ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ།
ཕ་གོལ།
རྒྱ་གར་སྐད་དུ། །ཨཥྚཱངྒ་ཧྲྀ་ད་ཡ་ནཱ་མ་བཻཌཱུཪྻ་ཀ་བྷ་ཥྡྱ་མ། བོད་སྐད་དུ། ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུཪྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདོད་ཆགས་ལ་སོགས་མ་ལུས་པ་ཡི་ནད། །རྒྱུན་དུ་འབྲེལ་པས་ལུས་ལ་ཀུན་ཏུ་ཁྱབ། །འདོད་དང་གཏི་མུག་ཁྲོ་བ་སེལ་བ་ཡི། །སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ལོ། །སྔོན་གྱི་དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་བཤད་པ། །ཚེ་རིང་ལྡན་པར་འདོད་པ་ན། །ཆོས་དང་ནོར་ཡང་བདེ་བར་སྒྲུབ། །ཚེ་ཡི་རིག་བྱེད་ལུང་བཤད་པ། །རབ་ཏུ་གུས་པས་བྱ་བར་གྱིས། །གནས་དང་པོ་སྨན་དཔྱད་ཀྱི་ཆོ་ག་ཚེ་རིང་བར་བྱ་བ་ལ་སོགས་པའི་དཔྱད་ནི། །ཚངས་པ་ཆེན་པོ་དྲན་ནས། ཚངས་པ་ཆེན་པོའི་བུ་སྐྱེ་དགུའི་བདག་ཅེས་བྱ་བ་ལ་བཤད་དོ། །སྐྱེ་དགུའི་བདག་གིས་སྨན་དཔྱད་ལོབས་ནས། །ལྷའི་སྨན་པ་ཐ་སྐར་གྱི་བུ་གཉིས་ལ་བཤད་དོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་སྔོན་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་དང༌། ནབ་སོ་སྐྱེས་དང༌། ཐང་ལ་གནས་དང༌། དཀའ་གཉིས་སྤྱོད་དང༌། མུ་ཁྱུད་དང༌། འདྲོ་བ་སྐྱོང་གི་བུ་དང༌། ཤོལ་འདྲོ་ཞེས་བྱ་བ་ལ་བཤད་དོ། །དྲང་སྲོང་ཆེན་པོ་འདི་རྣམས་ཀྱིས་ཀྱང༌། །དྲང་སྲོང་མེ་བཞིན་འཇུག་ལ་སོགས་པ་ལ་བཤད་དོ། །དྲང་སྲོང་མེ་བཞིན་འཇུག་ལ་སོགས་པས་སྨན་དཔྱད་ཀྱི་གཞུང་ལོབས་ནས། དྲང་སྲོང་རེ་རེས་ཀྱང་སྨན་དཔྱད་ཞིབ་མོ་རྒྱས་པ་སོ་སོར་བྱས་པའི་གཞུང་རྩིང་ཞིབ་སྣ་ཚོགས་སུ་གྱུར་པ་ལས། ཕྱིས་སྨན་པ་ཆེན་པོ་ཕ་ཁོལ་ཞེས་བྱ་བས་སྨན་དཔྱད་ཀྱི་གཞུང་མང་པོ་མཐའ་དག་མ་ལུས་པ་ལས་བཏུས་པ། །རྩིང་ཞིབ་རན་ཅིང་བསླབ་པའི་མདོ་ཡན་ལག་བརྒྱད་དུ་བསྡུས་པའི་སྨན་དཔྱད་ཀྱི་གཞུང་བྲིས་སོ། །དེ་ལ་སྨན་དཔྱད་ཀྱི་མདོ་ཡན་ལག་བརྒྱད་ཅེས་བྱ་བ་ནི། ནམ་ཚོང་མན་ཆད་ལུས་ཀྱི་ནད་སྣ་ཚོགས་གསོ་བའི་དཔྱད་དང༌། བྱིས་པ་ཆུང་ངུའི་དཔྱད་དང༌། གདོན་ནད་སྣ་ཚོགས་ཀྱི་དཔྱད་དང༌། ནམ་ཚོད་ཡན་ཆད་མིག་དང་རྣ་བ་དང་གླད་པའི་ནད་
སྣ་ཚོགས་ཀྱི་དཔྱད་དང༌། །མཚོན་གྱིས་སྨས་པའི་རང་གསོ་བའི་དཔྱད་དང༌། །སྡིག་སྤྲུལ་ཟོས་དུག་དང་རྩི་དུག་གིས་པོག་པའི་དཔྱད་དང༌། རྒས་སྲ་ཞིང་ཚེ་རིང་བར་བྱ་བའི་དཔྱད་དང༌། བུད་མེད་ལ་ཕོད་པར་བྱ་བའི་དཔྱད་དང༌། །ཡན་ལག་མདོ་རྣམ་པ་འདི་བརྒྱད་ཡིན་ནོ། །དེ་ལྟ་བས་ན་སྨན་དཔྱད་ཀྱི་གསོ་བའི་ཆོ་ག་ཐམས་ཅད་ནི་མདོ་བརྒྱད་པོ་འདིར་འདུས་སོ། །དེ་ལ་མིའི་ནད་ཐམས་ཅད་ཀྱི་ནད་གཞི་ནི་རྣམ་པ་གསུམ་སྟེ། རླུང་དང་མཁྲིས་པ་དང་བད་ཀན་ཡིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་འདི་གསུམ་མ་སྙོམས་ཏེ། གྱུར་ན་ནད་ཡིན་ཏེ་ལུས་འཇོམས་པར་བྱེད་དོ། །འདི་གསུམ་འཕྲོད་སྙོམས་ལ་གྱུར་པ་མེད་ན་ལུས་ཀྱི་ཉམས་ཐ་མལ་པར་གནས་ཏེ། འཚོ་བར་བྱེད་དོ། །རླུང་དང་མཁྲིས་པ་དང་བད་ཀན་འདི་གསུམ་ལུས་ལ་ཁྱབ་པར་གནས་མོད་ཀྱི། །དེ་ལ་ཡང་གནས་ཀྱི་བྱེ་བྲག་ནི་སྙིང་ག་ཡན་ཆད་བད་ཀན་གྱི་གནས་སོ། །སྙིང་ག་མན་ཆད་ལྟེ་བ་ཡན་ཆད་ཀྱི་བར་ནི་མཁྲིས་པའི་གནས་སོ། །ལྟེ་བ་མན་ཆད་ཟས་ཞུ་བའི་ས་དང༌། རོ་སྨད་མན་ཆད་རྐང་པ་ཡན་ཆད་རླུང་གི་གནས་སོ། །ཡང་དེ་ལ་ན་ཚོད་ཀྱི་བྱེ་བྲག་ལས་བསྟན་ན། བྱིས་པའི་ཚེ་ན་ནི་བད་ཀན་ནོ། །དར་ལ་བབ་པའི་ཚེ་ནི་མཁྲིས་པའོ། །རྒས་ཕན་ཆད་ནི་རླུང་གི་རང་བཞིན་ནོ། །ཉིན་མཚན་ཡང་རྣམ་པ་གསུམ་དུ་བལྟ་སྟེ། སྔ་དྲོ་ནི་བད་ཀན་ནོ། །ཉི་མ་ཕྱེད་ཀྱི་དུས་ནི་མཁྲིས་པའོ། །སྣུར་སྨད་མན་ནི་རླུང་ངོ༌། །མཚན་མོའི་ནམ་སྟོད་ནི་བད་ཀན་ནོ། །ནམ་གྱི་གུང་ལ་མཁྲིས་པའོ། ནམ་གྱི་སྨད་མན་ཆད་ནི་རླུང་གི་དུས་སོ། །ཡང་དེ་ལ་ཟས་ཟོས་མ་ཐག་པའི་རྗེས་ལ་ཅུང་ཟད་ཅིག་གི་བར་དུ་ནི་བད་ཀན་གནས་སོ། །དེ་ནས་ཟས་དེ་ཞུ་བར་བྱེད་ཀྱི་བར་དུ་ནི་མཁྲིས་པའོ། །ཟས་ཞུ་ནས་དངས་སྙིགས་ཕྱེད་ཕན་ཆད་ནི་རླུང་གི་དུས་སོ། །དེ་ལ་ཁ་ཟས་ཟོས་པ་རྣམས་མེའི་དྲོད་ཀྱིས་འཇུ་བའི་བྱེ་བྲག་རླུང་དང་མཁྲིས་པ་དང་བད་ཀན་ལས་རྣམ་པ་བཞིར་བལྟ་སྟེ། དེ་ལ་རླུང་སྐྱེས་ནས་ཟས་ཟོས་པ་ཡང་ན་མྱུར་དུ་འཇུ། །ཡང་ན་རིང་དུ་མི་འཇུ་བར་བྱེད་དེ། འཇུ་བ་མི་སྙོམས་སོ། །མཁྲིས་པ་སྐྱེས་ནས་ཟས་ཟོས་པའི་མེ་དྲོད་རྣོ་ཆེས་པར་འགྱུར་རོ། །བད་ཀན་
སྐྱེས་ན་ཟས་འཇུ་བར་བྱེད་པའི་མེ་དྲོད་ཆུང་པར་བྱེད་དོ། །རླུང་དང་མཁྲིས་པ་དང་བད་ཀན་འདི་གསུམ་ཤས་མཉམ་ན་ཟས་འཇུ་བའི་མེའི་སྟོབས་ཀྱང་སྙོམས་པ་ཡིན་ནོ། །དེ་ལ་རླུང་གི་ཤས་ཆེན་ལྟོས་སྲའོ། །མཁྲིས་པ་ཤས་ཆེན་ལྟོ་འཇམ་ཞིང་སྙིའོ། །བད་ཀན་གྱི་ཤས་ཆེན་ལྟོ་སྲ་ཆེ་པ་ཡང་མ་ཡིན། །སྙི་བ་ཉིད་ཀྱང་མ་ཡིན་པ་དེ་ནི་བར་མ་རན་པ་ཡིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཤས་སྙོམས་ཏེ་སྙོམས་པ་ནི་ནད་གཞི་སྙོམས་ཏེ་ནད་མེད་པའོ། །ཡེ་ལུས་ཀྱི་ནད་གཞི་དང་པོ་ནི། །མའི་མངལ་དུ་ཟླ་མཚན་དང༌། ཁུ་བ་ཆགས་པ་དེ་ཚུན་ཆད་ནས་ལུས་སྐྱེ་བ་ལ་སོགས་པར་འགྱུར་བ་ནི་ནད་ཀྱི་མགོ་སྟེ་དེ་ནས་བྱུང་བ་ཡིན་ཏེ། དེ་ནས་དཔེ་སྲིན་བུ་གདུག་པའི་དུག་དང་འདྲའོ། །ཡང་རླུང་དང་མཁྲིས་པ་དང་བད་ཀན་གྱི་བྱེ་བྲག་ལས་ལུས་ཀྱི་རང་བཞིན་ནི་རླུང་དང་མཁྲིས་པ་དང་བད་ཀན་རེ་རེ་ལ་ཡང༌། །ཆེ་བ་དང་འབྲིང་པོ་དང་ཆུང་ངུ་སོ་སོར་བལྟའོ། །རླུང་དང་བད་ཀན་དང་མཁྲིས་པ་གསུམ་འཕྲོས་སྙོམས་ན། །ལུས་ཟུངས་འཕྲོད་སྙོམས་པ་ཡིན་ཏེ་ནད་མེད་པའི་མཆོག་གོ །རླུང་དང་མཁྲིས་པ་དང་བད་ཀན་གསུམ་ལས་གང་ཡང་རུང་བ་གཉིས་ཤིག་ལྷག་པར་ཕྱེ་ན། ནད་གཞི་རྣམ་གཉིས་ལས་ནད་དུ་འགྱུར་ཏེ། སྨད་པར་བྱ་བའི་རང་བཞིན་ཡིན་ནོ། །དེ་ལ་རླུང་གི་རང་བཞིན་ནི་རྩུབ་པ། །ཡང་བ། གྲང་བ། །སྲ་བ། ཕྲ་བ། གཡོ་བ་ཡིན་ནོ། །དེ་ལ་མཁྲིས་པའི་རང་བཞིན་ནི་འཇམ་བག་ཅན། །ཚ་ཙག་ཅག་བྱེད་པ། །དྲོ་བ། ཡང་བ། དྲིང་བར་མནམ་པ། ཁོང་འཁྲུ་བ། །གཤེར་ཏེ་སླ་བ་ཡིན་ནོ། །དེ་ལ་བད་ཀན་གྱི་རང་བཞིན་ནི་ལྕི་བ། བསིལ་བ། འཇམ་པ། སྣུམ་ཞིང་རྟུལ་བ། བརྟན་པ། ནལ་ནལ་པོ་འབྱར་བག་གི་རང་བཞིན་ཡིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་འདི་གསུམ་ལས་གཉིས་ཀྱི་ཤས་ཆེན་ལྡན་པའི་ནད་ཅེས་བྱའོ། །སུམ་ཆར་ལས་ནད་དུ་གྱུར་པ་ནི་འདུས་པའི་ནད་ཅེས་བྱའོ། །དེ་ལ་ལུས་ཟུངས་བདུན་ཞེས་བྱ་བ་ནི། བཅུད་དང་ས་མ་དང༌། ཁྲག་དང༌། ཤ་དང༌། ཚིལ་དང༌། རུས་པ་དང༌། རྐང་དང༌། ཁུ་ཆུ་དང་བདུན་ནོ། །འདི་བདུན་དང་སྙིགས་མ་བཤད་གཅི་དང༌། རྡུལ་སོགས་པ་ལ་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱིས་གནོད་
པར་བྱེད་པ་ཡིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་སྙོམས་ན་ལུས་ཐམས་ཅད་རྟས་པར་བྱེད་དོ། །རླུང་དང་མཁྲིས་པ་དང་བད་ཀན་རྣམས་མ་སྙོམས་ན་ལུས་ལ་གནོད་པར་བྱེད་པ་ཡིན་ནོ། །དེ་ལ་སྨན་ནོ་ཅོག་གི་དང༌། ཟས་ཟོས་སོ་ཅོག་གི་རོ་ནི་མདོ་རྣམ་པ་དྲུག་སྟེ། མངར་བ་དང༌། སྐྱུར་བ་དང༌། ཚ་བྲོ་བ་དང༌། ཁ་བ་དང༌། ཚ་བ་དང༌། བསྐ་བ་དང་རྣམ་པ་དྲུག་གོ །རོ་རྣམ་པ་དྲུག་ཀྱང་རྩི་སྨན་ཐ་དད་པ་ལ་བརྟེན་ཏོ། །རོ་དྲུག་གི་སྟོབས་ཀྱང་གོ་རིམས་བཞིན་དུ་མཐུ་ཆེ་བ་ཡིན་ནོ། །དེ་ལ་དང་པོའི་མངར་བ་དང་སྐྱུར་བ་དང༌། ཚ་བྲོ་བ་འདི་གསུམ་གྱིས་ནི་རླུང་སེལ་ཏོ། །ཁ་བ་དང༌། ཚ་བ་དང༌། བསྐ་བས་ནི་བད་ཀན་སེལ་ཏོ། །བསྐ་བ་དང་ཁ་བ་དང་མངར་བས་ནི་མཁྲིས་པ་སེལ་ཏོ། །དེ་ལ་ཚ་བ་དང་སྐྱུར་བ་དང༌། ལན་ཚྭས་ནི་མཁྲིས་པ་དང་ཁྲག་རྒྱས་པའི་ཚ་བའི་ནད་སྐྱེད་དོ། །སྨན་གྱི་བྱེ་བྲག་ནི་རྣམ་པ་གསུམ་དུ་བལྟ་སྟེ། ལ་ལས་ནི་ནང་ཞི་བར་བྱེད། ལ་ལས་ནི་ནད་ལྡང་བར་བྱེད་དེ། ཐ་མལ་ནི་ཉམས་ཐ་མལ་པར་གནས་པར་བྱེད་དོ། །ཡང་སྨན་གྱི་མཐུ་ནི་རྣམ་པ་གཉིས་ཏེ། ཚ་བ་དང༌། བསིལ་བའི་ཡོན་ཏན་ཡིན་ནོ། །སྨན་ཞུ་བའི་རྗེས་ནི་རྣམ་པ་གསུམ་སྟེ། མངར་བ་དང༌། སྐྱུར་བ་དང༌། ཚ་བའི་རང་བཞིན་ནོ། །སྨན་གྱི་ཡོན་ཏན་ནི་རྣམ་པ་བཅུ་སྟེ། ལྕི་བ་དང༌། རྟུལ་བ་དང༌། བསིལ་བ་དང༌། སྣུམ་པ་དང༌། འཇམ་པ་དང༌། བསྐ་བ་དང༌། མཉེན་པ་དང༌། བརྟེན་པ་དང༌། རབ་ཏུ་ཕྲ་བ་དང༌། སྐམ་བག་ཅན་ནོ། །འདི་ལས་བཟློག་ན་ཉི་ཤུར་སྦྱར་རོ། །ནད་གསོ་བའི་བྱེ་བྲག་ནི་དབྱར་དགུན་གྱི་བྱེ་བྲག་དང༌། སྨན་གྱི་བྱེ་བྲག་དང༌། སྨན་སྦྱོར་ཞིང་གཏོང་བའི་ལས་ལ་མཁས་པ་དང༌། འདི་གསུམ་སྦྱར་ཞིང་ལོགས་པར་སྦྱོར་བ་ནི། ནད་མེད་པར་བྱེད་པའི་རྒྱུ་གཅིག་པུ་སྟེ། མཆོག་ཡིན་ནོ། །རྣམ་པ་འདི་གསུམ་ལྟར་མ་འབྱོར་ཏེ། ཆུང་ངམ་ལོག་པར་སྦྱར་ཏམ། ལྷག་པར་སྦྱར་ཏེ་ཆེས་ན་ནད་ཀྱིས་ཉེན་པ་ཡིན་ཏེ། ནད་དུ་ཤེས་པར་བྱའོ། །ནད་ཅེས་བྱ་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་མ་སྙོམས་པ་ལས་ནད་དུ་
འགྱུར་རོ། །ནད་མེད་པ་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་གཞི་འཕྲོད་ཅིང་སྙོམས་ན་ནད་མེད་པའི་རང་བཞིན་ནོ། །ནད་ཅེས་བྱ་བ་ནི་མདོར་རྣམ་པ་གཉིས་ཏེ། གཅིག་ནི་བཀྲེས་པ་དང་སྐོམ་པ་དག་གི་ནད་རྟག་པ་རང་བཞིན་གྱིས་གནས་པ་ཡིན་ནོ། །འཕྲལ་དུ་སྣང་པ་དང༌། མ་འཕྲོད་པ་མ་སྙོམས་པ་ལས་ནད་དུ་གྱུར་པ་ནི། གློ་བུར་གྱི་ནད་ཡིན་ཏེ། འདི་དང་རྣམ་པ་གཉིས་སོ། །ནད་འདི་གཉིས་ཀྱང་ལུས་དང་སེམས་ཀྱི་བྱེ་བྲག་གིས་ནད་ཀྱི་གནས་ཀུན་རྣམ་པ་གཉིས་སུ་རིག་པར་བྱའོ། །དེ་ལ་འདོད་ཆགས་དང༌། གཏི་མུག་གཉིས་ཀྱི་ཡིད་ཡིན་ཏེ། འདི་གཉིས་ནད་གཞིར་བསྟན་ཏོ། །དེ་ལ་ནད་ཀྱི་ཐབས་བརྟག་པ་ནི་རྣམ་པ་གསུམ་སྟེ། བལྟ་བ་དང༌། ལག་པའི་མྱང་བས་རེག་པར་བྱ་བ་དང༌། ནད་ཐབས་དྲི་བ་དང་གསུམ་གྱིས་བརྟག་གོ །དེ་ལ་ནད་པའི་ནད་བརྟག་པ་ཡང་རྣམ་པ་ལྔ་སྟེ། སྔར་ནད་གཞིར་གྱུར་པའི་ཁ་ཟས་མི་འཕྲོད་པའི་ལྕི་ཡང་ཟོས་རྗེས་དཔྱད་པ་དང༌། ནད་གང་ཡིན་པའི་ཚུལ་ལས་ཤེས་པར་བྱ་བ་དང༌། ནད་ཀྱི་དངོས་པོ་གང་ཡིན་པའི་མཚན་ཉིད་རྟོགས་པ་དང༌། ནད་དུ་འགྱུར་བའི་ཁ་ཟས་ལ་སོགས་པ་ཟོས་པར་གྱུར་པས་ནད་ཆེར་གྱུར་པ་དང༌། ནད་མངོན་པར་རྟོགས་ཏེ་ནད་ཀྱི་མིང་ཅི་ཡིན་བྱེ་བྲག་ཕྱེད་པ་དང༌། འདི་ལྟ་བུས་ནད་ཀྱི་ཚུལ་རྟོགས་པར་བྱའོ། །ཡང་ནད་ཀྱི་ཚུལ་བརྟག་པ་ཡང་རྣམ་པ་གཉིས་ཏེ། ཡུལ་སའི་བྱེ་བྲག་དང༌། ལུས་ཀྱི་བྱེ་བྲག་ལས་རྣམ་པ་གཉིས་མུ་བལྟ་སྟེ། དེ་ལ་ཡུལ་སའི་བྱེ་བྲག་གི་ཆུ་དང་ཤིང་རྩི་ཉུང་ཞིང༌། རི་ཉུང་སྐམ་ས་ཆེ། རུས་པ་ཅན་རླུང་ཆེ་བའི་ཡུལ་དེ་ལྟ་བུ་ནི། རླུང་ནད་ལྷག་པར་ཆེ་ཞིང་ཁྲག་ནད་དུ་འགྱུར་རོ། །ཡུལ་སྤྱི་སེར་ཆེ་སྟེ། ཆུ་མང་རི་ཤས་ཆེ་སྟེ། ཤིང་མེད་པའི་ཡུལ་འདི་ལྟ་བུ་ལས་ནི་བད་ཀན་ལྷག་པར་ཆེ་ཤིང་རླུང་དུ་ཡང་འགྱུར་རོ། །སྐམས་དང་གཤེར་ས་དེ་གཉིས་ཆ་མཉམ་སྟེ། ཐུན་མོང་ཙམ་དུ་གྱུར་ན་རླུང་དང་བད་ཀན་དང་མཁྲིས་པ་ལ་སོགས་པའི་ནད་ཀྱང་ཆེས་མཉམ་པར་འགྱུར་རོ། །དེ་ལྟ་བས་ན་ཡུལ་ས་ལས་བལྟ་བ་རྣམ་པ་གསུམ་དུ་བཤད་པ་ཡིན་ནོ། །སྨན་པས་
ནད་ཀྱི་དམིགས་གསོ་དཀའ་སླ་ལས་སྨན་སྦྱར་བ་ཡང་རྣམ་པ་གཉིས་ཏེ། ནད་ཀྱིས་བཏབ་ནས་སྐད་ཅིག་ཐང་ཅིག་ནས་ལོ་ཟླ་བ་ལ་སོགས་པའི་ཡུན་ཇི་སྲིད་ལོན་པ་དང༌། འཕྲལ་དུ་ནད་ཀྱིས་ཐེབས་པའི་ཚབས་ཆེ་ཆུང་གི་དམིགས་ལས་བརྟགས་ཏེ། སྨན་པས་སྨན་སྦྱར་བར་བྱའོ། །སྨན་པས་སྨན་གཏང་བ་ཡང་མདོ་རྣམ་པ་གཉིས་ཏེ། སྟོད་དུ་དྲང་ཞིང་སློན་པ་ལ་སོགས་པ་ནས་བཀྲུ་ཞིང་སྦྱང་བར་བྱ་བ་དང༌། ནད་ཞི་བར་བྱ་བའི་སྨན་གཏང་བ་དང་གཉིས་སོ། །ལུས་ལས་བྱུང་བའི་ནད་རྣམས་རིམ་པས་གསོ་བ་ནི་མཆོག་ཏུ་སྨན་བཟང་སྟེ། སྨན་ལངས་པ་ནས་གཏང་བ་དང༌། བཀྲུ་སྨན་གཏང་བ་དང༌། སློན་སྨན་གཏང་བ་དང༌། ཏིལ་མར་དང་སྨན་མར་དང༌། སྦྲང་རྩི་ལ་སོགས་པ་བཏང་ཞིང་གསོའོ། །སེམས་ཀྱི་ནད་གསོ་བ་ནི་ཤེས་རབ་ཀྱི་བློ་དང་ལྡན་པ་དང་བརྟན་ཞིང་དགའ་བ་དང་ལྡན་པ་དང༌། གཞན་གྱིས་བརྙས་པ་ལ་སོགས་པ་བྱས་པས་སེམས་མི་དགའ་ཞིང་འཁྲུགས་པར་གྱུར་ན། བདག་ཉིད་ཀྱི་ཚོད་ཇི་ཙམ་པ་དང༌། ཅི་འདྲ་བ་ལ་སོགས་པ་རིགས་པའི་ཚུལ་གྱིས་བསམས་ཏེ། སེམས་ཀྱི་ནད་གསོ་པ་འདི་ནི་སེམས་ནད་གསོ་བའི་མཆོག་ཡིན་ནོ། སྨན་བཏང་ཞིང་ནད་གསོ་བའི་དཔྱད་ཐབས་མདོ་རྣམ་པ་བཞི་སྟེ། སྨན་པ་དང༌། སྨན་དང༌། ནད་གཡོག་དང༌། ནད་པ་དང་རྣམ་པ་བཞིའོ། །ནད་གསོ་བའི་མདོ་རྣམ་པ་འདི་བཞི་པོའི་རེ་རེ་ལ་ཡང་རྣམ་པ་བཞི་བཞི་སྟེ། བཅུ་དྲུག་དང་ལྡན་ན། ནད་གསོ་པ་ལ་སོགས་པ་སྨན་དཔྱད་ཐམས་ཅད་བྱར་རུང་ངོ༌། །དེ་ལ་ཡོན་ཏན་རྣམ་པ་བཞི་དང་ལྡན་ན་སྨན་པ་ཡིན་ཏེ། དེ་དག་གང་ཞེ་ན། སྨན་པ་ཆེན་པོ་མཁས་ཤིང་ལུགས་ཆེ། ཀུན་གྱི་སྟེགས་སུ་གྱུར་པ་ཡིན། སྨན་དཔྱད་ཀྱི་གཙུག་ལག་བཤད་པ། དཔྱད་ཀྱི་ལུང་ལེགས་པར་ལོ་བས་པ་ཡིན། །སྨན་སྦྱར་ཞིང་གཏང་བའི་ལས་སུ་བྱ་བ་རྣམས་མཐོང་བ་དང༌། སྙོམ་ལས་དང་ལེ་ལོ་མི་བྱེད་ཅིང་བརྩོན་པ་ཡིན། ཕྱིའི་བཀྲུ་བཤལ་དང་སྨན་སྦྱར་བ་ལ་སོགས་པ་ལ་གཙང་སྦྲ་ཆེ་ཞིང་ནང་གི་འདོད་ཆེན་མེད་ལ་སྙིང་རྗེ་ཡོད་པའི་གཙང་སྦྲ་དང་ལྡན་པ་འདི་ནི་སྨན་པའི་ཡོན་ཏན་
ནོ། །དེ་ཡང་སྨན་ཡོན་ཏན་བཞི་དང་ལྡན་པ་དགོས་ཏེ། སྨན་སྣ་ཚོགས་སོ་སོའི་བརྐོ་སྐམ་པ་ལ་སོགས་པ་སོ་སོའི་ཆོ་ག་བཞིན་བྱས་པར་གྱུར་པ་དང༌། སྨན་སྣ་རེ་རེ་ཡང་མཐུ་སྟོབས་ལ་སོགས་པ་ཡོན་ཏན་དང་ལྡན་པ་དང༌། སྨན་སྐྱེ་བའི་ཚེ་ན། ཆར་པ་ཆེན་པོའམ་ཐན་པ་ཆེས་པའམ། ཉི་ལྷགས་དང་གྲིབ་མས་ཧ་ཅང་གནོད་པར་མ་གྱུར་ཅིང༌། ས་བཟང་པོ་ནས་སྐྱེས་པ་སོ་སོའི་སྨིན་པར་ལྡན་པ་དག་ནད་དམིགས་ཐ་དད་པ་དང༌། འཕྲོད་པའི་སྨན་དམིགས་སུ་ཕན་པ་དང་ལྡན་པ་དང༌། འདི་བཞི་ནི་སྨན་གྱི་ཡོན་ཏན་ཡིན་ནོ། །ནད་གཡོག་གི་ཡོན་ཏན་ཡང་རྣམ་པ་བཞི་སྟེ། ནད་པ་ལ་བྱམས་པ་དང༌། ཕྱི་ནང་གི་གཙང་སྦྲ་ཆེ་བ་བསྙེལ་མདོངས་ཡོད་ཅིང་གཤོར་ལ་བརྩོན་པ་དང༌། ནད་པའི་ནད་ཀྱི་ཚུལ་ལས་ཁ་ཟས་ལ་སོགས་པ་རུང་མི་རུང་གི་ཆོ་ག་སྨན་པས་བསྟན་པ་བཞིན་མི་བརྗེད་མི་འཁྲུལ་ཞིང་རྒྱུས་ལོབས་པའོ། ནད་པ་ཡང་ཡོན་ཏན་བཞི་དང་ལྡན་ན་ནད་གསོར་རུང་སྟེ། གསོ་བའི་ཡོ་བྱད་འབྱོར་ཏེ་ཕྱུག་པ་དང༌། སྨན་པའི་དཔྱད་ཉན་ཅིང་བཀའ་བློ་བདེ་བ་དང༌། ནད་པ་རང་གི་ནད་གང་དང་གང་དུ་ན་བ་ཤེས་པ་དང༌། སྨན་དང་དཔྱད་བྱས་ན་ཕོག་སྙ་ཆེ་ཞིང་སྟོབས་དང་ལྡན་པ་བཞིའོ། །དེ་ལྟར་སྨན་དཔྱད་ཀྱི་ཡན་ལག་བཅུ་དྲུག་པོ་འདི་དག་དང་ལྡན་ན། ནད་གསོ་བ་ལ་སོགས་པ་དང༌། རྒན་སྲན་ཆེ་ཞིང་ཚེ་རིང་བར་བྱ་བ་ལ་སོགས་པ་ཀུན་ཀྱང་བྱར་རུང་ངོ༌། །སྨན་པས་ནད་པ་ཞིག་གསོ་ན། ནད་གསོར་རུང་བའི་ནད་པ་ནི། ན་ཚོད་དར་ལ་བབ་པ་དང། སྨན་དཔྱད་ཀྱི་ཆོ་ག་ཐམས་ཅད་ལ་ཕོག་སྙ་ནུས་ཤིང་བཟོད་པ་དང༌། རྣམ་པ་འདི་གཉིས་སུ་ལྡན་པའི་མི་སྨན་གྱི་ཆོ་ག་དང༌། ཁ་ཟས་མི་འཕྲོད་པ་བསྲུང་ཞིང་དབང་པོ་ཞི་ཞིང་ཐུབ་པར་སྲུང་ནུས་པ་འདི་ལྟ་བུའི་ནད་པ་ནི་གསོ་སླ་བ་ཡིན་ནོ། །ཡང་ནད་པའི་ནད་གསོ་བ་ལ། ན་ཚོད་དར་ལ་བབ་ཅིང་ཕོག་སྙ་ནུས་ཀྱང་ནད་གནད་དུ་བབ་པར་གྱུར་ཏམ། ནད་གཞི་ཆེ་བ་ལ་སོགས་པར་གྱུར་ན་ནི། གསོ་དཀའ་བ་ཡིན་ནོ། །ནད་པའི་ན་ཚོད་དར་ལ་བབ་ཅིང་ཕོག་སྙ་ལ་སོགས་པ་དང་ལྡན་ལ། ནད་ཀྱང་གནད་ལ་བབ་པར་མ་སོང༌། ནད་གཞི་ཡང་ཆུང༌། ན་
པའི་ནད་དམིགས་ཉིད་ཀྱང་གསལ་བར་མི་སྣང་སྟེ། ནད་གང་ཡིན་པའི་ཚུལ་ལ་མ་རྟགས་ཙམ་ཞིག་སྔར་སྣང་ངམ། ནད་ཀྱི་དམིགས་གང་ཡིན་པའི་མཚན་ཉིད་གསལ་བར་རྟོགས་པ་དང༌། རིམས་ལ་སོགས་པ་ནད་གང་ཡང་རུང་བའི་བླ་བརྣན་གྱི་ནད་ཕྲན་ཚེགས་གཞན་དག་གིས་ཀྱང་མ་བཏབ་ན་དེ་ནི་གནོད་པ་མ་ཡིན་ཏེ་གསོ་སླ་བའོ། །ཡང་ནད་པ་ཞིག་ན་སྟེ་མི་བདེ་ན། མིའི་རང་བཞིན་དང༌། དབྱར་དགུན་གྱི་དུས་དང༌། ཡུལ་སྐམ་ས་དང༌། སེར་ཆེ་བ་ལ་སོགས་པ་གནོད་པར་བྱེད་པའི་ཁམས་ལ་སོགས་པ་ལས་སོ། །མི་བདེ་བའི་ནད་ཀུན་ཀྱང་གཅིག་ཏུ་མི་མཐུན་ཏེ། ཐ་དད་པར་གྱུར་པ་འདི་ལྟ་བུ་དང༌། སྨན་དཔྱད་བྱ་བའི་ཡན་ལག་བཅུ་དྲུག་དང་ཡང་ལྡན་པར་གྱུར་པ་འདི་འདྲ་བའི་ནད་ནི་གསོ་སླ་བ་ཡིན་ནོ། །ཡང་ནད་ཀྱིས་བཏབ་པ་ཞིག་ལ་དཔྱད་དུ་བྱ་ན། མི་དེ་བཙས་པའི་ཚེའི་བླ་སྐར་གང་ཡིན་པ་དང༌། གཟའ་གང་ཡིན་པ་དང་སྦྱར་ཏེ། ཐོག་མར་ནད་ཀྱིས་བཏབ་པའི་ཉི་མ་དང་སྦྱར་ན་བཅས་པའི་ཚེའི་སྐར་མ་ལ་གནོད་པར་མ་གྱུར་པ་དང༌། ནད་འདོམ་པ་སྣ་གཉིས་ཀྱིས་མ་དག་སྟེ། ནད་སྣ་གཅིག་ན་བ་དང༌། ཁ་ནས་ཁྲག་འབྱུང་བ་དང༌། ཐུར་དུ་ཡང་འབྱུང་སྟེ་སྒོ་གཉིས་ཀ་ནས་ཁྲག་འོང་བ་འདི་ལྟ་བུ་དང༌། ཡང་ན་ཁ་དང་སྣ་ལ་སོགས་པ་ཀུན་ནས་ཁྲག་འོང་བ་འདི་ལྟ་བུ་ནི་གསོ་དཀའ་བ་ཡིན་ན། འདི་ལྟར་མ་འདོམ་སྟེ། ཁའམ་སྨང་འགའ་ཞིག་ནས་ཁྲག་འོང་བར་ཟད་པ་དང༌། ནད་སྙིང་དཀྱིལ་ཆེ་བ་མ་ཡིན་པ་འདི་ལྟ་བུ་ནི་གསོ་སླ་བ་ཞེས་བྱའོ། །དེ་ལ་ནང་གསོ་དཀའ་བ་ཞེས་བྱ་བ་ནི། གཏར་ག་སྣ་ཚོགས་གདབ་པ་དང༌། ཆུའི་སྲོག་ཆགས་པད་པས་ནད་ཁྲག་འཇིབ་ཏུ་གཞུག་པ་དང༌། ནས་ཚིག་འཁྲུས་པའི་ཐལ་བ་ལས་སྦྱར་བའི་སྨན་གྱིས་བསྐུ་བ་དང༌། ནད་སྣ་གཉིས་འདོམ་པའི་ནད་ཀྱིས་བཏབ་པར་གྱུར་པ་འདི་ལྟ་བུའི་ནད་ནི་གསོ་དཀའ་བ་ཡིན་ཏེ། སྨན་དང༌། ཁ་ཟས་ཕན་པ་ཙམ་ཞིག་གིས་ཟིན་པ་དང༌། ཚེ་སྲོག་ལ་ཐོགས་པར་ཟད་དེ། དེ་ལྟ་བུ་ནི་གསོ་དཀའ་བ་ཞེས་བྱའོ། །དེ་ལ་སྔར་གསོ་སླ་བའི་དམིགས་བསྟན་པ་དང་གསོ་དཀའ་བའི་དམིགས་བསྟན་པ་
རྣམ་གཉིས་དང་མི་མཐུན་པ་ནད་གཞི་ཡང་ཆེ་ལ་ནད་སྣ་ཡང་འདོམ་པ་དང༌། སྨན་དང་ཁ་ཟས་ཀྱིས་བཙོས་ཤིང་བསྒྱུར་དུ་ཡང་མི་རུང༌། ཚེ་སྲོག་གིས་ཟིན་པ་ཡང་མི་འདྲ་ལ་གསོ་བའི་དཔྱད་དུ་བྱ་བ་ཀུན་དང་རབ་ཏུ་མི་མཐུན་པར་གནས་པ་དང༌། སེམས་ཀྱང་འཁྲལ་འཁྲུལ་དུ་གྱུར་ཏེ། མི་འཕྲོད་ཅིང་གནོད་པར་འགྱུར་པ་ཀུན་འདོད་པ་དང༌། གཉེན་ནམ་མཛའ་སྡུག་པ་དང་འཕྲད་འདོད་ཅེས་ཟེར་བ་ལྟ་བུ་དང༌། རྨོངས་ཤིང་མི་དྲན་ལ། མྱོས་ཏེ་མ་སྨྲས་པ་དང༌། འདོད་པ་རྣམས་བརྗེད་པ་དང༌། ཁྲོ་བར་གྱུར་ཏེ་སྨན་པ་དང༌། ནད་གཡོག་དང༌། དཔྱད་དུ་བྱ་བ་རྣམས་ལ་གཤེ་ཞིང་འཚིག་པ་དང༌། འདི་ལྟ་བུའི་ནད་གཞི་ཆེར་གྱུར་པ་ནི་གསོ་བའི་ཐབས་དཀའ་བ་ཞེས་བྱ་བ་སྟེ། སྨན་པས་ནད་པ་ལ་བལྟས་ནས་འཆི་ལྟས་སྣང་ཞིང༌། མིག་འགྱུར་ལ་ཉམ་ཐག་པར་སྣང་ཞིང་སྨན་པ་ལ་ཡང་ཁྲོ། རྒྱལ་པོ་ལ་ཡང་ཁྲོ་སྨན་པ་དང་རྒྱལ་པོ་དང་མི་མཛའ་མི་མཐུ་པ་ལ་ཡང་ཁྲོ་ཞིང་འཚིག །ཡོ་བྱད་མི་འབྱོར་ལ། སྨན་པས་གསོ་བའི་དཔྱང་བྱས་ན་ཡང་བྲེལ་ཏེ་མི་ཁོམ་ཞེའམ། སྨན་པས་དཔྱང་བྱས་ཀྱང་ཉན་དུ་མི་བཏུབ་པ་དང༌། ནད་པ་གཏུམ་ལ་མྱ་ངན་ལ་གནས་ཤིང་དཔྱད་བྱས་པས་འཇིགས་ཏེ་ཕོག་སྙ་ཆུང་བ། དྲིན་མི་གཟོ་བ། རྒྱལ་བྱེད་ཅིང་སྨན་པ་ལ་བརྙས་པ། ཚེ་ཟད་པར་གྱུར་པ་འདི་ལྟར་མཐོང་ན། ཐབས་མེད་དེ་སྨན་པས་ཐོང་ཤིག །ཚེ་རིང་བར་བྱ་བའི་སྨན་དཔྱད་ཀྱི་ལེའུ་དང་པོའི་རྒྱུད་བཤད་ཟིན་ཏོ།། །།དེ་ནས་ཚེ་རིང་བར་འདོད་པའི་རྒྱུད་ལས་སྨན་དཔྱད་ཀྱི་རྣམ་གྲངས་ཀྱི་མདོ་བསྡུ་པའི་ལེའུ་བཤད་པར་བྱའོ། །ཚེ་རིང་བར་འདོད་ན་ཡང་དཔྱད་དང་ཆོ་གར་བྱ་བའི་རྣམ་གྲངས་བརྒྱ་ཉི་ཤུ་ཡོད་དོ། །དེ་དག་གང་ཞེ་ན། མིང་གིས་བགྲང་བ་ལས། མདོ་དམིགས་ཀྱིས་བཤད་པའི་གནས་རྣམས་སུམ་ཅུ་དང༌། བྱིས་པ་རུམ་དུ་ཆགས་པ་ལ་དཔྱད་དུ་བྱ་བ་རྣམ་པ་དྲུག་དང༌། ནད་གཞི་རྣམ་པ་བཅུ་དྲུག་དང༌། ནད་གསོ་བའི་དཔྱད་ཉི་ཤུ་རྩ་གཉིས་དང༌། བཀྲུ་སྨན་དང༌། སྐྱུག་སྨན་དང༌། སྨན་མས་གཏོང་བ་ལ་སོགས་པའི་ཆོ་ག་གྲུབ་པ་རྣམ་པ་དྲུག་དང༌། བྱིས་པ་ཆུང་ངུའི་དཔྱད་
དང། གདོན་ནད་ཀྱི་ཆོ་ག་དང༌། སྨྱོ་བ་དང༌། བརྗེད་བྱེད་ཀྱི་ནང་དང༌། མིག་ནད་དང༌། སྣ་ནད་དང༌། ཁ་ནད་དང༌། རྣ་ནད་དང༌། གླད་ནད་ལ་སོགས་པའི་དཔྱད་དང༌། རྨ་དང༌། མཚོན་གྱིས་ཕོག་པ་སྣ་ཚོགས་དང༌། རྐང་ལག་དང་འབུར་བ་ལ་སོགས་པ་གསོ་བའི་དཔྱད་རྣམ་པ་བཞི་བཅུ་ཡོད་དོ། །དེ་ལ་ཚེ་རིང་པར་འདོད་ན་ཉིན་རེ་ཞིང་རྟག་ཏུ་ཇི་ལྟར་བྱ་བ་དང༌། ལོ་གཅིག་ཅིང་དུས་ཚིགས་ཐ་དད་པ་དྲུག་ཡོད་པ་ལ་ཁ་ཟ་ལ་སོགས་པའི་ཆོ་ག་དང༌། དཔྱད་ཇི་ལྟར་བྱ་བ་དང༌། རྟག་པར་བདེ་ཞིང་ནད་མེད་པར་བྱ་བ་དང༌། སྐོམ་ཅི་དང་ཅི་བཏུང་བ་དང༌། ཁ་ཟས་སོ་སོའི་བྱེ་བྲག་ཤེས་པར་བྱ་བ་དང༌། ཁ་ཟས་དང༌། སྐོམ་ལ་སོགས་པའི་ནང་དུ་དུག་བཏབ་པ་ཐམས་ཅད་ལ་ཚོར་ཞིང་ངོས་ཟིན་པར་བྱ་བའི་ཐབས་བསྟན་ཏེ། ཟས་བསྡམ་པར་བྱ་བ་བཤད་པ་དང༌། ཟས་རན་པར་བཟའ་བའི་ཚོད་གཟུང་བ་བསྟན་པ་དང༌། སྨན་སྣ་སོ་སོའི་མཐུ་དང་ཡོན་ཏན་དང་ཞུ་བའི་རྗེས་བསྟན་པ་དང༌། སྨན་གྱི་ཁུ་བ་མདར་བ་དང༌། སྐྱུར་བ་དང༌། ཁ་བ་ལ་སོགས་པའི་བྱེ་བྲག་རོ་ལ་གནས་པ་བསྟན་པ་དང༌། བད་ཀན་དང་རླུང་དང་མཁྲིས་པ་ལ་སོགས་པའི་ནད་ཤེས་པར་བྱ་བ་དང། ནད་དེ་དག་གི་སོ་སོའི་བྱེ་བྲག་དབྱེ་བ་དང༌། ནད་སོ་སོའི་གསོ་བའི་ཐབས་གཉིས་པ་བསྟན་པ་དང༌། རིད་པ་དང་རྐེ་ཞིང་ཉམ་ཆུང་བ་བརྟ་བའི་ཐབས་དང༌། སྣུམ་བག་དཔྱད་ཀྱི་ཆོ་ག་བྱ་བ་དང༌། སྐྱུག་སྨན་དང་བཀྲུ་སྨན་ལ་སོགས་པའི་ནད་སྦྱང་བར་བྱ་བ་དང༌། དུགས་དང་ལུམས་བྱ་བ་དང༌། མས་བཀྲུ་ཞིང་བསལ་བ་ལ་སོགས་པས་ལུས་བརྟན་པར་བྱ་བ་དང༌། སྣ་ནས་གཏང་བ་དང༌། སྨན་གྱི་དུད་པ་བཏང་ཞིང་བརྔུབ་པ་དང༌། བད་ཀན་རྒྱས་སམ་སོ་འགུལ་ལམ་ན་བ་ལྟ་བུ་ལ་ཏིལ་མར་རམ་སྨན་གྱི་ཁུ་བ་ཁར་བླུགས་ཤིང་དོར་བ་དང༌། མིག་སྨན་བླུགས་ཤིང་མིག་ནད་བཀྲུ་བ་དང༌། མིག་ནད་བཀྲུས་ནས་མིག་གསོ་བའི་སྨན་བཏང་བ་དང༌། མདའ་ལ་སོགས་པའི་མཚོན་གྱིས་སྨས་ཏེ་མདེའུ་ཁོང་དུ་ལུས་པ་དང༌། ཚེར་མ་ཟུག་པའམ། གྲེ་བར་སྣད་པའམ། གྲ་མ་ཆག་པ་དབྱུང་བའི་ཐབས་དང༌། གཙགས་བུ་དང༌།
གཙགས་ཁབ་ལ་སོགས་པ་སྣ་ཚོགས་ཀྱི་བྱེ་བྲག་དང༌། རྩེའི་བྱེ་བྲག་དང༌། མཚོན་ཁོང་དུ་ལུས་པ་དབྱུང་བའི་ཆོ་ག་དང༌། གཏར་སྤྱད་སོ་སོས་ནད་དམིགས་གང་དང་གང་ལ་གདབ་པ་དང༌། ཐལ་སྨན་རྣོན་པའི་སྨན་གིས་བསྐུ་བ་དང༌། མེ་བཙའ་གདབ་པའི་ལས་བྱ་བ་འདི་དག་ནི་ལུས་ཀྱི་ནད་གསོ་བའི་ཆོ་ག་མདོའི་གནས་ཀྱི་ལེའུ་སུམ་ཅུ་བྱ་བ་ཡིན་ནོ། །དེ་ལ་བྱིས་པ་རུམ་དུ་ཆགས་པ་ནི་མངལ་དུ་ཞུགས་པ་ཞེས་བྱ་སྟེ། དེ་ལ་ཁ་ཟས་དང་སྤྱོད་ལམ་ཇི་ལྟར་བཤད་པ་དང་རུམ་དུ་ཆགས་པ་དེའི་ནད་ཀྱི་བྱེ་བྲག་དང༌། དེའི་རྐང་ལག་དང༌། ཡན་ལག་གི་བྱེ་བྲག་བསྟན་པ་དང༌། ནད་ཀྱི་བྱེ་བྲག་བསྟན་པ་དང༌། ལུས་མདོག་དང༌། ཚུལ་ལ་སོགས་པར་གྱུར་ཏེ་འཆི་ལྟས་བྱུང་བ་དང༌། སྨན་པ་འབོད་པའམ། འགུགས་པའི་བང་ཆེན་ལ་ལྟས་སུ་ལྟ་བ་དང༌། འདི་དྲུག་ནི་བྱིས་པ་རུམ་དུ་ཆགས་པའི་བྱེ་བྲག་བསྟན་པའོ། ནད་གཞི་ནི་ནང་ཐམས་ཅད་ཀྱི་གཞི་ཞེས་བྱ་བ་དང༌། རིམས་ནད་མང་པོའི་ནད་གཞི་དང༌། ཁྲག་ནད་ཀྱི་ནད་གཞི་དང༌། ལུད་པའི་ནད་གཞི་དང༌། དབུགས་མི་བདེ་བའི་ནད་གཞི་དང༌། གློ་གཅོང་ལ་སོགས་པ་དང༌། ཆང་དྲགས་པ་ལས་ནད་དུ་གྱུར་པ་དང༌། གཞང་འབྲུམ་ཁྲག་ཚད་དང༌། ཚད་པའི་ནད་དང༌། ཆུས་འགགས་པའི་ནད་དང༌། གཅིན་སྙི་པའི་ནད་དང༌། ཁོང་འབྲས་དང༌། དམུ་རྫིང་དང༌། སྐྱ་བབ་དང༌། མཛེ་ནད་དང༌། རླུང་ནད་ཀྱིས་ཉམ་ཐག་པ་དང༌། དྲེག་ནད་དང༌། ནད་འདི་རྣམ་པ་བཅུ་དྲུག་གི་ནད་གཞི་ཅི་དང་ཅི་ལས་གྱུར་པ་བསྟན་པ་ནི་ནད་གཞི་བཅུ་དྲུག་བཤད་པའོ། །དེ་ལ་ནད་གསོ་བའི་དཔྱད་རྣ་པ་ཉི་ཤུ་རྩ་གཉིས་ཞེས་བྱ་བ་ནི། རིམས་ནད་སྣ་ཚོགས་གསོ་བ་དང༌། ཁྲག་ནད་རྒྱས་ཏེ་སྟོད་སྨད་དུ་འབྱུང་བ་གསོ་བ་དང༌། ལུད་པའི་ནད་གསོ་བ་དང༌། དབུགས་མི་བདེ་བའི་ནད་གསོ་བ་དང༌། གློ་གཅོང་གི་ནད་གསོ་བ་དང༌། རྟག་ཏུ་སློན་པའི་ནད་གསོ་བ་དང༌། ཆང་ནད་གསོ་བ་དང༌། གཞང་འབྲུམ་ཁྲག་ཚང་གསོ་བ་དང༌། ཞུ་བའི་ཚད་པ་དང༌། མ་ཞུ་བ་བེའུ་སྣབས་སུ་འབྱུང་བ་དང༌། རྣམ་གཉིས་ཀྱི་ཚད་པ་གསོ་བ་དང༌། ཕོ་བའི་ནད་གསོ་བ་དང༌།
གཅིན་འགགས་པའི་ནད་གསོ་བ་དང༌། གཅིན་ཟ་གུའི་ནད་གསོ་བ་དང༌། ཁོང་འབྲས་གསོ་བ་དང༌། སྐྲན་ནད་གསོ་བ་དང༌། དམུ་རྫིང་གསོ་བ་དང༌། སྐྱ་རྦབ་ཀྱི་ནད་གསོ་བ་དང༌། འོར་ནད་གསོ་བ་དང༌། མེ་དབལ་གསོ་བ་དང༌། མཛེའི་ནད་གསོ་བ་དང་ཤ་བཀྲའི་དཔྱད་དང༌། རླུང་ནད་ཀྱི་དཔྱད་དང༌། དྲེག་ནད་གསོ་བའི་དཔྱད་རྣམ་པ་ཉི་ཤུ་རྩ་གཉིས་པོ་འདི་དག་ནི་ནད་གསོ་བའི་ལེའུ་ཞེས་བྱའོ། །ཆོ་ག་གྲུབ་པ་རྣམ་པ་དྲུག་ཅེས་བྱ་བ་ནི་སྐྱུག་སྨན་གཏང་བའི་ཆོ་ག་དང༌། བཀྲུ་བའི་ཆོ་ག་དང༌། སྐྱུག་སྨན་དང་བཀྲུ་བདེ་གྲུབ་པར་བྱ་བའི་ཆོ་ག་དང༌། སྨན་མས་གཏོང་པའི་ཆོ་ག་དང༌། སྨན་མས་གཏོང་བའི་ཆོ་གས་ནད་ཕྱིན་ཏེ་གསོ་བར་བྱ་བ་དང༌། སྨན་མས་གཏོང་བའི་ཐབས་ནོར་རམ། བཏང་མ་ལེགས་པ་ལས་མ་རུང་སྟེ་ནད་དུ་གྱུར་པ་གསོ་བའི་ཐབས་དང༌། སྨན་གྱི་ཆོ་ག་བསྟན་པ་སྟེ་རྣམ་པ་འདི་དྲུག་ནི་སྨན་དཔྱད་ཀྱི་ཆོ་ག་གྲུབ་པར་བྱ་བ་ཡིན་ནོ། །སྨན་དཔྱད་ཀྱི་ཆོ་ག་བཞི་བཅུ་པའི་ལེའུ་བཤད་པར་བྱ་སྟེ། དེ་དག་གང་ཞེ་ན། བྱིས་པའི་ཆོ་ག་ཞེས་བྱ་བ་ནི་བྱིས་པ་བཙས་མ་ཐག་པའི་ཚེ་ནས་དཔྱད་དང་ཆོ་གར་བྱ་བའི་རིམ་པ་རྣམ་གསུམ་དང༌། བྱིས་པའི་ནད་མི་འབྱུང་བར་བྱ་བ་དང༌། ནུ་ཞོའི་དཔྱད་དང༌། བྱིས་པ་གདོན་གྱིས་བཏབ་ན་གསོ་བའི་ཆོ་ག་དང༌། སྨན་གཏང་བའི་ཐབས་དང༌། མི་ཆེན་པོའི་གདོན་གྱིས་བཏབ་ན་གདོན་གྱི་དམིགས་ཤེས་པ་དང༌། གདོན་ནད་བསལ་བའི་ཆོ་ག་དང༌། སྨྱོ་བའི་ནད་བསལ་བ་དང༌། བརྗེད་བྱེད་ཀྱི་ནད་བསལ་བ་དང༌། རྫི་མ་དང༌། མིག་དང༌། མཆུའི་ནད་ངོ་ཤེས་པ་དང༌། ནད་དམིགས་གསལ་བ་དང༌། མིག་གི་མཐའ་མའི་གྲ་མཚམས་དང༌། མིག་གི་འབྲས་བུའི་ནད་དམིགས་བརྟག་པ་དང༌། ནད་སོ་སོར་བསལ་བའི་ཆོ་ག་དང༌། མིག་རབ་རིབ་ཏུ་གྱུར་ཏེ་མི་མཐོང་བའི་ནད་དམིགས་བརྟག་པ་དང༌། ནད་གསོ་བའི་ཆོ་ག་དང༌། མིག་གིས་མཐོང་བ་ཉམས་པའི་ནད་གསོ་བའི་ཆོ་ག་དང༌། མིག་ནད་སྣ་ཚོགས་ཀྱི་ནད་དམིགས་བརྟག་པ་དང༌། མིག་ནད་གསོ་བའི་ཆོ་ག་དང༌། རྣ་ནད་ཀྱི་དམིགས་བརྟག་པ་དང༌། རྣ་ནད་གསོ་བ་དང༌། སྣ་ནད་ཀྱི་དམིགས་བརྟག་པ་དང༌། སྣ་ནད་
གསོ་བའི་ཆོ་ག་དང༌། ཁ་ནད་ཀྱི་དམིགས་བརྟག་པ་དང༌། ཁ་ནད་གསོ་བའི་ཆོ་ག་དང༌། མགོ་ནད་ཀྱི་དམིགས་གང་ཡིན་པ་བརྟག་པ་དང༌། མགོ་ནད་གསོ་བའི་ཆོ་ག་དང༌། རྨ་རྙིང་གསོ་བའི་ཆོ་ག་དང༌། རྨ་གསར་པ་གསོ་བའི་ཆོ་ག་དང༌། རྐང་ལག་ཆག་གྲུགས་སུ་གྱུར་པ་གསོ་བ་དང༌། མཚན་བར་རྡོལ་བའི་ནད་དམིགས་བརྟག་ཅིང་གསོ་བའི་ཆོ་ག་དང༌། འབྲས་དང་ཐོར་བུ་ལ་སོགས་པ་ནད་དམིགས་བརྟག་པ་དང༌། གསོ་བའི་ཆོ་ག་དང༌། འབྲུམ་བུ་ཕྲ་མོའི་ནད་དམིགས་ཤེས་པར་བྱ་བ་དང༌། གསོ་བའི་ཆོ་ག་དང༌། གསང་པའི་གནས་ཀྱི་ནད་དམིགས་བརྟག་པ་དང༌། གསོ་བའི་ཆོ་ག་དང༌། དུག་ནད་སྣ་ཚོགས་ཀྱི་དམིགས་བརྟག་ཅིང་གསོ་པའི་ཆོ་ག་དང༌། སྦྲུལ་གདུག་པས་ཟིན་པའི་ནད་གསོ་བ་དང༌། སྲིན་བུ་གདུག་པས་ཟིན་པ་བྱི་བ་ལ་སོགས་པའི་གདུག་པས་ཟིན་པ་སོ་སོའི་གསོ་བའི་ཆོ་ག་དང། ནད་མེད་ཅིང་རྒས་སྲ་བ་བཅུད་ལེན་སྦྱར་བའི་ཆོ་ག་དང༌། བུ་མེད་པ་ལ་ས་བོན་གསོ་ཞིང་རོ་ཙ་བའི་ཆོ་ག་དང༌། དཔྱད་རྣམ་པ་བཞི་བཅུ་སྟེ། དེ་ལྟར་དཔྱད་ཀྱི་རྣམ་གྲངས་བརྒྱ་ཉི་ཤུ་ནི་མདོ་རྣམ་པ་དྲུག་ཏུ་བསྡུས་ཏེ་བཤད་པ་ཡིན་ནོ། །དེ་ལ་དང་པོར་མདོའི་གནས་སུ་སུམ་ཅུ་བསྟན་པ་ལས་གོ་རིམས་བཞིན་དུ་རྟག་ཏུ་ཉིན་པར་གྱི་དཔྱད་དུ་བྱ་བ་བཤད་པར་བྱ་སྟེ། ཉམས་ཐ་མལ་པར་གནས་པས་ཚེ་བསྲུང་བར་བྱ་བ་དང༌། ལུས་ཀྱི་རིམ་གྲོ་བྱ་བའི་ཕྱིར་ནམ་དམར་རིང་ཤར་ཙ་ན་ལངས་ཏེ་སྐད་ཅིག་འདུག་པར་བྱའོ། །དེ་ནས་ཕྱི་རོལ་དུ་བཤང་གཅི་ལ་སོགས་པ་བྱས་ནས། ནང་པར་སོ་ཤིང་གི་རྒྱུ་ཤིང་ཨར་ཀ་དང༌། ཤིང་ནྱ་གྲོ་དྷ་དང༌། སེང་ལྡེང་དང༌། ཤིང་ཀ་རཉྫ་དང༌། ཤིང་ཀ་ཀུ་བྷ་ལ་སོགས་པ་སོ་ཤིང་རོ་ཁ་བ་དང༌། ཚབ་དང༌། བསྐ་བར་བྲོ་བ་ལས་ཐོར་ཏོ་འཇམ་པོར་བྱས་ལ། སོ་རྙིལ་ལ་གནོད་པར་མ་གྱུར་པར་བཅའ་བར་བྱའོ། །གལ་ཏེ་ཟས་མ་ཞུའམ། སློན་བྲོའམ། དབུགས་མི་བདེ་བའམ། ལུད་པ་ལུའམ། རིམས་ནད་དམ། ཁ་ཡོན་པོར་གྱུར་པའམ། ཁ་སྐམས་ཏེ། སྐོམ་པ་འམ། ཁའི་ནང་དུ་ཐོར་བུ་བྱུང་བའམ། སྙིང་ནའམ། མིག་
ན་འམ། ཀླད་པ་ན་འམ། རྣ་བན་བར་གྱུར་ན་སོ་ཤིང་མ་བཅའ་ཞིག །ཁ་གདོང་བཀྲུས་ནས་མིག་ལ་ཕན་པར་བྱ་བའི་ཕྱིར། མིག་ལ་ཕན་པའི་སྨན་སྟང་ཟིལ་ཞེས་བྱ་བ་མིག་ལ་རྟག་ཏུ་བྱུག་གོ །མིག་ནི་མེའི་རང་བཞིན་ཡིན་པས་ན། དེའི་ཁྱད་པར་ལྷག་པར་བད་ཀན་ལས་འཇིགས་པའི་ནད་འབྱུང་བར་འགྱུར་ཏེ། དེ་བས་ན་ཞག་བདུན་ཞིང་མིག་གི་སྨན་སྐྱེར་པའི་ཁཎྜ་ཞེས་བྱ་བ་མིག་ཏུ་ལན་ཅིག་བླུགས་ཤིང་མཆི་མ་དབྱུང་བར་བྱའོ། །དེ་ནས་རྣ་བ་དང་གླད་པ་མི་བདེ་བ་རྣམས་ལ་ཏིལ་མར་ལས་སྦྱར་བའི་སྨན་མར་ཐིགས་པ་གཉིས་ཙམ་སྣ་ནས་གཏང་ངོ༌། །མགུལ་པ་དང༌། གྲེ་བ་དང༌། ལྕེའུ་ཆུང་དང༌། ལྕེ་དང༌། ལྐོག་མ་དང༌། སོ་དང༌། སྙིང་ལ་སོགས་པའི་ནད་བསལ་བའམ་པན་པར་བྱ་བའི་ཕྱིར་སྨན་གྱི་ཁུ་བས་མཁུར་བ་བཀང་སྟེ་སྐད་ཅིག་ཙམ་བཞག་ལ་དོར་རོ། །སྨན་བསྲེགས་པའི་དུད་པ་ཡང་སྦུ་གུ་ནས་སྣ་དང༌། ཁ་ནས་བརྔུབ་པར་བྱའོ། །སོ་རྩི་ཏམ་པོ་ལ་ཡང་མུར་བར་བྱའོ། །གལ་ཏེ་གློ་འགྲམས་ཏེ་ཁ་ནས་ཁྲག་འོང་ངམ། མཁྲིས་པ་སྐྱེས་སམ། ཁ་ནས་ཁྲག་མང་དུ་འོང་བའམ། རླུང་གིས་ལུས་རྩུབ་པོར་གྱུར་པའམ། མིག་ན་འམ། དུག་ནད་དམ། བརྒྱལ་བའམ། ཆང་ནད་ཀྱིས་གཟིར་རམ། ལུས་སྐེམས་པར་འགྱུར་བ་འདི་ལྟ་བུ་ལ་སོ་རྩི་ཏམ་པོ་ལ་མུར་དུ་མི་རུང་ངོ༌། །ལུས་རྟག་ཏུ་མར་གྱིས་བསྐུས་ན་རྒས་པ་དང་ངལ་ཞིང་དུབ་པ་དང༌། ཆད་པ་དང༌། རླུང་ནད་སེལ་བར་བྱེད་དེ། ལྷག་པར་མགོ་བོ་དང༌། རྐང་པ་མར་གྱིས་བསྐུས་ན། །མིག་ནད་ཀྱི་སྐྱོན་མེད། མིག་གསལ་བ་དང༌། ལུས་བརྟས་པ་དང༌། ཚེ་ལ་ཕན་པ་དང༌། གཉིད་ལེགས་པར་འོང་བ་དང༌། པགས་པའི་མདོག་འཇམ་ཞིང་བརྟས་པར་འགྱུར་རོ། །གལ་ཏེ་བད་ཀན་སྐྱེས་ཏེ་མི་བདེ་འམ། སྐྱུག་སྨན་ནམ། བཀྲུ་སྨན་བཏང་སྟེ་བཀྲུས་སམ། ཟས་མ་ཞུ་བར་གྱུར་ན་མར་གྱིས་བྱུགས་ཤིང༌། ལུས་བསྩལ་ཞིང་སྦྱངས་ན་ཁང་ཡང་བ་དང༌། ལས་ཕོད་པ་དང༌། ཟས་ཞུ་བར་བྱེད་པའི་མིའི་དྲོད་འབར་བ་དང༌། ཚིལ་ཟད་པར་བྱེད་པ་དང༌། ལུས་ཀྱི་སྟོད་སྨད་སྐབས་ཕྱེད་ལ་ལུས་
གྲིམས་པར་བྱེད་པར་འགྱུར་རོ། །གལ་ཏེ་རླུང་དང་མཁྲིས་པའི་ནད་ཡོད་དམ། བྱིས་པ་འམ་རྒས་པ་ཞིག་ན་ལུས་བསྐྱོད་ཅིང་བསྩལ་བར་བྱས་ཏེ་ཡང་དགུན་ལྷགས་པའི་དུས་དང༌། དཔྱིད་ཀྱི་དུས་སུ་སྦྱང་སྟེ། དེ་ཡང་ཟས་སྣུམ་བག་བཟའ་ཞིང་སྟོབས་ཀྱི་མཐུ་དང་ལྡན་པས་སྟོབས་ཀྱི་ཤུགས་དང༌། ཚད་ཕྱེད་ཙམ་བྱུང་སྟེ། བསྩལ་ཞིང་བསྐྱོད་པར་བྱའོ། །དུས་གོང་མ་གཉིས་མ་ཡིན་པ་དུས་གཞན་གྱི་ཆེན་རིན་ཙམ་མི་དག་པར་བསྩལ་ཞིང་ཤུགས་དབྱུང་བ་དང་སྦྱར་བར་བྱའོ། །དེ་ལྟར་བསྩལ་ཞིང་བསྐྱོད་པའི་ཤུགས་ཕྱུང་བའི་རྗེས་ལ། ལུས་ཐོག་ཐག་ཅི་རན་ཅིག་བདེ་བར་ཉལ་ཞིང་བསྐྱོད་ཅིང་བསྩལ་བའི་ཤུགས་དབྱུང་བ་དང༌། སྦྱར་བར་བྱའོ། །བསྐྱོད་ཅིང་བསྩལ་བའི་ཤུགས་ཧ་ཅང་དྲགས་ཆེས་ན་སྐོམ་དད་ཆེ་བ་དང༌། གློ་གཅོང་དུ་འགྱུར་བ་དང༌། སྙིང་ན་སྟེ་མི་དྲན་པ་མུན་ཐིབས་ཞེས་བྱེད་པ་དང༌། ཁྲག་རྒྱས་པ་དང༌། མཁྲིས་པ་རྒྱས་པ་དང༌། ལུད་པ་ལུ་བ་དང༌། རིམས་དང༌། སློན་པར་འགྱུར་རོ། །ལུས་ཀྱི་གནོད་པ་དྲག་ཤུལ་ལས་གྱུར་པ་དེ་ལྟ་བུ་འབའ་ཞིག་ཏུ་མ་ཟད་དེ། དེ་དང་འདྲ་བ་གཞན་ཡང་མཚན་མོ་མི་ཉལ་བར་བྱེད་པ་དང༌། ལམ་རིངས་ཀྱིས་དུ་བ་སྟེ་ཆད་པ་དང༌། བུད་མེད་ལ་དྲགས་ཏེ་དུབ་པ་དང༌། གད་མོ་དགོད་དྲགས་པ་དང༌། སྨྲ་བ་མང་ཞིང་དྲགས་པ་དང༌། སྟོབས་ཀྱི་ཚན་གྱིས་མི་ནུས་བཞིན་ཧ་ཅང་ཤུགས་དྲག་པོས་བཙལ་ཞིང་བསྟེན་ན་སེང་གེས་གླང་པོ་ཆེ་གཞོམ་དྲགས་པ་བཞིན་ལུས་མ་རུང་བར་འགྱུར་རོ། །དེ་ལྟར་ལུས་མར་གྱིས་བྱུགས་པའི་རྗེས་ལ་ལྡེ་གུས་བྱུགས་ཤིང་ཕྱིས་ཏེ་དྲིལ་ན། བད་ཀན་སེལ་བ་དང༌། ཚིལ་རབ་ཏུ་ཞུ་བར་བྱེད་པ་དང༌། ལུས་དང་ཡན་ལག་བརྟན་པར་བྱེད་པ་དང༌། པགས་པའི་མདོག་དྲི་མ་མེད་ཅིང་ཤིན་ཏུ་གསལ་བར་འགྱུར་རོ། །དེ་ལྟར་ལུས་ལྡེ་གུས་དྲིལ་ནས་ལུས་ཁྲུས་བྱའོ། །ཁྲུས་བྱས་པའི་ཡོན་ཏན་ནི་ཕོ་བ་དྲོད་ཆེ་ཞིང་ཁ་ཟས་འཇུ་བ་དང༌། བུད་མེད་ལ་ཕོད་དེ་རོ་ཙ་བ་དང༌། ཚེ་ལ་ཕན་པ་དང༌། མདངས་དང་ལྡན་ཞིང་སྟོབས་སྐྱེ་བ་དང༌། ལུས་ཀྱི་པགས་པ་གཡའ་བ་མེད་པ་དང༌། དྲི་མ་མེད་པ་དང༌། ངལ་ཞིང་དུབ་པ་བརྟས་པ་དང༌། རྡུལ་མེད་པ་དང༌། སྙོམ་པ་སངས་པ་དང་
སྐོམ་པ་མེད་པ་དང༌། ལུས་ཚ་བ་ལས་ལུས་བསིལ་བ་དང༌། མི་ཤིས་པ་སེལ་བར་འགྱུར་རོ། །ལུས་ཀྱི་ཁྲུས་ཆུ་ནི་ཚན་པོར་བྱས་ལ། མགུལ་པ་མན་ཆད་ལུས་ལ་བླུགས་ཤིང་བཀྲུས་ན་ལུས་ཀྱི་སྟོབས་སྐྱེད་པར་འགྱུར་རོ། །མགོ་བཀྲུ་བ་ནི་ཆུ་ཆེས་ན་མི་བཟང་ངོ༌། །ཆུ་ཚན་དེ་ཉིད་ཀྱིས་མགོ་བཀྲུས་ན་ལུས་ཀྱི་སྟོབས་འཕྲོག་པ་དང༌། སྐྲ་འབྱི་བ་དང༌། མིག་ལ་གནོད་པར་འགྱུར་རོ། །གལ་ཏེ་ཁ་འགྲམ་པ་ལ་ཆགས་པའི་ནད་ཡོད་དམ། མིག་ན་འམ། ཁ་ནད་ཀྱིས་བཏབ་པའམ། རྣ་བ་ནའམ། ཚད་པ་ནའམ། ལྟོ་སྦོས་སམ། ཆམ་པས་བཏབ་པའམ། ཁ་ཟས་མ་ཞུ་འམ། ཟས་ཟོས་མ་ཐག་ལྟ་བུ་ལ་བཀྲུས་ན་མི་རུང་སྟེ། ཁྲུས་མ་བྱེད་ཅིག །ཁ་ཟས་བཟའ་བ་ནི་ཟས་ཞུ་བའི་རྗེས་ལ་ཟོས་ན་ཕན་ཏེ། ཁ་ཟས་བཟའ་བ་དེ་ལ་ཡང༌། ཚོད་རན་པར་བཟུང་སྟེ་བཟའ་པར་བྱའོ། །བཤད་བ་འོང་བར་གྱུར་ན་མི་བྲང་པར་བཤང་ངོ༌། །བཤང་བ་མི་འོང་བཞིན་དུ་ཡང་སྟོབས་ཀྱིས་མི་བཙིར་རོ། །བཤང་བ་འོང་བར་གྱུར་ན་བཤང་བ་མ་བྱས་པར་ལས་གཞན་མ་བྱེད་ཅིག །དེ་བཞིན་དུ་ནད་གང་ཡང་རུང་སྟེ་མི་བདེ་ན། ནད་མ་བསལ་བར་ལས་གཞན་མི་བསྒྲུབ་བོ། །སེམས་ཅན་ཐམས་ཅད་ནི་ཅི་བསྒྲུབས་པ་ཐམས་ཅད་ཀྱང་བདེ་བ་འདོད་པའི་ཕྱིར་བསྒྲུབ་པོ། །བདེ་བ་དེ་ཡང་ཆོས་མ་བསྒྲུབས་ན་མི་འཐོབ་བོ། །དེ་བས་ན་ཆོས་ལ་རབ་ཏུ་བསྒྲུབ་པར་བྱའོ། །དེ་བས་ན་མི་དགེ་བའི་གྲོགས་པོ་རིང་དུ་སྤངས་ལ། དགེ་བའི་བཤེས་གཉེན་རྣམས་ལ་མོས་པ་བསྟེན་པར་བྱའོ། །དེ་བས་ན་སེམས་ཅན་ལ་གནོད་པར་བྱེད་པ་དང༌། རྐུ་བ་དང༌། འདོད་པས་གཞན་ལ་གཡེམ་པ་དང༌། ཕྲ་མ་དང༌། ངག་རྩུབ་པོ་དང༌། བརྫུན་དུ་སྨྲ་བ་དང༌། ཚིག་ཀྱལ་པ་སྨྲ་བ་དང༌། གནོད་སེམས་དང༌། བརྣབ་སེམས་དང༌། ལོག་པར་ལྟ་བའི་སྡིག་པའི་ལུས་དང་ངག་དང་ཡིད་ཀྱི་ལས་མི་དགེ་བ་རྣམས་སྤང་བར་བྱའོ། །སེམས་ཅན་འཚོ་བས་ཕོངས་པ་དང༌། ནད་དང་མྱ་ངན་གྱིས་གཟིར་ཏེ་ཉམ་ཐག་པར་གྱུར་པ་ལ་ཅི་ནུས་པས་ཕན་གདགས་པ་དང༌། ཆུང་
དུ་གྲོག་སྦུར་ཡན་ཆད་ལ་ཡང་བདག་རང་གི་ལུས་དང་སྲོག་བཞིན་དུ་བལྟ་བར་བྱའོ། །རྟག་པར་ལྷ་དང༌། དགེ་སློང་རྣམས་དང༌། བྲམ་ཟེ་དང༌། སྨན་པ་དང༌། ན་སོ་རྒན་པ་དང༌། རྒྱལ་པོ་དང༌། གསར་དུ་འོང་བ་རྣམས་ལ་མགྲོན་བྱ་བ་དང༌། སློང་བ་རྣམས་ལ་མགྲོན་བྱ་བ་དང༌། སློང་བ་རྣམས་ལ་རྒྱབ་ཀྱིས་མི་ཕྱོགས་པ་དང༌། མི་བརྙས་མི་སྤྱོ་བ་དང༌། དགྲས་མཚན་དུ་གནོད་པ་ཆད་བྱེད་ཀྱང་ཕན་གདགས་པ་ལྷུར་བྱ་བ་དང༌། དར་བ་དང་གུད་པར་གྱར་ན་ཡང་ཡིད་གཅིག་སྟེ། སེམས་ལྷག་པར་དགའ་བར་བྱའོ། །མྱ་ངན་ལ་གནས་པར་མི་བྱེད། དལ་ཞིང་འབྱོར་པར་གྱུར་པའི་རྒྱུ་ལས་བསྩལ་བར་བྱ་བའི་རིགས་ཀྱི་ཕ་རོལ་འབྱོར་པར་གྱུར་པ་ལ་ཕྲག་དོག་བྱ་བའི་མི་རིགས་སོ། །སྨྲ་བ་ཡང་དུས་སུ་སྨྲ། ཕན་པར་སྨྲ། རན་པར་སྨྲ། བརྫུན་གྱིས་མི་སླུ་ཞིང་དེས་པ་དང༌། བཞིན་འཛུམ་ཞིང་སྔ་ནས་གསོང་པོར་སྨྲ་བ་དང། སྤྱོད་ལམ་བཟང་པོ་དང་ལྡན་པ་དང༌། སྙིང་རྗེ་ཆེ་ཞིང་འཇོམ་པ་དང༌། བདག་འབའ་ཞིག་བདེ་བར་བྱེད་པ་མ་ཡིན། ཐམས་ཅད་ལ་ཡིད་རྟོན་པར་བྱེད་པ་ཡང་མ་ཡིན། ཀུན་ལ་དོགས་པར་བྱེད་པ་ཡང་མ་ཡིན། བདག་གི་དགྲ་ཞེས་བྱ་བ་སུ་ཡང་མེད་པ་དང༌། བདག་ནི་སུའི་དགྲ་ཡང་མ་ཡིན་པར་བྱ་བ་དང༌། བདག་ལ་གཞན་གྱིས་བརྙས་སོ་ཞེས་ཚིག་ཏུ་མི་འབྱིན། དཔོན་པོ་འམ་བླ་མ་བདག་ལ་མི་བྱམས་སོ་ཞེས་མི་སྨྲ། མིའི་ཡིད་དང་སྦྱར་ཏེ། བརྟགས་ལ་ཅི་ནས་ཀྱང་དགའ་བར་འགྱུར་བ་དེ་ལྟར་བྱ་སྟེ། གཞན་དགའ་བར་བྱེད་པ་ནི་མཛངས་པ་ཞེས་བྱའོ། །དབང་པོ་རྣམས་གཟིར་ཞིང་གནོན་པར་ཡང་མི་བྱ། ཧ་ཅང་ཡང་ལོངས་སྤྱོད་བཙལ་ཞིང་ཉམས་རངས་སུ་ཡང་མི་བྱ། མདོར་ན་ཆོས་དང་ནོར་དང་ལོངས་སྤྱོད་དང་འདི་གསུམ་མེད་པའི་མདོ་སྟོང་པར་གྱུར་པའི་ལས་མི་བརྩམ་མོ། །ལས་འདི་གསུམ་དང་མི་ལྡན་ཡང་ལས་འདི་གསུམ་དང་མི་འགལ་བའི་ལས་རྣམས་བསྒྲུབ་པར་བྱའོ། །མདོར་ན་ཆོས་ཐམས་ཅད་ལ་བསྒྲུབ་ཅིང་བྱ་བ་ནི་རན་པར་སྒྲུབ་ཅིང་འཇུག་གོ །སྐྲ་རིང་པོ་དང་སེན་མོ་དང་ཁ་སྤུ་བྲེག་པ་དང༌། དྲི་མ་འབྱུང་བའི་སྒོ་དགུ་དང༌། རྐང་
པ་དྲི་མ་མེད་པར་བྱ་བ་དང༌། ཁྲུས་བྱ་བ་ལ་དགའ་བ་དང༌། སྤོས་མཆོག་ཏུ་དྲི་ཞིམ་པོ་ཐོགས་ཤིང་ཆ་ལུགས་མཛེས་ལ་འགོད་ཅིང་འཕྱར་བ་མ་ཡིན་བ་དང༌། གོས་དང་རྒྱན་ལ་སོགས་པ་ཧ་ཅང་སྤང་ཆེས་པར་མི་བྱ། རྟག་ཏུ་རིན་པོ་ཆེ་དང༌། བསྒྲུབས་པའི་སྔགས་དང༌། སྨན་ཆེན་པོ་དག་ཀྱང་ལུས་ལ་བཅང་ངོ༌། །ཕན་ཚུན་འགྲོ་ན་ཡང་ལྷམ་གྱོན་གདུགས་ཐོགས་ལ་མིག་རན་པ་ཙམ་དུ་བལྟ་ཞིང་འགྲོའོ། །མཚན་མོ་ནི་གར་ཡང་མི་འགྲོའོ། །མཚན་མོ་མི་འགྲོར་མི་རུང་བ་བརྟན་པའི་ལས་ཤིག་བྱུང་ན་ཡང༌། གྲོགས་དང་བཤམས་ལ་ཆས་ཤིང་ལག་ཆ་ཐོགས་ལ་སོང་ཤིག །ཡན་མན་འགྲོ་བའི་ལམ་ཀ་ན་མཆོད་རྟེན་གྱི་གྲིའམ་འམ། བླ་མ་མཆོད་གནས་ཤིག་འདུག་གམ། རྒྱལ་མཚན་གྱི་གྲིབ་མ་འམ། མི་རོ་དང༌། ཐལ་བ་དང༌། ལུད་ཕུང་དང༌། གྱོ་མོ་དང༌། བོང་པ་དང༌། གཏོར་མ་དང་ཡས་སྟགས་བོར་བ་དང༌། ཁྲུས་བྱས་པའི་ས་དང༌། ཆུ་བོར་བ་འདི་རྣམས་ལ་མི་བརྫི་མི་བགོམ་བར་བསྐོར་ཏེ་འགྲོ་བར་བྱའོ། །ཆུ་བོ་ཆེ་ལས་བརྒལ་བར་མི་བྱ། མེ་ཆེན་པོའི་ནང་དུ་འགྲོ་བར་མི་བྱ། གྲུ་ངན་པ་བག་ཚ་བ་དང༌། ཤིང་བག་ཚབ་ལ་མི་འགྲོ་མི་འཛེག །བཞོན་པ་རྟ་མི་སྲུན་པ་ལ་ཞོན་ཏེ་མི་འགྲོ། སྦྲིད་པ་དང༌། གད་མོ་དང༌། གླལ་དང༌། བྱ་རྨྱ་ང་ལ་སོགས་པའི་ཚེ་ཡང་ཁ་ཧ་ཅང་མི་གདངས་སོ། །སྣའི་བུ་གར་མཛུབ་མོས་ཧ་ཅང་ཡང་མི་བྲུད་པ་དང༌། བྱ་བའི་དམིགས་མེད་པར་ས་ལ་བབ་ཏུ་རི་མོ་མི་བྲི། ལུས་དང་ཡན་ལག་ཧ་ཅང་མི་གཅུ། ཙོག་ཙོག་པོར་ཡང་མ་འདུག་ཤིག །ལུས་ཀྱིས་ལས་སམ། ངག་གིས་སྨྲ་བ་འམ། སེམས་ཀྱིས་བསམ་པའི་ལས་ཅི་བྱེད་ཀྱང་རུང་སྟེ་ངལ་བར་མ་གྱུར་པར་ཚོད་བཟུང་སྟེ་སྔ་ནས་ཐོང་ཤིག །ཡུན་རིང་དུ་མལ་གཅིག་ནམ་འགྲེང་ཞིག །རྒྱུས་མ་རིག་པའི་ཤིང་དྲུང་དུ་ནུབ་མོ་མ་འདུག་ཅིག །དེ་བཞིན་དུ་ལམ་གྱི་སུམ་མདོ་དང༌། མཆོད་རྟེན་གྱི་དྲུང་དང༌། ལམ་གྱི་བཞི་མདོའི་འདུས་ས་དང༌། ལྷ་ཁང་གི་དྲུང་དང་རི་དགས་ལ་སོགས་པ་བསད་པའི་ཤ་དམར་དང༌། སློ་སྤུངས་པའི་ས་དང༌། འབྲོག་དང་འདི་དག་ཏུ་འགྲོ་
བར་མི་བྱའོ། །ཁང་སྟོང་དང་དུར་ཁྲོད་དུ་ནི་ཉིན་པར་ཡང་འགྲོ་བར་མི་བྱའོ། །ཉི་མ་ལ་ནི་མིག་ཚུགས་སུ་ཡང་མི་ལྟ། མགོ་བོ་ལ་ཁུར་ཐོགས་ཏེ་ཁྱེར་བར་མི་བྱ། ཤིན་ཏུ་ཞིབ་ཅིང་ཕྲ་བ་འམ། འོད་འཚེར་པའམ། བཙོག་པའམ། མི་སྡུག་པ་གང་ཡང་རུང་སྟེ། རྟག་པར་མ་བལྟ་ཞིག །ཆང་ནི་བག་མེད་ལ་འཁྲུལ་བའི་གནས་ཡིན་བས་རང་མི་བཙོ། མི་བཙོང༌། གཞན་ལ་ཡང་མི་བླུད། བདག་གིས་ཀྱང་མི་བཏུང་བར་བྱའོ། །སྔ་དྲོ་སེར་བུའི་ཁ་ན་འདུག་པ་དང༌། ཉི་ཚན་ལ་འདུག་པ་དང༌། དུར་ཁྲོད་ན་འདུག་པ་དང༌། བ་མོའི་སྟེང་ན་འདུག་པ་དང༌། རླུང་རྩུབ་པོར་ལངས་པ་འདི་ལྟ་བུའི་གནས་དང་ས་ཕྱོགས་སུ་འདུག་པར་མི་བྱའོ། །སྦྲིད་པ་འབྱུང་བའི་ཚེ། མཇིང་པ་ཡོན་པར་གཅུ་བ་དང༌། དེ་དང་འདྲ་བར་མཇིང་པ་ཡོན་པོར་སྒྲེགས་པ་གཏོང་བ་དང༌། མཇིང་པ་གཅུས་ཏེ་གཉིད་ཀྱིས་ལོག་པ་དང། ལུས་གཅུས་ཏེ་ཉལ་པོ་བྱེད་པ་དང༌། འདི་ལྟ་བུ་ཀུན་ལས་ནད་དུ་འགྱུར་ཏེ། མཇིང་པ་དང་ལུས་གཅུ་བར་མི་བྱའོ། །ཆུ་འགྲམ་གྱི་གད་ཀར་འདུག་པར་མི་བྱ་བ་དང༌། རྒྱལ་པོ་དང་མི་མཐུན་པ་འམ། རྒྱལ་པོས་བཀྱོན་པའི་མི་དང་མི་འདྲུལ་མི་བསྟེན་པ་དང། སྦྲུལ་དང་གཅན་གཟན་དང༌། ཕྱུགས་རྭ་ཅན་བརྡུང་བའི་གན་དུ་མི་ཉེ་བར་བག་བྱའོ། །ནད་པར་དམར་རེངས་ཤར་བའི་དུས་ནམ་ཕན་ཕུན་དང༌། ཉི་མ་ཕྱེད་དང་ཉི་མ་ནུབ་སྟེ་དམར་ཐག་ཆད་པ་དང༌། དུས་འདི་གསུམ་གྱི་ཚེ། ཁ་ཟས་ཟ་བ་དང༌། བུད་མེད་དང་ཉལ་བ་དང༌། ཡི་གེ་ཀློག་པ་དང༌། སྙིང་ལ་སེམས་པའི་བག་འདི་ལྟ་བུ་མི་བྱའོ། །མི་མཛའ་བ་དང༌། དགྲ་བོའི་ཁྱིམ་དུ་ཟས་ཟ་བ་དང༌། མི་མང་པོ་ཟན་ཟ་བའི་ནང་དུ་ཆང་འཐུང་ཞིང་ཟ་བ་དང༌། མི་གོ་འདུན་མང་པོའི་ཟན་ཟ་བ་དང༌། ཚོད་པའི་ཟན་ཟ་བ་འདི་ལྟ་བུ་རྣམས་བཟའ་བར་མི་བྱའོ། །ལུས་ལ་ལག་པས་མི་འོས་པར་མི་རྡོབ་པ་དང༌། མཆུ་འབྲི་ཞིང་མི་འབུད། མགོ་དང་ལག་པ་དྲག་ཏུ་མི་སྤྲུག །སེན་མོ་རྣམས་གཅིག་ལ་གཅིག་མི་དྲུད་དོ། །ཆུ་དང་མེའི་ནང་དུ་འགྲོ་བར་མི་བྱ། བླ་མ་བཙུན་པ་རྣམས་འཁོད་པའི་གོང་ངམ་པར་
བར་ནས་ཕར་འགྲོ་བར་མི་བྱ། རོ་བསྲེགས་པའི་དུད་པའི་ཁར་འདུག་ན་ནད་དུ་འགྱུར་ཏེ་འདུག་པར་མི་བྱའོ། །བུད་མེད་རང་དབང་དུ་གྱུར་པ་དང༌། བུད་མེད་ཡིད་ལ་འཇོག་པ་ཐོང་ཤིག །མདོར་ན་མི་མཛངས་པའི་ཅི་བྱ་འོ་ཅོག་གི་སློབ་དཔོན་ནི་འཇིག་རྟེན་ཉིད་ཡིན་ནོ། །དེ་ལྟ་བས་ན་འཇིག་རྟེན་པའི་དོན་གྱི་སྲིད་ལ་སེམས་ཤིང་རྟོགས་པས་ནི་འཇིག་རྟེན་པ་དང་མཐུན་པར་བྱའོ། །བདག་གི་སེམས་ནི་སྙིང་རྗེའི་སེམས་ཀྱིས་བརླན་པ་ལག་བརྐྱང་སྟེ། གཏོང་བ། ལུས་དང་ངག་དང་སེམས་དུལ་བར་བྱེད་པ། གཞན་གྱི་དོན་གྱིས་བྱེད་ན་རང་གི་དོན་ཡིན་པར་སེམས་པ་འདི་ལྟ་བུ་ནི། མི་མཛངས་པ་ཡ་རབས་ཀྱི་སྤྱོད་པའི་ཚུལ་ཡིན་ཏེ། འདིས་ཆོག་གོ །ཡང་སྐྱེས་བུ་དམ་པས་ནི་འདི་ལྟར་བསམ་པར་བྱ་སྟེ། ད་ལྟར་བདག་ཉིན་མཚན་གཉིས་ཀ་ལ། ཇི་ལྟ་བུར་གནས་ཤིང་འགྲོ་ཞེས་རྟག་ཏུ་སེམས་འདི་ལྟར་དྲན་པར་བྱེད་ན། དེ་ལྟ་བུ་ནི་སྡུག་བསྔལ་བསྟེན་པ་མ་ཡིན་ནོ། དེ་ལྟ་བས་ན་སྤྱོད་པའི་ཚུལ་གྱིས་མདོ་འདི་ལྟ་བུ་ཡིན་ཏེ། ཚུལ་འདི་ལྟར་སྤྱོད་པས་ནི། ཚེ་རིང་བ་དང༌། ནད་མེད་པ་དང༌། དབང་ཕྱུག་དང་ལྡན་པ་དང༌། སྙན་པར་གྲགས་པ་དང། འཇིག་རྟེན་ཕ་རོལ་གྱི་སྲིད་བརྟག་པ་ལ་ཡང་ཐོབ་པོ། །ལེའུ་གཉིས་པ་རྫོགས་སོ།། །།དེ་ནས་དུས་ཚིགས་དང་སྦྱར་ཞིང་དཔྱད་དུ་བྱ་བའི་མདོ་བསྟན་པ་དང༌། དགུན་ཟླ་ར་བ་དང་དགུན་ཟླ་འབྲིང་པོ་ལ་སོགས་པ་ཟླ་བའི་གྲངས་གཉིས་གཉིས་སུ་གོ་རིམས་བཞིན་བརྩིས་པ་ལས། དུས་ཚིགས་དྲུག་ཏུ་དབྱེ་སྟེ། དེ་ལ་དགུན་སྨད་ཀྱི་དུས་དགུན་ཟླ་ཐ་ཆུངས་ཉ་ཕྲི་ཕན་ཆད་ཀྱི་ཟླ་བ་གསུམ་ནི། ཉི་མ་རིང་དུ་ནུར་བའི་ཚེ་ན་མཐུ་འཕྲོག་པ་ཞེས་བྱ་སྟེ། དེའི་ཚེ་ན་མི་ཕྱུགས་སྲོག་ཆགས་རྣམས་དང༌། ནགས་དང༌། རྩི་འབྲས་དང། ལོ་ཏོག་ལ་སོགས་པའི་མཐུ་ཉིན་གཅིག་བཞིན་དུ་འཕྲོག་ཅིང་འབྲི་བར་བྱེད་དོ། །དེའི་ཚེ་ཉི་མ་ཚ་བ་དང༌། རླུང་གི་དུས་ལ་བབ་པས་ཚ་བ་དང༌། དྲོད་ཆེས་པ་དང༌། རྩུབ་པ་ཡིན་ཏེ། ཟླ་བའི་ཡོན་ཏན་ལས་བྱུང་བས་ས་ལས་སྐྱེ་བའི་མཐུ་ཀུན་ཟད་པར་བྱེད་དོ། །
དེ་ལྟར་ཉི་མ་རིང་དུ་ནུར་བའི་དུས་འདིའི་ཚེ། དགུན་སྨད་ཀྱི་ཟླ་བ་གཉིས་ཀྱི་ཆེ་ནི། སྨན་དང་ཟས་ཁ་བའི་མཐུར་གྱུར་ཏེ་རླུང་སྐྱེའོ། །དཔྱིད་ཀྱི་ཟླ་བ་གཉིས་ཀྱི་ཚེ་ནི་ཟས་དང༌། སྨན་བསྐ་བ་རྣམས་ཀྱི་མཐུ་སྐྱེ། སོས་ཀའི་ཟླ་བ་གཉིས་ཀྱི་ཚེ་ནི་ཟས་དང་སྨན་ཚབ་རྣམས་ཀྱི་མཐུ་སྐྱེ་སྟེ། དེ་བས་ན་སྨན་དང་ཟས་ཀྱི་གོ་རིམས་བཞིན་དུ་ཟླ་བའི་དུས་ཀྱི་བྱེ་བྲག་ཤེས་པར་བྱ་སྟེ་དེ་བས་ན་ཉི་མ་རིང་དུ་ནུར་བ་ནི། མེའི་དུས་ཏེ་མཐུ་འཕྲོག་པ་འབྲི་ཞེས་བྱའོ། །དབྱར་སྨད་ཀྱི་ཉི་མ་ལྷོ་ཕྱོགས་སུ་ཐུང་དུ་ནུར་བའི་དུས་ན། དུས་གསུམ་གྱི་ཟླ་བ་དྲུ་ག་པོ་དབྱར་སྨད་ལ་སོགས་པ་ནི། མཐུ་འབྲི་བ་རྣམས་སླར་མཐུ་སྐྱེ་བའི་དུས་ཡིན་ཏེ། ཉི་མ་ཚ་བའི་མེའི་དུས་ནི་བྲི། ཟླ་བའི་དུས་ལ་བབ་པས་ཟླ་བའི་མཐུ་དང་ལྡན་པར་གྱུར་ཏེ། སྤྲིན་དང་ཆར་པ་དང༌། སེར་བུ་དང༌། གྲང་ཞིང་བསིལ་བ་རྣམས་ཀྱི་འཚེ་བ་ཞི་ཞིང༌། བསིལ་བའི་དུས་ལ་བབ་པས་དེའི་ཚེ། སའི་ཁམས་སྣུམ་ཞིང་འཇམ་པས་སྐྱུར་བ་དང༌། ལན་ཚྭ་དང༌། མངར་བ་རྣམས་ཀྱི་མཐུ་སྐྱེའོ། །དགུན་ཟླ་ར་བ་ནས་དཔྱིད་ཟླ་ར་བའི་ཡར་གྱི་ངོ་ཡན་ཆད་ཟླ་བ་བཞིའི་ཚེ་ནི། བསིལ་བ་དང་ལྷགས་པའི་དུས་ཏེ། མཐུ་མཆོག་ཏུ་ཆེ་བའི་དུས་ཡིན་ནོ། །དབྱར་ཟླ་ར་བ་ནས། སྟོན་ར་བའི་ཉ་ཡན་ཆད་ཟླ་བ་བཞི་ནི་སོས་ཀ་ཚ་བ་དང༌། དབྱར་གྱི་དུས་ཡིན་ཏེ། མཐུ་སྟོབས་ཆུང་བའི་དུས་ཡིན་ནོ། །དཔྱིད་ཀྱི་དུས་དཔྱིད་ཟླ་འབྲིང་པོའོ། །དཔྱིད་ཟླ་ཐ་ཆུངས་གཉིས་དང༌། སྟོན་གྱི་དུས་སྟོན་ཟླ་འབྲིང་པོ་དང༌། སྟོན་ཟླ་ཐ་ཆུངས་གཉིས་ཏེ། ལྷག་མ་ཟླ་བ་འདི་བཞིའི་དུས་ནི་མཐུ་སྟོབས་འབྲིང་གི་དུས་ཡིན་ནོ། །དགུན་སྟོད་ཀྱི་ལྷགས་པས་མི་རྣམས་མཐུ་དང་ལྡན་ཏེ། མེའི་སྟོབས་རབ་ཏུ་ཆེ་བར་འགྱུར་རོ། །དེ་ལྟར་མིའི་ཉམས་འཚག་དང༌། མེའི་དྲོད་ཀྱིས་ཆེ། ཁ་ཟས་འགྲངས་པར་མ་ཟོས་ན། རླུང་གིས་མེ་སྦར་བས་མིའི་གཟུགས་རྣམས་ཚོས་ཤིང་སྐམས་པར་འགྱུར་རོ། །དེ་བས་ན་མཚན་མོ་ནམ་རིང་བས་ནང་པར་བཀྲེས་པར་འགྱུར་ཏེ། དེའི་ཕྱིར་ཁ་ཟས་དང་མངར་བ་དང༌། སྐྱུར་བ་དང་ལན་ཚྭ་རྣམས་བཟའ་བར་བྱའོ། །དེའི་གོ་རིམས་ནི་ནང་པར་ལངས་
ནས་ཕྱི་རོལ་གྱི་བཤང་གཅི་རྣམས་བྱས་ནས། ལུས་རླུང་སེལ་བའི་ཏིལ་མར་གྱིས་བྱུག་ཅིང་གླད་པ་ལ་ཡང་ཏིལ་མར་གྱིས་བྱུག་པ་ཇི་སྐད་བསྟན་པ་བཞིན་དུ་བསྟེན་པར་བྱའོ། །རྟག་ཏུ་ཞག་གཉིས་ཤིང་ལན་རེ་ཞིང་མཁས་ཤིང་བག་ཡོད་པའི་མ་དང༌། སྟབས་འགྱེད་ཅིང་ལུས་དགྲོལ་བར་བྱའོ། །ལུས་མཉེད་མཁས་པའི་མིས་ལུས་དང༌། རྐང་པ་ལེགས་པར་བཀྲུས་ལ། རྐང་པ་ལུས་རན་པར་མཉེའོ། །དེ་ནས་ཆུ་དྲོན་པོར་བསྲོས་ཏེ། སྐྱུར་རུ་ར་དང་སྦྱར་བས་མགོ་དང༌། ལུས་ཚུལ་བཞིན་དུ་བཀྲུའོ། །ཁྲུས་བྱས་ནས་གུར་ཀུམ་དང༌། གླ་རྩི་ལ་སོགས་པ་སྤོས་ཀྱིས་ལུས་བསྐུས་ལ། སྤོས་ཨ་ཀ་རུའི་དུད་པས་ལུས་དྲི་ཞིམ་པོར་བྱའོ། །དེ་བས་ཁ་ཟས་བཟའ་བ་ནི་ཤ་ཚོན་པོ་སྣུམ་ཞིང་ཚིལ་ཡོད་པ་ལས་གཡོས་ཀྱི་སྣར་སྦྱར་ཏེ། མཚན་མོ་མེ་མ་ཆད་པར་བཙོས་པའི་བཅུད་ཁུ་དང༌། གྲོའི་ཁུར་བ་དང༌། འབྲས་ཀྱི་ཁུར་བ་དང༌། མོན་སྲན་མ་ཤ་བཙོས་པ་ཟ་ཞིང༌། སྐོམ་དུ་ནི་བུ་རམ་ཆང་དང༌། འབྲས་ཆང་དང༌། ཆང་བགྲུངས་པ་རན་པ་བཏུང་ངོ༌། །གཞན་ཡང་བུ་རམ་ཤིང་དང་འོ་མ་ལས་བྱུང་བའི་ཞོ་དང༌། མར་ཡང་དགེའོ། །ཁ་ཟས་ནི་གསར་ཐོག་ལས་ཟན་དུ་བྱས་པ་བཟང་ངོ༌། །གཞན་ཡང་ཚིལ་དང་ཏིལ་མར་ཡང་བཟང་སྟེ། ཟས་འདི་རྣམས་ནི་རླུང་ལ་ཕན་པས། དགུན་རླུང་གི་དུས་ལ་བབ་པའི་ཚེ་བཟའ་བ་ཡིན་ནོ། །དེ་ལྟར་ཁ་ཟས་ཟོས་ནས་ཁ་ལག་བཀྲུ་བ་ཡང་ཆུ་དྲོ་འཇམ་ཙམ་གྱིས་བཀྲུའོ། །དགུན་ཙ་ནི་བེའུ་རས་དང༌། སླག་པ་དང༌། དར་ལ་སོགས་པ་དྲོ་ཞིང་ཡང་བ་བགོའོ། །སྟན་ནི་དྲེའུ་རྡོག་དང༌། ལ་བ་གདིང་ངོ༌། །མལ་གོས་ཀྱང་དྲོ་ཞིང་འཇམ་པ་ཡང་བ་ལ་ལས་བྱའོ། །ཉིན་པར་ཉི་མ་འདེ་ན་ཡང་ཉི་མའི་འོད་ལ་རན་པར་བསྲོ་ཞིང་རན་པར་འདེའོ། །ལྷམ་ནི་རྟག་ཏུ་བགོ་བར་བྱའོ། །དགུན་གྱི་ཚེ་ཆུང་མ་ནི་གཞོན་ནུ་མ་ཡིད་དུ་འོང་བའི་ན་ཆུང་གཞོན་ནུ་ཤ་ཐང་རྒྱས་པ། བརླ་དང་ནུ་མ་དང༌། རོ་སྨད་རྒྱས་པ། ལུས་ཀྱི་དྲོད་ཀྱིས་གྲང་བ་སེལ་ཞིང་མྱུར་དུ་དྲོས་པར་ནུས་པ། དེ་ལྟ་བུའི་བུད་མེད་ལུས་ལ་སྤོས་དྲི་ཞིམ་པོ་ཐོགས་ཤིང་བྱུགས་པ། སྤོས་ཀྱི་དུ་བ་དྲི་ཞིམ་
པོས་བདུགས་ལ་འདི་ལྟ་བུའི་དྲོད་ཀྱིས་མཚན་མོ་ལུས་བསྲོ་བར་བྱའོ། །མལ་ཁང་དང་འདུག་པའི་གནས་ནི་ཟབས་སུ་བརྐོས་པའི་ཁྱིམ་མམ། ས་ཁང་ངམ། སྦྲ་གུར་ཉིས་རིམ་དུ་བྱས་པའི་ནང་རྒྱ་སོལ་གྱིས་དྲོན་པོར་བྱས་ཏེ་འདུག་ན། ལྷགས་པ་དང་གྲང་བ་དང༌། རླུང་དང་རྩུབ་པ་ལས་བྱུང་བའི་ནད་རྣམས་ཀྱང་མི་འབྱུང་ངོ༌། །ཆོ་ག་འདི་དང་འདྲ་བར་དགུན་སྨད་ཀྱི་དུས་སུ་ཡང་འདི་བས་ལྷག་པར་ཡང་ལྷགས་པ་ཆེ། རླུང་དང་རྩུབ་པ་ཡང་ཆེ་བས་ན་ཆོ་ག་འདི་བཞིན་བྱའོ། །དགུན་ཟླ་འབྲིང་པོ་ཉ་བྲི་ནས་ཉི་མ་རིང་དུ་ནུར་ཏེ། མཐུ་འཕྲོག་པའི་དུས་ལ་བབ་པས་རླུང་དང་རྩུབ་པ་ལ་བབ་པའི་ཆོ་ག་དེ་ལྟར་བྱ་བ་ཡིན་ནོ། །དེ་ལྟར་དགུན་རླུང་གི་དུས་ལ་བབ་པའི་ཚེ་ན། བད་ཀན་ནི་ཁོ་ན་སོགས་སོ། །དེ་ནས་དཔྱིད་ཀྱི་དུས་ལ་བབ་ན་ཉི་མ་རིང་དུ་ནུར་བའི་འོད་ཀྱིས་བད་ཀན་དྲོས་ནས་སྨིན་པར་གྱུར་པ་དང༌། བད་ཀན་སྐྱེས་ནས་མེའི་དྲོད་ཉམས་པ་དང༌། བད་ཀན་ལས་གྱུར་པའི་ནད་འབྱུང་ངོ༌། །དེ་བས་ན་བད་ཀན་གྱི་ནད་ནི་མྱུར་དུ་བསལ་བར་བྱའོ། །བསལ་བའི་ཆོ་ག་ནི་ན་ལེ་ཤམ་གྱིས་བད་ཀན་བཞུ་བ་དང༌། སྐྱུག་སྨན་གཏང་བ་དང༌། བད་ཀན་བཞུ་བའི་སྨན་སྣ་ནས་གཏང་བ་དང༌། ཁ་ཟས་ཡང་བ་དང༌། རྩུབ་པའི་བག་བཟའ་བ་དང༌། ལུས་བཅག་ཅིང་དགྲོལ་བ་དང༌། མར་རམ་ཏིལ་མར་གྱིས་ལུས་མི་བསྐུ་བར་བག་ཕྱེའི་ལྡེ་གུས་ལུས་ཕྱི་ཞིང་དྲིལ་བ་དང༌། རྐང་ལག་གཙང་མར་བཀྲུས་པས་ལུས་རན་པར་མཉེ་ཞིང་བཀྲོལ་ན་བད་ཀན་སྐྱེད་པའི་ནད་སེལ་བར་འགྱུར་རོ། །དེ་ནས་ལུས་ཆུ་དྲོན་པོས་བཀྲུས་ནས་ལུས་ག་པུར་དང༌། ཙནྡན་དང༌། གུར་ཀུམ་ལ་སོགས་པས་བསྐུས་ལ། དྲི་ཞིམ་པོས་བདུགས་ནས་བད་ཀན་མེད་པར་གྱུར་པའི་ཟས་ནས་དང༌། གྲོ་རྙིང་པ་དང༌། སྦྲང་རྩི་དང༌། ཡུལ་རྩུབ་ཅིང་སྐམ་ས་ཆེ་བ་རུས་པ་ཅན་གྱི་ཕྱོགས་ནས་བྱུང་བའི་བྱ་ན་ལས་སྲེག་ཤར་བཟའོ། །ཤིང་ཏོག་ཨ་མྲའི་ཁུ་བ་ཆུ་དང་སྦྱར་ཏེ། བསྐོལ་བའི་ཁུ་བ་དང༌། སྐོམ་དུ་སྦྱར་བའི་ཁུ་བ་དངས་མ་བཏུང་ངོ༌། །ཡང་བད་ཀན་སེལ་བའི་སྐོམ་ནི་ཆང་རྒན་པོ་ལོན་པ་དང༌། ཆང་ཨ་ས་བ་དང༌།
ཆང་ཨ་རི་ཏ་དང༌། བུ་རམ་ཆང་དང༌། རྒུན་ཆང་དང༌། སྦྲང་ཆང་དང༌། འདི་རྣམས་བཏུང་དུ་རུང་ངོ༌། །སྒ་ཆུ་བསྐོལ་བའི་ཁུ་བ་འམ། མཚོའི་ཆུ་འམ། སྦྲང་རྩིའི་ཆུ་འམ། ཆར་པའི་ཆུ་ཡང་རུང་སྟེ། འདི་རྣམས་བསྐོལ་ཏེ་སྐོམ་དུ་བཏུང་ངོ༌། །དཔྱིད་ཚ་པའི་དུས་ནི་བསིལ་ཁང་བྱ་བ་ནི། ལྷོ་ཕྱོགས་ནས་སེར་བུ་གྲང་ཞིང་བསིལ་པོར་འོང་བར་གྱུར་པ། རྩིག་ངོས་ཀྱི་སྐབས་ཕྱེ་བ་དང༌། མཐའ་ཁོར་ཁོར་ཡུག་ཏུ་ཆུ་འབབ་པས་འཁོར་བར་བྱས་པ་ལ། ཁང་པའི་ཐོག་ནི་ཉི་མའི་འོད་མི་སྣང་བར་གཡོགས་པ། འོག་གི་གཞི་ཡང་ལེགས་པར་མཉམ་སྟེ་བརྡུངས་ལ་ཕྱི་ཞིང་བསྟར་ཏེ། ནོར་བུ་བཞིན་འོད་འཚེར་བར་བྱས་པའི་ཁང་པ། བྱ་ཀོ་ཀི་ལས་སྐད་སྙན་པ་ལ་སོགས་པ་འབྱིན་ཅིང༌། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱི་སྐྱེད་མོས་ཚལ་དང་ལྡན་པ་དེ་ལྟ་བུའི་བསིལ་ཁང་འདོད་པའི་ལོངས་སྤྱོད་དང་ལྡན་པའི་སར་ཉི་མ་གུང་ལ་རྩེད་མོའི་དགའ་འདུན་གྱི་གཏམ་སྣ་ཚོགས་ཟེར་ཞིང་བདེ་བར་འདུག་ལ། ཁ་ཟས་ལྕི་བ་དང༌། བསིལ་བ་དང༌། སྣུམ་བག་དང༌། མངར་བ་དང༌། སྐྱུར་བ་སྤང་ཞིང་ཉི་མ་ལ་གཉིད་མི་ལོག་པར་བྱའོ། །དཔྱིད་ཀའི་ཉི་མའི་འོད་ཚ་བ་དེ་བས་ཀྱང་སོས་ཀའི་ཉི་མའི་འོད་ནི་རབ་ཏུ་ཚ་བས་རྩི་ཤིང་དང་ནགས་ཚལ་གྱི་མཐུ་དང༌། སྲོག་ཆགས་དང་མིའི་མཐུ་ཀུན་འཕྲོག་ཅིང་སྲུང་བ་དང་འདྲ་སྟེ། དེ་བས་ན་དུས་འདིའི་ཚེ་ན་ལན་ཚ་ནག་པོ་རྩབ་རུ་ཚ་དང༌། ལན་ཚྭ་ཨུ་བྷི་ཏ་དང༌། རྒྱ་མཚོའི་ལན་ཚྭ་དང༌། ལན་ཚྭ་འདི་རྣམས་དང༌། ན་ལེ་ཤམ་ལ་སོགས་པ་རོ་ཚ་བ་དང༌། སྐྱུར་བ་དང༌། འདི་རྣམས་བཟར་མི་རུང་ངོ༌། །སོས་ཀའི་ཚ་བའི་དུས་འདིའི་ཚེ་སྟོབས་ཀྱི་དྲག་ཤུལ་གྱི་བག་དང༌། ཡན་མན་འགྲོ་ཞིང་བཅག་དྲགས་པ་འམ། ལས་ཆེར་བྱེད་པ་དེ་ལྟ་བུའི་པག་སྤང་ངོ༌། །སོས་ཀ་ཚ་བའི་ཚེ་ཟས་ནི་འོ་མ་དང་བུ་རམ་དང༌། ལི་ཁ་ར་དང༌། མར་ལ་སོགས་པའི་མངར་བག་དང༌། ཁ་ཟས་ཡང་བ་འབྲས་ཆན་དང༌། ནས་ཕྱེའི་ཟན་དང༌། ཤ་ཁ་ར་དང༌། ཟས་སྣུམ་བག་ལ་ཏིལ་མར་དང༌། མར་སར་དང༌།
ཤ་དང་ཚིལ་དང༌། ཁུ་བ་སླ་བ་དང༌། ཟས་བསིལ་བག་བ་ཟ་འོ། །སྐོམ་ནི་ཚ་བའི་དུས་སུ་ཆང་མི་བཏུང་ངོ༌། །ཆང་གཏོང་མི་ཕོད་ན་ཆང་ཉུང་ཟད་དང་ཆུ་མང་དུ་བསྲེས་ལ་བཏུང་བའམ། ཡང་ན་ཡུལ་གྱི་སྣམས་དང་ཉི་མའི་ཉམས་དང་སྦྱར་ཏེ། ཆང་སླ་ཞིང་ཡང་བ་འམ། སིང་པོ་ཡང་བཏུང་དུ་རུང་ངོ༌། །སོས་ཀའི་ཚོ་བའི་དུས་ན་ཆུ་བསིལ་བས་ལུས་ཁྲུས་བྱའོ། །དེའི་ཚེ་ཁ་ཟས་འབྲས་དཀར་པོའི་ཆན་དང༌། ཡུལ་སེར་ཆེ་བའི་ཤ་དང༌། ཁུ་བ་གར་པོར་མ་ཡིན་པ་སླ་བར་བཅོས་པ་དང༌། ཞོ་ཅུང་ཟད་དང༌། བུ་རམ་དང་ཆུ་སྦྱར་ཏེ་བསྲུབ་ཅིང་དཀྲུགས་བཞིན་དུ་བཙོས་ལ། སྤོད་ཤིང་ཚ་དང༌། ན་ལེ་ཤམ་དང༌། ནཱ་ག་གེ་སར་དང༌། སུག་སྨེལ་བཏབ་པའི་ཚོད་མ་ཞིག་ལ་ཕུག་ཕོ་ཤར་གཏུབས་པ་བཙོས་ཏེ་སྤྱོད། མར་ལ་བརྔོས་པའི་ཚོད་མ་འདི་ལྟ་བུ་འམ། ཡང་ན་ཞོ་ཅི་རན་དང་ཆུར་སྦྱར་ཏེ་བསྲུབ་ཅིང་དཀྲུགས་ཏེ་ལི་ཁ་ར་འམ། བུ་རམ་རྙིང་པ་དང་སྦྱར་ཏེ། ནཱ་ག་གེ་ས་ར་དང༌། སུག་སྨེལ་དང༌། གནྡྷ་བྷ་དྲ་འདི་རྣམས་བཏབ་སྟེ་བསིལ་བར་བྱས་པ་བཏུང་བ་དང༌། ཡང་ན་མོན་སྲན་སྡེའི་བཏགས་པ་ཤུན་པ་བོར་ལ། སྤོད་དང་སྨན་གོང་དུ་སྨོས་པ་བཞིན་བཏབ་སྟེ་སྟར་ག་དང་བསྲེས་ལ་རི་ལུར་བྱས་པ་མར་གྱི་ནང་དུ་བརྡོས་ལ། ཞོ་དང་ཁ་ར་འམ། བུ་རམ་དང་སྤོད་དུ་སྦྱར་བ་བཙོས་པ་དང༌། བསྲེས་པའི་ཚོད་མ་སྣ་དྲུག་ཅེས་བྱ་བ་འདི་དང་ཟན་བཟའོ། །སྐོམ་ནི་འོ་མའི་ནང་དུ་མ་ར་ཅི་རན་པ་བཏབ་སྟེ། སུམ་ཆ་དུ་བ་འམ་ཕྱེད་དུ་བསྐོལ་ལ། པི་པི་ལིང་དང༌། ལི་ཁ་ར་དང༌། སྦྲང་རྩི་བཏབ་ལ་བཏུང་ངོ༌། །ཁ་ར་དང་སྦྲང་རྩི་ལ་སོགས་པ་ནི་ཞོ་གཉིས་གཉིས་གདབ་པོ། །པི་པི་ལིང་ནི་ཞོ་གཅིག་གདབ་བོ། །འོ་མའི་སྐོམ་དེ་ལྟར་སྦྱར་བ་ཡང་བུམ་པ་གསར་པའི་ནང་དུ་བླུགས་ལ་གྲང་མོར་བྱས་ཏེ་བཏུང་ངོ༌། །སྐོམ་འདི་ནི་གློ་གཅོང་དང༌། ལུད་པ་ལུ་བ་དང༌། རིམས་དང་བྲང་དུ་ཟུག་པ་དང༌། རླུང་ནད་དང༌། མཁྲིས་པའི་ནད་ལ་སོགས་ཏེ་ཚ་བའི་བག་ལ་ཕན་ནོ། །སྐོམ་འདིའི་མིང་ནི་དམ་པ་ལྔ་ཞེས་བྱའོ། །གཞན་ཡང་བསིལ་བའི་སྐོམ་ནི་ལྡུམ་དུ་
ཆུ་སྐྱེས་ཞེས་བྱ་བའི་འབྲས་བུ་དང༌། ཤིང་ཐོག་ཙོ་ཙ་ཞེས་བྱ་བ་འདི་གཉིས་བརྡུངས་ཏེ་ཆུ་དང་སྦྱར་བའི་ནང་དུ་ཚྭ་ཅུང་ཟད་ཅིག་ཀྱང་བླུགས་ལ། ག་པུར་ཅུང་ཟད་ཅིག་ཀྱང་བླུགས་ཏེ། སྐོམ་སྣོད་རྫ་མ་གསར་པའི་ནང་དུ་མེ་ཏོག་དྲི་ཞིམ་པོ་ཏ་ལ་ཞེས་བྱ་བ་བླུགས་ཏེ། དྲི་ཞིམ་པོས་བསྒོས་པའི་སྣོད་དྲི་ཞིམ་པོར་གྱུར་པའི་ནང་དུ། སྐོམ་བླུགས་ཏེ་བགྲུངས་ཏེ་བསིལ་དུ་བྱས་པ་འདི་ལྟ་བུའི་འབྲས་ཆན་བཟང་པོ་དཀར་པོ་ཟ་ཞིང་ནང་ནུབ་ཏུ་སྐོམ་བཏུང་ངོ༌། །གཞན་ཡང་སྐོམ་བསིལ་བ་ནི། མ་ཧེའི་འོ་མ་འམ། འབྲིའི་འོ་མ་བསྐོལ་ཏེ་བསྒྲངས་པའི་ནང་དུ་ལི་ཁ་ར་བཏབ་ལ་བསིལ་བར་བྱས་པའི་སྐོམ་བཏུང་ངོ༌། །དེ་ལྟར་སོས་ཀ་ཚ་བའི་ཚེ། ཤིང་ཏ་ལ་དང༌། ཤིང་མུ་ལེ་གྲུམ་ཤིང་མཐོ་ཞིང་རིང་བ་ཡལ་གདང་འདབ་མ་རྒྱས་ཏེ་སྤྲིན་ལ་རེག་པ་ཙམ་དུ་སྣང་བའི་ཚལ་གྱི་ནང་ན་བཟའ་ཤིང་བཟང་པོ་དང༌། རྒུན་ཤིང་གི་ཚལ་ལ་རྒུན་འབྲུའི་སྙེ་མའི་ཡལ་ག་ལྕུག་ཕྲན་གྱིས་ཤིང་གི་སྡོང་ལ་འཁྲིས་ཤིང༌། ཤིང་ཐོག་གི་འབྲས་བུ་སྨིན་པའི་མགོ་གཡུར་ཟ་བའི་སྐྱེད་མོས་ཚལ་སྣ་ཚོགས་བསིལ་བ། མཐའ་རྒྱ་ཟབ་ཀྱིས་ཁོར་ཡུག་ཏུ་བསྐོར་བའི་ནང་བསིལ་ཁང་སྟེགས་བུས་བཏིངས་ཏེ་ཕུབ་པ། ས་གཞི་ཕྱི་བརྡར་བྱ་ཞིང་སྟེང་འོག་ཏུ་ཆག་ཆག་བསིལ་བར་བཏབ་པ་ཆུ་གྲང་མོ་དང་ཆབ་བྲོམ་དུ་བཤམས་པ། བསིལ་ཁང་རྒྱབ་ཀྱི་ངོས་ན་ཤིང་ཏོག་སྐྱུར་རྩི་བཟང་པོའི་འབྲུ་བྱི་རུ་ལྟར་སྣང་བ་རྣམས། ཕྱི་རོལ་ནས་ནང་དུ་འཕྱང་བ། ལྡུམ་བུ་ཆུ་སྐྱེས་དང༌། ལྡུམ་ཀལ་ཧར་འདབ་མ་དང་མེ་ཏོག་བཟང་པོར་ལྡན་པ། མེ་ཏོག་པདྨ་དང༌། མེ་ཏོག་ཨུཏྤ་ལ་རྒྱས་པས་ས་གཞི་ཆལ་པར་བཀྲམ་པའི་དྲུང་ངམ། ཆུ་རྒྱུན་བསིལ་བ་དྲག་པོར་འབབ་པའི་ཟེར་མ་ཆར་ཕན་ཙམ་དུ་འཕྲོ་བའི་དྲུང་ངམ། བསིལ་ཁང་བསིལ་པའི་ནང་ངམ། ཡང་ན་ཤིང་ལས་བྱས་པའི་བུད་མེད་གཞོན་ནུ་བཟང་མོར་བྱས་པའི་ཁོང་ནས་ཆུ་དྲངས་ལ། ཁ་དང་ལག་སོར་དང་ནུ་མ་ནས་ཆུ་རྒྱུན་བསིལ་བ་དྲག་པོ་འབྱུང་ཞིང་འཕྲོ་བའི་དྲུང་དུ་ཉི་མའི་གུང་ལ་ཚ་བའི་ཚེ་དེར་འདུག་པར་བྱའོ། །མཚན་མོ་ནི་ཡང་ཐོག་སྔར་གང་རྡོ་ཐལ་ཞལ་ཞལ་ཅན་ཟླ་
བའི་འོད་ཀྱིས་བསིལ་བར་གྱུར་བ་ན། མལ་སྟན་བདེ་བ་བཏིང་ལ་ཉམས་ཐ་མལ་པར་གནས་པས་ལུས་ལ་ཙནྡན་གྱི་ལྡེ་གུ་བསིལ་བས་བྱུགས་ལ། མེ་ཏོག་གི་ཕྲེང་བ་ཐོགས་ནས་རབ་ཏུ་ཕྲ་ཞིང་སྲབ་པ་ཡང་པའི་གོས་བགོས་ཏེ། འདོད་པའི་སྤྱོད་པ་མི་བྱེད་པར་འདུག་ཤིག །ཤིང་མུ་ལེ་གྲུམ་ཤིང་གི་ལོ་མ་སྤོས་ཆུས་བཏབ་པའི་བསིལ་ཡབ་བམ། ཡང་ན་པདྨའི་འདབ་མ་རྒྱས་པའི་བསིལ་ཡབ་ཀྱང་རུང་སྟེ། འདི་ལྟ་བུའི་བསིལ་ཡབ་ཐོགས་པས་མི་དྲག་པར་དལ་བུས་གཡབ་པའི་བསིལ་ཡབ་ལ་སྤོས་ཆུ་བསིལ་བས་བཏབ་པའི་བསིལ་ཡབ་ཀྱིས་གཡབ་པའི་ཆུ་ཐིགས་གྲང་མོ་དང༌། སེར་བུ་བསིལ་བ་ནི་ལུས་ལ་རྫི་ཆར་ལྟར་སིམ་པར་བྱེད་པ་དེ་ལྟ་བུའི་བསིལ་ཡབ་ཀྱིས་གཡབ་ཅིང་ལུས་ལག་པུར་དང༌། ཙནྡན་དཀར་པོའི་བསིལ་བས་ལུས་བྱུགས་ལ། མུ་ཏིག་གི་དོ་ཤལ་དང༌། མེ་ཏོག་དྲི་ཞིམ་པོ་མ་ལི་ཀའི་ཕྲེང་བ་ཐོགས་ཤིང༌། བྱ་སྐད་སྙན་པ་ཡིད་དུ་འོང་བའི་སྒྲ་སྙན་པར་གྲག་པ། པདྨའི་རྩ་བ་དཀར་པོ་བསིལ་བའི་ག་དུ་བུ་བརྒྱུས་ཏེ་ཐོགས་པར་བྱ་བ་འདི་ལྟ་བུའི་ཚུལ་གྱིས་དཔྱིད་ཚ་བའི་ཚེ་ཚ་བ་བསིལ་ཞིང་བསིལ་བའི་ཆོས་སུ་བྱའོ། །དེ་ལྟར་སོས་ཀ་ཚ་བའི་ཟླ་བ་གཉིས་འདས་པའི་རྗེས་ལ་དབྱར་ཟླ་ཐ་ཆུངས་དང༌། སྟོན་ཟླར་བ་གཉིས་ཀྱི་ཚེ་ནི་ཉི་མ་རིང་དུ་ནུར་བས་མཐུ་འཕྲོག་སྟེ་མིའི་ལུས་མི་བདེ་ལ། ཁོང་པ་དྲོད་ཆུང་ཞིང་ལྷག་པར་ཕོ་བའི་དྲོད་ཆུང་སྟེ། དེ་ཡང་དབྱར་གནས་རྨུས་ཤིང་སྤྲིན་གྱི་རྩ་བ་ནར་པའི་ཆར་ཆུས་རླན་ཅིང། ས་གཞི་དང་རྩྭ་མཆོག་ཟིལ་པ་ཅན་དུ་གྱུར་པ། མེའི་དྲོད་ཀྱི་སྟོབས་ཀྱང་ཆུང་ལ། ས་བརླན་པའི་རླངས་པས་རླུང་དང་བད་ཀན་དང་མཁྲིས་པའི་ནད་དུ་འགྱུར་ཞིང་གནོད་པར་བྱེད་དེ། དུས་དེའི་ཚེ་ཟན་ཟོས་པས་ཞུ་བའི་རྗེས་ཀྱང་སྐྱུང་བར་གྱུར་ཏེ་ཟས་ལེགས་པར་མི་འཇུའོ། །དབྱར་གྱི་ཆར་ཆུ་མང་པས་ཆུ་ཡང་རྙོག་པ་དྲི་མ་ཅན་དུ་འགྱུར་ལ། མེའི་དྲོད་ཀྱི་སྟོབས་ཀྱང་ཆུང་བས། རླུང་དང་བད་ཀན་དང་མཁྲིས་པ་གཅིག་ལ་གཅིག་གནོད་པར་བྱེད་ཅིང༌། ཁོང་གང་རང་གི་ཤས་ཆེ་བས། དེའི་ཕྱིར་ཁོང་དྲོ་ཞིང་ཕོ་བའི་མེའི་སྟོབས་སྐྱེ་པར་
འགྱུར་པའི་ཁ་ཟས་མངར་བ་དང༌། སྐྱུར་བ་དང༌། ཚ་བ་དང༌། ཁ་བ་དང༌། ལན་ཚྭ་བྲོ་བ་དང༌། བསྐ་བ་འདི་རྣམས་ཀྱང་སྤྱིར་ཧ་ཅང་ཡང་མི་མངར། ཧ་ཅང་ཡང་མི་སྐྱུར་བར་འདི་དྲུག་ཅར་ཡང་རན་པ་ཙམ་དུ་བཟའ་ཞིང༌། ཁོང་དྲོ་བ་ཕོ་བའི་མེའི་སྟོབས་བསྐྱེད་པར་བྱའོ། །གལ་ཏེ་མེའི་དྲོད་ཆུང་ལ་ཁོང་གྲང་ཞིང་རླུང་གི་ནད་ལ་སོགས་པར་གྱུར་ན། སྔར་རེ་ཞིག་ལུས་བརྟས་ལ། དེ་ནས་སྐྱུག་སྨན་གྱིས་ལུས་བཀྲུ་བར་བྱའོ། །བཀྲུས་ནས་ཟས་ནི་ཡང་བའི་བག་དགེ་སྟེ། ནས་འབྲས་ལོ་ལོན་པ་རྙིང་པ་བཟའོ། །བྱ་ན་ནི་ཡུལ་སྐམ་ས་ནས་བྱུང་བའི་ཤ་ལས་གཡོས་སུ་བྱས་པ། བལ་པོ་སེའུ་དང༌། སྨན་མུངྒར་སྦྱར་བ་དང་སྦག་ཅིང་བཟའོ། །སྐོམ་ནི་སྦྲང་རྩི་དང༌། དར་བར་སྦྱར་བ་གྲུངས་མདར་བ་སྦང་རྩི་ཅན་ཞེས་བྱ་བ་རྙིང་པ་སྐོམ་དུ་བཏུང་ངོ༌། །ཡང་ན་ཆར་པའི་ཆུ་འམ། ཁྲོན་པའི་ཆུ་བསྐོལ་བའི་ནང་དུ་ཞོ་ག་ཆུ་དངས་མ་དང༌། ལན་ཚྭ་ཁ་རུ་ཚ་ཤས་ཙམ་གྱིས་ཆེར་བྱས་པ་དང༌། པི་པི་ལིང་གི་རྩ་བ་དང༌། དབྱི་མོང་དང༌། ལི་དོང་གྲ་དང༌། འདི་ལྔ་བཏགས་པའི་ཆང་རྒྱ་ཤུག་ཙམ་དུ་བྱས་པ་འདི་ལྔ་དང་སྦྱར་བའི་སྐོམ་ནི་ཡང་ཞིང་འཇུ་ལ་དྲོད་སྐྱེ་རླུང་ལ་ཕན་ནོ། །དེ་ལྟར་ནམ་ནངས་ཤིང་ཆར་ཆུ་ཆེ་བའི་དུས་ན་འབྲས་ཆན་ཆོས་པའི་ནང་དུ། མར་ཁུ་དང་དྲོད་ཆེ་བའི་སྤོད་དུ་སྦྱར་བ་འམ། ཁུ་ཤ་བལ་པོ་སེའུ་དང༌། ལན་ཚྭ་ཤས་ཀྱིས་ཆེ་བར་བྱས་ལ། ཚིལ་དང་མར་དང་སྦྲང་རྩི་ཅུང་ཟད་ཙམ་དུ་སྦྱར་བའི་ཟས་ཡང་བར་བཟའོ། །ཕན་ཚུན་འགྲོ་ན་བཞོན་པ་དང་ཆས་ཤིང་རྐང་གིས་མི་འགྲོ་བར་བྱའོ། །བརླན་པའི་དུས་སུ་གོས་བགོ་བ་སྤོས་ཀྱིས་བདུག་གོ །འདུག་པའི་གནས་ནི་འོག་གི་ས་རླངས་བསིལ་བ་དང༌། ཆར་པའི་ཟེག་མ་དང་མི་ཉེ་བའི་ཡང་ཐོག་ཏུ་འདུག་པར་བྱའོ། །དབྱར་གྱི་ཆར་ཆུ་སྣ་ཚོགས་འདྲེས་པའི་ཆུའི་དྲི་མ་ཅན་དང་ཆུ་དང་ཕྱེར་སྦྱར་བའི་ཆུ་གྲོག་མི་བཏུང་ངོ༌། །ཉིན་པར་གཉིད་ཀྱིས་ལོག་པ་དང༌། སྟོབས་དང་དྲག་ཤུལ་ངལ་བའི་བག་དང༌། ཉི་ཚན་ལ་འདུག་པ་འདི་རྣམས་སྤང་པར་བྱའོ། །དེ་ལྟར་དབྱར་ཟླ་གཉིས་ཀྱི་ཚེ་ཕོ་པ་དང༌། ཁོང་གྲང་ཞིང་རྩུབ་ལ་རླུང་ཆེ་བས་
ལུས་དང་ཡན་ལག་གྲང་ཞིང་བསིལ་བར་གྱུར་པ་འདི་ལྟ་བུའི་ཚེ་ན་མཁྲིས་པ་དབྱར་གྱི་དུས་འདིར་བསགས་ནས། སྟོན་གྱི་དུས་སྟོན་ཟླ་འབྲིང་པོ་དང༌། སྟོན་ཟླ་ཐ་ཆུངས་འདི་གཉིས་ཀྱི་ཆེ་ག་ནམ་ཡང་དངས། འཕྲལ་དུ་ཉི་མའི་འོད་ཚན་པོས་གདུངས་པས་མཁྲིས་པའི་ནད་སྟོན་ལྡང་ངོ༌། །མཁྲིས་པ་ཚ་བའི་ནད་དེ་ལྟར་ལངས་པར་གྱུར་ན་བཀྲུ་སྨན་གཏང་བ་དང༌། སྨན་མར་ཁ་བོར་སྦྱར་བ་དང༌། སྨན་ཁ་བོ་གཏང་བ་དང༌། གཏར་ག་བྱའོ། །ཁ་ཟས་ཀྱི་ཆོ་ག་ནི། ཁ་བ་དང༌། མངར་བ་དང༌། བསྐ་བ་ལས་གཡོས་སུ་བྱས་པ་དང༌། ཟས་ཡང་བའི་བག་དགེ་སྟེ། དེ་ཡང་བཀྲེས་པར་གྱུར་པའི་དུས་ན་བཟའ་བར་བྱའོ། །གཞན་ཡང་འབྲས་སཱ་ལུ་དཀར་པོ་དང༌། མོན་སྲན་སྡེའུ་དང༌། སྐྱུ་རུ་ར་དང༌། པ་ཏོ་ལ་དང༌། སྦྲང་རྩི་དང༌། ཡུལ་སེར་ཆེ་བ་ནས་བྱུང་བའི་བྱ་ན་དང༌། ཁ་ཟས་ནི་ཆུ་ཉིན་པར་ཉི་མས་གདུངས་པ་མཚན་མོ་ཟླ་བའི་འོད་ཀྱིས་བསིལ་བར་བྱས་ལ། སྐར་མ་རྀ་ཥི་ཤར་བས་དུག་མེད་པར་བྱས་པར་གྱུར་པ་དེ་ལྟ་བུའི་ཆུ་ཉིན་མཚན་གཉི་གར་ཀུན་སྦྱངས་པའི་ཆུ་གཙང་མ་དད་པ་གནས་པ་དྲི་མ་མེད་ཅིང་ཆུ་དངས་མ་འཐུངས་ན་བད་ཀན་དུ་ཡང་མི་འགྱུར། རྩུབ་སྟེ་རླུང་དུ་ཡང་མི་འགྱུར་བའི་ཆུ་བདུད་རྩི་དང་འདྲ་བ་དེ་ནི་བཏུང་བ་ལ་སོགས་པའི་གཡོས་སུ་བྱ་བའི་ཆུ་དང༌། ཁྲུས་བྱ་བའི་ཆུར་བཟང་ངོ༌། །དེ་ལྟར་སྟོན་ཚ་བའི་དུས་ན་བསིལ་བར་འགྱུར་བ་ཙནྡན་དང༌། ག་པུར་དང༌། སྨན་ཨུ་ཤི་ར་བསིལ་བའི་ས་ལ་བསྐུའོ། །གནས་ནི་ཁང་པ་བསིལ་བ་རྡོ་ཐལ་གྱི་ཞལ་ཞལ་ཅན་གྱི་ནང་དུ་ཉིན་མཚན་དུ་འདུག་པར་བྱའོ། །ཟིལ་པའི་ཁྲོད་དུ་མི་འགྲོ་།མི་འདུག །ཐལ་སྨན་རྣོན་པོས་མི་བསྐུ། ཧ་ཅང་འགྲངས་པ་ཉིད་དུ་མི་བཟའ། ཏིལ་མར་དང་ཚིལ་མི་བཟའ། ཉི་མ་ཚན་པོ་ལ་མི་འདུག །ཆང་མི་བཏུང༌། ཉིན་པར་མི་ཉལ། སྔ་དྲོའི་སེར་བུ་སྤང་བར་བྱའོ། །དགུན་དང་དབྱར་གཉིས་ལ་ཁ་ཟས་ནི་མངར་བ་དང༌། སྐྱུར་བ་དང༌། ལན་ཚྭ་འདི་གསུམ་གྱི་ཟས་ཤས་ཆེ་བར་སྦྱར་བ་བཟང་ངོ༌། །དཔྱིད་ནི་ཁ་བ་དང༌། ཚ་བ་དང༌། བསྐ་བའི་རོ་བྲོ་བ་སྦྱར་བའི་ཟས་བཟང་ངོ༌། །སོས་ཀའི་ཚེ་ནི་ཁ་ཟས་མངར་བག་བཟང་ངོ༌། །སྟོན་ཀ་ཟས་མངར་
བ་དང༌། ཁ་བ་དང༌། བསྐ་བ་ལས་སྦྱར་བ་དགེའོ། །སྟོན་དང་དཔྱིད་གཉིས་ཀྱི་ཁ་ཟས་ནི་རྩུབ་པའི་བག་དགེའོ། །སྟོན་དང་སོས་ཀ་གཉིས་ཀྱི་ཟས་དང་སྐོམ་ནི་བསིལ་ཞིང་ཡང་བར་བྱའོ། །དུས་ཀྱི་བྱེ་བྲག་བཞིན་ཁ་ཟས་འདི་ལྟར་མ་སྦྱར་ན་ནད་དུ་འགྱུར་རོ། དུས་ཚིགས་དང་སྦྱར་བའི་སྨན་དང་ཁ་ཟས་ཀྱི་ལེའུ་གསུམ་པ་རྫོགས་སོ།། །།དེ་ནས་ཡང་མི་ཉམས་ཐ་མལ་པར་གནས་པ་ལ་ནད་མི་འབྱུང་བར་བྱ་བའི་དཔྱད་ཀྱི་ལེའུ་བཤད་པར་བྱའོ། །འཕྱེན་འོང་ན་མི་དགག །བཤང་གཅི་ཡང་དགག་པར་མི་བྱ་བ་དང༌། སྦྲིད་པ་ཡང་མི་དགག །སྐོམ་པ་འམ་བཀྲེས་ན་ཡང་མི་བརྣག །གཉིད་བྲོ་འམ་ལུད་པ་འོངས་ན་མི་དགག །དྲག་ཤུལ་ལམ་ལས་ཁུར་བྱེད་པའི་ཤུགས་ཀྱིས་དུབ་ཅིང་ངལ་བར་མི་བྱ། ཁ་གླལ་དང་དབུགས་དགག་པར་མི་བྱ་བ་དང༌། མིག་མཆི་མས་གང་ན་མིག་མི་འཛུམས་ཤིང་མཆི་མ་མྱུར་དུ་ཕྱི་རོལ་དུ་བསལ། སྐྱུག་བྲོན་སྐྱུག་པ་མི་དགག །ཁུ་བ་འོངས་པར་གྱུར་ན་ཡང་དགག་པར་མི་བྱའོ། །དེ་ལ་འཕྱེན་འགགས་ན་སྐྲན་ནད་དུ་འགྱུར་བ་དང༌། རྟུག་སྐོམ་དུ་འགྱུར་བ་དང༌། ལུས་སྙོམ་ཞིང་ལྕི་བར་འགྱུར་བ་དང༌། ཁོང་དུ་འཕྱེན་འཁྱིལ་ཞིང་བཤང་གཅི་ཡང་ཁོང་དུ་འགགས་པར་འགྱུར་བ་དང༌། མིག་རྟུལ་བ་དང༌། ཁོང་གི་དྲོད་ཆུང་བ་དང༌། སྙིང་ནད་འདི་རྣམས་འབྱུང་ངོ༌། །བཤང་བ་འོང་བ་ལས་བཀག་ན་བྱིན་པའི་ཉྭ་འགྱུར་བ་དང༌། ཆམ་པས་འདེབས་པ་དང༌། གླད་པ་ན་བ་དང༌། ཁར་མི་གཙང་བ་འབྱུང་བ་དང༌། ཁོང་དུ་འཕྱེན་འགགས་པ་ལས་ནད་རུ་འགྱུར་བ་རྣམས་ཀྱང་འདིར་ནང་དུ་འགྱུར་རོ། །གཅིན་བྲོ་བ་ལས་འགགས་ན། རོ་སྟོད་དང༌། དཔུང་པ་དང༌། ལག་ངར་མི་བདེ་བ་དང༌། རྡེའུ་ཆགས་ཏ་ཆུ་སྲི་བ་དང༌། ཆུ་སོར་ཟུག་སྟེན་བ་དང༌། ཕོ་མཚན་ན་བར་འགྱུར་བ་དང༌། དཀུའི་ནང་ལོགས་སུ་ཆུ་སོ་གཡས་གཡོན་དུ་ཟུག་སྟེ་ན་བ་དང༌། ནད་འདི་རྣམས་ནི་གཅིན་འགགས་པ་ལས་ནད་དུ་འགྱུར་རོ། །དེ་ལ་འཕྱེན་འགགས་པ་ལས་གྱུར་པའི་ནད་ཀྱི་སྨན་དཔྱད་ནི་སྨན་སྦྱར་བ་གདར་བུ་རེང་བུར་བྱས་ལ། གཞང་གི་ནང་དུ་གཞུག་པ་
དང། གཞང་ཁ་དང་ལུས་ཕྱོགས་སུ་མར་གྱིས་བསྐུ་བ་དང༌། སྨན་གྱི་རྩ་བ་དང་ལོ་མ་དང༌། སྡོང་བུ་བརྡུངས་ཏེ་བསྐོལ་བའི་ནང་དུ་ལུས་ཞུགས་ཏེ་འདུག་པར་བྱ་བ་དང༌། བག་ཕྱེའི་པུ་རྩེ་འམ། ནས་སྐྱུར་གྱིས་བཏབ་སྟེ་བརྔོས་པས་དུགས་བྱའོ། །ཡང་མར་ལ་སྨན་བཙོས་པའི་སྨན་མར་མས་གཏོང་ངོ༌། །ཁ་ཟས་ཀྱི་ཆོ་ག་ནི་བཤང་བ་བཀག་བ་ལས། གཉིས་འདྲ་སྟེ། བཤང་བ་འགགས་པ་བསལ་བའི་ཟས་ཀྱི་ཆོ་ག་དང༌། བཤང་བ་འགགས་པ་ལ་ཟས་ཀྱི་ཆོ་ག་བསྒྱུར་བ་དང༌། གློ་གཅོང་གི་ནད་ལ་ཟས་ཀྱི་ཆོ་ག་བསྒྱུར་བ་བཤང་བ་དང་འདྲ་སྟེ། ཟས་ཀྱི་ཆོ་ག་དེ་བཞིན་བྱའོ། །ཆུས་བགགས་པའི་ཆོ་ག་ནི་ཆུ་སྲང་བཅུ་དྲུག་གི་ནང་དུ། བཅའ་སྒ་འམ། འུ་སུ་འམ། བལ་པོ་སེའུ་འདི་གསུམ་གང་ཡང་རུང་བ་བརྡུངས་ཏེ་བཙོས་ལ། ཆུ་དུ་སྟེ་སྲང་བཞི་ཙམ་ལུས་པ་དང༌། ནད་པའི་ཉམས་མཐུ་ཆེ་ཆུང་ལ་བལྟས་ཏེ། ཉམ་ཆུང་ན་བ་མར་དང༌། འབྲི་མར་སྲང་གཅིག་ཙམ་བཏབ་ལ་ཞུ་བར་བྱས་ཏེ་བཏུང་ངོ༌། །གྲོའི་ཟན་ནི་སྨན་ཞུ་བ་དང་ཟས་བཟའོ། །སྨན་ཞུ་བའི་ཚད་ནི་སྨན་ཞུ་བར་གྱུར་པའི་སྒྲེགས་པ་བྱུང་ངམ། ཟས་ཡི་གར་འོང་ཞིང་བཀྲེས་པར་གྱུར་ན་ཟན་བཟའ་སྟེ། ཟན་བཟའ་པའི་སྔོན་ལོགས་སུ་སྨན་གྱི་ཆོ་ག་འདི་འདྲ་བར་འཐུངས་ལ། དེའི་འོག་ཏུ་ཟན་བཟའོ། །ཟན་གྱི་ཆོ་ག་ནི་ཞིབ་ཏུ་འོག་ནས་བཤད་དོ། །སྒྲེགས་པ་འོང་བ་ལས་འགགས་ན་ཟས་ཡི་གར་མི་འོང༌། ལུས་དང་རྐང་ལག་འདར། བཤང་གཅི་གཉི་ག་སྲི་སྟེ་འབྱུང་དུ་མི་རུང༌། སྙིང་དང་བྲང་ཐོང་ཀ་ན་ལྟོ་སྦོ་ལུད་པ་ལུ། སྐྱིགས་ཕུས་འདེབས་པར་འགྱུར་རོ། །དེ་ལ་སྒྲེགས་པ་ལས་ནང་དུ་གྱུར་པའི་ཆོ་ག་ནི། སྐྱིགས་བུའི་ནད་བསལ་བའི་ཆོ་གར་བཤད་པ་དང་འདྲའོ། །སྦྲིད་པ་བྲོ་བ་ལས་བཀག་ན་མིག་དང་རྣ་བ་དང༌། སྣའི་དབང་པོ་རྣམས་མི་རྣོ་མི་གསལ་བར་འགྱུར་རོ། །གཉེའུ་རེངས་སུ་གྱུར་ཏེ་འགྱུར་མི་ཤེས། ཁ་ཡོ་སྟེ་འགྲམ་པ་ལ་ཆགས་པར་འགྱུར་བའི་ནད་འདི་རྣམས་སུ་འགྱུར་རོ། །དེ་ལྟར་སྦྲིད་པ་འགགས་པའི་ནད་འདི་རྣམས་ལྟར་གྱུར་ན་དཔྱད་ནི་སྣར་དུད་པ་རྣོན་པོས་བདུག །མིག་སྨན་གྱིས་མིག་ལ་
བསྐུ། སྣར་སྣ་སྨན་བླུགས་ལ་མགོ་བསྟོད་དེ་མིག་གི་གནམ་མམ་ཉི་མ་ལ་བལྟར་བཅུག་ན་སྦྲིད་པ་འོང་ངོ༌། །མར་གྱིས་ཀྱང་སྣ་དང་གདོང་དང་མགོ་བསྐུ་དུགས་ཀྱང་བྱའོ། །སྐོམ་པ་བཀག་པ་ལས་ཁ་དང་ཁོང་སྐམ། ལུས་དང་རྐང་ལག་མི་བདེ། རྣ་བ་མི་གསང༌། མགོ་འཁོར། མྱོས་ཏེ་མི་དྲན། སྙིང་ན་སྟེ། སྐོམ་བཀག་པ་ལས་ནད་འདི་རྣམས་འབྱུང་ངོ༌། །འདིའི་ཆོ་ག་ནི་བསལ་བར་བྱ་བའི་ཆོ་ག་འོག་ནས་བཤད་པ་བཞིན་དུ་བྱའོ། །བཀྲེས་ཆེས་པ་ལས་ནད་དུ་འགྱུར་བ་ནི། ལུས་ཞིག །ཟས་ཡི་གར་མི་འོང༌། ལུས་སྙོམ། ཉམ་ཆུང༌། གློ་སྙིང་དང་མཆིན་པ་འཕྱང་སྟེ་ན། མགོ་འཁོར་བའི་ནད་འདི་ལྟ་བུར་འགྱུར་རོ། །བཀྲེས་ཆེས་པ་ལས་ནད་འདི་ལྟ་བུར་གྱུར་པའི་ཆོ་ག་ནི་ཁ་ཟས་འཇུ་སླ་སྟེ། ཡང་བ་དང༌། མར་དང་སྦྱར་བའི་གཡོས་ཚོས་པ་དྲོད་དུ་སྦྱར་ཏེ་མི་ཆེ་བར་རན་པར་བྱས་ལ་བཟའོ། །མཚན་མོ་མི་ཉལ་ཞིང་གཉིད་མ་ལོག་པ་ལས་ནད་དུ་འགྱུར་བ་ནི། ཁོང་མྱོས་ཏེ་མྱོ་མྱོ་པོར་འགྱུར། ལུས་སྙོམ། མགོ་དང་མིག་གཉིས་ལྕི། རོ་རྒྱབ་ན་སྟེ་གཉིད་མ་ལོག་པའི་ནད་འདི་ལྟ་བུ་ལ་ཆོ་ག་ནི་གཉིད་ཚིམ་པར་ལོག་པར་བྱ་བ་དང༌། ལུས་མཉེས་ན་ཕན་ནོ། །ལུད་པ་འོང་བ་ལས་བརྣག་སྟེ་བཀག་ན། ལུད་པའི་ནད་དེ་ཉིད་ཆེར་སྐྱེས་ཏེ། ཆེར་ལུད་པ་དང༌། དབུགས་མི་བདེ། ཟས་ཡི་གར་མི་འོང༌། སྙིང་ན། ལུས་དང་ཁ་ཡང་སྐམ། སྐྱིགས་བུས་ཀྱང་འདེབས་པར་འགྱུར་རོ། །ལུད་པ་ལུ་བ་དང་ནད་དུ་གྱུར་པའི་ཆོ་ག་དང༌། འོག་ནས་གློ་གཅོང་གི་ཆོ་ག་ཞིབ་ཏུ་བཤད་པ་ལས་འབྱུང་སྟེ། དེ་བཞིན་བྱའོ། །ལས་སམ་དྲག་ཤུལ་གྱིས་དུ་བ་སྟེ། ངལ་བ་ལས་ངལ་མི་གསོ་བར་བརྣག་སྟེ་དབུགས་བཀག་ན། སྐྲན་ནད་དུ་འགྱུར་བ་དང་གློ་སྙིང་ན། མི་དྲན་ཅིང་མྱོས་པར་འགྱུར་རོ། དེའི་དཔྱད་ནི་མ་ཆད་པར་སྐབས་སྐབས་སུ་ངལ་བསོས་ན་ཕན། རླུང་ནད་སེལ་བའི་ཁ་ཟས་ཀྱི་ཆོ་ག་སྦྱར་ཞིང་ཟོས་ན་ཕན་ནོ། །གློ་འོངས་པ་ལས་བརྣག་ཅིང་བཀག་པས་སྦྲིད་པ་འགགས་པའི་ནད་དང་འདྲ་སྟེ། གཞན་ཡང་ཆམ་པའི་ནད་དང༌། མིག་དང་གླད་པ་ན་བ་
དང་སྙིང་ན་བ་དང༌། གཉེའུ་རེངས་ཤིང་ན་སྟེ་འགྱུར་མི་ཤེས་པ་དང༌། ཟས་ཡི་གར་མི་འོང་བ་དང༌། གླད་པ་འཁོར་བའི་ནད་དུ་འགྱུར་ཏེ། འདི་ལྟ་བུའི་ཆོ་ག་ནི་རླུང་ནད་ཐམས་ཅད་སེལ་བའི་དཔྱད་དུ་བྱའོ། །ཡང་མིག་ནད་དམ་མྱ་ངན་གྱིས་མཆི་མ་འོང་བར་གྱུར་པ་ལྟ་བུ་ལས། མཆི་མ་མི་འབྱུང་བར་བཀག་ན། སྐྲང་ནད་དུ་འགྱུར་ཏེ། འདིའི་ཆོ་ག་ནི་གཉིད་ངོམས་པར་ལོག་པར་བྱ་བ་དང༌། ཆང་ཞིམ་པོ་བཏུང་བ་དང༌། གཏམ་ཡིད་དུ་འོང་བ་མཉན་ན་ཕན་ནོ། །སྐྱུག་བྲོ་བ་ལས་བརྣག་སྟེ་མ་སྐྱུགས་པའི་ནད་ནི། འབྲས་དང༌། མེ་དབལ་དང༌། མཛེ་དང༌། མིག་ན་བ་དང༌། གཡན་པ་དང༌། སྐྱ་རྦབ་དང༌། རིམས་ནད་དང༌། ལུད་པ་ལུ་བ་དང༌། དབུགས་མི་བདེ་བ་དང༌། དང་ག་མེར་མེར་པོར་བྱེད། རོ་སྟོད་གཞོགས་ཕྱེད་ཀྱི་དཔུང་པ་དང༌། ལག་པ་ན་སྟེ་བསྐྱོད་ན་མི་བདེ་བ་དང༌། སྐྲང་བར་འགྱུར་རོ། །འདིའི་ཆོ་ག་ནི་སྨན་བཙོས་པའི་ཁུ་བ་མཁུར་བར་བཀང་སྟེ་བད་ཀན་དྲང་བ་དང༌། དུད་པ་སྦུ་གུ་ནས་སྣར་བདུག་པ་དང། ཟན་མི་ཟ་བར་སྨྱུང་བར་འདུག་པ་དང༌། ཡང་ན་ཟས་རྩུབ་པོ་ཟོས་ལ་བསྒུགས་ཏེ་སྐྱུག་པར་བྱ་སྟེ། སྟོབས་རན་ཙམ་དུ་བྱ། གཏར་ག་གདབ་སྟེ་ཁྲག་དབྱུང་བ་དང༌། བཀྲུ་སྨན་བཏང་ན་དགེའོ། །ཁུ་ཆུ་བྱུང་བ་ལས་བཀག་སྟེ་མ་བཏང་བའི་ནད་ལ་ནི། ཕོ་མཚན་ན་བ་དང་འོར་ནད་དུ་འགྱུར། རིམས་ཀྱིས་འདེབས། སྙིང་ན། ཆུ་འགགས། ལུས་བརྡུངས་བརྡུངས་པ་སྙོམ་དུ་ན། རྒྱུ་མ་རླིག་པར་རླུགས་པ་དང༌། རྡེའུའི་ནད་དུ་འགྱུར་བ་དང༌། བུད་མེད་ལ་ཉལ་པོ་མི་ནུས་པར་འགྱུར་རོ། །ནད་འདི་ལྟ་བུའི་ཆོ་ག་ནི་ཁྱིམ་བྱའི་ཤ་ལས་གཡོས་སུ་བྱས་པ་དང༌། ཆང་དང་འབྲས་སཱ་ལུའི་ཟན་བཟའོ། །སྨན་ནི་མས་གཏོང་བ་དང༌། ཏིལ་མར་གྱིས་ལུས་བྱུགས་པ་དང༌། རླུང་ལ་ཕན་པའི་སྨན་བཙོས་པའི་ཁུ་བའི་ནང་དུ་ལུས་ཞུགས་ཏེ། ཆུ་དྲོན་གྱིས་ལུམས་བྱ་བ་དང༌། བཀྲུ་སྨན་གཏང་ཞིང་ཆུ་སོའི་ནད་དམིགས་བསལ་བ་དང༌། ཏིལ་མར་ལས་སྨན་བཙོས་པ་ཚོས་པར་བྱ་སྟེ་བཙགས་ལ་ཕོ་མཚན་ནས་གཏང་བ་དང༌། འོ་མ་བསྡུས་པ་འཐུང་ཞིང་ཁ་ཟས་ཀྱི་ཆོ་ག་བཞིན་བྱས་
ལ་བུད་མེད་གཞོན་ནུ་མ་བསྟེན་ན་ནད་དབྱུང་ངོ༌། །དེ་ལྟར་ནད་དོ་ཅོག་ཐམས་ཅད་ཀྱང་ཤུགས་དབྱུང་བ་བརྣག་ཅིང་བཀག་པ་ལས་ནད་དུ་འགྱུར་བ་དང༌། ཡང་ན་མི་འབྱུང་བཞིན་དུ་ནན་གྱིས་བཙིར་ན་ཡང་ནད་དེ་དང་འདྲ་བར་འབྱུང་ངོ༌། །ནད་དེ་ལྟ་བུ་གསོ་བའི་ཆོ་ག་ཞིབ་ཏུ་བསྟན་ཅིང་བཤད་པར་བྱའོ། །དེ་ལྟར་ན་ནད་མང་པོ་དུ་མ་ནི་ཕལ་ཆེར་རླུང་ལས་ནད་དུ་འགྱུར་རོ། །དེའི་ཕྱིར་རླུང་ནད་སེལ་བར་འགྱུར་བའི་སྨན་དང་ཁ་ཟས་སྦྱར་བར་བྱའོ། །དེ་བས་ན་ནད་དུ་གྱུར་པ་རྣམས་ལ་ནན་གྱིས་བརྣག་ཅིང་དགག་པར་ནི་མི་བྱའོ། །བདག་ཉིད་ལ་ཕན་པར་འདོད་ན་ཉིན་མཚན་དུ་འདོད་ཆེན་ཕྲག་དོག་དང་ཞེ་སྡང་དང་སེར་སྣ་དང་འདོད་ཆགས་དང་འདི་རྣམས་འབྱུང་བའི་ཤུགས་དྲག་པོའི་རྒྱུན་བརྣག་ཅིང་བཟུང་ལ། དབང་པོ་རྣམས་དུལ་བར་བྱས་ལ། སོ་སོའི་དུས་ཚིགས་བཞིན་དུ་ནད་ཀྱི་དྲི་མ་རྣམས་བཀྲུ་ཞིང་འབྱང་བའི་ནན་ཏན་བྱའོ། །རླུང་དང་བད་ཀན་ལ་སོགས་པ་རབ་ཏུ་བསྩགས་ཏེ་དཀྱེལ་དུ་གྱུར་པ་ལས་ནད་ལངས་ནས་སྲོག་ལ་བབ་པར་འགྱུར་རོ། །བད་ཀན་ལ་སོགས་པའི་ནད་ཡོད་པ་སྨྱུང་བར་བྱ་བ་དང༌། ནད་བཞུ་བ་བྱས་ཀྱང་དེ་ལྟ་བུ་ནི་སླར་ལྡང་ཡང་སྲིད་ཀྱི། གོང་གི་བཀྲུ་སྨན་སྐྱུག་སྨན་གྱིས་ནད་བསལ་ཞིང་སྦྱངས་པ་ནི་ཕྱིས་དེ་དག་གི་ནད་འབྱུང་ཞིང་ལྡད་བ་མེད་དོ། །དེ་ལྟར་ནད་ཀྱི་དམིགས་བསྟན་ནས། ཕྱིས་ནས་དེ་ཕན་ཆད་དུས་ཚིགས་དང་བད་ཀན་ལ་སོགས་པའི་ནད་ཀྱི་རིམ་པ་བཞིན་དུ་དཔྱད་དང་ཆོ་ག་སྦྱར་ཞིང༌། ཡུལ་རྣམས་དང༌། མིའི་ན་ཚོད་དང༌། དུས་ཚིགས་ཤེས་པར་བྱས་ལ། ཚེ་རིང་བའི་དཔྱད་བཅུད་ལེན་རྣམས་གྲུབ་པར་བྱ་བ་དང༌། རོ་ཙ་སྦྱར་བར་བྱ་སྟེ། དེ་ཡང་སྔར་སྨན་གྱིས་ལུས་སྦྱངས་ཏེ་ལུས་ཀྱི་ཉམས་སྨད་ལ། ཁ་ཟས་ཕན་པས་ཁད་ཀྱིས་བརྟ་བར་བྱ་བ་ནི་འབྲས་སཱ་ལུ་ཞག་དྲུག་ཅུས་སྨིན་པ་དང༌། གྲོ་དང་མོན་སྲན་སྡེའུ་དང༌། ཤ་དང་མར་ལ་སོགས་པ་ཡིད་དུ་འོང་ཞིང་འཇུ་ལ་དྲོད་ཆེ་བ་དང༌། ཟས་འཇུ་བའི་སྨན་དང་སྤོད་དུ་སྦྱར་ལ་བཟའ་བར་བྱའོ། །ལུས་ཀྱང་མར་གྱིས་བྱུགས་ཤིང་ལྡེ་གུས་དྲིལ་ལ། ཁྲུས་བྱ་བ་དང༌།
སྨན་མས་གཏོང་ཞིང་བསལ་བ་དང༌། མར་དང་འབྲུ་མར་ལ་སོགས་པའི་བཀྲུ་སྨན་དྲག་པོ་མས་གཏོང་བ་དང༌། ཁོང་བརྟ་བའི་འཇམ་སྨན་མས་གཏོང་བ་དེ་ལྟ་བུས་ཕོ་བའི་མེ་དྲོད་ཀུན་སྐྱེད་དེ་བདེ་བར་འགྱུར་རོ། །དེ་ལྟར་བདེ་བར་གྱུར་ན་སེམས་ཅན་གྱི་བློ་དང་དབང་པོ་གསང་བ་དང་བཞིན་དང་ལུས་མདོག་གསལ་ཏེ་དྲི་མ་མེད་པ་དང༌། ཚེ་རིང་ཞིང་རོ་ཙ་བར་འགྱུར་རོ། །དེ་ལ་འཕྲལ་གྱི་གློ་བུར་གྱི་ནད་ཅེས་བྱ་བ་འདོད་ཆགས་དང་ཞེ་སྡང་དང་འཇིགས་པ་ལ་སོགས་པ་དང༌། གདོན་དང་དུག་དང་རླུང་དང་ནད་དང་མེ་དང་སྨས་པ་དང༌། ཆག་གྲུགས་ལ་སོགས་པ་འདི་ལྟ་བུ་གློ་བུར་དུ་འབྱུང་བའི་ནད་འདི་དག་ཀྱང་སེམས་ཀྱི་བློ་འཁྲུལ་པའི་ཉེས་པ་ཡིན་ཏེ། འཁྲུལ་པའི་ཉས་པ་དེ་ལྟ་བུ་བསལ་བ་དང་དབང་པོ་རྣམས་ཞི་བར་བྱ་ཞིང༌། ཡུལ་གྱི་རྣམས་དང་དུས་དང་སྦྱར་ལ་བདག་གིས་ཚོད་ཤེས་པར་བྱ་སྟེ། སྐྱེས་བུ་དམ་བའི་དཔྱོད་པའི་རྗེས་སུ་འབྲང་བར་བྱས་ན་འཕྲལ་གྱི་གློ་བུར་གྱི་ནད་མི་འབྱུང་ལ། རྒ་བ་དང་བཀྲེས་པ་དང་ལྟོགས་པའི་ནད་འདི་ཡང་མི་འབྱུང་ངོ༌། །དེ་བས་ན་ཆོ་གའི་མདོ་འདི་ལྟར་བསྟན་པས་ནད་དུ་མ་གྱུར་པ་ནི་ནད་དུ་མི་འགྱུར་ཞིང་ནད་མི་འབྱུང་བར་བྱའོ། །ནད་གྱུར་བ་ཡང་ཆོ་གའི་ཐབས་འདི་འདྲ་བར་བྱས་ན་ནད་ཞི་བར་འགྱུར་རོ། །དགུན་ཟླ་ར་བ་དང༌། དགུན་ཟླ་ཐ་ཆུངས་དང༌། དགུན་ཟླ་འབྲིང་པོ་དང༌། དཔྱིད་ཟླར་བ་ཡར་གྱི་ངོ་དང༌། ཟླ་བ་བཞིའི་ཚེ་ན་གྲང་ལྷགས་སུ་འགྱུར་ཏེ་བད་ཀན་འབྱུང་ཞིང་དགུན་ཐོག་ཐག་བད་ཀན་བསགས་ནས། དཔྱིད་ཟླ་འབྲིང་པོ་དང༌། དཔྱིད་ཟླ་ཐ་ཆུངས་གཉིས་ལ་བད་ཀན་སྨིན་ནས་བད་ཀན་གྱི་ནད་དུ་འགྱུར་རོ། །དེའི་ཕྱིར་དཔྱིད་སྐྱུག་སྨན་དང་བཀྲུ་སྨན་གྱིས་བད་ཀན་གྱི་ནད་བཀྲུའོ། །ཡང་སོས་ཀའི་ཟླ་བ་དབྱར་ཟླ་ར་བ་དང༌། དབྱར་ཟླ་འབྲིང་པོ་གཉིས་ལ་རླུང་ནད་བསགས་པ་ནི་དབྱར་ཟླ་ར་ཟླ་ཐ་ཆུངས་དང་སྟོན་ཟླ་ར་བ་གཉིས་ལ་རླུང་ནད་དུ་འགྱུར་རོ། །དབྱར་ཟླ་གཉིས་ལ་མཁྲིས་པའི་ནད་བསགས་པ་ནི་སྟོན་ཟླ་ར་བ་དང་སྟོན་ཟླ་ཐ་ཆུངས་གཉིས་ལ་མཁྲིས་པའི་ནད་ཚ་བ་ལྡན་པར་འགྱུར་ཏེ། རླུང་དང་བད་ཀན་དང་མཁྲིས་པའི་ནད་
སོ་སོའི་དུས་ཚིགས་སུ་སྨིན་ཏེ་འབྱུང་བའི་དུས་སུ་སྐྱུག་སྨན་དང་བཀྲུ་སྨན་ལ་སོགས་པས་ལུས་བཀྲུ་ཞིང་སྦྱངས་ན་དུས་ཚིགས་ཀྱི་ནད་རྣམས་ཀྱང་མི་འབྱུང་ངོ༌། །དེ་བས་ན་དུས་ཚིགས་ཀྱི་ཚུལ་དང་མཐུན་པར་བྱས་ལ། རྟག་པར་ཕན་ཞིང་འཕོང་པའི་ཁ་ཟས་བཟའ་བ་དང༌། བཅའ་བ་དང༌། འགྲེང་བ་དང༌། འདུག་པ་དང༌། ཉལ་བའི་སྤྱོད་ལམ་རྣམས་བཞི་ཅར་ཅི་ངན་པར་བྱ་བ་དང༌། །ཅི་བྱའོ་ཅོག་ལ་ཡང་ལེགས་པར་བརྟགས་ཏེ་བྱེད་པ་དང༌། ཡུལ་ལ་མ་འོས་པར་ཆགས་པར་མི་བྱེད་པ། གཏོང་ཕོད་པ། ཀུན་ལ་སྙོམས་པ། བདེན་ཞིང་བརྟགས་ལ་མཆོག་ཏུ་བཟོད་པ་དང་ལྡན་པ། ལུང་དང་མན་ངག་ཡོད་པའི་མི་ལ་བསྙེན་བཀུར་བྱེད་ཅིང་བརྟེན་པ་འདི་ལྟར་བྱས་ན་རྟག་ཏུ་ནད་མེད་པར་འགྱུར་རོ། །ལེའུ་བཞི་པ་རྫོགས་སོ།། །།དེ་ནས་ཆུ་སྣ་ཚོགས་ལ་སོགས་པའི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །ཆུ་བོ་གངྒཱའི་ཆུ་ནི་འཐུངས་ན་མི་ལ་འཚོ་བར་བྱེད། ངོམས་པར་བྱེད། ཡི་གར་འོང་ལུས་ཚིམ་པར་བྱེད། སེམས་གསལ་བར་བྱེད། ཆུའི་རོ་བྲོ་བ་ཡང་གསལ་པོར་བྱེད། རོ་ཞིམ་པ། བསིལ་བ། ཡང་བ་ཡིན་ཏེ་བཟང་ངོ༌། །ཆར་འབབ་པ་ལས་བྱུང་བའི་ཆུ་ནི་ཉི་མ་དང་ཟླ་བའི་འོད་དང་རླུང་གིས་ཀྱང་ཕོག་མོད་ཀྱི། དེ་ལ་ཕན་གནོད་ཀྱི་བྱེ་བྲག་ནི་ཡུལ་སྐམས་དང༌། སེར་ཆེ་བའི་ཡུལ་གྱི་སྨན་དང་སྦྱར་བ་དང༌། དུས་ཀྱི་རིམ་པ་དང་སྦྱར་ལ་བརྟགས་ཏེ་ཁ་ཟས་ཀྱི་གཡོས་ཆུར་བྱ་བ་དང༌། སྐོམ་དུ་བཏུང་བ་ནི་དངུལ་ཕོར་གྱི་ནང་དུ་ཆུ་བླུགས་ལ། དེའི་ནང་དུ་འབྲས་ཆན་ཉུང་ཤས་ཅིག་བླུགས་ཏེ། ཞག་གཅིག་བཞག་ནས་མ་རུལ་ལ། མདོག་ཀྱང་མ་གྱུར་ན་གངྒཱའི་ཆུ་ཀླུང་ལ་སོགས་པའི་ཆར་པའི་ཆུ་ཡིན་ཏེ། དེ་ནི་བཏུང་བར་བཟང་ངོ༌། །གལ་ཏེ་འབྲས་རུལ་ཏམ་ཁ་དོག་འགྱུར་ན་དེ་ནི་རྒྱ་མཚོའི་ཆུ་ཡིན་ཏེ། དེ་ནི་བཏུང་དུ་མི་རུང་ངོ༌། །ཆུ་དེ་ལྟ་བུ་ནི་ལོ་གཅིག་གི་ཟླ་བའི་དོ་གང་ལ་ཡང་བཏུང་དུ་མི་རུང་ངོ༌། །ཆར་འབབ་པའི་ཆུ་སྣོད་བ་ཟང་པོ་བཟེད་དེ་གཞག་ན་ཡང༌། མི་རུལ་མདོག་ཀྱང་མི་འགྱུར་བ་དེ་ལྟ་བུའི་ཆུ་ནི་བཟང་སྟེ་རྟག་ཏུ་བཏུང་
བར་བྱའོ། །དེ་ལྟར་ཆར་ཆུ་སྣོད་དུ་བཟེད་པ་དང་འདྲ་བས་བཟང་སྟེ། དེ་ཡང་ས་གཞི་དཀར་རམ་གནག་པ་ཡང་རུང་སྟེ། གཙང་མ་ཉི་མའི་འོད་དམ་རླུང་གིས་ཕོག་པ་དེ་ལྟ་བུ་ནི་དགེ་སྟེ་བཏུང་བར་བྱའོ། །ལྟེང་ཀ་འམ་ལུམ་འདམ་རྫབ་ཅན་ཉ་ལྕིབས་དང༌། ལྷུན་རྩ་དང༌། འདབ་མ་དང༌། རྙོག་པས་གང་བའི་ནང་རླུང་དང་ཉི་མ་དང་ཟླ་བའི་འོད་ཀྱང་མི་མཐོང་མི་སྣང་བ་དང༌། འཕྲལ་ལ་ཆར་དྲག་པོ་འབབ་པའི་ལྟེང་ཀའི་ཆུ་གར་པོ་ལྕི་བ་སྦུབས་ཅན་སྲོག་ཆགས་ཀྱིས་གང་བ། ཉི་ཚན་གྱི་དྲོད་དེས་ཚ་བ་འམ། ཧ་ཅང་གྲང་ཆེ་སྟེ་སོས་མི་བརྗོད་པ་འདི་ལྟ་བུ་དང༌། དབྱར་གྱི་དུས་ཀྱི་སྔ་རོལ་དང༌། དབྱར་གྱི་ཐ་མ་སྟོན་ཀའི་ཆར་ཆུ་འདི་གཉིས་དང༌། དབྱར་ཀའི་ཆར་པ་འབབ་པ་འདི་ལྟ་བུ་ཡང་མི་དགེ་སྟེ། སྲོག་ཆགས་གདུག་པ་དང༌། བ་ཐག་ལ་སོགས་པ་གཅིན་དང་རྟུག་པ་དང༌། དུག་དང་འདྲེས་པའི་ཆུ་ནི་མི་དགེ་སྟེ་མི་བཏུང་ངོ༌། །ནུབ་ཕྱོགས་ཀྱི་ཆུ་བོ་ཆེན་པོ་ལས་རྒྱ་མཚོར་འབབ་པའི་ཆུའི་ཤུགས་དྲག་པོ་དྲི་མ་མེད་ཅིང་གཙང་བ་དེ་ལྟ་བུ་ཡང་མི་ལ་ཕན་ཏེ་བཟང་ངོ༌། །གཞན་ཡང་གངས་རྒྱུད་ལས་བྱུང་བའི་ཆུ་བོ་དང༌། ལྷོ་ཕྱོགས་ཀྱི་རིམ་ལ་ཡ་ལས་བྱུང་བའི་ཆུ་བོ་ལྟ་བུ་ནི་རྡོ་དང་བྲག་ལ་ཤུགས་དྲག་པོས་བརྡབས་ཤིང་རྒྱུན་ཆད་ལ་གཡེངས་པའི་ཆུ་དེ་འདྲ་བ་ནི་ཕན་ཏེ་དགེའོ། །ཆུ་འདི་འདྲ་བ་ལས་ཀྱང་ཐང་ལ་ཆུ་གཡུང་པོར་འབབ་པར་གྱུར་པ་ལྟ་བུ་འཐུངས་ན། ལྟོ་བའི་ནང་ན་སྲིན་བུར་འོང་བ་དང༌། རྐང་བམ་གྱི་ནད་དང༌། སྙིང་ན་བ་དང༌། ལྐོག་མ་ན་བ་དང༌། གླད་ཕན་བར་འགྱུར་ཏེ་ཆུ་འདི་ལྟ་བུའི་བག་ནི་མི་དགེའོ། །ཤར་ཕྱོགས་མོན་པའི་ཡུལ་དང་རྒྱ་གར་གྱི་ཡུལ་ལྟེ་བ་ཀྱི་མཚམས་ཡུལ་ཨ་བན་ཐི་དང༌། །ནུབ་ཕྱོགས་ཀྱི་ཡུལ་ག་ད་ཇ་དང༌། །སྟག་གཟིག་གི་ཡུལ་ལ་སོགས་པའི་ཆུ་ནི་མི་དག་སྟེ། གཞང་འབྲུམ་གྱི་ནད་ལ་སོགས་པར་འགྱུར་རོ། །ཡུལ་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་མཚམས་ཡུལ་ཀ་ལིང་ཀའི་རིམ་ཧེ་ན་ཏྲ་ལས་ཆུ་འབབ་པ་ནི་དམུ་རྫིང་རྐང་བམ་གྱི་ནང་དུ་འགྱུར་ཏེ་མི་དགེའོ། །ནུབ་ཕྱོགས་ཀྱི་རིས་ཧྱ་ཞེས་བྱ་བ་དང༌།
ལྷོ་ཕྱོགས་ཀྱི་རི་བན་རྒྱའི་རྒྱུད་ལས་ཆུ་འབབ་པ་ཡང་མཛེ་དང་སྐྱ་རྦབ་ཀྱི་ནད་དང་གླད་པ་ན་བར་འགྱུར་ཏེ། ཆུ་དེ་ལྟ་བུ་ནི་མི་དགེའོ། །ནུབ་ཕྱོགས་ན་ཡུལ་པ་རི་ཡ་ཏའི་རི་རྒྱུད་ལས་ཆུ་འབབ་པ་ནི་ནད་ཀུན་སེལ་བའི་ཆུ་སྟེ་བཟང་ངོ༌། །མདོར་ན་ཡུལ་སྐམས་དང༌། ཡུལ་གཤེར་ས་སེར་ཆེ་བའི་ཡུལ་འདི་གཉིས་ཀྱི་ཁྲོན་པ་དང༌། རྫིང་དང་ཆུ་མིག་ལ་སོགས་པ་སྐྱོན་དང་ཡོན་ཏན་གཉིས་ཀ་ཡང་སྐམ་ས་དང་གཤེར་སའི་ཡོན་ཏན་སོ་སོར་བཤད་པ་བཞིན་དུ་མདོར་ཤེས་པར་བྱའོ། །ཆུ་འཐུང་བར་ལོ་བས་པའམ། སྐོམ་ཆེས་ཏེ་བརྣགས་ཏེ་མ་ནུས་སམ། སྐོམ་བཏུང་བ་དང་ཡང་མ་ལྡན་ན་ཡང་ཉུང་ཤས་ཙམ་ལས་མི་བཏུང་སྟེ། ཡང་ན་དྲོད་ཆུང་ངམ། སྐྲང་ནད་ཡོད་དམ། སྐྱ་རྦབ་ཀྱི་ནད་དམ། དམུ་རྫིང་དང༌། གསུས་པོ་ཆེ་ལ་སོགས་པའི་ནད་ཡོད་དམ། ཚད་པ་ན་འམ། གཞང་འབྲུམ་མམ། ཕོ་བ་དྲོད་ཆུང་ངམ། ལུས་སྐམས་པར་གྱུར་ཏམ། འོར་ནད་ཡོད་ན་ཆུ་འཐུང་དུ་མི་རུང་ངོ༌། །ནད་མེད་པའི་མིས་ནི་སོ་ག་ཚ་བ་དང༌། སྟོན་ཀའི་དུས་སུ་ཉུང་ཤས་ཙམ་ཞིག་འཐུང་དུ་རུང་ངོ༌། །དེ་ལ་མིའི་ལུས་རན་པ་རན་པའམ། སྤོམ་པོ་འམ། སྐེམ་པོར་འགྱུར་བ་ན་ཟན་ཕྱེད་ཟོས་ཏེ་ཆུ་འཐུངས་ན་ཕྲ་སྤོམ་རན་པར་འོང་ངོ༌། །ཟན་ཟོས་པའི་འོག་ཏུ་ཆུ་འཐུངས་ན་ལུས་སྦོམ་པོར་འོང་ངོ༌། །སྔར་ཆུ་འཐུངས་ལ་ཕྱིས་ཟན་ཟོས་ན་ལུས་སྐེམ་པོར་འོང༌། །དམིགས་ཀྱིས་ཆུ་འཐུང་དུ་རུང་བ་ནི། ཆང་ནད་ལངས་ཏེ་མི་བདེ་ན་ཆུ་འཐུང་དུ་རུང་ངོ༌། །བརྒྱལ་བར་གྱུར་པ་ལ་གདོང་དུ་ཆུ་བཏབ་སྟེ་བླུད་དོ། །སྐྱུགས་སམ་ངལ་ཏེ་ཆད་པའམ། མགོ་འཁོར་བའི་ནད་ལ་ཆུ་འཐུངས་ན་ཕན་ནོ། །ཡང་ན་སྐོམ་མམ་ལུས་ཚ་འམ། མཁྲིས་པ་དང་ཁྲག་རྒྱས་སམ། ཁོང་པ་དང་ལུས་ཚ་ཆེས་སམ། དུག་འཐུངས་པ་འདི་ལྟ་བུ་ལ་ཆུ་འཐུངས་ན་ཕན་ཏེ་དགེའོ། །དེ་ལ་སྐོམ་དུ་ཆུ་འཐུངས་པའི་ཐབས་ནི། ཆུ་གདུས་ཏེ་བཞི་ཆ་འམ། སུམ་ཆ་གདུ་བར་བྱས་པའི་ཆུ་དྲོན་པོ་ཁས་བཟོད་ཙམ་དུ་འཐུངས་ན། དྲོད་ཆེ་ཟས་འཇུ་མགུལ་པ་བདེ། ལུས་ཡང༌། ལྒང་པའི་
ཆུ་སོ་མིན་ཞིང་བཤང་གཅི་གཉིས་ཀ་ལེགས་པར་འོང་ངོ༌། །སྐྱིགས་བུས་བཏབ་པ་ལ་ཕན། ལྟོ་སྦོས་པ་ལ་ཕན། རླུང་ནད་དང་བད་ཀན་རྒྱས་པ་དང༌། རིམས་གསར་ལུད་པ་དང༌། ཆམ་པ་ན་བ་དང༌། དབུགས་མི་བདེ་བ་དང༌། རྩིབ་ལོགས་སུ་ཟུག་པ་འདི་རྣམས་ལ་ཕན་ཏེ་དགེའོ། །དེ་ལྟ་བུའི་ཆུ་གདུས་པ་བསྒྲངས་ཏེ་གྲང་མོར་འཐུངས་པ་ནི་བད་ཀན་གྱི་ནད་དུ་ཡང་མི་འགྱུར། ལུས་ཀྱི་ཁོང་ཡང་མཁྲིས་པའི་ནད་ཚ་བ་ལ་ཡང་ཕན་ཏེ་དགེའོ། །ཆུ་གདུས་པ་དེ་ཞག་ལོན་པར་གྱུར་པ་རྙིང་པ་ནི་རླུང་དང་བད་ཀན་དང་མཁྲིས་པའི་ནད་གཡོ་པར་འགྱུར་ཏེ་མི་དགེའོ། །ན་ལི་ཀ་རའི་འབྲས་བུ་གདུས་པའི་ཁུ་བའམ། ཆུར་སྤངས་པའི་སྐོམ་གྱི་རོ་ནི་དབྱར་འཐུངས་ན་ཁོང་སྣུམ་རོ་ཙ་བར་འགྱུར། བསིལ་ཡང༌། སྐོམ་པ་ལ་ཕན། མཁྲིས་པ་དང་རླུང་ནང་སེལ། ཕོ་བའི་དྲོད་སྐྱེ། ལྒང་པའི་ནད་སྦྱོང༌། བཤང་གཅི་ལེགས་པར་འབྱུང་སྟེ་དགེའོ། །དབྱར་གྱི་ཆར་པ་བབ་པའི་ཆུ་སྣོད་དམ་པ་གཞི་བཟང་པོར་བསགས་པ་ནི་བཟང་སྟེ་དགེའོ། །དབྱར་གྱི་ཆུ་འབྲུབ་པ་ལྗན་ལྗིན་རྙོག་མ་ཅན་དང་འདྲེས་པ་ནི་ངན་ཏེ་བཏུང་དུ་མི་རུང་ངོ༌། །ཆུ་སྣ་ཚོགས་ཀྱི་བྱེ་བྲག་བཤད་པའོ། །འོ་མ་སྣ་ཚོགས་ཀྱི་བྱེ་བྲག་བཤད་པར་བྱའོ། །འོ་མ་ནི་ཕལ་ཆེར་འཇམ་ཞིང་མངར་བ་ཡིན། ཞུ་བའི་རྗེས་ནི་ཁོང་དུ་སྣམ། མདངས་བཟང་བར་འགྱུར་རོ། །སྲོག་ཟུངས་བདུན་བརྟས་ཞིང་སྐྱེ་བར་བྱེད། རླུང་དང་མཁྲིས་པའི་ནད་སེལ། ཁོང་བརྟ་ཞིང་རོ་ཙ། བད་ཀན་སྐྱེ། འོ་མ་འཇུ་དཀའ་ལ་བསིལ་བ་ཡིན་ནོ། །དེ་ལ་བྱེ་བྲག་ཏུ་བའི་འོ་མ་ནི་འཐུངས་ན་འཚོ་བར་བྱེད་དེ་བཅུད་ཀྱིས་ལེན་དུ་འགྱུར། གློ་རྡོལ་བ་དང༌། གློ་གཅོང་ལ་ཕན། ཡིད་གཞུངས་པར་འགྱུར། བཞིན་མདོག་བཟང༌། བུད་མེད་ཀྱི་ནུ་ཞོ་མཆོག་ཏུ་སྐྱེ་བར་འགྱུར་ངལ་ཏེ་ཆད་པ་དང༌། ནད་ཀྱིས་མྱོས་ཏེ་བརྒྱལ་བ་དང་འདྲ་བར་མི་དྲན་པ་དང༌། ཆ་ཉམས་ཏེ་བཞིན་མདོག་ངན་ཅིང་མི་སྡུག་པ་ལྟ་བུར་གྱུར་པ་དང༌། དབུགས་མི་བདེ་བ་དང༌། ལུད་པ་ལུ་བ་དང༌། རབ་ཏུ་སྐོམ་པ་དང༌། བཀྲེས་པ་དང༌། རིམས་བྱིང་བ་དང༌། ཆུ་སྲིབ་
དང། ཁྲག་དང་མཁྲིས་པ་རྒྱས་པའི་ནད་འདི་རྣམས་ལ་ཕན་ནོ། །མ་ཧེའི་འོ་མ་ནི་ཕོ་བའི་མེ་དྲོད་ཧ་ཅང་ཆེས་པས་འདྲ་བས་མི་ཤེས་པའི་ནད། གཉིད་མེད་པ་དང༌། འདི་རྣམས་ལ་མ་ཧེའི་འོ་མ་བསིལ་ལ་ལྕི་བས་ན་ནད་འདི་རྣམས་ལ་ཕན་ནོ། །ར་ནི་ཆུ་ཉུང་འཐུང་གཟས་རྒོད། རྩི་ཤིང་ཁ་བ་དང༌། ཁ་བ་ཚོལ་ཞིང་ཟ། ཁོང་ཡང་བས་ནི་དེ་ལྟར་རའི་འོ་མ་ནི་སྐེམ་པ་དང༌། རིམས་དང༌། དབུགས་མ་བདེ་བ་དང༌། ཁྲག་མཁྲིས་རྒྱས་པའི་ནད་དང༌། ཚད་པའི་ནད་འདི་རྣམས་ལ་ཕན་ནོ། །རྔ་མོའི་འོ་མ་ནི་ཅུང་ཟད་རྩུབ་ཅིང་ཚ་ལ་ལན་ཚྭ་བྲོ་སྟེ། འཐུངས་ན་དྲོད་ཆེ། ཁོང་ཡང༌། བད་ཀན་དང་རླུང་ནད་སེལ། ལྟོ་སྤོས་པ་ལ་ཕན། ཁོང་ན་སྲིན་བུ་ཡོད་པ་དང་འོར་ནད་དང༌། དམུ་རྫིང་ལྟ་བུ་གསུས་པ་ཆེར་སྐྱེས་པའི་ནད་དང༌། གཞང་འབྲུམ་གྱི་ནད་འདི་རྣམས་ལ་ཕན་ཏེ་དགེའོ། །བུད་མེད་ཀྱི་ནུ་ཞོ་ནི་རླུང་ནད་དང༌། མཁྲིས་པའི་ནད་ལ་ཕན། ཁྲག་ནད་དང༌། མཚོན་གྱིས་སྨས་པ་དང༌། རྨ་བྱུང་བ་དང༌། མིག་ནད་ལ་ཕན། ནུ་ཞོ་འཐུངས་ན་བྱིས་པ་ལ་བསོད་ཅིང་ངོམས་པར་བྱེད། ཐིགས་པ་མིག་ཏུ་བླུགས་ན་མིག་ལ་ཕན། སྣར་བླུགས་ན་མཚུལ་པ་ཡན་ཆད་ཀྱི་ནད་ཀུན་ལ་ཕན་ནོ། །ལུག་གི་འོ་མ་ནི་སྙིང་ལ་གནོད། ཚ་བ་སྐྱེ། སྐྱིགས་བུ་དང་དབུགས་མི་བདེ། མཁྲིས་པ་དང་བད་ཀན་གྱི་ནང་དུ་འགྱུར། རླུང་ནད་ལ་ནི་ཕན་ནོ། །བ་གླང་མོའི་འོ་མ་ནི་འཐུངས་ན་ལུས་ཀྱི་ཁོང་རབ་ཏུ་ཚ། ལུས་ཀྱི་ཤ་སྐྱེ་ཞིང་ལུས་བརྟན་པར་འགྱུར་རོ། །རྟ་ལྟ་བུ་རྨིག་པ་གཅིག་པའི་འོ་མ་ནི་ཡང་སྟེ་དཔུང་པ་དང༌། ལག་ངར་དང༌། ལག་སོར་དང༌། བྲལ་དང་བྱིན་པ་དང༌། རྐང་སོར་ཡན་ཆད་རླུང་ཞུགས་པའི་རླུང་ནད་ལ་ཕན། གློ་ན་བ་ལ་ཕན། རྟ་ལྟ་བུའི་འོ་མ་ནི་སྐྱུར་ལ་ལན་ཚྭ་བྲོ་བ་ཡིན་ཏེ། འཕྲལ་དུ་རྨོངས་རྨོངས་པོར་འགྱུར་རོ། །དེ་ལྟར་འོ་མ་གང་ཡང་རུང༌། མ་བསྐོལ་བར་འོ་རློན་འཐུངས་ན་བད་ཀན་དུ་འགྱུར། ལྕི་སྟེ་འཇུ་དཀའོ། །འོ་མ་བསྐོལ་བ་རན་པར་འཐུངས་ན། འཇུ་སླ་བ་བད་ཀན་དུ་ཡང་མི་འགྱུར་རོ། །འོ་མ་ཕྱེད་ཆེར་གདུས་པ་འམ། སུམ་ཆ་འམ། བཞི་
ཆར་གདུས་པའི་འོ་མ་ནི་འཇུ་དཀའ་སྟེ་ལྕིའོ། །འོ་མ་བཞོས་མ་ཐག་གི་དྲོན་པོ་མོད་ལ་འཐུང་བ་ནི་བདུད་རྩི་དང་འདྲ་སྟེ། ཅི་ལ་ཡང་ཕན་ཞིང་དགེའོ། །ཞོ་འོ་ཅོག་ནི་འཐུངས་ན་ཞུ་བའི་རྗེས་སྐྱུར་བར་འགྱུར། རྟུག་སྐམ་དུ་འགྱུར། འཁྲུ་བ་གཅོད། ལྕི་སྟེ་འཇུ་དཀའ། ཚ་བ་སྐྱེ། རླུང་སེལ། ཚིལ་སྐྱེ། ཁུ་ཆུ་མང་དུ་འགྱུར། ཉམས་འཚག་སྐྱེ། སྟོབས་སྐྱེ། བད་ཀན་དུ་འགྱུར། མཁྲིས་པ་སྐྱེ། ཁྲག་བརྟ། ཟས་འཇུ་བའི་མེ་དྲོད་སྐྱེ། ལུས་སྐྲང་བའི་བག་ཏུ་འགྱུར། ཞོ་འཐུངས་ན་ཡི་ག་འབྱེ། ཡི་ག་འཆུས་པ་དང༌། གྲང་བའི་རིམས་དང༌། རིམས་ལྡང་དུབ་ཀྱི་དུས་མི་མཐུན་པ་དང༌། ཆམ་པ་དང༌། ཆུ་སྲི་བ་དང༌། ཕོ་བའི་ནང་དུ་རླུང་ཞུགས་ཏེ་རྩུབ་པོར་གྱུར་པ་འདི་རྣམས་ལ་ཕན་ནོ། །ཞོ་མངལ་དྲོན་པོ་ནི་དཔྱིད་དང༌། སོས་ཀ་དང༌། སྟོན་གྱི་དུས་ཚིགས་འདི་གསུམ་གྱི་ཚེ་ཚ་བ་སྟེ་བཏུང་དུ་མི་རུང་ངོ༌། །ཞོ་བ་སྒྲངས་པ་གྲང་མོ་ནི་བཏུང་དུ་རུང་ངོ༌། །ཞོ་བཏུང་བ་ཡང་སྦྲང་རྩི་འམ་མར་རམ་བུ་རམ་མམ་ཁ་ར་དཀར་པོ་བཏབ་ལ་བཏུང་ངོ༌། །ཡང་ན་སྐྱུ་རུ་ར་བཏབ་ལ་བཏུང་ངོ༌། །ཞོ་རྟག་པར་བཏུང་བ་ནི་མི་དགེའོ། །མཚན་མོ་བཏུང་བ་ནི་མི་དགེའོ། །མོན་སྲན་སྡེའུ་བཙོས་པའི་ཁུ་བཅུད་སྦྱར་བ་མི་བཏུང་ངོ༌། །ཞོ་མ་ལངས་པ་འཐུངས་ན་རིམས་ནད་དང༌། ཁྲག་ནད་དང༌། མཁྲིས་ནད་དང༌། མེ་དབལ་དང༌། མཛེ་དང༌། སྐྱ་རྦབ་དང༌། མགོ་འཁོར་བའི་ནད་འདི་རྣམས་སུ་འགྱུར་རོ། །དར་བ་སར་པ་ནི་ཡང་ལ་རོ་བསྐ་ཞིང་སྐྱུར་བ་དང༌། དྲོད་ཆེ་སྟེ་བད་ཀན་དང༌། རླུང་ནད་སེལ། སྐྲང་བའི་བག་དང༌། དམུ་རྫིང་དང༌། གཞང་འབྲུམ་ཁྲག་ཚད་དུ་འགྱུར་པའི་ནད་དང༌། གཞང་འབྲུམ་དང༌། ཕོ་བའི་ནད་དང༌། ཆུ་སྲི་བ་དང༌། ཡི་ག་འཆུས་པ་དང༌། སྐྲན་ནད་དང༌། མཆེར་པ་དང༌། མར་ཆེར་ཟོས་པ་ལས་ནད་དུ་གྱུར་པ་དང༌། དུག་སྦྱར་མ་དང༌། སྐྱ་རྦབ་ཀྱི་ནད་དང༌། འདི་རྣམས་སེལ་ཏེ་ཕན་པར་འགྱུར་རོ། །དར་བ་དང་འདྲ་བར་ཞོ་ག་ཆུའི་ཡོན་ཏན་ཡང་དེ་བཞིན་ཏེ་ཁོང་འཁྲུ་བར་འགྱུར། ལྒང་པ་འཁྲིས་ཤིང་ཆུ་སྲི་བ་འམ། རྟུག་སྐམ་ལྟ་བུ་སེལ་ཞིང་ལེགས་པར་འབྱུང་བ་དང༌། ཁོང་ཡང་བར་
འགྱུར་རོ། །མར་སར་ཕྱུང་མ་ཐག་པ་ནི་བུད་མེད་ལ་ཕོད་དེ་རོ་ཙ། བསིལ། ཤ་མདོག་བཟང༌། སྟོབས་སྐྱེ། འཁྲུ་བ་གཅོད་པར་བྱེད། རླུང་དང༌། མཁྲིས་པ་དང༌། ཁྲག་ནད་དང༌། གློ་གཅོང་དང༌། གཞང་འབྲུམ་དང༌། །བ་ཡོན་པོར་གྱུར་པ་དང༌། ལུད་པ་དང༌། འདི་རྣམས་སེལ་ཏེ་ཕན་ནོ། །དེ་ལ་མར་སར་པ་ནི་ཡིད་རྣོ། །དྲན་པ་ཆེ། ཡིད་གཞུངས། དྲོད་སྐྱེ། སྟོབས་སྐྱེ། ཚེ་རིང༌། ཁུ་ཆུ་མང་བར་འགྱུར་རོ། །མིག་རྣོ་བ་ལ་ཕན་ནོ། །ཞུན་མར་ནི་བྱིས་པ་དང་རྒན་པོ་ལ་ཕན་ཏེ་བུ་མང་བར་འདོད་པ་དང༌། བཞིན་མདོག་བཟང་ཞིང་མདངས་ཅན་དུ་འདོད་དམ། རབ་ཏུ་གཞོན་པར་འདོད་དམ། སྐད་སྙན་པར་འདོད་པ་འདི་ལྟ་བུ་ལ་ཕན། གློ་རྡོལ་དང༌། ལུས་ཀྱི་སྲོག་ཟུངས་བདུན་ཟད་དེ་སྐམས་པ་གཅོད་ནད་དང༌། འབྲས་དང༌། མཚོན་གྱིས་སྨས་པ་དང༌། མེས་ཚིག་སྟེ་རྐེ་ཞིང་རྨྱ་བ་ལ་ཕན་ནོ། །རླུང་དང་མཁྲིས་པའི་ནད་དང༌། དུག་དང་སྨྱོ་བའི་ནད་དང༌། ལུས་སྐེམས་པ་དང༌། ལུས་དང་བཞིན་གྱི་མདངས་དང་གཟི་ཉམས་ཏེ་བརླངས་བརླངས་པོར་གྱུར་པ་དང༌། རིམས་ནད་སེལ་ཏེ་ཕན་ནོ། །ཏིལ་མར་དང་ཚིལ་དང་ཞག་དང་མར་དང༌། སྣུམ་འདི་བཞིའི་ནང་ན་ཞུན་མར་ལས་བཟང་བ་མེད་དེ། ཞུན་མར་ནི་ཚ་བའི་ནད་སེལ་ཏེ་བསིལ་བར་བྱེད། རྒས་སྲ་བ་ལ་མཆོག་ཏུ་ཕན། ཞུན་མར་གྱི་མཐུ་སྟོབས་ནི་སྣ་གྲངས་སྟོང་ཡོད་དེ། དེ་ལ་ཡང་སྨན་དང་སྦྱར་བའི་སྨན་མར་ཞུན་མར་ནི། ཕན་པའི་ལས་སྟོང་བྱེད་ནུས་པར་འགྱུར་རོ། །ཞུན་མར་རྙིང་པ་ནི་ཆང་གིས་སྨྱོས་ཏེ་ར་རོ་བ་དང༌། རླུང་དང་མཁྲིས་པ་ལ་གྱུར་པའི་སྨྱོ་བའི་ནད་དམ། གདོན་གྱིས་མྱོས་པ་འམ། བརྒྱལ་བའམ། གླད་པ་ན་བ་འམ། རྣ་བ་ན་བ་འམ། མིག་ན་བ་འམ། བུད་མེད་ཀྱི་མངལ་ན་བ་དང༌། རྨའི་རྣག་དང༌། ཆུ་སེར་འབྱང་ཞིང་རྨ་འཚོ་བ་པ་འདི་རྣམས་ལ་ཕན་ནོ། །ཕྲུམ་གསར་པ་དང༌། སྤྲི་དང་རྒྱ་ཕྲུམ་དང་ཆུར་བ་ལ་སོགས་པ་འདི་རྣམས་འདྲ་སྟེ་སྟོབས་སྐྱེ། །བུ་ཆུ་མང་བར་འགྱུར། གཉིད་འོང༌། བད་ཀན་དུ་འགྱུར། རྟུག་སྐམ་དུ་འགྱུར། ཕྲུམ་དང་འདི་བཞི་ཁར་ཡང་ལྕི་སྟེ་འཇུ་དཀའ། རླུང་དང་བད་ཀན་དང་མཁྲིས་
པའི་ནད་དུ་འགྱུར་རོ། །བའི་འོ་མ་དང་ཞུན་མར་ནི་ཅི་ལ་ཡང་དགེ་སྟེ། མཆོག་གོ །ལུག་གི་འོ་མ་དང་མར་ནི་ཅི་ལ་ཡང་མི་དགེ་སྟེ་སྨད་དོ། །འོ་མ་དང་ཞོ་དང་མར་དང་དར་བ་དང༌། ཕྲུམ་ལ་སོགས་པ་བཤད་པའི་ལེའུ་རྫོགས་སོ།། །།བུ་རམ་ཤིང་དང་བུ་རམ་ལ་སོགས་པའི་མཐུ་དང་ཡོན་ཏན་བཤད་པར་བྱའོ། །བུ་རམ་ཤིང་གི་ཁུ་བ་ནི་འཇུ་དཀའ་སྟེ་ལྕི། ཁོང་འཁྲུ། ཁོང་དུ་འཇམ། ལུས་ཤ་སྐྱེ། བུད་མེད་ལ་ཕོད་དེ་རོ་ཙ་པར་འགྱུར། ཁོང་བསིལ། བད་ཀན་སྐྱེ། གཅིན་མང༌། ཁྲག་དང་མཁྲིས་པ་སེལ་ཏེ། ཞུ་བའི་རྗེས་ནི་མངར་བར་འགྱུར་རོ། །བུ་རམ་ཤིང་གི་ཐོར་ཏོ་ནི་ཅུང་ཟད་ལན་ཚྭ་བྲོ་བ་ཡིན་ནོ། །བུ་རམ་ཤིང་སོས་བཅའ་ཞིང་ཁུ་བ་གཞིབས་པ་ནི་ལི་ཁ་ར་དང་འདྲ་སྟེ་བཟང་ངོ༌། །བུ་རམ་ཤིང་བརྡུངས་པ་ནི་རྩ་བ་དང་ཐོར་ཏོ་ནི་སྲིན་བུས་ཟོས་ཏེ་མི་བཟང་ལ་བུ་རམ་ཤིང་གི་ཤྲུན་པ་དང༌། ལ་ལ་སྐམས་པ་དང༌། རྡུལ་དང་དྲི་མ་དང་ས་སོང་བ་ཉི་མའི་འོད་དང༌། རླུང་གིས་ཕོག་པ་ལ་སོགས་པ་བརྡུངས་ནས་ཀྱང་ཅུང་ཟད་གཞག་གམ། ཞག་ལོན་པར་གྱུར་པ་ནི་བུ་རམ་གྱི་རོ་ལས་ཡིད་ཙམ་སྐྱུར་བ་དང༌། མི་ཞིམ་པར་གྱུར་པས་ན་བུ་རམ་བཙིར་བའི་ཁུ་བ་ནི་མི་དགེ་སྟེ་ལྕི་ལ་ཚ་བར་འགྱུར། ཕྱིར་འབྱུང་དུ་མི་རུང་སྟེ། འཇུ་དཀའ་ལ་འཁྲེན་པ་དགོས་ཏེ། དེ་བས་ན་བུ་རམ་བརྡུངས་ཏེ་བཙིར་བའི་ཁུ་བ་ནི་མི་བཟང་ངོ༌། །དེ་ལ་ལི་ཁ་ར་དཀར་པོའི་ཤིང་ནི་དཀར་ཏེ་ཁུ་བ་ནི་རོ་མངར་ལ་བསིལ། མིག་རྣོ། །རྣ་བ་གསང༌། སེམས་བདེ་བར་འགྱུར་རོ། །ཡང་བུ་རམ་ཤིང་བལ་བ་བང་ཤ་ཀ་ཞེས་བྱ་བ་བུ་རམ་ཤིང་སྔ་མ་ཙམ་དུ་མི་བཟང་བ་ཞིག་ཡོད་པ་དེའི་མཐུ་དང་ཡོན་ཏན་དང་སྐྱོན་ནི་གོང་མ་དང་འདྲ་མོད་ཀྱི་ཕན་ཡོན་གོང་མ་ཙམ་མི་ཕོད་དོ། །དེ་ལ་བུ་རམ་ཤིང་གི་བྱེ་བྲག་ནི་བུ་རམ་ཤིང་ཤཏ་ཞེས་བྱ་བ་གནག་ལ་སྦོམ་ཞིང་རིང་བ་དང༌། བུ་རམ་ཤིང་བ་པ་ཀ་ཞེས་བྱ་བ་ཚིགས་མང་བ་ཞིག་ཡོད་པ་དང༌། བུ་རམ་ཤིང་ཀ་ཏར་ཞེས་བྱ་བ་ཕྲེའུ་ཐུང་དུ་ཞིག་ཡོད་པ་དང༌། བལ་ཡུལ་གྱི་བུ་རམ་ཤིང་འདི་ལ་སོགས་པའི་རོ་ཅུང་ཟད་ཙམ་བྲོ་བ་དང༌། རོ་བསྐ་བ་དང༌། ཟོས་ན་དྲོ་བ་དང༌། ཞུ་བའི་རྗེས་ཚ་བར་འགྱུར་རོ། །བུ་རམ་ཤིང་འདི་
བཞི་ཡང་མིང་གི་གོ་རིམས་བཞིན་འོག་མ་རྣམས་ཅུང་ཙམ་གྱིས་རོ་བྲོ་བ་དང༌། མཐུའི་ཤས་ཆུད་དོ། །དེ་ལ་བུ་རམ་གྱི་བྱེ་བྲག་ནི་རྣམ་པ་གསུམ་སྟེ། བུ་རམ་བསྐོལ་ཏེ་གདུས་པའི་ཆེ་ཁའི་དབུབ་དང་དྲི་མ་ངན་པ་བཞམས་པའི་འོད་དབུ་བ་ཅན་ཁ་སྤྲི་སླ་མོ་ཞིག་ཡོད་པ་དེ་ནི་འཇུ་དཀའ་སྟེ་ལྕི། སླ་བ་འབྱར་འབྱར་པོ་ཡིན་ཏེ་མཆིན་པའི་ནད་དང་བཤང་གཅི་སླ་བ་མ་ཡིན་ཏེ། རྙེད་པར་འགྱུར་རོ། །དེ་ལ་བཙོས་ཤིང་གདུས་པ་ལས་བར་ནས་བྱུང་པ་ནི་བུ་རམ་ཞེས་བྱ་སྟེ། དེ་ལ་ཡང་བུ་རམ་དཀར་པོ་ནི་འཕྲལ་དུ་བད་ཀན་དུ་འགྱུར་བ་ནི་མ་ཡིན་ནོ། །བཤང་གཅི་གཉིས་ཀ་ཡང་མི་སྲི་སྟེ་བདེ་བར་འོང་ངོ༌། །བུ་རམ་དམར་པོ་རྩ་བ་གནག་པ་ནི་ཕལ་ཆེར་སྲིན་བུར་འགྱུར། ཁྲག་དང་ཚིལ་དང་ཤ་སྐྱེ། བད་ཀན་སྐྱེ་སྟེ་མི་བཟང་ངོ༌། །བུ་རམ་དམར་པོ་ལོ་གཅིག་ལོན་ཕན་ཆང་རྙིང་པ་ཞེས་བྱ་ཞིམ་སྟེ་ཡིད་དུ་འོང་ངོ༌། །ཅི་ལ་ཡང་ཕན་ནོ། །རླུང་དང་བད་ཀན་དང་མཁྲིས་པའི་ནད་གསུམ་ཆར་སེལ་ཏེ་དགེའོ། །བུ་རམ་གསར་པས་ནི་བད་ཀན་སྐྱེ། ཕོ་བའི་མེ་དྲོད་མེད་པར་བྱེད་དེ་མི་དགེའོ། །དེ་ལྟར་བུ་རམ་གྱི་ཁུ་བ་གདུས་པའི་ཞབས་ནས་བྱུང་བ་དེ་ནི་ལི་ཁ་རར་འགྱུར་རོ། །ཚུལ་འདི་དང་འདྲ་བར་ཁ་ར་དཀར་པོར་བསྐོལ་ཞིང་གདུས་པ་ལས་ཁ་རའི་བྱེ་བྲག་རྣམ་པ་གསུམ་དུ་འབྱུང་བ་སྟེང་རིམ་གྱིས་ཞེས་བྱ་བ་དང༌། བར་ནས་འབྱུང་བ་ནི་ལི་ཁ་ར་བཟང་པོར་བྱ་བའི་རྒྱུ་ཡིན་ཏེ། ཧྭགས་ཡིན་ནོ། །ཞབས་ནས་འབྱུང་བ་ནི་ལི་ཁ་ར་ཉིད་ཡིན་ནོ། །དེ་ལ་མཐུའི་བྱེ་བྲག་ནི་སྟེང་པས་བར་གྱི་བཟང༌། བར་བས་ནང་གི་ཞབས་བཟང་སྟེ། གློ་གཅོང་དང༌། གློ་རྡོལ་བ་དང༌། ཁྲག་དང་མཁྲིས་པའི་ནད་རླུང་ནད་སེལ། ཁོང་དུ་ཕན་ཏེ་བུད་མེད་ལ་ཕོད་ཅིང་རོ་ཙ་བར་འགྱུར། ཁ་ར་དང་འདྲ་བར་ཤིང་རླངས་པ་ཚེར་མ་ཅན་གྱི་ཁུ་བ་བསྐོལ་བ་ལས་ཁ་ར་བྱས་པ་ཡང་ལི་ཁ་རའི་ཡོན་ཏན་དང་འདྲའོ། །ལི་ཁ་ར་དཀར་པོ་ཐམས་ཅད་ཀྱི་ཡོན་ཏན་ནི་ཚ་བ་དང་སྐོམ་པ་དང༌། སྐྱུག་བྲོ་བ་དང་བརྒྱལ་བ་དང་ཁྲག་དང་མཁྲིས་པའི་ནད་འདི་རྣམས་སེལ་བར་འགྱུར་རོ། །དེ་ལ་མདོར་བུ་རམ་ཤིང་ལས་གདུས་ཏེ་བུ་རམ་གྱི་དབུ་བ་ཁ་སྦྲི་སླ་བར་འོང་བ་ལྟ་བུ་ནི་ངན་
ནོ། །བུ་རམ་ཤིང་ཡང་རུང་ཁ་རའི་ཤིང་ཡང་རུང་སྟེ། དེ་ལས་བྱས་པའི་ཁ་ར་དཀར་པོ་ནི་བཟང་སྟེ་དགེའོ། །དེ་ལ་སྦྲང་རྩི་ནི་མིག་ལ་ཕན། བད་ཀན་དང་ཚིལ་ཆེ་བ་དང༌། དབུགས་མི་བདེ་བའི་ནད་སེལ་ཏོ། །སྐོམ་པ་ལ་ཕན། དུག་སེལ། སྐྱིགས་བུ་དང་ཁྲག་ནད་མཁྲིས་པའི་ནད་སེལ། ཧ་ཅང་ཆོས་ཏེ་ཤ་ཆེ་བ་ཤ་རན་ཅིང་འབྲི་བར་འགྱུར། མཛེ་དང་ཆུ་སྲི་བ་དང་སྐྱུག་བྲོ་བ་དང༌། དབུགས་མྀ་བདེ་བ་དང༌། ལུད་པ་ལུ་བ་དང༌། ཚད་པ་དང་ལྟོ་བའི་ནང་ན་སྲིན་བུའི་གདུག་པ་སེལ། རྨ་རྣགས་པ་རྣག་དང་ཆུ་སེར་འབྱིན། རྨ་འཚོ། ཆག་གྲུགས་འབྱོར། རླུང་ཡང་སྐྱེའོ། །མདོར་ན་སྦྲང་རྩི་ནི་མངར་ལ་རོ་བསྐ། ཁོང་དུ་རྩུབ་པ་ཡིན། སྦྲང་རྩི་ལས་ཁཎྜར་བྱས་པའི་ཡོན་ཏན་དང་མཐུ་ཡང་དེ་ལྟར་འདྲའོ། །སྦྲང་རྩིའི་ཉེན་ནི་སྟོན་དང་དབྱར་སོགས་ཚ་བའི་དུས་ལ་ཡང་བབ་ལ་ཚ་བའི་ནད་ཀྱིས་ཀྱང་ཐེབས་ལ། སྨན་ཆ་བ་དང། སྦྲང་རྩི་ནི་སྦྲང་ཚང་ནས་ཕྱུང་མ་ཐག་པ་དྲོན་མོ་དང༌། སྨན་ཚ་བར་གྱུར་པ་ལ་འདི་ལྟ་བུར་བྱས་ཏེ་བཏང་ན་ནད་པ་གསོད་དོ། །དུག་གི་མེ་ཏོག་ལས་སྦྲང་རྩི་བྱུང་བ་དང༌། སྦྲང་མ་གདུག་པས་གསོས་པ་ནི་དྲོ་བ་ཡང་རུང་གྲང་བ་ཡང་རུང་སྟེ་མི་རུང་ངོ༌། །སྐྱུག་སྨན་ཆུ་དྲོན་དང་སྦྲང་རྩི་སྦྱར་ཏེ་བཏང་བ་འམ། སྨན་མར་མས་གཏོང་བ་དྲོན་པོའི་ནང་དུ་སྦྲང་རྩི་སྦྱར་བ་ནི་ཉེས་པ་མེད་དོ། །བུ་རམ་ཤིང་དང་ཁ་རའི་ཤིང་དང་བུ་རམ་དང་ཁ་རའི་བྱེ་བྲག་དང་སྦྲང་རྩིའི་བྱེ་བྲག་བཤད་པ་རྫོགས་སོ།། །།ཏིལ་མར་དང་ཨེ་རཎྜའི་མར་དང་ཡུངས་མར་དང་བ་རུ་རའི་མར་དང་ཟར་མའི་མར་དང་ལེ་བརྒན་རྩིའི་མར་གྱི་ཕན་གནོད་བསྟན་པ། ཏིལ་མར་གྱི་ཕན་གནོད་ཏིལ་དངོས་དང་འདྲའོ། །དེ་ལ་འབྲུ་མར་གྱི་ནང་ན་ཏིལ་མར་ནི་བཟང་སྟེ། ཏིལ་མར་ནི་ཅུང་ཟད་ཚ་བ་འཐུངས་ན་ལུས་ཀུན་ལ་མྱུར་དུ་ཁྱབ་ཅིང་མཆེད་པར་བྱེད། ཉེན་ནི་ཏིལ་མར་འབའ་ཞིག་རྟག་ཏུ་འཐུངས་ན་ཤ་མདངས་ཀྱི་པགས་པའི་མདོག་ལ་གནོད་དེ་ཤ་བཀྲ་དང་ཤུ་བ་དང་མཛེ་ལྟ་བུའི་ནད་དུ་འགྱུར་རོ། །མིག་ལ་གནོད། ཏིལ་མར་དང་སྨན་དང༌། སྨན་གཞན་དུ་སྦྱར་ཏེ་བཏང་བ་ནི་ཉེན་དུ་མི་འོང་ངོ༌། །ཏིལ་མར་ནི་རྣོ་ལ་ཚན་
ཆེ་བས་བད་ཀན་སེལ་ལོ། །སྐེམ་པ་ལ་བཏང་ན་ཤ་སྐྱེ། སྦོམ་པོ་ཚོན་པོ་ལ་བཏང་ན་ཤ་གྲིམས་པར་འོང་ངོ༌། །འཁྲེན་པས་ཐོགས་ཏེ་རྟུག་སྐམ་དུ་འོང་ངོ༌། །ལྟོ་བ་ནང་གི་སྲིན་བུ་སེལ་ཏོ། །ཏིལ་མར་སྨན་དང་སྦྱར་ཏེ་བཏང་ན་ནད་དོ་ཅོག་ཐམས་ཅད་སེལ་ཏོ། །ཨེ་རཎྜ་དཀར་པོའི་མར་ནི་ཁ་ལ་ཚ་ཞིང་རོ་ཁ་བ་ཡིན་ནོ། །ཨེ་རཎྜའི་མར་འཐུངས་ན་ཞུ་བའི་རྗེས་ནི་མདར་བར་འགྱུར། ཁོང་འཁྲུ། ལྕི་སྟེ་ཅུང་ཟད་བསིལ་བར་འགྱུར། རྒྱུ་མ་ཆེར་སྐྱེས་ཏེ་རླིག་རླུགས་སུ་གྱུར་པའི་ནད་དང༌། སྐྲན་དང་རླུང་ནད་དང་བད་ཀན་གྱི་ནད་དང༌། དམུ་རྫིང་ལ་སོགས་པ་གསུས་པ་ཆེར་སྐྱེས་པའི་ནད་དང༌། རིམས་ཉིན་མཚན་མི་མཐུན་པར་ལྡང་པའི་ནད་དང༌། འོར་གྱི་བར་སྦན་ནད་དང༌། རྐེད་པ་ན་བ་དང༌། མོ་མཚན་ཕོ་མཚན་ན་བ་དང༌། ལྟོ་བ་ན་བ་དང༌། རྒྱབ་ན་བ་ལ་ཕན། ཨེ་རཎྜ་དམར་པོའི་མར་ནི་རྣོ་ལ་ཚ། ཤ་རྗེན་སུངས་པའི་དྲི་རབ་ཏུ་མནམ། ལག་པས་མནན་ན་རབ་ཏུ་འབྱིལ་ཞིང་འདྲེད། ཕན་གནོད་ཀྱི་ཡོན་ཏན་ནི་ཨེ་རཎྜ་དཀར་པོ་བཤད་པ་དང་འདྲའོ། །ཡུངས་ཀར་གྱི་མར་ནི་རོ་ཚལ་དྲོད་ཆེ་རྣོ། །ཡུངས་མར་འབའ་ཞིག་རྟག་ཏུ་འཐུངས་ན་བད་ཀན་དང་རླུང་སེལ། །བུ་ཆུ་འབྲི་བར་འགྱུར། ཁོང་ཡད། མཁྲིས་པ་དང་ཁྲག་སྐྱེ་བར་འགྱུར་ཏེ་མི་དགེའོ། །ཕན་པ་ན་རླུང་དང་བད་ཀན་ལས་གྱུར་པའི་འབྲུམ་བུ་དང༌། མཛེ་དང་གཞང་འབྲུམ་གྱི་ནད་དང༌། རྨ་བྱུང་བ་དང་ལྟོ་ན་སྲིན་བུ་ཡོད་པ་དང༌། འདི་རྣམས་སེལ་ཏེ་ཕན་ནོ། །བ་རུ་རའི་མར་ནི་རོ་མངར་ལ་བསིལ། གླད་པར་བསྐུ་ཞེང་སྣ་ནས་བཏང་ན་སྐྲ་སྐྱེ། འཇུ་དཀའ་སྟེ་ལྕི། མཁྲིས་པ་དང་བད་ཀན་སེལ་ཏོ། །ནིམ་པའི་མར་ནི་རོ་ཁ་སྟེ་རབ་ཏུ་ཚ་ཞིང་དྲོ་བ་ཙམ་ནི་མ་ཡིན། ལྟོའི་སྲིན་བུ་དང་མཁྲིས་པ་དང་བད་ཀན་གྱི་ནད་སེལ་ཏོ། །ཟར་མའི་མར་དང་ལེ་བརྒན་རྩིའི་མར་ནི་དྲོད་ཆེ། ཤ་མཐང་གི་པགས་པ་ལ་གནོད། ཤ་བཀྲ་ཐོར་བུ་ཤུ་བ་མཛེ་འདྲ་བའི་ནད་དུ་འགྱུར། སྨན་དང་སྦྱར་ན་ནི་དེ་ལྟ་བུའི་ཉེན་དུ་ཡང་མི་འགྱུར། བད་ཀན་དང་མཁྲིས་པ་སྐྱེའོ། །ཚིལ་དང་རྐང་ནི་རླུང་ནད་སེལ་ཏོ། །ཉམས་བརྟ། སྟོབས་སྐྱེ། བད་ཀན་སྐྱེའོ། །ལུག་དང་རའི་ཚིལ་ལྟ་བུ་ནི་དྲོད་ཆེ་བས་
མཁྲིས་པ་སྐྱེའོ། །བྱ་ན་ཤ་སོ་སོའི་བྱེ་བྲག་གི་ཕན་གནོད་ཅི་འདྲ་བ་དེ་འདྲ་བའི་ཚིལ་ཡང་དེ་དང་འདྲའོ། །བྱ་ན་ཤ་སོ་སོའི་བྱེ་བྲག་ནི་ཡུལ་སྐམས་དང་སེར་ཆེས་ནས་བྱུང་བ་རྣམ་པ་གཉིས་ཏེ། སྤྱིའི་ཡུལ་སྐམ་ས་དང་སེར་ཆེ་ས་ནས་བྱུང་བའི་ཕན་གནོད་བསྟན་པ་བཞིན་དུ་ཤེས་པར་བྱའོ། །ཏིལ་མར་དང་ཨེ་རཎྜའི་མར་དང༌། ཡུངས་མར་དང༌། བ་རུ་རའི་མར་དང་ཟར་མའི་མར་དང༌། ལེ་བརྒན་རྩིའི་མར་གྱི་ཕན་གནོད་བཤད་པའི་ལེའུ་རྫོགས་སོ།། །།ཆང་སྣ་ཚོགས་ཀྱི་ཕན་གནོད་ཀྱི་བྱེ་བྲག་བཤད་པ་ཆང་ངོ་ཅོག་ནི་ཤ་འཕར། ཡི་ག་འབྱེ། དྲོད་ཆེ། རྣོ། དགའ་བར་བྱེད། ཁོང་བརྟ། ཆང་གི་སྤྱིའི་རོ་ནེ་མངར་ལ་ཁ། བསྐ། རྣོ། འཐུངས་ན་ཞུ་བའི་རྗེས་ནི་སྐྱུར་ལ་ཅུང་ཟད་ཁོང་འཁྲུ། མགུལ་པ་སྙན་པར་འགྱུར། རན་པར་འཐུངས་ན་ཅིལ་ཡང་ཕན་ཏེ་ནད་མེད། འཐུངས་པའི་མོད་ལ་སྤོབས་པ་ཆེ། བཞིན་མདོག་འགྱུར། ཁོང་ཡང༌། གཉིད་མེད་པ་ནི་གཉིད་འོང༌། །གཉིད་ཧ་ཅང་ཆེ་བ་ནི་རན་པར་འཐུངས་ན་གཉིད་ཆུང་བར་འགྱུར། ཆང་གི་ཉན་ནི་མཁྲིས་པ་དང་ཁྲག་སྐྱེ་བའི་ནད་དུ་འགྱུར་ཏེ་གནོད། ཚོད་ཟིན་ཅིང་རན་པར་འཐུངས་ན་ཤ་སྐྱེ་བ་དང་ཤ་ཆེ་ཞིང་སྦོམ་པ་གཉིས་ལ་ཕན། ཆང་འཐུངས་ན་བཅུད་རྣོ་ཞིང་མགྱོགས་ཏེ་ལུས་ཀུན་ཏུ་ཁྱབ། ཅུང་ཟད་རྩུབ། ལུས་ཀྱི་སྒོ་དགུ་ཆར་གྱི་རྒྱུན་སྲིང་གི་ནད་དང་དྲི་མ་སུན་ཏུ་སྦྱོང་ཞིང་སེལ་ཏ། དྲི་མ་ཀུན་ལེགས་པར་འབྱུང་བར་འགྱུར། རན་པར་འཐུངས་ན་རླུང་དང་བད་ཀན་ཀུན་སེལ་ཏེ་ཕན་ནོ། །ཆང་ལ་ཚོད་མི་ཟིན་པ་ནི་དུག་དང་འདྲ་སྟེ་གནོད་དོ། །ཆང་མ་བགྲུངས་པ་སར་པ་ནི་ལྕི། འཇུ་དཀའ་ནང་དུ་འགྱུར་ཏེ་མི་དགེའོ། །ཆང་བགྲུངས་པ་རྙིང་པོ་ནི་འཇུ་སླ། དྲོད་ཆེ། ཁོང་ཡང༌། ནད་ཀུན་ལ་ཕན་ནོ། །ཐུག་པ་འམ། ཚོད་མ་འམ། ཁུ་བ་འཐུངས་པའི་རྗེས་ལ་ཆད་ནན་ཆེར་འཐུངས་ན་མི་དགེ་སྟེ། ཅུང་ཟད་བསྡད་ལ་ཕྱིས་བཏུང་ངོ༌། །བཀྲུ་སྨན་བཏང་བ་དང༌། ལྟོ་སྟོང་བཀྲེས་པ་ཉིད་ལ་ཆང་འཐུངས་ན་མི་དགེ་སྟེ་མི་བཏུང་ངོ༌། །ཆང་ཧ་ཅང་ཡང་ཞིམ་ཆེས་པ་རྣོན་པོ་དང་ཆང་ནར་མ་སོན་པ་གཞོན་ནུ་དང༌། ཆང་སྣ་སོ་སོ་ཐ་དད་པའི་ཆོ་ག་བཞིན་དུ་ལེགས་པར་མ་
བྱས་པ་དང༌། ཆང་སྙིགས་མ་ཅན་ཏེ་དེ་ལྟ་བུ་ནི་མི་དགེ་སྟེ་མ་འཐུངས་ཤིག །འབྲས་ཆང་ལོ་ཕྱེད་བགྲུངས་པ་དབ། གྲོ་ཆང་བགྲུངས་པ་ནི་སྒན་དང་དམུ་རྫིང་ལ་སོགས་པའི་ནད་དང༌། གཞང་འབྲུམ་དང༌། ཕོ་བའི་ནད་དང༌། ཤ་སྐེམ་པོར་གྱུར་བ་དང། སྙིང་ན་བ་འདི་རྣམས་ལ་ཕན། རླུང་ནད་སེལ་ཏེ་ཁོང་འཇམ། ཅུང་ཟད་ལྕི། ཚིལ་དང་ཁྲག་སྐྱེ། བུད་མེད་ཀྱི་ནུ་ཞོ་སྐྱ། གཅིན་ལེགས་པར་འོང༌། བད་ཀན་དུ་འགྱུར་བ་ཡིན་ནོ། །ཤིང་ན་ལི་ཀ་རིའི་འབྲས་བུའི་ཁུ་བ་ལས་ཆང་དུ་བྱས་པ་ནི་གློ་སྙིང་ལ་ཕན་ཡང༌། གླ་སྙིང་ན་བ་དང༌། ལུད་པ་ལུང་དང༌། སྐྱུག་བྲོ་བ་དང༌། དབུགས་མི་བདེ་བ་དང༌། བཤང་གཅི་འགགས་ཏེ་འོང་དུ་མི་རུང་བ་དང༌། ལྟོ་སྦོས་པ་དང༌། ཆམ་པས་བཏབ་པའི་ནད་འདི་རྣམས་སེལ་ཏོ། །བ་རུ་རའི་འབྲས་བུའི་ཁུ་བ་ལས་ཆང་དུ་བྱས་པ་ནི་ཡང་སྟེ། ཧ་ཅང་ར་རོ་བར་མི་འགྱུར། རྨ་བྱུང་བ་དང༌། མཁྲིས་པ་རྒྱས་པ་ལས་ནད་དུ་འགྱུར་བ་དང༌། མཛེ་དང་འདི་རྣམས་ལ་འཕྲལ་དུ་མི་གནོད་དེ་ཕན་ནོ། །སྨན་སོ་སོ་ལས་ཆང་དུ་བྱས་བ་ནི་ནད་ཀུན་ལ་ཕན་གནོད་མེད་ཅེས་བྱ་སྟེ། ཆང་ཀུན་གྱི་ནང་ན་དགེའོ། །སོ་སོའི་ཡོན་ཏན་སྨན་སྣ་གང་དང་གང་ལས་ཆང་དུ་བྱས་པ་ཕན་པའི་སྟོབས་ཀྱང་སོ་སོར་བལྟའོ། །སྨན་སྣ་སོ་སོ་ལས་ཆང་དུ་བྱས་པ་གནོད་པ་མེད་ཅེས་བྱ་བ་སྤྱིའི་ཡོན་ཏན་ནི་ཕོ་བའི་ནད་དང༌། སྐྱ་རྦབ་ཀྱི་ནད་དང༌། མཛེ་དང༌། གཞང་འབྲུམ་གྱི་ནད་དང༌། ལུས་སྐེམ་པོར་གྱུར་པ་དང༌། ལུས་སྐྲངས་པ་དང༌། དམུ་རྫིང་ལྟ་བུ་གསུས་པ་ཆེར་སྐྱེས་པ་དང༌། རིམས་དང༌། སྐྲན་དང༌། ཁོང་ན་སྲིན་བུ་ཡོད་པ་དང༌། མཆེར་བ་ན་བ་དང༌། འདི་རྣམས་ཀུན་ལ་ཕན་ཏེ། སྨན་ཆང་གནོད་མེད་ཅེས་བྱ་བ་ནི་རོ་བསྐ་ལ་ཅུང་ཟད་རོ་ཚ་སྟེ། ཤས་ཀྱིས་རླུང་སྐྱེའོ། །རྒུན་ཆང་རན་པར་འཐུངས་ན་ནད་ཀུན་སྦྱོང༌། གློ་སྙིང་ལ་ཕན་ཏེ་རབ་ཏུ་དྲོད་ཆེ་བ་ཡང་མ་ཡིན། རོ་མངར། ཅུང་ཟད་འཁྲུ། མཁྲིས་པ་ཅུང་ཟད་སྐྱེ། རླུང་ནད་དང༌། ཆུ་སྲི་བ་དང༌། གཞང་འབྲུམ་གྱི་ནད་དང༌། སྐྱ་རྦབ་ཀྱི་ནད་དང༌། ལྟོ་ན་སྲིན་བུ་ཞུགས་པའི་ནད་སེལ་ཏོ། །བུ་རམ་གྱི་ཆང་ནི་བཤང་གཅི་འགགས་པ་འབྱུང་
བར་འགྱུར། བུ་རམ་ཤིང་གི་ཆང་ནི་ལུས་ཀྱི་ཁོང་དུ་སྣུམ་པ་དང༌། བད་ཀན་གྱི་ནད་ཀུན་སེལ་བར་བྱེད། དྲོ་འཇམ་དང་བུ་རམ་ཆང་ཕྱེད་དུ་བར་གདུས་པ་ལྟ་བུ་ནི་ཤ་དང་ཚིལ་ཆེ་བར་སྐྱེ་བ་དང༌། འོར་ནད་སྐྲང་པའི་བག་དང༌། དམུ་རྫིང་ལྟ་བུ་ལྟོ་བ་ཆེར་སྐྱེས་པའི་ནད་དང༌། །གཞང་འབྲུམ་གྱི་ནད་ཀུན་ལ་མཆོག་ཏུ་ཕན་ནོ། །སྦྲང་ཆང་ནི་རྣོ་སྟེ་ཚིལ་དང་བད་ཀན་ཆེར་སྐྱེས་པ་ཤ་ཆེ་ཞིང་སྦོམ་པར་གྱུར་པ་འདི་རྣམས་སེལ་ཞིང་གྲིམས་པར་བྱེད། ཆུ་སྲི་བ་དང་ཆམ་པ་དང་ལུད་པ་རྣམས་སེལ་ཏེ་ཕན། ཚ་ནི་ཁྲག་དང་མཁྲིས་པའི་ནད་དང་བད་ཀན་སེལ་ཞིང་གྲིམས་པར་བྱེད། ཁ་ཟས་ཞུ་བར་བྱེད། རླུང་ལས་གྱུར་ཏེ་བཤང་བ་འགགས་ཏེ་འོང་དུ་མི་བཏུབ་པ་ལན་ཚྭ་འཐུངས་ན་བཤང་བ་ལེགས་པར་འོང༌། ཚ་ནི་སྐྱུར་ཏེ་རབ་ཏུ་ཚ་ལ་རྣོ། །རྩུབ། ཡིད་དུ་འོང༌། ཡི་ག་འབྱེད། ཅུང་ཟད་ཙམ་འཁྲུ་བར་འགྱུར། འཐུངས་ན་དྲོད་འབར། ལུས་སམ། རྐང་ལག་ཚ་བ་ལ་ཚ་བསྐུས་སམ། བྱུགས་ན་བསིལ་པར་འགྱུར། བད་ཀན་ལས་གྱུར་པའི་ནད་སྐྱ་རྦབ་དང༌། མིག་ལ་གནོད། ལྟོ་ན་སྲིན་བུ་ཡོད་པ་ནི་སེལ་ཏོ། །བུ་རམ་ཆང་གིས་ནི་བུ་རམ་གྱི་ཤིང་ལས་ཆང་དུ་བྱས་པ་ཡང་ངོ༌། །དེ་བས་ནི་རྒུན་ཆང་ཡང་ངོ༌། །རྒུན་ཆང་བས་ཚྭ་ཡང་ངོ༌། །སྨན་གྱི་རྩ་བ་ལས་ཆང་དུ་བྱས་པ་དང༌། སྡོང་བུ་ལས་ཆང་དུ་བྱས་པ་དང༌། འབྲས་བུ་ལས་ཆང་དུ་བྱས་པ་ཡང༌། རྩ་བ་སྡོང་བུ་དང་འབྲས་བུའི་ཕན་གནོད་ནི་ཡོན་ཏན་ཅི་འདྲ་བ་དེ་བཞིན་དུ་ཆང་ཡང་དེ་དང་འདྲ་བ་ཤེས་པར་བྱའོ། །ལ་ཕུག་དང་ཡུངས་མ་གཏུབས་ཏེ་བཤུར་བ་སྲན་ཕྱེ་དང་བསྲེས་ཏེ་ཐུག་པར་བྱས་ཏེ་སྒ་དང་པི་པི་ལིང་དང་ལེ་ཤམ་དང༌། ལན་ཚྭ་དང་གོ་སྙོད་དང༌། སྐེ་ཚེ་དང་སྦྱར་ཏེ་དྲོ་འཇམ་ཙམ་དུ་མནན་པ་ནི་སྐྱུར་པོ་མནན་པ་འདི་གཉིས་ཀྱང་ཡི་ག་འབྱེ། འཇུ་སླ་སྟེ་ཡང་ངོ༌། །འབྲས་རྩ་བས་ནི་ཁོང་འཁྲུ། དྲོད་ཆེ་ཚེ་ཚ་ལ་རྣོ། མཁྲིས་པར་འགྱུར། ལུས་སམ་རྐང་ལག་ཚན་རྩབས་ཀྱིས་བརྐུས་ན་བསིལ་བར་འགྱུར། དལ་བ་ངང་རྨ་བ་ལ་འཐུངས་ན་ཕན། ཡི་ག་འབྱེ། དྲོད་ཆེ། ཆུ་སོར་ན་ཞིང་ཆུ་སྲི་པ་ལ་ཕན། རྩབས་ལ་སྨན་སྦྱར་ཏེ་མས་གཏོང་བ་ལ་དགེའོ། །རླུང་དང་བད་ཀན་གྱི་
ནད་ལ་ཕན་ནོ། །ནད་ཀྱི་དམིགས་དང་སྦྱར་ཏེ་གཅིན་བཏུང་བ་ནི། བ་གཅིན་དང་ར་གཅིན་དང༌། ལུག་དང༌། མ་ཧེ་མོ་དང༌། བན་གླང་མོ་དང༌། རྟ་དང་རྔ་མོ་དང་བོང་བུ་དང་འདི་རྣམས་ཀྱི་གཅིན་ཡང་སོ་སོའི་སྨན་དུ་བཟའ། དཔེར་ན་བ་གཅིན་བླང་བ་ལྟ་བུ་ཡང་རྒན་གཞོན་མ་ཁྱེར་བ་དར་ལ་བབ་ཅིང་མི་དགེ་བ་ནད་མེད་པ་འདི་ལྟ་བུ་གཤེར་ས་དང་རྩྭ་ངན་པ་སྣ་ཚོགས་བར་བུར་ལ་ཟར་མི་གཞུག་པར་སྐམ་སའི་རྩྭ་ཡངས་གཤིན་པ་ལ་བསྐྱངས་ལ་ཆུ་ཡང་གང་དུ་བཤད་པ་ལྟ་བུ་ལ་བླུད་དེ། གཅིན་དགོས་བཟེད་དམ། ཞོ་བཞོན་ཡང་སྔར་ཟས་ཐག་བསྲིངས་ཏེ་བཞོའམ། ཡང་ན་ཕན་ཚུན་དུ་བརྡབ་སྟེ་བསྐྱོད་ལ་བཞོས་སམ་གཅིན་བཟེད་པ་ནི་ཡང་བ་ཡིན་ཏེ་དགེའོ། །བ་དང་འདྲ་བར་གཞན་ཀུན་ལ་ཡང་དེ་དང་འདྲ་བར་བྱའོ། །འདི་རྣམས་ཀྱི་གཅིན་གྱི་ཡོན་ཏན་འདྲ་སྟེ་མཁྲིས་པ་སྟེ། རྩུབ། རྣོ་དྲོད་ཆེ། འཐུངས་པའི་རྗེས་ལན་ཚྭ་བྲོ་རོ་ཆོ་སྲིན་བུ་དང་འོར་ནད་དུ་སྦྲང་བག་དང༌། གསུས་པ་ཆེར་སྐྱེས་པ། དམུ་རྫིང་ལྟ་བུ་དང༌། ལྟོ་སྦོས་པ་དང་བད་ཀན་ལས་ནད་དུ་གྱུར་པ་དང༌། སྐྱ་རྦབ་ཀྱི་ནད་དང༌། བད་ཀན་དང་རླུང་ནད་དང༌། སྐྲན་ནད་དང་ཡི་ག་འཆུས་པ་དང༌། དུག་གིས་ཕོག་པ་དང༌། ཤ་བཀྲ་དང་མཛེ་དང་གཞང་འབྲུམ་དང༌། ནད་འདི་རྣམས་མྱུར་དུ་སེལ་ཏེ་ཕན་ནོ། །ཆང་སྣ་ཚོགས་དང་རྩིབས་དང་གཅིན་སྣ་ཚོགས་ཀྱི་ཕན་གནོད་བཤད་པའི་ལེའུ་ལྔ་པ་རྫོགས་སོ།། །།དེ་ནས་ཁ་ཟས་ཀྱི་ཚུལ་བརྟག་ཅིར་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །འབྲས་རཀྟ་ཤཱ་ལི་ཞེས་བྱ་བ་ཕྱི་ཤུན་དམར། འབྲས་ཀྱི་ཁོང་དཀར་མདོག་ཅུང་ཟད་ཙམ་རྩ་སྣར་བ་ཞིག་ཡོད་པའི་མིང་ནི་སཱ་ལུ་རྩ་སྣར་ཞེས་བྱ་བ་དང༌། མ་ཧཱ་ཤཱ་ལི་ཞེས་བྱ་བ་འབྲས་དཀར་ལ་ཆེ་ཞིང་རིང་བ་ཞིག་ཡོད་དོ། །མིང་ནི་སཱ་ལུ་ཆེན་པོ་ཞེས་བྱ་བ་དང༌། འབྲས་ཀ་ལ་མཆོག་ཅེས་བྱ་བ་དྲི་རབ་ཏུ་ཞིམ་ལ་ཁོང་དཀར། དེའི་མིང་ནི་འབྲས་མཆོག་ཅེས་བྱ་བ་དང༌། འབྲས་ཏུ་རྣ་ཀ་ཞེས་བྱ་བ་ས་བོན་བཏབ་ནས་ཞག་དྲུག་ཅུས་སྨིན་ཏེ། བཟར་རུང་བ། ཏུརྣ་ཀ་ཞེས་ཀྱང་བྱ་སྟེ། འབྲས་ཀྱི་ལྗང་འདབ་ཕུ་དུང་འདུངས་པའི་ནང་ནས་སྨིན་པ་རབ་ཏུ་བཟང་སྟེ། མཆུ་ཐུང་ལ་ཟླུམ་
རྩ་བ་རབ་ཏུ་དཀར་བ་ཡིན། རོ་ཞིམ་པ་ཉིད་ཀྱང་ཡིན་ཏེ། དེའི་མིང་ནི་ཞག་དྲུག་ཅུས་སྨིན་པ་འམ། མྱུར་དུ་སྨིན་པའི་འབྲས་ཞེས་བྱའོ། །འབྲས་ཀྱིས་བོན་བྱས་ཁྱེར་ཏེ་འོངས་པ་ཞེས་བྱ་བ་རིད་པ་ཡང་མ་ཡིན། ཟླུམ་པ་ཡང་མ་ཡིན། ཡིད་འཛུམ་འཇོད་ལྟར་འདུག་པའི་མིང་ནི་བྱས་བླངས་པ་ཞེས་བྱ་བ་དང༌། འབྲས་ཤར་མུ་ཁ་ཞེས་བྱ་བ་འབྲས་ཀྱི་དབྱིབས་འགྲོན་བུ་འདྲ་ལ་དཀར་བ་ཞིག་ཡོད་པ་དང༌། འབྲས་རྡིར་ཀ་ཤུ་ཀ་ཞེས་བྱ་བ་མཆུ་རིང་ལ་ཐོར་ཏོ་རྣོན་པོར་འདུག་པ་དང༌། འབྲས་རོ་དྷ་ཀ་ཞེས་བྱ་བ་སྨན་རོ་དྷའི་འབྲས་བུ་འདྲ་ལ་རྩེ་མོ་རྣོན་པོར་འདུག་པ་དང། འབྲས་བུ་གནྡྷ་ཀ་ཞེས་བྱ་བ་དྲི་རབ་ཏུ་ཞིམ། མཐུག་ཚི་ལ་ལེབ། མཆུ་ཐུང་ལ་དཀར་བ་ཞིག་ཡོད་པ་དང༌། འབྲས་པ་ཏམ་ཞེས་བྱ་བ་རྩ་སེར་བ་ཞིག་ཡོད་པ་དང༌། འབྲས་འདི་རྣམས་དང༌། གཞན་ཡང་རུང་སྟེ། འབྲས་ནི་རོ་མངར། ཟོས་ནས་ཞུ་བའི་རྗེས་ནི་མངར་ཞིང་སྣུམ། རླུང་ནད་སེལ། བཅུད་དུ་འགྱུར། རོ་ཙ་སྟེ་བུད་མེད་ལ་ཕོད། མཐུར་དུ་བཤང་བ་འོང་བ་ནི་ཆུང་ཞིང་སླ་མོ་མ་ཡིན་ཏེ། ཟླུམ་པོར་འབྱུང་ངོ༌། །འབྲས་ཆན་ཟོས་ཏེ་མིད་པ་དང་ཁ་ན་རོ་བྲོ་བའི་རྗེས་བསྐ་བ་ཡིན། བསོད་དེ་ཕན། འཇུ་སླ་སྟེ་ཡང་ཁོད་བསིལ། གཅིན་མང༌། དེ་ལ་འབྲས་ཀུན་གྱི་ནང་ན་མཆོག་ཏུ་རཀྟ་ཤཱ་ལི་ཞེས་བྱ་བ་ནང་དཀར། ཕྱི་རོལ་མདོག་ཅུང་ཟད་ཙམ་སྣང་བ་དེ་ནི་མཆོག་ཏུ་བཟང་སྟེ་འབྲས་དེ་ཟས་སུ་ཟོས་ན་སྐོམ་དང་ཆུང༌། བད་ཀན་གྱི་ནད་དང་མཁྲིས་པའི་ནང་དང་ཉེས་པ་གསུམ་ལ་སོགས་པ་ནད་ཀུན་སེལ་ཏོ། །འབྲས་མ་ཧཱ་ཤཱ་ལི་ཞེས་བྱ་བ་ནི་དེའི་འོག་ཏུ་བཟང་ངོ༌། །མ་ཧཱ་ཤཱ་ལིའི་འོག་ཏུ་འབྲས་ཀ་ལ་མཆོག་ཅེས་བྱ་བ་བཟང་སྟེ་ཕན་པ་ཡིན་ནོ། །འདི་གསུམ་མ་ཡིན་པ་གཞན་འབྲས་ཡང་བ་ཀ་ཞེས་བྱ་བ་དང༌། འབྲས་ཧ་ན་དང༌། འབྲས་པང་སུ་པ་པི་ཞེས་བྱ་བ་སེར་མེད་ཅིང་སྐམ་སེར་བསྐྱེད་བསྐྱེད་པ་དང༌། འབྲས་ནི་ཤ་ད་ཀ་ཞེས་བྱ་བ་ལ་སོགས་པ་འདི་རྣམས་ནི་རོ་མངར། ཟོས་ན་འཕྲལ་དུ་དྲོད་ཆེ། ལྕི་སྣུམ་དང་ཞུ་བའི་རྗེས་ནི་སྐྱུར་བར་འགྱུར་ཏེ། བད་ཀན་དང་མཁྲིས་པ་སྐྱེ། ཐུར་དུ་བཤང་གཅི་འོང་བ་ཡིན་ལ། སླ་ཞིང་མང་དུ་འོང༌། འབྲས་འདི་རྣམས་ལ་བཟང་ངན་གྱི་རིམ་པ་ནི། འབྲས་
ན་ལི་དྷ་ཀ་དང༌། སྐམ་སར་སྐྱེས་པ་པང་སུ་པ་པི་ཞེས་བྱ་བ་སྨད་དོ། །པང་སུ་པ་པི་བས་འབྲས་ཧ་ན་ཡག་གནོད་དེ་སྨད་དོ། །འབྲས་ཧ་ན་ཡག་བས་འབྲས་ཡ་བ་ཀ་ཡང༌། ཡ་བ་ཀ་ནང་ན་གནོད་དེ་སྨད་པ་ཡིན་ནོ། །འབྲས་ཤ་ཏི་ཀ་ཞེས་བྱ་བས་བོན་བཏབ་ནས་ཞག་དྲུག་ཅུས་སྨིན་ཏེ་བཟར་རུང་བ་སྐྱེས་ནས་སྨིན་པའི་ཐབས་ནི་འབྲས་ཀྱི་ལྗང་འདབ་ཕུ་དུང་འདུངས་པའི་ནང་ཉིད་དུ་སྨིན་པའི་འབྲས་དེ་ནི་མཆུ་ཐུང་ལ་ཟླུམ། རྩ་བ་འདོད་པ་ནི་དཀར་རོ། །རོ་ཞིམ་པ་ཉིད་ཀྱང་ཡིན་ཏེ། དེའི་མིང་ནི་ཞག་དྲུག་ཅུས་སྨིན་པ་འམ། །མྱུར་དུ་སྨིན་པའི་འབྲས་ཞེས་བྱ་སྟེ། དེའི་ཡོན་ཏན་ནི་མངར་ལ་སྣུམ། ཡང་སྟེ་འཇུ་སླ། ལུས་ཀྱི་ཁོང་གྲིམས་ཤིང་བརྟན་པོར་འགྱུར། བསིལ་རླུང་དང་བད་ཀན་མཁྲིས་པའི་ནད་ཀུན་སེལ། ཐུར་དུ་བཤང་གཅི་འབྱུང་བ་ནི་སླ་སྟེ། ཅུང་ཟད་རྟུག་སྐམ་ལྟར་འཁྲེན་པས་འདོགས། འབྲས་ཀྱི་འབྲུར་གཏོགས་པའི་ནང་ན་འབྲས་ཤི་ཏི་ཀ་ཞག་དྲུག་ཅུས་སྨིན་པ་འདི་བཟང་ངོ༌། །འབྲུར་གཏོགས་པའི་འབྲས་ཀྱི་ནང་ན་འབྲས་གེའུ་ར་ཞེས་བྱ་བ་རྩ་སེར་བ་ཞིག་ཡོད་པ་དེ་བཟང་ངོ༌། །དེའི་འོག་ཏུ་འབྲས་སི་ཏི་གེའུ་ར་ཞེས་བྱ་བ་རྩ་མི་དཀར་པ་སེར་བ་ཞིག་ཡོད་དེ་མི་རུང་ངོ༌། །འདི་གཉིས་ཀྱི་འོག་ཏུ་ནི་མ་ཧཱ་བྲི་ཏི་ཞས་བྱ་བ་འབྲས་ཀྱི་འབྲུ་ཐུག་པོ་ཆེར་འདུག་པ་འདི་བཟང་ངོ༌། །དེའི་འོག་ཏུ་ནི་འབྲས་ཀྱི་ཧ་ན་བྲི་ཧ་ཞེས་བྱ་བ་ཕྱི་ཤུན་ནག་པོར་འདུག་པ་འདི་བཟང་ངོ༌། །དེའི་འོག་ཏུ་ནི་ཛ་ཏུ་མུ་ཁ་ཞེས་བྱ་བ་སྟེ་འབྲས་ཀྱི་ཐོར་ཏོ་རྒྱ་སྐྱེགས་ཚིགས་མ་འདྲ་བ་འདི་རུང་ངོ༌། །དེའི་འོག་ཏུ་ནི་དེའི་འབྲས་ཀུ་ཀུཊ་ཨནད་ཞེས་བྱ་བ་ཁྱིམ་བྱའི་སྒོ་ང་འདྲ་བ་ཞིག་ཡོད་པ་དང༌། འབྲས་ལ་བ་ཤ་ཞེས་བྱ་བ་འུར་བའི་མིག་འདྲ་བ་ཞིག་ཡོད་པ་དང༌། འབྲས་པ་ར་ཏ་ཀ་བྱ་བ་ནི་དང་པོ་བྱ་ཕུག་རོན་གྱིས་ས་བོན་ཁྱེར་ཏེ་འོངས་པས་ནི་ཕུག་རོན་འབྲས་ཞེས་བྱ་བ་དང༌། འབྲས་བུ་ཀ་ར་དང༌། འབྲས་ག་ར་ཀ་དང༌། འབྲས་ཨུཏྤལ་ཀ་དང༌། འབྲས་ཨུད་ཛྭ་ལ་དང༌། འབྲས་ཙན་ནེ་དང༌། འབྲས་ཤར་དང་ཞེས་བྱ་བ་དཔྱིད་བཏབ་ན་སྟོན་སྨིན་པ་དང༌། འབྲས་ད་རུ་དང༌། འབྲས་གནྡྷ་དང༌། འབྲས་ཀུ་རུ་བྱེད་དང༌། འདི་རྣམས་ནི་འབྲས་དང་འབྲུ་སྣ་ཚོགས་ཀྱི་
སྣ་གྲངས་ཡིན་ཏེ་འདི་དག་གི་ཡོན་ཏན་ནི་མིང་རིམ་དུ་སྣོས་པའི་རིམ་པ་བཞིན་དུ་གོང་མ་བས་འོག་མ་ཤས་ཀྱིས་ཡོན་ཏན་ཆུང་བར་བལྟ་སྟེ། རོ་ནི་མངར། ཞུ་བའི་རྗེས་ནི་སྐྱུར་རོ། །འབྲས་མིང་གིས་སྨོས་པ་འདི་དག་ལས་མ་གཏོགས་པར་འབྲུ་གཞན་ནི་འཇུ་དཀའ། ལྕི། མཁྲིས་པ་སྐྱེའོ། འབྲས་པ་ཏ་ལ་ནི་བཤང་གཅི་གཉི་ག་མང་ཞིང་ཆ་བར་འགྱུར། ཚལ་རླུང་དང་བད་ཀན་དང་མཁྲིས་པ་གསུམ་སྐྱེའོ། །འབྲུའི་རྣམ་གྲངས་ལ་དྲང་ཀུན་ཞེས་བྱ་བ་དང༌། ཀོ་དྲ་བ་དང༌། ན་ར་བ་དང༌། ཁྲ་རྒོད་ལ་སོགས་པ་ནི་བསིལ། འཇུ་སླ། ཡང་ངོ༌། །དེ་ལ་ཁྲི་རྒོད་ལ་སོགས་པ་སྤྱིར་ནི་རླུང་སྐྱེ། ཁོང་རྩུབ་སྟེ་ཚིལ་འབྲི་བར་བྱེད། བད་ཀན་དང་མཁྲིས་པ་སེལ། ལུས་ཀྱི་ཆག་གྲུགས་བྱུང་བ་སླར་འབྱོར་པར་བྱེད་དོ། །དེ་ལ་སོ་སོའི་བྱེ་བྲག་བཤད་ན། ཁྲེ་ནི་ཤ་འཚག་བརྟ་ལ་འཇུ་དཀའ་ལ་ལྕིའོ། །འབྲུ་ཀོར་དུ་ཤ་ཞེས་བྱ་བ་ནི་མཆོག་ཏུ་འཁྲུ་བ་གཅོད། རེག་ན་བསིལ། དུག་སེལ་ཏོ། །ནས་ནི་སྤྱི་རྩུབ་བསིལ། འཇུ་དཀའ་སྟེ་ལྕི། །རོ་མངར། ཅུང་ཟད་ཁོང་འཁྲུ། བཤང་བ་ཆེར་འོང༌། རླུང་སྐྱེ། ཤ་འཚག་བཟང༌། པུད་མེད་ལ་ཕོད། ཤ་རུས་མཁྲེགས་ལ་བརྟན། མཁྲིས་པ་དང་བད་ཀན་སེལ། ཚིལ་འབྲི། ཆུ་སྲི་བའི་ནད་ལ་ཕན། ཆོམ་པས་བཏབ་པ་དང༌། དབུགས་མི་བདེ་བ་དང༌། ད་རྒན་གྱིས་བཏབ་པ་དང༌། ལྐོག་མ་ན་བ་དང༌། པགས་པའི་མཐའ་ལ་མཛེ་དང་རྔོ་དང་སྐེམ་པོ་ལ་སོགས་པའི་ནད་འབྱུང་ངོ་ཅོག་ལ་ཕན་ནོ། །ནས་ཨ་བ་ཡ་བ་ཞེས་བྱ་བ་ནི་ནས་གོང་མ་བས་ཅུང་ཟད་ཙམ་གྱིས་མཆུ་ཐུང་ངོ༌། །སྨྱིག་མ་དང་འོད་མའི་འབྲས་བུ་ཡང་ནས་ཀྱི་གྲངས་སུ་བརྩིས་ཏེ། རྩུབ་ལ་དྲོད་ཆེ། ཚའོ། །གྲོ་ནི་རོ་མངར་ལ་སྣུམ་ལྕི་བསིལ་ཆེ་ལ་ཕན་ཏེ་འཚོ་བར་བྱེད། ཤ་འཚག་བཟང༌། ཁོང་བརྟ། བུད་མེད་ལ་ཕོད། རླུང་དང་མཁྲིས་པའི་ནད་སེལ། རྨ་དང་ཆག་གྲུགས་འཚོ། ལུས་ཀྱི་ཤ་མཁྲེགས་ཤིང་བརྟན། འཁྲུའོ། །འབྲུ་ནན་ཏི་མུ་ཁ་ནི་རོ་བསྐ་ཞིང་མངར། བསིལ་ལ་ཡང་ངོ༌། །འབྲས་ལ་སོགས་པ་འབྲུ་སྣ་ཚོགས་གྲ་མ་ཅན་རྣམས་ཀྱི་ཕན་གནོད་བཤད་པའི་ལེའུ་རྫོགས་སོ།། །།སྲན་མ་སྣ་ཚོགས་ཀྱི་ཕན་གནོད་ཀྱི་བྱེ་བྲག་བཤད་པ། མོན་སྲན་
སྡེའུ་མུངྒ་དང༌། མོན་སྲན་ཨ་ན་དི་ཀ་དང༌། སྲན་ཆུང་ལ་སོགས་པ་གང་བུ་ཅན་རྣམས་ཀྱི་འབྲུ་རྣམས་རོ་བསྐ་ཞིང་མངར་བ་ཡིན་ཏེ་བཤང་བ་སྲི་སྟེ་སྲ་བར་འོང༌། འཁྲུ་བ་གཅོད། ཞུ་བའི་རྗེས་ན་ཚི། སྨན་གྱི་སྟོབས་ནི་བསིལ་ཞིང་ཡང༌། ཚིལ་དང་བད་ཀན་དང་ཁྲག་དང་མཁྲིས་པའི་ནད་ལ་ཕན། ལུས་ལ་གཡན་པའམ། ཐོར་བུ་འམ། སྐྲངས་པ་འམ་ཚ་བ་ཡོད་པ་ལ་སྲན་མ་འདི་དག་གང་ཡང་རུང་སྟེ་ཞིབ་ཏུ་བཏགས་ལ་ལྡེ་གུར་བྱས་ཏེ་བྱུགས་ན་ཕན། ཞིབ་ཏུ་བཏགས་ཏེ་ཆུ་དང་སྦྱར་བ་ལས་རྐྱང་རྐྱང་པོ་འམ། རམ་རུམ་དུ་བརྡུངས་ཏེ་ཆུ་དང་སྦྱར་བའི་ཁུ་བས་ལུས་གཏོར་ཞིང་བཏབ་ན་ཚིལ་ཆེ་བ་དང༌། བད་ཀན་རྒྱས་པ་དང༌། ཁྲག་རྒྱས་པའི་ནད་དང༌། ཚ་བའི་ནད་མཁྲིས་པ་རྒྱས་པ་འདི་ལྟ་བུའི་ནད་ཀྱི་བག་ལ་ཕན་ནོ། །མོན་སྲན་སྡེའུ་ནི་སྲན་མའི་ནང་ན་ཅིལ་ཡང་ཕན་ཞིང་དགེ་སྟེ་བཅུད་དུ་འགྱུར། བཤང་གཅིའི་དྲི་མ་གཉིས་ཆུང་ཞིང་ཉུང་ངོ༌། །སྲན་མ་ནི་མཆོག་ཏུ་རླུང་སྐྱེ་བར་འགྱུར་རོ། །ར་ཟ་མ་ཤ་མོན་སྲན་དཀར་རུ་ནི་རླུང་སྐྱེ་ཁོང་རྩུབ། བཤང་བ་ཕལ་ཆེར་འོང༌། འཇུ་དཀའ་ལྕིའོ། །ཀུ་ལངྠ་རྒྱ་སྲན་ནག་པོ་ནི་དྲོད་ཆེ། ཚ། ཞུ་བའི་རྗེས་སྐྱུར་པོར་འགྱུར། ཆུ་སོར་ཁུ་ཆུ་སྐམས་ཏེ་རྡེའུ་ཆགས་པ་དང། ཆམ་པ་ན་བ་དང༌། དབུགས་མི་བདེ་བ་དང༌། ལུད་པ་ལུ་པ་དང༌། གཞང་འབྲུམ་གྱི་ནད་དང༌། བད་ཀན་དང༌། རླུང་ནད་འདི་རྣམས་སེལ་ཏེ་ཕན། མཁྲིས་པ་རྒྱས་པ་དང༌། ཁྲག་ནད་མཆོག་ཏུ་སྐྱེ་བར་འགྱུར་རོ། །ཡང་མོན་སྲན་ནི་རླུང་དང་མཁྲིས་པ་དང་ཁྲག་ནད་རྒྱས་པར་འགྱུར། བུད་མེད་ཀྱི་ནུ་ཞོ་སྐྱེ། གཅིན་མང༌། འཇུ་དཀའ། ལྕི། ཁོང་འཁྲུ། ལུས་ཚ་བར་འགྱུར། མིག་ལ་གནོད། ཁུ་ཆུ་འབྲི། བད་ཀན་སེལ། སྐྲངས་པའི་འོར་གྱི་བག་སེལ། དུག་ལ་ཕན་ནོ། །སྲན་མ་ཤ་མོན་སྲན་གྲེའུ་ནི་སྣུམ། བད་ཀན་སྐྱེ། བཤང་གཅི་དྲི་མ་མང༌། མཁྲིས་པ་སྐྱེ། ཁོང་འཁྲུ། ལྕི། ཚ་བ་སྐྱེ། རླུང་སེལ། རོ་མངར། ཁུ་ཆུ་སྐྱེ་སྟེ་མང་ལ་རླུགས་པར་འགྱུར་རོ། །ཡང་ཀ་ཀན་དུ་ལ་དང༌། ཁ་སྲལ་ཕྲེའུ་འདི་གཉིས་ཀྱང་གང་བུ་ཆགས་པས་སྲན་མའི་གྲངས་སུ་བརྩི་སྟེ། སྲན་མ་འདི་གཉིས་ཀྱི་འབྲུའི་ཕན་གནོད་མོན་སྲན་
གྲེའུ་དང་འདྲ་སྟེ་ནང་དུ་དྲོད་སྐྱེ། པགས་པའི་ཤ་མཐང་འཇམ་པོར་འགྱུར། སྲན་མ་འདི་བརྡུངས་པའི་ཆུ་འམ། ལྡེ་གུས་ལུས་བྱུགས་སམ། བཏབ་ན་བསིལ། སྐྲན་ལ་ཕན། སྟོབས་སྐྱེའོ། །ཏིལ་འབྲུ་ནི་ལྕི། གཅིན་ཉུང༌། ཞུ་བའི་རྗེས་ཚ། ཡིད་གཞུངས། ཟས་འཇུ་བའི་དྲོད་སྐྱེ། བད་ཀན་དང༌། མཁྲིས་པ་སྐྱེ་བར་འགྱུར་རོ། །རོ་མངར་ཁ། དྲོད་ཆེ། བད་ཀན་དང་མཁྲིས་པ་སྐྱ། ལྕི། ཞུ་བའི་རྗེས་ཚ་བས་ན། མིག་ལ་གནོད། ཁུ་ཆུ་སྐམ་མོ། །ལེ་བརྒན་རྩིའི་ས་བོན་ཡང་ཟར་མའི་འབྲུ་དང་འདྲ་བར་ཤེས་པར་བྱའོ། །གང་བུ་ཆགས་པའི་སྲན་མའི་ནང་ན། མོན་སྲན་གྲེའུ་ནི་མི་དགེ་སྟེ་ངན་ནོ། །གྲ་མ་ཆགས་པ་ལས་བྱུང་བའི་འབྲུའི་ནང་ན་ཡ་བ་ཀ་ཞེས་བྱ་བ་ནས་ངན་བ་འདི་གནོད་དོ། །སྲན་མ་དང་ནས་ལ་སོགས་པའི་འབྲུག་སར་ཐོག་ཐམས་ཅད་ནི་ལྕི་སྟེ་བད་ཀན་སྐྱེའོ། །འབྲུ་རྙིང་ལོ་ལོན་པ་ནི་ཡང་ངོ། །དེ་བཞིན་དུ་མྱུར་དུ་སྨིན་ཅིང་ཟླ་བ་མང་པོ་མ་ཐོགས་པར་རྒྱལ་བ་ཡང་ངོ༌། །མོན་སྲན་གྲེའུ་ལ་སོགས་པ་གང་ཡང་རུང་དྲུས་ཏེ་སྦུན་པ་དང་ཤུན་པ་མེད་པར་བྱས་པ་བརྔོས་པའི་ཚོད་མ་ནི་འཇུ་སླ་སྟེ་ཡང་ལ་ཕན་ནོ། །གང་བུར་ཆགས་པའི་སྲན་འབྲུ་སྣ་ཚོགས་ཀྱི་ཕན་གནོད་བཤད་པའི་ལེའུ་རྫོགས་སོ།། །།ཟས་ཀྱི་ཆོ་ག་བསྟན་པ། ནད་པ་ཉམ་ཆུང་བ་ལ་གསོ་བ་དང༌། ཟས་དང་ཟས་མི་འཇུ་བ་དང༌། ལྟོ་ན་བ་དང༌། རིམས་མ་བྱང་བ་དང༌། ནད་འཇུ་བར་བྱ་བའི་ཐབས་དང༌། བཀྲེས་པ་དང༌། སྐོམ་པ་གཉིས་ལ་སོགས་པ་ལ་ཕན་པའི་ཟས་ཀྱི་ཆོ་ག་འབྲས་ཐུག་སླ་མོ་རྐྱང་པ་དང༌། འབྲས་ཐུག་ཅུང་ཟད་ཙམ་གར་བ་དང་འབྲས་ཐུག་གར་པོ་ཁོ་ནར་བྱ་བ་དང༌། འབྲས་ཆན་སྦྱར་བ་ལ་སོགས་པའི་ཆོ་ག་བཤད་པ། འབྲས་བརྔོས་ཏེ་ཕྱེར་བཏགས་པ་ཆུ་བསྐོལ་བའི་ནང་དུ་གདུས་ཏེ་ཚ་བ་འམ། གྲང་བའི་ནད་ཀྱི་དམིགས་དང་ཡང་སྦྱར་ལ། དྲོད་ཆེ་བའི་སྤོད་དམ། བསིལ་བའི་བག་ཁ་ར་ལྟ་བུ་གདབ་མི་གདབ་ཀྱི་དམིགས་དང་སྦྱར་ཏེ། འདི་ལྟ་བུའི་འབྲས་ཐུག་རྐྱང་རྐྱང་པོ་འཐུངས་ན་ཡང་ལ་འཇུ་སླ། སྐོམ་པ་ལ་ཕན། ཟས་མ་ཞུ་བ་དང༌། རིམས་ཀྱིས་བཏབ་སྟེ་ཉི་མ་གཉིས་
སམ་གསུམ་ཟན་བཅད་དེ་སྨྱུང་བ་བྱས་པས་ཅུང་ཟད་རྩེ་ཞིལ་ནང་མ་བྱང་བ་ལྟ་བུ་ལ་ཕན། མཆིན་པན་སྟེ་ཕོ་བགྲང་བ་ལ་བེའུ་སྣབས་ལྟ་བུ་ཡོད་པ་འཇུ་བར་བྱེད། ལུས་ཀྱི་སྲོག་ཟུངས་བདུན་སྙོམས་པར་འགྱུར། རླུང་ནད་ཀུན་ཞི་བར་བྱེད་དོ། །ཡང་འབྲས་ཐུག་ཅེས་བྱ་བ་འབྲས་ཀྱི་ཤུན་པ་མ་དྲུས་པ་བརྔོས་ཏེ་བཏགས་པའི་ཐུག་པ་གར་པོ་འམ། དེ་ལྟར་མ་འབྱོར་ན་འབྲས་དྲུས་པའི་ཐུག་པ་གར་པ་ཡང་རུང་སྟེ། དེ་ལྟ་བུའི་ཐུག་ཕ་ནད་དམིགས་སྦྱར་ལ། སྤོད་བཏབ་སྟི་ཐུག་པ་སྔ་མ་བས་སླ་བ་འཐུངས་ན་འདི་ཡང་ལ་འཇུ་གླ་སྟེ། བཀྲེས་པ་དང༌། སྐོམ་པ་དང༌། ཉམ་ཆུང་བ་ལ་ཕན། ལྟོ་བ་ན་བ་ལ་ཕན། རིམས་ནད་སེལ། རྟུག་སྐམ་ལྟ་བུ་ལ་འོང་དུ་མི་རུང་བ་ལ་ཕན་ནོ། །ཐུག་པ་འདི་ལྟ་བུ་ནི་དྲོད་ཆེ། ནད་ཀུན་འཇུ་ཞིང་འབྱང་བར་བྱེད་དེ། འདི་ནི་ཐུག་པ་ཕན་པ་ཡིན་ནོ། །འབྲས་མ་བརྡོས་པར་ཐུག་པ་གར་པོར་བཅོས་ཏེ་ཁ་གཟར་གྱིས་བཅུ་ཞིང་བཟའ་བ་འདི་ཡང་ཡང་སྟེ་གོང་མ་ཙམ་ནི་མ་ཡིན་མོད་ཀྱི། འཁྲུ་བའམ་འཁྲུ་བའི་རྗེས་བཅད་པ་ལྟ་བུལ་བལ་པོ་སེའུ་དང་སྦྱར་ཏེ་བཏང་ན་གཅོད་དོ། །ཐུག་པ་གར་པོ་འདི་ལྟ་བུ་ནི་ཡི་གར་འོང༌། འཐུངས་ན་བད་ཀན་སྐྱེ་བས་སྐོམ་དང་ཆུང༌། དྲེད་ཆེ། རྨ་བྱུང་བ་དང་མིག་ན་བ་དང་བཀྲུ་སྨན་གྱིས་བཀྲུས་པའི་རྗེས་ལ་ཟས་ཀྱི་ཆོ་གར་སྦྱར་བ་དང༌། ཉམ་ཆུང་བ་དང་སྨན་མར་འཐུངས་པའི་ཟས་ནི་འདི་ལྟ་བུ་བཟང་སྟེ་ཕན་ནོ་།འབྲས་ཆན་ནི་ལེགས་པར་བཀྲུས་པ་ཕྱེད་ཙམ་ཚོས་པ་དང༌། ཁུ་བ་བཙགས་ཏེ་བོར་ལ། ཁ་ཟས་ཀྱིས་བཅད་ལམ་དག་མེ་ལ་བདུགས་ནས་དྲོད་མ་ཡལ་བར་བྱས་པ་འདི་ལྟ་བུ་ནི་ཡང་སྟེ་འཇུ་སྲ་མོད་ཀྱི། ཁ་གཟར་གྱིས་བཅུས་པའི་ཐུག་པ་གར་པ་ཙམ་དུ་ཡང་མ་ཡིན་ནོ། །ཡང་ཟས་ཀྱི་ཆོ་ག་འདུ་སླ་ཞིང་ཡང་ལ་དྲོད་ཆེ་བའི་སྨན་པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་དང༌། བཅའ་སྒ་དང༌། དབྱི་མོའི་ལོ་མ་དང༌། ཀྲུ་ཏྲུག་ཏྲེས་དང་ལྔ་བརྡུངས་པ་བསྐོལ་པའི་ཆུ་བཙགས་པའི་འབྲས་བཙོས་པའི་ཆན་ནི་འཇུ་སྤ་ལ་དགེའོ། །འདི་ལྟར་མ་བྱས་པའི་ཆུ་ལ་རང་ཆུང་དུ་བཙོས་བ་ནི་ལྕིའོ། །ཡང་འབྲས་ལེགས་པར་བཀྲུ་མ་ཞག་ལ་འོ་མ་འམ་
ཤ་ཁུ་འམ་མར་དང་སྦྱར་ཏེ་འབྲས་མ་བརྔོས་པའི་ཆན་ལྕི་ལ་འཇུ་དཀའོ། །དེ་ལྟར་ཟས་ཀྱི་ཆོ་གར་བྱ་བ་ཡང་གལ་ཏེ་ཟས་མི་བསོད་ཅིང་རྩུབ་པ་ནི་སྣུམ་བག་ཤ་དང༌། མར་ལྟ་བུ་དང་སྦྱར་ན་བསོད་པར་འགྱུར་བ་དང༌། གལ་ཏེ་ཟས་དེ་ཡང་འཇུ་དཀའ་བ་ཞིག་ཏུ་འགྱུར་དུ་དོགས་ན་ཟས་ལྕི་བ་དེ་འཇུ་ལ་དྲོད་ཆེ་བར་འགྱུར་བའི་སྤོང་བཏབ་ལ་ཚོས་པར་བཙོ་ཞིང་ཐབས་འདི་ལྟར་བྱ་བ་དང༌། ཟས་ཀྱི་ཆོ་ག་བཤམས་ནས་ཟ་བ་ཡང༌། འཇུ་མི་འཇུ་ལས་དཔགས་ཏེ་ཆོད་བཟུང་ཞིང་བཟའ་བ་ནི་ཕོ་བའི་བཞི་ཆ་གཉིས་ནི་ཟས་ཀྱིས་དགང༌། བཞི་ཆ་གཅིག་ནི་སྐོམ་གྱིས་དགང་ཞིང་རན་པར་བཟའ། ཕོ་བའི་བཞི་ཆ་ནི་མ་གང་བར་སྟོང་པར་གཞག་སྟེ། དབུགས་ཕྱི་ནང་དུ་བདེ་བར་རྒྱུ་བར་བྱ་བ་དང༌། ཕྱིས་སྐོམ་ན་ཡང་བཏུང་བའི་དོན་གྱིས་གཞག་པར་བྱ། འདི་ལྟར་ཚོད་མ་བཟུང་ན་དབུགས་མི་བདེ། ཟས་མི་འཇུ་བ་དང༌། ནད་གཞན་དུ་འགྱུར་རོ། །དེ་བས་ན་ཁོང་ནད་ཡོད་དེ་སྐེམ་པ་འམ། ནད་སོས་ཏེ་མ་བརྟས་པ་འམ། སྐྱུག་སྨན་དང་བཀྲུ་སྨན་གྱིས་བསྐུས་པའི་རྗེས་ལ་ལུས་བརྟ་བ་འམ། སྐེམ་པའམ། ཞན་ཅིང་རྨྱ་བ་འམ། གློ་རྡོལ་བའམ་ལུས་ཀྱི་སྲོག་ཟུངས་བདུན་ལྟ་བུ་ཟད་དམ། ལུས་དང་བཞིན་མདངས་རིད་ཅིང་མི་སྡུག་སྟེ། མདངས་ཉམས་པའམ། མིག་རྟུལ་བ་དང་རྣ་བ་མི་གསང་བ་དང༌། དྲོད་ཆུང་བ་དང༌། ལུས་ཀྱི་ལྟུ་ཚིགས་དང༌། བོག་རེའི་ཚིགས་སྨས་ཏེ་རྨ་བྱུང་བ་བརྟབ་དང༌། རླུང་ནད་ཅན་འདི་རྣམས་ལ་ནད་དམིགས་དང༌། དྲོད་ཆེ་ཆུང་དང་འཇུ་མི་འཇུ་ལས་བརྟག་སྟེ། ཡུལ་སྐམ་ས་ལས་བྱུང་བའི་ཤ་འམ། ཡུལ་གཤེར་ས་སེར་ཆེ་བ་ནས་བྱུང་བའི་ཤ་བཟང་པོ་དང༌། རྐང་དང་ལྷ་བ་ལ་སོགས་པའི་རུས་པ་བཅུད་ཡོད་དང༌། སྨན་དུ་སྦྱར་ལ་གདུས་ནས་བཙགས་པའི་ཁུ་བའི་བཅུད་བཏང་ན་ཁོང་བརྟས་ཏེ་ཤ་སྐྱེ། ཚིམ་པར་བྱེད་བུད་མེད་ལ་ཉལ་ཕོད་པར་འགྱུར། མིག་རྣོ། རྣ་བ་གསང༌། རྨ་འཚོ་ཞིང་མདོག་བཟང༌། ཚེ་ལ་ཕན་སྟོབས་ཆེ། སྐད་སྙན་ཏེ་བཅུད་དེ་ལྟ་བུ་ནི་ཕན་ཞིང་བསོད་པ་ཡིན་ནོ། །མོན་སྲན་སྡེའུ་མུངྒ་བཙོས་པའི་ཁུ་བ་ནི། སྐྱུག་སྨན་ནམ། སྨན་མས་གཏོང་སྟེ་བཀྲུས་པའི་རྗེས་ལ་ནད་
དམིགས་ལ་སྤྱོད་ཀྱི་སྣ་སྦྱར་ཞིང་འཐུངས་ན་ཕན། རྨ་འཚོ། ལྐོག་མ་ན་བ་དང༌། མིག་ནད་ལ་ཕན། རླུང་ནད་སེལ་ཏེ་ཕན་ནོ། །སྲན་ཀུ་ལངྠའི་ཆོ་ག །སྲན་ཀུ་ལངྠ་བཙོས་པའི་ཁུ་བས་ནི་རླུང་ནད་སེལ། སྐྲན་འཇུ། དཔྱི་མིག་གཡས་གཡོན་ནམ། རྒྱབ་བམ། ལྟོ་ནས་ཡང་རླུང་ནད་ཐོག་ཐག་ཏུ་མེར་མེར་པོར་ཟུག་སྟེན་པའམ། ཡང་ན་ལུས་སྟོད་ནས་དབྱི་མིག་དང་བརླ་གཡས་གཡོན་ནས་མར་ཟུག་ཅིང་ན་བ། འདི་ལྟ་བུའི་རླུང་ནད་སེལ་ཏེ་ཕན་ནོ། །ཏིལ་གྱི་ཚིགས་མ་དང་སྐྱུར་པོའི་གཡོས། ཏིལ་བཙིར་ཏེ་མར་ཕྱུང་བའི་ཚིགས་མ་ལས་ཚོང་མར་བྱས་སམ། ཚོད་མའི་ནང་དུ་བཏང་སྟེ་ཟའམ། གཞན་ཡང་ལ་ཕུག་དང་ཡུངས་མ་ལྟ་བུ་རྩ་བ་ལས་བསྐྲུན་པའི་མྱུ་གུ་ནར་མ་སོན་པར་ཟ་བ་དང༌། ཡུངས་མ་དང་ལ་ཕུག་གཏུབས་པ་དང༌། སྲན་ཕྱེར་སྦྱར་ཏེ་སྐྱུར་པོར་མནན་ལ་ལངས་པ་དང༌། བཙིར་ཏེ་ཅང་ཅང་པོ་ཤ་སྟག་བྱ་སྟེ། སྐམ་པའི་ཚོད་མ་བཟའ་བ་འདི་ལྟ་བུའི་ཟས་ནི་མི་དགེ་སྟེ། མིག་ལ་གནོད། རླུང་ནད་དང་བད་ཀན་དང་མཁྲིས་པའི་ནད་སྐྱེ། འཇུ་དཀའ་སྟེ་ལྕི། ལུས་རྨྱ་ཞིང་ཉམ་ཆུང་བར་བྱེད་དེ་གནོད་དོ། །ཞོ་དང་སྨན་དང་སྦྱར་བའི་གཡོས། ཞོ་ཅུང་ཟད་བསྲུབས་ལ། སྨན་དྲི་ཞིམ་པོ་སྣ་བཞི་པོ་ཤིང་ཚ་དང༌། སུག་སྨེལ་དང༌། གནྡྷ་བྷ་དྲ་དང༌། ནཱ་ག་གེ་སར་འདི་རྣམས་བཏགས་ཏེ་བཏབ་ལ་དཀྲུག་ཅིང་འཐུངས་ན་བསོད་དེ། ལུས་བརྟ། ཁོང་སྣུམ། བཅུད་དུ་འགྱུར་ཏེ་བུད་མེད་ལ་ཉལ་ཕོད། སྟོབས་སྐྱེ། ཡི་ག་འབྱེ། འདིའི་ནང་དུ་ཚ་བ་གསུམ་པ་ན་ལེ་ཤམ་དང༌། པི་པི་ལིང་དང་སྒ་རྣམས་བཏབ་ན་ནད་ཆམ་པ་སེལ་ཏོ། །སྐོམ་དུ་བཏུང་བར་སྦྱར་བའི་ཆོ་ག་རྒུན་སྐམ་ལྟ་བུ་ཆུའི་ནང་དུ་བཙོས་ཏེ། ལྷག་གཉིས་གསུམ་ཙམ་གདུས་ལ་ཚིགས་མ་བོར་ཏེ། རྒུན་ཆུ་དྲོ་འཇམ་གྱི་ནང་དུ་གོང་དུ་ཞོའི་ནད་དུ་སྦོད་སྨན་སྣ་བཞི་གདབ་པ་རྣམས་བཏབ་ལ་བསྒྲངས་ཏེ་འཐུངས་ན། ངལ་བ་དང་བཀྲེས་པ་དང་སྐོམ་པ་དང་སྙོམ་ཞིང་རྨྱ་བ་འདི་རྣམས་ལ་ཕན། སྐོམ་དུ་འོང་ཅུང་ཟད་ལྕི། ཕྱིས་བཤང་བ་སྲ། གློ་སྙིང་ལ་ཕན་ནོ། །རྒུན་རློན་ན་འཕྲལ་དུ་ཁོང་བསིལ། ཞུ་བའི་རྗེས་ནི་ཁོང་
བརྟ། བཅུད་དང་རོ་ཙ་བར་འགྱུར། སྦོད་སྨན་གཞན་ཡང་སོ་སོའི་ཡོན་ཏན་བཞིན་བལྟའོ། །འབྲས་ཡོས་ལས་ཡོངས་སུ་གཡོ་བའི་ཆོག །འབྲས་ཡོས་ལས་བཏགས་ཏེ་ཐུག་པའམ། ཟན་དུ་ཟོས་ན་སྐོམ་པ་དང་སློན་བྲོ་བ་དང༌། རབ་ཏུ་འཁྲུ་བ་དང༌། གཅིན་སྙི་སྟེ་མང་བ་དང༌། ཚོ་ཆེས་ཏེ་ཚིལ་ཆེ་པ་དང༌། བད་ཀན་རྒྱས་པས་ནད་འདི་ལྟ་བུ་དང༌། ལུད་པ་ལུ་བ་དང༌། མཁྲིས་པའི་ནད་ཀུན་ཞི་བར་བྱེད། །བོང་དུ་དྲོད་སྐྱེ། ཡང་སྟེ་འཇུ་སླ། ཅུང་ཟད་བསིལ་ལོ། །འབྲས་དང་ནས་གསར་ཐོག་པའི་ཟས་ཀྱི་བྱེ་བྲག །འབྲས་སར་པ་འམ། ནས་སར་པ་ལས་ཟས་སུ་བྱ་བ་ནི་ལྕི། ཉམས་སྟོབས་སྐྱེ། བད་ཀན་སྐྱེ། མཁྲིས་པས་དོགས་ཤིང་བཤང་བ་སྲའོ། །ནས་ཡོས་དང་ནས་ཕྱེའི་བྱེ་བྲག །ནས་ཡོས་འཚོས་པ་ནི་འཁྲེན་པ་དོགས། སྐོམ་དང་ཆེ། ཚིལ་འབྲི་སྟེ་ཁོང་གྲིམས། ལྕི་བ་ཡིན་ནོ། །ནས་ཕྱེ་ནི་ཡང་ཡང༌། འཇུ་སླ། བཀྲེས་པ་དང༌། སྐོམ་པ་དང་ངལ་བ་ལ་ཕན། མིག་ན་བ་དང་རྨ་ནད་ལ་དགེ་སྟེ་ཕན། སྐྱོ་མར་བྱས་ཏེ་འཐུངས་ན་འཕྲལ་དུ་བརྟས་ཏེ་མཐུར་འགྱུར་བ་བསོད་དོ། །ཕྱེ་དང་ཆུར་སྦག་ཅིང་མི་བཟའ། དུས་གཉིས་སུ་མི་བཟའ། ཕྱེ་འབའ་ཞིག་མི་འགམ། འབྲས་ཆན་ལ་སོགས་བ་ཟས་འགྲངས་པར་ཟོས་པའི་རྗེས་ལ་ཟན་མི་བཟའ། ཟན་བཅངས་ལ་སོགས་གཅད་ཅིང་བཟའ་བར་མི་བྱ། ཏིལ་གྱི་ཚིགས་མ་ངོས་སུ་དེ་བཞིན་ཟོས་ན། ལུས་སྐམ་ཞིང་ཉམ་ཆུང་བར་འགྱུར། རྩུབ་སྟེ་རླུང་སྐྱེ། བཤང་བ་ཐུར་དུ་འབྱུང་མི་རུང་སྟེ། འཁྲེན་པས་དོགས། མིག་ལ་གནོད་དོ། །ཤ་གཡོས་ལ་སོགས་པ་སྤོ་ད་དང་སྦྱར་བའི་གཡོས་རྣམས་ནི། སྤྱིར་ལྕི་ཞིང་ཁོང་སྣུམ། སྟོབས་སྐྱེ། ཤ་བཟང་ཞིང་བརྟ་བར་འགྱུར་རོ། །བལ་སྲན་སྡེའུ་མུངྒ་ལ་སོགས་པ་གཡོས་སུ་བྱ་བའི་ནང་དུ་ཡང༌། སྤྱོད་ཅིང་བཏབ་པ་ཕན་པའི་ཡོན་ཏན་ཡང་དེ་བཞིན་དུ་འགྱུར་རོ། །ཁུར་བའི་རྣམ་གྲངས་ཀྱི་བྱེ་བྲག་མེ་མདག་གི་ནང་དུ་ཚོས་པར་བསྲེགས་པའི་ཁུར་བ་དང༌། དོགས་ལེའུ་ནང་དུ་བསྲེགས་པའི་ཁུར་བ་དང༌། ས་སླང་རྩེག་མའི་ནང་དུ་བསྲེགས་པའི་ཁུར་བ་དང༌། ད་ནུར་ལ་བསྲེགས་
པའི་ཁུར་བ་དང༌། རྒྱ་སོལ་ལ་བསྲེགས་པའི་ཁུར་བ་དང༌། འདི་རྣམས་ཁུར་བའི་རྒྱུའི་དངོས་པོ་ནི་གཅིག་སྟེ་འདྲ་མོད་ཀྱི། བསྲེག་ཅིང་ཚོས་པར་བྱས་པ་ཐ་དད་པ་ལས་ཅི་ཡང་མི་འདྲ་སྟེ། ཁུར་བ་གོང་མ་བས་འོག་མ་རིམ་པས་ཡང་ངོ༌། །འབྲུ་ཟས་ལས་གཡོས་སྣ་ཚོགས་ཀྱི་བྱེ་བྲག་བསྟན་པ་རྫོགས་སོ།། །།རི་དྭགས་སྣ་ཚོགས་ལ། ཤ་བ་དང༌། དགོ་བ་དང༌། རི་དྭགས་ཀུ་ར་ཞེས་བྱ་བ་དང༌། ཨ་རི་ཤ་དང༌། རྐྱང་དང༌། མྲྀག་མ་ཏྲི་ཞེས་བྱ་བ་དང༌། རི་བོང་དང༌། དང་སྒོ་དང༌། ལྡང་སྒོ་སྐ་དང༌། རི་དྭགས་ཙ་རུ་སྐ་དང༌། འདི་རྣམས་ལ་སོགས་པའོ། །བྱ་སྣ་ཚོགས་དང་བྱ་ཁྲ་ལ་སོགས་པ་རི་དྭགས་དང༌། བྱ་སྣ་ཚོགས་མཐུ་རྩལ་གྱིས་ཟས་ཚོལ་བ་ལ། རི་བྱ་སྣ་ཚོགས་དང༌། རི་བྱ་ཏི་ཀ་ཞེས་བྱ་བ་དང༌། རག་ཏན་ར་མ་ཀ་ཞེས་བྱ་བ་དང༌། གོང་མ་སྲེ་གང༌། ཨུ་བ་ཙ་ཀྲ་ཞེས་བྱ་བ་དང། ཙ་ཀོ་ར་དང༌། ཀུ་རུ་བ་དང༌། བར་ཏ་ཀ་དང༌། བར་ཏི་ཀ་དང༌། ཏི་ཏི་ར་དང༌། གོང་མ་སྲེག་དང༌། རྨ་བྱ་དང༌། བྱ་གག་དང༌། བར་ཀ་དང༌། གོན་དྷ་དང༌། གི་རི་བར་ཏ་ཀ་དང༌། ཤར་པ་ཏ་ཀ་དང༌། ཨིན་ཏྲ་པ་དང༌། རི་བྱ་འདི་རྣམས་ཀུན་འདྲ་སྟེ་ཁྲོན་རྐོ་བས་ཟས་ཚོལ་བ་ཡིན་ནོ། །གཞན་ཡང་ཤང་ཤང་ཏེའུ་དང༌། ད་ཏྱ་ཨ་ཞེས་བྱ་བ་དང༌། བྲྀང་ག་ཏ་ཞེས་བྱ་བ་དང༌། ནེ་ཙོ་དང༌། ཤ་རི་ཀ་ལ་སོགས་པ་དང༌། མ་ཏྭ་དང༌། ཀོ་ཀི་ལ་དང༌། ཧ་རི་ཏ་དང༌། ཐི་བ་དང༌། བྱེའུ་ལ་སོགས་པ་འདི་རྣམས་ནི་ཟས་སུ་མཆུས་རྐོ་བ་ཡིན་ནོ། །ཁུང་དང་ཕུག་ན་གནས་པ་ལ། སྦལ་པ་དང༌། སྦྲུལ་དང༌། གོང་དང༌། བྱི་དུར་དང༌། འདི་རྣམས་ཡིན་ནོ། །གཞན་ཡང་གཅན་གཟན་བྱ་ཁྲ་ལ་སོགས་པ་མཐུ་རྩལ་གྱིས་ཟས་ཚོལ་བ་ལ། སྟག་དང༌། གཟིག་དང༌། སེང་གེ་དང༌། དོམ་དང༌། སྦྲེའུ་དང༌། བྱི་ལ་དང༌། སྦྱང་ཀི་དང༌། ཕྱུགས་དྲེད་དང༌། མི་དྲེད་དང༌། ཝ་དང༌། འཕར་བ་དང༌། ཁྲ་དང༌། ཁྲ་སྤྱང་སེར་དང༌། ཆུན་ལག་དང༌། ཁྭ་དང༌། བྱ་རིགས་པ་དང༌། ཁྲ་སྔོན་པོ་དང༌། བྱ་ཀུ་ར་ར་དང༌། བྱ་རྒོད་དང༌། འུག་པ་དང༌། བྱ་ཀུ་ལིང་ག་ཀ་དང༌། བྱ་དུ་མི་ཀ་དང༌། བྱ་མ་ནུ་ཧ་དང༌། འདི་རྣམས་ལ་སོགས་པའོ། །
རི་དྭགས་ཆེན་པོའི་མིང་ལ། ཕག་རྒོད་དང༌། མ་ཧེ་དང༌། བྱང་ཁུང་དང༌། རོ་ཧི་རྒྱ་དང༌། གླང་པོ་ཆེ་དང༌། གནག་རྒོད་དང༌། བསེ་དང༌། སྨྱུག་གླང་དང༌། འདི་རྣམས་སོ། །ཕྱུགས་དགས་དང༌། རྟ་དང༌། བ་གླང་དང༌། བོང་བུ་དང༌། མཇོ་དང་གནག་ལ་སོགས་པའོ། །ཆུ་ན་གནས་པའི་བྱ་སྣ་ཚོགས་ལ། བྱ་ངང་པ་དང༌། བྱ་ས་རས་དང་བྱ་ཀ་དམ་པ་དང༌། བྱ་ཀར་དང༌། ཀར་ན་ཏ་ཐ་དང༌། བྱ་རླ་དང༌། སྐྱ་ངང་དང༌། ཨུ་འགྲོ་ཤ་དང༌། དུར་པ་དང༌། སོ་བྱ་དང༌། ཁྲུང་ཁྲུང་ལ་སོགས་པ་འདི་རྣམས་ནི་ཆུ་ན་གནས་ཤིང་རྒྱུ་བ་ཡིན་ནོ། །ཆུའི་ནང་ན་གནས་པའི་ཉ་ལ་སོགས་པ་ལ། ཉ་རོ་ཧི་ཏ་དང༌། པ་ཐི་དང༌། རུས་སྦལ་དང༌། ཀུ་བིར་དང༌། ཀ་ར་ཀ་ཏ་དང༌། ཉ་ཕྱིས་དང༌། དུར་བ་དང༌། སྲམ་དང༌། ཤམ་བུ་ཀ་དང༌། ཉེའུ་ལྟང་བུ་དང༌། འབར་མི་དང༌། ཙན་ཏྲ་ཀ་དང༌། བུ་ལི་ཀ་དང༌། ནྱ་གྲོ་དྷ་དང༌། ཆུ་སྲིན་མ་ཀར་དང༌། རྒྱ་མཚོ་ན་གནས་པའི་ཉ་བོ་ཆེ་དང༌། ར་ཛི་དང༌། ཙི་ལི་ཙི་མ་ལ་སོགས་པ་སྣ་བརྒྱད་དོ། །ལུག་དང་ར་གཉིས་ཀྱི་ཟས་ནི། སྐམ་དང་གཤེར་ལ་སོགས་པ་ཡང༌། ཚོལ་ཞིང་ཟབས་གཅིག་ཏུ་མ་ངེས་པའི་ཕྱིར་རོ། །རི་དགས་དང༌། བྱ་དང་ཉ་ལ་སོགས་པ་རྣམ་པ་བརྒྱད་དུ་ཕྱེས་ཏེ་བཤད་པའི་ནང་དུ་ངེས་པ་མ་ཡིན་ནོ། །དེ་ལ་རི་དགས་རྣམས་དང༌། རི་བྱ་མཆུས་ཟས་ཐུབ་རྣམས་དང༌། ཕུག་དང་ཁུང་ན་གནས་པ་དང༌། ཕོའི་རིས་བཞི་པོ་རྣམས་ནི་འདྲ་སྟེ། སྐམས་ལ་གནས་པའི་སྲོག་ཆགས་ཀྱི་ནང་དུ་གཏོགས་སོ། །ཆུ་ལ་གནས་ཤིང་རྒྱུ་བ་ཆུ་བྱ་དང༌། ངང་པ་ངུར་པ་ལ་སོགས་པ་དང༌། ཆུའི་ནང་ན་གནས་པའི་ཉལ་སོགས་པ་དང༌། དུང་དང༌། ཉ་ཕྱིས་ལ་སོགས་པ་འདི་རྣམ་གཉིས་ནི་གཤེར་ས་ན་གནས་པའོ། །དེ་ལ་མཐུ་རྩལ་གྱིས་ཟས་ཚོལ་བ་གཅན་གཟན་དང༌། ཁྲ་རྣམས་དང༌། རི་དྭགས་ཆེན་པོར་བརྩི་བ་ཕག་རྒོད་དང༌། མ་ཧེ་དང༌། གླང་པོ་ཆེ་དང༌། བསེལ་སོགས་པ་བར་མ་འདི་རྣམ་གཉིས་སྐམ་ས་དང་གཤེར་ས་གཉིས་ཀ་ལ་ཐུན་མོང་དུ་གནས་སོ། །དེ་ལ་ཡུལ་སྐམ་ས་ན་གནས་པའི་ཤ་ནི་བསིལ་ཞིང་ཡང་སྟེ་འཇུ་སླ། བཤང་བའི་དྲི་ཐུར་དུ་འབྱུང་བསྐམ་
བག་རིལ་པོར་འོང་ངོ༌། །འདུས་པའི་ནད་མཁྲིས་པ་ནི་ཆེ་རླུང་ནི་འབྲིང༌། བད་ཀན་ནི་ཆུང་བ་འདི་ལྟར་མི་བདེ་བ་ལ་སྐམ་ས་ནས་འབྱུང་བའི་ཤ་ཕན་ནོ། །དེ་ལ་རི་བོང་གི་ཤ་ནི་བསིལ་ལ་རྩུབ་པ་ཟོས་ནས་ཞུ་བའི་རྗེས་ནི་ཚ། དྲོད་འབར། དྲི་མཐུར་དུ་འབྱུང་བ་སྐམ་པོ་སྲ་བར་འོང༌། དེ་ལ་ཁྲོན་རྐོ་བས་ཟས་ཚོལ་བའི་བྱ་བར་ཏ་ཀ་དང༌། བར་ཏི་ཀ་ལ་སོགས་པའི་ཅུང་ཟད་ལྕི། སྣུམ། ལུས་ཀྱི་ཤ་སྐྱེ། བརྟ་བར་འགྱུར་རོ། །རྒྱ་བྱའི་ཤ་ནི་གོང་མ་དེ་དག་པས་ཀྱང་དགེ་སྟེ་དྲོད་སྐྱེ། ཡིད་གཞུངས། ཁུ་ཆུ་སྐྱེ། བཞིན་མདོག་བཟང་པོར་འགྱུར། རླུང་ཤས་ཆེ་བའི་འདུས་པའི་ནད་མཆོག་ཏུ་སེལ། དྲི་མ་ཐུར་དུ་བཤང་བ་ཅུང་ཟད་སྲ། རྨ་བྱའི་ཤ་ནི་འཕྲལ་དུ་ཕན་པ་མ་ཡིན་མོད་ཀྱི། རྣ་བ་མི་གསང་བ་འམ། སྐད་འགགས་སམ། མགུལ་མི་བདེ་བ་འམ། མིག་རྟུལ་བ་འམ་འདི་རྣམས་ལ་ཕན་ནོ། །རྒས་སྲ་བར་འགྱུར། ཡོན་ཏན་འདི་འདྲ་བར་རྒྱ་བྱ་དང་ཁྱིམ་བྱ་ཡང་འདི་བཞིན་དུ་ཕན་ཏེ་ལྷག་པར་རོ་ཙ་བར་འགྱུར་རོ། །ཁྱིམ་བྱ་ནི་ཅུང་ཟད་ལྕི་ལ་བད་ཀན་སྐྱེའོ། །གོང་མོ་དང༌། བྱ་ཨུ་པ་ཙ་ཀྲའི་ཤ་ནི་ཡིད་གཞུངས་པོ་བའི་མེ་དྲོད་སྐྱེ། ཡི་གར་འོང༌། ཐི་བ་མིག་ཡ་གཅིག་མི་མཐོང་བའི་ཤ་ནི་ལྕི་ལ་ལན་ཚྭ་བྲོ། །རླུང་ནད་དང་བད་ཀན་དང་མཁྲིས་པའི་ནད་ཀུན་སྐྱེ་སྟེ། མི་དགའོ། །བྱིའུ་མཆིལ་པ་ལ་སོགས་པའི་ཤ་ནི་བད་ཀན་དུ་འགྱུར། ཁོང་སྣུམ། རླུང་ནད་སེལ། ཁུ་ཆུ་མཆོག་ཏུ་མང་བར་འགྱུར་རོ། །དེ་ལ་ཕུག་དང་ཁུར་ན་གནས་པའི་སྲོག་ཆགས་དང༌། མཐུ་རྩལ་གྱིས་ཟས་ཚོལ་བ་ཁྲ་དང་གཅན་གཟན་དང༌། ཕག་རྒོད་ལ་སོགས་རི་དྭགས་ཆེན་པོ་དང༌། ཆུ་ལ་གནས་པའི་དང་དུར་དང༌། ཆུའི་ནང་གི་སྲེག་ཆགས་ཉ་ལ་སོགས་པ་འདི་རྣམས་ལྔ་ཆར་གྱི་ཤ་ནི་ལྕེ། སྣུམ་ལ་མངར་བར་འགྱུར་བ་ཡིན་མོད་ཀྱི་དེ་ལ་བྱེ་བྲག་ཏུ་འདི་རྣམས་ལ། གོ་རིམས་བཞིན་དུ་ལྟག་མ་པས་འོག་མ་ཁད་ཀྱིས་ལྕི་བ་དང༌། གོང་མ་བས་འོག་མ་དྲོ་ཞིང་ཚ། གོང་མ་བས་འོག་མ་ཁོང་སྣུམ་པར་འགྱུར། དེ་ལྟར་རི་དྭགས་ལ་སོགས་བ་སྲོག་ཆགས་ཀྱི་རིས་རྣམ་པ་ལྔ་པོ་དེ་དག་གི་ཤ་ནི་
གཅིན་མང༌། ཁུ་ཆུ་སྐྱེ། སྟོབས་སྐྱེ། རླུང་སེལ། བད་ཀན་དང་མཁྲིས་པ་སྐྱེའོ། །དེ་ལ་ཕག་རྒད་དང༌། གླང་མོ་ཆེ་ལ་སོགས་པ་རི་དྭགས་ཆེན་པོ་རྣམས་ཀྱི་ཤ་ནི་བསིལ་ལོ། །གཅན་གཟན་དང་ཁྲ་ལ་སོགས་པ་སྲོག་ཆགས་གཞན་ཟ་བའི་ཤ་ཟོས་ན་མིག་རྣོ་བར་འགྱུར་རོ། །བཤང་གཅིག་ཉིག་འགག་མི་སྲིད་དེ་སྙི་བར་འོང་ངོ༌། །ཤ་སྐྱེ། ཞུ་བའི་རྗེས་ནི་ཆ་ཞིང་དྲོད་ཆེ་བར་འགྱུར། ཤ་འདི་ལྟ་བུ་མི་རྒན་པོ་དང་ཉམ་ཆུང་བས་ཟོས་ན། རྒན་ལུས་བརྟ་ཞིང་གཞང་འབྲུམ་གྱི་ནད་དང་ཕོ་བའི་གྲང་བའི་ནད་དང་ལུས་སྐེམ་པའི་ནད་འདི་རྣམས་ལ་མཆོག་ཏུ་ཕན་ནོ། །ར་ཤ་ནི་ཧ་ཅང་བསིལ་བ་ཡང་མ་ཡིན། ཧ་ཅང་སྣུམ་པ་ཡང་མ་ཡིན་ཏེ། ར་ཤ་ཟས་ན་ནད་དམིགས་ནི་གང་ཡང་མི་འབྱུང་ངོ༌། རང་ཉིད་ནི་ལུས་ཀྱི་ཤ་ཡང་ཆེ་ཆུང་མེད་དེ་མཉམ། ཁམས་ཀྱང་ཆེ་ཆུང་མེད་དེ་མཉམ་པས་ན་དེའི་ཕྱིར་ནི་བད་ཀན་ཡང་མི་ཆེ། རླུང་ཡང་མི་ཆེ། ཧ་ཅང་ཚོ་བ་ཡང་མ་ཡིན་པས་དེའི་ཤ་ནི་དེ་ལྟར་ཕན་ནོ། །ལུག་ཤ་ནི་རའི་ཤས་ཕན་པ་ཇི་སྐད་དུ་བཤད་པ་དེ་ལས་བཟློག་སྟེ་ཤེས་པར་བྱའོ། །དེ་ལ་ཡང་ཇི་ལྟ་ཞེ་ན། ལུག་གི་ལུས་ཀྱི་ཤ་ཡང་སྙོམས་པ་མ་ཡིན་པ་ཁམས་ཀྱང་སྙོམས་པ་མ་ཡིན་པས་ཚ་བ་སྐྱེ། ལྕི། ཧ་ཅང་སྣུམ་ཆེ་སྟེ། རླུང་དང་བད་ཀན་དུ་ཡང་འགྱུར། ལུས་ཀྱི་ཤ་ཡང་ཆེའོ། །བ་གླང་གི་ཤ་ནི། ལུད་པ་སྐམ་པོར་འོང་བ་ལ་ཕན། ངལ་ཏེ་ཆད་པ་དང༌། ཧ་ཅང་དྲོད་ཆེས་ཏེ་ཚ་བ་དང༌། རིམས་ནད་ཀྱི་ལྡང་དུ་བ་ཏུ་དུས་མི་འདྲ་བར་ལྡང་བ་དང༌། ཆམ་པས་བཏབ་པ་དང༌། ལུས་སྐེམ་པོར་འགྱུར་བ་དང༌། འདི་རྣམས་ལ་ཕན་ནོ། །རླུང་ནད་གཅིག་པུ་ན་བ་ལ་ཕན་ནོ། །མ་ཧེའི་ཤ་ནི་དྲོད་ཆེ་སྟེ་ཚ། ལྕི་སྟེ་འཇུ་དཀའ། གཉིད་ཆེ་ལུས་ཀྱི་ཤ་སྐྱེ། ཁོང་གྲིམས། ལུས་ཤ་སྐེམ་ཞིང་སྦོམ་པོར་འགྱུར་རོ། །མ་ཧེ་བཞིན་དུ་ཕག་རྒོད་ཀྱི་ཤ་ཡང་དེ་དང་འདྲ་སྟེང་ལ་ཞིང་ཆད་པ་ལ་ཕན། ཡི་ག་འབྱེ། ཁུ་ཆུ་མང་བར་འགྱུར། སྟོབས་སྐྱེའོ། །ཉ་ལ་སོགས་པ་ནི་མཆོག་ཏུ་བད་ཀན་དང་མཁྲིས་པ་སྐྱེའོ། །ཆུ་ལ་གནས་པའི་སྲོག་ཆགས་ཙི་ལི་ཙི་མ་ཞེས་བྱ་བའི་ཤ་ནི། རླུང་ནད་དང་བད་ཀན་དང་མ་ཁྲིས་པའི་ནད་ཀུན་སྐྱེ་སྟེ་མི་
དགེའོ། །བྱ་བ་ལ་ཞེས་བྱ་བ་སྲེག་པ་ལྟ་བུ་དང༌། ཉ་རོ་ཧི་ཏ་དང༌། གོ་ཏ་ཞེས་བྱ་བ་དང༌། ཤ་བ་ལ་སོགས་པ་ནི་སོ་སོ་རིས་རིས་ཀྱི་ནང་ན་མཆོག་ཏུ་བཟང་སྟེ། བྱ་ཁྲོན་རྐོ་ཞིང་ཟས་སུ་མཐུས་ཚོལ་བའི་ནང་ན་བྱ་བ་ལ་ཞེས་བྱ་བ་སྲེག་པ་ལྟ་བུ་མཆོག་ཏུ་བཟང་ངོ༌། །ཆུའི་ནང་ན་གནས་པའི་ཉའི་ནང་ན་ཉ་རོ་ཧི་ཏ་ཞེས་བྱ་པ་མཆོག་ཏུ་ཕན་ཏེ་དགེའོ། །ཕུག་དང་ཁུང་ན་གནས་པའི་ནང་ན་གཅན་གཟན་གོ་ད་ཞེས་བྱ་བ་ནད་ཅི་ལ་ཡང་ཕན་ཏེ་དགེའོ། །དེ་ལྟར་ཤ་མིང་གིས་སྨོས་སོ་ཅོག་ཀུན་ཀྱང་རྒན་གཞོན་མ་ཁྱེར་ཏེ་ན་ཚོད་དར་ལ་བབ་པ། ཚོན་པོ་བསད་མ་ཐག་པ་མ་རུལ་བ་དེ་ལྟ་བུ་བཟའོ། །མིང་གིས་སྨོས་པའི་ཤ་དེ་རྣམས་ལས་བཟར་མི་རུང་བ་ནི། རང་ཤི་བ་རིད་པ་ཧ་ཅང་ཚོ་ཆེས་པ་ནད་ཀྱིས་ཤི་བའམ། ཆུའི་ནང་དུ་ཤི་བ་འམ། དུག་གིས་བསད་པའི་ཤ་འདི་ལྟ་བུ་བཟར་མི་རུང་ངོ༌། །རི་དྭགས་དེ་རྣམས་ཀྱི་ཤ་ཕོ་སྨོས་ལ་ལྕི་ཡང་དུ་དབྱེ་བ་ནི་རི་དགས་ལ་སོགས་པ་ཕོའོ་ཅིག་གི་རོ་སྟོད་དང༌། མགོ་བོའི་ཤ་ནི་ལྕི་སྟེ་འཇུ་དཀའོ། །མོའོ་ཅོག་གི་རོ་སྨད་ཀྱི་ཤ་ལྕི་སྟེ། འཇུ་དཀའོ། །སྦྲུམ་མའི་ཤ་ནི་སྤྱིར་ལྕི་བ་ཡིན་ནོ། །དེ་ལ་ཡང་བྱེ་བྲག་ཏུ་རི་དགས་དང་ཕྱུགས་མོ་རྐང་ལག་བཞི་ཟུག་པའི་ཤ་ནི་ཡང་ངོ༌། །བྱའི་ཕོ་འོ་ཅོག་གི་ཤ་ནི་ཡང་ངོ༌། །དེ་ལ་རི་དགས་དང་བྱ་ལ་སོགས་པ་གང་ཡང་རུང་སྟེ་སྤྱིར་ནི་མགོ་བོ་དང༌། གླང་རྒྱས་ལྕི་སྟེ་འཇུ་དཀའོ། །དེ་བས་ན་རོ་སྟོད་ཡང༌། རོ་སྟོད་པས་བརླ་ཡང༌། དེ་བས་རྒྱབ་ཀྱི་ཤ་ཡང༌། དེ་བས་ཁ་མཚུར་དང་ལྕེ་ཡང༌། དེ་བས་རྐེད་པ་ཡང༌། དེ་བས་དཔྱི་ཡང༌། དེ་བཞིན་དུ་ནང་གྲོལ་ལ་ཕོ་བ་དང༌། གྲོད་པ་དང་གློ་སྙིང་ལ་སོགས་པ་སྟོད་ཀྱི་ཤ་ནི་ལྕིའོ། །གཉེ་མ་དང་རྒྱུ་མ་ལ་སོགས་པ་སྨད་ཀྱི་ནང་གྲོལ་ནི་ཡང་སྟེ། གོ་རིམས་བཞིན་དུ་ཤེས་པར་བྱའོ། །ཁྲག་དང་ཤ་ལ་སོགས་པའི་ལྕི་ཡང་ནི་ཁྲག་པས་ཤ་ལྕི། ཤ་བས་ནི་ཚིལ་ལྕི། ཚིལ་བས་རུས་པ་ལྕི། རུས་པ་བས་རྐང་ལྕིའོ། །ཤ་བས་ནི་རླིག་པ་འཇུ་དཀའ་སྟེ་ལྕི། རླིག་པ་བས་མཛ་འཇུ་དཀའ་སྟེ་ལྕི། མ་བལ་མ་བས་མཆིན་པ་ལྕི། མཆིན་པ་བས་གཞང་ལྕི་སྟེ་འཇུ་དཀའོ། །རི་དགས་སྣ་
ཚོགས་དང༌། བྱ་བྲན་སྣ་ཚོགས་དང༌། ཉ་ཤ་ལ་སོགས་པའི་བྱེ་བྲག་ཕན་གནོད་སྣ་ཚོགས་དང་ལུག་ལ་སོགས་པའི་བྱེ་བྲག་ཕན་གནོད་སྣ་ཚོགས་བཤད་པའི་ལེའུ་རྫོགས་སོ།། །།ཚོད་རྔད་སྣ་ཚོགས་ཀྱི་བྱེ་བྲག་དང་ཕན་གནོད་བཤད་པ། ཚོད་མ་པ་ཐ་དང། ཤ་རི་དང༌། ཤུ་ཤ་དང༌། སུ་ནི་ཤན་དང༌། ས་ཏི་ན་ཟ་དང༌། ར་ཟག་ཤ་བ་དང༌། རྒྱ་སྣེའུ་འདི་རྣམས་འདྲ་སྟེ་རླུང་དང་བད་ཀན་དང་མཁྲིས་པ་སེལ། འཇུ་སླ་ཁོང་ཡང༌། ཐུར་དུ་བཤང་བ་སྲ་བར་འགྱུར་རོ། །དེ་ལ་ཡང་ཚོད་མ་སུ་ནི་ཤ་ན་ནི་དྲོད་ཆེ། མིའི་ཁོང་བརྟ། བུད་མེད་ལ་ཕོད་པར་འགྱུར་རོ། །ཚོད་མ་འདི་རྣམས་ཀྱི་ནང་ན་ར་ཟག་ཤ་བ་ཞེས་བྱ་བ་ནི་མཆོག་ཏུ་དགའོ། །རྒྱ་སྣེའུ་ནི་ཕོ་བའི་ནད་དང་གཞང་འབྲུམ་གྱི་ནད་སེལ་རྟུག་སྐམ་གྱིས་བཏབ་པ་སེལ་བར་འགྱུར་རོ། །ཚོད་མ་ཀ་ཀ་མ་ཅི་ཞེས་བྱ་བ་མོན་སྣེའུ་ནི་རླུང་ནད་བད་ཀན་ད་བ་མཁྲིས་པའི་ནད་སེལ། མཛེ་ནད་ལ་ཕན། ཁོང་བརྟ་བུད་མེད་ལ་ཉལ་ཕོད་པར་འགྱུར་རོ། །དྲོད་ཆེ་རྒས་སྲ་སྨན་བཅུད་ལེན་གྱི་མཐུ་དང་འདྲ་བར་འགྱུར་རོ། །ཅུང་ཟད་ཙམ་ཁོར་འཁྲུ་མགུལ་སྙན་པར་འགྱུར་རོ། །ཚོད་མ་ཙང་གི་རི་ཞེས་བྱ་བ་རྩ་སྐྱུར་བ་ཞིག་ཡོད་པ་དེ་ནི་ཟས་འཇུ། དྲོད་ཆེ། ཕོ་བའི་ནད་དང་གཞང་འབྲུམ་གྱི་ནད་དང༌། རླུང་ནད་དང་བད་ཀན་གྱི་ནད་ལ་ཕན། དྲོད་ཆེ། ཕོ་བ་གྲང་ཞིང་ཟས་མི་འཇུ་ཞིང་ཁོང་འཁྲུ་བ་ལ་ཕན་ནོ། །ཚོད་མའི་སྣ་གྲངས་ལ། ཚོད་མ་པ་ཏོ་ལ་ཞེས་བྱ་བ་དང༌། ཚོད་མ་ས་བ་ཏ་ལ་ཞེས་བྱ་བ་དང༌། ཚོད་མ་ཨ་རི་ཏི་དང༌། ཚོད་མ་ཤང་ག་ཏ་དང༌། ཚོད་མ་བལ་གུ་ཏ་དང༌། ཚོད་མ་སླེ་ཏྲེས་ཀྱི་ལོ་མ་དང༌། སྦའི་མི་གུ་དང༌། བྲི་ཧ་ཏི་དང༌། ཚོད་མ་པ་ཤ་ཀ་དང༌། ཚོད་མ་ཀུ་ཏ་ལི་དང༌། ཏིལ་གྱི་ལོ་མ་དང༌། ཚོད་མ་མན་དུ་ཀིའི་འདབ་མ་དང༌། ཚོད་མ་ཀ་ཀོ་ཏ་དང༌། ཚོད་མ་ཀ་ར་བེར་ག་དང༌། ལྡུམ་བུ་སྐྲ་བཟང་དང༌། ནད་ཀ་དང༌། ཀ་ཏ་ཡ་དང༌། གོ་ཇི་ཧ་དང༌། བ་དྷ་ཀ་དང༌། འབའ་ན་ཏི་ག་ཏ་ཀ་དང༌། ཀ་རི་ར་དང༌། ཀུ་ལ་ཀ་དང༌། ནན་དི་དང༌། ཀུ་ཚེ་ལ་དང༌། ཤ་ཀུ་ལ་ས་ནི་དང༌། ཀ་ཏིལ་དང༌། ཀེའུ་ཀ་དང༌། ཤི་ཏ་དང༌། ཀོ་ཤ་ཏ་ཀ་དང༌། ཀར་ཀ་ཤ་དང༌། འདི་རྣམས་ནི་འདྲ་སྟེ་ཚད་མ་འདི་རྣམས་ཟོས་ན་ཞུ་བའི་རྗེས་ན་ཁ་ལ་ཚ་སྟེ་ཐུར་དུ་བཤང་བ་འོང་བ་སྲ་བར་འགྱུར།
རླུང་ནི་ཅུང་ཟད་སྐྱེད་བད་ཀན་དང་མཁྲིས་པའི་ནད་ནི་སེལ་ལོ། །ཚོད་མ་པ་ཏོ་ལ་ནི་ཞིམ་ཁོང་ན་སྲིན་བུ་ཡོད་པ་འབྱིན། ཞུ་བའི་རྗེས་ནི་མངར་བར་འགྱུར། ཟོས་ན་ཡི་ག་འབྱེ། ཚོད་མ་བྲི་ཧ་ཏི་རྣམ་གཉིས་ནི་དྲོད་ཆེ་མཁྲིས་པའི་ནད་ཚབ་སྐྱེད། ཁོང་འཁྲུ་རླུང་ནད་སེལ་ཏོ། །ཚོད་མ་བྲི་ཤ་ཞེས་ཀྱང་བྱ། བ་ཤ་ཀ་ཞེས་ཀྱང་བྱ་སྟེ། དེ་ནི་སློན་བྲོ་པ་ལ་ཕན། ལུད་པས་བཀར་བ་ལ་ཕན། མཁྲིས་པ་དང་ཁྲག་རྒྱས་པའི་ནད་ཁ་སྣ་ནས་ཁྲག་འོད་བ་འམ། ཐུར་དུ་ཁྲག་འབྱུང་བ་འདི་ལྟ་བུ་སེལ་ཏེ་མཆོག་ཏུ་ཕན་ནོ། །ཚོད་མ་ཀ་ར་བེ་ལ་ཞེས་བྱ་བ་རོ་ཚ་བར་བྲོ་ལ་དྲོད་སྐྱེ་སྟེ་འབར། བད་ཀན་སེལ་བར་མཆོག་ཏུ་ཕན་ནོ། །ཚོད་མ་བར་ཏ་ཀ་ཞེས་བྱ་བ་ནི་རོ་ཁ་ལ་ཚ་ཞིང་ཅུང་ཟད་ལན་ཚྭ་བྲོ་དྲོད་ཆེ་ཞུ་བའི་རྗེས་རླུང་དང་བད་ཀན་སེལ། ཟས་འཇུ་བའི་མེ་མཐུ་སྐྱེ་ཞིང་ཡི་གར་འོང༌། མཁྲིས་པའི་ནད་དུ་མི་འགྱུར་རོ། །ཚོད་མ་ཀ་རི་ར་ཞེས་བྱ་བ་ནི་རོ་བསྐ། མངར་ལ་དབྱངས་སུ་ཁ། ལྟོ་སྦོ་བར་འགྱུར་ཏེ། མི་དགེའོ། །ཚོད་མ་ཀོ་ཤ་ཏ་ཀ་དང༌། བལ་གུ་ཛ་ག་དང༌། འདི་གཉིས་ཟོས་ན་ཁོང་འཁྲུ། དྲོད་སྐྱེད་དོ། །ཚོད་མདང་དུ་ལི་ཡ་ཞེས་བྱ་བ་ནི་རོ་མངར་ལ་ཞུ་བའི་རྗེས་ཀྱང་དངས་ཏེ་བསིལ། ཅུང་ཟད་ཁོང་རྩུབ་ལ་ཡང༌། ཆང་ནད་དང་མཁྲིས་པའི་ནད་དང༌། དུག་དང་ཁྲག་རྒྱས་པའི་ནད་སེལ་ཏེ་ཕན་ནོ། །ཚོད་མ་མུན་ཛ་ཏེ་ཞེས་བྱ་བ་ནི་རླུང་དང་མཁྲིས་པ་སེལ། རོ་མངར་སྣུམ་བསིལ་ལ་ལྕི། ལུས་ཀྱི་ཁོང་བརྟ། ཤ་སྐྱེ་ཁུ་ཆུ་སྐྱེ་སྟེ་དགེའོ། །ཚོད་མ་པ་ལག་ཀྱ་ནི་འཇུ་དཀའ་སྟེ་ལྕི་ཅུང་ཟད་ཁོང་འཁྲུའོ། །ཚོད་མ་ཨུ་བོད་ཀ་ནི་ཆང་ནད་ལ་ཕན་ནོ། །ཚོད་མ་ཙུ་ཙུ་ཞེས་བྱ་བ་པ་ལག་ཀྱ་དང་འདྲ་སྟེ་བྱེ་བྲག་ཏུ་འཁྲུ་བ་གཅོད་པར་འགྱུར་རོ། །ཚོད་མ་བི་ཏི་རི་ཞེས་བྱ་བ་ནི་རོ་མངར། བསིལ། རླུང་དང་མཁྲིས་པའི་ནད་སེལ། གཅིན་མང་ངོ༌། །ཚོད་མ་ཛི་ཧཱ་ཞེས་བྱ་བ་ནི་ལྐོག་ནད་ལ་ཕན་ཞིང་བདེ། ཅུང་ཟད་ལྕི། ཁོང་བརྟ། ཤ་སྐྱེ་བུད་མེད་ལ་ཕོད་པར་འགྱུར། རྟག་ཏུ་ཟོས་ན་ཚེ་རིང་རྒས་སྲ་སྟེ། བཅུད་ཀྱིས་ལེན་དུ་འགྱུར་རོ། །ཡང་ཚེད་མ་ཛི་ར་ཧ་ནི་ཞེས་བྱ་བ་ནི་རོ་མངར། ཁོང་བསིལ་
མིག་ལ་ཕན། རླུང་ནད་དང་བད་ཀན་དང་མཁྲིས་པའི་ནད་ཐམས་ཅད་སེལ་ཏོ། །ཚོད་མ་བུམ་ཤ་དང་མོན་པའི་དྭོ་བ་དང༌། ཚོད་མ་ཀ་ལི་ཀའི་འབྲས་བུ་དང༌། ཀར་ཀ་དང༌། ཨེར་བ་རུ་དང༌། ད་ནི་དིས་དང༌། ག་གོན་ལས་ཚོད་མར་བྱས་པ་དང༌། ཙི་ན་ཀ་ཞེས་བྱ་བ་དང༌། ཙིར་བི་ཏ་ཞེས་བྱ་བ་འདི་རྣམས་ལ། ག་གོན་ནི་ཁོང་འཁྲུ། གཅིན་མང་ངོ༌། །ཚོད་མ་ཙི་ན་ཀ་ནི་བཤང་བ་ཐུར་དུ་མི་འོང་སྟེ་སྲའོ། །ཙིར་བི་ཏ་ནི་བད་ཀན་དུ་འགྱུར་རོ། །འདི་གསུམ་གྱི་རོ་འདྲ་སྟེ་འཇུ་དཀའ། ཞུ་བའི་རྗེས་ཀྱང་མངར། རླུང་ནད་དང་བད་ཀན་དུ་ཡང་འགྱུར་རོ། །ཁྲི་དང་ཤིང་ལ་བརྟེན་པའི་ལྡུམ་བུ་འཁྲི་ཤིང་གི་འབྲས་བུའི་ནང་ན་བུམ་ཤའི་འབྲས་བུས་ནི་རླུང་དང་བད་ཀན་གྱི་ནད་སེལ། ཆུ་སོའི་ནད་འབྱང༌། གཅིན་ལེགས་པར་འོང༌། བུད་མེད་ལ་ཕོང་པར་འགྱུར། ག་གོན་ནི་མཆོག་ཏུ་གཅིན་མང་བར་འགྱུར་རོ། །མོན་པའི་དྭོ་བ་ནི་ཁོང་རྩུབ་པར་འགྱུར་ལ་བཤང་བ་ཐུར་དུ་འབྱུང་བ་སྲ་བར་བྱེད་དོ། །ཚོད་མ་ཀ་ལིང་གེ་དང༌། ཚོད་མ་བ་རུ་དང་གཉི་ས་ནི་ཐུར་དུ་བཤང་བ་སྲ་བར་འགྱུར། ཚོད་མ་བིད་ཏ་གཞོན་ནུ་ནི་མཁྲིས་པའི་ནད་སེལ་བསིལ་ལོ། །ཙིར་བྱིད་སྨིན་པ་ནི་མཁྲིས་པ་སྐྱེད་ཚ་བར་འགྱུར་རོ། །ཙིར་བྱིད་ཀྱི་འབྲས་བུ་རྙིང་པའི་ཚ་བ་ནི་ཅུང་ཟད་ཙམ་ཐལ་སྨན་རྣོན་པོ་ལན་ཚྭའི་བག་བོ། །མཁྲིས་པ་སྐྱེད། བད་ཀན་དང་རླུང་ནད་འཇིལ་ཡི་ག་འབྱེ། དྲོད་སྐྱེད་ཞིམ་ཡི་གར་འོང༌། ཁོང་གྲང་ཞིང་ཟས་མ་ཞུ་བ་ལས་བད་ཀན་དང་རླུང་ནད་ཧྱེ་ནད་ཀྱི་ལངས་པ་ལ་ཕན། ལྟོ་སྦོས་པ་ཞི་བར་འགྱུར། འཇུ་སླ་ཁོང་ཡང་ངོ༌། །དེའི་འོག་ཏུ་པདྨའི་རྩ་ལག་དང་རྩ་བ་དང༌། མེ་ཏོག་ཨུཏྤ་ལའི་རྩ་བ་དང༌། མེ་ཏོག་ཀུ་མུ་ཏའི་ཆུ་བ་དང༌། ཨུཏྤ་ལའི་ཆུ་བ་དང༌། ཆུ་ལས་སྐྱེས་པའི་ལྡུམ་བུ་མ་ཤ་ཀ་དང༌། ཀེ་ལུ་ཏ་དང༌། ཤྲི་ག་ཏ་ཀ་དང༌། ཀ་ཤེ་རུ་ཀ་དང༌། གྲོན་ཙ་ད་ན་དང༌། ཀ་ཀོ་ཏེ་དང་འདི་རྣམས་འདྲ་སྟེ། ཀུན་ཀྱང་ཆུའི་ནང་སེར་ཆེན་པོ་ལས་འཁྲུངས་པ་ཡིན་པས་འཇུ་དཀའ། ལྕི། བསིལ། ཁོང་དུ་རྩུབ་ཐུར་དུ་འབྱུང་བ་སྲའོ། །ཡང་ཚོད་མའི་སྣ་གྲངས་ལ། ཀ་ལམ་པ་ཞེས་བྱ་བ་དང་ནི་ལེ་ཀ་དང༌། མོན་སྲན་གྲེའུ་མ་ཤའི་ལོ་མ་དང༌། ཀུན་ཏིན་ཛ་ར་དང༌། ཀུ་དུམ་བ་ཀ་དང༌། ཙི་
ལི་དང༌། ལོ་ཏྭ་ཀ་དང༌། ལོ་ནི་ཀ་དང༌། ཀུ་རུ་ཏ་ཀ་དང༌། ག་བེ་རུ་ག་དང༌། ཛི་བན་ཏི་དང༌། ཛྷུ་ན་ཛ་དང༌། ཨ་ག་ཛ་ཡ་དང༌། བ་ཤ་ཀ་དང༌། རྒྱ་ལྕམ་ཞེས་བྱ་བ་ལྕམ་པ་དང༌། ཨ་ལུ་ཀ་དང༌། དེ་ལྟར་ཚོད་མའི་དངོས་པོ་འདི་རྣམས་ཀུན་ནི་འདྲ་སྟེ་མངར་ལ་རྩུབ་ལན་ཚྭའི་རོ་ཡང་ཅུང་ཟད་བྲོ། །རླུང་དང་བད་ཀན་དུ་ཡང་འགྱུར། ལྕི་སྟེ་འཇུ་དཀའ། བསིལ་བཤད་གཅི་གཉི་ག་འབྱུང་སླ་བར་བྱེད་དོ། །ཚོད་མ་འདི་རྣམས་ལ་ཕལ་ཆེར་འཇུ་བའི་ཚེ་ན་བཤང་གཅི་གཉི་ག་འབྱུང་སྲ་སྟེ་ཐོགས་པར་བྱེད། ཁུ་ཟིན་ནམ་ནི་བཤང་གཅི་མི་སྲི་བར་འགྱུར་རོ། །ཚོད་མ་འདི་རྣམས་བཤུར་ཏེ་ཁུ་བ་བཙིར་ཏེ་ཕོལ་མར་ཆེ་བར་བཏབ་ན་ནད་དུ་མི་འགྱུར་རོ། །ཙི་ལི་ཞེས་བྱ་བའི་འདབ་མ་ནི་རྒྱ་སྣེའུ་དང་འདྲ་སྟེ་ཡང་བ་ཡིན་ནོ། །ཡང་ཚོད་མ་ཏར་ཀ་རི་དང༌། བ་ར་ན་དང༌། འདི་རྣམས་ནི་རོ་མངར་ཁ། །བད་ཀན་དང་རླུང་སེལ་ཏེ་དགེའོ། །བར་ཤ་བོ་ཞེས་བྱ་བ་རྩི་པོ་ཆེའི་ལོ་མ་དང༌། ཀ་ལ་ཤ་ཀ་དང༌། འདི་གཉིས་ནི་ཅུང་ཟད་ལན་ཚྭ་བྲོ། །རོ་ཚ་ཞིང་ཁ་དྲོད་སྐྱེད། ཁོང་འཁྲུ་དུག་སྦྱར་མ་ལོ་ལོན་ནས་ལྡང་བ་དང༌། འོར་ནད་དང༌། བད་ཀན་དང་རླུང་ནད་སེལ་ཏོ། །ཙི་རི་ཙི་ལིའི་མྱུ་གུ་ནི་དྲོད་ཆེ། རླུང་དང་བད་ཀན་སེལ་ཅུང་ཟད་ཙམ་ཁོང་འཁྲུའོ། །ཉེའུ་ཤུན་པའི་མྱུ་གུ་ནི་རོ་ཁ། རླུང་ནད་དང༌། བད་ཀན་དང་མཁྲིས་པའི་ནད་སེལ། ཁོང་བརྟ། བུད་མེད་ལ་ཕོད་པར་འགྱུར་རོ། །སྨྱིག་མའི་མྱུ་གུ་ནི་རྩུབ་ཁོང་ཚ། རླུང་དང་མཁྲིས་པ་སྐྱེད་དོ། །ཕན་ཏུ་ར་ཞེས་བྱ་བ་ནི་རོ་ཁ་དྲོད་ཆེ་མཆེར་པ་ན་བ་དང༌། གཞང་འབྲུམ་ན་བ་དང༌། བད་ཀན་དང་རླུང་ནད་སེལ་ཏོ། །ཚོད་མ་ཀ་ས་མར་ད་ནི་ཁོང་ན་སྲིན་བུ་ཡོད་པ་དང༌། ལུད་པས་བཀར་བ་དང་བད་ཀན་སེལ། ཁ་ཟས་ཞུ་བར་བྱེད། ཁོང་འཁྲུའོ། །ལེ་བརྒན་རྩིའི་འདབ་མའི་ཚོད་མ་ནི་རོ་སྐྱུར་རྩུབ། ཚ་སྟེ་དྲོད་ཆེ་ཅུང་ཟད་ལྕི། མཁྲིས་པ་སྐྱེད་ཁོང་འཁྲུའོ། །ཡུངས་ཀར་དང་ཡུངས་ནག་གི་ཚོད་མ་ནི་ལྕི། ཚ། བཤད་གཅི་གཉིས་ཀ་སྲ་སྟེ་སྲི། རླུང་ནད་དང་བད་ཀན་དང་མཁྲིས་པའི་ནད་ཀུན་སྐྱེད་དོ། །ལ་ཕུག་གཞོན་ནུ་རེ་རྩབ་རྗེན་པར་ཟ་བ་ནི་འདོད་མི་བྲོ། །ཅུང་ཟད་ཙམ་ནི་ལན་ཚྭའི་རོ་བྲོ་
ལ་བགས་ཀྱིས་ཁ་སྟེ་ལ་ཕུག་དེ་ལྟ་བུས་ནི་ནད་ཀུན་སེལ། ཡང་སྟེ་འཇུ་སླ། དྲོད་ཆེ། སྐྲན་དང་ལུད་པ་ལུ་བ་དང༌། གློ་བཅོད་དང་དབུགས་མི་བདེ་བ་དང༌། སྨས་ཏེ་རྨ་བྱུང་བ་དང༌། མིག་ན་བ་དང༌། ལྐོག་མ་ན་བ་ལ་ཕན། སྐད་ཀྱི་གདངས་མི་སྙན་པ་དང༌། མེའི་དྲོད་ཆུང་བ་དང༌། རྟུག་སྐམ་དུ་གྱུར་པ་དང༌། ཆམ་པའི་ནད་འདི་རྣམས་ལ་ཕན་ནོ། །ལ་ཕུག་ནར་སོན་པ་ཆེན་པོ་རྗེན་པར་ཟ་བ་ནི་རོ་ཚ་ཞུ་རྗེས་དྲོད་ཆེ། ལ་ཕུག་གི་མཐུས་རླུང་ནད་དང་མཁྲིས་པ་དང་བད་ཀན་གྱི་ནད་ཀུན་སློང༌། །འཇུ་དཀའ་སྟེ་ལྕི། བད་ཀན་གྱི་ནད་དུ་ཡང་འགྱུར་རོ། །ལ་ཕུག་བཙོས་པ་ནི་འཇམ་ཞིང་སྣུམ་སྟེ་རླུང་ནད་སེལ་ཏོ། །ལ་ཕུག་ཤག་བུར་བསྐམས་པ་དང༌། སྐམ་པོའི་ཁུ་བས་ནི་རླུང་ནད་དང་བད་ཀན་སེལ་ཏོ། །ལ་ཕུག་རྗེན་པ་ཐམས་ཅད་ནི་རླུང་ནད་ཐམས་ཅད་དང་བད་ཀན་དང་མཁྲིས་པའི་ནད་ཀུན་སློང་སྟེ་མི་དགེའོ། །ཞིང་ལས་སྐྱེས་པའི་མོན་པའི་དྭ་པ་ནི་རོ་ཚ་ལ་དྲོད་ཆེ། རླུང་ནད་དང་བད་ཀན་སེལ་མཁྲིས་པ་ནི་སྐྱེད་དོ། །ཚོད་རྔད་སྣ་ཚོགས་ཀྱི་ལེའུའི་བཤད་པ་རྫོགས་སོ།། །།ལྡུམ་གྱི་སྣ་གྲངས་ཤང་ཚེ་ལ་སོགས་པ་རྗེན་པའི་ཕན་གནོད་ཀྱི་བྱེ་བྲག་ལ། ལྡུམ་ཀུ་ཐེ་ར་དང༌། ལྡུམ་ཤི་ཀྲུ་དང༌། རུ་ར་ས་བྱེའུ་རུག་དང༌། སུ་མུ་ཁ་དུན་ཏེ་དང༌། བུ་སྟ་ན་ཞེས་བྱ་བ་རྒྱའི་བ་ཧ་དང༌། ཕ་ནི་ཛ་དང༌། ཞིམ་ཐིག་ལེ་དང༌། ཛམ་བི་ར་ལ་སོགས་པ་ལྡུམ་རྗེན་པར་ཟ་བ་འདི་རྣམས་ནི་རོ་ཚ་རྩུབ། ལུས་ཚ་བར་འགྱུར། དྲོད་ཆེ་ཞིང་ཕོ་བའི་དྲོད་ཀྱི་མེ་སྐྱེད་པར་འགྱུར་རོ། །ཡི་ག་འབྱེ། བཤང་གཅི་ཐུར་དུ་འབྱུང་བ་སྲ། ལྡུམ་འདི་རྣམས་གང་ཡང་རུང་བ་ཟོས་ན་ཟ་བ་དང་དྲོད་ལུས་ལ་ཁྱབ་པར་འགྱུར། མིག་ལ་གནོད། ཁུ་ཆུ་འབྲི། ལྟོ་ན་སྲིན་བུ་ཡོད་པ་གསོད། ལྡུམ་འདི་རྣམས་རྣོ་བས་ནད་བད་ཀན་དང་མཁྲིས་པའི་ནད་ལྟ་བུ་སློང་ཞིང་སྐྱེད་པར་བྱེད། ཡང་སྟེ་འཇུ་སླ། སྐྱིགས་བུས་བཏབ་པ་དང༌། ལུད་པས་བཀར་བ་དང༌། དུག་གིས་ཕོག་པ་དང༌། དབུགས་མི་བདེ་བ་དང༌། རྩིབ་ལོགས་ན་བ་དང༌། ཁ་ནས་རྣག་མནམ་པ་དང་ཁ་མནམ་པ་ལ་ཕན། བྱིའུ་རུག་པ་དང༌། འུན་ཏེ་དང༌། འདི་གཉིས་རབ་ཏུ་ཚང་བའང་མ་ཡིན་ཏེ། དུག་འཐུངས་
པ་ངད་འོང་དུ་སྐྲང་པ་དང༌། འདི་རྣམས་ལ་ཕན་ནོ། །ལྡུམ་བུ་ཨ་ར་ཏི་ཀ་ནི་རོ་ཁ་ལ་མངར། གཅིན་མང་མཁྲིས་པའི་ནད་དུ་མི་འགྱུར་རོ། །སྒོག་སྐྱ་ནི་རབ་ཏུ་ཚ་སྟེ་ཞུ་བའི་རྗེས་ཀྱང་ཚ་ལ་དྲོད་ཆེ་ཅུང་ཟད་འཁྲུ་ཞིང་ཡི་ག་འབྱེ། སྐྲ་ལ་ཕ། ལྕི་ཁོང་བརྟ་བུད་མེད་ལ་ཕོད་པར་འགྱུར། སྣུམ། དྲོད་ཆེ། དྲག་ཤུལ་གྱིས་ཆད་དེ་བརླན་པར་འགྱུར་པ་འམ་མཛེ་བྱུང་ངམ། སྐྲན་ནད་དང༌། གཞང་འབྲུམ་ན་འམ། གཅིན་སྲི་འམ་ལྟོ་སྲིན་བུས་གང་བ་དང༌། བད་ཀན་དང་རླུང་ནད་དང་སྐྱིགས་བུས་བཏབ་པ་དང༌། ཆམ་བས་ན་བ་དང༌། དབུགས་མི་བདེ་བ་དང༌། ལུད་པས་བཀར་བ་འདི་རྣམས་སལ་ཏེ་ཕན། ཁྲག་རྒྱ་པ་དང༌། མཁྲིས་པ་རྒྱས་པའི་ནད་དུ་མི་འགྱུར་རོ། །ཀུན་དོང་ནི་སྒོག་སྐྱའི་ཡོན་ཏན་པས་ཅུང་ཟད་མཐུ་ཆུང་དུ་ཟད་དེ་བད་ཀན་ནི་སྐྱེད། མཁྲིས་པ་རབ་ཏུ་སྐྱེད་པར་ནི་མི་འགྱུར་རོ། །རླུང་ནད་དང་བད་ཀན་གྱི་ནད་དམ། གཞང་འབྲུམ་གྱི་ནད་ལྟ་བུ་ལ་ཀུན་དོང་གཏུབས་ལ་བཙོས་ཏེ་སྨད་ནས་བདུགས་སམ། ཟོས་ན་ནད་འདི་རྣམས་ལ་ཕན་ནོ། །ཀེའུ་ནི་ཚ་སྟེ་བཤང་གཅི་ཐུར་དུ་འབྱུང་བ་སྲ། མཁྲིས་པ་ཅན་ལུས་ཚ་བ་ཡོད་པ་ལ་ཕན་པ་མ་ཡིན་ནོ། །ལྡུམ་བུ་ར་ནི་ཞེས་བྱ་བ་ནི་ཡི་གར་འོང་ཞིང་དྲོད་ཆེ། བད་ཀན་སེལ་ཁའི་ནང་མཆིལ་མ་དང༌། བད་ཀན་གྱིས་འབྱར་འབྱར་པོས་གང་བ་སེལ་ཞིང་ཁ་ལྕེ་བདེ། ཁོང་ཡང༌། ལྷག་པར་ནི་གཞང་འབྲུམ་ན་བ་ལ་ཕན་ནོ། །སྤང་ཕྲོམ་ནི་རླུང་ནད་དང་བད་ཀན་དང་མཁྲིས་པའི་ནད་ཀུན་སློང་སྟེ་མི་དགེའོ། །མེ་ཏོག་དང་རྩ་བའི་བར་གྱི་སྤྱིའི་ལྕི་ཡང་མེ་ཏོག་པས་ནི་འདབ་མ་ལྕིའོ། །འདབ་མ་བས་ནི་འབྲས་བུ་ལྕིའོ། །འབྲས་བུ་བས་ནི་ཡལ་ག་ལྕིའོ། །ཡལ་ག་བས་ནི་ཆུ་བ་དང་སྡོང་བུ་ལྕིའོ། །སྡོང་བུ་བས་ནི་རྩ་བ་ལྕི་སྟེ་སྤྱིར་མང་ཞིང་འཇུ་དཀའ་བར་ཤེས་པར་བྱའོ། །ཚོད་མའི་ནང་ན་ཛི་བན་ཏི་ཞེས་བྱ་བ་ནི་ཚོད་མའི་ནང་དུ་མཆོག་ཏུ་ཕན་ཏེ་དགེའོ། །ཡུངས་ཀར་དང་ཡུངས་ནག་ལ་སོགས་པ་ཚོད་མར་བྱ་བ་ནི་གནོད་དེ་མི་དགེའོ། །ལྡུམ་གྱི་སྣ་གྲངས་ཤང་ཚེ་ལ་སོགས་པའི་ཕན་གནོད་ཀྱི་བྱེ་བྲག་བཤད་པའི་ལེའུ་རྫོགས་སོ།། །།ཤིང་ཏོག་ལ་སོགས་པ་འབྲས་བུ་སྣ་ཚོགས་
ཀྱི་བྱེ་བྲག་བཤད་པ། རྒུན་འབྲུམ་ནི་ཤིང་ཏོག་གི་མཆོག་ཡིན་ཏེ་རོ་མངར་ཞུ་བའི་རྗེས་ཀྱང་མངར། ཁོང་དུ་སྣུམ་པར་འགྱུར། བསིལ་ལྕི། རྒུན་འབྲུའི་རུས་པ་ནི་རོ་བསྐ། རྒུན་འབྲུའི་མཐུ་སྟོབས་ནི་ཁོང་བརྟ། བུད་མེད་ལ་ཕོད་པར་འགྱུར། །མིག་ལ་ཕན། བཤང་གཅི་གཉི་ག་ལེགས་པར་འབྱུང༌། རླུང་ནད་དང་མཁྲིས་པའི་ནད་དང་ཁྲག་རྒྱས་པ་དང༌། ཁའི་ནང་ཁ་བར་བྲོ་བ་དང༌། ཆང་ནད་ན་བ་དང༌། སྐོམ་པ་དང༌། ལུད་པ་ལུ་བ་དང༌། ཚ་བའི་རིམས་དང༌། དབུགས་མི་བདེ་བ་དང༌། སྐད་འཛེར་བ་དང༌། གློ་རྡོལ་བ་དང༌། གློ་གཅོང་གི་ནད་འདི་རྣམས་སེལ་ཏེ་ཕན་ནོ། །བལ་པོ་སེའུ་རོ་མངར་བ་ནི་མཁྲིས་པའི་ནད་ཆེར་རྒྱས་པ་ཚ་བ་ལྟ་བུ་སེལ་བ་དང༌། རླུང་ནད་དང་བད་ཀན་དང་མཁྲིས་པའི་ནད་སུམ་ཆར་ལ་ཕན་ནོ། །བལ་པོ་སེའུ་རོ་སྐྱུར་བ་ནི་མཁྲིས་པའི་ནད་ཀྱང་མི་སློང༌། རབ་ཏུ་ཚ་བ་ཡང་མ་ཡིན་ཏེ་རླུང་དང་བད་ཀན་གྱི་ནད་སེལ་ཏོ། །སྤྱིར་བལ་པོ་སེའུ་ཐམས་ཅད་ནི་འཇུ་སླ་ལ་ཡང༌། ཁོང་སྣུམ། གློ་སྙིང་ལ་ཕན། ཡིག་འབྱེ། དྲོད་སྐྱེད། བཤང་གཅི་འབྱུང་བ་ནི་སྲའོ། །ལྡུམ་བུ་ཆུ་སྐྱེས་ཀྱི་འབྲས་བུ་མོ་ཙ་ཞེས་བྱ་བ་དང༌། འབྲ་གོ་དང༌། ཤིང་པ་ན་སའི་འབྲས་བུ་དང༌། ཤིང་ན་རི་ཀེ་ལའི་འབྲས་བུ་དང༌། ལྡུམ་བུ་པ་རུ་ཤའི་འབྲས་བུ་སྟེ་པ་རུ་ཤ་ཀའི་འབྲས་བུ་དང༌། ཤིང་ཨ་མྲ་ཏ་ཀའི་འབྲས་བུ་དང༌། ཤིང་ཏ་ལའི་འབྲས་བུ་དང༌། ཤིང་ཀསྨ་རའི་འབྲས་བུ་དང༌། ཤིང་ར་ཛ་ད་ནའི་འབྲས་བུ་དང༌། ཤིང་མ་དུ་ཀའི་འབྲས་བུ་དང༌། ཤིང་སོའུ་བྱི་ར་ཞེས་བྱ་བའི་འབྲས་བུ་དང༌། རྒྱ་ཤུག་གི་འབྲས་བུ་དང༌། ཤིང་ཨང་ཀོ་ལའི་འབྲས་བུ་དང༌། ལྡུམ་བུ་ཕལ་གུའི་འབྲས་བུ་དང༌། ཤིང་ཤེལ་མ་ཏའི་འབྲས་བུ་དང༌། ཤིང་བྱམ་ལའི་འབྲས་བུ་དང༌། ཤིང་བྱི་ཤུ་ཀའི་འབྲས་བུ་དང༌། སྟ་རྒ་དང༌། ལྡུམ་བུ་མྱུ་གུ་ལའི་འབྲས་བུ་དང༌། ནི་གོ་ཙ་ཞེས་བྱ་བ་རྒྱ་ཁམ་དང༌། ཤིང་ཨུ་རུ་མུན་ཞེས་བྱ་བའི་འབྲས་བུ་དང༌། ཤིང་པི་ལ་ཡ་ཞེས་བྱ་བའི་འབྲས་བུ་དང༌། འདི་རྣམས་སོ། །དེ་ལ་ཤིང་པི་ལ་ཡའི་འབྲས་བུ་ནི་རོ་མངར་རོ། །ཞུ་བའི་རྗེས་ཀྱང་མངར་ལ་སྣུམ། ཁོང་བརྟ་ཞིང་ཤ་སྐྱེད། བསིལ་
ལ་ལྕི། ལུས་ཚ་བ་དང༌། གློ་རྡོལ་བ་དང༌། གློ་གཅོང་དང་འདི་རྣམས་ཀྱི་ནད་འབྱིན་ཅིང་སེལ། ཁྲག་རྒྱས་པ་དང་མཁྲིས་པ་རྒྱས་པའི་ནད་སེལ་ཞིང༌། ཤེས་སྙོམས་པར་བྱེད། བཤང་གཅི་འབྱུང་བ་སྲ། བད་ཀན་སྐྱེད། ཁུ་ཆུ་མང་པར་འགྱུར། ཤིང་ཏ་ལའི་འབྲས་བུས་ནི་མཁྲིས་པ་སྐྱེད། ཁོང་འཁྲུའོ། །ཤིང་ཏོ་ཀཤྨརི་ཞེས་བྱ་བའི་འབྲས་བུ་ནི་བསིལ། བཤང་གཅི་སྲི་ཞིང་འགགས་པ་སེལ་ཞིང་བྱིན་པར་བྱེད། སྐྲ་ལ་ཕན་ཏེ་བྱིན་སྐྱེད། ཡིད་གཞུངས། ཚེ་རིང་བའི་སྨན་བཅུད་ཀྱིས་ལེན་དུ་ཡང་འགྱུར་རོ། །ཤིང་ཏོག་བ་ཏ་མ་དང༌། བྷི་ཤུ་ཀ་དང༌། ལྟར་ག་དང༌། མྱུ་གུ་ལ་སོགས་པ་ཤིང་ཏོག་འདི་རྣམས་ཀྱི་སྟོབས་ནི་རབ་ཏུ་ཚ། རླུང་དང་མཁྲིས་པ་སྐྱེད། ཁོང་འཁྲུ། སྣུམ་སྟེ་མཆོག་ཏུ་རླུང་སེལ་ཏོ། །ཤིང་ཏོག་པི་ལ་ཡ་ནི་ཚ་ཞིང་དྲོད་ཆེ་བ་མ་ཡིན་ཏེ། པི་ལ་ཡ་འདིའི་ཚི་གུ་ནི་རོ་མངར་ཞིང་ཤ་མཚན་བརྟ། བུད་མེད་ལ་ཕོད། མཁྲིས་པ་དང་རླུང་ནད་སེལ་ཏོ། །ཤིང་ཏོག་ཨོ་ལའི་ཚི་གུ་ནི་ཤིང་ཏོག་པི་ལ་ཡ་དང་འདྲ་སྟེ། སྐོམ་པ་དང༌། སློན་བྲོ་བ་དང༌། ལུད་པ་ལུ་བ་དང་འདི་རྣམས་སེལ་ཞིང་ཕན་ནོ། །ཤིང་ཏོག་བི་ལ་བ་སྨིན་པ་ནི་ཤིན་ཏུ་འཇུ་དཀའ། རླུང་ནད་དང༌། བད་ཀན་དང། མཁྲིས་པའི་ནད་ཀུན་སློང་ཞིང་སྐྱེད། དབུགས་ཐུང་དུ་འབྱུང༌། ཤིང་ཏོག་བིལ་བ་མ་སྨིན་པ་འདྲ་སྟེ་འཁྲུ་བ་གཅོད་དོ། །ཤིང་ཏོག་ཀ་བ་ཏ་མ་སྨིན་པ་ནི་མགུལ་པ་ན་ཞིང་མི་བདེ་བ་དང་རླུང་ནད་དང་མཁྲིས་པའི་ནད་ཀུན་སྐྱེད་དོ། །ཀ་བིད་ཏའི་ཤིང་ཏོག་སྨིན་པ་ནི་རླུང་ནད་དང་བད་ཀན་དང་མཁྲིས་པའི་ནད་སེལ། སྐྱིགས་བུས་བཏབ་པ་དང༌། སློན་བྲོ་བ་འདི་རྣམས་ལ་ཕན། འཁྲུ་བ་གཅོད། ཤིང་ཏོག་ཀ་པིཏ་སྨིན་མ་སྨིན་ཐམས་ཅད་འདྲ་སྟེ། འཁྲུ་བ་གཅོད། དུག་ནད་སེལ་ཏོ། །ཤིང་འཛམ་བུའི་ཤིང་ཏོག་ནི་ལྕི་བསིལ། རླུང་ནད་རབ་ཏུ་སྐྱེད། བཤང་གཅི་སྲི་ཞིང་འགག་པར་འགྱུར་རོ། །ཡང་ཤིང་ཏོག་འཛམ་བུའོ་ཅོག་ནི་འཁྲུ་བ་གཅོད། བཤང་གཅི་སྲ། མགུལ་པ་དག་ལྐོག་མ་མི་བདེ། རླུང་དང་མཁྲིས་པའི་ནད་སེལ་ཏོ། །ཤིང་ཏོག་འཛམ་བུ་མ་ཡིན་པ་གཞོན་ནུ་ནི་རླུང་དང་མཁྲིས་པ་དང་ཁྲག་ནད་སྐྱེད་
དོ། །ཤིང་ཏོག་འཛམ་བུ་མ་སྨིན་པ་རུས་པ་ཆགས་ཙམ་ནི་མཁྲིས་པ་དང་བད་ཀན་ནི་སྐྱེད་པར་འགྱུར་རོ། ཤིང་ཨ་མྲ་ཞེས་བྱ་བ་ལོང་ཀོག་གི་འབྲས་བུ་སྨིན་པ་ནི་རོ་མངར། འཇུ་དཀའ། ལྕི་རླུང་ནད་སེལ་ཏོ། །ཨ་མྲའི་ཤིང་ཏོག་རྩ་བ་སྐྱུར་བ་ནི་རླུང་དང་མཁྲིས་པའི་ནད་སྐྱེད་དོ། །ཤིང་ཏོག་བྲྀ་ཀྵ་ཨམླ་ནི་འཁྲུ་བ་གཅོད། རྩུབ་དྲོད་ཆེ་རླུང་དང་བད་ཀན་གྱི་ནད་སེལ། འཇུ་སླ་ཁོང་ཡང་ངོ༌། །ཤིང་ཤ་མའི་ཤིང་ཏོག་ནི་འཇུ་དཀའ་དྲོད་ཆེ། སྐྲ་ལ་གནོད་དོ། །པི་ལུ་ཞེས་བྱ་བའི་འབྲས་བུ་ནི་རྩུབ་སྟེ་མཁྲིས་པ་སློང༌། བད་ཀན་དང་རླུང་ནད་སེལ། ཁོང་འཁྲུ། །མཆེར་པ་ན་བ་དང༌། གཞང་འབྲུམ་གྱི་ནད་དང༌། ལྟོ་ན་སྲིན་བུ་ཡོད་པ་དང༌། སྐྲན་ནད་འདི་རྣམས་སེལ་ཞིང་འབྱང་ངོ༌། །པི་ལུ་རོ་མངར་ལ་ཁ་བར་བྲོ་བ་ནི་དྲོད་ཆེན་པོ་རབ་ཏུ་ཚ་བ་ཙམ་མ་ཡིན་ཏེ། རླུང་ནད་དང༌། བད་ཀན་དང༌། མཁྲིས་པའི་ནད་གསུམ་ཆར་སེལ་ཏོ། །ཤིང་ཏོག་བ་ལུང་གི་འབྲས་བུའི་ཕྱི་ཤུན་ཁ་ཞིང་ཚ། སྣུ་མ་བག་ཡོད་དེ་རླུང་བག་སེལ་ཏོ། །བ་ལུང་གི་འབྲས་བུའི་ཤ་ནི་མངར་ཏེ་ལུས་ཀྱི་ཤ་འཚག་བརྟ་ཞིང་སྐྱེད། རླུང་ནད་དང་མཁྲིས་པའི་ནད་སེལ། འཇུ་དཀའ་ལྕིའོ། །བ་ལུང་གི་འབྲས་བུའི་རྐང་ནི་འཇུ་སླ། ལུད་པ་ལུ་བ་དང༌། དབུགས་མི་བདེ་བ་དང༌། སྐྱིགས་བུས་བཏབ་པ་དང༌། །ཁ་སྐམ་པ་དང༌། ཆམ་པས་བཏབ་པ་དག །སློན་བྲོ་བ་དང༌། ཡི་ག་འཆུས་པ་དང༌། དམུ་རྫིང་ལྟ་བུའི་ནད་དང༌། །སྐྲན་དང་གཞང་འབྲུམ་གྱི་ནད་དང༌། དྲོད་ཆུང་སྟེ་ཟས་མི་འཇུ་བའི་ནད་འདི་རྣམས་སེལ་ཏེ་ཕན་ནོ། །བ་ལ་ཏ་ཀ་བསེ་ཤིང་གི་འབྲས་བུ་གོ་བྱེའི་ཤུན་པ་དང༌། ནང་གི་ཤ་ནི་རོ་མངར་ཁོང་དུ་བསིལ། ལུས་ཀྱི་ཤ་འཚག་བརྟ། གོ་བྱེའི་འབྲས་བུའི་རུས་པ་ནི་ཧ་ཅང་དོད་ཆེ་སྟེ་མ་དག་མཉམ། བད་ཀན་དག་རླུང་ནད་མཆོག་ཏུ་སེལ། ཡིད་གཞུངས་པར་འགྱུར་རོ། །ཀུ་ཤ་རྣམ་པ་གཉིས་ཏེ་མངར་པོ་དང༌། སྐྱུར་པོའོ། །དེ་ལ་མངར་པོ་ནི་བསིལ་ལོ། །སྐྱུར་བ་ནི་ཚའོ། །གཉི་ག་ཡང་འཇུ་དཀའ་སྟེ་ལྕི། ཡི་གར་འང༌། ཟས་འཇུ་བའི་ཁོང་པའི་དྲོད་ཉམས་ཏེ་ཆུང་བར་བྱེད་དོ། །ཁམ་བུ་ནི་རོ་མངར་ལ་ཞིམ། ཁམ་བུ་སྨིན་པ་ནི་མྱུར་དུ་འཇུ། ཧ་ཅང་ཆ་
ཞིང་དྲོད་ཆེ་བ་མ་ཡིན། ཧ་ཅང་ལྕི་སྟེ་འཇུ་དཀའ་བ་མ་ཡིན། རླུང་ནད་དང་བད་ཀན་དང་མཁྲིས་པའི་ནད་ཀུན་ནི་སྐྱེད་དོ། །རྒུན་རློན་རོ་སྐྱུར་བ་དང༌། ཤིང་ཏོག་པ་རུ་ཤ་རློན་པ་རོ་སྐྱུར་བ་གཉིས་འདྲ་སྟེ་མཁྲིས་པ་དང་བད་ཀན་སྐྱེད་དོ། །ཤིང་ཏོག་ཀ་ར་མར་ཏ་ཀ་དང༌། དེ་དང་འདྲ་བར་ཤིང་ཏོག་རྒྱ་ཤུག །ཤིང་ཏོག་ཀེར་ཀེན་དུ་དང༌། ཤིང་ཏོག་ལི་གུ་ཙི་དང༌། ཨ་མྲ་ཏ་ཀ་དང༌། ཁམ་བུ་འདི་རྣམས་འདྲ་སྟེ་འཇུ་དཀའ། ལྕི་ཚ་བའི་མཐུ་ཡོད་རླུང་ནད་སེལ། ཁོང་འཁྲུ་བར་འགྱུར་རོ། །དེ་བཞིན་དུ་ཤིང་ཏོག་ཨེ་རབ་ཏ་དང༌། དཎ་ཌ་ཥ་ཋ་དང༌། ས་པུད་དང༌། མྲི་ག་ལི་ན་དུ་ཀ་དང༌། འདི་རྣམས་ཀྱང་ཕན་གནོད་གོང་དུ་བཤད་པ་དག་འདྲའོ། །ཀར་མར་ཏ་ཀ་སྨིན་པ་སྐམ་པོ་གཉིས་ནི་མཁྲིས་པ་རབ་ཏུ་སྐྱེ་བར་ཡང་མི་བྱེད་དོ། །ཤིག་ཏོག་ཨ་མ་ལིང་ཀ་དང་ཀོ་ལ་གཉིས་ཀ་སྐམ་པ་ནི་དྲོད་སྐྱེད། ཅུང་ཟད་འཁྲུ། སྐོམ་པ་དང༌། ངལ་ཏེ་ཆད་པ་དང༌། ལུས་རྨྱ་བ་དང༌། འདི་གཉིས་ཀ་ལ་ཕན་ཏེ་ཡང་ཁོང་གྲིམས་ཤིང་བཤོར། བད་ཀན་དང་རླུང་ནད་གཉིས་ཀ་སེལ་ཏེ་ཕན་ནོ། །ཤིང་ཏོག་འབྲས་བུ་དེ་རྣམས་ཀྱི་ནང་ན་ལི་གུ་ཛ་ནི་ནང་ན་མི་དག་སྟེ། ནད་ཐམས་ཅད་སློང་བས་ངན་པ་ཡིན་ནོ། །ཤིང་ཏོག་གི་འབྲས་བུ་འདི་ཐམས་ཅད་ཀྱི་ངན་པར་བལྟ་བ་ནི་ལྷགས་པས་ཕོག་པ་དག །མེས་ཚིག་སྟེ་ཚ་བར་གྱུར་པ་དག །གནོད་པའི་རླུང་གིས་ཕོག་པ་དང༌། སྦྲུལ་གྱི་ཁ་ཆུས་ཕོག་པ་དང༌། སྲོག་ཆགས་སྲིན་བུས་ཟོས་པ་དང༌། ཆུའི་ནང་དུ་ལྷུང་བ་དང༌། ས་ངན་པ་ནས་སྨིན་པ་དང། དུས་མ་ཡིན་པར་སྨིན་པ་དང༌། འདི་ལྟ་བུའི་ཤིང་ཏོག་རྣམས་ནི་གནོད་དེ་མི་རུང་ངོ༌། །ཤིང་ཏོག་སྣ་ཚོགས་ཀྱི་འབྲས་བུའི་ཕན་གནོད་བཤད་པའི་ལེའུ་རྫོགས་སོ།། །།ལན་ཚྭ་སྣ་ཚོགས་ཀྱི་ཕན་གནོད་ཀྱི་བྱེ་བྲག་བཤད་པ། ལན་ཚྭ་ཐམས་ཅད་ནི་སྤྱིར་བད་ཀན་དུ་འགྱུར། ཕྲ་ལ་ཞིབ་པས་རྩ་དང་ཤ་ཁྲག་ཐམས་ཅད་ཀྱི་ནང་དུ་འཇུག་ཅིང་འགྲོའོ། །ཐུར་དུ་བཤང་བའི་དྲི་མ་མི་ཐོགས་པར་འབྱུང་བར་བྱེད། ལུས་ཞེང་ལྷོད་པར་འགྱུར། རླུང་ནད་སེལ། ལན་ཚྭ་ཟོས་ནས་ཞུ་བའི་རྗེས་ནི་རྣོ་ཞིང་ཚ། དྲོད་སྐྱེད། ཡི་ག་འབྱེ། བད་ཀན་དང་
མཁྲིས་པ་སྐྱེད་དོ། །ལན་ཚྭ་སེན་ད་པ་ཞེས་བྱ་བའི་བྱེ་བྲག་བཤད་པ། ལྕེ་མྱང་ཚ་ནི་རོ་མངར། གློ་སྙིང་ལ་ཕ། ཁོང་བརྟ་བུད་མེད་ལ་ཕོད། རླུང་ནད་དང་བད་ཀན་དག་མཁྲིས་པའི་ནད་ཀུན་སེལ། ཡང་སྟེ་འཇུ་སླ། དྲོད་ཆེ། ཚ་བ་ཡང་མ་ཡིན། ནད་དོ་ཅོག་ལ་རབ་ཏུ་ཕན། ལུས་ཚ་བར་མི་འགྱུར། ཟས་འཇུ་བའི་མེ་དྲོད་སྐྱེད་དོ། །ལན་ཚྭ་སོའུ་བ་ཙ་ལ་རྩལ་རུ་ཚའི་བྱེ་བྲག་བཤད་པ། ལན་ཚྭ་སོའུ་བ་ཙ་ལ་རྩལ་རུ་ཚ་ནི་ཡང་སྟེ་འཇུ་སླ། གློ་སྙིང་ལ་ཕན། མ་ཞུ་བའི་གསུད་སྒྲེགས་མན་མ་པོ་འབྱུང་བ་འབྱང་ཞིང་དྲི་ཞིམ་པོར་འགྱུར། ལན་ཚྭ་འདི་བྲོ་ཏེ་ཞུ་བའི་རྗེས་ནི་ཚ། བཤང་བ་འགགས་པ་འོང་དུ་མི་རུང་བ་འབྱུང་བར་བྱེད། དྲོད་སྐྱེད་ཁ་ཟས་ཡི་ག་འབྱེ་བར་འགྱུར་རོ། །ལན་ཚྭ་བི་ད་ཁ་རུ་ཚའི་བྱེ་བྲག་བཤད་པ་ལན་ཚྭ་བི་ད་ནི་སྟོད་བད་ཀན་འདྲེན། སྨད་ཀྱི་རླུང་ནད་འབྱིན་དྲོད་སྐྱེད། བཤང་བ་ཐུར་དུ་མི་འབྱུང་ཞིང་འགགས་པ་དང༌། ལྟོ་བ་སྦོས་པ་དང༌། རྟུག་སྐམ་གྱིས་བཏབ་པ་དང༌། ཁོང་དུ་ཟུག་ཅིང་ན་བ་དང༌། ལུས་ལྕི་བ་འདི་ལྟ་བུ་སེལ་ཞིང་འབྱང་བར་བྱེད་དོ། །རྒྱ་མཚོའི་ལན་ཚྭའི་བྱེ་བྲག་བཤད་པ། རྒྱ་མཚོའི་ལན་ཚྭ་ནི་ཞུ་བའི་རྗེས་མངར། འཇུ་དཀའ་སྟེ་ལྕི། བད་ཀན་སྐྱེད་དོ། ཚ་ཁྲོལ་བུའི་བྱེ་བྲག་བཤད་པ་ཆུ་མིག་ཁུང་མ་ལས་བྱུང་བའི་ཚྭ་ནི་རོ་ཁ་ལ་ཚ་སྟེ་རྣོ་ཟས་འཇུའོ། །ལན་ཚྭ་ཁ་རུ་ཚ་མདོག་ནག་པོར་འདུག་པ་ནི་དྲི་ཞིམ། རི་མི་ཞིམ་པ་མ་ཡིན། ལན་ཚྭ་བི་ད་ནི་རོ་དང་དྲི་མི་ཞིམ། མཐུ་དང་ཡོན་ཏན་ནི་འདྲའོ། །མཚོ་དང་ཆུ་ལས་བྱུང་བའི་ལན་ཚྭ་ནི་ཡང་ངོ༌། །སྐོམས་དུལ་དུལ་པོ་ལས་བྱུང་བའི་ལན་ཚྭ་ནི་བད་ཀན་སྐྱེད་འཇུ་དཀའ་ལྕིའོ། །དེ་ལ་སྨན་སྣ་སྦྱར་བའི་ནང་ནས་ལན་ཚྭ་ཞེས་སྨོས་པ་ནི། རྒྱམ་ཚྭ་ལ་སོགས་པ་སྨན་གྱི་སྣར་སྦྱར་ཞིང་བཏབ་པ་ཡིན་ནོ། ནས་ཚིག་འཁུས་པའི་བྱེ་བྲག་བཤད་པ། ནས་ཚིག་འཁུས་པའི་ཚ་ནི་སྐྲན་དང་སྙིང་ན་བ་དང༌། ཕོ་བའི་ནད་དང༌། སྐྱ་རྦབ་ཀྱི་ནད་དང༌། མཆེར་བ་ན་བ་དང༌། ལྟོ་སྦོ་བ་དང༌། ལྦ་བ་བྱུང་བ་དང༌། དབུགས་མི་བདེ་བ་དང༌། གཞང་འབྲུམ་གྱི་ནད་དང༌། བད་ཀན་རྒྱས་པ་དག །ལུད་པ་ལུ་བ་རྣམས་ཞི་བར་བྱེད་དེ་ཕན་ནོ། །ནས་ཚིག་
འཁུས་པའི་ཚ་དང་སྲ་རྫི་ཀའི་ཚ་ཐམས་ཅད་ནི་རབ་ཏུ་རྣོ་ལ་དྲོད་ཆེ་སྟེ་ཚ། ཁོང་ན་སྲིན་བུ་ཡོད་པ་སེལ། ཟས་འཇུ་བར་བྱེད་དེ་ཡང་ངོ༌། །གནོད་པར་འབྱུང་བ་ནི་ཁྲག་དང་མཁྲིས་པའི་ནད་སློང་སྟེ། གནོད་དོ། །ཕོ་བགྲང་སྟེ། དེའུ་རྣམས་ཡོད་པ་དང། ཟས་མི་འཇུ་བ་འདི་ལྟ་བུ་ཚོས་ཤིང་འཇུ་བར་བྱེད། བད་ཀན་རྒྱས་པ་དང༌། ཚིལ་ཆེས་པ་དང༌། ཁུ་ཆུ་འདི་གསུམ་གཅོད་ཅིང་སེལ་བར་བྱེད། མི་ཞིམ་སྟེ་ཡི་གར་མི་འོང་རྨ་འདྲེད། ནས་ཚིག་འཁུས་པའི་ཚྭ་ནི་རོལ་ལན་ཚྭ་བྲོ་བས་ན་མདངས་ཁོ་ན་ཡོད་པ་དང༌། ཁུ་ཆུ་དང་སྐྲ་དང༌། མིག་དང༌། འདི་རྣམས་ལ་གནོད་དོ། །ཤིང་ཀུན་ནི་རླུང་དང་བད་ཀན་དང་ལྟོ་བ་སྦོས་པའི་ནད་སེལ། མཁྲིས་པ་ནད་ཚ་བ་ནི་ལྡང་ངོ༌། །ཤིང་ཀུན་ནི་རོ་ཡང་ཚ། ཞུ་བའི་རྗེས་ཀྱང་མངར་ལ་རོ་ཚབས་ཡིག་འབྱེ། དྲོད་སྐྱེད། ཁ་ཟས་འཇུ་ཡང་ངོ༌། །ཨ་རུ་རའི་བྱེ་བྲག་བཤད་པ་ཨ་རུ་རའི་རོ་ནི་བསྐ། ཞུ་བའི་རྗེས་ནི་མངར། རོ་ཅུང་ཟད་རྩུབ། ལན་ཚྭའི་རོ་ནི་མེད། ཡང་དྲོད་ཆེ། ཟས་འཇུ། ཡིད་གཞུངས། མཆོག་ཏུ་རྒས་སྲ་བར་འགྱུར། །ཨ་རུ་རའི་མཐུ་ནི་དྲོད་ཆེ་ཁོང་དུ་འཁྲུ། ཚེ་རིང་སེམས་རྣོ། །མིག་ལ་སོགས་པའི་དབང་པོ་རྣམས་ནི་གསལ། སྟོབས་སྐྱེ་ལུས་ལ་མཛེ་བྱུང་བ་དང༌། བཞིན་དང་ལུས་ཀྱི་མདོག་སྡུག་པ་དང༌། སྐད་འགགས་པ་དང༌། རིམས་བྱིང་བ་དང༌། རིམས་དྲག་པོ་ལྡང་དུ་བ་མི་མཐུན་བར་ན་བ་དང༌། ཀླད་པ་ན་བ་དང༌། མིག་ན་བ་དང༌། སྐྱ་རྦབ་ཀྱི་ནད་དང༌། སྙིང་ན་བ་དང༌། མིག་སེར་བ་དང༌། ཕོ་བའི་ནད་དང༌། སྐོམ་པ་དང༌། འོར་ནད་སྐྲང་བའི་བག་དང༌། གཅིན་ནད་ཀྱིས་གཅིན་སྙི་བལྟ་བུས་མྱོས་ཏེ་ལོང་བག་ཏུ་འགྱུར་བ་དང༌། སློན་བྲོ་བ་དང༌། ལྟོ་ན་སྲིན་བུ་ཡོད་པ་དང༌། དབུགས་མི་བདེ་བ་དང༌། ལུད་པ་ལུ་བ་དང༌། བད་ཀན་ལས་གྱུར་ཏེ་མཆིལ་མས་ཁ་གང་བ་ལྟ་བུ་དང༌། གཞང་འབྲུམ་གྱི་ནད་དང༌། མཆེར་བ་ན་བ་དང༌། ལྟོ་སྦོས་པ་དང༌། དབྱིག་དུག་དང༌། མཁྲིས་པ་ཆེར་སྐྱེས་པའི་ནད་དང༌། བཤང་བ་འགགས་ཏེ་འོང་དུ་མི་བཏུབ་པ་དང༌། སྐྲན་ནད་དང༌། ད་རྒན་ན་བ་དང༌། ཡི་ག་འཆུས་པ་དང༌། ནད་ཀྱི་
རྣམ་པ་དེ་རྣམས་དང༌། བད་ཀན་དང་རླུང་ལས་གྱུར་པའི་ནད་འདི་རྣམས་ལ་ཨ་རུ་རུས་སེལ་ཞིང་འབྱང་བར་བྱེད་དོ། །སྐྱུ་རུ་རའི་ཡོན་ཏན་ཡང་ཨ་རུ་ར་དང་འདྲ་སྟེ་ལྷག་པར་ནི་རོ་སྐྱུར། བསིལ་མ་ཁྲིས་པ་དང་བད་ཀན་གྱི་ནད་སེལ་ཏོ། །བ་རུ་ར་ནི་མངར་བསིལ་ཞུ་བའི་རྗེས་ནི་ཚ་སྐྲ་དང༌། མིག་ལ་ཕན་ཏེ། སྐྱུ་རུ་རའི་ཡོན་ཏན་བསིལ་བས་ནི་ཅུང་ཟད་ཆུང་ངོ༌། །ཨ་རུ་ར་དང་སྐྱུ་རུ་ར་དང༌། བ་རུ་ར་གསུམ་ནི་ཚེ་རིང་བའི་སྨན་བཅུད་ལེན་དུ་འགྱུར་རོ། །འབྲས་བུ་འདི་གསུམ་ནི་མིག་ནད་སེལ་ཏེ་མིག་ལ་ཕན། རྨ་འཕོ་པགས་པའི་མདངས་མི་སྡུག་ཅིང་ནད་དུ་གྱུར་པ་དང༌། རྨ་རྣག་སྟེ་རེད་པ་དང༌། ཚིལ་སྐྱེས་པའི་ནད་དང༌། གཅིན་ནད་སྙི་བ་ལྟ་བུ་དང༌། བད་ཀན་དང་ཁྲག་རྒྱས་པ་ལྟ་བུའི་ནད་སེལ་ཏོ། །གཡོས་ཀྱི་སྤོད་སྣར་སྦྱོར་བ་སྨན་སྣ་བཞི་དང༌། སྣ་གསུམ་བཤད་པ། དེ་ལ་སྨན་དྲི་སྣ་བཞི་ནི། ནཱ་ག་གེ་སར་དང་ཤིང་ཚ་དང༌། གན་དྷ་བྷ་དྲ་དང༌། སུག་སྨེལ་དང་འདི་བཞིའོ། །སྨན་དྲི་སྣ་གསུམ་དུ་སྦྱོར་བ་ནི། ཤིང་ཚ་དང༌། གན་དྷ་བྷ་དྲ་དང༌། སུག་སྨེལ་དང༌། འདི་གསུམ་ནི་དྲི་ཞིམ་པོ་སྣ་གསུམ་མོ། །སྨན་ཚ་བ་སྣ་གསུམ་བཤད་པ། ན་ལེ་ཤམ་ནི་རོ་ཡང་ཚ། ཞུ་བའི་རྗེས་ཀྱང་ཚ་སྟེ་མཁྲིས་པའི་ནད་སློང༌། རྣོ་ལ་ཚ་བ་སྐྱེད། ཁོང་རྩུབ་ཡིག་འབྱེ། ཟས་འཇུ་བའི་མེའི་དྲོད་འབར་བར་འགྱུར། བད་ཀན་སེལ། འཇུ་སླ་ཞིང་ཡང་ངོ༌། །པི་པི་ལིང་རློན་པ་ནི་རོ་ཅུང་ཟད་ཙམ་མངར། བད་ཀན་དུ་འགྱུར། བསིལ་ལྕི། ཁོང་འཇམ་ཞིང་སྣུམ་མོ། །པི་པི་ལིང་སྐམ་པོ་ནི་གཤེར་བའི་ཚུལ་བཤད་པ་ལས་བཟློག་པར་བྱ་སྟེ། སྐམ་པོ་ཡོན་ཏན་ནི་རོ་ཚ་ཡང་ཞུ་བའི་རྗེས་མངར། ཁོང་སྣུམ། བུད་མེད་ལ་ཕོད་པར་འགྱུར། རླུང་དང་བད་ཀན་དང་དབུགས་མི་བདེ་བ་དང༌། ལུད་པ་ལུ་བ་དང་འདི་རྣམས་སེལ། ཁོང་འཁྲུ་བར་འགྱུར། རྒས་སྲ་ཚེ་རིང་བར་འགྱུར་བའི་སྨན་བཅུད་ལེན་སྦྱོར་བའི་ནང་དུ་པི་པི་ལིང་འཕྲོད་དུ་གཏང་བ་མ་གཏོགས་པར་གཞན་དག་ལ་པི་པི་ལིང་གཅིག་པུ་ཤས་ཆེ་བར་མི་བཏུང་ངོ༌། །ལི་དོང་གྲ་ནི་ཕོ་བའི་དྲོད་སྐྱེད་ཅིང་འབར་བུད་མེད་ལ་ཕོད་པར་འགྱུར། ཁོང་འཁྲུ་བ་གཅོད་སྙིང་ལ་ཕན་འཁྲེན་པས་བཏབ་པ་
སེལ། ཡི་ག་འབྱེ། ཁོང་ཡང༌། ཞུ་བའི་རྗེས་མངར། ཁོང་དུ་དྲོད་ཆེ། ཁོང་འཇམ་ཞིང་སྣུམ། བད་ཀན་དང་རླུང་སེལ་ཏོ། །དེ་དང་འདྲ་བར་སྒེའུ་གཤེར་གྱི་ཡོན་ཏན་དང་མཐུ་ཡང་ལི་དོང་གྲ་དང་འདྲའོ། །ཚ་བ་འདི་སྣ་གསུམ་གྱིས་ནི་ལུས་ཤ་ཆེ་སྟེ་སྦོམ་པ་དང༌། ཕོ་བའི་མེ་དྲོད་ཉམས་ཤིང་ཆུང་བ་དང་དབུགས་མི་བདེ་བ་དང༌། ལུད་པ་ལུ་བ་དང༌། རོ་སྨད་མན་ཆད་དམ་རྐང་པ་སྐྲངས་པ་དང༌། ཆམ་པའི་ནད་འདི་རྣམས་སེལ་ཏེ་ཕན་ནོ། །སྨན་སྣ་ལྔའི་ཕོ་གསུམ་སྦྱར་བའི་དཔྱད་ལ། ན་ལེ་ཤམ་གྱི་ཡོན་ཏན་པས་ནི་དབྱི་མོ་དད་པི་པི་ལིང་གི་རྩ་བའི་མཐུ་ཆུང་ཟད་ཀྱིས་ཆུང་ངོ༌། །དེ་བས་ན་ཙིཏྲ་ཀ་དྲོད་ཆེ་བའི་མཐུ་ནི་མེ་དང་འདྲ་སྟེ་སྨན་ཞུ་བའི་འོག་ཏུ་དྲོད་སྐྱེད། ཡོན་ཏན་ནི་ལུས་སྐྲངས་པ་དང༌། གཞང་འབྲུམ་གྱི་ཁྲག་ཚད་དང༌། ལྟོ་ན་སྲིན་བུ་ཡོད་པ་དང༌། མཛེ་ནད་ཀྱིས་བཏབ་པ་འདི་རྣམས་སེལ་ཏོ། །སྨན་སྣ་ལྔའི་ཐུན་རྒྱ་ཤུག་ཙམ་གཏོང་བ་ནི་ནང་དུ། ན་ལེ་ཤམ་ནི་མི་སྦྱར་རོ། །དེ་ལ་སྨན་སྣ་ལྔ་ཐུན་རྒྱ་ཤུག་ཙམ་སྦྱོར་བ་ནི། དབྱི་མོ་དང༌། པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་དང༌། ལི་དོང་གྲ་དང༌། ཀྲུ་ཏྲུག་ཏྲེས་དང་འདི་ལྔའོ། །ཡང་འདི་ལྔའི་ཡོན་ཏན་ནི་སྐྲན་དང༌། མཆེར་པ་ན་བ་དང༌། དམུ་རྫིང་ན་བ་དང་གསུས་པ་ཆེར་སྐྱེ་བའི་ནད་དང༌། ལྟོ་བ་སྤོས་པ་དང༌། ཟུག་ཅིང་ན་བསེལ། དྲོད་མཆོག་ཏུ་སྐྱེད་པར་འགྱུར་རོ། །སྨན་གྱི་རྩ་བ་ཆེན་པོ་སྣ་ལྔའི་དཔྱད་ལ། བིལ་བ་དང༌། ཀསྨ་རི་དང༌། ཏར་ཀ་རི་དང༌། པ་ཏ་ལ་དང༌། དུན་དུ་ཀ་དང་འདི་ལྔ་ཆ་སྙོམས་ཏེ་བཙོས་པའི་ཁུ་བ་འཐུངས་ནད་རླུང་ནད་དང༌། བད་ཀན་གྱི་ན་སེལ་ཏོ། །སྨན་གྱི་རྩ་བ་ཆུང་ངུ་རྣམ་ལྔ་སྦྱར་བའི་དཔྱད་ལ། བྲིཧ་ཏི་རྣམ་རྣམ་གཉིས་དང༌། ཨང་ཤུ་མ་ཏི་རྣམ་གཉིས་དང༌། གཟེ་མ་རྩ་ཐོན་དང༌། འདི་ལྔ་གདུས་པའི་ཁུ་བ་འཐུངས་ན་ཧ་ཅང་བསིལ་བ་ཡང་མ་ཡིན་ཏེ། སྨན་གྱི་ཁུ་བ་ཞུ་བའི་རྗེས་ནི་མངར་ཏེ་ནད་ཐམས་ཅད་ལ་ཕན་ནོ། །སྨན་གྱི་རྩ་བ་འབྲིང་པོ་སྣ་ལྔ་སྦྱར་བའི་དཔྱད་ལ། བ་ལ་དང༌། པུརྞ་རྣ་བ་དང༌། ཨེ་རཎྜ་དང༌། སུ་བ་པ་ར་ཎི་སྣ་གཉིས་དང༌། སྨན་འབྲིང་པོ་སྣ་
ལྔའི་རྩ་བ་བཙོས་ཏེ་གདུས་པའི་ཁུ་བ་འཐུངས་ན་བད་ཀན་དང་རླུང་ནད་སེལ། མཁྲིས་པ་རབ་ཏུ་སྐྱེད་པར་ནི་མི་བྱེད། ཁོང་ཅུང་ཟད་འཁྲུའོ། །ཛི་བན་ཏི་ཞེས་བྱ་བ་སྨན་སྣ་འཚོ་བྱེད་སྣ་བཅུའི་དཔྱད་ལ། ཨ་བྷི་རུ་དང༌། བིར་དང༌། ཛི་བ་ན་དང༌། ཏི་དང༌། ཛི་བ་ཀར་ཤ་བ་ཀ་བ་དང་འདི་དག་ལ་སོགས་པ་སྨན་སྣ་བཅུ་པོ་ནི་སྨན་འཚོ་བྱེད་ཅེས་བྱ་སྟེ། མིག་ལ་ཕན། བུད་མེད་ལ་ཕོད་པར་འགྱུར། མཁྲིས་པ་དང་རླུང་སེལ། སྨན་འཚོ་བྱེད་སྣ་བཅུ་སྦྱར་བ་ལ། དར་བ་དང༌། ཀ་ཤ་དང༌། བུ་རམ་ཤིང་གི་རྩ་བ་དང༌། ཤ་ར་སྐམ་པའི་འདམ་བུའི་རྩ་བ་དང༌། འབྲས་ཀྱི་རྩ་བ་དང༌། འདི་རྣམས་ནི་སྨན་འཚོ་བྱེད་ཀྱི་ནང་ན་རྩ་བའི་གྲངས་སུ་འགྲོ་སྟེ། འདི་རྣམས་ནི་མཁྲིས་པ་སེལ་བར་བྱེད་དོ། །ལེའུ་དྲུག་པ་རྫོགས་སོ།། །།དེ་ནས་ཟས་བསྡམ་ཞིང་བསྲུང་བའི་ཆོ་ག་བསྟན་པར་བྱའོ། །སྲོག་འཚོ་བའི་སློབ་དཔོན་སྨན་པ་ནི་རྟག་པར་རྒྱལ་པོའི་ཕོ་བྲང་དང་ཉེ་བའི་འདབ་ཏུ་བཞག་ལ། སྨན་པའི་ལས་སུ་རྒྱལ་པོའི་བཤོས་དང༌། བསང་ནན་དང་ན་བཟའ་མནབས་པ་དང༌། གཟིམས་མལ་བཤམས་པ་ལ་སོགས་པ་ཐམས་ཅད་ལ་ཡང་སྨན་པས་གར་རིག་པ་དང༌། ཚོད་རན་པར་སྦྱར་ཞིང་བཤམས་པ་རྣམས་རྟག་པར་ཞལ་ཏ་བྱའོ། མིའོ་ཅོག་ཐམས་ཅད་བདེ་བ་དང༌། གྲུབ་པར་ལྡན་ཞིང་ནོར་དང་ལོངས་སྤྱོད་དང་ཆོས་གྲུབ་པ་ཡན་ཆད་ཀྱི་དབང་ཡང་རྒྱལ་པོ་ལ་རག་ལུས་ཏེ། དེ་བས་ན་ལྷག་པར་རྒྱལ་སྐུའི་རིམ་གྲོར་ཞལ་ཟས་དང༌། བསད་ནན་ལ་སོགས་པ་བསྡམ་ཞིང་བསྲུང་བར་བྱའོ། །འབྲས་ཆན་གྱི་ནང་དུ་དུག་བཏབ་པ་ནི་འབྲས་གཤེར་བ་ལན་བག་ཏུ་འདུག་པའི་རིགས་ལས་ལྷག་པར་སྐམ་བག་ཏུ་འདུག་པ་ཡིན་ནོ། །འབྲས་ཀྱི་ནང་དུ་དུག་བཏབ་པ་ནི་ཚོས་དཀའ། ཚོས་པར་གྱུར་ན་ཡང་འབྲས་ཆན་བཙོས་ཏེ་ཞག་ལོན་པ་ལྟར་སྐམ་བག་རྨ་བྱའི་མགྲིན་པ་ལྟར་འབྲས་ཆན་གྱི་མདོག་རྩ་སྔོ་ལ། འབྲས་ཆན་གྱི་མདོག་དང་དྲི་བསུང་ཡང་ཉམས་ཏེ། དྲི་མི་ཞིམ་པ་རུལ་བ། ཐམས་བག་རྨ་བྱའི་མདོངས་ལྟར་སྔོན་དམར་སྣ་ཚོགས་སུ་འདུག་སྟེ། འདི་ལྟ་བུའི་བག་ཟོས་ན་ལུས་ཚ་ཁོང་མྱོས་པ་དང༌། རྒྱས་པ་དང་
བད་ཀན་མང་བར་འགྱུར་རོ། །ཚོད་མ་སྣ་ཚོགས་ཁུ་བ་མེད་པ་རྔད་ཚོད་ཀྱི་ནང་དུ་དུག་བཏབ་ན་ནི་ཚོད་མ་མྱུར་དུ་སྐམ་པར་འགྱུར་རོ། །ཚོད་མ་དང་སྲན་དང་ཤ་ལ་སོགས་པ་ཁུ་བ་མདོག་གསལ་བའི་ནང་དུ་དུག་བཏབ་ན་ནི་ཁུ་བའི་མདོག་གནག་པར་འགྱུར་རོ། །ཡང་ན་ཁུ་བ་སྣ་ཚོགས་ལ་སོགས་པ་ལ་བརྟག་པའི་ཐབས་ནི་ཚོད་མ་ཁུ་བ་ཅན་མ། ཁུ་ཤ་ལྟ་བུ་ལག་ཏུ་བླངས་པ་ལ་བདག་གི་བཞིན་གྱི་གཟུགས་བརྙན་ཆུང་ངུའི་མ་ཧ་ཅང་ཆེ་བའམ། མི་སྡུག་པར་སྣང་ངམ། ཡང་ན་ཡེ་མི་སྣང་ན་དུག་ཡོད་དོ། །ཡང་ན་ཁུ་བ་ལ་སོགས་པའི་ནང་དུ་བལྟས་ན་དབུ་བསྟེང་དུ་སག་སག་བྱེད་ཅིང་འབྱུང༌། ནག་པོ་ཤུར་ཤུར་པོའམ། ཁྱུག་ཁྱུག་པོའམ། ཡང་ཡང་ཕྱེད་ཕྱེད་དུ་འགྱེས་ཤིང་མཚམས་འབྱེ། ཁུ་བའི་ནང་ནས་ཆུའི་ཆུ་བུར་ལྟར་སྟེང་དུ་སྟོང་སྟོང་འབྱུང་ངོ༌། །སྨན་པ་ཁ་ཅིག་ན་རེ་སྐོམ་དང་ཆང་འཐུངས་པའི་ནང་དུ་ཡང་ཐབས་འདི་ལྟར་བརྟགས་ན་མངོན་ཞེས་འཆད་དོ། །ཡང་ན་ཚོད་མ་སྣ་ཚོགས་ཆུར་བའམ་བུ་རམ་མམ། རྒུན་འབྲུམ་མམ། བལ་པོ་སེའུ་ལ་སོགས་པ་གང་ཡང་རུང་བ་དང༌། སྦོད་ཀྱིས་བསྒྱུར་བའི་གཡོས་ཚོད་མ་དང་ཁུ་བ་དང༌། འུ་ཤ་ལ་སོགས་པ་ཁུ་བ་དཀར་རམ། སྨུག་གམ། དམར་རམ་སྐ་སྟེ་མདོག་མི་གསལ་བ་རྣམས་ལ་དུག་ཡོད་དམ་མེད་བརྟག་པའི་ཐབས་ནི། གཡོས་མངར་བའམ། སྐྱུར་བ་དམིགས་ཀྱིས་རོ་བྲོ་བ་ཡང་རུང་བ་ཞིག་སྦྱར་བའི་ནང་དུ་དུག་བཏབ་ན། རོ་དེ་ལྟར་མི་བྲོ་ལ་རོ་མི་ཞིམ་པ་གཞན་དུ་བྲོ་ན་དུག་ཡོད་དོ། །ཁུ་ཤ་དང་འུ་ཤའི་ནང་དུ་དུག་བཏབ་ན་ནི། ཁུ་བའི་ནང་ན་སྔོན་པོར་སྣང་ངོ༌། །འོ་མ་དང་ཞོའི་ནང་དུ་དུག་བཏབ་ན་ནི་རི་མོ་ཟངས་མའི་མདོག་ལྟ་བུ་ཤུར་ཤུར་པོའམ། གྱ་གྱུ་པོ་ཡོད་དོ། །ཡང་ན་རི་མོ་ནག་ཅིང་སྔོ་བ་མ་ཡིན། རྩ་གནག་པའམ་འགྲོ་བའི་རི་མོར་སྣང་ངོ༌། །ངར་བའི་ནང་དུ་དུག་བཏབ་ན་ནི། རྩ་སྔོ་བ་འམ་རི་མོ་ནག་པོ་སྣང་ངོ༌། །མར་ཁུའི་ནང་དུ་དུག་བླུགས་ན་ནི་ཆུའི་མདོག་འདྲ་བར་སྣང་བའི་རི་མོ་མངོན་ནོ། །ཆང་དང་ཆུའི་ནང་དུ་བླུགས་ན་ནི་ནག་པོར་སྣང་ངོ༌། །སྦྲང་རྩིའི་ནང་དུ་
དུག་བཏབ་ན་ནི་ལྗང་སྔོན་དུ་དུག་སྣང་ངོ༌། །ཏིལ་མར་གྱི་ནང་དུ་བཏབ་ན་ན་དམར་པོར་སྣང་ངོ༌། །ཤིང་ཐོག་མ་སྨིན་པ་ལ་དུག་བཏབ་ན་ནི་སྨིན་པ་ལྟར་སྣང་ངོ༌། །ཤིང་ཐོག་སྨིན་པ་ལ་དུག་བཏབ་ན་ནི་རུལ་བར་འགྱུར་རོ། །ཁ་ཟས་སྐམ་པོ་དང་རློན་པའི་ནང་དུ་དུག་བཏབ་ན་ནི་རློན་པ་ནི་རྙིས་པར་འགྱུར་རོ། །སྐམ་པོ་མདོག་འགྱུར་རོ། །ཁ་ཟས་སྙི་ཞིང་འཇམ་པ་ལ་བཏབ་ན་སྲ་ཞིང་ཁངས་པར་འགྱུར་རོ། །སྲ་བའི་ནང་དུ་བཏབ་ན་སྙི་བར་འགྱུར་རོ། །མེ་ཏོག་དང་མེ་ཏོག་གི་ཕྲེང་བ་ལ་བཏབ་ན། མེ་ཏོག་གི་ལོ་མ་ཐོར་ཏོ་འགས་དྲི་མི་ཞིམ་ཞིང་རྙིས་པར་འགྱུར་རོ། །གོས་ལ་སྤུ་དུག་གིས་བསྐུས་ན་ནག་པོ་ཐིག་ཐིག་པོ་དང༌། ནག་པོ་ཀོར་ཀོར་པོར་འགྱུར། གོས་ཀྱི་སྡུ་གྲུགས་ཤིང་འཆད། མཐའ་མ་ཟེགས། རས་ཀྱི་ཁ་ཚར་འཆད་དོ། །གསེར་དངུལ་ས་ལེ་སྦྲམ་དང་མུ་ཏིག་དང༌། ཤིང་གི་བག་ཁར་བའི་ཕོར་གཞོང་རྫ་དང་རྡོ་བ་དང་རིན་པོ་ཆེ་ལ་སོགས་པ་ལ་དུག་གིས་བསྐུས་སམ་བྱུགས་ན་སྔ་མ་དང་མི་འདྲ་སྟེ་དྲི་མ་ཆགས་པར་སྣང༌། མདོག་འགྱུར། འོད་ཉམས་རེག་ན་འཇམ་རྩུབ་མི་འདྲ་སྟེ་འགྱུར་རོ། །ཁམ་པའི་རྫ་ཕྲུ་དང་སྣོད་སྤྱད་ལ་དུག་གིས་བསྐུས་ན་ནི་མདོག་བཟང་ཞིང་འོད་ཡོད་པར་འགྱུར་རོ། །ཟས་སྐོམ་ལ་སོགས་པའི་ནང་དུ་དུག་འདེབས་ཤིང་འོང་བའི་མི་སུ་ཡིན་རྟོགས་པར་ངོས་གཟུང་བའི་ཐབས་བཤད་པ། མི་ཞིག་ལག་ན་དུག་ཁྱེར་ཞིང་འོང་བར་མངོན་པའི་རྟགས་དང་མཚན་མ་མངོན་པ་ནི། གདོང་རྩ་སྔོ་ཞིང་གནག་བབ་ཏུ་འདུག །ཁ་སྐམ་གནོད་བག་སྐྱེངས་བཞིན་ལ་མི་ཆགས་ཏེ། མིག་ཕྱོགས་ཕན་ཚུན་ལྟ། འདར་ཞིང་རྡུལ་བག་ཏུ་འདུག །རྟ་བས་པ་སྡངས་བག་དང་འགྲོ་ན་གོམ་པ་འདུར་བག་ཏུ་འགྲོ་བ་འདི་ལྟ་བུའི་མི་ནི། ཁ་ཟས་ཀྱི་ནང་དུ་དུག་འདེབས་ཤིང་འོང་བར་མངོན་པའི་རྟགས་ཡིན་ནོ། །ཟས་དུག་ཅན་དུ་ཡིན་པར་མངོན་པའི་དོན་རྟགས་ལ་བབ་པར་གྱུར་ནས་དུག་ཡིན་པར་ཀུན་གྱིས་ཡིད་ཆེས་པ་དང༌། ངོ་བཟུང་ཞིང་དཀར་ཆོག་པའི་ཐབས་བཤད་པ། ཁ་ཟས་དུག་ཅན་ཡིན་པར་གྱུར་ན་ཟས་དེ་མེར་བསྲེགས་པ་དང༌། མེ་ལྕེ་གཅིག་ཏུ་འཁྱིལ་ཞིང་འབར་ལ་མེ་སྟག་རབ་ཏུ་དྲག་ལ། དུད་པ་རྨ་བྱའི་
མགུལ་པ་ལྟ་བུར་འབྱུང་ཞིང༌། མེ་ལྕེ་བྱུང་ཡང་རུང་མ་བྱུང་ཡང་རུང་དྲི་མི་ཞིམ་པ་དྲག་པོར་མནམ་མོ། །ཁ་ཟས་དུག་ཅན་སྲེ་མོས་ཟོས་ན་འཆི། བྱ་རོག་གིས་ཟོས་ན་སྐད་ཆུང་ངུར་འབྱིན། བྱ་ནེ་ཚོ་དང༌། བྱ་ཏ་ཏུ་ཧ་དང༌། བྱ་ཤ་རི་ཀ་རི་སྐེགས་ཀྱིས་མཐོང་ན་སྐད་ཅ་ཅོ་འབྱིན་པར་འགྱུར། ངང་པས་མཐོང་ན་གོམ་པ་ཐག་ཐུང་བྱེད་ཅིང་བརྡེག་འཆའ། བྱ་ཛིབ་ཏེབ་ཀ་ཞེས་བྱ་བཤད་ཤང་ཏེ་འུས་ཟོས་ན་ན་བར་འགྱུར། སྤྲུལ་གྱིས་མཐོང་ན་མིག་མི་ཆགས་ཉེ་བ་ལར་མི་བཏུབ་པར་བྱེད། །ཁྲུང་ཁྲུང་གིས་མཐོང་ན་ཙང་ཙང་པོར་འཛུར་བར་འགྱུར། ཕུག་རོན་དང་བྱ་ཀོ་ཀི་ལ་དང༌། བྱ་དག་ཤ་དང༌། དུར་པས་ཟོས་ན་འཆི་བར་འགྱུར། བྱི་ལས་མཐོང་ན་སྐྱོ་སྟེ་མི་འདོད་པར་འགྱུར། སྤྲེ་འདུས་མཐོང་ན་སྐྲག་སྟེ་མི་གཙང་བ་འདོར་བར་འགྱུར། རྨ་བྱས་མཐོང་ན། དུག་གི་དཔལ་ངང་མདོག་ནི་ཉམས། །རྨ་བྱ་ནི་དགའ་བར་འགྱུར་རོ། །ཁ་ཟས་དེ་ལྟ་བུ་དུག་ཅན་ཡིན་པར་ཤེས་ནས་བླ་འོག་མི་ཕལ་དང༌། སྲོག་ཆགས་ཡན་ཆད་པ་གཅིག་ལ་ཅིས་ཀྱང་དེ་དག་ལ་གནོད་པར་མ་གྱུར་པར་མྱུར་དུ་མེད་པར་གྱིས་ཤིག །དུག་སྣ་ཚོགས་རེག་དུག་གམ། དུག་འཐུངས་སམ་ཟོས་པ་ལས་ནད་དུ་གྱུར་ན། སོ་སོའི་ནད་དམིགས་ཀྱི་ངོ་བོ་བསྟན་པ་དང༌། སོ་སོའི་སྨན་དཔྱད་ཀྱི་ཆོ་ག་བཤད་པ། རེག་དུག་གིས་ལུས་སམ་ལག་པ་ལ་རེག་ནན་པའི་ཐབས་ནི། དུག་གིས་གར་རེག་པ་ནས་གཡའ། ཚ་ཞིང་ན། རིམས་ཀྱིས་བཏབ་པར་འགྱུར། ལུས་ལ་འབྲུམ་བུ་འབྱུང༌། ལུས་དང་ཡན་ལག་ལ་ཚོར་བའི་བག་མེད་དེ་བེམ་བེམ་པོར་འདུག །སེན་མོ་འབྱུང༌། སྦུ་འབྱི། ལུས་སྐྲངས་ཏེ། དེ་དག་ལ་སྨན་གྱི་ཆོ་ག་ནི་སྨན་དམིགས་ཀྱིས་སྨོས་པ་རྣམས་ཀྱི་ཁུ་བས་ལུས་དང་ཡན་ལག་བཀྲུ་ཞིང་ཆུ་བླུགས་པ་དང༌། སྨན་གྱིས་བསྐུས་ན་དུག་ཐུབ་སྟེ་ཕན་ནོ། །དེ་ལ་སྨན་ནི་ཨུ་ཤི་དང༌། ཙན་དན་དཀར་པོ་དང༌། ཤུག་པ་དང༌། སོམ་བ་ལ་ཀའི་ཤུན་པ་དང༌། བལ་བུའི་ལོ་མ་དང༌། རུ་རྟ་དང༌། གུ་འུ་རྩི་དང༌། འདིར་ནམས་ཆམ་ཆོ་མ་དུ་བརྡུངས་བའི་ཁུ་བ་མཉེས་ཤིང་བཙིར་བས་བཀྲུ་ཞིང་རྒྱུན་དུ་བླུགས་པ་དང༌། སྨན་འདི་རྣམས་ཞིབ་ཏུ་བཏགས་པའི་ལྡེ་གུས་
བྱུག་གོ །དུག་ཁའི་ནང་ཙམ་དུ་རེག་པའི་ནད་ཐབས་ནི་ཁ་ནས་པད་ཀན་མང༌། ལྕེ་ལ་རོ་བྲོ་བ་མི་ཚོར། ཡ་མཆུ་མ་མཆུ་གཉིས་བེམ་བེམ་པོར་བྱེད་ཅིང་སོ་དང་མཆུ་དང་ལྕེ་ཀུན་བེ་རེ་རེ་བྱེད། ལུས་ཚ་སྟེན་ཞིང་ཟུག །སོ་བརྩེ། ཁ་ཟས་ཀྱི་རོ་ཅི་བྲོ་བ་མི་ཚོར། འགྲམ་རེངས་ཏེ་སོ་འཛིངས་པའི་ནད་ཐབས་འདི་ལྟ་བུས་བྱེད་དེ། འདི་ལྟ་བུའི་སྨན་གྱི་ཆོ་ག་བྱ་བ་ནི། རེག་དུག་གསོ་བའི་སྨན་ཨུ་ཤི་རི་ལ་སོགས་པ་གོང་དུ་བཤད་པའི་སྨན་རྣམས་ཆུའི་ནང་དུ་སྤངས་ཏེ་མཉེས་པའི་ཁུར་བ་ཁར་བླུགས་ཏེ་བཞག་ལ་དགུ་བསྡུ་ཞིང་དྲངས་ལ། ཁ་ཆུ་ཕྱིར་དོར་བའི་ཐབས་དང༌། དུག་ཐུབ་པའི་སྨན་ཐམས་ཅད་ཕན་ནོ། །དུག་འཐུངས་པ་ལས་མ་ཞུ་བའི་གནས་ཕོ་བ་དང་མཆིན་པ་ལ་བབ་པའི་ནད་ཐབས་ནི། ལུས་རྡུལ་ཞིང་བརྒྱལ། ལྟོ་སྦོས། མགོ་འཁོར་མྱོས། བ་སྤུ་ཀུན་ལངས། སྐྱུག །ལུས་ཀུན་ཚ། མིག་མི་མཐོང༌། སྙིང་མི་དྲན། ལུས་དང་ཡན་ལག་ལ་རྩ་དམར་པོ་དང༌། སྔོན་པོ་ཏིག་ཏིག་པོས་གང་བར་འགྱུར་རོ། །ཡང་དུག་འཐུངས་པ་ཞིག་ལས་དུག་དེ་རྒྱུ་མ་མན་ཆད་སྨད་དུ་བབས་ན། ན་བའི་ཐབས་ནི་ཁ་ནས་སྐྱུག་པ་ཁ་དོག་སྣ་ཚོགས་སུ་འབྱུང་ཞིང་སྐྱུགས། གཅིན་མང༌། ཚ་བར་བྱེད། རབ་ཏུ་འཁྲུ། ལུས་མྱོ་མྱོ་བོར་རྨྱ་བག་ཏུ་འདུག །ཤ་སྐམ། ཤ་མདོག་སྐྱ་ཞིང་རྩ་སེར་བག་ཏུ་འདུག །གསུས་པ་སྐྱེ། ཉམས་སྟོབས་ཟད་དེ་དུག་རྣམ་པ་འདི་གཉིས་ཀྱིས་བབ་པ་ལ་དཔྱད་དུ་བྱ་བའི་ཐབས་ནི། སྐྱུག་སྨན་དང་བཀྲུ་སྨན་གྱིས་བཀྲུས་ན། དེ་ནས་སྐྱེར་པའི་རྩ་བ་དང༌། ཆུ་རྩི་སེར་པོ་ཡུང་བ་དང༌། ཏ་ཀི་བྷ་ཞེས་བྱ་བ་དང༌། བུ་རམ་དཀར་པོ་བ་ནི་དུ་བ་རི་ཀ་དང༌། ནིས་པ་པ་དང༌། བ་སི་ཀ་དང༌། ཤ་ཏ་པར་པ་ཀ་དང༌། ཏིན་དུ་ལི་ཡ་ཀའི་རྩ་བ་དང༌། ཨ་པ་ལ་གུ་ཟ་དང༌། སྨན་འདི་རྣམས་སྟོབས་སྙོམས་ཏེ་ཞིབ་ཏུ་བཏགས་ལ་འབྲས་བཙོས་པའི་ཁུ་བ་བཙགས་པའི་གྲང་མོའི་ནང་དུ་སྨན་ཞིབ་ཏུ་བཏགས་པའི་ཕོ་བ་གསུམ་གང་བཀྲུས་ཏེ་ཐུན་གཅིག་བླུད་དོ། །མིག་དང་སྣ་ནས་གཏང་ན་ནི། སྨན་འབྲས་ཁུ་བའི་ནང་དུ་སྐྱོ་མར་སྦྱར་ཚགས་ལས་བཙགས་ཏེ་མིག་དང་སྣར་གཏིག་ཅིང་བླུགས་སོ། །ཐབས་འདི་
ལྟར་ནད་པའི་ཉམས་སྟོབས་དང་སྦྱར་ཞིང་ན་མ་ཐག་གི་བར་དུ་བཏང་ན་དུག་ཐུབ་བོ། །དུག་གིས་ཕོག་པ་ལ་གཞན་ཡང་དཔྱད་བྱ་བ་ནི། གྱེན་དུ་དྲངས་ཏེ་སློན་པ་དང༌། ཐུར་དུ་བཀྲུ་བས་ནད་སྤུངས་ན་དུག་ནད་ཕྱིན་ཏེ། ཁོང་ཡང་བར་གྱུར་ནས་སྨན་བཏང་བའི་དུས་ལ་བབས་ཏེ། གདོང་ཟངས་བཟང་པོ་སེག་བདར་གྱིས་བདར་བ་ཕོ་གསུམ་གང་སྦྲང་རྩི་དང་སྦྱར་ཏེ་བཏང་ན་དུག་སྙིང་ལ་བབ་པ་དང༌། ཟུག་པ་ལ་ཕན་ཞིང་བྱང་ངོ༌། །འདི་ལྟར་བྱས་ན་དུག་གིས་ཕོག་སྟེ་སྙིང་ན་ཞིང་ཟུག་པ་ཀུན་འབྱང་ངོ༌། །སྙིང་ན་ཞིང་ཟུག་པ་ལ་སོགས་པ་ཀུན་བྱང་ནས་དེའི་རྗེས་ལ་གསེར་ཕྱེ་མར་བཏགས་པ་ཞིབ་མོར་བགྱིས་ཏེ། སྦྲང་རྩི་འམ་འབྲས་ཁུ་ལས་བཏང་ན་དུག་ཐུབ་སྟེ། གསེར་འཐུང་བ་ནི་དཔེར་ན་པདྨོའི་འདབ་མ་ལས་ཆུ་མི་ཆགས་པ་བཞིན་མིའི་ལུས་ལ་དུག་གིས་མི་ཚུགས་སོ། །གསེར་ཕྱེ་མ་རྟག་ཏུ་འཐུངས་ན་ཚེ་ཡང་རིང་པོར་འགྱུར་རོ། །དུག་ལ་ཕན་པའི་ཆོ་ག་བསྟན་པ་ཡང་འདི་ཡིན་ནོ། །དུག་གིས་ཕོག་པའི་སྟེང་དུ་ཁ་ཟས་མི་འཕྲོད་པ་ཟོས་ན། དབྱིག་དུག་སྦྱར་མ་དང་འདྲ་སྟེ་རབ་ཏུ་གནོད་པར་འགྱུར་རོ། །དེ་དག་གང་ཞེ་ན། ཡུལ་གཤེར་ས་སེར་ཆེ་བ་ན་གནས་གནས་པའི་རི་དྭགས་ལ་སོགས་པའི་ཤ་གང་ཡང་རུང་བ་དང༌། ཉ་དང༌། རྒྱ་སྲན་ནག་པོ་དང༌། སྦྲང་རྩི་དང༌། འོ་མ་དང༌། ཡུངས་མ་དང༌། ལ་ཕུག་ལ་སོགས་པའི་མྱུ་གུ་ཐམས་ཅད་དང༌། སྐྱུར་པོ་ཡང་མི་དགེ་བས་འདི་རྣམས་འདྲ་སྟེ། ནང་ཕན་ཚུན་མི་འཕྲོད་པས་འདི་ལྟ་བུ་ནང་དུ་འདྲེས་མར་ཟོས་ན་དུག་སློང་སྟེ་མི་རུང་ངོ༌། །ཡང་པདྨའི་རྩ་བ་དང༌། ལ་ཕུག་དང༌། བུ་རམ་གང་ཡང་རུང་བ་འདི་གསུམ་ནང་མི་འཕྲོད་དེ་གནོད་དོ། །མཆོག་ཏུ་འོ་མ་དང་ཉ་གཉིས་མི་འཕྲོད་དེ། ཨ་མགུ་ནི་མི་གནོད་དོ། །ཉའི་ནང་དུ་ཡང་སྲེ་མ་མཆོག་ཏུ་གནོད་དོ། །འོ་མ་དང་སྐྱུར་བར་མི་འཕྲོད་དོ། །དེ་བཞིན་དུ་ཤིང་ཐོག་སྐྱུར་པོ་ཐམས་ཅད་དང༌། རྒྱ་སྲན་ནག་པོ་དང༌། ཤིང་ཐོག་འབར་ར་ཀ་དང༌། ཀྲང་ཀུ་དང༌། བ་ལ་དང༌། མུ་གུ་སྟ་ཀ་དང༌། འདི་རྣམས་ཀྱང་འོ་མ་དང་མི་འཕྲོད་དེ། དེ་བཞིན་དུ་ཚོད་སྔོན་རྗེན་བ་ཤང་ཚེའི་བག་དང༌། ཡུངས་མ་དང་
ལ་ཕུག་ལ་སོགས་པའོ་མ་དང་མི་འཕྲོད་ཀྱི་མ་ཟ་ཤིག །ཕག་རྒོད་དང་བྱི་ཐུར་གྱི་ཤ་ལྟ་བུ་འཇུ་དཀའ་ཞིང་ལྕི་བ་འོ་མ་དང་མི་འཕྲོད་དེ། ཞོ་དང་རི་དྭགས་ཀྲི་ཤ་ཏའི་ཤ་དང་བྱ་གག་གི་ཤར་མི་འཕྲོད་དོ། །མོན་སྲན་སྡེའུའི་ཚོད་མ་དང་ལ་ཕུག་ཏུ་མི་འཕྲོད་དོ། །ལུག་ཤ་དང་ལེ་བརྒན་རྩིའི་ཚོད་མར་མི་འཕྲོད་དོ། །པདྨའི་རྩ་བའི་ཚོད་མ་དང་ལ་ཕུག་དང༌། ཡུངས་མ་དང་མྱུ་གུ་སྣ་ཚོགས་ཀྱི་ཚོད་མ་དང་མི་འཕྲོད་དོ། །མོན་སྲན་གྲེའུའི་ཚོད་མ་དང༌། བུ་རམ་དང་ཞོ་དང་ཤིང་ཐོག་ལི་ཧ་ཟ་རྣམས་དང་མི་འཕྲོད་ཀྱི་མ་ཟ་ཤིག །ལྡུམ་བུ་ཆུ་སྐྱེས་ཀྱི་འབྲས་བུ་དང་དར་བར་མི་འཕྲོད་དོ། །ཤིང་ཏ་ལའི་ཤིང་ཐོག་དང་པི་པི་ལིང་དང་ན་ལེ་ཤམ་དུ་མི་འཕྲོད་དོ། །ཀ་ཀམ་ཅི་དང་ཡང་མི་འཕྲོད་དོ། །ཡང་ན་ཉ་བཙོས་ན་ཡང་མི་རུང་ངོ༌། །ཉ་མི་རུང་བཞིན་བཅའ་སྒ་བསྐོལ་བའི་སྣོད་ཀྱི་ནང་དུ་ཀ་ཀ་མ་ཙི་བ་བཙོས་ན་ཡང་མི་འཕྲོད་དོ། །ཡང་ཀ་ཀམ་ཙི་དང་བྱ་ཀ་ན་ཏེ་ཞེས་བྱ་བའི་ཤ་སྣོད་སོ་སོའི་ནང་དུ་བཙོས་ཏེ་ཟོས་ན་ཡང་མི་འཕྲོད་དོ། །ཡང་ན་བྱ་ཀ་མ་ཏའི་ཤ་གཅིག་པུ་བཙོས་པ་ཁོང་དུ་ཞག་ལོན་པ་ཟོས་ན་ཡང་གནོད་དོ། །མར་གྱི་ནང་ན་ཉ་བརྔོ་བརྔོ་བའི་ཉའི་ཞག་དང་མར་ཁུའི་ནང་དུ་པི་པི་ལིང་རློན་པ་བརྔོས་པ་ཡང་མི་འཕྲོད་ཀྱི་མ་ཟ་ཤིག །ཁ་ར་བའི་ནང་དུ་མར་ཞག་བཅུ་ལོན་པར་གཞག་པའི་ནང་དུ་སྨན་གོ་བའི་འབྲས་བུ་མར་དང་དྲོན་མོར་ཟོས་ན་མི་འཕྲོད་དོ། །དར་བའི་ནང་དུ་ཀ་མ་པི་ལྱ་ལ་སོགས་པ་ཡང་མི་འཕྲོད་དོ། །ཏིལ་དང་མོན་སྲན་སྡེའུ་གཉིས་སྦྱར་བའི་ཐུག་པ་དང༌། འོ་མ་དང་ཆད་དུ་མི་འཕྲོད་དོ། །སྦྲང་རྩི་དང་མར་དང་རྔོ་ཚིལ་དང༌། ཏིལ་མར་དང་ཆུ་དང༌། འདི་རྣམས་གང་ཡང་རུང་ལན་གཉིས་ལན་གསུམ་དུ་ཧ་ཅང་ཆེར་མི་བཟའ་མི་བཏུང་ངོ༌། །ཡང་ན་འདི་ལྔ་ཆ་མཉམ་པར་བྱས་ཏེ་ཅིག་ཅར་ཟོས་ན་ཡང་ཕན་ཚུན་ནང་མི་འཕྲོད་དེ་གནོད་དོ། །མར་དང་སྦྲང་རྩི་གཉིས་ཆེ་ཆུང་བྱས་ཀྱང་ཆར་པའི་ཆུ་འཐུངས་ན་མི་འཕྲོད་དེ་གནོད་དོ། །ཡང་སྦྲང་རྩི་དང་པུ་ཀའི་ས་བོན་དང་གཉིས་ཟོས་ན་ཡང་གནོད་དོ། །སྦྲང་རྩི་དང་བུ་རམ་ཆང་དང༌། ལི་ཁ་རའི་ཆང་དང་ནང་མི་འཕྲོད་དེ་གནོད་དོ། །ཡང་འོ་ཐུག་དང་ཆུ་དང་ཕྱེ་
སྦྱར་བའི་སྐྱོ་མར་འཐུངས་ན་མི་འཕྲོད་དེ་གནོད་དོ། །ཤ་མོ་ཡུང་མར་གྱི་ནང་དུ་བཙོས་པ་ཡང་མི་འཕྲོད་དེ་གནོད་དོ། །ཡང་ཚོད་མ་ཨུ་པོ་ཏ་ཀ་ཞེས་བྱ་བ་ཏིལ་གྱི་ཚིགས་མ་ལ་ཟོས་ན་རབ་ཏུ་འཁྲུ་བར་འགྱུར་རོ། །ཆུ་ལ་གནས་པ་ཞེས་དཀར་མོའི་ཤ་བཙོས་པ་ཆད་དང་སྦྱར་བ་དང༌། སྲན་རྡེའུ་དང་མོན་སྲན་སྡེའུ་དང་ཏིལ་དང་སྣ་གསུམ་དུ་སྦྱར་བའི་ཐུག་པ་དང་མི་འཕྲོད་དེ་གནོད་དོ། །ཕག་རྒོད་ཀྱི་ཚིལ་གྱི་ནང་བྱ་དཀར་མོའི་ཤ་བརྔོས་ཏེ་ཟོས་ན་འཕྲལ་དུ་སྲོག་ལ་གནོད་པར་འགྱུར་རོ། །དེ་བཞིན་དུ་སྲེག་པ་དང༌། རྨ་བྱ་དང༌། གོ་དྷ་ཞེས་བྱ་བ་སྲེན་མོ་བ་ཞིག་ཡོད་པ་དང༌། བྱ་ཀ་བི་ཛ་ལ་དང༌། འདི་རྣམས་ཤིང་ཨེ་རཎྜའི་མེ་བུས་ཏེ། ཨེ་རཎྜ་གཉིས་ཀྱི་མར་ལ་བརྔོས་ན། མི་འཕྲོད་པ་སྟེ་གནོད་དོ། བྱ་ཧ་རི་ཏ་ཞེས་བྱའི་ཤ་སྐྱེར་ཐུར་རིང་པོས་ཕུག་ལ། སྐྱེར་བའི་མེ་དང༌། མདག་མ་ལ་བསྲེགས་ཏེ་ཟོས་ན་འཕྲལ་དུ་སྲོག་ལ་གནོད་དོ། །བྱ་ཧ་རི་ཏའི་ཤ་བསྲེགས་ཤར་བྱས་ཏེ་ཐལ་བ་དང་ས་ཡང་རེག་ལ། དེ་སྦྲང་རྩི་དང་སྦྱར་ཞིང་ཟོས་ན་དེ་བཞིན་དུ་གནོད་དོ། །དེ་ལྟ་བས་ན་ཁ་ཟས་མི་འཕྲོད་པ་ལ་གང་ཡང་རུང་བཟོས་ན་མི་འཕྲོད་ནད་སློང་ལ་ནད་བྱང་དུ་མི་རུང་བ་དེ་ལྟ་བུ་ནི། མདོར་ན་ཟས་མི་འཕྲོད་པ་ཞེས་བྱ་སྟེ་གནོད་པ་ཡིན་ནོ། །འདི་ལྟ་བུ་ཁ་ཟས་མི་འཕྲོད་པ་ཟས་པ་ལ་དཔྱད་དུ་བྱ་བ་ནིར་ནམ་པ་གཉིས་ཏེ། གཅིག་ནི་བཀྲུ་སྨན་དང༌། སྐྱུར་སྨན་གྱིས་སྦྱང་བའོ། །རྣམ་པ་གཉིས་ནི་ཟས་མི་འཕྲོད་པའི་ནད་དེ་ལྟ་བུ་སེལ་ཞིང་འབྱིན་པའི་འཇུ་སྨན་ནམ། ཡང་ན་ཟས་སྨྱུང་བ་ལ་སོགས་པས་ཞི་བར་བྱའོ། །ལ་ལ་ཞིག་ཟས་དང་མི་འཕྲོད་པ་འདི་ལྟ་བུ་ཐོག་མ་ནས་ཟ་ཞིང༌། ལུས་ཟས་དེ་ལྟ་བུ་ཉིད་ཀྱིས་ལུས་གསོས་བསྐྱེད་པ་དང༌། ཡང་ན་རྟག་ཏུ་བཅག་པ་ལ་སོགས་པས་ལུས་བཀྲོལ་ཞིང་ཤུགས་ཕྱུང་བ་དང༌། ན་ཚོད་དར་ལ་བབ་ཅིང་ཉམས་སྟོབས་དང་ཡང་ལྡན་པའི་མི་ཟས་མི་འཕྲོད་པ་ཡིན་གྱིས་ཀྱང་རྟག་པར་ཟས་སུ་གོམས་པ་དང༌། ཅུང་ཟད་ཟོས་ན་དེ་ལྟ་བུ་ནི་མི་འཕྲོད་ཅིང་གནོད་པར་མི་འགྱུར་རོ། །ཡང་ཟས་མི་འཕྲོད་པ་དེ་ཟོས་ན་ཡང་ཉེན་དུ་མི་འགྱུར་བར་སྦགས་ཀྱིས་བཟའ་བའི་ཐབས་ནི། ཟས་འཕྲོད་པ་
བཞི་གསུམ་ཟོས་ནས་ཟས་མི་འཕྲོད་པ་བཞི་ཆ་གཅིག་བཟའོ། །དེ་ནས་བགས་ཀྱིས་ཉིན་རེ་བཞིན་ཟས་འཕྲོད་པ་བཞི་གསུམ་གྱི་སུམ་ཆ་གཅིག་པོ་དེ་ལ་ཡང་བཞི་ཆས་ཉིན་རེ་རེ་ཞིང་ཕྲི་ལ་མི་འཕྲོད་པའི་ཟས་ཀྱང་ཉི་མ་རེ་རེ་ཞིང་ཆ་བསྐྱེད་དེ། བཟའ་བ་འདི་ལྟ་བུར་ཉི་མ་གཅིག་གཉིས་གསུམ་བཞི་རྟག་ཏུ་ཟོས་ན་འཕྲོད་པར་འགྱུར་རོ། །ཡང་ན་ཁ་ཟས་མི་འཕྲོད་ཀྱང་རྟག་པར་ཟོས་ཏེ་གོམས་ན་མི་གནོད་དེ་ཕན་ནོ། །གལ་ཏེ་ཟས་མི་འཕྲོད་པ་ཕན་ཞིང་གོམས་པར་གྱུར་པ་དེ་བཏང་ལ་འཕྲོད་ཅིང་ནད་དུ་མི་འགྱུར་བའི་ཟས་མི་གོམས་པ་བསྟེན་ཅིང་ཟོས་ན་མི་འཕྲོད་དོ་གནོད་པས་དེ་མ་ཐག་ཏུ་ནད་དུ་འགྱུར་ཏེ། རླུང་དང༌། བད་ཀན་དང༌། མཁྲིས་པ་ལ་སོགས་པའི་ནད་ལུས་ལ་གནོད་པར་འགྱུར་བ་དེ་བདག་དང་ཉེ་བར་ངོ་པ་ཡང་དང་ཡང་ཟ་བ་གང་ཡིན་པ་ནི་མཁས་ཤིང་ཤེས་པས་བཟའ་བའི་མི་རིགས་སོ། །དེ་བས་ན་ལུས་ལ་ཕན་པར་འགྱུར་བའི་ཟས་དང༌། གོས་དང༌། མལ་ཆ་དང༌། བུད་མེད་ལ་ཕོད་པ་རྣམས་ལ་ཚོད་ཟིན་ཅིང་རན་པར་བྱེད་པས་ལུས་བརྟན་ཅིང་སྒོ་བ་ནི། དཔེར་ན་ཁང་ཁྱིམ་རྟག་ཏུ་ཞལ་ཏེ་བྱེད་ཅིང་བཅོས་པ་དང་འདྲ་སྟེ། དེ་ལྟ་བས་ན་ཁ་ཟས་ཀྱི་ཚུལ་ནི་སྔར་ཡང་བསྟན་པ་ཡིན་ནོ། །འོག་ནས་སྐབས་སྐབས་སུ་ཡང་འཆད་དོ། བདེ་མི་བདེ། ཤ་ཆེ་བ་དང༌། སྐེམ་པ་དང༌། སྟོབས་ཆེ་ཆུང་དང༌། བུད་མེད་ལ་ཕོད་མི་ཕོད་དང༌། སེམས་གསལ་མི་གསལ་དང༌། སྲོག་གི་ཟུངས་ཡན་ཆད་ཀྱང་གཉིད་ཚིམ་པར་ལོག་ན་ཕན་ཏེ་གཉིད་ལ་རག་ལུས་སོ། །གཉིད་ལེགས་པར་ལོག་པ་ནི་ལུས་ལ་ཕན་གྱི། འོན་ཀྱང་སོས་ཀའི་ཚེ་ཉིན་པར་ལོག་ཏུ་རུང་བ་མ་གཏོགས་པར་དུས་གཞན་གྱི་ཚེ་ཉལ་བ་ནི་དུས་མ་ཡིན་པར་གཉིད་ལོག་པ་ཞེས་བྱ་སྟེ་གནོད་དོ། །གཉིད་ལོག་ན་ཕན་ཞེས་ཏེ་རྒྱུན་དུ་ཧ་ཅང་ཡང་མ་འོངས་པར་མི་ཉལ་ལོ། །གཉིད་དྲགས་ན་ལུས་ལ་གནོད་ཆེས་ཏེ་གཉིད་ཡེ་མི་ལོག་པར་ཡང་མི་རུང་ངོ༌། །རྟག་ཏུ་ཧ་ཅང་ཡང་ཉལ་ཞིང་གཉིད་དྲགས་ན་བདེ་སྐྱིད་པའི་ཚེ་ལ་བདུད་ལྷག་པར་འབྱུང་སྟེ་གནོད་དོ། །མཚན་མོ་གཉིད་མི་ཉལ་བ་ནི་ལུས་ཀྱི་ཁོང་རྩུབ་སྟེ་རླུང་སྐྱེད་དོ། །ཉིན་པར་གཉིད་ལོག་པ་ནི་ལུས་ཀྱི་ཁོང་
འཇམ་སྟེ་བད་ཀན་སྐྱེད། ཙོག་པུར་ཡུར་བ་ནི་རླུང་ཡང་མི་སྐྱེད་བད་ཀན་དུ་ཡང་མི་འགྱུར་རོ། །སོས་ཀའི་ཚེ་ཟླ་བ་གཉིས་རླུང་སྐྱེ་བའི་དུས་ཏེ་ཉམས་མཐུ་མི་འབྲི་བའི་དུས་ལ་བབ་པས་དེའི་ཚེ་མཚན་ནི་ནམ་ཐུང་ཉི་མ་རིང་བས་ཉིན་པར་གཉིད་ལོག་ན་ཕན་ནོ། །དུས་འདིའི་ཚེ་མ་ཡིན་པར་གཉིད་ལོག་ན་བད་ཀན་དང་མཁྲིས་པ་སྐྱེད་པར་འགྱུར་རོ། །སྨྲ་མངས་ཏེ་དྲགས་པ་དང༌། རྟ་ཞོན་དྲགས་པ་དང༌། རྐང་གིས་སོང་སྟེ་དུབ་པ་དང༌། ར་རོ་བ་དང༌། བུད་མེད་ལ་ཉལ་དྲགས་པ་དང༌། ཁུར་དང་ལས་ཀྱིས་དུབ་པ་དང༌། ཚིག་བཟོས་ཏེ་ཁྲོས་པ་དང༌། མྱ་ངན་གྱིས་བཏབ་པ་དང༌། ངལ་ཞིང་དབུ་པ་དང༌། དབུགས་མི་བདེ་བ་དང༌། སྐྱིགས་བུས་བཏབ་པ་དང༌། ཚད་པས་རབ་ཏུ་འཁྲུ་བ་དང༌། ནད་རྒན་པ་དང༌། བྱིས་པ་ཆུང་ངུ་དང༌། ཉམས་སྟོབས་འབྲི་བ་དང༌། གློ་རྡོལ་ཏེ་ཁ་ནས་ཁྲག་འོང་བ་དང༌། སྐོམ་པ་དང༌། ལུས་དང་ཡན་ལག་ན་སྟེ་ཟུག་པ་དང༌། ཟས་མ་ཞུ་སྟེ་མི་བདེ་བ་དང༌། ཚ་བ་དང༌། འདི་རྣམས་ལྟ་བུ་མི་བདེ་ལ་གཉིད་ལོག་ཏུ་རུང་ངོ༌། །གཉིད་ལོག་པའི་ཡོན་ཏན་ནི་སྲོག་ཟུངས་ཀྱི་ཁམས་བདུན་སྙོམས་པར་འགྱུར་རོ། །བད་ཀན་སྐྱེས་ཏེ་ལུས་བརྟའོ། །ལ་ལ་ཚོ་སྟེ་ཚིལ་ཆེ་བ་དང༌། བད་ཀན་ཆེ། རྟག་པར་ཟས་སྣུམ་བག་ཟ་བ་དེ་ལྟ་བུ་ནི་མཚན་མོ་ཡང་མ་ཉལ་ཅིག །དུག་གིས་ཕོག་པ་དེ་ལྟ་བུ་ནི་མཚན་མོ་ཡང་མ་ཉལ་ཅིག །ཉིན་པར་དུས་མ་ཡིན་པར་ཉལ་བ་ནི་སེམས་རྨོངས་བག་ཏུ་འགྱུར་རོ། །རིམས་ཀྱིས་ཐེབས། རྨུགས་པར་བྱེད། །ཆམ་པས་ཐེབས། ཀླད་པ་ན། སྐྲངས་དང་ཁ་མེར་མེར་པོར་བྱེད། །སྒྱིད་པ་སྐྱུར། རྩའི་རྒྱུན་རྣམས་འགགས་པ་དང༌། དྲོད་ཆུང་ཞིང་ཟས་མི་འཇུ་བར་འགྱུར་རོ། །དེ་ལྟར་ཉལ་དྲགས་པས་བད་ཀན་སྐྱེད་དེ་ནད་དུ་གྱུར་པའི་ཆོ་ག་ནི་ཟན་བཅད་དེ་སྨྱུང་བར་བྱ་བ་དང༌། །སྐྱུག་སྨན་གཏང་བ་དང༌། རླངས་པས་བདུག་ཅིང་བྱིབས་ཏེ་རྡུལ་དབྱུང་བ་དང༌། སྨན་སྣ་ནས་གཏང་བ་དང༌། ན་ལེ་ཤམ་དང་སྦྱར་བའི་སྐྱུག་སྨན་རྣོན་པོ་དང༌། །མིག་སྨན་གཏང་ངོ༌། །གཞན་ཡང་བད་ཀན་བསལ་བའི་ཐབས་ནི་སྣ་ནས་གཏང་བ་དང༌། ཟས་དེ་སྨྱུང་བར་བྱ་བ་དང༌།
སེམས་ལས་བསྐྱེད་པ་དང༌། བུད་མེད་ལ་བརྟེན་པར་བྱ་བ་དང༌། མི་དགའ་བའི་མྱ་ངན་འཇིགས་པ་དང༌། ཚིག་པ་ཟ་ཞིང་ཁྲོ་བ་ལྟ་བུར་བྱས་ན། ཐབས་འདི་རྣམས་ཀྱིས་གཉིད་སེལ། །བད་ཀན་གྱི་ནད་འབྱུང་བར་འགྱུར་རོ། །གལ་ཏེ་ཡང་གཉིད་ཡེ་མི་ལོག་ན་ཡང་ལུས་དང་ལྷུ་ཚིགས་སྐྱུར་ཞིང་སྙོམ། ཀླད་པ་ལྕི། གླལ་མང༌། མྱོ་མྱོ་པོར་འགྱུར། །ལུས་མི་བདེ། མགོ་འཁོར། ཟས་མི་འཇུ། བརླང་བརླང་པོར་བྱེད། རླུང་ནད་སྐྱེད་དོ། །དེ་ལྟ་བས་ན་མཚན་མོ་ཉལ་བའི་དུས་ལ་ནམ་བབ་པ་དང༌། ཇི་ལྟར་བདེ་བར་ཉལ་བར་བྱའོ། །གལ་ཏེ་སྔོན་ཆད་མ་གོམས་པར་མཚན་མོ་མཉེལ་བར་བྱས་པས་ལུས་ལ་གནོད་དེ། མི་བདེན་ནང་པར་སྔར་ཟན་མ་ཟོས་པ་ཇི་སྲིད་གཉིད་ཀྱིས་མ་ལོག་པ་དེའི་ཚེ་ཕྱེད་སྲིད་ཀྱི་བར་དུ་གཉིད་ཀྱིས་ལོག་པར་བྱའོ། །ལ་ལ་ཞིག་གཉིད་མེད་ན་དེ་ལ་གཉིད་འོང་བར་བྱ་བའི་དཔྱད་ནི། འོ་མ་དང༌། ཆང་དང༌། ཤའི་བཅུད་དང༌། ཞོ་བཏུང་བ་དང༌། ལུས་ལ་མར་གྱིས་བྱུགས་ཏེ་ལྡེ་གུས་ཕྱི་ཞིང་དྲིལ་ལ་ཆུ་དྲོན་པོས་ཁྲུས་བྱ་བ་དང༌། ཀླད་པ་དང༌། རྣ་བ་དང༌། མིག་ཏུ་ཏིལ་མར་བླུགས་པ་དང༌། མཚན་མོ་བུད་མེད་གཞོན་ནུ་དང་ཉལ་བ་དང༌། ཡུལ་ཡིད་དུ་འོང་བ་ན་གཉིད་ལེགས་པར་འོང་སྟེ་བདེའོ། །ཡང་ལ་ལ་ཞིག་གྲོང་གི་བདེ་བ་ལ་སེམས་མ་ཆགས་ཤིང༌། ཚངས་པར་སྤྱོད་པ་ལ་དགའ་སྟེ་ཆོག་ཤེས་ཤིང་མགུ་སླ་བ་དེ་ལྟ་བུ་ནི་ཉལ་བའི་དུས་སུ་གཉིད་རང་ལེགས་པར་འོང་ངོ༌། །ཡང་བུད་མེད་དང་སྐྱེས་པ་ལྷན་ཅིག་སྤྱོད་པ་ལ་ཡང་བཀན་པ་མ་ཡིན་པ། །བས་བུབ་པའམ། ཟུར་གྱིས་མི་བྱ། །ཟླ་མཚན་གྱི་ཚེ་མི་བྱ། ཡིད་དུ་མི་འོང་བ་ལ་བྱེད་པ་དང༌། མངལ་ནས་རྣག་དང་ཤེའུ་རུལ་དང༌། ཆུ་སེར་ལྟ་བུ་འོང་བ་དང༌། ཧ་ཅང་སྦོམ་པ་དང༌། བུ་བྱུང་བའི་རྗེས་དང༌། སྦྲུམ་མ་དང་བྱོལ་སོང་ལྟ་བུའི་མངལ་དུ་གྱུར་པ་དང༌། གཞན་གྱི་ཆ་ལུགས་སུ་ཞུགས་ཏེ་དཀའ་ཐུབ་བྱེད་པ་འདི་རྣམས་ལྟ་བུ་ལ་བྱར་མི་རུང་ངོ༌། །ཡང་ལྷ་ཁང་དང༌། བླ་མའི་གནས་དང༌། རྒྱལ་པོའི་ཕོ་བྲང་དང༌། མཆོད་རྟེན་དང༌། ཤིང་གཉན་པོ་དང༌། དུར་ཁྲོད་དང༌། ལམ་གྱི་སུམ་མདོ་དང་བཞི་
མདོ། །ཉ་བའི་དུས་དྲུག་གི་ཚེ་དང༌། ཉིན་པར་ཉལ་བ་འདི་ལྟ་བུ་མི་རིགས་ཏེ་མི་རུང་ངོ༌། །ཡང་ཟས་སྐོམ་ཧ་ཅང་ཡང་ཆེར་ཟོས་བའམ། མི་དགའ་བར་འགྱུར་བའམ། བཀྲེས་སམ། སྐོམ་མམ། ལུས་མི་བདེ་བའམ། བྱིས་བ་གཞོན་བའམ། རྒན་པའམ་བཤད་གཅི་བྲོ་བ་འདི་ལྟ་བུའི་ཚེ་ན་ཉལ་པོ་མི་དགེ་བས་ཐོང་ཤིག །བུད་མེད་དང་ཕྲད་བ་ནི་དགུན་གྱི་དུས་སུ་ཁ་ཟས་ཕན་ཞིང་བསོད་པས་ལུས་ཀྱང་ལེགས་པར་བརྟས་ལ་ཉམས་བདེ་བའི་ཚེ་འདོད་པ་བསྟེན་པར་བྱའོ། །དཔྱིད་དང་སྟོན་ནི་ཉི་མ་གཉིས་ཤིང་ལན་རེ་བུད་མེད་དང་ཕྲད་པར་བྱའོ། །དབྱར་དང་སྟོན་གྱི་དུས་སུ་ནི་ཟླ་བ་ཕྱེད་ཅིང་ལེན་རེ་ཞིང་བུད་མེད་ལ་ཉལ་དུ་རུང་ངོ༌། །དུས་ཚིགས་ཀྱི་རིམ་པ་དམིགས་ཀྱིས་ཕྱེ་སྟེ་བསྟན་པ་བཞིན་དུ་བུད་མེད་དང་ཉལ་བར་དུས་མ་ཡིན་པར་བུད་མེད་ལ་ཉལ་དྲགས་པ་ན། མགོ་འཁོར། །ལུས་སྙོམ་ཞིང་སྐྱིད་སྐྱུར། བརླའི་མཐུ་བྲི་སྟེ་ཞན་པར་འགྱུར་རོ། །ཉམས་མཐུ་བྲི། མི་ལ་ཁྲག་དང་ཤ་དང་ཚིལ་ལ་སོགས་པ་ཁམས་བདུན་ཟད་པར་འགྱུར། མིག་དང་རྣ་བ་དང༌། སྣ་ལ་སོགས་པའི་དབང་པོ་རྣམས་ཉམས་པར་འགྱུར། དུས་མ་ཡིན་པར་གློ་བུར་དུ་འཆི་བའི་ཉེན་འདི་ལྟ་བུར་འགྱུར་རོ། །ཡང་དུས་ཚིགས་བསྟན་པ་བཞིན་དུ་བུད་མེད་དང་རན་པར་ཡིད་གཞུངས། དྲན་པ་གསལ། ནད་མེད། ལུས་དང་དབང་པོ་བརྟས། མཐུ་རྩ་ལ་དང་གྲགས་པ་ཆེ་བ་དང་ལྡན། རྒས་སྲ་བར་འགྱུར་རོ། །བུད་མེད་ལ་རན་པར་ཉལ་བའི་རྗེས་ལ་ལུས་ལ་ཕན་པར་བྱ་བའི་དཔྱད་ནི། མགོ་ལུས་ཏིལ་མར་སྨན་དང་སྦྱར་བས་ལུས་མཉེ་ཞིང་བྱུགས་ལ་ལྡེ་གུས་ཕྱིས་ནས། ཆུ་དྲོན་པོ་རན་པས་ལུས་བཀྲུའོ། །དེ་ནས་སྦོས་ཞིམ་པོས་ལུས་བྱུགས་ལ་གོས་དྲོན་པོ་འཇམ་པོ་གྱོན། ཟས་བཅུད་དང་འུ་ཤ་དང༌། སྲན་རྡེའུའི་ཚོད་མ་ཁུ་བ་ཅན་དང༌། ཁ་ར་དང༌། ཧྭགས་དང༌། འོ་མ་དང༌། ཆང་ཞིམ་པོ་འདི་ལྟ་བུས་བརྟ་བར་བྱས་ཤིང༌། ནུབ་མོ་ཉལ་བའི་ཚེ་ཡང་འདི་བཞིན་དུ་ཟོས་འཐུངས་ལ། མལ་དུ་ཉལ་ཞིང་འདོད་པ་བསྟེན་ནས་ཀྱང་དེའི་རྗེས་ལ་ཁ་ཟས་ཀྱི་ཆོ་ག་འདི་བཞིན་དུ་བྱས་ན། ལུས་སླར་མྱུར་དུ་བརྟ་ཞིང་གཟི་
དང་ལྡན་པར་འགྱུར་རོ། །དེ་བས་ན་སྨན་པ་མཁས་པ་གཅེས་ཏེ། སྨན་པ་མང་དུ་ཐོས་ཤིང་སྨན་སྦྱོར་མཁས་པ། སྨན་གྱི་ལས་ལ་བརྩོན་འགྲུས་ཆེ་ཞིང་སྙིང་རྗེར་ལྡན་པ་རྒྱལ་པོའི་ཕོ་བྲང་གི་འདབ་ཏུ་གཞག་སྟེ། སྐུའི་རིམ་གྲོར་སྨན་སྦྱོར་དུ་གཞུག་ཅིང༌། སྨན་དཔྱད་ཀྱི་ཆོ་ག་བཞིན་དུ་བྱས་ན་རྒྱལ་པོ་རང་གི་སྔོན་གྱི་དགེ་བའི་རྩ་བ་ཇི་ལྟར་སྤྱད་པ་བཞིན་དུ་འབྲས་བུ་ ལོངས་སྤྱོད་ཅིང༌། ནད་མེད། ཚེ་རིང༌། གཟི་བརྗིད་དང་གྲགས་པ་དང་ལྡན་པར་འགྱུར་རོ། །ལེའུ་བདུན་པ་རྫོགས ་སོ།། །།ཁ་ཟས་ཀྱི་ཚོད་རན་པར་བཟའ་བ་བསྟན་པའི་ལེའུ་བཤད་པར་བྱའོ། །རྟག་པར་ཟས་ཀྱི་ཚོད་བཟུང་སྟེ་རན་པར་ཟས་བཟའ་བ་ནི་ཟས་ཞུ་བར་བྱེད་པའི་མེ་དྲོད་དེ། ཁ་ཟས་ཚོད་རན་པར་བཟའ་བ་ལ། ཟས་འཇུ་དཀའ་སྟེ་ལྕི་བ་དང་འཇུ་སླ་ཞིང་ཡང་བ་རྣམས་ཀྱང་བྱེ་བྲག་ཕྱེད་པར་བྱའོ། །དེ་ལ་ཟས་འཇུ་དཀའ་བ་ལྕི་བ་ཞིག་ན་ནི། ཕྱེད་འགྲངས་ཙམ་དུ་ཟའོ། །ཟས་འཇུ་སླ་ཞིང་ཡང་བ་ནི་ཧ་ཅང་འགྲངས་པ་ཉིད་དུ་མི་ཟའོ། །དེ་བས་ན་ཟས་ཚོད་རན་པར་ཟ་བ་ཞེས་བྱ་བ་ནི་ཟས་ཟོས་པ་བདེ་བླག་ཏུ་ཞུ་བར་འགྱུར་ལ་དེ་ལ་ཚོད་ཟིན་པ་ཞེས་བྱའོ། །ཡང་ཟས་བཟའ་བའི་ཚོད་ཆུད་ན་ཡང་ཉམས་མཐུ་ཡང་མི་རུང་གཟི་བརྗིད་དང་མདངས་མེད་ལ་རླུང་ནད་ཐམས་ཅད་ཀྱང་ལྡང་བར་ཡང་འགྱུར་རོ། །ཡང་ཟས་ཚོད་མ་ཟིན་ཏེ་ཧ་ཅང་ཆེར་ཟོས་པ་ནི་ནད་ཐམས་ཅད་མྱུར་དུ་སློང་བར་བྱེད་དོ། །དེ་ལྟར་ཟས་མ་ཞུ་ནས་མི་བདེ་བར་གྱུར་ན་རླུང་དང་བད་ཀན་ལ་སོགས་པའི་ནད་ཟས་མ་ཞུ་བས་ཅིག་ཅེར་བསླངས་ནས་དེ་ལྟར་བེའུ་སྣབས་དང༌། ཟས་མ་ཞུ་བ་འདི་དག་ཕོ་བའི་ནང་དུ་གང་བ་དང༌། ཡར་ཡང་མི་སློན་མར་ཡང་མི་འཁྲུ་བར་འཇུ་ཞིང༌། ནད་དྲག་པོ་དངོས་ལ་ཟུག་ཅིང་རྡུས་པ་ནི་ནད་གསུད་སྦོས་ཞེས་བྱའོ། །ནད་དེ་ལྟ་བུ་ལས་ཡན་མན་དུ་ཕོལ་ནས་ཟག་ཅིང་ན་བ་ཙམ་ཡོད་ན། དེའི་མིང་བེའུ་སྣབས་དང༌། མ་ཞུ་བའི་ཟུག་ཐབས་ཞེས་བྱའོ། །ཟས་ཕན་གནོད་དང་ཞུ་མ་ཞུའི་ཚོད་མི་འཛིན་པའི་མི་མི་མཁས་པ་དེ་ལྟ་བུ་ནི་ཟས་ཚོད་དྲགས་ཏེ་བེའུ་སྣབས་དང་ཟས་མ་ཞུ་བ་འདོམ་ན། དེ་ལ་རླུང་ནད་གཅིག་ཏུ་ལངས་པར་གྱུར་ན་ནི་དེ་མཆིན་པའི་ཐབས་སུ་ཕོ་བར་ཟུག་ཅིང་ན། མགོ་འཁོར། ཁོང་
སྦོ། ལུས་འདར་ལ་ལུས་རེངས་པ་ལ་སོགས་པ་འདི་ལྟར་གྱུར་ན་ཟས་མ་ཞུ་བ་ལས་རླུང་ནད་ལངས་པ་ཞེས་བྱ་བ་ཡིན་ནོ། །ཡང་ཟས་དེ་ལྟ་བུ་མ་ཞུ་བ་ལས་མཁྲིས་པའི་ནད་ལངས་པར་གྱུར་ན། རིམས་ཀྱིས་ཐེབས། །རབ་ཏུ་འཁྲུ། །ཁོང་ཚ། སྐོམ། གློང་བག་ལ་སོགས་པ་འདི་ལྟར་གྱུར་ན་མ་ཞུ་བའི་མཁྲིས་པའི་ནད་ཅེས་བྱའོ། །ཡང་བེའུ་སྣབས་དང་ཟས་དྲགས་ཏེ་མ་ཞུབ་ལས་བད་ཀན་གྱི་ནད་ལངས་ན་ནི། སློན་བྲོ། ལུས་དང་རྐང་ལག་ལྕི། །སྨྲ་ན་ཁ་ལྕེ་ལྕི་སྟེ་སྨྲ་མི་འདོད་དོ། །ཁ་ནས་བད་ཀན་འབྱུང་ཞིང་འདོར་བ་འདི་ལྟ་བུ་ལ་སོགས་པ་བད་ཀན་གྱི་ནད་ལྡང་ངོ༌། །མ་ཞུ་བའི་ནད་འདི་ལྟ་བུའི་ཡང་མི་རིད་ཅིང་ཉམ་ཆུང་བ་དང༌། དྲོད་ཆུང་སྟེ་ཁ་ཟས་འཇུ་བའི་མེ་དྲོ་ད་ཞན་པ་དང༌། བཤང་གཅིའི་བྲོ་ནི་བཤང་མི་ལྕི་ཞིང་བརྣག་པར་བྱེད་པ་འདི་ལྟ་བུ་ལ་འདི་རྣམས་ལྷག་པར་འབྱུང་ངོ༌། །དེ་ལ་བེའུ་སྣབས་དང་ཟས་མ་ཞུ་བར་འདོམ་པའི་ནད་ལ་མཆིན་པ་ན་བ་ཞེས་ཟེར་ཏེ། དེ་ནི་ཟས་ཟོས་པ་ཡང་མ་ཞུ་ལ་བད་ཀན་དང་བེའུ་སྣབས་ཀྱིས་ཀྱང་ཆོད་ཅིང་འགགས་པ་དང༌། དེའི་ཚེ་རླུང་ཡན་མན་དུ་རྒྱུ་ཞིང་འགྲོ་བ་བད་ཀན་དང་བེའུ་སྣབས་ཀྱིས་ཆོད་དེ་རྒྱུར་མེད་པ་ལས་འཁྱིལ་ཞིང་འགག་པའི་ཚེ། ཕོ་པའི་ནང་ཏིང་ཏིང་ཟུག་ཅིང་ན་བ་ལས་མ་ཞུ་བའི་བེའུ་སྣབས་ཟུག་པ་ཞེས་བྱ་སྟེ། དེ་ལ་རླུང་ལ་སོགས་པའི་ནད་ཀྱིས་བསླངས་ན་དེའི་ཁོང་ན་ཟུག་རྡུ་དང་འདྲ་བར་ན་ཞིང་ཟུག་སྟེ་གནས་སོ། །དེ་ལྟར་ཁོང་རབ་ཏུ་ན་ཞིང་མི་བདེ་བའི་ཚེ། སློན་ཅིང་མར་ཡང་མི་འཁྲུ་ན་དེ་ནི་ཟས་མ་ཞུ་བའི་ཟུག་ཐབས་ཞེས་བྱའོ། །ཡང་འདྲ་བའི་ནད་གཞིར་གྱུར་པ་ནི་བེའུ་སྣབས་ཀྱི་ནད་ཀྱིས་རྩ་སྒོ་ཀུན་ཀྱང་ཆོད་དེ་འགགས་ལ། རླུང་ངམ་བད་ཀན་དང་མཁྲིས་པའི་ནད་ཀྱང་རབ་ཏུ་ཕྱེ་ཞིང་ཟས་ཀྱང་འཕྲོད་ཅིང་དྲགས་ཏེ་མ་ཞུ་བ་ལངས་ནས་རྩིབ་ལོགས་གཡས་གཡོན་དུ་དང་ཐབས་སུ་ཟུག་ལ་ལུས་ཐམས་ཅད་ཤིང་བཞིན་རེངས་ན། དེ་ནི་ཟས་མ་ཞུ་བའི་ཟུག་ཐབས་ཡིན། ཤིང་བཞིན་རེངས་པ་ལྟ་བུ་ཞེས་བྱ་སྟེ། སྨན་པས་བོར་ཅིག །དེ་ལྟ་བས་ན་ཟས་མི་འཕྲོད་བ་ཟ་བ་དང༌། ཟས་ཚོད་མི་ཟིན་པར་ཧ་ཅང་དྲགས་པར་ཟ་བ་དང༌། མ་ཞུ་བཞིན་དུ་ཟ་བ་འདི་ལྟ་བུ་
ནི་དུག་དང་འདྲ་སྟེ། དེ་བས་ན་ཟས་མ་ཞུ་བ་དང་ཕེའུ་སྣབས་ཀྱི་ནད་ཀྱི་གནོད་པ་ཆེན་པོར་འགྱུར་གྱི་དུག་དང་མཚུངས་པར་བོར་ཅིག །དེའི་ཕྱིར་བེའུ་སྣབས་དང་མ་ཞུ་བར་འདོམ་པའི་ནད་དེ་ནི་དུག་དང་འདྲ་སྟེ། མྱུར་དུ་བྱེ་བྲག་འཕྱེ་ལ། སྨན་དཔྱད་བྱར་ཡང་དཀའོ། །དེ་ལ་བེའུ་སྣབས་དང་མ་ཞུ་བ་ལས་གསུད་སྒོས་ཀྱི་ནད་འདི་ལྟ་བུར་གྱུར་པའི་ཐབས་ན། སྐྱུག་སྨན་མྱུར་དུ་བཏང་ན་ཕན་ནོ། །ཤུ་དག་དང༌། རྒྱམ་ཚ་དང༌། པོ་སོན་ཆ་འདི་གསུམ་ཆུ་ལ་བསྐོལ་ཏེ་དྲོན་པོར་འཐུངས་ཏེ་སློན་པ་དང༌། དུགས་བྱ་བ་དང༌། སྦྲང་རྩི་ལས་སྨན་སྦྲུས་པ་རེང་རེང་པོར་མཛུབ་མོ་ཙམ་གཞན་ཁར་བཅུག་ན་ཐུར་དུ་བཀྲུ་ཞིང་རླུང་ནད་ཀྱང་ཞི་བར་འགྱུར་རོ། །ཐབས་འདི་ལྟར་བྱས་པས་རྩེ་ཞིལ་ནས་རྐང་ལག་བྱ་རྨྱང་བྱེད་ཅིང་ལུས་རྡུལ་དང་གོས་ཀྱིས་ངག་བཅིང་གཡོགས་ཤིག །དེ་ལྟར་གསུད་ཅིང་སྦོས་པའི་ཆོ་ག་བྱ་སྟེ་སློན་ཞིང༌། འཁྲུས་ནས་རྩེ་ཞིལ་བ་དང༌། ནད་ཀྱི་བག་ལུས་པས་ད་རུང་མ་ཞུ་བའི་ཟུག་ཐབས་སུན་ན། དེ་ལ་དཔྱད་དུ་བྱ་བ་ནི་རྟིང་པའི་ཕྱི་ཟུར་དུ་མེ་བཙའ་བཏབ་ན་ཕན་ནོ། །དེས་ཀྱང་མ་ཕན་ན་དེའི་རྗེས་དེ་ཉིད་ཀྱི་ཉིན་པར་ཁ་ཟས་ཅི་ཡང་མི་སྦྱིན་པར། །སྨྱུང་བར་འདུག་ཅིང་བཀྲུ་སྨན་གྱིས་བཀྲུས་པ་བཞིན་དུ་བྱའོ། །ནད་ཐབས་འདི་ལྟར་ན་བ་ལམ་སློན་ནམ་མ་བཀྲུས་པར་སྨོས་ཤིང་ཟུག་པ་དང༌། མ་ཞུ་བ་ལ་ཕན་པའི་སྨན་བཏུང་དུ་མི་རུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། བེའུ་སྣབས་དང་ཟས་མ་ཞུ་བའི་ཕོ་བའི་མེ་དྲོད་ཉམས་ཤིང་བྲི་བས་ནད་དང་ཟས་སྨན་རྣམས་འཕྲལ་དུ་དྲོད་ཀྱིས་ཞུ་བར་མི་ནུས་པས་ནད་པའི་ནད་ཐུ་བར་ལྡན་ཞིང་འཕྲལ་དུ་མ་རུང་བར་འགྱུར་རོ། །ནད་དེ་ལྟ་བུས་བཏབ་པ་ལ་ཁ་ཟས་ནི་ཞུ་ན་ད་རུང་ལྟོན་ཞིང་བག་ལྕི་ལ་རེམ་རེམ་པོར་བྱེད་ན་འདི་ལྟ་བུ་ལ་སྨན་ཐོང་ཤིག །ནད་རྩེ་ཞིལ་ཏེ་ནད་ཀྱི་ལྷག་མ་ཅུང་ཟད་ལུས་ལ་འཇུ་ན་སྨན་གྱིས་འཇུ་བར་བྱ་བ་དང༌། ཁོང་དུ་མེའི་དྲོད་བསྐྱེད་པར་བྱ་བ་དང༌། ནད་པ་ཉམས་སྨད་པའི་ཐབས་གསུམ་ཡོད་པས། བེའུ་སྣབས་ལ་སོགས་པའི་ནད་ཞི་བར་འགྱུར་རོ། །ནད་ཉམས་སྨད་པ་ཡང་ནད་དམིགས་ཆེ་ཆུང་རྣམ་གསུམ་དང་སྦྱར་བར་བྱའོ། །དེ་ལ་ནད་དམིགས་མི་ཆེ་ན་ཉི་མ་འགའ་
སྨྱུང་བར་བྱས་ན་ཕན་ནོ། །ནད་དམིགས་འབྲིང་ཙམ་ན་སྨྱུང་བ་བྱ་བ་དང༌། ནད་གཞུང་བཞིན་སྨན་པར་བྱ་བས་རྩེ་གཞིལ་ལོ། །ནད་དམིགས་ཆེན་བཀྲུས་སྨན་གྱིས་བཀྲུས་ན་དེ་ནི་ནད་ཀྱིས་དཔྱིས་འབྱིན་པར་འགྱུར་རོ། །དེ་ལྟར་ན་གཞན་ལ་ཡང་ནད་དམིགས་སོ་སོ་ནད་ཀྱི་གཞི་དང་སྦྱར་ཏེ། དེ་དཔྱད་བཟློག་ཐབས་སུ་བྱ་ཞིང་གསོ་བའོ། །ནད་ཚབས་ཆེ་བ་ལ་རྩེ་ཞིལ་ཏེ་ནད་རྗེས་ཀྱི་འཕྲོ་ཞིག་ལུས་པ་ནད་སྔ་མ་དང་མི་འདྲ་བར་གྱུར་ན། ནད་ཀྱི་གཞི་དང་ནད་དུ་མི་མཐུན་པ་ཡིན་ཏེ། ནད་སྔ་མ་ཞོག་ལ་ནང་ཕྱི་མ་ཅིར་གྱུར་པ་ཉིད་ཀྱི་དམིགས་དང་སྦྱར་ཞིང་སྨན་པས་ནད་ཀྱི་དཔྱད་བཟློག་སྟེ་གྱིས་ཤིག །སྔ་མ་ལས་དཔྱད་བཟློག་སྟེ་མ་པན་ན་ཡང་ད་རུང་དེ་བཞིན་དུ་དཔྱད་བྱ་ཞིང་གསོའོ། །དེ་ལར་གསོས་ནས་ནད་རྩེ་ཞིལ་ཏེ་ནད་སྨིན་པ་དང་ཁོང་པའི་དྲོད་ཀྱང་སྐྱེས་པར་ཚོར་ནས། །ཁ་ཟས་སྣུམ་བག་གིས་ཉམས་འཚག་བརྟ། མགོ་དང་ལུས་ཀུན་ཏིལ་མར་གྱིས་བྱུག །སྐོམ་ཞིང་པོ་བཏུང་བ་དང༌། དེ་བཞིན་དུ་རིམ་གྱིས་བྱ་སྟེ། ཉམས་མཐུ་བརྟ་བར་སྨན་པས་ཀྱང་བཏང་ཞིང་རན་པར་མཐར་གྱིས་བྱའོ། །གལ་ཏེ་དེ་ལྟར་དཔྱད་བྱས་ན་བད་ཀན་ལས་གྱུར་པའི་བེའུ་སྣབས་ད་རུང་མ་ཞུ་མ་བྱང་ན། ནད་པའི་མིག་དང༌། མཁུར་བ་སྐྲངས་པར་འགྱུར། །ཟས་ཟོས་མ་ཐག་འདྲ་བའི་སྒྲེགས་པ་འབྱུང་ལ། དྲི་མི་ཞིམ་པ་ཁ་ནས་བད་ཀན་མང༌། སློན་བྲོ། །ལུས་ལྕིའོ། །གལ་ཏེ་དེ་ལྟར་དཔྱད་བྱ་ཞིང་གསོས་པ་ལས་རླུང་ནང་དུ་གྱུར་ན་རྐང་ལག་དང་ལུས་རེངས་བག་ཏུ་བྱེད། ཁོང་དུ་ཟུག །བཤད་གཅི་འབྱུང་དུ་མི་རུང༌། ལྟོ་སྦོས། ཁོང་དྲོད་ཆུང་བ་འདི་ལྟ་བུ་རླུང་ནད་དུ་གྱུར་པ་ཡིན་ནོ། །དེ་ལ་ཡང་མཁྲིས་ནད་དུ་གྱུར་ན་ནི། ཁ་ཟས་ཅུང་ཟད་ཙམ་ནི་ཞུ་སྟེ། སྐོམ་དད་ཆེ། ལུས་ཁོང་ཚ། མགོ་འཁོར། སྒྲེགས་པ་སྐྱུར་པོ་ཚ་བར་འབྱུང་ངོ༌། །དེ་ལྟ་བུ་ལ་དཔྱད་དུ་བྱ་བ་ནི་ཟས་མ་ཞུ་བ་དང༌། བེའུ་སྣབས་ཡོད་ན་ཟས་སྨྱུང་བར་བྱའོ། །ལུས་དང་རྐང་ལག་རེངས་སམ་འཁུམས་ན་དུགས་ཆེར་བྱའོ། །ཁ་ཟས་མ་ཞུ་བ་ནི་སྐྱུག་སྨན་གཏང་ངོ༌། །ཡང་ན་ནད་ཀྱི་ཚུལ་ལས་ཅི་རིགས་པར་དཔྱད་ཀྱིས་ཤིག །ལུས་དང་ཁོང་ལྕི་
ན་བད་ཀན་དང་བེའུ་སྣབས་ཕོ་བའི་ནང་རྩའི་ནང་དུ་ཞེན་པ་ཡིན་ནོ། །ཡང་བད་ཀན་དང་རླུང་དུ་འདྲེས་པའི་མ་ཞུ་བའི་བེའུ་སྣབས་ཡོད་ན། རིང་དུ་ན་སྟེ་རླུང་བེའུ་སྣབས་ཡོད་པའི་རྟགས་ཡིན་ནོ། །དེ་ལྟ་བུ་ལ་དཔྱད་དུ་བྱ་བ་ཡང་རླུང་དང་བད་ཀན་གཉིས་སེལ་བའི་སྨན་སྙོམས་པར་གཏང་ངོ། །ཡང་ཟས་ཡི་གར་མི་འོང་ཞིང་སྙིང་ན། སྒྲེགས་པ་མནམ་པོ་འབྱུང་ན་བཅུད་དངས་མ་ཅུང་ཟད་ལུས་ཏེ་མ་ཞུབ་ཡིན་ཏེ། འདི་ལྟ་བུ་ལ་ཅུང་ཟད་ཉིན་པར་ཉོལ་ལ་ཟན་མ་ཟ་ཤིག །ཁ་ཟས་ཞུ་སྟེ་བཀྲེས་པ་དང༌། ཁ་ཟས་ཡང་བཟོ་ཤིག །ཡང་སྔར་དུབ་པའི་རྗེས་མ་བྱང་ངམ། ཡང་ན་ནང་སླར་ཡང་ཁོང་པའི་ནང་ན་རླུང་ཁྲུ་ལུ་ལུ་ཟེར་བ་དང༌། བཤང་གཅི་སྲི་ཞིང་འགག །ཁོང་ལྕི། །མགོ་འཁོར་ནི། འདི་ལྟ་བུའི་རླུང་དང་བད་ཀན་མཁྲིས་པ་སུམ་ཆར་ལས་གྱུར་པའི་མ་ཞུ་བའི་རྟགས་ཡིན་ནོ། །ཟས་ཚོད་མ་བཟུང་བར་དྲག་ཏུ་ཆེར་ཟོས་ན་བེའུ་སྣབས་དང་མ་ཞུ་བའི་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་མི་མཛའ་བའི་ཟས་ཟོས་པ་དང༌། ཁ་ཟས་ཚིག་པ་ཟོས་པ་དང༌། བཤང་གཅི་འགག་ཅིང་སྲི་བར་གྱུར་པའི་ཟས་ཟོས་པ་དང༌། ཟས་རྗེན་པ་དང༌། འཇུ་དཀའ་ཞིང་ལྕིབ་དང༌། ཟས་མི་བཟོད་པ་རྩུབ་པོ་དང༌། ཟས་བསིལ་བག་དང༌། གཙང་སྦྲས་མི་ཕྱེད་པའི་ཟས་མི་གཙང་བ་དང༌། ཁོང་ཚ་བར་གྱུར་པའི་ཟས་དང༌། ཟས་སྐམ་བག་དང༌། ཆུ་ཧ་ཅང་ཡང་མང་དུ་འཐུང་བ་དང༌། ཆུ་དང་བསྲེས་པའི་སྐོམ་འདི་ལྟ་བུའི་རིང་བག་ཏུ་ཟོས་པ་དང༌། མྱ་ངན་གྱིས་བཏབ་སྟེ་ཟ་བ་འམ། ཁྲོ་ཞིང་ཟ་བའམ། བཀྲེས་ཆེས་ཏེ་ཟབ་ལ་སོགས་པ་འདི་ལྟ་བུ་ཀུན་འདྲ་སྟེ་མི་འཇུའོ། །ཁ་ཟས་ཕན་པ་དང་བསོད་པ་གཉིས་ཀ་ཟ་ན་ཟས་མཉམ་པ་ཟ་བ་ཞེས་བྱའོ། །ཡང་ཟོས་པའི་འོག་ཏུ་ཟ་བར་བྱེད་ན་དེ་ནི་ཟས་ལྷག་པར་ཆེ་བར་ཟ་བཞེས་བྱའོ། །ཡང་དུས་མ་ཡིན་པར་ཟས་ཆེའམ། ཆུང་ངུ་ཟོས་ཀྱང་རུང༌། དེ་ནི་ཟས་མི་སྙོམས་པར་ཟ་བ་ཞེས་བྱ་བ་ཡིན་ནོ་།ཟས་རྣམ་པ་འདི་གསུམ་གང་ལྟར་ཟ་ཡང་རུང་སྟེ། དེ་དག་ནི་ཡང་ན་མདུང་མ་རུངས་པ་དང༌། ཕྲེད་པའམ། ཡང་ན་ནད་ཀྱིས་བཏབ་པར་འགྱུར་རོ་།བཀྲེས་ཏེ་ཟས་ཡི་གར་འོང་ན་བཟའ་བའི་དུས་ལ་བབ་པ་ཡིན་ཏེ།
དེའི་རིམ་པ་ཡང་ལུས་ཏིལ་མར་གྱིས་བྱུགས། །ལྡེ་གུས་ཕྱིས་ཏེ་ཁྲུས་བྱས། །རྐང་ལག་དང་ཁ་གདོང་ལེགས་པར་བཀྲུས་ནས། ཐོག་མར་ལྷ་དང་བཙུན་པ་རྗེད། །དེའི་འོག་ཏུ་བདག་གི་བླ་མ་གཙོའོ། །བཤོས་གསོལ། མགྲོན་དང་བྱེས་པ་ལ་ཟན་སྦྱིན། བདག་གི་འཁོར་ན་ཡོད་པའི་ཕྱུགས་དང༌། བྱ་ཁྱི་ལྟ་བུ་ཡན་ཆད་ཀྱང་སོ་སོའི་ཁ་ཟས་བྱིན་ལ། དེ་ནས་གདོད་བདག་ཉིད་ཟན་བཟའ་སྟེ། དེ་ཡང་བདག་གི་ཚུལ་ཅི་འདྲ་བ་དང༌། ཟས་འཇུ་མི་འཇུའི་ཆོད་དང་ཅི་ཙམ་དུ་ཟ་བ་དེ་ཅམ་དུ་བསམ་པས་དཔགས་ལ་ཟས་ལ་མི་སྨད་པ་དང། ཚིག་ངན་པ་མི་སྨྲ་བར་ཟས་ཡིད་དུ་འོད་བ་བཤམས་ལ་སྡུག་ཅིང་གཉེན་པ་དང་ལྷན་ཅིག་ཏུ་བཟའོ། །བཟའ་བའི་རིམ་པ་ཡང་ཐོག་མར་ཁུ་བའི་བག་དྲོད་ཅན་ལས་བཟའ་སྟེ། དེ་ཡང་གོམས་ཤིང་འཕྲོད་པའི་ཟས་གཙང་སྦྱར་བྱས་པ་སྣུམ་བག་ཆེ་བ། དྲོད་ཆེ་ཞིང་འཇུ་སླ་ཞིང་ཡང་བ་ཕན་པར་གྱུར་པ་དེ་ལྟ་བུ་རོ་རྣམ་པ་དྲུག་དང་ལྡན་ཞིང༌། མངར་བག་གི་ཤས་ཆེ་བ་འདི་འདྲ་བས་སེམས་ལ་རན་པར་བབ་ཅིང་ཧ་ཅང་མི་རེངས་མི་ངལ་བར་རན་པར་བཟའོ། །ཁ་ཟས་ཀྱི་ནང་ན་རྩྭ་དང་སྐྲ་དང་སྦུ་ལ་སོགས་པ་དང༌། ཟོས་པའི་ལྷག་མ་དང༌། ཞག་ལོན་པའི་ཁོངས་སུ་བསྲོས་པ་དང༌། ཚོད་མའི་བག་དང༌། ཧ་ཙང་ཚ་ཆེས་པ་དང༌། ལན་ཚྭ་ཆེས་པ་དང༌། ཕྲུམ་དང༌། ཞོ་ཕྲུམ་དང༌། རོ་མ་དང༌། བ་ཚད་དང༌། ཚྭ་དང༌། ལ་ཕུག་རྗེན་པ་དང༌། ཕག་རྒོད་དང༌། ལུག་དང༌། བ་ལང་དང༌། ཉ་དང༌། མ་ཧེ་དང༌། འདི་རྣམས་ཀྱི་ཤ་རིད་དམ། ཤ་སྐམ་མམ། རུལ་བག་ཏུ་འདུག་པ་དི་ལྟ་བུ་མི་དགེའི་མ་ཟ་ཤིག །མོན་སྲན་གྲེའུའི་ཚོད་མ་དང༌། ཚོད་མན་སི་པ་པ་དང༌། ཚོད་མ་ཆུ་ལྡུམ་བུ་དང༌། པདྨའི་རྩ་བ་ལ་སོགས་པས་ཚོད་མར་བྱས་པ་དང༌། འབྲས་བུ་དང་ཏིལ་དུ་སྦྱར་བའི་ཁུར་བའམ། འབྲས་ཁུར་ཡང་རུང༌། སྲན་སྣ་ཚོགས་ཀྱི་མྱུ་གུའི་ཚོད་མ་ཡང༌། ནས་ལས་བཅུད་ཕྱེད་ལ་བུར་བྱས་པའི་ཁ་ཚོས་སམ། ནས་ཀུར་དུ་བྱས་ནས་བུ་རམ་བཅོས་པའི་ཁུ་སྲི་བཞམས་པ་འདི་ལྟ་བུ་ལ་སོགས་པའི་བག་ཟོས་ན་གནོད་ཀྱིས་མ་ཟ་ཤིག །ཁ་ཟས་དགེ་སྟེ་བཟར་རུང་བ་ནི་འབྲས་
སཱ་ལུ་དང༌། གྲོ་དང༌། ནས་དང༌། འབྲས་ཞག་དྲུག་ནས་སྨིན་པ་ཡང་བ་དང༌། ཡུལ་སྐམ་ས་ནས་བྱུང་བའི་ཤ་དེ་ལྟ་བུའི་བྱ་ན་དང་སྦྱར་ཏེ་བཟའོ། །མིན་པའི་ཚེ་སྐབས་སྐབས་སུ་ནང་ནུབ་ཨ་རུ་ར་དང༌། སྐྱུ་རུ་ར་དང༌། བ་རུ་ར་དང༌། རྒུན་འབྲུམ་དང༌། པ་ཏོ་ལའི་ཙ་བ་དང༌། སྲན་སྡེའུ་དང༌། ཁ་ར་དང༌། ཞུན་མར་དང༌། ཆར་པའི་ཆུ་དང༌། འོ་མ་དང༌། སྦྲང་རྩི་དང༌། བལ་པོ་སེའུ་དང༌། ཅི་ཅོ་དཀར་པོ་དང༌། འདི་ལྟ་བུ་སྐབས་སྐབས་སུ་བཟའོ། །ཨ་རུ་ར་དང༌། སྐྱུ་རུ་ར་དང༌། བ་རུ་ར་འདི་གསུམ་ཆ་མཉམ་པར་བཏགས་ལ། ཞུན་མར་སྨན་སྣ་འདི་གསུམ་གྱི་ཆ་གཅིག །སྦྲང་རྩི་ཞུན་མར་བས་ཀྱང་ཆུང་དུ་སྦྱར་ཏེ་སྦྲུས་ལ་ཉལ་ཁར་འདི་ལྟ་བུ་ཏག་ཏུ་ཟོས་ན། མིག་ལ་ཕན། ཉམས་སྟོབས་སྐྱེད། ཟས་དང་སྨན་འདི་ལྟ་བུར་གཏོད་བ་ནི་མིན་བར་འདུག་པའི་ཚེ་ན། ཕན་པའི་དཔྱད་དང༌། ནད་ཀུན་ལ་ཡང་ཕན་ཏེ། སྨན་དཔྱད་འདི་འདྲ་པ་གཞན་ཅི་ཤེས་པ་ཡང་བྱའོ། །ཡང་ཟས་འཇུ་ཞིང་དྲོད་ལྷག་པར་ཆེ་བས་ནི་དང་པོར་ཟས་འཇུ་དཀའ་ཞིག་ལྕི་བ་བཟང་སྟེ། པདྨོའི་རྩེ་བའི་ཚོད་མ་དང༌། བུ་རམ་ཤིང་དང༌། ཤིང་ཐོག་ཅོ་ཙ་དང༌། ལྡུམ་བུ་ཆུ་ཤིང་གི་འབྲས་བུ་དང༌། ཤིང་ཐོག་ཨ་མྲའི་འབྲས་བུ་དང༌། བུ་རམ་ལ་སྦྱར་བའི་རི་ལུ་དང༌། ཁུ་བ་བུར་མ་དང༌། མར་གྱིས་བྱུགས་པ་འདི་ལྟ་བུའི་ཟས་ལྕི་ཞིང་སྣུམ་ལ་མངར་བ་རིང་དུ་མི་འཇུ་བ་ཇེ་བཟའོ། །དེའི་འོག་ཏུ་སྐྱུར་བག་དང་ཚ་བ་དང༌། ལན་ཚྭ་བྲོ་བ་རྣམས་བཟའོ། །ཐ་མར་ནི་ཟས་འཇུ་སླ་བ་བཟའོ། །ཁ་ཟས་ཟ་བའི་ཚོད་རན་པར་གཟུང་བའི་ཐབས་ནི། །ཟས་ལྟོར་ཟ་བ་ལ་ཕོ་བའི་ཆ་བཞིར་དཔགས་ལ། ཆ་གཉིས་ན་ཁ་ཟས་ཀྱིས་དགང་སུམ་ཆ་ལུས་པ་ནི་སྐོམ་གྱིས་དགང་ངོ༌། །ཕྱི་ནང་བཞི་ཆ་གཅིག་ལུས་པ་ནི་དབུགས་ཕྱི་ནང་དུ་རྒྱུ་བ་དང༌། །བད་ཀན་དང་རླུང་དང་མཁྲིས་པ་ལ་སོགས་པ་གནས་པའི་སར་སྟོད་པར་གཞག་པའོ། །ཁ་ཟས་ནི་ཕྱེ་དང་བག་ཕྱེའི་གཡོས་བག་ཟོལ་ལ། ཞོ་དང་ཆང་འཐུངས་པ་ཟས་དན་དུག་ལྟ་བུས་འཕགས་སམ་སྦྲང་རྩི་ཟོས་ན། སྐོམ་དུ་ཆུ་དྲོན་མོ་འཐུངས་ན་ཕན་ནོ། །འབྲས་ཁུར་རམ། ཏིལ་དང་འབྲས་བུ་སྦྱར་བའི་ཁུ་བ་ལྟ་བུ་ཟོས་ན་ཆུ་དྲོན་པོ་འཚལ་ནན་
དུ་འཐུངས་ན་ཕན་ནོ། །ཚོད་མ་གང་ཡང་རུང་བ་འདི་ལྟ་བུ་ཟོས་པའི་འཚལ་ནན་ནི། ཞོ་ག་ཆུ་དང༌། དར་བ་དང༌། རྩབ་མོར་རུང་ངོ༌། །མི་ཤ་སྐེམ་པོའི་འཚལ་ནན་ནི་ཆང་བཟང་ངོ༌། །མི་སྦོམ་པོའི་འཚལ་ནན་ནི་སྦྲང་རྩིའི་ཆུ་འཐུངས་ན་ཤ་གྲིམས་སོ། །ཟས་སུ་ཤ་ཟ་ཞིང་མི་འཇུ་སྟེ་དྲོད་ཆུང་བའི་འཚལ་ནན་དུ་ཆང་བཟང་ངོ༌། །ཡང་ནད་ཀྱིས་ལུས་སྐེམ་པ་དང༌། སྨན་གྱི་ཆོ་གས་ལུས་ཀྱི་ཤ་ཟད་པ་དང༌། ལམ་རིང་དུ་སོང་སོང་བས་ཤ་ཟད་པ་དང༌། སྨྲ་བ་མང་པོའི་ལས་བྱས་པ་དང༌། བུད་མེད་ལ་ཉལ་དྲགས་པ་དང༌། ཟན་བཅད་པའམ། ཟན་མ་ཟོས་པས་རིད་པའམ། དཀའ་ཐུབ་ཀྱི་ལས་བྱེད་བྱེད་པ་འདི་རྣམས་ལྟ་བུས་རིད་ཅིང་སྐེམ་པར་འགྱུར་བ་དང༌། བྱིས་པ་ཆུང་ངུ་དང༌། རྒན་པོ་འདི་རྣམས་འདྲ་སྟེ། འོ་མ་འཚལ་ནན་དུ་འཐུངས་ན་བདུད་རྩི་དང་འདྲ་སྟེ་ཕན་ནོ། །དེ་བས་ན་མདོར་རྟག་ཏུ་འཚལ་ནན་བཏུང་བ་ནི་ཁ་ཟས་ཅ་ཟ་བའི་མཐུ་དང་ཡོན་ཏན་ཅི་འདྲ་བ་དང༌། འཚལ་ནན་དུ་བཏུང་བ་གཉིས་མི་འཕྲོད་པར་ཡང་མ་གྱུར་པ་དང༌། ལྕི་ཡང་འཇམ་རྩུབ་མི་འདྲ་བར་སྦྱར་ཏེ་འཐུངས་ན་དགེའོ། །ཟས་ཟོས་ནས་འཚལ་ནན་འཐུངས་པ་ནི་ཁོང་དུ་ངོམས་ཤིང་ཚིམ། བཞིན་གྱི་མདངས་འབོགས། ལུས་ཀུན་འཚལ་ནན་འཐུངས་པས་ཁྱབ་པར་འགྱུར་ལ་བརྟ་ཞིང་གྲིམས་པར་བྱེད། ཁ་ཟས་ཟོས་སོ་ཅོག་སྐོམ་འཐུངས་པས་སྙི་ཞིང་མྱགས་པ་འཇུ་བར་བྱེད་དོ། །ཡང་སྐོམ་དྲགས་ན་མི་དགེ་བའི་དམིགས་ནི་མགུལ་པ་ཡན་ཆད། མིག །སྣ། རྣ་བ། ལྕེ། གླད་པ་དང་ལྡོག་མ་ན་བ་ལ་སོགས་པ་དང༌། དབུག་མི་བདེ་བ་དང༌། ལུད་པ་ལུ་བ་དང༌། གློ་བ་རྡོལ་ཏེ་ཁྲག་འོད་བ་དང༌། ཆམ་པས་བཏབ་པ་དང༌། གླུ་མང་དུ་བླངས་པ་དང༌། སྨྲ་མངས་པ་ལས་སྐད་འགགས་པ་འདི་ལྟ་བུ་ལ། འཚལ་ནན་སྐོམ་དྲག་ན་གནོད་དོ། །ཡང་ལུས་ལས་རྣག་བྱུང་བ་དང༌། གཅིན་སྙི་བ་དང༌། མིག་ན་བ་དང༌། ལྐོག་མན་བ་དང༌། སྨས་ཏེ་རྨ་བྱུང་བ་འདི་ལྟ་བུ་ལ་སྐོམ་འཐུངས་ན་མི་རུང་ངོ༌། །ཟན་ཟོས་སྐོམ་འཐུངས་ནས་དྲག་ཏུ་སྨྲ་བ་མང་བ་དང༌། ལམ་དུ་ཞུགས་ཏེ་འགྲོ་བ་དང༌། དྲོ་ཉལ་བྱེད་པ་དང༌། ཉི་ཚན་དང༌། མེ་
ཚ་བ་བདེ་བ་དང༌། རྟ་ཞོན་ཞིང་རྒྱུག་པ་དང༌། ཆུ་ལ་རྐྱལ་བ་དང༌། རྐང་གིས་རྒྱུག་པ་འདི་ལྟ་བུ་ཀུན་ཟོས་པའི་འོག་ཏུ་བྱར་མི་རུང་ངོ༌། །ཟན་བཟའ་བའི་དུས་ལ་བབ། ཅེས་བྱ་བ་ནི་བཤང་གཅི་བསལ་ཏེ། སྙིང་དང་ཁོང་པའི་ནང་དྲི་མེད་ཅིང་སང་བག་ཏུ་འདུག །རླུང་དང་བད་ཀན་དང་མཁྲིས་པ་ཡང་རང་རང་གིས་ནི་འདུག །སྒྲེགས་པ་ཡང་གསུང་བག་མེད་དེ་ཐ་མལ་བར་འོང༌། ཐུར་དུ་དབུགས་དབྱུང་བ་ཡང་ཐ་མལ་པར་རྒྱུ་ལ། བྲུ་བ་ཡང་ཚ། ཁོང་ན་དྲོད་ཀྱང་ལྷག་པར་ཆེ། མིག་ལ་སོགས་པའི་དབང་པོ་ཡང་གསལ། ལུས་ཀྱང་རབ་ཏུ་ཡང་ན། དེའི་ཚེ་ཁ་ཟས་ཟ་བའི་དུས་ལ་བབ་པ་ཡིན་ཏེ། ཁ་ཟས་ཟ་བ་དེ་ལ་ཡང་ཁ་ཟས་ཀྱི་ཆོ་ག་བཤད་པ་དང་སྦྱར་ཞིང་རན་པར་ཟ་བ་དེ་ལྟ་བུ་ལས་ཟས་ཟ་བའི་དུས་ཞེས་བྱ་བ་ཡིན་ནོ། །ཁ་ཟས་ཟ་བའི་ཚོད་གཟུང་ཞིང་ཟས་ཀྱི་རིམ་པ་སྣ་ཚོགས་བསྟན་པའི་ལེའུ་བརྒྱད་པ་རྫོགས་སོ།། །།སྨན་སྣ་ཚོགས་ཀྱི་རོ་དང༌། སྟོབས་དང༌། ཞུ་བའི་རྗེས་དང༌། ཡོན་ཏན་དང༌། སྨན་གྱི་མཐུའི་བྱེ་བྲག་དང༌། སྨན་རྣམས་ཆེན་པོ་ལྔའི་རང་བཞིན་དུ་གཏོགས་པ་དང༌། ཆེན་པོ་ལྔའི་མཐུས་ཕན་པའི་ལས་བྱེད་པ་དང༌། སྨན་གྱི་བྱེ་བྲག་སྣ་ཚོགས་བཤད་པ། སྨན་གྱི་རོ་ཐ་དད་པར་བྲོ་བ་ལ་སོགས་པ་རྣམས་སྨན་ཉིད་ལ་བརྟེན་ཏེ་བྲོ་བར་འགྱུར་བས་ན། སྨན་ཉིད་མཆོག་དམ་པ་ཡིན་ནོ། །སྨན་དེ་ཡང་འབྱུང་བ་ཆེན་པོ་ལྔའི་རང་བཞིན་ཅན་ཡིན་ཏེ་ས་ལ་བརྟེན་ནས་སྐྱེའོ། །སྐྱེ་བ་དེ་ཡང་མེ་ངང་ཆུ་དང་རླུང་དང་ནམ་མཁའ་དང་འདི་བཞི་ཆར་དུ་ལྡན་ཞིང་ཚོགས་པ་དང༌། ས་ལ་བརྟེན་ནས་སྐྱེས་པའི་ཕྱིར་སྨན་དེ་ནི་ཆེན་པོ་ལྔའི་རང་བཞིན་ཡིན་ནོ། །སྨན་ཀུན་ཀྱང་ཆེན་པོ་ལྔའི་རང་བཞིན་དང་ལྡན་པར་འདྲ་སྟེ། དེ་ལ་ཡང་མངར་བ་དང་ཁ་བ་ལ་སོགས་པ་རོ་དྲུག་ཅར་གྱི་ཤས་ནས་ཡོད་མོད་ཀྱི། ལ་ལ་ནི་ཁ་བའི་ཤས་ཆེ། །ལ་ལ་ནི་མངར་བའི་ཤས་ཆེ་བ་ལྟ་བུ་ལས་སྨན་གྱི་མཐུ་དང་ཡོན་ཏན་ལ་སོགས་པའི་ཁྱད་པར་མི་འདྲ་བ་ཕལ་ཆེར་སོ་སོར་བཤད་དོ། །དེའི་ཕྱིར་ཆེན་པོ་ལྔ་ལས་བྱུང་བའི་སྨན་རྣམས་རོ་གཅིག་ཏུ་བྲོ་བ་མ་ཡིན་ནོ། །དེ་བས་ན་ནད་དམིགས་རླུང་དང་བད་ཀན་དང་མཁྲིས་པ་ལས་ནད་དུ་གྱུར་པ་ཡང་གཅིག་ཏུ་མ་ཟད་དོ། །དེ་ལ་
སྨན་གྱི་རོ་ཅི་བྲོ་བ་རོ་གསལ་པོར་བྱེ་བྲག་ཕྱེད་པར་བྲོ་བ་ནི། སྨན་གྱི་རོ་བྲོ་བ་ཞེས་བྱའོ། །སྨན་གྱི་རོ་འཕྲལ་དུ་ཅི་བྲོ་བ་བྱེ་བྲག་མི་ཕྱེད་ལ་མྱང་མྱང་བའི་རྗེས་ལ་ཕྱིས་སྦྱངས་སུ་རོ་བྱེ་བྲག་པ་དེ་ནི། མཇུག་ཏུ་བྲོ་བ་ཞེས་བྱ་སྟེ། དེའི་ཐ་མར་རོ་ཅུང་ཟད་བྲོ་བར་བྱེ་བྲག་ཅེས་བྱའོ། །དེ་ལ་སྨན་གྱི་ཡོན་ཏན་འཇུ་དཀའ་བ་ལ་སོགས་པ་ལྟ་བུ་ནི་ས་ལ་སོགས་པ་ལ་གནས་པ་ཡིན་ཏེ། སྨན་གྱི་རོ་བྲོ་བ་རྣམས་ནི་སྨན་དངོས་ལ་བརྟེན་པ་ཡིན་ནོ། །དེ་བས་ན་གཙོ་བོ་སྨན་ཉིད་ཡིན་ཡང་སྨན་ལས་མ་སྨོས་པར་ཐུན་མོང་དུ་མཚུངས་པར་མིང་བཏགས་ཏེ། སྨན་གྱི་རོ་ལ་བརྗོད་ཅིང་འདོགས་སོ། །དེ་ལ་སྨན་གྱི་དངོས་པོ་ཆེན་པོ་ལྔའི་རང་བཞིན་ཅན་དེ་ཡང་རྣམ་པ་གཉིས་སུ་བལྟ་སྟེ། རང་བཞིན་དང༌། ལས་ཀྱི་མཚན་ཉིད་དུ་རིག་པར་བྱའོ། །དེ་ལ་སའི་རང་བཞིན་གྱི་ཤས་ཆེ་བའི་སྨན་ནི། །ལྕི་བ་དང༌། སྦོམ་པ་དང༌། སྲ་བ་དང། དྲི་བསུང་གི་ཤས་ཆེ་བ་དང་ཡོན་ཏན་འདི་བཞིན་ལྡན་པ་ནི་སའི་རང་བཞིན་དུ་གཏོགས་སོ། །སྨན་སའི་ཁམས་ཀྱི་རང་བཞིན་ཅན་དེའི་ལས་ནི་ལྕི་བར་བྱེད། སྲ་ཞིང་བརྟན་པར་བྱེད། ཕལ་ཆེ་ཞིང་མང་བར་བྱེད་པ་ཡིན་ནོ། །སྨན་ཆུའི་རང་བཞིན་གྱི་ཤས་ཆེ་བར་ལྟ་བ་ནི། གཤེར་བ་དང༌། བསིལ་བ་དང༌། ལྕི་བ་དང༌། འཇམ་པ་དང༌། རྣོ་བའི་རང་བཞིན་ཡིན། ཁུ་བ་བསྐ་བའི་ཤས་ཆེ་བ་འདི་ལྟ་བུ་ནི་ཆུའི་ཁམས་སུ་གཏོགས་པའི་རང་བཞིན་ཡིན་ནོ། །སྨན་ཆུའི་ཤས་ཆེ་བའི་ལས་ནི་འཇམ་པར་བྱེད། བད་ཀན་ལྟ་བུར་འདག་འདག་པོར་བྱེད། །འཇུ་བ་འདྲུལ་བག་ཏུ་བྱེད། ལུས་སིམ་པར་བྱེད། མི་འགྱེས་མི་འཇིག་པར་སྡུད་ཅིང་འབྱོར་བར་བྱེད། ཡང་སྨན་མེའི་རང་བཞིན་གྱི་ཤས་ཆེ་བ་ནི། ཚ། རྣོ། རྩུབ། སྐམ་པོ་ཤོག་ཤོག་པོའམ། དུལ་དུལ་པོའི་བག་ཏུ་འདུག །ཞིབ་པའི་ཡོན་ཏན་གྱི་ཤས་ཆེ་བ་འདི་ལྟ་བུ་ནི་མེའི་རང་བཞིན་དུ་གཏོགས་སོ། །སྨན་མེའི་རང་བཞིན་གྱི་ཤས་ཆེ་བའི་ལས་ནི་ཤ་འབར། བཞིན་མདོག་གསལ་ཞིང་རྩ་དམར། ཟས་འཇུ་བའི་རང་བཞིན་ཅན་ཡིན་ནོ། །དེ་ལ་སྨན་རླུང་གི་ཤས་ཆེ་བ་ནི་རྩུབ། ཡང༌། ཅིའི་ནང་དུ་ཡང་འཇུག་ཅིང་འགྲོ། །
རེག་པའི་ཤས་ཆེ་བ་འདི་ལྟ་བུ་རླུང་གི་ཁམས་སུ་གཏོགས་པའོ། །སྨན་རླུང་གི་ཤས་ཆེ་བའི་ལས་ནི་རྩུབ་པར་འགྱུར། །ཡང་བར་འགྱུར། ཅིའི་ནང་དུ་འཇུག་པའམ། འགྱེས་ཤིང་འཇིག་པར་བྱེད། སེམས་རྟོན་ཅིང་སྤྱོད་པ་ལ་འཇུག་པར་བྱེད། ན་བར་བྱེད། ཟུག་པར་བྱེད། སྨན་ནམ་མཁའི་རང་བཞིན་གྱི་ཤས་ཆེ་བ་ནི་ཕྲ་བ་དང་འཇུ་ཞིང་རྒྱུ་བ་དང༌། འགྱེས་ཤིང་འཐོར་བའམ། ཡང་བའམ། སྒྲའི་ཡོན་ཏན་གྱི་ཤས་ཆེ་བའོ། །སྨན་ནམ་མཁའི་ཤས་ཆེ་བའི་ལས་ནི་སྦུ་གུ་ནང་སྟོང་པ་དང༌། ཁོང་ཡང་བའི་རང་བཞིན་ནོ། །དེ་ལྟ་བས་ན་ནད་ཐམས་ཅད་དང་སྨན་སྣ་སྦྱར་བ་ལས། སའི་སྟེང་ན་སྨན་དུ་མི་འགྱུར་བ་གང་ཡང་མེད་དོ། །དེ་ལ་སྨན་ཟོས་ཤིང་འཐུངས་པ་ལས་ལུས་ཀྱི་སྟོད་དུ་སྨན་གྱི་མཐུ་འགྲོ་བར་བྱེད་པ་ནི། སྨན་མེ་དང་རླུང་གི་ཤས་ཆེ་བ་ལྟ་བུ་ཟོས་ན་སྟོད་དུ་འབྲོས་སོ། །སྨན་འཐུངས་ན་རོ་སྨད་མན་ཆད་དུ་འགྲོ་ཞིང་འབབ་པ་ནི་སྨན་ས་དང་ཆུའི་ཤས་ཆེ་བ་ལྟ་བུ་ཟོས་ན། སྨན་གྱི་མཐུ་སྨད་དུ་འབབ་བོ། །སྨན་གྱི་ཁྱད་པར་དུ་ལྟ་བ་ནི་དེ་ལྟ་བུ་ཡིན་ནོ། །སྨན་གྱི་རོ་ཐ་དད་པའི་བྱེ་བྲག་ཅི་འདྲ་བ་ནི་འོག་ནས་ཞིབ་ཏུ་འཆད་དོ། །ཡང་སྨན་གྱི་མཐུ་ནི་སྨན་པ་ཁ་ཅིག་ན་རེ་རྣམ་པ་བརྒྱད་ཡོད་དེ། སྨན་ལ་ལའི་མཐུ་ནི་ལྕི། ལ་ལའི་མཐུ་ནི་སྣུམ། ལ་ལ་ནི་བསིལ། །ལ་ལ་ནི་འཇམ། ལ་ལ་ནི་ཡང༌། ལ་ལ་ནི་རྩུབ། ལ་ལ་ནི་ཚ། ལ་ལ་ནི་རྣོ་སྟེ། རྣམ་པ་འདི་བརྒྱད་དུ་ལྟའོ། །ཞེས་འཆད་དོ། །ཡང་སྨན་གྱི་གཞུང་ཙ་ར་ཀ་ལས་བཤད་པ། །སྨན་གྱི་མཐུ་ཞེས་བྱ་བ་ནི། སྨན་གང་གིས་ནད་སེལ་ཞིང་ཞི་བར་བྱེད་པ་ལ་སྨན་གྱི་མཐུ་ཞེས་བྱའོ། །དེ་ལྟ་བས་ན་ནད་བསལ་བར་བྱ་བ་ལ། སྨན་གྱི་མཐུ་མ་ཡིན་ན་ནད་ཅུང་ཟད་ཙམ་སེལ་ཡང་མི་ནུས་སོ། །དེའི་ཕྱིར་ནད་ཐམས་ཅད་སིལ་བར་བྱེད་པ་ནི་སྨན་གྱི་མཐུ་ཡིན་ནོ། །འོན་ཀྱང་སྨན་ལྕི་བ་ལ་སོགས་པ་ཉིད་ལ་སྨན་གྱི་མཐུ་ཞེས་མིང་བཏགས་པ་ཡིན་ནོ། །དེ་བས་ན་སྨན་ཐམས་ཅད་ཡོན་ཏན་དང་ལྡན་པའི་སྙིང་པོ་མཐུ་ཆེ་བ་དང་ལྡན་པས་ནང་སེལ་ནུས་ཏེ། དེ་ལྟ་བུ་ལ་སྨན་གྱི་མཐུ་ཞེས་བྱའོ། །དེ་བས་ན་ནད་ཀྱི་ཚུལ་དང་སྦྱར་ཏེ། སྨན་དམིགས་ཀྱི་
དངོས་སུ་བཏང་བ་སྣ་མང་པོ་བསོགས་ཏེ། མ་རྙིངས་མ་རུལ་པ་མཆོག་ཏུ་སྦྱར་ཏེ་བཏང་ན། དེས་ནད་ཕྱིན་པས་ན་སྨན་གྱི་མཐུ་ཞེས་བྱའོ། །དེ་བས་ན་གོང་དུ་སྨན་གང་གིས། །ནད་སེལ་ཞིང་ཞི་བར་བྱེད་པ་ལ་མཐུ་ཞེས་བྱ་བ་ཡིན་ན་ནི། སྨན་རྙིངས་སམ་རུལ་པ་ཟོས་ན། དེས་ཅུང་ཟད་ཙམ་མི་ཕན་པའི་ལས་བྱེད་དུ་ཟད་ཀྱི། ནད་ཕྱིན་པར་མི་ནུས་སོ། །དེ་ལྟ་བས་ན་སྨན་གྱི་མཐུ་ཞེས་བྱ་བ་ནི་སྨན་གྱི་རོ་དང་ཞུ་བའི་རྗེས་ལ་སོགས་པའི་ནང་ན། སྨན་གྱི་མཐུ་ཞེས་བྱ་བ་ནི་ལྕི་བ་དང་སྣུམ་པ་དང་བསིལ་བ་ལ་སོགས་པའི་ནད་སེལ་ནུས་པའི་མཐུ་ཡོད་པ་དེ་ལ། སྔོན་གྱི་སྨན་པ་ཆེན་པོ་དག་མཐུ་ཞེས་བྱ་བར་འདོད་དོ། །ཡང་སྨན་པ་ཁ་ཅིག་ན་རེ། སྨན་གྱི་སྟོབས་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཚ་བ་དང༌། བསིལ་བ་ཡིན་ནོ་ཞེས་ཟེར་རོ། །དེ་ཇི་ལྟར་ཞེ་ན། སྨན་གྱི་རང་བཞིན་རྣམ་པ་སྣ་ཚོགས་ཡིན་ཡང༌། ཉི་མ་མེའི་རང་བཞིན་ཡིན་ཏེ་ཚ་བ་དང༌། ཟླ་བ་བསིལ་བ་ཡིན་ཏེ། འདི་གཉིས་སྟོབས་ཆེ་བས་སྨན་ཡང་ཚ་བ་དང༌། བསིལ་བར་དེ་ལྟར་གྱུར་ཏོ། །དེ་ཡང་དུས་བཟང་པོའི་ཚེ། སེམས་ཅན་དར་བའི་དུས་ན་སྨན་གྱི་རོ་ཀུན་ཀྱང་གསལ་བར་བྲོ། །འཇིག་རྟེན་དམས་ཏེ་རྒུད་པ་ན་རོ་ཡང་གསལ་པོར་མི་བྲོ་བ་ནི། སེམས་ཅན་དང་འདྲ་སྟེ། འདི་གཉིས་ལས་ནམས་ཀྱང་འགྱུར་བ་མེད་དོ། །དེ་ལ་སྨན་ཚ་བས་ནི་མགོ་འཁོར། སྐོམ། རྨྱ་ལ་རྡུལ། ཚ། ཟས་མྱུར་དུ་འཇུ་བར་བྱེད་པ་རྣམས་ཡིན་ནོ། །ཚ་བ་དེ་ལྟ་བུས་རླུང་དང་བད་ཀན་གཉིས་ནི་ཞི་བར་བྱེད་དོ། །དེ་ལ་ཡང་སྨན་བསིལ་བས་ནི་ལུས་གྲང༌། སིམ་པར་བྱེད། འཚོ་བར་བྱེད། ལུས་བརྟ་བར་བྱེད། ཁྲག་དང་མཁྲིས་པ་རྒྱས་པའི་ནད་ཞི་ཞིང་དངས་པར་བྱེད། ཚའམ་བསིལ་བ་གང་ཡང་རུང་བ་དེ་དང་དེ་ཁོང་པ་ནང་གི་དྲོད་གཉིས་སུ་ལྡན་པ་ལས་སྨན་ཟོས་པའི་རོ་དེ་ཡང་གཞན་དུ་འགྱུར་བར་བྱེད་དོ། །སྨན་གྱི་རོ་རྣམས་ཞུ་བར་གྱུར་པའི་རྗེས་ལ། སྨན་གྱི་སྟོབས་ཀྱིས་ལས་བྱེད་པ་དེ་ནི་ཞི་བ་ཞེས་ཀྱང་བྱ། སྨིན་པ་ཞེས་ཀྱང་བྱའོ། །མངར་བ་བུ་རམ་དང་འོ་མ་ལྟ་བུའི་བག་དང༌། པི་པི་ལིང་དང༌། སྒ་ལྟ་བུ་ཚ་བའི་བག་དང༌། འདི་རྣམས་ཞུ་བའི་རྗེས་འདྲ་སྟེ་
མཇུག་ཏུ་མངར་རོ། །རོ་སྐྱུར་བ་རྣམས་ཟོས་ཏེ་ཞུ་བའི་རྗེས་ཀྱང་སྐྱུར་བར་འགྱུར་རོ། །རོ་ཁ་བ་དང༌། ན་ལེ་ཤམ་ལྟ་བུ་ཚ་བ་དང༌། རོ་བསྐ་བ་རྣམས་ཟོས་པའི་རྗེས་ནི་ཕལ་ཆེར་ཚ་བར་འགྱུར་རོ། །དེ་བས་ན་སྨན་གྱི་རོ་བྲོ་བ་ཟོས་པ་བཞིན་དུ་འབྲས་བུ་ཞུ་བའི་རྗེས་ཀྱང་དེ་དང་འདྲའོ། །དེ་ལ་སྨན་གྱི་སྟོབས་བཟང་ངན་ལས་ཕན་མི་ཕན་པའི་དམིགས་དབྱེ་བ་ནི། སྨན་ལ་ལ་ཟོས་ན་སྨན་གྱི་རོ་ཕན་པའི་ལས་བྱེད་དེ། དཔེར་ན་ཁ་ན་ལི་ཁར་མུར་བའི་རོས་ཁ་བའི་རོ་མེད་པ་དང་འདྲའོ། །སྨན་ལ་ལ་ཞུ་བའི་རྗེས་ལ་ཕན་པའི་ལས་བྱེད་པ་ནི་དཔེར་ན་ཨ་རུ་ར་ལྟ་བུ་ཞུ་ནས་འཁྲུ་བ་ཡིན་ནོ། །སྨན་གྱི་ཡོན་ཏན་ཞེས་བྱ་བ་ནི་ལྟོར་མ་ཟོས་པར་བསྣམས་པའམ་རེག་པ་ཙམ་གྱིས་ཕན་པའི་ལས་བྱེད་ནུས་པ་དེ་ནི་ཡོན་ཏན་ཞེས་བྱའོ། །སྨན་ཟོས་སམ་འཐུངས་ན་ནད་སེལ་བར་བྱེད་པ་གང་ཡིན་པ་དེ་ནི་ནུས་པ་ཞེས་བྱའོ། །སྨན་གྱི་མཐུ་ཞེས་བྱ་བ་ནི་རྒུན་འབྲུམ་དང། ཤིང་མངར་གཉིས་བསིལ་བྱེད་ནུས་པར་འདྲ་མོད་ཀྱི། རྒུན་འབྲུ་ནི་ལྷག་པར་འཁྲུ་བར་བྱེད་ནུས་ཏེ། དེ་ལྟ་བུ་ལ་མཐུ་ཞེས་བྱའོ། །དེ་བས་ན་སྨན་གང་དང་གང་ལ་བསྟེན་པའི་སྨན་གྱི་རོ་དང་སྟོབས་དང་ཞུ་བའི་རྗེས་ལ་སོགས་པས་ནད་སེལ་བའི་ལས་བྱེད་དོ། །དེའི་ཕྱིར་སྨན་སྣ་སྦྱར་བའི་ནང་ནས། གང་མཐུ་དང་ལྡན་པ་དེས་ཕལ་ཟིལ་གྱིས་མནན་ནས་ཕན་པའི་ལས་བྱེད་དོ། །སྨན་མི་འཕྲོད་པ་རྣམས་སྦྱར་ཏེ་བཏང་ན། དེ་ནི་གང་ཕལ་ཆེ་བས་སྨན་གང་མྱུར་ཞིང་མཐུ་ཆུང་བ་དེ་ཐུབ་པར་བྱེད་དོ། །ཡང་དེ་ལ་སྨན་གྱི་རོ་བས་ནི་སྨན་ཟོས་པ་ཞུ་བའི་སྟོབས་ཆེའོ། །ནུས་པ་བས་ནི་སྨན་གྱི་མཐུའི་སྟོབས་ཆེའོ། །སྨན་བསིལ་བ་ཡང་རུང༌། ཚ་ཡང་རུང་བའི་སྨན་གྱི་རོའི་སྟོབས་མཉམ་སྟེ་བཏང་ན། དེའི་ནང་ན་མ་བསྒྱུར་མ་བཅོས་པ་རང་བཞིན་གྱིས་ཚ་བའམ་བསིལ་བའི་སྨན་དེ་སྟོབས་ཆེའོ། །ཡང་སྨན་གྱི་རོའི་སྟོབས་ཀུན་མཉམ་ཀྱང་དེའི་ནང་ན་སྟོབས་ལྷག་པར་གང་ཆེ་བ་དེའི་མཐུ་ཆེ་སྟེ། དཔེར་ན་ཙི་ཏྲ་དང་དན་ཏིག་གཉིས་རོ་ལ་སོགས་པ་འདྲ་ཡང༌། །དན་ཏིའི་མཐུ་ནི་ལྷག་པར་འཁྲུའོ། །སྦྲང་རྩི་དང་རྒུན་འབྲུ་ཡང༌། །རྒུན་འབྲུ་འཁྲུའོ། །མར་དང་འོ་མ་གཉིས་མངར་བར་འདྲ་ཡང་འོ་མ་ནི་བསིལ་
མར་ནི་དྲོད་སྐྱེད་དོ། །དེ་བས་ན་སྨན་རྣམས་ཀྱི་སྤྱིའི་ཕན་པར་ནུས་པ་དང༌། མཐུའི་བྱེ་བྲག་དེ་ལྟར་བལྟའོ། །དེ་ཡང་སྨན་སྐྱེ་བ་རྣམ་པ་སྣ་ཚོགས་ཀྱི་རྐྱེན་གྱིས་སྨན་གྱི་མཐུ་སྟོབས་བྱེ་བྲག་ཐ་དད་པར་བལྟའོ། །ཇི་ལྟ་ཞེ་ན། གྲོ་དང་ནས་གཉིས་རོ་མངར་ལ་ལྕི་མོད་ཀྱི། གྲོ་ལྷག་པར་སྣུམ་པས་རླུང་ནད་སེལ་ཏོ། །ནས་ཟ་བ་ལྟ་བུ་ན་རླུང་སྐྱེད་དོ། །འོ་མ་དང་ཉ་གཉིས་བསིལ་བར་འདྲ་མོད་ཀྱི་ཉ་ཞུ་བའི་རྗེས་ནི་ཚའོ། །དཔེར་ནས་ལ་གནས་པར་འདྲ་མོད་ཀྱི་སེང་གེའི་ཤ་ནི་རོ་ཁའོ། །ཕག་ཤ་ནི་དེ་ལྟ་བུ་མ་ཡིན་ཏེ་ཚུལ་འདི་ལྟར་བལྟའོ། །སྨན་སྣ་ཚོགས་ཀྱི་རོ་དང་སྟོབས་དང་ཞུ་བའི་རྗེས་དང་ཡོན་ཏན་དང་སྨན་གྱི་མཐུའི་བྱེ་བྲག་དང༌། སྨན་རྣམས་ཆེན་པོ་ལྔའི་རང་བཞིན་དུ་གཏོགས་པ་དང༌། ཆེན་པོ་ལྔའི་མཐུས་ཕན་པའི་ལས་བྱེད་པ་དང༌། སྨན་གྱི་བྱེ་བྲག་སྣ་ཚོགས་བཤད་པའི་ལེའུ་དགུ་པ་རྫོགས་སོ།། །།དེ་ནས་ཡང་སྨན་གྱི་རོ་ཐ་དད་པ་རྣམས་ཆེན་པོ་ལྔའི་བྱེ་བྲག་ལས་ཇི་ལྟར་སྐྱེ་བ་དེ་དག་དམིགས་ཀྱིས་བསྟན་པའི་ལེའུ་བཅུ་པ་བཤད་པར་བྱའོ། །དེ་ལ་སྨན་གྱི་རོ་མངར་བ་དང༌། སྐྱུར་བ་དང༌། ལན་ཚྭ་བྲོ་བ་དང༌། ཁ་བ་དང༌། ཚ་བ་དང༌། བསྐ་བ་དང༌། འདི་དྲུག་ཆེན་པོ་ལྔ་ལས་སྐྱེའོ། །དེ་ཡང་ཇི་ལྟ་ཞེ་ན། ས་དང་ཆུ་གཉིས་ཀྱི་རྒྱུ་ལས་ནི་རོ་མངར་བར་འགྱུར་རོ། །མེ་དང་ས་གཉིས་ཀྱི་རྒྱུས་ནི་རོ་སྐྱུར་བར་འགྱུར་རོ། །ཆུ་དང་མེ་གཉིས་ཀྱི་རྒྱུས་ནི་རོ་ཚ་བྲོ་བར་འགྱུར་རོ། །ནམ་མཁའ་དང་རླུང་གཉིས་ཀྱི་རྒྱུས་ནི་རོ་ཁ་བར་འགྱུར་རོ། །མེ་དང་རླུང་གཉིས་ཀྱི་རྒྱུས་ནི་རོ་ཚ་བར་འགྱུར་རོ། །ས་དང་རླུང་གཉིས་ཀྱི་རྒྱུས་ནི་རོ་བསྐ་བ་བྲོ་བར་འགྱུར་རོ། །དེ་ལྟར་ཆེན་པོ་གཉིས་གཉིས་ཀྱི་ཤས་ཆེ་ལ་རོ་མངར་བར་བྲོ་བ་ལ་སོགས་ཕ་སྐྱེ་བ་འབྱུང་བར་འགྱུར་རོ། །དེ་ལ་རོ་མངར་བར་བྲོ་བ་ནི་ཁལ་ཞིམ་པོར་བྲོ་བ་ཆགས་ཏེ་མངར་བ་མྱངས་ན་ལུས་ཚིམ་པར་བྱེད། མིག་དངས་པར་བྱེད་དེ། ཆུང་དུ་གྲོག་མ་ལ་སོགས་པ་རོ་མངར་བ་མྱངས་ན་ཡང་ཞིམ་སྟེ། དགའ་བར་མངོན་པ་ཡིན་ནོ། །མེ་དང་ས་ལས་གྱུར་པའི་རོ་སྐྱུར་བར་བྲོ་བ་ནི། ཁའི་ནང་དུ་སྐྱུར་ཆིས་པས་སོ་བརྩེ། སྦུ་ལྡང༌། མིག་དང་སྨིན་མ་རྣམས་འཛུམས་པར་
འགྱུར་རོ། །ཆུ་དང་མེ་གཉིས་ཀྱི་ཤས་ཆེ་བ་ལས་ནི་རོ་ལན་ཚྭ་བྲོ་སྟེ། ཁའི་ནང་མཆིལ་མ་འདུ། གྲེ་བ་དང་ཁའི་ནང་ཚ་བར་བྱེད་དོ། །ནམ་མཁའ་དང་རླུང་གཉིས་ལས་གྱུར་པའི་རོ་ཁ་བར་བྲོ་བ་ནི་ལྗིན་བག་སེལ་ཞིང་ལྕི་ལ་མི་ཞིམ་ཞིང་གནོད་པ་བྱེད་དོ། །ལྕེའི་ཆུ་དང་ཐོར་ལོ་ལ་ཚ་ཙག་ཙག་བྱེད་ཅིང༌། སྣ་དང་མིག་དང་ཁ་ཆུ་ཟག་ལ་མཁུར་བའི་ནང་ཚིག་པ་བཞིན་དུ་བྱེད་པས་སྐྱོ་བར་འགྱུར་བ་ནི་ཚ་བའོ། །རོ་བསྐ་བ་ཞེས་བྱ་བ་ནི་ལྕེ་ལ་རོ་གཞན་རེ་ཞིག་བྲོ་བར་མི་ཚོར་ལ། གྲེ་བ་དང་རྩའི་སྦུ་གུ་རྣམས་འགགས་པར་བྱེད་པས་ན་རོ་བསྐ་བའོ། །རོ་རྣམ་པ་དྲུག་གི་ཚུལ་ནི་འདི་ལྟ་བུ་ཡིན་ནོ། །དེ་ལ་རོ་དེ་རྣམས་ཀྱིས་ལས་ཀྱི་བྱེ་བྲག་ཇི་ལྟར་བལྟ་ཞེ་ན། རོ་མངར་བའོ་མ་ལ་སོགས་པའི་ལས་ནི་དང་པོ་བཙས་པ་ནས་མངར་བའི་རོ་དེ་དང་འཕྲོད་པའི་ཟས་ཡིན། ལུས་ཀྱི་སྲོག་ཟུངས་བདུན་རྣམས་ཀྱི་མཐུར་འགྱུར། སྟོབས་རྩལ་སྐྱེད། བྱིས་པ་ཆུང་ངུ་དང་མི་རྒན་པོ་ལ་ཕན། གློ་རྡོལ་དང༌། ཁྲག་འོང་བ་དང༌། ཁམས་བདུན་ཟད་པ་དང༌། འདི་ལྟ་བུ་ལ་ཕན། ཁ་བཞིན་མདོག་དང༌། སྐྲ་བཟང༌། མིག་དང་རྣ་བ་ལ་སོགས་པ་དབང་པོ་གསལ། གཟི་མདངས་བཟང་བར་འགྱུར། ལུས་ཀྱི་ཉམས་འཚག་སྐྱེད། སྐད་འགགས་པ་དང༌། འཛེར་བ་ལ་ཕན། བུད་མེད་ཀྱི་ནུ་ཞོ་སྐྱེད། ཆག་ཐུར་དང་སྨྲས་པའི་རྨ་འབྱོར་ཅིང་འཚོ། འཇུ་དཀའ་སྟེ་ལྕི། ཚེ་རིང་བ་ལ་ཕན། འཚོ་བར་བྱེད། ཁོང་འཇམ་ཞིང་སྣུམ། མཁྲིས་པའི་ནད་དང་རླུང་ནད་དང་དུག་ལ་ཕན་ནོ། །འོ་མ་ལ་སོགས་པ་ཧ་ཅང་དྲགས་ན་ཚིལ་སྐྱེ། བད་ཀན་གྱི་ནང་སྐྱེ་བར་འགྱུར། །ཤ་སྐྱེས་ཏེ་ལུས་སྦོམ་པོར་འོང༌། ཁོང་བའི་དྲོད་བྲི་ཞིང་འདུས་པའི་རིམས་ཀྱིས་ཐེབས། གཅིན་སྙི། དགའ་བ་འབྱུང༌། ལུས་ལ་རྨེན་བུ་ལ་སོགས་པ་ཐར་བུའི་བག་འབྱུང་ངོ༌། །རོ་སྐྱུར་ཟོས་པའི་ལས་ནི་ཁོང་པ་མེའི་དྲོད་འབར་བར་བྱེད། ལུས་སྣུམ་ཞིང་འཇམ། སྐྱུར་བག་ཁར་ཞིམ། ཟས་འཇུ། ཡི་ག་འབྱེ། དྲོད་སྐྱེ་བའི་མཐུར་འགྱུར། ཁུ་བས་ཁ་ལག་གམ་ལུས་བཀྲུས་ན་བསིལ་བར་འགྱུར་རོ། །འཐུངས་ན་ཚིམ་པར་བྱེད། །ཟས་ཟོས་པ་ཞུ་ཞིང་
མྱགས་པར་བྱེད། ཁ་ཟས་སྐྱུར་བའི་བག་འཇུ་སླ་སྟ་ཡང་བར་འགྱུར། །བད་ཀན་དང་མཁྲིས་པ་དང་ཁྲག་རྒྱས་པའི་ནད་སེལ། ཁོང་པ་རྒྱུ་མའི་ནང་ན་རླུང་སྒྲ་ཁྲུ་ལུ་ལུ་ཟེར་ཞིང་འཁྱིལ་བར་རྒྱུ། སྐྱུར་བའི་བག་རྟག་ཏུ་ཧ་ཅང་བསྟེན་ཆེས་དྲགས་ན། ལུས་ཤ་སླ་སྟེ་ལྷོད་ལྷོད་པོར་འགྱུར། མིག་རབ་རིབ་ཟ། མགོ་འཁོར། ལུས་གཡན་པར་འགྱུར། །ཁ་གདོང་དང་ལུས་བརྩེ། སེར་ཞིང་སྐྱ་རྦབ་ཏུ་འགྱུར། མེ་དབལ་དུ་འགྱུར། ལུས་སྐྲངས། ལུས་ལ་ཐོར་བུ་འབྱུང༌། སྐོམ་དད་ཆེ། རིམས་ནད་ཀྱིས་ཐེབས་པར་འགྱུར་རོ། །ཚ་ནི་དངོས་ཏེ་ཟུག་པ་ལྟ་བུ། རླུང་ངམ་བད་ཀན་ལ་སོགས་པ་ལྟ་བུའི་ནད་ཀྱིས་ཁོང་དུ་ཕལ་ཆེར་འཁྱིལ་བ་དང༌། བཤང་གཅི་འབྱུང་དུ་མི་རུང་བ་འདི་ལྟ་བུ་འབྱིན་པར་བྱེད། ཁོང་དྲོད་དུ་སྣུམ་པ་དང༌། དྲོད་ཆེ་བས་རྡུལ་བར་འགྱུར། །རྣོ་བར་འགྱུར། ཡི་ག་འབྱེ། མི་ཚོན་པོ་ཚིལ་ཆེ་བ་ཚིལ་འཇུ་ཞིང་སྐེམ་པོ་གྲིམས་པར་བྱེད། ཁོང་འཁྲུ་བར་བྱེད་དོ། །ལན་ཚྭ་རབ་ཏུ་ཆེར་ཟོས་ན་ཁྲག་ནད་དང་རླུང་ནད་དུ་འགྱུར། །སྐྲ་འབྱི་ཞིང་དཀར་པོར་འགྱུར། གཉེར་མ་མང༌། སྐོམ་དང་ཆེ། མཛེ་ནད་དང༌། དུག་ནང་ལྡང༌། འབྲུམ་བུའམ་འབྲས་ནད་འབྱུང༌། སྟོབས་འབྲི་བར་འགྱུར། རོ་ཁ་བ་ནི་ཁ་བོ་ཉིད་ཡིད་དུ་མི་འོང་སྟེ། ཟས་འདོད་པའི་ཡི་ག་འབྱེ། །ལྟོ་ན་སྲིན་བུ་ཡོད་པ་སེལ། །སྐོམ་དད་ཆུང༌། དུག་ནད་སེལ། མཛེ་ནད་དང༌། བརྒྱལ་བ་དང༌། རིམས་དང༌། སློན་བྲོ་བ་དང༌། ཚ་བ་དང༌། མཁྲིས་པའི་ནད་དང༌། བད་ཀན་གྱི་ནད་འདི་ལྟ་བུ་སེལ་ཏེ། ཁ་བ་བྲོ་དྲགས་ན། ལུས་ལ་འདྲུལ་བག་དང༌། ལུས་ཀྱི་ཚིལ་དང༌། ནང་གི་ལྟོ་ཚིལ་དང༌། རྐང་དང་ནང་གི་བཤང་གཅིའི་དྲི་མ་འདི་ལྟ་བུ་ཀུན་སྐམ་ཞིང་འཇུ་བར་བྱེད། ཁོང་ཡང༌། ཡིད་གཞུངས། བསིལ། ཁོང་རྩུབ། བུད་མེད་ཀྱི་ནུ་མའི་ནད་ལ་ཕན། མགུལ་པ་འགགས་པ་འབྱུང༌། སྲོག་ཟུངས་བདུན་ཟད་ཅིང་སྐམ། རླུང་ནད་ཀྱིས་ལུས་འདར་བ་དང༌། མཛེ་དང༌། ཟས་མ་ཞུ་བས་ལྟོ་ན་ཟུག་ཅིང་སྦོས་པ་དང༌། ལུས་སྐྲངས་པ་དང༌། འདི་ལྟ་བུའི་ནད་སེལ། རྨ་འདྲེད་ལུས་ཀྱི་ཁོང་ན་སྣུམ་ཡོད་པ་དང༌། ཚིལ་ཟད་ཅིང་འཇུ། ལུས་ལ་འདྲུལ་
བག་ཡོད་པ་སྐམ་པར་བྱེད། ཁོང་དུ་དྲོད་སྐྱེ། ཁ་ཟས་འཇུ། ཟས་ཡི་གར་མི་འོང་བ་ཡི་གར་འོང་བར་བྱེད། རྣ་བ་དང༌། མིག་ལ་སོགས་པ་བུ་ག་དགུ་དང༌། རྩའི་རྒྱུན་འགགས་པ་རྣམས་སྒོ་འབྱེད་པར་བྱེད། བད་ཀན་སེལ་བར་བྱེད། ཚ་བ་ཧ་ཅང་ཆེར་དྲག་ཏུ་ཟོས་ན་སྐོམ་དད་ཆེ། ཁུ་ཆུ་ཟད། སྟོབས་འབྲི། བརྒྱལ་བའི་བག་ཏུ་འགྱུར། རྐང་ལག་འཁུམས་པར་བྱེད། ལུས་འདར། རྐེད་པ་དང༌། རྒྱབ་ལ་སོགས་པ་ན་བར་འགྱུར་རོ། །རོ་བསྐ་བ་ནི་མཁྲིས་པའི་ནད་དང༌། བད་ཀན་གྱི་ནད་སེལ། ཀོང་ལྕི། །ཁྲ་ནད་འབྱུང༌། རྨ་འཚོ། བསིལ་འདྲུལ་བག་གམ། ཚོ་བ་འཇུ་ཞིང་སྐེམ་པར་བྱེད། བེའུ་སྣབས་འཁྱིལ་ཞིང་ཐོགས་པར་བྱེད། ཁོང་འཁྲུ་བ་གཅོད། ཁོང་རྩུབ། པགས་པའི་མདོག་གསལ་ཞིང་བཟང་བར་བྱེད་དོ། །རོ་བསྐ་བ་ཧ་ཅང་དྲག་ཏུ་ཟོས་ན་བཤང་གཅི་འགག །ལྟོ་སྦོས་པར་བྱེད། སྙིང་ན། སྐོམ་དད་ཆེ། ལུས་སྐེམ་པར་འགྱུར། སྐྱེས་པའི་མཐུ་རྩལ་བྲི་སྟེ་བུད་མེད་ལ་མི་ཕོད་པར་འགྱུར། རྣ་བ་དང་མིག་ལ་སོགས་པ་བུ་ག་དགུ་དང༌། རྩའི་རྒྱུན་རྣམས་འགགས་པར་བྱེད། བཤང་གཅི་དྲི་མ་སྲི་སྟེ་མི་འབྱུང་བ་འདི་ལྟ་བུར་འགྱུར་རོ། །དེ་ལ་རོ་མངར་བའི་གྲངས་སུ་གཏོགས་པ་ནི་ཞུན་མར་དང༌། གསེར་དང༌། བུ་རམ་དང༌། ཀ་ར་ཀ་དང༌། ཆུ་ཤིང་གི་འབྲས་བུ་ཤིང་ཐོག་ཙོ་ཙ་དང༌། ཤིང་ཐོག་པ་རུ་ཤ་ཀ་དང༌། ཉེའུ་ཤིང་དང༌། ར་མཉེ་བ་དང༌། པ་ནས་བུམ་ཤ་དང༌། ར་ཛ་ད་ན་དང༌། སྨན་བ་ལ་རྣམ་གསུམ་ལ། བ་ལ་དང༌། མ་ཧཱ་བ་ལ་དང༌། ཨ་ཏི་བ་ལ་དང་གསུམ་མོ། །སྨན་མེ་ད་བ་དང༌། མ་ཧཱ་མེ་ད་དང་གཉིས་སོ། །འདབ་མ་རྣམས་བཞི་སྟེ། ཤིང་སཱ་ལའི་འདབ་མ་དང༌། ཀྲྀཥྞ་པར་ཎི་དང༌། མུད་ག་པརྞི་དང༌། མ་ཤ་པརྞིའོ། །ཛི་བན་ཏི་ཞེས་བྱ་བ་སྨན་འཚོ་བྱེད་ཀྱི་གྲངས་སུ་གཏོགས་པའི་ནང་ན། ཛི་བ་ཀར་ཤ་བྷ་དང༌། མེ་ཏོག་མ་དྷུ་ཀ་དང༌། ཤིང་མངར་དང༌། བིམ་པི་དང༌། བི་དྷ་རི་དང༌། ཤྲ་བ་ནི་རྣམ་གཉིས་དང༌། ཤིར་ཤུག་ཀླ་དང༌། བང་ཤ་རོ་ཙ་ན་ཞེས་ཅུག་ཧང་དང༌། ཤི་རི་ནི་དང༌། ཏང་བལ་དང༌། ས་ཧ་དེ་དང་འོ་མ་དང༌། བུ་རམ་ཤིང་དང༌། གཟེ་མ་དང༌། སྦྲང་རྩི་དང་རྒྱུན་འབྲུམ་ལ་
སོགས་པ་ནི་མངར་བའི་གྲངས་ཡུ་གཏོགས་སོ། །དེ་ལ་རོ་སྐྱུར་བའི་གྲངས་སུ་གཏོགས་པ་ནི། སྐྱུ་རུ་ར་དང༌། ཨམ་ལི་ཀ་དང༌། བ་ལུང་དང༌། སྟར་བུ་དང༌། བལ་པོ་སེའུ་དང༌། དངུལ་དང༌། དར་བ་དང༌། ཚ་དང༌། ཀུ་ཤུ་དང༌། ཞོ་དང༌། ཤིང་ལོང་ཀོ་གི་ཀའི་འབྲས་བུ་ལོང་གོག་དང༌། ཨ་མྲ་ཏ་ཀ་དང༌། བྷ་བྱ་དང༌། ཀ་པིད་ཏ་དང༌། ཀ་ར་མར་ཀར་ཏ་ཀ་དང༌། འདི་རྣམས་ནི་རོ་སྐྱུར་བའི་གྲངས་སུ་གཏོགས་སོ། །དེ་ལ་ལན་ཚྭའི་གྲངས་སུ་གཏོགས་པ་ནི། ཚ་བའི་ནང་ན་རྒྱམ་ཚ་དང༌། ལྕེ་མྱང་ཚ་བཟང་ངོ༌། །ཚ་ཕལ་པ་ནི་སོའུ་བར་ཙ་ལ་དང༌། ཁ་རུ་ཚ་དང༌། ལན་ཚྭ་བྷི་དང༌། རྒྱ་མཚོའི་ཚ་དང༌། བཙོ་ཚ་དང་འདི་རྣམས་སོ། །ཡང་ལན་ཚྭ་རོ་མོ་མ་ཀ་དང༌། སྐོམ་པའི་ཚ་དང༌། རོ་ཉེ་དང༌། ཡ་བཀྵ་ར་ནས་ཚིག་འཁྲུས་པའི་ཚ་དང༌། འདི་རྣམས་ནི་ལན་ཚྭ་ར་བརྩི་བའི་གྲངས་སུ་གཏོགས་སོ། །རོ་ཁ་བར་བརྩི་བའི་རྣམས་གྲངས་ལ་པ་ཏོ་ལ་དང༌། ཀྱི་ལྕེ་བ་དང༌། བལ་ཀ་དང༌། ཙན་དན་ཨུ་ཤི་ར་དང༌། བུ་ནིམ་པ་ཞེས་བྱ་བ་ཅི་སྐྲིགས་དང༌། ཤིང་ནིམ་པ་དང༌། པུ་ཙེ་ཤེལ་དང༌། རྒྱ་སྤོས་དང༌། ཨ་རུ་ར་དང༌། ཤིང་བ་ཙ་ཀ་དང༌། ནག་ཏ་མ་ལ་དང༌། སྐྱེར་པ་དང༌། ཡུང་བ་དང༌། གླ་སྒང་ཆེན་པོ་དང༌། མུར་བ་དང༌། ཨ་ཏ་རུ་ཤ་ཀ་དང༌། པོ་སོན་ཆ་དང༌། ཤིང་ཨ་བ་མརྒ་དང༌། ཁར་བ་དང༌། ལྕགས་དང༌། སླེ་ཏྲེས་དང༌། དུ་རལ་བ་དང༌། རྩ་བ་ཆེན་པོ་ལྔར་བརྩི་བ་རྣམས་དང༌། བྲི་ཧ་ཏི་དང༌། ཀཎྜ་ཀ་རི་དང༌། བི་ཤ་ལ་དང༌། བོང་ང་དང༌། ཤུ་དག་དང༌། འདི་རྣམས་ནི་ཁ་བའི་གྲངས་སུ་གཏོགས་སོ། །དེ་ལ་རོ་ཚ་བའི་གྲངས་སུ་གཏོགས་པ་ནི་ཤིང་ཀུན་དང༌། ན་ལེ་ཤམ་དང༌། སྲིན་བུ་གསོད་པའི་སྨན་བྱི་དང་ག་དང༌། ཚ་བ་རྣམ་པ་ལྔ་ནི། ལི་དོང་གྲ་དང༌། པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་དང༌། དབྱི་མོའི་ལོ་མ་དང༌། ཀྲུ་ཏྲུག་ཏྲེས་དང་ལྔ། ཀུ་ཐེར་ཞེས་ཀྱང་བྱ་བ་དང༌། ཤང་ཆེ་རྗེན་པ་ཚ་བ་རྣམས་དང༌། མཁྲིས་པ་རྣམས་དང༌། བ་གཅིན་དང༌། གོ་བྱེ་འདི་རྣམས་ནི་རོ་ཚ་བའི་གྲངས་སུ་གཏོགས་སོ། །དེ་ལ་རོ་བསྐ་བར་བརྩི་བ་ནི། ཨ་རུ་ར་དང༌། བ་རུ་ར་དང༌། ཤིང་ཤི་རི་ཤ་དང༌། སེང་ལྡེང་དང༌། ཆང་
དང། ཤིང་ཀ་དམ་པའི་འབྲས་བུ་དང༌། མུ་ཏིག་དང༌། བྱི་རུ་དང༌། མིག་སྨན་ལ་ལིག་བུ་མིག་དང༌། བཙག་ཡུག་སྨན་དང༌། སྐྱེར་ཁཎྜ་དང༌། ཤིང་ག་བི་ཏའི་ཁུ་བ་གསར་པ་དང༌། འབྲ་གྲོའི་ཤིང་དང༌། པདྨའི་རྩ་བ་དང༌། པདྨ་དང༌། ཨུཏྤ་ལའི་ལོ་མ་དང༌། འདི་རྣམས་ནི་རོ་བསྐ་བའི་གྲངས་སུ་གཏོགས་སོ། །འབྲས་དང༌། ནས་དང༌། མོན་སྲན་སྡེའུ་དང༌། གྲོ་དང༌། སྦྲང་རྩི་དང༌། ཁ་ར་དང་སྐམ་སའི་ཤ་མ་གཏགས་པར་མངར་བ་གཞན་ནི་ཕལ་ཆེར་བད་ཀན་དུ་འགྱུར་རོ། །རོ་སྐྱུར་བ་ནི་ཕལ་ཆེར་མཁྲིས་པར་འགྱུར་ཏེ། བལ་པོ་སེའུ་དང༌། སྐྱུ་རུར་ནི་མ་གཏོགས་སོ། །ལན་ཚྭ་ནི་ཕལ་ཆེར་མིག་ལ་གནོད་དོ། །རྒྱམ་ཚ་དང་ལྕེ་མྱང་ཚ་མ་གཏོགས་སོ། །རོ་ཁ་བ་དང༌། རོ་ཚ་བ་ནི་ཕལ་ཆེར་བུད་མེད་ལ་ཉལ་མི་ཕོད་ཅིང་རླུང་ནད་སློང་སྟེ། སླེ་ཏྲེས་དང༌། པ་ཏོ་ལ་དང་གཉིས། ལི་དོང་གྲ་དང༌། པི་པི་ལིང་དང༌། སྒོག་པ་རྣམས་མ་གཏོགས་སོ། །རོ་བསྐ་བ་ནི་ཕལ་ཆེར་བསིལ། བཤང་གཅི་དྲི་མ་འབྱུང་བ་དཀའ། འཁྲུ་བ་ཡང་གཅོད་དེ་ཨ་རུ་ར་ནི་མ་གཏོགས་སོ། །རོ་ཚ་བ་ནི་སྐྱུར་བ་ལན་ཚྭ་དང༌། འདི་གསུམ་གྱི་དྲོ་བའི་མཐུ་ནི་གོ་རིམས་བཞིན་དུ་ཆེ་སྟེ། རོ་ཚ་བ་ལས་སྐྱུར་བའི་དྲོད་ཆེ། སྐྱུར་བ་བས་ལན་ཚྭའི་དྲོད་ཆེའོ། །ཁབ་དང་བསྐ་བ་དང་མངར་བ་ནི་གསུམ་ཆར་འདྲ་སྟེ་བསིལ་ལོ། །ཁབ་དང་ཚ་བ་དང༌། བསྐ་བ་གསུམ་ནི་ཁོང་རྩུབ། བཤང་གཅི་དྲི་མ་མི་འབྱུང་སྟེ་སྲི་བར་བྱེད་དོ། །ཚ་བ་དང་སྐྱུར་བ་དང་མངར་བར་སྦྱར་ན། ཁོང་འཇམ་ཞིང་སྣུམ། བཤང་གཅི་དང༌། ཐུར་དུ་དབུགས་འབྱུང་བ་རྣམས་མི་ཐོགས་པར་བྱེད་དོ། །ལན་ཚྭ་བ་བས་ནི་རོ་བསྐ་བ་ལྕིའོ། །བསྐ་བ་བས་ནི་ཚ་བ་ཡང་ངོ༌། རོ་སྐྱུར་བ་བས་ནི་ཚ་བ་ཡང་ངོ༌། །ཚ་བ་བས་ཀྱང་ཁ་བ་ཆེས་ཡང་ངོ༌། །དེ་ལ་རོ་མངར་བ་དང༌། སྐྱུར་བ་དང༌། ལན་ཚྭ་བྲོ་བ་དང༌། ཚ་བ་དང༌། ཁ་བ་དང༌། རོ་བསྐ་བ་རྣམ་དྲུག་པོ་རྣམས་ཕན་ཚུན་ནང་སྦྱར་ནས། རོའི་བྱེ་བྲག་ལྔ་བཅུ་རྩ་དྲུག་ཏུ་འགྱུར་རོ། །རོ་དེ་རྣམས་ཀྱང་བྱེ་བྲག་ཏུ་ཕྱེད་ན་ནི་རོའི་རྣམ་པ་དྲུག་ཅུ་རྩ་གསུམ་དུ་འགྱུར་རོ། །དེ་བས་ན་རོ་འདི་རྣམས་ཀྱང་འོལ་ཅི་རན་ཙམ་དུ་སྦྱར་བའི་བྱེ་བྲག་བསྟན་པ་ཡིན་ནོ། །དེ་ལ་རོ་རྣམ་
དྲུག་གི་བྱེ་བྲག་སོ་སོར་སྦྱར་བ་ནི། རོ་བྲོ་བ་གང་ལྟར་སྦྱོར་ཡང་རུང་སྟེ། རོ་དེ་དག་ལས་རེ་རེ་ཕྲི་ལ། ལྔ་ལྔ་དང་ཕན་ཚུན་དུ་སྦྱར་རོ། །ཕན་ཚུན་དུ་སྦྱོར་བ་དེ་ཡང་རོ་རྣམ་གཉིས་སུ་སྦྱོར་བའི་ཐབས་དང༌། རྣམ་གསུམ་དུ་སྦྱོར་བའི་ཐབས་དང༌། རོ་རྣམ་བཞིར་སྦྱོར་བའི་ཐབས་དང༌། རོ་རྣམ་ལྔ་ལ་སོགས་པར་སྦྱོར་བར་རིག་པར་བྱའོ། །དེ་ལ་རོ་མངར་པོ་ལས་རྣམ་གཉིས་སུ་སྦྱོར་བ་ཡང་རྣམ་པ་ལྔ་སྟེ། མངར་བ་དང་སྐྱུར་བར་སྦྱར། མངར་བ་དང་ལན་ཚྭ་བྲོ་བར་སྦྱར། མངར་བ་དང་ཁ་བར་སྦྱར། མངར་བ་དང་ཚ་བར་སྦྱར། མངར་བ་དང་བསྐ་པར་སྦྱར་ཏེ། དེ་ལྟར་རྣམ་པ་ལྔའོ། །སྐྱུར་བ་སྣ་གཉིས་སུ་སྦྱོར་བ་རྣམ་པ་བཞི་སྟེ། སྐྱུར་དང་ལན་ཚྭར་སྦྱར། །སྐྱུར་དང་ཚ་བར་སྦྱོར། སྐྱུར་དང་ཁ་བར་སྦྱོར། སྐྱུར་དང་རོ་བསྐ་བར་སྦྱོར་ཏེ། དེ་ལྟར་སྐྱུར་དང་སྣ་གཉིས་སུ་སྦྱོར་བ་རྣམ་པ་བཞིའོ། །ལན་ཚྭ་དང་རྣམ་གཉིས་སུ་སྦྱོར་བ་ཡང་རྣམ་གསུམ་སྟེ། ལན་ཚྭ་དང་རོ་ཚ་བར་སྦྱར། ལན་ཚྭ་དང་བསྐ་བར་སྦྱོར་ཏེ། །དེ་ནི་སྦྱོར་བ་སྣ་གསུམ་མོ། །རོ་ཚ་བ་ལ་སྦྱོར་བ་རྣམ་པ་གཉིས་ཏེ། ཚ་བ་དང་ཁ་བར་སྦྱོར། ཚ་བ་དང་བསྐ་བར་སྦྱོར། འདི་ནི་སྦྱོར་བ་སྣ་གཉིས་སོ། །ཁ་བ་ལས་སྦྱོར་བ་ནི་སྣ་གཅིག་སྟེ། ཁ་བ་དང་བསྐ་བར་སྦྱོར་རོ། །དེ་ལྟར་ན་མངར་གྱི་སྣ་ལྔ་དང༌། སྐྱུར་ལས་སྣ་བཞི། ལན་ཚྭ་སྣ་གསུམ། ཚ་བའི་སྣ་གཉིས། ཁ་བའི་སྣ་གཅིག་དང་འདི་རྣམས་སྤྱིར་བསྡོམས་ན། རོ་སྣ་བཅོ་ལྔ་ཡོད་དོ། །ཡང་གསུམ་པའི་སྦྱོར་བ་ཞེས་བྱ་ནི། མངར་བས་སྦྱོར་བ་སྣ་གསུམ་པ་སྣ་བཞིར་བྱ་བ་ནི། མངར་དང་སྐྱུར་དང་ལན་ཚྭ་དང་སྦྱོར། མངར་དང་སྐྱུར་དང་ཚ་བར་སྦྱོར། མངར་དང་སྐྱུར་དང་ཁ་བར་སྦྱོར། མངར་དང་སྐྱུར་དང་རོ་བསྐ་བར་སྦྱོར་ཏེ། དེ་ལྟར་རྣམ་གསུམ་པ་སྣ་བཞིའོ། །ཡང་མངར་གྱི་རྣམ་གསུམ་པ་སྣ་གསུམ་ནི། མངར་དང་ལན་ཚྭ་དང་ཚ་བར་སྦྱོར། མངར་དང་ལན་ཚྭ་དང་ཁ་བར་སྦྱོར། །མངར་དང་ལན་ཚྭ་དང་བསྐ་བར་སྦྱོར་ཏེ། འདི་ནི་མངར་སྣ་གསུམ་པའི་སྣ་གསུམ་མོ། །ཡང་མངར་རྣམ་གསུམ་པའི་སྣ་གཉིས་ནི། མངར་དང་ཚ་བ་དང་ཁ་བར་སྦྱོར། །མངར་དང་ཚ་བ་དང་བསྐ་བར་སྦྱོར་ཏེ། འདི་ནི་མངར་རྣམ་གསུམ་པའི་སྣ་
གཉིས་སོ། །ཡང་མངར་རྣམ་གསུམ་པའི་སྣ་གཅིག་ནི་མངར་དང་ཁ་བ་བསྐ་བར་སྦྱོར་བ་སྣ་གཅིག་པའོ། །དེ་ལྟར་མངར་རྣམ་གསུམ་པའི་སྣ་བཞི་པ་དང༌། སྣ་གསུམ་པ་དང༌། སྣ་གཉིས་པ་དང༌། སྣ་གཅིག་པ་སྟེ་བསྡོམས་ན་སྣ་བཅུ་ཡོད་དོ། །སྐྱུར་ལས་སྦྱར་བ་རྣམ་དྲུག་ནི་སྐྱུར་བ་དང་ལན་ཚྭ་དང་ཚ་བར་སྦྱོར། རོ་སྐྱུར་བ་དང་ལན་ཚྭ་དང་ཁ་བར་སྦྱོར། རོ་སྐྱུར་བ་དང་ལན་ཚྭ་དང་བསྐ་བར་སྦྱོར་ཏེ། འདི་ནི་སྐྱུར་རྣམ་གསུམ་པའི་སྣ་གསུམ་མོ། །སྐྱུར་རྣམ་གསུམ་གྱི་སྣ་གཉིས་ནི། སྐྱུར་བ་དང་ཚ་བ་དང་ཁ་བར་སྦྱོར། སྐྱུར་བ་དང་ཚ་བ་དང་བསྐ་བར་སྦྱོར་བ་འདི་ནི། སྐྱུར་གྱི་སྣ་གཉིས་པ་ཞེས་བྱའོ། །ཡང་སྐྱུར་བ་དང་ཁ་བ་དང་བསྐ་བར་སྦྱོར་བ་འདི་ནི་སྐྱུར་གྱི་སྣ་གཅིག་པའོ། །དེ་ལྟར་ན་སྐྱུར་བ་ལས་སྦྱོར་བ་སྣ་གསུམ་དང༌། སྣ་གཉིས་པ་དང༌། སྣ་གཅིག་པ་སྟེ་བསྡོམས་ན་སྣ་དྲུག་ཡོད་དོ། །ལན་ཚྭ་དང་སྦྱོར་བ་སྣ་གསུམ་པ་ཞེས་བྱ་བ་ནི། ལན་ཚྭ་དང༌། རོ་ཚ་བ་དང་ཁ་བར་སྦྱོར། ལན་ཚྭ་དང་རོ་ཚ་བ་དང་བསྐ་བར་སྦྱོར་ཏེ། འདི་ནི་ལན་ཚྭའི་སྦྱོར་བ་སྣ་གཉིས་སོ། །ཡང་ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱོར་བ་ནི་ལན་ཚྭའི་སྦྱོར་བ་སྣ་གཅིག་པ་ཞེས་བྱ་སྟེ། དེ་ལྟར་སྣ་གཉིས་པ་དང༌། སྣ་གཅིག་པ་བསྡོམས་ན། ལན་ཚྭའི་སྣ་གསུམ་པ་ཞེས་བྱའོ། །ཡང་རོ་ཁ་བའི་རྣམ་གསུམ་པའི་སྣ་གཅིག་པ་ནི། རོ་ཁ་བ་དང་ཚྭ་བ་དང་བསྐ་བ་སྟེ། འདི་ནི་རོ་ཁ་བའི་སྣ་གཅིག་པ་ཞེས་བྱའོ། །དེ་ལྟར་ན་རོ་མངར་བའི་རྣམ་གསུམ་པ་ནས་རོ་ཁ་བའི་རྣམ་གསུམ་པའི་སྣ་གྲངས་ཉི་ཤུ་ཡོད་དོ། །ཡང་མངར་རྣམ་བཞི་བར་སྦྱར་བ་སྣ་བཅུ་ཞེས་བྱ་བ་ནི། མངར་དང་སྐྱུར་དང་ལན་ཚྭ་དང་ཚ་བར་སྦྱོར། མངར་དང་སྐྱུར་དང་ལན་ཚྭ་དང་ཁ་བར་སྦྱོར། མངར་དང་སྐྱུར་དང་ལན་ཚྭ་དང་བསྐ་བར་སྦྱོར། མངར་དང་སྐྱུར་དང་ཚ་བ་དང་ཚ་བར་སྦྱོར། མངར་དང་སྐྱུར་དང་ཁ་དང་བསྐ་བར་སྦྱོར། མངར་དང་ལན་ཚྭ་དང་ཚ་བ་དང་ཁ་བར་སྦྱོར། མངར་དང་ལན་ཚྭ་དང་ཚ་བ་དང་བསྐ་བར་སྦྱོར། མངར་བ་དང་ལན་ཚྭ་དང་ཁ་བ་དང་ཚ་བ་དང་བསྐ་བར་སྦྱོར། འདི་ནི་མངར་རྣམ་བཞི་པ་སྣ་བཅུ་ཞེས་
བྱའོ། དེ་ལ་སྒྱུར་གྱི་སྦྱོར་བ་རྣམ་བཞི་པ་ནི། སྐྱུར་དང་ལན་ཚྭ་དང་ཚ་བ་དང་ཁ་བར་སྦྱོར། སྐྱུར་དང་ལན་ཚྭ་དང་ཚ་བ་དང་བསྐ་བར་སྦྱོར། སྐྱུར་དང་ཁ་བ་དང་ཚ་བ་དང་བསྐ་བར་སྦྱོར། སྐྱུར་དང་ལན་ཚྭ་དང་བསྐ་བར་དང་བསྐ་བར་སྦྱོར་ཏེ། འདི་ནི་སྐྱུར་རྣམ་བཞི་པའི་སྣ་བཞི་ཞེས་བྱའོ། །དེ་ལ་ལན་ཚའི་སྣ་གཅིག་པ་ཞེས་བྱ་བ་ནི། ལན་ཚྭ་དང་ཚ་བ་དང་ཁ་བ་དང་བསྐ་བར་སྦྱོར་ཏེ། འདི་ནི་ལན་ཚྭའི་སྣ་གཅིག་པའོ། །དེ་ལྟར་རྣམ་བཞི་པའི་སྦྱོར་བ་ནི་སྣ་བཅོ་ལྔ་ཡོད་དོ། །ཡང་མངར་རྣམ་ལྔ་པས་སྣ་ལྔ་པར་སྦྱོར་བ་ནི་མངར་དང་སྐྱུར་དང་ལན་ཚྭ་དང་ཚ་བ་དང་ཁ་བར་སྦྱོར། མངར་དང་སྐྱུར་དང་ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱོར། མངར་དང་ཚ་བ་དང་ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱོར། མངར་དང་སྐྱུར་དང་ཁ་བ་དང་ཚ་བ་དང་བསྐ་བར་སྦྱོར། མངར་དང་སྐྱུར་དང་ཚ་བ་དང་ལན་ཚྭ་དང་བསྐ་བར་སྦྱོར་ཏེ། འདི་ནི་མངར་ལས་གཞི་བླངས་ཏེ་རྣམ་ལྔར་སྦྱར་བ་ལྔ་པ་ཞེས་བྱའོ། །སྐྱུར་ལས་གཞི་བླངས་པ་རྣམ་ལྔའི་སྣ་གཅིག་པ་ནི། སྐྱུར་དང་ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱོར་ཏེ། འདི་ནི་སྐྱུར་གྱི་སྣ་གཅིག་པའོ། །ཡང་མངར་ལས་གཞི་བླངས་ལ། སྐྱུར་དང་ལན་ཚྭ་དང་ཚ་བ་དང་ཁ་བ་དང་བསྐ་བ་དང་ལྔ་དང་སྦྱར་བ་འདི་ནི་ལྔ་དང་སྦྱར་བའི་སྣ་གཅིག་པ་ཞེས་བྱའོ། །རོ་རྣམ་དྲུག་པོ་མངར་བ་དང༌། སྐྱུར་བ་དང༌། ལན་ཚྭ་བྲོ་བ་དང༌། ཚ་བ་དང༌། ཁ་བ་དང༌། བསྐ་བ་དང༌། འདི་རྣམ་དྲུག་པོ་སོ་སོར་མ་བསྲེས་པ་ནི་རོ་རྣམ་དྲུག་པ་ཞེས་བྱ་སྟེ། དེ་ལྟར་རོ་རྣམ་ལྔ་པའི་སྣ་ལྔ་དང༌། སྐྱུར་རྣམ་ལྔ་པའི་སྣ་གཅིག་སྟེ་དྲུག་པོ་འདི་ནི་སྣ་ལྔ་པ་དྲུག་ཅེས་བྱའོ། །རོ་རྣམ་དྲུག་སོ་སོར་མ་འདྲེས་པ་ནི་རོ་སྣ་དྲུག་གོ །མངར་གྱི་རྣམ་གཉིས་པ་སྣ་བཅོ་ལྔ་དང༌། མངར་རྣམ་བཞི་པ་སྤྱིར་བཅོ་ལྔ་དང༌། རྣམ་གསུམ་པ་སྣ་ཉི་ཤུ་དང་རོ་རྣམ་དྲུག་གཅིག་ཏུ་བསྲེས་ཏེ་སྦྱར་བ་སྣ་གཅིག་པ་འདི་རྣམས་སྤྱིར་གཅིག་ཏུ་བསྡོམས་ན་རོ་དྲུག་ཅུ་རྩ་གསུམ་ཡོད་དོ། །ཡང་ནི་རྣམ་དྲུག་པོ་དེ་དག་ལ་སོ་སོར་དབྱེ་ཞིང་བགྲང་ན། རྩིས་ཀྱང་མི་ལང་སྟེ་ནད་དམིགས་དང་སྨན་གཉིས་སུ་སྦྱར་ཞིང༌། རོ་རྣམ་དྲུག་པོ་རེ་རེ་ལ་ཡང་རོའི་རྗེས་གཞན་
དུ་བྲོ་བ་དེ་ལྟ་བུ་ལས། རོ་ཆེན་པོ་དང༌། འབྲིང་དང༌། ཆུང་དུ་རྣམ་གསུམ་དུ་དབྱེ་ཞིང་བརྟག་པར་བྱའོ། །རོ་རྣམ་དྲུག་གི་ཕན་གནོད་བཤད་པ་དང༌། རོ་བྲོ་བའི་སྣ་གྲངས་བཤད་པའི་ལེའུ་བཅུ་པ་རྫོགས་སོ།། །།དེ་ནས་ཡང་རླུང་དང་བད་ཀན་དང་མཁྲིས་པ་ལ་སོགས་པའི་ནད་ཀྱི་ཚུལ་ཤེས་པར་བྱ་བ་བསྟན་པའི་ལེའུ་བཅུ་གཅིག་པ་བཤད་པར་བྱའོ། །ནད་རླུང་དང་བད་ཀན་དང་མཁྲིས་པ་དང་གསུམ། དངས་མ་དང༌། ཁྲག་དང༌། ཤ་དང༌། ཚིལ་དང༌། རུས་པ་དང༌། རྐང་དང༌། ཁུ་ཆུ་ལ་སོགས་པ་སྲོག་ཟུངས་བདུན་དང༌། དྲི་མ་བཤང་གཅི་དང༌། རྡུལ་དང་རྣམ་པ་འདི་བཅུ་ནི་རྟག་པར་ལུས་ལ་གཞི་རྟེན་བྱེད་པ་ཡིན་ནོ། །དེ་ལ་ཡང་ཇི་ལྟ་ཞེ་ན། མིའི་ལུས་ཀྱི་བསྐྱོད་པ་དང༌། ལྡང་བ་དང༌། འདུག་པ་དང༌། དབུགས་ཕྱི་ནང་དུ་རྔུབ་བ་དང༌། ལུས་ཀྱིས་ལས་སུ་བྱེད་པ་དང༌། ཤུགས་མགྱོགས་པར་འགྲོ་བ་དང༌། ཁྲག་དང་ཤ་ལ་སོགས་པ་ཁམས་བདུན་པོ་རྣམས་ལེགས་པར་རྒྱུ་ཞིང་འགྲོ་བ་དང༌། མིག་ལ་སོགས་པའི་དབང་པོ་རྣམས་གསལ་བར་གནས་པ་འདི་རྣམས་ཐམས་ཅད་ལ་ཕན་ཞིང་གནོད་པར་མ་གྱུར་པ་དེ་ནི། ལུས་ཀྱི་གཞི་རླུང་ལ་བརྟེན་པ་ཞེས་བྱའོ། ཡང་ཁ་ཟས་ཟོས་པ་འཇུ་བ་དང༌། ལུས་ཀྱི་དྲོད་དང༌། མཐོང་བར་བྱེད་པ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། འོང་བར་བྱེད་བ་དང༌། བཞིན་མདོག་གསལ་བ་འོད་ཡོད་པར་སྣང་བ་དང༌། ཡིད་གཞུངས་པ་དང༌། དཔའ་སྙིང་ཆེ་བ་དང༌། ལུས་ཤ་འཇམ་པ་འདི་ལྟ་བུ་ཀུན་ནི་མཁྲིས་པ་མ་གྱུར་པའི་གཞིས་ལུས་ལ་ཕན་པར་གྱུར་པ་ཡིན་ནོ། །མིའི་ལུས་སྲ་ཞིང་བརྟན་པ་དང༌། ལུས་སྣུམ་པ་དང༌། རུས་པའི་རིགས་ཀྱི་ཅོག་རེ་འབྲེལ་བར་བྱེད་པ་དང༌། སྤྲོ་རིང་བ་ལ་སོགས་པ་ནི་བད་ཀན་གྱི་རང་བཞིན་གྱི་གཞིས་ལུས་བརྟན་པ་ཡིན་ནོ། །དེ་ལ་སྲོག་ཟུངས་བདུན་པོས་ལུས་བརྟན་པའི་ལས་ཀྱི་ཚུལ་ནི། དང་པོར་ཁ་ཟས་ཟོས་ན་ཚིགས་མའི་སྙིགས་བྱེ་ནས་བཅུད་དངས་མར་གྱུར་པ་དེས་ནི་མིའི་ལུས་དང་མིག་ལ་སོགས་པའི་དབང་པོ་རྣམས་ཚིམ་པར་བྱེད་དོ། །ལུས་ཀྱི་ཤས་ནི་ལུས་ལ་གཡོགས་པར་བྱེད་དོ། །ཚིལ་
གྱིས་ནི་ལུས་སྣུམ་པར་བྱེད་དོ། །རུས་པ་རྣམས་ནི་ལུས་མཁྲང་པོར་བརྟན་པར་བྱེད་དོ། །རྐང་གིས་ནི་རུས་པའི་སྦུ་གུ་ཐམས་ཅད་འགེངས་པར་བྱེད་དོ། །ཁུ་ཆུས་ནི་མངལ་དུ་བུ་སྐྱེད་པར་བྱེད་དོ། །དེ་ལྟར་སྲོག་ཟུངས་བདུན་པོ་དེ་རྣམས་ནི་ལས་ཀྱི་རིམ་པ་བསྟན་པ་ཡིན་ནོ། །ལུས་ཀྱི་དྲི་མ་རྣམ་གསུམ་ལ། །བཤང་བ་ཁོང་ན་ཡོད་པ་ནི་ལུས་བརྟན་པའི་ལས་བྱེད་དོ། །གཅིན་ཁོང་ན་ཡོད་པས་ནི་ཟས་ཁོང་དུ་རུལ་པའི་སྙིགས་མ་རྣམས་ཕྱིར་འབྱིན་པར་བྱེད་དོ། །ལུས་ཀྱི་རྡུལ་གྱིས་ནི་ལུས་ཉིད་ཀྱིས་ལུས་རུལ་བ་དྲིང་བ་རྣམས་འབྱིན་པའི་ལས་བྱེད་དོ། །དེ་ལྟར་རླུང་དང་མཁྲིས་པ་ལ་སོགས་པ་དང༌། སྲོག་ཟུངས་བདུན་དང༌། དྲི་མ་རྣམས་མཉམ་ཞིང་རང་རང་གི་གནས་ནས་མ་གྱུར་པར་ཐ་མལ་བར་འདུག་པའི་ཚེ་ན་ནི་ལུས་ལ་ཕན་ཏེ། ལུས་ཀྱི་ལས་དེ་ལྟར་བལྟའོ། །དེ་ལ་རླུང་དང་བད་ཀན་དང༌། མཁྲིས་པ་ལ་སོགས་པ་ནད་དམིགས་གསུམ་རང་གི་གནས་ནས་གཡོས་ཤིང་འགྱུར་ན། མིའི་ལུས་ལ་གནོད་པའི་ནང་དུ་འགྱུར་རོ། །ཇི་ལྟར་ཞེ་ན། རླུང་སྐྱེས་ན་ལུས་སྐེམ་པོར་འགྱུར། ལུས་ཤ་གནག །ཁ་ཟས་དྲོ་བག་ལ་དགའ། ལུས་འདར། ལྟོ་བ་སྦོ། བཤང་བ་ཐུར་དུ་སྲི་ཞིང་འབྱུང༌། སྟོབས་འབྲི། མིག་རྟུལ། རྣ་བ་མི་གསང༌། གཉིད་འབྲི། ཚིག་དང་སྨྲ་བ་མང་བར་འགྱུར་རོ། །མགོ་འཁོར། ལུས་དམར་ཞིང་ཞུམ་བག་ཏུ་འགྱུར་བ་འདི་ལྟ་བུ་ནི། རླུང་ནད་གཡོས་པའི་ནད་དམིགས་སུ་བལྟའོ། །དེ་ལ་མཁྲིས་པ་གཡོས་པའི་ནད་དམིགས་ནི། མིག་དང་པགས་པའི་ཤ་མདོག་དང༌། བཤང་གཅི་རྣམས་སེར་པོར་འགྱུར། སྐོམ་དང་ཆེ། ལུས་ཚ། གཉིད་ཆུང་བ་འདི་ལྟ་བུ་ནི་མཁྲིས་པའི་ནད་ཡིན་ནོ། །དེ་ལ་བད་ཀན་གྱི་ནད་ནི་ཁོང་པའི་དྲོད་ཉམས། །བད་ཀན་དང་མཆིལ་མ་མང༌། ཁོང་སྙོམ། ལུས་ལྕི། ལུས་ཀྱི་ཤ་མདོག་དཀར་པོར་འགྱུར། ལུས་ལྕི་ལ་ལུས་ཤ་སླ་ཞིང་ཁོང་ལྷོད། དབུགས་མི་བདེ། ལུད་པ་ལུ། གཉིད་རབ་ཏུ་ཆེ་བ་འདི་ལྟ་བུ་ནི་བད་ཀན་ལས་ནད་དུ་གྱུར་པར་བལྟའོ། །དེ་ལ་སྲོག་ཟུངས་བདུན་པོ་ལ་ཁ་ཟས་ཟོས་པའི་བཅུད་དངས་མ་ཁོང་ན་ཤས་ཆེ་བ་ལས་ནད་དུ་གྱུར་
པའི་དམིགས་ནི། བད་ཀན་ལས་ནད་དུ་གྱུར་པ་བཤད་པ་དང་འདྲ་བར་བལྟའོ། །དེ་ལ་ཁྲག་ལུད་པ་ལས་ནད་དུ་བལྟ་བ་ནི་འབྲུམ་ཆེན་དང༌། མཆེར་པའི་ནད་དང༌། འབྲས་ནད་དང༌། མཛེ་ནད་དང༌། རླུང་དང༌། ཁྲག་ལས་གྱུར་པའི་དྲེག་དང༌། མཁྲིས་པ་དང༌། སྐྲན་དང། མིག་སེར་དང༌། ལུས་ཀྱི་ཡན་ལག་འདེགས་མི་ནུས་ཤིང་ལྷུང་སྟེ་ལས་བྱེད་པའི་ཚེ་བསྐྱོད་མི་ནུས་པ་དང༌། ཁོང་པའི་མེའི་དྲོད་ཉམས་པ་དང༌། སྙིང་མི་དྲན་པར་མྱོ་མྱོ་པོར་བྱེད་པ་དང༌། མིག་ཁྲག་གིས་རྒྱས་ཏེ་དམར། གཅིན་ཡང་དམར་པོ་ཁྲག་འདྲ་བར་འབྱུང་བ་འདི་ལྟ་བུ་ནི་ཁྲག་ལས་ནད་དུ་གྱུར་པའོ། །དེ་ལ་ལུས་ཀྱི་ཤ་ལས་ནད་དུ་གྱུར་པ་ནི་ལུས་ཤ་ལྷག་པར་ཆེ་བ་དང༌། ལུས་ལ་སྦ་བ་དང༌། རྨེན་བུ་འབྱུང༌། ཤའི་མདུད་པ་རྨ་དང༌། བཙན་འདྲ་བར་འབྱུང༌། མཁུར་ཚོས་ལྷག་པར་ཆེ། བརླ་དང་ལྟོའི་ཤ་ཆེ། མགུལ་བ་ལ་སོགས་པའི་ཤ་ཡང་ལྷག་པར་ཆེ་སྟེ། མཇིང་པ་སྦོམ་པ་འདི་ལྟ་བུ་ནི་ཤ་ལྷག་པར་ཆེས་པ་ལས་ནད་དུ་གྱུར་པར་བལྟའོ། །དེ་ལ་ཚིལ་ཧ་ཅང་ཆེས་པ་ལས་ནད་དུ་གྱུར་པའི་དམིགས་ནི། ཤ་ཆེས་པའི་ནད་དང་འདྲ་སྟེ། དེ་ལ་ལྷག་པར་ཅུང་ཟད་ཕན་ཚུན་བསྐྱོད་ན་ཡང༌། དབུགས་ཀྱི་རྔམ་པ་དྲག་ཏུ་འབྱུང༌། རྐུ་བ་ཚོས་དང་ནུ་མ་དང་གསུས་པ་རྣམས་འཕྱང་བར་གྱུར་པ་འདི་ལྟ་བུ་ནི་ཚིལ་ཆེས་པའི་ནད་ལས་གྱུར་པར་བལྟའོ། །རུས་པ་རགས་པའི་མི་ནི་རུས་པ་ལྷག་པར་སྦོམ་ཞིང་རགས་ཏེ་ལྷག་པར་ཆོ་ག་ཡིན་ནོ། །ལུས་ལ་རྐང་ཆེ་བ་ནི་མིག་ཕན་ཚུན་ལྟ་བ་ལ་མིག་རྩ་གཡུང་ཞིང་ལྕི། ལུས་དང་རྐང་ལག་ལྕི། རུས་པའི་ཚིགས་ཀྱི་མགོ་རྣམས་སྦོམ། རུས་པའི་ཚིགས་ཀྱི་ཚིགས་སུ་ཐོར་བུ་ཆེན་པོ་གསོ་དཀའ་བ་འབྱུང་བ་འདི་ལྟ་བུ་ནི་རྐང་ཆེ་བའི་ནད་ཡིན་ནོ། །ཁུ་ཆུ་མང་བའི་མི་ནི་བུད་མེད་ལ་རབ་ཏུ་གདུ། ཁུ་ཆུ་ཉིད་ལ་རྡེའུ་ཆགས་པའི་ནད་དུ་འགྱུར་རོ། །བཤང་བ་ལྷག་པར་ན་ཞིང་ཆེ་བའི་ནད་ནི་ཁོང་སྦོ། ལྟོ་བའི་ནང་རྒྱུ་འཁྲུལ་ལུས་ལྕི། ལྟོ་བའི་ནང་ན་བ་འདི་ལྟ་བུ་ཡིན་ནོ། །གཅིན་མང་བའི་མི་ནི་ཆུ་སོར་ཟུག་ཅིང་ན། གཅིན་གཅིས་ཀྱང་མ་གཅིས་པ་ལྟར་གཅིན་སྙོམས་པར་བྱེད་དོ། །རྡུལ་ལྷག་
པར་ཆེ་བའི་མི་ནི། ལུས་ཀྱི་རྡུལ་རྟག་པར་འབྱུང༌། ལུས་ཀྱི་དྲི་མི་ཞིམ་ལུས་ལ་གཡོན་པ་འབྱུང་བ་དེ་ལྟ་བུའི་ནང་དུ་བལྟའོ། །གཞན་ཡང་ཕལ་ཆེར་ལུས་ཀྱི་དྲི་མ་ལས་མིག་གི་རྡུ་མ་ལ་སོགས་པ་ཆགས་ནི་མིག་གཡས་གཡོན་ལྕི་ཞིང་མི་བདེ་བར་འགྱུར་རོ། །ནད་གཞི་རླུང་དང་བད་ཀན་དང་མཁྲིས་པ་ལ་སོགས་པ་སྐྱེས་པ་ལས་ནད་དུ་གྱུར་པའི་དམིགས་ནི་དེ་ལྟར་བཤད་པ་ཡིན་ནོ། །འོ་ན་རླུང་དང་བད་ཀན་དང་མཁྲིས་པ་ལ་སོགས་པ་ཟད་ན་དམིགས་ཅི་དང་ཅིར་འགྱུར་ཞེ་ན། རླུང་ཅུང་ཟད་སྐྱེས་ཏེ་ཟང་ན་ནི་ལུས་ཀྱི་ཡན་ལག་མི་བདེ། ཚིག་གཅོམ་ཆུང་བར་སྨྲ་བ་དང༌། སེམས་རྨོངས་བག་ཅན་དུ་གྱུར་པ་དེའི་ཚེ་བད་ཀན་ཡང་ཆེར་སྐྱེས་ཏེ། ཞིབ་ཏུ་ནི་གོང་དུ་རླུང་ལས་ནད་དུ་གྱུར་པ་དེ་ལས་བཟློག་ནས་བལྟ་བར་བྱའོ། །ཡང་མཁྲིས་པ་ཆུང་དུ་བྲི་སྟེ་ཟད་ན་ཁོང་པའི་ནང་གི་དྲོད་བྲི་ཞིང་ཉམས། བཞིན་གྱི་མདོག་དང་མདངས་ཀྱང་ཉམས་ཏེ་བཞིན་མདོག་མི་སྡུག་པར་འགྱུར་རོ། །ཡང་བད་ཀན་བྲི་སྟེ་ཉམས་པ་ལས་ནད་དུ་གྱུར་པའི་དམིགས་ནི། མགོ་འཁོར། ནུ་འཇིང་ཡན་ཆད་ཀླད་པ་མན་ཆད་ཀྱི་བར་དེ་དག་བད་ཀན་གྱི་གནས་ཡིན་ཏེ། བད་ཀན་འཇམ་ཞིང་སྣམ་ཟད་པས་བད་ཀན་གྱིས་སྟོངས་པར་འགྱུར་ཏེ། ཁོང་རྩུབ། སྙིང་ན། ལུས་ཀྱི་ཚིགས་དང་ཡན་ལག་གི་ཚིགས་རྣམས་ལྷོད་དེ་འཁྲུལ་ཞིང་འགྱུར་རོ། །ཁོང་ན་ཟས་ཀྱི་བཅུད་དངས་མ་ཟད་ན་ལུས་ཁོང་རྩུབ། ལུས་དང་དྲག་ཤུལ་ཆེན་པོ་བྱས་ན་ལུས་ཁོང་པ་ནང་གི་གློ་སྙིང་ལ་སོགས་པ་ཀུན་སྐམ། ལུས་སྤྱིར་ན་ཞིང་མི་བདེ། སྐད་ཆེ་ཞིང་དྲག་པར་སྨྲ་མི་ནུས་སོ། །སྐད་དྲག་པོ་སྨྲ་བ་མི་བཟོད། ཁྲག་ཟད་པའི་ནད་དམིགས་ནི་ཟས་སྐྱུར་བག་དང༌། བསིལ་ལ་སྲེད། རྩ་ཀུན་ལྷོད། ལུས་ཀྱི་ཁོང་རྩུབ་བོ། །ལུས་ཀྱི་ཤ་ཟད་པའི་ནད་དམིགས་པ་ནི། མཁུར་ཚོས་བྲི། མིག་ཕུག་ཏུ་བྲོས། རྐང་ལག་གི་ལྷུ་ཚིགས་ཀུན་ནའོ། །ཚིལ་ཟད་པའི་ནད་དམིགས་ནི་གཉིད་ཆེ། དབྱི་དང་རྐེད་པའི་རུས་པ་སྦོམ་བར་སྣང༌། མཆེར་པ་ཆེ་བར་འགྱུར། ལུས་ཤ་སྐེམ་པོར་འགྱུར་རོ། །སོ་དང་སྐྲ་དང་སེན་མོ་ལ་སོགས་པ་འབྱུང་ཞིང་འབྱི། རྐང་འབྲི་
ཞིང་ཟད་པའི་ནད་དམིགས་ནི་རྐང་ཟད་པས། རྐང་གི་སྦུ་གུའི་ནང་སྟོང༌། མགོ་འཁོར། མིག་རབ་རིབ་ཟའོ། །ཁུ་ཆུ་ཟད་པ་ནི་བུད་མེད་དང་ཉལ་བ་ན། ཁུ་བ་ཡུན་རིང་དུ་ལོན་ནས་འབྱུང་བའམ། ཡང་ན་ཁུ་བ་ཁྲག་ཉིད་དུ་འབྱུང༌། རླིག་པའི་འབྲས་བུ་གཉིས་རབ་ཏུ་ཟུག་ཅིང་ན། ཕོ་མཚན་ཚིག་པ་སྙམ་དུ་ཚ་ཞིང་མི་བདེའོ། །བཤང་པ་བྲི་ཞིང་ཟད་པ་ནི། རྒྱུ་མའི་ནང་ཀུན་དུ་རླུང་སྒྲ་ཅན་དུ་འཁྲུལ་ཞིང་རྒྱུ་བ་ནི། རྒྱུ་མའི་ནང་དུ་འཁྱིལ་ཞིང་འཁོར་བ་སྙམ་བྱེད་དོ། །ལྟོ་བའི་ནང་ན་ཕན་ཚུན་རླུང་རྒྱུ་ལ། རླུང་དེ་གྱེན་དུ་རྒྱུ་ཞིང་སོང་ན། སྙིང་ག་དང་རྩིབ་ལོགས་སུ་རབ་ཏུ་ན་ཞིང་ཟུག་གོ །གཅིན་བྲི་ཞིང་ཟད་པའི་ནད་ཐབས་ནི་གཅིན་ཟད་ན་གཅིན་འབྱུང་བ་དཀའ། གཅིན་གྱི་མདོག་འགྱུར་ཏེ་སྐྱ་བའམ། རྩ་དམར་བའམ། ཁྲག་ཅན་ཉིད་དུ་འབྱུང་བའམ། ཁྲག་དང་འདྲེན་མར་འབྱུང་བ་ཡིན་ནོ། །རྡུལ་ཟད་པའི་ནད་དམིགས་ནི་སྤུ་འབྱི། སྤུ་ཀུན་ལངས་ཤིང་འགྲེང་བར་འགྱུར། པགས་པ་གས། བཤང་གཅི་དང༌། རྡུལ་དང༌། དྲི་མ་འདི་གསུམ་ནི་ཕྲ་བས་ན་བརྟག་དཀའ་སྟེ། ནད་གློ་གཅོང་ལྟ་བུ་ཟད་བྱེད་སྐབས་པའི་ནད་ཀྱིས་བཏབ་པའི་ཚེ། གདོད་བཤང་གཅི་དང་རྡུལ་ཟད་པར་གྱུར་པར་ཤེས་སོ། །དྲི་མ་བཤང་གཅི་རྡུལ་ལ་སོགས་པ་རང་རང་གི་གནས་ན་ཟད་དེ་སྐམས་པ་དང༌། ཟུག་ཅིང་ན་ལ་རང་གི་གནས་ན་དྲི་མེད་ཅིང་སྟོང་པས་ཡང་བར་འདུག་པ་འདི་ལྟ་བུའི་ཚེ་ནི། གློ་གཅོང་ལ་སོགས་པའི་ནད་ཀྱི་རང་བཞིན་ཡིན་པར་ཤེས་པར་བྱའོ། །རླུང་དང་བད་ཀན་དང་མཁྲིས་པ་ལ་སོགས་པ་སོ་སོ་རང་རང་གི་ནད་དམིགས་སྐྱེས་པ་དང༌། ནད་དེ་བྱང་སྟེ་ཟད་པར་གྱུར་པ་སྨན་པས་ཤེས་པར་གྱིས་ཤིག །དེ་ཡང་མིའི་ལུས་ལ་རླུང་ནད་ལྟ་བུ་གྲང་ཞིང་རྩུབ་པ་མེད་དེ་བདེ་བའི་ཡོན་ཏན་དང་ལྡན་པ་འདུག་པ་ལས། རླུང་ནད་དུ་གྱུར་ཏེ་ཁོང་གྲང་ཞིང་རྩུབ་པས་ན་བ་མེད་པའི་ཡོན་ཏན་དེ་ཉམས་ཤིང་ཟད་པའི་ཚེ་ན་རླུང་ནང་སྐྱེས་པ་ཡིན་ནོ། །རླུང་ནད་ཁོང་གྲངས་ཞིང་རྩུབ་པའི་རྣམ་པ་ཞེས་བྱ་སྟེ། ཁོང་པ་དྲོད་འབབས་ལ། ལུས་ཀྱི་ཁོང་འཇམ་ཞིང་སྣུམ་པར་གྱུར་པ་ན་བདེ་བའི་ཡོན་ཏན་སྐྱེས་པ་ཞེས་བྱ་བ་སྟེ། འདི་གཉིས་ཀྱི་ཚུལ་ཕན་
ཚུན་དུ་བཟློག་སྟེ་བ་ལྟའོ། །ཡང་ལུས་ཀྱི་དྲི་མ་ཐུར་དུ་འབྱུང་བ་བཤང་གཅི་གཉིས་རན་པར་འོང་བ་ནི་ལུས་ལ་ཕན་ནོ། །བཤང་གཅི་གཉིས་ཧ་ཅང་བརྩལ་བ་དྲགས་ཏེ་དཔེར་ན་སྨན་གྱིས་བཀྲུས་སམ། ཚད་པས་དྲག་ཏུ་འཁྲུ་སྟེ་ནང་གི་དྲི་མ་ཟད་ཅིང་སྟོང་པར་གྱུར་ན། ལུས་ཀྱི་ཉམས་མཐུ་ཟད་དེ་གནོད། ལུས་འདི་ནི་དྲི་མ་བཤང་གཅིས་ཁོར་བརྟན་ཏེ་འདུག་པ་ཡིན། ལུས་དེའི་ཁོང་པ་ནང་དྲི་མ་རྣམས་ཀྱིས་བརྟན་ཏེ་འདུག་པ་དེ་ལ། དྲི་མ་ཀུན་ཕྱིར་ཕྱུང་སྟེ་སྟོང་པར་ཟད་པར་བྱས་ན་གནོད་དོ། །དེའི་ཕྱིར་དྲི་མ་ཁོང་བརྟན་ཞིང་འདུག་བ་གནོད་ཅེས་བྱའོ། །ཡང་རུས་པ་ལ་རླུང་གནས་ཤིང་ཞེན་པ་ལྟ་བུ་ལ་རུས་པ་ལ་ཕན་པའི་སྨན་བྱས་ན། རུས་པ་ལ་ཡང་ཕན་ལ་རླུང་ནད་ཀྱང་ཞི་བར་འགྱུར་རོ། །རུས་པ་ལ་གནོད་པའི་སྨན་ཟོས་ན་ཡང་རླུང་དེ་བཞིན་སྐྱེའོ། །ཡང་ན་མཁྲིས་པ་དང༌། བད་ཀན་དང་རྡུལ་གསུམ་ཚུལ་གཅིག་སྟེ། མཁྲིས་པ་སྐྱེ་བའི་སྨན་བྱས་ན་ཁྲག་ནང་ཞི་བའམ། ཁྲག་ནད་སྐྱེ་བའམ། རྡུལ་བྱུང་བའམ། རྡུལ་ཞི་བར་འགྱུར་རོ། །དེ་བཞིན་དུ་བད་ཀན་བྱང་བའི་སྨན་བཏང་ན། བཅུད་དངས་མ་དང༌། ཚིལ་དང༌། ཤ་དང༌། རྐང་དང༌། ཁུ་བ་རྣམས་ཀྱང་སྟོངས་ཏེ་ཟད་པར་བྱེད། བད་ཀན་སྐྱེ་བར་འགྱུར་བའི་སྨན་དང་ཁ་ཟས་ཟོས་ན་ཁམས་འདི་ལྔ་ཡང་སྐྱེ་ཞིང་བརྟའོ། །དེ་བས་ན་རུས་པ་དང༌། རླུང་དང་མཁྲིས་པ་དང་ཁྲག་དང་བད་ཀན་དང་བཅུད་ཤ་ཆིལ་འདི་རྣམས་ཀུན་ཕན་ཚུན་གཅིག་ལ་གཅིག་བརྟེན་པ་ཡིན་ནོ། །དེ་ལྟ་བས་ན་འདི་གསུམ་གང་ཡང་རུང་བ་གཅིག་ལ་ཕན་པའི་ཟས་དང༌། སྨན་བཏང་ན་དེ་ལ་བརྟེན་ནས་གཞན་ལ་ཡང་ཕན་པ་ཡིན་ནོ། །གཅིག་ལ་གནོད་པའི་ཟས་དང་སྨན་བཏང་ན། དེ་ལ་བརྟེན་པ་རྣམས་ལ་ཡང་གནོད་པར་འགྱུར་བ་ཡིན་ཡང་དེ་ལ་རླུང་རུས་པ་ལ་གནས་ཤིང་བརྟེན་པ་ལྟ་བུར་གྱུར་ཏེ། དེའི་དཔྱད་རླུང་སྐྱེ་བར་འགྱུར་བའི་རྩི་སྨན་བཏང་ན། རུས་པ་ལ་གནོད་ཀྱི་དེ་ལྟ་བུ་ནི་མི་རུང་ངོ༌། །ལུས་ལ་ཕན་པའི་བད་ཀན་དང་འཕྲོད་པ་ཁ་ཟས་སྣུམ་ཞིང་བསོད་པའི་སྨན་བྱིན་ན། དེ་ལྟ་བུ་ནི་ཕལ་ཆེར་ལུས་བརྟན་ཏེ་ལུས་ལ་ཕན་ནོ། །དེ་ལ་ཡང་ཟས་ཀྱི་ཆོ་ག་བཟློག་སྟེ་རླུང་སྐྱེ་བར་
འགྱུར་བའི་ཁ་ཟས་གྲང་ཞིང་རྩུབ་པ་ལྟ་བུ་ཟོས་ན། རླུང་སྐྱེ་བ་ལ་ཁོང་འཇམ་ཞིང་སྣུམ་བག་ཟད་པས་ལུས་ལ་གནོད་ཅིང་ཉམ་པར་བྱེད་དེ། དེ་བས་ན་གཅིག་ལ་གནོད་ལ་ཕན་པར་འགྱུར་བའི་དཔྱད་དེ་ལྟ་བུ་ནི་མི་རུང་སྟེ། ནད་གཉིས་ཀར་མི་འགྱུར་བའི་སྨན་དཔྱད་བྱའོ། །དེ་ལ་ལུས་ཧ་ཅང་བརྟས་ཤིང་བདེ་བ་ལས་དྲགས་ཏེ། བད་ཀན་ནམ་མ་ཞུ་བ་ལ་སོགས་པར་གྱུར་པ་ལྟ་བུ་ལ་ཟས་འབྲི་ཞིང་འཇུ་སྨན་གྱིས་ནད་བསལ་དུ་རུང་བར་སྨིན་པར་བྱ་བ་དང༌། ལུས་ལ་ནད་ཀྱིས་ཉམས་སྨད་དེ་ཉམས་འཚག་ཟད་པ་ལྟ་བུ་ལ་བརྟ་པར་བྱ་སྟེ། ནད་རྣམ་པ་འདི་གཉིས་ལྟ་བུར་གྱུར་པ་ལ། ཐབས་འདི་འདྲ་བ་འདིའི་དཔྱད་མྱུར་དུ་བྱའོ། །དེ་ལ་རླུང་ནད་ཀྱི་བག་ཡོད་པ་ལྟ་བུ་ལ་ནི་ཟས་སྨྱུང་ཞིང་དབྲི་བའམ། སྨྱུང་བར་བྱ་བ་འདི་མི་རུང་སྟེ་མ་གཏོགས་སོ། །འདི་ལྟ་བུའི་བག་མ་ཡིན་པ་གཞི་མཁྲིས་པ་དང༌། བད་ཀན་དང་རླུང་ལས་གྱུར་པའི་ནད་ཀྱི་ཚུལ་ཅི་འདྲ་བ་ལས། དེའི་དཔྱད་བསྒྱུར་ཞིང་བཟློག་ཐབས་ཀྱི་བྱ་བར་སྦྱོར་ཅིག །ཡང་དམིགས་ཀྱིས་ཕན་པར་བྱ་བའི་དཔྱད་ནི། ཁྲག་རྒྱས་པས་ནད་དུ་གྱུར་པ་ལ་ནི། གཏར་ག་བཏབ་སྟེ་ཁྲག་དབྱུང་བ་དང་བཀྲུ་སྨན་བཏང་ན་ཕན་ནོ། །ཤ་ཧ་ཅང་ཆེར་སྐྱེས་པ་ལས་ནད་དུ་གྱུར་པ་ནི་གཏར་ག་དང་ཐལ་སྨན་རྣོན་པོ་དང༌། མེ་བཙའ་བཏབ་ན་ཕན་ནོ། །ཚིལ་ཧ་ཅང་ཆེས་ཏེ་ཚོན་པོར་གྱུར་པ་ལྟ་བུ་ལ། མི་སྦོམ་པོ་ལས་སྐེམ་པོར་བྱ་བའི་དཔྱད་དང༌། རུས་པ་ཟད་ནས་རུས་པ་ཕྲ་མོར་གྱུར་པ་ནི་འོ་མ་བཏང་བ་དང༌། སྨན་ཁ་བོ་དང་སྦྱར་བའི་ཞུན་མར་དང༌། ཉམས་བརྟ་བའི་སྨན་མས་བཏང་བར་བྱའོ། །ལྟོ་ན་བཤང་བའི་དྲི་མ་ཆེར་ཡོད་པའི་ནད་ལ་ནི་རབ་ཏུ་འཁྲུ་བར་བྱ་བའི་དཔྱད་དོ། །ཁོང་ན་བཤང་པ་ཟད་དེ་མེད་པའི་ནད་ལ་ནི། ར་འམ་ལུག་གི་ཤའི་ནང་ཁྲོལ་ལས་གཡོས་སུ་བྱ་བ་དང༌། མོན་སྲན་གྲེའུ་དང༌། ཏིལ་དང་སྦྱར་བའི་ཐུག་པ་དང༌། རྩང་ཕྱེ་དང༌། ནས་དང་མོན་སྲན་གྲེའུ་ལས་གཡོས་སུ་བྱས་པ་འདི་ལྟ་བུ་བྱིན་ན་ཁོང་པ་ནང་གི་བཤང་བ་སྐྱེ་ཞིང་མང་དུ་འགྱུར་ཏེ་ཕན་ནོ། །གཅིན་མང་ཆེས་ན་ནི་གཅིན་འབྲི་ཞིང་གསོ་བའི་ཆོ་ག་བྱའོ། །གཅིན་ཟད་ཅིང་མེད་ན་ནི་གཅིན་སྙི་ཞིང་
མང་བའི་དཔྱད་བྱའོ། །རྡུལ་མི་འབྱུང་ཞིང་ཟད་པའི་ནད་ལ་ནི་ལུས་གསིག་ཅིང་བསྐྱོད་དེ་རྡུལ་དབྱུང་བར་བྱ་བ་དང༌། ལུས་ལ་མར་གྱིས་བསྐུ་བ་དང༌། ལུས་བྱིབས་ཤིང་དུགས་བྱ་བ་དང་ཆང་བཏུང་བར་བྱའོ། །ཡང་ལུས་ཀྱི་སྲོག་ཟུངས་བདུན་པོ་ཀུན་ལ་ལུས་ཀྱི་མེའི་དྲོད་རང་རང་གི་གནས་ན་རན་པར་འདུག་པ་དེ་ལྟ་བུ་མེའི་དྲོད་སྙོམས་པ་ནི། ལུས་ཀྱི་སྲོག་ཟུངས་ལ་བདེ་ཞིང་བརྟ་སྟེ་ཕན་པ་ཡིན་ནོ། །དེ་ལས་ལུས་ཀྱི་མེའི་དྲོད་ཧ་ཅང་འབར་ཆེས་ཏེ་ཆེ་བར་གྱུར་ན། ལུས་ཀྱི་སྲོག་ཟུངས་ཐམས་ཅད་ཚིག་ཅིང་ཟད་པར་བྱེད་དེ་གནོད་དོ། །དེ་ལ་དང་པོར་ཟས་ཀྱི་བཅུད་དངས་མ་རྒྱས་ཤིང་རྟག་ན། དེ་བཞིན་སྲོག་ཟུངས་བདུན་པོ་གཅིག་ནས་གཅིག་ཏུ་ལེགས་པར་བརྟས་ཏེ་བདེ་བ་ཡིན་ནོ། །དེ་བཞིན་དུ་དང་པོར་ཟས་ཀྱི་བཅུད་དངས་མ་ཉམས་ཏེ། གནོད་པར་གྱུར་ན་སྲོག་ཟུངས་བདུན་པོ་གཅིག་ནས་གཅིག་ཏུ་གནོད་ཅིང་ཟད་པར་བྱེད་དོ། །དེ་ལྟ་བས་ན་ཟས་ཀྱི་བཅུད་དངས་མར་གྱུར་ཏེ་ཉམས་པ་དེས་ནི། རླུང་ལས་མཁྲིས་པ་དང་བད་ཀན་གྱི་ནད་གང་ཡང་རུང་སྟེ་སློང་བར་བྱེད་དོ། །རླུང་དང་མཁྲིས་པ་དང་བད་ཀན་གྱི་ནང་གཡོས་པས་སྲོག་ཟུངས་བདུན་པོ་རྣམས་ལ་གནོད་པར་འགྱུར་རོ། །སྲོག་ཟུངས་བདུན་པོ་མི་བདེ་བ་ལས་བཤང་གཅི་དྲི་མ་རྣམས་གཉིས་ལ་སོགས་པ་ལ་གནོད་པའི་ནད་དུ་འགྱུར་རོ། །ལུས་ཀྱི་དྲི་མའི་གནོད་པའི་ནང་དུ་འགྱུར་རོ། །ལུས་ཀྱི་དྲི་མའི་ནད་ཀྱང་ཐུར་དུ་འབྱུང་བའི་དྲི་མ་རྣམ་གཉིས་ཀྱང་མགོ་ལ། རྣ་བ་དང༌། སྣ་དང༌། མིག་དང༌། ཁ་ནས་འབྱུང་བའི་དྲི་མ་གཏོགས་པར་བདུན་ཏེ་འདི་དགུ་དང་ལུས་ལས་རྡུལ་འབྱུང་བ་རྣམས་དྲི་མ་སོ་སོ་རང་རང་གི་གནས་ནས་འབྱུང་བ་དེ་དག་ལ་ནད་དུ་འགྱུར་རོ། །དེ་ལ་སྲོག་ཟུངས་བདུན་པོ་ཁུ་ཆུ་ལ་སོགས་པ་ཡན་ཆད་ཀྱི་ནང་ན་ཟས་ཟོས་པ་ལས་ནང་ན་བཅུད་དངས་མར་གྱུར་པ་དེ་ནི་དེ་ལ་སྲོག་ཟུངས་བདུན་པོ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ། །མདངས་ཞེས་བྱ་བ་སྙིང་གི་ནང་ན་ཆུའི་ཐིགས་པ་ལྟར་དངས་ཤིང་གསལ་བར་འདུག་མོད་ཀྱི་ལུས་ལ་ཁྱབ་བ་དང༌། ལུས་ལ་བརྟན་པར་གནས་པ་ནི་དེ་ཡིན་ནོ། །དེ་ཇི་ལྟ་ཞེ་ན། མདངས་ཞེས་བྱ་བ་སྙིང་གི་ནང་ན་ཡོད་པའི་ཐིགས་
པ་དེ་ཞིག་སྟེ་ངེས་པར་འཆིའོ། །མདངས་དེ་སྙིང་གི་ནང་ན་ནི་མི་ཡང་མི་འཆི་སྟེ། མདངས་ཀྱི་སྲོག་ཟུངས་བརྟན་ན་སེམས་ཅན་རྣམ་པ་སྣ་ཚོགས་ཀྱི་ལུས་ཀྱང་གནས་པར་འགྲུབ་བོ། །མདངས་དེ་ཟད་ཅིང་མེད་པར་འགྱུར་བ་ནི་སེམས་བཀྲེས་པ་དང་སེམས་ལ་མྱ་ངན་དང༌། དུབ་ཅིང་ངལ་བར་འགྱུར་བའི་ལས་བྱས་པ་ལས་མདངས་དེ་ཟད་ཅིང་མེད་པར་འགྱུར་རོ། །དེ་ལྟ་བུའི་མདངས་དེ་ཁོང་ན་མེད་དེ་ཟད་པར་མངོན་པའི་རྟགས་ནི་སྔོན་པས་སྙིང་ཆང་སྟེ། ཅིས་ཀྱང་འཇིགས་ཤིང་སྡང༌། ལུས་རད། སེམས་ཟགས་ཏེ་ཡང་དང་ཡང་སེམས་པར་བྱེད། མིག་དང་རྣ་བ་ལ་སོགས་པའི་དབང་པོ་ཉམས། བཞིན་མདོག་ཉམས་ཏེ་བསེང་བསེང་པོ་འོད་འོད་པོར་འདུག །ལུས་ཀྱི་ཁོང་རྩུབ་ཅིང་ཁོང་སྙོམ། རྨྱ་བག་ཏུ་འདུག་ལ། སྙིང་མི་དགའ་ན་མདངས་ཟད་དེ་མེད་པ་ཡིན་ནོ། །འདི་ལྟ་བུར་གྱུར་པ་ལ་གསོ་པའི་ཐབས་ནི། སྨན་དང་ཁ་ཟས་འོ་མ་དང་བཅུད་ལ་སོགས་པ་བཏང་ངོ༌། །ཡང་ནད་དམིགས་དང་སྦྱར་ཏེ་ཟས་བྱིན་པ་ལས། ཕན་པའི་ཟས་དེ་མི་འདོད་ཅིང་ཁ་ཟས་མི་འཕྲོད་པ་གཞན་འདོད་ཅིང་སློང་ན། སྨན་པས་དེ་ལ་ནད་དང་ཟས་སུ་མི་འཕྲོད་པ་ནི་མ་སྦྱིན་ཅིག །ནད་ལ་ཟས་ཕན་ཞིང་མི་འཕྲོད་པ་མེད་ན་ནི་འདོད་པ་བྱིན་ཅིག །ཡང་ན་ནད་པའོ་ཅོག་གི་ནད་དང་མི་འཕྲོད་པའི་ཟས་ལྟ་བུ་ཡི་གར་འོང་ཞིང་ཕྱིན་ཅི་ལོག་ཏུ་བྱེད་པ་ཡང་ཡོད། ལ་ལ་ནི་ནད་ལ་ཕན་པའི་ཟས་འདོད་ཅིང༌། ཡི་གར་འོང་བ་མཐུན་པ་ཡང་ཡོད་དེ། དེ་ལྟ་བུ་ནད་དང་ཁ་ཟས་འཕྲོད་དམ་མི་འཕྲོད། ནད་ཀྱི་ཚུལ་དང་འཕྲོད་དམ་མི་འཕྲོད་པ་རྟགས་ལ་ཁ་ཟས་སྦྱིན་ནོ། །ཡང་ན་མི་མཁས་མི་ཤིས་པ་ཀུན། ལུས་ལ་ཕན་ཞིང་བརྟ་བར་འགྱུར་བ་དང༌། ནད་པས་ལུས་ལ་གནོད་ཅིང་ཟད་པར་བྱེད་པའི་དམིགས་མི་རྟོག་མི་སེམས་ཏེ། རླུང་དང་མཁྲིས་པ་དང་བད་ཀན་ལྟ་བུའི་སོ་སོའི་ནད་དཀྱེལ་སྐྱེས་ནས་ནད་ཀྱི་མཐུར་གྱུར་ན་ལུས་ལ་ནད་ཀྱིས་རྒྱས་ནས་ལུས་བདེ་བའི་ཉམས་འཚག་ནི་བྲི་ཞིང་ཟད། ནད་ཀྱི་དཀྱེལ་ནི་ཞུགས་པ་ཡིན་ནོ། །ཡང་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནང་དུ་གྱུར་པ་ཡང་མེད་ལ། འདི་གསུམ་ནད་འཕྲོད་ཅིང་སྙོམས་པར་གྱུར་ན། གསུམ་པོ་རང་རང་གི་
ལས་ཉི་ཚེ་བྱེད་པར་ཟད་དེ། དེ་བས་ན་རླུང་དང་མཁྲིས་པ་དང་བད་ཀན་འཕྲོད་ཅིང་སྙོམས་པ་ནད་མེད་ཅིང་ལུས་ལ་ཕན་ཏེ་བདེ་བ་དང༌། ལུས་ཀྱི་ཉམས་འཚགས་བརྟས་པར་བྱེད་པ་ཡིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་མ་འཕྲོད་ཅིང་མ་སྙོམས་པའི་ནད་དམིགས་ཏེ་གསོད་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་ལུས་ལ་ཕན་པར་བྱ་བའི་ཕྱིར། ལུས་ལ་ནད་ཀྱི་གནོད་པས་ཟད་པར་མི་འགྱུར་བ་དང༌། ཕན་ཞིང་བདེ་བ་ལུས་རྟག་པར་འགྱུར་བའི་ཆོ་ག་རིམ་གྲོ་བྱ་ཞིང་ལུས་བསྲུང་བར་བྱ་ཞིང༌། རླུང་དང་མཁྲིས་པ་དང་བད་ཀན་ནང་མི་འཕྲོད་པ་ལས་ལུས་ལ་གནོད་ཅིང་ཟད་པར་འགྱུར་པའི་ནད་དང༌། རླུང་དང་མཁྲིས་པ་དང་བད་ཀན་ནང་འཕྲོད་ཅིང་སྙོམས་ན་ལུས་ལ་བདེ་ཞིང་ཕན་ནོ། །ནད་མེད་པར་འགྱུར་བའི་ཚུལ་བསྟན་པའི་ལེའུ་བཅུ་གཅིག་པ་རྫོགས་སོ།། །།ལུས་ལ་བད་ཀན་དང་མཁྲིས་པ་དང་རླུང་གང་དང་གང་ན་གནས་པ་དང༌། རླུང་དང་བད་ཀན་དང་མཁྲིས་པ་ལས་སའི་ནད་དམིགས་ཅིར་འགྱུར་བའི་ལེའུ་བཅུ་གཉིས་བཤད་པར་བྱའོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་ལུས་ལ་ཇི་ལྟར་གནས་ཤེ་ན། ཁ་ཟས་ཞུ་བའི་གནས་ལོང་ཀ་དང༌། རྒྱུ་མ་དང༌། རྐེད་པ་དང༌། དཔྱི་དང༌། བརླ་དང༌། རྣ་བ་དང༌། ལུས་ཀྱི་རུས་པའོ་ཅོག་དང༌། ལུས་ཀྱི་དབང་པོ་རིག་པ་ཞེས་བྱ་བ་འདི་དག་ནི་རླུང་གི་གནས་ཡིན་ཏེ། དེ་རྣམས་ཀྱི་ནང་ན་ཡང་དམིགས་ཀྱིས་རླུང་གི་གནས་ནི་ཞུ་བའི་ས་སྟེ། རྒྱུ་ཞབས་ན་རླུང་ཆེར་གནས་སོ། །མཁྲིས་པ་ནི་ཟས་མ་ཞུ་བའི་གནས་ཞེས་བྱ་བ་ལྟེ་བའི་ཐད་ཀ་ན་ཡོད་པ་ཕོ་བ་དང་རྡུལ་དང་མཐང་གི་ཆུ་སེར་དང༌། ཁྲག་དང་ཟས་ཀྱི་བཅུད་དངས་མ་དང༌། མིག་དང་ལུས་ཀྱི་དབང་པོ་རེག་པ་དང༌། འདི་རྣམས་ཀུན་ལ་མཁྲིས་པ་གནས་སོ། །དེ་རྣམས་ཀྱི་ནང་ན་ཡང་དམིགས་ཀྱིས་ལྷག་པར་མཁྲིས་པ་ནི་ལྟེ་བའི་ཐད་ཀ་ན་གནས་སོ། །བད་ཀན་ནི་བྲང་དང་མགུལ་པ་དང༌། མགོ་བོ་དང༌། གློ་བ་དང༌། རུས་པའི་ཚིགས་ཀུན་དང༌། མ་ཞུ་བའི་གནས་ཕོ་བའི་ནང་དང༌། ཟས་ཀྱི་བཅུད་དངས་མ་དང༌། ཚིལ་དང༌། སྣབས་དང༌། ལྕེ་དང་
འདི་རྣམས་ལ་བད་ཀན་གནས་སོ། །འདི་རྣམས་ཀྱི་ནང་ན་ཡང་བད་ཀན་ནི་ལྷག་པར་བྲང་དང་ནམ་ཚོད་ན་རྟག་པར་གནས་སོ། །ཡང་དེ་ལ་རླུང་གི་རང་བཞིན་རྣམས་པ་ལྔ་སྟེ། དེ་ལ་སྲོག་ཅེས་བྱ་བའི་རླུང་དང༌། སྟོད་དུ་རྒྱུ་བའི་རླུང་དང༌། ཁྱབ་བྱེད་ཀྱི་རླུང་དང༌། མེ་དང་མཉམ་དུ་གནས་པའི་རླུང་དང༌། ཐུར་དུ་སེལ་བའི་རླུང་དང་ལྔའོ། །རླུང་འདི་ལྔ་ལ་ཡང་གནས་དང༌། ཡུལ་དང༌། ལས་དང༌། རྣམ་པ་གསུམ་གསུམ་དུ་ཤེས་པར་བྱ་སྟེ། དེ་ལ་སྲོག་ཅེས་བྱ་བའི་རླུང་གི་གནས་ནི་སྤྱི་བོ་ན་འདུག་གོ །རླུང་དེའི་ཡུལ་ནི་བྲང་དང་ནམ་ཚོང་དང་གྲེ་བ་ཡན་མན་རྒྱུ་ཞིང་འགྲོའོ། །ལས་ནི་གློ་བ་དང༌། སྙིང་དང༌། དབང་པོ་དང༌། སེམས་རྣམས་བརྟན་པ་དང༌། མཆིལ་མ་འདོར་བ་དང༌། སྦྲིད་པ་འབྱུང་བར་བྱེད་པ་དང༌། འབད་ཅིང་སྒྲིམ་པར་གཏོང་བ་དང༌། ཁ་ཟས་མིད་པའི་ལས་བྱེད་དོ། །དེ་ལ་སྟོད་དུ་རྒྱུ་བའི་རླུང་ཞེས་བྱ་བའི་གནས་ནི། བྲང་དང་ནམ་ཚོང་ན་འདུག་གོ་དེའི་ཡུལ་ནི་སྣ་དང༌། ལྕེ་དང༌། གྲེ་བ་ཡན་མན་དུ་རྒྱུའོ། །དེའི་ལས་ནི་ཚིག་ཏུ་སྨྲ་བ་འབྱུང་བར་བྱེད་པ་དང༌། འབད་ཅིང་སྒྲིམ་པར་བྱེད་པ་དང༌། མདངས་བཟང་བ་དང༌། སྟོབས་ཡོད་པ་དང༌། བཞིན་མདོག་དང་ལྡན་པ་དང༌། དྲན་པར་བྱ་བའི་ལས་བྱེད་དོ། །དེ་ལ་རླུང་ཁྱབ་བྱེད་ཅེས་བྱ་བའི་གནས་ནི་སྙིང་ལ་བརྟེན་ཅིང་འདུག་གོ །དེའི་ཡུལ་ནི་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་ཅིང་འཇུག་གོ །དེའི་ལས་ནི་གང་རབ་ཏུ་མགྱོགས་པ་དང༌། ཕན་ཚུན་འགྲོ་བར་བྱེད་པ་དང༌། ལེན་ཅིང་འདེགས་པ་དང༌། འཇོག་ཅིང་འདོར་བ་དང༌། མིག་འབྱེད་པ་དང༌། འཛུམས་པ་ལ་སོགས་པའི་ལས་བྱེད་དོ། །ཡང་ན་ལུས་ཀྱི་ལས་སུ་བྱ་བ་ཐམས་ཅད་ནི་རླུང་འདི་ལ་ཕལ་ཆེར་རག་ལུས་སོ། །དེ་ལ་མེ་དང་མཉམ་དུ་གནས་པའི་རླུང་གི་གནས་ནི་ཕོ་བའི་མེའི་དྲོད་དང་ལྷན་ཅིག་གནས་སོ། །དེའི་ཡུལ་ནི་ཁོང་པའི་ནང་ཁྲོལ་ཐམས་ཅད་ཀྱི་ནང་ན་འགྲོ་ཞིང་རྒྱུའོ། །ལས་ནི་ཁ་ཟས་ནང་དུ་ལེན་ཅིང་ཞུ་བར་བྱེད། དངས་སྙིགས་ཕྱེ་སྟེ་འདོར་བར་བྱེད་དོ། །དེ་ལ་ཐུར་དུ་སེལ་བའི་རླུང་གི་གནས་ནི་གཞང་གི་ནང་ན་འདུག་གོ །དེའི་ཡུལ་ནི་འདོང་མོའི་ནང་ལ་ལྒང་བ་དང༌། ཕོ་མཚན་དང༌། བརླའི་ནང་ཕན་ཚུན་རྒྱུ་ཞིང་འགྲོའོ་
ལས་ནི་ཁུ་ཆུ་དང༌། ཟླ་མཚན་འབྱུང་བ་དང༌། མངལ་ནས་བྱིས་པ་འབྱུང་བར་བྱེད་པ་དང༌། བཤང་གཅི་ཐུར་དུ་སེལ་བའི་ལས་བྱེད་དོ། །ཡང་མཁྲིས་པའི་རང་བཞིན་ཡང་རྣམ་པ་ལྔ་སྟེ། འཇུ་བྱེད་དང༌། དམར་སྒྱུར་དང༌། སྒྲུབ་བྱེད་དང༌། མཐོང་བྱེད་དང༌། མདོག་གསལ་དང་འདི་ལྔའོ། །འདི་ལ་མཁྲིས་པ་འཇུ་བྱེད་ཅེས་བྱ་བ་ནི་གནས་དང༌། གཞན་གྱི་གྲོགས་བྱེད་ཅིང་ཡུལ་རྒྱུ་བ་དང༌། ལས་བྱེད་པ་དང་རྣམ་པ་གསུམ་དུ་བལྟའོ། །དེ་ལ་ཡང་ཇི་ལྟ་ཞེ་ན། མཁྲིས་པ་ཡང་འབྱུང་བ་ཆེན་པོ་ལྔའི་རང་བཞིན་ཡིན་མོད་ཀྱི། འོན་ཀྱང་ད་ནི་མེའི་ཡོན་ཏན་དང་ལྷག་པར་ལྡན་ལ། གཤེར་ཞིང་སླ་བ་ལྟ་བུའི་རང་བཞིན་མ་ཡིན་ཏེ། ཟས་ཆོས་ཤིང་ཞུ་བར་བྱེད་པའི་ལས་བྱེད་པས་ན། མཁྲིས་པ་དེ་ནི་མེ་ཡིན་པར་བཤད་དོ། །མཁྲིས་པ་དེའི་གནས་ནི་ཟས་ཞུ་བ་གཉིས་ཀྱི་བར་ན་འདུག་གོ །དེའི་ལས་ནི་ཁ་ཟས་ཚས་ཤིང་ཞུ་བར་བྱས་ཏེ་ཉམས་མཐུ་དང་ལྡན་པར་བྱེད། །ཟས་ཀྱི་སྙིང་ཁུའི་བཅུད་དང༌། ཚིགས་མ་བཤད་གཅི་ལ་སོགས་པ་དེ་དག་སོ་སོར་བྱེད་དོ། །མཁྲིས་པ་དེ་ཞུ་མ་ཞུའི་བར་ན་འདུག་ནས། མཁྲིས་པ་ལྷག་མ་གཞན་དག་གི་གྲོགས་བྱེད་ཅིང་སྟོད་ལ། ཕན་འདོགས་པ་དེ་ནི་ཡུལ་རྒྱུ་ཞིང་ཕན་འདོགས་པ་ཡིན་ནོ། །དམར་སྒྱུར་ཞེས་བྱ་བའི་གནས་དང༌། ལས་རྣམ་པ་གཉིས་སུ་བལྟ་སྟེ། གནས་ནི་མ་ཞུ་བའི་སན་འདུག་གོ །ལས་ནི་ཟས་ཀྱི་བཅུད་དངས་མ་ཕོ་བར་འོང་བ་དེ་མཚོན་དམར་པོར་སྒྱུར་བ་བཞིན་དམར་པོར་འགྱུར་བར་བྱེད་དོ། །མཁྲིས་པ་སྒྲུབ་བྱེད་ཅེས་བྱ་བའི་གནས་ནི་སྙིང་ལ་བརྟེན་ཅིང་གནས་སོ། །དེའི་ལས་ནི་སེམས་དཔའི་བློ་དང༌། ཡིད་གཞུངས་པ་དང༌། སྙོམས་པའི་ང་རྒྱལ་དུ་སེམས་པ་ལ་སོགས་པས་སྙིང་ལ་བསམས་པའི་དོན་མཁྲིས་པ་དེ་ཡོད་དམ་སྒྲུབ་པའི་གྲོགས་དོན་སྒྲུབ་ཅེས་བྱའོ། །མཁྲིས་པ་མཐོང་བྱེད་ཅེས་བྱ་བའི་གནས་ནི་མིག་ལ་བརྟེན་ནོ། །དེའི་ལས་ནི་གཟུགས་རྣམས་མཐོང་བར་བྱེད་པ་ཡིན་ནོ། །མཁྲིས་པ་མདོག་གསལ་བྱེད་ཅེས་བྱ་བའི་གནས་ནི་མིའི་པགས་པ་ལ་བརྟེན་ཏེ་གནས་སོ། །ལས་ནི་པགས་པའི་མདོག་འཇམ་ཞིང་བཟང་ལ་མདོག་གསལ་བར་བྱེད་
ངོ། །བད་ཀན་ཡང་རྣམ་པ་ལྔ་སྟེ། བད་ཀན་རྟེན་བྱེད་དང༌། མྱགས་བྱེད་དང༌། མྱོང་བྱེད་དང༌། བརྟས་བྱེད་དང༌། འབྱོར་བྱེད་དང་ལྔའོ། །དེ་ལ་བད་ཀན་རྟེན་བྱེད་ཀྱི་གནས་ནི་བྲང་ལ་བརྟེན་ཏོ། །བད་ཀན་དེའི་ཕན་འདོགས་པའི་ཡུལ་ནི། བད་ཀན་དེའི་སྟོབས་ཀྱང་རྐེད་པ་ལ་ཕན་པར་བྱེད་དེ། །བད་ཀན་དེའི་ལས་ནི་ཁ་ཟས་ཟོས་པའི་མཐུ་དང༌། བད་ཀན་སྙིང་ལ་བརྟེན་པ་ཆུའི་རང་བཞིན་བསིལ་བ་དེས། སྙིང་ལ་སང་ཞེས་བྱེད་པ་དེས་ཕན་པར་བྱེད་དོ། །བད་ཀན་དེ་ལ་བད་ཀན་ཕལ་ཀུན་ཀྱང་བརྟེན་ཅིང་གནས་པས་ན། དེའི་ཕྱིར་བད་ཀན་དེ་ནི་རྟེན་བྱེད་ཅེས་བྱའོ། །བད་ཀན་མྱགས་བྱེད་ཀྱི་གནས་ནི་ཟས་མ་ཞུ་བའི་ཕོ་བ་ལ་བརྟེན་ཏོ། །དེའི་ལས་ནི་ཟས་མང་པོ་ཟོས་པ་ཀུན། བད་ཀན་དེས་བཞུ་ནས་འདག་འདག་པོར་མྱགས་པར་བྱེད་དོ། །བད་ཀན་མྱོང་བྱེད་ཅེས་བྱ་བ་ནི་ལྕེ་ལ་གནས་ཏེ། བད་ཀན་དེ་ལྕེ་ལ་འདུག་པས་ཟས་ཀྱི་རོ་ཅི་བྲོ་བ་དེས་མྱོང་བར་བྱེད་དོ། །བད་ཀན་བརྟས་བྱེད་ཅེས་བྱ་བ་ནི་མིའི་མགོ་བོ་ལ་གནས་ཏེ། བད་ཀན་དེ་ཡོད་པས། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་ལ་སོགས་པའི་དབང་པོ་རྣམས་བད་ཀན་དེས་བརྟགས་ཏེ། དབང་པོ་ཚིམ་ཞིང་མཐུ་དང་ལྡན་པར་བྱེད་དོ། །བད་ཀན་འབྱོར་བྱེད་ཅེས་བྱ་བ་ནི་རུས་པའི་ཚིགས་ན་གནས་སོ། །དེའི་ལས་ནི་རུས་པའི་ཚིགས་བོག་རེ་རྣམས་འབྲེལ་ཅིང་འབྱོར་བར་བྱེད་པས་ན་འབྱོར་བྱེད་ཅེས་བྱའོ། །དེ་ལྟར་རླུང་དང་མཁྲིས་པ་དང་བད་ཀན་རྣམས་ཀྱིས་ལུས་ཁྱབ་པར་གནས་མོད་ཀྱི། འོན་ཀྱང་འདི་གསུམ་སོ་སོའི་གནས་ན་འདུག་ཅིང༌། དེ་གསུམ་ནད་ཅན་དུ་མ་གྱུར་ན། སོ་སོའི་ལས་རྣམས་བྱེད་ཅིང་ཕན་འདོགས་པར་བལྟའོ། །དེ་ལ་ནད་དམིགས་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གང་ལས་འདི་གསུམ་གྱི་ནད་དཀྱིལ་དུ་སྩོགས་པ་དང༌། ཁ་ཟས་གང་མ་འཕྲོད་དེ་ནད་དཀྱིལ་དུ་ཞུགས་པ་སློང་ཞིང་ལྡང་བ་དང༌། ཟས་དང་སྨན་གྱི་ཆོ་ག་ཇི་ལྟ་བུས་དེ་གསུམ་གྱི་ནང་གསོ་ཞིང་ཞི་བར་བྱ་བའི་རིམ་པ་བསྟན་པ། དེ་ལ་ཁ་ཟས་ཡང་བ་རྩུབ་ཅིང་སྣུམ་པ་བག་མེད་པ་ལ་སོགས་པ་དྲོན་པོ་ཆེན་པོ་དང་ལྷན་ཅིག་ཏུ་ཟ་བའི་རླུང་ནང་དུ་འགྱུར་པའི་དཀྱེལ་སྩོགས་པ་ཡིན་ནོ། །
རླུང་ནད་ཀྱི་དཀྱིལ་དུ་ཞུགས་པར་བསྩགས་པ་དེ་ལ་ཁ་ཟས་བསིལ་བགྲང་མོ་དང་མ་འཕྲོད་ནས་རླུང་ནད་ལངས་ཏེ་ན་པར་བྱེད་དོ། །རླུང་ནད་དེ་ལྟ་བུར་གྱུར་པ་ལ་ཁ་ཟས་སྣུམ་བག་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དྲོ་ཚ་བར་བྱེད་པ་ནི་རླུང་ནད་ཞི་བར་འགྱུར་རོ། །ཁ་ཟས་རོ་ཚ་བ་ལ་སོགས་པ་བསིལ་བག་དང་ལྷན་ཅིག་ཟོས་པ་ནི། མཁྲིས་པའི་ནད་དཀྱིལ་དུ་སྩོགས་སོ། །ཁ་ཟས་དྲོན་པོ་ཆེན་པོ་དང༌། རོ་ཚ་བའི་བག་ཟོས་པས་ནི་མཁྲིས་པའི་དཀྱིལ་ཞུགས་ཏེ་སྩོགས་ཤིང་འདུག་པ་དེ། ཟས་མ་འཕྲོད་ནས་མཁྲིས་པའི་ནད་དེ་ལྡང་ཞིང་ན་བར་བྱེད་དོ། །དེ་ལ་རོ་ལེགས་པར་བྲོ་བ་མ་ཡིན་པ་དང༌། མངར་བག་དང༌། ཁ་བ་དང༌། ཟས་བསིལ་བག་ཏུ་སྦྱར་བས་ནི་མཁྲིས་པའི་ནད་དེ་ཞི་བར་འགྱུར་རོ། །ཁ་ཟས་སྣུམ་བག་ལ་སོགས་པ་གྲང་མོ་བསིལ་བག་ཏུ་ཟོས་པས་ནི་བད་ཀན་དཀྱེལ་དུ་སྩོགས་པར་འགྱུར་རོ། །བད་ཀན་གྱི་ནད་དཀྱིལ་དུ་ཞུགས་པ་དེ་ལྟ་བུ་ལ་ཁ་ཐས་དྲོན་པོའི་བག་ཟས་ན་བད་ཀན་གྱི་ནད་ལངས་ནས་ན་བར་བྱེད་དོ། །བད་ཀན་གྱི་ནད་དེ་ལྟ་བུ་ལ་ཁ་ཟས་སྣུམ་མེད་པ་རྩུབ་པ་ལ་སོགས་པས་ནད་ཞི་བར་འགྱུར་རོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱི་ནད་དཀྱེལ་སྩོགས་པ་དང༌། དེ་གསུམ་གྱི་ནད་དཀྱིལ་བསགས་པ་ལས་ནད་ལངས་པ་གཉིས་ཀྱི་ཁྱད་པར་ཅི་འདྲ་ཞེ་ན། རླུང་དང་བད་ཀན་དང་མཁྲིས་པ་གསུམ་པོ་རང་གི་གནས་ན་དཀྱིལ་དུ་སྩོགས་ལ། དཔེར་རླུང་ནད་ལ་སོགས་པར་འགྱུར་བའི་རྒྱུ་ཁ་ཟས་རྩུབ་པོ་དྲོན་པོ་ལྟ་བུ་མི་འདོད་པ་དང༌། ཟས་སྣུམ་ཡོད་པའི་བག་རླུང་དང་མི་མཐུན་པ་དེ་ལྟ་བུ་ལ་ཕྱིན་ཕྱོགས་སུ་འདོད་པར་བྱེད་པ་དེ་ལྟ་བུ་ནི་ནད་རང་རང་གི་གནས་ན་འདུག་ཅིང་དཀྱེལ་དུ་བསགས་པ་ཞེས་བྱའོ། །ནད་ལངས་པ་ཞེས་བྱ་བ་ནི་ནད་དཀྱེལ་དུ་ཞུགས་པ་འདི་གསུམ་གང་ཡང་རུང་བའི་ནད་དཀྱེལ་ནི་ནད་ལངས་ན་རང་གི་གནས་ནས་ལོག་པར་སོང་བ་དེ་ནི་སོ་སོ་རང་གི་ནད་ཀྱིས་ཐེབས་པ་ནི། ནད་ཀྱིས་བཏབ་པའི་རྟགས་ཡིན་ཞེས་བྱའོ། །དེ་ལ་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱི་ནད་དུས་གང་གི་ཚེ་ན་ནད་དཀྱེལ་སྩོགས་ནམ་ནད་ལྡང༌། ཇི་ཙམ་ན་ནད་ཞི་ཞེ་ན། བཤད་པ་སོ་གའི་དབྱར་ཟླར་བ་དང༌།
དབྱར་ཟླ་འབྲིང་པོའི་ངོ་ལ་རླུང་ནང་དཀྱེལ་དུ་སྩོགས་སོ། །དབྱར་ངོ་དབྱར་ཟླ་ཐ་ཆུངས་དང༌། སྟོན་ཟླ་ར་བའི་ཚེ་ནི་རླུང་ནད་ལངས་ཏེ་ནའོ། །སྟོན་ངོ་སྟོན་ཟླ་འབྲིང་པོ་དང༌། སྟོན་ཟླ་ཐ་ཆུངས་ཀྱི་ཚེ་ནི་རླུང་ནད་ཞི་བའི་འགྱུར་རོ། །དབྱར་ཟླ་ཐ་ཆུངས་དང་སྟོན་ཟླ་ར་བའི་ཚེ་ནི་མཁྲིས་པའི་ནད་དཀྱིལ་དུ་སྩོགས་སོ། །སྟོན་ཟླ་འབྲིང་པོ་དང་ཐ་ཆུངས་ཀྱི་ངོ་ལ་མཁྲིས་པའི་ནད་ལངས་ཏེ་ན་པར་འགྱུར་རོ། །དགུན་ཟླ་ར་བ་དང་དགུན་ཟླ་འབྲིང་པོའི་ངོ་ལ་མཁྲིས་པའི་ནད་ཞི་བར་འགྱུར་རོ། །དགུན་ཟླ་ར་བ་དང་དཔྱིད་ཟླ་ར་བ་དང་བཞིའི་བར་དུ་དགུན་སྟོད་དང་དགུན་སྨང་འདྲ་སྟེ་བད་ཀན་སྩོགས་སོ། །དཔྱིད་ཟླ་འབྲིང་པོ་དང་དཔྱིད་ཟླ་ཐ་ཆུངས་ལ་བད་ཀན་གྱི་ནད་ལྡང་པོ། །དབྱར་ཟླ་ར་བ་དང་དབྱར་ཟླ་འབྲིང་པོ་ལ་བད་ཀན་གྱི་ནད་ཞི་བར་འགྱུར་རོ། །དེ་ལ་ཟས་ཡང་ཞིང་རྩུབ་པ་དང༌། སྨན་ཀྱང་ཡང་ཞིང་རྩུབ་པ་ལྟ་བུས་རླུང་སྩོགས་སོ། །དེ་ལ་ལུས་ཀྱང་ཁོང་རྩུབ་ཅིང་དྲོ། ཁ་ཟས་ཀྱང་རྩུབ་པ་དྲོན་བག་ཏུ་ཟོས་ཀྱང་དབྱར་ཟླ་ར་བ་དང་དབྱར་ཟླ་འབྲིང་པོའི་ཚེ་དྲོ་ཞིང་ཚ་བའི་དུས་ཡིན་པས་རླུང་མི་ལྡང་ངོ༌། །དབྱར་ཟླ་ཐ་ཆུངས་དང་སྟོན་ཟླ་ར་བའི་ངོ་ལྟ་བུ་ལ་ཆར་ཆུ་རྒྱས་ལ་ཟས་སྐྱུར་བག་དེ་ཞུ་བའི་རྗེས་ཀྱང་སྐྱུར་བར་འགྱུར། །སྨན་སྐྱུར་བག་ཟོས་ཀྱང་རུང་སྟེ་དེའི་མཁྲིས་པར་སྩོགས་ཏ། དབྱར་གྲང་ཞིང་བསིལ་བའི་དུས་ལ་བབ་བས་མཁྲིས་པའི་ནད་ལྡང་བར་མི་འགྱུར་རོ། །དགུན་སྟོད་དང་དགུན་སྨན་གྱི་ཟས་སྣུམ་བག་བསིལ་བ་དང༌། ཆུ་དང་སྨན་བསིལ་བག་ཟོས་པས་ནི་བད་ཀན་དགུན་ཐོག་ཐག་ཏུ་སོགས་ཏེ། དེའི་ཚེ་དགུན་གྱི་དུས་གྲང་བ་དང༌། ཁ་ཟས་སྣུམ་པོ་གྲང་བག་ཟོས་ཀྱང་རུང༌། །དེས་ན་ལུས་ཀྱང་གྲང་ལ་ཕྱོགས་སུ་འཁྲིགས་པའི་དུས་ལ་བབ་པས་བད་ཀན་སྩོགས་པར་ཟད་ཀྱི་བད་ཀན་གྱི་ནད་ལྡང་ཞིང་ན་བར་མི་འགྱུར་རོ། །དེ་ལྟར་དུས་ཚིགས་དྲུག་གི་རང་བཞིན་ལས་རླུང་ནད་དང་བད་ཀན་དང་མཁྲིས་པ་གསུམ་གྱི་ནད་སྩོགས་པ་དང་ལྡང་བ་རིམ་པར་ཕྱེ་སྟེ་བསྟན་པ་ཡིན་ནོ། །རླུང་ལ་སོགས་པའི་ནད་བསགས་པ་དེ་ཡང་ཁ་ཟས་ཀྱི་གནོད་པ་མི་འཕྲོད་པའི་བག་ཟོས་ན་ནད་ལྡང་བའི་དུས་ལམ་བབ་ཀྱང་རུང་སྟེ་འཕྲལ་གྱི་ནད་ཀྱིས་འདེབས་པར་འགྱུར་རོ། །རླུང་ལ་སོགས་པ་དཀྱིལ་དུ་གྱུར་པ་ཡང་བསགས་
ལ། ནད་ལྡང་བའི་དུས་ལ་བབ་ཏུ་ཟིན་ཀྱང་ནད་དུ་མི་འགྱུར་བའི་ཟས་ཟོས་ན་ནང་མི་ལྡང་ངོ༌། །གོང་མ་ལྟ་བུར་རླུང་ལ་སོགས་པ་ནད་དཀྱེལ་དུ་བསགས་པ་དེ་ལས་ནད་ལངས་ཏེ་ནད་ཀྱིས་བཏབ་པ་ནི། ཅིག་ཅར་ལུས་ཀྱི་མགོ་རྐང་ཀུན་ཏུ་ཁྱབ་པར་ནད་ཀྱིས་འདེབས་པར་བྱེད་དོ། །ནད་དེ་ལྟ་བུ་ལ་ཐིགས་ཏེ་སོས་པར་འགྱུར་བ་ནི། ཆུ་འབྲུབ་པ་ལས་ཁང་ཀྱིས་བྲི་སྟེ་སྐམས་པ་དང་འདྲའོ། །དེ་བས་ན་ནད་ཀྱི་ཚུལ་རྣམ་པ་སྣ་ཚོགས་གྲངས་མེད་པས། ལུས་འདི་ཀློང་དཀྲུགས་ནས་སྐམས་པ་འདི་ལ་ནད་ཀྱི་ཚུལ་ཅི་འདྲ་བ་དང༌། ནད་ཕྱིན་པའི་རྒྱུ་རྩི་སྨན་དང༌། གསོ་བའི་ཐབས་སུ་སྦྱར་ཞིང་བྱའོ། །དེ་ཡང་ནད་ཚུལ་དུ་མ་རེ་རེ་ནས་བསྟན་མི་ནུས་ཏེ་དེ་ནི་འདོར་ཅོག་ཐབས་ཀྱི་ནད་དམིགས་ནི་རླུང་དང་མཁྲིས་པ་དང་བད་ཀན་དུ་འདུས་སོ། །དཔེར་ཉིན་ཐོག་ཐག་བྱ་ནམ་མཁའ་ལ་འཕུར་ཏེ་འགྲོ་སྟེ། རང་གི་ལུས་ཀྱི་གྲིབ་མ་དང་འབྲལ་དུ་མི་རུང་བ་བཞིན་ནོ། །སེམས་ཅན་ནོ་ཅོག་ནད་རྣམ་པ་གསུམ་པོ་ཆགས་པ་དང་རྡུལ་དང༌། མུན་པ་དང་གསུམ་དུ་ལྡན་པ་ལས་གྱུར་པའི་ནད་རྣམ་པ་སྣ་ཚོགས་དང་མི་འབྲལ་བ་དེ་ལྟར་རང་གི་སྲོག་ཟུངས་བདུན་ནང་མ་སྙོམས་ཏེ་ནད་དུ་འགྱུར་བའི་རྒྱུ་ཡང་ཆགས་པ་དང་རྡུལ་དང་མུན་པ་དང་གསུམ་གྱིས་འགྱུར་བས། རླུང་དང་བད་ཀན་དང་མཁྲིས་པ་གསུམ་ནང་མ་འཕྲོད་པ་དེས་སྲོག་ཟུངས་བདུན་པོ་མ་སྙོམས་ཏེ་འཁྲུགས་ན་ནད་དུ་འགྱུར་རོ། །ནད་དུ་འགྱུར་བ་དེ་དག་ནི་རྒྱུ་ཡང་མདོར་རྣམ་པ་གསུམ་སྟེ། ཡུལ་དང་དུས་དང་ལས་ངན་པར་བྱེད་པ་དང་གསུམ་མོ། །འདི་གསུམ་པོ་རེ་རེ་ལ་ཡང་ཆུང་དུ་བརྟེན་པ་དང༌། རབ་ཏུ་བརྟེན་པ་དང༌། ལོག་པར་བརྟེན་པ་དང་གསུམ་དུ་དབྱེའོ། །འདི་གསུམ་པོ་རེ་རེ་ལ་ཡང་ཆུང་ངུ་དང༌། འབྲིང་པོ་དང་ཆེན་པོ་གསུམ་དུ་ཕྱེ་ན་དགུ་དགུར་རོ། །དེ་ཇི་ལྟ་ཞེ་ན། མིག་གི་དབང་པོའི་ཡུལ་ནི་གཟུགས་སྣང་བ་ཡིན་ཏེ། ཡུལ་དེ་ལ་གང་བལྟར་ཡང་རུང་སྟེ། རང་གི་ཡུལ་ལ་མི་ལྟ་བའམ། ཡང་ན་ཞིབ་ཏུ་ལེགས་པར་མི་ལྟ་བར་ཅུང་ཟད་ཙམ་མམ། འོལ་ཇི་ཙམ་ཞིག་ལྟ་བདེ་ལྟ་བུ་ནི། གཟུགས་མིག་གིས་ལྟ་བ་ཆུང་བར་སྦྱོར་བ་ཞེས་བྱའོ། །གཟུགས་ལ་མིག་
གིས་ཧ་ཅད་ཡུན་རིང་དུ་ལྟ་ན་དེ་ནི་རབ་ཏུ་སྦྱོར་བ་ཞེས་བྱ་སྟེ། དེ་ལྟ་བུ་ཡང་ནད་དུ་འགྱུར་ཏེ་མི་རུང་ངོ༌། །ཡང་གཟུགས་ཆུང་ཆེས་པ་ལ་ལྟའམ། ཉི་མ་ལྟ་བུའི་ལྷད་ལྷང་པོའི་འཚེར་ཆེས་པ་ལ་མིག་ཚུགས་སུ་ལྟ་བའམ། གཟུགས་འཇིགས་པ་ལ་ལྟའམ། མིག་གི་དྲུང་ཉིད་དུ། གཟུགས་བཞག་པ་ལ་ལྟའམ། ཡང་ན་གཟུགས་ཧ་ཅང་ཐག་རིང་ཆེས་པ་ལ་རྒྱང་མར་མིག་ཚུགས་སུ་ལྟ་བའམ། གཟུགས་ཡིད་དུ་འོང་བ་ལ་ལྟའམ། གཟུགས་མི་སྡུག་པ་ལ་མིག་གིས་ལྟ་བ་དེ་ལྟ་བུ་ལོག་པར་ལྟ་བའི་རྟེན་པ་ཞེས་བྱ་སྟེ། དེ་ལྟ་བུ་ཡང་ནད་དུ་འགྱུར་ཏེ་མི་རུང་ངོ༌། །དེ་བཞིན་དུ་རྣ་བ་ལ་སོགས་པའི་ཡུལ་སྒྲ་ལ་སོགས་པ་ལ་ཡང་རྣམ་པ་གསུམ་གསུམ་དུ་བལྟ་སྟེ། རྣ་བའི་ཡུལ་སྒྲ་ཆེན་པོ་དྲག་པོ་ལ་ཉན་པ་དང༌། རུལ་པ་མནམ་པོ་ལ་སྣུམ་པ་ལ་སོགས་པ་ལྟ་བུ་ཡང་མི་རུང་སྟེ། སོ་སོའི་དབང་པོ་ཡུལ་གྱི་ཚུལ་དུ་སྦྱར་ལ། ཆུང་ངུ་དང་ཆེན་པོ་དང་ལོག་པ་དང་རྣམ་པ་གསུམ་དུ་བརྟེན་ཅིང་སྦྱོར་བ་ལས་གནོད་པའི་ནད་དུ་འགྱུར་བའི་ཚུལ་གོང་མ་དང་འདྲ་བར་སྦྱར་རོ། །ལོ་གཅིག་ལ་དུས་ཀྱང་གསུམ་དུ་དབྱེ་སྟེ། དགུན་ཟླ་བཞིན། དཔྱིད་ཟླ་བཞི། དབྱར་ཟླ་བཞི་སྟེ་གསུམ་མོ། །དེ་ལ་དུས་འདི་གསུམ་ཚུལ་གྱིས་ཡང་ཆུང་དུ་དང་ཆེན་པོ་དང༌། ལོག་པ་རྣམ་གསུམ་ལས། མི་དང་སྲོག་ཆགས་དང༌། ཕྱི་རོལ་གྱི་འབྲུ་འབྲས་དང༌། རྩི་ཤིང་ལ་སོགས་པ་ལ་གནོད་པར་འགྱུར་བར་བལྟ་སྟེ། དགུན་གྲང་བའི་ཚེ་ལྷགས་པ་ཧ་ཅང་ཆུང་ཆེས་ན་ཡང་དུས་ཀྱི་སྦྱོར་བ་ཆུང་ཞེས་བྱ་སྟེ་དེ་ཡང་མི་བཟང་ངོ༌། །ཡང་ན་ལྷག་པ་ཧ་ཅང་ཆེས་ན་ཡང་གནོད་དེ་མི་རུང་ངོ༌། །དགུན་གྱི་ཚུལ་ལ་མི་འདྲ་བར་འགྱུར་བ་ནི་དུས་ལོག་པ་ཞེས་བྱ་སྟེ། འདི་ལྟ་བུ་ཡང་ནད་དང་གནོད་པར་འགྱུར་བ་ཞེས་བྱའོ། །ལུས་དང་ངག་དང་སེམས་ཀྱི་ལས་ལ་ཡང་ཆུང་ངུ་དང་ཆེན་པོ་དང་ལོག་པར་སྦྱོར་བ་གསུམ་གསུམ་དུ་བལྟའོ། །དེ་ལ་ལུས་ཀྱི་ལས་ཆུང་དུ་བྱེད་པ་ནི་ཅི་བྱེད་ཀྱང་ཅུང་ཟད་ཙམ་ཅིག་བྱེད་པ་ནི་ཆུང་ངུས་སྦྱོར་བའོ། །ཧ་ཅང་བརྟུན་ངས་པ་ནི་ཆེར་སྦྱོར་བའོ། །བཤང་གཅི་ལ་སོགས་པ་ཧ་ཅང་སྙོམས་ན་ལུས་ཀྱིས་བསྒྲིམས་ཏེ་བརྣག་པའམ། མི་བྲོ་བཞིན་དུ་བཙིར་བའམ། ཉམས་ཀྱིས་མི་ནུས་བཞིན་དུ་ལུས་ཀྱིས་
ལས་དྲག་ཤུལ་བྱེད་པ་དང༌། ལུས་དང་རྐང་ལག་ཧ་ཅང་གཅུས་པ་དང༌། རྡེག་འཆའ་བ་དང༌། གོམ་པ་འཁོར་བཞིན་འཐུབ་པ་འདི་ནི་ལོག་པའི་སྦྱོར་བ་ཞེས་བྱ་སྟེ་ལུས་ལ་གནོད་དོ། །ངག་གི་སྨྲ་བ་ཡང་ཚུལ་དེ་དང་འདྲ་སྟེ། ཁ་ནས་ཟས་ལྡང་བཞིན་དུ་འབུག་པོར་སྨྲ་བ་སྟེ། །འདི་ཡང་གནོད་དེ་མི་རུང་ངོ༌། །ཡིད་ཀྱི་ཡང་འདོད་ཆགས་དང༌། ཞེ་སྡང་འཇིགས་པ་ལ་སོགས་པ་སེམས་པ་ནི་ལོག་པར་སྤྱོད་པའོ། །མི་དགེ་བའི་ལས་སྨིན་པའི་དངོས་པོ་སྲོག་གཅོད་པ་ལ་སོགས་པ་བཅུ་པོ་དེ་དག་ཀྱང་ལོག་པའི་སྦྱོར་བ་ཡིན་ཏེ་ལོག་པའི་སྦྱོར་བ་དེ་ལྟ་བུ་ཐམས་ཅད་སྔོན་གྱི་ཚེ་ལ་བྱས་སམ། ཚེ་འདི་ལ་བྱས་ཀྱང་རུང་སྟེ། དེ་དག་གིས་ནི་ནད་དུ་འགྱུར་བའི་རླུང་དང་མཁྲིས་པ་དང་བད་ཀན་རྣམས་མ་སྙོམས་ཏེ། འཁྲུས་ན་ལུས་ཀྱི་ཡན་ལག་དང༌། ནང་ཁྲོལ་དང༌། ལྷུ་ཚིགས་ཀྱི་མཚམས་ཀུན་ཏུ་ནད་རྣམ་པ་སྣ་ཚོགས་ཀྱིས་འདེབས་པར་བྱེད་དོ། །དེ་ལ་ཡན་ལག་གི་ཁྲག་དང༌། ཤ་དང་པགས་པ་འདི་དག་ལས་ཕྱི་རོལ་གྱི་ནད་རྣམས་འབྱུང་སྟེ། ཨ་པ་ཅི་ཞེས་བྱ་བ་དང༌། ལག་པའམ། རྐང་པ་ལྷུང་བ་བཞིན་འགུལ་མི་ཤེས་པའི་ནད་དང༌། ལྦ་བ་དང༌། རྒྱབ་བམ་བྲང་དུ་འབྲུམ་བུ་སྔོན་པོ་འབྱུང་བའི་ནད་དང༌། རྨེན་བུ་ལ་སོགས་པ་དང༌། ཕྱི་རོལ་གྱི་སྐྲན་དང་གཞང་ཁའི་གཞང་འབྲུམ་དང༌། སྣའམ་རྣ་བར་ཐུག་ཆེན་བྱུང་བ་ལས་ཁྲག་ཏུ་ཟད་པ་དང༌། ཤ་དང་པགས་པའི་བར་གྱི་སྐྲན་དང༌། ལུས་སྐྲང་བའི་འོར་ནད་ལ་སོགས་པ་འདི་དག་ནི་ཕྱི་རོལ་གྱི་ཡན་ལག་གི་ནད་ཅེས་བྱའོ། ཁོང་པའི་ནང་ཁྲོལ་གྱི་ནད་ནི་རྩའི་རྒྱུན་ཆེན་པོ་བཅུ་དང༌། མ་ཞུ་བའི་གནས་ཕོ་བ་དང༌། ཞུ་བའི་ས་འདི་དག་ལ་ནང་ཁྲོལ་རྣམས་བརྟེན་ཏེ། ནང་ཁྲོལ་གྱི་ནང་དུ་སྐྱུགས་པ་འབྱུང་བ་ཚད་པར་འཁྲུ་བ། ལུད་པ་ལུ་བ། དབུགས་མི་བདེ་བ། དམུ་རྫིང་དང༌། རིམས་ལ་སོགས་པ་དང༌། ལུས་སྐྲང་པའི་འོར་དང༌། ནང་གི་གཞང་འབྲུམ་དང༌། ཁྲག་ཚད་དང༌། སྐྲན་དང༌། འབྲུམ་བུ་གཅིག་པའི་ནད་དང༌། འབུམ་ཆེན་དང་འདི་རྣམས་ནི་ནང་གི་ནང་དུ་གཏོགས་སོ། །མགོ་བོ་དང༌། སྙིང་དང༌། ཆུ་སོ་དང༌། གནད་རྣམས་དང༌། རུས་པ་རྣམས་ཀྱི་ནད་ནི་ཚིགས་ཀྱི་ནད་
ཅེས་བྱའོ། །ཚིགས་དེ་རྣམས་འབྲེལ་པའི་རྩ་དང༌། ཆུ་བ་དང༌། ཆུ་བ་ཆེན་པོ་ལ་སོགས་པ་འདི་དག་ནི་བར་གྱི་ནད་ཀྱི་ལམ་སྲང་ཞེས་བྱའོ། །བར་གྱི་ནད་ཀྱི་ལམ་སྲང་དེ་ལ་ནད་ནི་ཧ་ཅང་གསོ་དཀའ་བ་དང༌། གཞོགས་ཕྱེད་ན་བ་དང༌། མཇིང་བ་དང༌། ཁ་ཡོན་པོར་གྱུར་པའི་ནད་དང༌། ཀླད་པ་ན་བ་དང༌། རྣ་བ་ན་བ་དང༌། སྣ་ལ་སོགས་པ་ན་བ་དང༌། ཚིགས་ཐམས་ཅད་ན་བ་དང༌། རུས་པ་ན་བ་དང༌། དཔྱི་ན་བ་དང༌། གནོད་ནད་ལ་སོགས་པ་འདི་རྣམས་ནི་བར་ན་གནས་པའི་ནད་ཅེས་བྱའོ། །ལུས་ལ་གནས་པའི་རླུང་གི་ལས་སྣ་ཚོགས་བསྟན་པ། རླུང་གི་ལས་ནི་བཤང་གཅིའི་དྲི་མཐུར་དུ་འབྱིན་པར་བྱེད་དེ། རླུང་གིས་ནི་ལུས་ལ་ཁྱབ་པར་བྱེད། སྣང་བ་སྙམ་དུ་ལྷང་ལྷང་བྱེད་པ་དང༌། རེས་འགའ་རླུང་ཁོང་དུ་ཞི་ན། གཉིད་ལོག་པ་བཞིན་དུབ་པར་བྱེད། ལུས་ཀྱི་དྲོད་ཆུང༌། ཡན་ལག་གཟུག་པ་བཞིན་དུ་ན་བ་དང༌། སོ་སོར་བྱེད་པ་སྙམ་དུ་བྱེད་ཅིང་ན་བ་དང༌། ལུས་དང་ཡན་ལག་འབྱར་བ་སྙམ་དུ་བྱེད་ཅིང་ན་བ་དང༌། ཤ་རུས་ཆགས་བསྙམ་དུ་བྱེད་པ་དང༌། རྐང་ལག་འཁུམས་པ་དང༌། འདུག་ལངས་ཀྱི་བསྐྱོད་པ་དང༌། སོ་དང་ཤ་བརྩེ་བ་དང༌། ལུས་བརྟས་པར་བྱེད་པ་དང༌། ལུས་དང་རྐང་ལག་འདར་བ་དང༌། ལུས་རྩུབ་པ་དང༌། ལུས་ཀྱི་སྤུ་གུ་དོད་པ་དང༌། ཤ་སྐེམ་པར་བྱེད་པ་དང༌། ལུས་ཀྱི་ཤ་འགུལ་བ་དང༌། ལུས་བྱ་རྨྱང་བྱེད་པ་དང༌། རླུང་ནད་ཀྱིས་བཏབ་སྟེ་ལུས་རེངས་པ་དང༌། རླུང་ནང་དུ་ན་ཁའི་ནང་རོ་བསྐ་བར་བྲོའོ། །རླུང་ཆེ་བའི་བཞིན་མདོག་ནི་རྩ་གནག་གམ། ཐབས་འདི་རྣམས་ལྟ་བུར་གྱུར་པ་ནི་རླུང་ལས་གྱུར་པར་བལྟའོ། །མིའི་ལུས་ལ་མཁྲིས་པའི་ལས་ཀྱི་འགྱུར་བ་བསྟན་པ། ལུས་ལ་མཁྲིས་པ་རྒྱས་ན་ལུས་ཚ། མདོག་དམར་པོ་འགྱུར། ལུས་ཀྱི་དྲོད་དང་ཟས་འཇུ་བར་བྱེད། ལུས་རྡུལ། ལུས་ཕྱི་ནང་རུལ་བག་ཏུ་མནན། ཐོར་བུ་བྱུང་ཞིང་རྣག་ཁྲག་ཏུ་འཛག །རྨ་རད་ཅིང་འདྲུལ། བརྒྱལ་ཞིང་མྱོས། །ཁའི་ནང་རོ་ཁ་བ་དང༌། སྐྱུར་བར་བྲོ། བཞིན་མདོག་ནི་སེར་སྐྱར་འདུག་ལ་རྩ་དམར་བ་མ་ཡིན་ནོ། །བད་ཀན་གྱི་ལས་ཀྱི་ལུས་འགྱུར་བ་བསྟན་པ། ལུས་ལ་བད་ཀན་ཆེ་བ་ནི་ལས་ཀྱི་ཤ་མདོག་སྣུམ། ཤ་མཁྲང༌། ལུས་
གཡའ། ཁོང་གྲང༌། ལུས་ལྕི། ལུས་ཚིགས་ཐམས་ཅད་མི་འཁྲུལ་བར་དམ་པོར་འབྲེལ་བར་བྱེད། །ལུས་ཐམས་ཅད་ཤ་རྒྱས་པར་བྱེད། །བད་ཀན་ཆེན་སེམས་ནི་རྨོངས་པག་ཏུ་བྱེད། །ལུས་སྐྲངས། །ཟས་མི་འཇུ། གཉིད་རབ་ཏུ་ཆེ། །ལུས་དང་བཞིན་གྱི་མདོག་ནི་དཀར་རོ། །རོ་ནི་མདར་དང་ལན་ཚྭ་བྲོའོ། །ལས་ཅི་བྱེད་དོ་ཅོག་ལ་འདམ་རིང་ངོ༌། །དེ་ལྟར་ནད་དོ་ཅོག་ཐམས་ཅད་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་རང་བཞིན་ལས་གྱུར་ཅིང་དེས་ནད་ལ་ཁྱབ་པར་བལྟའོ། །ནད་པའི་ནད་བསྟན་པའི་ཐབས་བཤད་པ། ཅིན་བ་བརྟག་པ་ནི། བཞིན་མདོག་དང༌། མིག་དང༌། ལྕེ་དང༌། སེན་མོ་ལ་བལྟ་བ་དང༌། རྩ་ལ་ལག་པས་མྱངས་ཏེ་བལྟ་བ་དང༌། ནང་པའི་ཐབས་དྲི་བ་དང༌། ཇི་ལྟར་ན་བ་དང༌། ཇི་ཙམ་ན་ནད་ལྡང་བ་དང༌། མིན་པའི་སྔ་རོལ་དུ་ཁ་ཟས་ཅི་ཟོས། །ལས་ཅི་དག་བྱས་པ་ཞིབ་ཏུ་ལེགས་པར་བརྟགས་ཏེ་ཤེས་པར་བྱས་ལ། རྩིང་པོ་ཡལ་བར་མི་བྱའོ། །དེ་ལྟ་བས་ན་སྨན་པས་ནད་ཀྱི་བྱེ་བྲག་དང༌། ནད་ཚབས་ཆེ་ཞིང་དམ་ལ་བབ་པར་ཤེས་ཤིང་མཐོང་ནས་ཕྱི་བཤོལ་མ་བྱེད་ཅིག །ཡོང་ནི་སྨན་སྦྱར་བའི་ཐབས་དང༌། གཏང་བ་དང༌། གསོ་བའི་ཐབས་འདི་རྣམས་ཀྱི་ལས་མཐོང་སྟེ་ལོབས་པར་བྱ་བ་དང༌། ལག་བསོད་པར་བྱ་བ་དང༌། སྨན་པ་ལ་གཏམ་སྙན་པར་གྲགས་པར་བྱ་བ་འདི་རྣམས་ཀུན་ཀྱང་ལན་མང་དུ་གོམས་ན་གདོད་འགྲུབ་པར་འགྱུར་རོ། །དཔེར་ན་ནོར་བུ་རིན་པོ་ཆེ་མཆིང་བུ་ལྟ་བུ་བཟང་ངན་ལྟ་བ་དཔྱད་ཀྱི་ཡི་གེས་ཤེས་པར་མི་འགྱུར་གྱི། མཐོང་བ་མང་བ་ལས་ལོབས་ཏེ་ཤེས་པ་དང་འདྲའོ། །མིའི་ནད་ཀྱང་མི་ཚུགས་ཏེ། ལ་ལ་ནི་ཚེ་འདི་ཉིད་ཀྱི་ཁ་ཟས་མི་འཕྲོད་པ་ལས་ནད་དུ་གྱུར་བཞིན་དུ་ནད་ལྡང་བར་འགྱུར་རོ། །སྔོན་གྱི་ཉེས་སྡིག་ལས་ནད་དུ་གྱུར་པ་ནི། ནད་ལྡང་བའི་ཁ་ཟས་མི་འཕྲོད་པ་ལྟ་བུ་མ་ཟོས་བཞིན་དུ་ནད་ལྡང་ངོ༌། །ནད་ལྡང་བའི་རྒྱུ་དང་སྔོན་གྱི་སྡིག་གཉིས་ཀ་འདྲེས་པ་ལས་ནད་དུ་འགྱུར་བ་ནི། ནད་དུ་གྱུར་པའི་རྒྱུ་ཆུང་ངུ་ལས་ནད་ཚབས་དཀྱེལ་ཆེན་པོར་འགྱུར་པའོ། །དེ་ལ་ད་ལྟར་གྱི་ཚེ་འདིའི་ཟས་མི་འཕྲོད་པ་ལ་སོགས་པ་ལས་ནད་དུ་གྱུར་པ་ལ་སོགས་པའི་ཐབས་ནི།
ནད་དང་མི་མཐུན་པ་ལ་བསྟེན་ན་ཕན་ཏེ། དཔེར་ན་སྣུམ་ནང་ལ་ཁ་ཟས་སྣུམ་བག་དང་དྲོད་བག་ཕན་པ་ལྟ་བུ། མཁྲིས་པའི་ནང་ལ་བསིལ་བ་དང་མངར་བག་ཕན་པ་ལྟ་བུ། བད་ཀན་ལ་ཁ་ཟས་རྩུབ་པ་དང་དྲོད་བག་བསྟེན་ན་ནད་ཞི་བར་འགྱུར་རོ། །ཚེ་སྔ་མའི་ཉེས་སྡིག་གི་ལས་ལས་བྱུང་བའི་ནད་ནི། །བསོད་ནམས་དང༌། དགེ་བ་ཆེར་བྱེས་ཏེ་ལས་བྱུང་ན་ནད་འཚོའོ། །རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་གཞི་དང༌། སྔོན་གྱི་ལས་གཉིས་ཀ་ལས་བྱུང་བའི་ནད་ནི། རླུང་དང་མཁྲིས་པ་ལ་སོགས་པའི་ནད་གཞི་དེ་ཉིད་དང་སྡིག་པའི་ལས་དེ་བྱང་ཞིང་འཚོའོ། ནད་དོ་ཅོག་ལ་རྣམ་པ་གཉིས་ཏེ། རླུང་ནད་དང་མཁྲིས་པའི་ནད་ལྟ་བུ་རང་གི་གནས་ཉིད་ན་ནད་དུ་གྱུར་པ་དེ་ནི་རང་གི་གནས་ཀྱི་ནད་རང་དབང་ཅན་ཞེས་བྱའོ། །རླུང་ནད་དང་མཁྲིས་པའི་ནད་ལྟ་བུ་རང་རང་གི་ས་མ་ཡིན་པ། ཕ་རོལ་པོ་མཁྲིས་པའམ། བད་ཀན་གྱི་གནས་སུ་རླུང་ནང་ཞུགས་པར་གྱུར་ན་དེ་ནི་གཞན་གྱི་གནས་སུ་ནད་ཞུགས་ཏེ་གཞན་ལ་རག་ལུས་པའི་ནད་ཅེས་བྱའོ། །རང་གི་གནས་དང་གཞན་གྱི་གནས་དེ་གཉིས་ལ་ཡང་ནང་རྣམ་པ་གཉིས་གཉིས་སུ་ཤེས་པར་བྱའོ། །དེ་ཇི་ལྟར་ཞེ་ན། ནད་གང་ཡང་རུང་བ་ཞིག་གིས་བཏབ་པ་ལས། སྔར་ནད་གང་གི་ཚུལ་ཡིན་པར་ཤེས་པ་དང༌། ནད་དེ་ལས་དཀྱེལ་སྐྱེས་ཏེ། ལན་བོན་གྱི་གནོད་པའི་ནད་ཅི་ཡིན་པར་ཤེས་པར་བྱ་བ་དང་རྣམ་པ་གཉིས་སོ། །ནད་འདི་གཉིས་ནི་རང་གི་གནས་རབ་དབང་ཅན་དང༌། གཞན་གྱི་གནས་རང་དབང་མེད་པ་གཉིས་ལས། དེ་ལྟར་ནད་ཀྱི་ཚུལ་གཉིས་སུ་ཤེས་པར་བྱའོ། །དེ་ལ་རླུང་ནད་དང་མཁྲིས་པ་ལྟ་བུ་རང་གི་གནས་ཉིད་ནས་རང་གི་གནས་ཉིད་དུ་ནད་ལངས་པ་རང་དབང་ཞེས་བྱ་བ་དེ་ནི་ནད་ཀྱི་ཚུལ་མངོན་ཏེ་ཤེས་པར་སླ་བ་ཡིན་ནོ། །མཁྲིས་པའམ་བད་ཀན་ལྟ་བུ་སར་རླུང་ནད་ཞུགས་ཏེ་ལངས་པ་དེ་ནི། གཞན་གྱི་ནད་ཞུགས་པ་གཞན་དབང་ཞེས་བྱ་སྟེ། དེ་ནི་མཁྲིས་པའམ་བད་ཀན་གང་གིས་ང་ནད་ཞུགས་ཀྱང་རུང་སྟེ། དེ་ལ་ནི་མཁྲིས་པའམ་བད་ཀན་ལྟར་གསོ་བའི་ཆོ་ག་བྱས་ན་རླུང་ནད་དེ་སོས་པར་འགྱུར་རོ། །དྲི་མ་བཤང་གཅི་དང་རྡུལ་བ་ལ་ཡང་ནད་རང་གིས་དང༌། གཞན་གྱི་གནས་རྣམ་
པ་གཉིས་སུ་ཤེས་པར་བྱའོ། །རླུང་ནད་དམ་མཁྲིས་པའི་ནད་གང་ཡང་རུང་བ་རྒྱུན་དུ་ན་བ་ལས། ཁ་ཟས་མི་འཕྲོད་པ་ཟོས་སམ། ཟས་མ་ཞུའམ། སྲོག་ཟུངས་བདུན་པོ་ཉམས་ཏེ་ནད་དུ་འགྱུར་བ་ནི་ནང་གླང་ཐབས་ཞེས་བྱའོ། །འདི་ལྟ་བུར་ནད་གླང་ཐབས་སུ་གྱུར་པ་ལ་སྨན་པ་མིག་མི་གཡེང་བར་ནན་ཏན་ཆེར་གྱིས་ཤིག །དེ་ལ་དང་པོ་ནད་ཀྱིས་བཏབ་ནས་ནད་ཀྱི་ཚུལ་ཅི་ཡིན་པར་ཤེས་པ་དང༌། དང་པོར་དེ་ཉིད་གསོས་ན་ནད་དེ་ལས་གྱུར་པའི་ལན་བོན་གྱི་ནད་གྱུར་པའི་ནད་དང་གཉི་ག་འཚོ་བར་འགྱུར་རོ། །གལ་ཏེ་ནད་དཔྱད་དེ་དེ་ལྟར་བྱས་ཏེ་མ་བཏུབ་ན། ལན་བོན་གྱི་ནད་གྱུར་པའི་ནད་ཚབས་ཆེ་སྟེ། ལུས་ལ་གནོད་པའི་ནང་ངན་པ་དེ་གདོས་ལ། ཐག་གི་ནས་ནད་སྣ་མ་ནི་ཕྱིས་གསོས་ཤིག །ལན་གྱི་ལན་བོན་དང་གླང་ཐབས་སུ་ན་བ་དེ་ལྟ་བུའི་ནད་ཀྱི་མིང་ངེས་པ་མེད་དེ། ནད་དེ་ལྟ་བུའི་མིང་སྨན་པས་མི་ཤེས་ཞེས་ངོ་ཚ་ནམས་ཀྱང་མ་བྱེད་པར་ནད་ཀྱི་ཚུལ་དང་སྦྱོར་ཏེ་དཔྱད་གྱིས་ཤིག །རླུང་ནད་མཁྲིས་པ་དང་བཀད་ཀན་གྱི་ནད་གང་ཡང་རུང་བ་ནད་ལངས་པའི་ནད་ཚབ་སྐྱི་དམིགས་དང༌། ནད་དེ་རླུང་ངམ་མཁྲིས་པའི་གནས་གཞན་ལྟ་བུར་འཕོས་པ་ལས། ནད་དེ་སྔར་དང་མི་འདྲ་བར་མནང་པོར་འགྱུར་རོ། །དེ་ལྟ་བས་ན་ནད་བླ་བརྣན་དུ་གྱུར་པ་རེ་ལ་ནད་ཉིད་རླུང་ངམ་མཁྲིས་པའམ་བད་ཀན་གྱི་རང་བཞིན་གང་ཡིན་པ་དང་ཡང་སྦྱར། ནད་དེ་ཡང་ནད་རང་གི་གནས་ན་འདུག་གམ། །ནད་དེ་གནས་གཞན་དུ་འཕྲོས་སམ། །ནད་དེ་གཞི་ཅི་ལས་ནད་དུ་གྱུར་པའི་བྱེ་བྲག་སྣམ་པས་ཤེས་པར་གྱིས་ལ་སྨན་དཔྱད་མྱུར་དུ་གྱིས་ཤིག །ནད་གསོ་བ་དེ་ཡང་སྲོག་ཟུངས་བདུན་པོ་ཅི་འདྲ་བ་དང༌། ཡུལ་གྱི་གནས་སྐབས་དང༌། ནད་པའི་ཉམས་སྟོབས་དང༌། དབྱར་དགུན་ཅི་འདྲའི་བའི་དུས་དང་སྦྱར་བ་དང༌། ནད་པའི་ཁོང་ན་མེའི་དྲོད་ཆེ་ཆུང་དང༌། ནད་པ་རླུང་ངམ་མཁྲིས་པའི་རང་བཞིན་ཅི་ཡིན་པ་དང༌། ནད་པའི་ན་ཚོད་དང༌། ནད་པའི་སྙིང་སྟོབས་ཆེ་ཆུང་དང༌། གོམས་པ་རབ་འབྲིང་ཐ་མའི་དབྱེ་བ་དང༌། ནད་པའི་ལུས་ཐོགས་ཁ་ཟས་གང་གིས་བསྐྱེད་བསྐྱེད་པ་དང༌། དེ་ལྟར་ཁ་ཟས་གང་ཅི་དང་ཅི་འཕྲོད་པ་དང༌། ཚབས་ཆེ་ཆུང་དང༌། ཚུལ་འདི་ལྟ་བུའི་བྱེ་བྲག་ཐ་དད་པ་ཕྲ་ཞིང་ཆུང་དུ་ཡན་ཆད་ཞིབ་ཏུ་བརྟགས་ལ། ནད་དང༌།
སྨན་གྱི་ཚུལ་དུ་སྦྱར་ཞིང་ནད་པ་གསོ་བར་བྱེད་པ་དེ་ལྟ་བུ་ནི་སྨན་དཔྱད་རྣམས་ཀྱང་འཁྲུལ་པ་མེད་པ་ཞེས་བྱའོ། །ནད་པའི་ནད་དཀྱེལ་ཆེ་འམ། ཚབས་ཆུང་ངམ། སྐྲན་དང་འབྲུམ་བུ་ལ་སོགས་པ་ལྟ་བུ་ནད་ཀྱི་དབྱིབས་སྣ་ཚོགས་ཀྱི་ཚུལ་ཅི་འདྲ་བ་དང༌། ནད་པའི་ཕོག་སྙ་ཆེ་ཆུང་དང༌། ལུས་ཆེ་ཆུང་དང༌། ནད་པའི་ཉམས་ཆེ་ཆུང་གི་ཚུལ་ཡང་ཤེས་པར་བྱས་ལ། ནད་ཀྱང་རྣམ་པ་གཞན་དང་གཞན་དང་གྱུར་པར་སྣང་ཡང༌། དེའི་ཚེ་སྨན་པ་མ་ཡེངས་པར་ལེགས་པར་རྟོགས་ཤིག །སྣམ་པས་ནང་པ་ལྕི་ཡང་གི་དྲོད་ཚོད་ཟིན་ནས་གསོ་བའི་དཔྱད་སྨྲོས་ཤིག །གལ་ཏེ་ཡང་ནད་དམིགས་ཆུང་སྙམ་དུ་བསམས་ཏེ། ཁ་ཟས་མི་འཕྲོད་བཟར་བཅུག་གམ། ཁ་ཟས་ཀྱི་ཆོ་ག་ཚོད་མ་ཟིན་ན་ནད་ཚབས་ཆེར་འགྱུར་རོ། །ནད་དཀྱིལ་ཆེ་བ་ཞི་ལ། བཀྲུ་སྣམ་ཉུང་ངམ། བཀྲུ་སྨན་གྱི་སྟོབས་ཆུང་ན། །དེ་ནི་སྨན་ཐུན་ཆུང་ངུར་སྦྱོར་བ་ཞེས་བྱ་སྟེ། དེས་ནད་སློངས་ལ་འཁྱིལ་ཏེ་ནད་མི་ཕྱིན་མི་འབྱུང་ངོ༌། །བརྐུ་སྨན་གྱི་ཐུན་ཡང་ཆེ། །སྨན་རྣོ་སྟེ་མཐུ་དང་ཡན་དག་ལྡན་པར་བཏང་ན་དེ་ནི་སྨན་ཐུན་ཆེར་སྦྱོར་བ་ཞེས་བྱ་སྟེ། དེས་ནི་ནད་ཕྱིན་ཅིང་འཁྲུ་བར་བྱེད་དོ། །ཡང་བཀྲུ་སྨན་ཧ་ཅང་རྣོལ་དྲག་པོ་ཐུན་ཆེ་ཆེས་པར་བཏང་ན་དེ་ནི་ལོག་པར་སྦྱོར་བ་ཞེས་བྱ་སྟེ། བཤང་གཅིའི་དྲི་མ་ཐུར་དུ་ཁྲུས་པར་མ་ཟད་ཀྱི་ལུས་ཀྱང་མ་རུང་བར་འགྱུར་རོ། །དེའི་ཕྱིར་སྨན་པས་ནད་གསོ་བ་ནི་རྟག་ཏུ་བརྩོན་འགྲུས་བསྐྱེད་དེ། ནད་པའི་ནད་དང༌། ནད་པའི་ཉམས་དྲོད་ཀྱི་ཚུལ་ཅི་འདྲ་བ་ལེགས་པར་རབ་ཏུ་བརྟགས་ཏེ་ཤེས་པར་བྱས་ལ། ནད་འབྱང་ཞིང་འཚོ་བའི་ཚུལ་དུ་འཚོ་བའི་དཔྱད་རྟག་ཏུ་གྱིས་ཤིག །ལུས་ལ་བད་ཀན་དང༌། མཁྲིས་པ་དང༌། རླུང་གང་དང་གང་ན་གནས་པ་དང༌། རླུང་དང་བད་ཀན་དང༌། མཁྲིས་པ་ལ་སོ་སོའི་ནད་དམིགས་ཅིར་གྱུར་པ་བསྟན་པའི་ལེའུ་བཅུ་གཉིས་པ་རྫོགས་སོ།། །།རླུང་ནད་དང་མཁྲིས་པའི་ནད་དང་བད་ཀང་ཡི་ནད་གསོ་ཐབས་བསྟན་པའི་ལེའུ་བཅུ་གསུམ་པ་བཤད་པར་བྱའོ། །དེ་ལ་རླུང་ནད་དུ་གྱུར་པ་ལ་གས་བའི་ཐབས་ནི། མར་དང༌། རྐང་དང༌། ཚིལ་དང༌། ཏིལ་མར་དང་བཞི་པོ་འདི་དག་ནི་སྙམ་ཞེས་བྱའོ། །འདི་དག་དང་ཡང་རླུང་འབྱིན་པ་ལུམས་དང༌། དུགས་
དང། གཏང་བའི་དུགས་དང༌། བཀྲུ་སྨན་འཇམ་པོས་བཀྲུ་བ་དང༌། ལུས་མཉེ་བ་དང༌། ལག་པས་རྐང་ལག་དང་ལུས་ལ་གཅུ་ཞིང་སྐོར་བ་དང༌། ཟས་མངར་བག་དང༌། སྐྱུར་བག་དང༌། ལན་ཚྭ་དང༌། དྲོད་བག་གི་ཁ་ཟས་དེ་ལྟ་བུར་སྦྱར་ཏེ་སྦྱིན་པ་དང༌། ཐབས་གཞན་ཡང་དངས་པར་བྱ་བ་དང༌། སྨན་ཨེ་རཎྜ་དང༌། ཉེའུ་ཤིང་དང༌། གཟེ་མ་ལ་སོགས་པ་བསྐོལ་བའི་ཆུས་ལུས་བཀྲུ་ཞིང་ཆུ་དྲོན་གྱི་ནང་དུ་གཞུག་པ་དང༌། ཁ་ཟས་སྣུམ་བག་བསོད་པ་ཟོས་པའི་འཚལ་ནན་ནི་འབྲས་ཆང་དང༌། བུ་རམ་ཆང་དང༌། གྲོ་ཆང་བཟང་ངོ༌། །རླུང་ནད་ལ་ཕན་པའི་སྨན་མས་གཏོང་བ་སྣུམ་བག་དྲོན་པོར་སྦྱར་ལ་བདེ་ཞིང་ཕན་པར་བྱ་བའི་ཕྱིར་རྟག་ཏུ་གཏང་ངོ༌། །ཁ་ཟས་ཀྱི་ཆོ་ག་ནི་ཤ་ཚོན་པོ་དང༌། དྲོད་ཆེ་ཞིང་འཇུ་བའི་སྦོད་སྨན་དང༌། སྣུམ་བག་སྣ་དུ་མར་སྦྱར་ཏེ་ཆོས་པར་གདུས་པའི་ཁུ་བའི་བཅུད་དེ་ལྟ་བུ་བཟའོ། །རླུང་ནད་ལ་ནི་ཏིལ་མར་དང་སྤྱར་ཏེ་སྨན་བཅོས་པ་མས་བཏང་ན་མཆོག་ཏུ་ཕན་ནོ། །མཁྲིས་པའི་ནད་ལ་ནི་བཀྲུ་སྨན་མངར་ཞིང་བསིལ་བས་བཀྲུའོ། །ཁ་ཟས་ནི་མངར་ཞིང་ཁ་བ་དང༌། བསྐ་བའི་ཁ་ཟས་སྨན་དེ་ལྟ་བུ་བཟའོ། །སྐོམ་ནི་འོ་མ་དང་མར་ཁུ་སྦྱར་བ་དང༌། ཁ་རའི་ཆུ་སྐོམ་དུ་བཟང་ངོ༌། །ག་པུར་དང༌། ཙན་དན་དང༌། ལི་ཤི་ལ་སོགས་པ་ལ་བསིལ་ཞིང་དྲི་ཞིམ་པའི་སྦོས་བཟང་པོ་དང༌། མེ་ཏོག་དེ་ལྟ་བུ་བསྣམ་ཞིང་ལུས་ལ་བྱུག་པ་དང་གདགས་པར་བྱའོ། །མགུལ་དོ་དོ་ཤལ་དང༌། སེ་མོ་དོ་དང༌། ནོར་བུ་རྣམས་མགུལ་དང་བྲང་ལ་བཅང་ཞིང་གདགས་སོ། །ཉིན་པར་ནི་རྟག་ཏུ་ག་པུར་དང༌། ཙན་དན་དང༌། སྨན་ཨུ་ཤིར་དང༌། འདི་རྣམས་ཞིབ་ཏུ་བཏགས་པའི་འདེ་གུས་སྐད་ཅིག་ཅིང་ལུས་ལ་རྒྱུན་ཏུ་བསྐུའོ། །མཚན་མོ་ནི་སྔ་གང་ཞལ་ཞལ་དཀར་པོར་བྱས་ལ། །བསིལ་བའི་གནང་དུ་ཟླ་བའི་ཉི་ངོ་ལ་འདུག་ལ། དྲུང་དུ་གླུ་སྙན་པ་ཡིད་དུ་འོང་བ་ལེན་དུ་བཅུག་ལ། སེར་བུ་བསིལ་བའི་ངད་ལྡང་བ་ལུས་ལ་བབ་པར་བྱ་ཞིང༌། གྲོགས་པོ་བདེ་བ་བག་ཕེབས་པ་དང༌། ཉམས་རངས་སུ་འདུག་ཅིང་བུ་ལ་གཞོན་སྐད་ཀྱིས་ཚིག་ཉམས་རངས་སུ་སྨྲའོ། །བདག་གི་ཆུང་མ་ཡིད་དུ་འོང་ཞིང་ཡོན་ཏན་གྱིས་བརྒྱན་པ། ཁྱོའི་ཡིད་བཞིན་དུ་བྱེད་པ་དེ་ལྟ་བུས་
རིམ་གྲོ་བྱ་ཞིང༌། ཉིན་པར་ཚ་བའི་ཚེ་ཁང་པ་བསིལ་བ་ཁང་པ་ཉིས་རིམ་གྱི་ནང་ན་འདུག་ཅིང༌། ཆུ་གྲང་མོ་བསིལ་བ་རྒྱུན་འབབ་དུ་བླུགས་པ་དང༌། སྐྱེད་མོས་ཚལ་གྱི་ནང་ན་རྫིང་བུ་བཟང་པོ་རྒྱ་ཆེ་བ། ཆུ་བསིལ་བ་སྟེགས་ལེགས་པར་བཅས་པ་དང༌། བྱེ་མའི་བསིལ་བ་ཡོད་པའི་དྲུང་དུ་འདུག་ཅིང༌། ཆུ་འགྲམ་ན་པདྨོ་བཟང་པོ་འཁྲུངས་པའི་དྲུང་ན་རྒྱ་སབ་ཀྱི་བསིལ་ཁང་ཕུབ་པ། མེ་ཏོག་དང་འབྲས་བུ་ཡོད་པའི་ཤིང་གི་ཡལ་ག་མང་པོ་ཐིབ་པོར་ཆགས་པའི་གནས་བསིལ་བ་དེ་ལྟ་བུ་ན་འདུག་ཅིང༌། ཁ་ཟས་བསིལ་བ་འོ་མ་དང་མར་དག་བཟའོ། །ཡོང་ནི་ཚ་བའི་ནད་ལ་མཆོག་ཏུ་བཀྲུ་སྨན་བསིལ་བས་སྦྲུས་པ་བཟའོ། །བད་ཀན་རྒྱས་པའི་ནད་ལ་ནི་སྐྱུག་སྨན་དང་བཀྲུ་སྨན་རྣོན་པོས་སྒྱུག་ཅིང་བཀྲུའོ། །ཁ་ཟས་ནི་རྩུབ་པ་ཆུང་བ། །རྣོ་བ་དྲོད་ཆེ་བ། །ཚ་བ་དང༌། བསྐ་བ་དེ་ལྟ་བུའི་ཟས་དང་སྨན་སྦྱིན་ནོ། །འཚལ་ནན་ནི་ཡུན་རིང་པོར་གཞག་གཞག་པ་བཏུང༌། མཚན་མོ་གཉིད་ཀྱིས་མི་ལོག་པ་དང༌། བུད་མེད་དང་ཉེ་བར་བྱ། ལུས་བཅག་ཅིང་སྦྱང་བ་དང༌། བསིལ་བ་རྣམ་པ་སྣ་ཚོགས་བྱ། ལུས་ལ་རྩུབ་པོས་མཉེ། སེམས་ལས་བསྐྱེད། བད་ཀན་རྒྱས་པ་ལ་ནི་མཆོག་ཏུ་སྐྱུག་སྨན་ཕན་ནོ། །ཆུ་ཚན་བསྐོལ་བ་ཚན་པོ་འཐུངས་ན་བད་ཀན་འབྲི། སྦྲང་རྩི་དང་སྨན་རྩུབ་པོར་སྦྱར་ཏེ་ཟོས་ན་བད་ཀན་དང་ཚིལ་ཐད་པར་འགྱུར་རོ། །ཟས་སྨྱུང་བར་བྱ་བ་དང༌། དུད་པས་བདུག་པ་དང༌། སྨན་བཙོས་པའི་ཁུ་བ་ཁར་གཞག་ཅིང་བོ་བ་དང༌། ཐབས་འདི་ལྟ་བུ་བྱས་ན་བད་ཀན་གྱི་ནད་ཕྱིན་ཏེ་བདེ་བར་འགྱུར། རླུང་ནད་དང༌། མཁྲིས་པའི་ནད་དང༌། བད་ཀན་གྱི་ནད་བསལ་ཞིང་གསོ་བའི་ཐབས་ནི་དེ་ལྟར་བསྟན་པ་ཡིན་ནོ། །ཡང་རླུང་ནད་དང༌། བད་ཀན་གྱི་ནད་དུ་འདོམ་མམ། མཁྲིས་པ་དང་རླུང་ནད་དུ་འདོམ་མམ། རླུང་ནད་བད་ཀན་དུ་འདོམ་ཡང་རུང༌། ནད་འདི་སྣ་གཉིས་སུ་འདྲེས་པ་འདི་ལྟ་བུ་དང༌། རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཆར་གྱི་ནད་འདྲེས་པར་གྱུར་བ་དེ་ལྟ་བུ་ལ་འདྲེས་པའི་ནད་དང༌། འདུས་པའི་ནད་སོ་སོར་ཚུལ་བཞིན་དུ་བརྟག་ཅིང་དཔྱད་དོ། །དཔྱིད་དང་སོས་ཀ་དང་སྟོན་གྱི་ཆོ་བད་ཀན་དང་མཁྲིས་པ་ལ་སོགས་པའི་ནད་
ལངས་ན། །གོས་བའི་དཔྱད་བྱ་བ་དཔྱིད་ཀྱི་དུས་ན་བད་ཀན་གྱི་ནད་ལངས་པའི་ཚེ། བད་ཀན་གྱི་ནད་ཟླ་ལ་རླུང་ནད་ཀྱང་གཡོས་ཏེ། དེ་གཉིས་ལྷན་ཅིག་ཏུ་འབྱུང་བ་ཡིན་མོད་ཀྱི། དཔྱིད་བད་ཀན་གྱི་ནད་གསོས་ན་རླུང་ནད་ཀྱང་དའི་ཟླ་ལ་ཞི་བར་འགྱུར་རོ། །སོས་ཀའི་ཚེ་ཚ་ཆེས་ཏེ་ཕལ་ཆེར་མཁྲིས་པའི་ནད་མང་དུ་ལྡང་སྟེ། དེའི་ཟླ་ལ་རླུང་ནད་ཀྱང་འབྱུང་མོད་ཀྱི་མཁྲིས་པའི་ནད་གསོས་ན་རླུང་ནད་ཀྱང་ཞི་བར་འགྱུར་རོ། །སྟོན་ཀ་མཁྲིས་པའི་ནད་ལྡང་བའི་དུས་ལ་བབ་སྟེ། དེའི་ཟླ་ལ་རླུང་ནད་ཀྱང་ལངས་ཏེ། གཉིས་ཀ་ལྷན་ཅིག་ཏུ་འདོམ་མོད་ཀྱི། མཁྲིས་པའི་ནད་གསོས་ན། རླུང་ནད་ཀྱང་ཞར་ལ་ཞི་བར་འགྱུར་རོ། །ཡོང་ནི་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱི་ནད་དང་པོ་ནད་དཀྱེལ་དུ་སྩོགས་པ་ཉིད་ཀྱི་ཚེ་ན། བསྩལ་ཏེ་ནད་ཞི་བར་བྱས་ན་བཟང་ངོ༌། །གལ་ཏེ་སྔར་དེ་ལྟར་ནད་སེལ་མ་ནུས་ཡང༌། རླུང་དང་བད་ཀན་དང་མཁྲིས་པའི་ནད་གར་ཡང་རུང་བ་ལངས་ཤིང་གཡོས་པའི་ཚེ། ནད་ནང་མ་འདོམ་ན་སོ་སོའི་ཐབས་བཞིན་དུ་གསོས་ཤིག །གལ་ཏེ་རླུང་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནད་ཐམས་ཅད་ཅིག་ཅར་འདོམ་ཞིང་ན་སྟ་མི་བདེ་ན། རླུང་ནད་དང་མཁྲིས་པའི་ནད་གང་ཚབས་ཆེ་བ་དེ་ལྟར་གསོ་ཞིང༌། ནད་ཚབས་མི་ཆེ་བ་ལྷག་མ་གཞན་ལ་ཡང་མི་ལྡང་བ་དེ་ལྟ་བུའི་ཐབས་སུ་གསོའོ། །ནད་བསལ་ཞིང་གསོ་བའི་ཐབས་ནི་ནད་དམིགས་གང་མི་བདེ་བ་ཡང་གསོས་ཤིང་ཞི་བར་བྱེད་ལ། ནད་གཞན་ཡང་མི་ལྡང་བར་བྱའོ། །ཡང་ལ་ལ་ནད་ལངས་པ་ནི་དུ་བ་ཅིང་གསོས་པར་མི་ནུས་ལ། ནད་གསར་ལྡང་ཐབས་སུ་སློང་བར་བྱེད་པ་དེ་ལྟ་བུ་ནི་དཔྱད་ངན་པ་མི་མཁས་པ་ཞེས་བྱའོ། །དཔྱད་མཁས་པ་ནི་ནད་གང་མི་བདེ་བ་དེ་ཡང་གསོས་པར་བྱེད་ལ། ནད་གཞན་ལྡང་བའི་ཉེན་དུ་མི་འགྱུར་བར་ནུས་པ་དེ་ནི་མཁས་པ་ཞེས་བྱའོ། །རླུང་ནད་ལ་གསོས་པར་འགྱུར་བའི་ཚུལ་ནི་ལས་དྲག་ཤུལ་ལྟ་བུ་བྱས་པ་དང༌། ཟས་དྲོད་ཆེ་བ་ལྟ་བུའི་བག་ཟོས་པ་དང༌། ཚ་བའི་བག་ཟོས་པ་དང༌། གནོད་པར་འགྱུར་བ་རྣམས་བྱས་པ། ནད་ལུས་ཀྱི་ཁོང་ན་ཡོད་པ་རྣམས་དཀྱེལ་སྐྱེས་ནས། ལུས་ཀྱི་ཡན་ལག་དང༌། རུས་པ་
དང། གནས་ལ་སོགས་པ་ཀུན་གྱི་ནད་དུ་རླུང་ནད་ལ་སོགས་པ་འགྲོ་ཞིང་འཇུག་པར་འགྱུར་རོ། །དེ་ལྟ་བུའི་རླུང་ནད་ལ་སོགས་ཞུགས་པར་གྱུར་ནས། ནད་དཀྱེལ་སྐྱེས་པ་ཡང་སྐྱུག་སྨན་དང་བཀྲུ་སྨན་ལ་སོགས་པས་རྩ་སྒོ་ཐམས་ཅད་ནས་ནད་བཀྲུ་སྟེ། བསལ་ན་ནད་དཀྱེལ་སྐྱེས་པ་དེ་བཀྲུས་ཤིང་གཟགས་པ་དང༌། སྦྱངས་ཤིང་བསལ་དུ་རུང་བར་སྨིན་པར་བྱས་པ་དང༌། འདི་རྣམས་ཀྱིས་ནད་རྩེ་གཞིལ་ཞིང་ནད་ཁོང་དུ་བསྡུ་བར་བྱའོ། །རླུང་རྩེ་བཅིལ་ཏེ་ཁོང་ན་གནས་པ་དེ་ཡང་རང་གཏན་ནས་མ་ཕྱིན་ཅིང་འདུག་ན། ནད་དེ་ལྡང་བར་འདུག་པའི་རྒྱུ་ཁ་ཟས་མི། འཕྲོད་པ་དང༌། ནམ་མ་འཕྲད་ཀྱི་བར་དུ་ཁོང་ན་སྣོད་ཅིང་ཐོགས་ཏེ། རླུང་ནད་ལ་སོགས་པ་སློང་བའི་གཞི་ཁ་ཟས་མི་འཕྲོས་པ་དང༌། དཔྱིད་དང༌། དབྱར་སྟོན་དང༌། དགུན་ནད་ལ་སོགས་པ་ནད་སོ་སོའི་ལྡང་བའི་དུས་ཀྱི་སྟོབས་དང་ལྡན་པར་གྱུར་ན་ཡང་ནད་ལའོ། །ཡང་ན་སོ་སོའི་ནད་ལྡང་བའི་དུས་སུ་ཟས་མི་འཕྲོད་པ་ཆེར་ཟོས་སམ། །དེ་བསྟེན་པའི་རྐྱེན་གྱིས་དུས་ཀྱི་ནང་མ་ཡིན་པ་མཁྲིས་པ་དང་བད་ཀན་གཞན་ལ་སོགས་པ་ཡང་ལྡང་ངོ༌། །གཞན་ཡང་ནད་ལྡང་བའི་རླུང་ངམ་མཁྲིས་པ་ལྟ་བུའི་ལན་བོན་གྱིས་བད་ཀན་གྱི་ནད་ལྟ་བུ་ཡང་གཅིག་ལ་གཅིག་བརྟེན་ནས་ལྡང་ངོ། །དེ་ལ་ཡང་བད་ཀན་གྱི་སར་རླུང་ནད་ཞུགས་སམ། མཁྲིས་པའི་སར་རླུང་ནད་ཞུགས་སམ། རླུང་གི་སར་མཁྲིས་པའམ། །བད་ཀན་ཞུགས་ཀྱང་རུང་སྟེ། ནང་གླང་ཐབས་སུ་ཞུགས་པ་ནི་མཐུ་ཆེ། སྔ་ན་གནས་པའི་སྙིང་ནི་སྟོབས་ཆུང་ཞིང་ཞན་པར་འགྱུར་ཏེ་མི་བདེ་ན། དེ་ལ་གསོ་བའི་དཔྱད་ནི་སྔ་ན་གནས་པ་གང་ཡང་རུང་བ་དེ་མཐུ་བསྐྱེད་ཅིང་གསོས་ན། གླང་ཐབས་སུ་ཞུགས་པ་ཞར་ལ་ཕྱིན་ཅིང་འབྱང་ངོ༌། །ཡང་ན་ནད་གཞན་གྱི་སར་ནད་གླང་ཐབས་སུ་ཞུགས་པ་དེ་ཉིད་སྨན་དཔྱད་ཆོ་གའི་སྟོབས་ཀྱིས་ནད་བསལ་ཏེ་ཞི་བར་བྱས་ན། བད་ཀན་ནམ་མཁྲིས་པ་རང་གི་ས་ན་གནས་པ་དེ་ནི་གསོ་མི་དགོས་པར་རང་འཚོའོ། །རྩིབ་ལོགས་སམ། གློ་གཡས་གཡོན་ནམ། རྐང་ལག་གཡས་གཡོན་དུ་ནད་ཞུགས་པར་གྱུར་ན་དཀྱེལ་ཆེ་སྟེ། ནད་པ་ཡུན་རིངས་སུ་ཉོན་མོངས་པར་འགྱུར་རོ། །དེ་གསོ་བའི་ཆོ་ག་ཡང་འཕྲལ་དུ་
རིངས་ཐབས་སུ་བྱས་ན། ལུས་དང༌། ཁོང་པ་ནང་གི་མེའི་དྲོད་དང་ཉམས་མཐུ་ལ་གནོད་པར་འགྱུར་གྱིས། རིངས་ཐབས་སུ་ནི་མི་བྱའི། དེ་ནི་སྨན་དང་དཔྱད་ཀྱིས་རྩིབ་ལོགས་གཡས་གཡོན་དང༌། ཡན་ལག་གཡས་ཀྱི་ནད་དེ་ལུས་ཀྱི་ཁོང་དུ་བསྡུ་ཞིང་བརླན་ཏེ་བདེ་བར་བཞི་བར་བྱ་ཞིང་གསོའོ། །དེ་ལྟར་ན་ནད་ཀུན་ཁོང་དུ་འདུས་པ་ཤེས་ནས། ནད་གང་དུ་ཉེ་བར་འོངས་པ་བཞིན་དུ་གྱེན་དུ་སློན་པ་དང༌། ཐུར་དུ་བཀྲུ་བ་དང༌། སྨན་མས་གཏོང་བས་ནད་བསལ་བདེ་ལྟ་བུས་ནད་འབྱང་ངོ༌། །ནད་པ་ཞིག་ན་ནི། རླུང་ངམ་མཁྲིས་པའམ། བད་ཀན་གྱི་ནད་གང་ཡང་རླུང་སྟེ། ནད་རྩེ་མ་གཞིལ་ན། ནད་ཚབས་ཆེ་སྟེ། ནད་མ་སྨིན་པའི་རྟགས་ནི། བུ་ག་དགུ་ནས་འབྱུང་བ་རྣམས་འགག །ཉམས་སྟོབས་ཆུང་ཞིང་ཉམས་ལུས་ལྕི། ལྟོ་བའི་ནང་ན་རླུང་འཁྲུལ་ཞིང་འུ་རུ་རུ་ཟེར། ཁོང་སྙོམ། ཁ་ཟས་མི་འཇུ། བད་ཀན་དང་མཆིལ་མ་མང༌། བཤང་གཅི་སྲིད་ཞིང་འགག །ཁ་ཟས་ཡི་གར་མི་འོང༌། ཁོང་རྨྱ་སྟེ། འདི་ནི་ནད་དོ་ཅོག་གང་གིས་བཏབ་ཀྱང་རུང་སྟེ། རྩེ་མ་གཞི་ལ་ན། མ་ཐུབ་པའི་རྟགས་ཡིན་ནོ། །ནད་ཐབས་འདི་ལྟ་བུ་ལས་བཟློག་ན་ནད་རྩེ་ཞིལ་ཏེ་སྨིན་པ་ཡིན་ནོ། །དེ་ཡང་ཇི་ལྟ་ཞེ་ན། ཁོང་པའི་དྲོད་ཆུང༌། ཉམས་སྟོབས་ཆུང༌། ཁམས་བདུན་པོ་ལ་དང་པོའི་ཁམས་བཅུད་ཅེས་བྱ་བ་ཁོང་དུ་མི་འཇུ། ནང་ཁོང་དུ་དྲོད་ཀྱིས་ཕོ་བའི་ནད་དུ་ཞུགས་ཏེ། དེ་ན་བཅུད་དངས་མ་ཡང་མ་ཞུ་བར་འདུག་པས་ན། དེའི་ཚེ་དེ་ལྟ་བུ་ནི་ནད་རྩེ་ཞིལ་ཏེ་སྨིན་པའི་རྟགས་ཡིན་ནོ། །ནད་ཚབས་པོ་ཆེ་ཞིག་གིས་བཏབ་པའི་སྟེང་དུ་ནད་གླང་ཐབས་གཞན་ཞིག་ཀྱང་བཏབ་སྟེ། རྣམ་པ་གཉིས་སུ་འདོམས་སྟེན་པ་ནི་དཔེར་ཀོ་དྲ་བ་ཞེས་བྱ་བ་ཅི་ཚེ་ལས་དུག་ཏུ་གྱུར་པ་དང་འདྲ་སྟེ། ནད་ཚབས་ཆེན་པོར་གྱུར་པ་ཞེས་བྱའོ། །དེ་ལྟ་བུར་ནད་ཚབས་ཆེན་པོ་དང་འདྲེས་ཤིང་འདོམ་པའི་ནད་ཀྱིས་བཏབ་སྟེ། རླུང་དང་བད་ཀན་དང་མཁྲིས་པ་འདྲེས་པར་གྱུར་ན། ཁམས་བདུན་ལ་ཡང་གནོད་པའི་ནད་དུ་འགྱུར་ཏེ། དེ་ལྟ་བུ་ནི་ནད་སྨིན་པ་བསྔོ་ཞིང་ཚབས་ཆེ་བ་ཞེས་བྱའོ། །དེ་ལྟ་བུའི་ནད་ལས་ནད་གཞན་ཡང་
གསར་དུ་འབྱུང་སྟེ། ལུས་ཐོག་ཐག་ཏུ་ནད་ཞུགས་ཏེ་ན་ན། རྩེ་མ་ཞིལ་བར་དུ་བཀྲུ་སྨན་དང༌། སྐྱུག་སྨན་ལྟ་བུ་མི་བཏང་ངོ༌། །ཇི་ལྟ་ཞེ་ན། ནད་ནང་དུ་ཞུགས་ཏེ་ཕྱིར་མ་ཕྱུང་བ་ནི། དཔེ་ཤིང་ཐོག་མ་སྨིན་པ་ལས་ཁུ་བ་མི་འབྱུང་བ་དང་འདྲ་སྟེ། དེ་ལྟ་བུ་ལ་སྨན་བཏང་ན་ལུས་མ་རུང་བར་འགྱུར་ལ། ནད་ཀྱང་མི་ཕྱིན་ནོ། །དེ་ལྟ་བས་ན་ནད་བསལ་དུ་རུང་བར་སྨིན་ཏེ། རྩེ་ཞིལ་བར་བྱ་བ་དང༌། དྲོད་ཆེ་བའི་བྲས་ཀྱིས་དྲོད་བསྐྱེད་པ་དང༌། རླུང་ནད་ལ་སྣུམ་བག་གིས་བརྟ་བ་དང༌། དུགས་དང་ལུམས་པ་ལ་སོགས་པས་རྩེ་བཅིལ་ཏེ་ནད་བསལ་དུ་རུང་བར་བྱའོ། །ནད་བསལ་དུ་རུང་བར་གྱུར་ནས་ནད་དམིགས་དང་སྦྱར་ལ་ནད་གང་དུ་ཉེ་བར་གྱུར་བ་ལས། གྱེན་དུ་སློན་པ་དང༌། ཐུར་དུ་བཀྲུ་བ་ནད་པའི་ཉམས་སྟོབས་དང་སྦྱར་ལ། བཀྲུ་ཞིང་སློན་པར་འགྱུར་ན། ནད་འབྱུང་བ་ལ་རང་གིས་འབྱུང་དུ་མི་སྣང་བར་རང་གིས་མ་བཀག་ཤིག །གནས་ཏེ་མ་སློན་མ་འཁྲུས་པར་བྱས་ན། དེ་ཉིད་ལས་ནང་དུ་འགྱུར་རོ། །དེ་ལྟར་སྟོད་སྨད་དུ་ནད་འཁྲུས་ཤིང་བྱུང་ནས། །ནད་ཕྱིན་ཕྱིན་གྱི་བར་དུ་ནི། ཅི་ནས་ཀྱང་འཁྲུ་ཞིང་སློན་ལ། ནད་ཕྱིན་ཕྱིན་གྱི་བར་དུ་བསྡད་དོ། །ནད་ཕྱིན་པར་གྱུར་ནས་གདོད་ཕན་པའི་ཁ་ཟས་བཟའོ། ཡང་སྐྱུག་སྨན་དང་བཀྲུ་སྨན་བཏང་བ་ལས། སྨན་འཁྱིལ་ཏེ་མི་འཁྲུ་བར་གྱུར་ན། ནད་འབྱུང་བར་འགྱུར་བརྩེ་གཞིལ་ཞིང་སྨིན་པར་བྱེད་པའི་སྨན་གྱིས་བསལ་དུ་རུང་བར་བྱས་ལ། བློན་པའམ་བཀྲུ་བས་སྦྱང་ངོ༌། །སྐྱུག་སྨན་དང་བཀྲུ་སྨན་གྱིས་སྦྱང་ཞིང༌། བསལ་བའི་དུས་ནི་དབྱར་ཟླ་ཐ་ཆུངས་ཀྱི་ངོ་ལ་རླུང་ནད་བསལ་བའི་དུས་སོ། །སྟོན་ཟླ་ཐ་ཆུངས་ཀྱི་ངོ་ལ་མཁྲིས་པའི་ནད་བསལ་བའི་དུས་ཡིན་ནོ། །དཔྱིད་ཟླ་འབྲིང་པོ་ལ་བད་ཀན་གྱི་ནད་བསལ་བའི་དུས་ཡིན་ཏེ། ནད་སྦྱང་ཞིང་བསལ་བའི་རིམ་པ་ནི་དེ་ལྟ་བུའོ། །དེ་ལ་ནད་དཀྱེལ་དུ་སོགས་པའི་རིམ་པ་ནི་སོས་ཀའི་དུས་དབྱར་ཟླ་ར་བ་དང༌། དབྱར་ཟླ་འབྲིང་པོ་ལ་ཚ་བའི་ནད་མཁྲིས་པ་ནི་ལངས་སོ། །རླུང་ནད་ནི་ཁོང་དུ་སྩོགས་སོ། །དབྱར་གྱི་དུས་ན་དབྱར་ཟླ་ཐ་ཆུངས་དང༌། སྟོན་ཟླར་བའི་དོ་ལ་རླུང་ནད་ནི་ལངས་སོ། །མཁྲིས་པའི་ནད་ནི་སྩོགས་སོ། །
སྟོན་ཟླ་འབྲིང་པོ་དང་སྟོན་ཟླ་ཐ་ཆུངས་ལ་ཚ་བའི་ནད་མཁྲིས་པའི་ནད་ནི་ལངས། གྲང་བའི་རླུང་ནད་ནི་སྩོགས་སོ། །དགུན་སྟོད་དང་དགུན་སྨད་ནི་རླུང་ནད་ནི་ལངས། བད་ཀན་གྱི་ནད་ནི་སོགས་སོ། །དཔྱིད་ནི་བད་ཀན་གྱི་ནད་ལྡང་ངོ༌། །དེ་ལྟར་དུས་རེ་རེ་ལ་ནང་སྩོགས་པ་དང༌། ལྡང་བའི་དམིགས་དང་སྦྱར་ཏེ། དེ་ལ་བད་ཀན་གྱི་ནང་ནི་སྟོད་དུ་སྐྱུག་ཅིང་དྲང་ངོ༌། །མཁྲིས་པའི་ནད་ནི་ཐུར་དུ་བཀྲུའོ། །རླུང་ནད་ནི་སྨན་མས་གཏོང་ཞིང་བསལ་ལོ། །དེ་ལྟ་བས་ན་སོས་ཀ་རབ་ཏུ་ཚ་བའི་དུས་དང༌། དབྱར་ཟླ་རླུང་ནད་ལངས་པའི་དུས་དང༌། དགུན་གྲང་བའི་ཚེ། སོ་སོའི་ནད་ལངས་ཤིང་བསྔོ་བའི་དུས་སུ་སྨན་གྱིས་བཀྲུ་ཞིང་སྒྱུག་ཅིང་དྲང་ངོ༌། །དེ་བས་ན་དགུན་དང་དཔྱིད་ཀྱི་མཚམས། དཔྱིད་དང་སོས་ཀའི་མཚམས། སོས་ཀ་དང་དབྱར་གྱི་མཚམས། དབྱར་སྟོན་དང་དགུན་གྱི་མཚམས་འདི་ལྟ་བུ་སོ་སོའི་ནད་མ་ལངས། མ་བྱུང་བའི་སྐབས་སུ་བཀྲུ་སྨན་དང་སྐྱུག་སྨན་གྱིས་ནད་སྦྱང་ཞིང་བསལ་ན་རྟག་ཏུ་ནད་ཞི་ཞིང་བདེ་བ་ཐ་མལ་པར་གནས་པར་འགྱུར་རོ། །རྟག་པར་མིན་བར་འདོད་ན་ཡང་ཐབས་འདི་ལྟར་གྱིས་ཤིག །ནད་ཀྱི་དབང་དུ་གྱུར་ཏེ་མི་བདེ་བ་ཞིག་ན་ཡང་ཐབས་འདི་ལྟ་བུར་བྱའོ། །སོས་ཀ་དང་དབྱར་དང་དགུན་གྱི་སོ་སོའི་དཔྱད་དང༌། ཆོ་ག་ཚུལ་བཞིན་དུ་ནད་དམིགས་རིམ་པ་དང་སྦྱོར་བ་གྱིས་ཤིག །སོ་སོའི་ཐབས་སྐབས་སུ་སྐྱུག་སྨན་དང་བཀྲུ་སྨན་ལ་སོགས་པ་བཏང་བ་ཆོ་ག་བྱ་བའི་དུས་སུ་མ་བཤོལ་མ་ཡོལ་བར་གྱིས་ཤིག །སྨན་བཏང་ཞིང་བཟའ་བའི་བྱེ་བྲག་བཤད་པ་རྣམ་པ་བཅུ་ལ། ཁ་ཟས་མ་ཟོས་པར་ཁྱེའུ་སུས་ལ་སྨན་གཏང་བ་དང༌། དྲོ་ཁར་སྨན་བཏང་བའི་རྗེས་ལ་ཟན་བཟའ་བ་དང༌། ཟན་ཕྱེད་ཟོས་ནས་སྨན་བཟའ་བ་དང༌། ཟན་ཟོས་སྐོམ་འཐུངས་ཟིན་པའི་རྗེས་ལ། སྨན་གྱིས་མནན་པ་དང༌། ནང་པར་གྱི་ཁྱེའུ་སུས་དང། ཕྱི་འཕྲེད་ཀྱི་ཟས་ཀྱི་བར་ཉི་མའི་གུང་ལ་སྨན་བཏང་བ་དང༌། ཟན་དང་སྨན་སྤག་ཅིང་བཟའ་བ་དང༌། ཡང་དང་ཡང་ཚེག་པུར་བཟའ་བ་དང༌། འབྲས་ཆན་ནམ་ཟན་དང་སྨན་ལྷན་ཅིག་བཙོས་ཏེ་བཟའ་བའམ། ཡང་ན་སོ་སོར་བཙོས་པ་ལས་བསྲེས་ཏེ་བཟའ་བའམ། སྔར་
སྨན་བཏང་ལ་དེའི་རྗེས་ལ་ཁ་ཟས་ཡང་བ་ཅུང་ཟད་ཟོས་ནས་སྨན་བཏང་བ་དང༌། མཚན་མོ་ཉལ་ཀར་སྨན་བཏུང་བ་དང་རྣམ་པ་དེ་བཅུའོ། །ཡང་སྨན་བཏང་ངོ་ཅོག་ཀྱང་ནད་པའི་ནད་དམིགས་པ་དང་སྦྱར་ལ། སྨན་བཏང་བའི་དུས་ལས་མ་གྱུར་པར་བཏང་ངོ༌། །དེ་ལ་ནང་པར་ཁྱེའུ་སུས་ལ་ཁ་ཟས་མ་ཟོས་པར་སྨན་བཟའ་བ་ནི། ནད་པ་ཕོ་བའི་དྲོད་ཆེ་ལ་བེའུ་སྣབས་ཀྱང་མེད་ཕོ་བའི་རྩ་སྒོ་རྣམས་ཀྱང་མ་འགགས་ལ། ནད་པའི་ཉམས་སྟོབས་དང་ལྡན། བད་ཀན་ཤས་ཀྱིས་ཆེ་བའི་མི་དེ་ལྟ་བུ་ལ། སྨན་ཁྱེའུ་སུས་ལ་བཏང་ན་སྨན་གྱི་མཐུ་རབ་ཏུ་ཆེ་བར་འགྱུར་རོ། །དེ་ལ་དྲོ་ཁར་སྨན་བཏང་བའི་རྗེས་ལ་ཟན་བཟའ་བ་ནི། རླུང་ནད་ཨ་པ་ན་ཐུར་དུ་སེལ་བ་ཞེས་བྱ་བའི་ནད་ཀྱིས་བཏབ་པ་བསལ་བ་དང༌། ལུས་ཀྱི་ཉམས་སྟོབས་བསྐྱེད་པ་དང༌། ཟན་ཕྱེད་ཟ་ཞིང་གྲིམས་པར་བྱ་བའི་ཕྱིར་དྲོ་ཁར་སྨན་འཐུངས་པའི་རྗེས་ལ་ཟན་བཟའ་བར་བྱའོ། །ཐན་ཕྱེད་ཟོས་ནས་སྨན་བཟའ་བ་ནི་རླུང་ནད་ལས་མང་ན་མེའི་དྲོད་དང་མཉམ་དུ་གནས་པ་ཞེས་བྱ་བ་ལས་ནད་དུ་གྱུར་པ་དེ་ལྟ་བུ་ལ། ཟན་ཕྱེད་ཟོས་ནས་སྨན་བཏང་ལ། མཇུག་ཀྱང་ཟན་དང་སྐོན་གྱིས་མནན་ཏེ། །ཐབས་འདི་ལྟར་བཏང་ན་རླུང་ནད་དེ་ལྟ་བུའི་ནད་དང༌། ཁོང་པའི་ནང་གི་ནད་རྣམས་དང༌། མཁྲིས་པ་རྒྱས་པའི་ནང་ལ་ཕན་ནོ། །ཟས་ཟོས་སྐོམ་འཐུངས་པའི་རྗེས་ལ་སྨན་གྱིས་མནན་ཅེས་བྱ་བ་ནི། རླུང་ཁྱབ་བྱེད་ཅེས་བྱ་བ་ལས་ནང་དུ་གྱུར་ཏེ་མི་བདེ་བ་དང༌། རླུང་ནད་ཨ་པན་ཞེས་ཐུར་དེ་སེལ་བར་བྱེད་པའི་ནད་ཁྱེའུ་སུས་ལ་སྨན་བཏང་བས་མ་ཕན་པ་དང༌། མཚན་མོ་མི་བདེ་བའི་ནད་མ་ཞི་བ་ལ་ཕན་པར་བྱ་བ་དང༌། རོ་སྟོད་ཡན་ཆད་ལ་བདེ་ཞིང་སྟོབས་མཐུ་བསྐྱེད་པ་དང༌། བད་ཀན་ལས་ནད་དུ་གྱུར་པ་ལ་ཞི་བར་བྱ་བ་དང༌། ཤ་འཚག་སྐྱེ་ཞིང་སྦོམ་པོར་བྱ་བ་འདི་ལྟ་བུ་ལ། ཁ་ཟས་ཀྱི་མཇུག་ལ་སྨན་གྱིས་མནན་ཅིང་བཟའ་སྟེ། དྲོ་ཁའི་ཟས་ཀྱི་མཇུག་དང༌། དགོངས་ཀྱི་ཟན་གྱི་མཇུག་ལ་སྨན་བཟའ་ཞིང་མནན་ཏོ། །ནང་པར་གྱི་ཁྱེའུ་སུས་དང༌། ཕྱི་འཕྲེད་ཀྱི་ཟས་ཀྱི་བར་ཉི་མའི་གུང་ལ་སྨན་བཏང་བ་ཞེས་བྱ་བ་ནི་དྲོད་ཆེས་པ་ལས་ཁྱབ་བྱེད་ཅེས་བྱ་བའི་རླུང་ནད་དུ་གྱུར་ན། ཁྱེའུ་སུས་ཟོས་ཏེ་ཞུ་བ་དང༌།
དྲོ་ཁར་སྨན་ཟོས་ལ། སྨན་དེ་ཞུ་ན་ཕྱི་འཕྲེང་ནུབ་པར་ཟན་བཟའ་བཟའ་བ་ནི། མཚན་མོའི་ཆོ་ག་ཡང་འདི་ལས་ལྷག་པར་བྱ་བ་མེད་དེ་འདིར་འདུས་སོ། །ཟན་ཁམ་ར་དང༌། སྨན་ཐུན་རེ་སྤེལ་ཞིང་བཟའ་བ་ཞེས་བྱ་བ་ནི། སྲོག་ཅེས་བྱ་བའི་རླུང་ལས་ནད་དུ་གྱུར་པ་དང༌། ཕོ་བའི་དྲོད་སྐྱེད་པ་དང༌། བུད་མེད་ལ་ཉལ་ཕོད་པར་བྱ་བ་དང༌། སྙིང་ན་བ་དང༌། སྐྱུགས་པ་བཤད་པ་འདི་ལྟ་བུ་ལ་ཟན་ཁམ་རེ་ཟོས་ཤིང་སྨན་ཅུར་ནིས་ཕྱེ་བའམ། སྨན་འདེ་གུའམ། སྨན་རིལ་བུ་ཐུན་རེ་དང་སྤེལ་ཞིང་བཟའོ། །ཡང་དང་ཡང་ཚེག་བུར་བཟའ་བ་ནི་ཟན་ཟོས་ཀྱང་རུང༌། དབུགས་མི་བདེ་བ་དང་ལུང་པ་ལུ་བ་དང༌། སྐྱིགས་བུས་བཏབ་པ་དང༌། སྐོམ་གྱིས་གདུངས་པ་དང༌། དུག་གིས་ཕོག་པ་དང༌། སྐྱུག་བྲོ་བ་འདི་ལྟ་བུ་ལ་སོགས་པ་སྨན་ཚེག་བུར་ཡང་དང་ཡང་བཟའོ། །འབྲས་ཆན་ནམ་ཟན་དང་སྨན་ལྷན་ཅིག་བཙོས་ཏེ་བཟའ་བའམ། ཡང་ན་སོ་སོར་བཙོས་པ་ལ་བསྲེས་ཏེ་བཟའ་བ་ནི། བྱིས་པ་ཆུང་དུ་སྨན་འཐུང་མི་ནུས་པ་དང༌། སྨན་སྟོབས་ཆུང་ངུས་སྨན་འཐུངས་པ་ལ་ཞན་པ་དང༌། སྨན་དང་ཁ་ཟས་ཡི་གར་མི་འོང་བ་འདི་ལྟ་བུ་དང༌། ལུས་དང་ཡན་ལག་ཐམས་ཅད་ན་བ་ལ་ཁ་ཟས་ཡིད་དུ་འོང་བ་སྣ་ཚོགས་དང༌། སྨན་དུ་སྦྱར་ལ་ལྷན་ཅིག་བཙོས་སམ། སོ་སོ་ན་བཙོས་པ་ལ་སྦྱར་ཏེ་བཟའོ། །སྔར་སྨན་བཏང་ལ་དེའི་རྗེས་ལ་ཁ་ཟས་ཡང་ཅུང་ཟད་ཟོས་ན། ཡང་སྨན་བཟའ་བ་ནི། སྐྱིགས་བུ་དང༌། ལུས་འདར་བ་དང༌། རྐང་ལག་འདར་བ་དང༌། ལུས་སྟོད་སྨད་མི་བདེ་བ་དེ་ལྟ་བུའི་ནད་ལ། སྨན་སྔར་འཐུངས་པ་ཟས་ཡང་བ་དེའི་འོག་ཏུ་ཟོས་ཏེ། དེའི་རྗེས་ལ་སྨན་འཐུངས་ན་ཕན་ནོ། །མཚན་མོ་ཉལ་ཁར་སྨན་བཏང་བ་ནི། མགུལ་པ་ཡན་ཆད་སྟོད་ཀྱི་ནད་ལ་མཚན་མོ་ཉལ་ཁར་སྨན་བཏང་ན་ཕན་ཏེ། དེ་ལ་སྐམ་མམ། ཡང་ན་ཆུ་འཐུངས་པར་མ་གྱུར་ཏམ། ཟས་མ་ཞུའམ། ཡང་ན་བཀྲེས་སམ། ལུས་རྒྱ་ན། མཚན་མོ་ཉལ་ཁར་སྣམ་བཏང་དུ་མི་རུང་ངོ༌། །རླུང་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནང་གསོ་བའི་ཐབས་བཤད་པའི་ལེའུ་སྟེ་བཅུ་གསུམ་པ་རྫོགས་སོ།། །།དེ་ནས་ཡང་ནད་པའི་ཉམས་བརྟ་ཞིང་གསོ་བའི་ཐབས་དང༌། ནད་ཡང་བར་བྱ་བའི་ཕྱིར་ཟས་དབྲི་བ་དང༌། སྨྱུང་བར་བྱ་བ་དང་རྣམ་པ་གཉིས་ཀྱི་ལེའུ་བཅུ་བཞི་པ་བཤད་པར་
བྱའོ། །དཔྱད་རྣམ་པ་གཉིས་སུ་བཤད་པ་དེ་ལ་གཅིག་གིས་ལུས་ཀྱི་ཉམས་འཚག་བརྟས་པར་བྱའོ། །རྣམ་པ་གཉིས་པོས་ནི་ལུས་ཉམས་འཚག་སྨན་ཅིང་ཤད་པྲི་བར་བྱའོ། །དེ་ལ་ཉམས་འཚག་བརྟས་པར་བྱ་བ་ནི་ཤ་འཚག་རྒྱས་པ་ཚོན་པོར་བྱའོ། །ཉམས་འཚག་སྨད་དེ་སྐེམ་པོར་བྱ་བ་ནི་ཟས་དབྲི་ཞིང་བསྡམ་པ་སྨྱུང་བ་ལྟ་བུར་བྱས་པས། ལུས་ཤ་དབྲི་སྟེ་ཁོང་ཡང་བར་བྱ་བ་ཡིན་ནོ། །དེ་ཡང་ཡོད་ནི་ཕལ་ཆེར་ལུས་ཀྱི་རང་བཞིན་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་རང་བཞིན་ཡིན་ཏེ། འདི་རྣམ་པར་བསྐྱེད་པ་དང་དབྲི་བའོ། །ཆེན་པོ་ལྔ་པོ་འདི་རྣམས་ལ་དཔྱད་དུ་བྱ་བ། ཁོང་སྣུམ་པ་དང༌། ལུས་ཀྱི་ཁོང་རྩུབ་པར་བྱ་བའོ། །ལུས་དེ་ལ་ཡང་དུགས་དང་ལུམས་བྱ་བའི་ཆོ་གས་ནད་ཀྱི་རྩེ་གཞིལ་བར་བྱ་བའི་དཔྱད་ཀྱང་བྱའོ། །ཆེན་པོ་ལྔའི་ལུས་ལ་དཔྱད་དུ་བྱ་བ་ཡང་རྣམ་པ་གཉིས་ཏེ། ལུས་ཀྱི་ནད་བཀྲུ་ཞིང་སྦྱང་བ་དང༌། ཞི་བར་བྱའོ། །བཀྲུ་ཞིང་སྦྱང་བ་ནི་ནད་ཕྱིར་སེལ་བ་སྟེ། དེ་ཡང་རྣམ་པ་ལྔའོ། །ལྔ་གང་ཞེ་ན། སྨན་མས་བཏང་སྟེ་ནད་བསལ་བ་དང༌། སྐྱུག་སྨན་བཏང་བ་དང༌། ཁོང་བའི་ལུས་ནད་བཀྲུ་བ་དང༌། མགོ་བོའི་ནད་རྣམས་སྣམ་སྣ་ནས་བཏང་ཞིང་བསལ་བ་དང༌། གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང་ལྔའོ། །ནད་ཞི་བར་བྱེད་པ་ནི་ནད་སེལ་ཅིང་འཁྲུ་བར་བྱེད་པ་ཡང་མ་ཡིན་ཏེ། འཕྲོད་ཅིང་སྙོམས་ཏེ་བདེ་བ་ལས་གནོད་པར་ཡང་མི་བྱེད། །རླུང་དང་བད་ཀན་དང་མཁྲིས་པ་རྣམས་མ་སྙོམས་ཏེ་ནང་དུ་གྱུར་པ་རྣམས་དུག་ཞི་ནས་ནང་འཕྲོད་ཅིང་སྙོམས་པར་བྱེད་པ་དེ་ལ་ནད་ཞི་བར་བྱེད་པ་ཞེས་བྱ་སྟེ། དེ་ཡང་རྣམ་པ་བདུན་དུ་བལྟའོ། །དེ་གང་ཞེན། དྲོད་ཆེ་བའི་འཇུ་སྨན་གྱིས་ནད་བསལ་དུ་རུང་བ་འཇུ་བར་བྱ་བ་དང༌། ཕོ་བའི་མེ་དྲོད་བསྐྱེད་པ་དང༌། བྲུ་བ་ཚ་བར་བྱ་བ་དང༌། སྐོམ་པར་བྱ་བ་དང༌། ལུས་བསིག་ཅིང་བཅག་པ་དང༌། ཉི་མ་ཚ་བ་ལ་འདེ་བ་དང༌། ཚ་བའི་ནད་ལ་སེར་བུ་བསིལ་བ་དང་སྦྱར་བ་འདི་དག་ནི་འཕྲལ་དུ་ནད་དུབ་ཅིང་ཞི་བར་བྱ་བ་ཡིན་ནོ། །རླུང་ནད་དང༌། མཁྲིས་པའི་ནད་གཉིས་ལ་ནི་བརྟ་བའི་ཆོ་ག་དང༌། དུབ་ཅིང་ཞི་བར་བྱ་བའི་དཔྱད་བྱའོ། །ཟས་དང་སྨན་གྱིས་ལུས་བརྟ་བར་བྱ་བ་ནི་ཆང་ནད་ཀྱིས་བཏབ་སྟེ་ཉམ་ཆུང་བ་དང༌། བུད་མེད་ཀྱིས་དུབ་པ་དང༌། མྱ་ངན་གྱིས་ཤ་ཟད་པ་དང༌། ལུས་ཁུར་གྱིས་རྐེ་བ་དང༌། ལམ་རིངས་ཀྱི་རྒྱུན་
གྱིས་ཆད་པ་དང༌། གློ་རྡོལ་བ་དང༌། ལུས་སྐེམ་ཞིང་རིད་པ་དང༌། ཁོང་ན་སྣུམ་མེད་དེ་ལས་རྩུབ་པ་དང༌། ཉམ་ཆུང་བ་དང༌། རླུང་གི་ཤས་ཆེ་བ་དང༌། ལྟོ་ན་བུ་ཡོད་དེ་ཉམ་ཆུང་བ་དང༌། བྲུ་བཙས་པ་དང༌། བྱིས་ཆུང་ངུ་དང༌། མི་རྒན་པོ་སྦབས་ཆུང་དུ་འདི་ལྟ་བུ་དང༌། སོས་ཀ་ཚ་བའི་དུས་འདི་ལྟ་བུ་ལ་ལུས་བརྟ་བའི་ཆོ་ག་བྱའོ། །དེ་ལ་ལུས་བརྟ་བ་ནི་ཤ་དང་འོ་མ་དང༌། མར་དང༌། མངར་བག་དང༌། སྣུམ་བག་དང༌། ཀི་ཁ་ར་དཀར་པོ་དང༌། སྨན་མས་གཏོང་བ་འདི་དག་གིས་ཁོང་བརྟ་ཞིང་ཉམས་འཚག་བསྐྱེད་ལ། ཡང་ལུས་ལ་ཕན་པ་མཚན་མོ་མལ་ན་གཉིད་བདེ་བར་ལོག་པར་བྱ། ལུས་ལ་མར་གྱིས་བྱུག་ཅིང་མཉེས་ཏེ། ཆུ་དྲོན་པོས་ཁྲུས་བྱ་བ་དང༌། ཉམས་བག་ཏུ་བདེ་བར་འདུག་པ་དང༌། ཉམས་དགའ་བར་བྱ་བ་འདི་ལྟ་བུས་ལུས་བརྟའོ། །ཡང་ལུས་ཀྱི་ཤ་འཚག་ཉམས་སྨད་ཅིང་འབྲི་བར་བྱ་བ་ནི། གཅིན་སྙི་བའི་ནད་དང༌། ཕོ་བའི་ནང་བེའུ་སྣབས་ཡོད་དེ་མཆིན་པ་ན་བ་དང༌། ཟས་སྣུམ་བག་ཧ་ཅང་ཟོས་སམ། ལུས་ཀྱི་ཁོང་སྣུམ་ཆེས་སམ། རིམས་ཀྱིས་བཏབ་བམ། བརླ་རེངས་པའི་ནད་ཡོད་དམ། མཛེས་བཏབ་བམ། ཤུ་ཆེན་མཆེད་པའམ། ཁོང་འབྲས་དང༌། མཆེར་པ་ན་བ་དང༌། ཀླད་པ་ན་བ་དང༌། ཀློག་མན་བ་དང༌། མིག་ན་བ་དང༌། ལུས་ཤ་བསྐྱེད་དེ་སྦོམ་པོར་འགྱུར་བ་དང༌། འདི་ལྟ་བུ་དང༌། དགུན་སྟོད་ཀྱི་ཆི་ཚེ་ལྟ་བུ་རྟ་གཏུ་ཟས་བསྣམས་ཤིང་ཁ་ཟས་དབྲི་བ་དང༌། སྨྱུང་བར་བྱའོ། །དེ་ལ་སྨན་གྱིས་རྟག་ཏུ་བཀྲུ་ཞིང་སྦྱང་བ་ནི་ལུས་ཧ་ཅང་ཤ་ཆེ་ཞིང་སྦོན་པ་དང༌། ཉམས་སྟོབས་ཆེ་བའི་མི་དང༌། ཚ་བ་མཁྲིས་པ་རྒྱས་པའི་མི་དང༌། བད་ཀན་རྒྱས་ཏེ་ཆེ་བ་དང༌། ཕོ་བའི་ནད་ན་བེའུ་སྣབས་ཡོད་པས་ཟས་མི་འཇུ་སྟེ་མཆིན་པ་ན་བ་དང༌། རིམས་ན་བ་དང༌། རྟག་ཏུ་སློན་ཞིང་སྐྱུག་བྲོ་བ་དང༌། ཚད་པ་རབ་ཏུ་འཁྲུ་བའི་ནད་དང༌། སྙིང་ན་བ་དང༌། བཤང་གཅི་འགགས་པ་སྟེ་འོང་དུ་མི་རུང་བ་དང༌། ལུས་དང་ཁོ་ལྕི་བ་དང༌། སྒྲེགས་པ་རྟག་ཏུ་འོང་བ་དང༌། ཡི་ག་འཆུས་ཤིང་དོང་ག་མི་བདེ་བ་ལ་སོགས་པ་ལ། བཀྲུ་སྨན་དང་སྐྱུག་སྨན་དྲག་ཏུ་ཆེར་བཏང་ངོ༌། །སྨན་གྱིས་རན་པར་བཀྲུ་ཞིང་སྦྱང་བ་བྲིང་ཙམ་དུ་བཏང་བའི་དམིགས་ནི། ཤ་ཆེ་ཆུང་རན་ཙམ་གྱི་མི་ལ་ནི་སྔར་ནད་བཞུ་བའི་སྨན་བཏང་དྲོད་བསྐྱེད་ལ། དེའི་རྗེས་ལ་ནད་ཀྱི་དམིགས་གོང་མ་ལྟར་མི་བདེ་ཞིང་ན་བ་གང་
ཡང་རུང་སྟེ། དེ་ལྟ་བུའི་མི་དང༌། ཡང་ལ་ལ་ཤ་ཆུང་ཞིང་སྐེམ་ལ་ནད་དམིགས་གོང་མ་ལྟར་ན་བ་དེ་རྣམས་ལ། བཀྲུ་ཞིང་སྦྱང་བའི་སྨན་དྲང་དལ་རན་པ་འབྲི་ཙམ་དུ་བཏང་བ་དང༌། ཉམ་ཆུང་ཞིང་རྐེ་བ་ལ་ཐུན་ཆུང་ཞིང་འཇམ་པོར་བཏང་ལ། དེའི་ཚེ་ན་ཁ་ཟས་བསྡམ་ཞིང་སྐོམ་ཐུབ་པར་བྱའོ། །ཡོད་ནི་ནད་པའི་ཉམས་སྟོབས་འབྲིང་ཙམ་ཅིག་ལ་མི་བདེ་ན། དེ་ལ་དཔྱད་བཀྲུ་སྨན་གྱིས་བཀྲུ་ཞིང་སྦྱང་མི་དགོས་ཏེ། དེ་ལྟ་ནུ་ནི་ལུས་བསིག་ཅིང་བཅགས་པ་དང༌། ནད་དམིགས་དང་སྦྱར་ཏེ། རླུང་དང་སེར་བུ་ལས་བསང་བ་གར་ལེགས་པར་བྱའོ། །ཉམས་འཚག་འབྲིང་ལ་ཡང་བཀྲུ་སྨན་ལ་སོགས་པ་མི་བཏང་ན། ནང་པ་ཉམ་ཆུང་བ་ལ་བཀྲུ་སྣམ་འཇམ་པོ་ཡང་བཏང་དུ་ནི་རུང་བ་ལྟ་སྨོས་ཀྱང་ཅི་དགོས་སོ། །ནད་པ་ལུས་ཀྱི་ཉམས་འཚག་སྨད་ཅིང་བྲི་བ་ལྟ་བུ་ཉམས་འཚགས་གསོ་ཞིང་བརྟ་བར་བྱ་བའི་མི་ལ་ནི། ཟས་བསྡམས་པ་དང༌། སྨྱུང་བ་ལ་སོགས་པ་ཅུང་ཟད་ཙམ་བྱར་རུང་ངོ༌། །སྤྱིར་གསོ་ཞིང་ཉམས་འཆག་བརྟ་བའི་དཔྱད་བྱ་བ་དང་སྐྱུག་སྨན་དང་བཀྲུ་སྨན་དང་སྨྱུང་བར་བྱས་ཏེ། ཉམས་འཚག་སྨད་པར་བྱ་བ་ཡང་ཡུལ་དང་སྟོབས་དང༌། དུས་དང༌། མིའི་ན་ཚོད་དང༌། ཉམས་འཚག་དང་སྦྱར་ཏེ། ཧ་ཅང་ཉམས་འབྲི་བ་དང༌། ཧ་ཅང་ཉམས་བརྟ་བ་ཡང་མི་བྱའོ། །དེ་ལས་ལུས་ཀྱི་ཉམས་འཚག་བརྟ་བའི་དཔྱད་བྱ་སྟེ། ཉམས་མཐུ་བརྟས་པར་འགྱུར་པར་མངོན་ཞིང་ཉམས་འཚག་བརྟས། ཤ་སྐྱེས་སྟོབས་དང་ལྡན་པར་གྱུར་ན། མིག་དང་རྣ་བ་ལ་སོགས་པ་དབང་པོ་རྣམས་གསལ། བཤད་གཅིའི་དྲི་མ་མི་སྲི་བར་འབྱུང༌། ལུས་ཁོང་ཡང་ཞིང་བཤོར། ཁ་ཟས་ཡི་གར་འོང་ན་དེ་ལྟ་བུ་ནད་མེད་པར་གསོ་ཞིང་ཆོ་ག་བྱར་རུང་ངོ༌། །ཡང་ཁ་ཟས་བསྡམ་ཞིང་དབྲི་བ་དང་སྨྱུང་བར་བྱས་ན། ཕན་པར་མངོན་པའི་རྟགས་ནི་ཁ་ཟས་ཕྲ་ཞིང་བསྡམས་སམ། སྨྱུང་བར་བྱས་པ་ལས་ཁ་ཟས་ཞུ་སྟེ། བཀྲེས་ཤིང་སྐོམ་པར་འགྱུར་བ་དང༌། ཁོང་གསུང་པའི་སྒྲེགས་པ་མནམ་པོ་མི་ཞིམ་པ་མེད་པ་ཐ་མལ་བར་འབྱུང་ལ་ཁོང་བའི་ནང་སང་སང་པོར་གྱུར་ལ་སེམས་ཀྱང་གསལ། དང་ག་དང་གྲེ་བ་ཡང་སང་སང་པོར་གྱུར་ལ། ན་བ་དང་མི་བདེ་བ་ཡང་རྩེ་ཞིལ་ལ། ཁོང་ཡང་ཞིང་ཅི་བྱའོ་ཅོག་ལ་སེམས་སྤྲོ་བ་ཡོད། མྱོ་མྱོ་པོ་སྙོམ་པའི་བག་མེད་པ་དེ་ལྟ་བུ་ནི་ཁ་ཟས་
སྨྱུང་བ་བྱས་པས་ཕན་པར་མངོན་པ་ཡིན་ནོ། །ཉམས་འཚག་བརྟ་སྟེ་ཤ་བསྐྱེད་པའི་ཆོ་ག་ཚོད་མ་ཟིན་ཏེ་ཧ་ཅང་དྲགས་པས་ཤ་ཧ་ཅང་ཆེར་སྐྱེས་སམ། ཁ་ཟས་བྲི་ཞིང་སྨད་པ་དང༌། སྨྱུང་བར་བྱས་པ་དྲགས་པས་ཧ་ཅང་སྐེམ་པོར་གྱུར་པ་འདི་གཉིས་ལྟ་བུ་ལ་སྨན་དཔྱད་ཀྱི་ཆོ་གར་བྱ་བ་ནི། ཤ་ཆེར་སྐྱེས་པ་དང༌། ཁ་ཟས་སྨྱུང་བར་བྱས་པ་ལས་ནད་ཅིར་གྱུར་པའི་ཚུལ་མངོན་ཏེ། ལུས་ཤ་ཧ་ཅང་ཆེ་ཞིང་ཚོ་བ་ལས་ནི་ནད་འབྲུམ་བུ་དང༌། གཅིན་སྙི་བའི་ནད་དང༌། རིམས་ནད་དང༌། དམུ་རྫིང་ལྟ་བུ་གསུས་པ་ཆེར་སྐྱེས་པའི་ནད་དང༌། བཤང་གཅི་འབྱུང་བའི་མཚམས་སུ་མཚན་པར་རྡོལ་བའི་ནད་དང༌། ལུད་པ་ལུ་བ་དང༌། རིམས་རྨོངས་བུས་འདེབས་པ་དང༌། གཅིན་སྲི་བ་དང་ཕོ་བར་བེའུ་སྣབས་ཆགས་ཏེ་ཟས་མི་འཇུ་བ་དང༌། མཛེ་ལ་སོགས་པའི་ནད་མི་བཟད་པ་རྣམས་འབྱུང་ངོ༌། །དེ་ལ་ཤ་ཆེ་ཞིང་ཚོན་པོ་ནི་ཚལ་ཟད་པར་བྱ་བ་དང༌། རླུང་དང་བད་ཀན་བསལ་བར་བྱ་བ་ལྟ་བུའི་དཔྱང་ཐམས་ཅད་བཟང་ངོ༌། །དེ་ལ་མི་ཚོན་པོ་སྐེམ་པོ་གྲིམས་པར་བྱ་བའི་ཁ་ཟས་ནི། རྒྱ་སྲན་ཀུ་ལངྠ་དང༌། ཛུར་ན་དང༌། ཤ་མ་ཀ་ཁྲེ་རྒོད་དང༌། ནས་དང༌། སྲན་ཆུང་མོན་སྲན་རྡེའུ་དང༌། འདི་རྣམས་གཡོས་སུ་བྱས་བ་བཟང་ཞིང༌། སྐོམ་དུ་ནི་སྦྲང་རྩི་ཆུ་དང་སྦྱར་བ་དང། ཞོ་ག་ཆུ་དང༌། དར་བ་དང་འདི་རྣམས་བཏུང་ངོ༌། །ཡང་སྨན་ཨ་རི་ཏའི་ཁུ་བ་སྐོམ་དུ་བསྣན་པ་བཏུང་ངོ༌། །སེམས་ལས་བསྐྱེད་པ་དང༌། སྐྱུག་སྨན་དང་བཀྲུ་སྨན་བཏང་བ་དང༌། ལུས་བསིག་ཅིང་བཅག་པ་དང༌། མཚན་མོ་གདོད་མི་ཉལ་བར་བྱའོ། །སྨན་ནི་ཨ་རུར་དང༌། བ་རུ་ར་དང༌། སྐྱུ་རུ་རའི་འབྲས་བུ་གསུམ་ཞིབ་ཏུ་བཏགས་ལ། སྦྲང་རྩིའི་འདེ་གུས་སྤྲུས་ཏེ་བཟའོ། །ཡང་སྨན་གུ་རུ་ཅེ་སླེ་ཏྲེས་དང༌། ཨ་རུ་ར་དང༌། གླ་སྒང་ཆེན་པོ་འདི་གསུམ་བཏགས་ཏེ་སྦྲང་རྩིལ་སྦྲུས་པ་བཟའོ། །ཡང་སྨན་ར་ཙན་ཛ་ན་ཞེས་བྱ་བ་སྐྱེར་ཁཎྜ་དང༌། རྩ་བ་ཆེན་པོ་ལྔ་ཞེས་བྱ་བ་ས་ལ་པརྞི་དང༌། ཀྲྀཥྞ་པརྞི་དང༌། བྲི་ཧ་ཏི་དང༌། ཀཎྜ་ཀ་རི་དང༌། གཟེ་མ་དང་འདི་ལྔ་བཏང་ངོ༌། །ཡང་གུ་གུལ་བཏང་བའི་དཔྱད་དང༌། སྨན་བྲག་ཞུན་བཏང་བའི་དཔྱད་བྱའོ། །སྨན་ཨགྣི་མནྠའི་ཁུ་བ་ཡང་བཏང་ན་ཡང་ཤ་འབྲིའོ། །ཡང་སྨན་བྱི་དང་ཀ་དང༌། སྒ་དང༌། ཡ་བཀྵ་ར་ནས་ཚིག་འཁུས་པའི་ཚ་དང༌། ལྕགས་ཀྱི་ཆ་ཚ་ཕྱེ་མ་ནག་པོ་དང༌། ནས་དང༌།
སྐྱུ་རུ་ར་དང༌། འདི་རྣམས་ཕྱེ་མར་བྱས་ལ། སྦྲང་རྩི་དང་སྦྱར་ཏེ་བཏང་ན། ཤ་ཆེ་ཞིང་ཚོ་བའི་ནད་སེལ་ཅིང་ཤ་གྲིམས་པར་འོང་ངོ༌། །ཡང་ཚབ་རྣམ་པ་གསུམ་པོ་བཅའ་སྒ་དང༌། པི་པི་ལིང་དང༌། ན་ལེ་ཤམ་དང༌། ཀ་ཏི་ཏང་དང༌། བ་རུ་ར་དང༌། སྐྱུ་རུར་དང་གསུམ་དང༌། ཤི་ཀྲུ་དང༌། བྱི་དང་ག་དང༌། བོང་ང་དང། སྠིར་དང༌། ཤིང་ཀུན་དང༌། ལན་ཚྭ་ནག་པོ་དང༌། གོ་སྙོད་དང༌། ལ་ལ་ཕུད་དང༌། འུ་སུ་དང༌། ཀྲུ་ཏྲུག་ཏྲེས་དང༌། སྐྱེར་པ་དང༌། ཆུ་རྩི་མ་དང༌། བྲི་ཧ་ཏི་རྣམ་གཉིས་དང༌། སྔ་མའི་འབྲས་བུ་དང༌། པ་ཐ་དང༌། པི་པི་ལིང་གི་རྩ་བ་དང༌། ཆུ་ལས་སྐྱེས་པ་ཀེའུ་ཀ་དང༌། འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་ཆ་སྙོམས་པ་དང༌། སྦྲང་རྩི་དང༌། མར་དང༌། ཏིལ་མར་གསུམ་མཉམ་པར་བྱས་ཏེ། སྨན་འདི་རྣམས་ལས་ནས་ཕྱེ་ཆ་བཅུ་དྲུག་གིས་བསྐྱེད་དི་སྦྱར་བ་འདི་འཐུངས་ན་ལུས་ཤ་རབ་ཏུ་ཆེ་ཞིང་སྦོམ་པོ་དང༌། ལུས་ཤ་ཆེན་པོ་ལས་བྱུང་བའི་ནད་ཐམས་ཅད་དང༌། ནད་གཞན་ཡང་འབྱང་ལ་ཤ་ཡང་གྲིམས་ཤིང་ཕྲ་བར་འོང༌། གཞན་ཡང་སྙིང་ན་བ་དང༌། མིག་སེར་དང༌། ཤ་བཀྲ་དང༌། དབུགས་མི་བདེ་བ་དང༌། ལུད་པ་ལུ་བ་དང༌། ལྐོག་མ་ན་བ་དང་འདི་རྣམས་སེལ་ཏེ་ཕན། ཡིད་རྣོ། ཡིད་གཞུངས་སེམས་དྲན་པ་ལ་ཕན། །ཁོང་པའི་དྲོད་སྐྱེ། ཟས་འཇུ་པ་ལ་ཕན་ནོ། །ཧ་ཅང་ཁ་ཟས་བསྡམ་ཞིང་སྨྱུང་བ་བྱ་བ་དྲགས་པ་དང༌། སྨན་གྱིས་བཀྲུ་ཞིང་སྦྱང་བ་དྲགས་པ་ན། ལུས་ཤ་རབ་ཏུ་སྐེམ། མགོ་འཁོར། ལུད་པ་སྐམ་པོར་འོད། སྐོམ་དང་ཆེ། །ཁ་ཟས་ཡི་གར་མི་འོང་བ་དང༌། ལུས་ཀྱི་ཁོང་ན་ཚིལ་དང་སྣུམ་བག་ཟད་པ་དང༌། ཁོང་པའི་ནང་གི་དྲོད་ཉམས་ཏེ་ཟད། གཉིད་མེད། མིག་རྟུལ། རྣ་བ་མི་གསང༌། ཁུ་ཆུ་ཟད། གཟི་དང་མདངས་ཉམས་ཏེ། ཟས་ཡི་གར་འོང་བ་མི་སྐྱེས། སྐད་འགག །ཆུ་སོ་ཟུག །སྙིང་ན། ཀླད་པ་ན། བྱིན་པ་དང༌། བརླ་ན། དཀུ་དོ་དང་རྩིབ་ལོགས་ན། རླུང་ནད་ལས་གྱུར་པའི་རིམས་ནད་ཀྱིས་འདེབས། །སྨྲ་བའི་ཚིག་མང༌། ལུས་ཀྱི་སྟོད་དུ་རླུང་ནད་འཇུག་སྐྱུག་བྲོ། རུས་པའི་ཚིགས་ཀུན་བཅག་བ་སྙམ་བྱེད་ཅིང་ན། བཤང་གཅི་དྲི་མ་སྲི་བ་ལ་སོགས་པ་འདི་ལྟ་བུ་ནི་ཁ་ཟས་བསྡམས་པ་དང༌། སྨྱུང་བ་དང༌། སྨན་གྱིས་བཀྲུ་ཞིང་སྦྱངས་ཏེ།
སྐེམ་པོར་གྱུར་པ་ལས་ནད་དེ་འདྲ་བར་འགྱུར་རོ། །ཡོང་ནི་ལུས་ཤ་བརྟ་ཞིང་ཚོན་པོར་བྱ་བའམ། སྐེམ་པོར་བྱ་བ་ཡང་རུང་སྟེ། སྐེམ་པར་ནི་ནད་དཀོན་ལ། སྨན་དཔྱད་སླ་སྟེ་རུང་ངོ༌། །ཚོན་པོ་ན་པ་ནི་སྨན་དཔྱད་བྱར་མེད་དེ་མི་རུང་ངོ༌། །ཧ་ཅང་ཚོ་ཆེས་པ་ནི་ཚིལ་ཆེས་པས་ཁོང་པའི་མེའི་དྲོད་ཀྱང་འབྲི། །རླུང་ནད་ཀྱང་སེལ་ཏེ། ཟས་མངར་བག་དང༌། ཟས་སྣུམ་བག་བཟའ་ཞིང་བསོད་པས་ཚིམ་པར་བྱེད་པ་དང༌། བདེ་བ་ཉམས་བག་ཏུ་བྱེད་པས་ནི་ཤ་སྐེམ་པོ་ལས་ཚོན་པོར་འགྱུར་རོ། །དེ་བས་ནན་རྒ་བ་དང༌། ཁ་ཟས་མི་འཕྲོད་མི་མཐུན་པ་བཟའ་བས་ལུས་སྐེམ་ཞིང་རིད་པར་འགྱུར་པ་འདི་ལྟ་བུ་ལ་ལུས་ཤ་སྐྱེས་ཤིང་རྟབ་པར་འགྱུར་བའི་ཁ་ཟས་སྐོམ་ཐམས་ཅད་དང༌། སྨན་བཏང་ཞིང་སེམས་ལས་མེད་པ་ལ་རྟག་ཏུ་སྙིང་དགའ་བར་འདུག་པ་དང༌། རྟག་ཏུ་སྐོམ་འཐུངས་ཤིང་ཉིན་པར་ཉལ་བ་ནི་ཕག་བཞིན་དུ་ཚོན་པོར་འགྱུར་རོ། །ལུས་བརྟས་ཤིང་ཚོན་པོར་བྱ་བ་ནི་ཤ་ལས་ལྷག་པ་ནི་གང་ཡང་མེད་དོ། །དེ་བས་ན་མི་ཚོན་པོ་ཤ་ཕལ་གྱིས་སྙིང་མི་ཚིམ་པ་དང༌། ཤ་འཚག་བརྟ་ཞིང་ཚོན་པོར་བལྟ་བ་དང༌། གཅན་གཞན་དང༌། ཁྲ་ལྟ་བུས་ལུས་གསོས་ཤིང་བསྐྱེད་པའི་ཤ་ལྷག་པར་བཟང་ངོ༌། །སྐེམ་པོར་བྱ་བ་ལ་ཤ་ཡང་བ་ཕན་ནོ། །ནས་དང་གྲོ་ནི་ཚོན་པོ་དང་སྐེམ་པོ་གཉིས་ཀའི་དུས་སུ་བཟང་ངོ༌། །ཡོང་ནི་ནད་ཀྱི་རྣམ་གྲངས་མངས་པས་བརྐུ་སྨན་བཏང་བ་ལ་སོགས་པ་དང༌། འཁྲུ་བ་གཅོད་པ་ལ་སོགས་པ་དཔྱད་མང་པོ་དུ་མ་ཡོད་ཀྱིས་ཀྱང་མདོར་ན་ནད་པ་གསོ་ཞིང་བརྟས་པ་བྱ་བ་དང༌། ཁ་ཟས་བསྡམ་ཞིང་ཤ་བྲི་བར་བྱ་བ་དང༌། སྨན་གྱིས་བཀྲུ་ཞིང་བསལ་བ་དང༌། ཞི་བར་བྱས་བ་གང་ཡང་རུང་དཔྱད་ཀྱི་མདོ་རྣམ་གཉིས་སུ་འདུས་ཏེ། དཔེར་ན་ནད་ཀྱི་རྣམ་གྲངས་བརྒྱ་ཉི་ཤུ་ཡོད་ཀྱིས་ཀྱང༌། ནད་ཐམས་ཅད་ཀྱི་གཞི་ནི་རླུང་དང་བད་ཀན་དང་མཁྲིས་པ་གསུམ་དུ་འདུས་པ་དང་འདྲའོ། །ནད་པ་བརྟ་ཞིང་གསོ་བའི་ཐབས་དང༌། ནད་ཡང་བར་བྱ་བའི་ཕྱིར་ཟས་དབྲི་བའམ་སྨྱུང་བར་བྱ་བ་དང༌། གསོ་བའི་ཐབས་རྣམ་པ་གཉིས་བཤད་པའི་ལེའུ་བཅུ་བཞི་པ་རྫོགས་སོ།། །།