Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་བརྒྱད་པ།

59 occurrences of འབར་བ་
[Clear Hits]


  
  
  
 
ལེགས་པའི་ལམ་བསྟན་པའི་གཏམ།  དཔའ་བོ།
  
 
  
 
  
  
 
 
 
  
 
 
  
  
25   
 
 
  
  
  
 
  
  
  
  
  
  


59 occurrences of འབར་བ་
[Clear Hits]

 
previousལེགས་པའི་ལམ་བསྟན་པའི་གཏམ། དཔའ་བོ།next

ལེགས་པའི་ལམ་བསྟན་པའི་གཏམ།
དཔའ་བོ།


DTG173_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སུ་པརྠ་དེ་ཤ་པ་རི་ཀ་ཐཱ། བོད་སྐད་དུ། ལེགས་པའི་ལམ་བསྟན་པའི་གཏམ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདུད་ནི་མཐའ་ཡས་སྡེ་དང་བཅས་པ་བསྟན་པས་འབད་པས་འབད་པ་མེད་པར་རྒྱལ་མཛད་ལ། །རྨད་དུ་བྱུང་བའི་གནས་མཆོག་བརྙེས་ནས་དྲང་སྲེང་འཇིག་རྟེན་པ་ལ་བརྩོན་པར་མཛད། །གང་ཕྱིར་ཐུགས་རྗེ་ཆེན་པོ་དང་ལྡན་མཆོག་ཏུ་གཞན་ལ་ཕན་པར་བརྩོན་པའི་མཛད་པ་ཅན། །ཡོན་ཏན་ཀུན་གྱི་གཏེར་དུ་གྱུར་པ་སངས་རྒྱས་དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །གང་ཞིག་རྙེད་ན་སྡུག་པ་དང་བྲལ་ལས་བྱུང་མྱ་ངན་རྣམས་ཀྱིས་ཉོན་མོངས་མེད། །མི་སྡུག་པ་དང་ཕྲད་ལས་བྱུང་བའི་སྡུག་བསྔལ་རྙེད་སླ་འབྱུང་བར་འགྱུར་མ་ཡིན། །འཆི་དང་ན་དང་རྒ་དང་རྒུད་པའི་སྡུག་བསྔལ་སླར་ཡང་འབྱུང་མི་འགྱུར། །སྡུག་བསྔལ་རྣམས་ནི་མཐར་ཐུག་ཕུང་པོ་ལྷག་མེད་ལམ་བཅས་ཆོས་ལ་ཕྱག་འཚལ་ལོ། །གང་ཞིག་དད་སོགས་སྟོབས་ཀྱིས་སྟོབས་ཆེན་བདུད་ནི་རྣམ་པར་འབྱེར་མཛད་ལ། །བློ་ནི་དགེ་སྦྱོང་འབྲས་བུའི་དོན་གྱི་རྒྱན་གྱུར་འཇིག་རྟེན་འདས་པ་ཉིད་དུ་གྱུར། །གང་ལ་སྦྱིན་ན་འབྲས་བུ་དཔག་མེད་སྐྱེ་འགྱུར་ཐུབ་པའི་སློབ་མ་དགེ་འདུན་ནི། །ཚངས་དང་དབང་པོ་སོགས་ཀྱིས་ཕྱག་བྱས་བློ་སྦྱངས་ཡོན་ཏན་རྒྱ་མཚོ་དེ་ལ་འདུད། །འགྲོ་བ་རྣལ་འབྱོར་སྤྱོད་པ་བྱམས་པའི་སེམས་ལྡན་འདོད་པའི་དོན་ནི་རྫོགས་ཕྱིར་དང༌། །དམ་ཆོས་གསལ་བྱའི་ཕྱིར་དང་ཆོས་སྟོན་སྐྱེ་བོ་རྣམས་ལ་བརྩེ་བར་བྱ་བ་ཉིད་དང་ནི། །དམ་པ་རྣམས་ནི་རབ་ཏུ་མགུ་བར་བྱ་དང་བདག་ཉིད་ཀྱིས་ནི་ཆོས་རྙེད་ཕྱིར། །ལེགས་པའི་གཏམ་ནི་ཐུབ་དབང་གསུངས་དང་སྦྱར་ཏེ་བདག་གིས་བཤད་པར་བྱ། །བདེན་ལ་དགའ་ཞིང་ཚིག་རེའང་ཉམས་སུ་ལེན་གྱུར་རྣམས། །རྒྱལ་བའི་ལེགས་བཤད་རབ་ཏུ་དགའ་བར་གྱུར་པ་རྣམས། །ཉིད་ཀྱི་སྐུ་ཡིས་བསྡུས་ནས་ཉེ་བར་བསགས་


DTG173_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། །གང་ཡིན་དེ་དག་དང་པའི་ཡིད་ཀྱིས་མཉན་པར་བྱ་བའི་རིགས། །དེ་ལ་ལེགས་པའི་ལམ་ནི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཡིན་ཏེ། ལེགས་པར་གྱུར་པའི་ལམ་ཡིན་པས་ན་ལེགས་པའི་ལམ་མོ། །ལེགས་པའི་ཞེས་བྱ་བ་ནི་མཆོག་ཏུ་བསྔགས་པ་སྟེ། དེ་ནི་གཅིག་ཏུ་ཕན་པ་ཉིད་ཡིན་པའི་ཕྱིར་ལས་དང་ཉོན་མོངས་པའི་གཙུབ་ཤིང་ལས་བྱུང་བའི་སྡུག་བསྔལ་ཉིད་ཀྱི་མེ་གསུམ་རབ་ཏུ་ཞི་བར་བྱེད་པས་མྱ་ངན་ལས་འདས་པ་ཡིན་ནོ། །ལམ་ཞེས་བྱ་བ་ནི་དེས་མངོན་པར་འདོད་པའི་དོན་ཐོབ་པར་བྱ་བའི་ཕྱིར་འདིས་ཚོལ་བས་ཚོལ་བར་བྱེད་པའི་དོན་གྱིས་ན་ལམ་མོ། །དེ་ཡང་རྟོགས་པའི་ཐབས་ཀྱི་རིམ་པའི་ཆོ་ག་ཡིན་ནོ། །ཡང་ན་ངེས་པར་འབྱུང་བ་ལ་ཕན་པ་ཉིད་ཡིན་པའི་ཕྱིར་བསྟེན་པར་བྱ་བ་ཡིན་ལ། དེ་ཡང་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཡིན་པས་ན་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ནི་ལེགས་པ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། ཚུལ་ཁྲིམས་ཏིང་ངེ་འཛིན་འབྱུང་བ་ལ་ཕན་པ་ཉིད་ཡིན་པའི་ཕྱིར་བསྟན་པར་བྱ་བ་ཡིན་ལ། ཆོས་རྟོགས་ཕྱིར་ནི་བསྒོམས་པ་ཡིས། །བྱང་ཆུབ་མཆོག་ནི་ཐོབ་གྱུར་ནས། །ཁྱོད་ནི་ངེས་པར་བཅོམ་གྱུར་པ། །སྡིག་ཅན་གྱིས་ནི་ཤེས་པར་གྱིས། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ཚུལ་ཁྲིམས་ཞེས་བྱ་བ་འདི་ནི་ཁ་ན་མ་ཐོབ་ཉིད་ཀྱིས་བདེ་བ་ཉམས་སུ་མྱོང་བ་དང་ལྡན་པས་ན་ཚུལ་ཁྲིམས་སོ། །ཡང་ན་འདིས་འགྱོད་པ་མེད་པའི་བདེ་བ་བསྟེན་ཅིང་ཡོན་ཏན་གཅིག་ནས་གཅིག་ཏུ་བརྒྱུད་པའི་བསྔགས་པ་ལེན་པའི་ཕྱིར་ཚུལ་ཁྲིམས་དེ་ལ་ནི་ལེན་པའོ། །ཡང་ན་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སྐད་ཀྱི་བྱིངས་ལས་ཚུལ་ཁྲིམས་སུ་འགྱུར་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་ཡང་དག་པར་སྡོམ་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་བྲམ་ཟེ་ལུས་ཀྱིས་ལེགས་པར་སྤྱད་པ་རྣམ་པ་གསུམ་གྱིས་ཆོས་ལ་སྤྱོད་པར་འགྱུར་རོ། །ངག་གིས་ནི་བཞིའོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ན་བསིལ་བར་གྱུར་པས་ཚུལ་ཁྲིམས་ཏེ། དེ་ཡང་འཆི་བའི་མཐར་ཐུག་པའི་བར་གྱི་སེམས་ཀྱི་གདུང་བ་རབ་ཏུ་ཞི་བར་བྱེད་པའི་དོན་གྱིས་སོ། །དེ་ཡང༌། ཙན་དན་ཤིང་གིས་གདུངས་པ་སེལ་མིན་གྱི། །ཙན་


DTG173_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ས་མཆོག་གིས་བྱུགས་ཕྲེང་བས་མིན། །ཆུ་ཡི་ལེགས་བྱས་སྤྲིན་དང་རླུང་གིས་མིན། །ཀུ་མུ་ཏ་རྒྱས་རྨ་མེད་རྫིང་བུས་མིན། །པདྨོ་ཨུཏྤལ་སྣ་ཚོགས་ཀྱིས་ཁྱབ་པ། །སྤོས་ཆུས་ཁྱབ་པའི་ནོར་བུའི་ས་འམ་ནི། །སྡུག་པའི་ལག་པའི་རྩེ་མོས་འདྲེན་པའམ། །མེ་ཏོག་ཕྲེང་བ་ཐིག་ཕན་འཇིགས་པ་ཡིས། །སྲོག་མཐར་གྱུར་པ་འབྱུང་བའི་དུས་སུ་ནི། །དུས་དེའི་མེ་འདྲ་འཇིགས་པའི་གདུངས་མི་སེལ། །གང་ཕྱིར་ཚུལ་ཁྲིམས་དྲན་ནའང་སེལ་བྱེད་དེ། །དེ་ཕྱིར་ད་ནི་ཚིམ་བྱེད་རྣམས་ཀྱི་མཆོག །ཡང་ན་ཉེས་པར་སྤྱོད་པའི་མི་ཤེས་པ་མེད་པའི་ཕྱིར། བདེ་བའི་རྣམ་པར་སྨིན་པ་གནོད་པ་མེད་པ་དང་ལྡན་པས་ན་ཞི་བ་ཡིན་པའི་ཕྱིར་ཚུལ་ཁྲིམས་སོ། །ཡང་ན། །འདི་ནི་མགོ་བོར་གྱུར་པ་ན། །དེའི་ཕྱིར་ཚུལ་ཁྲིམས་ཞེས་བཤད་ལ། །ཚུལ་ཁྲིམས་ཉམས་པས་འཆིར་འགྱུར་བ། །དཔེར་ན་མགོ་བོ་བཅད་དང་མཚུངས། །དེ་ཡང་དགེ་སློང་གང་དག་བསླབ་པ་བཏང་ནས་ཉམ་ཆུང་སྟོན་ཅིང་དམན་པ་ཤས་ཆེ་བར་འདོད་པའི་གནས་སུ་ལྷུང་བ་འདི་འཕགས་པའི་ཆོས་འདུལ་བ་འདི་ལ་འཆི་བ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའི་འོ། །ཡང་ན་བདེ་འགྲོ་སྟེ། ཐར་པ་དང༌། འཇིག་རྟེན་ལ་ཕན་པར་འདོད་པའི་དམ་པ་རྣམས་ཀྱིས་བསྟེན་པར་བྱ་བ་ཡིན་པས་ན་ཚུལ་ཁྲིམས་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་དགེ་བའི་ལུས་དང་ངག་གི་ལས་རྣམས་ནི་ཚུལ་ཁྲིམས་ཞེས་བྱ་སྟེ། དེ་ཡང་སངས་རྒྱས་གསུངས་པའི་ལུས་དང་ངག་གི་ལས་བྱ་བ་དང་བྱ་བ་མ་ཡིན་བ་རྣམས་ལ་དེ་བཞིན་དུ་འཇུག་པའོ། །ཡང་ན་འཚེ་བ་མེད་པའི་བསམ་བ་ལས་ངེས་པར་འབྱུང་བའི་ལུས་དང་ངག་གི་རང་བཞིན་གྱི་ལེགས་པར་སྤྱོད་པ་ལས་བྱུང་བ་དང༌། མི་དགེ་བའི་ལས་ཀྱི་ཚུལ་ལས་ལྡོག་པའི་མཚན་ཉིད་ནི་ཚུལ་ཁྲིམས། ཡང་ན་ལུས་དང་ངག་གིས་གཞན་ལ་ཕན་བ་དང་འཚེ་བ་མེད་པ་རྣམ་པར་འཕེལ་བ་ནི་ཚུལ་ཁྲིམས་ཡིན་ནོ། །ཡང་ན་ཡང་དག་པའི་ལུས་དང་ངག་དང་འཚོ་བ་ཡིན་ལ། དེ་ཡང་ལུས་དང་ངག་གི་ཉེས་པར་སྤྱོད་པ་ལས་ལྡོག་པའི་མཚན་ཉིད་དེ། འགྱོད་པ་མེད་པ་ལ་རབ་ཏུ་འཇུག་པ་སྟེ། དེ་དབང་པོ་སྡོམ་པའི་གནས་ལ་གནས་པའོ། །ཡང་ན་དེའི་ལུས་དང་ངག་གི་སྡོམ་པའི་མཚན་ཉིད་དེ། སྡོམ་པ་མེད་པ་ལ་


DTG173_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་གནས་པ་ཡིན། དེ་ནི་དགེ་བའི་རྩ་བའི་གནས་ལ་གནས་པ་ཡིན་ནོ། །ཡང་ན་ལུས་དང་ངག་གཙང་བ་ཉིད་ཀྱི་མཚན་ཉིད་ཚུལ་ཁྲིམས་ཏེ། ཟག་པ་མེད་པའི་བདེ་བ་ལ་ཉེ་བར་འཇོག་པ་ཡིན་ལ། དེ་ནི་དད་པ་དང་ལྡན་པའི་གནས་ཡིན་ནོ། །དེ་ནི་རྣམ་པ་གཉིས་ཏེ། བཅས་པའི་ཚུལ་ཁྲིམས་དང༌། མ་བཅས་པའི་ཚུལ་ཁྲིམས་སོ། །བཅས་པའི་ཚུལ་ཁྲིམས་ནི་མིག་དང་རྣ་བས་བཅས་པའི་ལུས་དང་ངག་གི་དགེ་བའི་ལས་སོ། །མ་བཅས་པའི་ཚུལ་ཁྲིམས་ནི་ཡིད་ཀྱི་ཤེས་པར་བྱ་བའི་ལུས་དང་ངག་སྡོམ་པའོ། །ཡང་རྣམ་པ་གཉིས་ཏེ། སྦྱོར་བ་ལས་བྱུང་བ་དང། སྦྱོར་བ་ལས་བྱུང་བ་མ་ཡིན་པའོ། །སྦྱོར་བ་ལས་བྱུང་བ་ནི་གང་ལུས་དང་ངག་གི་སྦྱོར་བས་བསགས་པའོ། །སྦྱོར་བ་ལས་བྱུང་བ་མ་ཡིན་པ་ནི་གང་ཡིད་གཞན་དུ་གྱུར་པ་ལས་ཀྱང་ཉེ་བར་བསགས་པའི་གྲངས་སུ་འགྲོ་བའོ། །ཡང་གཉིས་ཏེ། དམ་བཅས་པ་སྔོན་དུ་འགྲོ་བ་དང༌། ཆོས་ཉིད་ཀྱིས་ཐོབ་པའོ། །རབ་ཏུ་བྱུང་བ་དང་དུས་མཉམ་དུ་འམ། ཁྱིམ་པ་བསླབ་པ་ལེན་པར་ཁས་ལེན་པའམ། ནོར་གཏོང་བ་སྟེ་འདི་ནི་སྡོམ་པ་ཡང་དག་པར་ལེན་པ་སྔོན་དུ་འགྲོ་བའི་ཚུལ་ཁྲིམས་སོ། །ཡང་བརྒྱད་པ་ལ་སོགས་པས་ལམ་བསྐྱེད་ནས་ཟག་པ་མེད་པ་ཐོབ་པ་དེ་ནི་ཆོས་ཉིད་ཀྱིས་ཐོབ་པའོ། །ཡང་ན་འཇུག་པ་དང་ལྡོག་པ་ཞེས་བྱ་བ་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པས་རྗེས་སུ་གནང་བའི་ལུས་དང་ངག་གིས་ལས་ལ་སྤྱོད་པ་དེ་ནི་འཇུག་པའི་ཚུལ་ཁྲིམས་སོ། །གང་བཀག་པ་དེ་མི་བྱེད་པ་ནི་ལྡོག་པའི་ཚུལ་ཁྲིམས་སོ། །ཡང་ན་སྤངས་པའི་ཚུལ་ཁྲིམས་དང༌། མ་སྤངས་པའི་ཚུལ་ཁྲིམས་སོ། །དེ་ལ་གང་ལུས་དང་ངག་གི་ཉེས་པར་སྤྱོད་པ་མི་བྱེད་པ་དེ་ནི་སྤངས་པའི་ཚུལ་ཁྲིམས་སོ། །ལུས་དང་ངག་གིས་ལེགས་པར་སྤྱོད་པ་ལ་རྗེས་སུ་འཇུག་པ་ནི་མ་སྤངས་པའི་ཚུལ་ཁྲིམས་སོ། །ཡང་དག་པ་དང༌། མ་དག་པའི་དབྱེ་བས་རྣམ་པ་གཉིས་ཏེ། སྲེད་པ་དང༌། ལྟ་བ་ངན་པ་དང༌། ང་རྒྱལ་དང༌། ཡང་དག་པ་མ་ཡིན་པའི་རྟོག་པ་དང༌། མ་འདྲེས་པ་དང༌། ཡོངས་སུ་ཚང་བ་ནི་དག་པའི་ཚུལ་ཁྲིམས་སོ། །དེ་ལས་གོ་བཟློག་པ་ནི་མ་དག་པའོ། །དག་པ་ལ་གཉིས་ཡོད་པས་


DTG173_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཉིས་ཏེ། གང་འདའ་བ་མེད་པར་རྣམ་པར་བྱང་བ་དེ་ནི་ལྟུང་བ་མེད་པའི་རྣམ་པར་དག་པའི་ཚུལ་ཁྲིམས་སོ། །གང་ལྟུང་བ་སླར་བཅོས་པས་རྣམ་པར་དག་པ་དེ་ནི་ལྡང་བའི་རྣམ་པར་དག་པའི་ཚུལ་ཁྲིམས་སོ། །ཡང་རྣམ་པ་གཉིས་ཏེ། ལྟུང་བ་མེད་པས་མཆོག་ཏུ་གྱུར་པ་དང༌། རྣམ་པར་དག་པས་མཆོག་ཏུ་གྱུར་པའོ། །གང་རྒྱུན་དུ་ཞུགས་པ་ལ་སོགས་པ་ནི་བསམས་བཞིན་དུ་འདའ་བ་མེད་པས་དེ་ནི་ལྟུང་བ་མེད་པ་མཆོག་ཏུ་གྱུར་པའི་ཚུལ་ཁྲིམས་སོ། །དགྲ་བཅོམ་པ་དང༌། སངས་རྒྱས་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གང་ཡིན་པ་དེ་ནི་རྣམ་པར་དག་པའི་ཚུལ་ཁྲིམས་སོ། །ཡང་ན་སློབ་པ་དང་མི་སློབ་པ་དང་སོ་སོའི་སྐྱེ་བོ་ལ་བརྟེན་པས་ཚུལ་ཁྲིམས་རྣམ་པ་གསུམ་སྟེ། སློབ་པ་དང་མི་སློབ་པ་དང༌། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའོ། །ཡང་ན་སེམས་ཀྱི་དབང་ལས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་ཀྱིས་རྣམ་པ་གསུམ་སྟེ། མི་མཉམ་པར་ཡོངས་སུ་སྨིན་པ་དང༌། མ་སྨིན་པར་རོ། །མི་མཉམ་པ་ཡོངས་སུ་གྱུར་པ་ནི་གང་གཞན་ལ་འཚེ་བའི་ཕྱིར་བརྟེན་པའོ། །མཉམ་པར་ཡོངས་སུ་གྱུར་པ་ནི་སྡུག་པ་དང་དབང་པོ་དང་ཡུལ་ཉམས་སུ་མྱོང་བའི་དོན་དུ་གང་ལ་བརྟེན་པའོ། །ཡོངས་སུ་གྱུར་པ་མ་ཡིན་བའི་དོན་དུ་གང་ལ་བརྟེན་པ་དང་འགྱོད་པ་མེད་པ་གང་ཡིན་བའོ། །ཡང་དམན་བ་དང༌། འབྲིང་དང༌། མཆོག་སྟེ་རྣམ་པ་གསུམ་སྟེ། ཉེ་བའི་ཉོན་མོངས་པ་དྲག་པོས་ཉེན་པ་དང་ཆོ་ག་མི་ཤེས་པས་གཟི་བྱིན་ཉམས་པ་ནི་དམན་པའོ། །ཉོན་མོངས་པ་སྲབ་པ་དང་ཆོག་ཤེས་དང་པ་ལྡན་བ་ནི་འབྲིང་ངོ༌། །ཉོན་མོངས་པ་མེད་པས་གསལ་ལ་ཆོག་ཤེས་པས་རབ་ཏུ་ཕྱེ་བའི་རྣམ་པར་དག་པའི་ཚུལ་ཁྲིམས་ནི་མཆོག་གོ །ཡང་དབང་དུ་བྱ་བ་རྣམ་པ་གསུམ་གྱིས་གསུམ་སྟེ། འཇིག་རྟེན་གཙོ་བོ་བྱེད་པའི་གང་ཟག་ནི་ཁྲེལ་ཡོད་བ་ཅན་ཏེ། འཇིག་རྟེན་གྱི་དབང་དུ་བྱས་ནས་སྡིག་པ་སྤོང་པ་སྟེ། དེ་ནི་འཇིག་རྟེན་པའི་དབང་དུ་བྱས་པའི་ཚུལ་ཁྲིམས་སོ། །ཆོས་ལ་གུས་པ་ནི་ཆོས་གཙོ་བོར་བྱས་ནས་སྡིག་པ་སྤོང་བ་དེ་ནི་ཆོས་ཀྱི་དབང་དུ་བྱས་ནས་ཚུལ་ཁྲིམས་སོ། །བདག་གཙོ་བོར་བྱས་པ་དེ་ནི་བདག་ཉིད་ངོ་ཚ་བས་བདག་ཉིད་རྗེས་སུ་སྲུང་ཞིང་སྡིག་པ་སྤོང་བ་དེ་ནི་བདག་


DTG173_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་དབང་དུ་བྱས་པའི་ཚུལ་ཁྲིམས་སོ། །ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་ལས་འདས་པ་ལས་ཀྱང་འདས་པ་སྟེ་རྣམ་པ་གསུམ་ཡིན་ལ། སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་འཇིག་རྟེན་པའོ། །འཕགས་པའི་ལམ་དང་འབྲས་བུ་ལ་གནས་པ་རྣམས་ཀྱི་ནི་འཇིག་རྟེན་ལས་འདས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ནི་འཇིག་རྟེན་ལས་འདས་པ་ལས་ཀྱང་འདས་པའོ། །ཡང་ཚུལ་ཁྲིམས་ནི་སྲེད་པ་ལ་གནས་པ་དང༌། ལྟ་བ་ལ་གནས་པ་དང༌། ང་རྒྱལ་ལ་གནས་པ་དང༌། གནས་པ་མེད་པ་སྟེ་རྣམ་པ་བཞིའོ། །དེ་ལ་སྲེད་པ་ལ་ནི་སྲིད་པ་དང་ལོངས་སྤྱོད་ཀྱི་དོན་དུ་བྱེད་པའོ། །ལྟ་བ་ལ་གནས་པ་ནི་ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པས་བཅོམ་པའོ། །ང་རྒྱལ་ལ་བརྟེན་པ་བདག་ལ་སྟོད་པ་དང་གཞན་ལ་སྨོད་པས་བཅོམ་པའོ། །གནས་པ་མེད་པ་ནི་གནས་པའི་ཉེས་པ་ལས་གྲོལ་བའི་ཚོགས་སུ་གྱུར་པ་དང་ཟག་པ་མེད་པའོ། །ཡང་ཚུལ་ཁྲིམས་ནི་ཉམས་པ་དང༌། གནས་པ་དང༌། ཁྱད་པར་དང༌། ངེས་པར་འབྱེད་པའི་ཆ་གཉིས་ཀྱི་སྟེ་རྣམ་པ་བཞིའོ། །མི་མཐུན་པའི་ཕྱོགས་མ་སྤངས་པ་དང༌། ཚུལ་ཁྲིམས་དང་ལྡན་པ་ཡང་དག་པར་མི་བསྟེན་པ་དང༌། སྐྱེ་བོ་ཚུལ་ཁྲིམས་འཆལ་བ་དང་འགྲོགས་པ་དང། རྟོག་པ་ངན་པའི་གོ་སྐབས་འབྱེད་པ་དང༌། ཤེས་བཞིན་དུ་འདའ་བར་བྱེད་པ་དང༌། ལྟུང་བ་འཆབ་པས་ཚུལ་ཁྲིམས་ལས་ཉམས་པའི་སྐལ་བ་ཅན་དུ་འགྱུར་རོ། །ཚུལ་ཁྲིམས་ལ་བག་ཡོད་པ་དང༌། བསླབ་པ་ལ་མང་དུ་གཅེས་པར་བྱེད་པ་དང༌། ཞི་གནས་དང་ལྷག་མཐོང་ལ་མངོན་བར་བརྩོན་པ་ནི་ཚུལ་ཁྲིམས་གནས་པའི་སྐལ་བ་ཅན་དུ་འགྱུར་རོ། །ཚུལ་ཁྲིམས་ཏིང་ངེ་འཛིན་གྱི་བྱ་བ་རྣམས་ལ་བག་ཡོད་པ་དང༌། ལྷག་མཐོང་གི་རིམ་པ་ལ་ཤས་ཆེར་བརྩོན་པའི་ཚུལ་ཁྲིམས་ནི་ཁྱད་པར་ཅན་གྱི་སྐལ་བ་ཅན་དུ་འགྱུར་རོ། །ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང། ཤེས་རབ་ལ་མངོན་པར་བརྩོན་པའི་ཚུལ་ཁྲིམས་ནི་ངེས་པར་འབྱེད་པའི་ཆའི་སྐལ་པ་ཅན་དུ་འགྱུར་རོ། །ཡང་དགེ་སློང་དང་དགེ་སློང་མ་དང༌། བསྙེན་པར་མ་རྫོགས་པ་དང༌། ཁྱིམ་པ་ལས་བཅས་པའི་ཁྱད་པར་གྱི་རྣམ་པ་བཞིའོ། །དགེ་སློང་གི་ཚུལ་ཁྲིམས་དེ་ནི་སོ་སོར་


DTG173_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་སྡོམ་པའོ། །དགེ་སློང་མའི་ཚུལ་ཁྲིམས་ནི་དགེ་སློང་མའི་སོ་སོར་ཐར་པའི་སྡོམ་པའོ། །དགེ་སྦྱོང་གི་དབང་དུ་བྱས་པའི་སྡོམ་པ་བསླབ་པའི་གནས་ཀྱི་སྡོམ་པ་ནི་དགུ་སྟེ། བྱ་རོག་སྐྲོད་ནུས་པའི་བསླབ་པའི་གནས་ཀྱི་སྡོམ་པ་ནི་བརྒྱད་དེ། དེ་དག་ནི་བསྙེན་པར་མ་རྫོགས་པའི་ཚུལ་ཁྲིམས་སོ། །བསླབ་པའི་གཞི་ལ་དང༌། གསོ་སྦྱོང་གི་ཞག་བསླབ་པའི་གནས་བརྒྱད་ནི་ཁྱིམ་པའི་ཚུལ་ཁྲིམས་སོ། །ཡང་རང་བཞིན་དང༌། ཆོས་ཉིད་དང༌། སྡོམ་པ་དང༌། སྤོང་བ་ཞེས་བྱ་བ་ནི་རྣམ་པ་བཞིའོ། །བྱང་གི་སྒྲ་མི་སྙན་རྣམས་ཀྱི་ནི་རང་བཞིན་གྱི་ཚུལ་ཁྲིམས་སོ། །སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའི་ཡུམ་གྱི་ནི་ཆོས་ཉིད་ཀྱི་ཚུལ་ཁྲིམས་སོ། །ལུས་དང་ངག་གི་སྡོམ་པ་བརྟན་ཞིང་རྣམ་པར་དག་པ་ནི་སྡོམ་པའི་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་གཉེན་པོར་གྱུར་པ་དང༌། ཉོན་མོངས་པ་འགྲིབ་པར་བྱེད་པ་ནི་སྤོང་བའི་ཚུལ་ཁྲིམས་སོ། །དེ་ལྟར་མང་དུའང་རྣམ་དབྱེ་ནུས་མོད་ཀྱི། །ཤིན་ཏུ་རྒྱས་པས་སྐྱོ་བ་སྐྱེད་པར་བྱེད། །དེ་ཡི་རྣམ་དག་ཐབས་ནི་བཤད་བྱ་སྟེ། །མཉམ་པར་འཇོག་ལས་ཚུལ་ཁྲིམས་རྣམ་དག་འགྱུར། །དེ་ལ་རྣལ་འབྱོར་གྱི་སྤྱོད་པ་ཡོངས་སུ་སྦྱང་བར་བྱ་བ་དང༌། སོ་སོར་ཐར་པའི་སྡོམ་པའི་ཕྱིར་འདུན་པ་དྲག་པོ་སྐྱེད་པ་དང༌། ལུས་དང་ངག་གི་ལས་ཀྱི་མཐས་བསྡུས་པ་ལ་ཡང་འཚོ་བ་གཞན་ལ་རག་ལས་པས་འཇུག་པ་སྦྱང་བར་དཀའ་བ་ལས་ཐ་དད་པར་གནས་སུ་ཟིན་ན་ཡང་དེ་རྣམ་པར་སྦྱང་བར་བྱ་བའི་ཕྱིར་མཆོག་ཏུ་འབད་པས་སྡོམ་པ་ལ་བརྩོན་པ་དང༌། གསོ་བའི་ལོངས་སྤྱོད་ལ་ཡང་བག་ཡོད་པར་བྱ་བའོ། །དེ་ཡང་སོ་སོར་ཐར་པའི་སྡོམ་པས་བསྡམས་ཏེ་གནས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལ་སོ་སོར་ཐར་པ་ཞེས་བྱ་བ་ནི་སོ་སོར་ཐར་པས་ན་སོ་སོར་ཐར་པ་སྟེ། ལམ་འདི་ནི་སོ་སོར་ཐར་པར་འགྲོ་བས་སོ་སོར་ཐར་པ་སྟེ། དཔེར་ན་གྲོང་ཁྱེར་དུ་འགྲོ་བའི་ལམ་ལ་གྲོང་ཁྱེར་གྱི་ལམ་ཞེས་བྱ་བ་དང་འདྲའོ། །ཡང་ན་སྡིག་པ་ལས་སོ་སོར་ཐར་པས་ན་སོ་སོར་ཐར་པའམ་སྡོམ་པ་ཞེས་བྱ་བ་ལ་སློབ་པར་བྱེད་པས་ན་དག་ཅིང་གྲོལ་བར་བྱེད་པ་ཡིན་པའམ། བསོད་ནམས་ཕུན་སུམ་ཚོགས་པ་ལ་ལྷག་པར་མོས་པ་མི་


DTG173_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་བསྲུང་ཞིང་ཐར་པར་བྱེད་པ་ན་བསྲུང་ཐར་ཅེས་བྱ་སྟེ། ཉེས་པར་སྤྱོད་པ་དང༌། ཀུན་ནས་ཉོན་མོངས་པ་རྣམས་དང༌། ངན་འགྲོ་རྣམས་ལས་སྲུང་བར་བྱེད་པའི་ཕྱིར་རོ། །ཇི་སྐད་དུ་ཆོས་སྤྱོད་པ་རྣམས་ནི་ཆོས་ཀྱིས་སྲུང་བར་བྱེད་ཅིང་རིམ་གྱིས་ཐར་པར་འགྱུར་བ་ཡིན་ཞེས་ཇི་སྐད་དུ་བཤད་པ་དང༌། དགེ་སློང་དག་ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་དང་ལྡན་པའི་སེམས་སུ་མི་འགྱུར་རོ། །གཞན་ཡང་དགེ་སློང་དག་འདི་ནི་ཆོས་ཉིད་ཡིན་ཏེ། ཚུལ་ཁྲིམས་འདི་ནི་རིམ་གྱིས་འབྲས་བུ་མཆོག་སྐྱེད་པར་བྱེད་དོ་ཞེས་གསུངས་པས་དེའི་ཕྱིར་བསྲུང་ཞིང་ཐར་པ་ཞེས་བྱ་བར་བཤད་དོ། །ཡང་ན་སྡོམ་པ་མེད་པས་ལྟུང་བའི་ངང་ཚུལ་ཅན་ཐར་པར་བྱེད་པ་འདི་ནི་ཡང་དག་པར་ཞུགས་པར་འགྱུར་བ་སྟེ་ཉེ་བའི་ཉོན་མོངས་པ་ལས་ཐར་པར་བྱེད་པས་ན་ལྟུང་བ་ལས་ཐར་པའོ། །ཡང་ན་སོ་སོའི་སྐྱེ་བོ་ཡིན་པས་ལྟུང་བའི་ཆོས་ཅན་ཡིན་པའི་ཕྱིར་ལྟུང་བ་ཡིན་ལ། ལས་དང་ཉོན་མོངས་པ་དག་གིས་ཡོངས་སུ་འཁོར་བར་གྱུར་ཅིང་ཤིས་པ་མ་ཡིན་པའི་ངན་འགྲོ་རྣམས་སུ་འཁྱམས་པ་སྡུག་བསྔལ་དེ་ལས་སྲུང་ཞིང་ཐར་པར་ཕྱེད་པས་ན་ལྟུང་བ་ལས་སྲུང་བ་སྟེ། སྡུག་བསྔལ་དེ་ལས་ཐར་པ་ཞེས་བྱ་བའི་ཐ་ཚིག་སྟེ། རྒྱུ་ལས་འབྲས་བུ་བཏགས་པ་ཡིན་ཏེ། དེ་ཡང༌། འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཞེས་བྱ་བ་ལྟ་བུའོ། །ཡང་ལྟུང་བ་ལས་ལེགས་པར་བྱེད་ཅིང་འགྲོ་བ་ལ་མངོན་པར་བརྩོན་པ་རྣམས་རང་ལ་ཕན་པའི་དོན་བྱེད་དོ་ཞེས་པའི་ཐ་ཚིག་སྟེ། ཡང་དག་པར་ཞུགས་པ་རྣམས་ཐར་པར་བྱེད་པས་ན་ལྟུང་བ་ལས་ཐར་པའོ། །ཡང་ན་ཐོག་མར་གྱུར་པ་སྟེ། ཐར་པ་སྒྲུབ་པ་ལ་དང་པོར་གྱུར་པ་ཡིན་པའི་ཕྱིར་དང་པོར་ཐེག་པའོ། །དེ་ཡང་ལྟུང་བའི་ཚོགས་རྣམ་པ་བདུན་ཏེ། ཕས་ཕམ་པ་དང༌། དགེ་འདུན་གྱི་ལྷག་མ་དང༌། དེ་གཉིས་ཀའི་ཉེས་བྱས་སྦོམ་པོ་དང། ལྟུང་བྱེད་དང༌། སོ་སོར་བཤགས་པ་དང༌། བཤགས་པར་བྱ་བ་དང༌། བསྡོམ་པར་བྱ་བའི་ཉེས་བྱས་ཞེས་བྱ་བའོ། །དེ་ལ་ལྟུང་བ་འདིས་ཕས་ཕམ་པར་འགྱུར་བར་སྤྱོད་པས་ན་ཕས་ཕམ་པའོ། །ལྟུང་བ་འདི་བྱུང་བར་གྱུར་ན་མལ་སྟན་དང་ཁ་ཟས་ལ་སོགས་པ་


DTG173_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་རྒན་པོ་དང་བར་མ་དང་གཞོན་ནུའི་རྗེས་ལ་ལྷག་མར་སྤྱོད་པས་ན་དགེ་འདུན་ལྷག་མའོ། །བཤགས་པར་བྱ་བའི་ཉེས་པ་ཐམས་ཅད་ཀྱི་ནང་ནས་འདི་ཆེས་རགས་པས་ན་ཉེས་པ་སྦོམ་པོའོ། །མང་བའི་ཕྱིར་དང་རང་བཞིན་དང་བཅས་པའི་སྤང་བར་བྱ་བ་སྣ་ཚོགས་པ་ཉིད་ཡིན་པའི་ཕྱིར་སྤང་བ་ལ་འབད་པས་གནས་པ་ཡིན་པས་ལྟུང་བའོ། །ངེས་པར་བཤགས་པར་བྱ་བ་ཡིན་པས་སོ་སོར་བཤགས་པར་བྱ་བ་ཡིན་པ་འམ། སོ་སོར་བཤགས་པར་བྱ་བར་འོས་པ་ཡིན་པས་སོ་སོར་བཤགས་པར་བྱའོ། །བཤགས་པས་སླར་བཅོས་པར་བྱ་བའི་ཉེས་བྱས་ཡིན་པས་བཤགས་པར་བྱ་བའི་ཉེས་བྱས་སོ། །སླར་དེ་ལྟར་མི་བགྱིད་དོ་ཞེས་ཡང་དག་པར་སྡོམ་པར་བྱེད་པས་སླར་གསོ་བ་ཡིན་པས་ན་བསྡམ་པར་བྱའོ། །འདི་དག་ནི་ལྟུང་བའི་ཚོགས་བདུན་ཡིན་ནོ། །དེ་ལ་སྡོམ་པས་བསྡམས་པ་ཞེས་བྱ་བ་ནི་འདི་མན་ཆད་ཤེས་པར་བྱ་སྟེ། དེ་ལ་སྡོམ་པས་བསྡམས་པ་ནི་བསྔགས་པར་བྱ་བའི་སྡོམ་པ་སྦ་བར་བྱ་བའི་ཆོ་གས་ཡང་དག་པར་ཀུན་ནས་གཡོགས་ཤིང་སྦས་ལ་བསྲུངས་བ་ཞེས་བྱ་བའི་ཐ་ཚིག་གོ །གནས་པ་ཞེས་བྱ་བ་ནི་གནས་ཤིང་བཞེས་ལ་དུས་ཇི་ལྟ་བ་བཞིན་དུ་སྡོད་པའོ། །ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཆོ་ག་བྱ་བ་དང་སྤྱོད་ཡུལ་དུ་བྱ་བ་དག་ཡིན་ལ། ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ལྡན་པའོ། །དེ་ལ་ཀུན་དུ་སྤྱོད་པས་ན་ཆོག་སྟེ་རང་གི་གཞུང་ལུགས་སུ་སྤྱོད་པ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་དེ་ལ་སྤྱོད་པ་ཡིན་པས་ན་སྤྱོད་པ་སྟེ། དེ་ལ་རྟེན་ཅིང་རང་གི་ཕན་པ་ཐོབ་པར་བྱ་བའི་ཕྱིར་དེ་ལ་སྤྱོད་ཅིང་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་སྤྱོད་པ་ངན་པའི་གཉེན་པོར་གྱུར་པ་དང༌། སྐྱེ་བོ་དམ་པ་རྣམས་ཀྱིས་བསྔགས་པ་དང་ཐར་པ་འདོད་པ་རྣམས་ཀྱིས་བསླབས་ཤིང་གོམས་པར་བྱས་པ་དང། བསླབ་པ་འདོད་པའི་རབ་ཏུ་ཞི་བ་ལ་བློ་བྱང་བ་རྣམས་ཀྱིས་མ་སྨད་པ་སྤྱོད་པའི་རིམ་པ་ཁ་ན་མ་ཐོ་བ་མེད་པའོ། །ཆོ་ག་མ་ཡིན་པ་ནི་དགེ་སློང་མེ་ཏོག་ཐུ་བ་དང༌། ཕྲེང་རྒྱུད་མཁན་བྱེད་པ་དང༌། རྣ་རྒྱན་བྱེད་པ་དང༌། དེ་དག་བྱས་ནས་ཁྱིམ་པ་ལ་སྟེར་བ་དང༌། བུད་


DTG173_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྣམས་དང་ལྷན་ཅིག །སྟན་དང་ཁྲི་གཅིག་ལ་འདུག་པ་དང༌། སྣོད་གཅིག་ཏུ་ཟ་བ་དང༌། དེའི་ལུས་དང་འབྲེལ་པ་ལེན་པ་དང༌། དེའི་སྟེང་དུ་ལྷུང་བ་དང༌། གར་དང༌། གླུ་དང༌། རོལ་མོ་དང༌། སྒེག་པ་དང༌། བྱུག་པ་དང༌། དྲི་དང༌། ཕྲེང་བ་དང༌། གོས་དཀར་པོ་དང༌། ཁ་ཚར་དང་བཅས་པའི་གོས་འཆང་བ་དང༌། ཁྱིམ་པའི་བྱ་བ་ལ་སོགས་པ་འཇུག་པ་སྟེ། དེ་ལྟ་བུ་ལ་སོགས་པ་བྱེད་པ་ཡིན་ནོ། །ཇི་སྐད་དུ། ཀི་ཏའི་རིམ་ཞེས་བྱ་བའི་འདུལ་བ་ལས་ཇི་སྐད་བཤད་པ་ལྟ་བུའི། གཞན་དག་གིས་བཤད་པ་ནི་སྤྱོད་པ་མ་ཡིན་བ་ནི་རྣམ་པ་གཉིས་ཏེ། ལུས་དང༌། ངག་གིའོ། །དེ་ལ་ལུས་ཀྱི་ནི་འདི་ན་དགེ་འདུན་གྱིར་གཏོགས་པ་ཡིན་ན་ཡང་གནས་བརྟན་རྣམས་དང༌། དགེ་སློང་རྣམས་ལ་མང་དུ་བསྙེན་བཀུར་མི་བྱེད་པ་དང༌། སྡུག་པ་དང་གུད་པ་དང་བྲལ་བའི་སེམས་དང་ལྡན་ཞིང་རྒྱུད་དང་བ་མ་ཡིན་བས་ཟིལ་གྱིས་མནན་པ་དང༌། རྒྱུད་ཤིན་ཏུ་རྩུབ་པ་རྙེད་པ་དང་བཀུར་སྟིས་དྲེགས་པས་མྱོས་པ་ན་དགེ་སློང་རྒན་པོ་རྣམས་ལ་འཛེར་ཞིང་འགྲོ་བ་དང་འདུག་པ་དེ་ལྟ་བུའི་བྱ་བ་མེད་ཀྱང་མདུན་དུ་འགྲོ་བ་སྟན་མཐོ་བ་ལ་འདུག་པ་དེ་དག་མཐོང་ཞིང་ཉེན་ཀོར་དུ་ཕྱིན་ན་ཡང་མདུན་བསུ་བ་དང༌། སྟན་ནས་ལྡང་བ་དང༌། ཕྱག་འཚལ་བར་མི་བྱེད། དེ་དག་མཆིལ་ལྷམ་མེད་པར་འཆག་པ་དང༌། བདག་ཉིད་མཆིལ་ལྷམ་དང་བཅས་པར་འཆག་པ་དང༌། དེ་དག་ས་ཕྱོགས་དམའ་བ་ན་འཆག་པ་ན་ཡང་བདག་ཉིད་མཐོ་བ་གདིང་བ་དང་བཅས་པར་འཆག་པ་དང༌། སྟན་གྱིས་དེ་དག་ལ་གནོད་པར་བྱེད་པ་དང༌། གཞོན་རིམས་དག་ལ་བརྙས་པ་དང་བཅས་པས་གནས་པར་བྱེད་པ་དང༌། ཁྲུས་བྱེད་པའི་ཚེ་ཆུ་ངོགས་དག་ཏུ་དགེ་སློང་རྒན་རིམས་དག་ལ་འཛེར་ཞིང་འཛུག་པ་དང༌། མདུན་དུ་ཞུགས་པ་དང༌། འཛེར་ཞིང་ཁྲུས་བྱེད་པ་དང༌། འཛེར་ཞིང་འགྲོ་བ་དང༌། སྔོན་དུ་འབྱུང་བ་དང༌། གཞན་གྱི་ཁྱིམ་དུ་འཇུག་པ་ན་ཡང་དགེ་སློང་རྒན་རིམས་ལ་འཛེར་ཞིང་འགྲོ་བ་དང༌། དེ་ལྟ་བུའི་བྱ་བ་མེད་དུ་ཟིན་ན་ཡང་དེ་དག་ལ་བརྙས་ཐབས་སུ་སྔོན་དུ་འགྲོ་བ་དང༌། དབེན་པའི་ཁྱིམ་དང་གནས་གང་ཡིན་བ་དེ་དག་ཏུ་གང་ན་རིགས་ཀྱི་བུད་མེད་དམ་བཞོན་ནུ་མ་བརྟགས་པར་འཇུག་པར་བྱེད་པ་དང༌། ཁྱེའུ་གཞོན་ནུ་དག་


DTG173_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མགོ་བོ་ཉུག་པར་བྱེད་པ་སྟེ། དེ་ལྟ་བུ་དག་ནི་ལུས་ཀྱི་སྤྱོད་པ་མ་ཡིན་པའོ། །ངག་གི་ནི་འདི་ན་ལ་ལ་ཞིག་དགེ་སློང་རྒན་རིམས་ལ་གུས་པ་མེད་པས་དེ་ལ་མ་དྲིས་པར་ཆོས་སྨྲ་རྩོམ་ཞིང་ལན་འདེབས་པར་བྱེད་པ་དང༌། སོ་སོར་ཐར་པ་སྟོན་པ་དང༌། དེ་གཡེང་བ་མང་པོ་ཡོད་ཀྱང་སྟོན་པ་དང༌། གཏམ་སྣ་ཚོགས་བྱེད་པ་དང༌། གཞན་གྱི་ཁྱིམ་དུ་འཇུག་པ་ན་རིགས་ཀྱི་བུད་མེད་དང༌། རིགས་ཀྱི་གཞོན་ནུ་མ་དག་གུས་པ་མེད་པར་འདི་སྐད་སྨྲ་སྟེ། མི་ཆེ་གེ་མོ་ཞེས་བྱ་བ་རིགས་ཆེ་གེ་མོ་ཞེས་བྱ་བ་ཁྱོད་ལ་ཁོ་བོ་ཅག་གིས་བཟར་རུང་བ་བཟའ་འམ། བཅའ་བར་བྱ་བ་ཁྱེད་ཀྱིས་དེང་ཅི་ཞིག་སྟོབས་པར་བྱེད། ཅི་ཞིག་ཟ་བར་བྱ། ཅི་ཞིག་བཏུང་བར་བྱ། ཁྱོད་དེ་རིང་ཅི་ཞིག་སྟེར་བར་བྱེད་ཅེས་སྨྲ་ཞིང༌། ཡོངས་སུ་རྒོད་པར་བྱེད་ལ་སུན་འབྱིན་པར་བྱེད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ནི་ངག་གིས་སྤྱོད་པ་མ་ཡིན་པའོ། །མདོར་ན་ཚུལ་ཁྲིམས་འཆལ་པ་དང་འབྲེལ་པའི་སྤྱོད་པ་དང་སྨྲ་བ་ཐམས་ཅད་ནི་ཆོ་ག་མ་ཡིན་ནོ། །དེ་ནི་གཉེན་པོར་གྱུར་པའི་སྤྱོད་པ་ནི་ཚིག་ཡིན་པར་ཤེས་པར་བྱའོ། །ཆོ་ག་ཞེས་བྱ་བ་དགེ་སློང་རྒན་པོ་དང༌། བར་མ་དང་གསར་བུ་རྣམས་ལ་གཅེས་ཤིང་གུས་པ་མང་དུ་བྱེད་པ་དང༌། བྱམས་པའི་ལུས་དང༌། ངག་གི་ལས་དང༌། རབ་ཏུ་ཞི་བ་ལ་དགའ་བ་དང༌། གཞན་དད་པར་བྱེད་པ་དང༌། ངོ་ཚ་དང་ཁྲེལ་ཡོད་པས་བརྒྱན་པ་དང༌། གྱ་གྱུ་མེད་པ་དང༌། རྙེད་པ་དང་བཀུར་སྟི་མ་བཅོམ་པ་དང༌། འདུལ་བའི་གཞུང་ལུགས་རྗེས་སུ་འཇུག་པ་དང༌། དྲན་པ་དང༌། ཤེས་བཞིན་གྱིས་ཡོངས་སུ་ཟིན་པ་དང༌། འགྲོ་བ་དང༌། ལོག་པར་ལྟ་བ་དང༌། རྣམ་པར་ལྟ་བ་དང༌། སྣམ་སྦྱར་དང༌། ལྷུང་བཟེད་དང༌། ཆོས་གོས་ལེགས་པར་འཆར་བ་དང༌། འགྲོ་བ་དང་སྡོད་པ་དང༌། འདུག་པ་དང༌། ཉལ་བ་ལ་སོགས་པར་རམ། ཐམས་ཅད་དུ་ཀུན་དུ་སྤྱོད་པ་ལས་བཤད་པ་ལས་གུས་པར་བྱེད་པ་འདི་ནི་ཆོ་ག་ཞེས་བྱའོ། །ཡང་སྤྱོད་ཡུལ་ནི་ཕྱོགས་བ་ལང་འཚོ་བ་ཡིན་པས་ན་དེ་ལ་སྤྱོད་ཡུལ་ཞེས་བྱ་ལ། འདིར་ནི་བ་ལང་གི་སྤྱོད་ཡུལ་དང་འདྲ་བས་ན་སྤྱོད་ཡུལ་ཞེས་བྱ་སྟེ། འདི་ལྟ་སྟེ། བ་ལང་རྣམས་མདོག་དང༌། ནད་མེད་པ་


DTG173_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དང། བདེ་བ་དང༌། སྲོག་རྣམས་ལ་ཕན་པར་འགྱུར་བ་ཕུན་སུམ་ཚོགས་པ་དང༌། སྦྲང་བུ་དང༌། ཤ་སྦྲང་དང༌། སྡིག་སྦྲུལ་དང༌། གཅན་གཟན་གདུག་པའི་འཚེ་བ་མེད་པ། རྩྭ་སྔོན་པོ་རྣམ་པ་སྣ་ཚོགས་པ་ཕུན་སུམ་ཚོགས་པ་དང༌། ཆུ་གཙང་བ་དང་ལྡན་པ་དུས་རན་པ་དང༌། ཤིང་གི་གྲིབ་མའི་ཚོགས་ཕུན་སུམ་ཚོགས་པ་དང་ལྡན་བ་ནི་བ་ལང་གི་སྤྱོད་ཡུལ་ཡིན་ལ་དེ་བཞིན་དུ་དགེ་སློང་ཚུལ་ཁྲིམས་དང༌། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ལ་སོགས་པ་གང་ཞིག་ངེས་པར་བསྟེན་ན་ཕན་པ་བྱེད་པར་འགྱུར་བ་དེ་ནི་སྤྱོད་ཡུལ་ཞེས་བྱའོ། །ཡང་སྤྱོད་ཡུལ་མ་ཡིན་པ་ནི། སྨད་འཚོང་དང༌། མ་ནིད་དང༌། གཞོན་ནུ་མ་ཆེན་པོ་དང༌། ཡུགས་ས་དང༌། ཀུན་དུ་རྒྱུ་ལ་སོགས་པ་གནས་པའི་སྒྲིབ་པའི་འོས་ཡོད་པ་དང༌། རྗེས་སུ་མཐུན་པ་མ་ཡིན་པའི་རྒྱལ་པོ་དང༌། རྒྱལ་པོའི་བློན་པོ་དང༌། བྲམ་ཟེ་དང༌། ཁྱིམ་བདག་དང༌། མུ་སྟེགས་བྱང་སྣ་ཚོགས་དང༌། ཉན་ཐོས་ལམ་དད་པའི་ཁྱིམ་དང་འདྲེས་པ་དང༌། དགེ་སྦྱོང་དང་དགེ་སྦྱོང་གི་འཇིགས་པ་ལ་ཕྱོགས་པ་དང༌། འདོད་པའི་ཡོན་ཏན་རྣམ་པ་ལྔས་རྣམ་པར་གཙེས་པ་མེད་པ། དགེ་བའི་བཤེས་གཉེན་ལ་བརྟེན་པའི་བདེ་བ་དང་ལྡན་པ། བས་མཐའི་གནས་མལ་དང་ལྡན་བ། དེ་ལྟ་བུའི་བཅོམ་ལྡན་འདས་ཀྱི་དགེ་སློང་རྣམས་ཀྱིས་བདེ་བ་འཕེལ་བར་བྱེད་པ་ཡིན་ཏེ། དགེ་སློང་དག་ཇི་ཙམ་ན་དགོན་པ་དང༌། ནགས་འདབ་དང༌། བས་མཐའི་གནས་མལ་ལ་ལེགས་པར་སྤྱོད་པར་གྱུར་པ་ནི་དགེ་སློང་ངམ། དགེ་སློང་མ་མངོན་པར་འདོད་པའི་དགེ་བ་འཕེལ་བར་འགྱུར་གྱི་ཉམས་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེར་གནས་ནས་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་ནི་རང་གི་ཕའི་སྤྱོད་ཡུལ་དང༌། ཡུལ་ཡིན་ནོ་སྙམ་ནས་ཆོ་ག་དང་སྤྱོད་ཡུལ་དེ་དག་ཕུན་སུམ་ཚོགས་པ་དང་ལྡན་བ་ནི་ཆོག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ནོ། །མི་དགེ་བའི་སེམས་བསྐྱེད་པ་ཙམ་ལ་ཡང་འཇིགས་པར་ལྟ་ཞིང་སྤོངས་པ་ཞེས་བྱ་བ་ནི་འདི་དག་ཕྲ་རབ་ཙམ་ལ་སྦྲང་བར་བྱ་བ་ཕྲ་མོ་ཙམ་དེ་དག་ཀྱང་སྤང་བར་འོས་པ་ཡིན་ཞིང་དམ་པ་རྣམས་ཀྱིས་སྨད་པའི་ཉེས་བྱས་ཕྲ་མོ་ཙམ་དེ་ཡང་ཡང་དག་པར་སྡོམ་པའམ། མི་


DTG173_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་སེམས་བསྐྱེད་པ་ཙམ་ལ་ཡང་འཇིགས་པར་ལྟ་ཞིང་འཇིགས་པར་ལྟ་བའི་ངང་ཚུལ་ཅན་ཏེ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པའི་བྱ་བའི་ལུང་ལས། སྡིག་པ་ཆུང་དུའང་འདི་དང་ནི། །ཕྲད་མི་འགྱུར་ཞེས་བསམ་མི་བྱ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ལུས་ཀྱི་ལས་ཀྱི་མཐའ་དང༌། ངག་གི་ལས་ཀྱི་མཐའ་ཡོངས་སུ་དག་པ་ཞེས་བྱ་བ་ནི་ལས་རྣམ་པ་གསུམ་པོ་ཁ་ན་མ་ཐོ་བ་མེད་པ་སོ་སོར་ཐར་པའི་སྡོམ་པའི་སྤོང་བ་གོམས་པའི་ངང་ཚུལ་དང༌། སྦྱོར་བ་ཅན་གྱི་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་ལྡན་པས་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་ཡིན་ནོ། །ཡིད་ཀྱི་ལས་ཡོངས་སུ་དག་པ་ནི་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ཡང་འཇིགས་པར་ལྟ་བས་སྡིག་པ་མི་དགེ་བ་དང༌། ལོག་པར་སྤྱོད་པ་དང༌། རྟོག་པ་ངན་པ་ཡིད་ལ་མི་བྱེད་པས་ཡིད་ཀྱི་ལས་ཡོངས་སུ་དག་པར་འགྱུར་བ་ཡིན་ནོ། །འཚོ་བ་ཡོངས་སུ་དག་པ་ཞེས་བྱ་བ་ནི་འདི་ལ་འཚོ་བ་རྣམ་པར་དག་པ་སྟེ། ལོག་པར་འཚོ་བ་ཡོངས་སུ་སྤངས་པ་ཡིན་པའི་ཕྱིར་ཡོངས་སུ་དག་པ་སྟེ། ཉེས་པ་དེས་ཀུན་ནས་མ་གོས་པའོ། །འཚོ་བ་ཞེས་བྱ་བ་ནི་འདི་ལ་བརྟེན་ཏེ་ཀུན་དུ་འཚོ་བས་འཚོ་བ་ཡིན་པའམ། ལེགས་པར་གནས་ཏེ་འཚོ་བ་ཡིན་པས་ན་འཚོ་བའོ། །ལོག་པར་འཚོ་བ་ནི་གསོ་བ་བྱེད་པ་དང༌། ལྟས་ལ་སོགས་ཤེས་པ་དང༌། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་སྔགས་ཀྱི་སྦྱོར་བ་དང༌། མཚན་མ་ལྟ་བ་དང༌། སྐར་རྩིས་དང༌། ལྟས་མཁན་དང༌། ཚུལ་འཚོས་ལ་སོགས་པས་འཚོ་བར་བྱེད་པ་ནི་ལོག་པར་འཚོ་བ་ཡིན་ཏེ། ལོག་པར་འཚོ་བའི་འགྲེལ་བ་ལས་ཇི་སྐད་བཤད་པ་ལྟ་བུའོ། །གཞན་དག་ནི་གང་མི་དགེ་བའི་ལས་ཀྱིས་འཚོ་བའམ། བཟོ་དང༌། མངག་གཞུག་དང༌། མེ་ཏོག་དང༌། འབྲས་བུ་དང༌། རྩ་བ་དང༌། འདབ་མ་དང༌། སོ་ཤིང་ལ་སོགས་པ་སྟེར་བའི་རྒྱུས་འཚོ་བ་འདི་ནི་ལོགས་པར་འཚོ་བ་ཡིན་ནོ་ཞེས་བཤད་དོ། །གཞན་དག་ནི་གང་འཚོ་བའི་དོན་དུ་ཉོན་མོངས་པ་དང་བཅས་པའི་སེམས་ཀྱིས་སྦྱོར་བར་བྱེད་ཅིང་དེས་འཚོ་བར་རྟོགས་པ་གང་ཡིན་པ་འདི་ནི་ལོག་པར་འཚོ་བ་ཞེས་བྱའོ། །གཞན་ཡང་རྙེད་པའི་དོན་དུ་ཉོ་ཚོང་བྱས་ནས་འཚོ་བར་བྱེད་པ་དང༌། ཆོས་འཆད་པས་འཚོ་


DTG173_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པ་དེ་ཡང་ལོག་པར་འཚོ་བ་ཡིན་ཏེ། དེ་དག་ནི་དུག་དང་འདྲ་བ་དང་དྲི་མ་དང་བཅས་པ་དང་འདྲ་བར་དེ་ཡོངས་སུ་སོང་ཞིང་ཉེས་པ་དེས་མ་གོས་པར་ཀུན་དུ་རྒྱུ་འཚོ་བ་གང་ཡིན་པ་དེ་ནི་འཚོ་བ་ཡོངས་སུ་དག་པ་ཡིན་ནོ། །དེ་ཡང་ཇི་ལྟ་བུར་འགྲུབ་པར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། ལུས་ཀྱི་རྨ་དཀྲི་བ་ལ་སོགས་པ། སྡུག་བསྔལ་བསལ་བའི་དོན་དུ་སྟེན་བྱེད་ཅིང༌། །རིག་པས་རྙེད་ལ་སེམས་ནི་ཆོ་ག་ཤེས་པ། །འཚོ་བ་མིན་པའི་ཉེས་པས་གནོད་མི་འགྱུར། །ཡང་རིགས་པ་ནི་བདག་ཉིད་སྣོད་དུ་རང་བར་བྱས་པ་དང༌། རྙེད་པའི་བསམ་བས་མ་བཅོམ་པ་དང༌། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མ་གོས་པ་དང༌། གཞན་དག་ལ་འདུད་ཅིང་གཅམ་གསག་གིས་བསྒྲུབ་པ་མ་ཡིན་པ་དང༌། བདག་ཉིད་ཀྱི་ཡོན་ཏན་ཡང་དག་པ་མ་ཡིན་པ་སྟོན་པར་བྱེད་པ་དང༌། ཡང་དག་པའི་ཡོན་ཏན་ཡང་སྦེད་པར་བྱེད་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་དང༌། སློང་མོས་སྤྱོད་པའི་འཚོ་བས་འཚོ་བསྒྲུབ་པ་ལ་སྤྱོད་པ་འདི་ནི་རིགས་པ་ཞེས་བྱའོ། །དེ་བཞིན་དུ་དེ་ལྟར་ཞུགས་པ་ལས་མ་རྙེད་དུ་ཟིན་ཀྱང་མ་རྙེད་པ་དེ་ལ་བདག་གི་འཚོ་བ་ནི་གཞན་ལ་རག་ལས་པ་ཡིན་པ་དང༌། གཞན་ལ་རེ་བ་མི་སྐྱེད་པ་དང༌། བདག་ལ་སྟོད་པར་མི་བྱེད་པ་དང༌། བཅོམ་ལྡན་འདས་ཀྱིས་ཀྱང་མ་རྙེད་པ་རྗེས་སུ་དྲན་པ་དང་ལས་བདག་གིར་བྱ་བའི་རྗེས་སུ་འབྲང་བ་དང༌། རྙེད་པའི་ཉེས་དམིགས་མཐོང་བས་ཀྱི་མའོ་རྙེད་པའི་སེམས་ལས་བདག་རིང་དུ་གྱུར་པ་ནི་ལེགས་སོ་སྙམ་ཏེ་དེ་ལ་ཡིད་གདུང་བར་མི་བྱེད་དོ། །དཀའ་ཐུབ་ནགས་ཚལ་གནས་ལ་རྙེད་བཀུར་ཏེ། །མཛའ་བའི་སྒོ་ནས་དགྲ་བོ་འོངས་པ་ཡིན། །ཟླ་བའི་ཟེར་གྱིས་པདྨ་ཇི་བཞིན་དུ། །ལེགས་པ་རབ་འཇོམས་བརྟུལ་ཞུགས་ལྷོད་པར་བྱེད། །ཡང་གལ་ཏེ་རིགས་པས་བཅས་པས་རབ་ཏུ་རྙེད་པར་གྱུར་ན་ཅུང་ཟད་རྙེད་པ་དེས་དགའ་ཞིང་དྲེགས་པར་མི་བྱེད་ཅིང་ལེན་པ་ན་ཡང་ཚོད་ཤེས་པ་ཡིན་ཏེ། ལྷག་མ་ཡོད་པ་ཙམ་དུ་ལེན་ལ་དྲེགས་པའི་ཉེས་པར་ལྟུང་བར་མི་བྱེད་ཅིང་ཆུང་དུ་ཞིག་བྱིན་པ་ལ་ཡང་སྦྱིན་པ་པོ་ལ་བརྙས་པར་མི་བྱེད་ལ་སྦྱིན་པ་པོ་ཡང་བྱམས་པའི་སེམས་ཉེ་བར་འཇོག་སྟེ། རེ་ཞིག་སྦྱིན་བདག་འདིའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྫོགས་པར་བྱ་བ་དང༌། འདིའི་སེར་སྣ་


DTG173_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྲག་དོག་གི་དྲི་མ་བསྲབས་པར་བྱས་པར་འགྱུར་བ་དང༌། འདིའི་དགེ་བའི་བྱ་བ་ལ་སྤྲོ་བར་ཁས་བླངས་པ་ལས་ཉམས་པར་མི་འགྱུར་བ་དང༌། གང་འདི་ལ་རྗེས་སུ་ཡི་རང་བའམ་གྲོགས་བྱེད་པ་དེ་དག་ཀྱང་དགེ་བ་ལ་སྦྱོར་བར་འགྱུར་བ་དང༌། གལ་ཏེ་འདི་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ན་འཇིག་རྟེན་ལ་ཕན་པར་ཞུགས་པ་དག་གི་གྲོགས་སུ་འགྱུར་རོ། །འོན་ཏེ་ཐར་པའི་ཚོགས་སམ་སྲིད་པའི་ཕུན་སུམ་ཚོགས་པ་ཡོངས་སུ་སྔོ་བར་བྱེད་ན་དེ་ལྟ་ན་ཡང་འདིའི་གྲོགས་བྱས་པར་གྱུར་བས་ཕན་བཏགས་པ་ཡིན་ནོ་སྙམ་དུ་རྣམ་པར་མ་བསམས་ནས་ཡོངས་སུ་ལེན་པར་བྱེད་དོ། །ཡོངས་སུ་བླངས་ནས་ཀྱང་སྦྱིན་པ་པོས་ཇི་ལྟར་ཡོངས་སུ་བསྔོས་པ་བཞིན་དུ་ཡོངས་སུ་ལོངས་སྤྱོད་པར་བྱེད་ཀྱི་གསོག་འཇོག་ཏུ་མི་བྱེད་ཅིང་བརླག་པར་ཡང་མི་བྱེད་དོ། །སྣོད་མ་ཡིན་པ་ལ་ཡང་སྦྱིན་པར་མི་བྱེད་དོ། །དེ་ལྟར་ཡོངས་སུ་ཚོལ་བ་དང༌། ལེན་པར་བྱེད་པ་དང༌། ཡོངས་སུ་ལོངས་སྤྱོད་པས་ཀུན་ནས་ཡོངས་སུ་དག་པར་བྱེད་པ་ནི་འཚོ་བ་ཡོངས་སུ་དག་པ་ཡིན་ནོ། །འཚོ་བ་སྒྲུབ་པ་ཡོངས་སུ་ཚོལ་བ་དང༌། ལེན་པ་དང་དེ་ནི་ཕན་པ་ལ་སྦྱོར་བ་དང༌། རིགས་པས་འཇུག་པ་དག་པས་མཛེས་པ་ནི། དམ་པས་འཚོ་བ་ཡོངས་སུ་དག་པར་བཤད། སྡོམ་པ་ཡང་དག་པར་བླངས་པའི་བསླབ་པའི་གཞི་ལ་སློབ་པ་ཞེས་བྱ་བ་ནི་ཡང་དག་པར་སླངས་ནས་སློབ་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་གནས་ལ་གནས་པ་ཡིན་ལ། དེ་ཡང་དེ་བཞིན་གཤེགས་པའི་བཀའ་ལ་གུས་པས་བསླབ་པའི་གཞི་དོན་ཡོད་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བ་དང༌། ཐམས་ཅད་དུ་ཕན་ཡོན་རྣམ་པ་བཅུ་ལས་དམ་པའི་ཆོས་ཀྱི་ཕུན་སུམ་ཚོགས་པ་བཅུ་བཅུ་ཞིང་ཕན་ཡོན་རེ་རེ་ལ་ཡང་དག་པར་བརྟགས་ཏེ་བསླབ་པ་འདོད་པ་ཉིད་དམ། ཁ་ན་མ་ཐོ་བ་ལ་འཇིགས་པ་ནི་ལྟུང་བ་ལྕི་བ་དང༌། ཡང་བར་རྟོག་པར་མི་བྱེད་ཅིང་སྦོམ་པོ་དང༌། ཕྲ་བ་རྣམས་སྡོམ་པར་བྱེད་པ་དང༌། བསླབ་པ་ལ་གུས་པ་འམ་དེ་ལ་བདེ་བར་འདུ་ཤེས་པས་ཡང་དག་པར་བླངས་པའི་བསླབ་པའི་གཞི་ལ་སློབ་པ་ཡིན་ནོ། །གང་ཞིག་བདེ་གཤེགས་བསྟན་པ་ལ། །བསླབ་གཞི་བཅས་པར་གྱུར་པ་ནི། །འདི་དག་བསྡམས་ལ་སྡུག་བསྔལ་ལ། །འདི་དག་ལྡོག་ལས་བདེ་བ་སྐྱེ། །སོ་སོར་ཐར་པའི་སྡོམ་པས་ལེགས་


DTG173_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས་ཤིང༌། །རང་གི་ཆོག་སྤྱོད་ཡུལ་ཕུན་སུམ་ཚོགས། །ཁ་ན་མ་ཐོ་ཆུང་ལའང་ཉེས་ཆེན་ལྟ། །ལུས་ངག་ཡིད་ཀྱི་སྦྱོར་བ་རྣམ་པར་དག །མ་སྨད་འཚོ་བ་འཚོ་བ་རྣམ་དག་ཡིན། །བསླབ་པའི་གཞི་ལ་སོགས་པས་སློབ་པར་དགའ། །བསླབ་པའི་གནས་སུ་གྱུར་པ་གང་ཅུང་ཟད། །མི་མཐུན་དེ་དེ་གསལ་བར་རྣམ་པར་སྤོང༌། །མདོ་ལས་ཚུལ་ཁྲིམས་ཀྱི་གགས་སུ་གྱུར་པ་ནི་མི་དགེ་བའི་བཤེས་གཉེན་ཡིན་པར་གསུངས་ལ། དེ་ནི་ཕུང་ཁྲོལ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། འདི་ལྟར་དད་པ་མེད་པ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། ལེ་ལོ་དང༌། ཤེས་རབ་འཆལ་པ་ཉིད་དང༌། དབང་པོའི་སྒོ་མ་བསྡམས་པ་ཉིད་དང༌། ལྟོ་འགེངས་པ་ཉིད་དང༌། ཟས་ཀྱི་ཚོད་མི་ཤེས་པ་ཉིད་དང༌། ནམ་གྱི་ཆ་སྟོད་དང༌། ནམ་གྱི་ཆ་སྨད་ལ་མི་ཉལ་བ་ལ་མངོན་པར་མི་བརྩོན་པ་དང༌། སྔོན་ཉམས་སུ་མྱོང་བའི་དགོང་པ་དང༌། སྨྲ་བ་དང༌། དགའ་ཞིང་རྩེ་བ་རྗེས་སུ་དྲན་པ་དང། དགེ་བའི་ཆོས་མངོན་པར་མི་བརྩོན་བ་དང༌། དགེ་སློང་རྒན་རབས་རྣམས་ལ་མ་གུས་ཤིང་བརྩེ་བར་མི་སེམས་པ་དང༌། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང༌། ཚིག་ངན་པར་སྨྲ་བ་དང༌། བཟོད་པ་མེད་པ་དང༌། ལས་དང་སྨྲ་དང་འདུ་འཛིན་ལ་མངོན་བར་དགའ་བ་དང། ཁྱིམ་པའི་སྐྱེ་བོ་དང་འདྲེ་བ་དང༌། བུད་མེད་ལ་ཡང་དང་ཡང་དུ་ལྟ་བ་དང༌། ཁྲོ་བ་དང་ཁོན་དུ་འཛིན་པ་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱང་ཚུལ་ཁྲིམས་ཀྱི་གགས་སུ་གྱུར་པ་ཡིན་ཏེ། ཚུལ་ཁྲིམས་ཀྱི་གགས་སུ་གྱུར་པ་ལ་གནས་པ་ནི་ཚུལ་ཁྲིམས་ཡོངས་སུ་མ་རྫོགས་པ་རྟོགས་པར་མི་འགྱུར་བའམ་ཡོངས་སུ་ཉམས་པ་འགྱུར། །དེ་བས་ན་ཚུལ་ཁྲིམས་ཡོངས་སུ་བསྲུང་བར་བྱ་བའི་ཕྱིར་དེའི་གཉེན་པོའི་ཕྱོགས་སུ་གྱུར་པ་དགེ་བའི་བཤེས་གཉེན་ལ་སོགས་པ་ལ་བརྟེན་པར་བྱའོ། །ཚུལ་ཁྲིམས་རྒྱུ་ནི་དབང་པོ་སྡོམ་པ་ཡིན་པར་བཤད། །ཕུན་སུམ་ཚོགས་དེས་ཚུལ་ཁྲིམས་དྲི་མེད་དང་ལྡན་འགྱུར། །དེ་བས་ཐོས་པའི་རང་བཞིན་ལྟ་ལ་ངེས་དམིགས་ཏེ། །རང་གི་དབང་པོའི་ཡུལ་ལ་འཕྱན་ལས་བསྲུང་བར་བྱ། །དེ་བས་ན་དེ་བསྲུང་བར་བྱ་སྟེ། སྡིག་པའི་རྒྱུར་གྱུར་པ་ཉིད་དང༌། དེ་ལ་མཚན་མར་འཛིན་པ་དང༌། དེའི་ཚུལ་དྲན་པ་དང༌།


DTG173_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྣམ་པ་ཡིད་ལ་བྱེད་པ་དང༌། རྗེས་སུ་རྟོག་པ་སྤང་བ་དང༌། ཡུལ་གྱི་ཉེས་དམིགས་མཐོང་བ་དང༌། ཉེས་དམིགས་མཐོང་བ་ནས་ཀྱང་དེ་ལ་ལུས་ཀྱིས་བརྒྱད་བསྲིངས་ལ་སྡུག་བ་ཡིད་ལ་བྱེད་པ་སྤང་བར་བྱ་ཞིང་ཡུལ་ལ་ཆགས་པའི་གཞི་ཤིང་དང་འབག་ལ་རེག་པ་སྙམ་བ་དང༌། གཟན་ལྟ་བུར་གྱུར་པའི་འཚོ་བ་རྐྱེན་རྣམས་ཟིལ་གྱིས་མནན་ལ་ཤིན་ཏུ་ཞེན་པ་ལས་བཟློག་པ་ཚུལ་བཞིན་ཡིད་ལ་བྱེད་པ་སྤོང་བ་དང༌། འཇིག་རྟེན་སྣ་ཚོགས་ལ་མངོན་པར་མ་ཆགས་པར་བྱའོ། །ཆོ་ག་གང་གིས་བྱ་ཞེ་ན། གཉེན་པོར་གྱུར་པ་ལ་ཡང་དག་པར་བརྟེན་པས་སྤང་བར་བྱ་ཞིང༌། སེམས་ཀུན་ནས་དྲན་པ་དང་ལྡན་བས་ཕྱོགས་ཀུན་དུ་རྣམ་པར་ལྟ་ཞིང་གཟུགས་ལ་སོགས་པ་ལ་རྣམ་པར་འཇུག་པ་ན་དེ་ལྟར་སྡིག་པ་མི་དགེ་བའི་ཆོས་ཀྱིས་དགེ་བའི་སེམས་གཏུགས་ནས་གནས་པར་འགྱུར་རོ་ཞེས་དྲན་པ་བརྟན་པོས་ཡང་དག་པར་སྲུང་བར་བྱེད་པ་ཡིན་ནོ། །བ་ལྟར་ནག་པོའི་ཕྱོགས་ལ་མངོན་པར་ཞེན་པའི་སེམས་ཡང་དག་པར་ཚར་གཅད་པ་དང༌། གཟུགས་སྡུག་པ་དང་བདེ་བ་ལ་ཚེར་མ་ལྟ་བུར་ལྟ་བ་དང༌། ཡུལ་རང་བཞིན་ཤེས་པར་བྱ་བ་དང༌། འདོད་པའི་ཉེས་དམིགས་ཚོལ་བ་དང༌། ངེས་པར་འབྱུང་བ་ལ་ལྷག་པར་མོས་པ་དང༌། ཏིང་ངེ་འཛིན་གྱི་རྒྱུ་མཚན་ལ་སེམས་དགའ་བ་དང༌། ཏིང་ངེ་འཛིན་གྱི་རྒྱུ་མཚན་ལ་སེམས་གཏོང་བ་དང༌། དགེ་བའི་ཆོས་ལ་འགྲུས་པར་བྱ་བ་དང༌། རྒྱུན་ཏུ་བྱ་བས་མངོན་བར་བརྩོན་བར་བྱ་བ་དང༌། དབང་པོ་ཡོངས་སུ་མ་བསྡམས་པའི་གང་ཟག་རྣམས་ཡོངས་སུ་སྤང་བ་དང༌། དབང་པོ་བསྡམས་པའི་གང་ཟག་རྣམས་ལ་བརྟེན་པ་དང༌། སྡོམ་པ་མ་ཡིན་པ་ལ་འཇིགས་པར་ལྟ་བས་སྤང་བར་བྱའོ། །ལྕགས་ཀྱི་ཐུར་མ་རབ་ཏུ་ འབར next hit་ཡིས། །མིག་ལ་བྱུག་པར་གྱུར་པ་ཆེས་བླ་ཡི། །རང་གི་ངན་འགྲོའི་ལམ་ནི་སྩོལ་བྱེད་པ། །གཟུགས་ལ་ཆགས་དང་སྡང་བས་ལྟ་མི་བྱ། །ལྕགས་ཁུ་previous hit འབར་བས་རྣ་ next hit་བཀང་བླ་ཡི། །བག་མེད་ཆགས་དང་དྲེགས་པ་འཕེལ་བྱེད་པ། རྔོན་པའི་ཁོང་གླུ་དག་པས་ལྷག་པའི་སྒྲ། །ཉན་པ་བདག་ལ་ཕན་པས་ཐོས་མི་རུང༌། །སྣ་ལ་བལྟས་ཏེ་སྤུ་གྲི་རྣོན་པོར་ནི། །བདར་བ་གཙངས་པའི་ནད་ནི་བྲང་བླ་ཡི། །བདག་ཉིད་སྡུག་བསྔལ་སྣ་ཚོགས་


DTG173_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བྱེད་པའི། །དྲི་ཆགས་དགྲ་previous hit ་རྣམ་པར་འཕེལ་མི་རུང༌། །མེ་ལྕེ་འབར next hit་བའི་མཚོན་ནི་རྣོན་པོ་ཡིས། །ལྕེ་ནི་མངོན་དུ་གཅད་པར་གྱུར་བླ་ཡི། །སྐྱེ་བའི་སྡུག་བསྔལ་ལམ་ནི་སྐྱེད་བྱེད་པ། །རོ་ལ་ཆགས་པའི་སྡིག་བྱེད་དེ་ལྟ་མིན། །མཁས་པས་རང་ལུས་དགྲ་སྟ་རྣོན་པོ་ཡིས། །རྣམ་པར་གཏུབས་པས་འཇིག་པར་གྱུར་བླ་ཡི། །རེག་པ་སྣ་ཚོགས་སྲེད་པས་གདུངས་གྱུར་པས། །ཡུན་རིངས་དམྱལ་བར་སྐྱེ་བར་འགྱུར་མི་རུང༌། །གང་ཕྱིར་ཅི་དགའ་སྤྱོད་ལས་ཡིད་མ་བསྲུངས། །སྡུག་བསྔལ་མཐའ་ཡས་བསྐྱེད་པའི་སྡིག་པ་སོགས། །དབང་པོ་ལྷག་མ་སྡོམ་པའང་ཡོད་མ་ཡིན། །དེ་ཕྱིར་མཁས་པས་དེ་ཉིད་བསྲུང་བའི་རིགས། །མཁས་པས་འདོད་ཆགས་ཉེས་ལ་མི་སྡུག་བསྟེན། །སྡང་ལ་བྱམས་དང་རྩེ་གོམས་ཡོན་ཏན་གྱིས། །རྨོངས་ལ་མི་རྟག་འདུ་ཤེས་འཆི་བ་ནི། །རྗེས་སུ་དྲན་དང་བག་ཡོད་བསྟེན་པས་བསྲུངས། །དེ་ལྟར་སྡོམ་པ་མ་ཡིན་པ་ལས་འཇིགས་པ་མཐོང་ནས་དབང་པོ་བསྡམ་པའི་ཕྱིར་འབད་པ་དང་བཅས་པར་གྱུར་པ་དང༌། སྲེད་པ་སྐྱེ་བའི་དངོས་པོ་ཡིན་པས་ཡོངས་སུ་ལོངས་སྤྱོད་པའི་རྐྱེན་ལ་བག་ཡོད་པ་ཉིད་དུ་བྱའོ། །གཞན་གྱི་ཁ་ཟས་དང་རྙོང་དང་ཤིང་གི་གཟུགས་བརྙན་དང་མཆིལ་པ་ལྟར་འཚོ་བའི་རྐྱེན་གྱི་ཡོ་བྱད་རྣམས་ནི་འཇིགས་པ་བསྐྱེད་པ་ཡིན་ནོ། །དེ་བས་ན་སོ་སོར་བརྟགས་པའི་སྟོབས་ཀྱིས་ཚུལ་བཞིན་དུ་ཡོངས་སུ་བརྟགས་ཏེ་ལོངས་སྤྱད་པར་བྱ་ཞིང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཀུན་ནས་ལྡང་བ་དང་བྲལ་ཞིང་ལྷག་པར་ཞེན་པ་དང༌། མདུད་པ་མེད་པ་དང༌། ལྷག་པར་མ་ཆགས་པ་དང། ཉེས་དམིགས་མཐོང་བ་དང༌། ངེས་པར་འབྱུང་བའི་ཤེས་རབ་དང་ལྡན་ཞིང་རྩེ་བའི་དོན་དུ་མ་ཡིན། རྒྱགས་པའི་དོན་དུ་མ་ཡིན། ཆ་རྒྱན་པའི་དོན་དུ་མ་ཡིན། ཁ་དོག་སྡུག་པར་བྱ་བའི་དོན་དུ་མ་ཡིན། བརྒྱན་པར་བྱ་བའི་ཕྱིར་མ་ཡིན་གྱི། གཞན་དུ་ན་དགོས་པའི་དབང་གིས་དེར་རེ་ཞིག་གོས་ལ་ལོངས་སྤྱོད་པ་ནི། སྦྲང་བུ་དང༌། ཤ་སྦྲང་དང༌། ཚ་བ་དང༌། གྲང་བ་དང༌། སྡིག་སྦྲུལ་གྱི་རེག་པ་ལས་བསྲུང་བར་བྱ་བའི་ཕྱིར། ངོ་ཚ་བས་གསང་བ་དགབ་པའི་ཕྱིར་མ་ཡིན། རབ་ཏུ་བྱུང་བའི་ཆ་ལུགས་དང་རྗེས་སུ་མཐུན་པར་བསོད་སྙོམས་ལ་ཡོངས་སུ་


DTG173_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་པར་བྱའོ། །ཇི་སྲིད་དུ་ལུས་འདི་གནས་ཤིང་འཚོ་བར་བྱ་བའི་ཕྱིར་སྲོག་བསྲུང་བ་ཤིང་རྟའི་མིག་བསྐུ་བ་དང་འདྲ་བར་ཤིན་ཏུ་མ་ཆགས་པར་རྨ་འི་ཚོར་བ་བསལ་བའི་དོན་དུ་བསྐུ་བ་དང་འདྲ་བར་བྲུ་བ་ཚ་བ་ཞི་བར་བྱ་བའི་དོན་དུ་རྗེས་སུ་ཆགས་པ་མེད་པར་སྲོག་བསྲུང་བའི་ཕྱིར་དང༌། ཚངས་པར་སྤྱོད་པ་ལ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དགོན་པ་ལས་ཐར་པའི་དོན་དུ་བུའི་ཤ་ཟ་བ་དང་འདྲ་བར་ཞེན་པ་མེད་པས་དེ་ལྟར་ཚོར་བ་རྙིང་པ་སོ་སོར་གཞོམ་པར་བྱ་བ་དང༌། ཚོར་བ་གསར་པ་མི་བསྐྱེད་པར་བྱའོ་ཞེས་ཟས་ལ་ཚོད་རིག་པ་ཉིད་དུ་སྨན་དང་འདྲ་བར་ཚད་ཡོད་པར་བྱས་ལ་ལུས་འདི་ཁ་ཟས་ཆད་ཙམ་བསྟན་པས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དང༌། འདི་ཉིད་ནད་ཡིན་པས་ཁ་ན་མ་ཐོ་བ་མེད་པ་དང༌། རྣལ་འབྱོར་ལ་རྗེས་སུ་མཐུན་པ་དང༌། ལུས་བདེ་བླག་ཏུ་རྗེས་སུ་གནས་པ་དང༌། སྲེད་པའི་ཞགས་པས་མ་བཅིངས་པའི་བདེ་བ་ལ་རེག་པར་གནས་པར་བྱ་ཞིང་ཚོད་ཟིན་པར་ཟོས་པས་མི་དགའ་བ་དང༌། སྐོམ་པ་དང༌། གླལ་བ་དང༌། ཟས་ཀྱིས་ལུས་ལྕི་བ་དང༌། གཉིད་དང་རྨུགས་པ་ཀུན་དུ་མི་སྤྱོད་པ་ཡིན་ཞིང་སྤྱོད་ལམ་ལ་ལེགས་པར་གནས་པ་དང༌། རྣལ་འབྱོར་ལ་ཕན་པ་ཉིད་ཀྱིས་བདེ་བ་ལ་རེག་པར་གནས་པར་བྱ་བའི་དོན་དུ་ཡིན་གྱི་རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་ཞེས་སྤང་བར་བྱ་བ་ལ་སོ་སོར་རྟོག་ཅིང་འདི་ལྟ་སྟེ། ལུས་འདི་གནས་པར་བྱ་བ་དང༌། འཚོ་བར་བྱ་བ་དང༌། བཀྲིས་པ་བསལ་བར་བྱ་བ་དང༌། ཚངས་པར་སྤྱོད་པ་ལ་ཕན་པར་བྱ་བའི་ཕྱིར་ཡིན་ནོ་ཞེས་བྱ་བ་ལ་སོ་སོར་རྟོག་ཅིང་ཚོར་བ་རྙིང་པ་རྣམས་སྤང་བར་བྱ་བ་དང༌། གསར་པ་རྣམས་མི་སྐྱེད་པའི་ཕྱིར་རོ་སྙམ་དུ་སེམས་ཤིང་དེ་ལྟར་ཚད་ཙམ་ཟ་བ་སོ་སོར་རྟོག་ཅིང་ཁ་ན་མ་ཐོ་བ་མེད་པར་འཚོ་བས་འཚོ་བ་དང༌། བདེ་བ་ལ་རེག་པར་གནས་པ་ཡིན་ནོ་ཞེས་ཚད་ཙམ་ཟ་བ་ལ་སོ་སོར་བརྟག་པར་བྱའོ། །སྤང་བར་བྱ་བ་ལ་སོ་སོར་བརྟག་ཅིང་འདོད་པའི་བདེ་བ་ལ་མ་ཞེན་པས་དེ་ལ་རྟེན་པར་མི་བྱེད་ཀྱི་བཀྲེས་པ་བསལ་བར་བྱ་བ་དང༌། ཚོར་བ་རྙེད་པ་རྣམས་སྤང་བར་བྱ་བའི་ཕྱིར་འཇུག་པ་དང༌། གསར་པ་རྣམས་མི་


DTG173_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བར་བྱ་བའི་ཕྱིར་བདག་ཉིད་དང་ཞིང་དུབ་བ་ལ་མི་རྟེན་པ་ཡིན་ལ་ཚིག་ལྷག་མ་རྣམས་ཀྱིས་ནི་གོ་འཕང་བར་མ་དང༌། རྗེས་སུ་མཐུན་པ་ཡིན་ནོ། །དེ་ལྟར་ན་མལ་སྟན་ལ་ཡང་ཚུལ་བཞིན་ཡིད་ལ་བྱེད་བས་སོ་སོར་བརྟགས་ཏེ་ཡོངས་སུ་ལོངས་སྤྱད་པར་བྱ་སྟེ། འདི་ལྟར་མལ་སྟན་རྣམས་ལ་ཡང་ཚུལ་བཞིན་མ་ཡིན་པའི་ཡིད་ཀྱིས་སོ་སོར་བརྟགས་ལ་ཡོངས་སུ་ལོངས་སྤྱད་པར་བྱ་སྟེ། ཅི་ནས་འདི་ལྟར་སྦྲང་བུ་དང༌། རླུང་དང༌། ཚ་བ་དང༌། སྡིག་སྦྲུལ་དང༌། ཆར་དང༌། བ་མོའི་རེག་པ་བསལ་བར་བྱ་བའི་ཕྱིར་མངོན་དུ་གནོད་པ་ཕྱུང་བ་བསལ་བར་བྱ་བའི་ཕྱིར་དང༌། ནང་དུ་ཡང་དག་འཇོག་དང༌། རྗེས་སུ་མཐུན་པར་བྱ་བ་དང༌། སྒྲ་ལ་སོགས་པའི་གཡེང་བ་ཆུང་བར་བྱ་བའི་ཕྱིར་ལོངས་སྤྱད་པར་བྱའོ། །ནད་ཀྱི་རྐྱེན་སྨན་ནི་ཇི་སྲིད་གནོད་པ་སྐྱེད་པར་བྱེད་པའི་ཚོར་བ་རྣམས་བསལ་བར་བྱ་བའི་ཕྱིར་དང༌། བདེ་བ་དམ་པ་ཐོབ་པར་བྱ་བའི་ཕྱིར་ལུས་ཉེས་དམིགས་མང་པོ་དང་ལྡན་པར་ཡིད་ལ་བྱ་སྟེ་སྤྱད་པར་བྱའོ། །དེ་ལྟར་སྲོག་བསྒྲུབ་པ་ལ་དགོས་པ་དག །སོ་སོར་རྟོག་པའི་སྟོབས་ཀྱིས་འཇུག་པ་ན་ཅི་ནས་ཉེས་པ་སྔོན་དུ་མི་འབྱུང་ཞིང༌། འདིའི་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར། །ཡང་སོ་སོར་རྟོག་པའི་དུས་གང་ཞིག་ཡིན་ཞེ་ན། བརྗོད་པར་བྱ་སྟེ། བསོད་སྙོམས་དང་ནད་ཀྱི་རྐྱེན་སྨན་ལེན་པའི་དུས་ཉིད་ན་འམ། ཁམས་དང་པོ་དང༌། ཆོས་གོས་དང༌། མལ་སྟན་དང་པོར་རྙེད་པའི་དུས་སུའོ། །གཞན་དག་ནི་ལོངས་སྤྱོད་པ་ཡོངས་སུ་ལོངས་སྤྱོད་པའི་དུས་སུ་བྱའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ཉིན་རེ་ཞིང་དུས་གཅིག་གི་ཚེ་ན་བྱའོ་ཞེས་འདོད་དོ། །ལ་ལ་ནི་ཉིན་རེ་ཞིང་དུས་གཅིག་གི་ཚེ་བདག་ཉིད་ནི་རྐྱེན་གྱིས་འཚོའོ་ཞེས་སོ་སོར་རྟོག་པན་ཐམས་ཅད་སོ་སོར་བརྟགས་པར་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །ཡོ་བྱད་བཞི་པོ་དེ་དག་ཀྱང་གང་ཟག་གི་དབྱེ་བས་ལོངས་སྤྱོད་རྣམ་པ་ལྟར་གྱུར་ཏེ། ཚུལ་ཁྲིམས་འཆལ་བ་རྣམས་ཀྱི་ནི་རྐུ་བས་ལོངས་སྤྱོད་པའོ། །ཚུལ་ཁྲིམས་དང་ལྡན་པ་ཡིན་ཞིང་ཡིད་ལ་བྱེད་པ་ལ་མངོན་བར་མི་བརྩོན་པ་རྣམས་ཀྱི་ནི་ངོ་ཚ་བ་མེད་པར་ལོངས་སྤྱོད་པའོ། །ཚུལ་ཁྲིམས་དང་ལྡན་ཞིང་ལྷག་པའི་སེམས་ལ་མངོན་པར་བརྩོན་པ་རྣམས་ཀྱི་ནི་རྗེས་སུ་གནང་བ་ལ་ལོངས་


DTG173_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའོ། །སློབ་མ་རྣམས་ཀྱི་ནི་སྐལ་བ་ལ་ལོངས་སྤྱོད་པའོ། །དགྲ་བཅོམ་པ་རྣམས་ཀྱི་ནི་དབང་ཕྱུག་ལ་ལོངས་སྤྱོད་པ་ཡིན་ནོ། །དེ་ལ་འཚོ་བ་རྣམ་པར་དག་པ་ནི་སོ་སོར་ཐར་པའི་སྡོམ་བའི་འཁོར་ཡིན་ཏེ། ཉོན་མོངས་པས་འཚོ་བའི་ཐབས་ཀྱི་རྩོལ་བ་ལས་ལྡོག་པ་ནི་ལུས་དང་ངག་གི་སྡོམ་པ་སླ་བ་ཡིན་ནོ། །དབང་པོ་སྡོམ་པ་ནི་གཉི་གའི་ཡིན་ཏེ། སེམས་བསྲུངས་ནས་ལུས་དང་ངག་གི་ལས་བསྲུངས་པ་ཉིད་དུ་འགྱུར་རོ། །ཁ་ནམ་ཐོ་བའི་ཡོ་བྱད་ནི་དབང་པོ་སྡོམ་པའི་འཁོར་ཡིན་ཏེ། ཉོན་མོངས་པའི་དངོས་པོའི་རྐྱེན་རྣམས་ལ་རིག་པས་ཚད་ཙམ་དུ་སོ་སོར་བརྟགས་ཏེ་རྗེས་སུ་སྐྱོང་བ་ཡིན་པའི་ཕྱིར་རོ། །སོ་སོར་ཐར་པའི་སྡོམ་པ་ཡང་དད་པའི་སྟོབས་ཏེ་ཡོངས་སུ་རྫོགས་པར་བྱ་སྟེ། དེ་ནི་དེ་དང་བྲལ་བར་གྱུར་ན་བསམས་བཞིན་དུ་བསླབ་པ་ལས་འདའ་བས་ཉོན་མོངས་པར་འགྱུར་རོ། །དེ་ཡང་མདོ་ལས་དགེ་སློང་དག་ཇི་ཙམ་དུ་དགེ་བའི་ཆོས་རྣམས་ལ་དད་པ་ཉེ་བར་གྱུར་པ་དེ་སྲིད་སོ་སོར་ཐར་པའི་སྡོམ་པ་དང༌། འཚོ་བ་ཡོངས་སུ་དག་པ་དང༌། བརྩོན་པའི་སྟོབས་ལ་སྟོན་པར་འགྱུར་བ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ཡང་ལེ་ལོ་ཅན་དང་མི་མཐུན་པ་ཚོལ་བ་ལ་ཞུགས་པས་ཉོན་མོངས་པར་འགྱུར་རོ། །དབང་པོ་སྡོམ་པའི་ནི་ཁྲེལ་ཡོད་པ་དང༌། དྲན་པའི་སྟོབས་ལ་གནས་པས་ཡོངས་སུ་རྫོགས་པར་བྱའོ། །དེ་ཡང་དེ་དང་བྲལ་ན་སྐྱེ་མཆེད་གང་ཡང་རུང་བའི་ཉོན་མོངས་པས་དྲི་མ་ཅན་དུ་འགྱུར་རོ། །རྐྱེན་གྱི་ཡོ་བྱད་ལོངས་སྤྱོད་པ་ཡང་ཤེས་རབ་ཀྱི་སྟོབས་ལ་གནས་པས་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་ཡང་ཡང་དག་པར་སོ་སོར་རྟོག་པ་ལ་ཞུགས་པ་རྣམས་ཀྱི་ནི་རྣམ་པར་བྱང་བར་འགྱུར་བ་ཡིན་ནོ། །དེ་བས་བློ་ལྡན་བསླབ་པའི་སྟོབས་གནས་པ། །ཚུལ་ཁྲིམས་རྣམ་པར་དག་པ་ཉིད་དུ་འགྱུར། །དེ་རྣམས་དག་པས་ཡིད་ཀྱི་སྡུག་བསྔལ་ནི། །ཞི་བར་བྱེད་པའི་ཏིང་འཛིན་མ་ལུས་འདྲེན། །ཚུལ་ཁྲིམས་འཆལ་ལས་ཉེས་མང་འབྱུང་འགྱུར་བར། །ཡང་དག་བསམས་ལ་ཚུལ་ཁྲིམས་མ་བརྟེན་པར། །གནས་པའི་ཆོ་ག་ལ་ནི་འབད་བྱ་སྟེ། །ཚུལ་ཁྲིམས་ལས་བྱུང་ཡོན་ཏན་མང་པོ་མཐོང༌། །དེ་ལ་ཚུལ་ཁྲིམས་འཆལ་previous hit ་ལ་ནི་འགྱོད་པའི་མེ་རྣམ་པར་


DTG173_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

འབར next hit་པར་འགྱུར་ལ། འགྱོད་པ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་མྱ་ངན་དང་ཞུམ་པའི་དྲི་མས་སྦགས་པའི་འབྱུང་གནས་ཡིན་ཞིང༌། ངན་འགྲོའི་ལས་གཉིས་མེད་པ་ཡིན་པ་དང༌། སྨན་པར་བྱ་བའི་དངོས་པོ་དང༌། གྲགས་པ་མ་ཡིན་བའི་སྐྱེ་གནས་དང༌། འཚེ་བ་རྣམས་ཀྱི་གཞི་དང༌། ལེགས་པར་སྤྱོད་པ་རྣམས་ཀྱི་སྒྲིབ་པ་དང༌། སྐྱེ་བོ་ངན་པ་དང་འདྲེས་པའི་འོབས་དང༌། ཡོན་ཏན་བརྗེད་པ་དང༌། སེམས་སུན་འབྱིན་པར་བྱེད་པ་དང༌། ཡོན་ཏན་གྱི་ཕྱོགས་འཛིན་པའི་དེའི་བླ་མ་དང༌། སློབ་མ་དང༌། གྲོགས་རྣམས་ཀྱི་ངོ་ཚ་བའི་གཞི་དང༌། སྡུག་བསྔལ་བརྒྱ་སྟོང་དཔག་ཏུ་མེད་པའི་གཞིར་གྱུར་པ་དང༌། དེ་ཡོངས་སུ་འཛིན་པའི་གང་ཟག་ཆོས་ཀྱི་མདངས་ཉམས་པར་བྱེད་པ་དང༌། སོ་མ་བཏང་བའི་ཆུ་སྣོད་ལྟར་ཡོན་ཏན་རིན་པོ་ཆེའི་སྣོད་མ་ཡིན་པར་འགྱུར་བ་ཡིན་ནོ། །ཉེས་པ་རྣམས་ཀྱི་སྣོད་དུ་འགྱུར་བ་དང༌། ཕོངས་པ་རྣམས་ཀྱི་དབེན་ཉིད་དང༌། དམ་པ་མ་ཡིན་པའི་ཕྱོགས་སུ་གྱུར་པ་དང༌། དམ་པ་རྣམས་ཀྱིས་བགྲོད་པར་བྱ་བ་མ་ཡིན་པ་དང༌། སྡིག་པའི་དྲི་མ་ཅན་གྱི་ལས་བྱེད་པ་རྣམས་དང༌། སྐལ་བ་མཉམ་བ་དང༌། ཡོངས་སུ་དག་པའི་ལས་ཅན་གྱི་སྐྱེས་བུ་དམ་པ་དང༌། སྐལ་བ་མི་འདྲ་བ་ཡིན། ཁྱད་པར་རྟོགས་པ་ཡིན། སྐལ་བ་མེད་པ་ཡིན། དགེ་སྦྱོང་གི་འབྲས་བུ་ཐོབ་པའི་རེ་བ་མེད་པ་ཡིན་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོབ་དང་བཅས་པ་ཡིན་པའི་ཕྱིར་རོ། །གོས་ནག་ནོག་ཅན་དང་འདྲ་བར་མདོག་མི་སྡུག་པ་ཡིན་ཏེ། དེ་ཉེས་པར་སྤྱད་པའི་རྗེས་སུ་བྱེད་པ་ལ་བརྟེན་བ་རྣམས་ཡུན་རིང་པོར་སྡུག་བསྔལ་བ་ཐོབ་པར་འགྱུར་བའི་ཕྱིར་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་པ་ཡིན་ནོ། །སྦྱིན་གནས་རྣམས་ལས་འབྲས་བུ་ཆུང་དུན་དུ་བྱེད་པ་ཉིད་ཀྱིས་རིན་ཐང་ཆུང་བ་ཡིན་ནོ། །མི་གཙང་བར་བྱེད་པའི་ཆོས་དང་ལྡན་པས་ན་དུར་ཁྲོད་ཀྱི་གནས་ལྟར་མི་གཙང་བ་ཡིན། སྙན་པ་མ་ཡིན་པའི་དྲིས་ཀུན་ཏུ་ཁྱབ་པས་ན་དེ་དང་འདྲ་བ་ཡིན། ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་སྤང་བར་བྱ་བ་ཡིན་པས་ན་དེ་དང་འདྲ་བར་སྤང་བར་བྱ་བ་ཡིན། གང་ཟག་སྐལ་བ་མཉམ་པ་རྣམས་དང་གཅིག་ཏུ་གནས་པར་རུང་བས་ན་དེ་དང་འདྲ་བར་སྐྱེས་བུ་སྦྲུལ་ལྟ་བུ་


DTG173_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་ཆོས་ཉིད་བལྟ་བར་བྱ་བ་མ་ཡིན་པའི་ཕྱིར་དུར་ཁྲོད་ཀྱི་གནས་ལྟར་སྐྱེ་བའི་ཚོགས་ཆེན་པོས་ཆོ་ངེས་འདེབས་པར་བྱ་བ་ཡིན། དུད་འགྲོ་འདྲ་བར་མནོག་ཆུང་ཞིང་ནག་ནོག་དང་བཅས་པའི་བུད་མེད་དང༌། རེག་པས་མེའི་ཕུང་པོར་རིང་པོར་མི་ཐོགས་པར་འཇུག་པའི་རྒྱུར་གྱུར་ཅིང་གནས་མལ་previous hit འབར next hit་ལ་གནས་ཤིང་འཁྱུད་པ་དང༌། ཡི་དགས་ཀྱི་སྡུག་བསྔལ་དུ་འཇུག་པར་འགྱུར་བ་ཡིན། །སྐྲའི་ཐག་པས་བྱིན་པར་བསྲུང་ཞིང་མདུང་ཐུང་previous hit འབར next hit་སྙིང་གར་དྲག་ཏུ་ཡང་དག་ཡང་དུ་བསྣུན་པས་སྡུག་བསྡུལ་ཚ་ཞིང་རྣོ་བ་ཡིན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོའི་སྐྱེ་བོའི་དམོད་པ་ཉེ་བར་གནས་པས་ཉིན་རེ་ཞིང་ཉེ་བར་གཙེས་པ་ཡིན། ལྕགས་ཀྱི་ལེབ་མ་འབར་བས་བསྲེག་པས་ཤིན་ཏུ་སྡུག་བསྔལ་བའི་ཆོས་གོས་གྱོན་པ་ཉིད་ཡིན། ལྕགས་ཀྱི་ཐུ་ལུམ་ཤིན་ཏུ་འབར་པའི་ཟས་ཟ་བས་ཤིན་ཏུ་ཚ་བར་རྣམ་པར་སྨིན་པའི་བསོད་ནམས་ལ་སྤྱོད་པ་ཡིན། ལྕགས་ཀྱི་བུམ་པ་ཤིན་ཏུ་འབར་བའི་ནང་དུ་གནས་པའི་སྡུག་བསྔལ་མི་བཟད་པར་རྣམ་པར་སྨིན་པའི་མལ་སྙན་ལ་ཡོངས་སུ་ལོངས་སྤྱོད་པས་ཉིན་རེ་ཞིང་རྣམ་པར་བཅོམ་པ་ཡིན་པས་སྐྱེས་བུ་དམ་པ་རྣམས་ཀྱིས་མཆོག་ཏུ་སྙིང་རྗེ་བར་བྱ་བའི་དངོས་པོར་གྱུར་བ་ཡིན། རོ་བསྲེགས་པའི་མགལ་དུམ་ལྟར་དགོས་པ་མེད་ཅིང་གཉི་གའི་དོན་ལས་ཉམས་པ་ཡིན། སྐྱེ་བོ་དམ་པ་འདུས་པའི་ནང་དུ་འཇིགས་པ་དང་བཅས་ཤིང༌། འཇིག་རྟེན་གྱིས་ཡིད་བརྟན་དུ་མི་རུང་བ་ཡིན། རྗེས་སུ་བརྟན་པར་མི་ནུས་པ་ཡིན། ལྷ་རྣམས་ཀྱི་ཡང་ཡིད་དུ་མི་འོང་བ་ཡིན། ཚུལ་ཁྲིམས་ཉམས་པའི་གཏམ་ཐོས་ནས་སྡུག་བསྔལ་བར་འགྱུར་བ་ཡིན། ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་གཏམ་ཐོས་ནས་རྗེས་སུ་འགྱོད་པར་གྱུར་པ་ཡིན། འདི་ཐོས་པ་དང་སྤོབས་པ་ལ་སོགས་པའི་ཡོན་ཏན་གཟུང་བར་འོས་པར་མི་འགྱུར་ཏེ། དུར་ཁྲོད་ཀྱི་མེ་དང་འདྲ་བ་ཡིན། དེ་རྨོངས་བཞིན་འཆེ་བའི་དུས་བྱེད་པར་འགྱུར་ཞིང་ཤི་བའི་འོག་ཏུ་ཡང་དམྱལ་བ་དང་ཡི་དགས་ཀྱི་སྐྱེ་བ་ལེན་པར་འགྱུར་བ་ཡིན། ལོ་གྲངས་བརྒྱ་ཕྲག་མང་པོ་ཤིན་ཏུ་འདས་པ་ན་དེ་ལས་ཐར་ན་ཡང་དེའི་རྣམ་པར་སྨིན་པའི་ལྷག་མ་ལུས་པས་འདི་ན་ཚེ་ཐུང་བ་ཉིད་ཡིན། ལོངས་སྤྱོད་ཆུང་བ་ཡིན།


DTG173_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

འགྲན་ཟླ་དང་བཅས་པ་གནས་པས་ཟིལ་གྱིས་གནོན་པ་ཡིན། སྐུར་བ་མང་བ་ཡིན། ཡིད་དུ་མི་འོང་བའི་སྒྲ་ཐོས་པར་གྱུར་པ་ཡིན། མཛའ་བོ་དང་ཉེ་དུས་ཕོངས་པར་འགྱུར་བ་ཡིན། འཁོར་མི་འདུམ་བ་ཉིད་ཡིན། ཚིག་གཟུང་བར་མི་འོས་པ་ཡིན། ཚུལ་ཁྲིམས་དང་ལྟ་པས་ཕོངས་པའི་རྣམ་པར་སྨིན་པ་སྡུག་བསྔལ་ལེན་པ་ཡིན་ནོ། །ཚུལ་ཁྲིམས་འཆལ་པས་བསོད་ནམས་ཆུང་ངུ་སོགས། །རྣམ་སྨིན་དེ་ཡང་མཐར་ནི་གཏུགས་པར་འགྱུར། །རིགས་ནི་དམའ་པར་སྐྱེ་བ་འཐོབ་འགྱུར་ཞིང༌། །དེ་རྟོགས་སྡུག་བསྔལ་མང་པོའང་ཉམས་མྱོང་འགྱུར། །ལས་ནི་ངན་པས་དེ་རུ་འཕངས་ནས་ནི། །དམན་པའི་རིགས་སུ་གྱུར་པའི་ལས་དེ་ཡིས། །ཚུལ་ཁྲིམས་མ་བསླབས་དམ་པ་མིན་ལ་འཇུག །དམྱལ་བའི་མེ་ནི་མཐའ་མེད་པར་ལྟུང་འགྱུར། །ཚུལ་ཁྲིམས་བརྟན་པར་གནས་པ་བསྐྱེད་པར་བྱ་བའི་ཕྱིར་དེ་ལ་སོགས་པ་ཚུལ་ཁྲིམས་འཆལ་བའི་ཉེས་པ་ཡང་དག་པར་བསམ་པར་བྱའོ། །ཚུལ་ཁྲིམས་གནས་པའི་ཡོན་ཏན་ནི་དེ་ལས་གོ་བཟློག་པ་ཡིན་པར་ཡོངས་སུ་བརྟག་པར་བྱའོ། །ཚུལ་ཁྲིམས་ཡང་དག་བསྲུང་བར་གྱུར་ན་ནི། །འགྱོད་པའི་མེ་ནི་ཞི་བར་འགྱུར་བ་ཡིན། །དགའ་དང་རབ་གུས་སད་པར་བྱེད་པའི་རྒྱུས། །ལུས་དང་ངག་གི་དགེ་བ་སྐྱེད་པར་བྱེད། །ཐར་པའི་གྲོང་དུ་འཇུག་པའི་ལམ་ཉིད་དང༌། །མི་དང་ལྷ་དབང་གྲུབ་ལམ་གཉིས་པ་མེད། །གྲགས་དང་སྙན་དང་བདེ་བ་སྐྱེད་པའི་རྒྱུས། །ཚེ་དང་སྨད་པས་ཚུགས་པ་མེད་པ་ཡིན། །བླ་མ་སློབ་མ་མཛའ་བཤེས་ངོ་མི་འགྱུར། །མ་སྨད་བདེ་བའི་སྒོར་ནི་གྱུར་པ་ཡིན། །སྐྱེ་བོ་དམ་པ་དང་འདྲེ་འདྲེན་པར་བྱེད། །ཡོན་ཏན་སྐྱེད་པའི་ཆོ་གར་གྱུར་པ་ཡིན། །འདི་དང་ལྡན་ན་མཁས་པའི་ཡོན་ཏན་ནི། །ཆེན་པོ་རྣམས་ཀྱི་སྣོད་དུ་གྱུར་པ་ཡིན། །ཚུལ་ཁྲིམས་འཆལ་བའི་ཕོངས་པ་ཅི་ཡོད་པ། །ཉེས་པ་དེ་དང་དེ་ནི་རྣམ་པར་སྤོང༌། །དམ་པའི་ཆོས་ཀྱིས་བགྲང་བར་འགྱུར་བ་དང༌། །ཡོན་ཏན་ལ་དགའ་བར་ཡང་གོ་བར་བྱེད། །ཁྱད་པར་རྟོགས་པའི་སྐལ་བར་ལྡན་པ་དང༌། །བདག་ཉིད་ཡོན་ཏན་དག་གིས་བསྔགས་འོས་འགྱུར། །སྐྱེ་བོ་དམ་པ་རྣམས་དང་སྐལ་མཉམ་གྱི། །རང་གི་ཡོན་ཏན་རྒྱ་ཆེན་དམན་དང་ན། །


DTG173_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་འཆལ་བའི་ཉེས་པས་མི་གོས་ཤིང༌། །དེ་ལས་བྱུང་བའི་སྡུག་བསྔལ་ཐོབ་མི་འགྱུར། །མི་ཡི་བདག་པོ་སུམ་ཅུ་རྩ་གསུམ་བདག །གལ་ཏེ་འདོད་ན་སྲིད་པ་ཟད་པ་ཉིད། །ཚུལ་ཁྲིམས་རྣམ་དག་དེས་ནི་ཐོབ་འགྱུར་ལ། །སྨོན་ལམ་གྲུབ་པའི་རྩ་བ་འང་ཚུལ་ཁྲིམས་ཡིན། །དེ་ལྟར་ཚུལ་ཁྲིམས་དང་ལྡན་པ་དང༌། ཚུལ་ཁྲིམས་འཆལ་བ་འདིའི་ཡོན་ཏན་དང་སྐྱོན་ཡང་དག་པ་བལྟས་ལ། ཚུལ་ཁྲིམས་འཆལ་པ་ལས། སེམས་ཤིན་ཏུ་འཁུམས་ཤིང་དེ་ལ་འཇུག་པར་མི་འགྱུར་གྱི། ཚུལ་ཁྲིམས་ལ་ཡང་སེམས་ཀྱི་སྤྲོ་བ་འཕེལ་བ་དང༌། དགའ་ཞིང་མང་དུ་གཅེས་པར་བྱེད་དེ་དེ་ལ་དགའ་ཞིང་གཅེས་པར་སེམས་པ་མངོན་པར་འཕེལ་ཞིང་གུས་པས་སྲུང་བར་བྱེད་དོ། །ཡིད་བཞིན་ནོར་ལྟར་བསམ་པའི་དབང་གིས་དོན་སྟེར་ཅིང༌། །རིགས་པ་ལྟ་བུར་མངོན་པར་འདོད་པའི་རྫས་སྒྲུབ་བྱེད། །དབུལ་པོས་ལྷ་ལས་བུམ་པ་བཟང་པོ་རྙེད་འདྲ་ཞིང༌། །བསྔགས་འོས་རང་ལུས་མི་གཅིག་ལྟ་བུར་བསྲུང་བྱ་ཡིན། །ནུས་ཤིང་ཕན་ལ་རྗེས་བརྩོན་མཐུན་པའི་གྲོགས་འདྲ་ཞིང༌། །ཤེས་ལྡན་ཡོན་ཏན་ལ་དགའ་སྡུག་པའི་བུ་གཅིག་མཚུངས། །ཁྱིམ་དུ་གཏེར་ནི་རྒྱ་ཆེན་བྱུང་བ་དང་མཚུངས་ཤིང༌། ནད་དང་རྒ་པའི་སྡུག་བསྔལ་དང་བྲལ་སྲོག་དང་མཚུངས། །གྲོང་ཁྱེར་མི་དབང་ལྟ་བུར་ཡོན་ཏན་ཕུན་སུམ་ཚོགས། །ནང་གཤིན་འབྲུ་ནི་ཕུན་སུམ་ཚོགས་པའི་ཞིང་ས་འདྲ། །ནད་རྣམས་མ་ལུས་སེལ་བའི་སྨན་གྱི་མཆོག་འདྲ་སྟེ། །ཚུལ་ཁྲིམས་དེ་ལས་ལྷག་པའི་གུས་པས་དེ་བསྲུང་བྱ། །ལེགས་པའི་ལམ་བསྟན་པ་ལས་ཚུལ་ཁྲིམས་རྣམས་པར་དག་པ་ཞེས་བྱ་བ་ཕུན་སུམ་ཚོགས་པ་དང་པོའོ།། །།དེ་ལྟར་རྣལ་འབྱོར་སྤྱོད་པ་འདིས་ཚུལ་ཁྲིམས་ཡོངས་སུ་དག་པས་ཏིང་ངེ་འཛིན་ཕུན་སུམ་ཚོགས་པའི་ཡན་ལག་གི་གཙོ་བོ་སྦྱངས་པའི་ཡོན་ཡང་དག་པར་བླང་བར་བྱ་སྟེ། རྣལ་འབྱོར་སྤྱོད་པས་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པས་ནི་འདོད་པ་ཆུང་བ་ཉིད་དང༌། ཆོག་ཤེས་པ་ཉིད་དང༌། རབ་ཏུ་དབེན་པ་ཉིད་དང༌། ཉོན་མོངས་པ་སྤོང་བ་དང༌། བརྩོན་འགྲུས་རྩོམ་པ་དང༌། གསོ་སླ་བ་དང༌། དགང་སླ་བ་དང༌། བདེ་བ་ལ་རེག་པར་གནས་པ་ལ་གནས་པར་འགྱུར་རོ། །


DTG173_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཉུང་བས་ནི་ཚུལ་ཁྲིམས་བསྲུང་བར་འགྱུར་བ་ནི་ཏིང་ངེ་འཛིན་འགྲུབ་པའི་ཚོགས་ཡིན་ཞིང་སྔོན་གྱི་འཕགས་པའི་རིགས་ཀྱི་ལུས་སུ་མཐུན་པ་དང༌། རབ་ཏུ་དད་པར་བྱེད་པ་ཡིན་ནོ། །དེ་ལས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི་འདི་དག་ཡིན་ཏེ། དགོན་པ་པ་ཉིད་དང༌། ཕྱག་དར་ཁྲོད་པ་ཉིད་དང༌། བསོད་སྙོམས་པ་ཉིད་དང༌། སྟན་གཅིག་པ་ཉིད་དང༌། ཅོག་པུ་བ་ཉིད་དང༌། ཟས་ཕྱིས་མི་ལེན་པ་ཉིད་དང༌། ཆོས་གོས་གསུམ་པ་པ་ཉིད་དང༌། ཕྱིང་པ་བ་ཉིད་དང༌། གཞི་ཇི་བཞིན་པ་ཉིད་དང༌། དུར་ཁྲོད་པ་ཉིད་དང༌། ཤིང་དྲུང་པ་ཉིད་དང༌། བླ་གབ་མེད་པ་ཉིད་དང་ངོ༌། །དེ་ལ་དམ་བཅའ་བ་དང་རྗེས་སུ་མཐུན་པར་འདི་དགོན་པར་གནས་པ་ཡིན་བས་ན་དགོན་པ་པའོ། །དེའི་དངོས་པོ་ཉིད་ནི་དགོན་པ་པ་ཉིད་དོ། །དམ་བཅའ་བ་ཡང་དེ་ནས་བརྩམས་ཏེ་གྲོང་གི་མཐར་གནས་པ་སྤང་བར་བགྱི་ཞིང་དགོན་པར་གནས་པར་བགྱིའོ་ཞེས་བྱའོ། །སྦྱངས་པའི་ཡོན་ཏན་ལྷག་མ་རྣམས་ལ་རིམ་པ་བཞིན་ཉིད་ཀྱིས་དེའི་མི་མཐུན་པའི་ཕྱོགས་སྤོང་བའོ། །དེ་ལ་དགོན་པ་པ་ཉིད་ཀྱི་ཡོན་ཏན་ནི་འདི་ཡིན་ཏེ། །དགོན་པར་གནས་ལ་མངོན་དགའ་ཏིང་ངེ་འཛིན། །ཐོབ་པའམ་ཡོངས་སུ་བསྲུང་བར་ནུས་པ་ཡིན། །གྲོང་ནང་གནས་རྣམས་གཡེང་བའི་ཉེས་པ་ཡིས། །སེམས་ནི་རྣམ་བཅོམ་ཉེར་ཞི་ཐོབ་མི་འགྱུར། །དེ་རུ་གནས་པ་ཉིད་ལ་ཕྱག་དར་ཁྲོད། །སྤྱོད་པ་ལྷག་མ་སྦྱངས་པས་རྣམ་མཛེས་ཏེ། །གཡུལ་དུ་མདའ་སྐྱོབ་ཕུབ་བཅས་གོ་བགོས་ཤིང༌། །མཚོན་ཆ་ཕུན་ཚོགས་ལྡན་པས་འཐབ་དང་མཚུངས། །དགོན་པར་གཉིད་ལོག་གྱུར་ཀྱང་དབེན་པར་ནི། །གནས་པས་བདེ་གཤེགས་ཐུགས་མཉེས་བྱེད་ཉིད་ཡིན། །གྲོང་གནས་ཤིན་ཏུ་མཉམ་པར་གཞག་གྱུར་ཀྱང༌། །དེར་ནི་རིང་འཛིན་བདེ་བར་བསྲུང་མི་འགྱུར། །མཛའ་དང་ཕྲད་དང་རང་གི་སྲོག་དང་ནི། །སྡུག་པའི་ལུས་ལ་འང་ལྟོས་པ་མེད་པར་ནི། །བས་མཐའ་དགོན་པར་གན་ཏེ་བརྩོན་འགྲུས་རྩོམ། །ཡོན་ཏན་ཁྱད་པར་གང་ཞིག་ཐོབ་མི་འགྱུར། །རོལ་མོ་སྣ་ཚོགས་སྒྲ་དང་གླུ་ཡི་སྒྲ། །གཡེང་བར་བྱེད་པའི་ཁྱད་པར་དེ་དང་དེ། །དགོན་པར་མེད་དེ་གང་ཕྱིར་དེ་ཡིད་འང༌། །རྣལ་འབྱོར་ལ་ཕན་སྦྱོར་ལ་སྤྱོད་པ་རྣམས་ནི་དེ་ལ་བརྟེན་པར་བྱ་བའི་རིགས་སོ། །དེ་བཞིན་དུ་ཕྱག་དར་


DTG173_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་པ་ཉིད་ཀྱང་དེ་བཞིན་དུ་དམ་བཅའ་སྔོན་དུ་འགྲོ་བས་ཕྱག་དར་ཁྲོད་པ་འཆང་བའི་ངང་ཚུལ་འདི་ལ་ཡོད་པས་ཕྱག་དར་ཁྲོད་པ་སྟེ། དེའི་ངོ་བོ་ཉིད་ནི་ཕྱག་དར་ཁྲོད་པ་ཉིད་དོ། །ཕྱག་དར་ཁྲོད་པ་ཡང་ཡུལ་དང་ངུར་ཁྲོད་དང༌། དེའི་གཉེན་འཁོར་དང༌། བར་དག་གི་ཁྲོད་ན་ངོགས་ལྟར་གནས་པ་དེ་ལས་མཉམ་པ་དང༌། མཐོ་བ་ཉིད་ཡིན་པའི་ཕྱིར་ཕྱག་དར་ཁྲོད་པ་ཡིན་པའམ། ཕྱག་དར་འཇིག་རྟེན་པ་རྣམས་སྨོད་པ་ཡོན་པས་ན་ཕྱག་དར་ཁྲོད་ཡིན་ལ། དམ་བཅས་པའི་ཆོ་གས་ཁྱིམ་པས་བྱིན་པའི་གོས་སྤངས་པ་ཕྱག་དར་ཁྲོད་བསགས་ཤིང་རབ་ཏུ་ཞི་ཞིང་ཆོག་ཤེས་པའི་དཔལ་དང་ལྡན་པ་ནི་ཕྱག་དར་ཁྲོད་པའོ། །དེ་ཡང༌། དགོན་པར་གནས་ཤིང་ཆོག་ཤེས་སེམས་ཀྱིས་ནི། །གོས་ནི་དམན་ལས་རབ་དམན་གྱོན་བྱེད་ལ། །འདི་ལ་ལྟོས་པ་དྲག་པ་མི་འབྱུང་ཞིང༌། །འཇིགས་དང་འཁྲུགས་པས་རྨོངས་པར་འགྱུར་མ་ཡིན། །གཞན་ལ་ཆོག་ཤེས་ཡོན་ཏན་གོ་བྱེད་ཅིང༌། །ཡིད་ཀྱང་ཤིན་ཏུ་དང་བ་ཁོ་ནར་བྱེད། །སེམས་ནི་གྱ་ནོམ་སྲེད་ལས་ཟློག་བྱེད་ལ། དེ་ཐོབ་ཕྱིར་ན་སྡུག་བསྔལ་སྐྱེད་མི་བྱེད། །བརླག་ནའང་རྗེས་སུ་གདུང་བར་འགྱུར་མིན་ཏེ། །ཕྱག་དར་ཁྲོད་ནི་རྙེད་པར་དཀའ་མ་ཡིན། །གོས་ཕྱིར་ཁྱིམ་པ་དང་ནི་འདྲིས་པ་ཡིས། །རང་གི་ཆོས་ཀྱི་ལས་ལས་ཉམས་མི་འགྱུར། །དེ་ནི་རྐུན་མ་དག་གིས་དོགས་མི་སྐྱེད། །བསྲུང་བའི་འབད་པས་དེ་ལ་བཅོམ་མི་འགྱུར། །འདི་ལས་ཕྱོགས་ཀྱི་གནོད་པའང་སྐྱེ་མི་འགྱུར། །དེ་ནི་ལོག་པར་འཚོ་བས་ཉམས་མི་འགྱུར། །སྦྱངས་པ་འདི་ནི་སྔོན་ཆད་བྱུང་བ་ཡི། །ཐུབ་པ་རྣམས་ཀྱང་རྗེས་སུ་འཇུག་པ་ཡིན། །བདུད་ཀྱི་སྟོབས་ལས་རྒྱལ་བར་བརྩོན་པ་ལ། །དཔའ་བོ་གོ་བགོས་ལྟ་བུར་གྱུར་པ་ཡིན། །གསེར་གྱི་འོད་འབར་ངང་པས་མཚན་ཅིང་དཀར། །མདངས་ལྡན་སྤངས་ན་རྒྱལ་པས་གང་བཅས་པ། །དེ་ཕྱིར་ལྷ་དང་མི་ཡིས་ཕྱག་བྱས་པའི། །ཕྱག་དར་ཁྲོད་ལ་དམ་བཅའ་སུ་མི་བྱེད། །དམན་པ་གྱོན་ཞིང་ཟླ་འདྲའི་མདངས་ལྡན་པ། །ཡིད་དུ་འོང་ཞིང་མཛེས་པའི་གོས་དག་ཀྱང༌། །གང་ཞིག་ཕྱག་དར་ཁྲོད་ནི་འཆང་བྱེད་ལྟར། །ཞི་བའི་ཕུན་ཚོགས་དེ་ནི་སྐྱོད་མི་བྱེད། །དགྲ་བཅོམ་སྟོང་ཕྲག་མང་པོས་འཆད་བྱེད་པ། །རྙེད་བླ་འདི་ནི་ཁ་ན་མ་ཐོ་མེད། །ཉེར་ཞི་དཔལ་ལྡན་བསྔགས་


DTG173_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འོས་རྣམས་ཀྱིས་བརྟེན། །ཕྱག་དར་ཁྲོད་ལ་དགའ་བར་སུ་མི་བྱེད། །རབ་ཏུ་བྱུང་ནས་གང་ཞིག་ལ་གནས་པ། །ཇི་སྐད་སྨྲས་བཞིན་བྱེད་པ་དེ་ཉིད་མཛེས། །འདིས་ནི་གང་ཞིག་དམ་བཅས་བྱས་གྱུར་པ། །དེ་ནི་དེ་བཞིན་འཛིན་པས་སྡུག་པ་ཡིན། །ཆོག་ཤེས་འཕེལ་བ་ནོར་ཆེན་པ་ཡི་ཕྱིར། །དེ་ཡིས་ཆོས་ནི་ཕུན་སུམ་ཚོགས་པར་འགྱུར། །ཆོག་ཤེས་གཏམ་གྱིས་ཆོག་ཤེས་རབ་དགར་འགྱུར། །དམན་ལས་དམན་རྣམས་གོས་ཀྱིས་མགུ་བ་ཡིན། །སློབ་དཔོན་གཞན་དག་ནི་རང་བཞིན་གྱི་ཆོས་གོས་དང་ལྡན་བ་ལ་གནས་ནས་ཕྱག་དར་ཁྲོད་པ་ཉིད་དུ་དམ་བཅའ་བ་ཡིན་ནོ་ཞེས་ཟེར་མོད་ཀྱི། དེ་ནི་ཁྱིམ་པ་ལས་བླངས་པའི་གོས་མ་སྤངས་པའི་ཕྱིར་ཚིག་ཙམ་གྱིས་དངོས་པོ་སྒྲུབ་པར་བྱེད་དོ། །ཁྱིམ་པ་ལས་བླངས་པའི་གོས་ལོ་མང་ཞིག་ཡོངས་སུ་ལོངས་སྤྱོད་ཅིང་འཇོག་པ་དེ་ཕྱག་དར་ཁྲོད་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་མོས་པ་ཙམ་དུ་ཟད་དོ། །དེ་ལས་བསོད་སྙོམས་པ་ཉིད་ཅེས་བྱ་བ་ནི་དམ་བཅའ་བས་མགྲོན་དུ་བོས་པ་སྤངས་ཏེ་བསོད་སྙོམས་ལ་རྒྱུ་བ་ཡིན་པས་ན་བསོད་སྙོམས་པའོ། །བསོད་སྙོམས་ནི་ཁམ་གྱི་ཟས་སློང་བ་ཞེས་བྱ་བའི་དོན་ཡིན་ཏེ་དེ་རྙེད་པ་ཞེས་བྱ་བའི་ཐ་ཚིག་གོ །བསོད་སྙོམས་དེ་ཡང་དམན་པ་དང༌། བར་མ་དང༌། མཆོག་གི་ཁྱིམ་དུ་སློང་མོ་རྒྱུ་བ་ཞེས་བྱ་བའི་དོན་ཡིན་པའམ། བསོད་སྙོམས་ཀྱི་ཕྱིར་རྒྱུ་བའི་བརྟུལ་ཞུགས་ཀྱི་ངང་ཚུལ་འདི་ལ་ཡོད་པས་ན་བསོད་སྙོམས་པའོ། །དེའི་དངོས་པོ་ཉིད་ནི་བསོད་སྙོམས་པ་ཉིད་དོ། །དེ་ཡང་དམ་བཅའ་པ་འདིས་བྱེད་པ་ཡིན་ནོ། །ང་རྒྱལ་སྤོང་ཞིང་བརྙས་པ་བཟོད་བྱེད་ལ། །རང་གི་ལུས་ནི་སྐྱོ་བ་བཟོད་བྱེད་ཅིང༌། །མགྲོན་བོས་པ་ཡི་བསྡམས་པའི་སྡུག་བསྔལ་ནི། །སློང་མོས་སྤྱོད་ལ་ཞུགས་ལ་ཡོད་མ་ཡིན། །སྦྱིན་པའི་གཏེར་ཆེན་བདེ་བ་རྒྱ་ཆེ་ལ། །མི་སྨྲ་བཞིན་དུ་སྐྱེ་བོ་འཛུད་པར་བྱེད། །ཁྱིམ་ནང་འཇུག་པའི་ངེས་པའི་བསླབ་པ་ནི། །དེ་སྤྱོད་པ་ཡིས་དགེ་སློང་ཤིན་ཏུ་མཛེས། །དགེ་སློང་ཚུལ་ནི་རང་དབང་གིས་འཚོ་ཞིང༌། །རང་གི་བརྩོན་པས་ཐོབ་ལ་བདེ་བར་སྤྱོད། །ལོག་འཚོའི་ཉེས་པས་ཟིལ་གྱིས་མི་གནོན་ཞིང༌། །འདི་ཡི་ཕྱོགས་འདི་གང་དུ་འང་དགག་པ་མེད། །གང་ལ་གནས་ཏེ་རབ་ཏུ་བྱུང་གྱུར་པ། དེ་ནི་དེ་བཞིན་སྒྲུབ་པས་རྣམ་པར་མཛེས། །ཟས་


DTG173_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱིར་ནི་སྡུག་བསྔལ་མི་འགྱུར་ཞིང༌། །དམ་པ་རྣམས་ཀྱི་ཚུལ་ལ་རྗེས་འཇུག་ཡིན། །ནོར་དང་ཉེ་དུའི་སྐྱེ་བོ་སྡུག་དང་ཁྱིམ། །ཁ་ཟས་རོ་ཞིམ་དེ་དང་དེ་སྤངས་ནས། །ཟས་ཀྱི་སྲེད་པ་ལས་ནི་ལྡོག་གྱུར་པ། །མགུ་བས་དགེ་སློང་དངོས་པོ་གསལ་བྱེད་ཡིན། །དམ་བཅའ་བའི་དབང་ལས་སྟན་གཉིས་པ་ལ་གནས་པའི་ཁ་ཟས་སྤངས། སྟན་གཅིག་ལ་ཟས་ཀྱི་རིགས་ལ་སྤྱོད་པའི་ངང་ཚུལ་འདི་ལ་ཡོད་པས་ན་སྟན་གཅིག་པའོ། །ཁ་ཅིག་ནི་དེ་ནི་སྟན་ལ་འདུག་པའི་མཐར་ཐུག་པ་ཡིན་པར་འདོད་ལ། གཞན་དག་ནི་ཁྲུས་བྱས་པའི་མཐར་ཐུག་པ་ཡིན་ནོ་ཞེས་ཟེར་ཏེ། གང་ཞིག་ཟོས་ནས་སྟན་དེ་ལས་མ་ལངས་ཀྱང་ལྷུང་བཟེད་ཁྲུ་བའི་ཆུ་བླངས་ནས་སླང་ཟ་བར་མི་བྱེད་པ་དང༌། ཁ་ཟས་སོ་སོར་ཐོབ་ནས་ཁམ་གྱི་ཐ་མ་ཟོས་ནས་ཡང་སླར་མི་ཟ་བ་དེ་ནི་ཟས་ཀྱི་མཐའ་ཡིན་ནོ་ཞེས་བཤད་དོ། །དེ་ཡང་འདི་ལྟར་དམ་བཅའ་བ་གོམས་པར་བྱེད་དོ། །ཡང་དང་ཡང་དུ་ཟ་བའི་ཉེས་པ་ཡིས། །སྟན་གཅིག་རང་གི་བྱ་བ་སྤོང་མི་བྱེད། །ནད་ཉུང་གནོད་པ་ཆུང་ཞིང་ལུས་སྲབ་འགྱུར། །རྣལ་འབྱོར་ལྡང་བ་ཡང་བར་འདིས་འགྱུར་རོ། །ཆོ་ག་བཞིན་གནས་བདེ་བར་འཆག་པ་དང༌། །ཐུབ་དབང་ཚུལ་གྱིས་རྗེས་སུ་འཇུག་པ་དང༌། །ཆོག་ཤེས་གསོ་སླའི་ཡོན་ཏན་རྗེས་མཐུན་ཞིང༌། །ཟས་ཀྱི་བདེ་བའི་འདམ་གྱིས་གོས་མི་འགྱུར། །འདི་ཡི་སེམས་ནི་རོ་ལ་མི་གདུང་ཞིང༌། །བསམ་གཏན་རྗེས་སྦྱོར་དག་ལ་དགའ་བ་ཡིན། །དེ་ལ་དགའ་བས་རབ་ཞི་བྱ་དགོས་གཅིག །ཉོན་མོངས་ཕྱོགས་ནི་བདེ་བླག་ཉིད་དུ་སྤོང༌། །དམ་བཅའ་བ་སྔོན་དུ་འགྲོ་བས་གློས་ཕབ་སྤངས་ཏེ་འདུག་པའི་ངང་ཚུལ་འདི་ལ་ཡོད་པས་ན་ཅོག་པུ་པའོ། །སེམས་ཅན་དགེ་བ་ལ་དམ་བཅའ་བའི་ཡང་དག་པར་སྒྲུབ་པ་ཡིན་ནོ། །གཉིད་ཀྱི་མུན་པ་སྟུག་པོས་མི་ནོན་ཅིང༌། །སེམས་ནི་མལ་སྟན་བདེ་བའི་དབང་མི་འགྲོ། །འདི་ཡི་ལུས་སུ་འཛིན་པ་སྲབ་པ་དང༌། །འདི་ལས་མཉམ་པར་འཇོག་པ་བདེར་གནས་འགྱུར། །ལེ་ལོ་དངོས་པོ་སྤོང་བའི་སྟོབས་སྐྱེད་ལ། །རང་གི་ཆོས་ཀྱི་ལས་བསྒྲུབ་ལ་མི་གཡེལ། །ཡང་བའི་རིམ་གྱིས་སླར་ལ་བརྟེན་པ་ན། །ངལ་བའི་ཉེས་པ་ཤས་ཆེར་ཉམས་མི་མྱོང༌། །སྐྱིལ་ཀྲུང་དང་བཅས་ལུས་ནི་དྲང་པོར་གནས། །བསམ་གཏན་ལ་


DTG173_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་ལུས་ཀྱིས་གང་འཛིན་པ། །དགེ་སློང་འཆག་གནས་ཉལ་བའམ་འདུག་པ་ཡིས། །ཞི་བའི་དཔལ་ནི་དེ་འདྲ་འཛིན་མི་འགྱུར། །ཟས་ཕྱིས་མི་ལེན་པ་ཉིད་ཅེས་བྱ་བ་ནི་ཕྱིས་ཁ་ཟས་མི་ཟ་བའི་ངང་ཚུལ་ཅན་གང་ཡིན་པ་ནི་ཕྱིས་མི་ལེན་པ་སྟེ། བཅའ་བ་སྔོན་དུ་འགྲོ་བས་ལྷག་པའི་ཁ་ཟས་ཟ་བ་ལས་ལྡོག་ཅིང་དེ་འདོར་བ་ཡིན་བས་ན་ཟས་ཕྱིས་མི་ལེན་པའོ། །དེའི་དངོས་པོ་ཉིད་ནི་ཟས་ཕྱིས་མི་ལེན་པ་ཉིད་དོ། །ཕྱིས་ནས་ཟ་བ་སྤངས་པ་ཡིན། །དམ་བཅའ་བླངས་པར་གྱུར་པ་ཡིས། །བརྐམ་ཆགས་མེད་ཅིང་ཆོག་ཤེས་དང༌། །དད་པའི་ཚུལ་དང་རྗེས་མཐུན་ཡིན། །སླར་ཡང་ཁ་ཟས་ཚོལ་བ་ཡི། །ངལ་བ་རྣམ་པར་སྤངས་ནས་ནི། །དེ་ཙམ་གྱིས་ཆོ་ག་ངོ་མཚར་བཅས། །འདོད་མཚུངས་ཉིད་ནི་ཡོན་ཏན་དཔལ། །སྤངས་ཏེ་ཟ་བའི་ཆོ་ག་བྲལ། །ལྟོས་ལ་གདུང་བའི་ཚུལ་སྤངས་པ། །དེ་ནི་གསོ་སླར་གྱུར་པ་སྟེ། །བདེ་ཞིང་ལུས་ཡང་འགྱུར་པ་ཉིད། །ཆོས་གོས་གསུམ་པ་ཡོད་པས་ཆོས་གོས་གསུམ་སྟེ། སྣམ་སྦྱར་དང༌། བླ་གོས་དང༌། མཐང་གོས་དང༌། བཅའ་བ་སྔོན་དུ་འགྲོ་བས་རྟག་པ་སྤངས་ཏེ་ཆོས་གོས་གསུམ་འཆང་བའི་ངང་ཚུལ་འདི་ལ་ཡོད་པས་ན་ཆོས་གོས་གསུམ་པའོ། །དེའི་དངོས་པོ་ཉིད་ནི་ཆོས་གོས་གསུམ་པ་ཉིད་དོ། །ཆོས་གོས་གསུམ་པོ་ཙམ་གྱིས་ནི། །ཆོག་ཤེས་ཡང་བ་ལ་འཇུག་ཅིང༌། །མང་པོ་ལ་སྲེད་ཉེར་བཅས་པས། །གོས་སོགས་པ་ནི་སྤངས་པ་ཡིན། །འདབ་ཆགས་ལྟ་བུར་བླངས་ནས་ནི། །གང་དུ་དགའ་བར་འགྲོ་བར་བྱེད། །སྤང་བའི་གནང་བ་དང་བྲལ་ཞིང༌། །དེ་ལས་དགེ་སློང་ཉོན་མོངས་མེད། །ཞག་བཅུ་ལས་འདས་ལྟུང་བ་ནི། །ཆོས་གོས་འཆང་འདི་ལ་མི་འབྱུང༌། །གོས་བརྟག་པ་ཡི་བྱ་བ་ནི། །འདི་ལ་ཡོད་པ་མ་ཡིན་ནོ། །དམ་པའི་ཚུལ་འཇུག་ལ་འཁུར་ཞིང༌། །འདོད་ཆུང་ཡོན་ཏན་རྣམས་ཀྱིས་བརྒྱན། །ཆོས་གོས་ཀྱི་ནི་བྱ་བ་ཡིས། །ཤིན་ཏུ་ངལ་བར་འགྱུར་མ་ཡིན། །དད་པ་དག་པ་འདི་ཡིས་ནི། །སྟོན་པ་ལྟ་བུར་མཆོད་པར་བྱེད། །དེ་བས་འདི་ནི་ཆོས་གོས་སོགས། །གུས་པར་རྣམ་པར་འཕེལ་བར་འགྱུར། །ཕྱིང་པ་ཉིད་ཅེས་བྱ་བ་ནི་བལ་གྱི་རྒྱུ་ལ་ཐགས་སུ་མ་བཏགས་པ་ལ་ཕྱིང་པ་ཞེས་འཇིག་རྟེན་ན་གྲགས་སོ། །དམ་


DTG173_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་བ་སྔོན་གྱི་འགྲོ་བས་ཕྱིང་བ་འཆང་བའི་ངང་ཚུལ་འདི་ལ་ཡིན་པས་ན་ཕྱིང་པ་པའོ། །དེའི་དངོས་པོ་ཉིད་ནི་ཕྱིང་པ་པ་ཉིད་དོ། །དེ་ཡང༌། དག་པར་སྤངས་པའི་ཡོན་ཏན་ནི། །བལ་བསྡུས་པ་ལས་བྱས་པའི་གོས། །སྣལ་མ་མེད་པས་ཆོག་ཤེས་པས། །བཟང་པོ་སྲེད་ལས་བྱུང་བ་ཡི། །དེ་ཚོལ་བ་ཡིས་ཉོན་མོངས་མེད། །གོས་ནི་བཟང་པོ་སྤངས་previous hit ་ཡི། །ཆ་ལུགས་འཆང་བས་འབར next hit་ཞིང་མཛེས། །དགེ་སློང་རབ་ཞི་དགའ་བ་ནི། །སྟོན་པ་ལྟ་བུར་མཛེས་པ་ཡིན། །དུར་ཁྲོད་བླ་གབ་མེད་པ་དང༌། །ཤིང་དྲུང་དག་ཏུ་གནས་པ་ན། །དེ་ལ་བརྟེན་པས་ཆར་དང་ནི། །ཚ་དང་གྲང་བ་ལ་སོགས་སེལ། །འདིས་ནི་བཟང་པོ་ལ་ཆགས་པའི། །རེག་པ་ཡིས་ནི་གནོད་མི་འགྱུར། །བྱ་བ་མང་ཉུང་རང་དོན་དང༌། །ཆོག་ཤེས་པ་ལས་ཉམས་མི་འགྱུར། །གཞི་ཇི་བཞིན་པ་ཉིད་ཅེས་བྱ་བ་ནི་དམ་བཅའ་བ་སྔོན་དུ་འགྲོ་བས་གཞི་ཇི་བཞིན་པ་ལ་གནས་པའི་ངང་ཚུལ་འདི་ལ་ཡོད་པས་ན་གཞི་ཇི་བཞིན་པའོ། །དེ་ཡང་གང་དུ་ཇི་ལྟར་རྙེད་པའི་མལ་སྟན་གྱིས་མགུ་བར་གྱུར་ཅིང་གསར་བུས་ཡོངས་སུ་བཟུང་བའི་མལ་སྟན་བཟང་པོ་ལ་ཆགས་པས་དེས་བསླང་བ་ཡོངས་སུ་སྤངས་པ་ཡིན་པའི་ཕྱིར་རོ། །ཇི་བཞིན་བཏིང་བས་མགུ་བའི་ཕྱིར། །སྡོམ་བརྩོན་ཤིན་ཏུ་མཛེས་པ་ཡིན། །དགེ་སློང་གསར་བུ་མལ་སྟན་ན། །བདེ་ལ་གནས་པ་རྗེས་སུ་བསྲུང༌། །དམན་པའི་མལ་སྟན་ལ་འདུག་ཀྱང༌། །བཟང་པོ་ལ་ནི་ཉེ་བ་མེད། །ཆགས་དང་སྡང་བའི་ཕྱོགས་ཀྱི་ནི། །གནོད་པའི་གཞི་རུ་འགྱུར་མ་ཡིན། །མལ་སྟན་ལ་ནི་ཆགས་པ་ཡིས། །ཕན་ཚུན་དུ་ནི་དྲངས་པ་ཡིས། །རང་གི་བྱ་བ་མི་ཉམས་ཤིང༌། །བྲལ་བར་གྱུར་ཀྱང་གནམ་མི་གཡོ། །རྩྭ་བཏིང་བ་འམ་ས་ལ་ཉལ་བ་ན། །ཇི་བཞིན་གཞི་ལས་གྱུར་པའི་བདེ་previous hit ་ནི། །ནོར་བུ་འབར next hit་བའི་གཞལ་ཡས་ཁང་སྟེངས་ནའང༌། །ཆོག་ཤེས་མེད་པའི་སེམས་ལ་ཇི་ཡོད་མིན། །དུར་ཁྲོད་པ་ཉིད་ཅེས་བྱ་བ་ནི་དམ་བཅའ་བ་སྔོན་དུ་འགྲོ་བས་དུར་ཁྲོད་དུ་གནས་པའི་ངང་ཚུལ་འདི་ལ་ཡོད་པས་ན་དུར་ཁྲོད་པའོ། །དེའི་ངོ་བོ་ཉིད་ཡིན་པས་ན་དུར་ཁྲོད་པ་ཉིད་དོ། །དེའི་ཡོན་ཏན་ནི། དུར་ཁྲོད་དུ་ནི་རྒྱུན་དུ་འཆི་དྲན་པས། །སྐྱོ་འགྱུར་དེ་ལས་བག་མེད་འགྱུར་མ་ཡིན། །མི་གཙང་སྣ་


DTG173_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མཚན་མ་རྣམས་མཐོང་ནས། འདི་ཡི་འདོད་པའི་འདོད་ཆགས་འཕེལ་མི་འགྱུར། །འདིར་ནི་མི་མ་ཡིན་པ་གུས་འགྱུར་ཞིང༌། །འདི་ཡི་སྲོག་ལ་ལྟོས་པ་ཆུང་འགྱུར་ཞིང༌། །དེ་ལ་བརྟེན་པས་དྲེགས་པ་སྤོང་འགྱུར་ལ། །དེ་བས་དེ་ནི་ཆོས་འགའ་མང་དག་འཐོབ། །སེམས་ནི་ཞི་ལ་ཕྱོགས་ཕྱིར་རང་སྲོག་དང༌། བདེ་དང་ལུས་ལ་ལྟོས་པ་མེད་འགྱུར་ལ། །སྡིག་སྦྲུལ་མི་མ་ཡིན་པའི་འཇིགས་པ་ལས། །དེར་གནས་པས་ཀྱང་སྡར་བས་སྐྲག་པ་མེད། །ཤིང་དྲུང་པ་ཉིད་ཅེས་བྱ་བ་ནི་དམ་བཅའ་བའི་ཚོགས་གཡོགས་པའི་གནས་སྤངས་ལ་ཤིང་དྲུང་དུ་གནས་པའི་ངང་ཚུལ་འདི་ལ་ཡོད་པས་ཤིང་དྲུང་པའོ། །དེའི་དངོས་པོ་ནི་ཤིང་དྲུང་པ་ཉིད་དོ། །དེར་དམ་བཅས་པའི་ཡོན་ཏན་ནི། གང་ཞིག་ཤིང་དྲུང་བཟང་པོ་དག་ཏུ་ནི། །མལ་སྟན་དག་གིས་སེམས་མགུའི་འབྱོར་པར་ལྡན། །ཕྱོགས་རྣམས་ཀུན་དུ་ཐོགས་པ་མེད་པར་འགྲོ། །དེ་ནི་དམ་ཆོས་ཕུན་སུམ་ཚོགས་པའི་ལམ། །དེ་ནི་ཆོས་ཀྱང་རྣམ་པར་འཕེལ་འགྱུར་ཞིང༌། །བདུད་ཀྱི་སྟོབས་ཀྱི་དྲེགས་པ་ཟློག་པར་བྱེད། །དེ་ཡི་ཡིད་ནི་མཉམ་འཇོག་སྒྲུབ་རྒྱུ་ཡི། །བདེ་བ་དག་ལས་དགེ་སློང་ཉམས་མི་འགྱུར། །རྙེད་པར་སླ་ཞིང་ཡོ་བྱད་ཉུང་བ་དང༌། །འདུ་འཛི་སྡུག་བསྔལ་སྒྲིབ་པ་དང་མཚུངས་ཤིང༌། །རང་གི་གནས་ལ་ཡོན་ཏན་རྒྱ་ཆེན་སྟེན། །དགའ་བས་ཤིང་དྲུང་དག་ཏུ་སུ་མི་གནས། །ལོ་འདབ་གསར་དུ་བྱུང་བར་གྱུར་ནས་ནི། །མདོག་འགྱུར་བས་བཅོམ་ལོ་མ་ལྷགས་པས་ཤིང༌། །རང་གི་རྩ་བར་གནས་པའི་སྡོམ་བརྩོན་ལ། །མི་རྟག་འདུ་ཤེས་སྟོན་པ་ལྟ་བུ་ཡིན། །བླ་གབ་མེད་པ་ཉིད་ཅེས་བྱ་བ་ནི་དམ་བཅའ་བའི་ཚོགས་གཡོགས་པའི་ཆོ་གས་ཤིང་དྲུང་སྤངས་པའི་གནས་ཀུན་ནས་གོ་སྐབས་ཡོད་བླ་གབ་མེད་པ་ལ་གནས་པའི་ངང་ཚུལ་འདི་ལ་ཡོད་པས་ན་བླ་གབ་མེད་པ་པའོ། །བླ་གབ་མེད་པའི་ངོ་བོ་ཉིད་ནི་བླ་གབ་པ་ཉིད་དོ། །དེ་ཡང་དག་པར་བླངས་པའི་ཡོན་ཏན་ནི། །མལ་སྟན་ཚོལ་དང་བསྲུང་དང་སྦྲུག་པ་ཡིས། །ཡོངས་སུ་ཉལ་བའི་གཞིར་གྱུར་མ་ཡིན་ཞིང༌། །བླ་གབ་མེད་ལ་སྒྲུབ་པར་ཁས་བླངས་ལ། །འདུ་འཛི་མེད་པས་ཤིན་ཏུ་མཛེས་པ་ཡིན། །ཕྱོགས་རྣམས་ཀུན་དུ་དགག་པ་མེད་པར་ནི། །རི་དགས་ལྟ་བུར་རང་དགར་


DTG173_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཡིན། །ཆོག་ཤེས་ཡོན་ཏན་མཆོག་དང་ལྡན་འགྱུར་ཞིང༌། །སེམས་ནི་གནས་ཁང་འདུ་འཛི་ལས་རྣམས་གྲོལ། །གཉིད་ཆུང་ཉིད་དང་ཡིད་ལ་བྱེད་པའི་རྗེས་མཐུན་ཞིང༌། །དམ་པའི་ཚུལ་ལ་བརྟེན་པས་ཡོན་ཏན་ཕྱོགས་འཛིན་ཅིང༌། ལུས་ཀྱི་བདེ་བ་ཅུང་ཟད་ལ་ཆགས་རྣམ་སྤོང་བ། །ཡོན་ཏན་དེ་དེ་བླ་གབ་མེད་ལ་གནས་པས་འཐོབ། །སྐར་ཚོགས་རིན་ཆེན་འོད་ཟེར་previous hit འབར next hit་ཡིས། །ནམ་མཁའི་བླ་རེ་ཉི་ཟླའི་མར་མེར་ལྡན། །འཇིག་རྟེན་དུ་མ་དེ་སྙེད་རི་དང་བཅས། །ཁང་བཟངས་དང་ལྡན་གཙུག་ལག་ཁང་ཆེན་ཡིན། །དེ་དག་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཡང་དག་པར་འབྱོར་བས་ན་སྦྱངས་པའི་ཡོན་ཏན་ཞེས་བྱ་བ་དང༌། ཉེས་པ་རྣམས་སྦྱོང་བར་བྱེད་པས་ན་སྦྱངས་པའི་ཡོན་ཏན་ཞེས་བྱ་བ་སྟེ། འདི་ལྟ་སྟེ། གླང་པོ་ཆེ་ཆུ་འཐུང་བ་ལ་འཐུང་བ་ལ་ཞེས་བརྗོད་པའམ། ཟས་ཟ་བ་ལ་ཟ་བ་ཞེས་སྨྲ་བ་དང་འདྲ་བར་ཚིག་གོང་མ་ཕྱིས་ཏེ་ཆོག་མི་ཤེས་པ་དང༌། འདུ་འཛི་དང་ཤས་ཆེར་འདྲེ་བ་ཉིད་དང༌། ལེ་ལོ་ཉིད་དང༌། གཉིད་དང༌། འདུ་འཛིའི་ཉེས་པ་སྦྱོང་བར་བྱེད་པ་ཡིན་པས་སྦྱངས་པ་ཞེས་བྱའོ། །དམ་བཅའ་བ་འདི་དག་ནི་ཉེས་པ་རྣམས་ཀྱི་མི་མཐུན་བའི་ཕྱོགས་ཡིན་བས་སྦྱངས་པ་ཞེས་བྱ་ལ། འདི་དག་ནི་དམ་བཅའ་བའི་རྟེན་གྱི་བྱེ་བྲག་ཏུ་ཕྱེ་བ་ཡིན་ནོ། །དེ་ནི་ཉན་ཐོས་མཆོག་རྣམས་ཀྱིས་བསྔགས་ཤིང་བཟུང་བ་ཡིན་ཏེ། དགོས་པ་བྱེད་པའི་མཆོག་ཡིན་པས་འདི་དག་ཡང་དག་པར་བླང་བར་བྱའོ། །དེ་བཞིན་དུ་འདི་དག་ཡོངས་སུ་བཟུང་བའི་སྡིག་པ་འདོད་པ་དང༌། སེམས་རྣམ་པར་གཡེང་བ་དང༌། དམན་པ་དང༌། ཀུན་དུ་རྨོངས་པ་རྣམས་ཀྱི་ཐུན་མོང་མ་ཡིན་པ་ཉིད་ཡིན་པའི་ཕྱིར་དང༌། ཆོག་མི་ཤེས་པ་དང༌། ཆགས་པ་ལ་སོགས་པའི་སྡིག་པ་སོ་སོར་སྤོང་བ་ཡིན་ལ། ཐམས་ཅད་ཀྱི་ཐུན་མོང་པ་ཡིན་པ་ཉིད་དང༌། མཐར་ཐུག་པར་བྱ་བ་ཉིད་ཡིན་ནོ། །ཡང་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་མཆོད་པ་དང་འདྲ་བར། འདོད་པའི་འདོད་ཆགས་དང་གཏི་མུག་མེད་པ་དག་སྦྱོང་བའི་ཆོས་ཡིན་པའི་ཕྱིར་དགེ་བ་ཡིན་ནོ། །དེ་ལ་དགེ་སློང་དགོན་པས་མ་འོངས་པའི་འཇིགས་པ་དྲན་ནས་བག་ཡོད་པ་ཉིད་དང༌། བརྩོན་འགྲུས་


DTG173_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་བ་དང༌། མཆོག་ཏུ་བདག་ལ་ཕན་བས་གནས་པར་བྱའོ། །ཆོས་ཀྱི་དད་དཔོན་གྱིས་དགེ་སློང་སྒྲ་ངན་ལས་བརྩམས་ཏེ་བཤད་པའི་དགོན་པ་པའི་ཚུལ་སྐྱོ་བས་ག་ཡེངས་པ་བསལ་བར་བྱ་བའི་ཕྱིར་བསམ་བར་བྱ་ཞིང་དེ་བཞིན་དུ་བསླབ་པར་བྱའོ། །བག་མེད་གཉིད་དང་ལེ་ལོའི་རྗེས་འཇུག་དང༌། །ཁྱིམ་པའི་བདེ་བ་དྲན་པས་སྐྱོ་བར་འགྱུར། །ལོག་པར་བརྩོན་པས་ནགས་ལ་མངོན་དགའ་དང༌། །དགའ་ཞིང་དགོད་སོགས་ཀྱིས་ནི་དགོན་པར་གཡེངས། །སྡིག་འདོད་བསམ་པས་དགོན་པར་གནས་པ་ཡིན། །དམན་ཞིང་མི་མཁས་སྐྱོ་བ་ཉིད་དུ་འགྱུར། །རྣམ་གཡེངས་བདག་ཉིད་ཤིན་ཏུ་གཡེངས་བྱེད་ཅིང༌། །སྦྱོར་བ་བཟང་ལྡན་ཉེས་དེའི་སྐལ་ཅན་མིན། །ཉེས་ལ་མངོན་དགས་ཀུན་དུ་ཞུམ་འགྱུར་ཞིང༌། །ཁྱད་པར་ཆུང་དུས་ཤིན་ཏུ་དག་པས་གཡེངས། །ཉེས་ལ་དགྲ་བོ་ལྟ་བུར་ཡིད་རྩུབ་ཅིང༌། །ཞི་ལ་མངོན་བརྩོན་བརྟན་པ་རྣམས་ནི་མཛེས། །དེ་བཞིན་ཕྱག་དར་ཁྲོད་ལ་སོགས་པ་ལ་སྐྱེས་བུ་དམ་པ་རྣམས་ཀྱི་ཆོས་དང༌། དམ་པ་མ་ཡིན་པའི་ཆོས་ལ་ཡང་དག་པར་བསམས་ནས། སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་ནས་བདག་ལ་སྟོད་པ་དང༌། གཞན་ལ་སྨོད་པ་དང༌། དམ་པ་མ་ཡིན་པའི་ལམ་གྱི་རྗེས་སུ་འབྲང་བར་མི་བྱའོ། །འདི་དག་ནི་གཙོ་བོའི་ཡོ་བྱད་ཡིན་གྱི་དྲེགས་པའི་ཚོགས་མ་ཡིན་ནོ། །དེ་རྣམས་ཀྱིས་བསྒྲུབས་པའི་རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པའི་རོ་མྱང་བར་མི་བྱ་སྟེ། རྙེད་པ་དང༌། བསྐུར་སྟི་དང༌། ཚིགས་སུ་བཅད་པས་ལྷ་སྦྱིན་རྣམ་པར་ལྟུང་བར་གྱུར་པ་ཡང་དྲན་པར་བྱའོ། །དགེ་སློང་ཕྱག་དར་ཁྲོད་པས་ཀྱང་ཕྱག་དར་ཁྲོད་འཆང་བ་དང༌། རྗེས་སུ་མཐུན་པར་རབ་ཏུ་ཞི་བར་བྱའོ། །འདི་ལས་གཞན་དུ་ན། དགེ་སློང་ཁེངས་ཤིང་མི་བརྟན་པ། །ཕྱག་དར་ཁྲོད་ནི་གོན་གྱུར་ན། །སྤྲེའུ་སྟག་ལྤགས་གོན་མཚུངས་ཏེ། །འདི་ནི་དེ་ཡིས་མཛེས་མ་ཡིན། །ཁེངས་པ་མེད་ཅིང་རང་བཞིན་བརྟན། །སྡིག་མེད་དབང་པོ་བསྡམས་པ་ནི། །ཕྱག་དར་ཁྲོད་ཀྱིས་རྣམས་མཛེས་ཏེ། །རི་སུལ་གྱི་ནི་སེང་གེར་མཚུངས། །དད་པ་མེད་པའམ་དད་པ་ཆུང་བ་རྣམས་ཀྱིས་འདི་སྨད་པར་འགྱུར་ན་ཡང༌། གང་སྨོད་པར་འགྱུར་བ་འདི་ནི་འཇིག་རྟེན་གྱི་ཆོས་ཡིན་པས་དམ་བཅའ་བ་རྗེས་སུ་


DTG173_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དོར་བར་མི་བྱ་ཞིང་འདི་ལ་བཟོད་པའི་བསམ་པས་ཟིལ་གྱིས་མནན་པར་བྱ་བ་ཉིད་ཡིན་ནོ། །བསོད་སྙོམས་པ་ཉིད་ཀྱིས་ཀྱང་གྲོང་ཁྱེར་རམ་ལྗོངས་སུ་བསོད་སྙོམས་ལ་ཞུགས་པ་ན་བསླབ་པ་ཡོངས་སུ་དག་པ་དང༌། དགེ་བ་ཡིད་ལ་བྱེད་པས་བདག་ཉིད་སྣོད་དུ་བྱས་པ་བླ་མའམ། དེ་དང་འདྲ་བའི་ཚངས་པ་མཚུངས་པ་རྣམས་ལ་དྲི་བ་བྱས་ནས་གོས་གྱོན་ཏེ། སྐ་རགས་བཅིངས་ལ་ཤེས་བཞིན་དང་ལྡན་པས་ཆོས་གོས་དང་ལྷུང་བཟེད་བླངས་ལ་མདུད་པ་བཅིངས་ཏེ། མཆིལ་ལྷམ་བགོས་ནས་དུས་ལ་བབ་པར་གྲོང་དུ་འཇུག་པ་ན་ཡང་ཉི་མ་དང་དུས་ཤེས་པར་བྱས་ལ་འཇུག་པར་བྱའོ། །འདི་ལྟ་སྟེ་སློང་མོ་སྤྱོད་པས་འཚོ་བ་འདི་ནི་འཚོ་བའི་ཐ་ཆད་ཡིན་ཞིང་འཇིག་རྟེན་འདི་ལྟར་སྐྲ་བྲགས་པ་ལག་ན་ཐོད་པ་ཐོགས་ཤིང་གོས་ཐ་དད་པ་གྱོན་ནས་གཞན་གྱི་གྲོང་དུ་སློང་མོ་རྒྱུ་བར་གྱུར་ཅིག་ཅེས་བྱ་བ་ཡིན་མོད་ཀྱི། དེ་བཞིན་གཤེགས་པའི་གདམས་ངག་རྗེས་སུ་དྲན་ཞིང་ལུས་ཀྱི་དོན་དུ་འདི་ལྟར་ཚོལ་བ་ལ་ཞུགས་པ་ཡིན་ནོ་ཞེས་ལུས་ཀྱི་ཉེས་དམིགས་མཐོང་བ་དང༌། གྲོང་ཁྱེར་དུ་འཇུག་པའི་བསླབ་པའི་གཞི་ལ་རྗེས་སུ་སློབ་བཞིན་པ་དང༌། ཆོས་གོས་དང་ཤམ་ཐབས་ཟླུམ་པོར་བགོས་པ་དང༌། མིག་གཞན་དུ་མ་ཡེངས་པ་དང༌། ལྐུགས་པ་མ་ཡིན་བཞིན་དུ་ལྐུག་པ་ལྟ་བུར་བྱེད་ཅིང་བསྡམས་པ་ལུས་ཤིན་ཏུ་བསྡམས་པར་འཇུག་པར་བྱའོ། །གྲོང་གི་ནང་དུ་ཞུགས་ཤིང་རྒྱུ་བ་དང༌། རྙེད་པ་དང༌། མ་རྙེད་པ་དང༌། བསྟོད་དང་མ་སྨད་པ་ན་དགའ་བར་གྱུར་པ་མེད་པ་དང་བསོད་སྙོམས་སྟེར་བ་རྩོམ་པའི་བུད་མེད་མཚན་མ་དང༌། ཡན་ལག་ལ་རྟོག་པ་ལྟར་སྤང་ཞིང་ཡོངས་སུ་ཚོལ་བ་མེད་པ་དང༌། འདོད་པའི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། དྲེགས་པ་སྐྱེ་བའི་དངོས་པོ་རྣམས་ལ་དྲན་པ་བརྟན་པས་བསྲུང་བ་དང༌། ཡོངས་སུ་ལེན་པའི་ཚོད་ཤེས་པ་དང༌། སྙོམས་ཤིང་དུས་ལ་རྟོག་པ་དང༌། བག་ཡོད་པས་རྒྱུ་བར་བྱའོ། །འདྲིས་པ་མེད་ཅིང་མཛའ་བཤེས་མིན་ཁྱིམ་དུ། །གྱོ་མོའི་སྣོད་ཐོགས་སློང་མོའི་ཕྱིར་རྒྱུ་ལ། །མགོ་བྲེགས་བརྩམས་པའི་གོས་ངན་གྱོན་པ་ལ། །བག་མེད་གྱུར་ན་ངན་པ་རྣམས་དང་སྙམ། །སྟན་གཅིག་པ་དག་གིས་ཀྱང་བཟའ་བ་དང༌། བཅའ་བ་དང༌། བཏུང་བར་བྱ་བ་ལ་ལོངས་སྤྱོད་དམ་


DTG173_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་བ་ནི་འགལ་བ་མེད་ན་ཡང་ཆོག་ཤེས་པ་དང༌། བརྐམ་ཆགས་མེད་པ་དང༌། རོ་ལ་ཞེན་པ་མེད་པ་དང༌། རང་གི་བྱ་བ་ལས་ཉམས་པར་མ་གྱུར་པ་ལས་ཡང་དག་པར་བལྟས་ཏེ་སྟན་གཅིག་པ་ཉིད་ལ་གནས་ནས་ལོངས་སྤྱོད་པར་རིགས་པ་ཡིན་ཏེ། །དེ་ཙམ་གྱིས་འཚོ་བ་དང༌། བདེ་བ་ལ་རེག་བར་གནས་པར་འགྱུར་བར་བྱའོ། །ཅོག་བུར་འདུག་སྟེ་གཉིད་ལོག་པ་ལ་འཇུག་པར་མཆོག་ཏུ་གཞོལ་བས་འགྱེལ་ཞིང་མགོ་བོ་འདུད་པ་དང༌། ཁ་ཆུ་འཛགས་པས་ཉལ་བ་དང་མཚུངས་པར་མི་བྱ་ཞིང༌། །འདི་ནི་བརྩོན་འགྲུས་རྩོམ་པའི་ཕྱིར་སྒྲུབ་པ་ཡིན་པས་མལ་སྟན་གྱི་བདེ་བ་སྤང་བར་བྱའོ། །ཅོག་པུ་མ་ཡིན་ན་ཡང་སྣ་སྨན་བཏང་བའི་དོན་དུ་དུས་ཉུང་ཟད་ཅིག་ལུས་ཕབ་ཏུ་ཟིན་ཀྱང་དམ་བཅའ་བ་ལས་ཉམས་པར་མི་འགྱུར་རོ། །ཟས་ཕྱིས་མི་ལེན་པས་ཀྱང་བསྟབས་པ་ལས་ལྷག་པར་ལོངས་སྤྱད་པར་མི་བྱ་ཞིང༌། མ་བསྟབས་པ་ཡང་ཟོས་ཟིན་ནས་ལོངས་སྤྱད་པར་མི་བྱ་སྟེ། བརྐམ་ཆགས་མེད་པ་དང༌། ཆོག་ཤེས་པའི་རྗེས་སུ་མཐུན་པར་བྱའོ། །ཆོས་གོས་གསུམ་པ་བས་ཀྱང་ཅི་ནས་ཀྱང་ཡོ་བྱད་བསྐྱུངས་པས་གནས་པར་བྱ་སྟེ། དབྱར་གྱི་རས་ཆེན་ལ་སོགས་པ་ཡང་དམ་བཅའ་བ་དང་མི་འགལ་བར་འཇུག་པར་བྱའོ། །ཕྱིང་པ་པས་ཀྱང་ཕྱིང་པའི་རྒྱུ་ལས་བྱས་པའི་ཆོས་གོས་མ་རྙེད་པར་གྱུར་ན་བལ་ལས་བྱས་པ་སྣལ་མ་བཏགས་པ་ཡང་བཅང་བར་བྱ་སྟེ། དེ་དང་རྗེས་སུ་མཐུན་པ་མ་ཡིན་པའི་ཕྱིར་རོ། །གཞི་ཇི་བཞིན་པས་ཀྱང་རྐྱེན་དེ་ལྟ་བུ་བྱུང་ན་གཞན་ལས་རྗེས་སུ་གནང་ངོ༌། །མནོས་ལ་དེའི་མལ་སྟན་ལ་གནས་པར་བྱ་སྟེ། འདི་ལྟ་བུས་དེའི་དམ་བཅས་པ་ཉམས་པར་མི་འགྱུར་རོ། །དུར་ཁྲོད་པས་ཀྱང་བུ་རམ་ཏིལ་དང་སྦྱར་ཚོད་དང་ཤའི་ཚོད་མ་ལ་ལོངས་སྤྱད་པར་མི་བྱ་ཞིང་དགེ་བ་ཡིད་ལ་བྱེད་པས་གནས་པ་དང༌། སངས་རྒྱས་དང་ཆོས་དང་དགེ་འདུན་མང་དུ་རྗེས་སུ་དྲན་པ་དང༌། བྱམས་པའི་སེམས་དང་གལ་ཏེ་སྨྲ་ན་ཆོས་སྟོན་པས་གནས་པར་བྱའོ། །གཞན་དག་ན་རེ་དུར་ཁྲོད་པས་དུར་ཁྲོད་དུ་སྤྱིལ་པོའམ། མལ་སྟན་ལ་སོགས་པ་མི་བྱ་ཞིང་དུར་ཁྲོད་ཀྱི་གོང་གི་ཆ་འམ་འོག་གི་ཆར་གནས་པར་མི་བྱའོ། །གློས་ཕབ་སྟེ་ཉལ་བར་མི་བྱའོ། །ཉ་དང་ཤ་དང་འོ་མ་དང་ཏིལ་དང༌། བག་ཟན་དང༌། མ་ཤའི་


DTG173_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སྲན་ཆེན་བཟའ་བར་མི་བྱ། ཁྱིམ་དུ་ཞུགས་པར་མི་བྱ། ལྷུང་བཟེད་གཏང་བར་མི་བྱའོ། །སྐྱེ་བོའི་འདུས་པ་ཆེན་པོ་ལོངས་བ་སླར་སོང་ནས་གོས་ཀྱི་གནས་དང་སྟན་བླངས་ལ་རོ་སྲེགས་དང་ཤིན་ཏུ་མི་རིང་བར་བོར་བ་འཕངས་པས་ནོད་པ་ཙམ་གྱི་གནས་ཀྱི་ནང་དུ་འདུག་པ་ལ་ནམ་ལངས་ནས་གོས་དང་སྟན་བླངས་ལ་འགྲོ་བར་བྱའོ་ཞེས་ཟེར་རོ། །ཤིང་དྲུང་པས་ཀྱང་རྙིངས་པ་དང༌། ཁང་སྟོང་དང༌། དབྱར་གྱི་དུས་མ་གཏོགས་པ་གཞན་དུ་ལྗན་ལྗིན་བཅས་པའི་ཤིང་གི་རྩ་བ་སྤང་བར་བྱའོ། །བླ་གབ་མེད་པས་ཀྱང་སྦྲང་བུ་དང་ཆུ་སྦྲང་ཉུང་བ། སྡིག་སྤྲུལ་དང༌། སྲོག་ཆགས་གདུག་པ་དང༌། གྲོག་སྦུར་མེ་དང༌། ཚེར་མ་དང་བྲལ་བའི་གནས་བསྟན་པར་བྱ་བ་དབྱར་གནས་པའི་དུས་སུ་ནི་གཡོགས་པའི་གནས་སུ་འདུག་པར་བྱའོ། །དུར་ཁྲོད་པས་ཀྱང་གནས་གཡོགས་པ་ཡོད་ན་དབྱར་གནས་ཀྱི་བར་དུ་འདུག་པ་ལ་འགལ་བ་མེད་ལ། དབྱར་གྱི་གནས་མེད་ན་སྟེང་གཡོགས་ཡོད་པར་འགྲོ་བར་བྱའོ། །དེ་ལ་དགོན་པ་ཉིད་ཀྱང་བར་གྱི་ཉེས་པས་གྲོང་ནང་དུ་དུས་ཅུང་ཟད་ཅིག་འདུག་ན་ཡང་དམ་བཅའ་བ་མི་གཏོར་བ་ཡིན་པའི་ཕྱིར་ཉམས་པར་མི་འགྱུར་རོ། །དེ་བཞིན་དུ་ཆོས་ཉན་པ་དང༌། གསོ་སྦྱོང་དང༌། དགག་དབྱེའི་དོན་དང༌། ཀུན་ལ་མངོན་པར་གྲགས་པའི་མདོ་སྡེ་འཛིན་པ་དང༌། ཡོངས་སུ་དག་པར་བྱ་བའི་ཕྱིར་དང༌། བསྙེན་པར་རྫོགས་པར་བྱ་བ་དང༌། ལྟུང་བ་ལས་ལྡང་བ་དང༌། ལྡང་པ་བྱེད་དུ་གཞུག་པ་དང༌། ནད་གསོ་བ་དང༌། ནད་གཡོག་བྱ་བ་ལ་སོགས་པའི་རྐྱེན་གྱིས་འགྲོ་བ་ལ་ཉེས་པ་མེད་དོ། །དེ་བཞིན་དུ་ཤིང་དྲུང་པས་ཀྱང་དེ་དག་ལྟ་བུའི་བྱ་བའི་གཙུག་ལག་ཁང་དུ་ཞུགས་པ་དང༌། ཆར་འབབ་པ་ན་སྐྱ་རེངས་ཤར་བར་གྱུར་ཀྱང་ཤིང་དྲུང་བ་ཉིད་ལས་ཉམས་པར་མི་འགྱུར་རོ། །ཤིང་དྲུང་པ་དང༌། བླ་གབ་མེད་པ་དང༌། དུར་ཁྲོད་པའི་ཉེས་པར་འབྱུང་བ་ཡང་དགོན་པ་པ་དང་འདྲའོ། །ཕྱག་དར་ཁྲོད་པ་ཉིད་ཀྱིས་ཀྱང་ཁ་ཚང་བཅད་པ་དང། མཐའ་མ་བཅད་པ་དང༌། བ་ལང་གིས་ཟོས་པ་དང༌། བྱི་བས་ཟོས་པ་དང༌། མེས་ཚིག་པ་དང༌། བཀྲ་ཤིས་པར་བྱ་བའི་ཕྱིར་ལམ་དུ་འདོར་བ་དང༌། དུར་ཁྲོད་དུ་གཏོགས་པ་དང༌། སྨྲེས་ཏེ་བོར་བ་དང༌། འཇུག་སོགས་ཀྱི་རྒྱལ་མཚན་དང༌། དགེ་སྦྱོང་གིས་བྱིན་པའི་གོས་རྣམས་གྱོན་


DTG173_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འགལ་བ་མེད་དོ་ཞེས་ཁ་ཅིག་འདོད་དེ། དེ་རྣམས་ནི་ཕྱག་དར་ཁྲོད་པ་དང་འདྲ་བར་འདོད་པ་ཡིན་པའི་ཕྱིར་རོ། །ཕྱག་དར་ཁྲོད་གཉུག་མཚོལ་བའི་ཕྱིར་ཞུགས་པ་ལ་གལ་ཏེ་ཁྱིམ་བདག་གིས་སྲ་ཞིང་གསར་པའི་དར་ལ་སོགས་པ་བྱིན་པ་ན་དེ་བླངས་ཀྱང་ཕྱག་དར་ཁྲོད་ལས་ཉམས་པར་མི་འགྱུར་རོ་ཞེས་གྲག་གོ །དེ་བཞིན་དུ་ཆེད་དུ་བྱ་བའི་ཁ་ཟས་དང༌། ཚུལ་ཤིང་གིས་བབ་པའི་ཁ་ཟས་དང༌། ཟླ་བ་ཕྱེད་པ་དང༌། གསོ་སྦྱོང་པ་དང༌། དགེ་འདུན་གྱི་ཟས་དང༌། གཙུག་ལག་ཁང་གི་ཁ་ཟས་རྣམས་ནི་མགྲོན་དུ་བོས་པ་མ་ཡིན་པའི་ཕྱིར་བསོད་སྙོམས་པ་ཉིད་ལས་ཉམས་པར་མི་འགྱུར་རོ་ཞེས་ཟེར་རོ། །སྟན་གཅིག་པ་ཉིད་དུ་ཟབ་ཡང་གླང་པོ་ཆེ་གཏུམ་པོ་དང༌། རྟ་དང༌། ཁྱུ་མཆོག་མི་སྲུན་པ་དང༌། སྤྲུལ་ལ་སོགས་པའི་འཇིགས་པ་དང༌། མཁན་པོ་དང༌། སློབ་དཔོན་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གུས་པས་འཕྲལ་དུ་ལངས་ནས་ཟས་ལ་སྤྱོད་ཀྱང་སྟན་གཅིག་པ་ཉིད་ལས་ཉམས་པར་མི་འགྱུར་རོ། །དེ་ལ་སྦྱངས་པའི་ཡོན་ཏན་འདི་རྣམས་ལས་དགོན་པ་པ་ཉིད་དང༌། ཅོག་པུ་པ་ཉིད་དང༌། གཞི་ཇི་བཞིན་པ་ཉིད་དང༌། དུར་ཁྲོད་པ་ཉིད་དང༌། ཤིང་དྲུང་པ་ཉིད་དང༌། བླ་གབ་མེད་པ་ཉིད་དེ་དྲུག་ན་མལ་སྟན་དང་རབ་ཏུ་ལྡན་པ་ཡིན་ནོ། །ཕྱག་དར་ཁྲོད་པ་ཉིད་དང༌། ཆོས་གོས་གསུམ་པ་ཉིད་དང་ཕྱིར་པ་པ་ཉིད་དེ་གསུམ་ནི་ཆོས་གོས་དང་རབ་ཏུ་ལྡན་པ་ཡིན་ནོ། །བསོད་སྙོམས་པ་ཉིད་དང༌། སྟན་གཅིག་བ་ཉིད་དང༌། ཟས་ཕྱིས་མི་ལེན་པ་ཉིད་དེ་གསུམ་པོ་ཉིད་ནི་བསོད་སྙོམས་དང་རབ་ཏུ་ལྡན་པ་ཡིན་ནོ། །དེ་དག་ལས་ཀྱང་བསོད་སྙོམས་དང༌། ཆོས་གོས་དང༌། མལ་སྟན་ལ་སྲེད་པ་ཉེ་བར་སྐྱེད་པའི་རྒྱུར་གྱུར་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང༌། འཕགས་པའི་རིགས་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་ཡང་དག་པར་བླང་བར་བྱ་སྟེ། དེ་ལ་གནས་ན་སྤང་བ་ལ་མངོན་བར་དགའ་བ་ཉིད་ཀྱིས་སྲིད་པར་འབྱུང་བར་འགྱུར་བའི་རྒྱུ་ཅན་གྱི་སྲིད་པ་རྣམ་པར་གཅོད་པ་ཡིན་པས་བདེ་བ་དང་ལྡན་པ་ཡིན་ནོ། །ཁ་ཅིག་ན་རེ་སྦྱངས་པའི་ཡོན་ཏན་དང་པོ་གསུམ་ནི་གཙོ་བོར་གྱུར་པ་ཡིན་ལ་ལྷག་མ་རྣམས་ནི་ཁོར་དུ་གྱུར་བ་ཡིན་ནོ་ཞེས་འདོད་དེ། འཕགས་པ་མཛེས་དགའ་ལ་མངོན་པར་དགྱེས་པ་སྟོན་པ་ཡིན་པའི་ཕྱིར་རོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་དགའ་བོ་ཁྱོད་ནམ་ངས་


DTG173_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བར་འགྱུར་ཞེས་བྱ་བའི་ཚིགས་སུ་བཅད་པ་ཇི་སྐད་གསུངས་པ་ལྟ་བུའོ། །ལ་ལ་ན་རེ་གང་གིས་གནས་བརྟན་རྣམས་མཆོག་ཉིད་དུ་བསྟན་ཅིང་གྲགས་པའི་ལྔ་པོ་འདི་དག་གིས་གཙོ་བོར་གྱུར་པ་ཡིན་ལ་དེ་ལས་གཞན་པ་བདུན་ནི་འཁོར་དུ་འགྱུར་བ་ཡིན་ནོ། །འདི་དག་ཐམས་ཅད་ཀྱང་དད་པ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་དང༌། ཡོན་ཏན་དུ་མས་ཕུལ་དུ་བྱུང་བ་ཡིན་པའི་ཕྱིར་དང༌། དེ་བཞིན་གཤེགས་པ་དང་འདྲ་བར་སྨད་པར་བྱ་བ་མ་ཡིན་པའི་ཕྱིར་དང༌། དེ་རབ་ཏུ་ཞི་བ་ཡིན་པའི་ཕྱིར་དང༌། རབ་ཏུ་ཞི་བ་འཕེལ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་བཀྲ་ཤིས་པའི་མཆོག་ཡིན་ནོ། །ལེགས་པའི་ལམ་བསྟན་པའི་གཏམ་ལས་སྦྱངས་པའི་ཡོན་ཏན་གྱིས་མཛེས་པ་ཞེས་བྱ་བ་ཕུན་སུམ་ཚོགས་པ་གཉིས་པའོ།། །།སྦྱངས་པའི་ཡོན་ཏན་ཡང་དག་བླངས། །དོན་དྲན་པ་ལ་ཡང་དག་གནས། །ཤེས་བཞིན་ལྡན་པའི་རྣལ་འབྱོར་པ། །སྤྱོད་པ་ཐམས་ཅད་དོན་ཡོད་འགྱུར། །ཇི་སྐད་དུ་བཤད་པའི་ལྡང་བ་དང་འདུག་པ་ན་ཤེས་བཞིན་དང་ལྡན་པ་ཁོ་ན་བྱའོ། །དེ་ལ་ལུས་དང༌། ངག་དང༌། ཡིད་ཀྱི་ལས་ཐམས་ཅད་ཤེས་བཞིན་ཉིད་ཀྱིས་སོ་སོར་ལེགས་པར་བརྟགས་ནས་བྱ་སྟེ། འདི་ནི་འདིའི་རྒྱུར་བསྒྲུབ་པར་བྱའོ། །འདི་ནི་འདིའི་རྒྱུར་སྤྱད་པར་བྱའོ་སྙམ་པས་དོན་མེད་པ་ཅི་ཡང་བསྒྲུབ་པར་མི་བྱ་ན་དགེ་བ་རྣམས་ལྟ་ཅི་སྨོས། འདི་ནི་ཤེས་བཞིན་དོན་དང་ལྡན་པ་ཡིན་ནོ། །ཇི་སྐད་དུ་འཕགས་པ་སྒྲ་གཅན་འཛིན་ལ་གདམས་པ་ལས། སྒྲ་གཅན་འཛིན་དེ་བས་ན་ལུས་ཀྱི་ལས་བྱེད་པར་འདོད་པས་ལུས་འདི་ནི་རུས་པ་སུམ་བརྒྱ་འདུས་པ། རྒྱུས་པས་སྦྲེལ་བ། ཤའི་རིས་བརྒྱ་ཕྲག་དུ་མས་ཞལ་བྱས་པ། པགས་པས་གཡོགས་པར་བལྟ་བར་བྱའོ། །སེམས་ཀྱི་དབང་གིས་འཇུག་པར་བྱེད་པ། མེ་དང་རླུང་གིས་རྒྱུ་བར་བྱེད་པ། ས་དང་ཆུ་དག་ཤས་ཆེ་བར་གྱུར་པ་ན་མལ་དང་སྟན་ལ་སོགས་པ་ལ་འཇུག་པ། རྐྱེན་ལ་རག་ལས་པས་མི་བརྟན་པ་ཉིད་ཀྱིས་ན་སྡུག་བསྔལ་བ་དེ་ཉིད་ཀྱི་ཕྱིར་བདག་དང་བདག་གི་བ་མེད་པ་ཞེས་གསུངས་པ་དང༌། ཇི་སྐད་དུ་དགེ་སློང་དག་ལུས་འདི་ནི་ཁྱོད་གཅིག་གི་ཡང་མ་ཡིན། གཞན་གྱི་ཡང་མ་ཡིན་པ་འདི་ནི། རང་གི་མཚན་ཉིད་ཡང་དག་པར་ཤེས་པ་ཡིན་ནོ་ཞེས་གསུངས་པ་དང༌།


DTG173_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་བྱ་བ་ཡོངས་སུ་རྫོགས་ནས་ཀྱང་འདུག་སྟེ། གང་གིས་གོམས་པ་དང་རྗེས་སུ་མཐུན་པར་མངོན་པར་འདོད་པའི་བྱ་བ་འཇུག་པས་བྱ་བ་ནི་ངེས་པར་འབྱུང་བ་ཡིན་ལ་བྱེད་པ་ལ་མངོན་པར་ཕྱོགས་པ་དྲན་པ་ཉེ་བར་གཞག་པ་དང༌། རྗེས་སུ་མཐུན་པ་ལ་མངོན་པར་ཕྱོགས་པ་འདིས་ཡིད་ལ་བྱ་སྟེ། འདི་ནི་རང་གི་སྤྱོད་ཡུལ་ཤེས་པ་ཉིད་ཡིན་ནོ། །ཤེས་བཞིན་དུ་བྱ་བ་འདི་དག་ལས་གང་ཞིག་གང་གི་དུས་སུ་བསྒྲུབ་པར་བྱ་བ་དེ་དུས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱ་སྟེ། འདི་ནི་མ་རྨོངས་པའི་ཡང་དག་པ་ཤེས་པ་ཉིད་ཡིན་ཏེ། ཇི་སྐད་དུ་དགེ་སློང་གིས་དུས་ཤེས་པར་འགྱུར་བ་ཇི་ལྟ་བ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟར་ཡང་དག་པའི་ཤེས་བཞིན་ཉིད་ལ་སོགས་ལུས་དང་ངག་དང་ཡིད་ཀྱི་ལས་ཤིན་ཏུ་རྣམ་པར་དག་པ་ནི་ཏིང་ངེ་འཛིན་གྱི་སྦྱོར་བ་ཙམ་བསྒྲུབ་པར་འགྱུར་བ་ཡིན་ནོ། །ལུས་དང་ངག་གི་ཉེས་པ་འབྲིང་དང་ནི། །སེམས་བྱུང་བ་ཡི་ཕྲ་མོ་ཞི་གྱུར་ན། །ས་རྡུལ་བཀྲུས་པའི་གསེར་ནི་ཕྲ་མོ་བཞིན། །དགེ་བའི་རྣམ་རྟོག་ལྷག་མ་ལུས་པར་འགྱུར། །དེ་ནི་ཏིང་ངེ་འཛིན་མངོན་པར་འདུས་བྱས་པ་ལས་ཐོབ་པ་སེམས་བསྡུས་ནས་འཇོག་པ་ཞེས་བྱ་བ་ཡིན་ནོ། །ཇི་སྐད་དུ་ཕྱག་དར་འཁྲུད་པར་བྱེད་པའི་མདོ་ལས། །ཡང་དག་མཚན་མ་ལ་ནི་ལེགས་གནས་ལ། །མཉམ་ཞིང་རྒོད་དང་ཞུམ་པའི་སེམས་ཉིད་ནི། །བཏང་སྙོམས་ཞི་དང་འཛིན་པར་གྱུར་ཉིད་དུ། །སེམས་དེ་ལ་ནི་མངོན་བརྩོན་མཉམ་པར་གཞག །གསེར་གྱི་ཕྱེ་མ་ས་རྡུལ་སྦྱངས་པ་ནི། །སེའུའི་ཁར་གཞག་འཇུ་པར་འདོད་པ་ན། །མེ་སྟོབས་མཉམ་ཞིང་རྣོ་དང་ཆུང་བ་ནི། །བཏང་སྙོམས་གཞག་དང་དབལ་བསད་སྔར་མཚུངས་དང༌། །རྣལ་འབྱོར་སྤྱོད་པའི་རྣམ་གཡེངས་འདིས་མཉམ་པར་གཞག་པའི་ཕན་ཡོན་ལ་བསམ་པར་བྱའོ། །རྣལ་འབྱོར་སྤྱོད་པའི་ཏིང་ངེ་འཛིན་ཐོབ་པ་ནི་ཁ་ན་མ་ཐོ་བ་མེད་པ་དང༌། གཞན་གྱི་ཁ་ན་མ་ལས་པའི་ཏིང་ངེ་འཛིན་ལས་བྱུང་བའི་དགའ་བ་དང་བདེ་བའི་རོ་སྟེན་པར་བྱེད་པ་ན་མི་ལས་འདས་པའི་དགའ་བ་ཡིད་དུ་འོང་བ་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྐད་དུ་དགེ་སློང་ཁྱིམ་སྟོང་པར་ཞུགས་པ་ནི་མིའི་ལས་འདུས་པའི་དགའ་བ་ཐོབ་པོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་ལུས་འདི་ཉིད་ལ་དབེན་པ་ལས་སྐྱེས་པའི་དགའ་བ་བདེ་བ་དང༌། ཏིང་ངེ་འཛིན་ཡོངས་སུ་


DTG173_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་བ་བྱས་པའི་སེམས་འཇམ་ཞིང་ལས་སུ་རུང་བ་སྒྲིབ་པའི་རྙོག་པ་དང་བྲལ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་གྱི་བདེ་བླག་ཏུ་མཐོང་བར་འགྱུར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཏིང་ངེ་འཛིན་བསྒོམས་ཤིང་ཏིང་ངེ་འཛིན་མང་དུ་བྱ་ཞིང་བག་ཡོད་པ་དང༌། སྡིག་པ་དང་བྲལ་བ་དང༌། ནང་དུ་ཡང་དག་པར་འཇོག་པས་རྣལ་འབྱོར་ལ་མཉམ་པར་གཞག་པར་བྱ་ཞིང་སེམས་ནང་དུ་ཞི་བར་བྱའོ། །ཏིང་ངེ་འཛིན་ལ་བརྟེན་ནས་མངོན་པར་ཤེས་པ་ལྔ་དང༌། །ཁྱད་པར་དེ་དང་དེ་ཐོབ་པར་འགྱུར་ཏེ། ཇི་སྐད་དུ། དེ་ལྟར་མཉམ་པར་གཞག་པའི་སེམས་ཀྱི་ཆོ་འཕྲུལ་གྱི་ཆོ་ག་མངོན་སུམ་དུ་བྱ་བས་སེམས་ལ་དབང་སྒྱུར་ཞིང་དེ་རྫུ་འཕྲུལ་གྱི་བྱ་བ་དཔག་ཏུ་མེད་པ་ཉམས་སུ་མྱོང་བར་བྱེད་དོ་ཞེས་གསུངས་པ་ཡིན་པས། ཏིང་ངེ་འཛིན་ཐོབ་པ་མི་སློབ་པའི་ས་མ་ཐོབ་པར་མ་ཉམས་པར་དུས་བྱས་ནས་ཏིང་ངེ་འཛིན་ཇི་ལྟ་བ་བཞིན་དུ་གཟུགས་དང༌། གཟུགས་མེད་པའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །ཇི་སྐད་དུ་སྐྱེ་བ་རྣམ་པར་འབྱེད་པ་ལས་ཏིང་ངེ་འཛིན་གྱི་ཉེ་བར་སྤྱོད་པས་ཉེ་བར་བསགས་པའི་ལས་ཀྱི་ལྷའི་བདག་པོ་དང༌། འཁོར་ལོས་སྒྱུར་བ་ལ་སོགས་པའི་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་གསུངས་པ་དང༌། ཇི་སྐད་དུ། དགེ་སློང་དག་ང་ལེན་སུམ་ཅུ་རྩ་དྲུག་གི་ཕར་དུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དུ་གྱུར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་བར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་ན། ཏིང་འཛིན་གྲུབ་ཕྱིར་ཡིད་ནི་བརྩོན་གྱུར་པ། །དེ་ཡི་ཡང་དག་ཡོན་ཏན་ལ་ལྟ་བ། །ཡོན་ཏན་ལ་དག་བྱ་བ་འགྲུབ་པ་དང༌། །སེམས་ནི་སྤྲོ་བ་བརྟེན་པ་ཉིད་དུ་འགྱུར། །དེ་ལ་ཏིང་ངེ་འཛིན་ཞེས་བྱ་བ་ནི་བྱིང་བ་དང༌། ཞུམ་པ་དང༌། རྣམ་པར་གཡེངས་པ་དང༌། མི་མཉམ་པ་སྤང་བའི་ཕྱིར་སེམས་དང་སེམས་ལས་བྱུང་བ་དམིགས་པ་གཅིག་ལ་གཏོད་པས་ཏིང་ངེ་འཛིན་ཞེས་བྱ་བའམ། སེམས་དང་སེམས་ལས་བྱུང་བ་དམིགས་པ་གཅིག་ཡང་དག་པར་སྡུད་པས་ན་ཏིང་ངེ་འཛིན་ཡིན་པའམ། ཕྱིན་ཅི་མ་ལོག་པ་ཡིན་པས་ཏིང་ངེ་འཛིན་འདི་ལ་གཏོད་ཅིང་འཇོག་པ་ན་ཕུན་སུམ་ཚོགས་པའི་ཁྱད་པར་ཡེ་ཤེས་དང་མཐོང་བ་དེ་དང་དེ་སྐྱེད་པའི་ཕྱིར་ཏིང་ངེ་འཛིན་ཏོ། །དེ་ཡང་གང་རྣམ་པར་དག་པའི་སེམས་


DTG173_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་གཅིག་ལ་ཉེ་བར་ཞི་བའི་ཡོན་ཏན་གྱིས་ཡང་དག་པར་བརྩོན་འགྲུས་འཇུག་ཅིང་མི་གཡེང་བར་གནས་པའམ། །ཉེ་བའི་ཉོན་མོངས་པའི་རླུང་གིས་མ་བསྐྱོད་པར་ཁང་པའི་ནང་གི་མར་མེ་དང་འདྲ་བར་སེམས་རྩེ་གཅིག་པར་འཇུག་པ་ནི་ཏིང་ངེ་འཛིན་ཞེས་བྱ་སྟེ། སེམས་གནས་པ་དང་ཡང་དག་པར་གནས་པ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ན་རྣམ་པ་གཅིག་པ་དང༌། སྦྱོར་བ་གཅིག་པ་དང༌། སྒོ་གཅིག་པ་དང༌། དམིགས་པ་གཅིག་པ་ལ་སེམས་ཡང་དག་པར་འཇོག་པའོ། །དེ་ཡང་སེམས་རྩེ་གཅིག་པའི་མཚན་ཉིད་དེ། ཉོན་མོངས་པའི་ཡོངས་སུ་གདུང་བ་རབ་ཏུ་ཞི་བའི་ཕྱིར་ཉེ་བར་གནས་པའོ། །དེ་ནི་འགྱོད་པ་མེད་པ་དང༌། རབ་ཏུ་དགའ་བ་དང༌། མགུ་བ་དང༌། ཤིན་ཏུ་སྦྱངས་པས་ཀུན་ནས་བསླང་བའི་གཞིའི་གནས་ཡིན་ནོ། །དེ་ནི་སེམས་རྩེ་གཅིག་པའི་མཚན་ཉད་ཀྱིས་རྣམ་པ་གཅིག་ཡིན་ནོ། །འཇག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བས་ནི་རྣམ་པ་གཉིས་ཡིན་ཏེ། བྱང་ཆུབ་ཀྱི་ཡན་ལག་དང་རབ་ཏུ་ལྡན་པ་ནི་འཇིག་རྟེན་ལས་འདས་པའོ། །དེ་ལས་གཞན་པ་ནི་འཇིག་རྟེན་པ་རྣམས་སོ། །ཡང། ཡང་དག་པའི་ཏིང་ངེ་འཛིན་ནི་རྣམ་པ་གཉིས་ཏེ། །དགེ་བ་ལ་སེམས་རྩེ་གཅིག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །མི་དགེ་བ་ལ་སེམས་རྩེ་གཅིག་པ་ནི་ལོག་པའི་ཏིང་ངེ་འཛིན་ཏོ། །གཞན་ཡང་ལུང་དུ་བསྟན་པ་དང༌། ལུང་དུ་མ་བསྟན་པ་གཉིས་ཏེ། ལུང་དུ་བསྟན་པ་ནི་དགེ་བ་དང༌། མ་བསྟན་པ་ནི་མི་དགེ་བ་དག་གོ །དེ་གཉི་ག་ལས་གོ་བཟློག་པ་ནི་ལུང་དུ་མ་བསྟན་པའོ། །གཞན་དག་ནི་ཏིང་ངེ་འཛིན་རྣམ་པ་གཉིས་སུ་འཆད་དེ། ཉེ་བར་གདགས་པའི་ཏིང་ངེ་འཛིན་དང༌། གཏོད་པའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་དེ་དང་དེ་དག་ལས་སྔ་མའི་ཆ་དང་ཉེ་བ་ནི་གདགས་པའི་ཏིང་ངེ་འཛིན་ཏོ། །རིགས་སུ་གྱུར་པའི་ཆོས་ཀྱི་རྗེས་ཐོགས་ལ་ནི་གཏོད་པའི་ཏིང་ངེ་འཛིན་ཡིན་ནོ། །གཞན་ཡང་རྣམ་པ་གཉིས་ཏེ། དགའ་བ་དང་བཅས་པ་དང༌། དགའ་བ་མེད་པའོ། །དགའ་བ་དང་བཅས་པ་ནི་བསམ་གཏན་དང་པོ་དང༌། གཉིས་པ་དང༌། དེའི་ཉེར་བསྡོགས་དང༌། དེའི་མཐུས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །དགའ་བ་མེད་པ་ནི་དེ་ཡན་ཆད་ཀྱི་བསམ་གཏན་དང༌། ཉེར་བསྡོགས་


DTG173_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དང། དེའི་མཐུས་གནས་པ་རྣམས་སོ། །ཡང་གཉིས་ཏེ། །གཟུགས་ལ་སྤྱོད་པ་དང༌། །གཟུགས་མེད་པ་ལ་སྤྱོད་པའོ། །གཟུགས་ལ་སྤྱོད་པ་ནི་སློབ་པ་དང༌། སོ་སོའི་སྐྱེ་བོ་རྣམས་བསམ་གཏན་བཞི་དང༌། དེའི་ཉེར་བསྡོགས་དང༌། དེའི་མཐུས་སྙོམས་པར་འཇུག་པ་རྣམས་སོ། །གཟུགས་མེད་པ་ནི་གཟུགས་མེད་པ་ལ་སྤྱོད་པ་རྣམས་སོ། །གཞན་ཡང་རྣམ་པ་གཉིས་ཏེ། སྨོན་པ་དང་བཅས་པ་དང༌། སྨོན་པ་མེད་པའོ། །བྱང་ཆུབ་ཀྱི་ཡན་ལག་ཅན་མ་ཡིན་པ་སྲིད་པ་མངོན་པར་འགྲུབ་པར་བྱེད་པ་ནི་སྨོན་པའོ། །བྱང་ཆུབ་ཀྱི་ཡན་ལག་དང་བཅས་སྲིད་པ་སྤོང་བར་བྱེད་པ་ནི་སྨིན་པ་མེད་པའོ། །ཡང་རྣམ་པ་གསུམ་ཏེ། །རྟོག་པ་དང་དཔྱོད་པ་དང་བཅས་པ་ཙམ་དང༌། རྟོག་པ་མེད་ཅིང་དཔྱོད་པ་ཙམ་དང༌། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའོ། །དེ་ལ་རྟོག་པ་དང་དཔྱོད་པ་དང་བཅས་པ་ནི་བསམ་གཏན་དང་པོ་དང་དེའི་མཐུས་སྙོམས་པར་འཇུག་པའོ། །རྟོག་པ་མེད་ལ་དཔྱོད་པ་ཙམ་ནི་བསམ་གཏན་དང་པོའི་བསམ་གཏན་ཁྱད་པར་ཅན་དང༌། དེའི་མཐུས་སྙོམས་པར་འཇུག་པའོ། །རྟོག་པ་མེད་ལ་དཔྱོད་པ་མེད་པ་ནི་བསམ་གཏན་གཉིས་པ་ལ་སོགས་པ་དང༌། དེའི་ཉེར་བསྡོགས་དང༌། དེའི་མཐུས་སྙོམས་པར་འཇུག་པ་རྣམས་སོ། །ཡང་ཏིང་ངེ་འཛིན་རྣམ་པ་བཞི་སྟེ། ཉམས་པ་དང༌། གནས་པ་དང༌། ཁྱད་པར་དང༌། ངེས་པར་འབྱེད་པའི་སྐལ་པ་ཅན་ནོ། །གཞན་ཡང་འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང༌། དཔྱོད་པའི་དབང་དུ་བྱས་པ་བཞིའོ། །དེ་ཉིད་དམིགས་པ་དང༌། རྣམ་པ་དང༌། ཆུང་ངུ་དང༌། འབྲིང་དང་ཆེན་པོའི་དབྱེ་བས་ཏིང་ངེ་འཛིན་རྣམ་པ་མང་པོ་ཡོད་དོ། །དེ་ཡང་ཤིན་ཏུ་བསྡུས་པ་དང༌། རྒྱས་པ་མ་ཡིན་པར་རིམ་པ་རབ་མ་ལ་གནས་ནས་འདི་དག་ཙམ་ཞིག་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟ་སྟེ་བསམ་གཏན་བཞི་དང༌། དེའི་ཉེ་བསྔོགས་གསུམ་དང༌། གཟུགས་མེད་པ་རྣམ་པ་བཞི་དང༌། རྗེས་སུ་དྲན་པ་དྲུག་དང༌། ཚད་མེད་པ་རྣམ་པ་བཞི་དང༌། དབུགས་དབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པ་དང༌། འདུ་ཤེས་བཅུ་དང༌། ཟད་པར་གྱི་སྐྱེ་མཆེད་བཅུ་དང༌། ཟིལ་གྱིས་ནོན་པའི་སྐྱེ་མཆེད་བརྒྱད་དང༌། རྣམ་པར་ཐར་པ་བརྒྱད་དང༌། ཟིལ་གྱིས་གནོན་པ་དང༌། འདུ་


DTG173_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མེད་པའི་སྙོམས་པར་འཇུག་པ་དང༌། སྟོང་པ་ཉིད་དང་སྨོན་པ་མེད་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་དང༌། རྗེས་སུ་མཐུན་པ་ལ་རྗེས་སུ་མཐུན་པར་འདུ་ཤེས་ལ་སོགས་པ་སྙོམས་པར་འཇུག་པ་དང༌། སྟོང་པ་ཉིད་གསུམ་དང༌། ཡན་ལག་ལྔ་དང༌། ཤེས་པ་ལྔ་དང་ལྡན་པའི་ཏིང་ངེ་འཛིན་རྣམས་སོ། །དེ་ལྟར་ཏིང་ངེ་འཛིན་གྱི་ཚོགས་འདི་དག་རྣལ་འབྱོར་པས་གཞུང་དང་དོན་གྱི་སྒོ་ནས་ཡང་དག་པར་རྟོགས་པར་བྱས་ནས་ཀྱང་དེ་རྫོགས་པར་བྱ་བའི་དོན་དུ་གཏམ་བཅུ་བཞིའི་ཡོན་ཏན་ཕུན་སུམ་ཚོགས་པའི་དགེ་བའི་བཤེས་གཉེན་ནམ། མཁན་པོའམ། སློབ་དཔོན་ནམ། ཚངས་པ་མཚུངས་པར་སྤྱོད་པ་དེ་ལྟ་བུ་བསྟེན་པར་བྱ་བའམ། གང་ཞིག་ལ་བརྟེན་ནམ་ཐོས་པ་ཐོས་པ་དང༌། ཐོས་པ་རྣམས་ཡོངས་སུ་དག་པར་བྱེད་པ་དང༌། ཐེ་ཚོམ་སྤོང་བར་འགྱུར་བ་དང༌། ལྟ་བ་དྲང་པོར་བྱེད་པ་དང༌། ཚིག་ཟབ་མོའི་དོན་སོ་སོར་ཤེས་རབ་ཀྱིས་རྟོགས་པ་དང༌། གང་ཞིག་ལ་བསླབ་པ་ན་ཚུལ་ཁྲིམས་དང༌། ཐོས་པ་དང༌། ཤེས་རབ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་འཕེལ་བར་འགྱུར་བ་ལ་བརྟེན་པར་བྱའོ། །གང་ཡང་སྡུག་དང་བླ་མ་དང༌། །དང་བྱ་སྨྲ་མཁས་ཚིག་སྨ་ནུས། །ཟབ་མོའི་གཏམ་ནི་སྟོན་བྱེད་པ། །གནས་མིན་པ་ནི་མི་སྦྱར་རོ། །གལ་ཏེ་རྙེད་ན་སྡིག་མེད་ཤེས་རབ་ཅན། །ཞེས་བྱ་བ་ལ་སོགས་དང༌། ཀུན་དགའ་པོ་འདི་ནི་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་གསུངས་པ་ལྟ་བུའོ། །དེ་ལ་སྡུག་པ་ནི་ཚུལ་ཁྲིམས་དང་ཐོས་པ་ཕུན་སུམ་ཚོགས་པའི་བྱམས་པའི་ལུས་དང་ངག་དང་ཡིད་ཀྱིས་སམ། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་མཐུན་པ་དང༌། དོན་སྤྱོད་པས་ནི་སྡུག་པར་འགྱུར་བ་ཡིན་ནོ། །ཉེ་བར་ཞི་བ་ལ་གོམས་པ་དང༌། ཚིག་མ་འཆལ་བ་དང་ལྡན་པ་ཉིད་དང༌། ཆོག་ཤེས་པ་ཉིད་ཀྱིས་ན་བླ་མ་ཡིན་ནོ། །ཤེས་པ་དང༌། ཡོན་ཏན་ཕུན་སུམ་ཚོགས་པ་དང། ཁྱད་པར་རྟོགས་པར་འོས་པའི་སྤྱོད་ལམ་དང་ལྡན་པའི་ཕྱིར་དང་བར་བྱའོ། །ཆོས་ལ་གུས་པ་དང༌། གཞན་ལ་ཕན་པ་ལ་བརྩོན་པའི་བློ་ཅན་ཉིད་དང༌། ཡང་དག་པར་དང༌། དུས་དང༌། འཇམ་པ་དང༌། དོན་དང་ལྡན་པར་ཚིག་སྨྲ་བ་ལ་མཁས་པ་དང༌། བདག་ཉིད་གཞལ་བ་


DTG173_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པས་ན་སྨྲ་བ་ལ་མཁས་པའོ། །རང་བཞིན་བཟང་བ་ཉིད་དང༌། རང་དང་གཞན་གྱི་གཞུང་ལུགས་ཤེས་པ་དང༌། གཏམ་གྱི་བྱ་བ་ལ་མཁས་པས་ན་ཚིག་སྨྲ་བ་ནུས་པའོ། །འཇུག་པ་དང་ལྡོག་པའི་རིམ་པ་ཤེས་པ་དང༌། ངེས་པར་འབྱུང་བའི་བསམ་པ་དང་ལྡན་པས་ཟབ་མོའི་གཏམ་སྟོན་པར་བྱེད་པའོ། །ལེགས་པར་བརྟགས་ནས་བྱེད། སྤྱོད་པའི་མཚན་ཉིད་དང༌། བསླབ་པ་དང༌། མི་མཐུན་པའི་ཕྱོགས་ཤེས་པས་གནས་མ་ཡིན་པར་མི་སྦྱོར་བའོ། །ཡང་ན་དགེ་བའི་ཕྱོགས་ཉམས་པར་བྱེད་པའི་ཚིག་དང་ལས་ལ་མི་སྦྱོར་བ་ཡིན་པའི་ཕྱིར་རོ། །སེམས་ཅན་རྣམས་ནི་ཕལ་ཆེར་ཉེས་པ་དེ་དང་དེ་ལ་སྤྱོད་པ་ཡིན་པ་དང༌། དད་པ་དང༌། བློ་དང༌། རྟོག་དཔྱོད་པ་ཡིན་པའི་ཕྱིར་འདོད་ཆགས་ལ་སྤྱོད་པ་དང༌། ཞེ་སྡང་ལ་སྤྱོད་པ་དང༌། གཏི་མུག་ལ་སྤྱོད་པ་ཞེས་དེ་དང་དེ་ལྟར་སྟོན་ཏེ། དད་པ་ལ་སོགས་པ་ལ་སྤྱོད་པ་ཡང་གསུམ་པོ་འདི་དག་གི་ནང་དུ་འདུས་པ་ཡིན་ཏེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ནི་ཉོན་མོངས་པའི་གཙོ་བོ་ཡིན་པའི་ཕྱིར་དང༌། དད་པ་དང༌། བློ་དང༌། རྣམ་པར་རྟོག་པ་ནི་དེའི་རིགས་ཀྱི་སྐལ་བ་ཅན་ཡིན་པའི་ཕྱིར་རོ། །འདོད་ཆགས་ནི་ཀུན་དུ་སྦྱོར་བའི་བདག་ཉིད་ཅན་ཏེ། དེ་ནི་ད་ལྟ་བྱུང་བའི་དོན་ལ་ཚུལ་བཞིན་མ་ཡིན་པས་ཞེན་པས་ན་འདོད་ཆགས་ཞེས་བྱ་ལ། མ་འོངས་པའི་ཉོན་མོངས་པ་ཅན་ལ་དོན་དུ་གཉེར་བའི་སྒོ་ནས་ཞེས་པ་ནི་སྲེད་བ་ཞེས་བྱ་བར་བཤད་དོ། །དེའི་བདག་ཉིད་ཅན་གྱི་གང་ཟག་ནི་དགེ་བར་འགྱུར་བའི་དོན་ལ་ཚུལ་བཞིན་སྦྱོར་བས་ན་དད་པ་ལ་སྤྱོད་པ་ཞེས་བྱའོ། །དེ་བས་ན་འདོད་ཆགས་དང༌། སྲེད་པ་དང༌། དད་པ་ལ་སྤྱོད་པ་གཅིག་ཏུ་རབ་ཏུ་སྐྱེས་པ་ཡིན་པའི་ཕྱིར་དང༌། འབྱར་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་གཅིག་པ་ཉིད་ཅེས་བྱའོ། །དེ་བཞིན་དུ་བྲལ་བའི་བདག་ཉིད་ཅན་ནི་ཞེ་སྡང་སྟེ། དེ་ཞེ་སྡང་བའི་སྒོ་ནས་འབྲལ་བར་འགྱུར་བས་ན་ཞེ་སྡང་ཞེས་བྱའོ། །བདག་ལ་བསྟོད་པའི་སྒོ་ནས་འབྲལ་བར་བྱེད་པས་ང་རྒྱལ་ཞེས་བྱའོ། །དེའི་བདག་ཉིད་ཅན་གྱི་གང་ཟག་ནི་སྐྱེ་བ་མང་བ་ཡིན། ཁམས་གསུམ་པོ་དང་བྲལ་བར་བྱེད་པས་ན་ཤེས་རབ་ཀྱི་སྒོ་ནས་བློ་ཞེས་བཤད་དོ། །དེ་བས་ན་འདི་དག་ཀྱང་གཅིག་པ་ཉིད་


DTG173_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་བཞིན་དུ་རྟོག་པ་མེད་པའི་བདག་ཉིད་ཅན་ནི་གཏི་མུག་སྟེ། དེ་ནི་རྣམ་པ་ཐམས་ཅད་དུ་རྟོག་པ་མེད་པས་ན་རྨོངས་པ་ཞེས་བྱ་བའོ། །ལོག་པར་རྟོག་པས་ན་ལྟ་བ་ཞེས་བྱའོ། །དེའི་བདག་ཉིད་ཅན་གྱི་གང་ཟག་ནི་ཚུལ་བཞིན་ཡིད་ལ་བྱེད་པས་འཇུག་པ་ཡིན་དུ་ཟིན་ཀྱང་རྣམ་པར་རྟོག་པ་མང་བར་འགྱུར་ཞིང་མ་ངེས་པའི་བློ་ཅན་ཡིན་ཏེ། དེ་བས་ན་འདི་དག་ཀྱང་གཅིག་པ་ཉིད་ཡིན་ནོ། །ཡང་ན་འདོད་ཆགས་དང༌། སྲེད་པ་དང༌། དད་པ་ནི་རྩེ་ཞིང་ཡོན་ཏན་ཚོལ་ལ་ཡོངས་སུ་མི་སྤོང་བའི་རང་བཞིན་ཅན་ཡིན་པས་འདོད་པ་ལ་ཆགས་པ་ནི་སྲེད་པ་ཞེས་བྱ་ལ། དགེ་བ་དང་དགའ་བ་ནི་དད་པ་ཞེས་བྱའོ། །འདོད་ཆགས་དང་སྲིད་པའི་ཡོན་ཏན་ཚོལ་བའི་བདག་ཉིད་ཅན་ནི་འདོད་ཆགས་དང༌། སྲེད་པ་ཞེས་བྱ་ལ། དགེ་བ་ཚོལ་བའི་བདག་ཉིད་ཅན་ནི་དད་པ་ཡིན་ནོ། །ཕན་པ་མ་ཡིན་པ་ཡོངས་སུ་མི་འདོར་བའི་མཚན་ཉིད་ནི་འདོད་ཆགས་དང་སྲེད་པ་ཡིན་ལ་ཕན་པ་ཡོངས་སུ་མི་འདོར་བའི་མཚན་ཉིད་ནི་དད་པ་ཡིན་ཏེ། དེ་ལྟར་ན་འདི་དག་ཀྱང་གཅིག་པ་ཉིད་ཡིན་ནོ། །དེ་ལས་གོ་བཟློག་པའི་སྤྱིའི་མཚན་ཉིད་ཀྱི་ཞེ་སྡང་དང༌། ང་རྒྱལ་དང་བློའི་སྤྱོད་པ་རྣམས་ཀྱང་ཅིག་པ་ཉིད་ཡིན་ཏེ། བརྩེ་བ་ཉིད་དང༌། ཉེས་པ་ཚོལ་བ་དང༌། ཡོངས་སུ་འདོར་བའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་ཞེ་སྡང་དང༌། ང་རྒྱལ་ཅན་གྱི་གང་ཟག་བརྩེ་བ་མེད་པའི་རང་བཞིན་ཅན་ཡིན་ལ། འདུས་བྱས་ཞེས་པ་ནི་བློ་ཡིན་ནོ། །ཞེ་སྡང་དང༌། ང་རྒྱལ་ནི་གང་ཟག་ཉེས་ང་ཚོལ་བའི་བདག་ཉིད་ཅན་ནོ། །བློ་ནི་འདུས་བྱས་ཀྱི་ཉེས་པ་ཚོལ་བའི་བདག་ཉིད་ཅན་ནོ། །ཞེ་སྡང་དང༌། ང་རྒྱལ་ནི་གང་ཟག་ཡོངས་སུ་འདོར་བ་ཡིན་ནོ། །བློ་ནི་འདུས་བྱས་ཡོངས་སུ་འདོར་བ་ཤེས་པའོ། །དེ་བས་ན་མཚན་ཉིད་མཚན་པས་ཞེ་སྡང་དང་ང་རྒྱལ་དང་བློ་ལ་སྤྱོད་པ་རྣམས་ནི་མཚན་ཉིད་གཅིག་པ་ཉིད་ཡིན་ནོ། །དེ་བཞིན་དུ་གཏི་མུག་དང༌། ལྟ་བ་དང༌། རྣམ་པར་རྟོག་པ་ལ་སྤྱོད་པ་རྣམས་ནི་མི་བརྟན་ཞིང་རྣམ་པར་གཡོ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་གཏི་མུག་གི་རྣམ་པར་འགྱུར་བའི་བདག་ཉིད་ཅན་ཡིན་བས་ན་མི་བརྟན་པ་ཡིན་ལ། ལྟ་བ་ནི་ལོག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་མི་བརྟན་པ་ཡིན་ནོ། །རྣམ་པར་རྟོག་པ་ནི་རྣམ་པར་རྟོག་པར་བྱ་བའི་དངོས་པོ་མང་བོ་ལ་རྒྱུགས་པས་ན་མི་བརྟན་པ་ཡིན་ནོ། །


DTG173_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་གི་ཆོས་ཀྱི་མཚན་ཉིད་མ་རྟོགས་པས་གཡོ་བ་ཡིན་ལ། ལྟ་བ་ནི་ལོག་པའི་ཆོས་ལ་རྣམ་པར་གཡེངས་པས་གཡོ་བ་ཡིན་ཞིང་རྣམ་པར་རྟོག་པ་ནི་ཡང་བ་ཡིན་པས་གཡོ་བ་ཡིན་ནོ། །དེས་ན་མི་བརྟེན་ཞིང་གཡོ་བ་ཡིན་པའི་གཏི་མུག་དང་ལྟ་བ་དང༌། རྣམ་པར་རྟོག་པ་ལ་སྤྱོད་པ་རྣམས་སྤྱིའི་མཚན་ཉིད་ཀྱི་གཅིག་པ་ཡིན་ནོ། །འདི་དག་ནི་ལས་ཀྱིས་ཕན་ཚུན་དུ་ཐ་དད་པར་གྱུར་པ་ཡིན་ཏེ། དགེ་སློང་ལས་ཀྱི་མཚན་ཉིད་ཀྱིས་བྱིས་པ་ཡིན་ཞིང་ལས་ཀྱི་མཚན་ཉིད་ཀྱིས་མཁས་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེས་ན་ཚུལ་དེ་ལྟར་ཤེས་པར་བྱའོ། །འགྲོ་དང་ལྟ་དང་སྤྱོད་དང་སྨྲ་བ་དང༌། །ཉལ་དང་ཟས་དང་གོས་གྱོན་འདོད་པ་ལས། །འཇམ་དང་བརྩུ་བ་དང་ཀུན་ནས་གཡོ་བའི་མི། །འདོད་དང་ཁྲོ་དང་གཏི་མུག་ལ་སྤྱོད་བཤད། །ཉེས་པའི་རང་བཞིན་རྗེས་འཇུག་བྱེད་པ་རྣམས། །འདི་དང་ཕ་རོལ་དག་ཏུ་དེའི་དབང་གིས། །སྤྱོད་པ་སྣ་ཚོགས་འགྱུར་བདེ་ཡི་ཕྱིར། །དེ་ལས་གོ་བཟློག་ཚུལ་གྱིས་འདི་ལ་སྦྱར། །དེ་ལྟ་སྦྱོར་བ་དང་ནི་མཚན་ཉིད་དང་ལྡང་བར་བྱ་བའི་མི་མཐུན་པའི་ཕྱོགས་ཤེས་པས་གནས་པ་མ་ཡིན་པ་ལ་སྦྱོར་བར་མ་བྱེད་དོ། །གང་གི་ཕྱིར་རྣལ་འབྱོར་སྤྱོད་པ། འདི་ཉིད་འཕེལ་བར་འདོད་པས་འདི་ལྟ་བུའི་བླ་མ་ལ་ཡང་དག་པར་བརྟེན་ཏེ་གནས་པར་བྱ་བའམ། སློབ་དཔོན་ནམ་མཁན་པོ་ཡོན་ཏན་དེ་ལྟ་བུ་དང་མི་ལྡན་བར་གྱུར་ན་གང་ན་ཡོན་ཏན་དེ་ལྟ་བུའི་བླ་མ་ཡོད་པ་དེར་འགྲོ་བར་བྱའོ། །དམ་པ་རང་གི་ཡོན་ཏན་གྱིས། །མཐོ་བ་རིང་པོ་ནས་ཀྱང་སྣང༌། །དྲི་མེད་ས་ཕྱོགས་མཛེས་པ་ཡི། །སྟོན་ཀ་ཡི་ནི་རིང་པོར་མཚུངས། །དེར་འགྲོ་བ་ནི་ཉོན་མོངས་པ་དང་བར་ཆད་མང་བར་འགྱུར་བའམ། མི་ནུས་པའམ་དེ་ལྟ་བུ་དང་ལྡན་པ་གང་ན་ཡང་ཡོད་བར་ཐོས་པར་མ་གྱུར་ན། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ཉིད་སློབ་དཔོན་གྱི་མཆོག་ཡིན་པ་ལ་བརྟེན་པར་བྱ་སྟེ། དེའི་དབང་གིས་རང་ལ་ཕན་པ་འབྱུང་བར་འགྱུར་བའི་ཕྱིར་ཏེ། མདོ་སྡེ་ལས་ཇི་སྐད་གསུངས་པ་སྟོན་པ་ནི་དེ་སྐད་གསུངས་པ་ཡིན་ལ། ཇི་སྐད་གསུངས་པ་མདོ་སྡེ་ལས་དེ་སྐད་སྟོན་པ་ཡིན་ཏེ། སློབ་དཔོན་ཡང་རྗེས་སུ་སྟོན་པས་འདི་དག་ཉིད་རྗེས་སུ་སྟོན་པ་ཉིད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། གལ་ཏེ་སྡིག་བྲལ་ཤེས་རབ་


DTG173_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལྷན་ཅིག །སྤྱོད་པ་བརྟན་པའི་ལེགས་གནས་མ་རྙེད་ན། །རྒྱལ་པོ་རྣམ་རྒྱལ་གྲོལ་ཁྲོར་སྤངས་པ་ལྟར། །དགོན་པའི་གླང་ཆེན་ལྟ་བུར་གཅིག་པུར་སྤྱོད། །ཅེས་གསུངས་པ་དང༌། དེ་ཡང་རང་སངས་རྒྱས་ཀྱིས། །དམ་པ་ཤེས་རབ་ཅན་ལ་ཡང་དག་བརྟེན། །གྲོགས་ཀྱི་ཕུན་ཚོགས་རབ་ཏུ་བསྔགས་ཡིན་གྱི། །གལ་ཏེ་ཉེས་མེད་དེ་ནི་མ་རྙེད་ན། །བསེ་རུ་ལྟ་བུར་གཅིག་པུར་སྤྱོད་པར་ཡད། །ཞེས་ཇི་སྐད་བཤད་པ་ལྟ་བུའོ། །གཅིག་པུ་གནས་པ་ནི་ཏིང་ངེ་འཛིན་གྱི་བྱ་བ་ཇི་སྐད་ཐོས་པ་བག་ཡོད་པ་ཉིད་དུ་ཡང་དག་པར་སྒྲུབ་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་མཚན་མའི་ནུས་པ་ལ་ཡིད་སྦྱར་བར་མི་བྱ་སྟེ། དེ་ལ་བརྟེན་པའི་སེམས་ནི་ལེགས་པ་ཕུལ་དུ་བྱུང་བར་མི་འགྱུར་རོ། །དེའི་ཕྱིར་ཕུལ་དུ་བྱུང་བའི་ཆོས་ལ་ངེས་པར་སྦྱར་བར་བྱའོ། །དལ་འབྱོར་གྱི་ཆོས་འདི་ནི་ལྷའི་བུའི་འགྲོ་བའི་སྙིང་པོ་བས་ཀྱང་ཤིན་ཏུ་མགྱོགས་པར་འགྲོ་བ་ཡིན་ནོ། །དེ་བས་ན་ཡང་དང་ཡང་དུ་ཉོན་མོངས་པ་སྤོང་བར་འོས་པའི་ཀུན་དུ་སྤྱོད་པ་དང༌། ནུས་པ་ཆེ་བ་ཟག་པ་ཟད་པའི་རྟེན་དུ་གྱུར་པའམ། དེ་ནི་ལམ་གྱི་ཏིང་ངེ་འཛིན་གཅིག་གི་དབང་དུ་བྱས་ནས། དེ་ལས་གཞན་པའི་ཏིང་ངེ་འཛིན་གྱི་རྒྱུ་མཚན་སྐྱེས་པ་དང༌། །མ་སྐྱེས་པའི་ཉེས་པ་རྣམས་ཞི་བར་བྱེད་པ་རྣམས་ཀྱང་ཡིད་ལ་བྱའོ། །འདོད་ཆགས་ལ་སྤྱོད་པ་ཡིན་ན་ཡང་ཞེ་སྡང་དང་གཏི་མུག་གི་ཉོན་མོངས་པ་རྣམས་ལ་ཀུན་དུ་སྤྱོད་པར་འགྱུར་བ་ཡིན་ལ། ཞེ་སྡང་ལ་སྤྱོད་པ་ལ་ཡང་འདོད་ཆགས་དང་གཏི་མུག་ལ་སོགས་པ་ཟིལ་གྱིས་གནོན་པར་འགྱུར་ཞིང་གཏི་མུག་ལ་སྤྱོད་པ་རྣམས་ལ་ཡང་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གལ་ཏེ་འདོད་པ་ལ་འདུན་པ་སྐྱེས་པར་གྱུར་ན་མི་སྡུག་པའི་མཚན་མ་ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་ངེས་པར་གསུངས་པ་ཡིན་ནོ། །དགེ་སློང་མ་ལྷག་པའི་སེམས་ལ་མངོན་པར་བརྩོན་པས་གནས་ལྔ་ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་མཚན་མ་གསུམ་པ་ཡང་དང་ཡང་དུ་ཡིད་ལ་བྱའོ། །ཐམས་ཅད་བག་ཡོད་པ་དང་ལྡན་པར་བྱ་སྟེ། དེ་ལྟར་ན་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་འགྱུར་རོ། །ཇི་སྐད་དུ། བག་ཡོད་པའི་རྒྱུ་དང༌། བརྩོན་འགྲུས་ཀྱི་རྒྱུ་


DTG173_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དང། རྟག་ཏུ་བྱ་བའི་རྒྱུ་དང༌། རྗེས་སུ་སྦྱོར་བའི་རྒྱུ་དང༌། ཡང་དག་པར་ཡིད་ལ་བྱེད་པའི་རྒྱུས་དེ་ལྟ་བུའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་རོ་ཞེས་གསུངས་པ་དང༌། སེམས་ཀྱི་ཡང་སྙོམས་པར་འཇུག་པ་དང༌། གནས་པ་དང་ལྡང་བ་ལ་མཁས་པ་ཉིད་དུ་བྱའོ། །གུས་པར་བྱ་བ་དང༌། རྗེས་སུ་མཐུན་པར་བྱ་བས་དམིགས་པ་གང་ཞིག་གམ། རྣམ་པ་དང་མཚན་མ་གང་གིས་སེམས་ཀྱི་ཉོན་མོངས་པ་ཉེ་བར་ཞི་བར་འགྱུར་བ་དེ་ཉིད་ཡང་དག་པར་ཤེས་པར་བྱའོ། །ཇི་སྐད་དུ། །གཡོས་མཁན་ལྟ་བུའི་མདོ་ལས་མཚན་མ་ལེགས་པར་གཟུང་བ་ནི་སེམས་བསྐྱེད་པ་ལ་མཁས་པར་འགྱུར་རོ་ཞེས་གསུངས་པ་དང༌། ཡང་ཇི་སྐད་དུ། མཚན་མ་ལེགས་པར་གཟུང་བའི་ཕྱིར་གོམ་པ་འདོར་བ་ཡང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱེད་དོ་ཞེས་འདྲེན་པའི་ཚིག་དང་ཉེས་པར་བཟུང་བའི་རྗེས་སུ་ཉམས་པར་འགྱུར་རོ་ཞེས་གནས་བརྟན་གྱིས་བཤད་བལྟ་བུའོ། །མཚན་མ་བརྗོད་པས་ནི་མྱུར་དུ་སྙོམས་པར་འཇུག་པ་ལ་གནས་པར་འགྱུར་ཏེ། མཚན་མ་ལེགས་པར་གཟུང་བ་ཡིན་པའི་ཕྱིར་སྙོམས་པར་འཇུག་པ་བསྟན་པ་ཡིན་ནོ། །དྲན་པ་ཡང་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་ནུས་པ་ཆེ་བའི་ཆོས་ཡིན་ཏེ། དེ་ནི་ཐམས་ཅད་དུ་འགྲོ་བ་ཡིན་པའི་ཕྱིར་དེའི་དབང་གིས་འདས་པ་དང༌། མ་འོངས་པ་དང༌། མཚན་མ་རྣམས་ལས་ཉམས་པར་མི་འགྱུར་རོ། །དེ་བས་ན་ཐམས་ཅད་དུ་ལེགས་པར་སྨྲས་པའི་དྲན་པ་དང་ལྡན་པར་བྱའོ། །དེ་ལྟར་ཡང་མདོ་ལས། མཉམ་བར་གཞག་པ་འདི་ནི་དྲན་པ་ལ་ཉེ་བར་གནས་པ་རྣམས་ཀྱི་ཡིན་གྱི། ཆོས་འདི་ནི་དྲན་པ་ཉམས་པ་རྣམས་ཀྱི་མ་ཡིན་ནོ་ཞེས་གསུངས་པ་དང༌། ཏིང་ངེ་འཛིན་ལས་གཡེང་བའི་ཉེས་དམིགས་རྣམ་པ་དུ་མས་ཤིན་ཏུ་བསམ་པར་བྱ་ཞིང༌། །སྔ་མ་བཞིན་དུ་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བ་ལ་འབད་པར་བྱ་སྟེ། དེ་ལྟར་ན་ཏིང་ངེ་འཛིན་ལ་སེམས་ཡང་དག་པར་དགའ་བར་འགྱུར་རོ། །ཇི་སྐད་དུ། ཁྱིམ་བདག་ག་གོན་གྱི་དབང་དུ་མཛད་དེ། ཏིང་ངེ་འཛིན་ཐོབ་ནས་དེ་དབང་དུ་བྱས་ལ། དྲེགས་བར་གྱུར་པ་མེད་པ་དང༌། མི་སྨྲ་བར་དེའི་གོང་མའི་ཁྱད་པར་ཐོབ་པའི་ཕྱིར་སེམས་རབ་ཏུ་གཞུག་པར་བྱའོ། །ཇི་སྐད་དུ་རི་བོའི་ཆུ་དཔེར་མཛད་དེ། རྣལ་འབྱོར་


DTG173_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ལ་གཅེས་པར་བྱེད་པའི་ཆོས་སྨྲ་བ་ཉུང་བ་ལ་སོགས་པ་སྤང་བར་མི་བྱའོ། །དུས་སུ་ཆོས་ཉན་པ་ལ་བརྟེན་པར་བྱའོ། །རང་གི་སེམས་ལ་སོ་སོར་བརྟག་པ་མང་དུ་བྱའོ་ཞེས་ཇི་སྐད་བཤད་པ་དང༌། དེ་ལྟར་ཏིང་ངེ་འཛིན་གྱི་ཡན་ལག་རྣམ་པར་དག་པ་དང་ལྡན་ན་ཡིད་གང་ལ་ཉེ་བར་སྦྱར་བ་ཡང་དག་པའི་སྦྱོར་བ་དང་ལྡན་པ་དེ་ཐོགས་མ་མེད་པ་ཉིད་དུ་ཏིང་ངེ་འཛིན་དང་རྫུ་འཕྲུལ་ལ་སོགས་པའི་གཏེར་ཐོབ་པར་འགྱུར་རོ། །བག་མེད་ཉེས་དང་ཡན་ལག་ཉམས་པ་ནི། །སྔར་ནི་རབ་ཏུ་འགྲུབ་པར་འགྱུར་མ་ཡིན། །ཏིང་འཛིན་དེ་འདྲས་དེ་ཕྱིར་དེ་རྣམས་ཀྱི། །ཡན་ལག་ལ་ནི་འབད་པ་ཉིད་དུ་གྱུར། །ལེགས་པའི་ལམ་བསྟན་པའི་གཏམ་ལས་ཏིང་ངེ་འཛིན་གྱི་ཡན་ལག་རྣམ་པར་དག་པ་ཞེས་བྱ་བ་ཕུན་སུམ་ཚོགས་པ་གསུམ་པོ། །སློབ་དཔོན་དཔའ་བོས་མཛད་པའི་ལེགས་པའི་ལམ་བསྟན་པའི་གཏམ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དའི་པཾ་ཀ་ར་ཤྲཱི་འཛན་ན་དང༌། །ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།བམ་པོ་ཕྱེད་དང་གསུམ་མོ། །


previousལེགས་པའི་ལམ་བསྟན་པའི་གཏམ། དཔའ་བོ།next