ཀུ་ཎཱ་ལའི་རྟོགས་པ་བརྗོད་པ།
རྒྱ་གར་སྐད་དུ། ཀུན་ལ་ཨ་བ་དཱ་ནཾ། བོད་སྐད་དུ། ཀུན་ལའི་རྟོགས་པ་བརྗོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུན་ལའི་རྟོགས་པ་བརྗོད་པ་ལ། འདི་ལྟར་རྒྱལ་པོ་ཨ་ཤོ་ཀའི་ན་ཚོད་གསུམ་གྱི་ཚད་དུ་གྱུར་པ་ལ། དེ་ན་ཚོད་དང་པོ་ལ་ནི་འདོད་པའི་ཨ་ཤོ་ཀར་གྱུར་ཏོ། །ན་ཚོད་གཉིས་པ་ལ་ནི་གཏུམ་པའི་ཨ་ཤོ་ཀར་གྱུར་ཏེ། གང་གིས་བཙོན་ར་བཟང་པོ་བྱས་ནས་སྐྱེ་བོ་བྱེ་བའི་སྲོག་བརླག་པར་གྱུར་ཏོ། །ན་ཚོད་གསུམ་པ་ལ་ནི་ཆོས་ཀྱི་ཨ་ཤོ་ཀར་གྱུར་ཏེ། གང་གིས་ཆོས་ཀྱི་རྒྱལ་པོ་པ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་གནས་ཤིང་སྤྱན་བྱེའོ། །དེ་ནས་ཉི་མ་དེ་ཉིད་ལ་རྒྱལ་པོ་ཨ་ཤོ་ཀའི་བཙུན་མོ་པདྨ་ཅན་ཞེས་བྱ་བ་ལ་བུ་བཙས་པ་དང༌། དེ་ལས་བུ་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་དེའི་མིག་ཤིན་ཏུ་མཛེས་པ་ཞིག་སྐྱེས་སོ། །དེ་ནས་སྐྱེས་བུ་ཉུང་རུམ་ཞིག་རྒྱལ་པོའི་ཁབ་ཏུ་སོང་སྟེ་སྨྲས་པ། ལྷ་ཁྱེད་ལ་སྲས་བལྟམ་གྱིས་དགྱེས་པ་བསྐྱེད་དུ་གསོལ། རྒྱལ་པོས་སྨྲས་པ། དེང་ནི་ང་ཡིས་དགའ་བ་རྒྱ་ཆེན་ཐོབ། །དཔའ་བོའི་རིགས་ཀྱི་སྒྲ་ནི་གྲགས་གྱུར་ཅིང༌། །ཆོས་ཀྱིས་རྒྱལ་སྲིད་རྣམ་པར་འཕེལ་བ་ན། །བུ་སྐྱེས་པས་ནི་ཆོས་ཀྱི་རྣམ་འཕེལ་འགྱུར། །དེ་ནས་རྒྱལ་པོ་མྱ་ངན་མེད་དེས་བཙས་སྟོན་བྱ་བར་བརྩམས་ཏེ། གྲོང་ཁྱེར་པ་ཏི་ལི་པུ་ཏྲ་ཐམས་ཅད་དང་ལྡན་པ་ལེགས་པར་ཆག་ཆག་བཏབ་ཅིང་ཕྱག་དར་བྱས་ཤིང་སྦྱངས་ཏེ། རྡོ་དང༌། གསེག་མ་དང༌། གྱོ་མོ་བསལ་ཞིང༌། ཤིང་དང༌། སོ་ཕག་དང༌། མི་གཙང་བའི་འདམ་རྫབ་དང༌། ཕྱག་དར་གྱི་ཚོགས་མེད་པར་བྱས་ནས་དར་དང་མེ་ཏོག་གི་ཆུན་འཕྱང་བཏགས་ཏེ། བདུག་སྤོས་ཀྱི་སྣོད་ནས་སྤོས་གཏུལ་
ནས་ཁྱིམ་དང༌། སྲང་བར་དང༌། བཞི་མདོ་དང༌། སུམ་མདོ་ལ་སོགས་པ་བརྒྱན་པར་བྱས་པ་ནི་འདི་ལྟ་སྟེ། རས་དང༌། དར་དང༌། བེའུ་རས་དང༌། དར་ལྭ་དང༌། ཟར་མའི་རས་དང༌། དུ་གུ་ལའི་རས་དང༌། རས་ཡུག་ཆེན་ལ་སོགས་པ་བཏགས་པ་དང༌། རྔ་ཡབ་དང༌། མཛེས་པའི་གདུ་བུ་དང༌། དཔུང་རྒྱན་དང༌། དོ་ཤལ་དང༌། སེ་མོ་དོ་དང༌། མུ་ཏིག་གི་ཆུན་འཕྱང་དང༌། དྲིལ་བུ ་དང༌། ནོར་བུ་ཆུ་ཤེལ་དང༌། མེ་ཤེལ་ལ་སོགས་པ་དང༌། ནོར་བུ་ཆེན་པོའི་རྣ་རྒྱན་བཏགས་པ་དང༌། བ་དན་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། ལེ་བརྒན་བསྒྲེང་བའི་ཤིང་དང༌། ཁྱིམ་ལ་བཏགས་པ་དང༌། རས་ཀྱི་བླ་རེ་དང༌། དར་གྱི་བླ་རེས་སྤུད་པས་གྲོང་ཁྱེར་པ་ཏ་ལི་པུ་ཏྲ་ཀུན་ནས་དྲི་ཟའི་རྒྱལ་པོའི་གནས་དང་འདྲ་བར་རྣམ་པར་བཞག་པར་གྱུར་ཏོ། །པ་ཏ་ལི་པུ་ཏྲ་དང༌། པ་ཏ་ལི་པུ་ཏྲའི་ཉེ་འཁོར་ཇི་སྙེད་པར་སིལ་སྙན་གྱི་སྒྲ་སྒྲོགས་པ་རྣམས་རབ་ཏུ་གནས་པ་ནི་འདི་ལྟ་སྟེ། གར་མཁན་དང༌། གར་སྟོན་པ་དང༌། གཏམ་བརྗོད་པ་དང༌། བཞད་གད་བྱེད་པ་དང༌། མཛེས་བྱེད་པ་དང༌། གླུ་ལེན་པ་དང་མིག་འཕྲུལ་མཁན་དང༌། མཆོད་པ་དང༌། བུད་མེད་ཀྱི་ཆ་ལུགས་འགེབས་པ་དང༌། ཁར་གསིལ་དཀྲོལ་བ་དང༌། རྔ་རྐེད་ཉག་རྡུང་བ་དང༌། བྱིས་པ་ལྔ་ཚོམས་པ་དང༌། སྲང་བར་ན་རྩེ་བ་སྟེ། དེ་དག་ཐམས་ཅད་སྲང་དང༌། སྲང་བར་དང༌། བཞི་མདོ་དང་སུམ་མདོ་དེ་ཐམས་ཅད་དུ་རང་རང་གི་བྱ་བ་ཐམས་ཅད་ཀྱིས་མཛེས་པར་བྱས་སོ། །གྲོང་ཁྱེར་གྱི་སྒོ་བཞིར་ཡང་སྦྱིན་བ་ནི་གཏོང༌། བསོད་ནམས་དག་བྱེད་པ་ནི་འདི་ལྟ་སྟེ། ཟས་འདོད་པ་རྣམས་ལ་ནི་ཟས། གོས་འདོད་པ་རྣམས་ལ་ནི་གོས། དྲི་དང༌། ཕྲེང་བ་དང༌། བྱུག་པ་འདོད་པ་རྣམས་ལ་ནི་དྲི་དང་ཕྲེང་བ་དང༌། བྱུག་པ། རས་ཟུང་དང༌། རས་ཡ་བ་དང༌། ཀཱཪྵཱ་པ་ཎ་འདོད་པ་རྣམས་ལ་ནི། རས་ཟུང་དང་རས་ཡ་བ་དང་ཀཱཪྵཱ་པ་ཎ་སྦྱིན་པར་བྱེད་པ་དང༌། རབ་ཏུ་དགའ་བའི་རོལ་མོ་རྣམས་རྡུང༌། སྤྱི་བོ་ལ་ཏིལ་མར་གྱིས་ནི་ཉུག་པར་བྱེད་དོ། །ཞག་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་གསུམ་པ་ནས་བདུན་པ་ནས། ཉིན་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བཙས་སྟོན་རྒྱ་ཆེར་བྱས་ཏེ། པང་ན་འཚོ་བའི་མ་མ་གཉིས་དང༌། དྲི་མ་འཕྱི་བའི་མ་མ་གཉིས་དང༌། ནུ་མ་སྣུན་པའི་མ་མ་གཉིས་དང༌། རྩེད་གྲོགས་
ཀྱི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་དོ། །དེ་ལྟར་གཞོན་ནུ་དེ་མ་མ་བརྒྱད་པོ་ཐམས་ཅད་ཀྱིས་རང་གི་བཟོ་ལེགས་པར་བྱས་པས་ཡོངས་སུ་བསྐྱངས་ཤིང༌། མཁས་པ་དང་ལྡན་པ་རྣམས་ཀྱིས་འོ་མ་དང༌། མར་སར་དང༌། ཞོ་དང༌། མར་གྱི་སྙིང་པོ་དང༌། སྦྲང་རྩིས་སྐྱེད་པར་བྱེད་པར་རྩོམ་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཨ་ཤོ་ཀ་བུ་བལྟ་བར་མངོན་པར་དགའ་བས་སླས་རྣམས་ལ་གཞོན་ནུ་ཅི་འདྲ་བ་བལྟ་བར་བྱའོ་ཞེས་སྨྲས་སོ། །དེ་ནས་མ་མ་རྣམས་ཀྱིས་རྒྱལ་པོ་ལ་བསྟན་པའི་ཕྱིར་ཁྱེར་བ་དང༌། མཐོང་ནས་རྒྱལ་པོས་གཞོན་ནུའི་མིང་ཇི་ལྟར་གདགས་པར་བྱ་ཞེས་བསམས་པ་དང༌། གང་གི་ཕྱིར་འདི་ནི་ང་ལ་ཆོས་རབ་ཏུ་ཞུགས་པ་ན་སྐྱེས་པས་ན་དེའི་ཕྱིར་ཆོས་འཕེལ་བ་ཉིད་དུ་མིང་གདགས་པར་བྱའོ་ཞེས་སྨྲས་ནས། གཞོན་ནུ་རྒྱལ་པོ་ཨ་ཤོ་ཀས་བླངས་སོ། །དེ་ནས་རྒྱལ་པོས་གཞོན་ནུ་ལ་བལྟས་ནས་གདའ་བཞིན་དུ་སྨྲས་པ། ངའི་བུ་ལ་མིག་བཟང་ལེགས་སྐྱེས་པ། །ཨུཏྤལ་སྔོ་འདྲ་རབ་ཡངས་རྫི་མ་ཅན། །གང་གིས་བཞིན་རྒྱན་མཛེས་པར་བྱས་པ་ནི། །སྒྲ་གཅན་ཁ་ལས་ཐར་པའི་ཟླ་བ་འདྲ། །ཇི་ཙམ་ན་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཁྱེད་རྣམས་ཀྱིས་འགའ་ཞིག་ལ་འདི་ལྟ་བུའི་མིག་ཡོད་པ་མཐོང་ངམ། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་མ་མཐོང་ལགས་སོ། །དེ་ནས་དེ་ན་གནས་པའི་འཁོར་རྣམས་ལ་དེ་སྐད་རྒྱལ་པོས་སྨྲས་པ་དང༌། རིའི་རྒྱལ་པོ་ཁ་བ་ཅན་ན་ལོར་བསྟེན་པའི་བྲམ་ཟེ་རྣམས་དེ་ཉིད་དུ་ལྷགས་པ་དང༌། དེ་རྣམས་ལ་རྒྱལ་པོས་གཞོན་ནུ་བསྟན་ཏེ། ཁྱེད་རྣམས་ཀྱིས་ཀྱང་འགའ་ཞིག་ལ་འདི་ལྟ་བུའི་མིག་ཡོད་པར་མཐོང་ངམ། ལྷ་མིར་གྱུར་པ་རྣམས་ལ་ནི་མ་མཐོང་སྟེ། དེ་ལྟ་མོད་ཀྱི་འོན་ཀྱང་ལྷ་རིའི་རྒྱལ་པོ་ཁ་བ་ཅན་ན་ཀུན་ལ་ཞེས་བྱ་བའི་བྱ་དེ་ལ་འདི་ལྟ་བུའི་མིག་མཆིས་སོ། །ཡང་སྨྲས་པ། རི་རྒྱལ་ཁ་བ་ཅན་ནི་བྲག་གི་རྩེ། །མེ་ཏོག་མར་ཞིང་ཆུ་ཕྲན་རབ་འབབ་པ། །དེ་ན་ཀུན་ལ་ཞེས་བྱ་བའི་བྱ། །འདི་ཡི་མིག་དང་རྣམ་པར་འདྲ་བ་ཡོད། །དེ་ནས་རྒྱལ་པོས་བྱ་ཀུན་ལ་མྱུར་དུ་ཁྱེར་ལ་ཤོག་ཅིག་ཅེས་སྨྲས་པ་དང༌། དེའི་སྟེང་གི་དཔག་ཚད་ཅིག་ཙམ་དུ་གནོད་སྦྱིན་རྣམས་ཀྱིས་ཐོས་སོ། །འོག་གི་དཔག་ཚད་གཅིག་ཙམ་དུ་ནི་ཀླུ་རྣམས་ཀྱིས་ཐོས་སོ། །དེ་ནས་གནོད་སྦྱིན་གྱིས་སྐད་ཅིག་མ་དེ་ཉིད་ལ་བྱ་ཀུན་ལ་ཁྱེར་ཏེ་འོངས་སོ། །དེ་རྒྱལ་པོས་གཞོན་ནུ་དང༌། ཀུན་ལའི་མིག་ལ་ཤིན་ཏུ་ཡུན་རིང་
བར་བརྟགས་ན་ཁྱད་པར་ཅུང་ཟད་ཀྱང་མ་རྟོགས་སོ། །དེ་ནས་རྒྱལ་པོས་སྨྲས་པ། ཨེ་མ་ཧོ། །གཞོན་ནུ་དང༌། ཀུ་ན་ལའི་མིག་ཤིན་ཏུ་འདྲ་བ་ཡིན་པས་ན་གཞོན་ནུ་ལ་མིང་ཀུན་ལ་ཞེས་གདགས་པར་བྱའོ། །ཡང་སྨྲས་པ། ས་བདག་དེ་ནི་མིག་ལ་རྗེས་དགའ་བས། །དེ་ཚེ་བུ་ལ་ཀུ་ན་ལ་ཞེས་སྨྲས། །དེ་ནས་འཕགས་པའི་སེམས་ཅན་རྒྱལ་པོའི་བུ། །དེ་ཡི་མིང་ནི་ས་སྟེངས་རབ་ཏུ་གྲགས། །དེ་ནས་རྒྱ་ཆེར་གཞོན་ནུ་ཆེན་པོར་གྱུར་བའི་བར་དུ་སྟེ། དེ་ལ་གསེར་ཕྲེང་ཅན་ཞེས་བྱ་བའི་བུ་མོ་ཆུང་མའི་དོན་དུ་བཀུག་ནས་བྱིན་ཏེ། ཕའི་བཟོའི་གནས་དང་ལས་ཀྱི་གནས་འདི་ལྟ་སྟེ། གླང་པོ་ཆེའི་གཉེར་བཞོན་པ་དང༌། རྟ་ལ་བཞོན་པ་དང༌། ཤིང་རྟའི་ཐབས་དང༌། མདའ་གཞུའི་ཐབས་དང༌། ལྕགས་ཀྱུས་བསྒྱུར་བའི་ཐབས་དང༌། མདའ་བོ་ཆེ་འཕེན་པའི་ཐབས་དང༌། ལྕགས་མདའ་འཕེན་པའི་ཐབས་དང༌། ཐག་མདུང་འཕེན་པའི་ཐབས་དང༌། མདུན་དུ་བསྣུར་བ་དང༌། ཕྱིར་བསྣུར་བ་དང༌། བཅད་པ་དང༌། དྲལ་བ་དང༌། རྒྱང་ནས་ཕོག་པ་དང༌། སྒྲ་གྲགས་པར་ཕོག་པ་དང༌། གནད་དུ་ཕོག་པ་དང༌། མི་འཆོར་བར་ཕོག་པ་དང༌། ཚབས་ཆེ་བ་དང༌། དགས་པ་དང༌། འཛིན་སྟངས་དང༌། གོམ་སྟངས་ལ་བྱང་བར་གྱུར་ཏོ། །རྒྱལ་པོ་ཨ་ཤོ་ཀ་ས་དེའི་དོན་དུ་ཁྱིམ་གསུམ་བྱེད་དུ་བཅུག་སྟེ། གཅིག་ནི་རྒུན་གྱིའོ། །གཉིས་པ་ནི་སོ་གའི་འོ། །གསུམ་པ་ནི་དབྱར་གྱིའོ། །དེ་ལ་རེ་ཞིག་རྒུན་གྱི་ནི་གཅིག་ཏུ་དྲོ་བའོ། །སོ་གའི་ནི་གཅིག་ཏུ་བསིལ་བའོ། །དབྱར་གྱི་ནི་དེ་གཉིས་ཀ་ཡོད་པ་སྟེ། ཤིན་ཏུ་གྲང་བ་ཡང་མ་ཡིན། ཤིན་ཏུ་དྲོ་བ་ཡང་མ་ཡིན་པའོ། །ཆུང་མ་རྣམ་པ་གསུམ་འཇོག་སྟེ། ཆེ་བ་དང་བར་མ་དང་ཆུང་བའོ། །དེ་ནས་གཞོན་ནུ་ལྷའི་བུ་མོ་དང་འདྲ་བའི་བུད་མེད་ཀྱི་རབ་མཆོག་དགོད་པ་དང་མིག་ཟུར་དང་སྟེག་པ་དང༌། སྒེག་པ་དང༌། གར་དང༌། གླུའི་ཉེ་བར་སྤྱོད་པ་ལ་མཁས་པ་རྣམས་དང་ལྷན་ཅིག་ཁང་བཟངས་ཀྱི་སྟེང་གི་གཞིར་གཏོགས་པ་ན་བཙུན་མོ་གསེར་ཕྲེང་ཅན་དང་ལྷན་ཅིག་དགའ་བ་དང༌། རྩེ་བ་དང༌། ཡོངས་སུ་སྤྱོད་པ་ནས་ཇི་སྲིད་དུས་གཞན་ཞིག་ན་རྒྱལ་པོ་ཀུན་ལ་དང་ལྷན་ཅིག་ཁྱིམ་བྱའི་ཀུན་དགའ་ར་བར་སོང་བ་དང༌། དེ་ནས་གནས་བརྟན་གྲགས་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ་དེས་མཐོང་ངོ༌། །མཐོང་ནས་ཀྱང་ཀུན་ལའི་མིག་ནི་ཡུན་རིང་
པོར་མི་ཐོགས་པར་འཇིག་པར་འགྱུར་རོ་སྙམ་ནས་དེས་རྒྱལ་པོ་ལ་སྨྲས་པ། ཅིའི་ཕྱིར་གཞོན་ནུ་རང་གི་ལས་མ་སྦྱར། དེ་ནས་རྒྱལ་པོས་ཀུན་ལ་ལ་སྨྲས་པ། ཀུ་ན་ལ་དགེ་འདུན་གྱི་གནས་བརྟན་ཇི་སྐད་གསུངས་པ་དེ་དྲིས་ཤིག །དེ་ནས་གཞོན་ནུས་གནས་བརྟན་གྱི་རྐང་པ་གཉིས་ལ་བཏུད་དེ་སྨྲས་པ། གནས་བརྟན་ཅི་ཞིག་བཀའ་སྩལ། གནས་བརྟན་གྱིས་སྨྲས་པ། ཀུན་ལ་མི་ག་ནི་མི་རྟག་པའོ་ཞེས་ཡིད་ལ་གྱིས་ཤིག །ཡང་སྨྲས་པ། གང་དུ་འགྲོ་མང་རྗེས་སུ་ཆགས་གྱུར་ནས། །མི་ཕན་ཐོབ་པའི་ལས་རྣམས་བྱེད་པ་ཡི། །མིག་ནི་རབ་གཡོ་སྡུག་བསྔལ་སྟོང་ལྡན་པར། །རྟག་ཏུ་སོ་སོར་རྟོག་བྱོས་ཀུན་ལ། །དེ་དེ་བཞིན་དུ་སློབ་པར་བྱེད་པའི་ཡིད་ལ་བྱེད་པ་དང་རབ་ཏུ་ལྡན་ཞིང་གཅིག་པུར་མངོན་བར་དགའ་བ་དང༌། རབ་ཏུ་ཞི་བ་ལ་མངོན་པར་དགའ་བར་གྱུར་ཏོ། །དེ་ཡང་རྒྱལ་པོའི་ཕོ་བྲང་གི་གནས་དབེན་པར་འདུག་ཅིང༌། མིག་གི་ཉེས་དམིགས་དང༌། སྐྱེ་མཆེད་མི་རྟག་པ་ལ་སོགས་པའི་རྣམ་པར་ཡོངས་སུ་རྟོག་པར་བྱེད་དོ། །དེ་ནས་རྒྱལ་སྲུང་མ་ཞེས་བྱ་བའི་བཙུན་མོ་དམ་པ་ཕྱོགས་དེར་ཉེ་བར་སོང་བ་དང༌། དེས་ཀུན་ལ་དེ་གཅིག་པུ་འདུག་པ་མཐོང་ནས། མིག་ལ་རྗེས་སུ་ཆགས་པས་ལུས་ལ་ཀུན་དུ་འཁྱུད་དེ། སྨྲས་པ། ཁྱེད་ཀྱི་ལུས་ལས་ངེས་བབ་པའི། །འདོད་ཆགས་མེ་ནི་སྟོབས་ཅན་གྱིས། །ནགས་མེ་སྟོབས་ཅན་གཡོ་བ་ནི། །མང་པོས་རྣམ་པར་བསྲེགས་པར་གྱུར། །གཞོན་ནུ་བདག་དང་ལྷན་ཅིག་ཏུ། །དགའ་བ་རྗེས་སུ་མྱོང་བར་བྱ། །དེས་ཐོས་པ་དང༌། ཀུན་ལས་ལག་པ་གཉིས་ཀྱིས་རྣ་བ་བཀག་སྟེ་སྨྲས་པ། ཁྱེད་ནི་ཚིག་འདི་སྨྲ་བར་མི་རིགས་ཏེ། །བུ་ཡི་མ་བཞིན་ཁྱེད་ནི་བདག་གི་མ། །འདི་ནི་ངན་འགྲོའི་ལམ་གྱི་སྒོ་ཡིན་པས། །ཆོས་མིན་འདོད་ཆགས་ཡོངས་སུ་སྤང་བར་གྱིས། །དེ་ནས་རྒྱལ་སྲུང་མས་སྨྲས་པ། །འདིར་ཉེས་པ་ཅི་ཞིག་མཐོང༌། །གཞན་ཡང་གཞོན་ནུ་རེ་ཞིག་ཉོན་ཅིག །དཔེར་ན་ཉི་མའི་གཟི་བརྗིད་བསྟན་པའི་ཚ་བས་གདུངས་ཏེ་ཆུ་ནི་འཐུངས་པ་དང༌། ཇི་ལྟར་ལུས་ནི་ཆུ་ཡིས་ཚིམ་བར་བྱེད་ལ་སྡིག་པ་ཡོད་པར་རིགས་མ་ཡིན། །དེ་བཞིན་འདོད་པའི་མེ་ནི་ཆེན་བོས་ལྷག་པར་ཤིན་ཏུ་གདུངས་པར་གྱུར་པ་ན། །ལུས་ལ་རེག་པའི་ཆུ་ཡི་དགའ་བ་དེ་ལས་ཆོས་མིན་ཅི་ཞིག་འབྱུང༌། །ཀུ་ན་ལས་སྨྲས་པ། ང་ཡི་གྲགས་པར་མི་འགྱུར་མཆོག་ཏུ་བརྙས་
ཤིང་ཕྱི་ནས་རྗེས་སུ་འགྱོད་པར་འགྱུར། །ང་ཡི་ཀུན་དུ་སྤྱོད་པར་མི་འགྱུར་དེ་བཞིན་རིགས་ཉམས་པ་ཡང་ཉིད་དུ་འགྱུར། །འཕགས་པ་ཉིད་དུ་མི་འགྱུར་བཀྲེན་འབྱུང་ངན་པར་ཚིག་གིས་ཆད་པ་བཅད་པར་འགྱུར། །སྤྱོས་པས་འགྱུར་གྱི་གྲགས་པར་མི་འགྱུར་ཆོས་ཀྱང་མི་སྣང་ཉིད་དུ་འགྱུར་བའོ། །རྒྱལ་སྲུང་མས་སྨྲས་པ། ཀུན་ལ་དེ་ལྟ་ཡིན་མོད་ཀྱི་གང་ཁྱེད་འཇིགས་པར་འགྱུར་བ་འདི་འགའ་ཞིག་གིས་མཐོང་ནས་གྲགས་པར་འགྱུར་བ་མ་ཡིན་ཏེ། དེ་ཡང་རྣམ་པར་དབེན་ཞིང་མིའི་འདུ་བ་དང་བྲལ་བའི་ཕྱིར་རོ། །ཡང་སྨྲས་པ། ཡུ་བུའི་མཐོང་ནས་སྨྲ་བ་ནི། །བུད་མེད་དག་གམ་སླས་རྣམས་ཀྱང༌། །གང་ཡང་ཡོད་པ་མ་ཡིན་ཏེ། །དེ་བས་བདག་གི་ཚིག་ཉོན་ཅིག །འདོད་དང་བཅས་པའི་བུད་མེད་ནི། །དབེན་པར་ཡོངས་སུ་སྤོང་བྱེད་ན། །དེ་ཡི་ཆོས་ཆེན་འཇིག་འགྱུར་ཞེས། །ཐོས་པ་ལས་གྲགས་ཐོས་སམ་ཅི། །གཟུགས་ཀྱི་རྗེས་སུ་མཐུན་པ་ཡི། །སྦྱིན་གནས་སྡིག་མེད་མཐོང་ནས་ནི། །དེར་གང་ལེགས་པའི་མདངས་རྣམས་དང༌། །ན་ཚོད་དང་ནི་འདྲ་བར་གྱིས། །ཀུ་ན་ལས་སྨྲས་པ། གང་ཁྱོད་ཀྱིས་འདི་ན་གནས་ཀྱང་མི་མཐོང་ངོ་ཞེས་སྨྲས་ན། དེ་རེ་ཞིག་ཉོན་ཅིག །འདི་ནི་གཟི་བརྗིད་འབར་བའི་ཤིང་ལ་གནས་པའི་མེ་ལྷས་བདག་ནི་མཐོང་གྱུར་ལ། །ཚངས་པས་མཐོང་ཞིང་བརྒྱ་བྱིན་དག་དང་ཆུ་ལྷ་ཟླ་བ་གཤིན་རྗེ་དག་གིས་མཐོང༌། །གཞན་ཡང་གཞལ་ཡས་ཁང་པ་མཆོག་ན་གནས་པ་གཞན་གྱིས་ངེས་པར་མཐོང་འགྱུར་ན། །བྱིས་པ་ཁྱེད་ཀྱིས་བདག་དང་གཉེན་གྱི་སྐྱེ་བོ་མི་མཐོང་རང་ཡང་མཐོང་མ་གྱུར། །མི་ནི་གང་ཞིག་དབེན་པར་མེར་འཇུག་བྱེད་ན་དེ་ཅི་མེ་ཡིས་མི་འཚིག་གམ། །གང་ཞིག་དྲེགས་པས་འབྲས་བུ་མངར་ལྟར་དུག་ཟ་དེ་ནི་ཉམས་པར་འགྱུར་རམ། །མི་ནི་གང་ཞིག་བྲང་འགྲོ་གདུགས་པས་ཟིན་པ་དེ་ནི་གནོད་པར་མི་འགྱུར་རམ། །མི་ནི་གང་ཞིག་དབེན་པར་གཏོགས་པར་སྡིག་བྱས་གོས་པར་མི་འགྱུར་དེ་མི་སྲིད། །དེ་ནས་རྒྱལ་སྲུང་མས་སྨྲས་པ། གཞོན་ནུ་རེ་ཞིག་ཁྱོད་དེ་ལྟར་བུར་ཞེན་པས་གནས་པར་མ་བྱེད་ཅིག །དེ་ཡང༌། དུས་ཀྱི་སྒོ་ཡི་རྫོང་དང་བིནདའི་རིགས་ཡང་འདོད་པའི་དོན་དུ་རབ་འཇུག་ལ། །འདོད་པའི་རྒྱ་མཚོའི་ཆུ་ཡང་རྒལ་ཅིང་མཛའ་བོ་གང་ཡིན་དག་ཀྱང་འབྱེ་བ་ཡོད། །འདོད་པའི་ཕྱིར་ནི་བརྟུལ་ཞུགས་ཐལ་བ་ཤིང་གོས་འཆང་
པའི་དཀའ་ཐུ་བ་དེས་དེ་ཐུབ། དེ་འདིར་བདེ་བ་ཡང་དག་ཐོབ་པ་འདི་ལ་ཅི་ཕྱིར་ཀུན་དུ་ཆགས་མི་བྱེད། །ཀུ་ན་ལས་སྨྲས་པ། ཁྱེད་ཀྱིས་ང་ནི་ཟིལ་གནོད་མི་འགྱུར་ཏེ། །ལྷ་ཡི་བུ་མོ་འདྲ་བའི་བུད་མེད་དག །དེ་ཡང་དམྱལ་བའི་སྡུག་བསྔལ་ཡོད་པས་ན། །གཞན་གྱི་བུད་མེད་ཡོངས་སུ་སྤང་བ་ཡིན། །དེ་ནས་རྒྱལ་སྲུང་མས་རང་གི་འདོད་པའི་རྣམ་པ་ཐོབ་པར་མ་གྱུར་པས། །ཁྲོས་ཏེ་སྨྲས་པ། ཤིན་ཏུ་འདོད་པས་གདུངས་པར་གྱུར་བ་ན། །གལ་ཏེ་འདི་ན་ང་ཡིས་མི་འདོད་ན། །བློ་ངན་ཁྱོད་ནི་རིང་པོར་མི་ཐོགས་པར། །དངོས་པོ་ཐམས་ཅད་མེད་པར་འགྱུར་དུ་འོང༌། །མིག་ནི་གཉིས་པོ་གང་ཡིན་པས། །ཁྱོད་ནི་འདི་ན་དྲེགས་ཐོབ་པ། །མི་རིང་བ་ནི་དེ་དག་གིས། །རྒུད་པར་གྱུར་ལ་བལྟ་བར་བྱ། །ཀུ་ན་ལས་སྨྲས་པ། ཆོས་ནི་རྣམ་དག་གྱུར་ན་བདག་ནི་མྱུར་དུ་འཆི་བར་གནས་པར་གྱུར་ཀྱང་བླ། །སྐྱེ་བོ་དམ་པས་བདག་སྨད་གྱུར་པའི་འཚོ་བ་བདག་ལ་དགོས་མ་ཡིན། །གང་ལས་མཐོ་རིས་དག་དང་ཆོས་འཇིག་འགྱུར་བའི་མཚོ་དེས་ཅི་ཞིག་བྱ། །མཁས་པས་ཟིལ་གྱིས་མནན་པའི་བཀྲེན་གྱུར་བདག་ནི་འཆི་བ་ཉིད་ཡིན་མོད། །ཇི་ཙམ་ན་རྒྱལ་སྲུང་མ་དེ་ཀུན་ལ་ལ་གླགས་སྐབས་ཚོལ་ཞིང་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཨ་ཤོ་ཀས་བྱང་ཕྱོགས་ཀྱི་གྲོང་ཁྱེར་རྡོ་འཇོག་པ་དང་རྩོད་པར་གྱུར་པ་ཐོས་པ་དང༌། རྒྱལ་པོ་རང་ཉིད་ཆས་པར་གྱུར་ཏོ། །དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་གཞོན་ནུ་བརྫང་དུ་གསོལ། །དེས་ནི་ཐུལ་བར་འགྱུར་ལགས་སོ། །དེ་ནས་རྒྱལ་པོས་ཀུན་ལ་བོས་ཏེ་སྨྲས་པ། ཀུན་ལ་གྲོང་ཁྱེར་རྡོ་འཇོག་འདུལ་བར་འགྲོ་ནུས་སམ། ཀུན་ལས་སྨྲས་པ། ལྷ་རབ་ཏུ་མཆི་ལགས་སོ། །དེ་ནས་རྒྱལ་པོས་ཡིད་ལ་རབ་དད་པའི། །བུ་ཞེས་བྱ་བའི་བསམ་པ་ཤེས་པ་དང༌། །བརྩེ་དང་ཕུན་ཚོགས་ན་ཚོད་ལ་རིགས་པའི། །ཆད་པའི་རྐྱེན་ནི་ལུང་དུ་བསྒོ་བར་གྱུར། །དེ་ནས་རྒྱལ་པོ་ཨ་ཤོ་ཀས་གྲོང་ཁྱེར་བརྒྱན་པ་དང༌། ལམ་མཛེས་པར་བྱས་ཏེ། རྒན་པོ་དང༌། ནད་པ་དང༌། བཀྲེན་པ་རྣམས་རང་གི་ལམ་ནས་བསལ་ཏེ། གཞོན་ནུ་དང་ལྷན་ཅིག་ཤིང་རྟ་ལ་ཞོན་ཏེ། བ་ཏི་ལི་པུ་ཏྲ་ནས་བྱུང་ཏེ་བསྐྱལ་ནས། ལྡོག་པ་ན་ཀུན་ལའི་མདུན་ནས་ཡོངས་སུ་འཁྱུད་ནས་མིག་ལྟ་ཞིང་དུས་ཏེ་སྨྲས་པ། འདབ་ཆགས་རབ་མཆོག་ཀུན་ལ་མཚུངས་པའི། །མིག་ནི་
ཡངས་ཤིང་ཨུཏྤལ་སྔོན་པོ་དང༌། །འདྲ་བ་འདི་ལ་བལྟ་བ་གང་ཡིན་བ། །དེར་ནི་དཔལ་ཡོད་བདེ་ལྡན་རིམས་ནད་བྲལ། །ཇི་ཙམ་ན་བྲམ་ཟེ་མཚན་མཁན་ཞིག་གིས་མཐོང་བ་དང༌། ཀུ་ན་ལའི་མིག་ནི་ཡུན་རིང་པོ་མི་ཐོགས་པར་འགྱུར་ཏེ། རྒྱལ་པོ་ཨ་ཤོ་ཀས་དེའི་མིག་གཉིས་ལ་ཤིན་ཏུ་ཆགས་པ་ལྟས་མཁན་དེས་མཐོང་ནས་སྨྲས་པ། མི་དབང་བུ་ཡི་མིག་ནི་རྣམ་དག་ལ། །ས་བདག་ཀྱང་ནི་མིག་ལ་རྗེས་ཆགས་པས། །རྣམ་དག་དཔལ་ལམ་ཡིད་དང་རྗེས་མཐུན་བ། །རིང་པོ་མི་ཐོགས་འཇིག་པར་འགྱུར་བ་མཐོང༌། །ལྷ་ཡུལ་ལྟ་བུར་རབ་དགའི་གྲོང་ཁྱེར་འདི། །གཞོན་ནུ་མཐོ་བ་ལས་བྱུང་སྐོམ་བ་དག །མིག་དང་བྲལ་ནས་འདི་ཡི་སེམས། །མྱ་ངན་དག་གིས་ཡོངས་སུ་གདུངས་པར་གྱུར། །ཅི་ཙམ་ན་ཀུན་ལ་རིམ་གྱིས་གྲོང་ཁྱེར་རྡོ་འཇོག་ཏུ་ཉེ་བར་ཕྱིན་པ་དང༌། རྡོ་འཇོག་གི་གྲོང་ཁྱེར་པས་ཐོས་ནས། དཔག་ཚད་ཕྱེད་དང་གསུམ་གྱི་བར་དུ་གྲོང་ཁྱེར་བརྒྱན་པ་དང༌། ལམ་མཛེས་པར་བྱས་ཏེ། བུམ་པ་གང་བ་མར་སར་གྱིས་བརྒྱན་པས་མདུན་བསུས་སོ། །ཡང་བཤད་པ། རྡོ་འཇོག་པ་ཡི་གྲོང་བས་ཐོས་ནས་ནི། །རིན་ཆེན་བུམ་གང་པ་ལ་སོགས་པ་ཡི། །མཆོད་པ་ཐོགས་ཏེ་མདུན་དུ་སོང་ནས་ནི། །ས་བདག་དེ་ལ་མང་དུ་རྗེད་པར་གྱུར། །མདུན་བསུས་ནས་ཐལ་མོ་སྦྱར་ཏེ་སྨྲས་པ། བདག་ཅག་རྣམས་ནི་གཞོན་ནུ་ལ་འགལ་བར་བགྱིད་པ་ཡང་མ་ལགས་ལ། རྒྱལ་པོ་ཨ་ཤོ་ཀ་ལ་ཡང་མ་ལགས་མོད་ཀྱི། འོན་ཀྱང་བློན་པོ་མི་སྲུན་པ་དག་འོངས་ནས་བདག་ཅག་ལ་བརྙས་པར་བགྱིས་ལགས་མོད། ཅི་ཙམ་ན་ཀུན་ལ་བསྙེན་བཀུར་ཆེན་པོས་གྲོང་ཁྱེར་རྡོ་འཇོག་ཏུ་ཞུགས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཨ་ཤོ་ཀ་ལ་ནད་ཆེན་པོ་ཞིག་བྱུང་བར་གྱུར་ཏེ། དེའི་ཁ་ནས་ངན་སྐྱུགས་འོང་ཞིང༌། བ་སྤུའི་བུ་ག་ཐམས་ཅད་ནས་མི་གཙང་བ་འཛག་བར་གྱུར་ཀྱང་གསོ་བར་མ་ནུས་སོ། །དེ་ནས་རྒྱལ་པོས་སྨྲས་པ། ཀུན་ལ་ཁུག་ཅིག །དེ་རྒྱལ་སྲིད་ལ་གཞག་པར་བྱ་སྟེ། ཁོ་བོ་ཡང་སླར་འཚོ་བས་ཅི་ཞིག་བྱ། །དེ་ཐོས་ནས་རྒྱལ་སྲུང་མས་བསམས་པ། གལ་ཏེ་ཀུན་ལ་རྒྱལ་སྲིད་ལ་བཞག་ན། ངའི་འཚོ་བ་མེད་པར་འགྱུར་རོ་སྙམ་ནས་དེས་སྨྲས་པ། ལྷ་བདག་གིས་ཁྱེད་གསོས་པར་བགྱི་ལགས་ཀྱི། འོན་ཀྱང་སྨན་པ་རྣམས་ནང་དུ་མཆི་བ་དག་ཏུ་གསོལ། ཇི་ཙམ་ན་རྒྱལ་པོས་
སྨན་པ་རྣམས་འོང་བ་བཀག་པར་གྱུར་ཏོ། །དེ་ནས་རྒྱལ་སྲུང་མས་སྨན་པ་རྣམས་ལ་སྨྲས་པ། གལ་ཏེ་སྐྱེས་པའམ། བུད་མེད་འདི་ལྟ་བུའི་ནད་ཀྱིས་ཟིན་པ་ཡོད་ན་དེ་ཁྱེད་རྣམས་ཀྱིས་ང་ལ་སྟོན་ཅིག །དེ་ནས་རི་ཁྲོད་པ་གཞན་ཞིག་དེ་ལྟ་བུའི་ནད་ཀྱིས་ཟིན་པ་དང༌། དེའི་ཆུང་མས་སྨན་པ་ལ་ནད་དེ་སྨྲས་པ་དང༌། སྨན་པས་སྨྲས་པ། ནད་པ་དེ་ནི་འོང་དུ་ཆུ་གཅིག །ནད་བལྟས་ལ་སྨན་བསྟན་བར་བྱའོ། །ཅི་ཙམ་ན་དེ་བཀུག་ནས་སྨན་པའི་གམ་དུ་ཕྱིན་པ་དང༌། སྨན་པས་རྒྱལ་སྲུང་མའི་གམ་དུ་ཁྱེར་རོ། །རྒྱལ་སྲུང་མས་ཀྱང་ཤིན་ཏུ་དབེན་པའི་ས་ཕྱོགས་སུ་དེ་བསད་ནས་བལྟས་པ་དང༌། དེ་ཞུ་བའི་གནས་ན་རྒྱུ་མར་འབུ་ཆེན་པོ་ཞིག་བྱུང་སྟེ། དེ་སྟེང་དུ་འགྲོ་བ་དང༌། དེའི་ངན་སྐྱུགས་གྱེན་དུ་འབྱུང་ངོ༌། །གལ་ཏེ་ཐུར་དུ་འགྲོ་ན་ནི་འོག་ཏུ་འབྱུང་ངོ༌། །དེས་དེར་ན་ལེ་ཤམ་བཏགས་ཏེ་བླུགས་ཀྱང་མ་ཤིའོ། །དེ་བཞིན་དུ་པི་པི་ལིང་དང༌། སྲིང་ག་དང༌། ལན་ཚྭ་ལ་སོགས་པ་བླུད་པ་ནས་ཇི་ཙམ་ན་སྒོག་སྐྱ་བླུགས་པ་དང༌། རེག་པ་ཙམ་གྱིས་ཤི་ནས། བཤང་བའི་ལམ་ནས་བྱུང་ངོ༌། །དེས་དེ་ལྟ་བུའི་རྣམ་པ་རྒྱལ་བོ་ལ་གོ་བར་བྱས་ཏེ། ལྷ་སྒོག་སྐྱ་གསོལ་ཅིག །དེས་ན་ཁྱེད་སོས་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། ལྷ་མོ་ང་ནི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཡིན་ན། ཇི་ལྟར་ན་སྒོག་པ་ལ་ཡོངས་སུ་ལོངས་སྤྱོད། བཙུན་མོས་སྨྲས་པ། ལྷ་འདི་ནི་སྲོག་གི་དོན་གྱི་སྨན་ཡིན་པས་ཉེ་བར་སྤྱོད་པར་མཛོད་ཅིག །ཇི་ཙམ་ན་རྒྱལ་པོས་ཡོངས་སུ་ལོངས་སྤྱོད་ནས་འབུ་དེ་ཡང་ཤི་སྟེ། བཤང་བའི་ལམ་ནས་བྱུང་ངོ༌། །རྒྱལ་པོ་སོས་པར་གྱུར་ནས། དེས་རྒྱལ་སྲུང་མ་ལ་མཆོག་སྦྱིན་པར་བརྩམས་སོ། །ཁྱོད་ལ་མཆོག་ནི་ཅི་ཞིག་སྦྱིན་པར་བྱ། དེས་སྨྲས་པ། བདག་ལ་ཞག་བདུན་གྱི་བར་དུ་རྒྱལ་སྲིད་གསོལ་ཅིག །འོ་ན་ཁོ་བོ་ཅིར་འགྱུར། བཙུན་མོས་སྨྲས་པ། ཞག་བདུན་འདས་པ་དང་ལྷ་ཉིད་རྒྱལ་པོ་མཛོད་ཅིག །ཅི་ཙམ་ན་རྒྱལ་སྲུང་མ་ལ་ཞག་བདུན་གྱི་བར་དུ་རྒྱལ་སྲིད་སྦྱིན་ནོ། །དེ་བློ་སྐྱེས་པ། ད་ནི་བདག་གིས་ཀུན་ལ་ལ་འཁོན་གཅུགས་མངོན་དུ་བྱའོ་ཞེས་དེས་རྡོ་འཇོག་པའི་གྲོང་ཁྱེར་བ་རྣམས་ཀྱིས་ཀུན་ལའི་མིག་བརླག་པར་གྱིས་ཤིག་ཅེས་བཅོས་མའི་ཡི་གེ་བྲིས་ཏེ། དེ་ཡང་རྒྱལ་པོ་མྱ་ངན་མེད་ཀྱིས་བཀའ་སྩལ་པ། ཤིན་ཏུ་དཔའ་ཞིང་སྟོབས་དང་ཕ་རོལ་གནོན་པ་ཐོགས་པ་མེད་པའི་
རྩལ་གྱིས་རྣམ་པར་གནོན་པ་ཐོབ་པའི་རྒྱལ་པོ་རྒྱ་མཚོ་བཞི་དང༌། སའི་བདག་པོའི་སྤྱི་བོའི་ཅོད་པན་གྱིས་སྟན་དང༌། རྐང་པར་ཡོངས་སུ་གཏུགས་པ། མྱ་ངན་དང་བྲལ་ནས་མྱ་ངན་མེད་པ། མ་ག་དྷཱའི་གྲོང་ཁྱེར་ནས་པ་ཏི་ལི་པུ་ཏྲ་དང༌། རྡོ་འཇོག་ལ་གནས་པའི་བར་ལ་རྒྱུན་མི་འཆད་པར་དགེ་བའི་ལས་ཀྱི་རྩོམ་པས་ཉེ་བར་འཚོ་བ། སྡེ་ཚོམ་གསུམ་པའི་གྲོང་ཁྱེར་གྱི་སྐས་ལ་གནས་པའི་སྐྱེ་བོ་རྣམས་ལ་ཇི་ལྟར་གྲོང་ཁྱེར་པ་རྣམས་ཀྱིས་ཤེས་པར་འགྱུར་བ་དེ་ལྟར་ཁོང་དུ་ཆུད་པར་གྱིས་ཤིག །འདིར་ངའི་བུ་ཞེས་བཏགས་པའི་དགྲ་བཅོམ་མའི་སྤྱོད་པ་འཇམ་པ་ལ་མཁས་པས་སྦྱར་བའི་རྒྱུའི་བསྒྱིངས་པས་ཐལ་མོ་སྦྱར་བ་བྱས་པ། རིགས་ཀྱི་སོལ་བར་གྱུར་པའི་ཀུན་ལ་དེས། ཤིན་ཏུ་གཅམ་བག་གི་ཚུལ་གྱིས་ཁོ་བོ་ཕེབས་པར་བྱས་ནས། བ་ག་ཕེབས་པས་གནོད་པ་བྱེད་ཅིང༌། བཙུན་མོའི་འཁོར་ལ་ལྟ་བར་བྱེད་པས། གང་གི་ཕྱིར་འདི་ནི་མ་བརྟགས་པར་བྱེད་པ། སྙིང་རྗེ་མེད་པ། འཇིག་རྟེན་ཕ་རོལ་སྤངས་པ་ཕའི་ཆུང་མ་ལ་ཡོངས་སུ་ལྟ་བས་དེའི་མོད་ལ་དངོས་པོའི་རྗེས་སུ་ཞུགས་པ། གཟུགས་ཀྱིས་ཁེངས་ཤིང་མའི་ཕྱོགས་ལ་དྲེགས་པ་འཕེལ་བར་བྱེད་པ། རིགས་ཀྱི་ཆོས་ཀྱི་གཞུང་ལུགས་སུན་འབྱིན་པར་བྱེད་པའི་མིག་གཉིས་མྱུར་དུ་ཕྱུང་ནས་བཀྲེན་པ་ཉིད་དུ་གྱིས་ལ་ཤིན་ཏུ་དེངས་པའི་གོས་བསྐོན་ཏེ། ཆུང་མ་དང་བཅས་པ་ཕྱི་རོལ་དུ་སྐྲོད་ཅིག །གང་གི་མིག་གཉིས་ཀྱིས་དྲེགས་ཤིང་ཁེངས་པར་བྱེད་པ་དེ་མེད་པར་གྱིས་ལ། དེ་ཡང་སྐྱེ་བོ་རྣམས་ཀྱིས་མཐོང་བར་གྱིས་ཤིག །དེའི་ལན་གྱི་ཡི་གེ་ཡང་གཏོང་བར་མ་བྱེད་ཅིག །བྱས་པ་མི་གཟོ་བའི་ཕོངས་པ་ཐོས་པས་ཀྱང་ངའི་སྙིང་འདར་བར་མ་བྱེད་ཅིག །ངས་ཁྱེད་རྣམས་ལ་གཞུང་ལུགས་བཞག་པའི་ལུང་བསྒོ་བ་འདི་ཁྱེད་རྣམས་ཀྱིས་གྱིས་ཤིག །ཡང་སྨྲས་པ། རྒྱལ་པོ་མྱ་ངན་མེད་གཏུམ་སྟོབས་ལྡན་པའི། །བཀའ་བཞིན་རྡོ་འཇོག་གྲོང་ཁྱེར་པ་ཡིས་གྱིས། །རྒྱལ་པོ་ལ་གནོད་ཀུན་ལ་ཞེས་བྱའི། །མིག་གཉིས་མྱུར་དུ་དབྱུང་བ་ཉིད་དུ་གྱིས། །དེ་ལྟར་རྒྱལ་སྲུང་མ་ངེས་ཡི་གེ་བྲིས་ནས། རྒྱལ་པོ་མྱ་ངན་མེད་པའི་སོའི་རྒྱས་ཡི་གེ་ལ་རྒྱ་གདབ་པར་བྱའོ་སྙམ་ནས། ཇི་ཙམ་ན་རྒྱལ་སྲུང་མས་ཡི་གེ་དེ་རྒྱལ་པོ་གཉིད་ལོག་པ་དང་སོའི་རྒྱས་གདབ་པར་བྱའོ་སྙམ་
ཏེ། རྒྱལ་པོ་དང་ཉེ་བར་སོང་བ་དང་རྒྱལ་པོ་སྐྲག་པས་སད་པར་གྱུར་ཏོ། །ཆུང་མས་སྨྲས་པ། ལྷ་འདི་ཅི་ཞིག་ལགས། རྒྱལ་པོས་སྨྲས་པ། ལྷ་མོ་ངས་རྨི་ལམ་མི་དགེ་བ་མཐོང་སྟེ། བྱ་རྒོད་གཉིས་ཀྱིས་ཀུ་ན་ལའི་མིག་འབྱིན་པར་འདོད་པར་མཐོང་ངོ༌། །བཙུན་མོས་སྨྲས་པ་གཞོན་ནུ་བདེ་བར་གནས་ལགས་ཀྱི། དེ་བཞིན་དུ་རྒྱལ་པོ་སྐྲག་པས་སད་ནས་སྨྲས་པ། ལྷ་མོངས་རྨི་ལམ་རྨིས་སོ། །རྒྱལ་སྲུང་མས་སྨྲས་པ། རྨི་ལམ་ཇི་ལྟ་བུ། རྒྱལ་པོས་སྨྲས་པ། ཀུན་ལ་སྐྲ་དང་སེན་མོ་རིང་པོ་འཆང་ཞིང་གོས་དྲི་མ་ཅན་གྱོན་པ་མཐོང་ངོ༌། །བཙུན་མོས་སྨྲས་པ། གཞོན་ནུ་བདེ་བར་གནས་ལགས་ཀྱི། ཇི་ཙམ་ན་རྒྱལ་པོ་གཉིད་ཀྱིས་ལོག་པ་དང༌། རྒྱལ་སྲུང་མས་ཡི་གེ་དེ་སོའི་རྒྱས་བཏབ་ནས་རྡོ་འཇོག་ཏུ་བསྐུར་རོ། །ཡང་རྒྱལ་པོ་གཉིད་ལོག་པ་ན་རང་གི་སོ་ལྷགས་པར་གྱུར་པ་རྨིས་སོ། །དེ་ནས་རྒྱལ་པོ་མཚན་མོ་དེ་ཉིད་འདས་པ་དང༌། ལྟས་མཁན་རྣམས་བོས་ཏེ་རྨི་ལམ་བཟླས་ནས་འདི་དག་སྟོན་པར་གྱིས་ཤིག་ཅེས་བསྒོའོ། །ལྟས་མཁན་རྣམས་ཀྱིས་སྨྲས་པ། ལྷ་གང་གིས་འདི་ལྟ་བུའི་ལྟས་མཐོང་བ་དེས་ནི་བུའི་མིག་འཇིག་པར་མཐོང་བར་འགྱུར་རོ། །ཡང་སྨྲས་པ། གང་གི་སོ་ནི་དེངས་པ་དང༌། །རྨི་ལམ་ནང་ན་ལྷགས་གྱུར་པ། །བུ་ཡི་མིག་ནི་འཇིག་པ་དང༌། །བརླག་པའི་བུ་ནི་དེས་མཐོང་འགྱུར། །དེ་སྐད་ཐོས་པ་དང༌། རྒྱལ་པོ་མྱ་ངན་མེད་སྟན་ལས་མྱུར་བར་ལངས་ཏེ། ཕྱོགས་བཞིར་ལྷ་རྣམས་ལ་གསོལ་བ་འདེབས་པ་ལ་ཞུགས་པར་གྱུར་ཏོ། །སྨྲས་པ། སངས་རྒྱས་ཆོས་དང་ཚོགས་ཀྱི་གཙོར་གྱུར་པའི། །དགེ་འདུན་མངོན་དང་ལྷ་ནི་གང་ཡིན་དང༌། །གང་ཡང་འཇིག་རྟེན་དྲང་སྲོང་དཀའ་ཐུབ་མཆོག །བདག་གི་བུ་སྡུག་ཕོངས་ལས་བསྲུང་བར་མཛོད། །ཡི་གེ་དེ་ཡང་རིམ་གྱིས་རྡོ་འཇོག་ཏུ་ཕྱིན་ཏོ། །དེ་ནས་རྡོ་འཇོག་པའི་གྲོང་ཁྱེར་བ་དེ་རྣམས་ཀྱིས་ཡི་གེ་དེ་མཐོང་ནས་ཀུན་ལའི་ཡོན་ཏན་རྒྱ་ཆེན་པོས་ཡོངས་སུ་མགུ་བས་མི་དགའ་བས་དེ་བརྡའ་སྤྲོད་པར་མ་ནུས་ཏེ། ཡུན་རིང་པོར་རྣམ་པར་དཔྱད་ནས་རྒྱལ་པོ་གཏུམ་པོ་དང་ཚུལ་ངན་པ་བུ་ལ་ཡང་བཟོད་པར་མི་བྱེད་ན། བདག་ཅག་རྣམས་ལ་བཟོད་པར་ལྟ་ག་ལ་བྱེད། ཡང་སྨྲས་པ། ཐུབ་པའི་ངང་ཚུལ་ཅན་དུལ་བ། །འབྱུང་པོ་ཀུན་ལ་ཕན་འདོད་པའི། །ཀུན་ལ་ལའང་སྡང་བྱེད་ན། །
བདག་ཅག་རྣམས་ལ་ཅིས་མི་འབྱུང༌། །ཅི་ཙམ་ན་གྲོང་ཁྱེར་པའི་སྐྱེ་བོ་དེ་རྣམས་ཀྱིས་ཡི་གེ་དེ་གཞོན་ནུ་ལ་བསྟན་ཏོ། །དེ་ནས་གཞོན་ནུས་ཕའི་ཡི་གེ་སྤྱི་བོས་བླངས་ཏེ། ཡི་གེ་བ་ལ་སྨྲས་པ། ཡི་གེ་པ་ཁྱོད་རྣམས་ཀྱིས་རྒྱལ་པོས་འདིར་ཅི་ཞིག་བྲིས་པ་ཡི་གེ་ཀློགས་ཤིག །རྒྱལ་པོ་མྱ་ངན་མེད་རང་ཉིད་ཀྱིས་བྲིས་སོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཡི་གེ་བཀླགས་པ་དང༌། མིག་མཆི་མ་དང་བཅས་པར་གྱུར་ཅིང་ཀུན་དུ་རྨོངས་པར་གྱུར་པས་ལག་པ་ལས་ཡི་གེ་ལྟུང་བར་གྱུར་ཏོ། །ཡི་གེ་པ་གཉིས་པས་བླངས་པ་དང༌། དེ་ཡང་ཀུན་དུ་རྨོངས་པར་གྱུར་ནས་དེ་བཞིན་དུ་ལག་པ་ལས་ལྟུང་བར་གྱུར་ཏོ། །དེ་བཞིན་དུ་ཡི་གེ་པ་མང་པོས་བླངས་ཏེ། ཡི་གེའི་དོན་ཐོས་པ་དང༌། ཀུན་ལའི་ཡོན་ཏན་ཡོངས་སུ་དྲན་པས་ཀྱི་ཧུད་འདི་ཅི་ཞིག་ཡིན་ཞེས་རྣམ་པར་སེམས་ཤིང་ཡི་གེ་ལྟུང་བར་གྱུར་ཏོ། །དེ་ནས་གཞོན་ནུས་དེ་རྣམས་ཀྱི་སྦྱོར་བ་དེ་མཐོང་ནས་སྨྲས་པ། རི་དགས་གཞོན་ནུའི་མིག་འདྲ་ཞིང༌། །བཞིན་ནི་པདྨའི་འདབ་འདྲ་བ། །པདྨ་ཞེས་བྱ་སྙན་སྨྲ་བའི། །ང་ཡི་མ་དུས་མ་བྱས་སམ། །ལྷ་ཡིས་མཐོང་ན་དགའ་བ་ཡི། །རྒྱལ་སྲུང་མ་ཞེས་བྱ་བ་དེ། །གང་ཞིག་མྱ་ངན་ནད་ཀྱིས་ནི། །དེ་ནི་དུས་བྱས་མ་གྱུར་ཏམ། །མིག་བཟང་འཇིག་རྟེན་གྲགས་པས་གསལ་བར་ནི། །གྲོང་ཁྱེར་མཆོག་གི་བདེ་འབྱོར་མཐོང་ནས་ནི། །ཇི་ལྟར་མཆིམས་མིག་ཁེབས་འཁྲུགས་པ་དང༌། །སྐྱེ་བོའི་ངུ་སྒྲ་འདྲ་བ་འདི་ཅི་ཡིན། །དེ་བས་ན་རེ་ཞིག་ཡི་གེ་ཁྱེར་ལ་ཤོག་དང༌། འདིར་ཅི་ཞིག་བྲིས་པ་ང་ཉིད་ཀྱིས་བཀླག་པར་བྱའོ་ཞེས་གཞོན་ནུ་རང་ཉིད་ཡི་གེ་ཀློག་པ་ལ་ཞུགས་པར་གྱུར་པ་དང༌། རྒྱལ་པོ་ཨ་ཤོ་ཀ་རང་ཉིད་ཀྱིས་བྲིས་སོ་ཞེས་བྱ་བའི་བར་དུ་རྒྱས་པར་རོ། །དེ་ནས་གཞོན་ནུས་ཡི་གེ་བཀླགས་ནས་གནས་བརྟན་གྲགས་པས་སྨྲས་པ་མངོན་དུ་གྱུར་པར་བྱས་ཏེ། གནས་བརྟན་གྲགས་པས་མིག་ནི་མི་རྟག་པའོ་ཞེས་བྱ་བ་ནི་ལེགས་པར་གསུངས་སོ། །དེ་ནས་གཞོན་ནུས་སྨྲས་པ། ཁྱེད་རྣམས་ལས་འགའ་ཞིག་གིས་བག་ཕེབས་པ་ཉིད་ཀྱིས་བའི་མིག་འབྱིན་པར་སྤྲོའམ། དེ་ནི་བྱ་དགོས་སོ། །དེ་རྣམས་ལས་འགའ་ཡང་སྤྲོ་བར་མ་གྱུར་ཏོ། །ཇི་ཙམ་ན་རིགས་ངན་རྣམས་བཀུག་ནས་ཀུན་ལས་མིག་ཕྱུང་ཤིག་ཅེས་སྨྲས་པ་དང༌། དེ་རྣམས་ཀྱིས་ཐལ་མོ་སྦྱར་ཏེ་སྨྲས་པ། བདག་
ཅག་རྣམས་ཀྱིས་རྡོ་མི་ཐོགས་ཏེ། ཅིའི་ཕྱིར་ཞེ་ན། གང་ཞིག་ཟླ་བའི་མདངས་ལྡན་པ། །བཞིན་ལས་འབྱིན་པར་བྱེད་པའི་མི། །དེ་ནི་ཟླ་འདྲའི་ཞལ་ནས་ནི། །ཁྱེད་ཀྱི་སྤྱན་ནི་འབྱིན་པར་བགྱིད། །དེ་ནས་གཞོན་ནུ་རྡོ་འཇོག་པའི་གྲོང་ཁྱེར་བ་རྣམས་ལ་གང་བསོད་ནམས་འདོད་པ་དེ་ཆོས་ཀྱི་རྒྱལ་པོ་ཅན་དུ་ཤོག་ཤིག་ཅེས་དྲིལ་བསྒྲགས་སོ། །ཇི་ཙམ་ན་ཆོས་ཀྱི་རྒྱལ་པོ་ཅན་དུ་མར་མེའི་ཕྲེང་བ་བྱས་ནས། ཉི་མ་གཉིས་པ་ལ་དགེ་སློང་རྣམས་བཟའ་བ་དང་བཅའ་བས་བསྙེན་བཀུར་བྱ་བ་དང༌། མེ་ཏོག་གི་གདུགས་བཏགས་པ་བྱས་སོ། །དེ་ལྟར་བྱས་ནས་ཆོས་ཀྱི་རྒྱལ་པོ་ཅན་ནས་བྱུང་སྟེ་སྐྱེ་བོའི་ཚོགས་ཆེན་པོས་བསྐོར་ནས་རྡོ་ལེབ་གཞན་པ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང༌། དེར་འདུག་ཏེ་གསེར་གྱི་སྒྲོམ་བླངས་ནས་སྨྲས་པ། གང་ཞིག་སྤྲོ་བ་དེས་གསེར་གྱི་སྒྲོམ་འདི་ལོང་ལ་ངའི་མིག་ཕྱུང་ཤིག་ཅེས་སྨྲས་ཀྱང་ཐམས་ཅད་དུ་འགའ་ཡང་སྤྲོ་བར་མ་གྱུར་ཏོ། །ཇི་ཙམ་ན་རྒྱལ་པོ་མྱ་ངན་མེད་ཀྱི་རྨི་ལམ་དུ་སྐྱེས་བུ་སྤྱི་ཅེར་མིག་སེར་བ་གཉིས་ཀྱིས། གཞོན་ནུའི་མིག་འབྱིན་པར་བྱེད་པར་མཐོང་བ་ཅི་འདྲ་བ་དེ་ལྟ་བུ་ཉིད་རིང་པོ་ཁོ་ན་ནས་འོང་བ་བཞིན་ནུས་མཐོང་ནས། སྨྲས་པ། ཀྱེ་གྲོང་ཁྱེར་པ་རྣམས་སྐྱེས་བུ་འོང་བ་འདི་དག་གིས་ངའི་མིག་དབྱུང་བར་བྱའོ། །གཞོན་ནུས་སྐྱེས་བུ་དེ་གཉིས་ལ་བོས་ཏེ་དྲིས་པ། ཁྱེད་ཀྱིས་ངའི་མིག་འབྱིན་པར་སྤྲོའམ། སྐྱེས་བུ་གཉིས་ཀྱིས་སྨྲས་པ། གལ་ཏེ་ཁྱེད་དགའ་ན་མགོ་བོ་ཡང་དགས་པར་ནུས་ན། ཆུའི་ཆུ་བུར་ལྟ་བུའི་མིག་གཉིས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་གཞོན་ནུ་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་བ་བྱས་ནས་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ལ་བཟོད་པ་གསོལ་བ་ལ་ཞུགས་པར་གྱུར་ཏོ། །བདག་ནི་བྱིས་པར་གྱུར་པས་གང་བྱས་དང༌། །དབང་ཆེར་གྱུར་པའམ་འོན་ཏེ་མི་རིགས་བྱས། །དེ་ནི་དཔལ་ཉམས་ཤིན་ཏུ་སྡུག་བསྔལ་བ། །བདག་ལ་བརྩེ་བས་བཟོད་པར་བྱ་བའི་རིགས། །གཞན་ཡང༌། གཟུགས་རྣམས་མཐོང་བར་གྱུར་ཀྱང་འདི། །ཐ་མ་དག་ཏུ་གྱུར་པ་ཡི། །གཞོན་ནུ་ཀུན་ལ་ལ་ནི། །གནོད་བྱས་གང་ཡིན་བཟོད་པར་གྱིས། །དེའི་ཚེ་གཞོན་ནུས་གནས་བརྟན་གྱི་ཚིག་མངོན་སུམ་དུ་བྱས་ནས། །དེ་རྗེས་སུ་དྲན་བཞིན་དུ་སྨས་པ། རྒུད་པ་འདི་ནི་མཁྱེན་ནས་སུ།།
མིག་གི་བདག་ཉིད་ཀུན་ལ། །མི་རྟག་ཡང་དག་ལྟོས་ཤིག་ཅེས། །དེ་ཉིད་སྨྲ་བ་དེ་ཡིས་གསུངས། །དེ་ནི་བདག་གི་དགེ་བའི་བཤེས། །འདོད་དོན་ཕན་པར་བཞེད་པ་ཡིན། །གང་ཞིག་ཆོས་འདི་སྟོན་པ་ནི། །ཕོངས་ལ་བརྟན་པར་བྱེད་པ་ཡིན། །མི་རྟག་འགྱུར་པས་དེ་ནི་རྟག་མིན་བར། །བླ་མས་བསྟན་པས་ཁྱེད་ཀྱིས་ཡིད་ལ་གྱིས། །དངོས་པོ་འདི་དག་རང་བཞིན་གཡོ་བས་ན། །དེང་ཁྱོད་གནོད་པ་ལ་ནི་ང་མི་འཇིགས། །ཇི་ལྟར་ས་བདག་བཞེད་པ་ལྟར། །ཁྱེད་ཀྱིས་མིག་ནི་དབྱུང་བར་གྱིས། །མི་རྟག་སོགས་ཀྱིས་ཟག་མེད་པའི། །སྙིང་པོའི་མིག་ནི་ང་ལེན་ཏོ།། དེ་ནས་ཀུན་ལས་སྐྱེས་བུ་དེ་ལ་སྨྲས་པ། ཀྱེ་སྐྱེས་བུ་དེས་ན་རེ་ཞིག་ངའི་མིག་གཅིག་ཕྱུང་ལ་ངའི་ལག་ཏུ་བྱིན་ཅིག །ཇི་ཙམ་ན་སྐྱེས་བུ་དེས་ཀུན་ལའི་མིག་འབྱིན་པར་བརྩམས་སོ། །དེ་ནས་སྲོག་ཆགས་བརྒྱ་སྟོང་ཆོ་ངེས་འདེབས་པ་ལ་ཞུགས་ཏེ། ཀྱི་ཧུད་སྡུག་བསྔལ་ལོ། །དྲི་མེད་ཟེར་ལྡན་ཟླ་བ་འདི། །ནམ་མཁའ་ལས་ནི་ལྷུང་བར་གྱུར། །པདྨ་དཀར་པོའི་ནགས་ལས་ཀྱང༌། །དཔལ་གྱི་པདྨ་འབྱིན་པར་བྱེད། །དེ་ནས་སྲོག་ཆགས་བརྒྱ་སྟོང་དུ་བཞིན་དུ་དེས་ཀུན་ལའི་མིག་གཅིག་ཕྱུང་སྟེ། ལག་ཏུ་བྱིན་ནོ། །དེ་ནས་གཞོན་ནུས་མིག་དེ་བླངས་ཏེ། ཡོངས་སུ་བསྒོ་བས་སྨྲས་པ། འབྱུང་བ་ཆེན་པོའི་མཐུ་དང་ནི། །ལས་ཀྱི་རྒྱུ་ལས་འདི་བྱུང་སྟེ། །སྲོག་མེད་འཚོ་བ་མེད་སྟོང་པ། །མི་ཡི་སྲོག་གི་རྣམ་སྤངས་པའོ། །ཇི་ལྟར་སྔོན་ཆད་ཤའི་གོང་བུ་ཁྱོད། །བྱད་བཞིན་དེང་ནི་གཟུགས་ལ་ཅིས་མི་ལྟ། །མི་མཁས་ཁྱོད་ལ་བདག་ཏུ་གནས་བྱེད་པ། །དེ་བསླུས་དེ་ན་སྨད་པར་བྱ་བ་ཡིན། །དབུ་བ་འདྲ་ཞིང་ཆུ་བུར་དག་དང་མཚུངས། །ཤིན་ཏུ་ཉམ་ཆུང་གནོད་བྱེད་རང་དབང་མེད། །དེ་ལྟར་མཐོང་བ་རྟག་ཏུ་དྲེགས་མེད་ཅིང༌། །དེ་ལྟར་སླར་ཡང་སྡུག་བསྔལ་མཐོང་མི་འགྱུར། །དེ་ལྟར་རྣམ་པར་བསམས་པ་དང༌། དེས་དངོས་ཐམས་ཅད་ལ་མི་རྟག་པ་ཉིད་དུ་མཐོང་ཞིང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་པར་སྐྱེ་བོའི་ཚོགས་རྣམས་ཀྱིས་ཀྱང་ཤེས་སོ། །དེ་ནས་གཞོན་ནུས་བདེན་པ་མཐོང་བ་དང༌། །སྐྱེས་བུ་དེ་ལ་སྨྲས་པ། བག་ཕེབས་པས་ཇི་ལྟར་མངོན་པར་འདོད་པར་མིག་གཉིས་པ་ཡང་ཕྱུང་ཤིག །ཇི་ཙམ་ན་སྐྱེས་བུ་
དེས་མིག་གཉིས་པ་ཡང་ཕྱུང་ནས་ཀུན་ལའི་ལག་ཏུ་བྱིན་ནོ། །དེ་ནས་ཀུན་ལའི་ཤའི་མིག་ཕྱུང་བ་དང༌། ཆོས་ཀྱི་མིག་རྣམ་པར་དག་པས་སྨྲས་པ། ང་ཡི་ཤ་ཡི་མིག་ཕྱུང་ཡང༌། །འོན་ཀྱང་ཤིན་ཏུ་རྙེད་དཀའ་འདི། །ཞེས་རབ་མིག་ནི་རྣམ་དག་པ། །མ་སྨད་པ་ནི་ང་ཡིས་ཐོབ། །རྒྱལ་པོས་རང་གི་བུ་ཡི་ནི། །བརྟགས་པ་སྤངས་པ་གྱུར་ཀྱང་ནི། །ཆོས་ཀྱི་རྒྱལ་པོའི་སྲས་གྱུར་པ། །བདག་ཉིད་ཆེན་པོ་ཐོབ་པར་གྱུར། །དབང་ཕྱུག་ལས་ནི་ཉམས་གྱུར་ཀྱང༌། །མྱ་ངན་སྡུག་བསྔལ་རྣམས་སྤངས་པས། །སྡུག་བསྔལ་མྱ་ངན་རྣམ་འཇིག་པའི། །ཆོས་ཀྱི་དབང་ཕྱུག་ཐོབ་པར་གྱུར། །དེ་ནས་ཀུན་ལའི་མིག་ཕྱུང་བ་མཐོང་བ་དང༌། སྐྱེ་བོའི་ཚོགས་ཆེན་པོས་མགྲིན་གཅིག་ཏུ་སྨྲེ་སྔགས་འདོན་ཞིང་ལ་ལ་ནི་གོས་དང་རྒྱན་རྣམས་གཅོད་པར་བྱེད། ལ་ལ་ནི་ས་ལ་འགྲེ་ཞིང་ལྡོག་པར་བྱེད། ལ་ལ་ནི་དབྱིག་པ་དང་གཏུན་ཤིང་ལག་ན་ཐོགས་ཏེ་སྐྱེས་བུ་གཉིས་པོ་དེ་བརླག་པའི་ཕྱིར་བརྩོན་པར་བྱེད། གཞན་དག་ནི་རྒྱལ་པོ་ལ་ཡོངས་སུ་སྨོད་པར་བྱེད་དེ། ཀྱེ་མའོ་རྒྱལ་པོ་ཁྲོ་བོའི་སྟོབས་ཅན། ཀྱེ་མའོ་རྒྱལ་པོ་ཤེས་རབ་ཞན་པ། ཀྱེ་མའོ་རྒྱལ་པོ་དབང་ཕྱུག་གི་དྲེགས་པ་གང་ན་བུ་གཅིག་པར་གྱུར་པ་ལ་ཡང་གནས་སྐབས་འདི་ལྟ་བུར་བྱེད་ཅེས་དེ་ལྟ་བུའི་ཚུལ་རྣམ་པ་མང་པོར་སྨྲ་བཞིན་དུ་གྲོང་ཁྱེར་དུ་ཞུགས་པར་གྱུར་ཏོ། །ཅི་ཙམ་ན་ཀུ་ན་ལས་འདི་ནི་རྒྱལ་པོ་མྱ་ངན་མེད་ཀྱི་བཀའ་མ་ཡིན་གྱི། གཞན་དུ་ན་སྦྱོར་བ་འདི་ནི་རྒྱལ་སྲུང་མའི་ཡིན་ནོ་ཞེས་ཐོས་སོ། །ཐོས་ནས་ཡང་སྨྲས་པ། གང་གིས་སྦྱོར་བ་འདི་ནི་བཀུར་བ་ཡིས། །གང་ཞིག་མྱོང་ནས་རང་དོན་བྱས་གྱུར་པའི། །རྒྱལ་ཞེས་བྱ་བ་ཡུན་རིང་བདེར་གྱུར་ཅིང༌། །ལྷ་མོའི་ཚེ་དང་སྟོབས་ནི་སྐྱོང་བར་ཤོག །དེ་ནས་གསེར་ཕྲེང་ཅན་མས་ཀུན་ལའི་མིག་ཕྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཁྱོ་ལ་བརྩེ་བས་ཀུན་ལའི་ཐད་དུ་སོང་སྟེ། འཁོར་རྣམས་བསལ་ནས། ཀུན་ལའི་མིག་ཕྱུང་བ་ལུས་ལ་ཁྲག་གིས་གང་བ་མཐོང་བ་དང༌། བརྒྱལ་ཏེ་ས་ལ་འགྱེལ་བར་གྱུར་ཏོ། །དེ་ཅི་ཙམ་ན་ཆུས་གཏོར་ཏེ་བསླངས་སོ། །དེ་ནས་ཇི་ཞིག་ལྟར་འདུ་ཤེས་རྙེད་པ་དང༌། ང་རོ་དང་བཅས་པར་རབ་ཏུ་ངུ་ཞིང་སྨྲས་པ། ཁྱེད་ཀྱི་མིག་ནི་ཡིད་དུ་འོང་པ་གང༌། །ང་ཡིས་བལྟས་ན་ཤིན་ཏུ་དགའ་གྱུར་པ། །དེ་ནི་ང་ལྟར་བལྟས་ན་འཇིགས་སྐྱེད་
ཅིང༌། །སེམས་ཀྱི་མྱ་ངན་མ་ལུས་འབྱིན་པར་བྱེད། །དེ་ནས་ཀུན་ལས་ཆུང་མ་ལ་རྗེས་སུ་བརྩེ་བས་སྨྲས་པ། མྱ་ངན་ལ་སྟེན་པ་རིགས་པ་མ་ཡིན་གྱི་ངུ་བ་ཐོང༌། ཅིའི་ཕྱིར་ཞེ་ན། འདི་ནི་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ཉེ་བར་གནས་པ་ཡིན་ནོ། །འཇིག་རྟེན་འདི་ལས་བདག་ཉིད་ཅན་དུ་ཤེས། །འགྲོ་བ་སྡུག་བསྔལ་དངོས་པོ་དང་ལྡན་པར། །ཤེས་ན་སྡུག་དང་བྲལ་ལ་ཞེན་མི་བྱ། །དེ་བས་སྡུག་པ་མཆི་མ་འབྱིན་མི་རིགས། །གཞན་ཡང་མིག་ཕྱུང་བ་ངས་ད་ཅི་ཞིག་བྱ་ཉེ་དུའི་གན་དུ་སོང༌། ཁྱོད་ཀྱང་སྡུག་བསྔལ་གྱི་སྐལ་པ་ཅན་དུ་མ་བྱེད་ཅིག །གསེར་ཕྲེང་མས་སྨྲས་པ། སྐྱེས་བུ་གང་ཞིག་དཔལ་རྒྱས་བུད་མེད་ནི། །བརྩེ་བས་རྗེས་འཇུག་པ་ལ་ངོ་མཚར་མེད། །གང་ཚེ་དཔལ་ཉམས་པ་ན་རྗེས་འབྲང་བའི། །བུད་མེད་དེ་ནི་མི་ནང་ལྷ་དང་མཚུངས། །དེ་ནས་ཀུན་ལ་ཆུང་མ་དང་ལྷན་ཅིག་གྲོང་ཁྱེར་ལས་བྱུང་བ་དང༌། མངལ་དུ་ཞུགས་པ་ནས་བརྩམས་ཏེ། ཤིན་ཏུ་གཞོན་ཤ་ཅན་གྱི་ལུས་དང་ལྡན་པས། །ལས་ཅི་ཡང་བྱེད་པར་མི་ནུས་ཀྱི། །གཞུན་དུ་ན་པི་ཝང་དག་རྡུང་ཞིང་གླུ་དག་ལེན་པར་ནུས་སོ། །དེ་ནས་དེ་གསེར་ཕྲེང་མའི་ལག་པ་ལ་འཇུས་ཏེ། གཞོན་ནུ་སྐྱེད་བྱེད་ཕྲག་པར་ཁུར་ནས་འདི་སྐད་ཅེས་སྨྲས་སོ། །བུ་སྡུག་དཔའ་བོའི་རིགས་ལས་སྐྱེས། །ཁྱོད་དང་རབ་སྡུག་བསྔལ་ཏེ། །ཡུ་བུས་མཐར་ནི་སློང་མོ་ཐོབ། །མི་བཟད་ལས་ནི་སྔོན་བྱས་ཉིན། །སྒྱུ་མ་ལྟ་བུར་མི་བརྟན་པའི། །དབང་ཕྱུག་ལ་ནི་སུ་ཡིད་རྟོན། །མྱ་ངན་མེད་ཀྱི་བུར་གྱུར་ལ། །གནས་སྐབས་འདི་འདྲ་ཐོབ་པར་གྱུར། །ལས་བྱས་པ་ནི་ཚོགས་པ་དང༌། །ལྡན་པའི་འབྲས་བུ་འདི་ལྟ་བུ། །ལས་ནི་ལྷན་ཅིག་བྱས་པས་ན། །ལྷན་ཅིག་ལོངས་ནི་སྤྱད་པར་གྱུར། །དེ་བས་ན་ད་ཅི་ཞིག་བྱས་ཏེ། པ་ཏ་ལི་པུ་ཏྲར་སོང་ལ། རྒྱལ་པོ་མྱ་ངན་མེད་པ་ལ་གསོལ་བ་གདབ་པར་བྱའོ། །འཛམ་གླིང་དབང་ཕྱུག་མངའ་བདག་དེ། ང་ཡི་དཀའ་བ་བྱེད་པའི་ཕ། །དེ་ནི་སྦྱིན་པའི་གནས་ཡིན་ཞིང༌། །ང་ལ་རྟག་ཏུ་རྗེས་བརྩེ་ཡིན། །དེ་ནས་ཀུན་ལས་པི་ཝང་རྡུང་ཞིང་གླུ་ལེན་པ་དང༌། གཞན་གྱི་ཁྱིམ་རྣམས་སུ་ཚུལ་འདིས་འཚོ་བ་སྒྲུབ་ཅིང་ཆས་སོ། །བསྙེན་བཀུར་ཆེན་པོ་ལས་ཉམས་ཤིང༌། །འོང་བསྐལ་དམན་སེམས་ཅན་ནི། །
སློང་མོས་རྒྱུ་བར་བྱེད་པ་ལ། །ཆོས་ལྡན་སྐྱེས་བུ་སུ་ཞིག་སྟེར། །ཕ་དང་མ་སྤངས་ལོངས་སྤྱོད་དང༌། །ཟས་དང་མལ་ཆ་ཁྱིམ་མེད་པ། །ཉམ་ངར་རབ་ཞུགས་ལོང་བ་ལ། །སློང་མོ་མ་ཡིས་སྟེར་བར་མཛོད། །ལོངས་སྤྱོད་གློག་འགྱུ་དང་འདྲ་ཞིང༌། །ཟིལ་པའི་ཆུ་ཐིགས་འདྲ་བ་ལ། །འགྲོ་བཀྲེན་སྙན་ཚིག་སྦྱིན་པ་ཡིས། །སྙིང་པོ་མྱུར་དུ་ལེན་པར་གྱིས། །དབུལ་པོ་སྐྲ་ནི་བརྫེས་གྱུར་ཅིང༌། །འཇིག་རྟེན་ཀུན་གྱིས་བརྙས་པ་དང༌། །དཔལ་ཉམས་ཁྱིམ་ཁྱིམ་སློང་མོས་རྒྱུ། །ངལ་མ་ཡིས་སློང་མོ་བྱིན། །དེ་ནས་ཀུན་ལས་སློང་མོ་རྙེད་པ་རྣམས་ཆུང་མ་དང་ལྷན་ཅིག་ཡོངས་སུ་ལོངས་སྤྱོད་པར་གྱུར་ཏོ།། གསེར་ཕྲེང་མ་ཡང་ལམ་གང་ནས་པ་ཏ་ལི་པུ་ཏྲ་ནས་འོངས་པའི་ལམ་དེ་ཉིད་ནས་རྗེས་སུ་འབྲང་བར་འགྲོའོ། །དེ་སོང་བ་དང་ཆོས་ཀྱི་འཁོར་ལོའི་གནས་སུ་ཕྱིན་ཏོ། །དེ་ནས་ཀུན་ལས་གསེར་ཕྲེང་མ་ལ་དྲིས་པ། །བཟང་མོ་གང་ཡུ་བུས་ཕྱིན་པའི་གྲོང་ཁྱེར་འདི་གང་ཞིག་ཡིན། བཙུན་མོས་མཐོང་བ་དང༌། བརྒྱལ་ཏེ་ས་ལ་འགྱེལ་ཏོ། །སྐད་ཅིག་ཙམ་ན་འདུ་ཤེས་རྙེད་དེ་སྨྲས་པ། གང་ཚེ་དཔལ་དང་ལྡན་པར་འགྲོ་བ་ན། །སྐྱེ་བོ་བྱེ་བ་གནས་འདིར་ལྷགས་པར་ལྷགས། །ཁྱེད་མིག་བྲལ་ནས་དེང་ནི་འདིར་འོངས་པས། །འདུ་བྱེད་གཡོ་བ་དེ་ནི་ཅིར་མི་རུང༌། །ཇི་ཙམ་ན་རིམ་གྱིས་པ་ཏི་ལི་པུ་ཏྲར་ཕྱིན་ཏོ། །དེ་ནས་སྐྱེད་མོས་ཚལ་ཡིད་འཕྲོགས་པ་ཞེས་བྱ་བ་རྒྱལ་པོ་མྱ་ངན་མེད་ཀྱིས་རང་གི་བུ་ཀུན་ལའི་དོན་དུ་བྱས་པ་ཞིག་ཡོད་པ་དེར་ཞུགས་པར་བརྩམས་ཏེ་ཞུགས་པ་དང༌། ཇི་ཙམ་ན་སྐྱེད་མོས་ཚལ་སྲུང་བས་མཐོང་ནས་སྨྲས་པ། ལོང་བ་བཀྲ་མི་ཤིས་ཤིང་མི་བསྔགས་པ་འདི་སུ་ཞིག་ཡིན་ནས་སྐྱེད་མོས་ཚལ་འདིར་ཞུགས། ཀྱེ་མའོ་ལོང་བ་འཛམ་བུའི་གླིང་གི་དབང་ཕྱུག་གི་རྒྱལ་པོ་མྱ་ངན་མེད་པའི་བུ་ཀུན་ལ་ཞེས་བྱ་བའི་དོན་དུ་སྐྱེད་མོས་ཚལ་འདི་སྲུང་བ་ཁྱེད་ཀྱིས་མི་ཤེས་སམ། གསེར་ཕྲེང་མས་སྨྲས་པ། ཀྱེ་ཧུད་སྡུག་བསྔལ་ལོ། །སྐྱེད་མོད་ཚལ་ནི་ནགས་རྒྱས་པར། །ང་ཡི་བུ་འདི་དགའ་འགྱུར་ཞེས། །བུ་ལ་བརྩེ་བས་ས་བདག་གིས། །གང་གི་དོན་དུ་བྱས་གྱུར་པ། །བདག་ཅག་གནས་པའི་དོན་དུ་དེར། །འཚོ་བ་ཞན་པས་ཕྱིན་གྱུར་ན། །སྐལ་པ་དམན་པས་མ་ཤེས་ནས། །དེ་ལས་དེ་ལྟར་སྐྲོད་པར་གྱུར། །གང་དུ་གཞོན་ནུ་གླུའི་སྒྲ་སྙན་ཅིང་ཡིད་དུ་འོང་བ་
དང༌། བཻ་ཌཱུཪྻའི་རྐང་རྟེན་དང་ལྡན་པའི་མལ་ཁྲི་ལ་ཉལ་ནས་རྩེ་ཞིང་རོལ་པའི་གནས་པས་དགའ་པའི་གནས་གང་ཡིན་བ་དེར་བགྲོད་པ་ཙམ་ཡང་ཐོབ་པར་མ་གྱུར་ཏོ། །དེ་ནས་ཀུ་ན་ལས་དེ་ཡིད་བསྲིང་བར་བྱ་བའི་ཕྱིར་སྨྲས་པ། བདེ་བར་གཤེགས་པས་རྒྱལ་སྲིད་དཔལ་དག་ནི། །སྒྱུ་མ་རྨི་ལམ་སྨིག་རྒྱུ་འདྲ་བར་གསུངས། །ཕུན་ཚོགས་རྒུད་པ་དེ་ལ་རིམ་བྱུང་ན། །མཁས་པ་སུ་ཞིག་རྒྱལ་སྲིང་བདེ་བ་འདོད། །དེ་ནས་གཞོན་ནུ་སླར་ལོག་ནས། །པ་ཏ་ལི་པུ་ཏྲར་འཇུག་པར་བྱའོ་ཞེས་ངེས་པར་བསམས་ནས་དེར་ཕྱིན་པ་དང་སྒོར་གསེར་ཕྲེང་མ་དུ་བ་ལ་ཞུགས་པར་གྱུར་ཏོ། །ཀུ་ན་ལས་སྨྲས་པ་འདི་ཅི་ཞིག་ཡིན། དེས་སྨྲས་པ། གང་ལས་སྔོན་ནི་བྱུང་བ་ན། །གང་གིས་གྲོང་ཁྱེར་བརྒྱན་གྱུར་པའི། །ད་ནི་དེ་ལ་དེ་མེད་དེ། །ཕྲེང་བ་སྐམས་པ་དོར་བར་འགྱུར། །ཇི་ཙམ་ན་རིམ་གྱིས་ཕའི་གླང་པོ་ཆེའི་བྲེས་སུ་མཚན་མོ་གནས་བཅས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་མྱ་ངན་མེད་དེའི་མཚན་མོ་ཁང་བཟངས་ཀྱི་སྟེང་ན་ཉལ་བ་དང༌། མཚན་ཕྱེད་ཀྱི་དུས་འདས་པ་ན་སད་པ་དང༌། དེ་གཞོན་ནུ་ཡིད་ལ་བྱེད་པ་ལ་ཞུགས་ཏེ། ངའི་བུ་བདེན་པའི་ཚིག་ཅན་དེ་ཅིར་གྱུར་ཞིག་གུ་།རྒྱལ་སྲུང་མས་སྨྲས་པ། གཞོན་ནུ་བདེ་བར་གནས་ལགས་ཀྱི། །རྒྱལ་པོས་སྨྲས་པ། ང་ཡི་བུ་ཡི་ཕོ་ཉ་མེད། །འཕྲིན་མེད་ཡི་གེའང་ཡོད་མིན་ན། །དེ་ཡིས་ང་ནི་བརྗེད་གྱུར་ཏམ། །འོན་ཏེ་ང་ལ་སྔོ་བར་གྱུར། །དེ་ནས་གླང་པོ་ཆེའི་རྫི་བོ་དེས་སྨྲས་པ། ཀྱེ་གླུ་མཁན་ལོངས་ཤིག །རེ་ཞིག་པི་ཝང་སྦྲེངས་ལ་གླུ་ལོངས་ཤིག །ཁོ་བོས་མཉན་པར་བྱའོ། །དེ་ནས་ཀུ་ན་ལ་ལངས་ནས་པི་ཝང་ལེན་པར་ཞུགས་ཏེ། དེ་ཇི་ལྟར་མིག་ཕྱུང་བས་བདེན་བ་མཐོང་བར་ཡང་བྱས་ནས། སློང་མོ་པའི་ཚུལ་གྱིས་པ་ཏ་ལི་པུ་ཏྲར་ཕྱིན་པ་དང༌། རིགས་ལས་བྱུང་བའི་གླུ་ལེན་པར་བརྩམས་སོ། །མི་གང་མིག་དང་བྲལ་བར་གྱུར་པ་དེ་ལ་སྲོག་གི་དགོས་པ་ཅི་ཞིག་ཡོད། །གཉེན་གྱི་སྐྱེ་བོས་སྤངས་ཤིང་ཁྲོས་པའི་བཞིན་རས་དག་ལ་ལྟ་བར་བྱེད་པ་ན། །ཆུ་ཤིང་བཤིག་ལྟར་སྙིང་པོ་མེད་པའི་འདུས་བྱས་དག་ལ་མཁས་པ་སུ་མི་སྐྱོ། །གང་གིས་ང་ནི་རིན་ཆེན་རང་བཞིན་ཤིང་ལྟར་འབད་པས་རྣམ་པར་གསོས་གྱུར་ཅིང༌། །བུ་ཡི་སྲེད་པ་ཀུ་ན་ལ་ཞེས་མིང་བཏགས་བྱ་དང་འདྲར་
གྱུར་པ། །མི་ཡི་བདག་པོའི་བུ་རུ་གྱུར་ཀྱང་བཀྲེན་པའི་ཚུལ་དུ་ང་ནི་སྤྱོང་པར་བྱེད། །གཞན་ཡང༌། སྐྱེ་མཆེད་རྣམས་ཀྱི་ངོ་བོ་ཉིད། །མིག་སོགས་ཡེ་ཤེས་སྒྲོན་མ་ནི། །དག་པའི་ཤེས་རབ་ཀྱིས་མཐོང་གང༌། །དེ་ནི་སྐྱེ་བོ་རྣམས་ལས་གྲོལ། །གལ་ཏེ་ཁྱོད་ནི་སྲིད་པའི་སྡུག་བསྔལ་རྣམས་ཀྱིས་གཟིར། །སྲིད་པའི་ཉེས་པ་རྣམ་པར་ངེས་བྱས་བློ་རུ་བྱ། །གལ་ཏེ་འདི་ན་བརྟན་པའི་བདེ་བ་འདོད་གྱུར་ན། །སྐྱེ་མཆེད་ཉིད་ལ་བརྟན་པ་ཉིད་དུ་གསོལ་བ་ཐོབ། །དེའི་གླུའི་སྒྲ་དེ་རྒྱལ་པོ་མྱ་ངན་མེད་ཀྱིས་ཐོས་སོ། །ཐོས་ནས་ཀྱང་དགའ་བཞིན་དུ་སྨྲས་པ། གླུ་ནི་ཀུ་ན་ལའི་དང་རབ་ཏུའང་ལྡན་གྱུར་ཅིང༌། །ཡུན་རིང་ཞིག་ན་པི་ཝང་སྒྲ་ཡང་ཐོས་གྱུར་ན། །ཅིག་འདི་རུ་ཀུན་ལ་ནི་འོང་གྱུར་ཏམ། །མ་འོངས་པར་ནི་བདག་ནི་མཐོང་བར་དགའ་བར་གྱུར། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་ཉུང་རུམ་གྱི་སྐྱེས་བུ་ཞིག་ལ་སྨྲས་པ། །ཀྱེ་སྐྱེས་བུ། ཅིག་གླུ་ཡི་སྒྲ་འདི་ནི། །ཀུ་ན་ལ་དང་རབ་འདྲ་བས། །བརྟན་དང་ཞུམ་པ་མི་མཐུན་པར། །སྟོན་བ་ལྟ་བུར་ཤེས་པར་གྱུར། །དེ་བས་འདིར་ནི་སྒྲ་འདི་ཡི། །བརྟན་ལས་ཤིན་ཏུ་གཡོས་གྱུར་ཏེ། །སེང་གེ་ཉིད་ཀྱི་སྒྲ་ཡིས་ནི། །གླང་པོ་རབ་ཏུ་སྐྲག་ལྟར་གྱུར། །དེ་ནས་ཉུང་རུམ་གླང་པོ་ཆེའི་བྲེས་སུ་སོང་བ་དང༌། །ཀུ་ན་ལ་མིག་ཕྱུང་བ་རླུང་དང་ཚ་བས་ལུས་ཚིག་པ་དེ་མཐོང་བ་དང་ངོ་མ་ཤེས་སོ། །དེ་ནས་གླང་པོ་ཆེ་སྐྱོང་བ་ལ་སྨྲས་པ། །འདི་སུ་ཞིག་ཡིན། གླང་པོ་ཆེའི་རྫི་བོས་སྨྲས་པ། འདི་ནི་ལོང་བ་མིག་མེད་པ་ཞིག་གོ །དེ་སོང་ནས་རྒྱལ་པོ་ལ་གསོལ་པ། །ལྷ་ལོང་བ་ཞིག་པི་ཝང་ཐོགས་ཏེ་ཆུང་མ་དང་ལྷན་ཅིག་ལྷའི་གླང་པོ་ཆེའི་བྲེས་ན་མཆིས་སོ། །དེ་ཐོས་ནས་རྒྱལ་བོས་བསམས་པ། ཇི་ལྟར་ངས་རྨི་ལམ་མི་དགེ་བ་མཐོང་བ་ལས་ན། གཞོན་ནུའི་མིག་ངེས་པར་ཉམས་པར་གྱུར་ཏོ་སྙམ་མོ། །ཡང་སྨྲས་པ། ང་ཡིས་སྔོན་ནི་རྨི་ལམ་དུ། །མཚན་མ་ཇི་ལྟར་མཐོང་བ་ལས། །ཐེ་ཚོམ་མེད་པར་ཀུ་ན་ལའི། །མིག་ནི་བརླག་པ་ཉིད་དུ་ངེས། །དེ་ནས་རྒྱལ་པོ་རབ་ཏུ་ངུ་ཞིང་སྨྲས་པ། བུ་ཡི་སྡུག་བསྔལ་དོགས་པ་ཡིས། །ང་ཡི་སེམས་ནི་ཞིར་མ་གྱུར། །དེ་ནི་ང་ཡི་ཐད་ཉིད་དུ། །མྱུར་བ་ཁོ་ནར་ཁྱེར་ལ་ཤོག །ཇི་སྲིད་ན་སྐྱེས་བུ་དེ་ཡང་གླང་པོ་ཆེའི་བྲེས་སུ་སོང་སྟེ། ཀུ་ན་ལ་ལ་སྨྲས་པ། ཁྱོད་སུའི་བུ་ཡིན། ཁྱོད་ཀྱི་མིང་ནི་ཅི་ཞེས་བྱ། །ཀུ་ན་ལས་སྨྲས་པ། མྱ་ངན་མེད་པ་ཞེས་བྱའི་རྒྱལ།།
དཔའ་བོ་ཡི་ནི་རིགས་དགའ་བ། །གང་གིས་ས་འདི་རྒྱས་པ་ནི། །མངག་གཞུག་པར་ནི་དབང་དུ་གྱུར། །ང་ནི་རྒྱལ་པོ་དེ་ཡི་བུ། །ཀུ་ན་ལ་ཞེས་རྣམ་པར་གྲགས། །སངས་རྒྱས་ཉི་མའི་གཉེན་གྱུར་པ། །ཆོས་ཅན་སྲས་ཀྱང་ང་ཡིན་ནོ། །དེ་ནས་ཀུ་ན་ལ་ཆུང་མ་དང་ལྷན་ཅིག་རྒྱལ་པོ་མྱ་ངན་མེད་ཀྱི་གན་དུ་སོང་ངོ༌། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་ཀུ་ན་ལའི་མིག་ཕྱུང་བ་རླུང་དང་ཐན་པས་ལུས་ཚིག་པ། ཕྱག་དར་གྱི་དུམ་བུ་བསྡུས་པའི་གོས་གྱོན་པ་དང༌། སྨད་དཀྲིས་བྱས་པས་ངོ་ཤེས་པར་མ་གྱུར་གྱི། དབྱིབས་ཙམ་ཞིག་མཐོང་ནས་སྨྲས་པ། བུ་ཁྱོད་ཀུ་ན་ལ་ཡིན་ནམ། །ལྷ་དེ་ལྟ་ལགས་ཏེ་བདག་ནི་ཀུ་ན་ལའོ། །དེ་ཐོས་པ་དང་རྒྱལ་པོ་བརྒྱལ་ནས་ས་ལ་འགྱེལ་ཏོ། །དེ་ནས་ཀུ་ན་ལའི་གདོང་བལྟས་ན། །མིག་བྲལ་མྱ་ངན་གྱིས་ནི་སེམས་གདུངས་ཤིང༌། །མྱ་ངན་མེད་པ་སར་ལྷུང་འདུ་ཤེས་བྲལ། །ཀྱི་ཧུད་བུ་གཅིག་བུ་གཅིག་ཅེས་པར་སྨྲས། །ཇི་ཙམ་ན་རྒྱལ་པོ་ཆུས་གཏོར་ནས་ས་ལས་བསླངས་ཏེ་སྟན་ལ་བཞག་གོ །དེ་ནས་རྒྱལ་པོ་ཅི་ཞིག་ལྟར་འདུ་ཤེས་རྙེད་ནས་ཀུ་ན་ལ་པད་པར་བཞག་སྟེ་སྨྲས་པ། དེ་ནས་ཡུད་ཙམ་དབུགས་ནི་ཕྱུང་ནས་སུ། །མགུལ་པ་མཆི་མར་བཅས་པས་མགུལ་འཁྱུད་དེ། །བུ་ཡི་གདོང་ལ་ཡོངས་སུ་བྱུགས་ནས་སུ། །རྒྱལ་པོ་རྣམ་པ་མང་དུ་སྨྲེ་བར་གྱུར། །ཀུ་ན་ལ་དང་མཚུངས་པའི་མིག་བརྟགས་ནས། །ང་ཡིས་རང་བཞིན་དེ་ནི་མིང་བཏགས་གང༌། །བུ་དེའི་མིག་ནི་ཕྱུང་བ་ལ་བལྟས་ནས། །ཀུ་ན་ལ་ཞེས་ཇི་ལྟར་སྨྲ་བར་བྱ། །ཡང་སྨྲས་པ། ཁྱེད་ཀྱི་མཛེས་ཤིང་མདངས་ལྡན་བཞིན་འདི་ནི། །ནམ་མཁའི་ཟླ་བ་སྐར་མ་དང་བྲལ་ལྟར། །མཛེས་པའི་མིག་དང་བྲལ་བར་ཁྱེད་སུས་བྱས། །བུ་སྡུག་རེ་ཞིག་སྨྲོས་ཤིག་སྨྲོས་ཤིག་དང༌། །སྙིང་རྗེ་མེད་པའི་སེམས་ལྡན་སུ་ཡིས་ཁྱེད། །ཐུབ་འདྲ་འཕགས་པའི་བདེན་བ་རྟོགས་གྱུར་པ། །ཁྱེད་ཀྱི་མིག་བཟང་དགྲ་མེད་འཁོན་བཟུང་ནས། །རང་བཞིན་འདི་བྱས་ང་ཡི་མྱ་ངན་རྩ། །དོན་འདི་མྱུར་བ་ཉིད་དུ་སྨྲོས་ཤིག་སྨྲོས། །ང་ཡི་ལུས་འདིའང་འཇིག་པར་འགྱུར་དུ་འོང༌། །ཁྱེད་ཀྱི་བཞིན་རྒུད་མྱ་ངན་གྱིས་བ་སྲེགས་པ། །དགྲ་ཡིས་ནགས་བཅད་བསྲེགས་པ་ལྟ་བུར་གྱུར། །དེ་ནས་ཀུ་ན་ལས་ཕ་ལ་སྨྲས་པ། འདས་པའི་དོན་ལ་ནི་མྱ་ངན་བྱ་བའི་མི་རིགས་ཏེ།
སྔོན་ལས་རྣམས་ལས་སངས་རྒྱས་ཀྱང་མི་འདའ། །དེ་བཞིན་རང་རྒྱལ་འབྲས་བུ་ལ་གནས་དང༌། །སོ་སོའི་སྐྱེ་བོའང་གྲོལ་བར་མི་འགྱུར་ཞེས། །ཐུབ་པའི་གསུང་ནི་ཁྱེད་ཀྱིས་མ་གསན་ནམ། །རྒྱལ་པོ་སྐྱེས་བུས་མི་དགེའི་ལས་བྱས་རྣམས། །འབྲས་བུ་མེད་པར་ནམ་ཡང་མི་འགྱུར་ན། །འདི་ན་རང་བྱས་ལས་ཀྱི་འབྲས་བུ་ལ། །འདི་ནི་གཞན་གྱིས་བྱས་ཞེས་ཇི་ལྟར་སྨྲ། །རྒྱལ་པོ་ཆེན་པོ་བདག་གིས་ནོངས་བགྱིས་ཏེ། །ནོངས་བཅས་མ་ཡིན་ནམ་ཡང་འདི་འདྲ་མིན། །མཚོན་དང་རྡོ་རྗེ་དུག་དང་སྤྲུལ་རྣམས་ཀྱིས། །ནམ་མཁའ་འགྱུར་ཞིང་གནོད་བྱེད་མི་ནུས་སོ། །ལས་ཀྱི་བདག་ཉིད་ཅན་ནི་ལུས་མཚོན་པའི། །ལུས་ཅན་རྣམས་ལ་མི་དགེའི་སྡུག་བསྔལ་འབྱུང༌། །དེ་ནས་རྒྱལ་པོ་མྱ་ངན་མེད་མྱ་ངན་གྱི་མེས་གདུངས་པའི་ཡིད་ཀྱིས་སྨྲས་པ། ང་ཡི་བུ་ཡི་མིག་བཟངས་སུ་ཡིས་ཕྱུང་བར་གྱུར། །སུ་ཞིག་ཤིན་ཏུ་སྡུག་པའི་སྲོག་ནི་གཏོང་བ་ཞུགས། །ང་ཡི་ཡིད་འདི་མྱ་ངན་མེ་ཡིས་བསྲེགས་གྱུར་གྱིས། །གང་ལ་ཆད་པས་གཅད་བྱ་བུ་སྡུག་མྱུར་དུ་སྨྲོས། །ཀུ་ན་ལས་སྨྲས་པ། གཞོན་ནུ་ཀུ་ན་ལ་འདི་ཡི། །མིག་ནི་གཉིས་ཀ་ཕྱུང་ཤིག་ཅེས། །ཚེམས་ཀྱི་རྒྱ་ཡིས་རྒྱས་བཏབ་ནས། །ཡི་གེ་ལྷ་ཡིས་བསྐུར་བ་ལགས། །རྒྱལ་པོས་སྨྲས་པ། བྱ་པ་འདི་དག་རྣམ་བསམས་པ། །རྨི་ལམ་དུ་ཡང་མ་དྲན་ན། །ཅི་ཡི་ཕྱིར་ན་ཚིག་འདི་དག །ང་ནི་རབ་ཏུ་སྨྲ་བར་བྱེད། །དེ་ནས་གཞོན་ནུ་མིག་མཆི་མས་གང་བ་དང་བཅས་པའི་རྒྱལ་པོ་ལ་བལྟས་ནས་སྨྲས་པ། མི་ཡི་བདག་པོ་མྱ་ངན་དག་གིས་འཁྲུགས་མ་མཛད། །རང་གི་མིག་དང་བྲལ་བ་མཛེས་པ་མིན་ལ་གཟིགས། །འདི་ནི་མི་ཡིས་རང་བྱས་སྡིག་པའི་ཁུར་བསྐུར་ཏེ། །ས་བདག་གཞན་བྱས་འབྲས་བུ་གཞན་ནི་སྤྱོད་མི་འགྱུར། །ས་བདག་མི་དགེའི་ལས་རྣམས་བྱས་པར་གྱུར་པ་དག །སྨིན་པའི་དུས་སུ་འཇིགས་པར་ནམ་ཡང་མི་འགྱུར་ཏེ། །དེ་འདྲའི་འབྲས་བུ་འདི་ནི་རང་གིས་བྱས་པ་ལ། །གཞན་གྱིས་འདི་དག་བྱས་ཞེས་ཇི་ལྟར་བརྗོད་པར་བགྱི། །ལྷ་གཞན་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པ་མ་གསན་ནམ། འཇིག་རྟེན་གསུམ་གྱི་སྙིང་པོ་ལྷ་མིས་མཆོད་གྱུར་པ། །སྟོབས་ཀྱིས་སྟོབས་ཕྱུག་པ་ཡང་སྟོབས་མཐའ་ལས་མི་ཐར། །སྔོན་བྱས་ལས་ལས་ནམ་ཡང་ཐར་པར་མི་འགྱུར་ན། །འདི་ན་བདག་འདྲ་
གཞན་དག་སྨོས་ཀྱང་ཅི་ཞིག་འཚལ། །ཇི་ཙམ་ན་རྒྱལ་པོ་མྱ་ངན་མེད་ཀྱིས་སྦྱོར་བ་འདི་ནི་རྒྱལ་སྲུང་མས་བྱས་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོས་རྒྱལ་སྲུང་མ་བོས་ཏེ་སྨྲས་པ། སྐལ་མེད་ཅི་ཕྱིར་ས་ར་ནི་ནུབ་མ་གྱུར། །ཆོས་བཤིག་ང་ཡང་མི་དགར་བྱས་པས་ན། །ཆོས་མིན་ལྡན་པ་བདག་དཔལ་འཕྲོག་འདྲ་བ། །ཤིན་ཏུ་སྡིག་བྱེད་ཁྱོད་ནི་སྤང་བར་བྱ། །དེ་ནས་རྒྱལ་པོ་ཁྲོ་བོའི་མེ་འབར་བ་དང༌། རྒྱལ་སྲུང་མ་ལ་བལྟས་ཏེ་སྨྲས་པ། འདིའི་མིག་དབྱུང་ངམ་འོན་ཏེ་འདི་ཡི་ལུས། །སེན་མོ་ཤིན་ཏུ་རྣོ་བས་དྲལ་བའམ། །ཡང་ན་གསོན་པོར་མདུང་རྩེར་བསྐྱོན་བའམ། །འདིའི་ལུས་སོགས་ལེས་རྣམ་པར་དགས་པར་བྱ། །ཡང་ན་ལྕེ་ནི་སྤུ་གྲིས་གཏུབས་བྱས་ཤིང༌། །དགྲ་སྟས་བསྣུན་བས་མགོ་བོ་གཅད་པར་བྱ། །ཡང་ན་བསྐལ་བའི་མེ་འདྲར་གཞུག་བྱ་ཞིང༌། །འོན་ཏེ་དུག་གིས་ལུས་འདི་དགང་བར་བྱ། །དེ་ལ་སོགས་པ་གསོད་བཅས་སྦྱོར་བ་ནི། །རྣམ་མང་མི་ཡི་དབང་པོས་སྨྲས་པ་དང༌། །སྙིང་རྗེའི་བདག་ཉིད་ཅན་ཀུ་ན་ལས་ཐོས་ནས། །བདག་ཉིད་ཆེན་པོ་དེ་ལ་གསོལ་བ་འདེབས། །དེ་ནས་རྒྱལ་པོ་མྱ་ངན་མེད་ཁྲོ་བའི་མེ་ཀུན་དུ་འབར་བས་དཀྲུགས་པ་དང༌། རྒྱལ་སྲུང་མ་བརླག་པའི་ཐབས་ཚོལ་བ་ལ་བརྩོན་པ་ལ་ཀུ་ན་ལས་སྤྱི་བོས་ཕྱག་བྱས་ཏེ། སྙིང་རྗེ་རྗེ་སྐད་དུ་སྨྲས་པ། ལྷ་བུད་མེད་འདི་གསད་པར་རིགས་པ་མ་ལགས་སོ། །རྒྱལ་པོས་སྨྲས་པ། གང་གིས་ཁྱོད་དང་ངའི་ལུས་བཅོམ་རབ་ཏུ་བྱས་གྱུར་ལ། །འདི་ལྟའི་ཚིག་ནི་སྨྲ་བྱེད་ཁྱེད་ནི་རིགས་པ་མ་ཡིན་ནོ། །ཀུ་ན་ལས་སྨྲས་པ། དེ་དེ་ལྟ་ལགས་སུ་ཟིན་ཀྱང༌། བདག་ནི་དེའི་ཚེ་ནས་ད་ལྟ་དེའི་བར་དུ་འདི་དང་གཤེད་མ་པའི་སྐྱེས་བུ་དེ་གཉིས་ལ་གཞོན་ནུ་སྐྱེད་བྱེད་ལ་ཁོང་ཁྲོ་བའི་སེམས་མེད་པ་དེ་བཞིན་དུ་དེ་རྣམས་ལ་སྙིང་རྗེ་དང་བྱམས་པའི་སེམས་ཉིད་ཤིན་ཏུ་བསྒོམ་ལགས་སོ། །རྒྱལ་པོས་སྨྲས་པ། ཁྱོད་སྙིང་རྗེའི་དབང་དུ་གྱུར་པ་ཡིན་པར་ཚིག་འདི་ལྟ་བུ་ལ་སུ་ཞིག་ཡིད་ཆེས་པར་གྱུར། ཀུ་ན་ལས་སྨྲས་པ། ངེས་པར་ནང་དུ་བདག་ཉིད་ཚད་མར་གྱུར་པ་དང༌། དེ་བཞིན་དུ་མངོན་པར་ཤེས་པ་དྲུག་དང་ལྡན་པར་བདག་ཉིད་ཆེན་པོ་གཞན་གྱི་སེམས་ཤེས་པ་གཞན་དག་དཔང་དུ་གྱུར་པ་ལགས་སོ། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ཡིན་ན། ང་དང་འཇིག་རྟེན་རྣམས་ཀྱི་མངོན་དུ་གྱིས་ཤིག །དེ་ཡང་འདི་ལྟར་
ཤི་བིའི་རྒྱལ་པོས་ཕུག་རོན་གྱི་དོན་དུ་ལུས་བཅད་ནས། བདེན་བ་བདར་བས་སྔོན་གྱི་ལུས་ཇི་ལྟ་བ་བཞིན་དུ་གྱུར་ཏོ་ཞེས་ཐོས་ཀྱི་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་བདེན་པ་བདར་བས་སྔོན་གྱི་མིག་ཇི་ལྟ་བ་བཞིན་དུ་གྱིས་ཤིག །དེ་བཞིན་དུ་བགྱིའོ་ཞེས་སྨྲས་པ། ཀུ་ན་ལས་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་དུ་མ་འདུས་པ་དང༌། རྒྱལ་པོ་འཁོར་དང་བཅས་པའི་ནང་དུ་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ལ་སོགས་པའི་ཡོན་ཏན་མངོན་དུ་བྱས་ཏེ་ཤར་ཕྱོགས་སུ་བལྟས་ནས་བདེན་པའི་ཚིག་འདི་སྐད་ཅེས་བརྗོད་དོ། །བདེན་བ་གང་གིས་རྒྱལ་སྲུང་མ་དང་སྐྱེས་བུ་གཉིས་པོའི་བར་ལ་དེའི་ཚེ་དང་ད་ལྟའི་བར་དུ་སྐྱོ་བའི་སེམས་མེད་ཅིང༌། བདག་གི་བུ་གཅིག་པ་སྐྱེད་བྱེད་ཇི་ལྟ་བར་སྙིང་རྗེ་དང་བྱམས་པའི་སེམས་མཉམ་པར་གྱུར་པའི་བདེན་པའི་ཚིག་དེས་སྔོན་གྱི་མིག་ཇི་ལྟ་བ་བཞིན་དུ་གྱུར་ཅིག །ཚིག་བརྗོད་པ་དང་དུས་མཉམ་བ་ཉིད་དུ་ཀུ་ན་ལའི་མིག་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །དེ་ནས་རྒྱལ་པོ་དང༌། གྲོང་ཁྱེར་པ་རྣམས་ཀྱེ་མ་ཀྱེ་མ་ཞེས་སྒྲ་གསང་མཐོན་པོ་སྒྲོགས་ཤིང༌། རྣམ་པ་དེ་ལྟ་བུའི་ངོ་མཚར་ལ་ལྟའོ། །དེ་ནས་རྒྱལ་པོ་མྱ་ངན་མེད་ཀྱིས་ཀུ་ན་ལ་རྒྱལ་ཚབ་ཏུ་དབང་བསྐུར་བར་ཞུགས་པ་དང༌། ཀུ་ན་ལས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ལ་ནི་རྒྱལ་སྲིད་དགོས་པ་མ་མཆིས་སོ། །བདག་གིས་ནི་བདེན་པ་མཐོང་ལགས་སོ། །དེ་ནས་གཞོན་ནུ་སྐྱེད་བྱེད་རྒྱལ་ཚབ་ཏུ་དབང་བསྐུར་རོ། །དེ་ནས་བར་སྐབས་སུ་ཡང་རྒྱལ་སྲུང་མའི་ཕྱིར་གསོལ་བ་འདེབས་པ། གལ་ཏེ་རྒྱལ་སྲུང་འཕགས་མིན་ལས་བགྱིས་ཀྱང༌། །ཁྱེད་འཕགས་ལས་མཛོད་བུད་མེད་འགུ་མ་མི་བགྱི། །བཟོད་དང་འདྲ་བའི་སྟོབས་ནི་ཡོད་མིན་ཞེས། །བདེ་གཤེགས་བསྔགས་པས་གཙོ་བོ་བཟོད་མཛད་རིགས། །ཇི་ཙམ་ན་རྒྱལ་པོ་མྱ་ངན་མེད་ཤིན་ཏུ་ཁྲོས་པས་རྒྱལ་སྲུང་མ་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ་བསྲེགས་སོ། །རྡོ་འཇོག་པའི་གྲོང་ཁྱེར་པ་རྣམས་ཀྱང་རབ་ཏུ་བཅོམ་མོ། །དེ་ནས་དགེ་སློང་ཅིའི་ཕྱིར་ཀུ་ན་ལས་ལས་གང་ཞིག་བྱས་ན་འདིའི་མིག་ཕྱུང་བ་དང༌། སླར་སྐྱེས་པ་ཡིན་ཞེས་ཐེ་ཚོམ་སྐྱེས་ལ། དེ་ལྟར་ཐེ་ཚོམ་སྐྱེས་པ་གནས་བརྟན་གྲགས་པ་ལ་དྲིས་པ་དང༌། གནས་བརྟན་གྲགས་པས་སྨྲས་པ། དེ་བས་ན་ཚེ་དང་ལྡན་པ་དག་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྔོན་པ་ཞིག་གནས་ཏེ།
དེ་ཁ་བ་ཅན་དུ་སོང་ནས་རི་དགས་རྣམས་གསོད་དོ། །དེ་དུས་གཞན་ཞིག་ན་ཁ་བ་ཅན་དུ་སོང་བ་དང༌། དེར་སེར་བ་བབ་པར་གྱུར་ལ། རི་དགས་ལྔ་བརྒྱ་ཕྱུག་གཅིག་ཏུ་ཞུགས་པ་ཞིག་རྙེད་པ་དང༌། དེས་རྒྱས་ཐམས་ཅད་བཟུང་ནས་དེ་ལ་བློ་སྐྱེས་པ། གལ་ཏེ་ཐམས་ཅད་དུས་གཅིག་ཏུ་བསད་ན་ནི་ཤ་རུལ་པར་འགྱུར་བས་ཐབས་གཞན་ཞིག་བརྩམ་པར་བྱའོ་སྙམ་ནས་དེས་རི་དགས་ལྔ་བརྒྱའི་མིག་ཕྱུང་ངོ༌། །མིག་ཕྱུང་བ་དེ་རྣམས་གང་དུ་ཡང་འབྲོས་པར་མ་ནུས་སོ། །དེ་བཞིན་དུ་རྒྱ་ཆེར་རི་དགས་བརྒྱ་ཕྲག་མང་པོའི་མིག་ཕྱུང་ངོ༌། །ཚེ་དང་ལྡན་པ་དག་རི་དགས་ཀྱི་རྔོན་པ་གང་ཡིན་པ་དེ་ནི་གཞན་མ་ཡིན་གྱི་ཀུ་ན་ལ་འདི་ཉིད་ཡིན་ནོ། །གང་དེར་རི་དགས་མང་པོའི་མིག་ཕྱུང་བ་དེའི་ལས་ཀྱི་རྣམ་པར་སྨིན་པས་ལོ་བརྒྱ་སྟོང་མང་པོར་དམྱལ་བར་སྡུག་བསྔལ་རྗེས་སུ་མྱོང་ལ། དེ་ནས་ལས་ཀྱི་ལྷག་མ་སྐྱེ་བ་ལྔ་བརྒྱར་མི་རྣམས་ཀྱི་ནང་དུ་སྐྱེས་པ་ན་མིག་ཕྱུང་བར་གྱུར་ཏོ། །ལས་ཅི་ཞིག་བྱས་ན་ལས་གང་གི་རྣམ་པར་སྨིན་པས་རིགས་མཐོན་པོར་སྐྱེས་ཤིང་རབ་ཏུ་མཛེས་པར་གྱུར་ལ། བདེན་པ་མཐོང་བར་བྱས་པ་དེ་ཡང་ཚེ་དང་ལྡན་པ་དག་ཉོན་ཅིག །སྔོན་བྱུང་བའི་དུས་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བཞི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་པ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་སངས་རྒྱས་ཀྱི་མཛད་པ་མ་ལུས་པ་མཛད་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དང༌། དེ་ལ་རྒྱལ་པོ་མཛེས་པ་ཞེས་བྱ་བས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཆུ་ཞེང་དཔག་ཚད་ཙམ་བྱས་སོ། །གང་གི་ཚེ་རྒྱལ་པོ་མཛེས་པ་དུས་བྱས་ནས་དད་པ་མེད་ཅེས་བྱ་བ་རྒྱལ་སྲིད་ལ་བཞག་པ་ན། རིན་པོ་ཆེ་དེ་རྣམས་མ་བྱིན་པར་ལེན་པ་རྣམས་ཀྱིས་བརྐུས་ཏེ། ཕྱག་དར་དང་ཤིང་ཙམ་ཞིག་ལུས་པ་དང༌། དེར་སྐྱེ་བོའི་ཚོགས་སོང་བ་ན། མཆོད་རྟེན་རྣམ་པར་དེངས་པ་མཐོང་ནས་ཀྱི་ཧུད་ཀྱི་ཧུད་སྡུག་བསྔལ་ལོ་ཞེས་ཡང་དག་པའི་ང་རོས་ངུའོ། །ཚོང་དཔོན་གྱི་བུ་ཞིག་ཀྱང་འོངས་ནས། དེས་སྨྲས་པ། ཅིའི་ཕྱིར་དུ། དེ་རྣམས་ཀྱིས་སྨྲས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་མཆོད་རྟེན་རིན་པོ་ཆེ་སྣ་བཞིའི་རང་བཞིན་
ཅན་ཞིག་ཡོད་དེ་ཞེས་བྱ་བ་ནས་དེ་རྣམས་ཀྱིས་རྒྱ་ཆེར་མཆོད་རྟེན་དེ་སྔོན་བཞིན་དུ་བཞག་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་སྐུའི་ཚད་ཀྱི་སྐུ་གཟུགས་ཡོད་པ་ལས་དེ་ཞིག་པ་དང༌། ལེགས་པར་གསོས་ཏེ། སྟོན་པ་འཁོར་བ་འཇིག་ཅི་འདྲ་བ་དེ་འདྲའི་སྟོན་པ་མཉེས་པར་བྱེད་ཀྱི་མི་མ་ཉེས་བ་བྱེད་པར་མ་གྱུར་ཅིག་ཅེས་སྨོན་པ་བྱས་སོ། །ཚེ་དང་ལྡན་པ་དག་འདི་ཇི་སྙམ་དུ་སེམས། ཚོང་དཔོན་གྱི་བུ་གང་ཡིན་པ་དེ་ནི་ཀུ་ན་ལ་འདི་ཉིད་ཡིན་ཏེ། གང་དེར་བཅོམ་ལྡན་འདས་འཁོར་བ་འཇིག་གི་མཆོད་རྟེན་ལེགས་པར་གསོས་བའི་དེའི་ལས་ཀྱི་འབྲས་བུས་རིགས་མཐོ་བར་སྐྱེས་པ་ཡིན་ལ། གང་སྐུ་གཟུགས་གསོས་པ་དེའི་ལས་ཀྱིས་གཟུགས་བཟང་བར་སྐྱེས་པ་ཡིན་ལ། གང་ཡང་དག་པར་སྨོན་བར་བྱས་པ་དེའི་ལས་ཀྱི་འབྲས་བུ་དེ་དང་འདྲ་བའི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་མཉེས་པར་བྱས་ཀྱི་མི་མཉེས་པར་མ་བྱས་པ་ཡིན་ནོ། །བདེན་པ་མཐོང་བར་བྱས་པ་གང་ཡིན་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དེ་ཉིད་ཀྱི་མཆོད་རྟེན་རིན་པོ་ཆེ་སྣ་བཞི་ལས་བྱས་པ་རྒྱལ་པོ་མཛེས་པས་བྱས་པ་དང༌། མཆོད་རྟེན་དེར་ས་ལས་བྱས་པའི་སྐུ་གཟུགས་ཅིག་ཀྱང་བྱས་སོ། །ཇི་ཙམ་ན་ཚོང་དཔོན་ཞིག་གི་བྱིས་པ་མ་མ་དང་ལྷན་ཅིག་མཆོད་རྟེན་དེར་སོང་བ་དང༌། དེ་བྱིས་པར་གྱུར་པས་མདེའུ་བླངས་ཏེ་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་ཕྱུང་ངོ༌། །ཇི་སྲིད་དུ་གཞན་ཞིག་ན་ཆེན་པོར་འགྱུར་ནས། ཡང་མཆོད་རྟེན་དེ་ཉིད་དུ་སོང་ངོ༌། །དེས་མཐོང་མ་ཐག་ཏུ་སྐུ་གཟུགས་འདི་བྱིས་པར་གྱུར་པས་བདག་གིས་བྱས་སོ་དྲན་པ་དང༌། དེ་ཁྱིམ་ནས་རྫས་བླངས་ཏེ། དེ་དང་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་སྐུ་གཟུགས་བྱས་ནས། མིག་གཉིས་སུ་རིན་ཐང་ཆེ་བའི་ནོར་བུ་ཨིན་དྲ་ནཱི་ལ་བཅུག་སྟེ། མཆོད་རྟེན་དེ་ལ་ཡང་མཆོད་པ་ཆེན་པོ་དང་བསྐོར་བ་བྱས་ནས། གང་བདག་བྱིས་པར་གྱུར་པས། བཅོམ་ལྡན་འདས་ཀྱི་སྤྱན་ཕྱུང་ནས་སྡིག་པའི་ལས་བགྱིས་ཏེ། སྡིག་པའི་ལས་འདིའི་སྐལ་བ་ཅན་དུ་མ་གྱུར་ཅིག །དགེ་བའི་རྩ་བ་འདིས་ཀྱང་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་ཀྱི། མི་མཉེས་པ་བྱེད་པར་མ་གྱུར་
ཅིག་ཅེས་སྨོན་པ་བྱས་སོ། །དགེ་སློང་དག་ཚོང་དཔོན་གྱི་བུ་གང་ཡིན་པ་དེ་ཅི་གཞན་དག་ཡིན་པར་སེམས་སམ། དེའི་ཚེ་དེའི་དུས་སུ་ཀུ་ན་ལ་འདི་ཉིད་ཚོང་དཔོན་གྱི་བུར་གྱུར་ཏོ། །གང་འདིས་སྡིག་པ་ཅན་གྱི་ལས་བྱས་པ་དེས་སྐྱེ་བ་ལྔ་བརྒྱར་ཚེ་རབས་ཚེ་རབས་སུ་མིག་དང་བྲལ་བར་གྱུར་ཏོ། །གང་དེས་ཉེས་པ་བཤགས་ནས་སྨོན་ལམ་བྱས་པ་དེས་རིགས་མཐོ་བ་དང༌། གཟུགས་མཛེས་པར་གྱུར་ཏོ། །གང་ཨིན་དྲ་ནཱི་ལའི་སྤྱན་བཅུག་པ་དེས་ན་འདི་ཚེ་རབས་ཚེ་རབས་སུ་མིག་མཛེས་པར་གྱུར་པ་ཡིན་ནོ། །གང་དེས་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་ཅེས་པ་དེས་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ཡིན་ནོ། །གང་དེས་སྤྱན་ཕྱུང་ནས་སླར་ཡང་ཨིན་དྲ་ནཱི་ལའི་སྤྱན་བཅུག་པ་དེའི་ལས་ཀྱི་འབྲས་བུ་མིག་ཕྱུང་ནས་ཡང་ཐོབ་པ་ཡིན་ནོ། །གནས་བརྟན་གྲགས་པས་དེ་སྐད་ཅེས་སྨྲས་པ་དང༌། དགེ་སློང་དག་མངོན་པར་དགའོ། །ཀུ་ན་ལའི་རྟོགས་པ་བརྗོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་བར་མ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།