་བྱེ་བྲག་གིས་གཉིས་བཞི་བརྒྱད་དུ་འགྱུར་ཏེ། དེ་ནི་བརྒྱད་པ་ལྔ་པའོ། །གློ་བུར་དུ་འོངས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་གློ་བུར་དུ་འོངས་པ་དང་གཉུག་མར་གནས་པ་འདྲེན་མ་ཉུང་ངུ་དང་མཉམ་པ་དག་ལྷགས་པའི་དབྱེ་བས་འགྲེས་གཉིས་ལ་གྲལ་རིམས་དང༌། གསོལ་བ་དང༌། ཚོགས་པ་དང༌། དཀྱིལ་འཁོར་པའི་བྱེ་བྲག་གིས་གཉིས་བཞི་བརྒྱད་དུ་འགྱུར་ཏེ། དེ་ནི་བརྒྱད་པ་དྲུག་པའོ། །གློ་བུར་དུ་འོངས་པ་དང་གཉུག་མར་གནས་པ་དག་འདྲེན་མར་འདུག་ཅིང་མཐུན་པར་གྱུར་པ་དག་གློ་བུར་དུ་འོངས་པ་དང་གཉུག་མར་གནས་པ་འདྲེན་མ་ཉུང་ངུ་དང་མཉམ་པ་དག་ལྷགས་པའི་དབྱེ་བས་འགྲེས་གཉིས་ལ་གྲལ་རིམས་དང༌། གསོལ་བ་དང༌། ཚོགས་པ་དང༌། དཀྱིལ་འཁོར་པའི་བྱེ་བྲག་གིས་གཉིས་བཞི་བརྒྱད་དུ་འགྱུར་ཏེ། དེ་ནི་བརྒྱད་ཕ་བདུན་པའོ། །གློ་བུར་དུ་འོངས་པ་དང་གཉུག་མར་གནས་པ་དག་འདྲེན་མར་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གཉུག་མར་གནས་པ་ཉུང་ངུ་དང་མཉམ་པ་དག་ལྷགས་པའི་དབྱེ་བས་འགྲེས་གཉིས་ལ་གྲལ་རིམས་དང༌། གསོལ་བ་དང༌། ཚོགས་པ་དང༌། དཀྱིལ་འཁོར་པའི་བྱེ་བྲག་གིས་གཉིས་བཞི་བརྒྱད་དུ་འགྱུར་ཏེ། དེ་ནི་བརྒྱད་པ་བརྒྱད་པའོ། །གློ་བུར་དུ་འོངས་པ་དང་གཉུག་མར་གནས་པ་དག་འདྲེན་མར་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གློ་བུར་དུ་འོངས་པ་ཉུང་གུ་དང་མཉམ་པ་དག་ལྷགས་པའི་དབྱེ་བས་འགྲེས་གཉིས་ལ་གྲལ་རིམས་དང༌།
གསོལ་བ་དང༌། ཚོགས་པ་དང༌། དཀྱིལ་འཁོར་པའི་བྱེ་བྲག་གིས་གཉིས་བཞི་བརྒྱད་དུ་འགྱུར་ཏེ། དེ་ནི་བརྒྱད་པ་དགུ་པའོ། །དེ་ལྟར་ན་འདིར་འགྲེས་བརྒྱད་དགུ་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་དག་གིས་ཡང་གསོལ་བ་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དེ་དག་གིས་ཞེས་བྱ་བ་ནི་སྔ་མ་དག་གིས་སོ། །འགྲེས་བཞི་པོ་འདི་ལ་ནི་གསོལ་བ་དང༌། མ་དོང་བ་དང༌། ཁ་ཅིག་དོང་བ་དང༌། ཐམས་ཅད་དོང་བའི་བྱེ་བྲག་གིས་རྣམ་པར་གཞག་གོ །ལས་བྱ་བ་ལ་ནི་འགྲེས་སྔ་མ་དག་ལ་ཉུང་ངུ་དང་མཉམ་པ་ཕྱིས་ལྷགས་པ་དག་ནི་འདོད་པས་འཇུག་པ་ཡིན་ནོ། །འགྲེས་འདི་ལ་མང་པོ་དག་ཕྱིས་ལྷགས་པ་དག་ནི་ངེས་པ་ཡིན་ཏེ། འདི་ལྟར་མང་པོ་དག་མཐུ་ཆེ་བའི་ཕྱིར་རོ། །འདི་ལ་འགྲེས་སུམ་ཅུ་རྩ་དྲུག་ཡོད་དེ། གཉུག་མར་གནས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གཉུག་མར་གནས་པ་མང་པོ་དག་ཉིད་ལྷགས་པའི་དབྱེ་བས་འགྲེས་གཅིག་ལ་གསོལ་བ་དང༌། མ་དོང་བ་དང༌། ཁ་ཅིག་དོང་བ་དང༌། ཐམས་ཅད་དོང་བའི་བྱེ་བྲག་གིས་བཞིར་འགྱུར་ཏེ། དེ་ནི་བཞི་པ་གཅིག་གོ །གཉུག་མར་གནས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གློ་བུར་དུ་འོངས་པ་མང་པོ་དག་ལྷགས་པའི་དབྱེ་བས་འགྲེས་གཅིག་ལ་གསོལ་བ་དང༌། མ་དོང་བ་དང༌། ཁ་ཅིག་དོང་བ་དང༌། ཐམས་ཅད་དོང་བའི་བྱེ་བྲག་གིས་བཞིར་འགྱུར་ཏེ། དེ་ནི་བཞི་པ་གཉིས་པའོ། །གཉུག་མར་གནས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གློ་བུར་དུ་འོངས་པ་དང་གཉུག་མར་གནས་པ་འདྲེན་མ་མང་པོ་དག་ལྷགས་པའི་དབྱེ་བས་འགྲེས་གཅིག་ལ་གསོལ་བ་དང༌། མ་དོང་བ་དང༌། ཁ་ཅིག་དོང་བ་དང༌། ཐམས་ཅད་དོང་བའི་བྱེ་བྲག་གིས་འགྱུར་ཏེ། དེ་ནི་བཞི་པ་གསུམ་པའོ། །གློ་བུར་དུ་འོངས་པ་འདུག་ཅིང་མཐུན་པར་གྱུར་པ་དག་གློ་བུར་དུ་འོངས་པ་མང་པོ་དག་ཉིད་ལྷགས་པའི་དབྱེ་བས་འགྲེས་གཅིག་ལ་གསོལ་བ་དང༌། མ་དོང་བ་དང༌། ཁ་ཅིག་དོང་བ་དང༌། ཐམས་ཅད་དོང་བའི་བྱེ་བྲག་གིས་བཞིར་འགྱུར་ཏེ། དེ་ནི་བཞི་པ་བཞི་པའོ། །གློ་བུར་དུ་འོངས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གཉུག་མར་གནས་པ་མང་པོ་དག་ལྷགས་པའི་དབྱེ་བས་འགྲེས་གཅིག་ལ་གསོལ་བ་དང༌། མ་དོང་བ་དང༌། ཁ་ཅིག་དོང་བ་དང༌། ཐམས་ཅད་དོང་བའི་བྱེ་བྲག་གིས་བཞིར་འགྱུར་ཏེ། དེ་ནི་བཞི་པ་ལྔ་པའོ། །གློ་བུར་དུ་འོངས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་
གློ་བུར་དུ་འོངས་པ་དང་གཉུག་མར་གནས་པ་འདྲེན་མ་མང་པོ་དག་ལྷགས་པའི་དབྱེ་བས་འགྲེས་གཅིག་ལ་གསོལ་བ་དང༌། མ་དོང་བ་དང༌། ཁ་ཅིག་དོང་བ་དང༌། ཐམས་ཅད་དོང་བའི་བྱེ་བྲག་གིས་བཞིར་འགྱུར་ཏེ། དེ་ནི་བཞི་པ་དྲུག་པའོ། །གློ་བུར་དུ་འོངས་པ་དག་གཉུག་མར་གནས་པ་འདྲེན་མ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གློ་བུར་དུ་འོངས་པ་དང་གཉུག་མར་གནས་པ་མང་པོ་དག་ཉིད་ལྷགས་པའི་དབྱེ་བས་འགྲེས་གཅིག་ལ་གསོལ་བ་དང༌། མ་དོང་བ་དང༌། ཁ་ཅིག་དོང་བ་དང༌། ཐམས་ཅད་དོང་བའི་བྱེ་བྲག་གིས་བཞིར་འགྱུར་ཏེ། དེ་ནི་བཞི་པ་བདུན་པའོ། །གློ་བུར་དུ་འོངས་པ་དང་གཉུག་མར་གནས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གཉུག་མར་གནས་པ་མང་པོ་དག་ལྷགས་པའི་དབྱེ་བས་འགྲེས་གཅིག་ལ་གསོལ་བ་དང༌། མ་དོང་བ་དང༌། ཁ་ཅིག་དོང་བ་དང༌། ཐམས་ཅད་དོང་བའི་བྱེ་བྲག་གིས་བཞིར་འགྱུར་ཏེ། དེ་ནི་བཞི་པ་བརྒྱད་པའོ། །གློ་བུར་དུ་འོངས་པ་དང་གཉུག་མར་གནས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་གློ་བུར་དུ་འོངས་པ་མང་པོ་དག་ལྷགས་པའི་དབྱེ་བས་འགྲེས་གཅིག་ལ་གསོལ་བ་དང༌། མ་དོང་བ་དང༌། ཁ་ཅིག་དོང་བ་དང༌། ཐམས་ཅད་དོང་བའི་བྱེ་བྲག་གིས་བཞིར་འགྱུར་ཏེ། དེ་ནི་བཞི་པ་དགུ་པའོ། །དེ་ལྟར་ན་འདིར་འགྲེས་དགུ་བཞི་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །དགེ་སློང་གཉུག་མར་གནས་པ་དག་གི་ནི་ཚེས་བཅོ་ལྔ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་ནི་ཚེས་གྲངས་མི་མཐུན་པས་སམ་རྒྱུ་སྐར་གྱི་རྗེས་སུ་འབྱུང་བས་སོ། །རྗེས་སུ་འཇུག་པར་བྱའོ་ཞེས་བྱ་བ་ནི་དེ་དག་གི་ཚིག་གིས་གསོ་སྦྱོང་བྱ་བའམ་མི་བྱའོ། །འདིར་ཉུང་དུས་མང་པོ་དག་གི་རྗེས་སུ་འཇུག་པར་བྱ་བ་ནི་ངེས་པ་ཡིན་ཏེ། མང་པོ་དག་མཐུ་ཆེ་བའི་ཕྱིར་རོ། །མཉམ་པ་ཡིན་ན་ནི་གཉུག་མར་གནས་པ་དག་གི་རྗེས་སུ་འཇུག་པར་བྱ་སྟེ། གཉུག་མར་གནས་པ་དག་མཐུ་ཆེ་བའི་ཕྱིར་རོ། །འདི་ལ་འགྲེས་དྲུག་ཡོད་དེ། གཉུག་མར་གནས་པ་མང་པོ་དག་གི་ཚེས་བཅོ་ལྔ་ཡིན་ལ། གློ་བུར་དུ་འོངས་པ་ཉུང་ངུ་དག་གི་ཚེས་བཅུ་བཞིའམ་ཚེས་གཅིག་ཡིན་པ་དང༌། གཉུག་མར་གནས་པ་མཉམ་པ་དག་གི་ཚེས་བཅོ་ལྔ་ཡིན་ལ་གློ་བུར་དུ་འོངས་པ་མང་པོ་དག་གི་ཚེས་བཅུ་བཞིའམ་ཚེས་གཅིག་ཡིན་པ་དང༌། གློ་བུར་དུ་འོངས་པ་མང་པོ་དག་གི་ཚེས་བཅོ་ལྔ་ཡིན་ལ་གཉུག་མར་
གནས་པ་ཉུང་ངུ་དག་གི་ཚེས་བཅུ་བཞིའམ་ཚེས་གཅིག་ཡིན་པ་དང༌། གློ་བུར་དུ་འོངས་པ་མཉམ་པ་དག་གི་ཚེས་བཅོ་ལྔ་ཡིན་ལ། གཉུག་མར་གནས་པའམ་མཉམ་པ་དག་གི་ཚེས་བཅུ་བཞིའམ་ཚེས་གཅིག་ཡིན་པ་དང༌། གློ་བུར་དུ་འོངས་པ་ཉུང་ངུ་དག་གི་ཚེས་བཅོ་ལྔ་ཡིན་ལ། གཉུག་མར་གནས་པ་མང་པོ་དག་གི་ཚེས་བཅུ་བཞིའམ་ཚེས་གཅིག་པ་ཡིན་པའོ། །གློ་བུར་དུ་འོངས་པའི་རྣམ་པ་ཞེས་བྱ་བ་ནི་ཡོ་བྱད་དག་གནས་པ་མ་ཡིན་པར་གཞག་པའོ། །གློ་བུར་དུ་འོངས་པའི་རྟགས་ཞེས་བྱ་བ་ནི་ཡོ་བྱད་དག་ཕུང་པོ་གཅིག་ཏུ་བྱས་པའོ། །གློ་བུར་དུ་འོངས་པའི་མཚན་མ་ཞེས་བྱ་བ་ནི་མཆིལ་ལྷམ་དང་གོས་ལས་བྱུང་བའི་རྡུལ་གྱི་རྩྭ་དག་བསོགས་པའོ། །གཞན་གྱི་ཞེས་བྱ་བ་ནི་གཞན་གྱི་རྒྱུད་དུ་རྟོགས་པའོ། །འཁར་བ་ཞེས་བྱ་བ་ནི་འཁར་གསིལ་ལོ། །གྱུར་བུ་ཞེས་བྱ་བ་ནི་ཆོས་གོས་ཀྱི་སྣོད་དོ། །འབྲུ་མར་སྣོད་ཅེས་བྱ་བ་ནི་འབྲུ་མར་གྱི་སྣོད་དམ་བུམ་ཚགས་གཅེའུ་ཅན་ནོ། །ལྷག་པའི་བསམ་པས་ཞེས་བྱ་བ་ནི་སྒྱུ་མེད་པས་སོ། །ཐོས་པའི་སྐབས་སུ་གློ་བུར་དུ་འོངས་པའི་རྣམ་པ་ཞེས་བྱ་བ་ནི་གཏང་རག་གོ །གློ་བུར་དུ་འོངས་པའི་རྟགས་ཞེས་བྱ་བ་ནི་སྐད་སེལ་བ་ལ་སོགས་པའི་སྒྲའོ། །གློ་བུར་དུ་འོངས་པའི་མཚན་མ་ཞེས་བྱ་བ་ནི་དེ་དག་ཉིད་ཀྱི་ལང་ལོང་ཉིད་དོ། །གཏང་རག་ཅེས་བྱ་བ་ནི་སྒྲའི་ཡོན་ཏན་ཏེ་སྙན་པ་ལ་སོགས་པའོ། །གཉུག་མར་གནས་པའི་རྣམ་པ་ཞེས་བྱ་བ་ནི་ཆག་ཆག་ལ་སོགས་པའོ། །གཉུག་མར་གནས་པའི་རྟགས་ཞེས་བྱ་བ་ནི་གནས་མལ་བཤམས་པའོ། །གཉུག་མར་གནས་པའི་མཚན་མ་ཞེས་བྱ་བ་ནི་འབྲུ་མར་གྱི་མར་མེ་སྦར་བའོ། །འབྲུ་མར་གྱི་མར་མེ་ཞེས་བྱ་བ་ནི་འབྲུ་མར་གྱི་མེ་མར་རོ། །ཐོས་པའི་སྐབས་སུ་གཉུག་མར་གནས་པའི་རྣམ་པ་ཞེས་བྱ་བ་ནི་སྐད་སེལ་བ་ལ་སོགས་པའི་སྒྲའོ། །གཉུག་མར་གནས་པའི་རྟགས་ཞེས་བྱ་བ་ནི་ལྡེ་མིག་དང་ལྡེ་མིག་ཀྱོག་པོ་ལ་སོགས་པའི་སྒྲའོ། །གཉུག་མར་གནས་པའི་མཚན་མ་ཞེས་བྱ་བ་ནི་གཏང་རག་གོ །འདི་ལ་ཡང་འགྲེས་བདུན་ཅུ་རྩ་གཉིས་ཡོད་དེ། གཉུག་མར་གནས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གློ་བུར་དུ་འོངས་པ་ཉུང་ངུ་དང་མཉམ་པ་དང་མང་པོ་དག་ལྷགས་པ་མཐོང་བའི་དབྱེ་བས་འགྲེས་གསུམ་ལ་དབྱེན་དང་ཡིད་གཉིས་དང་མི་མཐུན་པ་དང༌། རྟོག་པ་དང༌། མ་རྙེད་པ་དང༌། རྙེད་པའི་བྱེ་
བྲག་གིས་གསུམ་དྲུག་བཅོ་བརྒྱད་དུ་འགྱུར་ཏེ། དེ་ནི་བཅོ་བརྒྱད་པ་གཅིག་ཡིན་ནོ། །གཉུག་མར་གནས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གློ་བུར་དུ་འོངས་པ་ཉུང་ངུ་དང༌། མཉམ་པ་དང་མང་པོ་དག་ལྷགས་པ་ཐོས་པའི་དབྱེ་བས་འགྲེས་གསུམ་ལ་དེ་བྱེན་དང༌། ཡིད་གཉིས་དང། མི་མཐུན་པ་དང༌། རྟོག་པ་དང༌། མ་རྙེད་པ་དང༌། རྙེད་པའི་བྱེ་བྲག་གིས་གསུམ་དྲུག་བཅོ་བརྒྱད་དུ་འགྱུར་ཏེ་དེ་ནི་བཅོ་བརྒྱད་པ་གཉིས་པའོ། །གློ་བུར་དུ་འོངས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གཉུག་མར་གནས་པ་ཉུང་ངུ་དང༌། མཉམ་པ་དང༌། མང་པོ་དག་ལྷགས་པ་མཐོང་བའི་དབྱེ་བས་འགྲེས་གསུམ་ལ་དབྱེན་དང༌། ཡིད་གཉིས་དང༌། མི་མཐུན་པ་དང༌། རྟོག་པ་དང༌། མ་རྙེད་པ་དང༌། རྙེད་པའི་བྱེ་བྲག་གིས་གསུམ་དྲུག་བཅོ་བརྒྱད་དུ་འགྱུར་ཏེ། དེ་ནི་བཅོ་བརྒྱད་པ་གསུམ་པའོ། །གློ་བུར་དུ་འོངས་པ་དག་འདུག་ཅིང་མཐུན་པར་གྱུར་པ་དག་ཏུ་གཉུག་མར་གནས་པ་ཉུང་ངུ་དང༌། མཉམ་པ་དང་མང་པོ་དག་ལྷགས་པའི་ཐོས་པའི་དབྱེ་བས་འགྲེས་གསུམ་ལ་དབྱེན་དང༌། ཡིད་གཉིས་དང༌། མི་མཐུན་པ་དང༌། རྟོག་པ་དང༌། མ་རྙེད་པ་དང༌། རྙེད་པའི་བྱེ་བྲག་གིས་གསུམ་དྲུག་བཅོ་བརྒྱད་དུ་འགྱུར་ཏེ། དེ་ནི་བཅོ་བརྒྱད་པ་བཞི་པའོ། །དེ་ལྟར་ན་འདིར་འགྲེས་བཅོ་བརྒྱད་ཕྲག་བཞི་ལ་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །འགྲོ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་འདིས་ནི་སོ་སོར་ཐར་པའི་མདོ་འདོན་པ་མེད་ན་དགེ་སློང་དག་གིས་གནས་དེར་གསོ་སྦྱོང་གཞན་ལ་གཏད་པར་མི་བྱ་ཞིང་གནས་ཁས་བླང་བར་མི་བྱའོ་ཞེས་བསྟན་པ་དེའི་དམིགས་ཀྱིས་བསལ་བ་བསྟན་ཏོ། །དེ་ཉིད་ཀྱི་བྱེ་བྲག་བསྟན་པའི་ཕྱིར། དགེ་སློང་དང་བཅས་པའི་གནས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅི་ཆོ་ག་འདི་མགོ་གཅིག་ཏུ་གསུངས་པ་ཡིན་ནམ་ཞེ་ན་དེའི་ཕྱིར་འགྲོ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཐབ་ཀྲོལ་བྱེད་པ་ཞེས་བྱ་བ་ནི་རྩུབ་མོ་སྨྲ་བའི་མཚན་ཉིད་ཀྱིས་འཐབ་ཀྲོལ་བྱེད་པའོ། །རྩོད་པའི་གཞི་བྱེད་པ་ཞེས་བྱ་བ་ལ་རྩོད་པའི་གཞི་ཞེས་བྱ་བ་ནི་འཐབ་མོའི་གླེང་གཞི་སྟེ། ཀུན་ནས་སློང་བར་བྱེད་པ་དེ་ནི་བྱེད་པའོ། །སོ་སོར་ཐར་པའི་མདོ་འདོན་པ་མེད་ཀྱང་དགེ་སློང་གི་ཚུལ་ཁྲིམས་སྟོན་ཀའི་ཟླ་བའི་འོད་ཟེར་གྱི་ཚོགས་པས་ཆེས་དཀར་པ་ཚུལ་བཟང་པོ་རྣམས་ཀྱི་ནང་དུ་ཚུལ་ཁྲིམས་ཡོངས་སུ་གསོ་བ་འགྲུབ་པ་ལྟར་དགེ་
སློང་འཐོབ་ཀྲོལ་བྱེད་པའི་སྐྱོན་གྱིས་གནོད་པའི་འདམ་རྫབ་ཅན་ཚུལ་ངན་པ་རྣམས་ཀྱི་ནང་དུ་སོ་སོར་ཐར་པའི་མདོ་འདོན་པ་ཡོད་ཀྱང་ཚུལ་ཁྲིམས་ཡོངས་སུ་དག་པ་གསོ་བ་འགྲུབ་པར་མི་འགྱུར་བས་དེའི་ཕྱིར་དགག་པ་མཛད་དེ་འོག་མ་དག་ལ་ཡང་དེ་བཞིན་དུ་ཅི་རིགས་པར་ཤེས་པར་བྱའོ། །གང་དུ་སོང་ན་ཞེས་བྱ་བ་ལ་སོགས་པ་ལ་ལུས་དང་སེམས་ཀྱིས་བདེ་བ་ལ་རེག་པར་འགྱུར་བ་ཞེས་བྱ་བ་ནི་ཤིན་ཏུ་སྦྱངས་པ་སྐྱེ་བའོ། །གང་གི་ཕྱིར་ལུས་དང་སེམས་ཤིན་ཏུ་རྣམ་པར་སྦྱངས་པ་གཅིག་ཏུ་སེམས་རབ་ཏུ་ཞི་ཞིང་སྐྱེ་བོ་ངན་པའི་འདུ་འཛི་དང་བྲལ་བ་ཚུལ་ཁྲིམས་ཡོངས་སུ་གསོ་བ་ཆེས་ལྷག་པ་སྐྱེ་བས་དེའི་ཕྱིར་འདི་རྗེས་སུ་གནང་སྟེ། འོག་མ་ངག་ལ་ཡང་དེ་བཞིན་དུ་ཅི་རིགས་པར་ཤེས་པར་བྱའོ། །གནོད་པ་ཞེས་བྱ་བ་ནི་དགེ་སློང་གི་ཚུལ་ཁྲིམས་ཀྱི་བར་ཆད་དོ། །དགེ་སློང་མེད་པའི་གནས་ན་གནས་པ་ནི་བླའི་དགེ་སློང་དང་བཅས་པའི་གནས་ན་དགེ་སློང་གི་ཚུལ་དང་སྲོག་གི་བར་ཆད་ཀྱི་མཚན་ཉིད་ཀྱི་གནོད་པ་འབྱུང་བར་འགྱུར་བ་ནི་མི་རུང་ངོ༌། །དགེ་འདུན་ཐམས་ཅད་དེར་འགྲོ་བ་ཞེས་བྱ་བ་ནི་དགེ་སློང་དང་བཅས་པ་ཉིད་དུ་འགྱུར་བས་རྗེས་སུ་གནང་བ་སྟེ། འོག་མ་དག་ལའང་དེ་བཞིན་དུ་ཤེས་པར་བྱའོ། །ལས་ཐམས་ཅད་ཅེས་བྱ་བ་ནི་ལས་བརྒྱ་རྩ་གཅིག་གོ །ཡོད་པའོ་ཞེས་བྱ་བ་ནི་བྱེད་པའོ། །ལས་ཁ་ཅིག་ཅེས་བྱ་བ་ནི་གསོལ་བ་ལ་སོགས་པའོ། །གླུ་བུར་བའི་གནས་ཞེས་བྱ་བ་ནི་ཡ་མཚན་ཐམས་ཅད་ཀྱི་ཐུན་མོང་གི་གནས་ཏེ་འདུག་ན་ས་ཞེས་བྱ་བའི་ཐ་ཚིག་གོ །འདི་ལ་འགྲེས་བཅུ་གཉིས་ཡོད་དོ། དགེ་སློང་དང་བཅས་པའི་གནས་ནས་དགེ་སློང་དང་བཅས་པའི་གནས་ཚུལ་ཁྲིམས་དང་ལྟ་བ་དང་ལྡན་པར་འགྲོ་བར་བྱ་བ་ནི་འགྲེས་གཅིག་གོ །དགེ་སློང་དང་བཅས་པའི་གནས་ནས་དགེ་སློང་དང་བཅས་པའི་གནས་འཐབ་ཀྲོལ་ལ་སོགས་པ་དང་ལྡན་པར་འགྲོ་བར་མི་བྱ་བ་ནི་འགྲེས་གཉིས་པའོ། །དགེ་སློང་དང་བཅས་པའི་གནས་ནས་དགེ་སློང་དང་བཅས་པའི་གནས་དང༌། དགེ་སློང་དང་བཅས་པའི་གནས་མ་ཡིན་པ་ཚུལ་ཁྲིམས་དང་ལྟ་བ་དང་ལྡན་པར་འགྲོ་བར་བྱ་བ་ནི་གསུམ་པའོ། །དགེ་སློང་དང་བཅས་པའི་གནས་ནས་དགེ་སློང་དང་བཅས་པའི་གནས་དང༌། དགེ་སློང་དང་བཅས་པ་གནས་མ་ཡིན་པ་འཐབ་ཀྲོལ་བྱེད་པ་ལ་སོགས་
པར་ལྡན་པར་འགྲོ་བར་མི་བྱ་བ་ནི་བཞི་པའོ། །དགེ་སློང་དང་བཅས་པའི་གནས་དང་དགེ་སློང་དང་བཅས་པ་གནས་མ་ཡིན་པ་ནས་དགེ་སློང་དང་བཅས་པའི་གནས་དང༌། དགེ་སློང་དང་བཅས་པ་གནས་མ་ཡིན་པ་ཚུལ་ཁྲིམས་དང་ལྟ་བ་དང་ལྡན་པར་འགྲོ་བར་བྱ་བ་ནི་ལྔ་པའོ། །དགེ་སློང་དང་བཅས་པའི་གནས་དང༌། དགེ་སློང་དང་བཅས་པའི་གནས་མ་ཡིན་པ་ནས་དགེ་སློང་དང་བཅས་པའི་གནས་དང༌། དགེ་སློང་དང་བཅས་པའི་གནས་མ་ཡིན་པ་འཐབ་ཀྲོལ་བྱེད་པ་ལ་སོགས་པ་དང་ལྡན་པར་འགྲོ་བར་མི་བྱ་བ་ནི་དྲུག་པའོ། །དགེ་སློང་དང་བཅས་པའི་གནས་དང༌། དགེ་སློང་དང་བཅས་པའི་གནས་མ་ཡིན་པ་དང༌། དགེ་སློང་དང་བཅས་པ་གནས་དང་གནས་མ་ཡིན་པ་ནས་དགེ་སློང་མེད་པའི་གནས་སུ་ཤིན་ཏུ་སྦྱངས་པའི་ཕྱིར་འགྲོ་བར་བྱ་བ་ནི་འདུན་པའོ། །དགེ་སློང་དང་བཅས་པ་གནས་མ་ཡིན་པ་དང༌། དགེ་སློང་དང་བཅས་པ་གནས་དང་གནས་མ་ཡིན་པ་ནས་དགེ་སློང་མེད་པའི་གནས་སུ་གནོད་བ་བྱུང་བ་ལ་སོགས་པ་མ་གཏོགས་པར་འགྲོ་བར་མི་བྱ་བ་ནི་བརྒྱད་པའོ། །དགེ་སློང་དང་བཅས་པའི་གནས་དང༌། དགེ་སློང་དང་བཅས་པ་གནས་མ་ཡིན་པ་དང༌། དགེ་སློང་དང་བཅས་པ་གནས་དང་གནས་མ་ཡིན་པ་དང༌། དགེ་སློང་མེད་པའི་གནས་ནས་དགེ་སློང་མེད་པའི་གནས་སུ་ཤིན་ཏུ་སྦྱངས་པའི་ཕྱིར་འགྲོ་བར་བྱ་བ་ནི་དགུ་པའོ། །དགེ་སློང་དང་བཅས་པ་གནས་མ་ཡིན་པ་དང༌། དགེ་སློང་དང་བཅས་པ་གནས་དང་གནས་མ་ཡིན་པ་དང༌། དགེ་སློང་མེད་པའི་གནས་ནས་དགེ་སློང་མེད་པའི་གནས་སུ་གནོད་པ་བྱུང་བ་ལ་སོགས་པ་མ་གཏོགས་པར་འགྲོ་བར་མི་བྱ་བ་ནི་བཅུ་པའོ། །དགེ་སློང་དང་བཅས་པའི་གནས་དང་དགེ་སློང་དང་བཅས་པའི་གནས་མ་ཡིན་པ་དང༌། དགེ་སློང་དང་བཅས་པ་གནས་དང་གནས་མ་ཡིན་པ་དང༌། དགེ་སློང་མེད་པའི་གནས་དང་དགེ་སློང་མེད་པ་གནས་མ་ཡིན་པ་ནས་དགེ་སློང་མེད་པ་གནས་དང་གནས་མ་ཡིན་པར་ཤིན་ཏུ་སྦྱངས་པའི་ཕྱིར་འགྲོ་བར་བྱ་བ་ནི་བཅུ་གཅིག་པའོ། །དགེ་སློང་དང་བཅས་པའི་གནས་དང༌། དགེ་སློང་དང་བཅས་པ་གནས་མ་ཡིན་པ་དང༌། དགེ་སློང་དང་བཅས་པ་གནས་དང་གནས་མ་ཡིན་པ་དང༌། དགེ་སློང་མེད་པའི་གནས་དང༌། དགེ་སློང་མེད་པ་གནས་མ་ཡིན་པ་ནས་དགེ་སློང་མེད་པ་གནས་དང་གནས་མ་ཡིན་པར་གནོད་
བ་བྱུང་བ་ལ་སོགས་པ་མ་གཏོགས་པར་འགྲོ་བར་མི་བྱ་བ་ནི་བཅུ་གཉིས་པའོ། སྦྱར་བ་མང་པོ་མན་ཆད་འདི་ཡན་ཆད་ཀྱི་འགྲེས་ཐམས་ཅད་སྤྱིར་བསྡོམས་ན་འགྲེས་ཉིས་བརྒྱ་བདུན་ཅུ་རྩ་གཉིས་ཡོད་དོ། །ཡོངས་སུ་དག་པ་ཞེས་བྱ་བ་ནི་བསྡམ་པར་བྱ་བ་ཁ་ན་མ་ཐོ་བ་དག་གིས་ཀྱང་ཡོངས་སུ་དག་པའོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་མདོ་སྡེ་འཛིན་པ་དགེ་ལེགས་བཤེས་གཉེན་གྱིས་ཉེ་བར་སྦྱར་བ་ལས་གསོ་སྦྱོང་གི་གཞི་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །།བམ་པོ་བཅུ་གསུམ་པ། སྡོམ་ལ། དགག་དབྱེ་རྗེས་སུ་གནང་བ་དང༌། །ཞེས་བྱ་བ་ལ་སོགས་པ་ནི་དགག་དབྱེའི་གཞིའི་སྤྱི་སྡེ་མ་ལས་དགག་དབྱེ་ཞེས་སྨོས་པའི་སྡོམ་གྱི་ཚིགས་སུ་བཅད་པ་ཡིན་པར་སྦྱར་རོ། །ཚུལ་ཁྲིམས་ཉམས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ལྷག་པར་སྤྱོད་པའོ། །ལྟ་བ་ཉམས་པ་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་ལ་སོགས་ཀུན་ཏུ་སྤྱད་པའོ། །ཆོ་ག་ཉམས་པ་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལྷག་པར་སྤྱོད་པའོ། །འཚོ་བ་ཉམས་པ་ཞེས་བྱ་བ་ནི་ལོག་པར་འཚོ་བའོ། །གཙང་མའི་བུམ་པ་ཞེས་བྱ་བ་ནི་རུང་བའི་ཆུ་དང་ཟང་ཟིང་གི་ཆུ་སྣོད་དོ། །ཆབ་ཁུང་སའི་བུམ་པ་ཞེས་བྱ་བ་ནི་ཡོངས་སུ་སྤྱད་པའི་ཆུ་སྣོད་དོ། །གསོག་ཅེས་བྱ་བ་ནི་ཆུ་དགོས་པ་ཤས་ཤིག་ཡོད་པའོ། །གསོ་བ་ཅེས་བྱ་བ་ནི་ཆུ་མི་དགོས་པ་ཤས་ཤིག་ཡོད་པའོ། །ཆུ་མེད་པ་ཞེས་བྱ་བ་ནི་ཆུ་གཏན་མེད་པའོ། །ཡང་ན་གསོག་ཅེས་བྱ་བ་ནི་དེ་ནི་གནས་པའི་ཚུལ་མེད་པའོ། །གསོབ་ཅེས་བྱ་བ་ནི་གློ་བུར་བསྣན་པའི་ཆུ་མེད་པའོ། །ཆུ་མེད་པ་ཞེས་བྱ་བ་ནི་གཉིས་ཀ་ཡེ་མེད་པའོ། །ནུས་ན་ཞེས་བྱ་བ་ནི་ཕྱོད་པའོ། །ལག་བརྡས་ཞེས་བྱ་བ་ནི་ལག་པའི་མཚན་མ་བསྟན་པས་སོ། །གནས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་གང་གི་གནས་གང་ཡིན་པར་རོ། །གཅིག་ལ་གཅིག་མི་སྨྲ་བར་ཞེས་བྱ་བ་ནི་ཚིག་དང་ལྡན་པར་མི་སྨྲ་བར་རོ། །དགྲ་བོ་དང་འགྲོགས་པ་བཞིན་དུ་ཞེས་བྱ་བ་ནི་དགྲ་དང་ལྷན་ཅིག་འཁོད་པ་བཞིན་དུ་ཅང་མི་སྨྲ་བའོ། །མུ་སྟེགས་ཅན་གྱི་རྒྱལ་མཚན་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་རྟགས་ཏེ་མི་སྨྲ་བ་ཡི་དམ་མོ། །མི་སྨྲ་བ་ཞེས་བྱ་བ་ནི་ཚིག་མེད་པར་འདུག་པའོ། མི་སྨྲ་བའི་ཡི་དམ་བཅའ་བར་མི་བྱའོ་ཞེས་བྱ་བ་ནི་ཡི་དམ་བཅའ་བ་སྔོན་དུ་བཏང་སྟེ་མི་སྨྲ་བའི་བརྟུལ་ཞུགས་བླང་བར་མི་བྱའོ། །འགལ་ཚངས་ཅན་དུ་འགྱུར་རོ་ཞེས་བྱ་
བ་ནི་ཉེས་བྱས་སུ་འགྱུར་བའོ། །དག་པ་དང་གྲོལ་བར་ལྟ་བས་ཡི་དམ་འཆའ་ན་ནི་དགེ་འདུན་གྱི་དབྱེན་གྱི་སྐབས་སུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་དགེ་སློང་དེ་དག་གིས་དབྱར་གནས་པར་ཁས་བླངས་ནས་དགག་དབྱེམ་བྱས་པར་འདིར་ལྷགས་པས་དེས་ན་དགག་དབྱེ་བྱ་བ་འདི་རྗེས་སུ་གནང་ངོ༌། །དོགས་པ་ཞེས་བྱ་བ་ནི་མཚན་མ་ལས་བྱུང་བའི་ཤེས་པའོ། །གནས་ཞེས་བྱ་བ་ནི་རྒྱུའོ། །ཞག་བཅུའམ་ཟླ་བ་ཕྱེད་ཀྱིས་དགག་དབྱེ་འབྱུང་བར་འགྱུར་བ་ན་ཞེས་བྱ་བ་ནི་དེ་ཙམ་གྱི་མདུན་ནས་སོ། །ཁ་ཅིག་ལས་ནི་ཞག་བདུན་ནམ་བརྒྱད་ན་ཞེས་འབྱུང་ངོ༌། །སྤྱོད་ཡུལ་དུ་ཞེས་བྱ་བ་ནི་གཙུག་ལག་ཁང་དང་ཉེ་བའི་གྲོང་དུའོ། །ཉི་མ་འདི་ཙམ་ན་དགེ་འདུན་གྱི་དགག་དབྱེ་འབྱུང་བར་འགྱུར་རོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་ད་ཕྱིན་ཆད་ཞག་འདི་ཙམ་ན་དགེ་འདུན་དགག་དབྱེ་མཛད་པར་འགྱུར་བ་ཁྱེད་ཅག་ལ་བརྗོད་པ་ཡིན་ནོ་ཞེས་བརྗོད་པར་བྱ་བའོ། །འདི་ནི་སྤྱོད་ཡུལ་ན་གནས་པའི་སེམས་ཅན་བསོད་ནམས་ལ་སྦྱར་བའི་ཕྱིར་གསུངས་པ་ཡིན་ནོ། །དགེ་སློང་གནས་པར་བྱ་བ་དག་གིས་ཞེས་བྱ་བ་ནི་གནས་ལ་རག་ལས་པ་དག་གིས་ཏེ། མཁན་པོ་དང་སློབ་དཔོན་ལ་བརྟེན་པ་དག་གིས་ཞེས་པའི་ཐ་ཚིག་གོ །མཆོད་པའི་དབང་དུ་བྱས་པ་ཞེས་བྱ་བ་ནི་མཆོད་པ་རྩོམ་པ་སྟེ། གཙུག་ལག་ཁང་བརྒྱན་པ་དང༌། ཁང་པ་བརྩེགས་པ་བརྩིགས་པ་དང༌། མཆོད་རྟེན་དག་གསོ་བ་དང༌། བྱི་དོར་བྱ་བ་ལ་སོགས་པའོ། །བྱུག་པས་བྱུག་པར་བྱ་ཞེས་བྱ་བ་ནི་གུར་གུམ་ལ་སོགས་པས་བྲི་བར་བྱ་བའམ། རལ་བ་དང་འདྲུམས་པ་ལ་སོགས་པ་བཅོས་པར་བྱ་བའོ། །བྱི་དོར་བྱ་བ་ཞེས་བྱ་བ་ནི་རས་ལ་སོགས་པས་རྡུལ་ལ་སོགས་པ་ཕྱི་བར་བྱ་བའོ། །གཙང་ཁང་ཕྱུར་བུ་དག་ཅེས་བྱ་བ་ནི་དྲི་གཙང་ཁང་སྤྱི་ཅོག་སྟེ། བལྟམ་པ་དང༌། བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །བརྒྱན་པར་བྱའོ་ཞེས་བྱ་བ་ནི་རི་མོ་བྲི་བ་དང༌། གོས་ལ་སོགས་པས་བརྒྱན་པར་བྱ་བའོ། །ཆག་ཆག་གདབ་པར་བྱ་བ་ལ་སོགས་པ་ཡང་མཆོད་པའི་དབང་དུ་བྱས་པའི་ལས་ཡིན་ནོ། །མཚན་ཐོག་ཐག་ཏུ་ཆོས་མཉན་པ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་ཚེས་བཅུ་བཞི་ལ་སེང་གེའི་ཁྲི་བརྒྱན་པ་བཤམས་ནས་དོ་ནུབ་
མཚན་ཐོག་ཐག་ཆོས་མཉན་པ་འབྱུང་བར་འགྱུར་གྱི་དེར་ཚེ་དང་ལྡན་པ་དག་གིས་ཆགས་པ་སྦྱིན་པར་བྱའོ་ཞེས་སྤྱོད་ཡུལ་དུ་བརྗོད་ནས། མདོ་སྡེ་དང་འདུལ་བ་དང༌། མ་མོ་འཛིན་པ་གསོལ་བ་གདབ་པ་དག་གིས་ཚེས་བཅུ་བཞིའི་མཚན་ཐོག་ཐག་ཏུ་ཁ་ཏོན་དུ་འདོན་པར་ཆོས་མཉན་པ་སྦྱིན་པར་བྱའོ། །གལ་ཏེ་སྐྱ་རེངས་མ་ཤར་བར་དགག་དབྱེ་མི་ནུས་པར་ཤེས་ན་ཤེས་པར་བྱ་སྟེ། ཅི་བདེར་བྱའོ་ཞེས་བྱ་བ་ནི་ཚེས་བཅོ་ལྔའི་ནུབ་མོ་མདོ་སྡེ་དང༌། འདུལ་བ་དང་མ་མོ་འཛིན་པ་དེ་དག་གིས་དགག་དབྱེའི་ལས་ལ་མ་བབ་པའི་མདུན་རོལ་ཚུན་ཆད་དུ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པར་མཚན་འདའ་བར་བྱ་ཞིང་དུས་ཇི་ཙམ་ནས་དགག་དབྱེའི་ལས་བརྩམས་པའི་ལས་ཀྱི་མཇུག་དང་སྐྱ་རེངས་དང་པོར་མི་ཕྲད་པར་དེ་ཙམ་དུ་ཤེས་པར་བྱ་སྟེ། ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པ་ཅི་བདེར་བྱ་ཞིང་དགག་དབྱེའི་ལས་ཀྱི་མོག་བརྩམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་དུ་བསྟན་ཏེ་དགག་དབྱེའི་ལས་ནི་སྐྱ་རེངས་དང་པོར་ཤར་བའི་མདུན་དུ་ཟིན་པར་བྱ་དགོས་པས་གལ་ཏེ་སྐྱ་རེངས་མ་ཤར་བར་དགག་དབྱེའི་ལས་ཟིན་པར་མི་ནུས་པར་ཤེས་ནས་ཇི་ཙམ་གྱིས་ནུས་པར་ཤེས་པ་ཙམ་ནས་ཆོས་བཤད་པ་གཞག་ཅིང་ལས་བརྩམ་པར་བྱ་བའོ། །དགེ་སློང་དགག་དབྱེ་བྱེད་པ་གཅིག་གམ་གཉིས་སམ་རབ་ཏུ་མང་པོ་དག་བསྐོ་བར་བྱའོ་ཞེས་བྱ་བ་ནི་གལ་ཏེ་གཅིག་གིས་ནུས་ན་གཅིག་བསྐོ་བར་བྱའོ། །གཅིག་གིས་མི་ནུས་ན་གཉིས་བསྐོ་བར་བྱའོ། །གཉིས་ཀྱིས་མི་ནུས་ན་གསུམ་བསྐོ་བར་བྱའོ། །བཞི་ཡན་ཆད་ནི་བསྐོ་བར་མི་བྱ་སྟེ། ཚོགས་ཀྱིས་ཚོགས་ཀྱི་ལས་བྱར་མི་རུང་བའི་ཕྱིར་རོ། །རྩྭ་ཀུ་ཤ་ཉེ་བར་གཞག་པར་བྱ་ཞིང་དེའི་འོག་ཏུ་དགྲམ་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་དགག་དབྱེ་བྱེད་པ་དེས་སྔ་ནས་རྩྭ་ཀུ་ཤ་སྟ་གོན་བྱ་ཞིང་དེའི་འོག་ཏུ་དགེ་འདུན་ཐམས་ཅད་ལ་ཁྱེད་པར་བྲིམ་པར་བྱའོ། །དེ་ནི་དགག་དབྱེ་གོ་བར་བྱེད་པའི་དུས་ན་དགག་དབྱེ་བྱ་བ་དང༌། དགག་དབྱེ་བྱེད་པ་གཉིས་ཀའི་ལག་པས་ཕན་ཚུན་ནས་གཟུང་བར་བྱ་བ་ཡིན་ཏེ། དེའང་ཇི་ལྟར་རྩྭ་ཀུ་ཤ་འདི་དག་འདུད་པར་བྱེད་པ་དེ་བཞིན་དུ་བདག་ཀྱང་ལྟུང་བ་ཆོས་བཞིན་དུ་ཕྱིར་བྱ་བའི་ཕྱིར། དགེ་སློང་རྣམས་ལ་འདུད་པར་བྱེད་དོ་ཞེས་བྱ་བ་ནི་དོན་འདི་བསྟན་པའི་ཕྱིར་བྱའོ་ཞེས་འདུལ་བ་འཛིན་པ་དག་གི་མན་ངང་ལས་ཤེས་པར་བྱའོ། །གདམས་སུ་གསོལ་ཞེས་བྱ་བ་ནི་བྱ་བར་འོས་པ་ཉིད་དུ་རྗོད་ཅིག་པའོ། །རྗེས་སུ་
བསྟན་པ་གསོལ་ཞེས་བྱ་བ་ནི་བྱ་བར་མི་འོས་པ་མི་བྱ་བ་ཉིད་དུ་རྗོད་ཅིག་པའོ། །ཤེས་ཤིང་ཞེས་བྱ་བ་ནི་གཞན་གྱི་རྐྱེན་གྱིས་ཤེས་པའོ། །མཐོང་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་བདག་སྟེའོ། །ཆོས་བཞིན་ཞེས་བྱ་བ་ནི་ལྟུང་བའི་ངོ་བོ་ཉིད་ལས་མི་འདའ་བར་རོ། །འདུལ་བ་བཞིན་ཞེས་བྱ་བ་ནི་འདུལ་བ་བཞིན་ཕྱིར་བཅོས་པ་ལས་མི་འདའ་བར་རོ། །སླར་བགྱིའོ་ཞེས་བྱ་བ་ནི་ཕྱིར་བཅོས་པར་བྱའོ། །དེ་ཙམ་གྱིས་ནད་པ་ངལ་པ་དང༌། །གནས་མལ་ཕན་ཕུན་དུ་འགྱུར་བ་དང༌། དུས་ལས་ཡོལ་བ་དང༌། གནོད་པ་འབྱུང་ན་ལན་གཉིས་བཟླས་སོ་ཞེས་བྱ་བ་ནི་ལན་གསུམ་བཟླས་པ་དེ་ཙམ་གྱིས་ནད་པ་ལ་ངལ་བ་འབྱུང་བའམ། གནས་མལ་ཕན་ཕན་དུ་གྱུར་པ་བྱུང་ངམ། དུས་ལས་ཡོལ་བ་བྱུང་ངམ། གནོད་པ་འབྱུང་བ་ལྟ་ན་དགག་དབྱེ་གོ་བར་བྱ་བའི་སྔགས་ལན་གཉིས་བཟླ་བར་བྱའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་དགག་དབྱེ་བྱས་ཏེ་ཞེས་བྱ་བ་ནི་དེས་དགེ་སློང་གི་གྲལ་གྱི་དགག་དབྱེ་རྫོགས་ནས་རང་གི་དགག་དབྱེ་བྱ་བའོ། །ལེགས་པར་ཞེས་བྱ་བ་ནི་མཛེས་ཤིང་ཁ་ན་མ་ཐོ་བ་མེད་པར་རོ།། ཤིན་ཏུ་ཞེས་བྱ་བ་ནི་འདི་ལ་ཐེ་ཚོམ་མེད་དོ་ཞེས་བྱ་བའོ། །ཡང་ན་ལེགས་པར་བྱས་ཞེས་བྱ་བ་ནི་རིགས་པར་རོ། ཤིན་ཏུ་ཞེས་བྱ་བ་ནི་བདེ་བའི་རྒྱུར་རོ། རྫས་ཞེས་བྱ་བ་ནི་ཁབ་ལ་སོགས་པའི་རྫས་སོ། །འདི་ལྟ་བུ་བྱས་ཀྱང་ཞེས་བྱ་བ་ནི་ཆུང་ངུས་ཀྱང་ངོ༌། །དགག་དབྱེ་བགྱིར་རུང་ངོ་ཞེས་བྱ་བ་ནི་མཆོད་པའི་ཕྱིར་མགྲོན་དུ་གཉེར་དུ་རུང་བའོ། །འདི་ནི་སྦྱིན་དང་བྱེད་པ་རྣམས་ཀྱི་བསོད་ནམས་ཀྱི་འདུ་བའི་སྒོའི་བྱེ་བྲག་བསྟན་པའི་ཕྱིར་བཅས་ཏེ་འདི་ལྟར་དགག་དབྱེ་བྱས་པའི་དགེ་སློང་གི་དགེ་འདུན་ནི་དགེ་ལེགས་ཀྱི་བསམ་པ་ཅན་ཡིན་པའི་ཕྱིར་ཤིན་ཏུ་ཡོངས་སུ་དག་པ་དང་བྱམས་པའི་སེམས་དང་ལྡན་པའི་ཕྱིར་ཤིན་ཏུ་དང་བར་འགྱུར་བ་ཡིན་པས་དེའི་ཕྱིར་བསོད་ནམས་ཀྱི་ཞིང་ཆེས་ཁྱད་པར་འཕགས་པ་ཡིན་པས་དེ་ལ་སྦྱིན་པ་བྱིན་ན་འབྲས་བུ་ཆེས་མང་པོར་འགྱུར་རོ། །དེའི་འོག་ཏུ་དགེ་ཚུལ་རྣམས་ལ་དགག་དབྱེ་བྱའོ་ཞེས་བྱ་བ་ནི་རྫས་ཀྱི་དགག་དབྱེ་བྱས་པའི་འོག་ཏུ་དགག་དབྱེ་བྱེད་པ་དེས་དགེ་ཚུལ་རྣམས་ལ་དགག་དབྱེ་བའོ། །དེའི་འོག་ཏུ་དགེ་སློང་མ་རྣམས་ལ་དགག་དབྱེ་བྱ་བའོ་ཞེས་བྱ་བ་ནི་དགེ་ཚུལ་རྣམས་ལ་དགག་དབྱེ་བྱས་པའི་འོག་ཏུ་དགག་དབྱེ་བྱས་པ་དེས་དགེ་སློང་མ་རྣམས་ལ་དགག་དབྱེ་བྱ་བའོ། །རང་གི་ཕྱོགས་མ་རྫོགས་པར་ཕྱོགས་གཞན་ལ་འཇུག་པར་མི་རིགས་པས་དེས་ན་དགེ་སློང༌།། །།