ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ།
ཕ་གོལ།
བཀྲུ་སྨན་དང་སྐྱུག་སྨན་ལ་སོགས་པ་ནད་སྦྱང་བའི་སྨན་སྡེ་སྣ་ཚོགས་འདུས་པར་བཤད་པའི་ལེའུ་བཅོ་ལྔ་པ་བཤད་པར་བྱའོ། །སྐྱུག་སྨན་གྱི་སྡེ་ལ། སྨན་པོ་སོན་ཆ་དང༌། ཤིང་མངར་དང༌། ཀ་ལམ་པ་དང༌། ནིམ་པ་དང༌། བིམ་པི་དང༌། བི་ཤ་ལ་དང༌། ག་གོན་རོ་ཁ་བའི་ཐོར་ཏོ་དང༌། འབྲས་བུ་དང༌། ཨིནྡྲ་ཡ་བ་དུག་མོ་ཡུངས་དང༌། མུར་བ་དང༌། དེ་བ་ཏ་ལི་དང༌། ལྟོའི་སྲིན་བུ་གསོད་པའི་བྱི་ཏང་ག་དང༌། བི་དུ་ལ་དང༌། ཙི་ཏྲ་ཀ། ཀྲུ་དྲུག་ཏྲེས་དང༌། པ་ཏོ་ལའི་ས་བོན་དང༌། ཀ་རཉྫ་དང༌། པི་པི་ལིང་དང༌། ལྕེ་མྱང་ཚ་དང༌། ཤུ་དག་དང༌། སུག་སྨེལ་དང༌། ཡུངས་ཀར་དང༌། འདི་རྣམས་ནི་སྐྱུག་སྨན་དུ་གཏོང་བའི་སྨན་གྱི་སྡེའི་རྣམ་གྲངས་སུ་གཏོགས་སོ། །དེ་ལ་བཀྲུ་སྨན་དུ་གཏོང་པའི་སྨན་ནི། ཏྲི་བི་ད། ཤིང་ཉེ་རོང༌། དན་ཏི་དང༌། འབྲས་བུ་གསུམ་པོ་ཨ་རུ་ར་དང༌། བ་རུ་ར་དང༌། སྐྱུ་རུ་ར་དང༌། བི་ཤ་ལའི་རྩ་བ་དང༌། ཤིང་གི་ཁུ་བ་སྣུ་ཧག་ཤི་ར་དང༌། མེ་ཏོག་ཤང་གི་རི་དང༌། ནི་ལི་དང༌། རོ་དྷ་སེང་ཕྲོམ་དང༌། དོང་ག་དང༌། ཀི་བི་ལྱ་ཀ་དང༌། སུ་བརྞ་ཤི་ར་དང༌། བྱར་ནུ་དང༌། བ་གཅིན་དང༌། འདི་རྣམས་ནི་བཀྲུ་སྨན་དུ་གཏོགས་སོ། །བཀྲུ་སྨན་མས་གཏོང་བའི་སྨན་གྱི་སྣ་གྲངས་ནི། པོ་སོན་ཆ་དང༌། དུག་མོ་
ཡུངས་དང༌། རུ་རྟ་དང༌། དེ་བ་ཏ་ལི་དང༌། ཤིང་མངར་དང༌། ཤུ་དག་དང༌། རྩ་བའི་སྨན་སྣ་བཅུ་ལ། ས་ལ་པརྞི་དང༌། ཀྲྀཥྞ་པརྞི་དང༌། ཀཎྜ་ཀ་རི་དང༌། བྲི་ཧ་ཏི་དང༌། གཟེ་མ་ཐོག་དྲུང་རྩ་ཐོན་དང༌། འདི་རྣམས་ནི་སྨན་གྱི་རྩ་བ་ཕྲ་མོ་ལྔ་ཞེས་བྱའོ། །བིལ་བའི་རྩ་བ་དང༌། ཨག་ནི་མནྠ་དང༌། སྱོ་ན་ཀ་དང༌། ཏང་པལ་དང༌། པ་ཏ་ལི་དང༌། འདི་ལྔའི་རྩ་བ་ནི་རྩ་བ་ཆེན་པོ་ལྔ་ཞེས་བྱ་སྟེ། རྩ་བ་ཆེ་ཕྲ་གཉིས་གཅིག་ཏུ་བསྡུས་པ་ནི་རྩ་བ་བཅུ་ཞེས་བྱ་བ་དང༌། དེ་བ་ད་རུ་ཐང་ཤིང་དང༌། ར་སྣ་དང༌། ཡ་བ་ནི་ལ་ལ་ཕུད་དང༌། ཤ་ཏ་པུཥྤ་ཤ་ཏི་དང༌། ཀྲི་ཏ་བེ་དྷ་ན་དང༌། རྒྱ་སྲན་ནག་པོ་དང༌། སྦྲང་རྩི་དང༌། ལྕེ་མྱང་ཚ་འམ། རྒྱམ་ཚ་ཤིང་ཉེ་རོང་འདི་རྣམས་ནི་བཀྲུ་སྨན་མས་གཏོང་བའི་སྡེ་ཆན་དུ་གཏོགས་སོ། །མགུལ་པ་ཡན་ཆད་མགོའི་ནད་དང༌། མིག་ནད་དང༌། སྣ་ནད་དང༌། ལྐོག་ནང་ལ་སོགས་པ་ཅི་ན་ཡང་རུང་སྟེ། སྨན་སྣ་ནས་བཏང་ཞིང་ནད་སྦྱང་བའི་སྨན་སྡེ་ལ། བེལ་ལ་དང༌། ཨ་པ་མརྒ་དང༌། ཚ་བ་རྣམ་པ་གསུམ་པོ་ན་ལེ་ཤམ་དང༌། ལི་དོང་བྲ་དང༌། པི་པི་ལིང་དང༌། སྐྱེར་པའི་རྩ་བ་དང༌། སུ་ར་ལའི་ས་བོན་དང༌། ཤི་རི་ཤའི་མེ་ཏོག་དང༌། འབྲས་བུ་དང༌། རྩ་བ་དང༌། བྲི་ཧ་ཏིའི་ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་དང༌། སྡོང་བུ་དང༌། རྩ་བ་དང་སྣ་ལྔ་དང༌། ཤི་ཀྲུའི་ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་དང༌། སྡོང་བུ་རྩ་བར་བཅས་པ་ལྔ་དང༌། སེང་ལྡེང་དང༌། ཤིང་མ་དུ་ཀའི་མེ་ཏོག་དང༌། རྒྱམ་ཚ་དང༌། མིག་སྨན་སྐྱེར་ཁཎ་དང༌། ཕ་བོང་གི་དྲེག་པ་དང༌། སུག་སྨེལ་དང༌། ལྡུམ་བུ་པྲིས་རྩི་ཀ་དང༌། སྨན་སྡེ་འདི་རྣམས་ནི་མགུལ་པ་ཡན་ཆད་ཀླད་པའི་ནད་ཐམས་ཅད་སེལ་ཞིང་སྦྱོང་པའི་སྨན་དུ་གཏོགས་སོ། །དེ་ལ་རླུང་ནད་སེལ་ཞིང་ཞི་བར་བྱེད་པའི་སྨན་གྱི་རྣམ་གྲངས་ནི། དེ་བ་ད་རུ་ཐང་ཤིང་དང༌། རྒྱ་སྤོས་དང༌། རུ་རྟ་དང༌། སྨན་གྱི་རྩ་བ་བཅུ་རྣམས་དང༌། བ་ལ་དང༌། ཨ་ཏི་བ་ལ་དང༌། སྨན་བི་ར་ཏ་རའི་སྡེར་གཏོགས་པ་ལ་སོགས་པ་དང༌། སྨན་པི་ད་རའི་སྡེར་གཏོགས་པ་རྣམས་ནི་རླུང་ནད་སེལ་ཏོ། །མཁྲིས་པའི་ནད་ཚ་བ་རྣམས་སེལ་བའི་སྨན་གྱི་སྡེ་ནི། རྩྭ་དཱུར་བ་དང༌། པཱུརྞ་རྣ་བ་དང༌། ནིམ་པ་དང༌། སྨན་བ་ཤ་ཀའི་ལོ་མ་དང༌། རྩ་བའི་བར་དུ་སྣ་ལྔ་དང༌། ཨདྨ་ཀུབ་ཏ་ཁ་སྲལ་ཕྲེའུ་དང༌།
འོལ་མ་སེའི་རྩ་བ་དང༌། ཉེའུ་ཤི་ལ་དང༌། ཤི་ཏ་པ་ཀི་དང༌། གནྡྷ་པྲི་ཡང་ཀུ་དང༌། ཤིང་ནྱ་གྲོ་དྷ་ལ་སོགས་པ་དང༌། ཤིང་ཤུག་པ་དང༌། སྨན་ཐི་ར་རྣམ་གཉིས་དང༌། པདྨའི་ཟེ་བ་དང༌། ཐལ་ཏྲེས་ལ་སོགས་པ་འདི་རྣམས་ནི་མཁྲིས་པའི་ནད་སེལ་ཏོ། །བད་ཀན་གྱི་ནད་རྒྱས་པ་ལ་ནི་དོང་ག་ལ་སོགས་པ་དང༌། ཤིང་ཨརྐ་ལ་སོགས་པའི་ལོ་མ་མེ་ཏོག་སྣ་ལྔར་བཅས་པ་དང༌། ཤིང་མུས་ཀ་ཀ་ལ་སོགས་པ་རྩ་བ་དང་འབྲས་བུར་བཅས་པ་སྣ་ལྔར་བཅས་པ་དང༌། ཤིང་ཨོ་ས་ན་ལ་སོགས་པའི་རྩ་བ་དང༌། འབྲས་བུའི་བར་སྣ་ལྔ་དང༌། བྱེའུ་རུག་པ་ལ་སོགས་པ་དང༌། གླ་སྒང་ཆེན་པོ་ལ་སོགས་པ་དང༌། ཨིནྡྲ་ཡ་བ་དུག་མོ་ཡུངས་ལ་སོགས་པ་སྨན་སྡེ་འདི་རྣམས་བད་ཀན་སེལ་བར་བྱེད་དོ། །སྨན་ཛི་བན་ཏིའི་སྡེར་གཏོགས་པ་ལ། ཛི་བན་ཏི་དང༌། རམ་ཉེ་བ་རྣམ་གཉིས་དང༌། མེ་ད་དང༌། མ་ཧཱ་མེད་རྣམ་གཉིས་དང༌། མོན་སྲན་སྡེའུ་མུངྒ་དང༌། མོན་སྲན་མ་ཤ་གཉིས་ཀྱི་ལོ་མ་དང༌། ལྡུམ་བུ་རི་ཤ་བྷ་ག་ཟངས་རྩི་བ་དང༌། ཛི་བ་ཀ་དང༌། ཤིང་མངར་དང༌། འདི་བཅུའི་མིང་ནི་འཚོ་བྱེད་ཅེས་བྱའོ། །ཡང་ཁར་ཞིམ་ལ་ལུས་ཀྱི་ཤ་འཚག་ཚོན་པོར་བྱེད་ཅིང་རླུང་ནད་དང་མཁྲིས་པའི་ནད་སེལ་བའི་སྨན་སྡེའི་རྣམ་གྲངས་ལ། བི་ད་ར་དང༌། དོང་ག་དང༌། འབྲི་ལྕི་ཀ་ལི་དང༌། པུརྞ་རྣ་བ་དང༌། དེ་བ་དང༌། ས་ཧ་དེ་བ་དང༌། པུ་པ་པར་ནྱ་དང༌། ཁ་སྲལ་དང༌། ཛི་བ་ཏི་ཙ་ཕྲ་མོ་སྣ་བཅུ་དང༌། ཤིང་ཤ་རི་བ་ཐལ་ཏྲེས་ཀྱི་རྩ་བ་དང༌། ལྕུག་མ་དང༌། ཧང་ས་པ་ཏི་དང༌། དེ་ལྟར་འདི་རྣམས་ཀྱི་སྤྱིར་བི་ད་རིའི་གྲངས་སུ་གཏོགས་ཏེ་སྙིང་ལ་ཕན། ཤ་ཚག་བརྟ། རླུང་དང་མཁྲིས་པའི་ནད་སེལ། ལུས་སྐེམ་པ་ཤ་སྐྱེ། སྐྲན་དང་ལྷུ་ཚིགས་དང༌། ཉྭ་གཞི་ན་བ་དང༌། དབུགས་མི་བདེ་བ་དང༌། ལུད་པ་ལུ་བ་དང༌། འདི་རྣམས་སེལ་ཞིང་ཕན་པའི་གྲངས་སུ་གཏོགས་སོ། །ཡང་ལུས་ཚ་བ་དང༌། ཁྲག་དང་མཁྲིས་པ་རྒྱས་ཏེ་སྐོམ་དད་ཆེ་ཞིང་རིམས་ཀྱིས་བཏབ་པ་འདི་རྣམས་སེལ་བའི་སྨན་ནི། ཤིང་ཤ་རི་ར་བ་ཐལ་ཏྲེས་དང༌། ཨུ་ཤི་ར་དང༌། ཀ་མ་རི་དང་པ་ལ། ཤིང་མ་དུ་ཀ་ཞེས་བྱ་བ་དང༌། ཙནྡན་དཀར་པོ་དང༌། དམར་པོ་སྣ་གཉིས་དང༌། ཤིང་མངར་དང༌། བ་རུ་ཤ་ཀ་དང༌།
འདི་རྣམས་ཚ་བའི་ནད་དང་མཁྲིས་པའི་ནད་དང༌། ཁྲག་རྒྱས་པ་དང༌། སྐོམ་དད་ཆེ་བ་དང༌། རིམས་ཀྱིས་བཏབ་པ་ལ་ཕན་ནོ། །ཤིང་ཤུག་པ་དང༌། ལི་ཁ་རའི་ཤིང་པུན་ཏྲ་གཉིས་དང༌། རིད་དྷི་དང༌། བྲིད་དྷི་དང༌། རི་དགས་ཀར་ཀ་ཏའི་རྭ་ཤིང་གི་ཞེས་བྱ་བ་དང་སླེ་ཏྲེས་དང༌། ཛི་བ་ན་སྣ་བཅུ་དང༌། འདི་རྣམས་ནི་ནུ་ཞོ་སྐྱེ། རླུང་ནད་དང༌། མཁྲིས་པའི་ནད་སེལ། ལུས་ཉམ་ཆུང་ཞིང་ཁོང་པ་རྨྱ་བ་ལྟ་བུ་ལ། ཁོང་རྟ། ཤ་ཆེར་སྐྱེ། ཚོ་བར་བྱེད། བུད་མེད་ལ་ཉལ་ཕོད་པར་འགྱུར་རོ། །ཡང་སྨན་པ་རུ་ཤ་ཀ་དང༌། འབྲས་བུ་གསུམ་པོ་ཨ་རུ་ར་དང༌། བ་རུ་ར་དང༌། སྐྱུ་རུ་ར་དང༌། རྒུན་འབྲུམ་དང༌། ཤིང་ནི་རི་ཤི་ཀད་པ་ལའི་ཤུན་པ་དང༌། ཤིང་ཀ་ཏའི་འབྲས་བུ་དང༌། ཤིང་ཏོག་རཱ་ཛ་དང༌། བལ་པོ་སེའུའི་འབྲས་བུ་དང༌། རྒྱ་སྣེའུ་དང་འདི་རྣམས་སྐོམ་དད་ཆེ་བ་དང་ཆུ་སྲི་བ་དང་རླུང་ནད་སེལ་ཏོ། །ཡང་ལིག་བུ་མིག་དང༌། གན་དྷ་པྲི་ཡང་ཀུ་དང༌། སྤང་སྤོས་དང༌། མེ་ཏོག་པདྨ་དང༌། མེ་ཏོག་ཨུཏྤ་ལ་དང༌། སྐྱེར་ཁཎ་དང༌། སུག་སྨེལ་དང༌། ཤིང་མངར་དང༌། ནཱ་ག་གེ་སར་དང༌། འདི་རྣམས་ནི་དུག་ནད་སེལ། ལུས་ཚ་བ་དང་མཁྲིས་པ་རྒྱས་པའི་ནད་སེལ་ཏོ། །པ་ཏོ་ལ་དང༌། ཀ་ཏུ་ཀ་རོ་ཧི་ནི་པུ་ཙེ་ཤེལ་དང༌། ཙནྡན་དཀར་པོ་དང༌། ཤིང་མངར་དང༌། སླེ་ཏྲེས་དང༌། ཤིང་པ་ཐ་དང༌། འདི་རྣམས་ནི། བད་ཀན་དང༌། མཁྲིས་པ་དང༌། མཛེ་དང༌། རིམས་དང༌། དུག་དང༌། རྟག་ཏུ་སྐྱུག་བྲོ་བ་དང༌། ཟས་ཡི་གར་མི་འོང་བ་དང༌། མིག་སེར་གྱི་ནད་དང་འདི་རྣམས་སེལ་ཏོ། །ཡང་གུ་རུ་ཙེ་སླེ་ཏྲེས་དང༌། ཤུག་པ་དང༌། ཤིང་ནིམ་པ་དང༌། འུ་སུའི་འབྲས་བུ་དང༌། ཙནྡན་དམར་པོ་དང༌། འདི་རྣམས་ནི་མཁྲིས་པ་དང༌། བད་ཀན་རྒྱས་པ་དང༌། རིམས་ཀྱིས་བཏབ་པ་དང༌། སྐྱུག་བྲོ་བ་དང༌། ལུས་ཚ་བ་དང༌། སྐོམ་དད་ཆེ་བ་དང༌། ནད་འདི་རྣམས་ཀྱང་སེལ་ཏོ། །ཟས་འཇུ་ཕོ་བའི་དྲོད་སྐྱེ། དོང་ག་དང༌། ཨིནྡྲ་ཡ་བདུག་མོ་ཡུངས་དང༌། པ་ལིའི་མེ་ཏོག་དང༌། ཀ་ཀ་ཏིག་ཏ་དང༌། ནིམ་པ་དང༌། སླེ་ཏྲེས་དང༌། རྩྭ་དཱུར་བ་དང༌། ཤིང་མངར་དང༌། པ་ཐ་དང༌། ཙི་ར་ཏིག་ཏ་ཞེས་བྱ་བ་ཅི་སྐྲིགས་དང༌། ཤིང་ཤེརྒྱ་ཀ་ནཱི་ལ་པུཥྤ་དང་བ་ན་ཞེས་ཀྱང་བྱ་བ་དང༌།
པ་ཏོ་ལ་དང༌། ཀ་ན་ཛ་རྣམ་གཉིས་དང༌། སབ་ཏ་ཚ་ཞེས་བྱ་བ་དང༌། ཤིང་གི་འདབ་མ་རྣམ་བདུན་དང༌། ཙི་ཏྲ་ཀ །ཀྲུ་ཏྲུག་ཏྲེས་དང༌། སུ་ཤ་བི་དང༌། པོ་སོན་ཆ་དང༌། ཤི་བ་ན་དང༌། གོན་ཏ་དང༌། འདི་རྣམས་ཀུན་འདྲ་སྟེ་དོང་ག་ལ་སོགས་པས་སྐྱུགས་པ་གཅོད། མཛེ་དང༌། དུག་དང༌། རིམས་དང༌། བད་ཀན་རྒྱས་པ་དང༌། གཡན་པ་དང༌། གཅིན་སྙི་བ་དང༌། རྨ་དེ་བ་འབྱང་ངོ༌། །ཡང་ན་སབ་ཏ་ཚ་དང༌། ཤིང་ལོ་མ་བདུན་པ་དང༌། ཤིང་ཏི་ནི་ཤ་དང༌། གྲོ་བ་དང༌། ཤྲེ་ཏ་བ་ཧ་དང༌། སྲི་ཀི་ཡ་ཀ་དང༌། ཤིང་སེང་ལྡེང་དང༌། ཤིང་ཀ་ད་ར་དང༌། བྷན་དྷི་དང༌། ཤིང་ཤ་པ་དང༌། མེ་ཤ་ཤྲཱི་ག་དང༌། ཏྲི་ཧི་མ་དང༌། ཏ་ལ་དང༌། རྒྱ་སྐྱེགས་ཀྱི་ཤིང་དང༌། ཨ་ཀ་རུ་དང༌། རྒྱ་སྣེའུ་དང༌། ཤིང་སཱ་ལ་དང༌། ཤིང་དྷ་བ་དང༌། ཀ་བུ་ཀ་དང༌། ཀ་ལང་ཀ་ཞེས་བྱ་བ་དང༌། ཨིནྡྲ་ཡ་བ་དུག་མོ་ཡུངས་དང༌། ཚ་ག་ཀརྞ་དང༌། ཨ་ཤྭ་ཀརྞ་ཐ་རམ་དང༌། དེ་ལྟར་ཨ་ས་ན་ལ་སོགས་པ་སྨན་འདི་རྣམས་ནི། ཤ་བཀྲ་དང༌། མཛེ་དང༌། བད་ཀན་གྱི་ནད་དང༌། ཁོང་ན་སྲིན་བུ་ཡོད་པ་སེལ། ནར་སྐྱ་རྦབ་དང༌། གཅིན་སྙི་བ་དང༌། ཚོ་ཆེས་པའི་ཚིལ་ནད་འདི་རྣམས་སེལ་ཏོ། །ཤིང་བ་རའི་མེ་ཏོག་དཀར་པོ་དང༌། ཤིང་ཤེ་རྒྱ་ཀའི་མེ་ཏོག་སྔོན་པོ་ལ་བ་ན་དང༌། ཉེའུ་ཤིང་པ་དང༌། ཙི་ཏྲ་ཀ་དང༌། མོ་ར་ཏ་དང༌། ཤིང་བིལ་བ་དང༌། ཨ་ཟ་ཤྭ་གི་དང༌། བྲི་ཧ་ཏི་རྣམ་གཉིས་ཀ་རཉྫ་རྣམ་གཉིས། ཛ་ཡ་རྣམ་གཉིས་ལ། ཨག་ནི་མན་ཐ་སྣ་གཉིས་དང༌། ཤིང་ཤི་ཀྲུའི་འདབ་མ། བོའུ་བ་ལ་པ་དང༌། རྩྭ་ཀུ་ཤ་དང༌། རུ་རྟ་འདི་རྣམས་ནི་ཤིང་པར་ན་ལ་སོགས་པ་ཞེས་བྱ་སྟེ། བད་ཀན་གྱི་ནད་དང༌། ཚོ་ཆེས་ཏེ་ཚིལ་སྐྱེས་པའི་ནད་དང༌། ཟས་མི་འཇུ་སྟེ་དྲོད་ཆུང་བ་ལས། རླུང་ནད་ཆེར་སྐྱེས་པ་སེལ། ཀླད་པ་ན་བ་ལ་ཕན། སྐྲན་དང༌། ཨན་ཏ་བིད་ཏྲ་བྷི་ཁོང་འབྲས་འདི་རྣམས་སེལ་ཏོ། །ཡང་སྨན་བྲི་ཤ་ཀ་དང༌། སྤངས་མ་དང༌། ཤིང་ཀུན་དང༌། ནག་ཚུར་རྣམ་གཉིས་ཏེ། ནག་ཚུར་དང༌། ནག་ཚུར་བྱ་བལ་མ་དང༌། རྒྱམ་ཚ་དང༌། ཤི་ལ་ཛ་ཏུ་དང༌། འདི་རྣམས་ནི་ཆུ་སྲི་བ་དང༌། རྡེའུ་ཡོད་པ་དང༌། ཁོང་ན་སྐྲན་ཡོད་པ་དང༌། ལུས་ཀྱི་ཚིལ་ཆེས་
པ་དང༌། བད་ཀན་སེལ་ཏོ། །སྨན་བེ་ལན་ཏ་ར་དང༌། ཨ་རན་ནི་དང༌། སུ་ག་དང༌། བྲི་ཤ་དང༌། ཨ་ཤམ་བེ་ཏ་སྲུ་སྲུ་དང༌། གོ་ཀན་ཏ་གཟེ་མ་དང༌། ཀ་ཏ་དང༌། ས་ཧ་ར་ཛ་དང༌། བ་ན་ནཱི་ལ་པུཥྤ་དང༌། རྩྭ་དཱུར་བ་དང༌། བྲྀཀྵ་ད་ནི་དང༌། ན་ལ་ཀུ་ཤ་རྣམ་གཉིས་དང༌། ཀུན་ཐ་དང༌། གུན་དྲ་དང༌། བ་ལུ་ཀ་དང༌། མོ་ར་ཏ་དང༌། ཀ་རུ་ཀ་ཏ་དང༌། ཤིང་རམ་པ་དང༌། པརྟ་དང༌། སྨན་སྡེ་འདི་རྣམས་ནི། རླུང་ནད་དུ་གྱུར་པ་སེལ། ཆུ་སོ་ན་རྡེའུ་ཡོད་པ་དང༌། གཅིན་སྲི་སྟེ་འོང་དུ་མི་རུང་བ་དང༌། འདི་རྣམས་སེལ་ཏོ། །ཡང་སྨན་ཤ་བ་ར་ཀ་རོ་སེང་ཕྲོམ་དང༌། པད་ཐི་ཀ་རོ་དྷཱ་དང༌། རྒྱ་སྐྱེགས་ཀྱི་ཤིང་དང༌། ཛི་ན་ཛི་ནི་དང༌། ཐང་ཤིང་པར་ལ་དང༌། ཤིང་ཀད་པ་ལའི་ཤུན་པ་དང༌། ཀུད་ཙི་ཏམ་པ་དང༌། ལྡུམ་བུ་ཆུ་སྐྱེས་ཀྱི་མེ་ཏོག་དང༌། མེ་ཏོག་གི་རྩ་བ་དང༌། ཤིང་ཨ་ཤྭ་ཀ་དང༌། ཤིང་བི་ཏ་ཤ་ཀ་དང༌། ཨེ་ལ་བ་ལུ་ཀ་དང༌། ས་རི་པེལ་བ་དང༌། མོ་ཚ་རྣམས་ཏེ། དེ་ལྟར་སྨན་རོ་དྷཱ་ལ་སོགས་པ་འདི་དག་ནི་ཚིལ་ཆེ་བ་དང༌། བད་ཀན་གྱི་ནད་སེལ་བར་བྱེད། བུད་མེད་ཀྱི་མངལ་ན་བ་ལ་ཕན། འཁྲུ་བ་གཅོད། ཤ་མདོག་བཟང་བར་འགྱུར་རོ། །དུག་ནད་སེལ་ཏོ། །ཤིང་ཨར་ཀའི་རྩ་བ་དང༌། ཤིང་ཨ་ལར་ཀ་དང༌། ན་ག་དན་ཏི་དང༌། བིལ་ཤལ་ཡ་དང༌། བྷར་གི་དང༌། ར་སྣ་དང༌། པྲིས་རྩི་ཀ་ལི་དང༌། སྲི་ཀི་རྒྱ་དང༌། ཤིང་ཨ་པ་མརྒའི་མེ་ཏོག་དང༌། པི་ཏ་ཏེ་ལ་ཞེས་བྱ་བ་ཀ་ཀ་ད་ནི་དང༌། ཨུ་ད་ཀི་ར་ཡང་དང༌། མ་ཧཱ་ཤེ་ད་དང༌། ཤིང་ཨིང་གུ་དང༌། དེ་ལྟར་ཨར་ཀའི་སྡེར་གཏོགས་པ་སྨན་འདི་རྣམས་ནི་བད་ཀན་རྒྱས་པ་དང༌། ཚིལ་ཆེས་པ་དང༌། དུག་ནད་རྣམས་སེལ་ཏོ། །ལྟོ་ན་སྲིན་བུ་ཡོད་པ་དང༌། མཛེ་ནད་ཞི་བར་བྱེད། ལྷག་པར་ནི་རྨ་རེད་པར་འབྱང་སྟེ་འཚོའོ། །བྱེའུ་རུག་པ་རྣམ་གཉིས་ཏེ་ནག་པོ་དང༌། སེར་པོ་དང༌། ཀུ་ཐེ་ར་ག་ཞིམ་ཐིག་ལེ་དང༌། ཀལ་མལ་དང༌། སྲིན་བུ་སེལ་བའི་སྨན་བྱི་ཏང་ག་དང༌། ཁ་ར་པད་ཏྲ་དང༌། བྲི་ཤ་ཀརྞི་དང༌། ཀད་པ་ལ་ཞེས་བྱ་བ་རོ་ཧི་ནི་དང༌། ཀ་སམ་མར་ད་ཀ་དང༌། ཤ་བ་ཀ་དང༌། ཤིང་ཀ་པི་ཏའི་ལོ་མ་དང༌། བྷར་གྱི་ཀ་སྲའི་རྩ་བ་དང༌། རཀྟ་མཉྫ་རི་དང༌། ཀ་ཀ་མ་རྩི་མོན་སྣེའུ་
དང༌། ཀུ་ལ་ཧ་ར་དང༌། བི་ཤ་མུསྠི་དང༌། བུ་སྲི་ན་དང༌། བུ་ཏ་ཀེ་ཤི་འབམ་པོ་དང༌། སྨན་འདི་རྣམས་ནི་བྱེའུ་རུག་པ་ལ་སོགས་པའི་གྲངས་སུ་གཏོགས་ཏེ། བད་ཀན་རྒྱས་པ་དང༌། ཚིལ་ཆ་བ་དང༌། ལྟོ་ན་སྲིན་བུ་ཡོད་པ་དང༌། འདི་རྣམས་སེལ། ཆམ་པ་ན་བ་དང༌། ཟས་ཡི་གར་མི་འོང་བ་དང༌། དབུགས་མི་བདེ་བ་དང༌། ལུད་པ་ལུ་བ་དང༌། འདི་རྣམས་ལ་ཕན་ཏེ་རྨ་རིད་པ་འབྱང༌། མུས་ཀ་ཀ་དང༌། སུ་དྷ་ཤི་རི་དང༌། འབྲས་བུ་གསུམ་སྟེ། ཨ་རུ་ར་དང༌། བ་རུ་ར་དང༌། སྐྱུ་རུ་ར་དང༌། ཙི་ཏྲ་ཀ་དང༌། རྒྱ་སྐྱེགས་ཤིང་དང༌། ཤིང་དྷ་བ་དང༌། ཤིང་ཤ་བ་དང༌། འདི་རྣམས་ནི་སྐྲན་དང༌། གཅིན་སྲི་བ་དང༌། ཆུ་སོ་ན་རྗེའུ་ཡོད་པ་དང༌། སྐྱ་རྦབ་ཀྱི་ནད་དང༌། ཚིལ་ཆེ་བ་དང༌། གཞན་འབྲུམ་གྱི་ནད་དང༌། བད་ཀན་དང༌། ཁུ་ཆུ་རྣམས་སེལ་བར་བྱེད་དོ། །དུག་མོ་ཡུངས་དང༌། ཤིང་མུར་བ་དང༌། པུ་ཙེ་ཤེལ་དང༌། ན་ལེ་ཤམ་དང༌། ཨལ་བི་ཤ་དང༌། གན་དྷི་ར་ཆུ་སྒོག་དང༌། སུག་སྨེལ་དང༌། བ་ཐ་སྣ་གཉིས་དང༌། ཟི་ར་དང༌། ཤིང་ཨ་ར་ལའི་འབྲས་བུ་དང༌། ཨ་ཟ་མོ་དང༌། ཡུངས་ཀར་དང༌། ཤུ་དག་དང༌། ཟི་ར་ནག་པོ་དང༌། ཤིང་ཀུན་དང༌། སྲིན་བུའི་སྨན་བྱི་ཏང་ག་དང༌། པ་ཤུ་གནྡྷ་དང༌། པཉྩ་ཀོ་ལ་ཞེས་བྱ་བ་ལ། པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་ལ་རྩེ་ལག་དང༌། དབྱི་མོའི་ལོ་མ་དང༌། ཙི་ཏྲ་ཀ་དང༌། ལི་དོང་གྲ་འདི་ལྔ་དང༌། སྨན་དེ་རྣམས་ནི་རླུང་དང༌། བད་ཀན་དང༌། ཚིལ་ཆེས་པ་དང༌། ཆམ་པ་དང༌། སྐྲན་དང༌། རིམས་ན་བ་དང༌། གཞང་འབྲུམ་གྱི་ནད་དང་འདི་རྣམས་སེལ་བར་བྱེད་དོ། །ཤུ་དག་དང༌། གླ་སྒང་ཆེན་པོ་དང༌། ཐང་ཤིང་དང༌། སྒྲོན་ཤིང་དང༌། ལི་དོང་གྲ་དང༌། བོང་ང་དང༌། ཨ་རུ་ར་དང༌། སྐྱེར་པ་དང༌། ཡུང་བ་དང༌། ཤིང་མངར་དང༌། ཀྲྀཥྞ་པརྞི་དང༌། དུག་མོ་ཡུངས་དང༌། སྨན་འདི་རྣམས་ནི་ཤུ་དག་དང་སྐྱེར་པ་ལ་སོགས་པའི་སྨན་སྡེའི་གྲངས་སུ་གཏོགས་ཏེ། ཟས་མ་ཞུ་བའི་བེའུ་སྣབས་དང༌། རབ་ཏུ་འཁྲུ་བའི་ནད་རྣམས་ཞུ་ཞིང་གཅོད་དོ། །ཚིལ་ཆེས་པ་དང་བད་ཀན་རྒྱས་པ་དང༌། རླུང་ནད་དང༌། བུད་མེད་ཀྱི་ནུ་མ་ན་བ་འདི་རྣམས་སེལ་ཏོ། །གནྡྷ་པྲི་ཡང་ཀུ་དང༌། མིག་སྨན་ར་གན་གྱི་དུད་པ་དང༌། ལིག་བུ་མིག་དང༌། སྟང་ཟིལ་དང༌།
མེ་ཏོག་པདྨའི་ཟེ་བ་དང༌། ལྕིམ་རྩ་དང༌། བཙོད་དང༌། ཡ་བ་ཤ་ཀ་དང༌། ཤིང་ཤལ་མ་ཤི་ལི་དང༌། ཤིང་ཤལ་མ་ལིའི་ཁུ་བ་དང༌། པུ་ན་ནཱ་ག་དང༌། ས་མང་ག་དང༌། ཙནྡན་དཀར་པོ་དང༌། མེ་ཏོག་དྷ་ཏ་ཀི་དང༌། ཨམ་པ་ཤྠ་དང༌། ཤིང་མངར་དང༌། ནམ་སྐ་རི་དང༌། ནམ་ཏི་བྲི་ག་ཤ་དང༌། རྒྱ་སྐྱེགས་ཤིང་དང༌། རོ་དྷཱ་སེང་ཕྲོམ་དང༌། ད་ཏ་ཀི་དང༌། ཤིང་བིལ་བ་དང༌། པེ་ཤིང་ཀ་དང༌། ཀ་ཏང་ག་དང༌། པདྨའི་གེ་སར་ཟེ་བ་དང༌། སྨན་འདི་རྣམས་ནི་སྨན་སྡེ་རྣམ་གཉིས་ཏེ། གནྡྷ་པྲི་ཡཾ་ཧང་བུའི་སྡེ་གྲངས་སུ་གཏོགས་པ་དང༌། སྨན་ཨམ་བཤྠ་ལ་སོགས་པ་དེ་རྣམས་ནི་ཁ་ཟས་ཞུ་བའི་ཚད་པར་འཁྲུ་བ་གཅོད་དོ། །སྨན་འདི་དག་ནི་འཁྲུ་པ་ཡང་གཅོད། ནང་གི་ཤ་ཆད་དང་པགས་པའི་ཤ་བྱུང་བ་སླར་འཕྲོས་པ་འབྱོར་བར་བྱེད་དེ་ཕན། མཁྲིས་པ་རྒྱས་པ་ལ་ཕན། རྨ་རེད་པ་ཡང་འཚོ་བར་བྱེད་དོ། །གླ་སྒང་དང༌། ཤུ་དག་དང༌། དག་དང༌། ཙི་ཏྲ་ཀ །ཀྲུ་ཏྲུག་ཏྲེས་དང༌། སྐྱེར་པ་དང༌། ཡུང་བ་གཉིས། ཁ་བ་རྣམ་གཉིས་ལ། ཀ་ཏུ་ཀ་རོ་ཧི་ནི་པུ་ཙེ་ཤེལ་དང༌། ཀ་ཀ་ཏིག་ཏ་དང༌། གོ་བྱེ་དང༌། པ་ཐ་དང༌། འབྲས་བུ་གསུམ་པོ་ཨ་རུ་ར་དང༌། སྐྱུ་རུ་ར་དང༌། བ་རུ་ར་དང༌། བོང་ང་དཀར་པོ་དང༌། བོང་ང་ནག་པོ་དང༌། ཁྲ་བོ་དང༌། རུ་རྟ་དང༌། སུག་སྨེལ་དང༌། ཤུ་དག་དང༌། འདི་རྣམས་ནི་བུད་མེད་ཀྱི་མངལ་ན་བ་དང༌། ནུ་མ་ན་བ་དང༌། དྲི་མ་བཤང་གཅི་བ་དང༌། རྡུལ་དང༌། རྡུ་མ་དང༌། རྣ་སྦབས་པ་ལ་སོགས་པ་སེལ་ཅིང་འབྱང་ངོ༌། །ཤིང་ནྱ་གྲོ་དྷ་དང༌། ཤིང་ཨ་ཤྭཏྠ་དང༌། ཤིང་ཨུ་དུམྦཱ་ར་དང༌། པཊྚི་ཀ་རོ་དྷ་སྣ་གཉིས། འཛམ་བུ་གཉིས་ལ། བྲི་ཧད་ཕ་ལ་དང༌། དྷས་སྭ་ཕ་ལ་གཉིས། ཤིང་ཨརྫུ་ན་དང༌། ཤིང་སོ་མ་བལ་ཀ་དང༌། ཤིང་པྤཀྴ་དང༌། ཤིང་ཨ་མྲ་དང༌། ཤིང་མ་བཉྫུ་ལ་དང༌། ཤིང་པི་ལ་ཡ་དང༌། རྒྱ་སྐྱེགས་ཤིང་དང༌། ཤིང་ནན་ཏི་ཀེ་ལི་དང༌། ཤིང་བིར་ལ་དང༌། ཤིང་མངར་དང༌། ཤིང་མ་དུ་ཀ་དང༌། འདི་རྣམས་ནི་ཤིང་ནྱ་གྲོ་ལ་སོགས་པའི་གྲངས་སུ་གཏོགས་ཏེ། རྨ་འཚོ་སྟེ་ཕན། འཁྲུ་བ་གཅོད། ཆག་ཐུར་བྱུང་ན་འབྱོར། ཚོ་སྟེ་ཚིལ་ཆེས་པ་དང༌། མཁྲིས་པ་རྒྱས་པ་དང༌། ཁྲག་རྒྱས་པ་དང༌། སྐོམ་དད་ཆེ་བ་དང༌། ལུས་
ཀྱི་ཁོང་ཚ་བ་དང༌། བུད་མེད་ཀྱི་མངལ་ན་བ་དང༌། འདི་རྣམས་སེལ་ཏེ་ཕན་ནོ། །སུག་སྨེལ་དང༌། མ་ཧེ་ལ་དང༌། ཏུ་རུསྐ་དང༌། རུ་རྟ་དང༌། གནྡྷ་པྲི་ཡང་ཀུ་དང༌། སྤང་སྤོས་དང༌། བ་ལང་བྷྱ་མ་ཀ་དང༌། སྤྲིག་ཀ་འབུག་སུག་དང༌། ཞོག་ཏང་ཀུ་དང༌། ཙོ་ཙ་དང༌། གནྡྷ་བྷ་དྲ་དང༌། རྒྱ་སྤོས་དང༌། སྟི་ནི་ཡ་དང༌། སྤུ་མ་ཞེས་བྱ་བ་སྲི་ཤིང་གི་མེ་ཏོག་གི་ཁུ་བ་དང༌། ཉ་ཕྱིས་དང༌། རྒྱ་མཚོ་ནས་བྱུང་བའི་ཆུ་སྲིན་གྱི་སེན་མོ་དང༌། ཐང་ཤིང་དང༌། ཨ་ཀ་རུ་དང༌། ཤྲི་བ་ས་ག་དང༌། གུར་ཀུམ་དང༌། ཙནྡན་དང༌། གུ་གུལ་དང༌། ས་ཙི་རས་དང༌། པོག་དཀར་པོ་ནུ་མ་ཀ་དང༌། སུན་ན་མ་དང༌། ནཱ་ག་གེ་སར་དང༌། འདི་རྣམས་ནི་སུག་སྨེལ་ལ་སོགས་ཏེ་འདི་དག་དྲི་ཞིམ་པོའི་སྡེར་གཏོགས་ཏེ། རླུང་ནད་དང་བད་ཀན་རྒྱས་པའི་ནད་སེལ། དུག་ཐུབ། པགས་པའི་ཤ་མདོག་བཟང་པོ་སྡུག་གུར་འགྱུར། གཡན་པ་དང༌། ཐོར་བུ་དང༌། བས་ལྡག་པའི་ནད་འདི་རྣམས་ཀུན་སེལ་ཏོ། །ཤྱ་མ་དང༌། དན་དི་དང༌། དྲ་བན་ཏི་དང༌། ཀ་མུ་ཀ་དང༌། དྲི་བིད་ཤིང་ཉེ་རོང་དང༌། ཤང་ཁྲི་ནི་དང༌། པ་ཏ་ལ་དང༌། སུ་བརྞ་ཤི་རི་དང༌། ག་བ་ག་ཤི་དང༌། ཤི་ཁ་རི་དང༌། ཀམ་པི་ལྱ་ཀ་དང༌། སླེ་ཏྲེས་དང༌། ཤིང་ཀ་རཉྫ་དང༌། བ་སྟད་ཏྲི་དང༌། བྱ་དྷི་ག་ཏ་དང༌། བྷ་ལ་དང༌། བ་ཧུ་ར་ས་དང༌། ཤིང་རོ་ཚ་བ་རྣམས་ཀྱི་འབྲས་བུ་ནི་སྨན་ཤ་མ་ལ་སོགས་པའི་སྡེར་གཏོགས་ཏེ། སྐྲན་དང༌། དུག་འཐུངས་པ་དང༌། ཟས་ཡི་གར་མི་འོང་བ་དང༌། བད་ཀན་རྒྱས་པ་དང༌། སྙིང་ན་བ་དང༌། ཆུ་འགགས་པ་དང༌། ནད་འདི་རྣམས་སེལ་ཏོ། །དེ་ལྟར་སྨན་གྱི་གྲངས་སུམ་ཅུ་རྩ་གསུམ་བཤད་པ་ལ། དེ་དག་གི་ནང་ནས་སྨན་ལ་ལ་མ་རྙེད་ན་ཡང༌། སྨན་གྱི་རོ་དང༌། མཐུ་དང་ཡོན་ཏན་འདྲ་བ་ལས་སྨན་སྣ་སྦྱོར་ཅིག །བཀྲུ་སྨན་དང་སྐྱུག་སྨན་ལ་སོགས་པ་ནད་སྦྱངས་པའི་སྨན་སྣ་ཚོགས་འདུས་པར་བཤད་པ། སྨན་སྡེའི་རྣམ་གྲངས་བཤད་པའི་ལེའུ་བཅོ་ལྔ་པ་རྫོགས་སོ།། །།སྣུམ་དཔྱད་ཀྱི་ཆོ་གར་བྱ་བ་བཤད་པའི་ལེའུ་བཅུ་དྲུག་བཤད་པར་བྱའོ། །སྣུམ་གྱི་ནང་ན་མཆོག་ནི་རྣམ་པ་བཞི་སྟེ། ཞུན་མར་དང༌། རྐང་དང༌། ཚིལ་དང༌། ཏིལ་མར་དང་བཞིའོ། །དེ་ལྟར་སྣུམ་དེ་དག་ནི་སྤྱིར་ནི་འཇུ་དཀའ་སྟེ་ལྕི། བསིལ། ཁོང་འཁྲུ།
ལུས་ཀྱི་ཁོང་སྣུམ་པར་བྱེད། འཇམ་པར་བྱེད་རྩ་ཐམས་ཅད་དུ་འགྲོ་བས་ན་ཞིབ་མཉེན། ལུས་ཀྱི་ཁོང་རླན་པར་བྱེད་དོ། །ཟས་སྣུམ་བག་འདི་དང་འདྲ་བའི་སྨན་སྣུམ་བག་ཅན་དུ་གཏོགས་པ་ཕལ་ཆེར་ཡང་དེ་དང་འདྲའོ། །སྣུམ་དང་སྨན་དེ་དང་མི་འདྲ་བ་གཞན་ནི་རྩུབ་པ་ཞེས་བྱའོ། །དེ་ལ་ཡང་སྣུམ་དེ་དག་གི་ནང་ན་ཡང་ཞུན་མར་སྨན་དང་སྦྱར་ཏེ་བཙོས་པ་ནི་ཇི་ལྟར་སྦྱར་བ་བཞིན་དུ་ཕན་ནོ། །རྐང་དང་ཚིལ་དང་ཏིལ་མར་གསུམ་ནི་མཁྲིས་པ་དང་བད་ཀན་དང་རླུང་སེལ་ཏོ། །དེ་ལ་ཞུན་མར་བས་ནི་ཏིལ་མར་འཇུ་དཀའོ། །ཏིལ་མར་བས་ནི་ཚིལ་འཇུ་དཀའོ། །དེ་ལ་སྣུམ་རྣམ་གཉིས་ཞེས་བྱ་བ་ནི་ཞུན་མར་དང་ཏིལ་མར་རོ། །སྣུམ་རྣམ་གསུམ་ཞེས་བྱ་བ་ནི་ཞུན་མར་དང་ཏིལ་མར་དང་རྐང་མར་གསུམ་མོ། །སྣུམ་རྣམ་བཞི་ནི་ཞུན་མར་དང་རྐང་དང་ཚིལ་དང་ཏིལ་མར་བཞི་ལ་སྣུམ་ཆེན་པོ་བཞི་ཞེས་བྱའོ། །དེ་ལ་སྣུམ་གྱི་སྨན་དཔྱད་བྱ་བའི་ནད་དམིགས་ནི། ཆང་ནད་དུ་གྱུར་པ་དང༌། བུད་མེད་ཀྱིས་དུབ་པ་དང༌། དྲག་ཤུལ་དང༌། ངལ་བའི་ལས་བྱས་པ་དང༌། སེམས་ལས་ཆེན་པོ་ལ་ཞུགས་པ་དང༌། མི་རྒན་པོ་དང༌། བྱིས་པ་དང༌། ཉམས་སྟོབས་ཆུང་བ་དང༌། སྐེམ་པོ་དང༌། ལུས་ཀྱི་ཁོང་ན་སྣུམ་མེད་དེ། རྩུབ་པོར་གྱུར་པ་དང༌། ཁྲག་ཟད་པ་དང༌། ཁུ་ཆུ་ཟད་པ་དང༌། རླུང་ནད་ཀྱིས་ཉམ་ཐག་པ་དང༌། མིག་རབ་རིབ་ཁྱེར་ཏེ་རྟུལ་བ་དང༌། རྣ་བ་མི་གསང་སྟེ་ལེགས་པར་མི་ཐོས་པ་དང་འདི་རྣམས་ལྟ་བུ་ལ། སྣུམ་གྱི་བཅུད་ཀྱིས་ལུས་བརྟ་བར་བྱའོ། །བརྟ་བར་བྱ་བ་དེ་ལ་ཡང་ཐོག་མར་དུགས་བྱས་ལ་ཕྱིས་བཀྲུ་སྨན་གྱིས་བཀྲུས་ཏེ། སྦྱངས་ནས་དེའི་རྗེས་ལ་སྣུམ་གྱི་དཔྱད་བྱའོ། །ཧ་ཅང་ཁོང་པ་མེའི་དྲོད་ཆེས་པ་དང༌། ལུས་སྦོམ་པ་དང༌། ཉམ་ཆུང་ཞིང་རིད་པ་དང༌། བརླ་རེངས་པ་དང༌། ཚད་པས་རབ་ཏུ་འཁྲུ་བ་དང༌། མ་ཞུ་བེའུ་སྣབས་ཡོད་དེ་མཆིན་བ་ན་བ་དང༌། ལྐོག་མ་ན་བ་དང༌། དབྱིག་དུག་གིས་ཕོག་པ་དང༌། ལྟོ་བའི་ནང་དམུ་རྫིང་ལྟ་བུ་དང༌། བརྒྱལ་བ་དང༌། རྟག་ཏུ་སྐྱུགས་པ་དང༌། ཟས་ཡི་གར་མི་འོང་བ་དང༌། བད་ཀན་གྱི་ནད་ཡོད་པ་དང༌། སྐོམ་དད་ཆེ་བ་དང༌། ཆང་གིས་ཕོག་སྟེ་ར་རོ་བ་དང༌། བུད་མེད་བུ་བཙས་པ་དང༌། སྨན་སྣ་ནས་བཏང་བ་དང༌། བཀྲུ་
སྨན་གྱིས་བཀྲུས་པ་འདི་ལྟ་བུ་ལ་སྣུམ་གྱི་དཔྱད་བྱ་ཞིང་སྦྱིན་དུ་མི་རུང་ངོ༌། །དེ་ལ་ཞུན་མར་གྱི་ཡོན་ཏན་ནི་སེམས་རྣོ་མི་བརྗེད་ཅིང་དྲན་པ་དང༌། ཡིད་གཞུངས། ལུས་སྐེམ་ཞིང་རིད་པ་འདི་ལྟ་བུ་ལ་ཕན་ནོ། །ཏིལ་མར་ནི་ལྟོ་ན་སྲིན་བུ་ཡོད་པ་དང༌། ཚིལ་ཆེས་པ་དང༌། རླུང་ནད་ཅན་དུ་གྱུར་པ་འདི་ལྟ་བུ་ལ་ཏིལ་མར་ཕན་ནོ། །ལུས་ཁོང་ཡང་བ་དང༌། ལུས་ཁོང་གྲིམས་ཤིང་ཤ་མཁྲང་བ་དང༌། ལྟོ་སྲ་བ་འདི་ལྟ་བུ་ལ་རྐང་ཟོས་ན་ཕན་ནོ། །ལུས་ལ་རླུང་དང་ཉི་ཚན་གྱིས་གདུངས་པ་དང༌། ལམ་རིང་པོར་བགྲོད་པས་ཁོང་དུབ་པ་དང༌། སྨྲ་མངས་པ་དང༌། བུད་མེད་ལ་དྲགས་པ་དང༌། དྲག་ཤུལ་དང༌། ལས་ཆེས་པ་དང༌། སྲོག་ཟུངས་བདུན་ལྟ་བུ་ཟད་པ་དང༌། ལུས་ཀྱི་ཁོང་ན་སྣུམ་མེད་དེ། རྩུབ་པོར་གྱུར་པ་དང་ཉོན་མོངས་པ་བྱས་པས་ལུས་རིད་པ་དང༌། ཕོ་བའི་དྲོད་ཧ་ཅང་ཆེས་ཏེ་ཟས་ཧ་ཅང་འཇུ་བ་དང༌། རྩ་སྒོ་ཀུན་རླུང་གིས་འགགས་ཤིང་འཚངས་པ་འདི་ལྟ་བུ་ལ་ཚིལ་ཟོས་ན་ཕན་ནོ། །དེ་ལ་ཚིལ་ནི་ལྷག་པར་རུས་པའི་ཚིགས་ཁ་བྱེ་བ་དང༌། རུས་པ་ཆག་པ་དང་གནད་སྣད་པ་དང༌། ལྟོ་བའི་ནང་གྲོལ་ན་བ་དང༌། མེས་ཚིག་པ་དང༌། ལུས་རྨས་ཏེ་རྨ་བྱུང་བ་དང༌། རྐང་ལག་གི་ཚིགས་བུར་བ་དང༌། མོ་མཚན་ན་བ་དང༌། རྣ་བ་ན་བ་དང༌། ཀླད་པ་ན་བ་དང༌། འདི་ལྟ་བུ་ལ་ཚིལ་ཕན་ནོ། །ཏིལ་མར་ནི་ལྷག་པར་དབྱར་ཟླ་ཐ་ཆུངས་དང༌། སྟོན་ཟླ་ར་བའི་ངོ་ལ་ཕན་ནོ། །ཞུན་མར་ནི་སྟོན་ཟླ་འབྲིང་པོ་དང༌། ཐ་ཆུངས་ཀྱི་ངོ་ལ་ཕན་ནོ། །རྐང་དང་ཚིལ་ནི་དཔྱིད་ཀ་ཕན་ནོ། །སྣུམ་འདི་རྣམས་གང་ཡང་རུང་དུས་ཚིགས་དང་མི་སྦྱོར་བར་འཕྲལ་གང་བབ་དུ་གཏོང་ན། ཚེས་གྲངས་ཀྱི་ཉི་མ་བཟང་བ་དང༌། སྲིན་དང་ཡུལ་ངན་མེད་ཅིང་ཡུལ་བཟང་བའི་ཚེ་ཐོང་ཤིག །ཏིལ་མར་ནི་དགུན་ཟླ་གྲང་ལྷགས་ཆེ་བའི་ཚེ་བཏང་ན་ཕན་ནོ། །ཞུན་མར་ནི་དབྱར་ཟླ་ར་བ་དང༌། འབྲིང་པོ་ཚ་བའི་དུས་ན་མཚན་མོ་འཐུངས་ན་ཕན་ནོ། །མཁྲིས་པ་དང་རླུང་ནད་དུ་གྱུར་ན་ཞུན་མར་ནི་མཚན་མོ་ཡང་གཏང་དུ་རུང་ངོ༌། །ཡང་རླུང་དང་མཁྲིས་པ་ལྟ་བུ་ནད་སྣ་གཉིས་འདྲེས་པར་ན་ན། ཏིལ་མར་དང་ཞུན་མར་མཚན་མོ་གཏང་བར་རུང་ངོ༌། །རླུང་དང་བད་ཀན་གྱི་ནད་དུ་གྱུར་ན། ཞུན་མར་
དང་སྨན་དང་སྦྱར་བ་ཉིན་པར་ཐོང་ཤིག །དེ་བས་ན་སྨན་ཞུན་མར་དང་སྨན་དང་སྦྱར་བའི་ཏིལ་དང་ཁ་ཟས་ལ་སོགས་པ་རྣམས་དང༌། སྨན་མས་གཏོང་བ་དང༌། སྨན་སྣ་ནས་གཏང་བ་དང༌། ལུས་མར་གྱིས་བསྐུ་བ་དང༌། སྨན་བསྐོལ་བའི་ཁུ་བ་ཁར་བླུགས་ཤིང་དབོ་བ་དང༌། མགོ་དང་རྣ་བ་དང་མིག་ཏུ་སྨན་བསྐུ་ཞིང་བླུགས་པ་ལ་སོགས་པ་རྣམས་ཀྱང་རན་པ་ཙམ་དུ་གཏང་ངོ༌། །རོ་རྣམ་དྲུག་ལ་སོགས་པ་སྣ་རེ་རེ་བ་དང༌། རོ་སྣ་གཉིས་པ་དང༌། རོ་སྣ་གསུམ་པ་དང༌། སྣ་བཞི་ས་དང༌། སྣ་ལྔ་པ་ལ་སོགས་པ་སྨན་སྦྱར་བའི་རོ་བྲོ་བའི་སྣ་གྲངས་དྲུག་ཅུ་རྩ་བཞི་ལ་སོགས་པར་ཕྱེ་བ་དེ་ལས། སྣུམ་གྱི་དངོས་པོ་མར་ལ་སོགས་པ་རོ་ལོགས་ཤིག་ན་ཐ་དད་པ་མ་ཡིན་ཏེ། ཇི་ལྟ་ཞེ་ན། སྨན་མར་སྦྱོར་བ་ཡང༌། སྨན་སྣ་མང་པོ་སོགས་ལ། མར་ཉུང་དུ་བྱས་པས་ན། མར་གྱི་རོ་ཟིལ་གྱིས་གནོན་ཏོ། །ལྷག་པར་བྲོ་བ་མེད་པས་ན་རོ་དྲུག་ཅུ་ཉིད་ཀྱི་ནང་དུ་འདུས་སོ། །དཔེར་ན་ཇི་སྐད་དུ་བསྟན་པ། སྨན་བསྐོལ་བའི་ཁུ་བ་དང་དངས་མ་བཏུང་བའི་རོ་དེ་ཡང་ཆུའི་རོ་ཅི་བྲོ་བ་ལ་སོགས་ཤིག་ན་རྒྱུ་ལྷག་པ་མེད་དེ། རོ་དྲུག་ཅུ་ཉིད་ཀྱི་ནད་དུ་འདུས་སོ། །ཡང་ནི་སྨན་མར་མྱུར་དུ་གང་ཕན་པ་དེ་བཟང་སྟེ། དེ་ལ་ཐུན་ཆུང་ངུ་ཟོས་ན་ཐུན་གཉིས་ཀྱིས་འཇུའོ། །ཚོད་འབྲིང་དུ་ཟོས་ན་ཐུན་བཞིས་འཇུའོ། །ཚོད་ཆེར་ཟོས་ན་ཉིན་ཞག་གཅིག་གིས་འཇུའོ། །དེ་ལྟར་སྨན་དང་སྦྱར་བའི་ཏིལ་མར་རམ། སྨན་མར་གང་ཟ་ཡང་རུང་སྟེ། མིའི་ཉམས་དང་ནད་ཀྱི་དམིགས་ལ་སྦྱོར་ལ། སྔར་ནི་ཚོད་ཆུང་དུ་ནས་བཟའ་བར་བྱའོ། །ཡང་བཀྲུ་སྨན་གྱིས་བཀྲུ་བར་འདོད་ན་ཁར་རྩང་ལྟ་བུ་ཟས་ཟོས་ལ། ད་ནང་ལྟ་བུ་ཞུ་སྟེ་ཁོང་ན་ཡང༌། ཞུན་མར་དང་དངས་མ་འབའ་ཞིག་ཚོད་ཆེར་མང་དུ་བཟའོ། །མར་འཐུངས་པས་ནད་ཞི་བར་བྱས་པ་ཞིག་ལ་ཟས་ཀྱང་ཆེར་མ་ཟོས་ཏེ་ཁོང་བཀྲེས་ན་མར་འབྲིང་ཙམ་དུ་ཟོས་ན་ཕན་ནོ། །སྨན་མར་གྱིས་ཉམས་བཙག་བརྟ་ཞིང་ཤ་སྐྱེ་བར་བྱ་ན། དྲོ་ཁར་སྨན་མར་ཉུང་ཟད་བཞུ་སྟེ། ཤ་ཁུ་གདུས་ལ་དྲོ་ཚ་ཙམ་གྱི་ནང་དུ་བླུགས་ལ་འཐུངས་ནས། དེའི་རྗེས་ཁ་ཟས་སྣུམ་བག་ཟོས་ལ་ཆང་གིས་མནན་ན་ཕན་ནོ། །ཡང་བྱིས་པ་གཞོན་ནུ་ལྟ་བུ་དང༌། མི་རྒན་པོ་དང༌། རྟག་ཏུ་སྐོམ་དད་ཆེ་
བ་དང༌། མར་ཟ་བ་འམ། འཐུང་མི་ཕོད་པ་དང༌། ཆད་དད་ཆེ་བ་དང༌། རྟག་ཏུ་བུད་མེད་དང་ཕྲད་དེ། རྟག་ཏུ་ཁ་ཟས་སྣུམ་བག་ཟ་བ་ལྟ་བུ་དང༌། དྲོད་ཆུང་དེ་ཁ་ཟས་མི་འཇུ་བ་ལྟ་བུ་དང༌། སྐྱིད་དེ་བདེ་བར་འདུག་འདུག་པའི་མི་དང༌། སྨན་སྟོབས་ཆུང་བའི་མི་ཉོན་མོངས་པས་འཇིགས་པ་ལྟ་བུ་དང༌། ལྟོ་སྙི་བ་དང༌། ནད་དཀྱེལ་མི་ཆེ་བ་ལྟ་བུ་དང༌། སོ་ག་ཚ་བའི་དུས་དང༌། ནད་ཀྱིས་རིད་པར་གྱུར་པ་འདི་རྣམས་ལྟ་བུ་ལ་སྨན་མར་གཏང་བ་ནི། དྲོ་བ་སྨན་མར་ཉུང་ཤས་བཞུ་སྟེ་གཅིག་ཏུ་འཐུང་ངམ། ཁུ་བ་དྲོན་པོས་ཕུལ་ཏེ་འཐུངས་པའི་རྗེས་ལ། ཁ་ཟས་སྣུམ་བག་དང་ཆད་འཐུང་ཤིག །དེ་ལ་ནད་དམིགས་ཀྱི་རིམ་པ་དང་སྦྱར་ཏེ་སྨན་མར་གཏང་བའི་ཐབས་ནི། ལུས་ཀྱི་སྟོད་ན་ནད་ཡོད་ན་ནི་ཁ་ཟས་ཟོས་པའི་རྗེས་ལ་མར་ཕྱིས་བཏུང་ངོ༌། །ཁོང་པའི་ནང་ལུས་ཀྱི་བར་ན་ནད་ཡོད་པ་ནི་ཁ་ཟས་ཕྱེད་ཟོས་ནས་སྨན་མར་བཏུང་ངོ༌། །ལུས་ཀྱི་སྨད་ན་ནད་ཡོད་ན་ནི། དྲོ་ཁར་ལྟོ་སྟོང་ལ་སྨན་མར་བཏང་ན། རྗེས་ལ་ཁ་ཟས་དང་ཚིལ་ནན་འཐུངས་ན་ནད་སེལ་ཏོ། །སྨན་མར་གཏང་བའི་ཐབས་རིམ་པ་འདི་ལྟར་བྱས་ན་ཕན་པའི་སྟོབས་མཐུ་ཡང༌། ལུས་ཀྱི་རིམ་པ་བཞིན་དུ་སྐྱེའོ། །དེ་ལྟར་སྨན་མར་འཐུངས་པ་ལས་མར་ཅུང་ཟད་མ་ཞུན། ཆུ་ཚན་གདུ་གདུ་བའི་དངས་མ་ཁ་ཟས་བཟོད་ཙམ་འཐུངས་ན། མར་བདེ་བླག་ཏུ་འཇུ་བར་འགྱུར་རོ། །སྨན་མར་ལ་སོགས་པ་ཟོས་ཏེ། སྣུམ་ཁའི་ནང་དུ་ཆགས་ན། ཆུ་ཚན་གདུས་པ་ཁས་བཟོད་ཙམ་གྱིས་ཁ་བཀྲུའོ། །ཨེ་རཎྜའི་ཁུ་བ་གདུས་པ་དང༌། བ་ལ་ཏ་ཀ་ཞེས་བྱ་བ་གོ་བེ་དང༌། འདི་གཉིས་སུ་གདུས་པའི་ཁུ་བ་ནི་བཏུང་དུ་མི་རུང་ངོ༌། །གལ་ཏེ་ཁར་རྩང་ངམ། ཁར་ཉིན་ལྟ་བུ་སྨན་མར་འཐུངས་པ་ལས་ཞུ་འམ་མ་ཞུ་གཏོལ་མེད་དེ་ཐེ་ཙོམ་ཟ་ན། ཆུ་ཚན་གདུ་གདུ་བ་ཡང་འཐུང་ཤིག །དེ་འཐུངས་པར་ཁོང་དུ་མ་ཞུ་ལ། མ་ཞུ་བའི་གདུང་སྒྲེགས་མནན་པོ་མ་ཡིན་སྒྲེགས་པ་ཡང་ཐ་མལ་པར་འོང༌། ཁོང་ཡང་ཞིང་ཟས་ཡི་གར་འོང་བར་གྱུར་ན། ཁ་ཟས་རན་ཙམ་དུ་བཟའ་ཞིང་འཚལ་ནན་ཀྱང་ཅི་རན་དུ་འཐུང་ཤིག །དེ་ལྟར་སྨན་མར་འཐུངས་ནས་ཞུ་བའི་རྗེས་ལ། ཁ་ཟས་བཟའ་བ་
ནི་ཁུ་བ་དྲོ་བག་དང༌། ཟས་བད་ཀན་དུ་མི་འགྱུར་བ་དང༌། ཧ་ཅང་ཟས་སྣུམ་བག་ཉིད་མ་ཡིན་པ་དང༌། ཁ་ཟས་གྲང་དྲོ་མ་འདྲེས་པར་བཟའོ། །སྨན་མར་འཐུངས་པ་ལྟ་བུ་ཁ་ལག་ཀྱང་ཆུ་དྲོན་པོས་བཀྲུ། བུད་མེད་དང་འཕྲད་དུ་མི་རུང༌། མཚན་མོ་ཡང་གཉིད་ཉལ། བཤང་གཅི་འོངས་ན་མི་དགག །དྲག་ཤུལ་གྱི་ལས་མི་བྱ། ཁྲོ་ཞིང་ཚིག་པ་ཟ་བ་དང༌། མྱ་ངན་དང༌། གྲང་བའམ། ཉི་ཚན་ལ་འདུག་པའམ། རླུང་དྲག་པོ་ལངས་པའི་ཁར་འགྲོ་བའམ། རྟ་ཞོན་ཏེ་ཕན་ཚུན་འཁྱམས་པའམ། ལམ་དུ་ཞུགས་པ་དང༌། མང་དུ་སྨྲ་བ་དང༌། སྟན་ཧ་ཅང་མཐོ་བ་ལ་འདུག་པ་དང༌། སྔས་ཧ་ཅང་མཐོ་བ་འམ། དམའ་བ་འདི་རྣམས་ལྟ་བུ་མི་བྱའོ། །ཉིན་པར་ཉལ་བ་དང༌། དུད་པ་དཀུ་བའི་ནང་ན་འདུག་པ་དང༌། རྡུལ་ཁྲོད་ན་འདུག་པ་འདི་རྣམས་ཀྱང་མི་རུང་སྟེ། དེ་ལྟ་བས་ན་སྨན་མར་ཅི་སྲིད་འཐུངས་པ་དེ་སྲིད་ཀྱི་བར་དུ། ཆོ་ག་དེ་ལྟར་བྱ་ཞིང་མི་རུང་བ་རྣམས་སྤང་ངོ༌། །སྨན་མར་དང་འདྲ་བར་བཀྲུ་སྨན་བཏང་བ་དང༌། སྣ་ནས་བཏང་བ་དང༌། སྨན་མས་གཏོང་བ་རྣམས་ཀྱང་ཚུལ་དེ་དང་འདྲ་བར་ནད་བྱང་གི་བར་དུ་ཆོ་ག་ཡུན་དེ་སྲིད་དུ་བསྲུང་བར་བྱའོ། །དེ་ལ་ནད་ཞི་བར་བྱ་བའི་ཕྱིར། སྨན་མར་གཏང་བའི་ཆོ་ག་ནི་བཀྲུ་སྨན་དང་འདྲ་སྟེ། སྨན་མར་གྱི་ཆོ་ག་ཡང་དེ་བཞིན་དུ་བྱའོ། །དེ་ལ་ལྟོ་སྙི་ན་ནི་སྨན་མར་ཉི་མ་གསུམ་དུ་གཏང་ངོ༌། །ལྟོ་སྲན་ནི་ཉི་མ་བདུན་དུ་གཏང་ངོ༌། །སྨན་མར་བཏང་བས་ནད་རྩེ་ཞིལ་ཏེ། ཁོང་ལེགས་པར་སྣུམ་པར་གྱུར་ན། དེ་ཕན་ཆད་ཁ་ཟས་ཀྱི་ཆོ་ག་བྱའོ། །དེ་ལྟར་སྨན་མར་བཏང་བས་ནད་རྩེ་ཞིལ་བར་གྱུར་ན། སྟོད་སྨད་དུ་དབུགས་དབྱུང་བ་ཐ་མལ་པར་འོང༌། ཕོ་བའི་མེ་དྲོད་ཆེས་ཏེ་འབར། བཤད་བ་སྣུམ་ལ་མི་སྲི་བ་འབྱུང༌། མར་དང་སྣུམ་བག་མི་འདོད་དེ་སྐྱོ། ལུས་སྙོམས་ཏེ་འདི་ལྟར་གྱུར་ན། ནད་རྩེ་ཞིལ་ཞིང་ལུས་ཀྱི་ཁོང་ལེགས་པར་སྣུམ་པོར་གྱུར་པ་ཡིན་ནོ། །ལུས་ཀྱི་ཁོང་རྩུབ་ན་ནི་ཚུལ་འདི་དང་འདྲ་སྟེ། འདི་ལས་བཟློག་སྟེ་བལྟའོ། །གལ་ཏེ་སྨན་མར་དང་སྣུམ་གྱི་ཚོད་མ་ཟིན་ཏམ། ཕན་པ་མ་ཡིན་པར་ཟོས་སམ། གཏང་བའི་དུས་མ་ཡིན་པར་འཐུངས་སམ། ཁ་ཟས་ལོག་པ་ཧ་ཅང་སྣུམ་ཆེས་
པའམ། བསིལ་ཞིང་རྩུབ་པའམ། ཟས་མ་ཞུ་བཞིན་དུ་ཟོས་པའམ། མཚན་མོ་མི་ཉལ་ཞིང་ཉིན་པར་ཕན་ཚུན་འཁྱམ་པ་དང༌། མི་མཐུན་པ་ལོག་པ་བྱས་པ་འདི་ལྟ་བུ་ལས་སྨན་མར་མ་ཞུ་སྟེ། སྣུམ་དྲགས་པར་གྱུར་ན། གདོང་པ་དང་ལུས་ཀྱི་ཤ་མདོག་སེར། སྣབས་དང་མཆིལ་མ་མང༌། ཐུར་དུ་ཚད་པར་འཁྲུ་སྟེ། དེ་ལྟ་བུ་ལས་ནད་ནི་ལུས་སྐྲངས་པ་དང༌། གཞང་འབྲུམ་ཁྲག་ཚད་དུ་འོང་ངོ༌། །ཁོང་རྨྱ་ལུས་དགྱེ་སྒུ་མི་ཤེས་ཏེ། རེངས་བག་ཏུ་འདུག །སེམས་མྱོས་ཏེ་བློང་བག་ཏུ་འདུག །གཡན་བ་དང༌། མཛེ་དང་རིམས་ནད་རྟག་ཏུ་སྐྱུགས་པ་དང༌། ཁོང་ན་ལྟོ་སྦོ། མགོ་འཁོར་ལ་སོགས་པ་དང༌། འདི་ལྟ་བུའི་ནད་དུ་འགྱུར་རོ། །དེ་ལྟ་བུ་ལ་དཔྱད་བྱ་བ་ནི་ཟས་དང་སྐོམ་དབྲི་ཞིང་བསྡམ་པ་དང༌། སྐྱུག་སྨན་གཏང༌། དུགས་བྱ། ཟས་དང་སྐོམ་རྣམས་རྩུབ་པའི་བག་གཏང༌། འཚལ་ནན་དར་བ་དང༌། ཨ་རུ་ར་དང༌། བ་རུ་ར་དང༌། འདི་ལྟ་བུ་མནན་པའི་ཁུ་བ་དང༌། དར་བ་བསྐོལ་བ་དང༌། ནས་དང༌། ཙི་ཙེ་རྒོད་དང༌། ཁྲེ་རྒོད་དང༌། པི་པི་ལིང་དང༌། འབྲས་བུ་གསུམ་པོ་ཨ་རུ་ར་དང༌། བ་རུ་ར་དང༌། སྐྱུ་རུ་ར་གསུམ། སྦྲང་རྩི་ལ་སྦྱར་ཏེ་བཏང་པའམ། ཡང་ན་ཨ་རུ་ར་བཏགས་པ་དང༌། བ་གཅིན་དང་གུ་གུལ་བསྲེས་ནས་འཐུངས་ན་ཕན་ནོ། །མདོར་ན་ནད་དམིགས་ཇི་ལྟར་མི་བདེ་བ་དང་སྦྱར་ལ་དཔྱད་བྱས་ན། མར་དྲགས་པའི་ནད་འབྱང་ངོ༌། །ཡང་དེ་ལྟ་བུ་ལ་དཔྱད་དུ་བྱ་བ་ནི་ཁ་ཟས་མི་བཟའ་བ་ནི་བཟའ་བར་སྨྱུང་བ་མི་ནུས་ན་ཡང༌། ཁ་ཟས་རྩུབ་པོ་བཟའ་བའི་དཔྱད་བྱས་ན་སྨྱུང་བ་བྱས་པ་དང་འདྲའོ། །གལ་ཏེ་མར་དྲགས་པའི་ནད་ལས་བཀྲུ་སྨན་གཏང་དགོས་པར་གྱུར་ན། ཉི་མ་གསུམ་གྱི་བར་དུ་ཁ་ཟས་སྣུམ་པ་ཁུ་བ་དྲོད་བག་དང༌། ཡུལ་སྐམས་ནས་བྱུང་བའི་ཤ་ལས་ཁུ་བ་དྲོད་པག་ཏུ་བྱས་པ་དང༌། ཁ་ཟས་དྲོད་བག་ཟོས་ལ་ནང་ནུབ་ཏུ་དུགས་བྱ་ཞིང༌། ཉི་མ་གསུམ་དུ་སྣུམ་བག་གི་དྲོད་དང༌། དུགས་དེ་ལྟར་བྱས་ནས། དེའི་རྗེས་ལ་བཀྲུ་སྨན་གཏང་ངོ༌། །སྐྱུག་སྨན་གཏང་བ་ནི་མི་ཤ་དང་ཚིལ་ཆེས། བད་ཀན་མང༌། དྲོད་མ་སྙོམས་ཏེ། ཟས་རེས་འགའ་འཇུ།
རེས་འགའ་མི་འཇུ་བ་དེ་ལྟ་བུ་ནི་ཉིན་ཞག་གཅིག་བད་ཀན་སྐྱེ་བའི་ཁ་ཟས་སྦྱིན་ལ། ཕྱི་དེ་ཉིན་སྐྱུག་སྨན་ཐོང་ཤིག །ཡང་ཟས་སྣུམ་བག་གིས་བསྐྱེད་བསྐྱེད་པ། བད་ཀན་ཅན་དེ་ལྟ་བུ་ལ་སྔར་ཟས་རྩུབ་པོ་བྱིན་ཏེ། དེའི་རྗེས་ལ་ཁ་ཟས་སྣུམ་བག་གིས་ཁོང་སྣུམ་པར་བྱས་ནས་བཀྲུ་སྨན་ཐོང་ཤིག །དཔྱད་དེ་ལྟར་བྱས་ན་མར་དང་སྣུམ་བག་ལས་ནད་དུ་གྱུར་པ་འབྱང་བར་འགྱུར་རོ། །མར་དང་སྣུམ་ལྟ་བུར་མ་འཕྲོད་དེ་ནང་དུ་གྱུར་པ་ཁ་ཟས་ཀྱི་དཔྱད་བྱས་པས་མ་བྱང་ན། སྨན་བཏང་བའི་དཔྱད་བྱས་པས་ནད་ཀྱི་དྲི་མ་ཕྱིན་པར་འགྱུར་རོ། །བྱིས་པ་ཆུང་ངུ་དང༌། རྒན་པོ་ལ་སོགས་པ་མར་དང་སྣུམ་བག་སྤོང་མི་ནུས་ལ། ཆོ་ག་དཀའ་ན་འཕྲལ་དུ་སྣུམ་གྱི་དཔྱད་འདི་སྐྱོ་ཞིང་གནོད་པར་ཡང་མི་འགྱུར་གྱི་གྱིས་ཤིག །བྱ་བའི་ཐབས་ལ་མར་བརྔོས་ལ་ཤ་ཁུ་ལས་བཏང་ངམ། ཐུག་པའི་ནང་དུ་བཏབ་ལ་བླུད་དོ། །ཡང་ན་ཏིལ་བཏགས་པའི་ནང་དུ་མར་བཏབ་ལ། བུ་རམ་བསྐོལ་བའི་ཁུ་བས་བཏང་སྟེ་བཏུང་ངོ༌། །ཡང་ན་འབྲས་དང་ཏིལ་མར་དང་སྲན་མ་ཤ་དང༌། སྣ་གསུམ་གྱི་ཐུག་པ་ནང་དུ་ཡང་མར་འདི་བཞིན་དུ་བཏབ་ལ་བཏུང་ངོ༌། །འོ་མ་བསྐོལ་བ་དྲོན་མོའི་ནང་དུ་མར་བཏབ་པའི་ཐུག་པའམ་ཞོ་མངལ་མ་ཞོག་ཆུ་བོར་ལ། བུ་རམ་གྱིས་བཏབ་སྟེ་བླུད་པའི་ཐུག་པ་དེ་ལྟ་བུ་རྣམ་པ་དྲུག་དང༌། མར་རྐང་ཚིལ་དང་ཏིལ་དང་སྣ་བཞི་འབྲས་དང་སྣ་ལྔའི་ཐུག་པ་དང༌། སྤྱིར་དྲུག་དང༌། ཡང་ཐུག་པ་རྣམ་པ་ལྔ་པོ་འདི་དག་དང༌། ཐུག་པ་སྣ་བདུན་པོ་འདི་རྣམས་ནི་འཕྲལ་དུ་ལུས་ཀྱི་ཁོང་སྣུམ་པར་འགྱུར་ཏེ། ལན་ཚྭ་ཆེར་གདབ་བོ། ཐུག་པ་འདི་དག་ནི་བད་ཀན་དུ་མི་འགྱུར་རོ། །ལུས་རྩུབ་པར་མི་འགྱུར། ཡང་མཛེ་ནད་ལུས་སྐྲང་བག་དང༌། གཅིན་རྟག་ཏུ་འོང་ཞིང་སྙི་བ་འདི་ལྟ་བུ་ལ། བུ་རམ་ཡུལ་གཤེར་ས་ནས་བྱུང་བའི་ཤ་དང༌། ལོ་མ་དང་ཏིལ་དང༌། སྲན་མ་ཤ་དང༌། ཆང་དང་ཞོ་རྣམས་བཟར་མི་རུང་ངོ༌། །སྣུམ་གྱི་ཆོ་ག་དང༌། དཔྱད་བྱས་ནས་གནོད་པར་མ་གྱུར་ན། སྨན་འབྲས་བུ་གསུམ་པོ་དང༌། པི་པི་ལིང་དང༌། ཨ་རུ་ར་དང༌། གུ་གུལ་ལ་སོགས་པ་བསྐོལ་ལ་ཐོང་ཤིག །དེ་ལྟར་བཏང་ན་
ནད་རྙིང་ལ་ཡང་འབྱང་ལ། ལུས་ཀྱི་ཁོང་ནས་དྲོད་སྐྱེ། ཁོང་པ་ནང་གི་ནད་ཀུན་འབྱང༌། སྲོག་ཟུངས་བདུན་འཕྲལ་དུ་བརྟ། ཉམས་སྟོབས་དང་བཞིན་མདོག་བཟང་པོར་འགྱུར། དབང་པོ་རྣམས་བརྟན། རྒན་སྲ། ལོ་བརྒྱ་ཐུབ་པར་འགྱུར་ཏེ། མར་རྟག་ཏུ་བཟའ་བའི་ཡོན་ཏན་དེ་ནི་དེ་ལྟར་འགྱུར་རོ། །སྣུམ་ལ་དཔྱད་ཀྱི་ཆོ་གར་བྱ་བའི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། །།དེ་ནས་དུགས་བྱ་བའི་ལེའུ་བཤད་པར་བྱའོ། །དེ་ལ་དུགས་ཀྱི་བྱེ་བྲག་ནི་རྣམ་པ་བཞི་སྟེ། དུགས་བྱ་བ་དང༌། བག་ཟན་དང་སྨན་དུ་སྦྱར་བས་ལུས་ལ་བཅིང་ཞིང་དུགས་བྱ་བ་དང༌། དུགས་ཐ་མལ་པ་དང༌། ཆུ་ལུམས་དང་རྣམ་པ་བཞིའོ། །དེ་ལ་དུགས་ཞེས་བྱ་བ་ནི་མེ་ལ་བསྲོས་པ་ཡིན་ཏེ། དེ་ལ་ཡང་ཇི་ལྟ་ཞེ་ན། མེ་མདག་ལ་གོས་སམ། ཐོང་ལྕགས་སམ་ལག་པའི་ཐལ་མོ་མེ་ལ་བསྲོས་པ་ལ་སོགས་པས་དུགས་བྱའོ། །བག་ཟན་དང་སྨན་དུ་སྦྱར་བའི་དུགས་ལུས་ལ་གླན་ཅིང་བཅིང་བ་ནི་བག་ཕྱེ་འམ་འབྲུ་སྣ་ཚོགས་བཏགས་ལ་སྨན་ཤིང་ཚ་དང་ཕབས་དང་ཉེའུ་ཤིང་དང་ཐང་ཤིང་དང་གུ་གུལ་དང༌། ཨ་རུ་ར་དང༌། ལྡུམ་བུ་ར་སྣ་དང༌། ཨེ་རཎྜའི་རྩ་བ་དང༌། ཡུལ་གཤེར་ས་ནས་བྱུང་བའི་ཤ་དང༌། ཚྭ་དང༌། དར་བ་དང༌། འོ་མ་དང༌། ཞོ་དང༌། མར་དང༌། འདི་རྣམས་ཀྱིས་སླ་མོར་སྦྲུས་ལ་ལན་ཚྭ་ཆེར་བཏབ་སྟེ་བཙོས་ལ་རས་ཀྱི་སྟེང་དུ་བདལ་ཏེ། ལུས་གར་ན་སར་གླན་ཞིང་བཅིངས་ན་དུགས་འདིས་ནི་རླུང་ནད་འབྱིན་པར་འགྱུར་རོ། །གལ་ཏེ་བད་ཀན་དང་འདྲེས་པའི་ནང་དུ་གྱུར་ན་ནི་དུགས་དེའི་ནང་དུ་བྱེའུ་རུག་པ་ལ་སོགས་པ་དང་སྦྱར་ལ་དུགས་བྱའོ། །མཁྲིས་པའི་ནད་ལ་ནི་ཤིང་ཤུག་པ་དང་སྦྱར་རོ། །དུགས་གླན་ཏེ་དེ་ལྟར་སྦྱར་བ་ལས། གལ་ཏེ་སླ་བས་ལུས་ལ་མི་ཆགས་ཤིང་རས་ཀྱིས་མི་ཐུབ་ན་མར་དང་ཏིལ་མར་ལ་སོགས་པ་སྣུམ་གྱིས་བསྣན་ཏེ། ཡང་དང་ཡང་བསྭོ་ཞིང་པགས་པ་མ་རུལ་བ་དྲི་མི་ཞིམ་པ་མ་ཡིན་པས་ཕྱི་རོལ་ནས་དུགས་བྱའོ། །ཕགས་པ་དེ་ལྟ་བུ་མ་རྙེད་ན་སྨན་རླུང་སིལ་བའི་ལོ་མ་ཨ་ཤྭ་གནྡྷ་འམ། ཨེ་རཎྜ་འམ། དར་རམ་བལ་སྣམ་མམ་རས་ཀྱིས་གཡོགས་ཤིང་དཀྲིས་ལ་མཚན་མོ་དུགས་བྱས་
ན་ནི་ཉིན་པར་མི་དགོས་ཀྱི་ཁྲོལ་ཅིག །ཉིན་པར་དུགས་བྱས་ན་ནི་མཚན་མོ་མི་དགོས་ཀྱི་ཁྲོལ་ཅིག །དེ་ལ་དུགས་ཐ་མལ་པ་ཞེས་བྱ་བ་ནི་བག་ཕྱེ་དང་མར་དང་ཆུར་སྦྱར་ཏེ། བཙོས་པའི་བག་ཟན་སླ་མོས། གང་ན་བའི་ཐོག་ཏུ་གླན་ཅིང་བདུགས་པ་དང༌། གྱོ་མོའི་དུམ་བུ་དང༌། ཕག་དུམ་དང༌། རྡོ་བ་དང༌། ས་ཕྱེ་མ་དང༌། གསོ་མའི་ལོ་མ་དང༌། འབྲས་ལ་སོགས་པ་འབྲུ་རྣམས་དང༌། ལུག་གི་རིལ་མ་དང་བྱེ་མ་དང༌། ཕུབ་མ་ལ་སོགས་པ་ཐབས་དུ་མས་བཙོས་སམ། བརྔོས་པའི་དུགས་ཀྱིས་ཡུལ་གྱི་རྣམས་དང་དུས་དང་སྦྱར་ཞིང་དུགས་བྱའོ། །དེ་ལ་སྨན་ཁུའི་ལུམས་བྱ་བའི་དཔྱད་ནི། ཤིང་ཤི་ཀྲུ་དང༌། ཤི་ཀྲུའི་རྩ་བ་དང༌། ལོ་མ་དང༌། འབྲས་བུ་ལ་སོགས་པ་ཇི་སྙེད་པ་དང༌། ཤིང་ཨེ་རཎྜའི་རྩ་བ་དང༌། ལོ་མ་ལ་སོགས་པ་དང༌། ཀ་རཉྫ་དང༌། བྱིའུ་རུག་པ་དང༌། ཀརྫ་ཀ་དང༌། ཤིང་ཤི་རི་ཤ་དང༌། ལྡུམ་བུ་བ་ཤ་དང༌། འོད་མ་དང༌། ཤིང་ཨརྐ་དང༌། མ་ལི་ཏི་དང༌། དིརྒྷ་བིན་ཏ་དང༌། གསོ་མའི་ལོ་མ་དང༌། ཤུ་དག་ལ་སོགས་པ་དང༌། ཡུལ་གཤེར་ས་ནས་བྱུང་བའི་ཤ་དང༌། ཉ་དང༌། ངང་ངུར་ལ་སོགས་པའི་ཤ་དང༌། སྨན་གྱི་རྩ་བ་སྣ་བཅུ་པ་དང་འདི་རྣམས་ལ་སོགས་པ་ནད་དམིགས་དང་སྦྱར་ལ་ནད་ལྕི་ན་སྨན་འདི་ཀུན་སྣ་ཚང་བར་བསོགས་ཏེ་བརྡུངས་ལ་ཆང་དང་ཚྭ་དང་འོ་མ་དང་ཆུ་ལ་སོགས་པ་དང་སྦྱར་ཏེ་བཙོས་ལ་བུམ་པའི་ནང་དུ་བླུགས་ལ་གང་ན་བར་སྨན་གྱི་རླངས་པ་དྲོན་མོས་གར་ན་བའི་དམིགས་སུ་བདུག་ཅིང་ལུམས་བྱའོ། །ཡང་ན་རླངས་པས་མི་བདུག་པར་སྨན་བཙོ་བཙོ་བའི་ཁུ་བ་དྲོ་ཚ་ཙམ་བུམ་པའི་ཁ་པྲ་མོར་བཏོད་པའམ། སྦུ་གུ་རིང་པོར་བཏོད་པའི། བླུགས་པའི་ཁ་ནས་སྨན་གྱི་ཁུ་བའི་རྒྱུན་བྱུང་ནས་ནད་ཀྱི་སྟེང་དུ་བླུགས་ཤིང་སྨན་ཁུའི་ལུམས་བྱའོ། །དེ་ལྟར་སྨན་ཁུའི་ལུམས་བྱེད་པའི་ཚེ་ལུས་ལ་གོས་ཀྱིས་ཀྱང་གཡོགས་ལ་དེའི་སྟེང་དུ་སྨན་ཁུའི་ཆུ་ལུམས་ཀྱིས་ལུས་ལ་བདེ་བ་རན་པར་བླུགས་ཤིང་ལུམས་བྱའོ། །ཡང་ན་སྨན་ཁུ་དྲོན་མོ་དེ་གཞོང་ཁུང་ལུས་ཚད་ཆེན་པོའི་ནང་དུ་གང་བར་བླུགས་ལ་དེའི་ནང་དུ་ལུས་ཞུགས་ན་རླུང་ནད་ཐམས་ཅད་ལ་ཕན་པར་འགྱུར་རོ། །ནད་པ་ཆུ་ལུམས་དེ་ལྟ་བུའི་ནང་དུ་ཞུགས་ཏེ་འདུག་
ན་གཞང་འབྲུམ་ཁྲག་ཚད་དུ་འོང་བ་དང་ཆུ་འགགས་ཏེ་གཅིན་སྲི་བ་དང༌། རླུང་ནད་ལ་སོགས་པ་ལ་ཕན་ནོ། །དེ་ལྟ་བུའི་ལུམས་བྱ་ཞིང་འཇུག་པ་ལ་ཁ་ཟས་སྣུམ་བག་བཟའ་ཞིང་ཟས་ཞུ་ནས་སྔ་དྲོ་ཆུ་ལུམས་བྱའོ། །དེ་ལྟར་ལུམས་བྱ་བའི་ཚད་ནི་ནད་པའི་ནད་དམིགས་ཆེ་ཆུང་དང༌། ཡུལ་རྣམས་དང་དབྱར་དགུན་གྱི་དུས་དང་སྦྱར་ལ་ལུམས་ཆེ་ཆུང་འབྲིང་གང་རན་པ་ཚོད་དེ་ལས་དཔག་སྟེ་བྱའོ། །དེ་ལས་བད་ཀན་གྱི་ནད་དམིགས་ཤས་ཆེ་ན་ནི་སྨན་ཁོང་རྩུབ་པར་འགྱུར་བ་དང་སྦྱར་ལ་ཆུ་ལུམས་བྱའོ། །མི་རང་བཞིན་རླུང་དང་བད་ཀན་ཅན་ཞིག་ལ་རླུང་ནད་སྐྱེས་ཏེ་རྩུབ་པར་གྱུར་ན། སྨན་རྩུབ་པ་དང་སྣུམ་བག་ཡོད་པ་གཉི་ག་དང་སྦྱར་བའི་ཆུ་ལུམས་བྱའོ། །ཡང་ནད་པ་ཕོ་བའི་ནང་དུ་རླུང་ནད་ཞུགས་པ་ལ། ལོང་ཀའི་ནང་དུ་བད་ཀན་གྱི་ནད་ཞུགས་པར་གྱུར་པ་འདི་ལྟ་བུ་ལ་ནི་སྔར་ཕོ་བའི་གནས་ལ་ཕན་པའི་ལུམས་རྩུབ་མོའི་ལུམས་བྱའོ། །ལོང་ཀའི་ནང་ན་བད་ཀན་ཡོད་པ་ནི་སོ་སོའི་གནས་ཀྱི་བྱེ་བྲག་དང་སྦྱར་ཏེ་སྣུམ་བག་ཡོད་པའི་ལུམས་བྱའོ། །དེ་ལ་དུགས་དང་ལུམས་གང་བྱེད་ཀྱང་རུང་སྟེ། སྟ་ཟུར་དང་ཆུ་སོའི་བར་དང༌། མིག་དང་རླིག་པའི་འབྲས་བུ་དང༌། སྙིང་དང་འདི་རྣམས་ལ་དུགས་ཆུང་དུ་བྱའོ། །ཡང་ན་ནི་མ་བྱེད་ཅིག །ལུམས་ལེགས་པར་བྱས་པའི་ཚུལ་ནི་ཁོང་གྲང་ཞིང་བསིལ་བ་ཀུན་མེད། ཟུག་ཅིང་ན་བ་བྱང༌། ལུས་དང་རྐང་ལག་འཇམ་པ་དེ་ལྟ་བུར་གྱུར་ན་ལུམས་ལེགས་པ་ཡིན་ཏེ་ལུམས་ཀྱི་རྗེས་སུ་ལུས་དལ་གྱིས་མཉེ་ཞིང་དེའི་རྗེས་ལ་ཆུ་དྲོན་པོས་ལུས་ཁྲུས་བྱས་ནས་དེའི་འོག་ཏུ་སྣུམ་གཏོང་བའི་ཆོ་ག་གྱིས་ཤིག །ཡང་ལུམས་ཧ་ཅང་དྲགས་ན་ཉེན་དུ་གྱུར་པའི་ནད་དམིགས་ནི། མཁྲིས་པ་དང་ཁྲག་རྒྱས་ཏེ་ཚ་བའི་ནད་སྐྱེ། སྐོམ་དད་ཆེ། མྱོས་ཤིང་བརྒྱལ་པའམ། བོག་པར་འགྱུར། སྐད་འགགས། རྐང་ལག་ན། མགོ་འཁོར། རྐང་ལག་གི་ཚིགས་ཀུན་ན། རིམས་ཚ་བས་འདེབས། ལུས་ཀྱི་ཤ་ཚིག་སྟེ་ནག་པོ་དང་དམར་པོ་ཐིག་ཐིག་པོར་སྣང༌། ལུམས་ཧ་ཅང་དྲགས་ན་སྐྱུག་བྲོ་བ་འདི་ལྟ་བུའི་ཉེན་དུ་འགྱུར་རོ། །ལུམས་དེ་ལྟར་ཧ་ཅང་དྲགས་ཏེ། ཚ་བ་དང་མགོ་འཁོར་བ་དང༌། སྐྱུག་བྲོ་
བ་ལ་སོགས་པ་དང༌། གཞན་ཡང་དུག་གིས་ཕོག་པ་དང༌། ནས་ཚིག་འཁུས་པའི་ཚ་ལ་སོགས་པའི་སྨན་བཏང་ངམ། མེ་བཙའ་བཏབ་བམ། མེས་ཚིག་གམ། ཚད་པས་བཏབ་བམ། སྐྱུག་བྲོ་འམ། སྙིང་མི་དྲན་ཏེ་མྱོས་པ་འདི་རྣམས་ལྟ་བུ་ལ། ལུམས་རྩི་ཨེཎྜ་དང༌། ཉེའུ་ཤིང་ལྟ་བུ་དང༌། ཉ་དང་ཆུ་བྱ་སྣ་ཚོགས་ལྟ་བུ་ནི། བསིལ་ཞིང་ལྕི་བའོ། །ཚ་ཞིང་རྣོ་བ་ན་ལེ་ཤམ་ལྟ་བུ་དང༌། དྲོད་ཆེ་བའི་སྨན་ཚིད་ཀ་དང༌། དབྱི་མོའི་ལོ་མ་འདི་ལྟ་བུ་རྣམས་སྦྱར་ཏེ་སོ་སོའི་ནད་དམིགས་ལ་ལུམས་ཅི་རིགས་པར་བྱས་ན་ནད་དམིགས་ཀྱི་ཉེན་དེ་ལྟ་བུར་མི་འགྱུར་རོ། །ལུམས་རྩིར་བཟང་བ་ནི་རློན་ཞིང་ཞུ་བ་ཡོད་པ་སྲ་སྟེ་ཚོས་དཀའ་བ་སྤྱི་བག་དང༌། འབྱར་བག་ཏུ་འདུག་པ་དང༌། སྣུམ་བག་དང༌། རྩུབ་པའི་བག་དང༌། རྩ་བའི་ནང་དུ་འགྲོར་རུང་བ། ཞིབ་པ་དེ་ལྟ་བུའི་སྨན་ནི་ལུམས་རྩིར་བཟང་ངོ༌། །ལུམས་ཀྱིས་ནད་དང༌། ཉེན་དུ་མི་འགྱུར་བའི་སྨན་རྩི་ནི་འཇམ་པ་དང༌། རྩུབ་པ་དང༌། ཞིབ་པ་དང༌། འབྱར་བ་སྤྱི་བག་འདུག་པ་དང༌། ཞུ་བ་གཤེར་བག་ཅན་འདི་ལྟ་བུ་ལ་སྦྱར་ན་ལུམས་མ་ལེགས་ཏེ་ནད་དུ་གྱུར་པ་ལས་རྩེ་ཞིལ་ཏེ་ཕན་པར་འགྱུར་རོ། །མདོར་ན་སྨན་ཁ་བ་དང༌། བསྐ་བ་དང༌། མངར་བག་འདི་གསུམ་ཡོད་པ་ཕལ་ཆེར་སྦྱར་ན་ལུམས་ཉེས་པའི་ནད་ཐམས་ཅད་རྩེ་ཞིལ་ཞིང་ཕན་པར་འགྱུར་རོ། །དེ་ལྟར་ལུམས་ཧ་ཅང་དྲགས་པ་ལས་ནད་དུ་གྱུར་པ་དེ་སླར་བཅོས་པའི་ཐབས་ཀྱིས་ནད་རྩེ་ཞིལ་བར་འགྱུར་ཏེ། ཕན་པའི་རྟགས་ནི་གང་དུ་ལུམས་དྲགས་པའི་ཉེན་སྨོས་པའི་ནད་རྣམས་བྱང་ལ། ཉམས་སྟོབས་སྐྱེ་བར་ཚོར་ན་དེ་ནི་ལུམས་དྲགས་པའི་ནད་ཕྱིན་པ་ཞེས་བྱའོ། །ཡང་ལུམས་དྲགས་ཆེས་ཏེ་ནད་དུ་གྱུར་པ་དེ་རྩེ་ཞིལ་བའི་ཐབས་ཧ་ཅང་དྲགས་ཆེས་ན་ཡང༌། ཤ་མདངས་ཀྱི་པགས་པ་དང༌། ཆུ་བ་དང༌། རྐང་ལག་རྣམས་འཁུམས་པར་འགྱུར། སྙིང་འཕར་ཞིང་ན། སྨྲ་མི་ནུས། འགྲམས་པའི་ཉ་བྱུང་སྟེ་ལྟུང༌། མཆུ་དང༌། ལག་པ་དང༌། རྐང་པ་དང༌། པགས་པ་རྣམས་ནག་པོར་འགྱུར་བ་དེ་ལྟ་བུ་ནི་ཧ་ཅང་རྩེ་ཞིལ་དྲགས་པའི་ནད་ཡིན་ནོ། །དེ་ལ་དུགས་བྱར་མི་རུང་བའི་དམིགས་ནི་ཧ་ཅང་ཚོན་པོ་སྦོམ་པོ་དང༌། རླུང་ཆེས་
ཏེ་ཁོང་རྩུབ་པ་དང༌། རིད་པར་གྱུར་ཏེ་ཉམ་ཆུང་བ་དང༌། བརྒྱལ་བ་དང་སྔར་ལུམས་དྲགས་པ་ལས་སླར་གསོ་ཞིང་དཔྱད་བྱ་དགོས་པ་དང༌། གློ་ན་བ་དང༌། གློ་རྡོལ་བ་དང༌། སྲོག་ཟུངས་བདུན་པོ་ཟད་དེ་ལུས་སྐམ་པོར་སོང་བ་དང༌། ལུས་ཁུར་རམ་ལས་ཀྱིས་དུབ་པ་ལྟ་བུ་དང༌། ཆང་ལས་ནད་དུ་གྱུར་པ་ལྟ་བུ་དང༌། མིག་རབ་རིབ་ཟ་བ་དང༌། དམུ་རྫིང་དུ་གྱུར་ཏེ་ལྟོ་ཆེར་སྐྱེས་པ་དང༌། ཤུ་བ་མཆེད་པ་དང༌། མཛེ་ནད་དང༌། འོར་ནད་སྐྲང་བག་དང༌། ཚ་བ་མཁྲིས་པའི་ནད་ཡོད་པ་དང༌། འོ་མ་དང༌། ཞོ་དང་མར་འཐུངས་པ་དང༌། སྦྲང་རྩི་འཐུངས་པ་དང༌། བཀྲུ་སྨན་བཏང་བ་དང༌། ལུས་སྣད་པ་དང༌། གཞང་འབྲུམ་ཁྲག་ཚད་འོང་བ་དང༌། སེམས་འཁྲུགས་པ་དང༌། མྱ་ངན་གྱིས་བཏབ་པ་དང༌། འཇིགས་ཤིང་བག་ཚ་བ་ལྟ་བུ་ཡོད་པ་དང༌། བཀྲེས་པ་དང༌། སྐོམ་པའམ་མིག་སེར་གྱིས་བཏབ་པ་འམ། སྐྱ་རྦབ་ཀྱི་ནད་ཡོད་པ་འམ་གཅིན་སྙི་སྟེ་རྟག་ཏུ་འོང་བ་འདི་ལྟ་བུ་དང༌། སྤྱིར་མཁྲིས་པའི་ནད་ཡོད་པས་ཚ་བའི་ནད་ཆེ་བ་འདི་ལྟ་བུ་ལ་ལུམས་བྱར་མི་རུང༌། བུད་མེད་སྦྲུམ་མ་དང༌། ཟླ་མཚན་ཟག་པ་དང༌། བུ་བཙས་པ་ལྟ་བུ་དང༌། འདི་ལྟ་བུ་ལ་ལུམས་བྱར་མི་རུང་ངོ༌། །གལ་ཏེ་སྦྲུམ་མ་འམ་ཟླ་མཚན་ཟག་པ་དང་བུ་བཙས་པ་འདི་ལྟ་བུ་ལ་ལུམས་བྱར་མི་རུང་བ་འམ། དུག་གིས་ཕོག་སྟེ་ལུམས་བྱ་དགོས་ན་ཡང་ལུམས་མི་དྲགས་པ་འཇམ་པོར་གྱིས་ཤིག །དེ་ལ་ལུམས་བྱ་བའི་ནད་ཀྱི་དམིགས་ནི་བད་ཀན་ཆེས་ཏེ་དབུགས་མི་བདེ་བ་དང༌། ལུད་པ་ལུ་བ་དང༌། ཆམ་པས་བཏབ་པ་དང༌། སྐྱིགས་བུས་བཏབ་པ་དང༌། ལྟོ་སྦོས་པ་དང༌། བཤང་གཅི་གཉིས་ཀ་འགགས་ཏེ་དབྱུང་དུ་མི་རུང་བ་དང༌། མགུལ་སུབས་ཤིང་སྐད་འགགས་པ་དང༌། རླུང་ནད་ཀྱིས་བག་ཏུ་མི་བདེ་བ་དང༌། བད་ཀན་རྒྱས་པ་དང༌། བེའུ་སྣབས་ཡོད་དེ་མཆིན་པ་ན་བ་དང༌། ལུས་དགྱེ་སྒུ་མི་ཤེས་ཏེ་ཁོང་རེངས་པ་དང༌། ལུས་ལྕི་བ་དང༌། རླིག་རླུགས་ཀྱི་ནད་ཡོད་པ་དང༌། མཚན་བར་རྡོལ་བའི་ནད་དང༌། ད་རྒན་ལུས་ནང་དུ་སྒུ་བ་འམ། ཕྱིར་དགྱེ་བའི་ནད་ཀྱང་རུང་རླུང་ནད་ཀྱིས་ཟུག་ཐབས་སུ་ན་བ་དང༌། ཆུ་
འགགས་པ་དང༌། ཐོར་བུ་ཆེན་པོ་བྱུང་བའམ། རྨེན་བུ་སྐྲངས་པའམ་པགས་པའི་ནང་དུ་ཐོར་བུ་འབྱུང་ལ་ཕྱིར་རྡོལ་དུ་མི་རུང་བ་ལྟ་བུ་དང༌། སྐྱེས་པ་ཁུ་བ་འགགས་ཏེ་འོང་དུ་མི་རུང་བ་དང་རླུང་ནད་ཆེ་བ་དང༌། འདི་རྣམས་ལྟ་བུ་ལ་སོ་སོའི་ནད་དམིགས་དང་མཐུན་པར་སྨན་སྦྱར་ལ་ལུམས་དང་དུགས་བྱའོ། །ཡང་མི་ལ་རླུང་ནད་ཡོད་པའམ་ཚོ་སྟེ་ཚིལ་ཆེས་པའམ། བད་ཀན་རྒྱས་པ་དེ་ལྟ་བུ་ལ་ལུམས་བཙོས་ཤིང་གདུ་གདུ་བ་མི་དགོས་པར་ཁང་པ་རླུང་མེད་པ་དྲོན་པོའི་ནང་དུ་གོས་བསྲོས་ལ་དྲོན་པོ་གྱོན་ཏེ་རྔུལ་དབྱུང་བ་དང་གོས་ལྕི་བར་གྱོན་ཅིང་རྔུལ་བར་བྱ་བ་དང༌། དངང་བར་བྱ་ཞིང་རྔུལ་གདོན་པར་བྱས་ན་ལུམས་བྱ་མི་དགོས་པར་ཕན་ནོ། །ཡང་མེ་ལ་བཙོ་བའི་ལུས་བཙན་པོ་ཆེ་མ་ཡིན་པར་ཐ་མལ་པར་ཟན་དང༌། སྨན་དུ་སྦྱར་བས་བཙོས་པས་ལུས་ལ་དཀྲི་ཞིང་བདུགས་པ་དང༌། ཆང་མང་དུ་བླུད་ལ་དུགས་བྱས་ན་ཕན་ནོ། །རྔུལ་མང་དུ་དབྱུང་བའི་ཐབས་དང༌། ཁྲོ་བར་བཅས་པས་རྔུལ་དབྱུང་བ་དང༌། བཀྲེས་པར་བྱ་བ་དང༌། སྐོམ་པར་བྱ་བ་དང༌། ཉི་ཚན་ལ་གཞག་པ་འདི་ལྟ་བུས་ཀྱང་བད་ཀན་ལ་སོགས་པའི་ནད་ལུམས་བྱ་མི་དགོས་པར་ཕྱིན་པར་རུང་ངོ༌། །དེ་ལྟ་བས་ན་ལུས་དང་ཁོང་པ་ནང་གི་ནད་ཡོད་པ་ལ་མར་དང་ཏིལ་ལ་སོགས་པ་སྣུམ་གྱི་དཔྱད་ཀྱིས་ནི་ནད་བསྲུལ་ལོ། །ནད་བསྲུལ་དེ་ཁོང་པ་ནང་ཁྲོལ་གྱི་ནང་དུ་སོང་ཡང་རུང༌། སྲོག་ཟུངས་བདུན་གྱི་ནང་དུ་སོང་ངམ། རྩའི་ནང་དུ་སོང་ངམ། རྐང་ལག་གི་ནང་དུ་སོང་ངམ། ནད་རུང་བའི་ནང་དུ་ཞེན་ཀྱང་རུང༌། དེ་ལྟ་བུ་ལ་ལུམས་སམ་དུགས་བྱས་ན་སྣུམ་གྱིས་བསྲུལ་བའི་ནད་དེ་སྙི་ཞིང་སླ་བར་གྱུར་ནས་ཁོང་དུ་སྡུད་དོ། །ཁོང་དུ་ནད་ལུས་པ་དང་བཀྲུ་སྨན་གྱིས་བཀྲུས་ཏེ་ནད་ཀྱི་དཔྱིས་དབྱུང་ངོ༌། །དུགས་དང་ལུམས་ཀྱི་ཆོ་ག་སྟེ་ལེའུ་བཅུ་བདུན་པ་རྫོགས་སོ།། །།སྐྱུག་སྨན་དང་བཀྲུ་སྨན་གཏང་བའི་ཆོ་གའི་ལེའུ་བཅོ་བརྒྱད་པ་བཤད་པར་བྱའོ། །བད་ཀན་རྒྱས་པའི་ནད་དམ་བད་ཀན་རྒྱས་པ་རླུང་ངམ་མཁྲིས་པ་དང་འདྲེས་ཀྱང་རུང་སྟེ། དེ་ལྟ་བུའི་སྨན་ལ་སྐྱུག་སྨན་ཐོང་ཤིག །ཚུལ་འདི་དང་འདྲ་བར་མཁྲིས་པ་རྒྱས་པའི་ནད་ལ་ནི་བཀྲུ་སྨན་ཐོང་ཤིག །
ཡང་རིམས་གསར་པ་དང༌། ཚད་པས་འཁྲུ་བ་དང༌། ཐུར་དུ་མཁྲིས་པ་དང་ཁྲག་ཏུ་འཁྲུ་བ་དང༌། གློ་གཅོང་ཆེན་པོ་སྐེམ་བྱེད་དང༌། མཛེ་དང་གཅིན་སྙི་བ་དང༌། འབྲུམ་ཆེན་དང་ཐོར་བུ་འབྱུང་བའི་ནད་དང༌། རྐང་པ་ཆེར་སྐྲངས་པའི་ནད་དང་སྙིང་མི་དྲན་ཏེ་མྱོས་པར་གྱུར་པ་དང༌། ལུད་པ་ལུ་བ་དང༌། དབུགས་མི་བདེ་བ་དང༌། སྙིང་འཕར་བ་དང༌། བུད་མེད་ནུ་མ་ན་བ་དང༌། རོ་སྟོད་ཡན་ཆད་ཀྱི་ནད་མི་བདེ་བ་འདི་རྣམས་དང་ནད་ཐམས་ཅད་ལ་སྐྱུག་སྨན་བཏང་ན་ཕན་ནོ། །དེ་ལ་སྐྱུག་སྨན་གཏང་དུ་མི་རུང་བའི་ནད་དམིགས་ནི་བུད་མེད་སྦྲུམ་མ་དང༌། རླུང་ནད་ཡོད་དེ་ཁོང་རྩུབ་པ་དང༌། བཀྲེས་པ་དང་རྟག་ཏུ་སྡུག་བསྔལ་བ་དང་བྱིས་པ་ཆུང་ངུ་དང༌། མི་རྒན་པོ་དང་སྐེམ་པོ་དང་ཚོ་སྟེ་སྦོམ་པོ་དང༌། གློ་སྐམ་ན་བ་དང༌། མཚོན་གྱིས་རྨས་པ་དང༌། ཉམ་ཆུང་བ་དང༌། རྟག་ཏུ་སློན་པ་དང༌། མཆེར་པ་ན་བ་དང༌། མིག་རབ་རིབ་ཁྱེར་བ་དང༌། ལྟོ་ན་སྲིན་བུ་ཡོད་པ་དང༌། ཁར་ཁྲག་དང༌། རླུང་དུ་འདྲེས་པར་འབྱུང་བ་དང༌། སོ་ན་བ་དང༌། སྐད་འཛེར་བ་དང༌། ཆུ་སྲི་བ་དང༌། དམུ་རྫིང་དང༌། སྐྲན་དང༌། སྨན་བཏང་བ་ཡང་སློན་དུ་མི་རུང་བ་དང༌། ཧ་ཅང་དྲོད་ཆེ་བ་དང༌། གཞང་འབྲུམ་གྱི་ནད་དང༌། རྟུག་སྐམ་གྱིས་བཏབ་པ་དང༌། མགོ་འཁོར་བ་དང༌། རྩིབ་ལོགས་རྡོ་བཞིན་དུ་སྲ་བས་རེམ་རེམ་པོར་ནད་དཀྱེལ་ཆགས་པ་དང་གློ་ན་སྟེ་རྩིབ་ལོགས་སུ་ཟུག་པ་དང༌། རླུང་ནད་ཀྱི་བག་འདི་ལྟ་བུ་ལ་སྐྱུག་སྨན་གཏང་དུ་མི་རུང་ངོ༌། །ཡང་ཁྲག་སྨན་གཏང་དུ་མི་རུང་བ་ནི་བཙན་དུག་འཐུངས་སམ། དབྱིག་དུག་འཐུངས་སམ་ཁ་ཟས་མ་ཞུ་བ་འམ་ཁ་ཟས་མི་འཕྲོད་པ་ཟོས་པའམ། བེའུ་སྣབས་ལས་རིམས་སུ་གྱུར་ཏམ། རྟག་ཏུ་སྐྱུག་སྨན་བཏང་ཡང་སྐྱུག་ཏུ་མི་རུང་བ་ལ་སྐྱུག་སྨན་མི་གཏང་བར། གོང་དུ་སྨོས་ཀྱང་དུག་འཐུངས་སམ། སྐྱུག་སྨན་མི་བཏང་དུ་མི་རུང་བའི་ནད་དམིགས་ཞིག་ཡིན་ན་འདི་རྣམས་ལྟ་བུ་ལ་སྐྱུག་སྨན་ཐོང་ཤིག །ནད་དམིགས་གཞན་དང་སྦྱར་ཏེ་སྐྱུག་སྨན་བཏང་བའི་རྗེས་ལ་སྨན་གྱི་དུད་པ་སྦུ་གུ་ནས་བཏང་སྟེ་བདུག་ཏུ་རུང་ངོ༌། །བཙན་དུག་དང་དབྱིག་དུག་གིས་ཕོག་པ་དང༌། ཟས་མ་ཞུ་བ་འམ། ཁ་ཟས་མི་
འཕྲོད་པ་ཟོས་པ་འདི་རྣམས་ལྟ་བུ་ལ་སྐྱུག་སྨན་བཏང་བའི་རྗེས་ལ་དུད་པ་སྦུ་གུ་ནས་བཏང་ཞིང་བདུག་པ་དང༌། ཟས་ཀྱི་ཆོ་གས་བསྟན་པ་འདི་རྣམས་བྱར་མི་རུང་ངོ༌། །དེ་ལ་བཀྲུ་སྨན་གྱིས་བཀྲུ་ཞིང་གསོར་རུང་བའི་ནད་ནི་སྐྲན་དང་གཞང་འབྲུམ་ཁྲག་ཚད་དང་འབྲུམ་བུ་དང་གཞོགས་ཕྱེད་ན་སྟེ་བསྐྱོད་མི་ནུས་པ་དང༌། མིག་སེར་དང༌། རིམས་ཡུན་རིང་དུ་ལོན་ཏེ་བྱིང་བ་དང༌། དམུ་རྫིང་དང༌། དབྱིག་དུག་དང༌། རྟག་ཏུ་སྐྱུག་པ་དང༌། མཆེར་པ་ན་བ་དང༌། ཤ་མདོག་སེར་པོར་གྱུར་པའི་ནད་དང༌། མིག་རབ་རིབ་ཟ་བ་དང༌། མིག་སྔོན་པོར་གྱུར་པ་དང༌། མིག་རྩི་བོར་ཟ་བ་དང༌། ལོང་ཀ་ན་སྟེ་ལྟེ་བའི་འོག་ཏུ་ན་བ་དང༌། མོ་མཚན་ན་བ་དང༌། ཕོ་མཚན་ན་བ་དང༌། ཁོང་པའི་ནང་ཀུན་ན་བ་དང༌། ལྟོ་ན་སྲིན་བུ་ཡོད་པ་དང༌། རྨ་རེད་པ་དང༌། དྲེག་གམ། ཁར་ཁྲག་དང་རླུང་འདྲེས་པར་སྐྱུག་གམ། མགོ་བོ་ཡན་ཆད་ཀྱི་ནད་དང༌། ཁྲག་རྒྱས་པ་དང༌། གཅིན་འགག་ཅིང་སྲི་བ་དང༌། རྟུག་སྐམ་གྱིས་བཏབ་པ་འདི་རྣམས་ལྟ་བུ་ལ་བཀྲུ་སྨན་གྱིས་བཀྲུས་ན་ཕན་ནོ། །མཛེ་ནད་དང༌། གཅིན་སྙི་སྟེ་ཟ་ཁུར་བྱུང་བ་ལ་ནི། སྐྱུག་སྨན་བཏང་ན་ཕན་ནོ། །རིམས་སར་པ་དང༌། ཕོ་བའི་དྲོད་ཆུང་བ་དང༌། མཁྲིས་པ་དང༌། ཁྲག་ཚད་བྱུང་བ་དང༌། གློ་རྡོལ་ཏམ། ལུས་རྨས་སམ། གཞང་འབྲུམ་ཁྲག་ཚད་འོང་བ་འམ། ཚད་པས་འཁྲུ་བའམ། ཁོང་དུ་མཚོན་ལུས་ཏེ་མ་ཕྱིན་པ་དག་ལྟོ་སྲ་སྟེ་འཁྲུར་མི་རུང་བ་དང༌། ལུས་ཚོ་སྟེ་ཚིལ་ཆེ་བ་དང༌། སྐེམ་པོ་དང་འདི་རྣམས་ལྟ་བུ་ལ་བཀྲུ་སྨན་བཏང་ཞིང་བཀྲུར་མི་རུང་ངོ༌། །དེ་ལ་སྐྱུག་སྨན་དང་བཀྲུ་སྨན་གཉིས་གང་ཡང་རུང་བའི་དུས་ནི་གྲང་དྲོ་རན་པའི་དུས་ལ་བྱ་སྟེ། དེ་ཡང་དཔྱིད་ཟླ་འབྲིང་པོ་དང་དབྱར་ཟླ་ཐ་ཆུངས་དང༌། སྟོན་ཟླ་ཐ་ཆུངས་དང་ཟླ་བ་འདི་རྣམས་ལ་བཀྲུ་སྨན་དང་སྐྱུག་སྨན་གང་ཡང་རུང་བ་གཏང་དུ་རུང་ངོ༌། །དུས་འདིའི་ཚེ་སྣུམ་གཏང་བའི་ཆོ་ག་བཞིན་དུ་ཡང་བྱས། དུགས་དང་ལུམས་ཀྱང་ཆོ་ག་བཞིན་དུ་བསལ། སང་སྐྱུག་སྨན་བཏང་ན་དེང་བད་ཀན་སློང་བའི་ཁ་ཟས་ཉ་དང་ཏིལ་དང༌། མ་ཤ་མོན་སྲན་གྲེའུ་དང་བད་ཀན་སྐྱེ་བར་འགྱུར་བའི་ཟས་རྣམས་ཟོས་ལ། མཚན་མོ་གཉིད་ལོག་པར་བྱས་ནས་ཁ་ཟས་
ལེགས་པར་ཞུ་བ་དང༌། ནང་པར་ལུས་བསྲུང་བའི་བཀྲ་ཤིས་བྱས་ལ་ཁ་ཟས་གཞན་མི་ཟ་བར་སྐྱུག་སྨན་གཏང༌། མི་རྒན་པོ་དང༌། བྱིས་པ་དང༌། ཉམ་ཆུང་ངུ་སྐྱེ་བ་དང༌། སྨན་སྟོབས་ཆུང་ཞིང་ཞན་པ་འདི་རྣམས་སོ་སོའི་རིགས་པར་གཏང་བའི་ཐབས་ནི་མཁྲིས་པ་རྒྱས་ཤིང་ཚབ་ཆེན་འོ་མ་དང་བུ་རམ་ཤིང་གི་ཁུ་བ་འམ། བུ་རམ་གྱི་ཁུ་བ་ལས་ཐོང་ཤིག །རླུང་ནད་ལ་ནི་ཤ་ཁུ་འམ། མར་ཁུ་འམ། ཐུག་པ་དང༌། སྣུམ་བག་ལས་ཐོང་ཤིག །བད་ཀན་རྒྱས་པ་ལ་ནི་སྦྲང་རྩིའི་ཁུ་བ་དང༌། ཆང་དང་ཆུ་དྲོན་པོ་ལས་གཏང་ངོ༌། །རྒན་གཞོན་དང་ཉམས་ཆེ་ཆུང་གི་ཐབས་ཀྱང་ཚུལ་འདི་བཞིན་དུ་སྦྱར་རོ། །སྐྱུག་སྨན་བཏང་བ་ཡང་བབས་ཆེར་འཐུངས་ཏེ་གྲེ་བ་མན་ཆད་གང་བར་གྱིས་ལ་སློན་ནོ། །སོ་སོའི་ནད་དམིགས་དང་སྦྱར་ཏེ། སྐྱུག་སྨན་དུ་གཏོང་བ་གང་ཡང་རུང་བའི་ནང་དུ་སྦྲང་རྩི་དང༌། རྒྱམ་ཚ་དང༌། ལྕེ་མྱང་ཚ་ཡང་བཏབ་ལ་མིའི་ཚོད་དང༌། སྐྱུག་པ་སྲ་སྙིའི་དྲོད་དུ་སྦྱོར་ལ་སྨན་ཐོང་ཤིག །སྨན་གཏོང་བའི་ཚེ་ནད་པ་ཁ་ཤར་ཕྱོགས་སུ་བལྟས་ལ་སྨན་བླུད་དོ། །སྔགས་ཀྱིས་ཀྱང་གདབ་པར་བྱའོ། །བྲ་ཧྨ་དཀྵ་ཤི་བེ། བུད་དྷེན་དྲ། བྷཱ་ཙནྡྲ་ཨརྐ་ནཱི་ལ་ན་ལ། རི་དིར་སུ་མ་བྷཱུ་ཏ་སངྒྷས་ཙ་པན་ཏུ་པ། ས་ར་ཡེ་ན་མེ་བ་རི་ཥི་ན་མ་དེ་བཱ་ན་མེ་བཱ་མེ་མེར་ཏ་མ་སུ་དྷེ་བོཏྟ་མ་ནཱ་ག་ནཱན་བྷེ་ཥྱ་ཛྱམ་ན་མསྟུ་སྟེ། སྐྱུག་སྨན་འཐུངས་ལ་སྐད་ཅིག་ཅི་རན་དུ་བསྡད་ལ་དེ་ནས་སློན་བྲོ་བའི་སེམས་བསྐྱེད་ལ། དོང་གར་འཁྱིལ་ཞིང་ཁར་མཆིལ་མ་མང་པོ་འོང་བར་གྱུར་ན་བྱ་སྒྲོ་འཇམ་པོའམ། ཆུ་བ་སྙི་བ་འཇམ་པོ་བཀུག་ཅིང་དྲང་ངོ༌། །བཀུག་ཅིང་སློན་པ་ནི་གྲེ་བ་དང་ལྕེ་ཁྱི་བའི་དྲུང་མ་སྨད་པར་སློན་ཏོ། །དེ་ལ་སྐྱུག་མི་བྲོ་བཞིན་དུ་ཡང་ནན་གྱིས་སྐྱུགས་ཤིང་སློན་དུ་མི་རུང་ངོ༌། །སྐྱུག་བྲོ་བཞིན་སློན་པར་གྱུར་ན་ཡང་མ་འགེགས་པར་སློན་ཅིག །དེ་ལྟར་སློན་པའི་ཚེ་ན་སྟན་མཐོན་པོ་པུས་མོའི་ཐད་ཀ་ཙམ་དུ་མཐོ་བའི་སྟེང་དུ་ཙོག་བུར་འདུག་ལ་དཔྲལ་བ་དང༌། གློ་གཡས་གཡོན་མིས་བརྟེན་ནས་སློན་ཏོ། །དེའི་ཚེ་སློན་པ་དེ་ལྟེ་བའི་ཐད་ཀར་བཙིར། རྒྱབ་ནས་བཙིར་ཞིང་གྱེན་དུ་ཕུལ་ལ་སློན་ཅིག །དེ་ལ་བད་ཀན་རྒྱས་པའི་སྐྱུག་སྨན་རྣོ་བའི་བག་ལ་ན་ལེ་ཤམ་ལྟ་
བུ་དང༌། བསིལ་བག་ཏུ་ཨུ་ཤི་ར་འམ། ཙནྡན་ནམ། ག་པུར་ལྟ་བུ་ལ་སོགས་པ་ལ་སྦྱར་རོ། །དྲོད་ཆེ་བའི་བར་ལ་ཙི་ཏྲ་ཀ །པི་པི་ལིང་གི་རྩ་བ་ལ་སོགས་པ་ལྟ་བུ་དང༌། ཚ་བར་གཏོགས་པ་ཚ་བ་རྣམ་གསུམ་དང༌། ཤི་ཀྲུ་ལ་སོགས་པ་འདི་ལྟ་བུ་ལས་སྐྱུག་སྨན་དུ་སྦྱར་ཏེ་གཏང་ངོ༌། །མཁྲིས་པ་རྒྱས་པའི་སྐྱུག་སྨན་ནི་རོ་མངར་བག་ཤིང་མངར་འོ་མ་འམ་བུ་རམ་ཤིང་གི་ཁུ་བ་འམ། ཁ་ར་འམ། རྒུན་འབྲུ་ལྟ་བུ་དང༌། བསིལ་བག་ཏུ་ཨུ་ཤི་ར་འམ། ཙནྡན་ནམ། ག་པུར་ལ་སོགས་པ་ལ་སྦྱར་རོ། །རླུང་དང་བད་ཀན་དུ་འདྲེས་པའི་ནད་ལ་ནི་མངར་བག་དང་སྐྱུར་བ་དང་ལན་ཚྭ་ལས་སྦྱར་ལ་གཏང་ངོ༌། །དེ་ལྟར་སྐྱུག་སྨན་དུ་སྦྱར་ཏེ་གྱེན་དུ་ཕུལ་ནས་ནད་ཕྱིན་པའི་ཚད་ནི་བད་ཀན་འབྱུང་བ་ཟད་ནས་མཁྲིས་པ་སྣང་གི་བར་དུ་སློན་ཅིང་སྐྱུགས་ཤིག །གལ་ཏེ་སྐྱུག་སྨན་བཏང་བ་ལས་སྨན་གྱི་མཐུ་ཤུགས་ཞན་ཏེ། བབས་ཆེར་མི་སློན་ཏམ་སྨན་འགའ་ཞིག་སླར་བརྒལ་ན་བསྣན་པའི་དཔྱད་ནི། པི་པི་ལིང་དང༌། སྐྱུ་རུ་ར་དང༌། ཡུངས་ཀར་རྣམས་ཤེལ་ཚ་དཀར་པོ་འམ་ལྕེ་མྱང་ཚའི་ཆུར་སྦྱོར་ལ། ཡང་ཡང་སློན་ཅིག །སྨན་གྱིས་དེ་ལྟར་བསྣན་ཀྱང་སློན་དུ་མི་རུང་ན། སྐྱུག་སྨན་ཉེས་པ་ཡིན་ཏེ། དེའི་ཉེན་ནི་མཆིལ་མ་མང༌། གཡན་པར་འགྱུར། ཐོར་བུ་མང༌། རིམས་ཀྱིས་འདེབས་པ་ལ་སོགས་པར་འགྱུར་རོ། །སྐྱུག་སྨན་བཏང་ལེགས་ན་དང་པོར་བད་ཀན་འབྱུང༌། དེའི་རྗེས་ལ་མཁྲིས་པར་སློན། མཇུག་ཏུ་རླུང་གི་ཚུལ་དབུ་བ་ལྟ་བུ་འབྱུང་བ་ནི་སྐྱུག་སྨན་ལེགས་པ་ཡིན་ནོ། །དེ་ལ་ཧ་ཅང་སྐྱུག་སྨན་དྲགས་པ་འམ་ནད་དཀྱེལ་ཆེ་ན་མང་དུ་སློན་པའི་རྗེས་ལ་དབུ་བ་དང་ཁྲག་ཚོན་བག་ཅན་དུ་བྱུང་ན་གསོ་དཀའ་བ་ཡིན་ནོ། །དེ་ལྟར་སྨན་དྲགས་ཏེ་མ་ལེགས་སམ་ནད་དཀྱེལ་ཆེས་ཏེ་ཉམ་ཆུང་ལ་སློན་དྲགས་ན་ཁོང་རྨྱ། ལུས་ཚ། གྲེ་བ་སྐམ། མིག་གིས་མི་མཐོང་སྟེ་མུན་པར་སྣང༌། རླུང་ནད་ཡང་བ་ལྡང༌། ཁོང་ནས་སྲོག་ཅེས་བྱ་བའི་ཁྲག་ཡོད་པ་དེ་སློན་ཅིང་འབྱུང་ན་མི་འཆི་བར་འགྱུར་རོ། །སྐྱུག་སྨན་བཏང་ལེགས་ན་དེའི་རྗེས་ལ་ཅི་རན་ཅིག་ངལ་བསོ་སྟེ། དེ་ནས་ནད་དམིགས་དང་སྦྱར་ལ། དུད་པ་རྣམ་གསུམ་གང་ཡང་རུང་བ་ཅིག་གིས་བདུགས་ལ་
དེའི་འོག་ཏུ་སྣུམ་བག་གཏང་བ་ཡང་གོང་མ་དང་འདྲ་བར་བྱའོ། །དེ་ནས་ཁ་ཟས་བཟའ་བ་ནི་ཕྱི་འཕྲེད་ནུབ་ཀའམ། ཡང་ན་སྨན་ལེགས་པར་མ་ཞུ་འམ། རྗེས་མ་ཆད་ན་ཕྱི་དེ་ནང་པར་ཙམ་ན་གདོད་ཁ་ཟས་ཡི་གར་འོང་ཞིང་བཀྲེས་ན་ཆུ་དྲོན་པོ་རན་པས་ཁྲུས་བྱས་ལ་ཁ་ཟས་ཀྱི་རིམ་པ་འབྲས་ཐུག་རྐྱང་རྐྱང་པོ་ལ་རིམ་པ་བཞིན་དུ་བཟའ་བར་བྱའོ། །བཟའ་བའི་རིམ་པ་དེ་ཡང་དང་པོ་འབྲས་བརྔོས་པའི་ཐུག་པ་རྐྱང་རྐྱང་པོ་བླུད་དོ། །དེ་ནས་འབྲས་བརྔོས་པའི་ཐུག་པ་ཕྱར་ལངས་ཙམ་དུ་བྱས་ལ་བླུད་དོ། །དེའི་རྗེས་ལ་ཐུག་པ་ཁ་གཟར་གྱིས་བཅུ་རུང་བ་བླུད་དོ། །དེའི་རྗེས་ལ་སྲན་ཚོད་ཡུ་ཤ་ཞེས་བྱ་བ་བལ་པོ་སེའུ་འབྲུ་དང་སྲན་བུ་དཀར་སྦྱར་བའི་ཚོད་མ་དང་འབྲས་ཆན་དུ་སྤགས་ཤིང་བཟའ། དེ་ནས་སྲན་མུངྒ་དང༌། བལ་པོ་སེའུ་འབྲུ་དང་སྤོད་སྣ་ཚོགས་སུ་སྦྱར་བའི་ཚོད་མ་དང་འབྲས་ཆན་དུ་སྤགས་ཤིང་བཟའ། མཇུག་ཏུ་ནི་ཁུ་ཤ་དང་འབྲས་ཆན་དུ་སྤགས་ཤིང་བཟའོ། །དེ་ལྟར་སློན་པའི་རྗེས་ལ་ཁ་ཟས་ཚོད་ཆེ་ཆུང་བཟའ་བའི་ཚད་སྐྱུག་སྨན་ལེགས་ཏེ། ལེགས་པར་སློན་ལ་དང་ག་སང་སང་པོར་བྱས་ན་ཐུག་པ་དང༌། སྲན་ཚོད་ཡུ་ཤ་དང་ཁུ་ཤ་གསུམ་ཆར་ཟོས་ཀྱང་རུང་ངོ༌། །འབྲིང་ཙམ་དུ་སློན་ན་ནི་འབྲས་ཐུག་དང༌། སྲན་ཚོད་ཡུ་ཤ་དང༌། རྣམ་པ་གཉིས་ཀ་བཟར་རུང་ངོ༌། །སློན་པའི་བབས་ཆུང་སྟེ། ཆེན་པོར་མ་སློན་ན་ནི་ཁུ་ཤ་དང་ཁ་ཟས་འབྲས་དང་སྦྱར་ཞིང་སྩལ་ལོ། །དཔེར་ན་མེ་ཕྱུང་སྟེ་གསོ་བ་ནི་ལྕི་བ་དང༌། རྟ་རྟུག་དང༌། རྩྭ་ལ་སོགས་པས་བགས་ཀྱིས་གསོ་ཞིང་མེ་ཁད་ཀྱིས་སྦར་ན་མ་ཆེ་བ་བརྟན་པ་དང༌། ཐམས་ཅད་ཚོས་པར་བྱེད་ནུས་པ་དེ་དང་འདྲ་སྟེ། སྐྱུག་སྨན་གྱིས་ནད་བསལ་ཏེ། དང་ག་སལ་སལ་པོར་བྱ་བ་ལ་ཐོག་མར་ཁ་ཟས་དྲགས་ན་མི་རུང་སྟེ། འབྲས་ཐུག་སླ་མོ་ལ་སོགས་པ་རན་པར་སྦྱིན་ཞིང་དྲོད་ཆེར་བྱའོ། །དེ་ལ་སྐྱུག་སྨན་གྱིས་ལན་བཞི་བཞི་སློན་ན་ཕབས་ཆུང་བའི་ཚད་དོ། །ལན་དྲུག་སློན་ན་སློན་པའི་འབྲིང་ཚད་དོ། །ལན་བརྒྱད་དུ་སློན་ན་སྐྱུག་སྨན་ལེགས་པའི་ཚད་དོ། །དེ་ལ་བཀྲུ་སྨན་གྱིས་བཀྲུས་པའི་ཆུང་ཐང་ནི། ལན་བཅུ་འཁྲུས་པའོ། །འབྲིང་ཚད་ནི་བཅུ་གསུམ་མོ། །ཆེ་ཐང་ནི་ལན་
བཅུ་བདུན་ནོ། །དེ་ལས་འཁྲུས་པའི་བབས་ཆུང་ཐང་ནི་དྲུག་ཕུལ་གང་གི་ཚད་དོ། །འབྲིང་ནི་དྲུག་ཕུལ་དོའི་ཚད་དོ། །འཁྲུས་པའི་ཆེ་ཐང་ནི་དྲུག་ཕུལ་བཞི་འགྱུར་རོ། །དེ་ལ་སྐྱུག་སྨན་གྱིས་སློན་ཏེ་ཆོ་གའི་ཚད་ནི་འཁྲུས་པའི་ཕྱེད་ཙམ་སྟེ། མཇུག་ཏུ་མཁྲིས་པ་བྱུང་ན་ཆོག་ཅིང་རན་པའི་ཚད་དོ། །དེ་ལ་བཀྲུ་སྨན་གྱིས་བཀྲུ་སྟེ། བཀྲུས་པའི་མཇུག་ཏུ་བད་ཀན་བྱུང་ན་རན་ཏེ་ཆོག་གོ །བཀྲུ་སྨན་བཏང་བའི་ཚེ་དང་པོ་ལ་ཐུར་དུ་ལན་གཉིས་གསུམ་ཙམ་བྱུང་བ་ནི་ཁོང་པའི་དྲི་མ་བཤང་བ་ནི་འཁྲུས་པའི་གྲངས་སུ་མི་བརྩིའོ། །སྐྱུག་སྨན་བཏང་བ་ནི་སྐྱུག་སྨན་འཐུངས་ནས་བཀྲུས་ཏེ་སློན་པ་དང༌། མཇུག་ཏུ་མཁྲིས་པ་འབྱུང་བའི་ཚད་ཀྱིས་གཟུང་ངོ༌། །སྐྱུག་སྨན་གྱིས་སློན་པའི་འོག་ཏུ་སྣུམ་བག་བཏང་བ་དང༌། དུགས་བྱ་བ་ཡང་ཞག་གསུམ་མམ་ལྔ་འམ་བདུན་ཆོ་ག་བྱས་ནས་དེའི་རྗེས་ལ་གདོད་བཀྲུ་སྨན་བཏང་སྟེ། དེ་ཡང་ནང་པར་བད་ཀན་གྱི་དུས་ཡོལ་ཏེ། ལྟོ་སྲ་སྙིའི་ཚོད་བཟུང་ལ་བཀྲུ་སྨན་གཏང་ངོ༌། །དེ་ལ་མིའི་རང་བཞིན་མཁྲིས་པ་ཆེ་ཞིང་མང་ལ་ལྟོ་སྙི་སྟེ་འོ་མས་ཀྱང་འཁྲུ་བར་འགྱུར་རོ། །མིའི་རང་བཞིན་རླུང་གི་ཤས་ཆེ་ན་ལྟོ་སྲ་སྟེ་བཀྲུ་སྨན་དྲི་བོང་དང་དན་ཏི་ལ་སོགས་པས་ཀྱང་བཀྲུ་དཀའོ། །དེ་ལ་མཁྲིས་པ་ཆེ་བ་ལ་སྨན་བཀྲུ་སྨན་རོ་བསྐ་བ་དང་མངར་བ་ལས་གཏང་ངོ༌། །བད་ཀན་ཆེ་བ་ལ་སྨན་ཚ་བ་ལས་གཏང་ངོ༌། །རླུང་ཆེ་ན་སྣུམ་པ་དང་དྲོད་ཆེ་བ་དང་ལན་ཚྭ་ལས་གཏང་ངོ༌། །སྨན་བཏང་ཡང་འཁྲུར་མི་རུང་ན་ཆུ་བསྐོལ་བ་དྲོན་མོ་བླུད་དོ། །ལག་པའི་ཐལ་མོ་མེ་ལ་བསྲོས་པ་འམ། གོས་མེ་ལ་བསྲོས་བསྲོས་པས་དུགས་བྱའོ། །བཀྲུ་སྨན་བཏང་བ་ལས་དེ་ཉིན་པར་ཆེན་པོ་མི་འཁྲུ་ན་ཐོང་དེ་ཟན་བྱིན་ལ་ཕྱི་དེ་ཉིན་བཀྲུ་སྨན་ཐོང་ཤིག །གལ་ཏེ་ནད་པ་ཟས་ཡི་གར་མི་འོང་སྟེ་ཁ་ཟས་མི་ཚུད་དམ་ལྟོ་སྲ་བ་ཞིག་ན་སྣུམ་གཏང་བའི་ཆོ་ག་ཞག་གསུམ་མམ་ལྔ་འམ་བདུན་དུ་གཏང་བར་བཤད་པ་དེ་བས་ཞག་གྲངས་བསྐྱེད་དེ་ཞག་བཅུའི་བར་དུ་སྣུམ་བག་ཐོང་ཤིག །དེའི་རྗེས་ལ་ལུས་ལ་དུགས་ཀྱི་ཆོ་ག་བྱས་ནས་དེའི་འོག་ཏུ་གདོད་བཀྲུ་སྨན་གཏང་ངོ༌། །བཀྲུ་སྨན་བཏང་བ་དེ་ཡང་སྔར་ལན་ཅིག་འཁྲུས་པའི་ཚེ།
བཀྲུར་མ་བཏུབ་པ་དེ་དམིགས་ཀྱིས་ཉེས་པ་དང༌། ཅི་ལས་གྱུར་པ་ལེགས་པར་བལྟས་ཏེ། སྔར་ཅིས་ཉེས་པ་དྲན་པར་བྱས་ལ་དེ་ལས་ཐབས་ཇི་ལྟར་ལེགས་པར་བཀྲུ་སྨན་གཏང་ངོ༌། །བཀྲུ་སྨན་བཏང་བ་ལས་མ་ལེགས་པའི་ནད་དམིགས་སྙིང་ན། ལྟོ་བ་ན། ཟས་མི་འཇུ་སྟེ། གསུད་སྒྲེགས་མནམ་པོར་འབྱུང༌། ཁ་ཟས་ཡི་གར་མི་འོང༌། བད་ཀན་མཁྲིས་པ་གཉིས་རྒྱས་པ་སློན་པར་འགྱུར། གཡན་པས་འདེབས། ཚ་བ་སྐྱེ། ལུས་ལ་ཐོར་བུ་འབྱུང༌། ཆམ་པས་འདེབས། ཐུར་དུ་དབུགས་མི་འབྱུང༌། བཤང་བ་འབྱུང་སྲ་བ་འདི་ལྟ་བུ་བྱུང་བར་གྱུར་ན་བཀྲུ་སྨན་མ་ལེགས་པ་ཡིན་ནོ། །དེ་ལས་བཀྲུ་སྨན་ལེགས་པའི་ཚུལ་ནི་མ་ལེགས་པའི་གནད་བཤད་པ་ལས་བཟློག་པར་བྱ་སྟེ། དེ་ལ་དང་པོར་ནི་ཁོང་པའི་དྲི་མ་བཤང་བ་ཇེ་འབྱུང་ངོ༌། །དེའི་རྗེས་ལ་མཁྲིས་པ་དེ་ནས་བད་ཀན་ཐ་མ་རླུང་འབྱུང་ཞིང་དེ་ལྟར་འཁྲུ་བ་ནི་ལེགས་པར་བལྟའོ། །དེ་ལ་བཀྲུ་སྨན་བབས་ཆེ་སྟེ་ཧ་ཅང་དྲགས་པ་ནི་བད་ཀན་ཟད་དེ་མེད་པ་དང༌། མཁྲིས་པ་ཡང་ཟད་དེ་མེད། ཆུ་སྐྱ་བོར་འཁྲུ། ཆུ་ནག་པོར་འོང༌། ཡང་ན་ཤ་བཀྲུས་པ་འདྲ་བ་རྩ་སྣར་བག་ཅན་ནམ་ཆུ་སེར་ལྟ་བུར་འབྱུང༌། ཚིལ་ལྟ་བུའི་ནར་ནར་པོའམ། རུས་བུ་ལྟ་བུ་འབྱུང༌། གཞང་ཕྱིར་འབྱུང་ཞིང་ལྟོགས། ཁ་སྐོམ། ཀླད་པ་འཁོར། མིག་ཚགས་ཏེ་ཕུགས་སུ་བྲོས་པ་འདི་ལྟ་བུར་གྱུར་ན་བཀྲུ་སྨན་ཧ་ཅང་དྲགས་པའི་ཚུལ་ཡིན་ནོ། །བཀྲུ་སྨན་དྲགས་པ་དང་སྐྱུག་སྨན་གཏང་བའི་ཟས་ཀྱི་ཆོ་ག་དང་འདྲ་བར་བྱའོ། །སྐྱུག་སྨན་ལྟར་གཏང་བའི་ཆོ་ག་ལས་དུད་པས་གཏང་བའི་ཆོ་ག་མི་དགོས་སོ། །བཀྲུ་སྨན་གྱི་རྗེས་ལ་ཁ་ཟས་བཟའ་བའི་རིམ་པ་ཡང་སྐྱུག་སྨན་གྱི་ཆོ་གར་བཤད་པ་དང་འདྲ་སྟེ། ཁ་ཟས་རིམ་པས་བཟའ་ཞིང་བགས་ཀྱིས་ཁ་ཟས་ནར་མ་ཡང་ཕྱི་ནས་བཟའོ། །གལ་ཏེ་བཀྲུ་སྨན་བཏང་བ་ལས་དྲོད་ཆུང་བས་བཀྲུ་སྨན་མ་ཞུ་ཞིང་ནད་མ་ཕྱིན་ལ་ལོང་བརྙས་པ་ནི་མེད། ནད་དཀྱེལ་ནི་ཆེ་བ་ཙམ་མ་ཡིན་ན་སྨན་ཁོང་དུ་མ་ཞུ་བའི་ཚུལ་དེ་ལྟར་གྱུར་ན་འདི་ལྟ་བུ་ལ་དཔྱད་དུ་བགྱི་བ་ནི། བཀྲུ་སྨན་འཐུང་བའི་ཉིན་ཐོག་ཐག་ཟན་མི་ཟ་བར་མཚན་ཡལ་ནས་ནམ་ཞུ་ཞུ་བའི་བར་དུ་བསྡད་ཅིང་ཁ་ཟས་མི་ཟའོ། །ཡང་ན་སྔར་
སྣུམ་དང་དུགས་ཀྱི་ཆོ་ག་བྱས་ལ་ཕྱིས་བཀྲུ་སྨན་བཏང་བ་ནད་གཅུང་ལ་གནོད་པར་མི་འགྱུར་རོ། །བཀྲུ་སྨན་བཏང་སྟེ་བཀྲུས་པ་དང་གཏར་ག་བཏབ་པ་དང༌། སྣུམ་གྱི་ཆོ་གར་སྦྱར་ཏེ་བཏང་བ་དང༌། ཟས་མི་ཟ་བར་སྨྱུང་བར་བྱས་པ་འདི་རྣམས་ཀྱིས་ནི་དྲོད་ཆུང་ཞིང་ཉམས་པར་འགྱུར་རོ། །དེ་བས་ན་འདི་ལྟ་བུ་ལ་དཔྱད་དུ་བགྱི་བ་ནི་འབྲས་ཐུག་རྐྱང་རྐྱང་པོ་དང་འབྲས་ཐུག་སླ་བ་ལ་སོགས་པ་བླུད་ཅིང་བགས་ཀྱིས་གཏང་ངོ༌། །བཀྲུ་སྨན་བཏང་བས་མཁྲིས་པ་དང་བད་ཀན་བྲི་སྟེ་ཆུང་ངུར་གྱུར་པ་དང༌། རླུང་དང༌། མཁྲིས་པ་ཆེ་བའི་མི་སྐོམ་དད་ཆེ་བ་དེ་ལྟ་བུའི་མི་ལ་ནི་ཐུག་པ་བླུད་དུ་མི་རུང་སྟེ་དེ་དག་ལ་ཁ་ཟས་བསོད་པ་ལ་སོགས་པ་ཁད་ཀྱིས་བརྟ་བའི་ཆོ་ག་བྱའོ། །ནད་མ་སྨིན་པ་ལ་ནི་སྐྱུག་སྨན་གཏང་ངོ༌། །ནད་སྨིན་པར་གྱུར་ཏེ་བཀྲུ་སྨན་གཏང་བའི་དུས་ལ་བབ་ན་བཀྲུ་སྨན་བཏང་སྟེ་ནད་བསལ་བར་བྱའོ། །སྐྱུག་སྨན་གཏང་བ་ནི་བཀྲུ་སྨན་ལྟར་གཏང་བའི་དུས་ལ་མ་བབ་པར་ནད་སྨིན་པ་ལ་བསྡད་མི་དགོས་པར་རུང་ངོ༌། །ཡང་མི་ཉམ་ཆུང་ཞིང་ནད་མང་བ་དེ་ལྟ་བུ་ལ་ནི་ནད་ཉིད་སྨིན་ཅིང་བཀྲུ་སྨན་གཏང་བའི་དུས་ལ་བབ་ན་བཀྲུ་སྨན་གཏང་མི་དགོས་པར་འཁྲུ་བར་འགྱུར་བའི་ཁ་ཟས་ཀྱི་ཆོ་ག་བྱས་ན་འཁྲུ་བར་འགྱུར་རོ། །སྔར་བཀྲུ་སྨན་བཏང་སྟེ་ཉམ་ཆུང་བ་དང་ནད་ཀྱང་བྲི་སྟེ་ཆུང་དུ་གྱུར་པ་དང༌། མི་ཤ་ཆུང་སྟེ་སྐེམ་པ་དང༌། ལྟོ་སྲ་སྙི་ཚོད་མ་ཟིན་པ་འདི་ལྟ་བུ་ལ་སྨན་ཐུན་ཆུང་བ་དང་སྨན་འཇམ་པོ་ཐོང་ཤིག །དེ་ལྟ་བས་ན་ཆེས་སྨན་ལན་མང་དུ་འཐུངས་པ་བླའོ། །དོགས་ཤིང་བག་ཚ་བར་གྱུར་པའི་སྨན་ཐུན་ཆེར་ནི་གཏང་དུ་མི་རུང་ངོ༌། །ནད་པ་ཉམ་ཆུང་བ་ལྟ་བུ་ལ་ནི་སྨན་འཇམ་ཞིང་ཐུན་ཆུང་བས་ནད་ཞི་བར་བྱའོ། །ནད་པ་ཉམ་ཆུང་བ་ལ་དེ་ལྟར་དཔྱད་བྱ་སྟེ། ནད་མང་པོ་ཅུང་ཟད་ཁད་ཀྱིས་བྲི་ན་དེ་ཡང་སྨན་བགས་ཀྱིས་བཏང་ཞིང་ནད་ཁད་ཀྱིས་བསྩལ་ལོ། །ནད་དཀྱེལ་ཆེ་བས་ཕྱིན་ཕྱིན་པས་ནད་པ་ཡུན་རིང་དུ་ཉོན་མོངས་པ་དེ་ལྟ་བུ་དྲོད་ཆུང༌། ལྟོ་སྲ་བར་གྱུར་པ་ཡིན་ཏེ་དེ་ལ་དཔྱད་དུ་བྱ་བ་ནི་ཐལ་སྨན་རྣོན་པོས་གཤའ་ར་དང༌། ཆེ་ཚ་དང་མར་དུ་སྦྱར་བ་བཏང་ན་ཁོང་པའི་མེ་དྲོད་སྐྱེ་སྟེ། ཟས་འཇུ་རླུང་དང་བད་ཀན་གྱི་ནད་ཀྱང་ཞི་ནས་དེ་ནས་འཁྲུ་སྨན་ཐོང་ཤིག །ནད་པའི་
ཉམས་ཆེ་ལ་ཁོང་རྩུབ། རླུང་གི་ཤས་ཆེ། ལྟོ་སྲ་ལ་རྟག་ཏུ་རྩོལ་བའི་ངང་ཚུལ་ཅན། ཁོང་པའི་དྲོད་ཆེ་བ་དེ་ལྟ་བུ་ནི་བཀྲུ་སྨན་བཏང་བ་ཡང་སྨན་ཞུ་བར་འགྱུར་བ་ཡིན་ཏེ། དེ་ལྟ་བུ་ལ་ནི་སྔར་སྨན་མ་བཏང་བ་ལ་ཉམས་བརྟས་ནས་ཕྱིས་བཀྲུ་སྨན་འཇམ་པོ་ཐོང་ཤིག །གལ་ཏེ་འཁྲུར་མི་རུང་ངམ་ལན་འགའ་ཞིག་འཁྲུས་ནས་སྨན་རྣོན་པོ་ཅུང་ཟད་སྦྱར་བའི་སྨན་རེང་རེང་པོར་མས་བཅུག་ནས། ནད་ཐུར་དུ་འཁྲུས་ཏེ་མ་ཕྱིན་པས་ཁོང་ཡང་འཇམ་ལ་བཀྲུ་སྨན་ལེགས་པ་བདེ་བར་འགྱུར་རོ། །གོང་དུ་བཀྲུ་སྨན་བཏང་ནས་སྔར་སྣུམ་གྱི་ཆོ་ག་བྱ་བར་བཤད་པ་དེ་ཡང་དུག་གིས་ཕོག་པའི་མི་དང༌། མཚོན་གྱིས་རྨས་པ་ལྟ་བུ་དང༌། ཐོར་བུ་བྱུང་བ་དང༌། མཛེ་ནད་དང༌། འོར་ནད་དང༌། མེ་དབལ་དང༌། མིག་སེར་དང༌། སྐྱ་རྦབ་ཀྱི་ནད་དང༌། ཟ་ཁུའི་ནད་ཡོད་པ་དང༌། འདི་ལྟ་བུ་རྣམས་ལ་ནི་སྣུམ་གྱི་ཆོ་ག་ཧ་ཅང་ཆེར་མི་བྱ་བ་དང་བཀྲུ་སྨན་ཐོང་ཤིག །དེ་ལ་སྣུམ་བག་གི་ཆོ་ག་བྱ་བ་དང༌། བཀྲུ་སྨན་བཏང་བ་དང་ཐམས་ཅད་ལ་ནད་མེད་པའི་ཁོང་སྣུམ་པ་ལ་སྣུམ་གྱི་ཆོ་ག་བྱ་སྟེ་བརྟས་ལ་སྐྱུག་སྨན་དང༌། བཀྲུ་སྨན་ལ་སོགས་པ་ལས་བྱ་ཞིང་གང་བཏང་ཡང་རུང་སྟེ། དེ་དག་གི་བར་དང༌། སྐབས་སྐབས་སུ་སྣུམ་གྱི་ཆོ་ག་དང་དུགས་ཀྱི་ཆོ་ག་བྱའོ། །དེ་ལྟར་སྣུམ་བག་གི་ཆོ་ག་བྱས་པའི་རྗེས་ལ་ཁ་ཟས་ཀྱི་ཉམས་འཚག་བརྟས་ནས་བཀྲུ་སྨན་གྱིས་ནད་བསལ་བ་ནི་དཔེར་ན་གོས་དྲི་མ་ཅན་སྦངས་ལ་བཀྲུ་བ་དང་འདྲའོ། །དེ་ལ་སྣུམ་གྱི་ཆོ་ག་དང་དུགས་ལ་སོགས་པ་མ་བྱས་པར་རང་གར་བཀྲུ་སྨན་གཏོང་བ་དེ་ནི་ཤིང་སྐམ་པོ་དགུག་ཏུ་མི་རུང་བ་བཞིན་དུ་ལུས་མ་རུང་བའི་ཉེན་དུ་འགྱུར་རོ། །དེ་ལ་ཆོ་ག་ཚུལ་བཞིན་དུ་བྱས་པའི་བཀྲུ་སྨན་གཏང་བ་ལེགས་པར་བྱ་བ་ནི་སེམས་གསལ་བ་དང་དབང་པོ་རྣམས་དང༌། སྲོག་ཟུངས་རྣམས་བརྟན་པ་དང་ཁོང་དུ་དྲོད་ཆེ། མེ་འབར། ཟས་མྱུར་དུ་འཇུ། རྒས་སྲ་བར་འོང་སྟེ། བཀྲུ་སྨན་བཏང་ལེགས་པ་ནི་དེ་ལྟ་བུ་ཡིན་ནོ། །སྐྱུག་སྨན་དང་བཀྲུ་སྨན་གཏང་བའི་ཆོ་གའི་ལེའུ་བཅོ་བརྒྱད་པ་རྫོགས་སོ།། །།སྨན་མས་གཏོང་བ་ཉམས་བརྟ་བར་བྱ་བའི་ཆོ་གའི་ལེའུ་བཅུ་དགུ་བཤད་པར་བྱའོ། །རླུང་ནད་
ཀྱི་ཤས་ཆེ་བ་དེ་ལྟ་བུ་ལ་ནི་སྨན་མས་གཏོང་ཞིང་བརྟ་སྟེ། ལུས་ཀྱི་ཁོང་སྣུམ་པར་བྱ་བའི་ཆོ་ག་བཟང་ངོ༌། །དེ་ལྟ་བས་ན་སྨན་དཔྱད་ཀྱི་བྱ་བ་ཐམས་ཅད་ཀྱི་ནང་ནས་སྨན་མས་གཏོང་ཞིང་ཁོང་སྣུམ་ཞིང་ཉམས་བརྟ་བར་བྱ་བ་འདི་ནི་དཔྱད་ཀྱི་མཆོག་ཡིན་ནོ། །དེ་ཡང་ནད་རྣམ་པ་གསུམ་སྟེ་ནད་འཁྲུར་རུང་པ་ཁོང་དུ་བསྡུ་བའི་སྨན་མས་གཏོང་བ་དང༌། བཀྲུ་སྨན་དྲག་པོ་མས་གཏོང་བ་དང༌། འཇམ་རྩི་མས་གཏོང་བ་དང༌། རྣམ་པ་གསུམ་མོ། །སྨན་མས་གཏོང་བའི་ཆོག་འདི་གསུམ་གྱིས་སྐྲན་དང་ལྟོ་སྦོས་པ་དང༌། རྐང་པ་ན་སྟེ་འཐེང་བ་དང༌། མཆེར་པ་ན་བ་དང༌། རླུང་ནད་ཀྱིས་ལྟོ་འཁྲུ་བ་དང༌། ལྟོ་ན་བ་དང༌། རིམས་བྱིང་བ་དང༌། ཆམ་པ་ན་བ་དང༌། རླུང་ནད་ཀྱིས་ཁུ་ཆུ་འགགས་པ་དང༌། རླུང་ནད་ལས་རྟུག་སྐམ་དུ་གྱུར་ཏེ་འབྱུང་དུ་མི་རུང་བ་དང༌། རླིག་རླུགས་དང༌། རྡེའུ་ནད་དང༌། ཁུ་ཆུ་ལ་ནད་ཡོད་པ་དང༌། རླུང་ནད་དཀྱེལ་ཆེན་པོར་གྱུར་པ་འདི་རྣམས་ལྟ་བུ་ལ་སྨན་མས་གཏོང་བ་རྣམ་པ་གསུམ་གྱིས་ནད་ཀུན་བསལ་བར་བྱའོ། །དེ་ལ་སྨན་མས་གཏོང་ཞིང་བཀྲུར་མི་རུང་བའི་ནད་དམིགས་ནི་སྣུམ་བག་བཏང་ཧ་ཅང་དྲགས་པ་དང་གློ་རྡོལ་བ་དང་ལུས་ཧ་ཅང་སྐེམ་ཆེ་སྟེ་ཉམ་ཆུང་བ་ལྟ་བུ་དང༌། མཆིན་པ་ན་སྟེ་བེའུ་སྣབས་སུ་འཁྲུ་བ་དང༌། རྟག་ཏུ་སློན་བྲོ་བ་དང༌། བཀྲུ་སྨན་གྱིས་བཀྲུས་ཟིན་པ་ལྟ་བུ་དང༌། སྣ་ནས་སྨན་བཏང་ཟིན་པ་དང༌། དབུགས་མི་བདེ་སྟེ་རྔམ་པ་དྲག་ཏུ་འབྱུང་བ་དང༌། ལུད་པ་ལུ་བ་དང་མཆིལ་མ་མང་སྟེ་རྟག་ཏུ་འདོར་བ་དང༌། གཞང་འབྲུམ་ཁྲག་ཚད་ཀྱིས་བཏབ་པ་དང༌། སྐྱིགས་བུས་བཏབ་པ་དང༌། ལྟོ་སྦོས་པ་དང༌། དྲོད་ཆུང་སྟེ་ཟས་འཇུར་མི་རུང་བ་ལྟ་བུ་དང༌། གཞང་ཁ་སྐྲངས་ཏེ་ན་བས་སྨན་མས་གཏོང་དུ་མི་རུང་བ་ལྟ་བུ་དང༌། ཁ་ཟས་ཟོས་ཟིན་པ་ལྟ་བུ་དང༌། དམུ་རྫིང་གི་ནད་ཀྱིས་རྩ་སྒོ་ཀུན་འགགས་པ་དང༌། མཛེ་ནད་དང་ཟ་ཁུ་ཅན་དུ་གྱུར་ཏེ་གཅིན་སྦྲང་རྩིའི་མདོག་ཏུ་འོང་བ་དང༌། བུད་མེད་སྦྲུམ་མ་ཟླ་བ་བདུན་ལས་མ་ལོན་པ་དང༌། འདི་རྣམས་ལྟ་བུ་ལ་ནི་སྨན་མས་གཏོང་ཞིང་བྱར་མི་རུང་ངོ༌། །དེ་ལ་སྨན་མས་གཏོང་ཞིང་ཉམས་བརྟས་ཏེ་ཁོང་སྣུམ་པར་བྱ་བ་དང༌། སྨན་མས་གཏོང་བའི་བཀྲུར་རུང་བའི་ནད་
དམིགས་ནི་དྲོད་ཧ་ཅང་ཆེ་བ་དང༌། ཁོང་རྩུབ་པ་དང༌། རླུང་ནད་འབའ་ཞིག་ན་བ་ལས་དམུ་རྫིང་དུ་གྱུར་པ་ལྟ་བུ་དང༌། ཆམ་པས་བཏབ་པ་དང༌། ཧ་ཅང་སྦོམ་ཆེས་པ་དང༌། ལྟོ་ན་སྲིན་བུ་ཡོད་པ་དང༌། རླུང་ནད་ཀྱི་ཤས་ཧ་ཅང་ཆེས་པ་དང༌། ལྟོ་ན་སྲིན་བུ་ཡོད་པ་དང༌། རླུང་ནད་ཀྱི་ཤས་ཧ་ཅང་ཆེས་པ་དང༌། དབྱིག་དུག་འཐུངས་པ་དང༌། འབྲུམ་བུས་བཏབ་པ་དང༌། རྐང་བམ་གྱི་ནད་དང༌། ལྦ་བ་ཅན་དང༌། འདི་རྣམས་ལྟ་བུའི་ནད་ལ་སྨན་མས་གཏོང་ཞིང་བཀྲུར་རུང་ངོ༌། །སྨན་མས་གཏོང་བ་དེ་དག་གི་ཆ་སྤྱད་སྦུ་གུ་ནི་གསེར་ལ་སོགས་པ་དང༌། ཤིང་དང༌། རུས་པ་དང༌། འདི་རྣམས་ཀྱིས་གཅེའུ་མ་གས་པ་དྲང་ལ་འཇམ་པ་ཁ་ཟླུམ་པོར་བྱས་ཏེ། ཚད་ནི་བྱིས་པ་ན་གཞོན་ཏེ་ལོ་གཅིག་མ་ལོན་ན་སྲིད་སོར་ལྔའོ། །ལོ་བདུན་མ་ལོན་ན་སྲིད་སོར་དྲུག་གོ །ལོ་བདུན་ལོན་ན་སྲིད་སོར་བདུན་ནོ། །ལོ་བཅུ་གཉིས་ལོན་ན་སོར་དགུའོ། །ལོ་ཉི་ཤུ་ལོན་པ་ཕན་ཆད་ལ་སོར་བཅུ་གཉིས་སོ། །དེ་ཡན་ཆད་ལོ་གྲངས་ཀྱི་བྱེ་བྲག་དང༌། ན་ཚོད་དང༌། ཉམས་སྟོབས་དང༌། ལུས་བོང་ལས་སྦུ་གུའི་ཚད་བསྐྱེད་དོ། །སྦུ་གུའི་ཚད་ཀྱི་སྦོམ་ནི་མཐེ་བོང་ཤོང་བའི་ཚད་དུ་བྱའོ། །རྩེ་མོའི་སྦོམ་ནི་མཐེའུ་ཆུང་གི་ཚད་དུ་བྱའོ། །བྱིས་པ་ཆུང་ངུ་ལོ་གཅིག་ལོན་པ་མན་ཆད་སོར་མོའི་ཚད་ལས་ཕྱེད་ཕྱེད་ཀྱིས་དེ་བསྐྱེད་དེ་ཞབས་ཀྱི་བུ་གའི་སྦོམ་རབ་ཏུ་ཆེ་བ་དང༌། སོར་མོ་གསུམ་གྱི་རྩེ་མོ་ནང་དུ་ཤོང་བ་ཙམ་དུ་བྱའོ། །གཅེའུའི་རྩེ་མོའི་བུ་གའི་ཚད་ནི་མོན་སྲན་སྡེའུ་དང༌། སྲན་ཆུང་དང༌། སྲན་མ་འདི་རྣམས་བཙོས་པ་ཤོང་བ་དང༌། རྒྱ་ཤུག་གི་འབྲས་བུ་ཤོང་བའི་ཚད་ཆེ་ཆུང་གི་རིམ་པ་དེ་ལྟར་བྱའོ། །གཅེའུའི་རྩེ་མོའི་གོང་དུ་ཁོག་པ་གདགས་པའི་ཚད་ནི་གཅེའུའི་བུ་ག་སྦོམ་པའི་ཚད་དང་མཉམ་པར་བྱའོ། །གཅེའུ་ནས་སྨན་གཏོང་བའི་ཚེ་གཅེའུའི་རྩེ་མོའི་ཁ་བཀབ་པའམ། པགས་པས་བཅད་དེ་མ་བོ་བར་བྱས་ནས་གཏང་ངོ༌། །གཅེའུའི་ཞབས་སྦོམ་པོའི་ཁ་ནས་ཡང་སོར་གཉིས་སུ་གཞལ་བར་ཁོག་པ་ཅན་དེ་ནས་མར་རིམ་པ་གཉིས་སུ་བཏགས་ལ། བུག་པ་གཉིས་ཀྱི་བར་དུ་སྨན་བླུགས་པའི་སྣོད་ལུག་དང་ར་དང་མ་ཧེ་ལ་སོགས་པའི་ལྒང་པ་ལེགས་པར་མཉེས་པ་ཚོན་གྱིས་དམར་པོར་བཙོས་པ་སྲ་བ་ཕུར་མ་ཐག་ཐུག་དང་དྲི་ང་
བ་དང་རྩའི་རི་མོ་འདི་རྣམས་མེད་ཅིང་འཇམ་ལ་སྲ་བ་དེ་ལྟ་བུའི་གཅེའུ་དང་སྦྱར་ཏེ་སྲད་བུས་ལེགས་པར་བཅིངས་ལ་སྨན་བླུགས་ནས་བདེ་བར་བྱའོ། །གལ་ཏེ་ལྒང་པའི་རྐྱལ་བུ་མེད་ན་རྒྱལ་པའི་དཔུང་པའམ། བྱིན་པའི་བགས་པའམ། རས་སྟུག་པོ་ཐགས་བཟང་བ་སྤྲ་ཚིལ་གྱིས་བྱུགས་པ་དེ་ལྟ་བུ་ལ་སྣོད་དུ་བྱའོ། །དེ་ལ་སྨན་མས་གཏོང་སྟེ་བཀྲུ་བའི་ཚད་ནི་བྱིས་པ་ཆུང་ངུ་ལོ་གཅིག་ལ་སྲང་གཅིག་གཏང་ངོ༌། །བྱིས་པ་ཆུང་ངུ་དེ་ལྟ་བུ་ལས་ལོ་རེ་རེ་ལོན་ཞིང་སྨན་སྲང་རེ་རེ་བསྐྱེད་དེ། ལོ་དྲུག་ལོན་ནས་སྲང་བཅུ་གཉིས་གཏང་ངོ༌། །དེ་ཡན་ཆད་ཀྱང་ལོ་གྲངས་ལས་སྲང་གཉིས་གཉིས་སུ་བསྐྱེད་དེ་ལོ་བཅུ་གཉིས་ལོན་པ་དང༌། ལོ་བཅོ་བརྒྱད་ལོན་པ་ནས་ལོ་བདུན་ཅུ་ལོན་པ་མན་ཆད་ལ་སྤྱིར་སྨན་གཏང་བའི་ཚུལ་ནི་ཐུན་རབ་ཏུ་ཆེ་ན་ཡང་སྲང་ཉི་ཤུ་གཏང་ངོ༌། །སྨན་མས་གཏོང་སྟེ་བཀྲུ་བའི་ཐུན་སྲང་ཇི་སྙེད་ཅིག་བཏང་བ་དེ་ལས་དཔགས་ཏེ་ཉམས་བརྟ་ཞིང་ཁོང་སྣུམ་པར་བྱས་པའི་སྨན་མས་གཏོང་བ་བཞི་ཆ་གཅིག་གི་ཚད་དུ་བྱའོ། །དེ་ལྟ་བས་ན་ཉམས་བརྟ་བའི་སྨན་མས་གཏོང་དུ་རུང་བའི་སྣུམ་བག་བཏང་བ་དང༌། དུགས་བྱ་བའི་ཆོ་ག་ཡང་བྱས། བཀྲུ་སྨན་བཏང་སྟེ་ནང་གི་ནད་ཀྱང་བསལ། འབྲས་ཐུག་སླ་མོ་དང་གར་པོ་ལ་སོགས་པས་ཉམས་འཚག་ཀྱང་བརྟས་ནས་ཉམས་བརྟ་བའི་སྨན་གཏང་དུ་རུང་བར་ཤེས་ན་ཐོག་མ་ཉིད་དུ་ཉམས་བརྟ་བའི་སྨན་མས་གཏང་བར་བྱའོ། །ཉམས་བརྟ་བའི་སྨན་མས་གཏོང་བ་ཡང་དགུན་ཟླ་བཞི་དང་དཔྱིད་ཟླ་གཉིས་ཀྱི་ཚེ་ནི་ཉིན་པར་ཐོང་ཤིག །ཁ་ཅིག་ན་རེ་ཟླ་བ་འདི་དྲུག་གི་ཚེ་མཚན་མོ་ཡང་གཏང་དུ་རུང་ཞེས་ཟེར་རོ། །སོ་གདང་དབྱར་དང་སྟོན་གྱི་ཚེ་ནི་མཚན་མོ་ཐོང་ཤིག །དེ་ལ་ཁོང་སྣུམ་ཞིང་ཉམས་བརྟ་བའི་སྨན་མས་གཏང་པར་བྱ་ན། ཆོ་ག་སྔར་བྱ་བ་ལ་ལུས་མར་གྱིས་བསྐུ་ཞིང་ལྡེ་གུས་དྲིལ་ལ་ཆུ་དྲོན་པོས་ལུས་དག་པར་བཀྲུ། དྲོའི་ཁ་ཟས་ཀྱི་ཚད་སྔ་ན་ཅི་ཟ་བའི་ཐང་ལས་བཞི་གསུམ་ནི་བཟའ་བཞི་ཆ་ཅིག་ནི་མི་བཟའ། ཁ་ཟས་ཅི་ཟ་བ་ཡར་ཕན་པ་ཡང་བ་སྣུམ་ཆེས་པ་ཡང་མ་ཡིན། རྩུབ་ཆེས་པ་ཡང་མ་ཡིན་པ་དེ་ལྟ་བུ་ཟོས་ལ་ཁུ་བ་ལ་སོགས་པ་སྐོམ་གྱི་གོར་བཏུང་བ་དང༌། ཚལ་ནན་ཡང་བཏུང་ངོ༌། །
ཁ་ཟས་ཟོས་པའི་རྗེས་ལ་བཅག་པར་བྱས་ན་བཤང་གཅི་བསྩལ་ལ་མལ་བདེ་བར་འདུག་ན་སྔས་སྨད་ནས་རོ་སྨད་བསྟོད་དེ། གློ་གཡོན་གྱིས་ཕབ་ནས་རྐང་པ་གཡས་པ་བསྐུམ་རྐང་པ་གཡོན་པ་ནི་རྐྱོང་ཤིག །དེ་ནས་གཅེ་འུའི་ནང་ནས་སྨན་མས་གཏོང་སྟེ་གཅེའུའི་ཁ་དང་གཞང་ཁ་ཡང་སྣུམ་གྱིས་བསྐུའོ། །གཅེའུའི་ལྒང་པ་ནང་དུ་སྨན་བླུགས་ལ་དབུགས་ཕྱིར་ཕྱུང་ནས་ཁ་བཅིངས་པ། སྨན་པ་ནད་པའི་རྒྱབ་ལོགས་སུ་འདུག་ནས། རྟབས་བག་ཏུ་སྨན་མྱུར་དུ་བཏང་བའམ། དལ་ཞིང་ཐོགས་པ་མ་ཡིན་པར་བྱ་ཞིང་གཅེའུའི་ནང་ནས་སྨན་ནང་དུ་བཏང་ཞིང་བཙིར་བའི་ཤུགས་ཧ་ཅང་དྲགས་པའམ། དལ་བ་ཡང་མ་ཡིན་རན་པར་ཅིག་ཅར་ལན་ཅིག་ཏུ་བཙིར་ཅིང་ཐོང་ཤིག །ལྒང་པའི་ཞབས་ན་རླུང་ལུས་པ་ཡོད་ཀྱི་སྨན་གྱི་ལྷག་མ་མ་ལུས་པར་གྱིས་ཤིག །སྨན་བཏང་ཟིན་ནས་བརླ་དང་རྐུབ་ཙོས་ལ་ཐལ་མོས་བརྡབ་ཅིང་གན་རྐྱལ་དུ་བཞག་ལ་ནད་པ་ཉིད་རང་གི་ལམ་ལ་རྐང་པའི་རྟིང་པས་བརྡུང་བར་བྱའོ། །སྨན་པ་འམ། ནད་གཡོག་གིས་ནད་པའི་རྐང་པ་ནས་བཏེག་སྟེ་ལན་གསུམ་གསིགས་ཤིག །དེ་ནས་ནད་པ་སྔས་བཅུག་ནས་བརྐྱང་སྟེ། ཉལ་ལ་རྐང་པའི་རྟིང་པར་ནད་གཡོག་གིས་ཁུ་ཚུར་གྱིས་བརྡུང་བའམ། བརླ་དང་བྱིན་པ་ལ་ཡང་ཁུ་ཚུར་གྱིས་བརྡུང་ཞིང་ལུས་སྣུམ་གྱིས་བསྐུས་ལ་མཉེ་བར་བྱའོ། །ལུས་ལ་བརྡུང་ཞིང་མཉེས་ལ་མི་བདེ་བར་བྱས་པ་དེས། སྨན་སླར་མྱུར་དུ་ཕྱིར་མི་དབྱུང་ངོ༌། །གལ་ཏེ་སྨན་སླར་མྱུར་དུ་ཕྱིར་བྱུང་བས་ཕན་མི་བྱེད་པར་གྱུར་ན། སྨན་མར་ཕྱི་མ་གཞན་ཡང་སྦྱར་ལ་གཏང་ངོ༌། །ཁོང་པའི་དྲོད་ཆེ་བས་སྨན་མས་གཏོང་བ་ཞུ་ན་ནུབ་ཀར་ཁ་ཟས་ཀྱང་བཟའོ། །ཟས་ཟོས་ནས་དེ་ཕན་ཆད་མཚོན་ཐོག་ཐག་ཏུ་ཅི་ཡང་མི་བཟའ་མི་བཏུང་བར་ཉོལ་ཅིག །གལ་ཏེ་སྨན་ཕྱིར་འབྱུང་དུ་མ་རུང་ན་སྨན་སྦྱར་བའི་སྟར་བུའམ། སྨན་རྣོན་པོ་ལྒང་པ་ནས་མས་གཏོང་ཞིང་ཁོང་ན་སྨན་མར་ལུས་པ་ཕྱིར་དབྱུང་ངོ༌། །གལ་ཏེ་ཁོང་པའི་ནང་ན་ཧ་ཅང་རྩུབ་ཆེས་པས་སྨན་མ་ཞུ་སྟེ་ཕྱིར་མ་བྱུང་བ་དང༌། ཁོང་པའི་དྲོད་ཆུང་བས་སྨན་མ་ཞུ་སྟེ། ཕྱིར་མ་བྱུང་ལ་ནད་དུ་གྱུར་པ་མེད་ན་བསྡད་པར་བྱ་ཞིང་མཚན་མོ་དེ་བཞིན་དུ་
འདུག་པར་བྱའོ། །ནང་པར་ལི་དོང་གྲ་དང༌། འུ་སུ་བསྐོལ་བའི་ཆུ་འམ་ཡང་ན་ཆུ་འབའ་ཞིག་གདུས་པ་བཏུང་བར་བྱའོ། །ཉམས་བརྟ་པའི་སྨན་མས་གཏོང་ན་ཉི་མ་གསུམ་མམ། ཉི་མ་ལྔ་ལོན་ན་ཡང་ཐོང་ཤིག །གལ་ཏེ་འཇུ་བའི་དྲོད་ཆེ་བས་སྨན་ཞུ་བའམ། ཡང་ན་རླུང་གི་ཤས་ཧ་ཅང་ཆེས་པ་དང༌། རྟག་ཏུ་རྩོལ་ཞིང་བཅག་པར་བྱེད་པ་དང༌། མེའི་དྲོད་ཧ་ཅང་ཆེ་བ་དང༌། ཁོང་པའི་ནང་རྩུབ་པ་འདི་རྣམས་ལྟ་བུ་ལ་སྨན་མས་གཏོང་བའི་ཉི་མ་རེ་རེ་གཏང་དུ་རུང་ངོ༌། །དེ་ལྟར་ཁོང་སྣུམ་ཞིང་ཉམས་བརྟ་བའི་སྨན་མས་གཏོང་བ་ལན་གསུམ་ལན་བཞི་བཏང་ནས་ལུས་ཀྱི་ཁོང་དང་རྩ་འཇམ་ཞིང་སྣུམ་པར་གྱུར་ནས་ནད་དབྱུང་ཞིང་བསལ་བར་བྱ་བའི་ཕྱིར། བཀྲུ་བའི་སྨན་མས་གཏོང་ཞིང་སྦྱར་བར་བྱའོ། །སྔ་ན་ལུས་ཀྱི་ཁོང་རྩུབ་པ་ལས་སྣུམ་པར་བྱ་བའི་འོག་ཏུ་ཉི་མ་ལྔ་ལོན་ན་ཚེས་གྲངས་བཟང་པོའི་ཉི་མ་ཅུང་ཟད་ཕྱེད་ཡོལ་ཙམ་ན་སྨན་པས་གཏོར་མ་དང་བཀྲ་ཤིས་ཀྱི་ཚིག་བྱས་ལ་ནད་པ་ལུས་ཏིལ་མར་གྱིས་བྱུགས། དུགས་བྱས། བཤང་གཅིའི་དྲི་མ་བསྩལ་ལ། ཧ་ཅང་བཀྲེས་པ་ཙམ་མ་ཡིན་པར་འདུག་ལ་ནད་ཀྱི་དམིགས་དང་སྨན་ལ་སོགས་པ་ལ་མཁས་པའི་མི་དང༌། གང་དེ་ལ་མཁས་པ་མང་པོ་དང༌། ལྷན་ཅིག་ཏུ་འགྲོ་ཞིང་སྨན་མས་གཏོང་བའི་བཀྲུ་སྨན་དྲག་པོ་དེ་ལ་སྨན་གྱི་ཁུ་བ་སྦངས་པ་ཆུ་སྲང་བརྒྱད་ཅུའི་བཞི་ཆ་གཅིག་སྟེ་སྲང་ཉི་ཤུ་དང༌། པོ་སོན་ཆའི་འབྲས་བུ་འབྲུམ་བུ་བརྒྱད་དང་སྦྱར་ཏེ་བཙོ་ཞིང་དེའི་ནང་དུ་མར་ནི་སྨན་གྱི་ཁུ་བ་སྲང་ཉི་ཤུའི་བཞི་ཆ་གཅིག་ནང་དུ་བླུགས་ཏེ་བཙོ་མ་འདི་ནི་རླུང་ནད་ལ་བཏང་ན་ཐབས་དེ་ལྟར་སྦྱར་རོ། །མཁྲིས་པ་ན་བ་ལ་བཏང་བ་དང༌། ན་བ་མེད་པ་ཉམས་ཐ་མལ་པ་ལ་བཏང་ན་སྨན་གྱི་ཁུ་བ་སྲང་ཉི་ཤུ་རྩ་དྲུག་ཆ་གཅིག་གི་ཐང་དུ་བླུགས་ཏེ་བཙོ་བར་བྱའོ། །བད་ཀན་གྱི་ནད་ཆེ་བ་ལ་བཏང་ན་སྨན་གྱི་ཁུ་བ་སྲང་ཉི་ཤུའི་བརྒྱད་ཆ་གཅིག་གི་ཐང་དུ་མར་བླུགས་ཏེ་བཙོ་བར་བྱའོ། །ཡང་ན་ནད་ཐམས་ཅད་ལ་སྨན་གྱི་ཁུ་བའི་བརྒྱད་ཆ་གཅིག་གི་ཐང་དུ་མར་བླུགས་ཏེ་བཙའོ། །བཀྲུ་བའི་སྨན་མས་གཏོང་བ་བཙོ་བ་དེ་ཡང་ཧ་ཅང་མི་སྐ་མི་སླ་བར་སྦྱར་ཞིང་བཙོའོ། །དེའི་ནང་དུ་བུ་རམ་
སྲང་གཅིག་ཙམ་དང་སྦྲང་རྩི་དང༌། ལྕེ་ཚ་ལ་སོགས་པ་ནད་དམིགས་དང་སྦྱར་ཞིང་ཅི་རིགས་པར་སྦགས་ཏེ། སྨན་ལྷག་མ་སྦྱར་ཏེ། སྨན་དེ་ཐམས་ཅད་སྣོད་ཅིག་ཏུ་བླུགས་ལ། བུམ་པ་ཆུ་ཚན་བསྐོལ་བའི་རླངས་པའི་ཁར་བསྲོ་ཞིང༌། སྨན་དཀྲུགས་ལ་གཏོང་བའི་གཅེའུ་རྐྱལ་པའི་ནང་དུ་བླུགས་ཏེ། ཧ་ཅང་མི་ཚ་མི་གྲང༌། ཧ་ཅང་མི་སྣུམ་མི་རྩུབ། ཧ་ཅང་མི་རྣོ་མི་འཇམ། ཧ་ཅང་མི་གར་མི་སླ། ཧ་ཅང་མི་ཉུང་མི་མང༌། ཇེ་ཚ་མེད་པའམ་ཚ་བར་ཡང་མི་བྱ། དེ་དང་འདྲ་བར་འབྲས་ཙམ་ཡང་མི་མང་མི་ཉུང་བར་སྦྱར་ཏེ། སྨན་མས་གཏོང་ཞེས་མཁས་པ་ཁ་ཅིག་ནི་དེ་སྐད་ཟེར་རོ། །ཡང་སྨན་པ་ཁ་ཅིག་ན་རེ་མར་དང་སྦྲང་རྩི་གཉིས་ཀྱི་ཚད་སོ་སོར་སྲང་གསུམ་གསུམ་དང་ན་བ་མེད་ཅིང་ཉམས་ཐ་མལ་པ་ཞིག་ལ་བཏང་ན་ལྕེ་ཚ་ཞོ་གཉིས་པོ་སོན་ཆ་དང་ཤུ་ཏི་ལ་སོགས་པ་སྲང་གཉིས་སྦངས་པའི་ཁུ་བ་དང་ལྷག་མའི་ཁུ་བ་སྲང་བཅུར་སྦྱར་ཏེ་སྨན་ཁུ་སྦངས་སྦངས་པ་མར་དང་བཙོས་ལ་སྦྲང་རྩི་དང་ལྕེ་ཚར་སྦྱར་ཏེ། རིམ་པ་འདི་ལྟར་བྱས་ལ་སྨན་གཏང་བའི་རྐྱལ་བུར་བླུགས་ལ། བཀྲུ་བའི་སྨན་མས་གཏོང་བའི་ཆོ་ག་དེ་ལྟར་བྱའོ། །དེ་ལ་རླུང་ནད་སེལ་བའི་སྨན་མས་གཏོང་ཞིང་བཀྲུ་བར་སྦྱར་ན་ཤིང་ཉེ་རོང་དང་ལྕེ་ཚ་སེ་ན་བ་དང་ཉེའུ་ཤིང་པ་དང༌། ཨ་ཤྭ་གནྡྷ་དང༌། ཨེ་རཎྜ་འི་ལོ་མ་སྨན་དང་ས་ཤིང་འཇམ་པ་དང་སྐྱུར་བ་དང་དྲོ་བའི་ཁུ་བ་དང་ལྡན་པ་འདི་ལྟ་བུའི་སྨན་རྣམས་ནི་རླུང་ནད་སེལ་བའི་སྨན་མས་གཏོང་བར་བཟང་ངོ༌། །མཁྲིས་པའི་ནད་སེལ་བའི་སྨན་མས་གཏོང་ཞིང་བཀྲུ་བའི་རྣམ་གྲངས་ལ་གཏོགས་པ་ལ་ཤིང་ནྱ་གྲོ་དྷ་དང༌། ཤིང་ཨུ་དུམྦཱ་ར་དང༌། ཤིང་པླག་ཤ་དང༌། ཤ་པ་དང༌། ཤིང་མངར་དང༌། འོ་མ་དང༌། ཉེའུ་ཤིང་དང༌། འབྲི་མར་དང༌། རོ་མངར་ཞིང་བསིལ་བ་རྣམས་དང༌། བུ་རམ་ཤིང་གི་ཁུ་བ་སྦྲང་རྩི་དང་འདི་རྣམས་མཁྲིས་པའི་ནད་སེལ་པའི་སྨན་མས་གཏོང་ཞིང་བཀྲུ་པར་བཟང་ངོ༌། །བད་ཀན་རྒྱས་པའི་ནད་སེལ་བ་ནི་དོང་ག་དང༌། དུག་མོ་ཡུངས་དང༌། པ་ཏ་ལི་ག་དང༌། ཆིས་ཁྲིམས་དང༌། ཤིང་ནིམ་པ་དང༌། སླེ་ཏྲེས་དང༌། པ་ཊ་དང༌། ཀ་ཏུ་ཧ་རོ་ཧ་ནི་དང༌། ཤིང་གི་ཁུ་བ་ཤེ་ལེ་ཡ་ཁ་དང༌། པུ་ཏི་ཀ་རཉྫ་དང༌།
རཀྟ་ཀ་རཉྫ་དང༌། སཔྟ་པརྞི་ཞེས་བྱ་བ་ཚིགས་རེ་ལ་ལོ་མ་བདུན་ཡོད་པ་དང༌། སྦྲང་རྩི་དང་བ་གཅིན་དང༌། སྨན་རོ་ཚ་ཞིང་རྣོ་བ་དང་དྲོད་ཆེ་བ་རྣམས་དང་ཚ་བ་རྣམས་སྦྱར་ཏེ་བཙོས་ལ་སྨན་མས་གཏོང་ཞིང་བཀྲུས་ན། བད་ཀན་གྱི་ནད་སེལ་ཏོ། །དེ་ལ་རླུང་ནད་དང་མཁྲིས་པ་དང་བད་ཀན་གསུམ་ཆར་གྱི་ནད་འདུས་པར་གྱུར་ན་ཡང༌། དེ་གསུམ་གྱི་སྨན་གོང་དུ་བཤད་པ་ལས་ནད་སོ་སོའི་སྨན་ཅི་རན་དུ་ཤས་ཤས་ཀྱིས་གདུས་པ་བཙོས་པའི་ཐུན་སྤྱིར་མི་ཆེ་བ་རན་པར་མས་གཏོང་བའི་བཀྲུ་སྨན་དྲག་པོ་གཏང་ངོ༌། །རྟས་བཀྲུ་བའི་སྨན་མས་བཏང་ནས་སྔས་ཀྱིས་བརྟེན་ཏེ་གན་རྐྱལ་དུ་སེམས་གུད་དུ་མི་གཡེངས་པར་སྨན་བཏང་བ་དེ་ལ་ཡིད་གཞག་པར་བྱའོ། །དེ་ནས་ཐུར་དུ་བཀྲུ་ཞིང་འོང་བར་གྱུར་ན་ལངས་ཏེ་ཙོག་པུར་འདུག་ལ་བཤང་བར་གྱིས་ཤིག །གལ་ཏེ་འཁྱིམས་ན་སྐད་ཅིག་ཐོགས་ཏེ་ཕོལ་དུ་མ་རུང་ན་སྨན་འདི་ཉེན་ཆེ་སྟེ་འཆི་བར་འགྱུར་རོ། །འདི་ལྟ་བུ་ཉེན་དུ་གྱུར་པ་ལ་སླར་བཙོས་ཤིང་དཔྱད་དུ་བྱ་བ་ལ་མར་དང་ནས་ཚིག་འཁུས་པའི་ཐལ་སྨན་རྣོན་པོ་དང༌། བ་གཅིན་དང་འབྲས་ཀྱི་རྩབས་ཀྱི་ཁུ་བ་སྐྱུར་མོ་དང་སྦྱར་ལ་བཙོས་པ་འཇམ་ཞིང་རྣོ་ལ་དྲོ་བར་སྦྱར་ཏེ། སྨན་མས་གཏོང་བའི་རྐྱལ་བུ་གཞན་དུ་བླུགས་ཏེ་བཤམས་ལ་མས་གཏོང་ཞིང་ཚིར་ཅིག །ཡང་ན་པོ་སོན་ཆ་ལས་སྦྱར་བའི་སྨན་གྱིས་གདབ་མུ་ལས་གཞུག་པ་བྱ་ཞིང་སྡང་བ་ཡང་བྱའོ། །ཡང་ན་འདི་ལྟར་མ་གྱུར་ཏེ་སྨན་མས་གཏོང་ཡང་འོང་བར་གྱུར་ན་སྨན་ཕྱི་མ་སྦྱར་ཏེ། རྐྱལ་བུར་བླུགས་ལ་ལན་གསུམ་ལན་བཞིའི་བར་དུ་ཡང་སྨན་དྲག་པོ་མས་གཏོང་ཞིང་ལེགས་པར་བཏང་ནས་དེའི་རྗེས་ལ་ཁ་ཟས་ཀྱི་ཆོ་ག་ནི་བཀྲུ་སྨན་བཏང་བའི་ཆོ་ག་དང་འདྲ་བར་ཤེས་པར་བྱས་ལ་ཁ་ཟས་མ་ཟོས་པའི་སྔོན་རོལ་དུ་ཆུ་དྲོན་པོས་ཁྲུས་བྱས་ནས་ཁ་ཟས་བཟའ་བའི་ཐབས་ནི་འབྲས་ཐུག་རྐྱང་རྐྱང་པོ་དང༌། འབྲས་ཐུག་སླ་མོ་བཏུང༌། ཤ་ཁུ་སླ་མོ་དང་འབྲས་ཆན་དུ་སྦྱར་ཏེ་བཟའ། སྨན་དྲག་པོ་མས་གཏོང་སྟེ་བཀྲུས་པས་ཁོང་པའི་དྲི་མ་ནད་ཀུན་ཕྱིན་ན། ཁོང་པ་ནང་འཕྱང་བག་ཏུ་འདུག་པ་དང༌། ཉམ་ཆུང་སྟེ་ཁོང་རྨྱ་བ་དེ་ལྟ་བུར་གྱུར་པ་དེ་ལ་ཆུ་དྲོན་པོ་བདེ་བས་ཁྲུས་བྱས་ནས་ཁ་ཟས་ཆོ་ག་བཞིན་དུ་ཟོས་ན་
ལུས་ཞིག་ཅིང་རྨྱ་བ་ལ་ཕན་ཏེ། ཞི་བར་འགྱུར་རོ། །གལ་ཏེ་སྨན་དེ་ལྟར་མས་གཏོང་སྟེ། བཀྲུས་པ་ལས་རླུང་ནད་ཀྱི་བར་དུ་ཁོང་པ་སྦོ་བས་གྲང་བར་འགྱུར་ཏེ། མི་བདེ་ན་ཡང་དེའི་མོད་ལ་འཕྲལ་དུ་རླུང་ཞི་བར་འགྱུར་བའི་སྨན་བཙོས་ཏེ་མས་གཏོང་ཞིང་ཁོང་འཇམ་ཞིང་སྣུམ་པར་འགྱུར་བར་བྱའོ། །སྨན་མས་གཏོང་སྟེ་བཀྲུས་པ་ལེགས་པའི་ཚུལ་དང༌། ཧ་ཅང་དྲགས་པ་དང་ཐུན་ཆུང་སྟེ་མ་འཁྲུས་པར་གྱུར་པ་འདི་རྣམས་ཀྱི་ཚུལ་ནི་སྔར་སྣུམ་གྱི་ཆོ་ག་བྱ་ཞིང་བཏང་བ་ལེགས། མ་ལེགས་པར་བཤད་པ་དང་འདྲ་བར་ཤེས་པར་བྱའོ། །སྨན་མས་གཏོང་སྟེ་བཀྲུས་པའི་རྗེས་རླུང་ནད་དུ་གྱུར་པ་ལ་ཁོང་འཇམ་ཞིང་སྣུམ་པར་གྱུར་པའི་སྨན་མས་གཏོང་བ་ཅུང་ཟད་ཙམ་ཞིག་བསྡད་ན་ཁོང་པའི་དྲི་མ་བཤང་བ་དང་བཅས་ཏེ་སྨན་མར་དང་ཅིག་ཅར་འབྱུང་པར་འགྱུར་རོ། །ཐུར་དུ་དབུག་པ་ཡང་སྨན་མར་ལྷན་ཅིག་འོང་བར་གྱུར་ན། ཁོང་སྣུམ་ཞིང་འཇམ་པར་འགྱུར་བའི་སྨན་མས་གཏོང་བ་ལེགས་པ་ཡིན་ནོ། །ཡང་བད་ཀན་གྱི་བག་ཆེ་ན་དེ་ལ་ཁོང་བརྟ་བའི་སྨན་མས་གཏོང་བ་ལན་གཅིག་གམ་ལན་གསུམ་གྱི་བར་དུ་ཐོང་ཤིག་མཁྲིས་པ་རྒྱས་པའི་ཤས་ཆེ་ན། བརྟ་བའི་སྨན་མས་གཏོང་བ་ལན་ལྔ་འམ་ལན་བདུན་གྱིས་ཤིག །རླུང་ནད་ལ་བརྟ་བའི་སྨན་མས་གཏོང་བ་ལན་དགུ་འམ་བཅུ་གཅིག་ཏུ་ཐོང་ཤིག །དེ་ལྟར་བརྟ་བའི་སྨན་མས་གཏོང་བའི་ལན་གྲངས་ཟུང་དུ་མ་གྱུར་པར་བྱས་ནས་གལ་ཏེ་དེའི་རྗེས་ལ་བཀྲུ་བའི་སྨན་མས་གཏོང་པར་འདོད་ན་ཡང་ཐོང་ཤིག །དེ་ལྟར་སྨན་མས་གཏོང་བའི་རྗེས་ལ་བད་ཀན་དང་མཁྲིས་པ་དང༌། རླུང་ནད་སེལ་བའི་ཁ་ཟས་མོན་སྲན་སྡེའུའི་ཚོད་མ་ཁུ་བ་ཅན་དང༌། འོ་མ་དང་ཁུ་ཤ་འདི་གསུམ་ཟོས་ན་ནད་ཀྱི་རིམ་པ་བཞིན་དུ་ཕན་ནོ། །དེ་ལ་རླུང་ནད་སེལ་བའི་སྨན་དྲག་པོ་མས་གཏོང་ཞིང་ཁོང་སྣུམ་ལ་བརྟ་བར་བྱ་ན། ཤིང་ཉེ་རོང་དང་ལྕེ་ཚ་སྣེ་བདའ་བ་དང་སྦྱར་ཏེ་སྣུམ་དང༌། མངར་དང་འབྲས་རྩབས་སྐྱུར་བ་དང༌། ཤ་ཁུ་དང་དྲོད་ཆེ་བའི་བག་སྦྱར་ཏེ་བསྐོལ་ལ་རྐྱལ་བུར་བླུགས་ཏེ་བཏང་བ་འདི་ནི་རླུང་ནད་གཅིག་པུ་ལ་ཕན་ནོ། །མཁྲིས་པའི་ནད་ལ་ནི་ནྱ་གྲོ་དྷ་ལ་སོགས་པའི་སྨན་སྡེའི་གྲངས་སུ་གཏོགས་པ་དང༌།
ཤུག་པ་དང་ཁ་ར་དང༌། མངར་བག་བསིལ་བག་དང་མར་དང་འོ་མ་དང་བུ་རམ་ཤིང་གི་ཁུ་བ་དང་འདི་རྣམས་སྦྱར་ཏེ་གདུས་ལ་སྦྲང་རྩི་དང་སྦྱར་ཏེ། སྨན་མས་གཏོང་ན་མཁྲིས་པའི་ནད་འབྱང་ཞིང་མེའི་ཁོང་བརྟ་ལ་སྣུམ་པར་འགྱུར་རོ། །བད་ཀན་གྱི་ནད་ལ་དོང་ག་ལ་སོགས་པ་དང༌། དུག་མོ་ཡུངས་ལ་སོགས་པ་དང༌། སྨན་རྩུབ་པ་རྣམས་དང༌། བ་གཅིན་དང་སྨན་རྣོ་བ་དང༌། དྲོད་ཆེ་བ་དང༌། རོ་ཚ་བ་དང༌། འདི་རྣམས་བསྐོལ་བ་སྦྲང་རྩི་དང་སྦྱར་ཏེ། མས་གཏོང་ན་བད་ཀན་གྱི་ནད་འབྱང་ངོ༌། །དེ་ལ་རླུང་ནད་ལ་ནི་ལན་གཅིག་གཏང་ངོ༌། །མཁྲིས་པའི་ནད་ལ་ལན་གཉིས་གཏང་ངོ༌། །བད་ཀན་གྱི་ནད་ལ་ལན་གསུམ་གཏང་པར་བྱའོ། །རླུང་དང་བད་ཀན་མཁྲིས་པ་གསུམ་འདུས་པའི་ནད་ལ་ཡང་སྨན་དཔྱད་དེ་གསུམ་རིམ་པས་བཏང་ན་འདུས་པའི་ནད་འབྱང་བར་འགྱུར་རོ། །སྨན་དཔྱད་ཀྱི་སློབ་དཔོན་སྤྱོད་པ་ཅན་ན་རེ། ཡང་མིའི་ནད་གཞི་ནི་རླུང་དང་བད་ཀན་དང༌། མཁྲིས་པ་གསུམ་དུ་ཟད་དེ་ནད་འདི་གསུམ་བསྩལ་བའི་དཔྱད་བཀྲུ་བའི་མས་གཏོང་བ་ལས་གུད་ན་དཔྱད་རྣམ་པ་བཞི་ཞེས་བྱ་བ་མེད་དེ། དེའི་ཕྱིར་སྨན་མས་གཏང་བར་བྱའོ། །རླུང་དང་བད་ཀན་དང་མཁྲིས་པའི་ནད། ཁོང་ནས་བསྐྱོད་ཅིང་སྡུད་པ་དང༌། ནད་བཀྲུ་སྟེ་བྱང་བར་བྱ་བ་དང༌། ནད་ཞི་བར་བྱས་ཏེ། འདི་ལྟ་བུ་ཡང་རིམ་གྱིས་བྱ་བ་ཡིན་ཏེ། དེའི་ཕྱིར་ནད་རྣམ་པ་གསུམ་བཀྲུ་བའི་དཔྱད་མས་གཏོང་ཞིང་བཀྲུ་བར་བྱའོ་ཞེས་ཟེར་རོ། །དེ་ལྟར་སྨན་བཏང་བ་ཡང་ནད་དམིགས་དང་སྨན་ལ་སོགས་པའི་མཐུ་དང༌། ནད་པའི་ཉམས་སྟོབས་དང༌། དེ་ཐམས་ཅད་ཀྱི་ཚོད་ཟིན་པར་བྱས་ལ་སྨན་གཏང་ངོ༌། །བཀྲུ་སྨན་བཏང་བ་ལེགས་པའི་ཚུལ་མཐོང༌། མ་དཔགས་ཀྱི་བར་དུ་བཀྲུ་བའི་སྨན་བཏང་བའི་རྗེས་གཅད་དུ་མི་རུང་ངོ༌། །ཡང་ཁོང་སྣུམ་ཞིང་འཇམ་པ་བདའ་བའི་སྨན་མས་གཏོང་བ་དང༌། བཀྲུ་བའི་སྨན་མས་གཏོང་བ་གང་ཡང་རུང་སྟེ། ལན་གཅིག་གཏང་ཡང་མི་རུང་ལན་མང་དུ་གཏང་བ་ཡང་མི་རུང་ངོ༌། །དེ་ལ་ཁོང་བརྟ་ཞིང་སྣུམ་པའི་སྨན་མས་གཏོང་བ་ནི་ནད་ཁོང་ནས་བསྐྱོད་ཅིང་བསྡུ་བ་དང༌། ཁོང་པའི་དྲོད་ནི་ཆུང་བར་འགྱུར་རོ། །བཀྲུ་བའི་སྨན་བཏང་བ་ལ་འཇིག་པའི་
རྟེན་ནི་རླུང་ནད་ལྡང་བར་འགྱུར་རོ། །སྨན་མས་གཏོང་བའི་རིམ་པ་ནི་སྔར་ལུས་ཀྱི་ཁོང་འཇམ་ཞིང་སྣུམ་པར་བྱ་བའི་སྨན་དེ་གཏང་ངོ༌། །དེའི་འོག་ཏུ་བཀྲུ་བའི་སྨན་མས་གཏོང་ངོ༌། །དེའི་རྗེས་ལ་ཁོང་བརྟ་བའི་སྨན་མས་གཏང་བར་བྱའོ། །སྨན་མས་གཏོང་བའི་དཔྱད་བྱས་པ་ནི་རླུང་ནད་དང༌། བད་ཀན་མཁྲིས་པའི་ནད་གསུམ་ཆར་སེལ་ཏེ་ཁོང་སྣུམ་ཞིང་བརྟ་བར་བྱ་བའི་སྨན་མས་གཏོང་བ་དང༌། བཀྲུ་བའི་སྨན་མས་གཏོང་བའི་ཆོ་ག་རིག་པར་བྱ་བ་ནི་དེ་ལྟ་བུ་ཡིན་ནོ། །ཡང་སྨན་མར་ཐུན་ཆུང་ངུའི་ཐང་དུ་ཚོད་བཟུང་སྟེ། བཏུང་བ་དང་ཁོང་འཇམ་ཞིང་བརྟ་བའི་སྨན་མས་གཏོང་བ་ཐུན་ཆུང་ངུའི་ཐང་དུ་ཚོད་བཟུང་སྟེ་རྟག་ཏུ་གཏང་བར་བྱའོ། །དེ་ལ་སྨན་མར་ཐུན་ཆུང་ངུའི་ཐང་དུ་བཏུང་ན། ནད་པའི་དྲོད་དང་ཉམས་ལས་ཀྱང་དཔགས་ཏེ་སྲང་གཅིག་ཙམ་བཏུང་ངོ༌། །བརྟ་བའི་སྨན་མས་གཏོང་བ་ནི་སྲང་གཉིས་ཙམ་ཐོང་ཤིག །དེ་ལ་སྨན་མར་ཐུན་ཆུང་ངུར་བཏང་བའི་མི་ནི་བྱིས་པ་དང་རྒན་པོ་དང༌། ལམ་རིངས་ཀྱིས་དུབ་པའི་མི་དང༌། ཁུར་གྱིས་དུབ་པ་དང༌། བུད་མེད་ལ་བརྟེན་དྲགས་པའི་ལྟ་བུ་དང༌། དྲག་ཤུལ་བྱས་པ་ལྟ་བུ་དང༌། སེམས་ལས་ཆེ་བ་དང༌། རླུང་ནད་ཀྱིས་ལུས་ཞོམ་པ་དང༌། རིད་པ་དང༌། དྲོད་ཆུང་བ་དང༌། རྒྱལ་པོ་དང་ཕྱུག་པོ་ལྟ་བུ་བདེ་ཞིང་ལོངས་སྤྱོད་པ་དང༌། འདི་རྣམས་ལྟ་བུ་ལ་སྨན་མར་ཐུན་ཆུང་དུ་གཏང་དགོས་ཏེ། ཐུན་ཆུང་ངུ་རྟག་ཏུ་འཐུངས་ན་ནད་ཀུན་སེལ། ཁ་ཟས་ཀྱི་ཆོ་ག་ལ་སོགས་པ་བསྲུང་ཞིང་སྤང་བ་མེད་པ་ལ་ཤ་སྐྱེ། བཤང་གཅི་དྲི་མ་སྙི་སྟེ་བདེ་བླག་ཏུ་འོང་སྟེ་བདེ་བར་འགྱུར་རོ། །བུད་མེད་རྣམས་ཀྱི་ནད་མོ་མཚན་ན་བ་དང༌། མངལ་གྱི་གནས་ན་བ་དང༌། སྨན་མས་གཏོང་བའི་རིམ་པ་ནི་དང་པོར་ཁོང་འཇམ་ཞིང་སྣུམ་པར་གྱུར་པའི་སྨན་མས་ཇེ་བཏང་ལ། དེའི་འོག་ཏུ་བཀྲུ་བའི་སྨན་མས་གཏོང་བ་ལན་གཉིས་སམ་གསུམ་ཐོང་ཤིག །མཇུག་ཏུ་ནི་ཉམས་འཚག་བརྟ་བའི་སྨན་མས་གཏང་བར་བྱའོ། །དེ་ལ་སྐྱེས་པ་ཆུ་སོ་ན་རྡེའུ་ཡོད་པ་ལྟ་བུ་དང་ཆུ་འགགས་པ་ལྟ་བུ་ལ་ཕོ་མཚན་ནས་སྨན་མས་གཏོང་ནས་གཅེའུའི་སྲིད་ཚད་ནི་ནད་པ་ཉིད་ཀྱི་སོར་བཅུ་གཉིས་ཀྱི་ཚད་དུ་གསེར་དངུལ་ལ་སོགས་པ་ལས་
བརྡུང་ས་པའི་ཟླུམ་པོ་བ་མཇུག་ལྟ་བུ་ཞབས་དང་བར་གཉིས་ཀའི་རྣ་བ་བཏགས་ལ་རྩེ་མོའི་བུ་ག་ནི་ཡུངས་ཀར་བཙོས་པ་ཤོང་བ་ཙམ་དུ་བཏོད་ལ། །འཇམ་པར་བྱས་ཏེ། གཅེའུའི་རྩེ་མོ་མེ་ཏོག་ཀུན་དའམ། སྲི་ཤིང་གི་མེ་ཏོག་ལྟ་བུ་རྩེ་མོ་བྱིན་གྱིས་ཕྲ་ཞིང་སྲ་བར་བྱ་ཞིང༌། སྨན་གཏོང་བའི་སྣོད་རྐྱལ་བུ་ནི་འཇམ་ཞིང་ཡང་བར་བྱའོ། །ཚད་ནི་ཕོ་རུ་གང་ཤོང་བ་ཙམ་ལས་ཆེ་ཆུང་གང་རིགས་པར་བྱའོ། །དེ་ལྟར་སྨན་མས་གཏོང་བར་བྱེད་པ་སྔར་ཁྲུས་ལ་ཁ་ཟས་འཇུ་སླ་ཞིང་ཡང་བར་ན་པར་ཟོས་ནས་ཁོང་སྣུམ་ཞིང་འཇམ་པའི་སྨན་ཆོ་ག་བཞིན་དུ་ཕོ་མཚན་ནས་ཐོང་ཤིག །དེ་ལྟར་སྨན་གཏང་བའི་ཐབས་ནི་ཁྲིའུའི་འཕང་པུས་མོ་ཙམ་ལ་དྲང་པོ་བདེ་བར་འདུག་ནས་ཕོ་མཚན་བརྟགས་ལ་དྲང་པོར་བྱས་ནས་ཕོ་མཚན་གྱི་སྦུ་གུའི་ནང་བསྩལ་ཏེ། སྨན་གཏང་བདེ་བར་བྱ་བའི་ཕྱིར། པོ་མཚན་བུ་གནས་སྲུབས་ཀྱི་ཐད་ཀའི་ནང་ཐོག་ཐག་རླིག་པའི་མགོ་ཙམ་དུ་ཐུར་མ་འཇམ་པོ་ཕྲའུ་བཏང་ལ་དེའི་འོག་ཏུ་རྐྱལ་བུའི་གཅེའུ་ལག་པ་མི་འདར་བས་སྨན་མས་གཏོང་བ་བཞིན་དུ་ཐོང་ཤིག །དེ་ལྟར་སྨན་བཏང་ནས་དེའི་རྗེས་བདའ་བའི་སྨན་མས་གཏོང་བ་ཡང༌། རིམ་པ་བཞིན་དུ་བྱའོ། །དེ་ཡང་ན་ལན་གསུམ་ཡང་ན་ལན་བཞིའི་བར་དུ་འཇམ་ཞིང་སྣུམ་པའི་སྨན་ཐོང་ཤིག །འཇམ་ཞིང་སྣུམ་པའི་སྨན་གཏང་བའི་ཆོ་ག་རྒྱས་པར་ནི་སྔར་ཐམས་ཅད་བཤད་པ་བཞིན་དུ་བྱའོ། །བུད་མེད་རྣམས་ཟླ་མཚན་དབྱུང་བའི་ཚེ་མངལ་གྱི་ཁ་ཕྱེ་བ་བུ་ཆགས་པར་འགྱུར་ཏེ། དེའི་ཚེ་སྣུམ་ཞིང་བརྟ་བར་བྱ་བར་འགྱུར་བའི་སྨན་ཐོང་ཤིག །ན་ན་ནི་ཟླ་མཚན་འབྱུང་བའི་དུས་ལམ་བབ་པར་སྨན་གཏང་དགོས་སོ། །མོ་མཚན་གྱི་ནང་གི་མོ་མཚན་ཉམས་པ་དང༌། མོ་མཚན་ན་བ་དང༌། མོ་མཚན་མ་རུང་བར་འགྱུར་བ་དང༌། ཁྲག་འབྱུང་བ་འདི་ལྟ་བུ་ལ་སྨན་མས་གཏོང་ན་ཕན་ཏེ། གཅེའུའི་སྲིད་ནི་སོར་བཅུའོ། །རྩེ་མོའི་བུ་ག་ནི་མོན་སྲན་བཙོས་པ་ཤོང་པར་བྱའོ། །སྨན་གྱི་གཅེའུ་ནི་བུ་འཆག་པའི་མངལ་གྱི་མངལ་དུ་སོར་བཞི་གཏང་ངོ༌། །ཆུས་འགགས་ཏེ་ན་ན་གཅིག་གི་ལམ་དུ་སོར་གཉིས་གཏང་ངོ༌། །བུ་མོ་ཆུང་དུ་དང་བྱིས་བ་རྣམས་ལ་ནི་སོར་གཅིག་གོ །ཐུན་འབྲིང་
ནི་སྲང་གཅིག་གོ །བུ་མོ་རྣམས་ལ་ནི་ཕུ་རུམ་གང་གི་ཚད་ཞོ་གཉིས་སོ། །སྨན་གཏང་བའི་ཐབས་ནི་མལ་དུ་གནས་ཏེ་འདུག་ལ་རྐང་པ་དང་བརླ་བསྐུམ་ལ། པུས་མོ་གྱེན་དུ་བསྟོད་ལ་ཉིན་ཞག་གཅིག་ལམ་ལ་ལན་གསུམ་མམ་ལན་བཞིར་ཤ་འཚག་བརྟས་པར་གྱུར་པའི་སྨན་གཏང་སྟེ། དེ་ལྟར་ཞག་གསུམ་དུ་ཐོང་ཤིག །སྨན་མས་གཏོང་བ་དེ་ཡང་བགས་ཀྱིས་ཐུན་ཆུང་དུ་ནས་བསྐྱེད་ཅིང་གཏང་ངོ༌། །སྨན་བཏང་ནས་ཞག་གསུམ་ངལ་བསོས་ལ་དེ་ནས་ཞག་གསུམ་དུ་སྨན་ཐོང་ཤིག །སྨན་དེ་ལྟར་གཏང་ན་སྔར་སྐྱུག་སྨན་བཏང་ནས་ཟླ་བ་ཕྱེད་ལོན་པ་དང༌། བཀྲུ་སྨན་གྱིས་བཀྲུས་ལ་ཡང་ཟླ་བ་ཕྱེད་ལོན་པ་དང༌། བཀྲུ་བའི་སྨན་མས་གཏོང་ངོ༌། །དཔེར་ན་རས་ཀྱི་ཚོན་ལེབ་རྒན་ཅན་ཆུའི་ནང་དུ་བཀྲུས་ན་དམར་བ་ཕྱིན་ཅིང་མེད་པ་བཞིན་ནོ། །དེ་དང་འདྲ་བར་སྣུམ་པའི་སྨན་མས་གཏོང་བས་ནི་ལུས་ཀྱི་ཁོང་སྣུམ་གྱིས་བརླན་ཅིང་བངས་པར་གྱུར་པ་དང༌། ནད་ཐམས་ཅད་འབྱིན་པར་འགྱུར་ཏེ། ལུས་ཀྱི་ཡན་ལག་དང༌། ཁོང་པའི་ནང་གྲོལ་དང་གནད་དང༌། མགོ་བོ་མན་ཆད་ལུས་ཀྱི་ཡན་ལག་དང༌། ཉིང་ལག་ཐམས་ཅད་ཀྱི་ནད་དང༌། རླུང་དང་བད་ཀན་དང༌། མཁྲིས་པའི་ནད་དུ་གྱུར་པའི་ནད་གཞི་སེལ་བའི་སྨན་དཔྱད་འདི་ལས་ལོང་ཤིག །གཞན་ཅུང་ཟད་ཀྱང་མེད་དོ། །བད་ཀན་དང༌། མཁྲིས་པ་ལ་སོགས་པའི་ནད་ཁོང་དུ་སོང་ཤིང་དཀྱིལ་སྐྱེས་པ་དང་བཤད་གཅི་དྲི་མ་ཁོང་དུ་བསྩགས་ཏེ་སྐྱེས་པ་དེ་ལྟ་བུ་སེལ་ཞིང་འབྱིན་པའི་ནད་རྐྱལ་བུ་ནས་མས་གཏོང་བ་མེད་ན་སྨན་དཔྱད་དེ་ལས་གཞན་མེད་ངོ༌། །དེ་བས་ན་སྨན་རྐྱལ་བུ་ནས་མས་གཏོང་བའི་ཚིག་གཅིག་བུའི་ནང་དུ་དཔྱད་ཐམས་ཅད་འདུས་སོ། །སྨན་དཔྱད་གཞན་ནི་སྨན་མས་གཏོང་བའི་ཕྱེད་ཙོམ་དུ་ཟད་དོ། །གཞན་ཡང་ནད་རྙིང་དང༌། ནད་གསར་པ་དང་གཏར་ག་གདབ་ཅིང་ཁྲག་དབྱུང་བ་ལ་ཡང་སྨན་རྐྱལ་བུ་ནས་མས་གཏོང་ན་ཕན་པར་འགྱུར་རོ། །སྨན་མས་གཏོང་སྟེ། ཉམས་པ་རྟ་བར་བྱ་བའི་ལེའུ་སྟེ་བཅུ་དགུ་པ་རྫོགས་སོ།། །།སྨན་སྣ་ནས་གཏང་བའི་ཆོ་ག་ལེའུ་ཉི་ཤུ་པ་བཤད་པར་བྱའོ། །ཐོང་ཀ་ཡན་ཆད་ཀླད་པའི་ནད་ལ་སྨན་སྣ་ནས་བཏང་ན་ལྷག་པར་ཕན་ནོ། །སྣ་ནི་ཀླད་
པའི་སྒོ་ཞེས་བྱ་སྟེ། དེ་བས་ན་ཀླད་པའི་ནད་ཐམས་ཅད་ལ་སྣ་ནས་བཏང་སྟེ་བཀྲུས་ཤིང་བསལ་ན་ནད་ཕྱིན་པར་འགྱུར་རོ། །དེ་ལ་ནད་དམིགས་ནི་ཀླད་པ་ན་བ་དང༌། ལུས་བློང་བག་ཏུ་གྱུར་བ་དང༌། ཁ་དང་སྣ་ནས་བད་ཀན་མང་དུ་འབྱུང་བ་དང༌། ལྐོག་མ་ན་བ་དང༌། ཁ་གདོང་དང་ཀླད་པ་སྐྲངས་པ་དང༌། ཐོར་བུ་བྱུང་བ་དང༌། ལུས་ལ་སྲིན་བུ་ཡོད་པ་དང༌། རྩ་མདུད་བྱེར་བ་དང༌། མཛེ་དང་སྨྱོ་བག་དང༌། ཆམ་པ་ན་བ་དང༌། འདི་རྣམས་ལ་སྨན་སྣ་ནས་བཏང་ན་ཕན་པར་འགྱུར་རོ། །མགུལ་པ་ཡན་ཆད་ཀླད་པ་རླུང་གི་བག་ལ་མི་བདེ་བ་ལ་སྨན་མར་སྣ་ནས་བཏང་ན་ཕན་ཏེ་བརྟ་བར་འགྱུར་རོ། །ནང་པར་ཉི་མ་ཤར་ནས་ཉི་མ་ཕྱེད་ཀྱི་བར་དུ་ཀླད་པ་གཞོགས་ཕྱེད་ན་བ་དང༌། སྐད་འགགས་པ་དང༌། ཁ་སྣ་བསྐམས་པ་དང༌། སྐད་མི་ཕྱིན་པ་དང༌། མི་གསལ་ཏེ་གོ་དཀའ་བ་དང༌། དཔུང་བ་ལྟུང་བ་སྙམ་དུ་བྱེད་ཅིང་བསྐྱོད་མི་ནུས་པ་དང༌། འདི་རྣམས་ལྟར་མི་བདེ་བ་ལ་སྨན་སྣ་ནས་བཏང་ན་ཕན་ཏེ་ཞི་བར་འགྱུར་རོ། །མིག་གི་འབྲས་བུ་སྔོན་པོར་གྱུར་པ་དང༌། དཔུང་པ་བེམ་བེམ་པོར་གྱུར་ཏེ་ཚོར་བ་མེད་ཅིང་བསྐྱོད་མི་ནུས་པ་དང༌། སྐྲའི་ནད་དང༌། མིག་དམར་པོར་གྱུར་པ་འདི་རྣམས་ལ་དཔྱད་དུ་བྱ་བ་མགུལ་པ་ཡན་ཆད་རླུང་ནད་དུ་གྱུར་ཏེ་ན་བ་ལ་བཙོད་དང༌། ཤིང་མངར་དང༌། པྲ་པུཎྜ་རི་ཀ་སྟག་ཚེར་བ་དང༌། ཛི་བ་ཀ་རི་ཤ་ཕ་ཀ་དང༌། རམ་ཉེ་དང༌། བུ་ཚང་རྡོ་དང༌། ཤ་རི་བ་དང༌། པུརྞ་རྣ་བ་དང༌། སྐྱེར་ཁཎྜ་དང༌། བྱི་དང་ག་དང༌། སླེ་ཏྲེས་དང༌། ཀ་ཀ་ན་ས་དང༌། སྒྲོན་ཤིང་དང༌། འདི་རྣམས་ཆ་མཉམ་པར་བྱས་ཏེ་ཞིབ་ཏུ་བཏགས་ལ་ཏིལ་མར་སྲང་བརྒྱད་ལ་བཙོན་ནི་སྨན་འདི་རྣམས་སྲང་གཉིས་གཉིས་ཀྱི་ཐང་དུ་བྱ། ཏིལ་མར་སྲང་བཅུ་དྲུག་ལ་བཙོན་སྨན་སྲང་བཞི་བཞིའི་ཐང་དུ་སྦྱར་རོ། །སྨན་བཙོ་བའི་ཆུ་ནི་ཏིལ་མར་ལས་བཅུ་འགྱུར་དུ་བསྐྱེད་དོ། །འོ་མ་ནི་ཏིལ་མར་དང་ཐང་མཉམ་པར་བྱས་ལ་ཆུ་དང་འོ་མ་དུ་བའི་བར་དུ་བཙོས་ཏེ། ཚོས་པའི་ཚོད་ནི་ཚིགས་མ་དྲིལ་དུ་བཏུབ་ཅིང་དབུ་བ་ཆེར་བྱུང་ན་ཚོས་པའི་ཚད་ཡིན་ཏེ། དེ་ནས་སྨན་མར་བཙགས་ཏེ་བཙིར་ལ་སྣོད་བཟང་པོར་ལུགས་ཤིག །སྨན་འདིའི་མིང་ནི་བཙོད་ལ་སོགས་པ་ལས་སྦྱར་
བའི་ཏིལ་མར་ཞེས་བྱའོ། །གལ་ཏེ་མགུལ་བ་ཡན་ཆད་མཁྲིས་པ་རྒྱས་པའི་ནད་དུ་གྱུར་ན་བཙོད་ལ་སོགས་པ་སྨན་འདི་རྣམས་སྔ་མ་དང་འདྲ་བ་འབྲི་མར་རམ་བ་མར་ལས་སྔ་མ་བཞིན་དུ་བཙོས་པའི་ཚད་ནི་ཏིལ་མར་དང་མི་འདྲ་བར་དྲིལ་དུ་བཏུ་ན་ཚོས་པ་ཡིན་ནོ། །དེ་ནས་བཙགས་ཏེ་བཙིར་ལ་སྨན་མར་སྣོད་བཟང་པོར་བཞག་ལ་མཁྲིས་པའི་ནད་ལ་སྣ་ནས་གཏང་ངོ༌། །དེ་ལ་མགུལ་པ་ཡན་ཆད་བད་ཀན་དུ་གྱུར་ཏེ་ན་བའི་སྨན་སྣ་ནས་གཏང་བ་སྦྱར་བ་ནི་སྨན་སྦྱོར་བ་ཕལ་ནི་སྔ་མ་དང་འདྲ་སྟེ། བཙོད་ལ་སོགས་པ་དེ་རྣམས་ཀྱི་སྟེང་དུ་སྤྲང་རྩི་དང་བ་གཅིན་དང༌། རྒྱམ་ཚྭ་དང༌། །ཆང་རྣམས་ཀྱིས་བསྣན་ཏེ། སྔ་མ་དང་འདྲ་བར་ཏིལ་མར་ནང་དུ་བཙོས་ལ་བད་ཀན་གྱི་ནད་ལ་སྣ་ནས་ཐོང་ཤིག །དེ་ལྟར་སྨན་འདི་རྣམས་ཀྱིས་རླུང་ནད་དང༌། མཁྲིས་པ་དང་བད་ཀན་གྱི་ནད་ལ་སོ་སོར་བཏང་ཞིང་ཁ་ནས་བད་ཀན་ལ་སོགས་པ་དྲང་ཞིང་བཀྲུ་བར་བྱའོ། །སྣ་ནས་བཏང་བའི་རྗེས་ལ་མགུལ་པ་ཡན་ཆད་བརྟས་ཤིང་བདེ་བར་བྱ་བའི་དཔྱད་སྣ་ནས་གཏང་བ་འུ་སུ་དང་ཤ་ཁུ་དང་ཤ་བཙོས་པའི་ཁུ་བ་དང་འོ་མ་དང་ཆུ་དང་མར་འདི་རྣམས་སྦྱར་ཏེ་སྔ་མ་བཞིན་དུ་བཙོས་ལ། ཚོས་པ་དང་བཙགས་པའི་སྨན་མར་སྣ་གཡས་གཡོན་གྱི་བུ་ག་ནས་བཏང་སྟེ་སྣ་ནས་གཏང་ངོ༌། །ཆོག་ཚད་ནི་མར་གྱི་ནང་དུ་མཛུབ་མོའི་རྩེ་མོ་ནས་མཛུབ་མོའི་ཚིགས་སུ་དབུ་མ་མན་ཆད་ནུབ་པར་བཅུག་པ་ལ་སྨན་མར་ཇི་ཙམ་ཆགས་པའི་ཐུན་དེ་ཙམ་རེ་རེ་སྣ་གཡས་གཡོན་ནས་བཏང་ཞིང་བཀྲུའོ། །ཡང་ཀླད་པ་ན་བ་ལ་ལི་དོང་གྲ་དང༌། ན་ལེ་ཤམ་དང༌། རྒྱམ་ཚྭ་དང༌། པི་པི་ལིང་དང་འདི་རྣམས་ལ་སོགས་པ་བརྡུངས་ཏེ་ཆུ་དང་འོ་མ་དང་ཏིལ་མར་གྱི་ནང་དུ་མཉེས་ཏེ། བཙགས་ཤིང་བཙིར་བའི་ཁུ་བ་སྣ་ནས་གཏང་ངོ༌། །ཡང་ཀླད་པ་ན་བ་ལ་ལི་དོང་གྲ་དང༌། པི་པི་ལིང་ལ་སོགས་པ་ཚ་བ་རོ་རྣོ་བ་ཞིབ་ཏུ་བཏགས་ཏེ། སྦུ་གུ་སོར་དྲུག་པ་ཁ་གཉིས་བཏོད་པའི་ནང་དུ་སྨན་ཕྱེ་མ་བླུགས་ལ། སྣ་གཡས་གཡོན་གྱི་བུ་ག་གཉིས་ཀའི་ནང་དུ་ཁའི་དབུགས་ཀྱིས་བུས་ན་བད་ཀན་ལ་སོགས་པའི་ཀླད་པའི་ནད་རྣམས་འབྱིན་ཅིང་བྱང་བར་འགྱུར་རོ། །དེ་ལྟར་སྨན་ཕྱེ་མ་ཞིབ་ཏུ་བཏགས་པ་སྣ་ནས་བུས་ཏེ་བཏང་བས་ནི་ཀླད་པའི་ནད་ཕལ་ཆེར་སེལ་
ཅིང་འབྱང་བར་འགྱུར་རོ། །སྤྱིར་སྨན་མར་ལྟ་བུ་སྣ་ནས་བཏང་བའི་ཚད་ནི་མཛུབ་མོའི་ཚིགས་གཉིས་མན་ཆད་མར་གྱི་ནང་དུ་ནུབ་པར་སྨྱུགས་ཏེ་ཕྱིར་ཕྱུང་བ་ལ་མར་ཐིགས་པ་བཅུ་འམ་བརྒྱད་དམ་དྲུག་ཆགས་པ་དང༌། འདི་རྣམས་གསུམ་ནི་ཐུན་ཆེ་ཐང་ཞེས་བྱ་བ་སྟེ། །དེ་ལ་སྨན་མར་ཞིག་སྣ་ནས་བཏང་སྟེ་ཆེ་ན་ཐིགས་པ་བཅུ། འབྲིང་ན་ཐིགས་པ་བརྒྱད། ཆུང་ན་ཐིགས་པ་དྲུག་གོ །ཡང་སྨན་མར་མ་ཡིན་པ་སྨན་གྱི་ཁུ་བ་བཙིར་ཏེ་སྣ་ནས་གཏང་བ་ཆེ་ཐང་གི་རིམ་པ་ནི་ཐིགས་པ་བཅུ་ལས་གཉིས་ཕྲི་སྟེ་བརྒྱད་གཏང་ངོ༌། །ཐུན་འབྲིང་ཐིགས་པ་བརྒྱད་ལས་གཉིས་ཕྲི་སྟེ་དྲུག་གཏང༌། ཐུན་ཆུང་དུ་ཐིགས་པ་དྲུག་གཏོང་བ་ལ་ཐིགས་པ་གཉིས་ཕྲི་སྟེ་ཐིགས་པ་བཞི་བཏང་སྟེ། ཐུན་ཆེ་ཐང་གི་བྱེ་བྲག་རིམ་པ་ནི་འདི་ལྟར་སྦྱོར་ཅིག །ཡང་དེ་ལ་སྨན་སྣ་ནས་གཏང་དུ་མི་རུང་བའི་དམིགས་ནི་ཆུ་འཐུངས་པ་དང༌། ཆང་འཐུངས་པ་དང༌། དུག་འཐུངས་པ་དང༌། མར་འཐུངས་པ་རྣམས་དང༌། འཕྲལ་དུ་འཐུང་བར་འདོད་པ་དང༌། ཁ་ཟས་ཟོས་པ་དང༌། མགོ་བཀྲུ་བ་དང༌། ཁྲུས་བྱེད་འདོད་པ་དང༌། གཏར་ག་གདབ་པ་དང༌། ཆམ་པ་སར་པ་དང༌། བཤང་གཅི་འོང་བར་འགྱུར་ཏེ། མི་བདེ་བ་དང༌། བུད་མེད་བུ་བཙས་མ་ཐག་པ་ལྟ་བུ་དང༌། དབུགས་མི་བདེ་བ་དང༌། ལུད་པས་བཀར་བ་དང༌། སྐྱུག་སྨན་དང༌། བཀྲུ་སྨན་གྱིས་བཀྲུས་པ་དང༌། རྐྱལ་བུ་ནས་སྨན་མས་གཏོང་བ་རྣམས་དང༌། དུས་མ་ཡིན་པར་ཆར་འབབ་པ་ལྟ་བུའི་ཚེ་དང་ཡུལ་ངན་འབྱུང་བ་དང༌། དུས་འདི་ལྟ་བུའི་ཚེ་སྨན་སྣ་ནས་གཏང་དུ་མི་རུང་ངོ༌། །གལ་ཏེ་ན་བའི་དམིགས་ཀྱི་ཚུལ་གྱིས་སྨན་སྣ་ནས་མི་གཏང་དུ་མི་རུང་བར་གྱུར་ན་ནི་ཉེན་འདི་རྣམས་བསྲུང་མི་དགོས་ཏེ། སྨན་སྣ་ནས་གཏང་བའི་ཆོ་ག་གྱིས་ཤིག །དེ་ལ་མགུལ་བ་ཡན་ཆད་ཀྱི་ཆད་ཀྱི་ནད་ཀྱི་བད་ཀན་གྱི་ཚུལ་དུ་ན་ན་བད་ཀན་གྱི་དུས་ནི་ནད་པར་ཡིན་ཏེ། ནད་པར་ཐོང་ཤིག །མཁྲིས་པ་ན་ན་དུས་ཉིན་ཕྱེད་ཡིན་ཏེ་ཕྱེད་ན་ཐོང་ཤིག །རླུང་ནད་ཀྱི་བག་ཏུ་ན་ན་ཕྱི་འཕྲེད་དང་སྲོད་ལ་གཏང་བར་བྱའོ། །ན་བ་མེད་ཅིང་ཉམས་ཐ་མལ་པ་ཞིག་ལ་སྨན་སྣ་ནས་བཏང་ན་སྟོན་དང་དཔྱིད་ཀྱི་ཚེ་ནི་སྔ་དྲོ་ནས་གཏང་ངོ༌། །དགུན་ནི་ཉི་མ་གུང་གི་ཚེ་ན་
ཐོང་ཤིག །སོ་ག་ན་ན་ཕྱི་འཕྲེད་ཀྱི་ཚེ་ན་ཐོང་ཤིག །དབྱར་གྱི་ཚེ་ན་ཉི་མ་དྲོན་པོའི་ཚེ་ན་ཐོང་ཤིག །ཀླད་པ་རླུང་ནད་ཀྱིས་ཐིབས་ཏེ་ཆེར་ན་ན་སྐྱིགས་བུས་བཏབ་པ་དང༌། མགོ་འདམ་པ་དང༌། གཉེའུ་རེངས་ཀྱིས་བཏབ་པ་དང༌། སྐད་འགགས་པ་དང༌། འདི་རྣམས་ལྟ་བུའི་ནད་ལ་ནང་པར་ཉི་མ་ཤར་སྒབ་ཀྱི་འོག་ཙམ་དང༌། ནུབ་ཀ་དང་དུས་གཉིས་སུ་ཞག་བདུན་བར་དུ་ཉིན་གཅིག་བཞིན་ཐོང་ཤིག །ནད་འདི་རྣམས་ལྟར་ན་བ་མེད་པ་ལ་སྣ་ནས་བཏང་ན་ནི་ཉིན་གཅིག་བཏང་ལ་ཉིན་གཅིག་བར་བཅད་མི་གཏང་ངོ༌། །དེ་ལ་སྨན་སྣ་ནས་གཏང་བའི་ཆོ་གའི་ཐབས་ནི་སྔར་བཤང་གཅིའི་དྲི་མ་བསལ་ལ་མགོ་བོ་མར་གྱིས་བསྐུ། དུགས་རན་པ་ཙམ་དུ་བྱས་ལ་མལ་རླུང་མེད་པར་དྲོན་པོར་འདུག་ནས། མགུལ་བ་ཡན་ཆད་དུགས་རན་པ་ཙམ་བྱས་ལ། དེ་ནས་ལུས་གན་རྐྱལ་དྲང་པོར་བརྐྱང་ལ་རྐང་ལག་བརྐྱང༌། རྐང་པ་ཅུང་ཟད་ཙམ་བསྟོད་ལ། མགོ་བོའི་སྔས་ཅུང་ཟད་ཅིག་སྨད་ལ་སྣའི་བུ་ག་ཡ་གཅིག་ནས་སྨན་མར་བཏང་སྟེ། དེ་ཡང་སྔར་བཏང་བའི་སྨན་མར་དེ། སྣར་གཏོང་བའི་སྦུ་གུ་ཅན་གྱི་ནང་དུ་བླུགས་ཏེ་ཆུ་དྲོན་པོའི་ནང་དུ་བསྲོས་ལ་གཏང་ངོ༌། །སྣར་བླུགས་པ་ནི་སྣོད་མཆུ་ཅན་དུ་བཏོད་པའམ་ཡང་ན་རས་མས་བླངས་ཏེ་སྣར་གཏིགས་ཤིག །སྣར་བླུགས་ཟིན་ནས་རྐང་མཐིལ་དང་ཕྲག་པ་དང་ལག་པ་དང་རྣ་བ་ལ་སོགས་པ་ཉེས་ཤིག །སྨན་སྔར་བཏང་བ་དེ་མཚུལ་པ་ནས་སྣའི་ནང་དུ་བརྔུབས་ལ་མཆིལ་མ་གློ་གཡས་གཡོན་དུ་པོར་ཅིག །དེ་བཞིན་སྨན་སྣོད་མཆུ་ཅན་གྱི་ནང་ན་ཡོད་པ་དེ་ཅུང་ཟད་ཀྱི་བར་དུ་སྣ་གཡས་གཡོན་དུ་རེས་ཀྱིས་ལན་གཉིས་ལན་གསུམ་དུ་ཐོང་ཤིག །གལ་ཏེ་སྨན་རྣོ་དྲགས་པས་བརྒྱལ་བར་གྱུར་ན་གདོང་པ་དང་བྲང་དུ་ཆུས་གཏོར་ཅིག །མགོ་བོར་ནི་ཆུས་མ་འདེབས་ཤིག །དེ་ལྟར་སྨན་སྣ་ནས་བཏང་སྟེ་བཀྲུས་པའི་རྗེས་ལ་ནད་ཀྱི་ཚུལ་དང་ཡང་སྦྱར་ཏེ། རླུང་ནད་དུ་མི་འགྱུར་བར་བྱ་བའི་ཕྱིར། སྨན་མར་སྣུམ་བག་ཏུ་འགྱུར་བ་སྣ་ནས་ཐོང་ཤིག །སྣར་སྣུམ་བཏང་ནས་གྲངས་བརྒྱའི་བར་དུ་གན་རྐྱལ་དུ་འདུག་པར་བྱའོ། །དེ་ནས་དེའི་རྗེས་ལ་སྦུ་གུའི་དུད་པ་ཁ་གསུམ་ཁ་སྣར་བཏང་ཞིང་ཁོང་དུ་བརྔུབས་ནས་གྲེ་བ་
མཚུལ་པ་བདེ་ཞིང་དག་པ་སང་སང་པོར་བྱ་བའི་ཕྱིར། ཆུ་དྲོན་པོས་མཁུར་བ་བཀང་ལ་བསྡད་ཅིང་དབོའོ། །དེ་ལྟར་སྣ་ནས་བཏང་ལེགས་པར་གྱུར་ན་དབུགས་བདེ། གཉིད་ལེགས་པར་འོང༌། སེམས་གསལ། མིག་གསལ་ལ་རྣོ་བར་འོང་ངོ༌། །གལ་ཏེ་སྨན་སྣ་ནས་བཏང་མ་ལེགས་ན་མིག་རྩུབ། སྐྱ་བོ་ཧར་ཧར་པོར་སྣང༌། ཁ་སྣ་སྐམ། ཀླད་པའི་ནང་སྟོང་པར་གྱུར་པ་སྙེམ་བྱེད། གལ་ཏེ་སྣུམ་ཧ་ཅང་བཏང་དྲགས་ན་གཡན་པར་འགྱུར། མགོ་དང་ལུས་ལྕི། སྣབས་དང་མཆིལ་མ་མང༌། ཡི་ག་འཆུ། ཆམ་པས་འདེབས་པ་ཉེན་འདི་ལྟ་བུ་འབྱུང་ངོ༌། །སྨན་སྣ་ནས་བཏང་ཞིང་བཀྲུ་ལེགས་ན་མིག་གསལ་ཞིང་རྣོ་ལ་ཡང་ཁའི་ནང་དག་སྟེ་སང་བག་ཅན་དུ་འགྱུར། སྐད་གསལ་བར་འགྱུར་རོ། །སྨན་སྣ་ནས་བཏང་ཞིང་བཀྲུ་མ་ལེགས་ན་མགུལ་པ་ཡན་ཆད་དང་ཀླད་པའི་ནད་སྔ་བས་དཀྱིལ་སྐྱེ་བར་འགྱུར་རོ། །བཀྲུ་བའི་སྨན་སྣ་ནས་བཏང་དྲགས་ཏེ། ཧ་ཅང་ཆེར་འཁྲུགས་པར་གྱུར་ན་ཁོང་རྨྱ་བར་འགྱུར་རོ། །དེ་ལ་གལ་ཏེ་ནད་པ་གློ་རྡོལ་བ་དང་ཉམ་ཆུང་སྟེ། ཁོང་རྨྱ་བ་དང་བྱིས་པ་ཆུང་དུ་དང༌། མི་རྒན་པོ་དང༌། སྐྱིད་ཅིང་ལོངས་པའི་མི་འདི་རྣམས་ལྟ་བུ་ལ་ནི་གོང་དུ་སྣ་ནས་སྨན་པས་ཐང་ཆུང་ངུར་བཤད་པ་དེ་ལྟར་ཐོང་ཤིག །ནད་དམིགས་དང་སྦྱར་ནས་སྨན་སྣ་ནས་གཏང་དགོས་པར་གྱུར་ན་དབྱར་སྨན་སྣ་ནས་གཏང་བའི་དུས་མ་ཡིན་པར་ཡང་རུང་སྟེ། སྨན་སྣ་ནས་གཏང་བར་བྱའོ། །ཡང་ཆམ་པ་དྲག་པོ་བཏབ་པ་དང༌། དེ་བཞིན་དུ་ཆང་འཐུངས་པ་དང༌། རྣ་བ་མི་གསང་བ་དང༌། ཀླད་རྒྱས་ཀྱི་ནང་དུ་སྲིན་བུ་ཞུགས་པ་དང༌། ནད་ཁོང་ནས་བསྡུས་ལ་ཕྱིར་མ་ཕྱིན་པར་གྱུར་པ་དང༌། འདི་རྣམས་ལྟ་བུ་ལ་ནི་སྨན་སྣར་གཏང་བ་ཐུན་ཆུང་བའི་ཐང་དུ་གཏང་དུ་མི་རུང་ངོ༌། །སྣར་སྨན་གཏང་བའི་ཆུང་ཐང་ནི་ཡང་ན་བ་མེད་ཅིང་ཉམས་ཐ་མལ་པར་འདུག་པས་སྨན་མར་ཉུང་ཤས་རྟག་ཏུ་སྣར་གཏང་ངོ༌། །དེའི་ཐབས་ནི་ཉིན་པར་ཟས་ཟོས་པའི་རྗེས་དང་སློན་པའི་རྗེས་དང༌། ཉིན་པར་གཉིད་ལོག་པའི་རྗེས་ལ་དང༌། ལམ་རིངས་འགྲོན་དུ་སོང་བས་དུབ་པ་དང༌། བུད་མེད་ལ་དྲགས་པ་དང༌། མགོ་བོ་མར་གྱིས་བྱུགས་པ་དང༌། ཆུ་དྲོན་པོས་མཁུར་བ་བཀང་
ཞིང་བོར་བའི་རྗེས་དང༌། བཤད་གཅིའི་དྲི་མ་བསལ་བའི་རྗེས་དང༌། སོ་ཤིང་གིས་བཀྲུས་པ་དང༌། གད་མོ་དགོད་པའི་རྗེས་དང་འདི་རྣམས་ལྟ་བུ་མར་ཐིགས་པ་རེ་རེ་སྣའི་ནང་དུ་བསྐུས་ན་འདི་རྣམས་ལྟ་བུ་ཀུན་ལ་ཕན་པར་འགྱུར་རོ། །དེ་ལྟར་སྣ་ནས་བཏང་བའི་འདི་ནི་ཆུང་ཐང་ཞེས་བྱའོ། །སྨན་མར་སྣ་ནས་ལན་ལྔ་བཏང་ན་རྣ་བ་དང༌། མིག་ལ་སོགས་པའི་ནང་གི་བུ་ག་ཀུན་ལ་ཕན་པར་འགྱུར་རོ། །སྨན་མར་སྣ་ནས་ལན་གསུམ་བཏང་ན་ངལ་ཞིང་དུབ་པ་རྣམས་མེད་དེ་བརྟས་པར་འགྱུར་རོ། །དེའི་རྗེས་ལ་ཡང་སྣར་ལན་ལྔ་བཏང་ན་མིག་རྣོ་ཞིང་གསལ་བའི་མཐུ་སྐྱེའོ། །དེའི་འོག་ཏུ་སྨན་མར་སྣ་ནས་བཏང་ན་སོ་བརྟན་ལ་སྟོད་ཀྱི་རླུང་ནད་ཞི་བར་འགྱུར་རོ། །བྱིས་པ་ལོ་བདུན་མ་ལོན་པ་ལ་སྨན་སྣ་ནས་གཏང་དུ་མི་རུང་ངོ༌། །ལོ་བརྒྱད་ཅུ་འདས་པའི་རྒན་པོ་ལ་ཡང་སྨན་སྣ་ནས་གཏང་དུ་མི་རུང་ངོ༌། །ལོ་བཅོ་བརྒྱད་དུ་མ་ཚང་བ་ལ་དུད་པ་ཁ་སྣ་ནས་གཏང་དུ་མི་རུང་ངོ༌། །བྱིས་པ་ལོ་བཅོ་ལྔ་མ་ལོན་པ་ལ་ཆུ་དྲོན་པོས་མཐུར་བ་བཀང་ཞིང་འདོར་བ་ཡང་མི་རུང་ངོ༌། །གཞོན་ནུ་ལོ་བཅུ་མ་ལོན་པ་ལ་བཀྲུ་སྨན་དང་སྐྱུག་སྨན་ལ་སོགས་པ་གཏང་དུ་མི་རུང་ངོ༌། །ལོ་བདུན་ཅུ་འདས་པའི་རྒན་པོ་ལ་ཡང་བཀྲུ་སྨན་དང་སྐྱུག་སྨན་ལ་སོགས་པ་གཏང་དུ་མི་རུང་ངོ༌། །སྨན་སྣར་བཏང་བ་ཐང་ཆུང་དུ་གོང་དུ་དམིགས་ཀྱིས་བསྟན་པ་བཞིན་སྣར་བསྐུས་ཏེ་ཡང་ཐུན་ཆེ་ཆུང་རྣམ་པ་བཞིར་ཤེས་པར་བྱའོ། །དེ་ལ་ཐུན་ཆུང་དུའི་ཆེ་ཐང་ནི་ཐིགས་པ་གཉིས་སྣར་གཏང་ངོ༌། །ཐུན་ཆུང་དུའི་འབྲིང་ཐང་ནི་ཐིགས་པ་རེ་རེ་བས་ཀྱང་ཆུང་བ་ཙམ་ཞིག་སྣ་གཡས་གཡོན་གྱི་ནང་དུ་བསྐུས་ན་ཀླད་པ་ལྟ་བུ་ནད་དམིགས་ཅི་ཡོད་པ་སྔ་མ་ལངས་པ་ལྡང་བར་མི་བྱེད་པ་ཡིན་ནོ། །ཐུན་ཆུང་དུའི་རབ་ནི་སྣའི་སྣང་དུ་ནད་དམིགས་བསྐུས་ཏེ་སྣབས་མཚུལ་བ་ནས་སྣར་བརྔུབས་ལ་ཕྱིར་བོར་བའི་ནང་ན་མར་མངོན་དུ་སྣང་བར་བྱེད་པ་ནི་ཐུན་ཆུང་དུའི་ཐང་ཞེས་བྱའོ། །དེ་ལྟར་ཐུན་ཆུང་དུ་རྣམས་ལས་གང་རན་པ་ཙམ་ནམ་འཚོ་བའི་བར་དུ་ཚེ་གཅིག་ལ་རྟག་པར་བསྐུ་ཞིང་བཏང་ན་སྣུམ་བརྔུབ་པར་བྱ་བའི་སྨན་མས་གཏང་བ་དང་འདྲ། སྣ་ནས་གཏང་བའི་ཐུན་ཆེ་ཆུང་བསྟན་པ་དང་འདྲ་སྟེ་སྟོད་ཀྱི་ནད་ཅི་ལ་ཡང་ཕན་ཞིང་བདེ་བའི་ཡོན་ཏན་དུ་འགྱུར་རོ། །སྣ་ནས་གཏང་བའི་སྨན་ཆུང་
དུ་རྟག་ཏུ་གཏང་བ་ལ། ཆོ་ག་སྲུང་ཞིང་སྤང་བ་ཡང་མེད། ཉེན་དུ་གྱུར་པའི་ནད་ཀྱི་འཇིགས་པ་ཡང་མེད་དོ། །དེ་ནས་སྨན་མར་ཞེས་བྱ་བ་ནི། དམིགས་ཀྱིས་ཏིལ་མར་ཉིད་ལ་བྱ་སྟེ་ཏིལ་མར་རྟག་ཏུ་བཏང་ན་ཕན་ཏེ་དགེའོ། །ཡང་མགོ་བོ་ནི་བད་ཀན་གྱི་གནས་ཡིན་པས་ན་ན་བ་མེད་ཅིང་ཉམས་ཐ་མལ་པ་ལྟ་བུ་ལ་སྨན་མར་ཐོང་ཤིག །དེ་ལ་སྣ་ནས་གཏང་བའི་སྨན་མར་སྦྱར་བ་ནི་ཛི་བན་ཏི་དང༌། ཛ་ལ་དང༌། སྒྲོན་ཤིང་དང༌། གླ་སྒང་ཆེན་པོ་དང༌། ཤིང་ཚ་དང༌། པུ་ཤེལ་ཙི་དང༌། གོ་ཡུ་དང༌། ཙནྡན་དཀར་པོ་དང༌། སྐྱེར་པའི་རྩ་བ་དང༌། ཤིང་མངར་དང༌། གླ་བ་དང༌། ཨ་ཀ་རུ་དང༌། ཉེའུ་ཤིང་དང༌། པུན་ད་དང༌། བིལ་བ་དང༌། ཨུཏྤལ་དང༌། དྷ་བན་ཏི་དང༌། ཨུ་ར་བྷི་དང༌། ཐི་ར་དང༌། བྱི་དང་ག་ཞེས་བྱ་བ་སྲིན་བུ་གསོད་པ་དང༌། གནྡྷ་བྷ་དྲ་དང༌། སུག་སྨེལ་དང༌། ཧ་རེ་ཎུ་ཀ་དང༌། པདྨའི་ཟེ་བ་གེ་སར་དང༌། བ་ལ་དང༌། སྨན་འདི་རྣམས་སྣ་ཚང་བར་ཅི་སྙེད་དུ་སྦྱར་ཏེ་ཆ་སྙོམས་ལ་ཏིལ་མར་ཅི་ཙམ་བཙོ་བ་དེ་ལས་ཆུ་ནི་ཆར་པའི་ཆུ་བརྒྱ་འགྱུར་དུ་བསྐྱེད་པའི་ནང་དུ་སྨན་བརྡུངས་ལ་བཙོས་ཏེ་ཆུའི་ཁུ་བ་སྲང་དགུ་བཅུ་ནི་དུ། ཕྱི་ན་སྲང་བཅུ་ཙམ་ཞིག་ལུས་པ་དང༌། བཙགས་པ་སྨན་གྱི་ཁུ་བ་ཕྱིན་བརྒྱའི་བཅུ་ཆ་གཅིག་ལུས་པ་དེ་ལ་ཏིལ་མར་དང་སྨན་གྱི་ཁུ་བ་བཅུ་ཆ་གཅིག་དང་སྦྱར་ཏེ་བཙོས་ལ་ཚོས་པ་དང༌། བཙགས་ལ་ཏིལ་མར་གྱི་ནང་དུ་སྨན་གྱི་ཁུ་བ་ཕྱི་མས་ཀྱང་བསྣན་ལ་བཙོའོ། །འདི་བཞིན་དུ་ལན་གཉིས་ལན་གསུམ་ནས་ལན་དགུའི་བར་དུ་བསྣན་ཅིང་བཙགས་ལ་མཇུག་ཏུ་ལྷག་མ་སྨན་གྱི་ཁུ་བ་བཅུ་ཆ་དང་ཏིལ་མར་ཅི་ཙམ་ཡོད་པའི་རའི་འོ་མ་དེ་ཙམ་དང་སྙོམས་ཏེ་བཙོས་ལ་ཚོས་པའི་རྟགས་དབུ་བ་བྱུང་བ་དང་བཙགས་པར་བྱའོ། །སྨན་མར་འདིའི་མིང་ནི་ཏིལ་མར་གྱི་འབྲུ་མར་ཐིགས་ཕྲན་ཞེས་བྱའོ། །སྨན་མར་འདི་རྟག་ཏུ་སྣ་ནས་བཏང་བའི་ཕན་ཡོན་ནི་ལུས་བརྟན་ཞིང་དྲང༌། པགས་པའི་ཤ་མདོག་བཟང་ཞིང་གསལ། ཕྲག་པ་དང་མཇིང་པ་དང༌། དཔུང་མགོ་དང་འདི་རྣམས་བརྟན་ཞིང་མཁྲེགས་ལ་མ་ཞུམ་པར་མཐོ་བར་འགྱུར། བཞིན་དང་ཁའི་ནང་གསལ་བར་འགྱུར། དབང་པོ་རྣམས་གསལ་ཞིང་བརྟན། སྐྲ་དཀར་མེད་པར་འགྱུར་རོ། །སྨན་སྣ་
ནས་གཏང་བའི་ཆོ་ག་སྟེ་ལེའུ་ཉི་ཤུ་པ་རྫོགས་སོ།། །།སྨན་གྱི་དུད་པ་གཏང་བའི་ཆོ་ག་སྟེ་ལེའུ་ཉི་ཤུ་རྩ་གཅིག་པ་བཤད་པར་བྱའོ། །མགུལ་པ་ཡན་ཆད་ཀྱི་ནད་ནི་ཀླད་པ་ན་བ་དང༌། རྣ་བ་ན་བ་དང༌། ཁ་སྣ་ནས་བད་ཀན་དང་མཆིལ་མ་མང་བ་དང༌། མགོ་བོ་ལྕི་བ་དང༌། ཀླད་པ་གཞོགས་ཕྱེད་ན་བ་དང༌། ཆམ་པས་བཏབ་པ་དང༌། ལུད་པ་ལུ་བ་དང༌། དབུགས་མི་བདེ་བ་དང༌། ཁ་ཟས་ཅི་ཟོས་ཀྱང་རོ་བྲོ་བར་མི་ཚོར་བ་དང༌། ཁ་ནས་བད་ཀན་དང་མཆིལ་མ་ཧ་ཅང་མང་དུ་འོང་བ་དང༌། སྐད་འཛེར་ཞིང་འགགས་པ་དང༌། སྣ་ནས་རྣག་ཟག་པ་དང༌། ཁ་ནས་རྣག་འོང་བ་དང༌། སྐྱིགས་བུས་བཏབ་ནས་མགུལ་པ་ན་བ་དང༌། སོ་ན་བ་དང༌། ཉམ་ཆུང་ཞིང་རིད་པ་དང༌། ཟས་ཡི་གར་མི་འོང་བ་དང༌། འགྲམ་པ་ན་བ་དང༌། གཉེའུ་རེངས་སུ་གྱུར་པ་དང༌། སོ་དང་སྐྲ་དང་ཀླད་པའི་ནང་དུ་སྲིན་བུ་ཞུགས་པ་དང༌། མགུལ་པ་ཡན་ཆད་དང༌། མགོ་བོ་གཡའ་བ་དང༌། སྐྱ་རྦབ་ཏུ་གྱུར་པ་དང༌། སྐྲ་ལ་གཟའ་ཞུགས་པ་དང༌། འབྱི་བ་དང༌། སྦྲིད་པ་འབྱུང་དུ་མི་བཏུབ་པ་འམ། སྦྲིད་པ་ཧ་ཅང་མངས་སམ། མགོ་ཡང་ཁྱེར་བ་དང༌། གཉིད་ཆེ་བ་དང༌། འདི་རྣམས་ལ་སོགས་པའི་ནད་ཀུན་ནི་གཞི་རླུང་དང་བད་ཀན་ལས་གྱུར་པའི་ནད་མ་ཞུ་བར་གྱུར་ཏེ། མི་བདེ་བ་ཡིན་ནོ། །དེ་ལྟ་བུའི་ནད་ཞི་བར་བྱ་བའི་ཕྱིར། དུད་པ་རྣམ་གསུམ་རྔུབ་ཅིང་བཏུང་ངོ༌། །རྣམ་གསུམ་ཇི་ལྟར་གཏང་ཞེ་ན་མགུལ་པ་ཡན་ཆད་རླུང་ནད་དུ་གྱུར་ན་སྨན་འཇམ་ཞིང་སྣུམ་པའི་དུད་པ་གཏང་ངོ༌། །རླུང་ནད་དང་བད་ཀན་དུ་འདྲེས་པའི་ནད་ལ་སྨན་གྱི་དུད་པ་མི་འཇམ་མི་རྣོ་བ་རན་པར་གཏང་ངོ༌། །བད་ཀན་གྱི་ནད་ལ་ནི་སྨན་རྣོན་པོའི་དུད་པ་གཏང་ངོ༌། །དེ་ལ་མཁྲིས་པ་རྒྱས་པ་དང༌། ཁྲག་རྒྱས་པའི་ནད་ལ་བཀྲུ་སྨན་བཏང་སྟེ་བཀྲུས་པ་དང༌། དམུ་རྫིང་དང༌། ཟ་ཁུ་ལ་སོགས་པ་འདི་རྣམས་ལ་ནི་སྨན་གྱི་དུད་པ་གཏང་དུ་མི་རུང་ངོ༌། །མིག་རབ་རིབ་ཁྱེར་བ་དང་མགུལ་པ་ཡན་ཆད་ཀླད་པའི་བར་དུ་རླུང་ཞུགས་པའི་ནད་དང་སྨན་མས་གཏོང་པར་གྱུར་པ་དང༌། ལྟོ་སྦོས་པ་དང༌། ཉ་ཟོས་པ་དང༌། ཆང་འཐུངས་པ་དང༌། ཞོ་དང་བུ་རམ་དང་འོ་མ་དང་སྦྲང་རྩི་དང༌། མར་འཐུངས་པ་དང༌། དུག་འཐུངས་པ་དང༌། མགོ་
བོ་སྣད་པ་དང༌། སྐྱ་རྦབ་ཀྱི་ནད་དང་མཚན་མོ་གཉིད་མ་ལོག་པ་འདི་རྣམས་ལྟ་བུ་ལ་སྨན་གྱི་དུད་པ་གཏང་དུ་མི་རུང་ངོ༌། །གལ་ཏེ་འདི་རྣམས་ལྟར་མི་བདེ་བ་ལ་སྨན་གྱི་དུད་པ་བཏང་ན་ཉེན་དུ་གྱུར་པའི་ནད་ཁྲག་དང་མཁྲིས་པའི་ནད་དང༌། མིག་ལོང་རྣ་བ་འོན་སྐོམ་དད་ཆེ་བ་བརྒྱལ་བ་དང་རྨོངས་ཤིང་མྱོས་པར་བྱེད་དོ། །གལ་ཏེ་དུས་མ་ཡིན་པར་དུད་པ་བཏང་ངམ། དུད་པ་ཧ་ཅང་ཆེར་བཏང་དྲགས་ན་དེ་ལ་ནད་དཔྱད་དུ་བྱ་བའི་ཆོ་ག་ནི་སྨན་བསིལ་བས་འཕྲལ་བ་དང་མགོ་བསྐུ། བསིལ་བའི་ཁ་ཟས་ཀྱི་ཆོ་ག་བྱས་ན་ཕན་ནོ། །དེ་ལ་སྨན་གྱི་དུད་པ་གཏང་བའི་དུས་དང༌། དམིགས་ནི་བཀྲེས་པ་དང༌། གླལ་བྱུང་བ་དང༌། བཤང་གཅི་དྲི་མ་བསལ་པ་དང༌། བུད་མེད་ལ་བརྟེན་པ་དང༌། གཏར་ག་གདབ་པ་དང༌། གད་མོ་དགོད་པ་དང༌། སོ་ཤིང་གིས་སོ་དྲུད་པ་འདི་རྣམས་ལྟ་བུ་བྱས་པའི་འོག་ཏུ་དུད་པ་མི་དྲག་པ་འཇམ་པོ་ཆུང་ངུ་ཞིག་ཐོང་ཤིག །ཡང་བཀྲེས་པ་དང༌། གླལ་བྱུང་བ་ལ་སོགས་པའི་དུས་འདི་ལྟ་བུའི་ཚེ་མཚན་མོ་ཁ་ཟས་ཟོས་པ་དང༌། སྨན་མར་སྣར་བཏང་བའི་རྗེས་ལ་ཡང་དུད་པ་འབྲིང་ཙམ་སྣ་ནས་གཏང་ངོ༌། །ཡང་གཉིད་ལོག་པ་དང་སྨན་མས་གཏང་བ་དང༌། མིག་སྨན་གྱིས་བསྐུས་པ་དང༌། ལུས་ཁྲུས་བྱས་པ་དང༌། སྐྱུག་སྨན་བཏང་བ་འདི་རྣམས་ལྟ་བུའི་རྗེས་ལ་དུད་པ་སྣར་བཏང་སྟེ་བཀྲུ་བའི་ཆོ་ག་བྱའོ། །དུད་པ་ཁ་སྣར་གཏང་བའི་དཔྱད་ནི་མས་གཏོང་བ་རྐྱལ་བུ་གསེར་དངུལ་ལ་སོགས་པ་ལས་བརྡུངས་པ་དང་འདྲ་བར་བྱས་ཏེ། དེ་ཡང་གཅེའུ་ཁ་གསུམ་པ་དང་དྲང་བ་ཞབས་ཀྱི་དྲུང་ནི་སྦོམ་མཐེ་བོང་ཤོང་ཙམ་རྩེ་མོའི་སྦོམ་ནི་རྒྱ་ཤུག་གི་ཚི་གུ་ཤོང་ཙམ་དུ་བྱའོ། །གཅེའུ་སྲིད་ནི་སོར་ཉི་ཤུ་རྩ་བཞི་པ་དང༌། སོར་སུམ་ཅུ་རྩ་བཞི་པ་དང༌། སོར་བཞི་བཅུ་པ་དང༌། དེ་ལྟར་ཆེ་ཆུང་རྣམ་གསུམ་དུ་བྱའོ། །དེ་ལ་བད་ཀན་གྱི་ནད་ལ་དུད་པའི་སྨན་རྣོན་པོ་བཏང་ན། གཅེའུ་སོར་ཉི་ཤུ་རྩ་བཞི་པ་ལས་གཏང་ངོ༌། །རླུང་ནད་ལ་སྨན་གྱི་དུད་པ་འཇམ་ཞིང་སྣུམ་པ་བཏང་ན་གཅེའུ་སོར་སུམ་ཅུ་རྩ་གཉིས་པ་ལས་གཏང་ངོ༌། །རླུང་དང་བད་ཀན་འདྲེས་པའི་ནད་ལ་སྨན་གྱི་དུད་པ་རྣོ་འཇམ་རན་པ་གཅེའུ་སོར་བཞི་བཅུ་པ་ལས་གཏང་ངོ༌། །སྣར་དུད་པ་
གཏང་བའི་ཐབས་ནི་དྲང་པོ་ཙོག་པུར་འདུག་ལ་སེམས་གུད་དུ་མི་གཡེང་བར་དུད་པ་གཏང་བ་ལ་བསམས་ཏེ་ཁ་གདངས་ལ་ཁར་དུད་པ་ལན་གསུམ་གཏང་ངོ༌། །དེ་ནས་སྣའི་བུ་ག་ཡ་གཅིག་བཀག་ལ་བུ་ག་ཡ་གཅིག་ནས་དུད་པ་བཏང་ཞིང་རྔུབ་བོ། །སྣའི་མཚུལ་པའི་ནད་དང༌། ཀླད་པའི་ནད་དམིགས་ལ་དུད་པ་ཁ་ནས་བཏང་བས་ནད་བསྐྱོད་ཅིང་བསྡུས་པར་གྱུར་པ་དེ་ལ་སྣ་ནས་དུད་པ་བརྔུབས་ན་ནད་དེ་ཕྱིན་ཅིང་སེལ་བར་འགྱུར་རོ། །ཁ་ནས་དུད་པ་བརྔུབས་ན་ནི་སློང་ཞིང་བསྐྱོད་པར་བྱེད་དོ། །ཁ་ནས་གྲེ་བའི་ནང་དུ་སླེབས་པར་དུད་པ་བརྔུབས་ན་ནད་ཞི་བར་བྱེད་དོ། །དུད་པ་ཁ་ནས་རྔུབ་ཅིང་ཕྱིར་སློབ་པའི་ཐབས་སུ་དབྱུང་ངོ༌། །སྣར་རྔུབ་ཅིང་ཕྱིར་དབྱུང་བ་ལྟར་བྱས་ན་མིག་ལ་གནོད་དེ་མི་རུང་ངོ༌། །ཁར་རྔུབ་ཅིང་སློན་པའི་ཐབས་ནི་ཁར་ལན་ཅིག་གྲེ་བའི་བར་དུ་བརྔུབས་ཏེ་དེ་ནས་ཕྱིར་སློན་པའི་ཐབས་སུ་ཕྱུང་ཤིག་དེ་ལྟར་ལན་གསུམ་གསུམ་བྱའོ། །སྨན་གྱི་དུད་པ་འཇམ་པོ་ཉིན་པར་སྣར་ལན་ཅིག་གཏང་ངོ༌། །རླུང་དང་བད་ཀན་འདྲེས་པ་ལ་སྨན་གྱི་དུད་པ་རྣོ་འཇམ་རན་པ་ནི་ལན་གཉིས་ཐོང་ཤིག །བད་ཀན་སེལ་བར་སྨན་གྱི་དུད་པ་རྣོན་པོ་ནི་ལན་གསུམ་མམ་ལན་བཞིར་ཐོང་ཤིག །དེ་ལ་སྣར་དུད་པ་གཏང་བའི་སྨན་འཇམ་པོ་ནི་ཨ་ཀ་རུ་དང༌། གུ་གུལ་དང༌། གླ་སྒང་ཆེན་པོ་དང༌། སྠོ་ནེ་ཡ་དང༌། ཕ་བོང་གི་དྲེག་པ་དང༌། སྤང་སྤོས་དང༌། པུ་ཤེལ་ཙི་དང༌། བ་ལེ་ཀ་དང༌། ཤིང་ཚ་དང༌། ཧ་རེ་ཎུ་ཀ་དང༌། མེ་ཏོག་བནྡྷུ་ཀ་དང༌། ཤིང་བིལ་བ་རྐང་དང༌། AAE་ལ་བ་ལུ་ཀ་དང༌། ཤི་རེ་བེ་སྟ་ཀ་དང༌། པོག་ས་ཙི་རས་དང༌། རྒྱ་མ་ཀ་དང༌། མ་ཙ་ན་དང༌། གླ་བ་དང༌། པོག་ནག་པོ་ཤ་ལ་ཡ་ཀི་དང༌། གུར་ཀུམ་དང༌། མོན་སྲན་གྲེའུ་དང༌། ནས་དང༌། པོག་དཀར་པོ་ནུ་མ་ཀ་དང༌། ཏིལ་དང༌། ཤིང་ཏོག་བཟང་པོ་མར་ཡོད་པ་དང༌། སྟར་ག་ཨུརྦ་ནི་ཀ་དང༌། སྣུམ་བག་ཚིལ་དང༌། རྐང་དང༌། ལྟོ་ཚིལ་དང༌། མར་དང༌། རྐང་དང་འདི་རྣམས་ཡིན་ནོ། །ནད་ཞི་བར་བྱ་བའི་དུད་པའི་སྨན་ནི་པོག་ནག་པོ་ཤ་ལ་ཡ་ཀི་དང༌། རྒྱ་སྐྱེགས་དང༌། ཕྲི་ཐིར་ཀ་དང༌། མེ་ཏོག་པདྨ་དང༌། མེ་ཏོག་ཨུཏྤལ་དང༌། ཤིང་ནྱ་གྲོ་དྷ་དང༌། ཤིང་ཨུ་དུམྦཱ་ར་དང༌། ཤིང་ཨ་ཤྭངྠ་དང༌། ཤིང་པླག་ཤ་
དང༌། སེང་ཕྲོམ་དང༌། ཤིང་ཚ་དང༌། ལི་ཀར་དཀར་པོ་དང༌། ཤིང་མངར་དང༌། རྔུབ་རྣ་ཤི་རིའི་ཤུན་པ་དང༌། ཤུག་པ་དང༌། བཙོད་དང༌། སྤོད་རུ་རྟ་དང༌། རྒྱ་སྤོས་དང༌། བད་ཀན་ལ་སྨན་རྣོན་པོའི་དུད་པ་བཏང་བ་ནི་ཛོ་ཏི་སྨ་ཏི་དང༌། སྐྱེར་བ་དང༌། ཡུང་བ་སྨན་གྱི་རྩ་བ་བཅུ་དང༌། ལྡོང་རོས་དང༌། བ་བླ་དང༌། རྒྱ་སྐྱེགས་དང༌། ཙནྡན་དཀར་པོ་དང༌། འབྲས་བུ་གསུམ་དང༌། སྨན་སྤོས་དྲི་ཞིམ་པོའི་ནང་ན་རོ་རྣོ་བའི་གྲངས་སུ་གཏོགས་པ་རྣམས་དང༌། འདི་རྣམས་ཀྱི་དུད་པ་སྣ་ནས་བཏང་ཞིང་མགོ་བོའི་ནད་བཀྲུ་བར་བྱའོ། །སྨན་གྱི་དུད་པ་གཏང་བ་སྦྱར་བའི་ཐབས་ནི་སྨན་རྣམས་ཞག་གཅིག་ཆུའི་ནང་དུ་སྤངས་ཏེ་ཆུ་དགས་སུ་ཞིབ་པར་བཏགས་ལ་ཤིང་བུ་དྲང་ཞིང་འཇམ་པོ་སྲ་མོ་སོར་བཅུ་གཉིས་པ་ལ་དུད་པའི་སྨན་ལྡེ་གུ་བཏགས་བཏགས་པ་ལན་ལྔའི་བར་དུ་བྱུགས་ཤིང་གྲིབ་མ་ལ་བསྐམས་ལ་སྨན་གྱི་གདར་བུ་སྦོམ་མཐེབ་མོ་ཙམ་ཐོག་དྲུང་ཕྲལ། དབུས་སྦོམ་སྟེ་ནས་འདྲ་བར་བྱས་ལ། བསྐམས་པ་དང་རླུང་ནད་དང་བད་ཀན་སོ་སོའི་ནད་ལ་ཕན་པའི་རླུང་གིས་ཀྱང་བྱུགས་ནས་ནང་གི་ཤིང་བུ་ནི་དྲོངས་ལ་ཕྱུང་ཤིག །དེ་ནས་སྨན་གྱི་གདར་བུའི་དྲུང་མེས་བསྲེགས་ལ་ཁམ་ཕོར་ཁ་སྦྱར་ལ་དབུས་སུ་བུ་ག་ཕུག་པའི་ནང་དུ་བཅུག་སྟེ་དུད་སྨན་གྱི་གདར་བུའི་རྩེ་མོ་གཅེའུ་བུ་གའི་ནང་དུ་བཅུག་ལ་དུད་པ་ཁར་བརྔུབས་ཏེ་ལུད་པ་ལུ་ཞིང་མི་བདེན་བརྡུངས་ཏེ་སོར་བཅུ་འམ་སོར་བརྒྱད་པ་བྱས་ལ་དུད་པ་བརྔུབས་ན་ལུད་པ་ལུ་བ་དང༌། དབུགས་མི་བདེ་བ་དང་ཆམ་པས་བཏབ་པ་དང༌། སྐད་འགགས་པ་དང༌། ཁ་སྣ་ནས་རྣག་མནམ་པ་དང༌། ཁ་གདོང་ལ་སྐྱ་རྦབ་ཀྱི་ནད་ཡོད་པ་དང༌། སྐྲ་ལ་གཟའ་ཞུགས་པའམ། བྱི་འམ། རྣ་བ་ན་བ་དང༌། མིག་རྫི་བོར་ལྡོངས་ཏེ། མཆི་མ་མང་བ་དང༌། མགུལ་བ་ཡན་ཆད་མགོ་བོ་གཡའ་ཞིང་ཟ་སྟ། འཕྲུག་འདོད་པ་དང་སློང་བག་ཅན་དུ་གྱུར་པ་དང༌། མགོ་ཡུང་ཁྱེར་བ་དང༌། སྐྱིགས་བུས་བཏབ་པ་འདི་རྣམས་ལྟ་བུ་ལ་སྨན་གྱི་དུད་པ་འཐུངས་ན་ནད་ཀྱིས་མི་ཚུགས་སོ། །སྣ་ནས་གཏང་བའི་ཆོ་ག་སྟེ་ལེའུ་ཉི་ཤུ་རྩ་གཅིག་པ་རྫོགས་སོ།། །།སྨན་གྱི་
ཁུ་བས་མཁུར་བ་བཀང་ལ་མི་བསྐྱོད་པར་མགོ་བསྐྱོད་དེ་བསྡད་པ་དང་སྨན་གྱི་ཁུ་བས་མཁུར་བ་བཀང་སྟེ། འགྲམ་པ་གཡས་གཡོན་དུ་སྤོ་ཞིང་བད་ཀན་ལ་སོགས་པའི་ནད་དྲང་བའི་ཆོ་གའི་ལེའུ་ཉི་ཤུ་རྩ་གཉིས་པ་བཤད་པར་བྱའོ། །སྨན་གྱི་ཁུ་བས་མཁུར་བ་བཀང་བ་རྣམ་པ་བཞི་སྟེ། ཏིལ་གྱི་འབྲུ་མར་དང༌། ཞི་བར་བྱེད་པ་དང༌། ཁ་བཀྲུ་ཞིང་སེལ་བར་བྱེད་པ་དང༌། རྨ་འཚོ་བར་བྱེད་པའོ། །དེ་ལ་ཏིལ་གྱི་འབྲུ་མར་དང༌། ཞི་བར་བྱེད་པ་དང༌། བཀྲུ་སྨན་གྱིས་བཀྲུ་ཞིང་བསྩལ་བ་དང༌། འདི་གསུམ་གྱིས་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་བསལ་ལོ། །མཐའ་མའི་རྨའི་ནད་གསོ་བས་ནི་རྨའི་ནད་སེལ་ཏོ། །དེ་ལ་ཏིལ་གྱི་འབྲུ་མར་རམ། མར་ལས་སྨན་མར་སྦྱར་བ་ནི་མངར་དང་སྐྱུར་དང་ལན་ཚྭ་དང༌། སྨན་དྲོད་ཆེ་བ་རྣམས་བརྡུངས་ལ་བཏགས་ཏེ། ཆུ་དང་སྦྱར་བའི་ཁུ་བ་འམ་འོ་མ་ཡང་རུང་ཤ་ཁུ་ཡང་རུང་སྟེ་འདི་རྣམས་དང་སྨན་གྱི་ཁུ་བ་དང་ཏིལ་མར་རམ་འབྲི་མར་དང་སྦྱར་ཏེ་བཙོས་ལ་ཚོས་ཏེ་བཙིར་བའི་སྨན་མར་དེ་དྲོན་པོ་ཁས་བཟོད་ཙམ་མཁུར་བ་བཀང་ཞིང་རླུང་ནད་ཞི་བར་བྱའོ། །དེ་ཞི་བར་བྱ་བའི་སྨན་མར་སྦྱར་བ་ནི་སྨན་རོ་ཁ་བ་དང༌། བསྐ་བ་དང༌། མངར་བ་དང༌། བསིལ་བ་རྣམས་དང༌། པ་ཏི་ལ་ཤིང་འཛམ་བུའི་ཤིང་ཐོག་དང༌། མེ་ཏོག་མ་ལ་ཏའི་ཡལ་གའི་ལོ་མ་དང༌། ཨུཏྤལ་དང༌། ཤིང་མངར་དང༌། ཁར་དཀར་པོ་དང༌། སྦྲང་རྩི་དང༌། འོ་མ་དང༌། བུ་རམ་ཤིང་གི་ཁུ་བ་དང་མར་ལ་སོགས་པ་འདི་རྣམས་སྦྱར་ཏེ་བཙོས་པའི་མར་གྱིས་ནི་མཁྲིས་པའི་ནད་ཞི་བར་བྱེད་དོ། །བད་ཀན་གྱི་ནད་སེལ་བ་ནི་སྨན་ཚ་བ་དང་སྐྱུར་བ་དང༌། ལན་ཚྭ་དང་སྨན་དྲོད་ཆེ་བ་རྣམས་ཀླད་ནད་བཀྲུ་བ་སྣ་ནས་གཏང་བའི་སྨན་རྣམས། ཚྭ་དང་ཆང་དང་འབྲས་རྩབས་དང༌། བ་གཅིན་དང༌། གཞན་ཡང་ཚ་བ་དང་སྐྱུར་བ་ལ་སོགས་པའི་སྨན་རྣམས་ཀྱི་ཁུ་བ་དང་སྦྱར་ཏེ། བཙགས་པའི་དངས་མས་མཁུར་བ་དགང་ཞིང་བོར་ན་བད་ཀན་གྱི་ནད་སེལ་ཞིང་འབྱང་བར་འགྱུར་རོ། །ཁའི་ནང་དུ་རྙིལ་དང་མཁུར་བའི་ནང་གི་རྨ་གསོ་བའི་དཔྱད་ནི་སྨན་རོ་བསྐ་བ་ཨ་རུ་ར་ལྟ་བུ་དང༌། གླ་གོར་ཞོ་ཤ་དང༌། མངར་བག་ལ་ཤིང་མངར་དང༌།
སྦྲང་རྩི་ལྟ་བུ་དང༌། བསིལ་བག་ལ་ཙནྡན་དང༌། པུ་ཤེལ་ཙི་དང༌། གླ་སྒང་ཆེན་པོ་དང༌། ཅི་ལས་ནད་དུ་གྱུར་པའི་སྨན་སོ་སོར་བཤད་པ་རྣམས་ཀྱིས་ཀྱང་བསྣན་ལ་སྨན་གྱི་ཁུ་བ་ཁར་བླུགས་སོ། །དེ་ལ་རླུང་ནད་དུ་གྱུར་པའི་ནད་ལ་ཏིལ་འབྲུའི་མར་ལ་སྦྱར་ཏེ་མཁུར་བ་དགང་བ་ནི། ཏིལ་མར་དང་འོ་མ་དང་སྦྲང་རྩི་དང་ཆུ་དང་སྦྱར་བ་དང༌། ཚྭ་དང་ཆང་དང་ཤ་ཁུ་དང་བ་གཅིན་དང༌། འབྲས་རྩབས་ཀྱི་ཁུ་བ་དང༌། འདི་རྣམས་གང་འབྱོར་བ་དང་ནད་སེལ་བའི་དམིགས་སུ་གང་བབ་པ་དེ་ལྟར་སྨན་བཏགས་པའི་ཁུ་བ་ཡང་རུང༌། བཙོས་པའི་ཏིལ་མར་ཡང་རུང༌། དྲོན་པོ་ཁ་བཟོད་པ་ཙམ་མཁུར་བ་བཀང་ནས་སོ་བརྩེ་བ་དང༌། སོ་འགུལ་བ་དང་རླུང་ནད་ཀྱིས་ཁའི་ནང་ན་བར་གྱུར་པ་དང༌། འདི་རྣམས་ལྟ་བུ་ལ་དྲོན་པོ་ཁས་བཟོད་ཙམ་མཁུར་བ་བཀང་ན་ཕན་ནོ། །ཡང་དྲོད་ཆེར་གྱུར་ལ། རྩུབ་པ་དང༌། ཚ་བར་གྱུར་པ་དང༌། ཁའི་ནང་ཚོས་པ་དང༌། ཁའི་ནང་དུ་རྨ་བྱུང་བ་དང༌། ཁའི་ནང་གློ་བུར་དུ་འཕྲལ་ལ་སྣད་པ་དང༌། ཁའི་ནང་དུ་དུག་རེག་པ་དང༌། ནས་ཚིག་འཁུས་པའི་ཚེ་ཐལ་སྨན་རྣོན་པོས་ཁའི་ནང་ཚིག་པ་དང༌། ཁའི་ནང་མེས་བསྲེགས་ཏེ་ཚིག་པ་འདི་རྣམས་ལྟ་བུ་ལ་ཡང་ཞུན་མར་འཁྱགས་པ་དང༌། ལོ་མ་གྲང་མོས་ཁའི་ནང་དུ་དགང་ངོ༌། །ཁའི་ནང་ཚིག་པ་འམ་རྨ་བྱུང་བ་ལས་ཚོར་བ་མེད་ཅིང་ཟས་ཀྱི་རོ་བྲོ་བ་མི་ཚོར་བ་ལྟ་བུ་དང༌། ཁའི་ནང་གི་རྨ་བྱུང་བ་ཡང་འདི་ལྟ་བུ་ལས་ཀྱང་མར་དང་འོ་མས་ཁ་བཀང་ན་ཁའི་ནང་ཡང་བག་ཅན་དུ་འགྱུར་བ་དང༌། རྨ་འཚོ་བར་འགྱུར་རོ། །སྦྲང་རྩི་དང་ཆུ་སྦྱར་ཏེ། མཁུར་བ་བཀང་ན་ཁའི་ནང་ཚ་བ་དང༌། སྐོམ་དད་ཆེ་བ་ཞི་བར་འགྱུར་རོ། །ཁ་ཟས་རོ་བྲོ་བ་མི་ཚོར་བ་དང༌། ཁ་མནམ་པ་དང༌། ཁའི་དྲི་མ་ཆེ་བ་འདི་ལྟ་བུ་ལ་འབྲས་རྩབས་མཁུར་བ་བཀང་ཞིང་ཡོན་ཏན་གྱིས་སྐྱོན་སེལ་ཏོ། །འབྲས་རྩབས་དེ་ཉིད་དང༌། རྒྱམ་ཚྭ་དང༌། ལྕེ་མྱང་ཚ་གང་ཡང་རུང་བ་དང་སྦྱར་བ་གྲང་མོས་མཁུར་བ་བཀང་ཞིང་ཕོ་ན་ཁ་སྐོམ་པའི་ནད་ལ་རབ་ཏུ་ཕན་པར་འགྱུར་རོ། །བད་ཀན་གྱི་དཀྱེལ་སོགས་ཤིང་སྐྱེས་པར་གྱུར་པ་ལ་ནས་ཚིག་འཁུས་པའི་ཚྭ་འམ་ཐལ་སྨན་རྣོན་པོ་དང༌། ཆུར་སྦྱར་ཏེ་
མཁུར་བ་བཀང་ཞིང་ཕོ་ན་བད་ཀན་མྱུར་དུ་སེལ་བར་འགྱུར་རོ། །ཁའི་ནང་ལྕི་ཞིང་ལྡག་ལྡག་པོར་གྱུར་པ་ལ་ཆུ་དྲོན་པོ་ཁས་བཟོད་ཙམ་མཁུར་བ་བཀང་ཞིང་བོར་ན་ཁའི་ནང་ཡང་ཞིང་བདེ་བར་འགྱུར་རོ། །མཁུར་བའི་ནང་དུ་སྨན་ཞུ་འམ་དྲོན་པོས་བཀང་བའི་ཆོ་ག་བྱས་ན་སྔར་རླུང་མེད་པ་ཉི་མ་དྲོན་པོའི་སར་འདུག་ལ། འཕྲག་སོ་དང་སྐེ་གཡས་གཡོན་དུ་དུགས་བྱ་ཞིང་མཉེས་ལ། དེ་ནས་སྨན་གྱི་ཁུ་བ་འམ་ཆུ་དྲོན་པོས་མཁུར་བ་བཀང་སྟེ་གདོང་པ་ཕྱིར་བསྐྱེད་དེ་བསྟོད་ལ་འདུག་ཤིག །བསྡད་པའི་ཚེ་ནི་ཁའི་ནང་བད་ཀན་ནམ་གང་གི་བར་དུ་འམ་ཡང་ན་སྣའི་ནང་སྣབས་ཀྱིས་གང་ལ་མིག་མཆི་མས་གང་བའི་བར་དུ་བསྡད་དོ། །བད་ཀན་གྱི་ནད་ནི་ལན་གསུམ་ལན་ལྔའམ་ལན་བདུན་དུ་མཁུར་བ་དགང་ངོ༌། །མཁྲིས་པའི་ནད་རླུང་ནད་ལ་ནི་དེ་ལྟར་ཁ་དགང་བར་བྱ་བའི་དཔྱད་མི་དགོས་སོ། །དེ་ལ་སྨན་གྱི་ཁུ་བས་ཁར་དགང་ཞེས་བྱ་བ་ནི་སྨན་གྱི་ཁུ་བ་ཁར་བླུགས་ལ་མཁུར་བ་གཡས་གཡོན་དུ་སྤོ་བ་མེད་པར་གཞག་གོ །སྨན་ཁུ་འམ་ཆུ་དྲོན་པོ་ཁར་རྔུབ་པ་ཞེས་བྱ་བ་ནི་ཁར་བརྔུབས་ལ་མཁུར་བ་གཡས་སུ་སྤོའོ། །དེ་ལ་སྨན་ཁུ་འམ་ཆུ་དྲོན་མོ་མར་བརྔུབས་ལ་མཁུར་བ་གཡས་གཡོན་དུ་སྤོ་བ་བྱས་ན། གཉེའུ་རེངས་པ་དང་ཀླད་པ་ན་བ་དང༌། རྣ་བ་ན་བ་དང༌། ཁ་ན་བ་དང༌། མིག་ན་བ་དང༌། བད་ཀན་རྒྱས་ཏེ་སྣབས་དང་མཆིལ་མ་མང་པ་དང༌། གྲེ་བའི་ནང་ན་བ་དང་ཁ་སྐམས་པ་དང༌། སྙིང་ན་བ་དང༌། གློ་བག་ཅན་དུ་གྱུར་པ་དང༌། ཁ་ཟས་ཡི་གར་མི་འོང་བ་དང༌། ཆམ་པས་བཏབ་པ་དང༌། འདི་རྣམས་ལ་ཕན་ཏེ་གསོ་སླ་བར་འགྱུར་རོ། །བད་ཀན་གྱི་ནད་ལ་སྨན་ལྡེ་གུ་དང༌། སྨན་བཙོས་པའི་ཁུ་བ་དང༌། སྨན་རྣམ་གསུམ་ཁར་གཞིབ་ཅིང་མུར་ལ་སྨན་གྱི་ཁུ་བ་ཁར་བླུགས་པ་དང་འདྲ་སྟེ་ཕན་ནོ། །སྨན་གྱིས་གདོང་བྱུགས་པ་ཡང་རྣམས་གསུམ་སྟེ། རླུང་དང་བད་ཀན་གྱི་ནད་ལ་ནི་དྲོན་པོས་བཀྲུས་ན་དགེའོ། །མཁྲིས་པ་དང་ཁྲག་རྒྱས་པའི་ནད་ལ་ནི་བསིལ་སྨན་བག་གདོང་ལ་བསྐུའོ། །གདོང་བསྐུ་བའི་སྨན་གྱི་ཡོན་ཏན་ནི་རླུང་དང་མཁྲིས་པ་དང་། བད་ཀན་གྱི་ནད་སེལ། དུག་ནད་སེལ་བ་བཞིན་མདོག་བཟང་པོར་འགྱུར་རོ། །
སྨན་ལྡེ་གདོང་པ་བསྐུ་བའི་ཚད་ནི་རྣམ་གསུམ་སྟེ་སོར་བཞི་ཆ་འམ་སུམ་ཆ་འམ་སོར་གྱི་ཆ་གཉིས་ཙམ་གྱིས་སྟུག་རྔམས་དེ་ཙམ་དུ་བསྐུའོ། །གདོང་སྨན་མ་སྐམས་ཀྱི་བར་དུ་གདོང་ལ་ཆགས་ཏེ་ཕན་ནོ། །སྐམས་ན་པགས་པའི་ཤ་མཐང་ལ་གནོད་ཀྱིས་ཆུས་སྤངས་ལ་ཁྲུས་ཤིག །བརྐུས་པའི་རྗེས་ལ་མར་རམ་ཏིལ་མར་གྱིས་གདོང་བསྐུས་ལ། ལྡེ་གུས་དྲིལ་ལ་ཕྱིས་ཤིག །གདོང་སྨན་ལྡེ་གུ་དེ་ལྟར་བྱུགས་ན་ཉིན་པར་ཉལ་བ་དང་དྲག་ཏུ་སྨྲ་བ་དང་སྨྲ་བ་མང་བ་དང༌། མེ་ཚ་བ་འམ་ཉི་མ་འདེ་བ་འམ་བུད་མེད་ལ་ཉལ་བ་འམ་འགྲོ་བའི་བག་ཏུ་མི་རུང་ངོ༌། །དེ་ལྟར་གདོང་ལ་སྨན་གྱིས་བསྐུ་ལེགས་ན་དུས་ལ་མ་བབ་པར་སྐྲ་དཀར་པོར་གྱུར་པ་འམ་དཔུང་པ་ལྷུང་སྟེ་བསྐྱོད་མི་ནུས་པ་དང་གཉེར་མ་མང་བ་དང༌། མིག་རབ་རིབ་ཀྱིས་ཁྱེར་བ་དང༌། གདོང་པ་ཁབས་ཡོད་པ་དང༌། མིག་ནད་སྔོན་པོར་གྱུར་པ་འདི་རྣམས་སེལ་ཏེ་ཕན་ནོ། །སྨན་ལྡེ་གུས་བྱུག་ཏུ་མི་རུང་བའི་དམིགས་ནི་ཆམ་པས་བཏབ་པ་དང༌། ཁ་ཟས་མ་ཞུ་བ་དང༌། སྨན་སྣར་བཏང་བ་ལྟ་བུ་དང༌། རྙིལ་བ་དང་འགྲམ་པ་ན་བ་དང༌། ཟས་ཡི་གར་མི་འོང་བ་དང༌། མཚན་མོ་གཉིད་མ་ལོག་པར་གྱུར་པ་འདི་རྣམས་ལྟ་བུ་ལ་སྨན་བསྐུར་མི་རུང་ངོ༌། །དེ་ལ་གདོང་བསྐུ་བའི་སྨན་ལྡེ་གུ་ནི་རྒྱ་ཤུག་གི་ནང་རྐང་དང་བ་ཤ་ཀའི་རྩ་བ་དང་ཤ་བ་རའི་སེང་ཕྲོམ་དང༌། ཡུངས་ཀར་འདི་རྣམས་ནི་དགུན་གྱི་ལྡེ་གུས་བྱུག་པའོ། །ཀཎྜ་ཀ་རིའི་རྩ་བ་དང༌། ཏིལ་ནག་པོ་དང༌། སྐྱེར་པའི་རྩ་བ་དང༌། ཤིང་ཚ་དང༌། ནས་རྨེའུ་དང༌། འདི་རྣམས་ནི་དགུན་སྨད་ཀྱི་ལྡེ་གུས་བསྐུ་བའོ། །རྩྭ་དཱུར་བའི་རྩ་བ་དང༌། ཙནྡན་དང༌། ཨུ་ཤི་ར་དང༌། ཤིང་ཤི་རི་ཤ་དང༌། ཤ་ཏ་པུཥྤ་དང༌། འབྲས་དང་འདི་རྣམས་དཔྱིད་ཀྱིའོ། །མེ་ཏོག་ཀུ་མུ་ད་དང་ཨུཏྤ་ལ་དང༌། ཀ་ལྷ་ར་དང༌། རྩྭ་དཱུར་བ་དང༌། ཤིང་མངར་དང༌། ཙནྡན་དང་འདི་རྣམས་ནི་སོས་ཀའི་ཚེ་བསྐུའོ། །ཀ་ལི་མ་ཀ་དང༌། ཏིལ་དང༌། ཨུ་ཤི་ར་དང༌། སྤང་སྤོས་དང༌། རྒྱ་སྤོས་དང༌། ཤུག་པ་དང༌། འདི་རྣམས་དབྱར་གྱི་ཚེ་བསྐུའོ། །བལ་བུ་དང༌། ཀུན་ཏྲ་པུན་ཏྲ་ཧ་དང༌། ཤིང་མངར་དང༌། སཔྟ་པརྞི་དང༌། རྒྱ་སྤོས་དང༌། འདི་རྣམས་ནི་སྟོན་གྱི་ལྡེ་གུ་བསྐུ་
བ་ཡིན་ནོ། །དེ་ལྟར་དུས་ཚིགས་དྲུག་གི་བྱེ་བྲག་དང་སྦྱར་ཏེ་གདོང་བསྐུ་བའི་དཔྱད་ཤེས་པར་བྱའོ། །དེ་ལྟར་རྟག་ཏུ་གདོང་བཀྲུས་ན་མིག་ལ་ཡང་ཕན་ཏེ་ལྟ་བ་ལ་བརྟན་པར་མཐོང་བ་དང་བཞིན་འཇམ་ཞིང་གཉེར་མ་མེད་པ་དང་བཞིན་མདོག་བཟང་པོ་པདྨའི་ལོ་མ་དང་འདྲ་བར་འགྱུར་རོ། །ཏིལ་དང་མར་གྱིས་ལུས་བསྐུ་བ་ཡང་རྣམ་པ་བཞི་སྟེ་མར་དང་འབྲུ་མར་གྱིས་ལུས་བསྐུ་བ་ཡང་མར་བླུགས་པ་དང༌། རས་སམ་ཤིང་བལ་མར་ལ་བསྒྲེས་ཏེ། ཀླད་པར་གཞག་པ་འམ་ཀླད་པར་མར་རམ་ཏིལ་གྱི་འབྲུ་མར་གྱིས་བྱུགས་ལ་སྐྱི་དར་གྱིས་གཡོགས་པ་དང་བཞིའོ། །དེ་ལྟར་མགོ་བོ་ལ་བསྐུ་བ་རྣམ་པ་འདི་བཞི་ཡང་ལྷག་མ་བས་འོག་མའི་ཡོན་ཏན་ཆེ་ཞིང་མང་སྟེ། གོང་མ་བས་འོག་མ་བཟང་བར་ཤེས་པར་བྱའོ། །དེ་ལ་མར་གྱིས་བྱུག་ཅིང་བསྐུ་ཞེས་བྱ་བ་ནི་མགོ་དང་ལུས་རྩུབ་པ་དང༌། མགོ་དང་ལུས་གཡའ་བ་དང་པགས་པ་ཤ་མདོག་མི་སྡུག་ཅིང་དྲི་མ་ཅན་དུ་གྱུར་པ་འདི་ལྟ་བུར་མར་བྱུག་ཅིང་བསྐུར་བར་བྱའོ། །མགོ་ལ་གློག་པ་ཞུགས་པ་དང༌། ཀླད་པ་ཟུག་ཐབས་སུ་ན་བ་དང༌། ཀླད་པ་ཚ་བ་དང༌། རྨ་རྣགས་པ་འདི་ལྟ་བུ་ལ་ནི་མར་བླུགས་པའི་དཔྱད་བྱའོ། །དེ་ལ་སྐྲ་བྱི་བ་དང༌། སྐྲ་ལ་གཟའ་ཞུགས་པ་དང༌། བདུག་པ་བྱས་པའི་རྗེས་དང་མིག་ཧར་ཧར་པོར་གྱུར་པའི་ནད་འདི་ལྟ་བུའི་ནད་པ་ནི་རས་སམ་རས་བལ་མར་གྱི་ནང་དུ་བསྲེས་ཏེ་སྤྱི་བོར་གླན་ནོ། །མགོ་ལ་ཚོར་བའི་བག་མེད་དེ་བེམ་བག་ཏུ་གྱུར་པ་དང༌། ཁ་ཡོན་པོར་གྱུར་པ་དང༌། གཉིད་མེད་པ་དང༌། ཁ་སྣ་སྐམས་པ་དང༌། མིག་རབ་རིབ་ཀྱིས་ཁྱེར་བ་དང༌། ཀླད་པ་མི་བཟོད་པར་ན་བ་དང༌། འདི་ལྟ་བུ་ལ་ཀླད་པ་ལ་མར་ཆེར་བྱུགས་ཏེ་མར་མི་དབོ་བར་པགས་པས་གཡོགས་པ་འགབ་ཆིངས་ཤིག །དེ་ལྟར་བྱས་པའི་ཆོ་ག་ནི་ལུས་སྣུམ་གྱིས་བྱུགས་ཏེ་ལྡེ་གུས་ཕྱིས་ལ་ཁྲུས་བྱས་ནས་ནུབ་ཀར་པུས་མོའི་འཕང་ཙམ་གྱི་སྟན་ཁྲིའུ་སྟན་རློན་ཅན་འཇམ་པོ་ལ་འདུག་ནས་མ་ཧེ་འམ་བ་ལང་གི་ཀོ་བ་སྲིད་ཀླད་པ་འཁོར་བ་ཞེང་སོར་བཅུ་གཉིས་ཡོད་པ་དེ་ལྟ་བུར་བྱས་པ་དཔྲལ་བའི་སྐྲ་མཚམས་ནས་རྣ་དྲུང་ཙམ་དུ་ཕྱིན་པར་བྱས་ཏེ་འགབ་བཅིང་ངོ༌། །འགབ་བཅིང་བ་ནི་རས་སམ་རང་གི་སྐྲས་འགབ་
བཅིངས་ཀྱང་རུང་ངོ༌། །མར་མི་ཟག་པར་སྲན་མ་ཤའི་ལྡེ་གུས་ཀྱང་འགབ་གླན་ཅིང་བསྐུའོ། །དེ་ནས་ནད་ཀྱི་དམིགས་ཅི་འདྲ་བ་ལས་མར་རམ་སྨན་དང་སྦྱར་བའི་ཏིལ་གྱི་འབྲུ་མར་དྲོ་འཇམ་ཙམ་ཀླད་པ་ཁོར་ཡུག་དང་སྤྱི་བོ་མན་ཆད་སྐྲ་དྲུང་སོར་གཅིག་ནུབ་པ་ཙམ་དུ་བླུགས་ལ་ཁའི་ནང་དང་སྣ་དང་མཚུལ་པར་མར་གྱི་རོ་ནམ་བྲོའི་བར་དུ་བཞག་སྟེ། དེའི་ཚད་ཀྱང་རླུང་ནད་ལ་ནི་སེ་གོལ་བསྐོར་ཞིང་གཏོགས་པ་ལན་ཁྲིའི་བར་དུ་གཞག་གོ །མཁྲིས་པའི་ནད་ལ་ནི་སེ་གོལ་བརྒྱ་སྟོང་གི་ཡུན་ཚུན་ཆད་དུ་གཞག་གོ །བད་ཀན་གྱི་ནད་ལ་ནི་སེ་གོལ་དྲུག་སྟོང་ཙམ་གྱི་བར་དུ་ཞོག་ཤིག །ཡང་སྨན་པ་ཁ་ཅིག་ན་རེ་ནད་ནམ་ཕྱིན་གྱི་བར་དུ་མར་གཞག་ཅེས་འཆད་དོ། །མར་ཟག་པའམ་ལྷག་མས་ནི་ཕྲག་པ་དང་རོ་སྟོད་བསྐུ་ཞིང་མཉེའོ། །ཆོ་ག་འདི་འདྲ་བར་བྱ་བ་ལན་གྲངས་རབ་ཏུ་མང་ན་ཞག་བདུན་བྱའོ། །རྣ་བ་ན་བ་ལ་ཏིལ་མར་ལས་སྦྱར་བའི་སྨན་རྣ་བའི་ནང་དུ་བླུགས་ཏེ་བཀང་ལ་རྣ་དྲུང་མཉེ་ཞིང་འགྲམ་སོ་བསྐྱོད་དོ། །བཞག་པའི་ཡུན་ནི་ནམ་ནད་རྩེ་ཞིལ་གྱི་བར་དུ་གཞག་གོ །རྣ་བ་མིན་པ་ལ་མར་བླུགས་ན་སེ་གོལ་བརྒྱའི་ཡུན་གྱི་བར་དུ་གཞག་གོ །རྣ་བ་ལ་མར་བླུགས་ན་དེ་ལྟར་བགྲང་བའི་ཡུན་གྱི་ཚད་ནི་ལག་པ་གཡས་ཀྱི་ཐལ་མོ་པུས་མོ་གཡས་པའི་ལྷ་ང་ལ་རྡོ་བ་ལྟ་བུ་དང༌། མིག་འབྱེད་ཅིང་འཛུམས་པ་ལྟ་ཙམ་དང་མཉམ་པའི་ཡུན་དེ་ཙམ་གྱིས་བགྲང་ངོ༌། །ཀླད་པ་སྨན་དང་སྦྱར་བའི་ཏིལ་མར་གྱིས་བྱུགས་པའི་ཡོན་ཏན་ནི་སྐྲ་འབྱི་བ་དང༌། སྐྲ་དཀར་དང༌། སྐྲ་ཁམ་པ་དམར་སེར་དུ་གྱུར་བ་དང༌། སྐྲ་ལ་གཟའ་ཞུགས་པ་དང༌། ཀླད་པའི་ནང་དུ་རླུང་ཞུགས་པ་དང་འདི་རྣམས་ལྟ་བུ་ལ་ཕན་ནོ། །དབང་པོ་རྣམས་གསལ་བར་འགྱུར་ལ། སྐད་ཀྱི་གདངས་དང་མགྲིན་པ་སྙན་པ་དང་འགྲམ་པ་ན་བ་དང་ཀླད་པ་ན་བ་ལ་ཕན་ལ། ཉམས་སྟོབས་སྐྱེ་ཞིང་ཉམས་འཆག་བརྟའོ། །སྨན་གྱི་ཁུ་བས་མཁུར་བ་དགང་བའི་དཔྱད་ལ་སོགས་པ་བཤད་པའི་ལེའུ་ཉི་ཤུ་རྩ་གཉིས་པ་རྫོགས་སོ།། །།སྨན་གྱི་ཐིགས་པས་མིག་ཏུ་བླུགས་པ་དང༌། སྨན་གྱིས་མིག་བསྐུ་བའི་ཆོ་ག་བཤད་པའི་ལེའུ་ཉི་ཤུ་རྩ་གསུམ་པ་བཤད་པར་བྱའོ། །མིག་
ནད་ཐམས་ཅད་ལ་དཔྱད་དུ་བྱ་བ་ནི་མིག་ནད་གསར་པ་ལ་དང་པོར་སྨན་གྱི་ཐིགས་པ་མིག་ཏུ་བླུགས་ན་མིག་རྡོལ་ལ་ཐུག་པ་སྙམ་བྱེད་ཅིང་ན་བ་དང༌། མིག་ཏུ་ཟུག་སྟེ་ན་བ་དང༌། མིག་གཡའ་བ་དང༌། མིག་ལ་དྲུད་པ་སྙམ་བྱེད་པ་དང༌། རྫི་བོར་གྱུར་ཏེ་མཆི་མ་ཟག་པ་དང༌། མིག་ཚ་བ་དང༌། མིག་དམར་པོར་གྱུར་པ་དང༌། འདི་རྣམས་ལྟ་བུའི་ནད་སེལ་ཏེ་ཕན་ནོ། །མིག་རླུང་ནད་ཀྱི་བག་ཏུ་ན་བ་ལ་ནི་སྨན་ཐིགས་དྲོན་པོ་ལྡུགས་ཤིག །བད་ཀན་ལས་མིག་ནད་དུ་གྱུར་པ་ལ་ནི་འཇམ་ཙམ་ལྡུགས་ཤིག །ཁྲག་དང་མཁྲིས་པའི་ནད་ལྟ་བུ་ཚ་བའི་བག་ལ་ནི་སྨན་ཐིགས་ཀྱི་ཆུ་དེ་བསིལ་བར་གྱིས་ལ་ལྡུགས་ཤིག །སྨན་ཐིགས་བླུགས་པའི་ཆོ་ག་ནི་རླུང་མེད་པའི་གནས་སུ་འདུག་ལ་སྔས་སྨད་དེ་ཉ་ཕྱིས་ཀྱི་ནང་དུ་སྨན་གྱི་ཁུ་བ་སྦྱར་ལ་རས་བལ་ལམ་སྲིན་བལ་ལྟ་བུ་བསྙད་པ་སོར་གསུམ་ཙམ་དྲི་མ་མེད་པ་བཀྲུས། བསྐམས་པ་དེས་ཉ་ཕྱིས་ཀྱི་ནང་ནས་མིག་ཕུགས་ཀྱི་གྲྭ་སྣ་དྲུང་དུ་ཐིགས་པ་བཅུ་གཉིས་སམ་བཅུ་རས་བལ་ལས་གཏིག་ཅིང་བླུགས་ཏེ་མིག་ཏུ་བླུགས་པའི་འཕང་ནི་སོར་གཉིས་ཅམ་ལས་གཏིག་ཅིང་བླུགས་སོ། །ཁད་ལངས་ཤིང་བསྡད་ལ་སྨན་ཁུ་དེ་མིག་འགྲམ་ནས་མུར་འགྲམ་ལོགས་སུ་ཕོ་ལ་དེ་ནས་གོས་འཇམ་པོས་ཕྱིས་ཤིག །བད་ཀན་ནམ་རླུང་ནད་ལྟ་བུ་ལ་ནི་མིག་ཕྱིས་པའི་རྗེས་ལ་རས་མ་འཇམ་པོ་ཆུ་དྲོ་འཇམ་ཙམ་གྱི་ནང་དུ་བཅུག་ལ་མིག་ལ་དྲོ་འཇམ་ཙམ་དུ་དུགས་གྱིས་ཤིག །མིག་ཏུ་སྨན་གྱི་ཆུ་བླུགས་པ་དེ་ཧ་ཅང་དྲོ་ཆེ་སྟེ་ཚ་འམ་རོ་ཚ་བའི་སྨན་དྲོན་པོ་འམ་འདི་ལྟ་བུའི་བག་བཏང་ན་མིག་རྡོལ་ལ་ཐུག་པ་ཙམ་དུ་ན་བ་དང༌། མིག་དམར་པོར་འགྱུར་བ་དང༌། མིག་རྡུལ་འདི་ལྟ་བུའི་བག་ཏུ་འགྱུར་རོ། །མིག་སྨན་ཧ་ཅང་དྲགས་ཆེས་པ་མིག་ཏུ་བླུགས་ན་མིག་ཏུ་ཟུག་ཅིང་ན་པ་དང༌། མིག་འཛུམས་མི་ཤེས་ཏེ་ཧ་ར་ཧར་པོར་འགྱུར་བའི་ནད་དུ་འགྱུར་རོ། །མིག་ཏུ་སྨན་གྱི་ཐིགས་པ་བླུགས་པའི་ཐུན་མོང་སྟེ་དྲགས་ན་མིག་གི་མཆུ་སྡུད་པ་སྙམ་བྱེད་ཅིང་རྩུབ་པ་དང༌། མིག་འབྱེད་མི་ནུས་ཤིང་དཀའ་བར་འགྱུར་རོ། །མིག་སྨན་བླུགས་པ་ཧ་ཅང་ཐུན་ཆུང་ན་མིག་ནད་ཀྱི་དཀྱེལ་སྐྱེས་ཏེ་མི་ཕན་ནོ། །མིག་ཏུ་སྨན་བླུགས་པ་ལས་མ་ཕོ་ན་མིག་ནད་ཀྱི་དཀྱེལ་སྐྱེས་ཏེ་སླར་ན་བར་འགྱུར་རོ། །
མིག་སྨན་བསྐུ་ལེགས་པ་ནི་ཀླད་པའི་ཡུལ་དང༌། སྲུབས་དང༌། རྩ་དང༌། ཁ་སྣ་དང༌། རྩའི་ནང་དང༌། མགོ་ཀུན་དུ་སྨན་གྱིས་ཁྱབ་ནས་མིག་གི་ནད་ཀུན་སེལ་བར་འགྱུར་རོ། །ཡང་མིག་སྨན་གྱིས་མིག་ཏུ་བསྐུ་བའི་དཔྱད་ནི་སྔར་སྐྱུག་སྨན་དང་བཀྲུ་སྨན་གྱིས་ནད་སྦྱངས་ལ་མིག་བཀྲུ་བའི་སྨན་ནི་མིག་ཡོག་པ་ཙམ་གྱི་ཚོད་ཀྱིས་མིག་ལ་བསྐུའོ། །དེ་ལྟར་བསྐུ་བའི་མིག་ནད་ཀྱི་དམིགས་ནི་མིག་ནད་རྙིང་པ་ལྟ་བུའི་བག་ཏུ་གྱུར་པ་ཅུང་ཟད་ཙམ་སྐྲངས་པ་དང༌། མིག་རབ་རིབ་ཏུ་གཡའ་བ་དང༌། མིག་འབྱར་བག་དང༌། མིག་གི་གྲྭར་རྔུ་མ་ཆགས་པ་དང༌། མིག་རབ་རིབ་ཏུ་རྩུབ་པ་ཙམ་མ་ཡིན་པ་དང༌། མཆི་མ་ཟག་པ་དང༌། མིག་དམར་པོར་གྱུར་པ་དང་འདི་ལྟ་བུ་ནི་མིག་ནད་རྙིང་པར་གྱུར་པའི་རྟགས་ཡིན་ཏེ་འདི་ལྟ་བུ་ལ་སྨན་མིག་ཏུ་སྐུས་ཤིག །མིག་ནད་མཁྲིས་པ་དང་བད་ཀན་དང་རླུང་ལས་མིག་ནད་དུ་གྱུར་པ་འདི་ལྟ་བུ་ལ་དམིགས་ཀྱིས་བསྐུ་བའི་དཔྱད་རྣམ་པ་གསུམ་སྟེ། མིག་གི་ནད་ཕྱི་ཞིང་བསལ་བ་དང༌། མིག་ནང་རྨ་ལྟ་བུ་གསོ་བ་དང༌། མིག་གསལ་བར་མཐོང་བར་བྱའོ། །དེ་ལ་མིག་ནད་བསལ་ཞིང་ཕྱི་བའི་སྨན་གྱིས་བྱུགས་པ་ནི་རོ་བསྐ་བ་དང༌། སྐྱུར་པ་དང༌། རྒྱམ་ཚ་དང་ན་ལེ་ཤམ་དང་འདི་རྣམས་སོ། །མིག་གི་རྨ་གསོ་བའི་སྨན་ནི་རོ་ཁ་བས་བསྐུའོ། །མིག་རྣོ་ཞིང་གསལ་བར་བྱ་བའི་སྨན་གྱིས་བསྐུའོ། །སྨན་བསྐུ་བའི་ཐུར་མའི་སྲིད་ནི་སོར་བཅུ་པ་དབུས་ནི་ཕྲ་བའོ། །ཐུར་མའི་ཐོར་ཏོ་ནི་སྲི་ཤིང་གི་མེ་ཏོག་ཁ་འབུས་པ་ལྟ་བུའོ། །མིག་ནད་བསལ་ཞིང་ཕྱི་བའི་ཐུར་མ་ནི་ཟངས་ལས་བརྡུངས་པ་ནི་བཟང་ངོ༌། །མིག་གི་རྨ་གསོ་བའི་ཐུར་མ་ནི་ལྕགས་ནག་པོ་ལས་བརྡུངས་པའི་ཐུར་མ་དང་མཛུབ་མོས་ཕྱི་བ་བཟང་ངོ༌། །མིག་རྣོ་ཞིང་གསལ་བར་བྱ་བའི་ཐུར་མ་ནི་གསེར་དངུལ་ལས་བྱའོ། །ཡང་མིག་སྨན་སྐྱེར་ཁཎྜ་ལྟ་བུའི་གདར་བུ་ལྟ་བུ་དང༌། སྨན་དང་སྦྱར་བའི་ཟན་གྱི་ཆང་བུ་དང༌། སྨན་དང་སྦྲང་རྩིར་སྦྱར་བ་ལྟ་བུའི་ལྡེ་གུ་དང༌། མིག་སྨན་ཕྱེ་མ་དང་རྣམ་པ་གསུམ་ཡོད་དོ། །དེ་ཡང་མིག་ནད་ལྕི་བ་དང་ཡང་བ་དང་ལྕི་བ་ཡང་མ་ཡིན་ཡང་བ་ཡང་མ་ཡིན་པ་འདི་རྣམ་པ་གསུམ་གྱི་ཚུལ་ལས་དཔགས་ཏེ་སྨན་རིམ་པ་བཞིན་
དུ་གཏང་ངོ༌། །སྨན་དེ་གཏང་བ་ནི་ནུབ་མོ་ཉལ་བའི་ཚེ་དང་མཚན་མོ་དང༌། ཉིན་གུང་དང་ཉིན་མཚན་དང་འདི་རྣམས་ལྟ་བུ་ལ་སྨན་གཏང་དུ་མི་རུང་ངོ༌། །མིག་སྨན་བླུགས་སམ་བསྐུས་ནས་སླར་བཀྲུ་བ་དྲགས་སམ། བཙིར་ན་མིག་ནད་ཀྱི་དཀྱེལ་སྐྱེ་བར་འགྱུར་རོ། །དེ་བས་ན་སྨན་གཏང་བའི་དུས་ནི་ནང་པར་དང་ཕྱི་འཕྲེད་ཀྱི་སྲིད་དང༌། ལ་ཡུལ་དྲང་བའི་ཚེ་འདི་ལྟ་བུའི་དུས་ལ་མིག་སྨན་གྱིས་རྟག་པར་བསྐུའོ། །སྨན་པ་ཁ་ཅིག་ན་རེ་སྨན་ཚ་བའི་བག་རྣོན་པོས་ནི་ཉིན་པར་མིག་བསྐུར་མི་རུང་ཞེས་ཟེར་རོ། །མིག་སྨན་བཏང་བས་མིག་གི་དྲི་མ་དང༌། མཆི་མ་ཕལ་ཆེར་བྱུང་བས་མིག་བཀྲུས་ཏེ། མིག་ལེགས་པར་ལྟ་བའི་མཐུ་ཆུང་བས་འདི་ལྟ་བུའི་ཚེ་ཉི་མ་ལ་བལྟས་ན་མིག་ལ་གནོད་དེ་མི་རུང་ངོ༌། །ཡང་སྨན་པ་ཁ་ཅིག་ན་རེ་ཉིན་པར་ནི་ཉི་མའི་འོད་ཚ་བའི་དུས་ལ་བབ་པས་ཚ་བའི་ཚེ་ཚ་སྨན་བཏང་ཡང་གནོད་དེ་མི་རུང་ངོ༌། །མཚན་མོ་ནི་ཟླ་བའི་དུས་ཏེ་བསིལ་བས་མིག་ལ་ཕན་ཏེ་དེ་བས་ན་ནུབ་མོ་ཉལ་ཀ་དང༌། མཚན་མོའི་དུས་སུ་མིག་སྨན་བཏང་ན་མིག་ལ་ཕན་ནོ། །ཇི་ལྟ་ཞེ་ན་མིག་ནི་མེའི་རང་བཞིན་ཡིན། མིག་སྨན་ནི་བསིལ་བ་དང་འཕྲོད་དེ་དཔྱད་འདི་ལྟར་བྱས་ན་མིག་རྣོ་ཞིང་བརྟན་པར་འགྱུར་རོ། །གལ་ཏེ་བད་ཀན་རབ་ཏུ་སྐྱེས་སམ་མིག་ནད་བསལ་ཞིང་ཕྱི་བའི་དཔྱད་དགོས་པར་གྱུར་ན། འདི་ལྟ་བུའི་དཔྱད་ནི་ཉིན་པར་ཡང་རུང་སྟེ། ཡུལ་རབ་ཏུ་ཚ་བའི་དུས་ལ་མ་བབ་ན་མིག་སྨན་རྣོན་པོས་མིག་བྱུག་པར་བྱའོ། །དཔེར་ན་ལྕགས་ནི་རྡོ་བ་ལས་འབྱུང་མོད་ཀྱི་ལྕགས་པས་རྡོ་བ་དེ་ཉིད་རྣོ་སྟེ་རྡོ་བ་དེས་ལྕགས་ལ་གནོད་པར་བྱ་ནུས་སོ། །དེ་བཞིན་དུ་མིག་ཀྱང་མེའི་རང་བཞིན་ཡིན་པས་ན་མེ་ལྟ་བུ་ཚ་བ་རྣམས་མིག་ལ་གནོད་དེ་མི་རུང་ངོ༌། །ཡང་ན་དགུན་ལྟ་བུ་ལྷགས་པ་རབ་ཏུ་ཆེ་ན་མཚན་མོ་ཡང་མིག་སྨན་ཚ་བ་རྣོན་པོས་མིག་བསྐུས་ན་གནོད་དེ་མི་རུང་ངོ༌། །ཇི་ལྟ་ཞེ་ན་དགུན་ཧ་ཅང་ལྷགས་པ་ཆེ་བའི་ཚེ་ནི། མིག་སྨན་གྱིས་བསྐུས་ཀྱང་མིག་གི་ནད་མཆི་མར་དབྱུང་དུ་མི་རུང་ལ་མིག་འབྱེད་ཅིང་འཛུམས་མི་ཤེས་པ་ཧར་ཧར་པོར་འདུག་གམ་མིག་གཡའ་ལ་མི་གསལ་མི་རྣོ་བ་ལ་སོགས་པ་ཉེན་དུ་འགྱུར་རོ། །ཡང་མིག་སྨན་གྱིས་བྱུག་ཏུ་མི་རུང་བའི་དམིགས་ནི་
སྐྲག་པར་འགྱུར་བ་དང༌། སྐྱུག་སྨན་བཏང་བ་འམ། བཀྲུ་སྨན་བཏང་ལ་ཁ་ཟས་མ་ཟོས་པ་དང༌། བཤང་གཅི་འོང་བར་གྱུར་པའི་དུས་དང༌། ཁྲོ་སྟེ་རྔམ་པ་དང༌། རིམས་ནད་ཀྱིས་བཏབ་པ་དང༌། མིག་ནད་ཀྱིས་བཏབ་པ་འམ། མིག་ཕྱིར་ཕྱུང་སྟེ་རློ་རློ་བོར་སོང་བ་དང༌། ཀླད་པ་ན་བ་དང༌། མྱ་ངན་གྱིས་བཏབ་པ་དང༌། མཚན་མོ་གཉིད་མ་ལོག་པར་གྱུར་པ་ལྟ་བུ་དང༌། ཉི་མ་མཐོང་བ་དང༌། མགོ་བོ་བཀྲུས་པ་དང༌། སྨན་གྱི་དུད་པ་སྦུ་གུ་ནས་བརྔུབས་པ་དང༌། ཆང་འཐུང་འཐུང་བ་ལྟ་བུ་དང༌། ཁ་ཟས་མ་ཞུ་བ་དང༌། ཉི་ཚན་ནམ་མེ་ཚན་པོ་ཆེ་ལྟ་བུ་ལ་འདུག་འདུག་པ་དང༌། ཉིན་པར་གཉིད་ལོག་པ་དང༌། སྐོམ་གྱིས་གདུངས་པ་དང༌། འདི་ལྟ་བུ་ལ་མིག་སྨན་བསྐུ་ཞིང་བྱུག་ཏུ་མི་རུང་ངོ༌། །མིག་སྨན་ཧ་ཅང་ཚ་ཞིང་རྣོ་བ་དང༌། ཧ་ཅང་འཇམ་པ་དང༌། ཧ་ཅང་ཐུན་ཆུང་སྟེ་ཉུང་བ་དང༌། ཐུན་ཧ་ཅང་ཆེ་སྟེ་མང་བ་དང༌། ཧ་ཅང་སླ་བ་དང༌། ཧ་ཅང་སྐ་བ་དང༌། ཧ་ཅང་རྩུབ་པ་དང༌། ཧ་ཅང་གྲང་སྟེ་བསིལ་བ་དང༌། ཧ་ཅང་དྲོད་ཆེས་པར་བྱས་པའི་སྨན་འདི་ལྟ་བུའི་བག་མིག་ལ་བསྐུ་ཞིང་གཏང་དུ་མི་རུང་ངོ༌། །མིག་སྨན་བསྐུ་ཞིང་བྱུག་པའི་ཐབས་ནི་མིག་ཅུང་ཟད་ཕྱེ་ལ་སྨན་ཕྱེ་ལ་སྨན་ཕྱེ་མ་ཐུར་མས་བཅུས་ཏེ་སྣ་དྲུང་གི་མིག་སྒོ་ནས་མིག་འགྲམ་ལོགས་སུ་དལ་གྱིས་བསྐུ་ཞིང་མིག་གི་མཆུའི་ནང་དུ་སྨན་གྱིས་བྱུགས་ཟིན་པ་དང༌། མིག་ཅུང་ཟད་བསྐུལ་ཞིང་བསྐྱོད་ན་མིག་སྨན་རྣོན་པོ་དེས་མིག་གི་ནང་ཀུན་དུ་སླེབ་ཅིང་ཁྱབ་པར་འགྱུར་རོ། །མིག་སྨན་གྱིས་བསྐུས་ནས་མིག་ཧ་ཅང་ཕྱེ་ཞིང་བཙུམ་པའམ། མིག་བཙུམ་སྟེ་མིག་མཆུའི་པགས་པ་བསྡམ་ཞིང་གཟིར་བའི་ཐབས་སུ་བཙུམ་པ་འམ། མིག་ཆུས་བཀྲུ་བའི་བག་འདི་ལྟ་བུ་མ་བྱེད་ཅིག །མིག་སྨན་གྱིས་བྱུགས་པ་ལས་བཀྲུ་བའི་དུས་ཚོད་ནི་མིག་ཏུ་སྨན་གྱིས་བྱུགས་ཤིང་བསྐུས་པ་རྣམས་མིག་གི་ནང་དུ་སྨན་བསྐུས་པ་བག་ལ་ཞུ་སྟེ་ན་ཞིང་གནོད་པ་ཡང་མེད་དེ། བདེ་བ་དེའི་ཚེ་ནད་གཞི་ནད་དམིགས་དང་དུས་ཚིགས་ཀྱི་ཚུལ་དང་སྦྱར་ལ་ཆུ་དྲོ་འཇམ་ཙམ་ཚ་གྲང་གང་རིགས་པས་བཀྲུ་བར་གྱིས་ཤིག །བཀྲུས་ནས་དར་འཇམ་པོས་ཕྱིའོ། །ཕྱི་བའི་ཐབས་ནི་ལག་པ་གཡས་
ཀྱི་མཛུབ་མོ་དང་མཐེ་བོས་མིག་ཅི་རན་དུ་ཕྱེ་ལ་ལག་པ་གཡོན་པས་གོས་འཇམ་པོ་ཐོགས་ལ་ཕྱིས་ཤིག །མིག་གཡས་གཡོན་གཉིས་ཀ་ཡང་ཚུལ་དེ་ལྟར་བྱའོ། །མིག་གཡའ་འམ་རྟུལ་ཏེ་གསལ་བར་མི་མཐོང་བ་ལ་མིག་སྨན་ཚ་བ་རྣོན་པོས་བསྐུས་ལ་དེའི་རྗེས་ལ་མིག་ཚ་བའི་གནོད་པར་མ་གྱུར་པར་བྱ་བའི་ཐབས་ནི་སྨན་བསིལ་བས་མིག་ལ་བསྐུ་ཞིང་བྱུགས་པར་གྱིས་ཤིག །སྨན་གྱི་ཐིགས་པ་མིག་ཏུ་བླུགས་པ་དང་སྨན་གྱིས་མིག་བསྐུ་བའི་ཆོ་གའི་ལེའུ་སྟེ་ཉི་ཤུ་གསུམ་པ་རྫོགས་སོ།། །།མིག་བརྟ་བའི་ཆོ་ག་ཞུན་མར་མིག་ཏུ་བླུགས་པ་དང༌། སྨན་གྱི་ཕུར་མ་བསྲེགས་ཤིང་བཅོས་པའི་ཁུ་བའི་ཐིགས་པ་མིག་ཏུ་བླུགས་པའི་ལེའུ་ཉི་ཤུ་རྩ་བཞི་པ་བཤད་པར་བྱའོ། །མིག་འཛུམས་མི་ཤེས་ཏེ་ཧར་བག་ཏུ་གྱུར་པ་དང༌། མིག་སྐམ་བག་ཏུ་གྱུར་པ་དང༌། མིག་གི་ནང་རྩུབ་པོར་གྱུར་པ་དང༌། མིག་སྣད་པ་དང༌། མིག་རླུང་དང་མཁྲིས་པའི་ནད་དུ་གྱུར་པ་དང༌། མིག་ཞུམ་བག་ཏུ་གྱུར་པ་དང༌། མིག་གི་རྫི་མ་བྱི་བ་དང༌། མིག་རབ་རིབ་ཁྱེར་ཏེ་སྔོན་དམར་དུ་མཐོང་བ་དང༌། མིག་ལེགས་པར་འབྱེད་མི་ནུས་པ་དང༌། མིག་གི་རྩ་རྣམས་བརྩེ་བ་དང༌། མིག་གིས་མི་མཐོང་བ་དང༌། མིག་གི་སྤྲིན་ཁྲག་གིས་རྒྱས་ཏེ་དམར་པོར་གྱུར་པ་དང༌། མིག་རྫི་བོར་ཅན་མཆི་མ་རབ་ཏུ་མང་བ་དང༌། རྫི་བོར་གྱི་དཀྱེལ་སྐྱེས་པ་ལས་ཁ་ཟས་མི་འཕྲོད་པ་དང༌། གནོད་པའི་བག་བརྟེན་པ་ལས་ཀླད་པ་ན་ཞིང་མིག་གི་ཕྱེད་དང༌། མགོ་བོའི་ཕྱེད་ན་སྟེ་དཀྲུགས་པ་སྙམ་བྱེད་པ་དང༌། མིག་ལིང་ཏོག་བྱུང་བས་རླུང་ནད་དུ་གྱུར་པ་དང༌། རླུང་ནད་ཀུན་དུ་འགྲོ་བའི་ནད་དང༌། མིག་ལིང་ཏོག་བྱུང་བ་དང༌། འདི་ལྟ་བུའི་མིག་ནད་ཀྱིས་བཏབ་པ་རྣམས་ལ་མིག་ནད་དམར་པོར་གྱུར་པ་དང༌། མིག་རྫི་བོར་ན་སྟེ་མཆི་མ་འཛག་པ་དང་མིག་ན་ཞིང་མིག་སྒོར་རྔུ་མ་ཆགས་ལ་ཅུང་ཟད་རྩེ་ཞིལ་ན། དེ་ལ་དཔྱད་དུ་བྱ་བ་ནི་སྔར་བཀྲུ་སྨན་དང༌། སྐྱུག་སྨན་སྣ་ནས་བཏང་སྟེ། མགུལ་པ་ཡན་ཆད་སྟོད་ཀྱི་ནད་བཀྲུས་ཏེ་བསྩལ་ལ། རླུང་ནད་ཀྱི་དུས་དབྱར་ཟླ་ཐ་ཆུངས་ལྟ་བུའི་ངོ་དང༌། སྟོན་ཟླ་འབྲིང་པོ་ལ་མཁྲིས་པའི་ནད་ལྡང་བའི་དུས་དང་བད་ཀན་ལྡང་བའི་དུས་དཔྱིད་ཟླ་འབྲིང་པོའི་ངོ་ལ་བབ་སྟེ་དུས་འདི་དག་གི་ཚེ་
སོ་སོའི་ནད་དམིགས་ཀྱི་ཚུལ་དང་སྦྱར་ལ་དེའི་ཚེ་གན་རྐྱལ་དུ་ཉལ། དེ་ནས་སྲན་མ་ཤ་བཏགས་ཏེ་སྦྲུས་པའི་ཆང་བུས་མིག་གི་མཐའ་མ་བསྐོར་ལ། འཕང་སོར་གཉིས་ཙམ་དུ་མཐོ་བ་བརྟན་པོར་བྱས་ན་མིག་ནད་རླུང་ངམ་མཁྲིས་པའམ། བད་ཀན་ཅི་ལས་གྱུར་པའི་དམིགས་དང་སྦྱར་ཏེ་སྨན་མར་བཙོས་ལ་སྨན་མར་དེ་ལྟ་བུས་མིག་གི་ནང་དུ་ལྡུགས་ལ་ཁོང་ཤིག །མིག་ཏུ་མར་བླུགས་པ་དེ་ནི་མེ་ལ་མི་བསྲོ་བར་ཆུ་ཚན་པོས་སྲོས་ཤིག །ཡང་མཚན་མོ་མིག་གིས་མི་མཐོང་བ་དང༌། རླུང་ནད་ལས་གྱུར་ཏེ་མིག་རབ་རིབ་ཁྱེར་བ་དང༌། རྣ་བ་མི་གསང་སྟེ་གོ་དཀའ་བ་འདི་ལྟ་བུ་ལ་ནི་ནང་གི་ལྟོ་ཚིལ་ལས་སྦྱར་བའི་སྨན་གོང་མའི་སྨན་མར་བཏང་བ་དང་འདྲ་བར་མིག་གི་རྫི་མ་མན་ཆད་ནུབ་པར་བཀང་ལ། དེ་ནས་མིག་བསྐྱོད་ཅིང་དབྱེ་བ་དང་འཛུམས་པ་ཡང་བྱས་ལ་སེ་གོལ་གྱི་གྲངས་བགྲང་ཞིང་ཚོད་ཟུང་ཤིག །ཚད་གཟུང་བའི་དམིགས་ནི་མིག་གི་མཆུའི་པགས་པ་ན་བ་ལ་ནི་གྲངས་བརྒྱའི་བར་དུ་ཞོག་ཤིག །མིག་འགྲམ་གཉིས་ན་ན་གྲངས་སུམ་བརྒྱའི་བར་དུ་གཞག་གོ །མིག་སྤྲིན་ལ་ནད་ཡོད་ན་གྲངས་ལྔ་བརྒྱའི་བར་དུ་ཞོག་ཤིག །མིག་གི་འབྲས་བུ་ནག་པོར་ནད་ཡོད་ན་གྲངས་བདུན་བརྒྱའི་བར་དུ་གཞག་གོ །མིག་གི་འབྲས་བུ་ནག་པོའི་ནང་གི་འབྲས་བུ་ནག་གུ་མཐོང་བར་བྱེད་པ་ལ་ནད་ཡོད་ན་བརྒྱད་བརྒྱའི་བར་དུ་ཞོག་ཤིག །མིག་གི་ཕྱེད་དང་ཀླད་པའི་གཞོགས་ཕྱེད་དཀྲུགས་པ་སྙམ་དུ་བྱེད་ཅིང་ན་བ་ལ་གྲངས་སྟོང་གི་བར་དུ་གཞག་གོ །རླུང་ནད་ལས་གྱུར་པའི་མིག་ནད་ལ་གྲངས་སྟོང་གི་བར་དུ་གཞག་གོ །མཁྲིས་པ་ལས་གྱུར་པའི་མིག་ནད་ལ་གྲངས་དྲུག་བརྒྱར་གཞག་གོ །ན་བ་མེད་ཅིང་ཉམས་ཐ་མལ་པ་ཞིག་ལ་མིག་སྨན་བླུགས་ན་ཡང་གྲངས་དྲུག་བརྒྱར་གཞག་གོ །བད་ཀན་ལས་གྱུར་པའི་མིག་ནད་ལ་གྲངས་ལྔ་བརྒྱར་གཞག་གོ །དེ་ནས་སོ་སོའི་གྲངས་ཚང་བ་དང༌། གླན་པ་བྱོ་སྟེ་མིག་འགྲམ་ལོགས་སུ་བཟུར་ཏེ། སྨན་མར་དེ་གཟག་ཅིང་སྣོད་ཀྱིས་བཟེད་དོ། །དེའི་རྗེས་ལ་སྨན་གྱི་དུད་པ་སྦུ་གུ་ནས་ཁར་རྔུབས་ཤིག །སྨན་དེ་ལྟར་བཏང་ནས་ནམ་མཁའ་ལ་མི་ལྟ། གཟུགས་འོད་ཅན་
ལྷང་ལྷང་པོ་ལ་ལྟར་མི་རུང་ངོ༌། །རླུང་ནད་ལས་གྱུར་པའི་མིག་ནད་ལྟ་བུ་ལ་ནི་ཆོ་གའི་ཚུལ་དང་འདྲ་བར་ཉིན་གཅིག་བཞིན་གྱིས་ཤིག །མཁྲིས་པ་ལས་གྱུར་པའི་མིག་ནད་ལ་ནི་སྨན་ཉིན་གཅིག་བླུགས་ལ་ཉིན་གཅིག་མི་བླུགས། བར་དུ་གཅོད་དོ། །བད་ཀན་ལས་གྱུར་པའི་མིག་ནད་དང་མིག་ན་བ་མེད་དེ། ཉམས་ཐ་མལ་པ་ལ་གཏོང་བ་འདྲ་སྟེ། སྨན་ཉིན་གཅིག་བཏང་བ་དེ་ཕན་ཆང་ཉི་མ་གཉིས་ཀྱི་བར་དུ་བཅད་དེ། མི་གཏང་བར་བྱས་ལ་ཉི་མ་བཞི་ལོན་པ་དང་ཡང་གཏོང་བར་སྦྱར་རོ། །མིག་ཏུ་མིག་སྨན་བླུགས་ཤིང་བཏང་བ་ལན་གྲངས་སུ་བཏང་ན་ཆོག་པའི་ཚད་ནི་མིག་གིས་གསལ་བར་མཐོང་ཤིང་རྟོགས་ནུས་ལ་མིག་ན་བ་མེད་ཅིང་མིག་གི་ནད་སྐྱོན་གྱི་དྲི་མ་མེད་ཅིང་གསལ་བ། མིག་ཡང་ཟར་ནམ་གྱུར་གྱི་བར་དུ་སྨན་བཏང་བ་དེ་ལྟར་གྱུར་པའི་ཚེ་ན་སྨན་གཏང་མི་དགོས་ཏེ་ཆོག་པའི་ཚད་ཡིན་ནོ། །དེ་ལྟར་མ་གྱུར་གྱི་བར་དུ་ནི་སྨན་བཏང་བས་མི་ཆོག་པར་བལྟའོ། །མིག་ཏུ་སྨན་བཏང་ཞིང་བླུགས་པ་ཧ་ཅང་དྲགས་ན་ནི་བད་ཀན་གྱི་མིག་ནད་དུ་འགྱུར་རོ། །དེ་ལྟར་མིག་ཏུ་བླུགས་ཏེ་བཏང་བ་དེ་ཡང་དཔེར་ན་མར་འཐུངས་ནས་ལུས་སྙོམ་ཞིང་ལྕི་བ་དེ་དང་འདྲ་སྟེ། མིག་དེ་ཡང་ཅུང་ཞིག་མི་གསལ་བར་འགྱུར་རོ། །དེ་ལྟར་མིག་ན་བ་ལ་སྨན་མར་བླུགས་ཏེ་མིག་ཏུ་གདབ་པར་བྱ་བའི་ཆོ་ག་བྱས་པའི་རྗེས་ལ་མིག་གིས་མཐོང་བར་བྱ་བའི་ཆོ་ག་བྱ་དགོས་ཏེ། གོང་དུ་སྨོས་པའི་མིག་ནད་མིག་གི་གྲྭ་དང༌། མིག་གི་སྤྲིན་ལ་སོགས་པ་རྣམ་པ་ལྔ་ལྟ་བུ་ལ། སྨན་གྱི་ཆུས་མ་བཙོས་པའི་ཐིགས་པ་བཙིར་ཏེ་མིག་ཏུ་བླུགས་པར་བྱའོ། །དེ་ཡང་རྣམ་པ་གསུམ་སྟེ། དེ་ལ་རླུང་ནད་ལས་གྱུར་པའི་མིག་ནད་ལ་ནི་མར་ལྟ་བུ་སྣུམ་བག་སྨན་ལ་བཙོས་པའི་ཁུ་བ་ཐོང་ཤིག །རླུང་དང་བད་ཀན་དུ་བཅས་པའི་མིག་ནད་ལ་ནི་སྨན་ཚ་ཞིང་རྣོ་བ་ལས་སྦྱར་བས་མིག་ནད་སྲབ་ཅིང་སྦྱང་བ་བྱས་ན་ཕན་ནོ། །མིག་མཐོང་བའི་མཐུ་ཆུང་བ་དང༌། མིག་ལ་རླུང་ནད་དང་མཁྲིས་པའི་ནད་ཡོད་པ་དང༌། ཁྲག་ནད་ཀྱིས་མིག་དམར་པོར་གྱུར་པ་དང༌། མིག་ན་བ་མེད་པའི་ཉམས་ཐ་མལ་དང་འདི་རྣམས་འདྲ་སྟེ། མིག་རྣོ་ཞིང་གསལ་བར་བྱ་བའི་ཆོ་ག་བྱའོ། །དེ་ལ་མིག་སྨན་སྣུམ་བག་ལས་སྦྱར་བ་ནི་ཁུང་
དང་ཕུག་ན་ཉལ་བ་སྦྲུལ་དང་གཅན་གཟན་རྣམས་དང༌། ཕྱི་བ་ལ་སོགས་པ་དང༌། བྱ་ཁྲ་རྣམས་དང༌། ཡུལ་སེར་ཆེ་བའི་ཚིལ་དང༌། རྐང་དང༌། ལྟོ་ཚིལ་དང༌། ཤ་རྣམས་ནི་སྣུམ་བག་ཏུ་སྦྱར་བའི་སྨན་ཡིན་ཏེ། འོ་མ་དང་སྦྱར་བ་ལ་སྨན་ཛི་བནྟིའི་སྡེར་གཏོགས་པའི་སྣ་བཅུ་ཡང་བརྡུངས། བཏགས་ལ་འདི་རྣམས་དང་ལྷན་ཅིག་སྦྱར་ཏེ་ཨེ་རཎྜའི་ལོ་མ་འམ་ཤིང་འབའ་ཏིའི་འདབ་མ་འམ་པདྨའི་འཇམ་པོས་དཀྲིས་ལ་འཇིམ་པ་བསྐུས་ཏེ། ཤིང་འདབ་པ་དང༌། ལྕི་བའི་མེས་བསྲེགས་ལ་དེའི་ཁུ་བ་བཙིར་བའི་ཐིགས་པ་དྲོ་འཇམ་ཙམ་མིག་ཏུ་བླུགས་ཤིང་དགང་བ་ནི་གོང་དུ་མིག་བརྟ་བའི་སྨན་བཏང་བ་དང་འདྲ་སྟེ་ཕུར་མའི་ཐིགས་པ་བླུགས་ལ་གྲངས་ཉིས་བརྒྱ་འམ་སུམ་བརྒྱའི་བར་དུ་སྡོད་ཅིག །འདི་ནི་སྣུམ་བག་ཕུར་མའི་སྨན་དཔྱད་ཡིན་ནོ། །མིག་ནད་དང༌། སྲབ་ཅིང་སྦྱང་པའི་དཔྱད་ནི་རི་དགས་དང༌། བྱའི་མཆེར་པ་དང༌། ཤ་དང༌། ནོར་བུ་མུ་ཏིག་དང༌། ལྕགས་དང༌། ཟངས་ཀྱི་ཕྱེ་མ་དང༌། རྒྱམ་ཚ་དང༌། ལིག་བུ་མིག་དང༌། དུང་དང༌། རྒྱ་མཚོའི་དབུ་བ་དང༌། བ་བླ་དང༌། འདི་རྣམས་བཏགས་ཏེ་ཞོ་ག་ཆུ་དང་སྦྱར་ལ་གོང་མ་བཞིན་དུ་ཕུར་མར་བྱས་ཏེ་བཙོས་པའི་ཁུ་བ་བཙིར་ཏེ་མིག་ཏུ་བླུགས་ན་མིག་ནད་ཀྱི་སྐྱོན་སྲབ་ཅིང་འབྱང་བར་འགྱུར་རོ། །མིག་རྣོ་ཞིང་གསལ་བར་བྱ་བའི་དཔྱད་ནི། རི་དགས་དང་བྱའི་མཆེར་པ་དང༌། རྐང་དང༌། ལྟོ་ཚིལ་དང༌། རྒྱུ་མ་དང༌། སྙིང་དང༌། ཤ་རྣམས་དང༌། སྨན་མངར་བག་དང༌། མར་དང༌། བུད་མེད་ཀྱི་ནུ་ཞོ་དང་སྦྱར་ཏོ་བཏགས་ལ་གོང་མ་བཞིན་དུ་བྱུག་པ་བྱས་ཏེ་དཀྲིས་ལ་བཅིངས་ཏེ་འཇིམ་པས་གཡོགས་ནས་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བཅུག་སྟེ། ཁམ་ཕོར་གྱི་ཕྱི་རོལ་ཆོས་པའི་ཚད་དུ་བསྲེགས་ལ་ཚོས་པ་དང༌། འཇིམ་པ་དང་ཕྱི་ཤུན་པོར་བ་ལ་སྨན་གྱི་ཁུ་བ་བཙིར་ཏེ་དྲོ་འཇམ་ཙམ་མིག་ཏུ་བླུགས་ལ་ཇི་ཙམ་དུ་བསྡད་པའི་ཡུན་ཀྱང་སེ་གོལ་གྱི་གྲངས་སྔ་མ་བཞིན་དུ་གཟུང་ངོ༌། །ཕུར་མ་བསྲེགས་པའི་དཔྱད་དེ་ལྟ་བུ་གང་འབྱོར་ཀྱང་རུང་སྟེ་ཤ་དང་སྨན་ལྟ་བུ་སྣ་རེ་ཡང་སྲང་རེའི་ཐང་དུ་སྦྱར་བར་བྱའོ། །མིག་ནད་ཀྱི་སྐྱོན་བྱང་ཞིང་བསྲབ་པར་བྱ་བ་དང༌། རླུང་ནད་
ལས་གྱུར་པའི་མིག་ནད་ལ་སྣུམ་བག་གི་སྨན་མིག་ཏུ་བླུགས་པ་ནི་སྔར་འཇམ་ཙམ་དུ་བྱས་ཏེ་བླུགས་ལ་ཕྱི་ནས་བསིལ་བ་བླུགས་སོ། །སྨན་དེ་གཉིས་བཏང་བའི་རྗེས་ལ་དུད་པ་སྦུ་གུ་ནས་བརྔུབ་པར་གྱིས་ཤིག །མིག་རྣོ་ཞིང་གསལ་བ་བྱ་བ་ལ་ནི་དུད་པ་བརྔུབ་མི་དགོས་སོ། །མིག་བརྟ་བའི་སྨན་དཔྱད་གོང་དུ་བཤད་པ་དང་འདྲ་བར་འདིར་ཡང་མིག་མཐོང་བའི་སྟོབས་བསྐྱེད་པའི་ཆོ་ག་མི་ལྟ་བ་དང༌། ཕུར་མ་བསྲེག་ཅིང་བཙོ་བའི་དཔྱད་བྱ་བ་ཡང་དེ་དང་འདྲའོ། །སྨན་སྣ་ནས་བཏང་དུ་མི་རུང་བ་ལ་མིག་བརྟ་བ་དང༌། ཕུར་མ་བསྲེགས་པའི་དཔྱད་ཀྱང་བྱར་མི་རུང་ངོ། །དེ་ལྟར་མིག་སྨན་འདི་ལྟ་བུ་བཏང་བའི་ཚེ་སྨན་ཞག་གྲངས་སུ་བཏང་བ་དེ་ལས་ཁ་ཟས་བསྡམས་པའི་ཆོ་གའི་གྲངས་ཀྱང་ཉིས་འགྱུར་དུ་བསྐྱེད་དེ་བསྡོམས་ཤིག །མིག་སྨན་དེ་ལྟ་བུ་བཏང་བའི་ཚེ་མེ་ཏོག་དྲི་ཞིམ་པོ་དང༌། སྤོས་དྲི་ཞིམ་པོ་ཉིན་མཚན་དུ་ལུས་དང་མགུལ་དུ་ཐོགས་ཤིག །དེ་ལྟ་བས་ན་མིག་མཐོང་བ་འདི་ཉམས་ཏེ་མ་རུང་བར་གྱུར་ན་དངོས་པོ་སྣ་ཚོགས་དང༌། སེམས་ཅན་རྣམས་མུན་པ་དང་འདྲ་བར་ཚུལ་གཅིག་ཏུ་གྱུར་ནས་མཐོང་བ་མེད་ཀྱིས་དེའི་ཕྱིར་མིག་གི་མཐུ་བསྐྱེད་པའི་དཔྱད་སྣ་ནས་གཏོང་བ་དང༌། སྨན་གྱིས་མིག་བསྐུ་བ་དང༌། སྨན་མར་གྱིས་མིག་ཏུ་བླུགས་ཏེ་བརྟ་བར་བྱ་བ་ལ་སོགས་པའི་དཔྱད་ལ་ནན་ཏན་དང༌། བརྩོན་འགྲུས་ཆེར་གྱིས་ཤིག །མིག་བརྟ་བའི་ཆོ་ག་ཞུན་མར་མིག་ཏུ་བླུགས་པ་དང༌། སྨན་གྱི་ཐུམ་པོ་བསྲེག་ཅིང་བཙོས་པའི་ཁུ་བའི་ཐིགས་པ་མིག་ཏུ་བླུགས་པ་ལ་སོགས་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པ་རྫོགས་སོ།། །།གཞང་འབྲུམ་ཁྲག་ཚད་ལ་ཐལ་སྨན་རྣོན་པོ་གཏང་བའི་དཔྱད་དང༌། མཚན་པར་རྡོལ་ལ་སྨན་གཏང་བའི་དཔྱད་དང༌། ཁོང་དུ་མཚོན་ལུས་པ་ལ་སྒོས་པ་དྲང་པའི་དཔྱད་ཀྱི་ཆོ་ག་བཤད་པའི་ལེའུ་ཉི་ཤུ་ལྔ་པ་བཤད་པར་བྱའོ། །དཔྱད་རྣམ་པ་སྣ་ཚོགས་བཤད་པར་བྱ་སྟེ། ནད་དམིགས་རྣམ་པ་སྣ་ཚོགས་སུན་པ་ལ་དཔྱད་རྣམ་པ་སྣ་ཚོགས་ནད་དམིགས་ཀྱི་ཐོག་ཏུ་བབ་པ་ནང་དུ་བཏང་ལ་ནད་འདྲེན་པར་བྱེད་པའི་ཐབས་དེ་ནི་དཔྱད་ཅེས་བྱ་སྟེ། དེ་ལ་ཡང་གཞང་འབྲུམ་གྱི་ནད་དང་མཚན་བར་རྡོལ་བ་ལ་སོགས་པའི་ནད་ལ་
ཐལ་སྨན་རྣོན་པོ་མེ་དང་འདྲ་བ་བཏང་བའི་ཚེ་ནད་དམིགས་བརྟག་ཅིང་དཔྱད་དང་སྨན་པ་དེ་ལུས་ཀྱི་ཤ་གཞན་ལ་མི་གནོད་པའི་དཔྱད་རྣམས་དང༌། སྨན་བཏང་བ་དེ་ལུས་ཀྱི་ཤ་གཞན་ལ་མི་གནོད་པའི་བསྲུང་བའི་དཔྱད་དང༌། རྐྱལ་བུ་ནས་སྨན་མས་གཏོང་པའི་ཆ་བྱད་དང༌། བུམ་བུ་དང༌། ཀུ་བ་དང༌། རྭ་དང་ཛམ་པ་པོ་ལ་སོགས་པའི་ཆ་བྱད་ཀྱི་ཚུལ་རྣམ་པ་དུ་མ་སྣ་ཚོགས་བློས་རྣམ་པར་བརྟགས་ཏེ་མདོ་ཅི་རན་ཙམ་དུ་བསྟན་ཏེ། ཆ་བྱད་དེ་རྣམས་ཀྱི་རྩེ་མོ་བྱ་དང་སེང་གེ་དང་དོམ་དང་བྱ་རོག་དང་རི་དགས་ལ་སོགས་པའི་ཁ་མཚུལ་འདྲ་བར་ཆ་བྱད་བརྡུང་ཞིང་བྱས་ལ་མིང་ཡང་དེ་རྣམས་ལ་གདགས་སོ། །སྤྱད་ནི་ཕལ་ཆེར་ལྕགས་ལས་བརྡུངས་ཏེ་སྲིད་སོར་བཅོ་བརྒྱད་ཡོད་པ་ལ་སོགས་པ་བྱའོ། །ཆ་བྱད་དེ་རྣམས་སྐམ་པ་ལྟ་བུ་བྱས་ལ་གཉིས་ཀྱི་མགུལ་པའི་སྦྲེལ་མཚམས་ཀྱི་གཟེར་བུ་སྲན་ཆུང་གི་དབྱིབས་དང་ཚད་ཙམ་གདབ་སྟེ། སྐམ་པའི་རྩ་བ་གཉིས་ནི་ལྕགས་ཀྱུ་ལྟར་ཡང་དགུག་པར་བྱ་སྟེ། དེའི་མིང་ནི་བདེ་ལེགས་ཀྱི་ཆ་བྱད་ཞེས་བྱ་སྟེ། སྤྱད་དེས་ནི་རུས་པ་ལ་ཟུག་རྔུ་བརྟན་པར་ཟུག་པ་དེ་འབྱིན་པ་ལ་སྦྱར་རོ། །ཡང་སྐམ་པ་གོང་མ་དང་འདྲ་བ་གཉིས་བྱས་ལ་གཅིག་ནི་ལྷག་མ་ལྟར་ལྕགས་ཀྱི་གཟེར་བུས་གདབ། གཅིག་གི་གཟེར་ནི་རྩིག་པའི་སྐུད་པའི་གཟུངས་གདབ་སྟེ། དེ་ནི་རྩེ་མོ་བསྒུལ་པར་བདེ་བའི་ཕྱིར་ཡིན་ནོ། །དེ་གཉིས་ཀྱི་སྲིད་དུ་སོར་བཅུ་དྲུག་བྱ་སྟེ་དེས་ནི་པགས་པ་དང༌། རྩ་དང༌། རྒྱུས་པ་དང༌། ཤ་ལས་ཟུག་རྡུ་ཟུག་པ་ལ་སྤྱད་དོ། །ཡང་སྐམ་པ་སྲིད་དུ་སོར་བཅུ་དྲུག་པ་བྱས་ལ་རྩེ་མོ་རྟ་སྦྲུལ་གྱི་མགོ་འདྲ་བ་བྱས་པ་འགྱེད་ཅིང་གཞུམ་དུ་རུང་བར་བྱས་ཏེ། དེས་ནི་ཟུག་རྔུ་ཕྲ་མོ་དང་མིག་ལ་ཟུག་རྔུ་ཕྲ་མོ་ཟུག་པ་དང༌། རྫི་མ་མ་རུངས་པ་འབྱིན་པ་ལ་སྤྱད་དོ། །ཡང་སྐམ་པ་རྩ་བ་གདུ་བུ་ལྟ་བུ་ཟླུམ་པོ་ལ་རྩ་མོ་ཤིན་ཏུ་ཕྲ་བར་བྱས་པ་དེ་ནི་སྤྱད་མུ་ཙི་ཏྲི་ཞེས་བྱ་སྟེ། དེས་ནི་ཤའི་ནང་དུ་མཚོན་གཏིང་ཟུག་པ་དང༌། མིག་མཛེར་སྐྱེས་པ་འབྱིན་པ་ལ་སྦྱར་རོ། །ཡང་ཉིས་ཁ་ལྟ་བུ་ཆ་བྱད་གཉིས་བྱ་སྟེ། དེ་ཡང་བྱའོ། །ལྷག་མ་ནི་གཞང་འབྲུམ་གྱི་ཆ་བྱད་བཞིན་དུ་བྱ་སྟེ། དེས་ནི་སྣ་ནང་གི་འབྲུམ་བུ་དང༌།
ཐོར་བུ་བཅད་པ་ལ་སྦྱར་རོ། །སྨན་པ་ནད་པའི་ཁ་དང་ལྐོག་མའི་ནང་དུ་སྤྱད་པ་ན་སྨན་པའི་མཛུབ་མོ་སོ་འམ་ཤིང་ལས་ནང་སྦུབས་སུ་བྱས་ཏེ། དེ་ཡང་དབྱིབས་པའི་ནུ་སོར་འདྲ་བ་སོར་བཞི་པར་བྱས་ཏེ། བུ་ག་གཉིས་པ་བྱས་ལ་སྨན་པའི་མཛུབ་མོ་བཅུག་སྟེ། གཟན་དུ་བྱས་ལ་དེ་ནས་སྐུད་པ་གཉིས་ཀྱིས་བཏགས་ཏེ་མཁྲིག་མ་ལ་བརྟོད་ཅིང་བཅིང་ངོ༌། །མོ་མཚན་གྱི་ནང་གི་ནད་བརྟག་པའི་ཆ་བྱད་ཐུར་མ་བཞི། སྲིད་དུ་སོར་བཅུ་དྲུག་པ་བྱས་ཏེ། གདུ་བུ་རན་པ་ཞིག་ཀྱང་བྱས་ལ་དེའི་ཕྱོགས་བཞི་ནས་ཐུར་མའི་དཀྱིལ་དམ་དུ་བཅིངས་ན། རྩེ་མོ་པདྨ་ཁ་འཛུམས་པ་ལྟར་འགྱུར་ཏེ། འཛུམས་ཕྱོགས་དེ་མོ་མཚན་གྱི་ནང་དུ་བཅུག་སྟེ་ནང་དུ་ཕྱིན་པ་དང༌། ཐུར་མའི་རྩ་བ་བཞི་པོ་ཕྱི་རོལ་ན་ཡོད་པ་ལག་པས་བསྡམས་ཏེ་བཅངས་ན་ནང་གི་རྩེ་མོ་ཁ་གྱེད་པར་གྱུར་ཏེ། ཆ་བྱད་དེ་ནི་མོ་མཚན་གྱི་ནད་བལྟ་བ་ལ་སྦྱར་རོ། །ཡང་ཆ་བྱད་འཇམ་རྩི་སྦུ་གུའི་དབྱིབས་འདྲ་བ་སྲིད་དུ་སོར་དྲུག་པར་བྱས་ལ་རྩེ་མོའི་བུ་ག་ནི་སྲན་མ་ཤོང་བ་ཙམ་བྱ། རྩ་བ་ལྒང་པའི་ཕྱོགས་ཀྱི་བུ་ག་ནི་མཐེ་བོང་ཤང་བ་ཙམ་དུ་བྱ་སྟེ། པགས་པ་འཇམ་པོའི་ནང་དུ་སྨན་ཁུ་དང་བཀྲུ་བའི་ཆུ་དང་སྣུམ་དང་བཅས་པ་བཅུག་སྟེ། གག་པའི་རྩ་བར་བཅིངས་ལ་འཇམ་རྩི་ཐབས་སུ་བཏང་བ་དེ་ནི་རྨ་བུག་འཆོས་ཤིང་འཁྱམས་པ་དང༌། རྨ་དག་པའི་ཕྱིར་བཀྲུ་བ་ལ་སོགས་པའི་ཆ་བྱད་དུ་སྦྱར་རོ། །ཡང་ཆ་བྱད་འོ་མ་ལ་སོགས་པའི་སྦུ་གུ་འམ། རྨ་བྱ་ལ་སོགས་པའི་སྒྲོ་རྩའི་སྦུ་གུ་གོང་མ་གཉིས་ཀ་ནས་ཁ་ཡོད་པ་འདི་ནི་དམུ་ཆུ་དབྱུང་ཞིང་ཟག་པའི་ཆེད་དུ་སྤྱད་དོ། །ཡང་དུ་བ་བརྔུབ་པ་དང༌། མས་གཏོང་བ་ལ་སོགས་པའི་ཆ་བྱད་རྣམས་ནི་རང་རང་གི་ནད་གསོ་བ་ལས་ལྟོས་ཤིག །དེ་ལས་རྔབས་རུ་ནི་དམའ་ལ་གདབ་ཕྱོགས་ཀྱི་ཁའི་ཞེང་ནི་སོར་གསུམ་ལ་སྲིད་དུ་སོར་བཅུ་འམ་བརྒྱད་ཡོད་པ། གཞིབ་པའི་བུ་ག་ནི་ཡུངས་ཀར་གྱི་འབྲུ་ཤོང་བ་ཙམ་བྱས་ཏེ། བུ་ག་དེའི་ཕྱི་ཁྱོན་ནི་ནུ་སོར་གྱི་ཚད་ཙམ་དུ་བྱས་ཏེ། རྭའི་ཕྱི་རོལ་ནས་པགས་པ་སྲབ་མོས་ལེགས་པར་གཡོགས་པར་བྱ་སྟེ། དེ་ནི་རྔབས་རུའི་ཚད་བསྟན་པའོ། །དེ་ལ་ཆ་སྤྱད་ཀུ་བ་ནི་སྲིད་དུ་སོར་བཅུ་གཉིས་ལ་ཁྱུད་འཁོར་དུ་ནི་སོར་བཅོ་བརྒྱད་པ་ལ་དེའི་ཁ་ནི་ཟླུམ་པོ་ཞེང་དུ་སོར་གསུམ་མམ། བཞི་པ་
བྱས་ཏེ་དེའི་ནང་དུ་རྩྭ་ཀུ་ཤ་འམ་རས་བལ་ལམ། གྲོ་ག་གང་ཡང་རུང་པ་བསྲེགས་པའི་དུད་པས་བཀང་ལ་དུ་བས་གང་མ་ཐག་ཏུ་དབྱུང་ལོང་མེད་པར་ཡན་ལག་གར་ན་བར་ཁ་སྦུབ་སྟེ་དུ་བ་དང་བཅས་པར་བཞག་ན། བད་ཀན་དང་ཁྲག་ནད་མང་དུ་འདྲེན་པར་བྱེད་དོ། །དེ་བཞིན་དུ་བུམ་པ་ཡང་སྲིད་དུ་སོར་བཅུ་ཡོད་པར་བྱས་པ་དེ་ནི་ཉ་མགོ་ལྟ་བུའི་ཆ་བྱད་ཞེས་བྱ་སྟེ། འདི་རྣ་བའི་ནང་དུ་མཚོན་ཟུག་པ་དབྱུང་བར་སྤྱད་དོ། །དེ་ལ་སྦུ་གུའི་ཆ་བྱད་ནི་ནང་ཁོང་སྟོང་སྦུ་གུ་ཅན་རྩེ་མོ་གཅིག་གམ་ཡང་ན་དུ་མར་བྱས་ཏེ། སྲིད་ཇི་ཙམ་པར་ཁྱུད་འཁོར་བར་ཡང་དེ་ཙམ་དུ་བྱས་ཏེ། དེ་ནི་བུ་ག་རྣམས་ཀྱི་ནང་དུ་ཟུག་རྡུ་ཟུག་ཅིང་ཞུགས་པ་དང༌། ནང་ན་ནད་ཡོད་པ་རྣམས་བལྟ་ཞིང་ནང་ན་ཡོད་པའི་མཚོན་དང་མེ་དང་ཐལ་སྨན་གྱི་ལས་རྣམས་ཀྱང་ཆ་བྱད་འདི་འདོད་པ་ཡིན་ནོ། །དེས་ནི་བུ་གའི་འཛག་པ་འགགས་པ་ལ་ཡང་སྦྱར་རོ། །ཡང་ཆ་བྱད་སྲིད་དུ་སོར་བཅུ་པའི་ཐུར་མ་བཞི་བྱས་ལ་ཡུ་བ་གཅིག་པར་བྱས་ཏེ། རྩེ་མོ་བཞི་ལ་གདུ་བུ་ལྟ་བུས་སྤྱི་མདུད་དུ་བྱས་ཏེ། ཞེང་དུ་ཁྱུད་པར་སོར་ལྔས་འཁོར་བར་བྱས་པ་ནི་ཁ་ལྔ་པ་ཞེས་བྱ་སྟེ། ཆ་བྱད་དེ་ནི་གྲེ་བ་དང་མགྲིན་པའི་ཟུག་རྡུ་ཚེར་མ་དང་གྲ་མ་ལ་སོགས་པའི་ཟུག་རྡུ་བལྟ་བ་དག་འབྱིན་པ་ལ་སྦྱར་རོ། །ཆ་སྤྱད་སྲིད་དང་ཞེང་གི་ཚད་གོང་མ་དང་མཉམ་པ་ལ་འདིར་ཐུར་མ་གཉིས་པ་རྩེ་མོ་གདུ་བུས་བསྐོར་བ་དབྱིབས་གོང་མ་དང་འདྲ་བར་བྱས་ཏེ། འདིས་ཀྱང་མགྲིན་པའི་ཟུག་རྡུ་རུས་ཚལ་ལ་སོགས་པ་བལྟ་བར་བྱའོ། །དེ་བཞིན་དུ་ཆ་བྱད་ཁ་གཅིག་པ་འམ་ཁ་མང་དུ་ཡང་རུང་སྟེ། ནང་སྟོང་པ་སྦུབས་ཅན་དུ་བྱས་པས་མགུལ་པའི་ཟུག་རྡུ་བལྟ་བར་བྱའོ། །ཡང་ཆ་བྱད་རྩེ་མོ་པདྨའི་སྙིང་པོ་འདྲ་བའི་སྲིད་སོར་བཅུ་གཉིས་ཡོད་པར་བྱས་ལ། རྩེ་མོ་ཕྱོགས་བཞི་ཆ་ཁོང་སྟོང་དུ་བྱས་པ་དེས་ནི་ཟུག་རྡུ་མི་འགུལ་བ་དེ་ལ་ཕུལ་ཞིང་འབྱིན་པ་ཡིན་ནོ། །གཞན་ཡང་ཆ་བྱད་རྒུན་འབྲུ་འགོ་རྟ་ན་ཞེས་བྱ་བའི་དབྱིབས་འདྲ་བ་སྲིད་དུ་སོར་བཞི་ཞེང་དུ་ཁྱུད་པ་སོར་ལྔ་པ་བྱའོ། །བུད་མེད་ལ་ནི་ཁྱུད་པ་སོར་དྲུག་པ་བྱས་ཏེ། དེ་གཉིས་ཀྱང་ནང་ཁོང་སྟོང་སྦུབས་ཅན་ལ་སྦུ་གུ་གཉིས་པ་བྱའོ། །དེས་ནི་གཞང་འབྲུམ་གྱི་ནད་བལྟ་བར་བྱའོ། །ཡང་ཆ་བྱད་སྦུབས་
ཅན་སྲིད་དུ་སོར་གསུམ་པ་ནང་གི་སྦུབས་སྟོང་པས་མཐེ་བོང་ཤོང་ཙམ་བྱས་ཏེ། དེ་ཡང་ནང་དུ་བཅུག་པའི་རྩེ་མོའི་སོར་ཕྱེད་དང་ཕྱིར་ལུས་པའི་རྒྱུས་སོར་ཕྱེད་པའི་པདྨའི་སྙིང་པོ་ལྟ་བུའོ། །ཆ་བྱད་ནང་ཁོང་སྟོང་ལ་གཡས་གཡོན་ནས་བུ་ག་མེད་པ་ཁར་དཀྲོལ་ལྟ་བུར་བྱས་པས་ནི་གཞང་འབྲུམ་མནན་ཅིང་བཙིར་བ་ལ་སྦྱར་རོ། །མཚན་བར་རྡོལ་བའི་ནད་ནི་པདྨའི་སྙིང་པོ་ལྟ་བུའི་ནད་རྨའི་ཐན་འཁོར་དང་སྟེང་དུ་རྨའི་བུ་ག་མང་དུ་བྱུང་བ་ལ་ནི་རྣམ་པ་ཐམས་ཅད་དུ་ཁར་དཀྲོལ་ལྟ་བུའི་ཆ་བྱད་ཀྱིས་དབྱུང་ཞིང་ཞི་བར་བྱ་བ་མ་གཏོགས་པ་གཞན་གྱིས་ནི་མི་ནུས་སོ། །ཡང་ཆ་བྱད་སྦུབས་ཅན་བུ་ག་གཅིག་པ་སྲིད་དུ་སོར་གཉིས་ཞེང་དུ་ཁྱུད་པར་མཛུབ་མོའི་ཚད་ཙམ་གཉིས་པ་ཞེང་དུ་འཁོར་བར་སོར་བཅོ་བརྒྱད་པ་ཁ་ཟླུམ་པོ་སོར་གསུམ་མམ་སོར་བཞིར་བྱས་ཏེ། གོང་མའི་རས་བལ་ལ་སོགས་པའི་དུད་པས་བཀང་ལ་གར་ན་བ་གླན་ན་ཕན་ཡོན་གོང་མའི་སྟེང་དུ་སྐྲན་འཇུ་བར་བྱེད་དོ། །མཚོན་གྱི་ལས་ཀྱི་ཆ་བྱད་སྣ་ཚོགས་པའི་ཚུལ་དེ་ཡང་ཚད་ཇི་ལྟར་རིགས་པ་བཞིན་དུ་བརྗོད་པར་བྱའོ། །དེ་ལ་ཆ་བྱད་དེ་རྣམས་ལ་རྨ་ཚོལ་ནི་གཉིས་བྱ་སྟེ། དེ་ཡང་སྲིན་བུ་གན་རྒྱ་པ་དའི་དབྱིབས་ལྟ་བུའོ། །ཡང་ཆ་བྱད་སྲན་མ་ཆུང་དུའི་ལོ་མ་ལྟ་བུའི་སོ་ཡོད་པ་གཉིས་བྱ་སྟེ་དེ་ཡང་གཅིག་གི་སྲིད་ནི་སོར་བརྒྱད་པར་བྱ། ཅིག་ཤོས་ནི་སོར་དགུ་པར་བྱ་སྟེ། འདིས་ནི་བུ་གའི་ནང་དུ་ཟུག་རྡུ་ཟུག་པ་གཟུང་ཞིང་གསལ་བར་བྱའོ། །དེ་ལ་ཡང་དབྱེ་བ་རྣམ་པ་དྲུག་སྟེ་ཕུར་མ་ལྟ་བུའི་ཆ་བྱད་སྲིད་དུ་སོར་བཅུ་དྲུག་པ་དང༌། སོར་བཅུ་གཉིས་པ་དང་གཉིས་བྱའོ། །སྦྲུལ་གྱི་ཁ་ལྟ་བུ་ཐལ་སྨན་གཏང་བའི་ཆ་བྱད་སྲིད་དུ་སོར་བཅུ་གཉིས་པ་དང་སོར་བཅུ་པ་གཉིས་བྱའོ། །ཡང་མདའ་ལྟོང་འདྲ་བའི་ཆ་བྱད་གཉིས་བྱ་སྟེ། གཅིག་གི་སྲིད་སོར་བཅུ་གཉིས་པ་དང༌། གཅིག་གི་སྲིད་སོར་བཅུ་པར་བྱ་སྟེ། ཆ་བྱད་དེ་གཉིས་ཀྱིས་ནི་ཟུག་རྡུ་བསྒུལ་ཞིང་བསྐྱོད་པར་བྱའོ། །ཡང་ཆ་བྱད་ཕུར་པ་གཉིས་བྱ་སྟེ། དེ་ཡང་རྩེ་མོ་ལྕགས་ཀྱུ་གུག་པར་བྱས་པ་དེས་ནི་ཟུག་རྡུ་དྲང་ཞིང་འབྱིན་པ་ལ་སྦྱར་རོ། །ཡང་ཕུར་བུ་སྲིད་དུ་སོར་བརྒྱད་པ་རྩེ་མོ་གུག་པ་དེ་ནི་མངལ་གྱི་ཆ་བྱད་ཀྱི་ཕུར་བུ་ཞེས་བྱ་སྟེ། དེས་ནི་བུ་མངལ་ནང་དུ་ཤི་
བ་དྲང་ཞིང་འབྱིན་པར་བྱེད་དོ། །ཡང་ཆ་བྱད་སྦྲུལ་གྱི་མགོ་བོ་གདེངས་པ་བཞིན་དུ་རྩེ་མོ་གུག་པར་བྱས་པ་འདིས་ནི་རྡེའུ་འབྱིན་པར་བྱེད་དོ། །ཡང་ཆ་བྱད་མདའ་ལྟོང་ལྟ་བུ་སྦོམ་ཞིང་རྩེ་མོ་ཟླུམ་པ་སྲིད་སོར་བཞི་པ་བྱས་པ་དེས་ནི་སོ་དྲང་ཞིང་དབྱུང་བར་སྦྱར་རོ། །ཡང་ཆ་བྱད་དྲུག་བྱས་པ་དེའི་རྩེ་མོ་ཀུན་རས་བལ་གྱིས་དཀྲིས་ཏེ་དེ་ལས་ཀྱང་སྲིད་དུ་སོར་བཞི་དང་བཅུ་གཉིས་པར་བྱས་པ་འཇམ་པ་གཉིས་ཀྱིས་ནི་གཞང་གི་ནང་དུ་ནད་ཉེ་རིང་གང་ན་ཡོད་ཀྱང་རུང་སྟེ། ཐལ་སྨན་དང་སྣགས་པ་ལས་སྦྱང་ཞིང་བསལ་པའི་ལས་བྱའོ། །ཡང་སྲིད་དུ་སོར་དྲུག་པ་དང༌། བདུན་པར་བྱས་པ་གཉིས་ཀྱིས་སྣའི་བུ་གའི་ནང་དུ་སྣགས་པ་དང༌། ཐལ་སྨན་གྱི་ལས་དང་སྦྱར་བ་ལ་སྦྱར་རོ། །ཡང་ཆ་བྱད་སྲིད་དུ་སོར་བརྒྱད་པ་དང༌། སོར་དགུ་པ་གཉིས་ཀྱིས་ནི་རྣ་བའི་ནད་སྣགས་པ་དང་ཐལ་སྨན་གྱི་ལས་དང་སྦྱར་བ་ལ་སྦྱར་རོ། །ཡང་ཆ་བྱད་ཨ་ཤྭདྠའི་ལོ་མའི་རྩེ་མོ་ལྟ་བུའམ། བླུགས་གཟར་གྱི་ཁ་ལྟ་བུའི་ཆ་བྱད་དེས་ནི་རྣ་སྤབས་དང༌། དྲི་མ་སྦྱང་ཞིང་བསལ་བ་ལ་སྦྱར་རོ། །ཡང་ཆ་བྱད་སོར་རེ་བ་གསུམ་བྱ་སྟེ། དེས་ནི་རྨའི་ཐན་འཁོར་འཛམ་བུ་ལྟར་དམར་པ་ལ་གཙགས་པ་དང༌། ཐལ་སྨན་དང༌། མེའི་ལས་རེ་རེ་ལ་སྦྱར་རོ། །ཡང་ཆ་བྱད་ཁར་བ་ལྟ་བུའི་དབྱིབས་ལ་རྩེ་མོ་དང་དབུས་ཟླུམ་པོ་རྩ་བ་ཕྱེད་པ་ལྟར་བྱས་པ་དེས་ནི་མིག་མཛེར་དང༌། རྒྱུ་མ་སྦོམ་པོ་དང་ཕྲ་མོ་ལ་རྨ་བྱུང་བ་ལ་སྦྱར་རོ། །རྒྱ་ཤུག་གི་ཚི་གུ་ཕྱེད་བཀས་ལྟ་བུ་ལ། སོ་དང་བཅས་པའི་ཆ་བྱད་ཀྱིས་ནི་སྣའི་ཐོར་བུ་དང་འབྲུམ་བུ་གཅད་པར་བྱའོ། །ཡང་ཆ་བྱད་སྲིད་དུ་སོར་བརྒྱད་དང༌། རྒྱབ་སྒུར་ཞིང་སོར་ཅུང་ཟད་གུག་པ་གསུམ་བྱས་ཏེ། དེའི་སོ་ཡང་མཐེའུ་ཆུང་དང་གུང་མོའི་སེན་མོ་ལྟ་བུའི་སོ་བྱས་པ་དེ་ནི་ཐལ་སྨན་དང༌། སྨན་གྱི་བྱུག་པ་དང༌། བསྐུ་བ་ལ་སོགས་པ་ལ་སྦྱར་རོ། །ཕོ་མཚན་དང་མིག་སྨན་ལ་སོགས་པའི་ཆ་བྱད་ནི་རང་རང་གི་ལེའུ་ལས་བསྟན་པ་ཡིན་ནོ། །དེ་ལ་ཉེ་བའི་ཆ་བྱད་ཅེས་བྱ་བ་རྡོ་ཁབ་ལེན་དང༌། རྩ་མུན་ཛ་ལ་སོགས་པའི་ཐག་པ་དང༌། རས་དང་རྡོ་དང༌། ཐོ་བ་དང༌། པགས་པ་དང༌། སྲོག་ཆགས་ཀྱི་རྒྱུ་མ་དང༌། ལྕེ་དང་རྟ་རྔ་དང༌། ཤིང་གི་ཡལ་ག་དང༌། སེན་མོ་དང༌། སོ་དང༌། ཉེ་བའི་སྤྱད་དེ་དག་གིས་ཀྱང༌།
ཕྱི་ནང་དང༌། སྨིན་མ་སྨིན་དང༌། དུས་དང༌། ཡུད་ཙམ་ལ་སོགས་པའི་ཉེ་རིང་དང༌། སྙིང་སྟོབས་དང་ལྡན་པའི་ནད་པ་དག་ལ་ཐབས་ཀྱི་བྱེ་བྲག་དང༌། སྦྱོར་བ་ལ་མཁས་པའི་སྨན་པས་ནད་ཀྱི་བྱེ་བྲག་ལ་ཇི་ལྟར་འོས་ཤིང་རིགས་པར་སྦྱར་ཞིན་བྱའོ། །ཆ་བྱད་ཀྱི་ལས་ཀྱང་བརྡུང་བ་དང༌། །ཆ་བྱད་ཀྱི་ལས་ཀྱང་བརྡུང་བ་དང༌། བསྲུབ་པ་དང༌། དགང་བ་དང༌། རྒྱུན་སྲད་དག་པར་བྱ་བ་དང༌། ཐལ་སྨན་ལ་སོགས་པ་གདབ་པ་དང༌། མཚོན་དབྱུང་བ་དང༌། བཅིང་བ་དང༌། བཙིར་བ་དང༌། གཞིབ་པ་དང༌། སྨད་པ་དང༌། བསྟོད་པ་དང༌། རྨ་བཙལ་བ་དང༌། དྲང་པོར་བྱ་བ་དང༌། དེ་དག་གི་གོང་དུ་བསྟན་པའི་ཆ་བྱད་ཀྱི་ལས་མདོར་བསྡུས་པ་ཡིན་ནོ། །བྱ་ཀང་ཀའི་མཆུ་ལྟ་བུའི་ཆ་བྱད་ནི་ཆ་བྱད་ཐམས་ཅད་ཀྱི་ནང་ན་གཙོ་བོ་ཡིན་ཏེ། ཡན་ལག་དང་ལུས་དང་གནས་གང་དུ་ཡང་ནད་མེད་ཅིང་འཇུག་པར་བདེ་བ་དང༌། ལེགས་པར་ཟུག་རྡུ་འབྱིན་ཅིང་འཛིན་པར་བྱེད་པ་ཡིན་ནོ། །གཞང་འབྲུམ་ཁྲག་ཚད་ལས་ཐལ་སྨན་རྣོན་པོ་གཏོང་བའི་དཔྱད་དང༌། མཚན་པར་རྡོལ་བ་ལ་སྨན་གཏོང་བའི་དཔྱད་དང༌། ཁོང་དུ་མཚོན་ལུས་པ་ལ་སོགས་པའི་དྲང་བའི་དཔྱད་ཀྱི་ཆོ་གའི་ལེའུ་ཉི་ཤུ་ལྔ་པ་རྫོགས་སོ།། །།གཏར་སྤྱད་རྣམ་པ་སྣ་ཚོགས་པ་བཤད་པའི་ལེའུ་ཉི་ཤུ་རྩ་དྲུག་པ་བཤད་པར་བྱའོ། །གཏར་སྤྱད་ནི་ཉི་ཤུ་རྩ་དྲུག་ཡོད་དེ་མགར་བ་མཁས་པས་དཔྱད་བཞིན་དུ་བརྡུངས་ལ། རྣོ་ཁྱད་ནི་སྦུ་ཆོད་པ། གཏར་སྤྱད་ཀྱི་ཚད་ནི་ཕལ་ཆེར་ནི་སོར་དྲུག་པ་ཤ་སྟག་བྱས་ལ། ཚུལ་ལེགས་ཤིང་ངར་གདགས་ལེགས་པ། ཡུ་བ་གཟུང་བདེ་བ་དེ་ལྟ་བུར་བྱའོ། །སོ་ལ་མཐོ་དམན་གྱི་ཡ་ཡོ་མེད་ཅིང་ལྕགས་ཁོང་དུ་མཁྲེགས་ཤིང་འཐར་ལེགས་པ་རབ་ཏུ་རྣོ་བར་བྱས་པ་མདོག་འཇམ་ཁྱད་མེ་ཏོག་ཨུཏྤ་ལ་དང་འདྲ་བ་དེ་དག་གི་མིང་ཡང་མིང་ཉིད་དང་འདྲ་བར་ཆ་སྤྱད་ཀྱི་ཚུལ་གཟུགས་ཀྱང་དེ་དང་འདྲ་བར་བྱའོ། །གཏར་སྤྱད་སྣ་ཚོགས་ཀྱི་ཡུ་བ་མ་གཏོགས་པར་འབྲས་ཀྱི་ཚད་ནི་སོར་ཕྱེད་དང་བཞི་པར་བྱའོ། །གཏར་སྤྱད་ཀྱི་འབྲས་ཀྱི་ཚད་ཕལ་ཆེར་སོར་གཉིས་པ་དང་སོར་གསུམ་པར་བྱའོ། །དེ་དག་གི་སོ་སོའི་དབྱིབས་ཀྱི་བྱེ་བྲག་ནི་རྩེ་མོའི་དབྱིབས་དཀྱིལ་འཁོར་འདྲ་ལ་སོ་ནི་མཛུབ་མོའི་སེན་མོའི་ཁའི་དབྱིབས་འདྲ་བར་བྱའོ། །འདིས་ནི་བཞར་ཅིང་གཅོད་པར་བྱེད་དེ། མིག་གི་
མཆུའི་ཤ་དང༌། རྙིལ་སྐྱེས་པ་དང༌། རྙིལ་སྐྲངས་པ་དང༌། ཁ་དང་གྲེ་བར་ཤ་ལྷག་སྐྱེས་པ་དང༌། ལྕེའུ་ཆུང་བཅད་པ་དང༌། ཤ་ལྷག་དང་ཤ་རྨེན་བཞར་བའོ། །འཕེལ་གཙགས་ཞེས་བྱ་བའི་དབྱིབས་ནི་སྤུ་གྲི་འདྲ་སྟེ། དེས་ནི་གཅོད་པ་དང་དྲལ་བ་དང་བརྟོལ་བར་བྱའོ། །གཙགས་རྩེ་དྲང་པོ་ཞེས་བྱ་བ་ནི་འོར་ནད་དང་སྐྲངས་པ་ལ་གདབ་པོ། །སྐྲངས་པའི་རྔམས་སྟུག་ན་ནི་གཙགས་བུ་དེ་ལས་གཞན་དུ་བསྒྱུར་རོ། །གཙགས་བུ་རྩེ་གུག་ཅེས་བྱ་བ་ལྟག་པ་ནི་རིང༌། སོ་ནི་ཐུང་སྟེ་ནད་ཀྱི་ཚུལ་ཅི་འདྲ་ལས་བྱའོ། །གཙགས་བུ་དབྱིབས་མེ་ཏོག་ཨུཏྤ་ལ་འདྲ་བ། སོའི་སྲིད་ལ་སོར་གཉིས་ཡོད་པ་འདིས་དྲལ་བ་དང་གཅད་པར་བྱའོ། །གཙགས་བུ་ཁ་དབྲག་སྦྲུལ་གྱི་ཁ་ལྟར་འདུག་པ། སོ་ཉི་ཚེ་ལས་སོར་གཉིས་འདུག་པ་འདི་ནི། སྣ་དང་རྣ་བ་ལ་ཐོར་བུ་བྱུང་བ་དང༌། གཞང་འབྲུམ་གཅད་པའོ། །ནད་དམིགས་བཙལ་བའི་ཆ་བྱད་རྟ་བླ་བའི་མགོ་བོ་འདྲ་བར་བྱས་པ་དེས་ནི་བཅལ་ཅིང་དྲལ་བའི་སྔ་རོལ་དུ་བརྟག་པར་བྱའོ། །གཞན་ཡང་ཁབ་རྩེ་ཞེས་བྱ་བ་ཞིག་ཡོད་པ། ཡུ་བ་ཕུག་སྟེ་ཐགས་གཟུངས་བཏགས་ལ་འདིས་ནི་དྲལ་བྱའོ། །སྟར་བུའི་ལོ་མ་འདྲ་བའི་གཙགས་བུས་ནི་དབུག་པ་བྱའོ། །ཁྲག་གཟག་པར་བྱ་བ་མདའི་བུ་གའི་ཁ་འདྲ་བ་གསུམ་དུ་བྱས་པ་དང༌། འཇག་མ་ཀུ་ཤ་དང༌། རྩ་ཨ་ཊའི་རྩེ་མོ་འདྲ་བར་བྱས་པ་འབྲས་གཉིས་ཀ་ལ་སོར་གཉིས་ཡོད་པ་དེས་ནི་ཕོ་མཚན་གྱི་ནད་ལ་གདབ་པོ། །གཙགས་བུའི་འབྲས་ཟླ་བ་ཁམ་པ་འདྲ་བར་བྱས་པ་སོ་ནང་དུ་ལྟ་བ། གཙགས་བུའི་ནང་གི་འབྲས་ཀྱི་སོ་ལ་སོར་ཕྱེད་ཡོད་པ་འདིས་ནི་རྣ་བ་ན་བ་དབུག་པ་དང༌། འོར་དུ་སྐྲངས་པ་སྨིན་པ་དང༌། མ་སྨིན་པ་གཉིས་ཀ་ལ་གདབ་པར་བྱའོ། །རྩ་དང་ལྟ་བ་ལ་གདབ་པའི་གཙགས་བུའི་དབྱིབས་རྩེ་འབྲས་འདྲ་བ། སོའི་འབྲས་ལ་སོར་ཕྱེད་དང་གཉིས་ཡོད་པ་དེས་གདབ་པོ། །འཕྲལ་རྩ་རུས་པའི་སྟེང་ན་སྦོམ་པོ་སྣང་བ་ལ་གདབ་པའི་གཙགས་བུ་སྟེ་ར་བ་ལང་གི་མདུན་སོ་འདྲ་བར་བྱས་པ་དེའི་ཡུ་བ་གྱེན་དུ་བསྟན་ལ། འཕྲལ་རྩར་བེམ་ཏོལ་གྱིས་གདབ་པོ། །མོ་མཚན་མ་རུངས་པར་གྱུར་པ་ལ་ཟངས་མའི་ཐུར་མ་ཡ་ཐོག་མ་ཐོག་གི་ཐོར་ཏོའི་དབྱིབས་མེ་ཏོག་ཁ་འདུས་པ་འདྲ་
བར་བྱས་པ་དེས། ཕོ་མཚན་གྱི་བུ་ག་ནས་གསུལ་ཏེ་བསལ་ལོ། །ལྕེ་ཁྱི་བ་སྐྲངས་ཏེ་ན་བ་ལ་མཚོན་རྒྱ་འདྲ་བའི་ཐ་མ་ལྷག་པར་ཕྱིར་བྱུང་བར་བྱས་ལ། སོར་ཕྱེད་ཡོད་པ་དེས་རྩེ་མོའི་ཁོར་ཡུག་དཀྱིལ་འཁོར་འདྲ་བ་འམ། ཡང་ན་ཞལ་ཞལ་འདྲ་བའི་ལྕགས་བུ་འདྲ་བར་བྱས་པས། ལྕེ་ཁྱི་བའི་ཐོར་ཏོ་ལ་རྨ་བྱུང་ངམ། ཡང་ན་བཀས་ཏེ། ཁྲག་དབྱུང་ངོ༌། །གྲེ་བ་དང་མགུལ་པ་སྐྲངས་པ་དང༌། འབྲུམ་བུ་བྱུང་བ་ལ་མགུལ་རྒྱ་ཡུ་བ་ཅན་དུ་བྱས་ཏེ་སྲད་བུས་བཏགས་ཏེ་མཛུབ་མོའི་ཐོར་ཏོ་ལ་བཏགས་ལ་དྲིལ་ལོ། །ལྕེ་ཁྱི་བ་སྐྲངས་པ་དང༌། ཁའི་ནང་དུ་ཤ་ལྷག་གམ་ཐོར་བུ་ཆེན་པོ་བྱུང་བ་གཟུང་ཞིང་གཅད་པའི་ལྕགས་ཀྱོ་རབ་ཏུ་གུག་པར་བྱས་ལ་དྲང་ཞིང་གཅད་དོ། །རུས་པ་ལྷག་པ་གཅད་པའི་སོག་ལེ་སྲིད་སོར་བཅུ། ཞེང་སོར་གཉིས། སོག་ལེའི་སོ་རབ་ཏུ་ཕྲ་བ་ལས་ཡུ་བ་དམ་པོར་བྱས་པ་དེས་རུས་པ་གཅད་དོ། །རྨ་དང་ཆུ་བ་དང་རྒྱུས་པ་གཅད་པ་དང༌། སྐྲ་བྲེག་པའི་ཆན་པ་བྱའོ། །ཆན་པ་འདྲ་བ་ཡོན་པོ་སོ་དྲང་བ་སོ་གཉིས་པར་འདོད་པའི་སེན་མོ་བྲེག་པ་ལ་མཚོན་སྲིད་སོར་དགུ་པར་བྱས་ལ་དེས་ནི་ཤིང་གི་ཚལ་པ་ཟུག་པ་དབྱུང་བ་དང༌། གཅད་པ་དང༌། གཟལ་བ་དང༌། དྲུད་པ་དག་བྱའོ། །ཕྱི་ཞིང་བདར་བའི་སྤྱད་གྲུ་བཞི་ལ་སོ་ཡ་གཅིག་བཏོད་ལ་ཁ་ཟླུམ་པོར་བྱས་པ་དེ་ནི་སོ་ཕྱི་ཞིང་བརྡར་བ་དང༌། སོའི་དྲེག་པ་ཕྱི་བར་བྱའོ། །ཁབ་ཀྱི་སྲིད་སོར་གསུམ་པ་ལ་མགོ་ཟླུམ་པོ་མིག་གི་ཟབས་ཆེར་བཏོད་པ་ཁ་སྲབ་པར་བྱས་པ་དེ་ལྟ་བུ་གསུམ་དགོས་ཏེ་མི་ཤ་ཆེན་པོ་སར་ནི་མགོ་ཟུར་གསུམ་པ་སྲིད་སོར་གསུམ་ཡོད་པར་བྱའོ། །ཤ་ཆུང་བ་དང༌། རུས་པ་དང་ཚིགས་ཀྱི་བར་ན་རྨ་ཡོད་པ་རྣམས་ལ་སྲིད་སོར་གཉིས་པར་བྱའོ། །ཕོ་བ་དང་ལོང་ཀའི་གནས་ཀྱི་ཕྱིའི་པགས་པ་རྡོལ་ན་འདྲུབ་པའི་ཁབ་རྩེ་ནས་ཀྱི་དབྱིབས་འདྲ་བ་གཞུ་འདྲ་བའི་དབྱིབས་དགུའོ། །སྲིད་སོར་ཕྱེད་དང་གསུམ་པར་བྱས་པ་དེས་དྲུབ་པོ། །བརྩན་སྔོན་པོ་འམ། སྨུག་པོ་ལྟ་བུའམ་ལག་པ་བུར་ཏེ་བསྐྱོད་མི་ནུས་པ་དང༌། སྐྲ་འབྱི་བ་འདི་ལྟ་བུ་ལ་ཁབ་བདུན་ནམ་བརྒྱད་ཀུན་ཀྱང་ཟླུམ་པོར་བྱས་པ་སྲིད་ལ་སོར་བཞི་ཡོད་པ་གཅིག་པུ་སྦམས་ཏེ་ཁྲིའུ་ལ་རྩ་བ་བཙུགས་ལ་དེས་གཙག་ཅིང་ཞལ་ཞལ་བྱས་ཏེ་
ཁྲག་ནད་དབྱུང་ངོ༌། །ཁབ་བརྒྱད་ཀྱི་སོ་ཟླུམ་པོ་སོར་ཕྱེད་པར་བྱས་ལ། སྦམས་ཏེ་སྣའི་བུ་གར་བཅུག་ལ་ལག་པས་གཙུབ་སྟེ་སྣའི་ཁྲག་དབྱུང་ངོ༌། །རྣ་ཤལ་དབུག་པའི་སྨྱུང་བུའི་རྩེ་མོ་ཟླུམ་པོ་མེ་ཏོག་ཡུ་ཏི་ཀ་དང༌། མུ་ཁུ་ལ་ཁ་འབུས་པ་འདྲ་བ་སོར་ཕྱེད་པར་བྱས་པ་དེས་རྣ་བའི་དྲུང་དབུག་གོ །སྨྱུང་བུ་དེའི་ཞབས་སོར་བཞི་པ་བྱའོ། །རྨ་སྐྲངས་པ་གསར་རྙིང་གི་བག་བཙལ་བ་ཡང་འདི་ལས་བྱའོ། །རྨ་དྲུང་གི་ཤ་སྟུག་པོ་ལ་དབུག་པའི་སྨྱུང་བུའི་རྩེ་མོ་ཁ་སྦོམ་ལ་སུམ་ཆ་སྦུ་གུ་ཡོད་པར་བྱས་ཏེ། སྲིད་སོར་གསུམ་པ་དེས་རྣ་བ་ཕུག་ཤིག །གཞན་ཡང་གཏར་སྤྱད་ཀྱི་མཚོན་མ་ཡིན་པ་སྲིན་བུ་ཛ་ལུ་ཀ་ཞེས་བྱ་བ་ཆུ་ནང་ན་གནས་པ་དང༌། ཐལ་སྨན་རྣོན་པོ་གཤའ་ར་དང༌། མེ་བཙའ་གདབ་པ་དང༌། མེ་ཤེལ་མཆིང་བུའི་དུམ་བུ་དང༌། ནོར་བུ་ཀུན་པིན་ཏ་དང༌། རྒྱ་མཚོའི་ལྦུ་པ་དག །རྡོ་བ་དང༌། ལྕི་བ་སྐམ་པོ་དང༌། སེན་མོ་གདབ་པ་འདི་རྣམས་ནི། གཏར་གས་གདབ་པའི་མཚོན་གཙགས་བུ་འདྲ་སྟེ། ནད་ཀྱི་དམིགས་དང་སྦྱོར་ལ་གྱིས་ཤིག །གཞན་ཡང་འཁྲུལ་འཁོར་གྱི་ཆ་བྱད་མཁོ་བས་ནད་ཐབས་ཀྱི་དམིགས་དང་སྦྱོར་བ་བྱེད་པས་འདྲེན་ཅིང་འབྱིན་པ་དང༌། དྲལ་བ་དང༌། དྲུབ་པ་དང༌། ནད་དམིགས་ཚོལ་བར་བྱེད་པ་དང༌། ཕྱི་ཞིང་སྣིགས་བྱ་བ་དང༌། ཞལ་ཞལ་གདབ་པ་དང༌། གཙགས་པ་དང༌། གཅད་པ་དང༌། གཤེགས་པ་དང༌། དབུག་པ་དང༌། གཙུབས་པ་དང༌། སྐམ་བུས་གཟུང་བ་དང༌། མེ་བཙས་གདབ་པའི་ཐབས་བྱའོ། །གཞན་ཡང་གཏར་སྤྱད་ཀྱིས་མཚོན་གཅད་པ་དང༌། དྲལ་བ་དང༌། ཕྱི་བརྡར་བྱ་བ་ཐོར་ཏོའི་འབྲས་དང༌། རྩ་བའི་བར་དུ་མཛུབ་མོ་དང༌། གུང་མོ་དང༌། མཐེ་བོང་གསུམ་གྱིས་ལེགས་པར་བཟུང་ལ་གཅད་པ་དང་དྲལ་བ་ལ་སོགས་པ་བྱའོ། །ཁྲག་དབྱུང་བའི་གཙགས་བུའི་རྩེ་མོའི་སོ་འབྲས་འདྲ་བ་དེ་རྩེ་མོའི་དྲུང་དུ་མཛུབ་མོ་དང་གུང་མོ་དང་མཐེ་བོང་གསུམ་གྱིས་བཟུང་ལ་ཡུ་བ་ཆང་པའི་ནང་དུ་བཅུག་སྟེ་གཏར་ཞིང་ཁྲག་དབྱུང་ངོ༌། །གཏར་ཞིང་དབྱུང་བ་ཞིག་ཡོད་ན། ཡུ་བ་ནས་བཟུང་ལ་གདབ་པོ། །གཏར་སྤྱད་སྣ་ཚོགས་ཀྱི་སྣོད་ནི་གསོ་རས་སམ་བལ་གྱི་སྣམ་བུ་འམ་མེན་ཏྲི་འམ། །
དུ་ཀུ་ལའམ། པགས་པ་འཇམ་པ་རབ་ཏུ་སྟུག་པོར་བྱས་པ་ཞེང་སོར་དགུ་སྲིད་སོར་བཅུ་གཉིས་ཡོད་པ། ནང་སྣམ་བུས་བར་ཚང་ཅན་དུ་བྱས་པའི་བར་དུ་གཙགས་སྤྱད་མ་སྣད་པར་བཞག་ལ། ཁ་དྲུབས་པ་སྒྲོ་གུ་ཅན་དུ་བྱས་ཏེ་དྲུབ་ཏུ་རུང་བར་བྱས་ལ་དེའི་ནང་དུ་གཏར་སྤྱད་སྩོགས་ཤིག །ཁྲག་དབྱུང་སླ་བར་བྱ་བའི་ཕྱིར་ཆུའི་ནང་ན་གནས་པའི་སྲིན་བུ་པད་པ་ཞེས་བྱ་བ་དེས། ཁྲག་གང་དུ་དབྱུང་བའི་སར་ཁྲག་འཇིབ་ཏུ་གཞུག་གོ །སྲིན་བུ་པད་པ་དེ་ཆུ་ངན་པའི་ནང་དུ་འདུག་གམ། ཉ་དང་ལྷན་ཅིག་གནས་སམ། སྦལ་པ་ལ་སོགས་པ་དང༌། མི་རོ་དང་ཆུ་རྙོག་མ་ཅན་གྱི་ནང་ནས་བྱུང་བ་པད་པའི་ཁ་དོག་དམར་པོ་དང་དཀར་པོ་དང༌། སྲིན་བུ་རབ་ཏུ་གནག་ལ་རོ་རྒོད་ཅིང་སྦོམ་པ་འབྱིལ་བ་དང་འཇའ་ཚོན་ལྟར་འདུག་པ་དང༌། རོ་སྟོད་ཚོན་སྣ་ཚོགས་སུ་བཀྲ་བ་དང་པད་པའི་ལུས་ལ་སྤུ་ཡོད་པ་དེ་རྣམས་ནི་དུག་ཡོད་པ་ཡིན་ཏེ་བོར་ཅིག །གལ་ཏེ་དེ་ལྟ་བུས་ཁྲག་གཞིབས་ན་གཡན་བ་དང༌། རྨ་ཁ་སྐྲངས་ཏེ་རྣག་ཟག་པ་དང༌། རིམས་དང་མགོ་འཁོར་བར་འགྱུར་རོ། །དེ་ལྟ་བུའི་ནད་ཀྱིས་བཏབ་ན་དུག་བསལ་བའི་སྨན་དཔྱད་དང༌། མཁྲིས་པ་དང་ཁྲག་ནད་བསལ་བའི་དཔྱད་ཆོ་ག་བྱའོ། །སྲིན་བུ་པད་པ་གདུག་པ་མ་ཡིན་པ་ཁྲག་འཇིབ་ཏུ་རུང་བའི་གནས་ཆུ་མདོག་གསལ་བ། ཉ་ལྕིབས་ཡོད་པའི་ནང་ནས་བྱུང་བ་མི་གདུག་པ་མདོག་རྩ་སྣར་བ། ལུས་གཟུགས་ཟླུམ་པ། པད་པའི་ལུས་ཀྱི་སྟོད་སྔོ་བཀྲར་འདུག་པ་རྒྱབ་ངུར་སྨྲིག་གི་ཁ་དོག་ལྟ་བུ་ལ། ལུས་ཕྲ་བ། ལྟོ་ན་ཅུང་ཟད་ཙམ་སེར་བ་ནི་རུང་ངོ༌། །དེ་ཡང་སྔར་ཁྲག་འཐུངས་ཏེ་ལེགས་པར་ཁྲག་མ་སྐྱུགས་པ་དང༌། རྟག་ཏུ་ཁྲག་འཐུང་དུ་གཞུག་གཞུག་པ་དང༌། ཁྲག་འཐུངས་དྲགས་ཏེ་མྱོས་པ་དང་དེ་ལྟ་བུ་ནི་མི་རུང་གི་བོར་ཅིག །སྲིན་བུ་པད་པ་གདུག་པ་མ་ཡིན་པ་དེ་ལྟ་བུ་རྙེད་ནས། ཡུང་བ་བཏགས་པ་དང་ཆུ་སྦྱར་བ་འམ་འབྲས་རྩབས་ཀྱི་ནང་ངམ་དར་བའི་ནང་དུ་སྲིན་བུ་པད་པ་དེ་དག་དབུགས་ཕྱུང་སྟེ། དེ་ནས་གང་དུ་ན་བའི་དམིགས་དེར་ཁྲག་འཇིབ་ཏུ་གཞུག་ན། མར་རམ། ལྡེ་གུ་འམ། བུད་མེད་ཀྱི་ནུ་ཞོ་འམ། གཞན་གྱི་ཁྲག་བྱུང་བའི་ཐིགས་པས་བསྐུས་པ་དེ་ལ་སྲིན་བུ་པད་པའི་ཁ་
གླན་ཏེ་ཁྲག་འཐུང་དུ་བཅུག་ལ་ཁྲག་འཐུངས་པའི་ཚེ་ན་རོ་སྟོད་མཐོ་བར་གྱུར་ན་ཁྲག་ལེགས་པར་འཐུངས་པ་ཡིན་གྱིས་སྟེང་དུ་རས་སྲབ་མོ་ཞིག་གིས་གཡོགས་ཤིག །སྲིན་བུ་པད་པ་དེ་ནད་ཁྲག་དང་ཁྲག་བཟང་པོ་འདྲེས་པར་འདུག་པ་ལ་དང་པོར་ནད་ཁྲག་འཐུང་བར་བྱེད་དོ། །དཔེར་ན་ཆུ་དང་འོ་མ་བསྲེས་པ་ལ་ངང་པས་འོ་མ་དང་ཆུ་ཕྱེད་དེ་འོ་མ་འབའ་ཞིག་འཐུང་བ་དང་འདྲའོ། །སྲིན་བུ་པད་པས་ཁྲག་འཐུངས་པ་ལས། ཅི་ཙམ་ན་སྲིན་བུའི་སོས་འདེབས་པས་ན་འམ་གཡའ་བར་གྱུར་ན་ཕྱུང་ལ་སྲིན་བུ་དེ་སླར་སྐྱུགས་པ་བྱས་ལ། ལྕེ་མྱང་ཚ་དང་ཏིལ་མར་དུ་སྦྱར་ལ་སྲིན་བུའི་ཁ་བསྐུས་ཏེ། འབྲས་ཀྱི་ཕྱེ་མ་འཇམ་པོས་སྲིན་བུའི་རྒྱབ་ཏུ་གཏོར་ལ། ཞག་བདུན་གྱི་བར་དུ་སྲིན་བུ་དེ་ཁྲག་གིས་མྱོས་པར་མ་གྱུར་པར་གཞག་གོ །དེ་ནས་སྲིན་བུ་དེ་ཁྲག་ལེགས་པར་སྐྱུགས་ནས། ལུས་ཕྲ་མོ་གྲིམས་པ་ཡང་བ་སྔ་མཁོ་བཞིན་གྲིམས་པར་བྱའོ། །སྲིན་བུ་པད་པ་དེ་ཁྲག་ཀྱང་མང་དུ་འཐུངས་དྲགས་ན། སྲིན་བུའི་ལུས་ལྕི་སྟེ་སྙོམ་པའམ་ཡང་ན་འཆི་བར་འགྱུར་རོ། །སྲིན་བུ་པད་པ་སྐྱུགས་མ་ལེགས་པར་གྱུར་ན་སྲིན་བུའི་ལུས་རེང་རེང་པོར་འདུག་པ་ལ་མྱོས་པར་འགྱུར་རོ། །ནད་ཁྲག་འཐུང་དུ་གཞུག་པ་མེད་པའི་ཚེ་ན་ནི། བུམ་པའི་ནང་དུ་ཆུ་དངས་བླུགས་ལ། དེའི་ནང་དུ་སྲིན་བུ་བླུགས་ཏེ་དུས་དུས་སུ་བུམ་པ་དང་ཆུ་བརྗེས་ཤིག །དེ་ལྟར་བྱས་ན་སྲིན་བུའི་ཁ་ཆུ་དང་སྲིན་བུའི་རྡུལ་བག་བྱང་སྟེ་ཕན་པར་འགྱུར་རོ། །ཡང་ནད་དམིགས་ཀྱི་ནད་ཁྲག་ངན་པ་ཞིག་ཡོད་པ་སྲིན་བུས་ཁྲག་འཐུངས་རྨ་སྐྲངས་ཤིང་བཙན་ཅན་དུ་གྱུར་ཏམ། གཡའ་འམ་ཁྲག་ལེགས་པར་མི་འབྱུང་ན་སྐྱེར་པ་དང་བུ་རམ་དང༌། སྦྲང་རྩི་སྦྱར་ལ་རྨ་ཁར་བསྐུས་ན་ཕན་ནོ། །མར་བཞུ་ཞིང་ཆབ་བྲོམ་གྱི་ཐོག་ཏུ་བླུགས་པ་དེ་ལྟ་བུ་ལན་བརྒྱར་བྱས་པ་དེ་ནི་ལན་བརྒྱར་བཀྲུས་པའི་མར་ཞེས་བྱ་སྟེ། དེས་རྨ་ཁར་རས་མ་འམ་ཡེའུས་བྱུགས་ལ་དེ་ནས་སྨན་བསིལ་བའི་ལྡེ་གུས་ཐོག་ཐག་ཏུ་བསྐུས་ན་ཆུ་སེར་ངན་པ་ཕྱིན་ལ་བཙན་པོར་འདུག་པ་དང་ན་བ་མེད་པར་འགྱུར་རོ། །སྲིན་བུ་པད་པས་ནད་ཁྲག་གཞིབས་པས་ནད་ཁྲག་ངན་པ་ཁོང་ནས་བརྔུབས་ལ་ཕྱིར་ལ་ཕྱིན་ཏེ། རྨ་ཁ་ན་འདུག་པ་ཞག་ལོན་པ་དང་རྣགས་པར་གྱུར་ན་དེ་ལ་ཡང་སྲིན་བུ་པད་པ་དེ་ནད་ཁྲག་དང་ནད་ཕྱིར་ཡང་འཇིབ་ཏུ་
ཆུག་ཤིག །ཁྲག་དང་མཁྲིས་པ་རྒྱས་པའི་ནད་ལ་ཞལ་ཞལ་བྱས་ཏེ་སྒྲོན་མ་དང་ཀུ་བའི་བུམ་པར་སྦྱར་ཏེ། ཁྲག་འདྲེན་པའི་ནད་ལ་ན་བར་འགྱུར་གྱི་མི་རུང་ངོ༌། །བད་ཀན་དང་རླུང་ནད་ལས་གྱུར་པའི་ནད་ལ་ནི་ཕན་ཏེ་རུང་ངོ༌། །བད་ཀན་ལས་ནད་དུ་གྱུར་པའི་ནད་ཁྲག་རྔབས་རུས་གཞིབས་ན་ཁྲག་བརྔུབ་པར་འགྱུར་བས་གཞིབ་ཏུ་མི་རུང་ངོ༌། །རླུང་མཁྲིས་ལས་ནད་དུ་གྱུར་པའི་ནད་ཁྲག་ནི་རྔབས་རུས་གཞིབས་ན་ཕན་ནོ། །ཞལ་ཞལ་བྱ་བའི་ཐབས་ནི་ཞལ་ཞལ་གང་བྱ་བའི་གོང་དུ་སྲད་བུ་འམ་དར་རམ་རས་ཀྱིས་དམ་པར་མཉམ་པོར་བཅིངས་ལ། ཆུ་བ་དང༌། ཚིགས་རུས་པ་དང་གནད་རྣམས་ནི་དབབ་པར་ཞལ་ཞལ་གདབ་པོ། ཞལ་ཞལ་གདབ་པའི་ཐབས་ནི་ཐུར་དུ་དྲང་པོར་ཤར་ཤར་པོར་ཐོབ་ཤིག །ཞལ་ཞལ་བྱ་བའི་ས་ནི་ནད་དམིགས་གར་འདུས་པའི་ཐོག་ཏུ་གདབ་བོ། །ནད་ཁྲག་རྩ་མདུད་ཅན་དུ་སྣང་ན་སྲིན་བུ་པད་པས་ཁྲག་དབྱུང་ངོ༌། །ཁྲག་ནད་ལུས་པ་ལས་བེམ་བེམ་པར་གྱུར་ན་རྔབས་རུས་ཐོབ་ཤིག །ཁྲག་ནད་ལུས་ཀུན་དུ་མཆེད་དེ་ཁྱབ་ན་རྩར་བཏབ་སྟེ་དྲང་ངོ༌། །ཁྲག་ནད་འདུས་པས་ཞལ་ཞལ་གདབ་བོ། །ནད་ཁྲག་ཤའི་ཕྱིའི་པགས་པའི་བར་ན་འདུག་པ་མ་ཡིན་པ་ཤའི་ཁོང་ན་ཡོད་པའི་ནད་ཁྲག་ནི་སྲིན་བུ་པད་པས་དབྱུང་ངོ༌། །ནད་ཁྲག་པགས་པ་ལ་གནས་པ་ནི་ཀུ་བ་དང༌། རྗེའུ་དང༌། རྔབས་རུས་དབྱུང་ངོ༌། །ཁྲག་ནད་ཀྱིས་ལུས་ཀུན་དུ་ཁྱབ་པ་ལ་ནི་རྩར་བཏབ་སྟེ་དྲང་ངོ༌། །རླུང་ནད་ལས་གྱུར་པའི་ནད་ཁྲག་དྲང་བ་ནི་རྔབས་རུ་བཟང་ངོ༌། །བད་ཀན་ལས་གྱུར་པའི་ནད་ཁྲག་ལ་ནི་ཀུ་བས་བྱའོ། །དེ་རྣམས་གཏར་ག་འམ་ཞལ་ཞལ་གདབ་པའི་རྨ་ཁར་སྨན་བསིལ་བས་བསྐུ་བ་ལས་རླུང་ནད་དུ་གྱུར་པ་སྟེ། རྨ་ཁ་ན་ཞིང་གཡའ་ལ་སྐྲངས་ན་རྨ་ཁར་ཞུན་མར་དྲོན་པོས་སྐུས་ཤིག །གཏར་སྤྱད་རྣམ་པ་སྣ་ཚོགས་དང་གཏར་ག་གདབ་པ་དང་ཞལ་ཞལ་ལ་སོགས་པ་གདབ་པ་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པ་རྫོགས་སོ།། །།གཏར་ག་གདབ་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་བདུན་པ་བཤད་པར་བྱའོ། །དེ་ལ་མིའི་ཁོང་ན་ནད་མེད་པའི་ཁྲག་བཟང་པོར་བལྟ་བ་ན་ཅུང་ཟད་མངར་ལ་ཆ་བྲོ། ཁྲག་དེ་གྲང་བ་ཡང་མ་ཡིན་ལ། ཁྲག་དེ་སྐ་བ་བསྡུས་པ་ཡང་མ་ཡིན་ལ་ཁྲག་གི་མདོག་མེ་ཏོག་པདྨ་ལེ་བརྒན་གྱི་ཁ་དོག་ལྟ་བུ་དང༌། སྲིན་བུ་ལྷམ་བུ་ཆུ་
གཤེར་གྱི་མདོག་ལྟ་བུར་སྣང་བ། གསེར་དང་ལུག་དང་རི་བོང་གི་ཁྲག་ལྟ་བུར་མདོག་བཟང་བ་དེ་ནི་ནད་ཁྲག་མེད་དེ་ཁྲག་བཟང་པོ་ཞེས་བྱའོ། །ཁྲག་འདི་འདྲ་བར་བཟང་པོར་འདུག་པ་ནི་ལུས་ཀྱི་ཟུངས་དང་རྟེན་ཡིན་ཏེ་ལུས་ནི་དེ་ལྟ་བུ་ལ་གནས་སོ། །དེ་ལྟར་ལུས་ལ་ཁྲག་བཟང་པོར་འདུག་པ་ལ། མཁྲིས་པ་དང་བད་ཀན་གྱིས་གནོད་པའི་ནད་དུ་འགྱུར་ན། དེའི་ནད་དམིགས་ནི་མེ་དབལ་དང་འབྲས་དང་མཆེར་པ་ན་བ་དང༌། སྐྲན་དང་ཁོང་པ་ནང་གི་དྲོད་ཉམས་པ་དང༌། རིམས་ཀྱིས་འདེབས་པ་དང༌། ཁའི་ནང་ཁ་བ་དང༌། མིག་ན་བ་དང༌། ཀླད་པ་ན་བ་དང༌། མི་དྲན་ཏེ་མྱོས་པ་དང༌། སྐོམ་དད་ཆེ་བ་དང༌། ཁའི་ནང་ལན་ཚྭ་བྲོ་བ་དང༌། མཛེ་ནད་དང་རླུང་དང་ཁྲག་ལས་བྱུང་བའི་དྲེག་ནད་དང༌། མཁྲིས་པ་དང་སྒྲེགས་པ་ཚ་ཞིང་སྐྱུར་བར་འབྱུང་བ་དང༌། ཀླད་པ་འཁོར་བ་འདི་ལྟ་བུའི་ནང་དུ་འགྱུར་ཏེ། དེ་ལྟ་བུ་ལ་ནད་དཔྱད་ཀྱི་ཆོ་ག་བསིལ་བ་དང་ཚ་བ་དང༌། སྣུམ་པ་དང༌། རྩུབ་པ་ལ་སོགས་པ་ལེགས་པར་བྱས་ཏེ། གསོ་སླ་བ་འདྲ་བ་ལས་ཀྱང་མ་ཕན་པར་གྱུར་ན་དེ་ལྟ་བུའི་ཁྲག་ལས་ནད་དུ་གྱུར་པ་ཞེས་བྱ་སྟེ། དེ་ནི་ཁྲག་ལུད་པ་ཡིན་པས་རྩ་གཏར་ཏེ་ཁྲག་དྲངས་ན་ཕན་ནོ། །དེ་ལ་ཡང་ན་གཞོན་ཏེ་ལོ་བཅུ་དྲུག་མ་ཚང་བ་དང༌། རྒས་པ་ལོ་བདུན་ཅུ་ལོན་པ་ལ་ནི་གཏར་ག་གདབ་ཏུ་མི་རུང་ངོ༌། །མི་ཉམ་ཆུང་སྟེ་ཁོང་ན་སྣུམ་མེད་པ་དང༌། དུགས་སམ་ལུམས་བྱས་ཏེ་དྲགས་པ་དང༌། རླུང་ནད་ཅན་ལ་དུགས་དང་ལུམས་བྱས་པ་ལྟ་བུ་དང༌། བུད་མེད་སྦྲུམ་མ་དང་བུ་བྱུང་བ་དང༌། ཁ་ཟས་མ་ཞུ་བ་ལྟ་བུ་དང༌། མཁྲིས་པ་དང༌། ཁྲག་ནད་དུ་གྱུར་ཏེ་ཐུར་དུ་འཁྲུ་བ་དང༌། ཁ་སྣ་ནས་ཁྲག་འོང་བ་ལྟ་བུ་དང༌། དབུགས་མི་བདེ་བ་དང༌། ལུད་པས་བཀར་བ་དང༌། ཚད་པ་དྲག་པོས་བཏབ་བཏབ་པ་དང༌། དམུ་རྫིང་ལྟ་བུ་དང༌། རྟག་ཏུ་སློན་པ་དང༌། སྐྱ་རྦབ་ཀྱི་ནད་དང༌། འོར་ནད་ལུས་ཐམས་ཅད་སྐྲངས་པ་དང༌། མར་འཐུངས་པ་དང༌། སྔར་སྐྱུག་སྨན་ནམ་བཀྲུ་སྨན་ནམ། སྨན་མས་གཏོང་ངམ། སྨན་སྣ་ནས་གཏོང་ངམ། གཏར་ག་བཏབ་པ་འདི་ལྟ་བུ་བྱས་པར་གྱུར་པ་ལ་གཏར་ག་གདབ་ཏུ་མི་རུང་ངོ༌། །གཏར་ག་གདབ་པའི་ཐབས་ནི་དབང་བུའི་ཕྲག་ཏུ་རྩ་བ་བཙིར་བ་དྲག་ཏུ་མི་རུང་ངོ༌། །དབང་བུའི་ཕྲག་ཏུ་རྩ་བཙིར་བ་ཡོན་པོར་གྱུར་པ་འམ། ཡོན་པོར་གདབ་ཏུ་མི་རུང་ངོ༌། །རྩ་སྣང་བར་མ་བྱུང་བ་ལ་གདབ་
ཏུ་མི་རུང་ངོ༌། །ནད་དམིགས་དང་སྦྱར་ན་མྱུང་དུ་གཏར་ག་མི་གདབ་ཏུ་མི་རུང་བ་ལ་གཏོགས་པར་ཧ་ཅང་གྲང་ལྷགས་ཆེ་བའི་ཚེ་དང་རླུང་ཆེ་བའི་ཚེ་དང༌། ཚ་བའི་དུས་དང་ནམ་རྨུགས་པ་དང༌། འདི་རྣམས་ལྟ་བུའི་དུས་སུ་གཏར་ག་གདབ་ཏུ་མི་རུང་ངོ༌། །ཀླད་པ་དང་མིག་ན་བ་ལ་ནི་དཔྲལ་བའི་རྩ་གཏར་ན་ཕན་ནོ། །མིག་ན་བ་ལ་ནི་མིག་འགྲམ་གྱི་རྩ་དང༌། མིག་སྒོ་སྣ་དྲུང་གི་མཆན་ན་ཡོད་པའི་རྩར་ཐོབ་ཤིག །རྣ་བ་ན་ན་ནི་རྣ་བའི་རྒྱབ་བཤལ་ཀའི་མཚན་བུར་ཐོབ་ཤིག །སྣ་ན་ན་སྣའི་རྩེ་མོར་ཐོབ་ཤིག །ཆམ་པ་ན་ན་སྣའི་རྩེ་མོ་དང་དཔྲལ་བའི་དབྱེས་ཀྱི་རྩར་ཐོབ་ཤིག །ཁ་ན་ན་ལྕེའི་འོག་གི་རྩ་དང༌། མ་མཆུའི་ནང་གི་རྩ་དང༌། ཡ་མགལ་མ་མགལ་གྱི་རྩ་དང༌། རྐན་རྩར་གདབ་བོ། །མགུལ་པ་ཡན་ཆད་ན་སྟེ་མཁུར་བའི་རྩ་མདུད་ཡོད་པ་དང༌། མགུལ་པ་དང་རྣ་བ་དང་མུར་འགྲམ་དང་ཀླད་པ་མན་ཆད་ན་བ་ལ་རྩ་མདུད་དང་ནད་དམིགས་སྦྱར་ཏེ་གདབ་བོ། །སྨྱོ་བྱེད་དང་བརྗེད་བྱེད་ཀྱི་ནད་ལ་བྲང་དང་མིག་འགྲམ་དང་དཔྲལ་བའི་རྩ་དང༌། འགྲམ་པའི་མཚམས་སུ་གཏར་ག་ཐོབ་ཤིག །ལུས་ཀུན་ན་བ་ལ་སྨིན་མཚམས་སུ་བྱུང་བའི་རྩར་ཐོབ་ཤིག །འབྲས་དང་རྩིབ་ལོགས་སུ་ཟུག་པ་ལ་རྩིབ་ལོགས་དང་མཆན་ཁུང་དང་ནུ་མའི་བར་གྱི་རྩར་གདབ་བོ། །རིམས་ནད་ཞག་གསུམ་པ་ལ་ཕྲག་པའི་མཚམས་སུ་གདབ་བོ། །ཞག་བཞི་པའི་རིམས་ནད་ལ་ལྟག་པའི་འོག་ཏུ་གདབ་བོ། །ཚད་པ་བད་ཀན་ཀུན་འཁྲུ་ན་མཇུག་ཏོའི་གོང་སོར་གཉིས་ཙམ་དུ་གཏར་ག་ཐོབ་ཤིག །ཁུ་བའི་ནད་དམ་ཕོ་མཚན་གྱི་ནད་ལ་ནི་ཕོ་མཚན་གྱི་རྩ་ལ་གཏར་ག་གདབ་བོ། །མགུལ་པ་ན་བ་འམ་ལྦ་བ་བྱུང་བ་དང་བརླན་ན་བརླའི་རྩར་གདབ་བོ། །བརླའི་ཆུ་སུལ་དུ་རླུང་ཞུགས་ཏེ་འགྲོ་མི་ཤེས་ནས་རྐང་ཟུག་འཁུམས་པ་ལ་པུས་མོའི་ལྷ་ང་ན་མར་སོར་བཞི་འམ་ལྷ་ང་ནས་གོང་དུ་སོར་བཞི་བཅལ་ཏེ་གདབ་བོ། །བྱིན་པ་ན་བ་ལ་བྱིན་པའི་ཉྭ་འབུར་འབུར་པོའི་འོག་སོར་གཉིས་སུ་བཅལ་ཏེ་གདབ་བོ། །རྐུབ་ཙོས་ནས་བརླའི་འོག་ཐོག་ཐག་བྱིན་བའི་བར་དུ་ན་ན་ལོང་བུའི་ནང་རོལ་ན་ཡར་གོང་དུ་སོར་བཞི་བཅལ་ཏེ་གདབ་བོ། །པུས་མོའི་ལྷ་ངའི་འཁོར་སྐྲང་ཞིང་ན་བ་ཡང་དེ་བཞིན་དུ་ལོང་བུའི་གོང་སོར་བཞིར་ཐོབ་ཤིག །རྐང་པ་ཚ་བ་དང༌། རྐང་པ་འཐེང་བ་དང༌། རྐང་པ་སྦྲིད་པ་དང༌། རྟིང་
པ་སྣད་དེ་རྡོལ་བ་དང༌། མཐེ་བོའི་ཚིགས་ཀྱི་དྲུང་དུ་ཤ་རྨེན་བྱུང་བ་དང༌། རྐང་པའི་ཤ་ནང་གི་སྣམ་བུ་ཆད་པ་དང༌། འདི་ལྟ་བུ་ལ་རྐང་པའི་བོལ་གྱི་ཚིགས་ནས་གོང་དུ་སོར་གཉིས་སུ་བཅལ་ལ་གདབ་བོ། རྐང་ཟུག་འཁུམས་པའི་ནད་ལ་ཡང་དེ་དང་འདྲ་བར་གདབ་བོ། །ནད་དམིགས་སོ་སོར་ཇི་སྐད་བསྟན་པ་བཞིན་དུན་བ་ཡང་མ་ཡིན་པ་ལ་ནད་དམིགས་མ་མཐུན་པར་སྣང་ན་ཡང་གནོད་པར་འགྱུར་བའི་ནད་ཞོག་ལ། ནད་དམིགས་གར་བྱུང་ཞིང་གང་དུ་ན་བའི་རྩར་ཐོབ་ཤིག །གཏར་ག་གདབ་པའི་ཆོ་ག་ནི། སྔར་བས་ཁ་ཟས་སྣུམ་བག་དང་དུགས་ཀྱི་དཔྱད་བྱ་སྟེ། ལུས་འཇམ་ཞིང་ཡང་བར་བྱས་ནས་གཏར་གའི་ཡོ་བྱད་དང༌། གཏོར་མ་གཏང་བ་བྱས་ལ་བཀྲ་ཤིས་ཀྱི་ཆོ་ག་བྱས་ནས་ཁ་ཟས་སྣུམ་བག་དང་ཁུ་ཤ་ལ་སོགས་པ་ཟོས་ལ་མེ་འདེ་བ་དང༌། ཉི་མ་དྲོན་པོ་ལ་འདུག་སྟེ། ལུས་དྲོས་པར་བྱས་ནས་ཁྲིའུའི་སྟེང་དུ་ཙོག་ཙོག་པོར་འདུག་ལ། མགུལ་པ་ཡན་ཆད་ཀྱི་ནང་རྩར་གདབ་ན་དར་རམ་རས་ཀྱིས་བཅིངས་ལ་སྐྲ་ཡང་གྱེན་དུ་བརྫེས་ཏེ་བཅིངས་ལ་པུས་མོའི་ལྷ་ང་གཉིས་ཐོག་ཏུ་ལག་ངར་གྱི་གྲུ་མོས་བརྟེན་ནས་ཆང་པ་གཉིས་ཀྱི་བར་ནང་དུ་ཤིང་བལ་ལྟ་བུའི་རློང་བཅུག་སྟེ་བཅིངས་ལ། མགུལ་པ་ཡང་དར་རམ་རས་འཇམ་པོས་བཅིངས་ལ་ལག་པ་གཉིས་ཀྱིས་རང་གི་གཉའ་བ་ནས་འཁྱུད་དེ་བཙིར་ཅིག །འགྲམ་སོ་ཡང་སྡོམས་ལ་མཁུར་བ་གཉིས་གང་བར་བུས་ཏེ་ལུད་པ་ཅི་ལུར་ཚིར་ལ་མི་གཞན་གྱིས་རྒྱབ་ནས་ཀྱང་ཚིར་ཅིག །མགུལ་པ་དར་རམ་རས་ཀྱིས་བཅིངས་པའི་ཕྲག་ཏུ་རང་གི་མཛུབ་མོ་གཡོན་པ་བཅུག་སྟེ། མ་འགགས་པ་ཙམ་དུ་བྱའོ། །ཁོང་པའི་ནང་གི་རྩམ་གཏོགས་པར་ཕྱི་རོལ་གྱི་རྩ་རྣམས་བསྡམ་ཞིང་གདབ་པའི་ཆོ་ག་ནི་དེ་ལྟར་བྱའོ། །དེ་ལྟར་བསྡམས་པས་འཕྲལ་རྩ་བྱུང་སྟེ་སྣང་ན་སྨན་པའི་ལག་པ་གཡས་པའི་མཐེ་བོས་བརྟག་ཅིང་མནམས་ལ་སྨན་པའི་ལག་པ་གཡོན་པས་འཕྲལ་གཙགས་སྟ་རེ་ཁ་བཟུང་ལ་རྩའི་དབུས་སུ་གཏད་དེ། སྨན་པའི་ལག་པ་གཡས་པའི་གུང་མོའི་བེམ་ཏོལ་མ་ཡོ་བ་དང༌། གཙགས་བུ་མ་ཡོ་མ་འགུལ་བར་འཕྲལ་རྩ་ཐོབ་ལ་ཁྲག་ཕྱུང་ཤིག །སྣའི་ཐོར་ཏོ་དང་མིག་སྒོ་སྣ་དྲུང་གི་མཚན་གྱི་རྩར་གདབ་ན། གཙགས་བུ་འབྲས་འདྲ་བས་གདབ་ཅིང་ཁྲག་དབྱུང་ངོ༌། །ལྕེ་ལྐོག་གི་རྩར་
གདབ་ན་ལྕེ་བཏེག་སྟེ་བཟློག་ལ་སོས་མནན་ཏེ། ལྕེའི་འོག་ན་ཡོད་པའི་རྩར་ཐོབ་ཤིག །ནུ་མ་གཉིས་ཀྱི་བར་དང༌། མགུལ་པ་ཡན་ཆད་ན་ཡོད་པའི་རྩར་གདབ་ན་ཡང་མཆན་ཁུང་རམ་མགུལ་པ་བསྡམས་ཏེ་རྩར་ཐོབ་ཤིག །ལྟོ་བའི་རྩར་བཏབ་ན་ལྟོ་བ་ཐོག་ཏུ་མཉེས་ལ་ལྟོ་བའི་གོང་མཆན་ཁུང་དུ་དར་རམ་རས་ཀྱིས་བཅིངས་ཏེ། ལག་པ་གཉིས་ཀྱི་ཆང་པར་རྡོ་བ་ཆོངས་ལ་ལག་པ་བཅངས་ནས་གསུམ་པའི་རྩར་ཐོབ་ཤིག །ལག་ངར་གྱི་གྲུ་མོ་ནང་གི་རྩར་གདབ་ན་བདེ་བར་འདུག་སྟེ། ལག་ངར་མི་བསྐུམ་པར་བརྐྱང་ལ། མཐེ་བོང་ཆང་པར་བཅུག་ལ་རྩར་ཐོབ་ཤིག །གདབ་པའི་ས་ནས་གོང་དུ་སོར་བཞི་བཅལ་ཏེ་དར་རམ་རས་ཀྱིས་ཆིངས་ཤིག །རྩིབ་ལོགས་གཉིས་ཀྱི་རྩར་གདབ་ན་དཔུང་པ་གཉིས་ཐུར་དུ་བརྐྱང་སྟེ། ཁུ་ཚུར་བཅངས་ལ་རྩར་ཐོབ་ཤིག །ཕོ་མཚན་གྱི་རྩར་གདབ་ན་ཕོ་མཚན་གྱེན་དུ་ཐེག་ལ་ཐོབ་ཤིག །བྱིན་པའི་རྩར་གདབ་ན་བརླ་མན་ཆད་རྐང་པའི་བར་དུ་མཉེས་ལ་སྒབ་མ་ཅུང་ཟད་བསྐུམས་ཏེ། རྐང་པའི་བོལ་གྱི་ཐོག་ཏུ་རྐང་པ་ཡ་གཅིག་གིས་ཀྱང་མནན་ལ། པུས་མོའི་གོང་དུ་དར་རམ་རས་ཀྱིས་བཅིངས་ལ་ལག་པས་ཀྱང་མནན་ཏེ་རྩར་ཐོབ་ཤིག །ཐབས་འདི་དང་འདྲ་བར་ནད་དམིགས་ཀྱི་གཏར་ག་གདབ་པའི་དམིགས་མིང་གི་བཤད་པ་གཞན་ལ་ཡང་ནད་གང་དུ་གཏར་ག་གདབ་པའི་དམིགས་ཡོད་པ་དེ་དག་ཏུ་བཅིང་བའི་ཐབས་དེ་བཞིན་ཤེས་པར་གྱིས་ལ་ཐོབ་ཤིག །ཤ་སྣག་བུ་ཆེ་བའི་ཐོག་ཏུ་གཏར་ག་གདབ་པའི་མིང་གིས་མ་བཤད་པ་གཞན་ལ་ཡང་གང་དང་གང་དུ་གཏར་ག་གདབ་པའི་དམིགས་ཡོད་པ་དེ་དག་ཏུ་བཅིང་བའི་ཐབས་དེ་བཞིན་ཤེས་པར་གྱིས་ལ་ཐོབ་ཤིག །ཤ་སྣག་བུ་ཆེ་བའི་ཐོག་ཏུ་གཏར་ག་འདེབས་ན། གཙགས་བུ་འབྲས་ཀྱི་སྲིད་ཀྱི་ཟབས་ཙམ་དུ་ཐོབ་ཤིག །འཕྲལ་རྩ་བ་རུས་པའི་ཐོག་ལྟ་བུར་གཙགས་བུ་སྟ་རེ་ཁས་འདེབས་ན་ནས་ཀྱི་ཕྱེད་ཙམ་གདབ་བོ། །རྩར་ལེགས་པར་ཐེབས་ནས་ཁྲག་གཟོགས་ཤིག །རས་སམ་དར་གྱིས་བཅིངས་ལ་ཁྲོལ་ཕན་ཆད་ནི་ཁྲག་མ་གཟགས་ཤིག །གཏར་ག་གདབ་པ་ཉེས་ན་ཁྲག་ཟག་པའི་ཡུན་ཡང་ཐུང་ཁྲག་མང་པོ་མི་འབྱུང་ངོ༌། །དེ་ལྟ་བུ་ལ་རྨ་ཁར་ཏིལ་ཞིབ་ཏུ་བཏགས་པས་གདབ་བོ། །གཙགས་བུ་
ཧ་ཅང་གདབ་དྲགས་ན་ཁྲག་ཐོར་ཞེས་འབྱུང་བ་དང༌། སྒྲ་ཡོད་པར་འབྱུང་སྟེ། ཁྲག་གཅད་ཀྱང་དཀའ་བར་འགྱུར་ལ། སྡང་བ་དང༌། འབོག་པ་དང༌། ཡང་ན་བསྡམས་པ་ལྷོད་དམ། མཚོན་རྟུལ་ལམ་ཟས་སྐོམ་འགྲངས་ཤིང་ངོམས་ཆེས་སམ། ཡང་ན་ཁོང་རྨྱ་བ་འམ། བཤང་གཅིའི་ཤུགས་འོང་བར་གྱུར་ཏམ། དུགས་ལྟ་བུ་དྲགས་ན་ཡང་ཁྲག་དབྱུང་ངུ་མི་རུང་ངོ༌། །ཁྲག་དེ་ལྟར་འོང་དུ་མི་རུང་ན། སུག་སྨེལ་དང༌། པི་པི་ལིང་དང༌། ན་ལེ་ཤམ་དང༌། ལི་དོང་གྲ་དང༌། སྐྱེར་པ་དང༌། རྒྱ་སྤོས་དང༌། ཁང་པའི་ཀ་གདུང་ལ་ཆགས་པའི་དུད་པ་དང༌། ལྕེ་མྱང་ཚ་འདི་རྣམས་བཏགས་ཏེ་ཏིལ་མར་དང་སྦྱར་ལ་རྨ་ཁར་སྐུས་ཤིག །ཁྲག་ལེགས་པར་བྱུང་ན་རྨ་ཁར་ཏིལ་མར་དྲོ་འཇམ་ཙམ་དང༌། ལྕེ་མྱང་ཚ་སྐུས་ཤིག །གཏར་ག་གདབ་པ་ལ་དང་པོར་ནད་ཁྲག་ཆུ་སེར་ལེ་བརྒན་རྩི་འཁུས་པ་འདྲ་བར་འབྱུང་ངོ༌། །ནད་ཁྲག་ལེགས་པར་བྱུང་ནས་ཁྲག་རང་འཆད་དོ། །ཡང་ན་ཁྲག་བཟང་པོ་བྱུང་ན་དེས་ཆོག་གིས་བཅིངས་པ་ཁྲོལ་ཅིག །གལ་ཏེ་འབོག་སྟེ་བརྒྱལ་ན་བཅིངས་པ་ཁྲོལ་ལ་བསིལ་ཡབ་ཀྱིས་གཡོབས་ཏེ་བརྟས་པ་དང་ཁྲག་སླར་ཡང་ཕྱུང་ཤིག །ཡང་འབོག་པར་གྱུར་ན་ཉི་མ་གཉིས་གསུམ་ངལ་སོས་ལ་ཐོབ་ཤིག །དེ་ལ་རླུང་ནད་ཀྱི་ཁྲག་ནི་གནག་ལ་རྩ་དམར་བ་དང༌། ཁྲག་མདོག་རྩུབ་པ་ཁྲག་དབྱུང་བའི་ཤུགས་དྲག །མདོག་གསལ་ལ་དབུ་པ་ཅན་དུ་འདུག་གོ །མཁྲིས་པའི་ནད་ཁྲག་ནི་བསིལ་ཞིང་སེར་ལ་རྩ་གནག་མནམ་ལ་སྤྱི་བག་ཅན་ཁྲག་སྐ་སྟེ་མྱུར་དུ་མི་འབྱུང༌། ཁྲག་དྲོད་ཆེ་སྟེ་ཚ་ལ་ཁ་དོག་ཚོན་ཅན་དུ་སྣང་ངོ༌། །བད་ཀན་གྱི་ཁྲག་ནད་ནི་འཇམ་ལ་ཅུང་ཟད་རྩ་དཀར་ལ་དྲངས་ན་ནལ་ནལ་བྱེད། ལག་པས་མྱངས་ན་འབྱིལ་བའི་འབྱར་པག་ཏུ་བྱེད་པ་སྐའོ། །རླུང་དང༌། མཁྲིས་པ་དང༌། བད་ཀན་གསུམ་ཆར་འདྲེས་པའི་ནད་ཁྲག་ནི་ངན་ཞིང་དེ་གསུམ་གྱི་ཚུལ་འདྲེས་པར་ཡོད་ལ། ཁྲག་མདོག་གནག་ཅིང་ཀུན་འདྲེས་པར་འདུག་པའོ། །ནད་པའི་ཁྲག་ངན་ན་ཉམས་ཆེ་ཡང་རུང་ཁྲག་སྲང་བཞི་བཅུ་རྩ་བདུན་ཙམ་ལས་དབྱུང་དུ་མི་རུང་ངོ༌། །ཁྲག་ཧ་ཅང་དབྱུང་དྲགས་ན་འཆི་བར་འགྱུར་རོ། །དེ་བས་ན་ཁྲག་དབྱུང་དྲགས་ན་རླུང་ནད་ཀྱི་དཀྱེལ་མི་བཟད་པ་སྐྱེའོ། །དེ་ལ་ལྟག་ཁྲག་དབྱུང་དྲགས་པ་ལས་ལུས་མར་གྱིས་བྱུག་ཅིང་མཉེས་ཏེ།
བཅུད་དང་འོ་མ་དང་ཁྲག་བཅུད་དང་ཁ་ཟས་བསོད་པ་བཟའ། རླུང་ནད་ལ་ཕན་པའི་སྨན་གཏང་ངོ༌། །གཏར་ག་བཏབ་སྟེ་ཁྲག་ཆོད་པ་དང་ཏིལ་མར་གྱི་ནང་དུ་རས་འཇམ་པོ་འམ། བལ་གྱི་ཡེའུ་སྨྱུགས་ལ་རྨ་ཁར་བསྐུས་ལ། དབང་བུ་འམ། རས་སམ། དར་གྱིས་བཅིངས་པ་དལ་གྱིས་གློད་ལ་ཆུ་བསིལ་བས་ཁྲུས་ཤིག །ནད་ཁྲག་ཏུ་གྱུར་ཏེ་ཁྲག་ངན་ན་ནི་ཕྱེ་མ་འཕྲེད་བསྐྱར་རོ། །ཡང་ན་ཕྱི་དེ་ཉིན་སྐྱོར་ཅིག །ནད་པ་སྔར་ཉམས་བརྟས་ཏེ་སྣུམ་བག་གི་ཆོ་ག་བྱས་པ་ཞིག་ན་ནི་ཉམས་ཀྱིས་ཐུབ་པ་ཡིན་ཏེ། ཆོ་ག་བྱས་ནས་ཞག་གཉིས་ནས་གཏར་ག་ཐོབ་ཤིག །ནད་པ་ཉམ་ཆུང་ན་ནི་ཟླ་བ་ཕྱེད་ཙམ་དུ་སྣུམ་བག་གིས་བརྟས་ཏེ། དེ་ནས་གཏར་ག་ཐོབ་ཤིག །གཏར་ག་བཏབ་སྟེ། ནད་ཁྲག་གི་འཕྲོ་ལུས་ཀྱང་ཅུང་ཟད་ཐེ་གེ་བ་ལྟར་བྱེད་ན་ནི་ཁྲག་གི་འཕྲོ་ལྷག་མ་མ་གཏར་ཀྱང་སླ་སྟེ། ཧ་ཅང་དབྱུང་དྲགས་པར་མི་བྱའོ། །གལ་ཏེ་རྔབས་རུས་ཉི་ཚེར་གཞིབས་པའི་དམིགས་ཤིག་ཡོད་ན་ནི་རྔབས་རུས་ཐོབ་ཤིག །ཡང་ན་ནི་ནད་དབྱུང་ལ། ནད་ཁྲག་ངན་པ་འབྱུང་ཞིང་བསྩལ་བར་འགྱུར་བའི་སྨན་ཐོང་ཤིག་སྨན་གཏང་བའི་དམིགས་ནི་མཁྲིས་པ་རྒྱས་པ་ལས་ཁྲག་ལུད་དེ་ན་བར་འགྱུར་རོ། །དེ་ལྟ་བུ་ལ་དམིགས་ཀྱི་བྱེ་བྲག་ཏུ་བྱ་བ་ནི། བཀྲུ་སྨན་དང་སྐྱུག་སྨན་གྱིས་བཀྲུས་ལ་མཁྲིས་པ་ཚ་བའི་ནད་ལ་ཕན་པའི་སྨན་བསིལ་བག་ཐོང་ཤིག །ནད་ཁྲག་ངན་པ་ཡིན་གྱིས་ཀྱང་ཁྲག་རྒྱས་པ་ཙམ་དུ་མ་གྱུར་ན་ནད་ཁྲག་འབྱང་ཞིང་བགས་ཀྱིས་དབྱུང་བའི་སྨན་གཏང་བའི་ཐབས་ནི་དེ་ལྟར་བྱའོ། །གཏར་ག་གདབ་པ་ཞིག་ལ་ཁྲག་མི་ཆོད་ན་གཅོད་པའི་སྨན་ནི་རོ་དྲ་སེང་ཕྲོམ་དང༌། གནྡྷ་པྲི་ཡང་ཀུ་དང་རྨ་ཤིང་དང༌། མོན་སྲན་མ་ཤ་དང༌། ཤིང་མངར་དང༌། བཙག་ཡུག་སྣམ་དང༌། ས་ནག་པོ་སྤྱི་བ་དང༌། གྱོ་མོའི་དུམ་བུ་དང༌། ཟར་མ་དང༌། སྣག་ཚ་དང༌། ཅུག་ཧང་དང༌། ཁྲེ་དང་འདི་རྣམས་ཆ་སྙོམས་ཏེ་ཞིབ་ཏུ་བཏགས་ལ་རྨ་ཁར་ཐོབ་ཤིག །བསིལ་བའི་སྨན་ཤུག་པ་ལ་སོགས་པ་བཏགས་ཏེ་ཆུ་དང་སྦྱར་ལ་བླུད་དོ། །ཡང་ན་དེ་ལྟར་ཁྲག་མི་ཆོད་པ་དང༌། རྩ་དེ་གཉིས་ཀྱི་གོང་དུ་གཏར་ག་གདབ་བོ། །ཡང་ན་ཐུར་མ་བསྲེགས་པས་རྨ་ཁར་སྲེགས་ཤིག །གཏར་ག་གདབ་པའི་བཅིང་བ་མ་ལེགས་སམ། དབང་བུ་ལ་གདབ་པ་མ་ལེགས་ཏེ། ཡོ་བས་ནད་ཁྲག་མ་ཕྱིན་ཏམ།
ཁྲག་མངས་པ་ལྟ་བུར་གྱུར་པས་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་རྒྱས་པས་ནད་ཁྲག་ངན་པར་གྱུར་པས་རླུང་དང་མཁྲིས་པ་དང་བད་ཀན་རང་གི་གནས་སུ་མ་ཕེབས་མ་ལོན་གྱི་བར་དུ་ཁ་ཟས་ཕན་ཞིང་འཕྲོད་པ་དང༌། བྱེད་ཅིང་བསྐྱོད་པ་ཡང་ཕན་པའི་ཚུལ་དུ་བྱ་ཞིང་བསྟེན་ཏོ། །ཁ་ཟས་ནི་ཧ་ཅང་ཚ་བ་དང་བསིལ་བ་ཡང་མ་ཡིན། ཡང་ལ་འཇུ་སླ་བ་དེ་ལྟ་བུའི་ཟས་སྐོམ་བཟང་སྟེ། དེ་ལྟར་གཏར་ག་གདབ་པས་དྲོད་ཀྱང་ལྷག་པར་ཆུང་ལ་རླུང་དང་མཁྲིས་པ་དང་བད་ཀན་གསུམ་རང་གི་གནས་སུ་བབས་པ་ན་ཕན་པའི་ཆོ་ག་བྱ་ཞིང་དེ་ལྟར་བསྲུང་དགོས་སོ། །གཏར་ག་ལེགས་པ་ནི་བཞིན་མདོག་དང་དབང་པོ་རྣམས་དང་ཞིང་གསལ་བ་དང་མིག་ལ་སོགས་པ་དབང་པོ་རྣམས་ཀྱི་ཡུལ་ལ་འཇུག་པར་མོས་ལ་ཁ་ཟས་འཇུ་བའི་དྲོད་ཀྱང་མ་ཉམས་ཤིང་འཇུ་ལ་བཤང་གཅི་ཡང་ཐ་མལ་པར་འོང་ཉམས་བདེ་ལ་ཉམས་འཚག་བརྟས་ཤིང༌། སྟོབས་དང་ལྡན་པ་དེ་ལྟ་བུ་ནི་ཁྲག་ནད་བྱང་སྟེ་ཁྲག་བཟང་པོར་འགྱུར་ཞེས་བྱའོ། །གཏར་ག་གདབ་པའི་ཆོ་གའི་ལེའུ་ཉི་ཤུ་རྩ་བདུན་པ་རྫོགས་སོ།། །།ཁོང་དུ་མཚོན་ལུས་པ་དབྱུང་བའི་ཆོ་གའི་ལེའུ་ཉི་ཤུ་རྩ་བརྒྱད་པ་བཤད་པར་བྱའོ། །མཚོན་ཟུག་རྔུ་ལུས་པ་ནི་རྣམ་པ་ལྔ་སྟེ། ཁོང་ན་ཡོན་པོར་འདུག་པ་དང༌། དྲང་པོར་འདུག་པ་དང༌། གྱེན་དུ་འདུག་པ་དང༌། ཐུར་དུ་འདུག་པ་དང་རྣམ་པ་ལྔའོ། །དེ་ལ་མདོར་མཚོན་ཁོང་དུ་ལུས་པའི་ཐབས་ནི། སྤྱིར་ནད་དམིགས་ཀྱི་ཐད་ཀར་ཤ་མདོག་ནག་པོར་འདུག་ལ་སྐྲངས་ཤིང་ནད་ཁྲག་ཡང་དང་ཡང་ཟག །སྐྲངས་ཤིང་གློ་བར་འདུག་པའི་རྨ་ཁ་ཉེན་ཀོར་དུ་ཆུ་བུར་འདྲ་བའི་ཐོར་བུ་ཡོད། ཤ་མཐང་དེ་འཁོར་འཇམ་པོར་གྱུར་ན་དེ་ནི་མདོར་མཚོན་ཁོང་དུ་ལུས་པ་ཞེས་བྱའོ། །པགས་པའི་བར་ན་མཚོན་ནམ་ཤིང་ཚལ་དུམ་བུ་ཡོད་ན་ནི། པགས་པའི་མདོག་གནག་ལ་སྲ་བར་འགྱུར་རོ། །ཤའི་ནང་ན་མཚོན་ནམ་ཤིང་ཚལ་པ་ལུས་ན་ནི་སྐྲངས་པར་འགྱུར་ཏེ། རྨ་ཁ་ལྷང་ལྷང་བྱེད་ཅིང་སྐྲངས་པའི་ཚབས་ལྷག་པར་ཆེ་སྟེ། བཅིར་བས་མི་བཟོད་ལ་གནག་སྟེ་རྨ་འཚོར་མི་རུང་བ་ཡིན་ནོ། །ཉའི་ནང་དུ་མཚོན་ནམ་ཤིང་ཚལ་ལུས་ན་ཤའི་ནང་དུ་མཚོན་ལུས་པ་དང་འདྲ་སྟེ་སྐྲང་བ་ནི་མ་ཡིན་ནོ། །ཆུ་བ་མང་པོ་དྲང་བའི་ནང་དུ་མཚོན་ནམ་ཤིང་ཚལ་
ལུས་ན་འགུལ་ཞིང་བསྐྱོད་པའི་ཚེ་རབ་ཏུ་ན་ལ་ནང་བུ་གའི་སྦུབས་ལ་གནོད་པས་སྦུབས་ཀྱི་རང་རང་གི་ལས་ཀྱི་ཡོན་ཏན་ལ་གནོད་དེ་ཉམས་པར་འགྱུར་ལ་མཚོན་ནམ་ཤིང་ཚལ་དེ་དབྱུང་ཡང་དཀའོ། །མཚོན་ནམ་ཤིང་ཚལ་རྩལ་བབ་པ་ནི་རྩ་སྐྲངས་པར་སྣང་ངོ༌། །སྣའི་སྦུ་གུ་ལ་སོགས་ཏེ་སྦུ་གུ་ལྟ་བུའི་ནང་ན་མཚོན་ལུས་ན་སྦུ་གུ་སོ་སོ་རང་གི་ལས་ཀྱི་ཡོན་ཏན་ཉམས་ཏེ་གནོད་དོ། །རྩ་ཆེན་པོ་བཅུ་ལ་མཚོན་ནམ་ཤིང་ཚལ་བབ་སྟེ་ལུས་ན་རླུང་དང་ཁྲག་དང་དབུ་བར་འདྲེས་ཏེ། རླུང་བྱུང་བ་ནི་དབུགས་སྒྲ་ཅན་དུ་བྱུང་བ་དང་སྙིང་ན། རྐང་ལག་གི་ཡན་ལག་ནའོ། །རུས་པའི་ཚིགས་ཀྱི་མཚམས་བོག་རེའི་ནང་དུ་མཚོན་ལུས་ན་རུས་པ་བརྩེ་ལ་ན་བའི་ཚབས་ཆེའོ། །མཚོན་རུས་པ་ལ་བབ་སྟེ་ཡོད་པར་གྱུར་ན་ན་བའི་ཚུལ་དང་ཐབས་རུས་པ་གཅིག་པུ་ན་བ་མ་ཡིན་ཏེ། རུས་པ་ཀུན་དུ་ཁྱབ་པར་ན་ལ་སྐྲངས་པར་འགྱུར་རོ། །རུས་པའི་ཚིགས་ལ་མཚོན་ཡོད་པ་དང་འདྲ་བར་རུས་པ་ལ་མཚོན་བབ་ན་ཡང་བསྐྱོད་ཅིང་འགུལ་བ་མི་ཤེས་ཤིང་གནོད་པ་ཡིན་ནོ། །ནང་གྲོལ་གྱི་རྒྱུ་མ་དང་ལོང་ཀ་ལ་སོགས་པ་ལ་མཚོན་བབ་ན། ཁ་ཟས་དང་ངན་སྐྱུགས་རྨ་ཁར་སྣང་ལ་རྨ་ཕྱིར་སྐྲང་ངོ༌། །མཚོན་གནད་ལ་བབ་པར་གྱུར་པ་ནི་ནད་ལ་ཟུག་པའི་ཚུལ་བརྟགས་པས་ཤེས་པར་བྱའོ། །ཤའི་སུལ་དུ་མཚོན་འཚེབས་ཤིང་འདུག་ན་ནི་ལུས་ལ་རྨ་དང༌། སྐྲང་གློའི་བག་ཏུ་མི་མངོན་པར་མདོག་བཟང་པོར་འདུག་གོ །གལ་ཏེ་དེ་ལ་རླུང་ངམ་མཁྲིས་པ་འམ་བད་ཀན་གྱི་ནད་བསླང་ངམ། དྲག་ཤུལ་ལས་སྣད་པར་གྱུར་ན་ནད་ལངས་ཏེ་ན་བར་འགྱུར་རོ། །མཚོན་ནམ་ཤིང་ཚལ་ཟུག་རྔུ་ཕྱིན་པར་གྱུར་ན་རྨ་ཁ་པགས་པའི་ཤ་མདོག་བཙན་ཅན་མ་རུངས་པར་གྱུར་ན། རྨའི་འཁོར་ན་ཞིང་དམར་ལ་ཚ་བ་དེར་མར་བཞག་ན་འཇུའམ་། སྨན་ལྡེ་གུས་བྱུགས་ནས་སྐམས་པར་གྱུར་པ་དེར་མར་གྱིས་བྱུགས་ལ་དུགས་བྱ་ཞིང་མཉེ་སྟེ། མཚོན་ཟུག་རྔུ་ཁོང་དུ་ལུས་པའི་ཆོ་ག་དང་འདྲ་བར་གྱིས་ཤིག །མཚོན་ཟུག་རྔུ་ཁོང་ན་ལུས་ཏེ་ཤ་མ་རུངས་པར་གྱུར་ན་བཀྲུ་སྨན་དང་སྐྱུག་སྨན་གྱིས་བཀྲུས་ཏེ་ཤ་བྲི་བ་དང་ཟུག་རྔུ་ཡོད་པའི་འཁོར་ན་ཤ་སྙེ་བར་གྱུར་ནས་བསྒུལ་ཞིང་བསྐྱོད་པ་དང༌། བཙན་དམར་པོ་ལ་སོགས་པས་ནང་གི་ཟུག་རྔུ་ཐབས་ཇི་ལྟར་འདུག་པ་རྟོགས་ཤིག །དེ་བཞིན་དུ་ནང་གི་ཆུ་བ་ཕྲེའུ་དང༌། རུས་པའི་ཚིགས་ཀྱི་
བོག་རེ་དང༌། ནང་གྲོལ་རྣམས་ལ་ཟུག་རྔུ་ཡོད་པ་དེ་བཞིན་དུ་རྟོགས་ཤིག །མཚོན་ཟུག་རྔུས་རུས་པ་མ་རུངས་པར་གྱུར་པ་བརྟག་པ་ནི། རུས་པ་ལ་མར་རམ་ཏིལ་གྱི་འབྲུ་མར་གྱིས་བྱུག་ཅིང་དུགས་བྱ། བསྡམ་ཞིང་བཙིར་བ་དང་མཉེ་བ་དང་རྐང་ལག་བརྐྱང་བསྐུམ་བྱས་པས་བརྟག་པར་བྱའོ། །རུས་པའི་ཚིགས་བོག་རེ་བརྟག་པ་ཡང་རུས་པ་དང་འདྲའོ། །ཆུ་བ་དང་རྩ་དང་ལུས་ཀྱི་ལྦུ་བ་དང༌། ལུས་ཀྱི་རྩ་ཆེན་པོ་རྣམས་ལ་ཟུག་རྔུ་ཡོད་ན་ཡང་བརྟག་པའི་ཐབས་ནི་ལམ་མཐོན་དམན་མི་མཉམ་པ་ལ་འགྲོ་བ་དང༌། ཤིང་རྟ་འགྲུམ་ཞིང་འཆག་པའི་སྟེང་དུ་ཞོན་ལ་དྲག་ཏུ་སོང་སྟེ་བསྐྱོད་པས་གར་ཟུག་ཅིང་ན་བའི་དམིགས་ལས་ཤེས་པར་བྱའོ། །མཚོན་ཟུག་རྔུ་གནད་དུ་བབ་པ་བརྟག་པ་ལོགས་ཤིག་ཏུ་མ་བཤད་དེ། དེ་དག་ཀྱང་ཤ་ལ་སོགས་པ་ལ་གནས་པ་ཡིན་པས་སྤྱི་ནི་རྐང་ལག་བརྐྱང་བསྐུམ་དང༌། གསིག་ཅིང་བསྐྱོད་པའི་ཚེ་གར་ཟུག་ཅིང་ན་བའི་དམིགས་ལས་ཤེས་པར་བྱའོ། །མཚོན་ཁོང་དུ་ལུས་པའི་དབྱིབས་ཟླུམ་པོ་འམ། ཟུར་བཞི་པ་འམ། ཟུར་གསུམ་པ་འམ། ཆེན་པོ་གང་ཡིན་པ་མདོར་རྨ་ཁའི་དབྱིབས་ལས་བརྟག་པར་གྱིས་ཤིག །མཚོན་ཟུག་རྔུ་དེ་ལྟ་བུ་ཟུག་པ་དབྱུང་བ་ཡང་ཕྱིར་དྲང་བ་དང༌། མདུན་ནས་དྲང་བ་དང༌། མཚོན་ཟུག་པའི་རྩ་བ་ནས་དྲང་བ་དང༌། མཚོན་གྱི་རྩེ་མོ་ནས་དབྱུང་ཞིང་དྲང་ངོ༌། །ཡང་ན་ཐབས་དེ་ལྟ་བུ་མ་ཡིན་པ་མཚོན་གང་ན་ཡོད་པའི་ཐད་ཀར་གློར་དྲལ་ཏེ་དྲངས་ནས་བདེ་བླག་ཏུ་ཕྱིན་ནོ། །མཚོན་བྲང་གི་གནད་ལ་བབ་པ་དང༌། མཆན་ཁུང་དང༌། བརླ་དྲུང་ཆུ་སོའི་བར་དང༌། རྩིབ་ལོགས་ལྟ་བུར་མཚོན་གྱིས་ཕོག་སྟེ་ཟུག་རྔུ་ལུས་པ་ནི་ཕྱིར་དྲང་ཞིང་དབྱུང་དུ་མི་རུང་ངོ༌། །མཚོན་གྱི་རྩེ་མོ་མི་མངོན་ནམ་མཚོན་ཆེ་འམ་གཅད་དུ་རུང་བར་སྣང་ཡང་གནོད་པའི་ནད་ཡིན་ན་ཕྱིར་དྲང་ཞིང་གཅད་དུ་མི་རུང་ངོ༌། །མདེའུ་སྣ་སྦྲང་ལྟ་བུས་ཟུག་པ་ཡང་དབྱུང་དུ་མི་རུང་ངོ༌། །ཡང་ན་མདེའུ་ནང་དུ་ལུས་ཏེ་གནོད་པ་མེད་ན་ཞོག་ཅིག །ཡང་ན་མདེའུ་ལག་གིས་ཟུང་ལ་དྲོངས་ཤིག །མཚོན་སྣང་ལ་ལག་གིས་དྲང་དུ་མི་རུང་ན། དྲང་བའི་སྤྱད་འཁྲུལ་འཁོར་གྱི་མིང་སེང་གེའི་ཁ་ཞེས་བྱ་བ་དང༌། ཆུ་སྲིན་གྱི་ཁ་ལྟ་བུ་དང༌། སྲོག་ཆགས་འབར་མི་དང༌། སྲིན་བུ་ཀར་ཀ་དའི་མཆུ་འདྲ་
བས་མཚོན་ཅི་འདྲ་བའི་གཟུགས་བལྟར་མི་སྣང་ཡང་རྨ་ཁའི་དབྱིབས་དང་སྦྱར་ལ་དྲང་བའི་ཆ་བྱད་ཀྱི་འཁྲུལ་འཁོར་གྱིས་དྲངས་ན་ཕྱིན་ཏེ། པགས་པའི་བར་ན་མཚོན་ཡོད་བ་ནི་སྐམ་བུ་བྱ་ཀང་ཀ་དང༌། བྱ་བྷྲིང་ག་དང༌། བྱ་ཀུ་ར་རིའི་མཆུ་འདྲ་བ་དང༌། མདའ་འདྲ་བ་དང༌། སྨྱུང་བུ་འདྲ་བ་དང༌། བྱ་རོག་གི་མཆུ་འདྲ་བར་བྱས་པའི་སྐམ་བུས་དྲོངས་ཤིག །གསང་དང་སྦུ་གུ་ལྟ་བུར་མཚོན་ཟུག་པ་ལ་དྲང་བའི་འཁྲུལ་འཁོར་སྒོ་ལྕགས་ལྟ་བུས་དབྱུང་ངོ༌། །ཡང་སྦུ་གུ་དང༌། གསང་མ་ཕོག་པའི་མཚོན་འདམ་བུའི་སྦུ་གུ་ལྟ་བུས་དབྱུང་ངོ༌། །དེ་བཞིན་དུ་མཚོན་ཟུག་རྔུ་ཁོང་དུ་ལུས་པ་གཞན་ཡང་སོ་སོའི་མཚོན་དབྱིབས་ཇི་འདྲ་བའི་ཚུལ་དང་སྦྱོར་ལ་ལེགས་པར་དབྱུང་ངོ༌། །མཚོན་ཟུག་པ་ལག་གིས་དྲང་དུ་མི་རུང་སྐམ་པས་ཀྱང་མི་ཕྱིན་པ་དེ་ནི་རྨ་ཁའི་ཆུ་སེར་དང་ཁྲག་བཙན་ཇི་ཡོད་པ་ལེགས་པར་ཕྱི་ཞིང་བསལ་ལ་མར་དང་སྦྲང་རྩི་སྦྱར་ལ་རྨ་ཁར་བསྐུས་ལ་དུགས་བྱས་ནས་རྨ་ཁ་གཡོགས་ཤིང་གླན་པའམ། བཅིང་བ་ཅི་ལེགས་པར་བྱས་ན། སྣགས་པ་མཚོན་དུ་དབྱུང་བ་སླ་བར་འགྱུར་རོ། །རྩ་དང་ཆུའི་ནང་དུ་མཚོན་ལུས་པ་ནི་ཐུར་མས་བསྐྱོད་ཅིང་བསྒུལ་ཏེ་དྲོངས་ཤིག །སྙིང་གའི་རུས་པ་ལ་མཚོན་བབ་པ་ནི་ཆུ་གྲང་མོས་གདོང་དུ་བཏབ་སྟེ་སྡངས་པ་དང༌། མཚོན་འགུལ་ཏེ་འཕགས་པར་གྱུར་པ་ལས་ཐབས་ཇི་ལེགས་པར་བྱ་ཞིང་དབྱུང་ངོ༌། །མཚོན་ཇི་ལྟར་ཟུག་པ་དེའི་རྨ་ཁའི་བུ་གནས་དབྱུང་དཀའ་བ་ལྟ་བུ་དང༌། གཞན་ཡང་དེ་བཞིན་དུ་དབྱུང་ངོ༌། །རུས་པ་ལ་མཚོན་ཟུག་པ་དྲང་བ་ནི་རྐང་པས་བརྟེན་ལ་ཕྱུང་ཤིག །དེ་ལྟར་དྲངས་ཏེ་མ་ཕྱིན་ན་མི་སྟོབས་ཆེ་ལ་སྙིང་ཆེ་ཞིང་བརྟན་པས་ལེགས་པར་དྲོངས་ཤིག །དེ་ལྟར་དྲངས་ཏེ་ཡང་མ་ཕྱིན་ན་མདེའུའི་རྩ་བ་བཀུག་ལ་གཞུ་རྒྱུད་ཀྱིས་ལེགས་པར་བརྟགས་ལ་རྟ་གཡུང་བརྟན་གྱི་རྐང་ལག་དང་མཐུན་ནས་ལེགས་པར་བརྟགས་ཏེ། གཞུ་རྒྱུད་དེ་སྲབ་ཀྱི་ཡང་མིག་ལ་བཏགས་ལ་རྟ་ལྕག་གིས་གཞུས་ཏེ་མགོ་དྲག་ཏུ་བཏེག་ན་ཕྱིན་ཏོ། །ཡང་ན་ཤིང་ཆེན་པོའི་ཡལ་ག་ཐུར་དུ་བཀུག་པ་ལ་གཞུ་རྒྱུད་ཐོགས་ལ་ཤིང་གི་ཡལ་ག་བཏང་ན་ཕྱིན་ཏོ། །གཞུ་རྒྱུད་ངན་ཏེ་ཆད་དུ་ དོགས་ན་སྣོན་ཐག་པ ་བཟང་པོ་ཐོགས་ཤིག །རྨ་ཁ་སྐྲངས་མདེའུ་མི་སྣང་ན་སྦུ་གུ་དོང་བུ་ལྟར་འདུག་པས་རྨ་ཁ་ནས་མར་བཙིར་ལ་མཐེའུས་ཅུང་
ཟད་རྡོབས་ལ་མདེའུ་རྩ་བ་སྣང་ན་རྩ་བ་ནས་ཟུང་ལ་དེ་བཞིན་དྲོངས་ཤིག །སྦུ་གུ་ཅན་གྱིས་བཙིར་ཞིང་མདེའུའི་རྩ་བ་བཏགས་ལ་མདེའུའི་ཁར་སྣང་དུ་མི་རུང་ན་ཡང་སྦུ་གུ་རྨའི་བུ་གར་མདེའུ་རྩ་གཏད་ཅིང་སྣང་བར་བྱས་ན་མདེའུ་ཟུར་ཁ་ཚོན་ཆེ་སྟེ། དྲུང་དུ་མི་བདེ་ན་མདེའུ་ཟུར་གྱི་རྣ་བ་གཡས་གཡོན་སྐམ་པས་གཏམས་ལ་ཆུང་དུར་བྱས་ཏེ་ཕྱུང་ཤིག །མདེའུ་རྣ་བ་ཐོགས་པ་མེད་པ་ལྟ་བུ་ནི་ཁབ་ལོང་ཐོགས་ཏེ་རྨ་ཁ་ཕྱེ་ལ་མདེའུ་དང་ཁབ་ལོང་གཏུག་ཅིང་བསྟན་ན་རང་འབྱུང་བར་འགྱུར་རོ། །ལོང་ཀ་དང་རྒྱུ་མ་ལྟ་བུའི་ནང་དུ་མཚོན་ལུས་ན་བཀྲུ་སྨན་གྱིས་ཁོང་དུ་ཁྲུས་ལ་ཕྱུང་ཤིག །མཚོན་གྱིས་རྨས་པའི་རྨ་འམ། སྣད་དེ་རྨ་བྱུང་བ་ལ་རླུང་གིས་ཕོག་གམ། དུག་རེག་གམ། ནུ་མ་ལ་འབྲས་ལྟ་བུ་བྱུང་སྟེ་གནག་ཅིང་ཆུ་སེར་ཟག་པ་དང༌། རྨ་ཁ་ན་རྣག་དང་ཁྲག་དང་ཆུ་སེར་ཡོད་པ་དང༌། ཆུ་ཤོར་བ་རྣམས་ལ་རྡབས་རུས་གཞིབ་ཅིང་བསལ་ལོ། །གྲེ་བའི་ནང་དུ་མདེའུ་འམ་གྲ་མ་འམ་ཉ་རུས་ལྟ་བུ་ཟུག་ན་པདྨའི་རྩ་བ་ཕྲེའུ་དང༌། ཁ་ཟས་ལྷན་ཅིག་ལ་བལྡད་དེ། པདྨའི་རྩ་བའི་ཐོར་ཏོ་ལ་ལག་གིས་བཟུང་ལ་ཐུར་དུ་མིད་པ་དང་མདེའུ་ལ་འཁྲིས་ཏེ་ཐོགས་པ་ལ་ཕྱིར་དྲངས་ན་མདེའུ་ཕྱིན་ཏོ། །རྒྱ་སྐྱེགས་ཀྱི་ཤིང་གི་ཚིགས་མཁར་བཅུག་པ་ལས་གྲེ་བར་སོང་སྟེ་ཐོགས་ན་ལྕགས་ཐུར་བསྲེགས་ཏེ། སྨྱིག་གུའི་ནང་དུ་བཅུག་སྟེ་གྲེ་བའི་ནང་དུ་བཏང་ལ་ལྕགས་ཐུར་ཚན་པོས་རྒྱ་སྐྱེགས་ལ་ཟུག་སྟེ་དམ་པོར་གྱུར་པ་དང༌། ཆུ་གྲང་འཐུངས་པའི་ཕྱིར་དྲངས་ན་ཕྱིན་ནོ། །གྲེ་བར་རྒྱ་སྐྱེགས་མ་ཡིན་པ་གཞན་ཞིག་ཐོགས་ན། རྒྱ་སྐྱེགས་བཞུས་པ་སྦུ་གུ་ནས་བཏང་སྟེ་རྒྱ་སྐྱེགས་དང་འབྱར་བར་བྱོས་ལ་དྲོངས་ཤིག །གྲེ་བར་སྐྲ་ཤད་ལྟ་བུ་དང༌། གྲ་མ་དང༌། ཚེར་མ་དང༌། ཉ་རུས་ལ་སོགས་པ་གྲེ་བར་ཐོགས་ན་འཕྲལ་ལ་སྲང་བུ་འཇམ་པོ་དང༌། ཟས་སུ་བསྲེས་ལ་མིད་ལ་སླར་དྲངས་ན་ཕྱིན་ནོ། །ཁ་སྣར་དྲང་དུ་མི་རུང་ན་སོག་དབྲག་ཏུ་བརྡེག་ཅིང་ཆུ་བཏུང་ངམ་ཁ་ཟས་ཟོས་ལ་ཐུར་དུ་མིད་པར་གྱིས་ཤིག །མིག་གི་ནང་དུ་སྦུར་མ་སོང་ངམ་རྨ་ཁར་སྦུར་མ་སོང་སྟེ་ན་ན། རྨ་ཁ་འམ་མིག་ཏུ་ཆུ་ལྡུགས་ལ་སྐྲ་འམ་བལ་འཇམ་པོས་སོལ་ཅིག །ལྟོར་ཆུ་དྲགས་སམ་ཆུའི་ནང་དུ་སོང་སྟེ་ཁ་སྣ་ཆུས་གང་ན་ཁ་བུབ་ཏུ་བཙིར་ཞིང་སློན་ཏོ། །ཡང་
ན་སྐེ་མན་ཆད་ཐལ་བའི་ནང་དུ་ནུབ་པར་བཅུག་ན་ཕན་ནོ། །རྣ་བའི་ནང་ཆུས་གང་ན་ཏིལ་མར་གྱི་འབྲུ་མར་དང་ཆུར་བསྲེས་ཏེ། ལག་པས་དཀྲུགས་ལ་རྣ་བར་བླུགས་ན་དེ་ནས་རྣ་བའི་བུ་གར་ཐུར་དུ་བཏོན་ལ་རྣ་དྲུང་དུ་ལག་པ་བསྡམ་པ་འམ། ཡང་ན་གཞིབ་པར་གྱིས་ཤིག །རྣ་བའི་ནང་དུ་སྡིག་སྦུར་རམ་སྲིན་བུ་སོང་ན་རྣ་བའི་ནང་དུ་ཚ་ཆུ་དྲོ་འཇམ་ཙམ་མམ་ལན་ཚྭ་དྲོ་འཇམ་ཙམ་གྱིས་དགང་བར་བྱའོ། །སྲིན་བུ་རྣ་བའི་ནང་དུ་ཤི་ན་སྲིན་བུའི་ཁོག་པ་དབྱུང་བའི་ཆོ་ག་གྱིས་ཤིག །རྒྱ་སྐྱེགས་ལྟོར་སོང་བ་དང༌། གསེར་དངུལ་ལ་སོགས་པ་ལྟོར་སོང་ངམ། ཁོང་དུ་ལུས་པ་ནི་ཡུན་རིང་དུ་འདུག་གོ །མདེའུ་ལ་སོགས་པ་མཚོན་དང་ཟུག་རྔུ་གཞན་ཁོང་དུ་ལུས་པ་ནི་ལུས་ཀྱི་དྲོད་གྱིས་འཇུ་བར་འགྱུར་རོ། །ཁོང་པའི་ནང་དུ་ས་དང༌། འོད་མའི་ཚལ་པ་དང༌། ཤིང་ཚལ་དང༌། རྭ་དང༌། རུས་པ་དང༌། སོ་དང༌། སྐྲ་དང༌། རྡོ་བ་ལ་སོགས་པ་རྣམས་སོང་བ་ནི་འཇུར་མི་རུང་ངོ༌། །རྭ་དང༌། འོད་མའི་ཚལ་པ་དང༌། ལྕགས་དང༌། ཤིང་ཏ་ལའི་ལོ་མ་དང༌། ཤིང་ཚལ་ལ་སོགས་པ་ནི་ཡུན་རིང་དུ་ཡང་མི་འཇུ་སྟེ། དེ་བས་ན་ཤ་དང་ཁྲག་ནི་ཟུག་རྔུའི་དྲོད་ཀྱིས་ཚོས་པར་འགྱུར་གྱི་ཟུག་རྔུས་འཇུ་བ་མེད་ན་སྒུ་བོ་ཅན་དུ་འགྱུར་རོ། །མཚོན་ནས་ཟུག་རྔུའི་ཤའི་ནང་དུ་ཚབས་ཆེར་ཟུག་པས་རྨའི་འཁོར་ཚ་ཞིང་ན་བའང་མེད་པ་དེ་ལྟ་བུ་ལ་མཉེ་ཞིང་དུགས་བྱས་ལ། བཀྲུ་སྨན་དང་སྐྱུག་སྨན་གྱིས་སྦྱངས་ཏེ་ཤ་དབྲིའོ། །ཤ་དབྲི་དྲགས་ན་ཅུང་ཟད་སླར་བརྟས་ལ། སྨན་ཚ་བ་རྣོན་པོ་དང་སྦྱར་ལ་ཕུར་མའི་དུགས་བྱ་བ་དང༌། ཁ་ཟས་ཀྱང་བྱིན། སྐོམ་ཡང་བླུད་ལ། དེ་ལ་ཞལ་ཞལ་བཏབ་སྟེ་ནད་ཁྲག་ཕྱུང་ཤིག །ཕུར་མའི་དུགས་བྱས་ཏེ་ནད་ཁྲག་ཕྱིན་པ་དང༌། རྨ་དང་བཙན་རྣམས་སྨིན་ཏེ་དུས་ལ་བབ་པ་དང༌། རྨ་ཁ་དྲལ་ལ་མཚོན་ནམ། ཟུག་རྔུ་གང་ལ་འདུག་པ་བཙལ་ཞིང་བརྟགས་ལ། རྨ་ཁ་བསལ་ཞིང་ཕྱེ་ལ་ཟུག་རྔུ་ཕྱུང་ཤིག །ཁོང་དུ་མཚོན་དང་ཟུག་རྔུ་ལུས་པ་དེ་ཅི་འདྲ་བ་གང་ན་ཡོད། ཇི་ལྟར་འདུག་པ་བརྟགས་ལ། དེའི་ཚུལ་དུ་མཚོན་དབྱུང་བའི་ཆ་སྤྱད་འཁྲུལ་འཁོར་ཡང་སྣ་མང་པོར་སྦྱོར་ཏེ། སོ་སོའི་ཐབས་དང་སྦྱོར་བ་མཁས་པ་རྣམས་ཀྱིས་གྱིས་ལ་མཚོན་ཟུག་རྔུའི་དམིགས་ཁོང་དུ་ཆུད་པར་གྱིས་ཏེ་མཚོན་ཟུག་རྔུ་ཕྱུང་ཤིག །ཁོང་དུ་མཚོན་དང་ཟུག་རྔུ་ལུས་པ་དབྱུང་བའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པ་རྫོགས་སོ།། །།
ཐོར་བུ་ལ་སོགས་པ་སྐྲངས་པ་དང་སྨིན་པ་དང་རྣགས་པ་ལ་གཏར་ག་གདབ་པའི་ཆོ་གའི་ལེའུ་ཉི་ཤུ་དགུ་པ་བཤད་པར་བྱའོ། །ཐོར་བུ་ལྟ་བུ་དང་པོ་སྐྲངས་པ་ལས་སྨིན་ཏེ་རྣགས་པ་དང་བཏོན་ཏེ་རྨ་འབྱུང་ངོ༌། །དེ་བས་ན་དེའི་ཆོ་ག་ནི་སྐྲངས་པ་དེ་མ་སྨིན་མ་རྣགས་པར། སྨན་བསིལ་བའི་ལྡེ་གུ་དང་ཆུས་གདབ་ཅིང་གཏར་ག་གདབ་ལ་ཁྲག་དབྱུང་བ་དང༌། བཀྲུ་སྨན་ལ་སོགས་པ་བཏང་བས་འཁྲུ་ཞིང་རྨ་དེ་སྨིན་པར་མི་འགྱུར་བར་སྲུངས་ཤིག །ཐོར་བུ་དེ་མ་སྨིན་པ་ནི་སྐྲངས་པ་ཆུང་དུ་བྲི་བ་དང༌། ཚ་བའི་དྲོད་བྲི་བ་དང༌། ཐོར་བུ་མ་སྨིན་པ་དེའི་མདོག་དམར་པོར་ཡང་མ་གྱུར་ལ་སྲ་ཞིང་བརྟན་པར་འདུག་གོ །ཐོར་བུ་དེ་སྨིན་པ་ནི་མདོག་འགྱུར་ལ་ནག་པོར་སྣང༌། རྐྱལ་བུ་གང་བ་བཞིན་དུ་འདུག་སྟེ། ན་ཞིང་ཟུག་ལ་གྲམ་ཞིང་འཕྲོ། །ལུས་ཀྱི་ཡན་ལག་བརྡུང་བ་སྙམ་བྱེད་ལ་གླལ་འབྱུང་ཞིང་ན། ཟས་ཡི་གར་མི་འོང༌། ལུས་ཚ། རིམས་ཀྱིས་འདེབས། གཉིད་ཆེ། ཐོར་བུ་སྐྲངས་པ་དེ་ཚ་ཁྱད་ནི་མར་གཞག་ན་འཇུ་བ་སྟེ། རྨ་དང་འདྲ་བར་རེག་ན་མི་བཟོད་པ་ཡིན་ནོ། །རྨ་དེ་རྣགས་པ་ལས་ཅུང་ཟད་རྩེ་གཞིལ་བ་ནི་ཐོར་བུ་སྨིན་པ་དེ་ན་པའི་ཤུགས་འབྲི་ལ་རྙིས་བག་ཏུ་འདུག །ཐོར་བུ་དཀར་ལ་གཉེར་མ་ཆུམ་ཆུམ་བྱེད། ཐོར་བུ་དེའི་ཐ་མ་ནི་ཞུམ་ཞིང་གོང་དབུས་ནི་མཐོ། གཡའ་བ་དང་སྐྲངས་པ་ལ་སོགས་པ་འཇམ་པར་འགྱུར་རོ། །ཐོར་བུ་སྨིན་པ་དེ་ལས་རྣགས་པར་གྱུར་ན་ལག་གིས་མྱངས་ན། རྐྱལ་པའི་ནང་ན་ཆུ་ཡོད་པ་ལྟར་ཕན་ཚུན་རྒྱུར་རུང་ངོ༌། །དེ་རླུང་གི་ཤས་ཆེན་ནའོ། །མཁྲིས་པའི་ཤས་ཆེ་ན་ཚའོ། །བད་ཀན་གྱི་ཤས་ཆེ་ན་སྐྲང་ངོ༌། །ཁྲག་གི་ཤས་ཆེ་ན་དམར་པོར་འགྱུར་རོ། །རླུང་དང་མཁྲིས་པ་དང༌། བད་ཀན་ལ་སོགས་པ་རྣམས་མེད་ན་དེ་ལྟར་འགྱུར་རོ། །རླུང་དང༌། བད་ཀན་དང༌། མཁྲིས་པ་དང༌། ཁྲག་རྣམས་རྒྱས་པ་ལ་ཐོར་བུ་དེ་སྨིན་པར་འགྱུར་རོ། །རྨ་སྨིན་པར་གྱུར་པ་དེ་མ་བརྟོལ་གྱི་བར་དུ་རྣག་གིས་ཕག་འཆའ་སྟེ། པགས་པ་སྲབ་པོར་འགྱུར་ལ། ནད་ཀྱིས་ཟོས་ནས་རྡོལ་ལ་ཐུག་སྟེ། གཉེར་མས་གང་བ་དང༌། མདོག་ནག་པོར་འགྱུར་ཏེ། ལུས་ཀྱི་ཤ་ཡང་འདྲུལ་བ་དང༌། བད་ཀན་གྱི་ཤས་ཆེ་བའི་སྨིན་ཅིང་རྣགས་པ་དེ་ཁོང་དུ་
ཟབས་ཆེར་ལྷུང་ལ་རྣག་ཁྲག་གིས་གང་བ་དེ་ལྟར་གྱུར་པ་ནི་ཐོར་བུ་རྣགས་ཤིང་སྨིན་པའི་རྟགས་ཡིན་ནོ། །ཁྲག་གི་ཤས་ཆེ་བའི་སྨིན་ཅིང་རྣགས་པ་ནི་སྐྲང་པ་བསིལ་བར་གྱུར་ཅིང༌། པགས་པའི་མདོག་སྔ་མ་བཞིན་མ་གྱུར་ལ། རེག་ན་རྡོ་བ་བཞིན་སྲ་སྟེ། འདི་ལྟ་བུ་ནི་ཁྲག་གིས་སྨིན་པ་ཡིན་པར་ཐེ་ཚོམ་མེད་པས་མཁས་པས་ཤེས་པར་གྱིས་ཤིག །མི་སྙིང་སྟོབས་ཆུང་སྟེ་ཕོག་སྙ་མེད་པ་དང༌། ཉམ་ཆུང་བ་དང༌། བྱིས་པ་ལྟ་བུལ་ནི་ཐོར་བུ་སྨིན་ཏེ་རྣག་འཕྱོ་བའི་ཚེ་ན་ཚབས་ལྷག་པར་ཆེའོ། །ནད་དང་རུས་པའི་ཚིགས་བོག་རེ་ལ་སོགས་པའི་མཚམས་སུ་ཐོར་བུ་བྱུང་བ་ནི་ཉེན་ཆེ་སྟེ་མཚོན་གྱིས་བརྟོལ་དུ་མི་རུང༌། དེ་ལྟ་བུ་ལ་ནི་རྡོལ་བར་འགྱུར་བའི་རྩི་སྨན་གྱིས་བསྐུའོ། །ནད་ཀྱིས་ཉེན་ཡོད་པ་མ་ཡིན་པ་གཞན་ལ་ནི་མཚོན་གྱིས་བརྟོལ་ཞིང་དྲལ་དུ་རུང་ངོ༌། །ཐོར་བུ་མ་སྨིན་པར་དྲལ་བ་དང༌། རྩ་ཆད་པ་དང༌། ཆུ་བ་ཆད་པ་ལས་ཁྲག་ཧ་ཅང་མང་དུ་འབྱུང་བ་ནི་འཆི་བའི་ཉེན་དུ་འགྱུར་བ་འམ། ཡང་ན་ནད་ཚབས་ཆེན་པོར་འགྱུར་རོ། །ཡང་ན་མཚོན་གྱིས་དྲལ་བའི་རྨའི་འཁོར་དུ་ཐོར་དུ་སྐྲངས་པ་འབྱུང་བར་འགྱུར་རོ། །ཐོར་བུ་མ་སྨིན་པར་རྡོལ་ན་རྨའི་ཐ་མ་དང༌། རྩ་དང༌། རྒྱུས་པ་དང༌། ཤ་ལ་རྣག་དང་ཁྲག་གིས་བཀང་སྟེ། རྩ་ལ་མེ་མཆེད་པ་བཞིན་རྣག་གི་དཀྱེལ་སྐྱེས་ནས་ཚ་བས་སྲེག་གོ །མི་བླུན་པོ་མི་ཤེས་པ་ཐོར་བུ་མ་སྨིན་པ་རྡོལ་བ་དང༌། ཐོར་བུ་སྨིན་ཏེ་རྣགས་པར་གྱུར་ན་ཡང་མ་རྡོལ་བ་ནི་ཕན་གནོད་ཀྱི་དམིགས་མི་ཕྱེད་པའི་མི་རིགས་ངན་ཁྱི་ཤ་ཟ་བ་དང་འདྲ་བར་བལྟའོ། །རྨ་བརྟོལ་བའི་དཔྱད་ནི། སྔར་ཁ་ཟས་ཡི་གར་མི་འོང་བ་ཟོས་ལ་འཚལ་ནན་ནི་ཕོག་སྙ་ལ་ཕན་པར་ཆང་བླུད་དོ། །དེ་ལྟར་སྔར་ཐོས་པས་ནི་མི་བརྒྱལ་མི་འབོག་པར་འགྱུར་རོ། །ཆང་འཐུང་བས་ནི་བཟི་སྟེ་ཕོག་སྙ་ཆེ་བ་ལ་ཕན་པར་འགྱུར་རོ། །འདི་ལྟ་བུ་བརྟོལ་བ་མ་གཏོགས་པར་གཞན་བུད་མེད་ཀྱི་རུམ་དུ་བུ་ཤི་བ་དང༌། མདེའུ་དབྱུང་བ་དང༌། ཁ་ལྕེ་སྐྲངས་པ་བརྟོལ་བ་དང༌། དམུ་རྫིང་བརྟོལ་བ་ལྟ་བུ་ལ་ནི་སྔར་ནད་པ་ལ་ཟས་སྐོམ་མི་སྦྱིན་ཞིང་མི་བླུད་པར་བརྟོལ་ལོ། །རྣག་བརྟོལ་ན་སྨན་པས་ཆ་སྤྱད་སྟ་གོན་བྱས་ལ་ནད་པ་ཁ་ཤར་ཕྱོགས་སུ་བསྟན་ཏེ། མི་སྟོབས་པོ་ཆེས་ནད་པའི་ལུས་དང་རྐང་ལག་མི་འགུལ་བར་
བསྡམ་སྟེ། སྨན་པ་མདུན་དུ་འདུག་ལ་གནད་ལ་སོགས་པ་ཉེན་རྣམས་བཞག་སྟེ་བརྟོལ་པའི་སར་ཤའི་ཤུགས་བཞིན་དུ་གཙགས་བུ་རྣོན་པོས་རྣགས་པའི་དཀྱེལ་ཆེ་ཡང་རུང༌། རྣག་ཀུན་ཕྱིན་པར་ཅིག་ཅར་ལྷན་ཅིག་ཐོབ་ཤིག །གདབ་པའི་ཚད་ནི་རྨ་ཁ་སོར་གཉིས་དྲལ་ལ། ཟབས་སུ་ནི་སོར་གསུམ་བཏབ་ལ་དེ་ནས་ཕག་ཅི་ཡོད་པ་ཡང་མཛུབ་མོ་འམ། པད་མའི་ཆུབ་འམ། ཕག་ཟེའམ་རྟ་རྔ་ཡང་རུང་ཐོག་ཐག་ཏུ་ཕག་གི་ཡང་ཅི་ཡོད་པ་ཚོལ་ཅིག །ཕག་བཙལ་ཏེ་གང་དུ་ཕག་བྱུང་བའི་དམིགས་སུ་ཡང་བཏབ་ལ་རྣག་གི་དཀྱེལ་ཆེ་བ་དང༌། རིང་དུ་མ་མཆེད་ཅིང་ནད་དམིགས་སུ་མ་གྱུར་པར་རྣག་གི་དཔྱིས་ཕྱིན་པར་བྱའོ། །དེ་ལྟ་བུ་བརྟོལ་ཞིང་དབྲལ་བའི་སྨན་པ་ནི་ལ་གོར་མྱུར་ཞིང་མཚོན་རྣོ་བ་མི་གཏར་མི་རྡུལ་ལ་མ་རྨོངས་པ་འདི་ལྟ་ནུ་ནི་སྨན་པ་གཙགས་ཀྱིས་འདེབས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །དཔྲལ་རྩ་དང༌། སྨིན་མཚམས་དང། སྙིང་ག་དང༌། སྐེ་རྩ་དང༌། ལྟོ་བ་དང༌། མཆན་ཁུང་དང༌། མིག་རྩ་དང༌། མིག་ཕུགས་དང༌། མཆུ་དང༌། མཁུར་ཚོས་དང༌། བརླ་དྲུང་དང་ཆུ་སོའི་བར་འདི་རྣམས་སུ་གདབ་པ་ནི་འདྲ་སྟེ། དྲང་པོར་མ་བཏབ་ན་རྩ་དང་ཆུ་བ་ལ་སོགས་པ་ཆད་དེ་མ་རུང་བར་འགྱུར་རོ། །གཙགས་ཀྱིས་བཏབ་ནས་གལ་ཏེ་འབོག་གམ་བརྒྱལ་ན། ཆུ་གྲང་མོས་ནད་པ་ལ་གདབ་ཅིང་དབུགས་དབྱུང་བ་དང༌། ངག་སྙན་པས་ཡིད་བཞོའོ། །གཙགས་ཀྱིས་བཏབ་སྟེ་རྣག་ཁྲག་ཟག་ནས་རྨའི་མཐའ་ཐོག་ཐག་ཏུ་ལག་སོར་གྱིས་རྣག་ཁྲག་དང་ཆུ་སེར་བཙིར་ལ། ཆུ་སེར་ཡན་ཆད་མ་ལུས་པར་བཙིར་ཏེ། དེ་ནས་ཤིང་མངར་གྱི་ཆུས་བཀྲུ་ཞིང་རྭ་དང་འཇམ་པོའི་ཤིང་ཆུའི་ནང་དུ་བཅུག་པས་ཀྱང་ཕྱིས་ཤིག །དེ་ནས་གདོན་ལ་སོགས་པས་མི་ཚུགས་ཤིང་བསྲུང་བའི་བདུག་པ་དང༌། གུ་གུལ་དང༌། ཨ་ཀ་རུ་དང༌། ཡུངས་ཀར་དང༌། ཤིང་ཀུན་དང༌། ས་ཅི་རས་འདི་རྣམས་སྦྱར་བས་རྨ་ཁར་བདུག་གོ །དེ་ནས་རྨ་ཁར་སྨན་གདབ་ཅིང་གཡོགས་པ་ནི་ལྕེ་མྱང་ཚ་དང༌། ཤུ་དག་དང༌། ཤིང་ནིམ་པའི་ལོ་མ་དང༌། ཏིལ་བཏགས་པ་དང༌། ཤིང་མངར་ཕྱེ་དང༌། རླུང་ངམ། བད་ཀན་ནམ། མཁྲིས་པ་ཅི་ལས་གྱུར་པའི་སྨན་དང་ཡང་སྦྱར་ལ། མར་དང་བརྫིས་ཏེ་ཆང་བུ་བྱས་པ་རྨའི་ནང་དུ་བཅུག་
ཅིང་རྨ་ཁར་སྨན་འདི་བསྐུ། རྨ་ཁ་དང་བཙན་ཀུན་གྱི་སྟེང་དུ་ཡང་སྨན་འདི་ཉིད་ཀྱི་ལྡེ་གུ་མར་དང་ཕྱེར་སྦྱར་བས་བསྐུ་བར་བྱ་སྟེ། སྟུག་ཏུ་གཡོགས་པ་དེའི་ཐོག་ཏུ་གློད་འཇམ་པོས་གཡོག །དེའི་ཐོག་ཏུ་ཡང་ཤིང་བུ་ཕྲ་མོས་གཏམས་ཏེ་གཤིབས་ལ། སྲད་བུ་འམ་རས་ཀྱིས་རན་པར་ལེགས་པར་ཆིངས་ཤིག །བཅིངས་པ་དེ་ཡང་གློ་དང་གཡས་གཡོན་དུ་མ་ཡོ། །སྟེང་འོག་ཏུ་མ་སོང་བར་བཅིང་བ་དང༌། སྟེང་ཐུར་མ་སྲ་མོས་མནན་པ་ཡང་ཕྲ་ཞིང་སྲབ་བརྟན་པ་འཇམ་པ་མཉེན་པ་མ་འཁུམས་པར་རྨ་ལ་ཕན་པར་གྱིས་ཏེ་ཆིངས་ཤིག །ཞག་གཉིས་ཀྱི་བར་དུ་ནི་རྨ་དེ་བག་བྱ་ཞིང་མཚན་མོ་བསྲུང་ངོ༌། །གཏོར་མ་ཡང་གཏོར་ཅིག །འདྲེ་གདོན་ཐུབ་པར་བྱ་ཞིང་བསྲུང་བའི་སྨན་སྤྱི་བོ་ལ་གདགས་པའི་སྨི་དང༌། གུ་ཧང་མ་ཏི་དང༌། གུ་ཧ་དང༌། ཛཱ་ཏི་ཕ་ལ་དང༌། བྲ་ཧྨ་ཙ་རི་ནི་དང༌། ཤུ་དག་དང༌། ཚད་དྲ་མ་ཏི་དང༌། ཚད་དྲ་དང༌། རྩྭ་དཱུར་བ་དང༌། ཡུངས་ཀར་དང། འདི་རྣམས་སྤྱི་བོར་ཡང་གདགས། བསྲེགས་པའི་དུད་པས་ཀྱང་བདུགས་ཤིག །ཟས་སྐོམ་བསྡམ་པའི་ཆོ་ག་དང་འདྲ་སྟེ། ཁ་ཟས་དང་སྐོམ་བསྡམ། བུད་མེད་དང་མི་འཕྲད། ཉིན་པར་ཉལ་དུ་མི་རུང་ངོ༌། །བུད་མེད་དང་མ་འཕྲད་ཀྱང་དྲན་ནམ་རེག་གམ་མཐོང་སྟེ་ཁུ་བ་བྱུང་ན་ཡང་རྨ་ཁ་གཡའ། རྨ་ཁ་དམར་ཞིང་སྣུམ་པོར་འབྱུང༌། ན་ཞིང་སྐྲང༌། རྣག་འཁྱིམས་ཏེ་བུད་མེད་དང་མ་འཕྲད་ཀྱང་གནོད་པའི་ཉིན་དེ་ལྟར་འགྱུར་རོ། །ཁ་ཟས་ནི་ཅི་དང་ཅི་འཕྲོད་པ་ཟ་སྟེ། ནས་དང༌། གྲོ་དང༌། འབྲས་ཞག་དྲུག་ཅུས་སྨིན་པ་དང༌། སྲན་ཆུང་དང༌། མོན་སྲན་སྡེའུ་དང༌། ཏུ་བ་རི་དང༌། ཛི་བན་ཏི་དང༌། ནི་ཤན་ནཱ་ག་དང༌། ལ་ཕུག་གཞོན་ནུ་དང༌། བརྟག་དང༌། ཏཎྜུ་ལི་ཡ་ག་དང༌། རྒྱ་སྣེའུ་དང༌། ཀ་ར་བེལ་ལ་ཀ་དང༌། ཀར་ཀོ་ཏ་དང༌། པ་ཏོ་ལའི་འབྲས་བུ་དང༌། ལྕེ་ཚ་དང༌། བལ་པོ་སེའུ་དང༌། སྐྱུ་རུ་ར་དང༌། འདི་རྣམས་གཡོས་སྦྱར་བ་ཞུན་མར་ལ་བརྔོས་ཏེ། བཙོས་ལ་བསྒྲངས་པ་དང༌། འབྲས་དང་འབྲུ་བག་རྙིང་པའི་ཟས་དང༌། ཡུལ་སྐམ་སའི་བྱ་ཤ་ཟོས་ན་རྨ་དེ་མྱུར་དུ་འཚོ། ཁ་ཟས་ཚོད་བཟུང་སྟེ་ཆུང་དུ་བཟའ། ཟས་ཕན་པ་དུས་གཅིག་ཏུ་ཟོས་ན་འཇུ་སྟེ་བདེའོ། །ཁ་ཟས་མ་ཞུ་ན་རླུང་ནད་ལ་སོགས་པ་ལངས་ཏེ། ནད་ཕྱིར་
ན་ཞིང་སྐྲངས་པ་དང༌། རྣགས་པ་དང༌། ཚ་བ་དང༌། ཕྱིར་སྐྲང་བར་འགྱུར་རོ། །ཁ་ཟས་དམིགས་ཀྱི་མི་རུང་བ་ནི་འབྲུ་བག་གསར་པ་དང༌། ཏིལ་དང༌། མོན་སྲན་གྲེའུ་དང༌། ཆང་དང༌། ཡུལ་སེར་ཆེ་བའི་ཤ་དང༌། འོ་མ་དང༌། བུ་རམ་ཤིང་དང༌། བུ་རམ་ཆང་དང། སྐྱུར་བག་དང༌། ལན་ཚྭ་ཚ་བའི་བག་དང༌། འདི་རྣམས་མི་རུང་སྟེ་སྤང་ངོ༌། །ཁ་ཟས་གཞན་ཡང་རྟུག་སྐམ་གྱིས་འདོགས་པར་འགྱུར་བ་དང༌། ཚ་བར་འགྱུར་བ་དང༌། ཟས་ལྕི་བ་དང༌། ཟས་བསིལ་བ་འདི་རྣམས་ལྟ་བུའི་བག་མི་རུང་ངོ༌། །འབྲུ་སར་པ་ལ་སོགས་པ་ཀུན་རྨ་རེད་པར་འགྱུར། ནད་ཐམས་ཅད་སློང་བར་བྱེད་དོ། །ཡང་ལྕི་བ་དང༌། ཁ་ཟས་ཚ་བ་དང༌། ཁ་ཟས་རྩུབ་པ་དང༌། སྐྱུར་བག་རྣམས་ཀྱིས་རྨ་མྱུར་དུ་རེད་ཅིང་གནོད་པར་འགྱུར་རོ། །མི་བྱིབ་པར་བསིལ་ཞིང་སྨན་པ་ལ་དང༌། ཨུ་ཤི་རའི་བསིལ་ཡབ་ཀྱིས་གཡོབས་ཤིག །རྨ་ཁར་དྲག་ཤུལ་གཟུགས་པ་དང༌། ཕྲུག་པ་ལ་སོགས་པ་མི་བྱའོ། །བསྐྱོད་ཅིང་འགུལ་བ་ལ་བག་བྱ། བྲམ་ཟེ་ལྟ་བུ་ལ་སོགས་པ་དང་ལྷན་ཅིག་གཏམ་བྱ་ཞིང་རྨ་འཚོ་བའི་གཏམ་གྱིས་ཤིག །དེ་ནས་ཉི་མ་གསུམ་ལོན་པ་དང༌། དཔྱད་སྔ་མ་དང་འདྲ་བར་རྨ་ཁ་ཕྲོལ་ཏེ་སྨན་གྱི་ཁུ་བས་བཀྲུ་ཞིང་བཙིར་ལ་སྔ་མ་བཞིན་དུ་གྱིས་ཤིག །ཐོག་མར་རྣག་བརྟོལ་ཏེ། རྣག་ཁྲག་བཙིར། རྩི་སྨན་གྱིས་བྱུགས་ནས་རྨ་ཁ་གླན་ནས་བྱུག་པ་ཞག་གསུམ་མ་ཚང་བར་ཞག་གཉིས་ལོན་པ་དང༌། རྨ་ཁ་དབྱེ་ཞིང་བཅོས་སུ་མི་རུང་ངོ༌། །དེ་ལྟར་ཡོང་ནི་རྨ་ཁ་གླན་པ་དང་བཅིང་བ་མ་ལེགས་ན་རྨ་རབ་ཏུ་ན་ལ་རྨ་ཡུན་རིང་དུ་མི་འཚོའོ། །རྣག་གི་ཕག་མི་འཆའ་བར་བྱ་བའི་དཔྱད་རས་ཀྱི་ཁ་ཚར་འཇམ་པོ་ལ་མར་དང་སྦྲང་རྩིས་བྱུགས་ལ་རྨ་ཁའི་བུ་ག་ནང་དུ་བཞག་པ་དེ་མར་ཧ་ཅང་ཆེས་སམ། སྦྲང་རྩི་ཆེ་ན་ཡང་མི་རུང༌། བཅིངས་པ་ལྷོད་དམ་དམ་མམ། ཡ་ཡོ་ཁྱེར་ཏེ་དེ་མ་ལེགས་ན་ཡང་མི་རུང༌། རྨ་ཁར་སྨན་ལྡེ་གུས་གློན་པ་དྲགས་སམ། ཞུན་མར་དང་ཏིལ་མར་དྲགས་ན་ཡང་རྨ་ཆེར་འདྲུལ་ཞིང་རེད་པར་འོང་ངོ༌། །བཅིང་བ་ཧ་ཅང་དམ་ན་ཡང་ཤ་ཆད་པར་འགྱུར་རོ། །སྦྲང་རྩི་ལྟ་བུ་དྲགས་ན་རྨ་ཁ་རལ་ཏེ་ཁྲག་འོང་བར་འགྱུར་རོ། །བཅིང་བ་ལྷོད་དམ་ཧ་ཅང་དམ་མམ་མ་
ལེགས་ཏེ། ཡ་ཡོ་ཁྱེར་ན་རྨ་ཁ་འདྲུལ་ཏེ་འཇིག་གོ །བག་ཆས་པའི་ནང་དུ་ཁ་ཚར་འཇམ་པོ་མར་དང་སྦྲང་རྩིས་བསྐུས་ཏེ་བཅུག་པ་ནི་ཤ་རུལ་པ་དང༌། ཤ་སྐྲངས་པ་དང༌། རྣག་ཕྱིས་པ་དང༌། ཕག་རིང་དུ་འཆས་པ་འདི་རྣམས་ལྟ་བུ་མྱུར་དུ་སེལ་ཞིང་འབྱར་བར་བྱེད་དེ་ཕན་ནོ། །ཐོར་བུ་མ་སྨིན་པར་དྲལ་ཏམ། རྡོལ་ན་སྐྲངས་པར་འགྱུར་ཏེ། དེ་ལ་ལྟ་རྨ་སྨིན་ཅིང་རྣགས་པར་འགྱུར་བའི་སྨན་དང༌། ཁ་ཟས་དང༌། སྨན་དང་བག་ཟན་དུ་སྦྱར་བའི་དུགས་གླན་ཅིང་བཅིངས་ཏེ་རྨ་ལ་མི་གནོད་པར་བྱའོ། །དྲག་ཤུལ་ལྟ་བུས་སྣད་དེ་རྨ་གསར་དུ་བྱུང་སྟེ་རལ་བ་དྲུབས་པར་འོས་པ་ལྟ་བུ་དང༌། རྨེན་བུ་ཆེན་པོ་བཀས་ཏེ་བྱུང་བའི་རྨ་ལྟ་བུ་དང༌། རྣ་བའི་བུ་ག་ཆེ་ཆུང་ཁྱེར་ན་བརྒྱངས་པ་ལས་ཆད་པ་འདི་རྣམས་ལྟ་བུ་དྲུབས་ཤིག །སྣད་དེ་རྨ་བྱུང་བ་ལ་དྲུབ་ཏུ་རུང་བའི་དམིགས་ནི། མགོ་བོ་དང༌། མིག་ཕུགས་དང༌། སྣ་དང༌། མཆུ་དང༌། མཁུར་ཚོས་དང༌། རྣ་བ་དང༌། བརླ་དང༌། དཔུང་པ་དང༌། མགུལ་པ་དང༌། འཕྲལ་བ་དང༌། མུར་འགྲམ་དང༌། དཔྱི་དང༌། དབུ་དོ་དང༌། ཕོ་མཚན་དང༌། གཞང་ལ་སོགས་པ་ཤ་རྣག་ཆེ་བ་དང༌། མི་འགུལ་མི་གཡོ་ཞིང་བརྟན་པའི་བག་དང༌། བུ་ག་ཟབས་ཆེ་བ་འདི་ལྟ་བུའི་བག་ནི་དྲུབས་ན་བཟང་ངོ༌། །དྲུབ་ཏུ་མི་རུང་བའི་དམིགས་ནི། དཔྱི་ཟུར་དང༌། ཆུ་སོའི་མདོམས་དབྲག་དང༌། མཆན་ཁུང་དང༌། ཤ་ཆུང་ཞིང་བསྐྱོད་པར་འགྱུར་བའི་རྨ་འདི་ལྟ་བུ་དང༌། ནང་ནས་དབུགས་འོང་བའི་རྨ་དང༌། ཤིང་ཚལ་ལམ་མདེའུ་ཁོང་དུ་ལུས་པ་ལྟ་བུ་དང་ཐལ་སྨན་རྣོན་པོ་ཤ་ཀ་རས་རྨ་བྱུང་བ་དང། དུག་གམ་མེས་ཚིག་པའི་རྨར་གྱུར་པ་འདི་རྣམས་ལྟ་བུ་ནི་དྲུབ་ཏུ་མི་རུང་ངོ༌། །རྨ་དྲུབ་པའི་ཐབས་ནི་རུས་པའི་དུམ་བུ་འཕགས་ཏེ་འགུལ་བ་ཡོད་པ་དང༌། ཁྲག་སྐམ་དང༌། རྩ་དང༌། སྤུའི་བག་རྨའི་ནང་ན་ཅི་ཡོད་པ་ཡལ་ལ་ཤ་བཅད་པའི་དུམ་བུ་འཕྱང་བ་ཡང་རང་གི་སར་གླ་ན་པ་དང༌། རུས་པའི་ཚིགས་བྱུང་བ་ཡང་རྨ་མིག་ཏུ་བཅུག་ལ་ཁྲག་ཟགས་ཏེ་ཆད་པ་དང༌། རྒྱུས་པ་འམ་རས་བལ་གྱི་སྐུད་པ་འམ། ཤིང་ཤུན་གྱི་ཆུ་བ་ཤད་ཤད་པོས་དྲུབས་ཤིག །སྲུབས་ནི་ཁམ་ཆེ་བ་ཡང་མ་ཡིན། ཁམ་ཞིབ་པ་ཡང་མ་ཡིན་ཕལ་ཆེར་དྲུབ་པ་ཡང་མ་ཡིན་ཉུང་དུ་དྲུབ་
པ་ཡང་མ་ཡིན་པར་བྱའོ། །དེ་ལྟར་རྨ་དྲུབ་པའི་ཚེ། ནད་པའི་ཕོག་སྙ་བསྐྱེད་པ་དང༌། སྤྲོ་བསྲིང་བར་བྱས་ཏེ། དེ་ནས་རྨ་ཁར་སྦྲང་རྩི་དང་ཞུན་མར་སྦྱར་བ་དང༌། མིག་སྨན་སྐྱེར་ཁཎྜ་དང༌། ཟར་མའི་མར་མེ་མར་དུ་བུས་པའི་དུད་པ་དང༌། ཨ་རུ་ར་དང༌། བ་རུ་ར་དང༌། སྐྱུ་རུ་ར་དང་གསུམ་འདི་རྣམས་བཏགས་ཏེ་ལྡེ་གུ་བྱས་ལ་བསྐུས་ནས་ཆོ་ག་གོང་མ་དང་འདྲ་བར་ཆིངས་ཤིག །རྨ་ཁ་སྐམས་ཏེ་ཁྲག་མེད་པས་འབྱོར་དུ་མི་རུང་ན་ཅུང་ཟད་རྨ་ཁ་དྲུད་དེ། ཁྲག་ཕྱུང་ལ་དྲུབ་ན་འབྱོར་བར་འགྱུར་རོ། །རྨ་ཁ་གླན་བཅིང་བ་ལ་སོགས་པ་ནི་ཡུལ་རྣམས་དང་དབྱར་དགུན་གྱི་དུས་དང་སྦྱར་ཏེ་གར་ལེགས་པར་བྱའོ། །རྨ་ཁ་གླན་པའི་རྒྱུ་ནི། ལུག་ལྤགས་དང༌། རི་དགས་ཀྲྀཥྞ་ས་ར་དང༌། དར་དང༌། འདི་དག་ནི་དྲོད་ཆེ་བ་ཡིན་ནོ། །ཟར་མའི་རས་ནི་བསིལ་ལོ། །བསིལ་བ་ཡང་མ་ཡིན་དྲོད་ཆེ་བའང་མ་ཡིན་པའི་གཡོགས་མ་ནི་རས་བལ་གྱི་སྣམ་བུ་དང༌། ཀར་པ་སའི་སྣམ་བུ་དང༌། རྒྱུས་པ་དང༌། ཤིང་ཤུན་དང་འདི་རྣམས་ནི་ཚ་གྲང་མེད་དེ་རན་པའོ། །ཚིལ་དང་བད་ཀན་ཚེ་བའི་རྨ་ཁར་ནི་ཟངས་དང་ལྕགས་དང་ཚོན་མོ་སྟེང་དང་ཞ་ཉེ་ལེབ་ལེབ་པོ་གླེན་ན་ཕན་ནོ། །རྐང་ལག་ཆག་ཐུར་བྱུང་བ་ལ་གློད་ཀྱིས་དཀྲིས་ཏེ་ཤིང་ལེབ་ཀྱི་དབང་བུ་དང༌། ཀོ་བ་དང༌། ཤིང་ཤུན་ནམ། འཇག་མ་ལ་སོགས་པའི་དབང་འབུར་གྱིས་ལ་ཆིངས་ཤིག །གཞན་ཡང་རུས་པ་ལ་ཆག་ཐུར་ཞིག་བྱུང་ངམ་རྨ་བྱུང་ན་ད་ཀྲི་ཞིང་བཅིང་བ་འམ། གླེན་པའི་ཐབས་རྣམ་པ་བཅྭ་ལྔ་པོས་དེ་དཀྲི་ཞིང་བཅིང་བ་དང༌། གླན་པའི་ཚུལ་ཅི་འདྲ་བ་ནི་སྔར་དང་མཐུན་པའི་ཚུལ་ལས་ཤེས་པར་བྱའོ། །སྒྲེའུ་ལྟ་བུ་བྱས་པ་ནི་སོར་མོའི་ཚིགས་སྣད་དམ་རྨ་བྱུང་ན་སྒྲེའུ་ལྟ་བུར་ཆུག་ཤིག །རྨ་བྱུང་བ་ལ་གླན་པའི་ཐབས་བཀྲ་ཤིས་ཞེས་བྱ་བ་ནི་རུས་པའི་ཚིགས་དང༌། ཆུ་བ་ཆད་དམ། ངར་གདོང་གི་ཐད་ཀ་སྒྲོག་བཅིང་བའི་ཐད་ཀ་སྣད་དམ། སྨིན་མཚམས་སམ་ནུ་མའི་ཕྲག་གམ་མཆན་ཁུང་ངམ། མིག་གམ། རྣ་བར་སྣད་ན། ཐབས་དེ་འདྲ་བར་གློན་ཅིག །མཐར་ཆགས་སུ་དཀྲི་བ་ཞེས་བྱ་བ་ནི་ལག་ངར་རམ་ལག་སོར་ལྟ་བུ་ཆག་གམ་འཕྲེས་ན་དཀྲིས་པའི་ཐབས་ཡིན་ནོ། །
ལྷོད་པར་བཅིང་བ་ཞེས་བྱ་བ་ནི་མགུལ་ནད་དམ། ཕོ་མཚན་ལ་རྨ་ཡོད་ན་ལྷོད་པར་ཆིངས་ཤིག །ཟླུམ་པོ་ཞེས་བྱ་བ་ནི་ལུས་ཀྱི་ཡན་ལག་བརླ་འམ་བྱིན་བ་འམ། ལག་ངར་རམ། པུས་མོའི་ལྷ་ད་ལྟ་བུ་སྣད་པ་ལ་ཟླུམ་པོ་ཀོར་ཀོར་པོས་གློན་ཅིག །མདའ་ལྕུག་འདྲ་བའི་ལེའུ་འམ། སྒྱེའུ་ནི་མཐེ་བོའམ། སོར་མོ་འམ། ཕོ་མཚན་གྱི་ཐོར་ཏོ་ལ་རྨ་ཡོད་དམ། ཟ་གུ་ཅན་དུ་གྱུར་ན་སྒྲེའུ་དེ་ལྟ་བུའི་ནང་དུ་ཆུག་ཤིག །ཟུང་དུ་གླན་པ་ཞེས་བྱ་བ་ནི་རྨ་གཉིས་ཤིག་འདབ་ཆགས་སུ་བྱུང་བ་ལ་ཐབས་དེ་ལྟར་གློན་ཅིག །ཁྲེའུ་ཞེས་བྱ་བ་འདི་ནི་འགྲམ་པ་སྣད་དམ་མུར་འགྲམ་སྣད་དམ། མཁུར་ཚེས་སྣད་པ་ལ་གླན་ཏེ། ཁྲི་འམ་སྔས་ལ་ཉལ་དུ་རུང་བ་དང་འདྲ་བར་བྱའོ། །རྒྱ་ཞེས་བྱ་བ་ནི་མིག་འགྲམ་སྣད་པ་ལ་གློན་ཅིག །འགུགས་མི་ཤེས་པར་བཅིང་བ་ཞེས་བྱ་བ་ནི་ལྟོ་བ་དང༌། བརླ་དང༌། རྒྱབ་སྣད་པ་ལ་ཐབས་དེ་ལྟར་བཅིང་ངོ༌། །བླ་རེ་ཞེས་བྱ་བའི་བཅིང་བ་ནི་གླད་པའི་སྤྱི་བོ་སྣད་པ་ལྟ་བུ་དང༌། རོ་སྟོད་ལྟ་བུའི་བག་སྣད་པ་དང༌། བླ་རེ་དང་འདྲ་བ་ཆེས་བཀྲིས་ཤིག །སྦྲུལ་མགོ་ལྟ་བུ་འམ། བ་ལང་གི་མགོ་ལྟ་བུས་ནི་སྣ་དང་མཆུ་དང༌། ཀོ་སྐོ་དང༌། བརླ་སྣད་པ་གླན་ཅིང་བཅིང་ངོ༌། །ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་ནི་མགུལ་པ་ཡན་ཆད་སྣད་པ་ལ་གླན་ཅིང་བཅིང་བ་ལ་བྱའོ། །སྲད་བུ་ཞེས་བྱ་བ་ནི་ཕོ་མཚན་ནམ་མོ་མཚན་ནམ་རྐུབ་བམ། མཆན་ཁུང་ལྟ་བུ་ནི་སྲད་བུས་བཅིངས་ཤིང་གླན་ནོ། །གདགས་པའི་བཅིང་བ་ཞེས་བྱ་བ་ནི་གྲུ་མོ་འམ་དཔུང་པ་ལ་བྱུང་ན་ལེགས་པར་བཅིངས་ལ་མགུལ་དུ་བཏགས་ཏེ་འཕྱང་དུ་གཞུག་གོ །དེ་བས་ན་མདོར་ནི་གང་དང་གར་སྣད་པའི་དམིགས་དང་སྦྱར་ལ་ཅི་ལེགས་པར་ཆིངས་ཏེ་གློན་ཅིག །རྨའི་སྟེང་དུ་མདུད་པ་མི་དོར། རྨ་ལ་གནོད་ཅིང་ཉམ་ང་བར་མི་བྱའོ། །བརླ་དང༌། དཔྱི་དང༌། མཆན་ཁུང་དང༌། མདོང་མོ་དང༌། གླད་པ་འདི་རྣམས་སྣད་པ་ནི་དམ་དུ་ཆིངས་ཤིག །ཡན་ལག་ལ། ལག་ངར་དང༌། སོར་མོ་དང༌། རྣ་བ་དང༌། བྲང་དང༌། རྒྱབ་དང༌། རྩིབ་ལོགས་དང༌། མགུལ་པ་དང༌། ལྟོ་བ་དང༌། འདི་རྣམས་ལ་རན་ཙམ་དུ་ཆིངས་ཤིག །ཕོ་མཚན་དང༌། རླིག་པ་དང༌། མིག་དང༌། ཚིགས་རྣམས་སྣད་པ་ལ་ནི་ལྷོད་པར་ཆིངས་
ཤིག །ཤ་སྣག་ཆེ་ཞིང་ལྷོད་པ་རླུང་དང་བད་ཀན་དུ་གྱུར་པའི་སར་ནི་རན་པར་ཆིངས་ཤིག །ཤ་ཆུད་མེད་དེ་མཉམ་པར་འདུག་པའི་ལྟ་བུར་ནི་དམ་པོར་ཆིངས་ཤིག །ཁ་མཁྲེགས་པ་ལྟ་བུ་ལ་ནི་རབ་ཏུ་དམ་པོར་ཆིངས་ཤིག །དགུན་ལྷགས་པ་ཆེ་བ་དང་དཔྱིད་ཀ་ས་ཆུ་དྲོས་པའི་རྨ་ལྟ་བུ་ནི་རྨ་ཞག་གསུམ་གསུམ་ཞིང་ཁྲོལ་ལ་ཆིངས་ཤིག །ཤ་ཕྲ་ཞིང་ཕྲ་བའི་སར་རྨ་བྱུང་བ་ལ་དམ་དུ་བཅིང་བར་གོང་དུ་བཤད་མོད་ཀྱི། མཁྲིས་པ་དང་ཁྲག་གཉིས་རྒྱས་པ་ལས་རྨར་གྱུར་པ་ལ་ལྷོད་པར་ཆིངས་ཤིག །གོང་དུ་རན་པར་ཆིངས་ཤིག་པ་དེ་བཤད་པ་དེ་ལྟ་བུ་ལ་ཡང་མཁྲིས་པ་དང་ཁྲག་རྒྱས་པའི་རྨར་གྱུར་ན་དེ་བཞིན་དུ་ལྷོད་པར་བྱའོ། །སོ་ག་དང་སྟོན་གྱི་དུས་སུ་མཁྲིས་པ་དང༌། ཁྲག་རྒྱས་པ་ལས་ཐོར་བུ་འམ་རྨར་གྱུར་པ་ལྟ་བུ་ཡང་སྔ་དྲོ་དང་ཕྱི་འཕྲེད་གཉིས་ཀའི་དུས་ས་ཡང་དགྲོལ་ཞིང་ཆོས་ཤིག །ཤ་སྦྲང་དང་སྦྲང་བུས་ཟོས་ཏེ་རྨ་བྱུང་བ་སེར་བུ་དང་ལྷགས་པ་ཕོག་སྟེ། སྐྲངས་པ་རྨ་མ་གཡོགས་མ་བཅིངས་པ་ལས་རྨ་རེད་ཅིང་རིང་དུ་སྨན་དང་སྣུམ་གྱིས་བསྐུས་ཀྱང་མ་ཕན་ཏེ། རྨ་ཁའི་ཆུ་སེར་དང་རྣག་དང༌། ཤ་ནག་པོ་འམ་སྔོན་པོར་གྱུར་པ་འབྱང་ཡང་དཀའ། རྨ་འཚོ་ཡང་དཀའོ། །རྨ་ཁ་འཚོ་བ་ལྟར་བྱེད་ན་ཡང་མདོག་མི་སྡུག་པར་འགྱུར་རོ། །རུས་པ་ཆག་སྟེ་ཕྱེ་མར་གྱུར་ཏམ། འཕྲེས་སམ། ཚིགས་འབུར་རམ། གཙགས་བུས་བཏབ་སྟེ་རྒྱུས་པ་དང་ཆུ་བ་ཆད་དམ། རྩ་ཆད་ཀྱང་རུང༌། དེ་ལྟ་བུའི་བག་གང་ཆད་ཀྱང་རུང་གླན་ཅིང་བཅིངས་ན་རྨ་བདེ་བླག་ཏུ་མྱུར་དུ་འཚོའོ། །དེ་ལྟར་བཅིང་ལེགས་པར་བྱས་པ་ནི་ལྡང་བ་དང་འདུག་པ་ཀུན་ལ་ཡང་གནོད་པར་མི་འགྱུར་རོ། །རྨ་འཚོ་དཀའ་བ་ནི་རྨ་ཁ་ཆེར་སྐྱེས་ཏེ། སྐྲངས་པ་མི་མཉམ་པའི་འབར་འབུར་དང་སྲ་ལ་རབ་ཏུ་ན་ན་ནི་འཚོ་དཀའོ། །རྨ་འཚོ་སླ་བ་ནི་སྐྲངས་པའི་འབར་འབུར་མེད་ཅིང་འཇམ་ལ་ན་བ་མེད་པ་ནི་མྱུར་དུ་འཚོའོ། །རྨ་ཡུན་རིང་དུ་ཐོགས་པ་དང༌། ཤ་ཆུང་བ་ལྟ་བུའི་བག་ལ་རྨ་ཁར་རླུང་ཤོར་ཏེ་རྩུབ་བོར་གྱུར་ན་མྱུར་དུ་འཚོ་དཀའོ། །བྱི་བའི་སོས་ཟིན་པ་དང་སྡིག་སྦྲུལ་ཁ་གདུག་པས་ཟིན་པ་དང༌། ཐལ་སྨན་རྣོན་
པོ་ཀྵ་རས་རྨ་བྱུང་བ་དང༌། མེས་ཚིག་པ་དང༌། དུག་གིས་རེག་པ་འདི་ལྟ་བུ་ལ་རྨ་མི་བཅིང་མི་གླན་ནོ། །ཤ་རུལ་པ་དང་གཞང་ཁ་རྣགས་ཏེ་མི་བཟོད་པར་ན་བ་དང༌། མེ་དབལ་བྱུང་སྟེ་ཚ་ཞིང་སྐྲངས་པ་དང༌། རུལ་བ་འདི་ལྟ་བུའི་བག་འདྲ་སྟེ། རྨ་ཁ་མི་བཅིང་མི་གླན་པར་བཞག་ལ་རྨ་ཁར་སྲིན་བུ་དང་སྦྲང་བུ་མ་སོང་མ་ཞུགས་པར་སྲུངས་ཤིག །སྲིན་བུ་དང་སྦྲང་བུ་ཞུགས་ནས་སྣད་པ་དང་སྐྲངས་པ་དང་རྣག་མང་དུ་ཟག་པར་འགྱུར་རོ། །འབུ་ཞུགས་ན་སྨན་བྱིའུ་རུག་པ་ལ་སོགས་པ་བཏགས་ཏེ། དེས་བཀྲུ་ཞིང་རྨ་ཁའི་ནང་དུ་ཁོང་ཤིག །སྨན་ལོ་མ་བདུན་སཔྟ་པརྞི་ཞེས་བྱ་བ་དང༌། ཀ་རཉྫ་དང༌། ཤིང་ནི་མ་པའི་ལོ་མ་དང༌། ཤིང་ཛ་ཏ་ན་དང༌། ཤིང་ཚ་དང༌། འདི་རྣམས་བཏགས་ལ་བ་གཅིན་དང་སྦྱར་ཏེ་ལྡེ་གུས་བྱུགས་པ་དང༌། འདི་དག་གི་ཆུས་གདབ། ཐལ་སྨན་ཀྵ་ར་ཤ་རིའི་ཆུས་བཏབ་ན་ཡང་ཕན། ཤ་རྗེན་ལེབ་ལེབ་པོས་གླན་ལ་འབུ་ཆགས་པ་མྱུར་དུ་དྲང་ན་ཕྱིན་ནོ། །རྨ་གསོ་བ་སྨྱུར་བ་སླ་ཆོས་སུ་བྱས་པ་ནི་ནང་གི་རྨ་ཆུ་སེར་དང༌། རྣག་ཕྱིས་ཀྱང་མི་ཕྱིན་ལ་ཅུང་ཟད་ཅིག་བསྐྱོད་དམ་བྱས་ན་རྨ་ཕྱིར་འགྲམས་ཏེ་ན་བར་འགྱུར་རོ། །རྨ་གསོ་མ་ལེགས་པ་དེ་ལྟ་བུ་ནི་སོས་པ་འདྲ་ཡང༌། ཟས་མ་ཞུ་འམ། དྲག་ཤུལ་ཞིག་བྱས་སམ། བུད་མེད་དང་ཕྲད་ན་ཡང་རྨ་རེད་པར་འགྱུར་གྱི། དེ་ལྟ་བུ་ཡང་མི་བྱའོ། །རྨ་སོས་ཀྱང་ཟླ་བ་བདུན་ནམ། དྲུག་གི་བར་དུ་ཆོ་ག་བྱ་ཞིང་ལེགས་པར་སྲུངས་ཤིག་རྨ་རེད་ཅིང་ན་བར་གྱུར་པ་དེ་ཡང༌། རླུང་ནད་དང་མཁྲིས་པ་དང༌། བད་ཀན་གྱི་མཐུ་ལས་རྨ་རེད་ཅིང་ན་བར་གྱུར་པ་ཡིན་ཏེ། དེ་བས་ན་རླུང་དང་མཁྲིས་པ་ལ་སོགས་པའི་ནད་དུ་མི་འབྱུང་ཞིང་རྨ་མི་རེད་པའི་དཔྱད་ལེགས་པར་གྱིས་ཤིག །ཞིབ་ཏུ་ནི་འོག་ནས་འཆད་དོ། །ཐོར་བུ་ལ་སོགས་པ་སྐྲངས་པ་དང༌། རྣགས་པ་དང་སྨིན་པ་ལས་གཏར་ག་གདབ་པའི་ལེའུ་ཉི་ཤུ་རྩ་དགུ་པ་རྫོགས་སོ།། །།ནས་ཚིག་འཁུས་པའི་ཐལ་སྨན་རྣོན་པོར་བྱུག་པ་དང༌། མེ་བཙའ་གདབ་པའི་ཆོ་གའི་ལེའུ་སུམ་ཅུ་པ་བཤད་པར་བྱའོ། །ནས་ཚིག་འཁུས་པའི་ཐལ་སྨན་རྣོན་པོ་གཏོང་བ་ནི། གཙགས་བུ་དང༌། གཙའ་གབ་དང༌།
གཙགས་བུའི་གོར་རུང་དང༌། མེ་ཤེལ་དང་རས་བལ་ལ་སོགས་པས་ཁྲག་དབྱུང་བ་དང༌། མེ་བཙའ་འདེབས་པ་ཐམས་ཅད་ཀྱི་ནང་ན་ཐལ་སྨན་རྣོན་པོ་ཀྵ་ར་གཏོང་བ་ལས་བཟང་བ་མེད་དེ་གཅད་པ་དང༌། དྲང་ཞིང་དབུག་བ་ལ་སོགས་པའི་ལས་དཀའ་བ་མང་པོ་ཀུན་ཀྱང་བྱར་རུང་ངོ༌། །གཙགས་བུ་ལ་སོགས་པ་གདབ་པའི་ལས་ནི་དཀའ་སྟེ་ལེགས་པར་མི་འགྲུབ་བོ། །ཐལ་སྨན་གྱི་ནི་ནད་ཡང་བ་ལྟ་བུ་ཐལ་སྨན་སྐོམ་བཏུང་བ་དང་སྦྱར་ཏེ་གཏད་དུ་མི་རུང་ངོ༌། །གཞང་འབྲུམ་གྱི་ནད་དང༌། ཕོ་བ་གྲང་སྟེ་ཁོང་པ་དྲོད་ཆུང་བ་དང༌། ཆུ་སོན་རྡེའུ་ཡོད་པ་དང༌། སྐྲན་དང་དམུ་རྫིང་དང༌། དབྱི་གདུག་གིས་ཕོག་པའི་ནད་ལ། ཐལ་སྨན་ཀྵ་ར་ཁོང་དུ་འཐུངས་ན་ཕན་ནོ། །སྨེ་བ་དང་ཤ་བཀྲ་དང༌། སྣའི་བུ་གར་ཐོར་བུ་བྱུང་བ་དང༌། གཞང་ཁར་སེར་བ་རུས་བྱུང་བ་ལྟ་བུ་དང༌། མཛེ་བྱུང་སྟེ་ཚོར་བ་མེད་པ་དང༌། མཚན་བར་རྡོལ་བའི་ནད་དང༌། བརླ་དང་བྱིན་པར་འབྲུམ་བུ་ཚག་ཚིག་བྱུང་བ་དང༌། སྐྲངས་པ་འདྲ་བ་ཀླ་ཀློ་དང༌། རྣག་བག་འཆས་པ་དང༌། འདི་རྣམས་ལྟ་བུ་ཐལ་སྨན་བྱུགས་ཤིང་བཏང་ན་སེལ་ཞིང་ཕྱིན་ཏོ། །མཁྲིས་པ་དང་ཁྲག་རྒྱས་པའི་ནད་དང་རླུང་ནད་ཀྱི་དཀྱེལ་སྐྱེས་པ་དང༌། འདི་ལྟ་བུའི་བག་ལ་ཐལ་སྨན་ཀྵར་གཏང་དུ་མི་རུང་ངོ༌། །རིམས་དང་ཚད་པ་དང༌། སྙིང་ན་བ་དང༌། མགུལ་པ་ཡན་ཆད་ཀྱི་ནད་དང༌། སྐྱ་རྦབ་ཀྱི་ནད་དང༌། ཡི་ག་འཆུས་པ་དང༌། མིག་རབ་རིབ་ཁྱེར་བ་དང༌། བཀྲུ་སྨན་གྱིས་བཀྲུས་པ་དང༌། ལུས་ཐམས་ཅད་སྐྲངས་པའི་འོར་ནད་དང༌། ཐལ་སྨན་གྱིས་སྐྲག་སྟེ་འཐུང་མི་ཕོད་པ་དང༌། བུད་མེད་སྦྲུམ་མ་དང༌། མོ་མཚན་སྐྲངས་ཏེ་ན་བ་དང༌། ཁ་ཟས་མ་ཞུ་བ་དང༌། བྱིས་པ་དང༌། མི་རྒན་པོ་དང༌། རྩ་བོ་ཆེ་རྣམས་དང༌། རུས་པའི་ཚིགས་དང༌། གནད་དང༌། མི་གཞོན་ནུའི་རུས་པ་དང༌། རྩ་དང༌། ཆུ་བ་དང༌། ལྟོ་སྲུབས་ཐོག་ཐག་དང། མགུལ་པ་དང༌། ལྟེ་བ་དང༌། ཤ་གར་ཆུང་བའི་ཉེན་འཁོར་དང༌། རླིག་པ་དང༌། ཕོ་མཚན་དང༌། བུ་གའི་སྦུ་གུ་རྣམས་དང༌། སེན་མོའི་ཕྲག་དང༌། རླིག་རླུགས་དང༌། རྣམ་པ་འདི་རྣམས་ལ་ཐལ་སྨན་ཀྵ་ར་གཏང་དུ་མི་རུང་ངོ༌། །མིག་ན་བ་དང༌། ལྷགས་པ་ཆེ་བ་དང༌།
ཆར་པ་བབ་པ་དང༌། ཡུལ་ཚ་བ་དང་ཡུལ་ངན་གྱི་དུས་སུ་ཡང་ཐལ་སྨན་ཀྵ་ར་གཏང་དུ་མི་རུང་ངོ༌། །ཐལ་སྨན་རྣོན་པོ་སྦྱར་བའི་ཤིང་ནི་ཤིང་ཀ་ལ་མསྐ་ཀ་དང༌། ཤིང་ཤཾ་མྱ་ཀ་དང༌། ལྡུམ་བུ་ཤིང་དང༌། ཤིང་བ་རི་བ་དྲ་ཀ་དང༌། ཤིང་ཨ་ཤྭ་ཀརྞ་ཀ་དང༌། ཤིང་མ་ཧཱ་བྲྀཀྵ་དང༌། རྒྱ་སྐྱེགས་ཤིང་དང༌། ཤིང་པོ་ཏ་བྲྀཀྵ་དང༌། ཤིང་ཨི་དི་བྲྀཀྵ་དང༌། ཤིང་ཨར་ཀ་དང༌། ཤིང་ནག་ཏ་མ་ལ་དང༌། ཤིང་ཨ་ཤ་མར་ཀ་དང༌། ཤིང་ཀ་ཀ་ཛཾ་ག་དང༌། ཤིང་ཨ་བ་མར་ག་དང༌། ཤིང་ཨགྣི་མནྠ་དང༌། ཤིང་ཨགྣི་དང༌། ཤིང་ཙི་ཏྲ་ཀའི་རྩ་བ་དང༌། ཤིང་ནམ་པ་དང། ཤིང་འདི་རྣམས་ཀུན་འདྲ་སྟེ་རློན་པ་དུམ་བུར་བྱས་པ་དང༌། ཤིང་ཀོ་ཤ་ཏ་ཀ་དང༌། ནས་ཀྱི་སྦུན་བ་དང༌། གྲམ་དང་སོག་མར་བཅས་པ་སྣ་བཞི་དང༌། ཤིང་མུ་ཀྵ་ཀ་དང༌། རྡོ་ཐལ་གྱི་རྡོ་བ་རྣམས་རླུང་མི་ལྡང་བའི་ས་བཟང་བོར་རྡོ་ལེབ་ཀྱི་ཐོག་ཏུ་སོ་སོར་བརྡུངས་ལ་མས་སྲེགས་ཤིག །དེ་ནས་མེའི་ནང་དུ་ཏིལ་གྱི་སྡོང་བུ་རྣམས་ཀྱང་སྣོན་ལ་སྲེགས་ཤིག །ཀུན་ཚིག་ནས་མེ་ཞི་བ་དང༌། སོ་སོར་མ་འདྲེས་པ་བསལ་ལ་དེ་ནས་རྡོ་ཐལ་གྱི་ཐལ་བ་བྲེ་གང༌། ཐལ་བ་གཞན་ཡང་བྲེ་རེ་རེ། ཤིང་མུ་ཀྵ་ཀའི་ཐལ་བ་བྲེ་གང་དང་འདི་རྣམས་མ་འདྲེས་པར་སོ་སོར་ཕྱེ་ལ་ཆུ་སྲང་སྟོང་སྟོང་དང༌། བ་གཅིན་སྲང་སྟོང་སྟོང་དང༌། སོ་སོར་བསྲེས་ཏེ་ཚགས་མིག་ཕྲ་མོ་བཟང་པོས་ནམ་མདོག་བཟང་ཞིང་སྤྱི་བ་འབྱར་བག་ཅན་མདོག་དམར་ལ་དང་ཞིང་གསལ་བ་དང༌། ཚ་ཞིང་རྣོ་བར་ནམ་གྱུར་གྱུར་གྱི་བར་དུ་ལན་མང་དུ་བཙགས་པའི་དངས་མ་ལ་སོགས་པ་སྣོད་བཟང་པོའི་ནང་དུ་བཙོས་ཤིང་དཀྲུགས་ཤིག །ཐལ་ཁུ་དངས་མ་དེའི་ནང་རྡོ་བ་བསྲེགས་པའི་དུམ་བུ་དང༌། ཉ་ཕྱིས་དང༌། ཀྵི་ར་པ་དང༌། དུང་གི་ལྟེ་བ་དང་འདི་རྣམས་སྤྱིར་ཕུལ་གང་ཙམ་ལྕགས་ཏོག་ནང་དུ་བླུགས་ལ། མེའི་ནང་དུ་བསེགས་ཏེ་མདོག་དམར་པོར་གྱུར་བ་དང༌། ཐལ་ཁུ་དང་ས་མ་འཚེད་པའི་ནང་དུ་བླུགས་ཏེ། འདི་འདྲ་བར་ལན་མང་དུ་བསྲེགས་ལ་དམར་པོར་གྱུར་པ་དང༌། དེའི་ཐལ་ཁུ་དངས་མའི་ནང་དུ་ལུགས་ཤིག །པྱིས་ཀྱང་ཞིབ་ཏུ་བཏགས་པར་བྱའོ། །ཡང་ཁྱིམ་བྱ་དང་རྨ་བྱ་དང༌། བྱ་རྒོད་དང༌། བྱ་ཀང་ཀ་དང༌།
ཕུག་རོན་དང་འདི་རྣམས་ཀྱི་རྟུག་པ་དང༌། བྱ་དང་སྲོག་ཆགས་རྐང་བཞི་པའི་མཁྲིས་པ་དང༌། བ་བླ་དང༌། ལྡོང་རོས་དང༌། ལྕེ་མྱང་ཚ་དང༌། འདི་རྣམས་ཀྱང་ཞིབ་ཏུ་འཐགས་ལ་སྤྱིར་ཕུལ་རེ་ཙམ་གྱི་ཚོད་ཐལ་ཁུ་དངས་མ་འཚེད་པའི་ནང་དུ་ཐོབ་ལ་གཟར་བུས་དཀྲུག་ཅིང་བཙོས་ལ་ངད་པ་ཕལ་ཆེར་བྱུང༌། བསྐོལ་ཞིང་བླགས་པས་དུ་སྟེ། ལྡེ་གུ་བཞིན་གར་པོར་གྱུར་པ་དང༌། ཐབ་ནས་ཕྱུང་ལ་ལྕགས་སྣོད་ཆུང་ངུའི་ནང་དུ་བྱོ་ལ་ཁ་དེ་ནས་ཀྱི་ཕུང་པོའི་ནང་དུ་ཆུག་སྟེ་ཞོག་ཅིག །ཐལ་སྨན་འདི་ནི་རྣོ་རབ་མ་ཡིན་ཏེ་འབྲིང་པོ་ཞེས་བྱའོ། །དེ་ལ་ཐལ་སྨན་འཇམ་པོར་སྦྱོར་བ་ནི་རྡོ་ཐལ་གྱི་དུམ་བུ་དང༌། ཉ་ཕྱིས་དང༌། ཀྵིརྐ་དང༌། དུང་གི་ལྟེ་བ་དང༌། འདི་རྣམས་མེར་བསྲེག་ཅིང་ཐལ་ཁུའི་ནང་དུ་གསུར་ལ་བཏགས་ཤིང་ནང་དུ་མ་གདབ་པར་ཕྱིར་བོར་ཅིག །དེ་བཞིན་དུ་ཁྱིམ་བྱ་དང༌། རྨ་བྱ་ལ་སོགས་པའི་རྟུག་པ་དང༌། སྲོག་ཆགས་དང་བྱའི་མཁྲིས་པ་ཡང་བསྲེག་ཅིང་གསུར་ལ་ཕྱིར་བོར་ཅིག །དེ་ལ་ཐལ་སྨན་རྣོན་པོ་སྦྱར་བ་ནི་རྡོ་ཐལ་གྱི་དུམ་བུ་དང༌། ཉ་ཕྱིས་དང༌། དུག་གི་སྙིང་པོ་ལ་སོགས་པ་སྔ་མ་བཞིན་དུ་བསྲེག་ཅིང་གསུར་ལ་བཏགས་ཏེ་ནང་དུ་གདབ་པ་དང༌། བྱ་རྣམས་ཀྱི་རྟུག་པ་དང༌། མཁྲིས་པ་ལ་སོགས་པ་དེ་བཞིན་དུ་བསྲེག་ཅིང་གསུར་ལ་བཏགས་ཤིང་གདབ་པོ། །དེ་བཞིན་དུ་སྨན་ལང་ཀ་ལིང་ཀ་དང༌། དན་ཏི་དང༌། ཙི་ཏྲ་ཀ་དང༌། བོང་ང་དང༌། ཤུ་དག་དང༌། བ་ཙ་སརྫི་ཀ་ས་ཞེས་བྱ་བ་དང༌། ཐར་ནུ་དང༌། ཤིང་ཀུན་དང༌། ཀ་རཉྫའི་འདབ་མ་དང༌། ཤིང་ཏཱ་ལའི་ལོ་མ་དང༌། ཁ་རུ་ཚ་དང༌། འདི་རྣམས་ཀྱང་ཞིབ་ཏུ་བཏགས་ཏེ། ཐལ་ཁུའི་ནང་དུ་བཙོས་ཏེ་ཚོས་ནས་ལྡེ་གུར་གྱུར་པ་དང༌། ལྕགས་སྣོད་ཆུང་ངུའི་ནང་དུ་བྱོ་ལ་ཁ་བཅད་དེ་ནས་ཀྱི་ནང་དུ་ཞག་བདུན་གྱི་བར་དུ་ཞོག་ཤིག །ཐལ་སྨན་རྣོན་པོ་འདིས་ནི་རླུང་ནད་དང་བད་ཀན་གྱི་ནད་དང༌། ཚིལ་སྐྱེས་པ་ལས་ཐོར་བུ་བྱུང་བ་དང༌། རྨེན་བུ་ལ་སོགས་པ་འདི་རྣམས་སེལ་ཏོ། །ནད་འདི་རྣམས་ལྟ་བུ་ཚབས་མི་ཆེ་བ་སྟེ་འབྲིང་རྣམས་ལ་ནི་ཐལ་སྨན་རྣོན་པོ་མ་ཡིན་པ་འབྲིང་པོ་ཐོང་ཤིག །ནད་འདི་རྣམས་ལྟ་བུ་དཀྱེལ་མི་ཆེ་བ་སྟེ་ཆུང་ལ་ཐལ་སྨན་གྱི་རྣོ་བ་འཇམ་པོ་
བཏང་ན་གཞང་འབྲུམ་ཁྲག་ཚད་མཁྲིས་པའི་ས་བོན་གྱིས་ཁྲག་ཏུ་འཁྲུ་བ་དེ་ལྟ་བུ་ལ་ཕན་ནོ། །ཐལ་སྨན་ཅུང་ཟད་བསྐམས་པར་གྱུར་ན་མཐུ་བསྐྱེད་པའི་ཐབས་ནི་ཐལ་སྨན་གདུ་གདུ་བའི་ཆུས་བསྟན་ཏོ། །ཐལ་སྨན་ནི་རབ་ཏུ་རྣོ་བ་ཡང་མ་ཡིན། རབ་ཏུ་རྟུལ་བ་ཡང་མ་ཡིན་ལག་གིས་མནམས་ན་འཇམ་ཞིང་སྤྱི་བ་མདོག་སྐྱ་བ། ཅི་ལ་བཏང་ཡང་ཕན་པའི་ལས་མྱུར་དུ་བྱེད་པ། འདག་གུ་སྤྱི་བག་ཏུ་འདུག་པ་དེ་ལས་ཅི་རན་ཅིག་བཅད་དེ། གང་དུ་བཞག་ན་རྩེ་མོ་སྨྱུག་སྨྱུག་པོར་འདུག་པ་དེ་ལྟ་བུས་ནི་ནད་བདེ་བླག་ཏུ་སེལ་ཏོ། །ཐལ་སྨན་གྱིས་བྱུགས་པའི་རྨ་ཁ་ནས་ཁྲག་མང་པོ་མི་འབྱུང༌། བྱུགས་ན་ནད་རབ་ཏུ་མི་ཆེ་སྟེ། ཐལ་སྨན་ནི་གཏར་ག་བཅུ་བཏབ་པ་བས་ཕན་ན། མེ་བཙའི་དཔྱད་པས་ཀྱང་ཕན་པར་འགྱུར་རོ། །ཐལ་སྨན་གྱིས་བྱུགས་པ་ནི་ནད་ཀུན་འདྲེན་ཏེ་གཞིབས་པ་དང་འདྲ། ནད་ཀུན་སློང་བས་ན་ལུས་ལ་གནོད་པ་དང་ཡང་འདྲའོ། །ནད་ཐམས་ཅད་ལ་སྙིགས་ཤིང་འགྲོ་བས་ན། ནད་དོ་ཅོག་དབྱིས་ནས་འབྱིན་ཅིང་སེལ་ཏོ། །ཐལ་སྨན་གྱིས་བྱུགས་ཏེ་ནད་དང་བྲལ་ནས་མི་བདེ་བ་རང་ཞི་བར་འགྱུར་རོ། །ཡང་ན་ཐལ་སྨན་གྱིས་བྱུགས་ཏེ་གསོར་རུང་བའི་ནད་ལྟ་བུ་ནི་མཚོན་གྱིས་གཅད་དམ། མཚོན་གྱིས་བྲུད་དེ་རྨ་བྱུང་ངམ། གཏར་ཏེ་རྨ་བྱུང་བའི་རྨ་ཁ་དེ་ལྟ་བུ་ལ་ཐ་ལ་སྨན་ཅི་རན་ཅིག་བླངས་ཏེ་ལྕགས་ཀྱི་ཐུར་མའི་ངོས་ལ་གླན་པ་དེས་རྨ་ཁར་གློན་ལ་སེ་གོལ་བརྒྱའི་བར་དུ་བསྡད་དེ། དེ་ནས་ཐལ་སྨན་སླར་ཕྱིས་ཤིག །དེ་ལ་གཞང་འབྲུམ་ལྟ་བུའི་ནད་ལ་ཐལ་སྨན་གྱིས་གཞང་འབྲུམ་གྱི་ཁར་བསྐུས་ལ། གོས་ཀྱིས་གཞང་ཁ་གློན་ལ་ལེགས་པར་རྟོགས་ཤིག །མིག་གི་མཆུ་ལ་ཐོར་བུ་འམ་ནད་ཡོད་ན་མིག་གི་མཆུ་བཏེག་སྟེ་དྲོངས་ལ་མིག་གི་འབྲས་བུ་ནག་པོ་ཉི་ཚེ་གོས་འཇམ་པོས་གཡོགས་ལ་མིག་གི་སྤྲིན་མ་གཡོགས་པར་ཞོག་ལ་པདྨའི་ལོ་མ་འཇམ་པོས་ཐལ་སྨན་ཅི་རན་ཙམ་བླངས་ལ་མིག་གི་མཆུར་ཡུགས་ཤིག །སྣའི་པོར་ཀའི་ནད་རོལ་དུ་རྨེན་བུ་ལྟ་བུ་བྱུང་ན། གདོང་ཤར་ཕྱོགས་སུ་ཉི་མ་ལ་སྟོན་ལ་སྣའི་ཐོར་ཏོ་ནས་བཟུང་སྟེ། གྱེན་དུ་བཏེག་ལ་ཐལ་སྨན་ཅི་རན་ཅིག་བསྐུས་ཏེ་སེ་གོལ་བརྒྱ་སྲིད་དུ་ཞོག་ལ་ཕྱིས་ཤིག །
རྣ་བ་ལ་རྨེན་བུ་འམ་ཐོར་བུ་བྱུང་ནའང་ཐབས་དེ་དང་འདྲ་བར་གྱིས་ཤིག །ཐལ་སྨན་གྱིས་བྱུགས་པ་འདི་རྣམས་ལེགས་སམ་མ་ལེགས་བརྟག་པའི་ཐབས་ནི་ཐལ་སྨན་ཕྱིས་ལ་ལེགས་པར་ཕྱེ་སྟེ་རབ་ཏུ་ཚིག་གམ་མ་ཚིག་པ་རྟོགས་ཤིག །ཐལ་སྨན་གྱིས་རབ་ཏུ་ཚིག་པར་གྱུར་ན་མར་དང་སྦྲང་རྩི་དང་འོ་མ་དང་ཞོ་ག་ཆུ་དང༌། འབྲས་རྩབས་འདི་རྣམས་བསྲེགས་ལ་སྦྱར་བས་ཐལ་སྨན་གྱིས་བྱུགས་པའི་རྨ་ཁར་བསྐུས་ལ་ཚ་བ་ཞི་བར་གྱིས་ཤིག །དེའི་རྗེས་ལ་སྨན་རོ་མངར་ཞིང་བསིལ་བ་རྣམས་དང༌། མར་དུ་བརྫིས་པས་རྨ་ཁར་སྐུས་ཤིག །ཁ་ཟས་ཀྱི་ཆོ་ག་ནི་རྨ་རྣགས་ཤིང་ཟག་པར་འགྱུར་བ་བད་ཀན་སྐྱེ་བའི་བག་བཟའོ། །གལ་ཏེ་ཐལ་སྨན་གྱིས་བསྲེགས་པའི་འཁོར་སྲ་བར་གྱུར་ཏེ། རྣག་དང་ཆུ་སེར་དུ་མི་ཟག་ན་འུ་སུའི་འབྲས་བུ་དང༌། ས་བོན་གྱི་རོ་སྐྱུར་བག་དང༌། ཤིང་མངར་དང་ཏིལ་འདི་རྣམས་བཏགས་ཏེ་རྨ་ཁར་སྐུས་ཤིག །སྨན་འདི་རྣམས་ཀྱིས་རྣག་དང་ཆུ་སེར་མང་དུ་ཕྱུང་ནས་རྨ་གསོ་བའི་སྨན་ཏིལ་བཏགས་པ་དང༌། ཤིང་མངར་བཏགས་ལ་མར་དང་སྦྱར་ལ་རྨ་ཁར་སྐུས་ཤིག །དེ་ལ་ཐལ་སྨན་བསྐུས་པས་ཚིག་པ་དང༌། མ་ཚིག་པའི་བྱེ་བྲག་བརྟག་པའི་ཐབས་ནི་ཤིང་ཏོག་འཛམ་བུ་སྨིན་པ་ལྟར་མདོག་ནག་པོར་འདུག་ན་ཐལ་སྨན་གྱིས་ཚིག་པ་ཡིན་ནོ། །ཟངས་ཀྱི་མདོག་འདྲ་བ་དམར་ལ་ཟུག་ཅིང་གཡའ་ལན་ན་ཐལ་སྨན་གྱིས་མ་ཚིག་པ་ཡིན་གྱིས་དེའི་ཕྱིར་ཡང་བསྲེག་དགོས་ཏེ་ཐལ་སྨན་གྱིས་སྐུས་ཤིག །ཐལ་སྨན་གྱིས་ཧ་ཅང་ཚིག་ཆེས་ན་ནི་ཁྲག་མང་དུ་འབྱུང༌། བརྒྱལ། ཚ་བ་སྐྱེ། རིམས་ལ་སོགས་པས་འདེབས་སོ། །གཞང་འབྲུམ་ཧ་ཅང་ཚིག་ཆེས་ན་བཤང་གཅི་ལྷག་པར་སྲི་བའམ་ཡང་ན་རབ་ཏུ་མང་བར་འགྱུར་རོ། །གཞང་གི་ནང་གི་གཞང་འབྲུམ་ལ་ཐལ་སྨན་དྲགས་ཏེ་ཚིག་ན་ཕོ་མཚན་མ་རུང་བར་གྱུར་ཏེ་འཆི་བ་འམ། ཡང་ན་གཞང་རུལ་བར་འགྱུར་རོ། །སྣའི་ནང་དུ་ཐལ་སྨན་དྲགས་ན་སྣའི་གཟང་འདྲལ་ལམ་འཁུམས་ཏེ་དྲི་མི་ཚོར་བར་འགྱུར་རོ། །རྣ་བ་ལ་སོགས་པ་ལ་ཐལ་སྨན་གྱིས་བྱུགས་པའི་ཉེན་ཡང་དེ་དང་འདྲའོ། །དེ་ལྟ་བུའི་
ཉེན་ལས་ནད་དུ་གྱུར་པ་ལ་དཔྱད་དུ་བྱ་བ་ནི། ཤིང་མངར་བཏགས་པ་དང་འབྲས་རྩབས་ལྟ་བུ་དང༌། ཏིལ་བཏགས་པའི་ཕྱེ་མ་དང༌། མར་དུ་བསྲེགས་པའི་ལྡེ་གུས་སྐུས་ཤིག །ཆོ་གར་བྱ་བ་ནི་རླུང་ནད་སེལ་བ་དང༌། མཁྲིས་པ་སེལ་བའི་དཔྱད་དང་བསིལ་བག་ཆོ་ག་ཤེས་པར་བྱའོ། །ཐལ་སྨན་གྱིས་ཚིག་པ་ནི་སྐྱུར་བག་གིས་བྱུགས་ན་བསིལ་བར་གྱུར་ཏེ་ཕན་ནོ། །སྐྱུར་བག་བསྐུས་པས་ཚ་བ་ཞི་སྟེ་བསིལ་བར་གྱུར་པས་ན་དེའི་ཕྱིར་ཐལ་སྨན་གྱིས་ཚིག་སྟེ་རྨ་ཁ་ཚ་ལ་སྐྱུར་གྱིས་ཆེར་སྐུས་ཤིག །མེ་བཙའ་གདབ་པའི་དཔྱད་ནི་ཐལ་སྨན་གྱིས་བསྐུས་པ་དང་མི་འདྲ་སྟེ། དེ་ལ་ནད་དུ་འགྱུར་ཞིང་ཉེན་དུ་འགྱུར་བ་མི་སྲིད་དོ། །སྨན་བཏང་བ་དང་ཐལ་སྨན་གྱིས་བྱུགས་པ་དང༌། གཏར་ག་བཏབ་སྟེ་མ་ཕན་པའི་རྣམས་ལ། མེ་བཙའི་དཔྱད་ཀྱིས་པགས་པ་དང༌། ཤ་དང༌། རྩ་དང༌། ཆུ་བ་དང༌། རུས་པ་དང༌། རུས་པའི་ཚིགས་རྣམས་དང༌། སྨེ་བ་དང་རྐང་ལག་སྣད་པ་དང༌། ཀླད་པ་ན་བ་དང༌། མིག་དང་ཀླད་པའི་གཞོགས་ཕྱེད་ན་བ་དང༌། མཛེར་པ་དང་འདི་འདྲ་བ་ལ་མེ་བཙའ་གདབ་བོ། །དེ་ལ་པགས་པ་ལ་མེ་བཙའ་གདབ་ན་རས་བལ་དྲིལ་དྲིལ་བ་འམ་བ་ལང་གི་སོ་དང་མེ་ཤེལ་དང་མདའ་སྨྱིག་ལ་སོགས་པས་གདབ་བོ། །གཞང་འབྲུམ་དང༌། མཚན་པར་རྡོལ་བའི་ནད་དང་རྨེན་བུ་དང༌། མཚོན་འཚེབས་དང༌། ཤ་དང་པགས་པའི་བར་དུ་རྣག་འཁྱིམས་པ་འདི་ལྟ་བུ་ནི་ཤ་བསྲེགས་ཏེ་དེ་ལ་སྦྲང་རྩི་འམ་སྤྲ་ཚིལ་ལམ། མར་ལྷིང་ནག་ཏུ་བསྐོལ་བས་བསྲེག །ཡང་ན་འཁྲུལ་འཁོར་དུ་བྱས་པ་འཛམ་བུའི་མཆུ་འམ། བུ་རམ་བསྲེགས་པས་སྲེགས་ཤིག །མིག་འབྱར་ཏེ་ཟུམ་པ་དང༌། གཏར་ག་བཏབ་སྟེ་ཁྲག་མི་ཆོད་པ་དང༌། ནི་ལ་ལ་སོགས་པ་འདི་རྣམས་ལ་སྦྲང་རྩི་དང་སྦྲ་ཚིལ་ལ་སོགས་པས་སྲེགས་ཤིག །གོང་དུ་རྒན་པོ་དང། བྱིས་པ་དང༌། བུད་མེད་སྦྲུམ་མ་དང༌། མཚོན་ཁོང་དུ་ལུས་པ་དང༌། ལུས་སམ་ལྟོར་རྨ་ཆེན་པོ་བྱུང་སྟེ། ཁྲག་མང་པོ་ཟག་པ་དང༌། རྨ་མང་པོ་བྱུང་བ་འདི་ལྟ་བུ་ལ་མེ་བཙའ་ཡང་མི་འདེབས་མ་སྲེག་ཅིག །མེ་བཙའ་ལེགས་པར་ཚིག་ན་རྨ་ཁར་ཤིང་མངར་བཏགས་པ་དང༌།
མར་དང་སྨན་སྣུམ་ཞིང་བསིལ་བ་བཏགས་པ་དང༌། བཟང་པོར་སྦྱོར་ལ་རྨ་ཁར་སྐུས་ཤིག །མེ་བཙའ་ལེགས་པའི་ཚད་ནི་ཁྲག་མི་འོང༌། ཆུ་བུར་ཕྲེའུ་བྱུང་བ་དང༌། ཆུ་སེར་ཅུང་ཟད་ཙམ་འབྱུང༌། བསྲེགས་པའི་འཕྲོ་བྱ་ཐི་བའི་མདོག་འདྲ་ན་མེ་བཙའ་ལེགས་ཏེ་ནད་མི་ཆེ་སྟེ། རྨ་མྱུར་དུ་འཚོའོ། །མི་མཁས་པས་དྲོད་མ་ཟིན་ཏེ་མ་ཚོས་པ་དང་བསྲེགས་མ་ལེགས་པ་དང༌། ཧ་ཅང་ཚིག་ཆེས་པ་དང༌། ཙུད་ཚར་གྱུར་པ་དང་རྣམ་པ་བཞིའོ། །ཙུད་ཚར་གྱུར་པ་ནི་པགས་པའི་མདོག་འགྱུར་ལ་ཚ། ཆུ་བུར་འབྱུང་བ་ནི་མེད་པ་ཡིན་ནོ། །བསྲེགས་མ་ལེགས་ན་ཆུ་བུར་འབྱུང༌། རབ་ཏུ་ཚ་ལ་ནའོ། །ཧ་ཅང་བསྲེགས་དྲགས་ན་ནི་ཤ་ཞིག་སྟེ་འཕྱང་བ་དང༌། འཁུམས་པར་འགྱུར་བ་དང༌། ཧ་ཅང་ཚ་བ་དང༌། ཟུག་ཅིང་ན་བ་དང༌། རྩ་ལ་སོགས་པ་མ་རུངས་པར་འགྱུར་བ་དང༌། སྐོམ་དད་ཆེ། འབོག །མེ་བཙའ་བཏབ་པའི་རྨ་ཟབས་སུ་ཁོང་དུ་འབྲོས་པ་དང༌། འཆི་བར་ཡང་འགྱུར་རོ། །མེ་བཙས་མ་ཚུགས་ཏེ་མ་ཚོས་པ་ནི་མེ་བཙའ་གདབ་པ་དང༌། སྨན་དྲོད་ཆེ་ཞིང་ཚ་བའི་བག་སྦྱར་རོ། །ཁྲག་སྐ་སྟེ་ཟག་ཏུ་མི་རུང་ན་ན་བར་འགྱུར་རོ། །ཁྲག་ཟག་ན་ནི་འབྲི་ཞིང་ཐིམ་པར་འགྱུར་རོ། །དེ་ལ་བསྲེགས་མ་ལེགས་ན་ནི་བསིལ་བ་དང་དྲོ་བའི་སྨན་གྱིས་བསྐུས་ལ་མཇུག་ཏུ་སྨན་བསིལ་བས་སྐུས་ཤིག །དེ་ལ་མེ་བཙའ་གདབ་ལེགས་ན་ཅུག་ཧང་དང༌། ཤིང་པླག་ཤ་དང༌། ཙནྡན་དང༌། བཙག་ཡུག་སྣམ་དང༌། སླེ་ཏྲེས་རྣམས་ཞིབ་ཏུ་བཏགས་ལ་མར་དང་སྦྱར་ཏེ་རྨ་ཁར་སྐུས་ཤིག །དེའི་རྗེས་ནི་མཁྲིས་པ་རྒྱས་པའི་ནད་དང་མེ་དབལ་གྱི་ནད་ཀྱི་ཆོ་ག་དང་འདྲ་བར་བསིལ་བག་ཏུ་གྱིས་ཤིག །དེ་ལ་མེ་བཙའ་ཧ་ཅང་དྲགས་ཏེ་ཚིག་ནས་མཁྲིས་པ་རྒྱས་པ་དང༌། མེ་དཔལ་གྱི་ནད་ཀྱི་ཆོ་ག་དང་འདྲ་བར་བསིལ་བག་ཏུ་གྱིས་ཤིག །མར་དང་སྤྲ་ཚིལ་ལ་སོགས་པ་ལྷིང་ནག་ཏུ་བསྐོལ་བསྐོལ་བས་བསྲེགས་ཏེ་ཚིག་ན་སྨན་རྩུབ་བག་གིས་མྱུར་དུ་སྐུས་ཤིག །ཐལ་སྨན་རྣོན་པོ་གཤའ་རས་བྱུག་པ་དང་མེ་བཙའ་གདབ་པའི་ཆོ་ག་བཤད་པ་རྫོགས་སོ།། །།སྨན་དཔྱད་ཡན་
ལག་བརྒྱད་པའི་སྙིང་པོ་བཤད་པའི་མདོའི་གནས་རྫོགས་ཏེ། བཤད་པ་འདི་དག་ནི་གསང་བ་དང་འདྲ་བར་སྨན་དཔྱད་ཀྱི་དམིགས་བཤད་པ་རྣམས་མདོ་ཙམ་ཞིག་བཤད་པས་རྩིང་ངོ༌། །ཞིབ་ཏུ་རྒྱས་པར་ནི་འོག་ནས་བསྟན་ཅིང་བཤད་དོ། །སྨན་པའི་བདག་པོ་སེང་གེ་སྦས་པ་ཞེས་བྱ་བའི་བུ་སྨན་པ་ཆེན་པོ་ཕ་ཁོལ་ཞེས་བྱ་བས་ཡན་ལག་བརྒྱད་པའི་སྙིང་པོ་མཛད་པ་ལས་མདོའི་གནས་ཞེས་བྱ་བ་ལེའུ་སུམ་ཅུ་པ་རྫོགས་ཏེ་ཡན་ལག་བརྒྱད་པའི་སྙིང་པོའི་གནས་དང་པོའོ།། །།སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་ལས་ལུས་ཀྱི་གནས་ཞེས་བྱ་བ། བྱིས་པ་རུམ་དུ་ཆགས་པ་དྲུག་ལས་ལེའུ་དང་པོ་བཤད་པར་བྱའོ། །དེ་ལ་སྔོན་གྱི་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་བཤད་པ་ན་རེ་ཐོག་མ་སེམས་ཅན་ཇི་སྐད་སྐྱེ་ཞེ་ན། དང་པོ་ཕ་མའི་ཁུ་བ་དང་ཁྲག་རླུང་ལ་སོགས་པའི་སྐྱོན་མེད་པ་དང༌། ལས་དང་ཉོན་མོངས་པ་དང་ལྡན་པའི་རྣམ་པར་ཤེས་པ་དང༌། དེ་དང་ལྷན་ཅིག་འབྱུང་བ་ནམ་མཁའ་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་ཤིན་དུ་ཆ་ཕྲ་བ་དབང་པོའི་ཡུལ་ལས་འདས་པ་རྣལ་འབྱོར་གྱི་ཡུལ་དུ་གྱུར་པ། དེ་དག་སྐད་ཅིག་མངལ་དུ་ཚོགས་ཤིང་འདུས་པ་ནི་རུམ་དུ་ཆགས་པ་ཞེས་བྱ་སྟེ། དཔེར་ན་གཙུབ་ཤིང་དང༌། གཏན་པ་དང༌། སྤྲ་བ་དང༌། སྐྱེས་བུས་རྩོལ་བའི་ལག་པ་དང༌། འདི་དག་ཚོགས་པ་ལས་མེ་འབྱུང་བ་བཞིན་ནོ། །དེ་ལྟར་ཆགས་ནས་ཁ་ཟས་ཟོས་པའི་དངས་མ་འམ། བཅུད་ཀྱིས་ནུར་ནུར་པོ་དང་མེར་མེར་པོ་ལ་སོགས་པར་རིམ་གྱིས་འགྱུར་ཞིང་འཕེལ་བར་འགྱུར་རོ། །དེ་ལ་རྣམ་པར་ཤེས་པ་དབང་པོའི་ཡུལ་ལས་འདས་པ་མའི་མངལ་དུ་ཇི་ལྟར་འཇུག་ཏུ་རུང་ཞེ་ན་དེ་ནི་མངོན་སུམ་གྱི་དཔེས་བསྟན་ཏེ། ཇི་ལྟར་ཉི་མའི་འོད་ཟེར་མེ་ཤེལ་ལ་ཕོག་པའི་དབང་གིས་རྩྭ་དང་ཤིང་ལ་སོགས་པ་བསྲེགས་པར་སྣང་ཡང༌། ཤིང་ཡང་མེ་ཤེལ་ལ་རེག་པར་མི་སྣང་ལ་མེ་ཤེལ་ཡང་ཤིང་ལ་རེག་པར་མ་མཐོང་མོད་ཀྱང་ཚིག་པར་སྣང་བ་བཞིན་དུ་རྣམ་པར་ཤེས་པ་མངལ་གྱི་ནང་དུ་ཞུགས་པ་ཡང་མི་སྣང་བའི་སྒོ་ནས་འཇུག་པ་ཡིན་ནོ། །དེ་ལ་རྣམ་
པར་ཤེས་པ་དང༌། དེ་དང་ལྷན་ཅིག་འབྱུང་བའི་རྒྱུ་འབྱུང་བ་ཆེན་པོ་ལྔ་ནི་སེམས་ཅན་སྐྱེ་བའི་རྒྱུར་གཅིག་ན། སྐྱེ་བ་རྣམ་པ་དུ་མ་སྣང་བའི་ཕྱིར་ཞེ་ན། མཐུན་པའི་དཔེས་བསྟན་ཏེ་ཇི་ལྟར་སྤྲ་ཚིལ་དང་ཟངས་མ་ལ་སོགས་པའི་རྒྱུ་གཅིག་པས་གཟུགས་ཐ་དད་པ་སྣ་ཚོགས་དགའ་མགུར་བྱར་ཡོད་དེ། ཅིར་ཡང་སྣང་བ་དང་འདྲ་བར་རང་བཞིན་གཅིག་པ་ལས་ཀྱང་ཐ་དད་པར་སྣང་དུ་རུང་ངོ༌། །དེ་བས་ན་ཕའི་ཁུ་ཆུའི་ཤས་ཆེ་བ་ལས་ནི་སྐྱེས་པར་འགྱུར་ལ། མའི་ཁྲག་གི་ཤས་ཆེ་བ་ལས་ནི་བུ་མོར་འོང་ངོ༌། །ཆ་མཉམ་པ་ལས་ནི་མ་ནིང་དུ་འགྱུར་རོ། །བུ་མཚེ་མར་འོང་བ་ནི་ཆགས་ནས་མེར་མེར་པོའི་སྐབས་སུ་རླུང་གིས་དུམ་བུར་བཅད་པ་ལས་དུ་མར་གྱུར་ཏེ། དེ་ཡང་ཕོ་མོ་ལ་སོགས་པར་འབྱུང་བ་ནི་ཁུ་ཁྲག་གི་ཤས་ཆེ་ཆུང་གོང་མ་ལྟར་ཤེས་པར་བྱའོ། །ཕ་མའི་ཁུ་ཁྲག་རླུང་ལ་སོགས་པའི་སྐྱོན་དང་བཅས་པ་ལས་ནི་སྐྱེ་བ་མི་མཐུན་པ་སྦྲུལ་དང་བྱི་བ་ལ་སོགས་པ་འབྱུང་བ་དང༌། གཞན་ཡང་ལོང་བ་དང༌། འོན་པ་དང༌། ཞ་བོ་དང༌། གྲུམ་པོ་དང༌། ཐེང་པོ་དང༌། མིའུ་ཐུང་དང༌། ལུས་མི་སྡུག་པ་ལ་སོགས་པ་ལུས་སྐྱོན་དང་བཅས་པར་འབྱུང་བ་ཡིན་ནོ། །བུད་མེད་ཀྱི་ཟླ་མཚན་ཟླ་བ་གཅིག་ལ་ལན་གསུམ་འབྱུང་ངོ༌། །དེ་ཡང་ཐོག་མ་ལོ་བཅུ་གཉིས་ལོན་པ་ནས་ཏེ་ལོ་ལྔ་བཅུ་ཕན་ཆད་ནི་མི་འབྱུང་ངོ༌། །སྐྱེས་བུ་གང་ལོ་བཅུ་དྲུག་གམ་ཉི་ཤུ་ཡང་ལོན། མངལ་གྱི་གནས་ཀྱང་དག །ཁུ་བ་དང་ཁྲག་ལ་ཡང་ཉེས་པ་མེད། རླུང་ལ་སྐྱོན་མེད་ཅིང་ཕ་མ་གཉིས་སེམས་དགའ་བ་དང་བཅས་པའི་བུ་ནི་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་རོ། །གོང་མ་གཉིས་ལས་ལོ་ཉུང་བ་བཅུ་དགུ་འམ་ལོ་བཅོ་ལྔ་པའི་བུ་ཚ་ནི་ནད་མང་བ་དང༌། ཚེ་ཐུང་བ་དང༌། མངལ་ཞིག་པར་འགྱུར་རོ། །ཕ་མའི་ཁུ་བ་དང༌། ཁྲག་རླུང་ལ་སོགས་པའི་སྐྱོན་གྱིས་འདྲེས་ན་ནི་ས་བོན་གྱི་རུས་པ་ཞན་པར་འགྱུར་རོ། །དེ་ཡང་མྱགས་པ་དང༌། མདུད་པ་ཅན་དང༌། རྣག་ལྟ་བུ་དང༌། ཟད་བྱེད་དང༌། དྲི་མ་ཅན་དང་ལྔའོ། །ལྔ་པོ་དེ་དག་ཀྱང་རླུང་ལ་སོགས་པའི་རང་རང་གི་རྟགས་དང་མཐུན་པར་འབྱུང་སྟེ།
དེ་ཡང་རླུང་ལས་གྱུར་པའི་རྟགས་ནི་ཁུ་བ་རྩུབ་པ་དང༌། མདོག་སྔོ་བསངས་སུ་འབྱུང་བའོ། །མཁྲིས་པ་ལས་གྱུར་པའི་རྟགས་ནི་ཤིན་ཏུ་སླ་བ་དང༌། དྲི་མི་ཞིམ་པ་དང༌། མདོག་སེར་སྐྱ་ལ་སོགས་པར་འབྱུང་བའོ། །བད་ཀན་ལ་སོགས་པའི་རྟགས་ནི་ཤིན་ཏུ་དཀར་བ་ལ་སོགས་པར་འབྱུང་བའོ། །གཞན་ཡང་ཁྲག་ལས་གྱུར་པའི་མཚན་མ་ནི་རོ་མྱགས་ལྟ་བུའི་དྲི་མར་སྣང་བའོ། །བད་ཀན་དང་རླུང་ལས་གྱུར་པ་ནི་ཁུ་བ་དང༌། ཁྲག་མདོག་དུད་པ་ལྟར་སྣང་བའོ། ཁྲག་དང་མཁྲིས་པ་ལས་གྱུར་པའི་མཚན་མ་ནི་རྣག་ལྟ་བུའོ། །རླུང་དང་མཁྲིས་པ་ལས་གྱུར་པ་ནི་ཤིན་ཏུ་རུལ་བའོ། །ནད་གཞི་འདུས་པ་ལས་གྱུར་པ་ནི་དྲི་མ་ལྟ་བུ་སྟེ། དེ་དག་ལས་ཀྱང་འདུས་པ་ལས་གྱུར་པ་དྲི་མ་ལྟ་བུ་ནི་གསོར་མི་རུང་ངོ༌། །ལྷག་མ་གསོ་བར་བྱ་སྟེ། རླུང་ལས་གྱུར་པ་ནི་སྣུམ་བག་དང༌། དྲོ་བ་དང༌། སྐྱུར་བ་དང༌། ལན་ཚྭ་ལ་སོགས་པས་གསོའོ། །མཁྲིས་པ་ལས་གྱུར་བ་ནི་མངར་བ་དང༌། བསིལ་བ་དང༌། ཁ་བ་དང༌། བསྐ་བ་ལ་སོགས་པས་གསོ་བར་བྱའོ། །བད་ཀན་ལས་གྱུར་པ་ནི་རྩུབ་པ་དང༌། རྣོ་བ་ལ་སོགས་པ་སྦྱིན་ནོ། །ཁྲག་ལས་གྱུར་པ་ནི་མཁྲིས་པ་གསོ་བའི་ཆོ་གས་ཞི་བར་ནུས་མོད་ཀྱི། འོན་ཀྱང་ཁྲག་ལས་གྱུར་པའི་མྱགས་པ་ནི་ད་ཏ་ཀའི་མེ་ཏོག་དང༌། སེང་ལྡེང་དང༌། བལ་པོ་སེའུ་དང༌། ཨར་ཛུ་ན་དང༌། འདི་རྣམས་མར་དང་ཚུལ་བཞིན་དུ་བསྐོལ་ཏེ་བཏུང་བ་འམ་ཡང་ན་ཨ་ས་ནའི་སྡེ་ཚན་ཆ་ར་དང་བསྐོལ་ཏེ་འཐུངས་ན་ཞི་བར་འགྱུར་རོ། །དུད་པ་ལྟར་སྣང་བའི་ནད་ལ་ནི་ཤིང་པ་ལ་ཤ་བསྲེགས་པའི་ཐལ་བ་དང༌། སྲུ་སྲུའི་རྩ་བ་འདི་གཉིས་མར་དང་ཚུལ་བཞིན་དུ་བསྐོལ་བ་འཐུངས་ན་ཕན་ནོ། །རྣག་ལྟ་བུའི་ནད་པ་ལ་ནི་པ་རུ་ཤ་ཀ་དང༌། ནྱ་གྲོ་དྷའི་སྡེ་ཚན་མར་དང་ཚུལ་བཞིན་བསྐོལ་བ་འཐུངས་ན་ཞི་བར་འགྱུར་རོ། །ཁུ་བ་ཟད་པའི་ནད་ལ་ནི་རོ་ཙ་བའི་སྨན་དཔྱད་བྱའོ། །དྲི་མ་ལྟ་བུ་ལ་ནི་དང་པོ་སློན་ཁྲུས་ཀྱིས་ལུས་དག་པར་བྱས་ལ་དེ་ནས་ཤིང་ཀུན་དང༌། པུ་ཤེལ་ཙེ་དང༌། ཀྲུ་ཏྲུག་ཏྲེས་དང༌། འདི་རྣམས་མར་དང་ཚུལ་བཞིན་དུ་སྦྱར་བ་འཐུངས་ན་ཕན་ནོ། །བུད་མེད་ཀྱི་ཟླ་
མཚན་མདུད་པ་ཅན་ལ་ནི་སྦ་ཐ་དང༌། ཚ་བ་གསུམ་དང༌། དུག་མོ་ཡུངས་དང༌། འདི་རྣམས་ཆུ་དང་བསྐོལ་བའི་ཁུ་བ་བླུད་ན་ཕན་ནོ། །བུད་མེད་ཀྱི་ཟླ་མཚན་རྣག་དང་མྱགས་པ་ལྟ་བུ་ལ་ནི་ཙནྡན་བསྐོལ་བའི་ཁུ་བ་འཐུངས་ན་ཕན་ནོ། །གཞན་ཡང་ཟླ་མཚན་གྱི་ནད་མོ་མཚན་གསོ་བའི་དཔྱད་འཇམ་རྩི་མས་གཏོང་བ་དང༌། སྨན་ལ་སོགས་པ་འོག་ནས་འབྱུང་བ་བཞིན་དུ་ཅི་རིགས་སུ་སྦྱར་རོ། །སྐྱེས་བུ་གང་གི་ཁུ་ཆུ་དཀར་བ་དང༌། ལྕི་བ་དང༌། སྣུམ་པ་དང༌། མངར་བ་དང༌། བསྐ་བ་དང༌། མང་བ་དང༌། གཞན་ཡང་མདོག་སྦྲང་རྩི་ལྟ་བུ་དང༌། མར་དང་འབྲུ་མར་ལྟ་བུ་དང་འདི་དག་ལྟར་སྣང་ན་བུ་བཟང་པོ་སྐྱེ་བའི་རྟགས་སོ། །བུད་མེད་གང་ཟླ་མཚན་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ་དང༌། རི་བོང་གི་ཁྲག་ལྟ་བུ་དང༌། ནད་མེད་པའི་ཁྲག་དང༌། འདི་ལྟ་བུ་ཡོད་ནའང་བུ་བཟང་པོ་སྐྱེ་བའི་རྐྱེན་ཡིན་ནོ། །ཕ་མའི་ཁུ་ཁྲག་སྐྱོན་མེད་ཅིང་ཆགས་པའི་སེམས་དང་བཅས་པས་འདོད་པ་སྤྱོད་ན་བུ་སྐྱེ་བའི་རྒྱུའོ། །ཐོག་མར་སྐྱེས་པ་དང༌། བུད་མེད་དགེ་བའི་སྨན་མར་དང༌། འབྲས་བུའི་སྨན་མར་གྱིས་སྣུམ་གྱི་ཆོ་ག་བྱས་ལ། སློན་ཁྲུས་ཀྱིས་ལུས་དག་པར་བྱས་ཏེ་དེའི་འོག་ཏུ་འཇམ་རྩི་བསྟེན་པར་བྱའོ། །ཁྱད་པར་དུ་སྐྱེས་པ་ལ་ནི་འོ་མ་དང༌། མར་དང༌། མངར་བ་དང༌། སྨན་ཛི་ཝན་ཏི་དང༌། རྒུན་འབྲུའི་སྡེ་ཚན་སྦྱར་ལ་སྦྱིན་ནོ། །བུད་མེད་ལ་ནི་འབྲུ་མར་དང༌། སྲོག་ཆགས་ཐང་ལ་གནས་པའི་ཤ་དང་ལྷན་ཅིག་སྦྱར་བ་བཟའོ། །དེ་ལ་བུད་མེད་ཟླ་མཚན་དང་ལྡན་པའི་རྟགས་ནི་རྐྱེན་གཞན་མེད་པར་ལུས་ཉམ་ཆུང་བ་དང༌། གདོང་གི་དྲི་མ་མེད་ཅིང་དག་པ་དང༌། རྐེད་པ་དང་ནུ་མར་འཕར་བ་དང༌། མིག་དང་དཀུ་འགུལ་ཞིང་སྐྱེས་པ་འདོད་པ་དེ་ནི་ཟླ་མཚན་དང་ལྡན་པའི་བུད་མེད་དུ་བལྟའོ། །དེ་ལྟར་པདྨ་ལ་ཉི་ཟེར་གྱིས་ཕོག་ན་ཁ་བྱེ་བ་དང་འདྲ་བར་ཟླ་མཚན་བྱུང་ནས་ཞག་བཅུ་གཉིས་ཀྱི་བར་དུ་མངལ་གྱི་པདྨ་ཁ་བྱེ་བ་ལྟར་འདུག་གོ །གནས་སྐབས་དེའི་བར་དུ་སྐྱེས་པ་དང་ཕྲད་ན་ས་བོན་འཛིན་ལ། དེ་ཕན་ཆད་ནི་ཟུམས་པར་འགྱུར་རོ། །ཟླ་མཚན་ཐོག་མ་བྱུང་ནས་ཞག་བཅུ་གཉིས་ཀྱི་བར་དུ་ཟླ་མཚན་གྱི་དུས་དེར་འདོད་པ་སྤྱད་ན་བུ་
ཚ་འཆགས་སོ། །ཞག་བཅུ་གསུམ་ཕན་ཆད་ནི་ས་བོན་འཛིན་པའི་མཐུ་མེད་དེ་མི་འཆགས་སོ། །དང་པོ་ཁ་ཟས་ལ་སོགས་པའི་དངས་མ་ལས་ཟླ་བ་གཅིག་གི་བར་དུ་སོགས་པར་འགྱུར་རོ། །དེ་ནས་རླུང་གིས་མངལ་གྱི་ནང་ན་རྩའི་རྒྱུན་གཉིས་ཡོད་དེ། དེས་མོ་མཚན་གྱི་ནང་ནས་ཕྱིར་འབྱིན་པར་བྱེད་དེ་ཁྲག་མདོག་ཀྱང་ཅུང་ཟད་གནག་ལ་དྲི་མ་མེད་པར་སྣང་ངོ༌། །ཟླ་མཚན་ཐོག་མར་བྱུང་བ་ཤེས་ནས་ཞག་གསུམ་པའི་བར་དུ་སེམས་བདེ་ཞིང་དགེ་བ་ལ་བློ་གཏད་པར་བྱའོ། །ཁྲུས་དང་རྒྱན་དང་བསྐུ་བྱུག་ལ་སོགས་པ་སྤང་ངོ༌། །རྩྭ་དཱུར་བའི་སྟན་ལ་འདུག་ཏུ་གཞུག་གོ །འོག་མ་ལས་གཞི་བླངས་པའི་བཟའ་བ་ཉུང་ཟད་སྦྱིན་ཏེ་ལྟོ་བ་སྦྱང་བར་བྱའོ། །བཟའ་བའི་སྣོད་ཀྱང་ལོ་མ་འམ་རྫ་སྣོད་དམ། ལག་པའི་སྟེང་དུ་ཟར་གཞུག་སྟེ་སྐྱེས་པ་དང་འཕྲད་པ་སྤང་ངོ༌། །དེ་ནས་ཞག་བཞི་པ་ལ་བུད་མེད་ཀྱིས་སྔ་དྲོ་ཁྲུས་བྱས་ལ་གོས་དཀར་པོ་དང༌། མེ་ཏོག་དཀར་པོ་ལ་སོགས་པས་ལུས་བརྒྱན་ལ་གཙང་བར་བྱའོ། །དེ་ནས་བུ་འདོད་པའི་ཕྱིར་ཁྱོའི་མདུན་དྲང་པོ་ནས་ལྟར་བཅུག་ནས་ཕ་དང་འདྲ་བའི་བུ་འོང་བའི་རིགས་སོ། །ཐོག་མ་ཟླ་མཚན་བྱུང་བ་ཤེས་ནས་ཞག་བཅུ་གཉིས་ཀྱི་བར་དུ་ནི་ཟླ་མཚན་རྒྱུ་བའི་དུས་ཏེ་དེ་ལས་ཀྱང་དང་པོ་ཞག་གསུམ་དང་ཞག་བཅུ་གཅིག་པའི་དུས་སུ་ཉལ་པོ་བྱེད་པ་ནི་སྨད་དོ། །དེ་ལ་ཟུངས་ཐེབས་པའི་ཞག་བཞི་པ་དང༌། དྲུག་པ་དང༌། བརྒྱད་པ་དང༌། བཅུ་པ་དང༌། བཅུ་གཉིས་ལོན་པ་དེའི་ཚེ་ནི་བུ་ཕོར་འགྱུར་རོ། །ཟླ་མཚན་རྒྱུས་ནས་ཞག་ལྔ་པ་དང་བདུན་པ་དང༌། དགུ་པ་དང་འདི་དག་གི་ཚེ་ཉལ་པོ་བྱས་ན་བུ་མོར་འགྱུར་རོ། །དེ་ནས་བུད་མེད་དེས་སྲིད་སྲུང་གི་རིག་བྱེད་ཤེས་པའི་བྲམ་ཟེའི་ལུང་བཞིན་དུ་བུ་བསྐྱེད་པའི་ཕྱིར་བསྲུང་བ་འམ་ཆོ་ག་བྱས་ཏེ་བྲམ་ཟེ་དང༌། རྒྱལ་རིགས་དང༌། དམངས་རིགས་གསུམ་ལ་ནི་བསྟོད་པ་དང་བཅས་པས་ཕྱག་བྱའོ། །རྗེའུ་རིགས་ལ་ནི་ཕྱག་ཐ་མལ་པ་བྱའོ། །གོང་དུ་བསྟན་པའི་སྦྱོར་བ་ལྟར་ཆོ་ག་མ་བྱས་ན་ནི་ཇི་ལྟར་རང་འདོད་པའི་བུ་མི་འོང་ངོ༌། །བུ་འདོད་པའི་མཁས་པ་རྣམས་ཀྱིས་ཤིན་ཏུ་དབེན་པར་ཉལ་པོ་བྱའོ། །ཅིའི་ཕྱིར་ཞེ་ན་ཉམས་རངས་སམ་དགའ་བདེར་
སྤྱད་པས་བུ་བཟང་པོར་འགྱུར་བའི་ཕྱིར་རོ། །གལ་ཏེ་དབེན་པར་མ་གྱུར་པའི་གནས་སུ་འདོད་པ་སྤྱད་ན་རུས་རིགས་མཐོན་པོ་ཡིན་ཡང་བུ་ཚ་མ་རབས་སུ་སྐྱེ་སྟེ་རིགས་ཀྱི་མེ་བཞིན་ནོ། །སྐྱེས་བུ་བཟང་པོར་འདོད་པ་རྣམས་ཀྱིས་ཡུལ་ཕྱོགས་ན་གནས་པའི་སྐྱེ་བོ་བྱད་བཞིན་བཟང་ཞིང་མཛེས་པ་དང༌། སྟོབས་དང་ལྡན་ཞིང་དཔའ་བ་དང༌། འབྱོར་པ་ཕུན་སུམ་ཚོགས་པ་དང༌། རིགས་དང་ཡུལ་ཆོས་ཀྱི་སྤྱོད་ལམ་དང༌། དེ་ལ་སོགས་པ་ཡོན་ཏན་གྱི་རྣམ་པ་དང་ལྡན་པ་བུ་ཕོ་དང༌། བུ་མོ་གང་འདོད་ཀྱང་རུང༌། གོང་མ་ལྟ་བུ་དང་ལྡན་པར་བསམས་ནས་ཉལ་པོ་བྱས་ཏེ། སྐྱེས་པ་དང༌། བུད་མེད་གཉིས་ཀ་ཡང་འབྲས་ཆན་དང་འོ་མ་དང་ལྡན་པར་བཟའོ། །དེ་ནས་སྐར་མཁན་གྱི་དུས་ཚོད་དང་ཁྲི་འམ་མལ་གྱི་སྟེང་དུ་སྐྱེས་པ་ནི་རྐང་པ་གཡས་པས་འཛེག་གོ །བུད་མེད་ནི་རྐང་པ་གཡོན་པས་འཛེགས་ནས་ཁྱིམ་ཐབ་ཀྱི་གཡས་ངོས་སུ་བསྙལ་ལ་ཏིལ་མར་དང་མོན་སྲན་གྲེའུ་སྦྱར་བའི་ཚོད་མ་བཏུང་བར་བྱའོ། །དེ་ནས་ཁྲི་ཐོག་ཏུ་ཕྱིན་ནས་སྔགས་ཀྱི་ཚིག་འདི་དག་བརྗོད་པར་བྱའོ། །ཨ་ཧི་ར་སི་ཨཱ་ཡུ་ར་སི་སརྦ་ཏ། པྲ་ཏིཥྛ་སིད་དྷ་ཏྭ་དྷ་ན་བི་དན་ཏུ་བྲ་ཧྨ་བ་ར་ཙ་ས་བྷ་བེ་ཏི། བྲཧྨ་བྲི་ཏ་སྤ་ཏི་ར་བཥྞུ་སྟོ་མ་སྟུཪྻ་སྠ་ན་ཤཱི་ནོ། །བ་གོ་མི་ཏྲ་བ་རུ་ཎོ། །ཚངས་པ་ཆེན་པོ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས་བདག་མིང་འདི་ཞེས་བགྱི་བ་ལ་བུ་དཔའ་བ་དང་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་བདག་ཅག་ལ་སྩལ་དུ་གསོལ། །དེའི་འོག་ཏུ་ཁྱོ་ཤུག་གཉིས་གཅིག་ལ་གཅིག་རྗེས་སུ་ཆགས་པར་བྱས་ནས་དགའ་བ་དང་བཅས་པས་ཉལ་པོ་བྱ་སྟེ། དེ་ཡང་བུད་མེད་གན་རྐྱལ་དུ་ཡན་ལག་ལེགས་པར་གནས་པར་བྱ་སྟེ། འདོད་པ་རྩེ་གཅིག་པའི་ཡིད་ཀྱིས་འདུག་པར་བྱའོ། །དེ་ལྟར་ན་ས་བོན་ལེགས་པར་འཛིན་ཅིང་སྐྱེས་པ་རྣམས་རང་གི་གནས་ན་གནས་པར་བྱའོ། །བུད་མེད་ཀྱི་མངལ་དུ་ས་བོན་ལེགས་པར་ཆགས་པར་གྱུར་ན་འཕྲལ་དེ་མ་ཐག་མཚན་མ་འདི་དགའ་བྱུང་སྟེ། འདོད་པས་ངོམས་པ་དང༌། ལུས་ལྕི་བ་དང༌། ཡན་ལག་འགུལ་བ་དང༌། ཁུ་ཁྲག་འདྲེས་པ་དེ་ཡང་འཁྲུགས་
པ་སྙམ་བྱེད་པ་དང༌། སྙིང་ཅུང་ཞིག་འཕར་བ་དང་སྙོམ་པ་དང་དུབ་པ་དང་བ་སྤུ་ལངས་པ་དང༌། མངོན་རྟགས་དེ་དག་དང་ལྡན་པར་འགྱུར་རོ། །དང་པོ་ཆགས་ནས་ཞག་བདུན་ལོན་པ་དང༌། ནུར་ནུར་པོར་འགྱུར་ཏེ། ཟླ་བ་གཅིག་གི་བར་དུ་མི་མངོན་པར་འདུག་གོ །ཟླ་བ་གཉིས་པ་ལ་གོང་གི་ནུར་ནུར་པོ་ཅུང་ཞིག་མངོན་པར་འགྱུར་བ་དང༌། འོག་ནས་འབྱུང་བའི་སྨན་འདི་དག་གིས་གསོ་བར་བྱའོ། །ཡང་ནི་སྐྱེས་བུའི་ལས་དགེ་བ་དང་མི་དགེ་བ་འདི་རྗེས་སུ་འབྲང་མོད་ཀྱི་འོན་ཀྱང་རྐྱེན་ལ་རག་ལས་པ་ཡང་ཡོད་པས་གསོ་བ་དང་བསྲུང་བའི་ཆོ་ག་བྱའོ། །དེ་ལ་གསེར་རམ་དངུལ་ལམ་ལྕགས་ནག་པོ་གང་ཡང་རུང་བ་ལ་སྐྱེས་བུའི་གཟུགས་ཆུང་དུ་བྱས་ཏེ་མེའི་ནང་དུ་བསྲེགས་ལ་དམར་པོར་གྱུར་པ་དང་འོ་མའི་ནང་དུ་སྨྱུགས་ལ་ཁྱོར་གང་བླུད་དོ། །ཡང་ན་གོ་ར་ཌ་ན་ཌ་དང༌། ཨ་པ་མརྒ་དང༌། ཛི་བ་ག་དང༌། ཟངས་རྩི་བ་དང༌། ཤྲི་ཤ་དང༌། འདི་རྣམས་ལ་གཉིས་སམ་གསུམ་མམ་མང་དུ་འཚོགས་ཀྱང་རུང་སྟེ། བཏགས་ལ་ཆུ་དང་སྦྱར་ནས་སྐར་མ་རྒྱལ་གྱི་ཉི་མ་ལ་བླུད་དོ། །བུ་ཕོ་འདོད་ན་བྲི་ཧ་ཏི་དཀར་པོའི་རྩ་བ་འོ་མ་དང་སྦྱར་བ་སྣ་ཁུང་གཡས་ལོགས་སུ་བླུགས་སོ། །བུ་མོ་འདོད་ན་སྣ་ཁུང་གཡོན་ནས་བླུགས་སོ། །ཡང་ན་ལག་སྨ་ནའི་རྩ་བ་བརྡུངས་པ་འོ་མ་དང་སྦྱར་བ་བུ་བརྟན་པར་བྱ་བའི་ཕྱིར་ཁ་འམ་སྣ་ནས་བླུགས་སོ། །ཡང་ན་ནྱ་གྲོ་དྷའི་མྱུ་གུ་བརྒྱད་བརྡུངས་པ་འོ་མ་དང་སྦྱར་བ་གོང་མ་ལྟར་གཏང་ངོ༌། །ཡང་ན་འཚོ་བྱེད་སྣ་བ་ཅུའི་སྨན་གྱིས་བཟའ་བ་དང༌། བཏུང་བ་དང་བསྐུ་བ་ལ་སོགས་པ་བྱས་ན་ཁྱིམ་ཐབ་དང་གཡོག་འཁོར་རྣམས་ལ་ཕན་ཞིང་མངལ་ཡང་བརྟན་པོར་འགྱུར་ཏེ་ཀུན་ལ་སྦྱར་རོ། །ཞུན་མར་སར་པ་དང་འོ་མ་ནི་རྟག་ཏུ་བསྟེན་པར་བྱའོ། །དེ་ལྟར་སེམས་དང་ལྡན་པའི་བུད་མེད་ཀྱིས་ཉལ་པོ་ལྷག་པར་མི་བྱ། རྩོལ་བ་དྲག་པོ་དང༌། ཁུར་དང༌། གོས་ལྕི་བ་དང༌། ནུབ་མོ་གཉིད་མ་ལོག་པ་དང༌། ཉིན་པར་གཉིད་ལོག་པ་དང༌། འོག་གཞི་མཁྲང་བ་ལ་འདུག་པ་དང༌། སྟན་མེད་པ་ལ་འདུག་པ་དང༌། མྱ་ངན་དང༌། ཁྲོ་བ་དང༌། འཇིགས་པ་དང༌། སྐྱོ་
བ་འབྱུང་བ་དང༌། འདོད་པ་དགག་པ་དང༌། སྨྱུང་བར་འདུག་པ་དང༌། ལམ་དུ་འགྲོ་བ་དང༌། ཤིན་ཏུ་ཚ་བའི་ཟས་དང༌། དྲོ་བ་དང་ལྕི་བ་དང་ཕྱི་ས་འགགས་པར་འགྱུར་བའི་ཟས་དང༌། གོས་དམར་པོ་དང༌། གཡང་ས་དང༌། ཁྲོན་པར་ལྟ་བ་དང༌། ཤ་དང་ཆང་ཆེར་འཐུངས་པ་དང༌། གན་རྐྱལ་དུ་ཉལ་བ་དང༌། གང་ཡང་བུད་མེད་མཁས་པས་མི་འདོད་པ་ཐམས་ཅད་སྤང་བར་བྱ་སྟེ། མདོར་ན་སྐྱོན་གོང་མ་དེ་དག་མི་སྤྱད། མི་བསྟེན། མི་བཟའོ། །དེ་བཞིན་དུ་གཏར་ག་དང༌། སློན་ཁྲུས་དང༌། སྨན་མས་གཏོང་བ་ལ་སོགས་པ་མི་བྱ། ཅི་སྟེ་དེ་དག་བྱས་ན་ནི་ནང་དུ་དབང་པོ་རྣམས་བསྐམས་པའམ་ཕྱིར་འཕྱིལ་བར་འགྱུར་རོ། །ཟས་དང་སྨན་ལ་སོགས་པ་རླུང་འཁྲུགས་པའི་བག་བསྟེན་པ་ལས་ནི་བུ་ཚ་སྒུར་པོ་དང༌། ལོང་བ་དང༌། འོན་པ་དང༌། མིའུ་ཐུང་དུ་འགྱུར་རོ། །ཟས་དང་སྨན་ལ་སོགས་པ་མཁྲིས་པ་འཁྲུགས་པའི་བག་བསྟེན་པ་ལས་ནི་བུ་འཕྱིལ་བ་དང༌། སེར་སྐྱར་སྣང་བར་འགྱུར་རོ། །བད་ཀན་འཁྲུགས་པའི་ཟས་དང་སྨན་བསྟེན་པ་ལས་ནི་བུ་ཤ་བཀྲ་དང་སྐྱ་རྦབ་ཀྱིས་བཏབ་པར་འགྱུར་རོ། །གཞན་དུ་ནད་གང་ཡང་རུང་བ་སྦྲུམ་པའི་བུད་མེད་ལ་བྱུང་ན་ཟས་དང་སྨན་འཐུང་བ་འདི་དག་བསྟེན་ཏེ། མར་དང༌། ལི་ཁ་ར་དང༌། རྒུན་འབྲུམ་ལ་སོགས་པའི་སྨན་དང༌། དེ་བཞིན་དུ་དོང་ག་ལ་སོགས་པས་གསོ་བར་བྱའོ། །ཟླ་བ་གཉིས་པ་ལ་བབ་པའི་ཚེ་ན་གོར་གོར་པོར་གྱུར་ན་ནི་སྐྱེས་པར་འགྱུར་ལ། ནར་ནར་པོར་གྱུར་ན་ནི་བུ་མོར་འགྱུར། ནུར་ནུར་པོར་གྱུར་ན་ནི་མ་ནིང་དུ་འགྱུར། དེའི་ཚེ་བུ་གསལ་པོར་ཆགས་པ་འམ། མངོན་པའི་མཚན་མ་ནི་ཤ་བྲི་བ་དང༌། ལྟོ་ལྕི་བ་དང༌། བརྒྱལ་བ་དང༌། སྐྱུག་པ་དང༌། ཟས་ཡི་གར་མི་འོང་བ་དང༌། གླལ་བ་དང༌། ཆམ་པ་དང༌། རྐང་ལག་སྐྱོད་པ་དང༌། ལྟེ་བའི་འོག་གི་སྤུའི་རྒྱལ་པོ་འབྱེས་པ་དང༌། སྐྱུར་ལ་དགའ་བ་དང༌། ནུ་མ་རྒྱས་པ་དང༌། ནུ་སོར་ནག་པོར་འདུག་པ་དང༌། རྐང་པ་གཉིས་སྐྲངས་པ་དང༌། སྒྲེགས་པ་སྐྱུར་མོ་འབྱུང་བ་དང༌། ཟས་སྣ་ཚོགས་ལ་དད་པ་ཡིན་ཏེ། དེ་ཡང་མ་ཟས་གང་ལ་དད་པ་ཁོད་པའི་བུ་ཡང་
དེ་ལ་དད་དེ། བུ་དང་སེམས་འབྲེལ་ཡིན་པས་མི་དགག་གོ །མི་མཐུན་པའི་ཟས་ནི་ཅུང་ཟད་སྦྱིན་ནོ། །གང་འདོད་པའི་ཟས་བཀག་ན་ནི་ནང་གི་བུ་ལུས་འགྱུར་བ་འམ་འཕྱིལ་བར་འགྱུར་རོ། །ཟླ་བ་གསུམ་པ་ལ་བབ་པའི་ཚེ་ནི་ཡན་ལག་ལྔ་དོད་པར་འགྱུར་ཏེ། ཉིང་ལག་རྣམས་ཀྱང་རིམ་གྱིས་འབྱུང་ལ། བདེ་བ་དང་སྡུག་བསྔལ་ཡང་དེ་ཚུན་ཆད་འབྱུང་ངོ༌། །བྱིས་པ་ནང་དུ་སྐྱེ་བ་འམ་འཕེལ་བའི་རྒྱུ་ནི་མའི་སྙིང་དང་བུའི་ལྟེ་བར་འབྲེལ་པའི་རྒྱུན་སྲང་ཡོད་དེ། དེ་ནས་མས་ཟོས་པའི་བཅུད་འཇུག་སྟེ། དཔེར་ན་ཞིང་ལ་ཡུར་བ་ནས་ཆུ་དྲངས་ནས་བཅུས་ན་ངེས་པར་འཕེལ་ཞིང་རྒྱས་པ་བཞིན་ནོ། །ཟླ་བ་བཞི་པ་ལ་བབ་པའི་ཚེ་ན་ནི་བྱིས་པའི་ཡན་ལག་ཐམས་ཅད་གསལ་པོར་འབྱེས་པར་འགྱུར་རོ། །ཟླ་བ་ལྔ་པ་ལ་ནི་སེམས་ཤིན་ཏུ་གསལ་བར་འགྱུར་རོ། །ཟླ་བ་དྲུག་པ་ལ་ནི་རྩ་དང༌། རྒྱུས་པ་དང༌། བ་སྤུ་དང༌། སྟོབས་དང༌། མདོག་དང༌། སེན་མོ་དང༌། པགས་པ་དང་འདི་དག་སྐྱེའོ། །ཟླ་བ་བདུན་པ་ལ་བབ་པའི་ཚེ་ལུས་ཐམས་ཅད་རྒྱས་ཤིང་འཕེལ་བར་འགྱུར་རོ། །ནང་དུ་བྱིས་པ་ལ་རླུང་ལ་སོགས་པའི་ནད་བྱུང་ན་དེའི་རྒྱུས་བྱིས་པའི་ལྟེ་བ་ལས་མའི་སྙིང་དུ་འབྲེལ་བའི་གཞིས་མ་ལ་ཡང་ཐོག་མ་སྙིང་ལ་བསྟེན་ཏེ། དེའི་འོག་ཏུ་བྲང་དང་ནུ་མ་དང་ལྟོ་བ་རྣམས་སུ་གཡན་པའི་ནད་དང༌། རྐང་པ་དང་ལག་པ་ལ་ཚ་བ་སྐྱེ་བར་འགྱུར་ཏེ་དེའི་མིང་ནི་ཀིག་ཀི་ཞེས་བྱའོ། །དེ་ལྟར་ཀིག་ཀིའི་ནད་ཀྱིས་བཏབ་པ་ལ་ནི་མར་དང་རྒྱ་ཤུག་གི་འབྲས་བུ་སྦྱར་བ་འམ། འཚོ་བྱེད་སྣ་བཅུའི་སྡེ་ཚན་ནམ། རྒུན་འབྲུམ་ལ་སོགས་པའི་སྡེ་ཚན་གོང་མ་ལྟར་སྦྱར་བ་བྱིན་ན་ཕན་ནོ། །ཁ་ཟས་ནི་སྣུམ་པ་དང༌། ལན་ཚྭ་ཅུང་ཟད་བཏབ་པ་སྦྱིན་ནོ། །ནུ་མ་དང༌། བྲང་དང༌། ལྟོ་བ་འདི་དག་ལ་ནི་ཙནྡན་དང༌། པུ་ཤེལ་ཙེ་བཏགས་པའི་ལྡེ་གུས་བསྐུའོ། །ཡང་ན་འབྲས་བུ་གསུམ་བཏགས་པའི་ཕྱེ་མ་དང༌། རི་དྭགས་ཨེ་ནེ་ཡ་དང༌། ཧ་རི་ན་དང༌། རི་བོང་གི་ཁྲག་དང་སྦྱར་བས་བསྐུའོ། །ཡང་ན་ཀ་ར་བཱི་ར་དང༌། ཏིལ་མར་དུ་སྦྱར་བས་བསྐུ་མཉེ་བྱའོ། །ཡང་ན་པ་ཏོ་ལ་དང༌། ནིམ་པ་དང༌། བཙོད་དང༌། བྱེའུ་རུག་པ་དང༌། འདི་
རྣམས་ཆ་སྙོམས་ཏེ་བསྐོལ་བའི་ཆུས་བསྐུ་བ་འམ། ཡང་ན་སྐྱེར་པ་འམ། ཤིང་མངར་བསྐོལ་བའི་ཆུ་དང༌། ཁྲུས་དང་བསྐུ་བྱུག་ལ་སོགས་པ་གཙང་སྦྲ་ཆེར་བྱའོ། །ཟླ་བ་བརྒྱད་པ་ལ་ནི་མ་དང་བུའི་གཟི་མདངས་ཕན་ཚུན་ཡང་དང་ཡང་དུ་འཕོ་སྟེ། གཟི་མདངས་ནི་ལུས་འཛིན་པ་ཡིན་པས་གལ་ཏེ་གཟི་མདངས་འཕོ་བའི་དུས་སུ་བཙས་ན་ནི་ཕལ་ཆེར་མའམ་བུ་གཅིག་འཆི་སྟེ། དེ་ཡང་གཟི་མདངས་མ་ལ་འཕོ་བའི་དུས་ན་ནི་བུ་ལ་གཟི་མདངས་མེད་པས་བུ་འཆི་ལ་བུ་ལ་འཕོ་བའི་སྐབས་སུ་བཙས་ན་ནི་མ་མི་འཚོའོ། །ཟླ་བ་བརྒྱད་པ་ལ་ནི་འབྲས་ཀྱི་འོ་ཐུག་སྦྱིན་ནོ། །མངར་བའི་སྨན་ཛི་བན་ཏིའི་སྡེ་ཚན་དང་མར་དུ་སྦྱར་བའི་འཇམ་རྩི་མས་གཏོང་ངོ༌། །གཞན་ཡང་ཕྱི་ས་རྙིས་པ་དག་པར་བྱ་བའི་ཕྱིར་ལ་ཕུག་སྐམ་པོ་དང༌། རྒྱ་ཤུག་སྐྱུར་པོ་དང༌། ཤུ་ཏི་དང༌། འདི་རྣམས་བཏགས་ལ་མར་དང༌། རྒྱམ་ཚ་དང་སྦྱར་བའི་འཇམ་རྩི་བཏང་བ་བསྔགས་སོ། །ཟླ་བ་བརྒྱད་པོ་འདས་མ་ཐག་གི་ཞག་ལ་བྱུང་ན་དེ་ནི་དུས་སུ་སྐྱེས་པ་ཞེས་བྱ་སྟེ་རབ་ཏུ་བཟང་ངོ༌། །ཟླ་བ་དགུ་འམ་བཅུ་གཉིས་ཚུན་ཆད་སྐྱེས་པ་ནི་ལེགས་པར་སྐྱེས་པ་ཡིན་ལ། དེ་ཕན་ཆད་སྐྱེས་པ་ནི་རླུང་གིས་ལམ་བཀག་ནས་ངེས་པར་ལུས་མི་བདེ་བར་སྐྱེད་དོ། །ཟླ་བ་དགུ་པ་ལ་བབ་པའི་དུས་སུ་ནི་ཤ་ཚོན་གྱི་ཁུ་བ་འབྲས་ཆན་དང་བཟའ་བ་འམ། ཡང་ན་འབྲས་ཐུག་སྣུམ་ཤས་ཆེ་བ་དང་སྦྱར་ནས་བཟའ་སྟེ། རླུང་ནད་ཞི་བའི་ཕྱིར་གོང་དུ་སྨོས་པའི་ཨ་ནུ་བ་ས་ནི་རྟག་ཏུ་གཏང་ངོ༌། །རླུང་ལ་ཕན་པའི་སྨན་དང་སྦྱར་བའི་ཏིལ་མར་གྱི་ནང་དུ་སྦངས་པའི་བལ་གྱིས་མོ་མཚན་གྱི་ནང་དུ་བཙངས་ལ་གཞག་གོ །དེ་ནས་རླུང་འཇོམས་པའི་སྨན་བཙོ་མའི་ལོ་མ་ལ་སོགས་པའི་སྨན་གྱི་ལོ་མ་ཇི་སྙེད་པ་དང༌། ཆུ་བསྐོལ་བ་དེ་ནས་བསྒྲངས་པའི་ཁུ་བས་རྟག་ཏུ་ཁྲུས་བྱའོ། །ཟླ་བ་དགུ་པ་ལས་ནི་ཅི་སྲིད་དུ་འབྱུང་གི་བར་དུ་ཨ་ནུ་བ་ས་ན་ལ་སོགས་པའི་ལུས་ཀྱི་སྣུམ་ཆོས་སྤང་ངོ༌། །ནང་ན་བུ་ཁྱེའུ་ཡོད་པའི་རྟགས་ནི་བུད་མེད་ཀྱང་སྐྱེས་པའི་མིང་ཅན་ཐམས་ཅད་ལ་དགའ་ལ། གཏམ་དང་འདྲི་བ་ཡང་སྐྱེས་པའི་ཚིག་དང་ལྡན་པར་སྨྲ་བ་དང༌། སྐྱེས་པའི་ནང་དུ་དགའ་བ་དང༌། རྨི་ལམ་
དུ་ཡང་སྐྱེས་བུ་རྨི་བ་དང༌། དཀུ་གཡས་ལོགས་མཐོ་ལ་དེ་ཡང་ཟླུམ་པོར་འདུག་ན་དེ་ནི་བུ་ཕོ་བཙའ་བའི་སྔ་རྟགས་སོ། །གཞན་དུ་ན་དེ་ལས་བཟློག་པ་ནི་བུ་མོ་བཙའ་བའི་རྟགས་ཏེ། ཁྱད་པར་དུ་སྐྱེས་པ་དང་ཉལ་པོ་བྱེད་པར་དགའ་བ་དང༌། རོལ་མོ་དང༌། གར་དང༌། གླུ་དང༌། དྲི་དང༌། ཕྲེང་བ་ལ་དགའ་བ་ནི་བུ་མོ་བཙའ་བའི་རྟགས་སོ། །བུ་མ་ནིང་ཡོད་པའི་རྟགས་ནི་གོང་མ་གཉིས་ཀའི་རྟགས་དང་ལྡན་པ་དང༌། ཁྱད་པར་དུ་དཀུ་གཡས་གཡོན་གྱི་དབུས་ལྟེ་བའི་འོག་ནས་མཐོན་པོར་འདུག་ན་མ་ནིང་སྐྱེ་བའི་རྟགས་སོ། །བུ་མཚེ་མ་འབྱུང་བའི་རྟགས་ནི་དཀུ་གཡས་གཡོན་གཉིས་ཀ་མཐོན་པོར་འདུག་ལ། དབུས་སུ་ལུང་པ་ལྟར་གཤོང་བར་འདུག་པའོ། །གོང་གི་ཟླ་བ་དགུ་པ་ནས་བརྩམས་ལ་བུ་བཙའ་བའི་ཁང་པར་འཇུག་པར་བྱ་སྟེ་དེ་ཡང་ས་རྟོག་པ་ལ་མཁས་པའི་མཚན་ཉིད་དང་ལྡན་པའི་སྐྱེས་བུས་ཁྱིམ་ལེགས་པར་བརྟགས་ལ་དགོས་པའི་ཆ་བྱང་ཡོངས་སུ་བསགས་ཏེ། གཟའ་དང་རྒྱུ་སྐར་དགེ་བ་དང་སྐར་མའི་ཁྱིམ་དང་ཡུད་ཙམ་པ་ལ་སོགས་པ་བརྟགས་ལ་ཁྱིམ་དུ་འཇུག་པར་བྱའོ། །དེ་བསྲུང་བ་ཚུལ་བཞིན་དུ་བྱས་ཏེ་སྔར་གོང་མའི་མ་མ་བུ་བཙའ་བའི་ཆོ་ག་མཁས་པའི་འཁོར་དང་འདུག་པར་བྱའོ། །དེ་ལ་བུ་བྱུང་བ་ཉེ་བའི་སྔ་རྟགས་ནི་ལུས་དུབ་པ་དང༌། དཀུ་དང་མིག་གཉིས་འགུལ་བར་སྣང་བ་དང་རོ་སྨད་ལྕི་བ་དང༌། ཟས་ཡི་གར་མི་འོང་བ་དང༌། མཆིལ་མ་མང་བ་དང༌། གཅིན་མང་བ་དང༌། བརླ་དང༌། རྐེད་པ་དང༌། རྒྱབ་དང༌། སྙིང་དང༌། ཆུ་སོ་དང༌། བརླ་བྲག་དང༌། འདི་དག་ཏུ་ན་བ་དང༌། མོ་མཚན་རྒྱ་ཆེན་པོར་གྱུར་ཅིང་རྒྱུན་དུ་ན་བ་དང༌། འགུལ་བ་དང༌། ཁྲག་དང༌། བེའུ་སྣབས་ལྟ་བུ་འབྱུང་བ་དང༌། དེ་དག་ལྟར་སྣང་ན། དེང་ངམ་སང་འབྱུང་བའི་རྟགས་སོ། །དེའི་འོག་ཏུ་སྣོད་ལ་ཆུ་འབྱུང་ངོ༌། །དེ་ནས་བྱིས་པ་མངལ་ནས་བྱུང་སྟེ། མོ་མཚན་གྱི་ལམ་དུ་ཕྱིན་པ་དང༌། བུད་མེད་ལ་བསྲུང་བའི་འཁོར་ལོས་མགུལ་དུ་གདགས་པ་དང༌། བསྲུང་བའི་སྐུད་པས་ལག་པར་གདགས་སོ། །བུད་མེད་ཀྱི་ལག་པ་སྐྱེས་པའི་མིང་ཅན་གྱི་འབྲས་བུ་གླ་གོར་ཞོ་ཤ་ལ་སོགས་པ་བཅང་སྟེ། ཆུ་དྲོན་
པོ་ཅུང་ཟད་ཅིག་ལུས་ལ་བསྐུ་བའམ་བླུགས་སོ། །དེའི་འོག་ཏུ་མར་གྱིས་བཏབ་པའི་ཐུག་པ་བྱིན་པ་ས་ལ་མལ་བཅས་ཏེ་འདུག་གོ །དེ་ནས་བུད་མེད་ཀྱི་བརླའི་ནང་བསྐུ་བའི་རིགས་སོ། །དེའི་འོག་ཏུ་བུད་མེད་གན་རྐྱལ་དུ་བཞག་ལ་རླུང་ནད་ཞི་བའི་ཕྱིར་བསྐུ་བྱུག་ལེགས་པར་ཡང་དང་ཡང་བྱ་སྟེ། ལྟེ་བ་མན་ཆད་ཁྱད་པར་དུ་མཉེས་ལ་བུད་མེད་གླལ་བྱུང་བ་དང་འཆག་ཏུ་གཞུག་གོ །སྔར་བྱིས་པ་མའི་སྙིང་ཕྱོགས་སུ་མགོ་བརྟེན་ཏེ་འདུག་པ་ལས་ཁ་སྦུབ་ཏུ་ལོག་སྟེ་རང་གི་སྔར་གྱི་གནས་ནས་འཕགས་ནས་ཆུ་སོར་ཕྱིན་ཏེ། ཕྱིར་བུ་འབྱུང་ཁར་ཟུག་གཟེར་སྣ་ཚོགས་འབྱུང་བ་ན། མྱུར་བར་ཁྲི་ལེགས་པར་བཅས་ལ་དེའི་སྟེང་དུ་བཞག་སྟེ། བུ་ནང་ནས་བྱུང་བའི་མཚན་གྱིས་ཕུལ་བས་མོ་མཚན་བརྒྱངས་པ་ན་སྣུམ་གྱིས་བསྐུ་བྱུག་ལ་སོགས་པ་བྱའོ། །བུ་མོ་མཚན་གྱི་ཁར་མ་བྱུང་གི་བར་དུ་རིམ་གྱིས་བཙིར་ལ་སྒོར་ཕྱིན་པ་དང་ཤུགས་དྲག་ཏུ་ཕུལ་ཞིང་བཙིར་རོ། །དེའི་ཚེ་བུ་བཙའ་བའི་བུད་མེད་སྲོག་དང་བྲལ་བ་ཙམ་དུ་སྡུག་བསྔལ་མི་བཟད་པས་ཉེན་པར་འགྱུར་ཏེ། དེའི་དུས་སུ་ཉེ་འཁོར་ན་འདུག་པ་རྣམས་ཀྱིས་སེམས་གསོ་བ་དང༌། སྤྲོ་སྲིང་བ་དང༌། ཆུས་གཏོར་བ་དང༌། རླུང་ཡབ་ཀྱིས་གཡབ་པ་དང༌། བུ་ཆི་སྐྱ་བའི་ཡོན་ཏན་གྱི་སྦྲ་ཡང་བརྗོད་དོ། །ཇི་སྟེ་མཇལ་གྱི་སྒོ་ནས་བུ་ཕྱིར་འབྱུང་དུ་མ་འདོད་ན། སྤྲུལ་ནག་པོའི་པགས་པ་བསྲེགས་པའི་དུད་པས་མངལ་གྱི་སྒོ་ནས་བདུག་གོ །གསེར་གྱི་མེ་ཏོག་གི་རྩ་བ་འམ། ཡང་ན་ལྕམ་པ་འམ། ཡང་ན་བི་ཤ་ལྱ་གང་ཡང་རུང་བས་རྐང་པ་དང་ལག་པར་བཏགས་ན་བུ་འབྱུང་བར་འགྱུར་རོ། །གལ་ཏེ་ཤ་མ་འབྱུང་དུ་མ་འདོད་ན་ཡང་ཆོ་ག་གོང་མ་ལྟར་བྱའོ། །ཁྱད་པར་དུ་ལག་པ་གཉིས་བཏེག་ལ་ལུས་ཀུན་བསྐྱོད་པའམ། སྤྲུག་པ་བྱས་པས་ཤ་མ་ཕྱིར་འབྱུང་བར་འགྱུར་རོ། །ཡང་ན་ཁུ་ཚུར་གྱིས་རྐེད་པར་བརྡེག་ཅིང་རྐུབ་ཚོས་གཉིས་སུ་བཙིར་བར་བྱའོ། །ཡང་ན་རང་གི་སྐྲ་ཚོམས་ཀྱིས་མགྲིན་པ་དང༌། རྐན་ལ་རེག་པར་བྱ་བའམ། དེ་བཞིན་དུ་སྣུ་ཧིའི་འོ་མ་སྤྱི་བོ་ནས་བླུགས་པའམ། ཡང་ན་
གྲོ་བའམ། ལང་ཀ་ལི་དང༌། ཀུ་བ་དང༌། སྦྲུལ་གྱི་པགས་པ་དང༌། རུ་རྟ་དང༌། ཡུངས་ཀར་དེ་རྣམས་ལ་སྣ་གཉིས་སམ་ཡང་ན་ཐམས་ཅད་རྙེད་ན་ཡང་རུང་སྟེ། མོ་མཚན་གྱི་སྒོ་ནས་བྱུག་པའམ་བདུག་པ་བྱའོ། །ཡང་ན་རུ་རྟ་དང་བལ་བུའི་ཕྱེ་མ་ཆང་གི་སྙིང་ཁུ་དང་བླུད་དོ། །ཡང་ན་རྒྱ་སྲན་ནམ་བལ་བ་ཛའི་ཁུ་བ་འམ། ཨ་ས་བའི་བཏུང་བ་སྦྱར་བ་གང་ཡང་རུང་བ་བླུད་དོ། །ཡང་ན་ཤུ་ཏི་དང༌། ཡུངས་ཀར་དང༌། ཨ་ཛ་ཛི་ཞེས་བྱ་བ་ཟི་ར་དང༌། ན་ལེ་ཤམ་དཀར་པོ་དང༌། ཏ་ཏིཀྵྞ་ཀ་དང༌། ཀྲུ་ཏྲུག་ཏྲེས་དང༌། ཤིང་ཀུན་དང༌། རུ་རྟ་དང༌། པོ་སོན་ཆ་དང༌། འདི་རྣམས་ཕྱེ་མར་བྱས་པ། གཅིན་དང༌། འོ་མ་དང༌། ཡུངས་མར་དང༌། འདི་རྣམས་ཚུལ་བཞིན་དུ་བསྐོལ་བའི་མར་གྱིས་བཤང་བའི་ལམ་མམ། མོ་མཚན་གྱི་སྒོ་ནས་ཨ་ནུ་བ་ས་ན་བཏང་ན་རབ་ཏུ་ཕན་ནོ། །ཡང་ན་ཤུ་ཏི་དང༌། ཤུ་དག་དང༌། ཡུངས་ཀར་དང༌། པི་པི་ལིང་དང༌། འདི་རྣམས་ཚུལ་བཞིན་དུ་བཏགས་ལ་ལན་ཚྭ་དང༌། མར་དང་བཅས་པ་སྦྱར་བ་ནི་རུ་ཧ་མས་གཏོང་ན་ཤ་མ་འབྱིན་པར་བྱེད་དོ། །གལ་ཏེ་ཤ་མ་མ་བྱུང་ན་ནི་རླུང་ནད་ཀྱི་རྒྱུར་འགྱུར་ལ་ཕྱིར་བྱུང་ན་ནི་རླུང་ཡང་ཕྱིར་འབྱིན་པར་བྱེད་དོ། །གོང་མའི་ཐབས་གང་གིས་ཀྱང་ཤ་མ་མ་ཐོན་ན་བུད་མེད་མཁས་པ་སྔར་གོམས་པ་ཡོད་པས་ལག་པའི་སེན་མོ་བྲེགས་ལ་སྣུམ་གྱིས་བསྐུས་ཏེ། ལག་པ་ནང་དུ་བཅུག་ལ་དལ་བུས་རིམ་གྱིས་དབྱུང་ངོ༌། །དེ་ནས་བུ་དང་ཤ་མ་གཉིས་ཀ་བྱུང་ནས་གྲོལ་བ་ལྟ་ན། ཏིལ་མར་གྱིས་མོ་མཚན་དང་ལུས་ཐམས་ཅད་བསྐུ་མཉེ་བྱའོ། །བུད་མེད་བུ་བྱུང་བའི་འོག་ཏུ་ནད་མག་ཀ་ཞེས་བྱ་བ་འབྱུང་སྟེ། དེའི་མཚན་མ་ནི་འོག་ནས་ཆུ་སོ་དང༌། ལྟོ་བ་དང༌། བརླ་བྲག་ཏུ་ཟུག་ཅིང་ན་བ་ཡིན་ཏེ། དེ་ལ་ནི་ནས་ཚིག་འཁུས་པའི་ཐལ་བ་ཞིབ་པར་བཏགས་ཏེ། མར་རམ་ཡང་ན་ཆུ་དྲོན་པོ་བ་སྐོལ་བ་གང་ཡང་རུང་བ་དང་སྦྱར་བ་འམ། ཡང་ན་འུ་སུའི་འབྲས་བུ་བསྐོལ་བ་བུ་རམ་དང༌། ཚ་བ་གསུམ་དང་དྲི་སྣ་གསུམ་ཞེས་བྱ་བ་ཤིང་ཚ་དང༌། སུག་སྨེལ་དང༌། གནྡྷ་བྷ་དྲ་རྣམས་ཀྱི་ཕྱེ་མ་དང་སྦྱར་ལ་བླུད་དོ། །ཡང་ན་སྨན་པ་རྒན་པོ་རྣམས་ན་རེ་དྲི་སྣ་གསུམ་
དང། ཚ་བ་གསུམ་ཞོ་གཉིས་གཉིས་ཀྱི་ཕྱེ་མ་དང༌། འུ་སུའི་ཁུ་བ་སྦྱར་ལ་བླུད་དོ་ཞེས་ཟེར་རོ། །འདིར་བུའི་གསོ་བ་ཐམས་ཅད་ནི་བུད་མེད་དམ་མ་མ་གང་ཡང་རུང་བས་བྱིས་པའི་རྒྱུད་ཀྱི་ལེའུ་ལས་འབྱུང་བ་བཞིན་དུ་སྦྱར་བར་བྱའོ། །བུ་བྱུང་བའི་འོག་ཏུ་མ་ལྟོགས་པར་གྱུར་ན་ནི་མར་རམ་འབྲུ་མར་གང་ཡང་རུང་བ་སྦྱར་བའི་བཟའ་བ་འམ། ཐུག་པ་སྦྱིན་ནོ། །ལྟོགས་པར་མ་གྱུར་ན་ནི་དང་པོ་ཡི་ག་དབྱེ་བའི་ཕྱིར་ཆུ་བསྐོལ་བའི་ནང་དུ་བུ་རམ་མཉེས་ལ། ཆ་བ་རྣམ་པ་ལྔའི་ཕྱེ་མས་བཏབ་ལ་བླུད་དོ། །རླུང་འཇོམས་པའི་སྨན་རྩ་བ་བཅུ་ལ་སོགས་པ་བསྐོལ་བ་བླུད་ན་མངལ་གྱི་རླུང་ནད་སེལ་ཞིང་ཁྲག་ངན་དག་པར་བྱེད་དོ། །རིམ་པ་འདི་དག་གིས་ཞག་གཉིས་གསུམ་དུ་བྱའོ། །གཞན་ཡང་བྱིས་པའི་མ་སྣུམ་དང་འཕྲོད་ན་ནི་སྣུམ་དང་བཅས་པའི་བཟའ་བཏུང་སྦྱར་རོ། །སྣུམ་དང་མི་འཕྲོད་ན་ནི་གོང་གི་ཚ་བ་ལྔ་དང་བཅས་པའི་བཟའ་བཏུང་སྦྱར་རོ། །དེ་ལྟར་གོང་དང་མཐུན་པའི་བཟའ་བཏུང་བྱིན་ནས་རླུང་མི་འཇུག་པར་བྱ་བའི་ཕྱིར། མར་དང་ཏིལ་མར་གྱིས་བསྒོས་པའི་རས་ཀྱིས་ལྟོ་བ་བཅིང་བར་བྱའོ། །དེ་ནས་ཁ་ཟས་ཞུ་བ་དང་ཁྲུས་བྱ་སྟེ། གོང་དུ་སྨོས་པའི་སྨན་ཚ་བ་ལྔ་འམ། རྩ་བ་བཅུ་པ་ལ་སོགས་པ་དང་སྦྱར་བའི་ཐུག་པ་སྦྱིན་ནོ། །ཞག་གསུམ་ནས་ནི་བི་ད་རིའི་སྡེ་ཚན་དང་སྦྱར་བའི་ཐུག་པ་བླུད་མར་དང་འོ་མ་གོང་དང་མཐུན་པ་དང་སྦྱར་རོ། །ཞག་བདུན་པ་ནས་ནི་རིམ་གྱིས་ཉམས་སྟོབས་བསྐྱེད་པའི་ཁ་ཟས་སྦྱིན་ནོ། །ཞག་བཅུ་གཉིས་པ་ནས་ནི་སྲོག་ཆགས་ཐང་ལ་གནས་པའི་ཤ་ལས་གཡོས་སུ་བྱས་པའམ། ཤའི་བཟའ་བ་མེའི་དྲོད་དང་སྦྱར་ནས་སྦྱིན་ནོ། །བུ་བཙས་ཟིན་པའི་བུད་མེད་ལ་ནི་དང་པོ་རུམ་དུ་ཆགས་པ་ནས་འཕེལ་བ་ལ་སོགས་པ་དང༌། འབྱུང་བའི་སྡུག་བསྔལ་དང༌། ཁྲག་མང་པོ་འབྱུང་བ་དང༌། བཙིར་བ་ལ་སོགས་པའི་སྡུག་བསྔལ་གྱི་ནད་དུ་གྱུར་ན་གསོ་དཀའ་བར་བཤད་དེ། དེ་བས་ན་འབད་པ་དང་བཅས་པས་གསོ་བར་བྱའོ། །འོན་ཀྱང་བུ་བྱུང་ནས་ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་བག་དང་བཅས་པས་སྲུང་བ་ཚུལ་བཞིན་དུ་བྱའོ། །
དེ་ཕན་ཆད་ནི་ཅི་བདེར་སྤྱད་དོ། །ཐོག་མ་བུ་བཙས་ནས་ཉམས་བརྟས་ཏེ། ཕྱི་མ་ཟླ་མཚན་བྱུང་ནས་སྐྱེས་བུ་བཙས་ཞེས་བྱ་བའི་མིང་མེད་པ་བཞིན་ནོ། །ལུས་ཀྱི་གནས་ལས་ལེའུ་དང་པོ་རྫོགས་སོ།། །།དེ་ནས་བྱིས་པ་རུམ་དུ་ཆགས་པའི་ནད་ཀྱི་བྱེ་བྲག་བསྟན་པའི་ལེའུ་གཉིས་པ་བཤད་པར་བྱའོ། །དེ་ལ་བྱིས་པ་རུམ་དུ་ཆགས་པའི་བུད་མེད་དེས་སྤྱད་པར་མི་འོས་པའི་དངོས་པོ་ཉལ་པོ་དང་རྩོལ་བ་ལ་སོགས་བསྟེན་པ་ལས་བྱུང་བའམ། ཡང་ན་ནད་གཞི་འཁྲུགས་པའི་དབང་གིས་མོ་མཚན་ནས་ཁྲག་མང་པོ་བྱུང་སྟེ། དེ་ཡང་ཆུ་སོ་དང༌། རྩིབ་ལོགས་དང༌། རྐེད་པ་དང༌། མོ་མཚན་གྱི་སྒོར་ཟུག་གཟེར་བྱེད་ན། དེ་ལ་ནི་ལུས་ཕྱི་ནང་གཉི་ས་ཀ་ནས་སྣུམ་པ་དང༌། བསིལ་བའི་བཟའ་བ་དང༌། བཏུང་བ་དང༌། བསྐུ་བ་དང༌། བླུགས་པའི་གསོ་བ་སྦྱར་བར་བྱ་སྟེ། དེ་ཡང་པུ་ཤེལ་ཙེ་དང༌། པདྨ་དང༌། ཅནྡན་དང༌། ཤིང་འོ་མ་ཅན་གྱི་ཤུན་པ་དང༌། འདི་རྣམས་ཀྱི་ཕྱེ་མ་མར་དང་ལྡེ་གུར་བྱས་པས་རས་ལ་བསྐུས་ཏེ། རས་བསྒྲིལ་ལ་ཐམ་བུ་ཐབས་སུ་བྱས་པས། མཚན་གྱི་སྒོ་ནས་བཙངས་ལ་གཞག་གོ །མར་ཆུ་ནང་དུ་ལན་བརྒྱ་ཙམ་མཉེས་པས་ལུས་བསྐུའོ། །ཡང་ན་གོང་གི་ཨུ་ཤི་ར་ལ་སོགས་པའི་ཕྱེ་མ་ཆུ་དང་སྦྱར་བའི་ནང་དུ་ལུས་གཞུག་གོ །ཀ་ར་དཀར་པོ་དང༌། སྦྲང་རྩི་དང༌། ཀུ་མུ་ད་དང༌། ཨུཏྤ་ལ་དང༌། པདྨ་གེ་སར་སྦྱར་བའི་ལྡེ་གུ་སྦྱིན་ནོ། །ཤྲི་ཀ་ཊ་ཀ་དང༌། ཀ་ཤེ་རུ་ཀ་མར་དང༌། འོ་མ་དང་སྦྱར་བའི་བཟའ་བ་སྦྱིན་ནོ། །ཡང་ན་པྲི་ཡང་ཀུ་དང༌། ཨུཏྤ་ལའི་རྩ་བ་དང༌། ཨུ་དུམྦཱ་ར་གཞོན་ནུ་འདི་རྣམས་ཕྱེ་མར་བྱས་ཏེ། འོ་མ་དང༌། བཏུང་བ་འམ། ཡང་ན་འོ་མ་དང་བསྐོལ་བའི་ཁུ་བ་བླུད་དོ། །ཡང་ན་འབྲས་སཱ་ལུའི་རྩ་བ་དང༌། ཀ་ཀོ་ལ་དང༌། བ་ལ་རྣམ་གཉིས་དང༌། ཤིང་མངར་དང༌། བུ་རམ་ཤིང་འདི་རྣམས་ཆུ་དང་འོ་མ་དང་བསྐོལ་ལ། ཆུ་ནི་དུའོ་མ་ལུས་པ་དང༌། སྦྲང་རྩི་དང༌། ཤ་ཁ་རས་བཏབ་ལ་སྦྱིན་ནོ། །ཡང་ན་ཐང་ལ་གནས་པའི་སྲོག་ཆགས་ཀྱི་ཤ་བསིལ་བའི་ཁུ་བའི་ནང་དུ་སྦྲང་རྩི་དང༌། ཤ་ཁ་རས་བཏབ་པ་བླུད་དོ། །གཞན་
སློན་ཁྲུས་མ་གཏོགས་པ་ཕྱི་མ་ཁྲག་མཁྲིས་གསོ་བའི་ཆོ་ག་ཐམས་ཅད་སྐབས་འདིར་སྦྱར་རོ། །ཟླ་བ་གསུམ་གྱི་བར་དུ་ཁྲག་དབྱུང་བ་དགག་པའི་གསོ་བ་བྱས་ལ། བུ་ལེགས་པར་བརྟན་པར་བྱ་བའི་ཕྱིར་བུ་གསོ་བ་ལ་འབད་པ་དང་བཅས་པར་བྱའོ། །ཅི་སྟེ་ཁྲག་དབྱུང་བ་ལ་སོགས་པའི་གསོ་བ་མ་བྱས་ན་ནི་མངལ་དུ་བུ་མི་འཆགས་ཤིང་བརྟན་པོར་མི་འགྱུར་བར་སྨན་དཔྱད་བྱའོ། །གལ་ཏེ་བུད་མེད་ལ་བེའུ་སྣབས་ཀྱི་ནད་བྱུང་ན་དེ་ལ་ནི་ཕན་པའི་སྨན་བསྟེན་པར་བྱ་སྟེ། དེ་ཡང་བཟའ་བ་དང་བཏུང་བ་ནི་བསིལ་བའི་བག་གིས་ལུས་ཀྱི་ནང་ནས་སྦྱར་རོ། །སྨན་ཡང་ཁ་བ་དང་བསྐ་བའི་རྩུབ་ཆོས་བྱའོ། །གཞན་ཡང་སྨྱུང་བ་བྱ་ཞིང་གླ་སྒང་དང༌། པུ་ཤེལ་ཙེ་དང༌། སླེ་ཏྲེས་དང༌། ཨ་ར་ལུ་དང༌། འུ་སུ་དང༌། བྱི་ཚེར་བ་དང༌། བར་པ་ཏ་དང༌། ཙནྡན་དང༌། བོང་ང་དཀར་པོ་དང་འདི་རྣམས་ཆུ་དང་བསྐོལ་བའི་ཁུ་བའི་སྐོམ་དུ་བླུད་དོ། །ཟས་སུ་ནི་འབྲུ་གསུམ་པོ་དང༌། ཅི་ཚེ་དང༌། ཁྲེ་དང༌། ཅི་ཚེ་རྒོད་འདི་དག་གསུམ་ལས་གཡོས་སུ་བྱས་ལ་སྦྱིན་ནོ། །ཡང་ན་མོན་སྲན་སྡེའུ་ལ་སོགས་གང་བུ་ནས་སྐྱེས་པའི་སྲན་མའི་རིགས་ཀྱི་ཨུ་ཤའི་ཁུ་བཅུད་དང་གར་མའི་ཟས་ལྷན་ཅིག་སྦྱིན་ནོ། །སྨན་དང་ཟས་དེ་དག་གིས་མ་ཞུ་བའི་བེའུ་སྣབས་ཀྱི་ནད་ཞི་བར་གྱུར་ན་གོང་མ་བཞིན་དུ་བསིལ་བ་དང༌། སྣུམ་ཆོས་ལ་སོགས་པ་ཕྱི་ནང་གཉིས་ཀ་ནས་བྱའོ། །གལ་ཏེ་བྱིས་པ་ཟླ་བ་མ་ཚང་བར་ཕྱིར་འཕྱིལ་བར་གྱུར་ན་དེའི་ཚེ་ཟུག་གཟེར་དྲག་པོ་མྱོང་སྟེ་དེ་མ་ཐག་ཏུ་ཟུག་གཟེར་མི་དྲན་པ་དང༌། མངལ་བདེ་བར་བྱ་བའི་ཕྱིར། ཆང་བཟང་པོ་ལེགས་པར་སྨིན་པ་ཡོག་ཚད་བུད་མེད་ལ་སྦྱིན་ནོ། །དེ་ནས་རྩ་བ་ཆུང་དུ་ལྔ་བསྐོལ་བའི་ཁུ་བ་ལས་གཞི་བླངས་པའི་འབྲས་ཐུག་བླུད་དོ། །གལ་ཏེ་ཆང་མི་འཐུང་བ་ཞིག་ཡིན་ན་ནི་ཚ་བ་རྣམ་པ་ལྔ་དང་སྦྱར་བའི་ཐུག་པ་སྦྱིན་ནོ། །དེ་ནས་བིལ་བ་ལ་སོགས་པའི་རྩ་བ་ཆེན་པོ་ལྔ་བསྐོལ་བའི་ཁུ་བ་ལས་གཞི་བླངས་ལ་གོང་གི་འབྲུ་གསུམ་དང༌། ཏིལ་དང་སྦྱར་བའི་ཟན་དྲོན་སྦྱིན་ནོ། །ཅི་སྟེ་བུ་ཟླ་བ་གཅིག་ལོན་པ་ན་འབྱིལ་བར་གྱུར་ན་ཐུག་པ་ལ་སོགས་པའི་ཆོ་ག་གོང་མ་ཞག་གཅིག་གི་བར་དུ་སྦྱིན་ནོ། །དེ་བཞིན་དུ་
ཟླ་བ་བཞི་ནས་བརྒྱད་ཀྱི་བར་དུ་ཟླ་གྲངས་དང་ཞག་གྲངས་རེ་རེར་སྦྱར་རོ། །ཁ་ཟས་ཀྱང་ཡང་བག་ཚོད་ཟིན་པར་བཟའ་སྟེ། དེ་ཡང་སྣུམ་དང་ལན་ཚྭ་མེད་པ་མེའི་དྲོད་སྐྱེད་པར་བྱེད་པའི་སྨན་ན་ལེ་ཤམ་ལ་སོགས་པ་ཚ་བ་རྣམ་བ་ལྔ་དང་བཅས་པ་བྱིན་ན་ཕན་ནོ། །གོང་དུ་བསྟན་པའི་ཟས་དང་སྨན་ལ་སོགས་པའི་ཆོ་ག་བསྟན་པ་ནི་སྲོག་ཟུངས་བདུན་དང་ཆུ་སེར་དང༌། རླུང་མཁྲིས་ལ་སོགས་པ་འཁྲུགས་པ་ཞི་ཞིང་བསྐོམ་པའི་ཕྱིར་བཤད་པ་ཡིན་ནོ། །དེ་ནས་དེའི་འོག་ཏུ་སྣུམ་པའི་བཟའ་བ་དང་བཏུང་བ་དང༌། ནི་རུ་ཧ་བཏང་ན་སྟོབས་དང་ལྡན་པ་དང༌། མེའི་དྲོད་སྐྱེད་པར་བྱེད་དོ། །གཞན་ཡང་ཛི་བན་ཏིའི་སྡེ་ཚན་འོ་མ་དང་སྦྱར་ལ་བླུད་དོ། །གཞན་ཡང་ཁོང་པའི་ནང་དུ་བུ་ལ་ནད་ཀྱང་མེད། ཉམས་སྟོབས་དང་ལྡན་བཞིན་དུ་མོ་མཚན་ནས་ཁྲག་འཛག་སྟེ་བུ་འཕེལ་ཞིང་རྒྱས་པར་མ་ནུས་པ་ཡང་ཡོད་དེ། དེ་འཕར་བ་འམ་འགུལ་བར་མི་སྣང་ན་དེའི་སོ་ན་གནས་པ་ཞེས་བྱ་སྟེ། དེ་ལྟར་ན་བུ་འཕེལ་མ་ནུས་པའི་རྒྱུས་མའི་ལྟོ་བ་ཆེར་སྐྱེ་བར་མི་འགྱུར་བ་ཡང་ཡོད་དོ། །གཞན་མས་མྱ་ངན་སྨྱུང་བ་དང༌། རྩུབ་པ་ལ་སོགས་པའི་རྒྱུས་རླུང་འཁྲུགས་པ་འམ། ཁྲག་མང་པོ་བྱུང་བའི་རྒྱུས་རླུང་འཁྲུགས་པའམ། དེ་གཉིས་གང་ཡང་རུང་བའི་རྒྱུས་བུ་དེ་རིད་ཅིང་སྐེམས་པར་འགྱུར་ལ། དེའི་མིང་ནི་གོ་ད་ར་ཞེས་བྱ་སྟེ། ནང་གི་བུའི་འགྲིབས་པའི་དབང་གིས་སྔར་ལྟོ་བ་ཆེར་སྐྱེས་ན་ཡང་ཕྱིས་འགྲིབ་པར་སྣང་སྟེ། ནང་དུ་འགུལ་བ་ཡང་ཡུན་རིང་པོ་ནས་ཅུང་ཞིག་འགུལ་པ་ཡིན་ནོ། །དེ་ལ་སོ་ན་གནས་པ་དང༌། ནད་གོ་ཏ་ར་ཞེས་བྱ་བ་འདི་གཉིས་ལ་ནི་ཉམས་སྟོབས་སྐྱེད་པའི་སྨན་དང༌། རླུང་འཇོམས་པའི་སྨན་དང༌། མངར་བའི་སྨན་དང༌། མར་དང༌། འོ་མ་དང༌། རེའུ་བཙས་མ་ཐག་པའི་ཤ་དང། འདི་རྣམས་ལེགས་པར་སྦྱར་ལ་མ་ལ་ཚིམ་ཚད་དུ་སྦྱིན་ནོ། །དེའི་འོག་ཏུ་བཞོན་པ་ལ་བསྐྱོན་ཏེ་ཅུང་ཞིག་བསྐུལ་ལོ། །ཁོང་པ་ན་ནང་གི་བུའི་ཚད་སྔོན་པོ་ཞེས་བྱ་བ་འགུལ་མི་ཤེས་པ་ཡོད་དེ། དེ་ལ་ནི་བྱ་ཤེ་ན་དང༌། གོ་བད་ཚ་དང༌། ཨུག་ཀྲོ་ཤ་དང༌། རྨ་བྱ་དང༌།
འདི་རྣམས་ཀྱི་ཤའི་ཁུ་བའི་ནང་དུ་མར་མང་པོ་བླུགས་པའམ་ཡང་ན་མོན་སྲན་གྲེའུ་དང༌། ལ་ཕུག་གི་ཁུ་བའི་ནང་དུ་མར་མང་པོ་བླུགས་ལ་སྦྱིན་པ་འམ། ཡང་ན་བིལ་བ་གཞོན་ནུ་དང༌། ཏིལ་དང༌། མོན་སྲན་གྲེའུ་དང༌། ཕྱེ་དང་འདི་རྣམས་ཆུ་དང་འོ་མ་དང་བསྐོལ་བའི་ཐུག་པ་བླུད་དོ། །རྐེད་པ་མན་ཆད་ཏིལ་མར་གྱིས་བསྐུ་བྱུག་བྱ་སྟེ། སྲོག་ཆགས་གཞོན་ནུའི་ཤ་ཟོས་ལ། དེ་དང་རྒུན་ཆང་དང་ལྷན་ཅིག་སྦྱིན་ནོ། །བུད་མེད་སྦྲུམ་མ་ལ་ནི་རྟག་ཏུ་འབྱུང་བར་འོང་ངོ༌། །ཞེས་དགའ་བའི་སེམས་སྐྱེད་དེ། དེ་ལ་ཁ་ཟས་ལ་སོགས་པ་མི་མཐུན་པ་བསྟེན་པའི་དབང་གིས་ལུས་ཡོངས་སུ་རྫོགས་ན་ཡང་ལོ་གྲངས་སུ་འདུག་སྟེ། ཤིན་ཏུ་དཀའ་བས་ཉམ་ཐག་སྡེ་མི་འབྱུང་བ་ཡང་ཡོད། ལ་ལ་དག་ནི་འབྱུང་བ་ཡང་ཡོད་དོ། །བུད་མེད་སྦྲུམ་མ་ལ་འང་རྟུག་པ་འགགས་པའི་ནད་བྱུང་ན་དེ་ལ་ནི་སྣུམ་ཆེན་པོ་བཞི་གང་དང་འབྱོར་བའི་འཇམ་རྩི་མས་གཏོང་ན་དེ་མ་ཐག་འབྱུང་བའི་རིགས་སོ། །གལ་ཏེ་ནད་གཞི་འཁྲུགས་པའམ་མ་སྔོན་གྱི་ལས་ཀྱིས་མ་བུ་གཉིས་ཀ་འཆི་བ་ཡང་ཡོད་དོ། །དེའི་རྟགས་ནི་ལྟོ་བའི་ནང་གྲང་བ་དང༌། རེངས་པ་དང༌། སྦོ་བ་དང༌། ནད་ཚབས་ཆེ་བ་དང༌། ནང་གི་མི་འགུལ་བ་དང༌། མགོ་འཁོར་བ་དང༌། སྐོམ་དང་ཆེ་བ་དང༌། དབུགས་ཉམ་ཐག་པར་འབྱིན་པ་དང༌། ལུས་དུབ་པ་དང༌། གནས་ལ་སོགས་པ་ལ་མི་དགའ་བ་དང༌། རྟབས་མིག་ཏུ་བལྟ་བ་དང༌། རྟགས་དེ་དག་དང་ལྡན་ཞིང་བུ་ཕྱིར་སྐྱེ་བའི་མཚན་མ་མི་སྣང་ན་ངེས་པར་བུ་ནང་དུ་ཤི་བའི་རྟགས་སོ། །གལ་ཏེ་བུ་ནང་དུ་ཤི་སྟེ་མཐོན་ན་ཆུ་དྲོན་པོས་མངལ་གྱི་སྒོ་ཁྲུས་བྱའོ། །ཕབས་དང་བུ་རམ་དང་ལན་ཚྭ་ལྷན་ཅིག་སྦྱར་བའི་ལྡེ་གུས་མོ་མཚན་གྱི་ནང་དུ་བསྐུ་ཞིང་དེ་ནས་མུ་ཛ་རའི་ཕྱེ་མ་དང༌། མར་སྦྱར་བའི་ལྡེ་གུས་མོ་མཚན་གྱི་ནང་དུ་ཡང་དང་ཡང་ཕུལ་ཞིང་དགང་བར་བྱས་ན་ནང་ནས་དབྱུང་བའི་རིགས་སོ། །ཐབས་དེ་དག་གིས་མ་བྱུང་ན་སྲིད་སྲུང་གི་རིག་བྱེད་ཀྱི་སྔགས་ཀྱིས་བཏབ་ལ་དབྱུང་ངོ༌། །དེས་ཀྱང་མ་ཐོན་ན་རྣལ་འབྱོར་བའི་ཏིང་ངེ་འཛིན་བསྒོམ་མོ། །གཞན་ཡང་ཤ་མ་
འབྱུང་བའི་སྨན་ལང་ཀ་ལི་ལ་སོགས་པའི་སྦྱོར་བ་ཐམས་ཅད་ཀྱང་སྐབས་འདིར་སྦྱར་རོ། །དེ་དག་གིས་ཀྱང་མ་ཐུབ་ན། རྒྱལ་པོ་ལ་ཞུ་བའི་ཐག་བཅད་དེ། དེའི་འོག་ཏུ་སྨན་པས་སེན་མོ་བྲེགས་ལ་མ་ཛ་རའི་ཕྱེ་མ་མར་དང་སྦྱར་ལ་མོ་མཚན་གྱི་སྒོ་དང་ལག་པ་བསྐུས་ཏེ། ནང་དུ་བཅུག་ནས་དྲང་པོར་འདུག་ན་ནི་ལག་པས་ཕྲད་མ་ཐག་ཏུ་དབྱུང༌། གལ་ཏེ་ལུས་གཞན་དུ་འགྱུར་བའམ་ལུས་གོང་འོག་ཏུ་འཆུགས་པའམ། གང་ལྟར་ཡོད་པ་ལེགས་པར་མྱངས་ཏེ། མོ་མཚན་གྱི་ལམ་དུ་དགུག་གོ །ཇི་སྟེ་མགོ་དྲང་པོར་ཡར་བལྟས་ཏེ་འདུག་ན་ཡང་མར་བཟློག་ལ་དབྱུང་ངོ༌། །དེ་ཡང་ཕན་ཚུན་བསྡུ་ལ་བཙིར་ཞིང་དབྱུང་སླ་བའི་ཐབས་སྣ་ཚོགས་བྱ་སྟེ། ཅི་ལེགས་སུ་དབྱུང་ངོ༌། །གལ་ཏེ་ལག་པ་གཉིས་སྔོན་དུ་བྱུང་ངམ། ཡང་ན་རྐང་པ་སྔོན་དུ་བྱུང་ངམ། མགོ་འབའ་ཞིག་སྔོན་དུ་འབྱུང་སྟེ། དེ་ཡང་འཆུས་པའམ་ལོག་པར་བྱུང་ན་དེ་ནི་ཤམ་པ་ཞེས་བྱ་སྟེ་ཐབས་ཅི་ཡོད་པས་བརྟགས་ཏེ་ཕྱིར་དབྱུང་ངོ༌། །གཞན་ཡང་བུའི་རྐང་པ་གཅིག་ནི་བཤད་པའི་ལམ་དུ་ཞུགས་ལ་གཅིག་ནི་མེ་མཚན་གྱི་ཕྱོགས་སུ་ཞུགས་ཏེ་འདུག་ན། དེ་ཡང་ནི་ཤམ་པ་ཞེས་བྱ་སྟེ། དེ་ནི་ལག་པས་དབྱུང་བར་མི་ནུས་ཏེ་མཚོན་གྱིས་དབྱུང་བར་འོས་པ་ཡིན་ནོ། །དེ་ཡང་མཚོན་འདི་འདྲ་བ་ལས་བྱ་བར་བསྔགས་ཏེ། མཚོན་གྱི་དབྱིབས་རྩེ་མོ་དཀྱིལ་འཁོར་འདྲ་ལ་སོ་ནི་མཛུབ་མོའི་སེན་མོའི་དབྱིབས་དང་འདྲ་བ་དང༌། འཕེལ་བཙགས་ཞེས་བྱ་བ་དབྱིབས་སུ་སྤུ་གྲི་འདྲ་བ་དང༌། དཀྱིལ་འཁོར་གྱི་རྩེ་མོ་འདྲ་བ་དང་དེ་གསུམ་ལས་ཀྱང་འཕེལ་བཙགས་ནི་རྩེ་མོ་རྣོ་བས་ནང་དུ་མི་གཏང་ངོ༌། །དེ་བས་ན་སྨན་པ་མཁས་པ་ལས་ཀྱི་བྱ་བ་ལ་གོམས་པས་མཚོན་ལེགས་པར་བྱ་སྟེ། མགོ་བོ་འམ་རྐང་པ་ལ་སོགས་པ་གང་བདེ་བའི་ཕྱོགས་ན་ཡོད་པ་དེ་ལྕགས་ཀྱུས་དམ་དུ་བཟུང་སྟེ། མཚོན་གྱིས་བཅད་ཅིང་ལྕགས་ཀྱུས་དྲངས་ལ་དབྱུང་ངོ༌། །དེ་བཞིན་དུ་ཡན་ལག་ལྷག་མ་ཡང་བཅད་ཅིང་རིམ་གྱིས་ཕྱིར་དབྱུང་ངོ༌། །གལ་ཏེ་བུའི་ནང་ཆལ་སོགས་པ་མའི་ཁོང་པར་ལུས་པའི་མཚན་མ་ནི་ལྟོ་བ་ཅུང་ཞིག་གྲང་བར་འདུག་སྟེ། དེ་ལ་ནི་བུད་མེད་
ཀྱི་ལྟོ་བ་དབུགས་ཀྱིས་བཀང་བ་ལྟར་བྱས་ལ་ཕྱིར་བཙིར་ན་འབྱུང་བར་འགྱུར་རོ། །དེས་འབྱུང་དུ་མ་འདོད་ན་ཡང་གོང་མ་ལྟར་བཅད་ཅིང་དབྱུང་ངོ༌། །གཞན་ཡང་བུ་མའི་རྐེད་པ་ལ་བརྟེན་ཏེ་འདུག་པ་ཡོད་དོ། །དེ་ནི་རླུང་གིས་དེ་ལ་འབྱར་བར་བྱས་པ་ཡིན་པས་ཐོག་མར་ཐོད་པ་བཅད་ལ་ལྕགས་ཀྱུས་ཕྱིར་དྲངས་ལ་དབྱུང་ངོ༌། །ལག་པ་ཡང་དུམ་བུ་དུམ་བུར་བཅད་ཅིང་དབྱུང་སྟེ། བུད་མེད་ཀྱི་རྒྱུ་མ་ལ་སོགས་པ་ལ་མཚོན་གྱིས་མ་ཕོག་པར་བག་བྱའོ། །རླུང་ཤས་ཆེར་འཁྲུགས་པའི་དབང་གིས་ཁོང་པའི་ནང་དུ་བུ་མི་འགུལ་ཞིང་རེངས་པ་ལ་སོགས་པ་སྣ་ཚོགས་སུ་འགྱུར་བར་བྱེད་དེ། དེ་བས་ན་སྨན་པ་མཁས་པས་ལེགས་པར་བརྟགས་ཏེ་དཔྱད་བྱ་བ་ཡིན་གྱིས་བློ་ཞན་པའི་སྨན་པ་མི་མཁས་པ་རྩིང་པོ་མ་བརྟགས་པ་རྣམས་ཀྱིས་བླུན་ཆོས་སུ་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་གལ་ཏེ་བུ་མ་ཤི་བར་དཔྱད་དྲག་པོ་མཚོན་གྱི་ལས་བྱས་ན་ནི། མ་དང་བཅས་པར་འཆི་ལ་གཉིས་ཀ་སྲོག་གཅིག་པར་བལྟ་སྟེ་དེ་མ་ཐག་འཆིའོ། །དེ་བས་ན་ཐོག་མར་མཚོན་གྱི་ལས་མི་བྱ་བར་དྲང་བའི་ཐབས་སྣ་ཚོགས་བྱའོ། །གཞན་དུ་ན་མོ་མཚན་ཞུམ་པར་གྱུར་པ་དང༌། མོ་མཚན་ཕྱིར་ལོག་པ་དང༌། དེ་བཞིན་དུ་གོང་དུ་སྨོས་པའི་བརྣག་དཀའ་བའི་ནད་འབྱུང་བ་དང༌། དབུགས་མི་བདེ་བས་གཟིར་བ་དང་སྒྲེགས་པ་མནམ་པོ་འབྱུང་བ་དང༌། ལུས་གྲང་བ་དང་མཚན་མ་འདི་དག་དང་ལྡན་པའི་བུད་མེད་ཀྱི་ནི་ཡོངས་སུ་སྤང་བར་བྱའོ། །བུད་མེད་བུ་བྱུང་ནས་ཤ་མ་དབྱུང་དུ་མ་འདོད་ན་གོང་དུ་སྨོས་པའི་གསེར་གྱི་མེ་ཏོག་ལ་སོགས་པའི་སྦྱོར་བ་བྱའོ། །བུ་དང༌། ཤ་མ་བྱུང་ཟིན་ནས་ཆུ་དྲོན་པོས་ཁྲུས་བྱས་ལ་སྣུམ་གྱིས་བསྐུ་བྱུག་བྱའོ། །དེ་ནས་མོ་མཚན་གྱི་སྒོ་ནས་སྣུམ་དང་བཅས་པའི་རས་བལ་གྱིས་བཅུག་ན་འཇམ་པར་འགྱུར་ཞིང་ཟུག་གཟེར་ཡང་ཞི་བར་འགྱུར་རོ། །དེའི་འོག་ཏུ་ལ་ལ་ཕུད་དང༌། བོང་ང་གཉིས་དང༌། ར་སྣ་དང༌། ཤིང་ཀུན་དང༌། སུག་སྨེལ་དང༌། ཚ་བ་རྣམ་ལྔ་དང་འདི་རྣམས་ཀྱི་ཕྱེ་མ་མར་དང་སྦྱར་བའམ། ཡང་ན་བསྐོལ་བའི་ཁུ་བ་མར་དང་སྦྱར་བ་བཏུང་བར་བྱའོ། །ཡང་ན་པུ་ཙེ་ཤེལ་
དང། བོང་ང་དཀར་པོ་དང༌། ཀ་ཊཱ་ག་དང༌། ཤིང་ཀུན་དང༌། ཏེ་ཛོ་བ་ཏི་དང་འདི་རྣམས་བཏགས་ཏེ་ཕྱེ་མར་བྱས་པའམ། ཡང་ན་བསྐོལ་བ་མར་དང་ལྡན་པར་བླུད་ན་བུད་མེད་ཀྱི་མངལ་ནད་ཁྲག་འཛག་པ་ཞི་བར་བྱེད་དེ་ཞག་གསུམ་གྱི་བར་དུ་བྱའོ། །དེ་ནས་ཞག་གསུམ་གྱི་བར་དུ་སྣུམ་ལས་གཞི་བླངས་པའི་བཟའ་བ་དང་བཏུང་བ་སྦྱིན་ནོ། །སྨན་བསྐོལ་བའི་ཆང་ངམ། ཨ་ས་བ་ལེགས་པར་སྦྱར་བའི་ཆང་ཕྱི་དྲོའི་དུས་སུ་སྐོམ་དུ་བླུད་དོ། སྨན་ཤི་རི་ཤ་དང༌། ཀ་ཀུ་པ་གཉིས་བསྐོལ་བའི་ཁུ་བའི་ནང་དུ་རས་བལ་སྤངས་པ་མོ་མཚན་གྱི་ནང་དུ་གཞུག་གོ །དེ་བཞིན་དུ་ནད་གང་ཡང་རུང༌། གློ་བུར་དུ་བྱུང་ན། སོ་སོའི་ནད་དང་མཐུན་པའི་སྨན་སྦྱར་རོ། །རླུང་འཇོམས་པའི་སྨན་རྩ་བ་བཅུ་པའོ། །མར་དང་བསྐོལ་བ་ལས་གཞི་བླངས་པའི་བཟའ་བ་སྦྱིན་ནོ། །དེ་ནས་ཞག་བཅུའི་བར་དུ་ཤ་ཁུ་དང་བཅས་པའི་ཟས་སྦྱིན་ནོ། །དེ་ནས་ཞག་བཅུའི་བར་དུ་ཟས་ཡང་བ་དང༌། ཕན་པ་དང༌། ཉུང་བའི་བཟའ་བ་སྦྱིན་ནོ། །དེ་ནས་ཟླ་བ་བཞིའི་བར་དུ་བཟའ་བ་ཉུང་ཟད་སྦྱིན་ཞིང༌། འོག་ནས་འབྱུང་བའི་སྨན་ལས་སྦྱར་བའི་ཏིལ་མར་བསྟེན་པར་བྱའོ། །དེ་ཡན་ཆད་ནི་ཅི་བདེ་བར་སྤྱད་དེ་བསྲུང་མི་དགོས་སོ། །སྨན་བ་ལའི་མར་ཞེས་བྱ་བ་ནི་བ་ལ་ཆམ་ཆོམ་བརྡུངས་ཏེ་ཆུ་དང་ཚུལ་བཞིན་དུ་བསྐོལ་ལ་དྲུག་ཆ་ལུས་པ་དང་མཉམ་པའི་དེ་དང་འོ་མ་དང་བསྲེས་པ་དེའི་ནང་དུ་ནས་དང༌། རྒྱ་ཤུག་དང༌། རྒྱ་སྲན་དང༌། རྩ་བ་བཅུ་པ་འདི་རྣམས་ཆ་གཅིག་དང༌། ཏིལ་མར་ཆ་བཅུ་བཞི་དང༌། མེ་ད་རྣམ་གཉིས་དང༌། ཐང་ཤིང་དང༌། བཙོད་དང༌། རམ་ཉེ་བ་རྣམ་གཉིས་དང༌། ཐལ་ཏྲེས་དང༌། རུ་རྟ་དང༌། རྒྱ་སྤོས་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། ལྕེ་མྱང་ཚ་དང༌། གླ་སྒང་དང༌། རྡོ་དྲེག་དང༌། ཤུ་དག་དང༌། ཨ་ཀ་རུ་ནག་པོ་དང༌། བ་སྤྲུ་བ་རྣམ་གཉིས་དང༌། ཨ་ཤྭ་གནྡྷ་དང༌། ཉེའུ་ཤིང་དང༌། པ་ཡས་སྱ་དང༌། ཤིང་མངར་དང༌། བ་ལ་ར་ས་དང༌། ཤུ་ཏི་དང༌། མུངྒ་པརྞི་དང༌། མ་ཤ་པརྞི་དང༌། སུག་སྨེལ་དང༌། ཤིང་ཚ་དང༌། གནྡྷ་བྷ་དྲ་དང༌། འདི་རྣམས་ཞིབ་ཏུ་བཏགས་ཏེ་ལྷན་ཅིག་ཏུ་མེ་མི་ཆེ་བས་བསྐོལ་ལ་ཏིལ་མར་འབའ་ཞིག་
ལུས་པ་དང༌། དེ་ལས་རན་པར་འཐུངས་ན་རླུང་ལས་གྱུར་པའི་ནད་ཐམས་ཅད་ལས་རྒྱལ་ཏེ་ཁྱད་པར་དུ་བུད་མེད་བུ་བཙས་མ་ཐག་པ་དང༌། བྱིས་པའི་མིག་གནད་ན་བ་དང༌། རུས་པ་ཆག་པ་དང༌། འདི་རྣམས་ལ་རབ་ཏུ་བསྔགས་སོ། །གཞན་ཡང་རིམས་དང༌། སྐྲན་དང༌། གདོན་དང༌། སྨྱོ་བྱེད་དང༌། གཅིན་ནད་དང༌། རྒྱུ་མ་ཆེར་སྐྱེས་པའི་ནད་ལས་རྒྱལ་བར་བྱེད་པ་ཡང་འདི་ཡིན་ཏེ། མཆོག་ཏུ་མོ་མཚན་རལ་བ་དང༌། བུད་མེད་ཀྱི་ནད་ཐམས་ཅད་ལ་ཕན་ནོ་ཞེས་དྲང་སྲོང་ཆེན་པོ་ཐང་ལ་འབར་གྱིས་བཤད་དོ། །དེ་དེ་ལ་བུ་མ་བཙས་པར་མ་ཤི་བར་གྱུར་ན་དེ་མ་ཐག་མའི་ལྟོ་བ་ལག་པས་མྱངས་ཏེ་བུ་ནང་དུ་འགུལ་ན་དེ་ཁོ་ན་སྐྱེས་པའི་དུས་ཡིན་པས་ཆུ་སོའི་སྒོ་ནས་དྲལ་ཏེ་མྱུར་དུ་བུ་དབྱུང་བར་བྱའོ། །ཐོག་མ་མའི་མངལ་དུ་ཁུ་ཁྲག་ཆགས་ནས་ཟླ་བ་དང་པོ་ལ་བབ་པའི་ཚེ་ན་ཤིང་མངར་དང༌། ཤིང་ཤ་ཀའི་ས་བོན་དང༌། པ་ཡས་སྱ་དང༌། ཐང་ཤིང་དང་དེ་རྣམས་སྦྱར་རོ། །ཟླ་བ་གཉིས་པ་ལ་བབ་པའི་ཚེ་ན་སྲུ་སྲུའི་རྩ་བ་དང༌། ཏིལ་ནག་པོ་དང༌། བཙོད་དང༌། ཉེའུ་ཤིང་དང་དེ་རྣམས་སྦྱར་རོ། །ཟླ་བ་གསུམ་པ་ལ་བབ་པའི་ཚེ་ན་ནི། པ་ཡས་སྱ་དང༌། པྲི་ཡངྐུ་དང༌། ཨུཏྤ་ལ་དང། ཐལ་ཏྲེས་དང་དེ་རྣམས་སྦྱར་རོ། །ཟླ་བ་བཞི་པ་ལ་བབ་པའི་ཚེ་ན་ནི། བྱི་ཚེར་བ་དང༌། ཐལ་ཏྲེས་དང༌། ར་སྣ་དང༌། པདྨ་ར་ཙི་དང༌། ཤིང་མངར་དང་དེ་རྣམས་སྦྱར་རོ། །ཟླ་བ་ལྔ་པ་ལ་བབ་པའི་ཚེ་ན་ནི་བྲི་ཧ་ཏི་རྣམ་གཉིས་དང༌། ཏང་བལ་དང༌། ཤིང་འོ་མ་ཅན་གྱི་མྱུ་གུ་དང༌། ཤུན་པ་དང༌། མར་དང་དེ་རྣམས་སྦྱར་རོ། །ཟླ་བ་དྲུག་པ་ལ་བབ་པའི་ཚེ་ན་ནི། ཀྲྀཥྞ་པརྞི་དང༌། པ་ལ་དང༌། ན་ལེ་ཤམ་དཀར་པོ་དང༌། གཟེ་མ་དང༌། སླེ་ཏྲེས་དང་དེ་རྣམས་སྦྱར་རོ། །ཟླ་བ་བདུན་པ་ལ་བབ་པའི་ཚེ་ན་ནི། སྨན་ཤིང་ཀ་ཏྲ་ཀ་དང༌། པདྨའི་རྩ་བ་དང། རྒུན་འབྲུམ་དང༌། ཀ་ཤེ་རུ་དང༌། ཤིང་མངར་དང༌། ཀ་ར་དཀར་པོ་དང་དེ་རྣམས་སྦྱར་རོ། །དེ་ལྟར་ཟླ་གྲངས་དང་སྦྱར་བའི་སྦྱོར་བ་བདུན་པོ་ཀུན་ལ་འོ་མ་དང་སྦྱར་ལ་བཏང་སྟེ་དེ་ལྟར་ཟླ་བ་བདུན་གྱི་བར་དུ་ཁྲག་འཛག་པ་བསྲུང་བའི་ཕྱིར་གོང་མའི་སྦྱོར་བ་བསྟན་པ་ཡིན་ནོ། །
ཟླ་བ་བརྒྱད་པ་ལ་བབ་པའི་ཚེ་ན་ཀ་པིད་ཐ་བིལ་བ་དང༌། བྲི་ཧ་ཏི་དང༌། བུ་རམ་ཤིང་དང༌། ཀཎྜ་ཀ་རི་དང༌། འདི་རྣམས་ཀྱི་རྩ་བ་འོ་མ་དང་ལྷན་ཅིག་བསྐོལ་ལ་བླུད་དོ། །ཟླ་བ་དགུ་བ་ལ་བབ་པའི་ཚེ་ན་ནི། ཐལ་ཏྲེས་དང༌། ཨ་ནན་ཏ་དང༌། པ་ཡས་སྱ་དང༌། ཤིང་མངར་རྣམས་འོ་མ་དང་སྦྱར་ལ་གཏང་ངོ༌། །ཟླ་བ་བཅུ་པ་ལ་བབ་པའི་ཚེ་ན་པ་ཡས་སྱ་དང་སྦྱར་བའི་འོ་མ་བླུད་དོ། །ཡང་ན་ཤིང་མངར་དང་བཅའ་སྒ་དང་ཐང་ཤིང་རྣམས་འོ་མ་དང་སྦྱར་ལ་སྦྱིན་ནོ། །ཡང་ན་བུད་མེད་ཀྱི་ཟླ་མཚན་ཟླ་བ་རེ་རེ་འབྱུང་བ་ལས་གལ་ཏེ་མ་བྱུང་ན་དེ་ནི་རླུང་གིས་ཁྲག་བསྒོངས་པ་ཡིན་པ་ལས། འདིར་མངལ་ཆགས་པའི་མཚན་ཉིད་ལ་མངོན་པར་མི་མཁས་པ་དག་ནི་བུ་འཆགས་པ་ཡིན་ནོ་ཞེས་སྨྲའོ། །དེ་ཡང་སྨན་ཚ་བ་དང་དྲོ་བ་དང༌། རྣོ་བ་ཟོས་པ་ལས་ཁྲག་བསྒོངས་པ་ཉི་ཚེ་ཕྱིར་བྱུང་བ་ན། མི་བླུན་པོ་ལ་ལ་དག་བྱིས་པ་འབྱུང་པོས་ཟོས་པ་ཡིན་ནོ་ཞེས་སྨྲ་མོད་ཀྱི། ལུས་ཅན་མངོན་སུམ་དུ་མ་གྱུར་ཏེ་མེད་དོ། །ཅི་སྟེ་འབྱུང་པོ་ཟ་བ་ཡོད་ན་ཡང་གཟི་བརྗིད་དམ་མདངས་ཙམ་འཕྲོག་གི་ལུས་མངོན་སུམ་དུ་ཆུད་གསོན་པར་སྣང་བ་ནི་མི་སྲིད་དོ། །དེ་བས་ན་ཁྲག་མ་བྱུང་བ་ལ་བུ་ཆགས་པར་འཛིན་པ་ནི་འབྱུང་པོས་མ་ཟོས་བཞིན་དུ་ཟོས་པའི་རྟོགས་པ་ཡོངས་སུ་སྤང་བར་བྱའོ། །ལུས་ཀྱི་གནས་ལས་ལེའུ་གཉིས་པ་རྫོགས་སོ།། །།བྱིས་པ་རུམ་དུ་ཆགས་པའི་རྐང་ལག་གི་བྱེ་བྲག་བསྟན་པའི་ལེའུ་བཤད་པར་བྱའོ། །དེ་ལ་ལུས་ཞེས་བྱ་བ་འདི་ནི་མདོར་བསྡུ་ན་ཡན་ལག་དྲུག་ཏུ་འདུས་ཏེ་དེ་ཡང་གང་ཞེ་ན། མགོ་བོ་དང་དཔུང་པ་གཉིས་དང༌། བརླ་གཉིས་དང༌། ཁོང་པ་དང་དྲུག་གོ །དྲུག་པོ་དེ་དག་གི་ཉིང་ལག་ཏུ་གཏོགས་པ་གང་ཞེ་ན། མགོ་བོའི་ཉིང་ལག་ནི་མིག་དང་རྣ་བ་ལ་སོགས་པའོ། །ཁོང་པའི་ཉིང་ལག་ནི་སྙིང་དང་ལྟེ་བ་ལ་སོགས་པའོ། །དཔུང་པ་གཉིས་ཀྱི་ཉིང་ལག་ནི་གྲུ་མོ་དང་ལག་པ་ལ་སོགས་པའོ། །བརླ་གཉིས་ཀྱི་ཉིང་ལག་ནི་རྐང་པ་གཉིས་དང་པུས་མོ་ལ་སོགས་པའོ། །ཡང་སེམས་ཅན་གྱི་ལུས་ལ་འབྱུང་བ་ཆེན་པོ་ལྔ་ཚང་བར་ཡོད་དེ། དེ་གང་ཞེ་ན་ནམ་མཁའ་དང༌། རླུང་དང༌། མེ་
དང། ཆུ་དང༌། ས་དང་ལྔའོ། །ལྔ་པོ་དེ་དག་གི་ཡོན་ཏན་དང༌། སྒྲ་དང༌། རེག་པ་དང༌། གཟུགས་དང༌། རོ་དང་དྲི་འདི་དག་གོ་རིམས་བཞིན་དུ་ཡོན་ཏན་དུ་བལྟས་ཏེ། དེ་ཡང་ཇི་ལྟ་ཞེ་ན་རིམ་པ་བཞིན་དུ་ཡོན་ཏན་འོག་མ་རེ་རེ་ཆེ་སྟེ། དེ་ལ་ནམ་མཁའི་ཡོན་ཏན་ནི་སྒྲའོ། །རླུང་གི་ཡོན་ཏན་ནི་སྒྲ་དང་རེག་བྱའོ། །མེའི་ཡོན་ཏན་ནི་སྒྲ་དང་རེག་བྱ་དང་གཟུགས་སོ། །ཆུའི་ཡོན་ཏན་ནི་སྒྲ་དང༌། རེག་བྱ་དང༌། གཟུགས་དང་རོ་འོ། །སའི་ཡོན་ཏན་ནི་སྒྲ་དང༌། རེག་བྱ་དང༌། གཟུགས་དང༌། རོ་དང༌། དྲི་སྟེ་ལྔ་ཆར་དང་ལྡན་པ་ཡིན་ནོ། །དེ་ཡང་ལུས་ཅན་རྣམས་ཀྱི་རྣ་བའི་དབང་པོ་གང་ཡིན་པ་དེ་ལས་འབྱུང་བ་ཆེན་པོ་ནམ་མཁའ་གནས་པའི་ཡོན་ཏན་གྱི་སྒྲ་ཐོས་པ་ཡིན་ཏེ། སྒྲའི་མཚན་ཉིད་ནི་སྟོང་པའོ། །ལུས་ལ་རླུང་གནས་པས་ནི་ལུས་ཀྱི་དབང་པོས་རེག་པ་ཚོར་བར་བྱེད་པའི་ཡོན་ཏན་དང་དབུགས་གྱེན་དུ་འབྱུང་བར་བྱེད་པའོ། །མེའི་ཁམས་ལུས་ལ་གནས་པས་ནི་མིག་གི་དབང་པོས་མཐོང་བ་དང་གཟུགས་ཀྱི་ཡོན་ཏན་དང་སྨིན་པའོ། །ཆུའི་ཁམས་ལུས་ལ་གནས་པས་ནི་ལྕེའི་དབང་པོ་དང༌། རོའི་ཡོན་ཏན་དང་གཤེར་བའོ། །སའི་ཁམས་ལུས་ལ་ཡོད་པས་ནི་སྣའི་དབང་པོ་དང༌། དྲིའི་ཡོན་ཏན་དང༌། རུས་པའོ། །གཞན་ཡང་ལུས་ལ་འཇམ་པ་ཐམས་ཅད་ནི་མ་ལས་སྐྱེས་པ་ཡིན་ཏེ་དེ་ཡང་ཁྲག་དང༌། ཤ་དང༌། རྐང་དང༌། གཞང་དང༌། སྙིང་དང༌། ཕོ་བ་དང༌། མངལ་གྱི་གནས་དང༌། མཆེར་པ་དང༌། མཆིན་པ་ལ་སོགས་པའོ། །གང་ལུས་ཀྱི་སྲ་བ་ཐམས་ཅད་ནི་ཕ་ལས་སྐྱེས་ཏེ། ཁུ་ཆུ་དང༌། ཆུ་བ་དང༌། རུས་པ་དང༌། སྐྲན་དང༌། སེན་མོ་ལ་སོགས་པའོ། །དེ་ལ་ཡིད་གང་ལ་མོས་པ་བཞིན་དུ་མི་དང༌། རྟ་དང༌། གླང་པོ་ཆེ་ལ་སོགས་པ་འགྲོ་བ་དྲུག་ཏུ་སྐྱེ་བ་སྣ་ཚོགས་ལེན་པར་འགྱུར་རོ། །ཟས་གང་ལ་དགའ་བ་མ་བཀག་ཅིང་ཟོས་པ་ལས་ནི་ཚེ་རིང་བ་དང༌། ནད་མེད་པ་དང༌། སྙིང་སྟོབས་དང༌། གཟི་བྱིན་དང་ལྡན་པར་འགྱུར་རོ། །དེ་ལ་ཁ་ཟས་ཀྱི་དངས་མ་ལས་ལུས་སྐྱེས་པ་ཡིན་ཏེ། འཕེལ་ཞིང་རྒྱས་པ་ཡང་བཅུད་ལས་
གྱུར་པ་ཡིན་ནོ། །བཅུད་ཀྱིས་བསྐྱེད་པའི་མི་ནི་ལོ་བདུན་ཡང་ཆུང་བར་ལྟའོ། །སྙིང་སྟོབས་ཅན་གྱི་རང་བཞིན་གྱི་མི་ནི་ལུས་ངག་ཡིད་གསུམ་དག་པ་དང༌། འཇིག་རྟེན་ཕ་རོལ་ཡོད་པར་ལྟ་བ་དང༌། དཀར་པོའི་ཆོས་སྦྱིན་པ་ལ་སོགས་པ་ལ་དགའ་བའོ། །རྡུལ་གྱི་རང་བཞིན་གྱི་མི་ནི་མང་དུ་སྨྲ་བ་དང༌། ང་རྒྱལ་ཆེ་བ་དང༌། ཁྲོ་བག་ཅན་དང༌། ཚུལ་འཆོས་བྱེད་པ་དང༌། ཕྲག་དོག་ཅན་ལ་སོགས་པའོ། །མུན་པ་ཅན་གྱི་རང་བཞིན་གྱི་མི་ནི་གཉིད་ཆེ་བ་དང༌། ལེ་ལོ་ཆེ་བ་དང༌། འཇིགས་སྐྱེན་པ་དང༌། རྨོངས་པ་དང༌། སེམས་གདུང་བ་ལ་སོགས་པའོ། །དེ་ཡན་ཆད་སེམས་ཅན་རྣམས་ཀྱི་ལུས་ཀྱི་རང་བཞིན་བསྟན་ཟིན་ཏོ། །ད་ནི་ལུས་ཀྱི་ཚད་བཤད་པར་བྱ་སྟེ། ལུས་ལ་པགས་པ་རིམ་པ་བདུན་ཡོད་དེ། དཔེར་ན་འོ་མ་བསྐོལ་བ་ལས་སྤྲིས་མ་ཆགས་པ་བཞིན་དུ་ཁྲག་ལ་སོགས་པ་ལུས་ཀྱི་ཁམས་བདུན་པོ་ཡང་རང་རང་གི་དྲོད་ཀྱིས་ཡོངས་སུ་སྨིན་པ་ལས་པགས་པ་རིམ་པ་རེ་རེ་སྐྱེ་སྟེ་དེ་དག་ཀྱང་བད་ཀན་དང་རྒྱུས་པས་གཡོགས་པར་གནས་སོ། །ཁམས་བདུན་པོ་དེ་དག་ཀྱང་གང་ཞེ་ན། ཁྲག་དང༌། བད་ཀན་དང༌། ཕོ་བ་དང༌། མཁྲིས་པ་དང༌། ལོང་ཀ་དང༌། རླུང་དང༌། གཅིན་དང༌། བདུན་པོ་དེ་དག་རླུང་དང་བཅས་པར་ལུས་ཀྱི་སྙིང་པོར་བལྟ་སྟེ་དཔེར་ན་ཤིང་གི་སྙིང་པོ་བཞིན་ནོ། །བུད་མེད་ཀྱི་ལོང་ཀ་དང་མཁྲིས་པའི་བར་ན་མངལ་གྱི་གནས་ཡོད་དེ་བརྒྱད་དུ་བཤད་དེ། ཁོང་པའི་ནང་གི་ཡན་ལག་གཞན་ཡང་སྙིང་དང༌། གློ་བ་དང༌། མཆེར་པ་དང༌། མཆིན་པ་དང༌། ཨན་ད་ཀ་དང༌། མཁལ་མ་དང༌། ལྟེ་བ་དང༌། དྲན་པ་དང༌། ལྒང་པའོ། །སྲོག་གི་གནས་བཅུ་ཞེས་བྱ་བ་ནི་མགོ་བོ་དང༌། ལྕེའི་ཚོར་བའི་གནས་དང༌། མཁྲིས་པ་དང༌། ཁྲག་དང༌། སྙིང་དང༌། ལྟེ་བ་དང༌། ཆུ་སོ་དང༌། ཁུ་ཆུ་དང༌། མདངས་དང༌། བཤང་བའི་ལམ་དང་བཅུ་པོ་དེ་དག་གོ །ལུས་ལ་ཆུ་བ་ཆེན་པོ་བཅུ་དྲུག་གིས་དྲ་བ་ལྟར་ཁྱབ་པ་ཡོད་དེ་དེ་ཡང་གང་ཞེ་ན་ལྒང་པ་གཉིས་ལ་ཆུ་བ་ཆེན་པོ་གཉིས་གཉིས། ལག་པ་གཉིས་ལ་ཆུ་བ་ཆེན་པོ་གཉིས་གཉིས། མགྲིན་པའི་ཕྱོགས་ནས་བཞི་བཞི་སྟེ་བཅུ་དྲུག་གོ །
ལུས་ལ་ཆུ་བ་ཆེན་པོ་དྲུག་ཡོད་དེ། མགྲིན་པ་དང༌། ལག་པ་གཉིས་དང༌། རྐང་པ་གཉིས་དང༌། ཕོ་མཚན་གྱི་ཆུ་བ་སྟེ་དྲུག་པོ་དེས་སྤུ་གཤིབས་པ་ལྟར་བྱས་པའོ། །ལུས་ལ་རྒྱུས་པ་བདུན་ཡོད་དེ། མགོ་བོ་ལ་ལྔ་དང༌། ལྕེ་དང་ཕོ་མཚན་ལ་རེ་རེ་སྟེ་དེ་དག་ལ་མཚོན་གྱི་ལས་མི་བྱ་བར་བཤད་དོ། །ཐག་པ་ལྟ་བུའི་ཤ་ཆེན་པོ་བཞི་ཡོད་དེ། མདུན་རྒྱབ་ནས་གཉིས་གཉིས་ཏེ་བཞིས་འཛིན་ཐག་ཏུ་བྱས་པའོ། །རུས་པའི་ཚོགས་འདུས་པ་བཅུ་བཞི་སྟེ། ལོང་མོ་གཉིས་དང༌། པུས་མོ་གཉིས་དང༌། བརླ་བྲག་གཉིས་དང༌། མཁྲིག་མ་གཉིས་དང༌། མཆན་ཁུང་གཉིས་དང༌། གྲུ་མོ་གཉིས་དང༌། མགོ་བོ་དང༌། མཇུག་ཏོ་སྟེ་བཅུ་བཞིའོ། །ལུས་ལ་གནད་ཀྱི་ཚིགས་ཆེན་པོ་བཅོ་བརྒྱད་ཡོད་དེ་གང་ཞེ་ན་མགོ་བོ་ལ་ལྔ་དང༌། མཇུག་ཏོ་གཅིག་དང༌། ལོང་མོ་གཉིས་དང༌། པུས་མོ་གཉིས་དང༌། བརླ་བྲག་གཉིས་དང༌། མཁྲིག་མ་གཉིས་དང༌། མཆན་ཁུང་གཉིས་དང༌། གྲུ་མོ་གཉིས་དང་བཅོ་བརྒྱད་དོ། །ལུས་ལ་སོ་དང་སེན་མོ་དང་བཅས་པའི་རུས་པ་སུམ་བརྒྱ་དྲུག་ཅུ་ཡོད་དེ། དེ་ཡང་ཡན་ལག་བཞི་ལ་བརྒྱ་བཞི་བཅུ། ཁོག་པ་ལ་བརྒྱ་ཉི་ཤུ། མགོ་བོ་ལ་བརྒྱའོ། །དྲང་སྲོང་ཐང་ལ་འབར་གྱི་བཞེད་ཀྱིས་ནི་ལུས་ལ་རུས་པ་སུམ་བརྒྱ་ཡོད་པར་བཞེད་དེ། ལུས་ལ་རུས་པའི་ཚིགས་ཉིས་བརྒྱ་བཅུ་ཡོད་དོ། །ཡན་ལག་བཞི་ལ་དྲུག་ཅུ་རྩ་བརྒྱད། ཁོག་པ་ལ་ལྔ་བཅུ་རྩ་དགུ། ནམ་ཚོང་ཡན་ཆད་ལ་བརྒྱད་ཅུ་རྩ་གསུམ་མོ། །སློབ་དཔོན་རྒྱུན་ཤེས་ཀྱི་བུའི་བཞེད་ཀྱིས་ནི་ཚིགས་ཉིས་སྟོང་དུ་འདོད་དོ། །དྲང་སྲོང་རྒྱུན་ཤེས་ཀྱི་བུ་ན་རེ་རྩ་དང་རྒྱུས་པ་དང༌། ཤ་རུས་ཀྱི་གཟུངས་དང་གསུམ་ལ་ཉིས་སྟོང་ཡོད་དོ་ཞེས་ཟེར་རོ། །ལུས་ལ་རྒྱུས་པ་དགུ་བརྒྱ་ཡོད་དེ། ཡན་ལག་བཞི་ལ་སུམ་བརྒྱ། ནམ་ཚོང་ཡན་ཆད་ལ་བདུན་ཅུ། ཁོག་པ་ལ་ལྔ་བརྒྱ་སུམ་ཅུའོ། ཤའི་སྤར་ཚད་ནི་ལྔ་བརྒྱ་ཡོད་དེ་དེ་ཡང་ཡན་ལག་བཞི་ལ་བཞི་བརྒྱ། ཁོག་པ་ལ་དྲུག་ཅུ། ནམ་ཚོང་ཡན་ཆད་ལ་བཞི་བཅུ་ཡོད་དོ། །བུད་མེད་ལ་ཉི་ཤུས་ཆེ་སྟེ་དེ་ཡང་ནུ་མ་ལ་བཅུ། མོ་མཚན་ལ་བཅུ་སྟེ་ཉི་ཤུའོ། །སྙིང་ལ་འབྱུང་བའི་རྩ་ཆེན་པོ་
བཅུ་ཡོད་དེ། དེ་ལས་གྱེས་པའི་རྩ་བདུན་བརྒྱས་ལུས་ཐམས་ཅད་དུ་ཁྱབ་སྟེ། ཤིང་གི་ལོ་མ་ལྟ་བུའོ། །ཟས་འཇུ་བའི་དངས་མ་དང༌། མདངས་ཞེས་བྱ་བའི་སྙིང་ལ་གནས་པ་གཉིས་རྩའི་སྦུབས་ནས་འཇུག་སྟེ་ལུས་ཐམས་ཅད་དུ་དེས་ཁྱབ་པར་བྱེད་དོ། །དེ་ཡང་ཡན་ལག་བཞི་རེ་རེ་ལ་ཡང་བརྒྱ་བརྒྱ་ཡོད་དེ། དེ་དག་ལས་ཀྱང་མཚོན་གྱིས་དབུག་ཏུ་མི་རུང་བ་ནི་རྩ་བའི་དྲི་མ་འཛིན་པ་ཞེས་བྱ་བའི་རྩ་ཆེན་པོ་བཞི་ནང་ན་ཡོད་དེ། དབུག་ཏུ་མི་རུང་ངོ༌། །དབུག་ཏུ་རུང་བ་ནི་ཡན་ལག་བཞི་ལ་རྩ་བཞི་བཞི་སྟེ་བཅུ་དྲུག་གོ །རྐེད་པ་ལ་སུམ་ཅུ་རྩ་གཉིས་ཡོད། དེ་དག་ལས་ཀྱང་མཚོན་གྱིས་དབུག་ཏུ་མི་རུང་བ་ནི་རྐེད་པའི་གནས་གཉིས་སུ་གཉིས་གཉིས་དང༌། བརླ་བྲག་གཉིས་སུ་གཉིས་ཏེ་བརྒྱད་པོ་འདི་དག་ཏུ་ནི་མཚོན་གྱིས་རེག་ཏུ་ཡང་མི་རུང་སྟེ་བསྲུང་ངོ༌། །རྩི་བ་ལོགས་གཉིས་སུ་བརྒྱད་བརྒྱད་དེ་བཅུ་དྲུག་ཡོད་དོ། །དེ་ཡང་གྱེན་དུ་འགྲོ་བའི་རྩ་རྩིབ་ལོགས་ཀྱི་མདུད་པ་ཞེས་བྱ་བ་རེ་རེ་ཡོད་དེ་དེར་མཚོན་མི་གདབ་བོ། །རྒྱབ་ཀྱི་སྒལ་ཚིགས་ལས་གཡས་གཡོས་སུ་གྱེས་པ་བཅུ་གཉིས་ཏེ་ཉི་ཤུ་རྩ་བཞི་ཡོད་དེ། དེ་ལས་གྱེན་དུ་འགྲོ་བའི་རྩ་གཉིས་ཡོད་པ་དེར་མཚོན་གདབ་ཏུ་མི་རུང་ངོ༌། །སྒལ་ཚིགས་ལ་ཇི་ལྟར་ལྟོ་ལ་ཡང་དེ་ལྟར་ཡོད་དེ། དེ་ལས་ལྟེ་བ་ལས་མར་སྤུ་སྐྱེས་པའི་གཡས་གཡོས་སུ་རྩ་གཉིས་གཉིས་གྱེས་པ་བཞི་ཡོད་དེ། དེ་དག་ལ་མཚོན་གདབ་ཏུ་མི་རུང་ངོ༌། །བྲང་ལ་རྩ་བཞི་བཅུ་ཐམ་པ་ཡོད་དེ། དེ་དག་ལས་བཞི་ནི་དབུག་ཏུ་མི་རུང་སྟེ། དེ་ལས་ཀྱང་ནུ་འཇིང་གཉིས་ཀྱི་རྩ་བ་ན་གནས་པའི་རྩ་གཉིས་དང་སྙིང་གི་དྲང་ཐད་བྲང་གི་དཀྱིལ་ན་གཡས་གཡོས་སུ་གྱེས་པའི་རྩ་གཉིས་དང་སྒྲོག་རུས་ཀྱི་སྤྱི་མདུད་ནས་བྲང་གཡས་གཡོས་སུ་གྱེས་པའི་རྩ་གཉིས་དེ་རྣམས་སོ། །མགྲིན་པ་ལ་རྩ་ཉི་ཤུ་རྩ་བཞི་ཡོད་དེ། དེ་ལས་རྩ་བཅུ་དྲུག་ནི་དབུག་ཏུ་མི་རུང་སྟེ། སྔོན་པོ་ཞེས་བྱ་བའི་རྩ་གཉིས་དང༌། སྲོལ་གོང་གཡས་གཡོས་ཀྱི་རྩ་གཉིས་དང༌། ལྟག་པའི་རྩ་གཉིས་དང༌། སྲོལ་གོང་གི་སྟེང་གི་རྩ་གཉིས་སྣ་རྩ་གཡས་གཡོས་ནས་བྱུང་བའི་རྩ་བཞི་བཞིའོ། །འགྲམ་པ་ལ་རྩ་བཅུ་དྲུག་ཡོད་དེ། དེ་ལ་དབུག་ཏུ་མི་
རུང་བ་ནི་འགྲམ་པ་གཉིས་ཀྱི་སྦྲེལ་མཚམས་ན་རྩ་རེ་རེ་ཡོད། ལྕེ་ལ་ཡང་བཅུ་དྲུག་ཡོད་དེ། དེ་ལ་ལྕེ་ཕུགས་ན་རོ་ཚོར་བའི་རྩ་གཉིས་དང༌། ལྕེའི་རྩེ་མོ་ན་སྨྲ་བར་བྱེད་པའི་རྩ་གཉིས་ཏེ་བཞི་པོ་དེ་དག་དབུག་ཏུ་མི་རུང་ངོ༌། །སྣ་ལ་རྩ་ཉི་ཤུ་རྩ་བཞི་ཡོད་དེ། དེ་ལས་དབུག་ཏུ་མི་རུང་བ་ནི་གསུམ་ཡོད་དེ། དྲི་ཚོར་བར་བྱེད་པའི་རྩ་གཉིས་དང༌། རྐན་དུ་འགྲོ་བའི་རྩ་གཅིག་དང་གསུམ་མོ། །མིག་གཉིས་ལ་རྩ་ལྔ་བཅུ་རྩ་དྲུག་ཡོད་དེ། མིག་འབྱེད་པ་དང་འཛུམས་པའི་ལས་ཅན་ཡིན་ཏེ། དེ་ལས་དབུག་ཏུ་མི་རུང་བ་ནི་དྲུག་ཡོད་དེ། མུར་འགྲམ་ལོགས་ཀྱི་གྲྭ་གཉིས་ཀྱི་གཉིས་གཉིས་དང༌། སྣ་གོང་གི་ཕྱོགས་ཀྱི་མིག་གི་གྲྭ་གཉིས་ཏེ་རེ་རེ་སྟེ་དྲུག་གོ །དཔྲལ་བ་ལ་རྩ་དྲུག་ཅུ་ཡོད་དེ། དེ་ལ་དབུག་ཏུ་མི་རུང་བ་ནི་བདུན་ཏེ་མིག་གཉིས་ཀྱི་དྲང་པོ་དཔྲལ་བའི་སྐྲ་མཚམས་འཁྱིལ་པ་ན་རྩ་རེ་རེ་དང༌། དཔྲལ་བའི་དབྱེས་སྐྲ་མཚམས་སུ་ཞུགས་པའི་རྩ་བཞི་དང་སྣ་གོང་ནས་དཔྲལ་བའི་དབུས་སུ་འགྲོ་བའི་རྩ་གཅིག་སྟེ་བདུན་ནོ། །རྣ་བ་གཡས་གཡོན་གཉིས་ནས་རྩ་བརྒྱད་བརྒྱད་དེ་བཅུ་དྲུག་ཡོད་དོ། །དེ་ལ་དབུག་ཏུ་མི་རུང་བ་ནི་སྒྲ་ཐོས་པར་བྱེད་པའི་རྩ་སྟོང་པ་རེ་རེའོ། །མུར་འགྲམ་གཉིས་ལ་རྩ་བརྒྱད་བརྒྱད་དེ་བཅུ་དྲུག་ཡོད་དེ། དེ་ལ་དབུག་ཏུ་མི་རུང་བ་ནི་མུར་འགྲམ་གྱི་མཚམས་སུ་འགྲོ་བའི་རྩ་རེ་རེའོ། །མགོ་བོ་ལ་རྩ་བཅུ་གཉིས་ཡོད་དེ། དེ་ལ་མཚོན་གྱིས་དབུག་ཏུ་མི་རུང་བ་བཞི་བཞི་སྟེ་སྐྲའི་དབྱེ་མཚམས་མཚོག་མ་ནས་སྤྱི་བོའི་སྟེང་དུ་འགྲོ་བའི་རྩ་ལྔ་ལས་དབུས་མ་དང་ལྡན་པ་གཡས་གཡོས་ནས་སྟེང་དུ་འགྲོ་བའི་རྩ་རེ་རེ་དང་སྤྱི་བོའི་སྟེང་ན་ཡོད་པའི་རྩ་གཅིག་སྟེ། བཞི་པོ་དེ་དག་ནི་དབུག་ཏུ་མི་རུང་ངོ༌། །དེ་ལ་སོགས་པ་དབུག་ཏུ་མི་རུང་བའི་རྩ་དགུ་བཅུ་རྩ་བརྒྱད་ལས་མེད་དོ། །གཞན་ཡང་ལུས་ཀྱི་དབུག་པར་མི་བྱ་བའི་རྩ་ནི་རྩ་བ་གཅིག་ལ་གཅིག་འབྲེལ་བའི་སྟེང་དང༌། རྩ་མདུད་པར་འཆས་པའི་སྟེང༌། རྩ་ཤིན་ཏུ་ཕྲ་བ་དང༌། རྩ་ཡོན་པོའི་སྟེང་དང༌། དེ་བཞིན་དུ་ཚིགས་ཀྱི་སྟེང་ན་གནས་པའི་རྩ་དང༌། རུས་པའི་སྟེང་ན་གནས་པའི་རྩ་ལ་ཡང་དབུག་ཏུ་མི་རུང་ངོ༌། །དེ་ལྟར་རྩ་བདུན་བརྒྱར་བཤད་པ་ལས་ཆ་བཞིར་
བགོས་ཏེ་རྩ་བརྒྱ་བདུན་ཅུ་རྩ་ལྔའི་ནང་དུ་ནི་ཁྲག་འབའ་ཞིག་རྒྱུའོ། །བརྒྱ་བདུན་ཅུ་རྩ་ལྔའི་ནང་དུ་ནི་རླུང་མཁྲིས་གཉིས་འདྲེས་པ་རྒྱུའོ། །བརྒྱ་བདུན་ཅུ་རྩ་ལྔའི་ནང་དུ་ནི་རླུང་དང་བད་ཀན་རྒྱུའོ། །དེ་ལ་རླུང་ལ་སོགས་པའི་ནད་གཞི་དེ་དག་ལེགས་པར་གནས་ན་ནི་འཕེལ་ཞིང་རྒྱས་པར་འགྱུར་རོ། །གཞན་དུ་འགྱུར་ན་ནི་ན་བ་དང་གནོད་པ་སྐྱེད་པར་འགྱུར་རོ། །དེ་དག་ལས་ཀྱང་རླུང་དང་ཁྲག་གཉིས་འདྲེས་པའི་རྩའི་རྟགས་ནི་དམར་ལ་གནག་པའི་མདོག་དང་ལྡན་པའོ། །དེ་བཞིན་དུ་རེས་འགའ་ནི་སྦོམ། རེས་འགའ་ནི་ཕྲ། བར་འགའ་ནི་སྟོང༌། བར་འགའ་ནི་གང་སྟེ། དེ་ཡང་ཤིན་ཏུ་འགུལ་བའོ། །མཁྲིས་པ་དང་ཁྲག་གཉིས་ཀྱི་རྟགས་ནི་རེས་འགའ་ན་ཞིང་ཚ་བ་དང༌། དེ་བཞིན་དུ་ཁྲག་ཁྲག་ཏུ་འབྱུང་བ་དང༌། མདོག་སྔོ་ཞིང་སེར་པོར་འདུག་པའོ། །བད་ཀན་དང་ཁྲག་གཉིས་འདྲེས་པའི་རྩའི་མདོག་ནི་དཀར་ལ་ཅུང་ཟད་དམར་བ་དང༌། སྣུམ་པ་དང་བརྟན་པ་དང་རེག་ན་གྲང་བའོ། །འདུས་པའི་རྩའི་རྟགས་ནི་མཚན་མ་འཆོལ་བར་སྣང་བའོ། །ནད་མེད་པའི་རྩའི་རྟགས་ནི་རྩ་མི་མངོན་པ་དང་མཉམ་པ་དག་ཏུ་འབྱུང་བ་དང་སྣུམ་པ་དང༌། དམར་བའི་མདོག་ཏུ་སྣང་བ་ནི་ཁྲག་དང་བའི་རྟགས་ཡིན་ནོ། །ལྟེ་བ་ནས་རྩ་སྦུབས་འདྲ་བ་ཉི་ཤུ་རྩ་བཞིར་ཕྱོགས་བཞིར་གྱེས་པ་ཡོད་དེ། དེ་ཡང་དཔེར་ན་ཤིང་རྟའི་ལྟེ་བ་རྩིབས་ཀྱིས་བསྐོར་བ་བཞིན་ནོ། །གཞན་ཡང་ཇི་ལྟར་མཚོ་ཆེན་པོ་ལས་ཡུར་ཆུ་ཀུན་ཏུ་དྲངས་ནས། ས་བོན་འདྲེས་པ་དང་འདྲ་བར་ལྟེ་བ་ལས་གྱེན་དུ་བཅུ། ཐུར་དུ་བཅུ། གཡས་གཡོས་སུ་གཉིས་གཉིས་སུ་གྱེས་ནས་དེའི་རྒྱུན་སྲང་ཕྱི་རོལ་གྱི་བུ་ག་དགུར་འབྱུང་སྟེ། དེ་ཡང་གང་ཞེ་ན་སྣའི་བུ་ག་གཉིས་དང༌། མིག་གཉིས་དང༌། རྣ་བ་གཉིས་དང༌། ཁའི་བུ་ག་དང༌། བཤང་བའི་སྒོ་དང༌། གཅིན་གྱི་སྒོ་དང་དགུའོ། །བུད་མེད་ལ་གསུམ་གྱིས་ཆེ་སྟེ། ནུ་མ་གཉིས་དང་ཟླ་མཚན་འབྱུང་བའི་བུ་ག་སྟེ་བཅུ་གཉིས་པོ་དེ་དག་ཏུ་འབྱུང་ངོ༌། །སྲོག་གི་རླུང་ལ་སོགས་པ་རྒྱུ་བའི་རྩའི་རྒྱུན་བཅུ་གསུམ་ཁོང་པའི་ནང་དུ་རྒྱུ་བ་ཡོད་དོ། །དེ་ཡང་སྲོག་ཅེས་བྱ་བ་ནི་རླུང་རྒྱུ་བའི་རྒྱུན་སྲང་དང༌། དེ་བཞིན་དུ་དངས་མ་ལ་སོགས་པ་ལུས་ཀྱི་ཁམས་བདུན་རྒྱུ་བའི་རྒྱུན་སྲང་དང་
དྲི་མ་རྣམ་གསུམ་གཅིན་དང་སླ་རྩ་དང་རྡུལ་འབྱུང་བའི་རྒྱུན་སྲང་དང་ཆུ་འབྱུང་བའི་རྒྱུན་སྲང་དང་བཅུ་གསུམ་མོ། །ཁ་ཟས་ལ་སོགས་པ་མི་མཐུན་པ་བསྟེན་པའི་རྒྱུས་གོང་མ་དེ་དག་ནའང་འཁྲུགས་པར་བྱས་པ་ལས་ནི་ལུས་ཀྱི་ནད་སྐྱེད་པར་བྱེད་ལ། མཐུན་པ་བསྟེན་པ་ལས་ནི་ནད་མེད་པ་དང་བདེ་བ་སྐྱེད་པར་བྱེད་དོ། རྒྱུན་སྲང་ངམ་སྦུབས་དེ་དག་གི་མདོག་ཀྱང་སྲོག་ཟུངས་ལ་སོགས་པ་རང་རང་གི་མདོག་ལྟར་སྣང་ངོ༌། །དབྱིབས་ཀྱི་བྱེ་བྲག་ཀྱང་ཁ་ཅིག་ནི་ཟླུམ། ཁ་ཅིག་ནི་སྦོམ། ཁ་ཅིག་ནི་ཕྲ། ཁ་ཅིག་ནི་རིང་ངོ༌། །རྒྱུན་སྲང་དེ་དག་གི་རང་བཞིན་ཡང་ཤིང་གི་ལོ་མའི་རྩ་བ་བཞིན་དུ་སྣ་ཚོགས་སུ་འཕྲོ་བར་བལྟའོ། །གཞན་ཡང་ཁ་ཟས་མི་མཐུན་པ་བསྟེན་པ་ལས་ཀྱང་རྒྱུན་སྲང་དེ་དག་འཁྲུགས་པ་ཡིན་ཏེ། དེ་ཡང་རླུང་དང་རྩུབ་བག་ལྷན་ཅིག་བསྟེན་པ་དང༌། མཁྲིས་པ་དང་ཚ་བའི་ཟས་ལྷན་ཅིག་བསྟེན་པ་དང༌། བད་ཀན་དང༌། སྣུམ་བག་ལྷན་ཅིག་བསྟེན་པས་རང་རང་གི་རྒྱུན་སྲང་འཁྲུགས་པར་བྱེད་དོ། །ཡང་ན་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ནད་གཞི་དང་མི་མཐུན་པ་ལྷན་ཅིག་སྤྱད་པ་ལས་ཀྱང་ཚུལ་དེ་ལྟར་བལྟའོ། །ལུས་ཀྱི་ཁམས་བདུན་པོ་རང་རང་དང་མི་མཐུན་པའི་ཁ་ཟས་དང་སྤྱོད་ལམ་བསྟེན་པ་ལས་རང་རང་གི་རྒྱུན་སྲང་འཁྲུགས་པ་ཡིན་ནོ། །དེ་ལྟར་ཁ་ཟས་དང་སྤྱོད་ལམ་གྱི་མཐུན་པ་བསྟེན་པས་སོ་སོར་རྒྱུན་སྲང་འཁྲུགས་པའི་མཚན་མ་ནི་གཅིན་སྲི་ཞིང་འགགས་པའམ། ཡང་ན་སྙི་ཞིང་མང་དུ་ཟག་པའམ། ཕྱི་ས་ཡང་དང་ཡང་ནི་འཁྲུ་ཞིང་མང་དུ་འབྱུང་བ་དང༌། དེ་བཞིན་དུ་གཞན་དག་ལ་ཡང་དེ་ལྟར་སྦྱར་བར་བྱའོ། །ཡང་ན་རྩ་མདུད་འཆས་པ་དང༌། རང་རང་གི་ལམ་སྤངས་ནས་གཞན་ནས་འབྱུང་བ་ཡང་འཁྲུགས་པའི་རྟགས་སོ། །ཇི་ལྟར་པདྨའི་རྩ་བའི་སྦུབས་ཕྲ་མོ་མང་པོ་རླུང་དང་རླན་ལ་སོགས་པ་འགྲོ་བཞིན་དུ་གོང་དུ་སྨོས་པའི་རྒྱུན་སྲང་ནི་སྦུབས་ཕྲ་མོ་ལུས་ཐམས་ཅད་དུ་ཁྱབ་པར་འགྲོ་བ་ལ་དེ་དག་ལས་ཀྱང་དངས་མ་ལ་སོགས་པ་ཁྱབ་པར་འགྲོ་སྟེ། དེས་ལུས་འཕེལ་ཞིང་རྒྱས་པར་འགྱུར་རོ། །གལ་ཏེ་རྒྱུན་སྲང་དེ་དག་ཟུག་རྔུས་རྡོལ་བར་གྱུར་ན་དེའི་རྟགས་ནི་ངེས་པར་འཆི་བའམ། ཡང་ན་དྲན་པ་ཉམས་པ་དང༌།
ལུས་འདར་བ་དང༌། ལྟོ་སྦོ་བ་དང༌། སྐྱུག་པ་དང༌། ལུས་ཚ་བ་སྐྱེས་པ་དང༌། གླལ་བ་དང༌། གཟེར་བ་དང༌། བཤང་གཅི་འགགས་པ་དང༌། མཚན་མ་དེ་དག་སྣང་བར་འགྱུར་རོ། །ཅི་སྟེ་རྟགས་དེ་དག་དང་ལྡན་ན་དེའི་འཚོ་བ་ནི་ཐེ་ཚོམ་དང་བཅས་པ་ཡིན་པས་སྨན་པས་གསོ་བའི་ལས་བརྩམ་པར་བྱ་སྟེ། དེ་ཡང་མ་བྱས་ན་ནི་ངེས་པར་འཆི་བ་ཡིན་པས་དེ་ལ་ནི་འབད་པ་དང་བཅས་པར་མཚོན་གྱི་ལས་བྱ་སྟེ་རྨ་གསར་པ་གསོ་བའི་ཆོ་ག་བཞིན་དུ་བྱའོ། །དེ་ལ་ཁ་ཟས་འཇུ་བར་བྱེད་པ་ནི་མཁྲིས་པ་འཇུ་བར་བྱེད་པ་ཡིན་ཏེ། དེས་ཇི་ལྟར་འཇུ་བ་ནི་མདོའི་གནས་སུ་བལྟའོ། །དྲང་སྲོང་རྒྱུན་ཤེས་ཀྱི་བུ་ན་རེ་ནད་གཞི་གསུམ་དང་ལུས་ཟུངས་བདུན་དང་དྲི་མ་གཉིས་དང་འདི་རྣམས་ཀྱི་དྲོད་ཀྱིས་ཁ་ཟས་འཇུ་བར་བྱེད་དོ་ཞེས་ཟེར་རོ། །ཁ་ཟས་དེ་ཡང་རླུང་དང་མཁྲིས་པ་གཉིས་ཀྱིས་ཕོ་བའི་ནང་དུ་འཇུ་བར་བྱེད་དོ། །དྲང་སྲོང་ཐང་ལ་འབར་ན་རེ་ཕོ་བ་ནི་མཁྲིས་པ་འཛིན་པ་ཞེས་བྱ་བ་དེ་ཡང་དེ་ཉིད་ཡིན་ནོ་ཞེས་ཟེར་རོ། །ཕོ་བ་དེ་མ་ཞུ་བའི་གནས་ལ་བརྟེན་ཏེ། དེ་ནས་ཚེ་དང་སྟོབས་དང༌། གཟི་མདངས་དང༌། འབྱུང་བ་ཆེན་པོ་ལྔའི་མེ་དང༌། ཁམས་བདུན་པོ་འཕེལ་ཞིང་རྒྱས་པར་བྱེད་དོ། །གལ་ཏེ་ཟས་འཇུ་བའི་ལམ་ཕོ་བའི་ནང་གི་མེའི་སྟོབས་ཆུང་ན་ནི། དཔེར་ན་སྒོ་གཏན་བཅུག་ན་རྒྱུ་འདྲུལ་བྱར་མེད་པ་དང་འདྲ་བར་རྒྱུ་བ་བཀག་སྟེ་མི་འཇུ་བ་ཡིན་ལ་ཅི་སྟེ་མཁྲིས་པའི་མེའི་སྟོབས་ཆེ་ན་ནི་མ་ཞུ་བའི་ཟས་འདྲེན་ཅིང་སྨིན་ལ་འཇུ་བར་བྱེད་དོ། །ཡང་ན་ཟས་ཟོས་ན་ཕོ་བའི་གནས་སུ་འགྲོ་སྟེ། དེའི་མེ་དྲོད་ཀྱིས་འཇུ་མ་ནུས་ན་འོག་ཏུ་ཐལ་བྱུང་དུ་མ་ཞུ་བར་འཁྲུ་བ་ཡང་ཡོད་དོ། །མཁྲིས་པ་འཇུ་བྱེད་དང་མཉམ་དུ་གནས་པའི་རླུང་སྟོབས་ཆུང་བ་ལ་ཕོ་བའི་ཉམ་ཆུང་ཞིང་ན་བར་འགྱུར་རོ། །དེ་དག་སྟོབས་མཉམ་པ་ནི་ལུས་འཕེལ་ཞིང་རྒྱས་པར་འགྱུར་རོ། །དེ་ལ་གནས་སྐབས་དང་པོ་ཁ་ཟས་ཟོས་པའི་དུས་སུ་སྲོག་ཅེས་བྱ་བའི་རླུང་གིས་ནང་དུ་མིད་ཅིང་འོག་ཏུ་འཕུལ་བར་བྱེད་དོ། །དེ་ནས་ཕོ་བའི་ནང་དུ་ཕྱིན་པ་དང༌། སྐོམ་དང་འདྲེས་པས་རྐྱང་རྐྱང་པོ་བྱས་ཏེ་འདུག་པ་དང༌། དེའི་འོག་ཏུ་མཁྲིས་པ་འཇུ་བྱེད་དེ་མེ་དང་མཉམ་དུ་གནས་པའི་རླུང་གིས་
སྟོབས་ཅན་དུ་བྱས་ནས་འོག་ཏུ་འདྲེན་ཏེ་འཇུ་ཞིང་ཚོས་པར་བྱ་བ་ནི་ཇི་ལྟར་ཕྱི་རོལ་གྱི་མེས་སྣོད་ལ་འབྲས་འཚོད་པ་བཞིན་ནོ། །གནས་སྐབས་གཉིས་པ་ལ་རོ་རྣམ་དྲུག་གང་ཟོས་ཀྱང་རུང་ཁོང་པའི་མེས་འཇུ་བར་བྱེད་པ་ན། རོ་དང་པོ་དབུ་བ་ཅན་བད་ཀན་དུ་འགྱུར་རོ། །དེ་ལྟར་རིམ་གྱིས་འཇུ་བ་ན། སྐྱུར་མོར་འགྱུར་ཏེ་མཁྲིས་པར་འགྱུར་རོ། །དེ་དག་ཀྱང་གང་ནས་འབྱུང་ཞིང་གང་དུ་འཇུ་ཞེ་ན་མ་ཞུ་བའི་གནས་ནས་བྱུང་ཞིང་ཞུ་བའི་གནས་སུ་ཕྱིན་པ་ན་ཁོང་པའི་མེས་སྨིན་ཅིང་ཚོས་པར་བྱེད་དོ། །འཇུ་བའི་གནས་སྐབས་ན་རླུང་གི་བདག་ཉིད་དུ་ཕྱིན་པ་ན་གོང་བུར་འགྱུར་ཞིང་རོ་ཚ་བར་འགྱུར་རོ། །དེ་ནས་འབྱུང་བ་ཆེན་པོ་ལྔའི་ཟས་ཀྱི་དངས་མའི་ཡོན་ཏན་སོ་སོ་དང་མཐུན་པས་ནམ་མཁའ་ལ་སོགས་པ་འབྱུང་བ་ཆེན་པོ་ལྔ་ལུས་ལ་ཡོད་པར་རང་རང་གི་ཁམས་སུ་འཇུག་ཅིང་རྒྱས་ལ་འཕེལ་བར་བྱེད་དོ། །དེ་ལྟར་ཁ་ཟས་འཇུ་བའི་འོག་ཏུ། དངས་མ་དང་ཚིགས་མ་གཉིས་སུ་འགྱུར་ཏེ། དེ་ཡང་ཚིགས་མ་ལས་གང་དང་བ་དང་སླ་བ་ནི་གཅིན་དུ་འགྱུར་ལ། གང་སྐ་ཞིང་ཚིགས་མ་ལས་ཕྱི་སར་འགྱུར་རོ། །དངས་མ་ལས་ནི་རང་གི་མེས་འཇུ་བར་བྱས་ནས་ལུས་ཟུངས་རྣམ་པ་བདུན་དུ་འགྱུར་རོ། །དངས་མ་རང་གི་དྲོད་ཀྱིས་སྨིན་པར་བྱས་པ་ལས་ཁྲག་ཏུ་འགྱུར་བ་ནས་ཤ་དང་ཚིལ་དང༌། རུས་པ་དང༌། རྐང་དང༌། ཁུ་ཆུའི་བར་དུ་རིམ་གྱིས་འགྱུར་རོ། །དེ་ལ་དངས་མ་ལ་སོགས་པ་ལུས་ཟུངས་བདུན་པོ་རེ་རེ་ལ་ཡང་དངས་མ་དང་སྙིགས་མ་གཉིས་སུ་དབྱེ་སྟེ། དངས་མའི་དངས་མ་ལས་ནི་ཁྲག་ཏུ་འགྱུར་རོ། །དངས་མའི་སྙིགས་མ་ལས་ནི་བད་ཀན་དུ་འགྱུར་རོ། །ཁྲག་གི་དངས་མ་ལས་ནི་ཤར་འགྱུར་རོ། །སྙིགས་མ་ལས་ནི་མཁྲིས་པར་འགྱུར་རོ། །ཤའི་དངས་མ་ལས་ནི་ཚིལ་དུ་འགྱུར་རོ། །སྙིགས་མ་ལས་ནི་རྔུ་མ་དང༌། རྣ་སྤབས་དང༌། བ་སྤུའི་དྲི་མ་རྣམས་སུ་འགྱུར་རོ། །ཚིལ་གྱི་དངས་མ་ལས་ནི་རུས་པར་འགྱུར་རོ། །སྙིགས་མ་ལས་ནི་དབུ་བར་འགྱུར་རོ། །རུས་པའི་དངས་མ་ལས་ནི་རྐང་དུ་འགྱུར་རོ། །སྙིགས་མ་ལས་ནི་སྐྲ་དང་སེན་མོར་འགྱུར་རོ། །རྐང་གི་དངས་མ་ལས་ནི་ཁུ་ཆུར་འགྱུར་རོ། །སྙིགས་མ་
ལས་ནི་པགས་པ་སྣུམ་པར་འདུག་པ་ཡིན་ནོ། །ཁུ་ཆུའི་དངས་མ་ལས་ནི་བུར་འགྱུར་རོ། །སྙིགས་མ་ལས་ནི་ལུས་ཀྱི་གཟི་མདངས་སུ་འགྱུར་རོ། །དེ་ལྟར་ལུས་ཟུངས་བདུན་ཡང་དངས་མ་དང་སྙིགས་མ་གཉིས་སུ་བལྟ་སྟེ། དེ་ལྟར་གཅིག་ལ་གཅིག་རྒྱུན་མི་འཆད་པར་བཅུད་ཀྱིས་བསྐྱེད་པ་ཡིན་ནོ། །དེ་ཡང་སློབ་དཔོན་ཁ་ཅིག་ན་རེ་ཉིན་ཞག་གཅིག་གིས་ཟས་འཇུ་བའི་རིམ་པ་དངས་མ་ནས་ཁུ་ཆུའི་བར་དུ་སྐྱེ་བར་འགྱུར་རོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་ཉིན་ཞག་དྲུག་གིས་ཁུ་ཆུའི་བར་དུ་འགྱུར་རོ་ཞེས་སྨྲའོ། །ཡང་སྨན་པ་གཞན་དག་ན་རེ་ཟླ་བ་གཅིག་གིས་ཁུ་ཆུའི་བར་དུ་རིམ་པས་གཟོད་འགྱུར་ཞེས་ཟེར་རོ། །དེ་ཡང་ཟས་ཟོས་པས་དངས་མ་བསྐྱེད་དེ་ཁམས་གོང་མ་ཟས་ལྟ་བུས་འོག་མ་རིམ་པས་བརྟས་པར་བྱེད་དོ། །འཁོར་ལོ་བཞིན་དུ་རྒྱུན་མི་འཆད་པར་ཟས་ཟོས་པའི་རྒྱུས་འབྱུང་བ་ཡིན་ནོ། །དེ་ལ་རོ་ཙ་བར་བྱེད་པའི་ཟས་ཞོ་དང་འོ་མ་དང་བཅུད་ལ་སོགས་པས་འཕྲལ་ཁུ་ཆུ་འཕེལ་བར་སྣང་སྟེ། ཇི་ལྟར་དུག་ཟོས་པ་ལས་གཉེན་པོའི་སྨན་གྱིས་འཕྲལ་བཟློག་པར་སྣང་བ་ལྟ་བུའོ། །དེ་བས་ན་ཕལ་ཆེར་ནི་རོ་ཙ་བའི་ཁ་ཟས་དང་སྨན་གྱིས་རང་གི་འབྲས་བུ་འཕྲལ་སྟོན་པར་མཐོང་ངོ༌། །ཟས་ཀྱི་དངས་མའི་རྒྱུན་ཡིན་པ་དེའི་ཁྱབ་བྱེད་ཅེས་བྱ་བའི་རླུང་དེས་ལུས་ཐམས་ཅད་དུ་སྐད་ཅིག་མ་གཅིག་ལ་དུས་གཅིག་ཏུ་ཁྱབ་ཅིང་སོན་པར་བྱེད་པའི་ལས་ཅན་ཡིན་ནོ། །གལ་ཏེ་དངས་མ་ལ་སོགས་པ་འཇུག་པའི་རྒྱུན་མ་རུངས་པར་གྱུར་པ་ལས་བཅུད་དང་དེ་འཕུལ་བར་བྱེད་པའི་རླུང་དང་བཅས་པའི་ལས་ཡང་གནོད་པར་འགྱུར་ཏེ། དཔེར་ན་ནམ་མཁའ་ལ་ཆུར་བབ་པ་ན་རླུང་གིས་འབབ་ཏུ་མི་སྟེར་བ་དང་འདྲའོ། །དེ་བས་ན་འཇུག་པའི་རྒྱུན་བཅུད་དང་བཅས་པ་འགག་ཅིང་མ་རུངས་པར་གྱུར་པ་ལས་ནད་གཞི་གསུམ་ཡང་འཁྲུགས་ཤིང་མི་བདེ་བ་སྐྱེད་དོ། །དེ་ལས་ཁམས་བདུན་གྱི་མེའི་དྲོད་དང༌། འབྱུང་བ་ལྔའི་མེ་དྲོད་དང༌། ནང་གྲོལ་གྱི་མེ་དྲོད་གསུམ་ལས་ཁ་ཟས་འཇུ་བར་བྱེད་པ་ནི་ནང་གྲོལ་མེ་དྲོད་མཆོག་ཏུ་བཤད་དེ། དེ་སྟོབས་དང་ལྡན་ན་ནི་འབྱུང་བ་དང་ཁམས་བདུན་གྱི་མེ་དྲོད་སྐྱེད་པ་ཡིན་ལ་དེ་ནང་གྲོལ་གྱི་མེ་དྲོད་དམས་ན་ནི་འབྱུང་བ་
ཆེན་པོ་ལྔ་དང་ཁམས་བདུན་གྱི་མེ་དྲོད་ཀྱང་འབྲི་ཞིང་འཕེལ་བར་མི་ནུས་སོ། །དེ་བས་ན་ནང་གྲོལ་གྱི་དྲོད་ཡོད་ན་ཚེ་དང་སྟོབས་ལ་སོགས་པ་ཡོད་པས་དེའི་ཕྱིར་ལུས་ཀྱི་མེ་དྲོད་སྨིན་པར་བྱེད་པ་གང་ཡིན་པ་དེ་ལ་ལེགས་པར་སྦྱར་བའི་ཁ་ཟས་ཀྱི་བུད་ཤིང་རབ་ཏུ་ཕན་པས་བསྲུང་ཤིང་བསྐྱང་བ་ལ་འབད་པར་བྱའོ། །དེ་ལ་མེ་དང་མཉམ་དུ་གནས་པའི་རླུང་དེར་རང་རང་གི་གནས་ན་འདུག་པ་ནི་མེའི་དྲོད་ཀྱང་སྙོམས་པ་ཡིན་ནོ། །གལ་ཏེ་ལམ་གཞན་དུ་སོང་ན་ནི་མེའི་དྲོད་མི་བཟད་པ་ཡིན་ནོ། །མེ་དང་མཉམ་དུ་གནས་པའི་རླུང་དེས་མཁྲིས་པ་ཆེར་སྦར་ན་ནི་མེའི་དྲོད་རྣོ་ཆེས་པར་འགྱུར་རོ། །རླུང་དེས་བད་ཀན་ལ་ཕོག་ན་ནི་མེའི་དྲོད་ཉམ་ཆུང་བར་འགྱུར་རོ། །དེ་ལྟར་མེའི་དྲོད་མཉམ་པ་དང༌། མི་བཟད་པ་དང༌། རྣོ་ཆེས་པ་དང༌། ཉམ་ཆུང་བ་རྣམ་པ་བཞིར་འགྱུར་ཏེ། དེ་ཡང་ཟན་རན་པར་ཟོས་པ་ལེགས་པར་འཇུ་བ་ནི་མེའི་དྲོད་མཉམ་པ་ཞེས་བྱའོ། །མེའི་དྲོད་མི་བཟད་པ་ཞེས་བྱ་བ་ནི་མང་དུ་ཟོས་ཀྱང་མྱུར་དུ་འཇུ་པ་དང༌། ཉུང་དུ་ཟོས་ཀྱང་ཡུན་རིང་པོ་ནས་གཟོད་འཇུའོ། །ཟས་ལྕི་བ་ལ་སོགས་པ་ཟོས་ཀྱང་མྱུར་དུ་འཇུ་བ་ནི་རྣོ་ཆེས་པ་ཞེས་བྱའོ། །མེའི་དྲོད་ཉམ་ཆུང་བ་ཞེས་བྱ་བ་ནི་ཟས་ཡང་བ་ཟོས་ན་ཡང་ཡུན་རིང་པོ་ནས་འཇུ་ལ་ཁྱད་པར་དུ་ཁ་སྐམ་པ་དང༌། ནང་དུ་ཀྲུག་ཟེར་བ་དང༌། རྒྱུ་མ་འཁྲུགས་པ་དང༌། ལྟོ་སྦོ་བ་དང༌། ལུས་ལྕི་བའོ། །ལུས་ཀྱི་མེ་དྲོད་ཚབས་ཆེར་ཉམས་ན་ནི་སྨན་དཔྱད་བྱས་ཀྱང་མི་འཚོའོ། །གལ་ཏེ་མེའི་དྲོད་ལ་སྐྱོན་མེད་ན་ནི་ཡུན་རིང་དུ་འཚོ་བ་ཡིན་ནོ། །ནད་ཀྱི་རྩ་བ་ནི་མེའི་དྲོད་ཉམས་པ་ལས་འབྱུང་སྟེ། མེའི་དྲོད་ཉམས་ན་ལུས་ཀྱི་རྒྱུན་ཐམས་ཅད་འགགས་བར་འགྱུར་རོ། །སྐྱེས་བུའི་ལུས་ཀྱི་སྟོབས་ནི་རྣམ་པ་གསུམ་སྟེ། ལྷན་ཅིག་སྐྱེས་པ་དང༌། དུས་ཀྱིས་སྐྱེས་པ་དང༌། སྦྱོར་བ་ལས་བྱུང་བའོ། །དེ་ལ་སྙིང་སྟོབས་ཀྱི་རང་བཞིན་ལུས་ལས་བྱུང་བ་ནི་ལྷན་ཅིག་སྐྱེས་པའི་སྟོབས་ཞེས་བྱའོ། །ན་ཚོད་ཀྱི་བྱེ་བྲག་བྱིས་པ་དང༌། ལང་ཚོ་ལ་སོགས་པའི་སྟོབས་དང་དུས་ཀྱི་བྲེ་བྲག་དགུན་ལ་སོགས་པ་ལས་བྱུང་བའི་སྟོབས་གཉིས་ཀ་ལ་དུས་ཀྱི་སྟོབས་ཞེས་བྱའོ། །སྦོ་གསུམ་གྱི་སྤྱོད་པ་དང༌། ཟས་སྣ་ཚོགས་དང༌། བཅུད་ཀྱིས་ལེན་པ་དང༌། རོ་ཙ་བའི་ཆོ་ག་བསྟན་པ་ལས་བྱུང་བ་ནི་སྦྱོར་བའི་སྟོབས་ཞེས་བྱའོ། །ཡུལ་
གང་དགོན་དུང་ཆུ་ཉུང་ཤིང་ཆུང་བའི་ཡུལ་ནི་ནད་ཉུང་བ་ཡིན་ནོ། །ཡུལ་གང་ཤིང་དང་ཆུ་མང་བའི་གནས་དེ་ནི་ནད་མང་དུ་སྐྱེད་དོ། །དེ་གཉིས་མཉམ་པ་ནི་རན་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་སེམས་ཅན་གྱི་ལུས་ལ་རྐང་སྙིམ་པ་གང་དང༌། ཚིལ་སྙིམ་པ་དོ་དང༌། ཞག་སྙིམ་པ་གསུམ་དང༌། གཅིན་སྙིམ་པ་བཞི་དང༌། མཁྲིས་པ་སྙིམ་པ་ལྔ་དང༌། བད་ཀན་སྙིམ་པ་དྲུག་དང༌། ཕྱི་ས་སྙིམ་པ་བདུན་དང༌། ཁྲག་སྙིམ་པ་བརྒྱད་དང༌། དངས་མ་སྙིམ་པ་དགུ་དང༌། ཆུ་སེར་སྙིམ་པ་བཅུ་དང༌། དངས་མ་ཁྱོར་བ་གང་དང༌། ལྷ་བ་ཁྱོར་བ་གང་དང༌། ཁུ་ཆུ་ཁྱོར་བ་གང་ཡོད་དོ་ཞེས་སློབ་དཔོན་དག་འཆད་དོ། །བུད་མེད་ལ་ནི་ཁྱད་པར་དུ་འོ་མ་སྙིམ་པ་དོ་དང་ཁྲག་སྙིམ་པ་བཞིས་མང་བ་ཡོད་དོ། །སྙིམ་པའི་ཚད་ནི་སྲང་གཉིས་ལ་ཁྱོར་གང༌། སྲང་བཞི་ལ་སྙིམ་པ་གང་ངོ༌། །གོང་དུ་སྨོས་པའི་ཚད་བསྟན་པ་དེ་དག་གིས་ནད་མེད་པ་ཐ་མལ་པར་འདུག་པ་ལ་བཤད་ཀྱིས་ཁམས་མ་སྙོམས་པ་ལ་ནི་མ་ཡིན་ནོ། །དེ་ལ་ཕ་མ་གཉིས་ཀྱི་ཁུ་བ་དང༌། ཁྲག་དང༌། བུད་མེད་སྦྲུམ་པའི་གནས་སྐབས་དང༌། བཟའ་བ་དང༌། སྤྱོད་ལམ་དང༌། མངལ་གྱི་གནས་དེ་དག་སྐྱོན་དང་བཅས་པས་བུའི་ལུས་ལ་ནད་ཀྱི་རང་བཞིན་བདུན་དུ་འགྱུར་ཏེ། རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། རླུང་དང་མཁྲིས་པ་དང་ལྡན་པ་དང༌། རླུང་དང་བད་ཀན་དང་ལྡན་པ་དང༌། མཁྲིས་པ་དང་བད་ཀན་དང་ལྡན་པ་དང༌། དེ་གསུམ་འདུས་པ་དང་བདུན་ནོ། །གོང་མའི་ཁུ་བ་ལ་སོགས་པའི་གནས་སྐབས་སུ་ཅུང་ཞིག་ཆེ་ཆུང་དུ་གྱུར་ཞིང་མི་མཐུན་པ་བསྟེན་པས་རང་བཞིན་བདུན་པོ་དེ་ཡང་ཤས་ཆེ་ཆུང་དུ་གྱུར་པ་ཡིན་ནོ། །དེ་ལ་ཐོག་མར་རླུང་གི་མཚན་ཉིད་བསྟན་ཏེ། རླུང་ཞེས་བྱ་བ་འདི་ནི་ནད་ཀྱི་གཞི་ཀུན་གྱི་ནང་ན་མཐུ་ཆེ་བ་ཡིན་ཏེ། ལུས་ཐམས་ཅད་དུ་ཁྱབ་པ་དང༌། མྱུར་དུ་བྱེད་པ་དང༌། སྟོབས་ཆེ་བ་དང༌། ནད་གཞི་གཞན་རྣམས་འཁྲུག་པར་བྱེད་པ་དང༌། སླ་རྩལ་སོགས་པ་འབྱིན་པར་བྱེད་པ་དང༌། རང་དབང་དུ་གྱུར་བ་དང༌། ནད་མང་པོའི་གཞི་བྱེད་པ་ཡིན་ཏེ། ནད་ཐམས་ཅད་ཀྱི་ནང་ན་རླུང་འདི་སྟོབས་ཆེ་ཞིང་ཁྱད་པར་དུ་གྱུར་པ་ཡིན་ནོ། །དེས་ན་ཕ་མའི་ཁུ་ཁྲག་རླུང་ཤས་ཆེ་བ་ལས་བུ་ཡང་ཇི་སྲིད་འཚོའི་བར་དུ་རླུང་གི་མཚན་ཉིད་དང་ལྡན་པ་ཡིན་ཏེ། དེའི་
ལུས་སྐྲ་རྡུལ་གྱིས་གཡོགས་པ་ལྟར་སྣང་བ་དང༌། ལུས་སེར་ག་བྱེ་བ་དང༌། དྲོ་བ་འདོད་ཅིང་གྲང་བ་ལ་ཞེ་སྡང་བ་དང༌། གཞན་ཡང་མོས་པ་མི་བརྟན་པ་དང༌། དྲན་པ་མི་བརྟན་པ་དང༌། བློ་མི་བརྟན་པ་དང༌། སྤྱོད་པ་མི་བརྟན་པ་དང༌། མཛའ་བ་མི་བརྟན་པ་དང༌། ལྟ་བ་མི་བརྟན་པ་དང༌། འགྲོ་བ་མི་བརྟན་པ་དང༌། སྨྲ་བ་མང་བ་དང༌། བད་ཀན་ཆུང་བ་དང༌། ནོར་ཉུང་བ་དང༌། ཚེ་ཐུང་བ་དང༌། གཉིད་ཆུང་བ་དང༌། སྨྲ་བའི་དུས་སུ་བརྗེད་ངས་པ་དང༌། ཚིག་ལྐུགས་པ་དང༌། ཆད་པར་ལྟ་བ་འམ། མང་དུ་ཟ་བ་དང༌། འགྱིང་ཞིང་འགྲོ་བ་དང༌། གླུ་ལ་དགའ་བ་དང༌། བཞད་གད་ལ་དགའ་བ་དང༌། རི་དགས་གསོད་པ་ལ་དགའ་བ་དང༌། འཐབ་མོ་ལ་དགའ་བ་དང༌། དེ་བཞིན་དུ་མངར་བ་དང༌། སྐྱུར་བ་དང༌། ལན་ཚྭ་དང༌། དྲོ་བ་འདོད་པ་དང༌། ལུས་སྐེམ་ཤིང་རིད་པ་དང༌། འགྲོ་བའི་ཚེ་ཚིགས་ལས་སྒྲ་འབྱུང་བ་དང༌། མི་བརྟན་པ་དང༌། དབང་པོ་ཡུལ་ལས་རྒྱལ་མི་ནུས་པ་དང༌། དམ་པའི་སྤྱོད་པ་དང་མི་ལྡན་པ་དང༌། སྐྱེས་བུ་དེ་ལ་བུད་མེད་མི་འཆགས་པ་དང༌། བུ་མང་པོ་མི་སྐྱེ་བ་དང༌། རླུང་གི་རང་བཞིན་ཅན་གྱི་མིའི་མིག་རྩུབ་པ་དང༌། རྡུལ་གྱིས་གང་བ་ལྟར་སྣང་བ་དང༌། ཟུམ་པ་དང༌། མི་མཛེས་པ་དང༌། མི་ཤི་བའི་མིག་ལྟ་བུ་དང༌། མིག་བྱེ་བཞིན་དུ་གཉིད་ལོག་པ་དང༌། ཤིང་གི་སྟེང་དང༌། རིའི་རྩེ་མོ་ལ་འཛེག་པ་དང༌། ནམ་མཁའ་ལ་འཕུར་བ་རྨི་བ་དང༌། ལོངས་སྤྱོད་ཆུང་བ་དང༌། སེར་སྣ་ཆེ་བ་དང༌། ཁེངས་པ་དང༌། རྐུ་བ་དང༌། བྱིན་སྙིང་ཟླུམ་པ་དང༌། གཞན་ཡང་འདི་དག་གི་སྤྱོད་པ་གཟུགས་དང༌། སྒྲའི་རང་བཞིན་མཐུན་ན་ཡང༌། རླུང་གི་བདག་ཉིད་ཅན་གྱི་མི་ཡིན་ཏེ། གང་ཞེ་ན། ཁྱི་དང༌། ཝ་དང༌། རྔ་མོ་དང༌། བྱ་རྒོད་དང༌། བྱི་བ་དང༌། ཁྭ་དང༌། དེ་རྣམས་དང་ལྡན་པའི་མི་ནི་རླུང་གི་རྟགས་སུ་ཤེས་པར་བྱའོ། །དེ་ལ་མཁྲིས་པའི་རང་བཞིན་ཅན་གྱི་མིའི་མཚན་ཉིད་དྲང་སྲོང་ཐང་ལ་འབར་གྱིས་བཤད་པ་མཁྲིས་པ་ཉིད་མེ་ཡིན་པ་འམ། ཡང་ན་མེ་ལས་མཁྲིས་པ་འབྱུང་བ་འམ། ཡང་ན་ཁྲག་གི་སྙིགས་མ་དག་ཡིན་པས་ན་མཁྲིས་པའོ། །དེ་ལ་མཁྲིས་པའི་རང་བཞིན་ནི་ཤིན་ཏུ་བཀྲེས་པ་དང༌། སྐོམ་པ་དང༌། མདོག་སེར་སྐྱར་འདུག་པ་དང༌། དྲོད་ཆེ་བ་དང༌། ལག་པ་དང༌།
རྐང་པ་དང༌། གདོང་དམར་བ་དང༌། དཔའ་བ་དང༌། ང་རྒྱལ་ཆེ་བ་དང༌། མིག་སེར་བ་དང༌། སྐྲ་དང་བ་སྤུ་ཉུང་བ་དང༌། སྐྲ་སེར་སྐྱར་འདུག་པ་དང༌། ཕྲེང་བ་ལ་དགའ་བ་དང༌། བྱུག་པ་ལ་དགའ་བ་དང༌། རྒྱན་ལ་དགའ་བ་དང༌། སྤྱོད་ལམ་བཟང་བ་དང༌། གཙང་སྦྲ་ཆེ་བ་དང༌། གཡོག་འཁོར་ལ་སྙིང་བརྩེ་བ་དང༌། ཕྱུག་པ་དང༌། བབ་ཆོལ་བྱེད་པ་དང༌། བློ་སྟོབས་དང་ལྡན་པ་དང༌། སྐྱབས་སུ་འོངས་ན་དགྲ་ཡང་སྐྱོབ་པ་དང༌། ཡིད་གཞུངས་པ་དང༌། ཚིགས་མཚམས་ཀྱི་ཤ་འཇམ་པ་དང༌། བུད་མེད་ལ་མངོན་པར་དགའ་བ་དང༌། ཁུ་ཆུ་ཉུང་ཞིང་འདོད་པ་ཆུང་བ་དང༌། གཉེར་མ་མྱུར་དུ་སྐྱེ་བ་དང༌། སྐྲ་དཀར་མྱུར་དུ་སྐྱེ་བ་དང༌། མཐོང་བ་ཉམས་མི་གསལ་བ་དང༌། མངར་བ་དང༌། བསྐ་བ་དང༌། ཁ་བ་དང༌། གྲང་བའི་ཟས་ལ་དགའ་བ་དང༌། ཚད་པ་ལ་ཞེ་སྡང་བ་དང༌། རྔུལ་ཆེ་བ་དང༌། དྲི་མནམ་པ་དང༌། བཤང་གཅི་མང་བ་དང༌། ཁྲོ་བ་དང༌། བཟའ་བ་དང༌། བཏུང་བ་ལ་ཕྲག་དོག་པ་དང༌། གཞན་ཡང་རྨི་ལམ་གྱི་ནང་དུ་དོང་ཀའི་མེ་ཏོག་དང༌། ཤིང་པ་ལ་ཤའི་མེ་ཏོག་དང༌། ཕྱོགས་མེས་ཚིག་པ་མཐོང་བ་དང༌། སྐར་མདའ་ལྟུང་བ་དང༌། གློག་འགྱུ་བ་དང༌། ཉི་མ་དང་མེ་མཐོང་བ་རྨི་བ་དང༌། མཁྲིས་པའི་རང་བཞིན་ཅན་གྱི་མི་ནི་མིག་ཕྲ་བ་དང༌། སེར་བ་དང༌། གཡོ་ཞིང་འགུལ་བ་དང༌། རྫི་མ་སྲབ་ཅིང་ཉུང་བ་དང༌། གྲང་བ་ལ་དགའ་བ་དང༌། ཆང་འཐུང་བ་དང༌། ཁྲོས་པའི་དུས་སུ་མིག་དམར་པོར་གྱུར་པ་དང༌། ཉི་མའི་དཀྱིལ་འཁོར་སྔོ་བ་དང་དམར་བར་མཐོང་བ་ཡིན་ནོ། །ཚེ་ནི་རན་པར་འཚོ་བ་ཡིན་ལ། སྟོབས་ཀྱང་རན་པར་ཡོད་དེ། ཤིན་ཏུ་མཁས་པ་དང༌། སྡུག་བསྔལ་གྱིས་འཇིགས་པ་ཡིན་ནོ། །གཞན་ཡང་སྟག་དང༌། དྲེད་དང༌། སྤྲེའུ་དང༌། བྱི་ལ་དང༌། གནོད་སྦྱིན་དང༌། འདི་རྣམས་ཀྱི་གཟུགས་དང༌། སྐད་དང༌། སྤྱོད་པའི་མཚན་མ་དང་ལྡན་ན་མཁྲིས་པ་ཅན་གྱི་རྟགས་ཡིན་ནོ། །དེ་ལ་བད་ཀན་ནི་ཆུའི་རང་བཞིན་ཅན་གྱི་རྟགས་ཡིན་ཏེ། རུས་པའི་ཚིགས་མི་མངོན་པ་དང༌། སྣུམ་པ་དང༌། ཚིགས་འབྲེལ་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། ཉོན་མོངས་པ་དང༌། སྡུག་བསྔལ་བ་དང༌།
ཚད་པ་དང༌། འདི་རྣམས་བཟོད་པ་དང༌། གཞན་ཡང་བློ་དང་ལྡན་པ་དང༌། སྙིང་སྟོབས་ཆེ་བ་དང༌། དམ་བཅས་པ་བརྟན་པ་དང༌། གཞན་དུ་ཁྲེ་དང༌། དཱུར་བ་དང༌། འདམ་བུའི་མྱུ་གུ་དང༌། མཚོན་དང༌། གི་ཝང་དང༌། པདྨ་དང༌། གསེར་དང༌། དེ་དག་གི་མདོག་གང་ཡང་རུང་བར་སྣང་བ་ནི་བད་ཀན་གྱི་རང་བཞིན་ནོ། །ལག་ངར་གཉིས་ལ་འཕྱང་བ་དང༌། བྲང་རྒྱས་ཤིང་ཡངས་པ་དང༌། དཔྲལ་བའི་དབྱེས་ཆེ་བ་དང༌། སྐྲ་མཐུག་ཅིང་མདོག་སྔོ་བ་དང༌། ལུས་རྩུབ་པ་དང༌། ལུས་ཤ་སྙོམས་པ་དང༌། ཡན་ལག་ཐམས་ཅད་ལེགས་པར་འབྱེས་པ་དང༌། ལུས་མཛེས་པ་དང༌། མདངས་དང་ལྡན་པ་དང༌། འདོད་ཆགས་སྤྱོད་པའི་ནུས་པ་དང་ལྡན་པ་དང༌། དེ་བཞིན་དུ་བཅུད་དང༌། ཁུ་ཆུ་དང༌། བུ་ཚ་མང་བ་དང༌། གཡོག་འཁོར་མང་བ་དང༌། ཆོས་ལ་དགའ་བ་དང༌། ཚིག་འཇམ་པོར་སྨྲ་བ་དང༌། དགྲ་ལྟ་བུ་གནོད་པར་བྱེད་པ་ལ་སེམས་ལ་དམ་དུ་འཛིན་ཅིང་འཕྲལ་མི་སྨྲ་བ་དང༌། གླང་པོ་ཆེའི་མཆོག་ར་རོ་བ་ལྟ་བུའི་འགྲོས་སུ་འགྲོ་བ་དང༌། འབྲུག་གི་སྒྲ་དང༌། རྒྱ་མཚོ་ཆེན་པོ་དང༌། རྫ་རྡ་དང༌། སེང་གེའི་སྐད་ལྟ་བུ་ཡོད་པ་དང༌། དྲན་པ་དང༌། བྱ་བ་ལ་མངོན་པར་བརྩོན་པ་དང༌། དུལ་བ་དང༌། བྱིས་པའི་གནས་སུ་ཡང་ཤས་ཆུང་ངུ་ངུ་བ་དང༌། ལྟོ་འདུན་ཆུང་བ་དང༌། ཟས་ཁ་བ་དང༌། བསྐ་བ་དང༌། ཚ་བ་དང༌། དྲོ་བ་དང༌། རྩུབ་པ་དང༌། ཉུང་དུ་ཟོས་ཀྱང་སྟོབས་དང་ལྡན་པ་དང༌། གཞན་ཡང་མིག་ཡངས་ཤིང་སྣུམ་ལ་དཀྱུས་རིང་བ་དང༌། གསལ་བ་དང༌། ཤིན་ཏུ་དཀར་བ་དང༌། རྫི་མ་གནག་ཅིང་མཐུག་པ་དང༌། སྐད་གསང་ཆུང་བ་དང༌། སྤྲོ་རིང་བ་དང༌། བཟའ་བཏུང་ཉུང་དུ་ཟ་ཞིང་འཐུང་བ་དང༌། འདོད་པ་ཆུང་བ་དང༌། ཚེ་རིང་བ་དང༌། ནོར་མང་བ་དང༌། ཐག་རིང་པོ་ལ་བློ་འཇུག་པ་དང༌། སྦྱིན་གཏོང་ཆེ་བ་དང༌། དད་པ་ཆེ་བ་དང༌། བློ་ཟབ་པ་དང༌། མཐོང་བ་ཆེ་བ་དང༌། བཟོད་པ་དང་ལྡན་པ་དང༌། ངང་ཚུལ་བཟང་བ་དང༌། གཉིད་ཆེ་བ་དང༌། ལས་ཀྱི་མཐའ་རིང་བ་དང༌། བྱས་པ་གཟོ་བ་དང༌། བསམ་པ་དྲང་བ་དང༌། མཁས་པ་དང༌། གཟུགས་བཟང་བ་
དང༌། ངོ་ཚ་ཤེས་པ་དང༌། བླ་མ་ལ་གུས་པ་དང༌། སྙིང་ཉེ་བ་དང༌། མཛའ་བ་བརྟན་པ་དང༌། རྟག་ཏུ་གློ་བ་དང༌། རྨི་ལམ་གྱི་ནང་ན་མེ་ཏོག་པདྨ་དང༌། ནམ་མཁའ་ལ་བྱ་མང་པོ་ཕྲེང་བ་ལྟར་བརྒྱུས་པ་འཕུར་བ་དང༌། མཚོ་དང་སྤྲིན་མཐོང་བ་དང༌། ཚངས་པ་དང༌། དྲག་པོ་དང༌། དབང་པོ་དང༌། ཆུ་ལྷ་དང༌། ནམ་མཁའ་ལྡིང་དང༌། ངང་པ་དང༌། གླང་པོ་ཆེའི་མཆོག་དང༌། སེང་གེ་དང༌། རྟ་དང༌། ཁྱུ་མཆོག་དང༌། དེ་རྣམས་དང་འདྲ་བར་མཐོང་ན་བད་ཀན་གྱི་རང་བཞིན་ཅན་དུ་ཤེས་པར་བྱའོ། །རླུང་དང་མཁྲིས་པར་ལྡན་པ་དང༌། རླུང་དང་བད་ཀན་དུ་ལྡན་པ་དང༌། མཁྲིས་པ་དང་བད་ཀན་དུ་ལྡན་པ་དང༌། འདུས་པ་དང་བཞི་པོ་དེ་དག་གི་རང་བཞིན་ཡང་གོང་མ་སོ་སོའི་རྟགས་བསྟན་པ་ལས་འདིར་ཡང་རྗེས་སུ་དཔགས་ཏེ་ཤེས་པར་བྱའོ། །དེ་ལ་སྙིང་སྟོབས་ཀྱི་རང་བཞིན་ནི་བད་ཀན་གྱི་ཡོན་ཏན་དང་འདྲ་སྟེ། གཙང་སྦྲ་ཆེ་བ་དང༌། ཡོད་པར་ལྟ་བ་ལ་སོགས་པའོ། །རྡུལ་གྱི་རང་བཞིན་ནི་མཁྲིས་པའི་ཡོན་ཏན་དང་འདྲ་སྟེ་མང་དུ་སྨྲ་བ་ལ་སོགས་པའོ། །མུན་པའི་རང་བཞིན་ནི་རླུང་གི་ཡོན་ཏན་དང་འདྲ་སྟེ་འཇིགས་པ་ལ་སོགས་པའོ། །ལྡན་པ་དང་འདུས་པའི་རང་བཞིན་གྱི་ཡོན་ཏན་ཡང་གོང་མ་དང་གོ་རིམས་བཞིན་དུ་སྦྱར་རོ། །དེ་ལ་ན་ཚོད་ཀྱི་བྱེ་བྲག་གསུམ་དུ་བལྟ་སྟེ། བྱིས་པ་དང༌། བར་མ་དང༌། རྒན་པའོ། །དེ་ལ་ལོ་བཅུ་དྲུག་གི་བར་དུ་ནི་བྱིས་པ་ཞེས་བྱའོ། །དེ་ལས་ལོ་བདུན་ཅུའི་བར་དུ་ནི་བར་མ་ཞེས་བྱ་སྟེ། ལུས་དང༌། དབང་པོ་དང༌། གཟི་བརྗིད་ལ་སོགས་པ་འཕེལ་ཞིང་རྒྱས་པའི་དུས་སོ། །དེ་ཕན་ཆད་ནི་རྒན་པོ་ཞེས་བྱ་སྟེ། ལུས་ཟུངས་ལ་སོགས་པ་ཟང་ཟིན་པའི་དུས་སོ། །སྐྱེས་བུ་གང་གི་ལུས་ཁྲུ་ཕྱེད་དང་བཞི་པའི་ཚད་དུ་ཡོད་པ་ནི་ཚེ་རིང་བ་ལ་སོགས་པའི་གཞི་ཡིན་ནོ། །གཞན་ཡང་ལུས་ལ་སྨད་པར་བྱ་བའི་དངོས་པོ་བརྒྱད་ཡོད་དེ། གང་ཞེ་ན། ལུས་ལ་བ་སྤུ་མང་བ་དང༌། ཡང་ན་མེད་པ་དང༌། བ་སྤུ་དཀར་བ་དང༌། ཡང་ན་གནག་པ་དང༌། སྦོམ་པ་དང༌། རིང་ཆེས་པ་དང༌། གནས་མ་ཡིན་པར་སྤུ་སྐྱེས་པ་དང༌། རྩུབ་པ་དང༌། དེ་རྣམས་དང་ལྡན་ན་ཚེ་ཐུང་བ་དང་མི་བདེ་བ་སྐྱེད་དེ། སྐྱེས་བུ་གང་གི་སྐྲ་སྣུམ་པ་དང༌། འཇམ་
པ་དང༌། ཕྲ་ཞིང་རེ་རེ་ནས་སྐྱེས་པ་དང༌། བརྟན་པ་དང༌། དེ་དག་ནི་སྐྲའི་ཡོན་ཏན་དམ་པ་ཡིན་ནོ། །དཔྲལ་བའི་ཡོན་ཏན་ནི་སྐྲ་མཚམས་ཀྱི་ཕྱོགས་མཐོ་ཞིང་མུར་འགྲམ་གཉིས་དམའ་བ་དང་ཟླ་བ་ཕྱེད་པ་ལྟ་བུ་ནི་རབ་ཏུ་བཟང་ངོ༌། །སྐྱེས་བུའི་རྣ་བའི་ཡོན་ཏན་ནི་ཞེང་ཆུང་ལ་དཀྱུས་རིང་བ་དང༌། མཐོན་དམན་ལེགས་པར་འབྱེས་ཤིང་ཤས་རྒྱས་པ་དང༌། རྣ་བའི་རྒྱབ་ཕྱོགས་མཐོ་བའོ། །མིག་གི་ཡོན་ཏན་ནི་དཀར་ནག་འབྱེས་ཤིང་གསལ་བ་དང༌། རྫི་མ་བར་མ་ཆད་ཅིང་སྟུག་པའོ། །སྣའི་ཡོན་ཏན་ནི་སྣ་གཟང་མཐོ་བ་དང༌། དབུགས་ཆེར་འབྱུང་བ་དང༌། མཐོ་དམན་མེད་ཅིང་རྒྱས་པ་དང་འདྲ་བའོ། །མཆུའི་ཡོན་ཏན་ནི་མི་འཕྱང་བ་དང་དམར་བའོ། །འགྲམ་པའི་ཡོན་ཏན་ནི་འགྲམ་པ་ཡངས་ཤིང་མཛེས་པ་དང༌། ཁ་ཡངས་པ་དང༌། སོ་ཐགས་བཟང་བ་དང༌། མདོག་སྣུམ་ལ་འཚོར་བ་དང༌། འཇམ་པ་དང༌། དཀར་བ་དང་མཉམ་པའོ། །ལྕེའི་ཡོན་ཏན་ནི་ལྕེ་དམར་བ་དང༌། སྲབ་པ་དང༌། རིང་བའོ། །ཀོ་སྐོའི་ཡོན་ཏན་ནི་ཤ་ཆེ་ཞིང་རྒྱས་པའོ། །མགྲིན་པའི་ཡོན་ཏན་ནི་རིང་ཞིང་ཟླུམ་ལ་དུང་ལྟ་བུའོ། །དཔུང་མགོ་ཟླུམ་ལ་མཐོ་ཞིང་རྒྱས་པའོ། །ལྟེ་བ་གཡས་སུ་འཁྱིལ་བ་དང༌། ལྟེ་བ་དབུས་ཟབ་ཅིང་མཐའ་མཐོ་བའོ། །རྐང་པ་དང་ལག་པའི་སེན་མོའི་ཡོན་ཏན་ནི་སྲབ་པ་དང༌། དམར་བ་དང༌། མཐོ་བ་དང༌། སྣུམ་པ་དང༌། ཟངས་མདོག་འདྲ་བ་དང༌། ཤ་དང་འབྱར་བ་དང༌། སོར་མོ་རིང་ལ་མཚམས་འབྱར་ཞིང་ཕུག་པ་མི་མངོན་པ་དང༌། རྒྱབ་ཀྱི་སྒལ་ཚིགས་རྒྱ་ཆེ་ཞིང་མི་མངོན་པ་དང༌། རྒྱུས་པ་དང་ཚིགས་ཀྱང་མི་སྣང་ངོ༌། །སྐད་ཀྱི་ཡོན་ཏན་ནི་བརྟན་པ་དང་རིང་བའོ། །ལུས་ཀྱི་མདོག་སྣུམ་པ་དང༌། གཟི་མདངས་དང་ལྡན་པ་དང༌། རང་བཞིན་གྱིས་སྙིང་སྟོབས་ཆེ་བ་དང༌། ཕོངས་པར་གྱུར་ཀྱང་བློ་མི་འགྱུར་བའོ། །དེ་ལ་བཙས་མ་ཐག་པ་ནས་ནད་མེད་ཅིང་རིམ་གྱིས་ལུས་བོང་ལ་སོགས་པ་དང༌། འཇིག་རྟེན་གྱི་ཐ་སྙད་དང་བསྟན་བཅོས་ལ་མཁས་ཤིང་དགེ་མཚན་འཕེལ་བ་ལྟ་ན་ནི་ཇི་ལྟར་ཞིང་གཤིན་པའི་ལོ་ཏོག་ལྟ་བུར་འཕེལ་ཞིང་རྒྱས་པར་འགྱུར་ཏེ། གོང་དུ་སྨོས་པའི་ལུས་ཀྱི་ཡོན་ཏན་དེ་དག་ཐམས་ཅད་
དང་ལྡན་པའི་སྐྱེས་བུ་ནི་ལོ་བརྒྱར་འཚོ་ཞིང་ཚེ་རིང་བ་དང༌། དབང་ཕྱུག་ལ་སོགས་པ་དང་ཡུན་རིང་དུ་ལྡན་པར་འགྱུར་རོ། །དེ་ལས་ལུས་ཟུངས་བདུན་དང་སྙིང་སྟོབས་དང་བརྒྱད་ནི་ལུས་ཀྱི་སྙིང་པོ་ཞེས་བྱ་སྟེ། དེ་དག་གི་སྟོབས་ཆེ་ཆུང་བསྟན་པ་ནི་ལུས་ཟུངས་དངས་མ་དང་སྙིང་སྟོབས་ཀྱི་བར་དུ་རིམ་པ་བཞིན་དུ་འོག་མ་སྟོབས་ཆེ་བ་ཡིན་པར་ཤེས་པར་བྱའོ། །ལུས་ཀྱི་སྙིང་པོ་བརྒྱད་དུ་བསྟན་པ་ཐམས་ཅད་དང་ལྡན་པའི་སྐྱེས་བུ་ནི་ཀུན་གྱི་བླ་མ་ལྟར་བཀུར་བར་བྱ་བ་དང༌། ཡིད་བརྟན་པའི་གནས་དང་ཐམས་ཅད་ཀྱིས་དྲི་བའི་འོས་སུ་གྱུར་པ་དང༌། ལུས་དང་སེམས་ཀྱི་སྡུག་བསྔལ་བཟོད་པ་དང༌། བློ་དང་ལྡན་པ་དང༌། བྱ་བ་ལ་བརྟན་པར་གྱུར་པ་ཡིན་ནོ། །དེ་ལ་མི་སྙིང་སྟོབས་ཀྱི་ཤས་ཆེ་བ་ནི་རྟག་ཏུ་བདེ་བ་དང་ལྡན་པ་ཡིན་ན་རྡུལ་དང་མུན་པ་གཉིས་ཀྱི་ཤས་ཆེ་བའི་མི་ནི་བདེ་སྡུག་འདྲེན་པ་དང་ལྡན་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གང་ལ་ལ་ཞིག་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བདེན་པ་དང༌། ཚངས་པར་སྤྱོད་པ་དང༌། བྱས་པ་གཟོ་བ་དང༌། བྱམས་པ་དང༌། སྙིང་རྗེ་ཆེ་བ་དང༌། བཅུད་ཀྱིས་ལེན་པ་ལ་སོགས་པ་དེ་དག་བརྟེན་པར་བྱེད་པའི་སྐྱེས་བུ་ནི་བསོད་ནམས་དང་ཚེ་འཕེལ་བར་བྱེད་པ་ཡིན་ནོ། །ལུས་ཀྱི་གནས་ལས་ལེའུ་གསུམ་པ་རྫོགས་སོ།། །།ལུས་ཀྱི་གནས་ལས་གནད་ཀྱི་བྱེ་བྲག་བསྟན་པའི་ལེའུ་བཤད་པར་བྱའོ། །མིའི་ལུས་ལ་གནད་བརྒྱ་རྩ་བདུན་ཡོད་དེ། བརླ་གཉིས་དང༌། ལག་དར་གཉིས་ཏེ། བཞི་པོ་དེ་དག་ལས་གནད་བཅུ་གཅིག་དང༌། ལྟོ་བ་ལ་གནད་གསུམ་དང༌། བྲང་ལ་གནད་དགུ་དང༌། རྒྱབ་ལ་གནད་བཅུ་བཞི་དང༌། ནམ་ཚོང་ཡན་ཆད་ལ་གནད་སུམ་ཅུ་རྩ་བདུན་ནོ། །དེ་ལ་སྔོན་གྱི་སྨན་པ་དག་འདི་སྐད་འཆད་དོ། རྐང་པའི་མཐིལ་གུང་མོའི་དྲང་ཐད་ཀྱི་དབུས་ན་མཐིལ་འཕྲོག་པ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་ལ་སོགས་པ་ཕོག་ན་དེ་ནི་སྡུག་བསྔལ་དང་བཅས་ཤིང་འབྱུང་བ་ལྔ་ཐ་དད་པར་འགྱུར་རོ། །རྐང་པའི་མཐེ་བོང་དང༌། མཛུབ་མོ་གཉིས་ཀྱི་བར་ན་མྱུར་བ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་ཨ་ཤྐེ་
པ་ཞེས་བྱ་བའི་རླུང་ནད་ཀྱིས་འཆི་བ་སྟོན་ཏོ། །གོང་མའི་གནད་ལས་ཡར་སོར་གཉིས་བཅལ་བར་པིར་ལྟ་བུ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་ལུས་འདར་ཞིང་འཁོར་བར་བྱེད་དོ། །ལོང་མོའི་ཚིགས་ཀྱི་འོག་ན་པིར་གྱི་མགོ་ལྟ་བུ་ཞེས་བྱ་བའི་གནད་ཡོད་དེ་དེར་མཚོན་གྱིས་ཕོག་ན་སྐྲང་ཞིང་ནད་སྐྱེ་བར་འགྱུར་རོ། །རྐང་པ་དང་བྱིན་པའི་ཚིགས་བར་ན་ལོང་མོ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་ལ་སོགས་པ་ཕོག་ན་དྲན་པ་ཉམས་པ་དང༌། བརླ་རེངས་པ་དང༌། ནད་སྐྱེད་པར་བྱེད་དེ། བྱིན་པའི་དབུས་རྟིང་བ་ནས་སོར་བཅུ་གཉིས་བཅལ་བར་དབང་པོའི་ཆུ་སོ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་ཁྲག་ཟད་ནས་འཆི་བར་བྱེད་དོ། །བྱིན་པ་དང་བརླ་གཉིས་ཀྱི་བར་ན་པུས་མོ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་གལ་ཏེ་འཚོ་བར་འགྱུར་ན་ཡང་ལུས་ཞ་བར་འགྱུར་རོ། །པུས་མོའི་ལོང་བུ་ནས་ཡང་བླ་བྲག་སར་སོར་གསུམ་བཅལ་བར་མ་ནི་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་བརླ་རེངས་པ་དང་སྐྲང་བར་བྱེད་དོ། །བརླའི་དབུས་ན་ཨུ་རུ་བ་ཤི་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་ཁྲག་ཟད་ནས་བརླ་སྐམ་པར་བྱེད་དོ། །བརླའི་གོང་བརླ་བྲག་གི་འོག་ཚིགས་མཚམས་ན་མིག་དམར་པོ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་ཁྲག་ཟད་ནས་ཟླ་བ་ཕྱེད་ཀྱིས་འཆི་བར་སྟོན་ཏོ། །བརླ་བྲག་དང་རླིག་པའི་བར་ན་བི་ཊ་བམ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་ལ་སོགས་པ་ཕོག་ན་བུད་མེད་ལ་འཇུག་པའི་ནུས་པ་མེད་པར་འགྱུར་རོ། །རྐང་ཟུག་ཅིག་ཤོས་ལ་ཡང་ཚུལ་དེ་ལྟར་ཤེས་པར་བྱའོ། །དེ་བཞིན་དུ་དབུག་ཟུག་གཉིས་ལ་ཡང་དེ་དང་འདྲ་བར་གནད་དུ་བལྟ་སྟེ། ལོང་མོ་དང་མཁྲིག་མར་མཐུན་པ་དང༌། གྲུ་མོ་དང་པུས་མོར་མཐུན་པ་དང༌། བྱིན་པའི་དབུས་དང་ལག་དར་གྱི་དབུས་སུ་མཐུན་པ་དང༌། གཞན་ཡང་བི་ཊ་བམ་ཞེས་བྱ་བ་དང༌། མིག་དམར་པོ་ཞེས་བྱ་བའི་གནད་ལ་མཚོན་གྱིས་ཕོག་ན་ཞ་བར་འགྱུར་བ་དང་འདྲ་བར་མཆན་ཁུང་གི་ནང་མཚམས་ན་ཡང་མཆན་ཁུང་འཛིན་པ་ཞེས་བྱ་བའི་གནད་ཡོད་དེ།
དེར་མཚོན་གྱིས་ཕོག་ན་ཡང་དཔུང་པ་ཞ་བར་འགྱུར་ཏེ། དེ་ལ་སོགས་པ་གོང་དུ་བཤད་པའི་གོ་རིམས་བཞིན་དུ་གནད་ཡོད་པའི་ས་དང་སྐྱོན་འདྲ་བར་ཡོད་པས་ཅི་རིགས་པར་ཤེས་པར་བྱའོ། །ལྟོ་བའི་གནད་གསུམ་ལ་རྒྱུ་མ་སྤོམ་པོ་གཞང་ཞེས་བྱ་བའི་གནད་ཡོད་དེ། དེ་ལ་མཚོན་གྱིས་ཕོག་སྟེ་བུ་ག་ནས་ཕྱིར་ཕྱི་ས་དང་རླུང་འགྱུར་ན་དེ་མ་ཐག་འཆིའོ། །ལྒང་པ་གཞུ་ལྟར་ཡོ་བ་ཤ་ཆུང་ཞིང་ཁྲག་ཉུང་བ་ཐུར་དུ་བལྟས་པའི་སྒོ་གཅིག་ཡོད་པ་ནི་ཆུ་སོའི་གནད་ཡིན་ཏེ། དེ་ཡང་རྐེད་པའི་དབུས་ན་ཡོད་པས་དེ་ལ་མཚོན་གྱིས་ཕོག་ན་དེ་མ་ཐག་སྲོག་འདོར་བར་འགྱུར་རོ། །ཇི་སྟེ་རྡེའུ་འབྱིན་པའི་ཕྱིར་ཆུ་སོར་མཚོན་གྱིས་བྱ་དགོས་ན་ཡང་ཆུ་སོའི་གཡས་གཡོན་དུ་ནི་ཁྱད་པར་བསྲུང་བར་བྱ་བ་ཡིན་ལ་གལ་ཏེ་དེར་མཚོན་གྱིས་ཕོག་ན་ནི་འཕྲལ་འཆིའོ། །ཇི་སྟེ་རྡེའུ་འབྱིན་པའི་ཚད་བསྟན་པའི་སར་ཕུག་ན་ཡང་ཤིན་ཏུ་འཚོ་དཀའ་སྟེ། ཆུ་སོ་ནས་གཅིན་རྟག་ཏུ་འཛག་པར་བཤད་དོ། །ལུས་ཀྱི་ཞུ་བ་དང་མ་ཞུ་བའི་དབུས་ན་རྩ་ཐམས་ཅད་རྟེན་པའི་གནས་ལྟེ་བ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་འཕྲལ་འཆི་བར་བྱེད་དོ། །ཕོ་བའི་ཁ་ན་རྡུལ་དང༌། མུན་པ་དང་སྙིང་སྟོབས་རྟེན་པའི་གནས་སྙིང་ཞེས་བྱ་བ་ཅིག་ཡོད་དེ། དེ་ཡང་བྲང་གི་འོག །ལྟོ་བའི་གོང་ནུ་མ་གཉིས་ཀྱི་དབུས་ན་གནས་སོ། །ནུ་སོར་ལས་གོང་འོག་ཏུ་སོར་གཉིས་བཅལ་བ་ན་ནུ་མའི་རྩ་རོ་ཧི་ཏ་ཞེས་བྱ་བའི་གནད་ཡོད་དོ། །དེ་དག་གང་ཡང་རུང་བར་མཚོན་གྱིས་ཕོག་ན་ཁྲག་དང་བད་ཀན་ལྟོ་བའི་ནང་དུ་ཞུགས་ནས་འཆི་བར་བྱེད་དོ། །བྲང་གི་ངོས་ན་ཨ་པ་སྟམ་བྷ་ཞེས་བྱ་བ་རླུང་རྒྱུ་བའི་གནད་གཉིས་ཡོད་དོ། །དེར་མཚོན་གྱིས་ཕོག་ན་ལྟོ་བ་ཁྲག་གིས་གང་ཞིང་ལུད་པ་དང༌། དབུགས་མི་བདེ་བས་འཆི་བར་བྱེད་དོ། །བྲང་གཡས་གཡོན་གྱི་གནད་གཉིས་བྲང་ཐད་རྒྱབ་ཀྱི་སྒལ་ཚིགས་ཀྱི་ནང་གི་ངོས་གཉིས་ན་ཁ་ཐུར་དུ་བལྟས་པ། པ་ལ་བ་ཁྱ་ཞེས་བྱ་བའི་གནད་གཉིས་གཉིས་ཡོད་དེ། དེར་མཚོན་གྱིས་ཕོག་ན་ལྟོ་བའི་ནང་དུ་ཁྲག་གིས་གང་ཞིང་དེ་ཉིད་རྣག་ཏུ་གྱུར་ཏེ་འཆི་བར་བྱེད་དོ། །སྒལ་ཚིགས་ཀྱི་ངོས་གཉིས་ཀྱི་སྟ་ཟུར་གྱི་རྣ་བ། རྐུབ་ཚོས་གཉིས་ཀྱི་གོང་ན་ཀ་ཏི་ཀ་ཏ་རུ་ཞེས་བྱ་བའི་གནད་གཉིས་
ཡོད་དེ། དེ་གཉིས་སུ་མཚོན་ཕོག་ན་སྐྱེས་བུ་དེ་ཁྲག་ཟད་ཅིང་སྐྱ་བོར་འགྱུར་ལ་མདོག་མདངས་ཉམས་ཤིང་འཆི་བར་འགྱུར་རོ། །སྒལ་ཚིགས་ཀྱི་ངོས་གཉིས་རྐེད་པའི་རྒྱབ་ཕྱོགས་ཀྱི་མཚམས་ན་ཀུ་ཀུན་ད་ར་ཞེས་བྱ་བའི་གནད་གཉིས་ཡོད་དེ། དེར་མཚོན་གྱིས་ཕོག་ན་ལུས་ཀྱི་སྤྱོད་པ་ཉམས་ཤིང་རོ་སྨད་འཆལ་བ་དང༌། ཚོར་བ་མེད་པར་འགྱུར་རོ། །སྟ་ཟུར་གཉིས་ཀྱི་རྣ་བའི་གོང་རྩིབས་ལོགས་གཉིས་ཀྱི་འོག་རྐེད་པའི་ཤ་ལ་སོགས་པའི་ནང་ན་ནི་ཏམ་པ་ཞེས་བྱ་བའི་གནད་ཡོད་དེ། དེ་ཡང་རུས་པ་སྙི་བ་ན་གནས་ལ་དེར་མཚོན་གྱིས་ཕོག་ན་རོ་སྨད་སྐྲངས་ཤིང་ལུས་ཉམ་ཆུང་ལ་འཆི་བར་བྱེད་དོ། །རྩིབ་མའི་འོག་ལོགས་ཀྱི་ནང་དང་འབྲེལ་བའི་རྐེད་པའི་གཡས་གཡོན་གཉིས་ན་ཐད་ཀ་དྲང་པོ་དང༌། གྱེན་དུ་འགྲོ་བའི་གནད་རྩིབ་ལོགས་ཀྱི་མཚམས་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་ལྟོ་བ་ཁྲག་གིས་གང་ཞིང་འཆི་བར་འགྱུར་རོ། །ནུ་མ་གཉིས་ཀྱི་རྩ་བའི་བྲང་ཐད་ཀྱི་རྒྱབ་ཀྱི་སྒལ་ཚིགས་ཀྱི་ངོས་གཉིས་ན་བརྟེན་པའི་རྩ་ཆེན་པོ་ཞེས་བྱ་བའི་གནད་གཉིས་ཡོད་དེ། དེར་མཚོན་གྱིས་ཕོག་ན་ཁྲག་ཟད་ནས་འཆི་བར་བྱེད་དོ། །དཔུང་མགོ་དང་འབྲེལ་བའི་སྒལ་ཚིགས་ཀྱི་ངོས་གཉིས་ན་ཨན་ས་ཡོ་ཕ་ལ་ཀ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་དཔུང་བ་སྐམ་ཞིང་ཚོར་བ་མེད་པར་འགྱུར་རོ། །མགྲིན་པའི་ངོས་གཉིས་དང་དཔུང་མགོ་དང་ཕྲག་པར་འབྲེལ་བའི་དབུས་ན་ཕྲག་པའི་གནད་ཅེས་བྱ་བ་ཡོད་དེ། དེར་མཚོན་གྱིས་ཕོག་ན་ལག་ངར་རེངས་ཏེ་བསྐུམ་མི་ཤེས་པར་འགྱུར་རོ། །མིད་པའི་གཡས་གཡོན་གཉིས་ན་འགྲམ་པ་ལ་བརྟེན་པའི་རྩ་གཉིས་གཉིས་ཡོད་དེ། དེ་ཡང་སྔོན་པོ་ཞེས་བྱ་བ་དང་མ་ནྱ་ཞེས་བྱ་བ་གཉིས་ཡོད་དེ། བཞི་པོ་དེ་དག་གནད་དུ་བལྟ་སྟེ། དེར་མཚོན་གྱིས་ཕོག་ན་སྐད་ཉམས་པར་འགྱུར་བ་དང༌། རོ་མི་ཚོར་བར་འགྱུར་རོ། །མིད་པའི་གཡས་གཡོན་ནས་ལྕེ་དང་སྣར་འགྲོ་བའི་རྩ་བཞི་ཡོད་དེ། དེ་ནི་མ་ཏྲི་ཀ་ཞེས་བྱ་བའི་རྩའི་གནད་ཡིན་ཏེ། དེར་མཚོན་གྱིས་ཕོག་ན་དེ་མ་ཐག་སྲོག་འཇོམས་པའོ། །མགོ་དང་མགྲིན་པའི་ཚིགས་ཀྱི་ངོས་ན་ལྟག་པ་ཞེས་བྱ་བའི་གནད་རེ་རེ་ཡོད་དེ། དེར་མཚོན་གྱིས་ཕོག་ན་རྟག་ཏུ་མགོ་འདར་བར་
འགྱུར་རོ། །རྣ་མཆོག་གཉིས་ཀྱི་སྟེང་དྲང་ཐད་ན་བྱི་རུ་ར་ཞེས་བྱ་བའི་རྩ་མཐོ་དམན་དུ་འདུག་པའི་གནད་རེ་རེ་ཡོད་དེ། དེར་མཚོན་གྱིས་ཕོག་ན་ཐོས་པ་ཉམས་ཏེ་འོན་པར་འགྱུར་རོ། །སྣའི་ལམ་ན་རྣ་བའི་ངོས་གཉིས་སུ་ཞུགས་ཏེ་མགྲིན་པའི་ནང་དུ་འབྲེལ་བའི་རྩ་དེ་བཀ་ཞེས་བྱ་བའི་གནད་གཉིས་ཡོད་དེ། དེར་མཚོན་གྱིས་ཕོག་ན་དྲི་མི་ཚོར་བར་བྱེད་དོ། །མིག་གཉིས་ཀྱི་གྲྭ་སྨིན་མའི་མཇུག་གི་མཐའ་ན་མིག་བསྲུང་ཞེས་བྱ་བའི་གནད་རེ་རེ་དང༌། སྨིན་མའི་སྟེང་གཤོང་བུར་འདུག་པའི་ནང་ན་འཁྱིལ་པ་ཞེས་བྱ་བའི་གནད་གཉིས་ཏེ་བཞི་པོ་དེ་དག་ལ་མཚོན་ལ་སོགས་པ་ཕོག་ན་ལོང་བར་འགྱུར་རོ། །དཔྲལ་བའི་མཐའ་རྣ་བ་དང་ཉེ་བ་ན་མུར་འགྲམ་ཞེས་བྱ་བའི་གནད་རེ་རེ་ཡོད་དེ། དེར་མཚོན་གྱིས་ཕོག་ན་འཕྲལ་འཆི་བར་བྱེད་དོ། །མུར་འགྲམ་གྱི་གོང་སྐྲ་མཚམས་ན་ཨུད་ཤྐེ་པ་ཞེས་བྱ་བའི་གནད་རེ་རེ་དང༌། སྨིན་མའི་དབུས་ན་སྟམ་བྷ་ནི་ཞེས་བྱ་བའི་གནད་རེ་རེ་ཡོད་དེ། དེར་མཚོན་གྱིས་ཕོག་ན་ཟུག་རྔུ་མ་ཕྱུང་སྟེ་རང་སྨིན་ནས་བྱུང་བ་ནི་འཚོ་བར་འགྱུར་ལ། ཟུག་རྡུ་བྱུང་ན་ནི་དེ་མ་ཐག་འཆིའོ། །ལྕེ་དང༌། མིག་དང༌། སྣ་དང༌། རྣ་བ་དང༌། དེ་བཞིའི་རྩའི་རྒྱུན་སྲང་ནི་ཁའི་ནང་རྐན་གྱི་ཕྱོགས་སུ་འདུག་ཏེ་བཞི་པོ་དེ་དང་འབྲེལ་བའི་གནད་སུམ་མདོ་ཞེས་བྱ་བ་ཡོད་དོ། །དེ་རྣམས་ལ་མཚོན་གྱིས་ཕོག་ན་འཕྲལ་ཚེའི་མཐར་གཏུགས་པ་ཡིན་ནོ། །མགོའི་ཐོད་པ་ལ་ཐད་ཀ་དང་ཐུར་དུ་འགྲོ་བའི་ཚིགས་ལྔ་ཡོད་དེ། དེ་རྣམས་ཀྱང་སྐྲ་མཚམས་ཞེས་བྱ་བའི་གནད་ཡིན་པས། དེ་ལ་མཚོན་གྱིས་ཕོག་ན་མགོ་འཁོར་བ་དང༌། སྨྱོ་བ་དང༌། དྲན་པ་ཉམས་ཏེ་འཆི་བར་འགྱུར་རོ། །གླད་པའི་སྟེང་ཕྱོགས་སུ་འཁྱིལ་ཞིང་རྩ་ཐམས་ཅད་འདུས་པའི་ནང་ན་བདག་པོ་ཞེས་བྱ་བའི་གནད་ཡོད་དེ། དེར་མཚོན་གྱིས་ཕོག་ན་དེ་མ་ཐག་སྲོག་འཇོམས་པར་བྱེད་དོ། །ལུས་ཀྱི་གནད་ཕྱིའི་མཚན་ཉིད་ནི་གང་དུ་མནན་ན་མི་བཟོད་པར་ན་ཞིང་འགུལ་བ་དང༌། སྡུག་བསྔལ་དང་བཅས་པ་གང་ཡིན་པ་སྟེ་དེ་ཡང་གནད་ཡིན་པར་བལྟའོ། །གཞན་ཡང་ཤ་དང༌། རུས་པ་དང༌། རྒྱུས་པ་དང༌། རྩ་ཆེན་པོ་དང༌། རྩ་དང༌། ཚིགས་དང༌། འདི་དག་རང་གི་མཚམས་འདུས་པ་ཐམས་ཅད་ལ་གནད་ཅེས་བྱ་སྟེ། དེ་དག་མཚོན་ལ་སོགས་པས་ཕོག་ན་ཁྱད་པར་དུ་སྲོག་འགག་པའི་རྒྱུ་ཡིན་ནོ། །དེ་ལྟར་གང་དུ་
གནད་ཀྱི་བྱེ་བྲག་ཕལ་ཆེར་རྗེས་སུ་བསྟན་པ་ཡང་ཤ་ལ་སོགས་པ་ལ་བརྟེན་པའི་གནད་རྣམ་པ་དྲུག་ཏུ་བརྟག་པར་བྱ་བ་ཡིན་ནོ། །སྲོག་ཅེས་བྱ་བ་ནི་གནད་ཐམས་ཅད་ཀྱི་སྤྱིའི་གནས་སུ་མཉམ་སྟེ་གཅིག་པར་འདོད་དོ། །རྣམ་པ་དྲུག་ཏུ་བརྟག་བདེ་གང་ཞེ་ན། ཤ་ལ་གནས་པའི་གནད་བཅུ་སྟེ། དབང་པོའི་ཆུ་སོ་ཞེས་བྱ་བའི་གནད་བཞི་དང༌། རྐང་མཐིལ་འཕྲོག་པ་ཞེས་བྱ་བའི་གནད་བཞི་དང༌། ནུ་མའི་རྩ་བ་རོ་ཧ་ཏི་ཞེས་བྱ་བ་གནད་གཉིས་ཏེ་བཅུའོ། །རུས་བ་ལ་གནད་བརྒྱད་དེ། མུར་འགྲམ་ཞེས་བྱ་བའི་གནད་གཉིས་དང༌། ཀ་ཊི་ཏ་རུ་ན་ཞེས་བྱ་བའི་གནད་གཉིས་དང༌། ནི་ཏམ་པ་ཞེས་བྱ་བའི་གནད་གཉིས་དང༌། ཨན་ས་ཡོ་ཕ་ལ་ཞེས་བྱ་བའི་གནད་གཉིས་སོ། །རྒྱུས་པའི་གནད་ཉི་ཤུ་རྩ་གསུམ་སྟེ། ཨ་ས་ན་ཞེས་བྱ་བའི་གནད་བཞི་དང༌། པིར་ལྟ་བུ་ཞེས་བྱ་བའི་གནད་བཞི་དང༌། པིར་མགོ་ཞེས་བྱ་བ་བཞི་དང༌། མིག་ཟུར་ཞེས་བྱ་བའི་གནད་གཉིས་དང༌། རྒྱ་ཚིགས་ཞེས་བྱ་བ་བཞི་དང༌། མྱུར་བ་ཞེས་བྱ་བའི་གནད་གཉིས་དང༌། ཨུད་ཤྐེ་པ་ཞེས་བྱ་བའི་གནད་གཉིས་དང༌། ཆུ་སོ་ཞེས་བྱ་བའི་གནད་གཅིག་གོ །རྩ་ཆེན་པོའི་གནད་དགུ་སྟེ། གཞང་ཞེས་བྱ་བའི་གནད་གཅིག་དང༌། ཨ་པ་སྟམ་བྷ་ཞེས་བྱ་བའི་གནད་གཉིས་དང༌། བི་དུར་ཞེས་བྱ་བའི་གནད་གཉིས་དང༌། སུམ་མདོ་ཞེས་བྱ་བའི་གནད་བཞིའོ། །རྩ་ལ་གནད་སུམ་ཅུ་རྩ་བདུན་མཆིས་ཏེ། རྩ་ཆེན་པོ་ཞེས་བྱ་བ་གཉིས་དང༌། མ་ཀྲྀ་ཏ་ཞེས་བྱ་བའི་གནད་བརྒྱད་དང༌། སྔོན་པོ་ཞེས་བྱ་བ་གཉིས་དང༌། མ་ནྱ་ཞེས་བྱ་བ་གཉིས་དང༌། མཆན་ཁུང་འཛིན་པ་ཞེས་བྱ་བའི་གཉིས་དང༌། གདེངས་ཀ་ཞེས་བྱ་བ་གཉིས་དང༌། པ་ད་པ་ཞེས་བྱ་བའི་གནད་གཉིས་དང༌། སྙིང་ཞེས་བྱ་བའི་གནད་གཉིས་དང༌། ལྟེ་བ་ཞེས་བྱ་བའི་གནད་གཅིག་དང༌། རྩིབ་ལོགས་ཀྱི་མཚམས་ཞེས་བྱ་བ་གཉིས་དང༌། ནུ་མ་འཛིན་པ་ཞེས་བྱ་བ་གཉིས་དང༌། ཨ་ལ་པོའི་གནད་གཉིས་དང༌། བསྟི་ནི་ཞེས་བྱ་པའི་གནད་གཉིས་དང༌། ཨུར་པ་ཤི་ཞེས་བྱ་བའི་གནད་གཉིས་དང༌། ལོ་ཧི་ཏ་ཞེས་བྱ་བའི་གནད་བཞིའོ། །ཚིགས་ལ་གནད་ཉི་ཤུ་བརྟེན་ཏེ། འཁྱིལ་བ་ཞེས་བྱ་བའི་གནད་གཉིས་དང༌། མཁྲིག་མ་ཞེས་བྱ་བའི་གནད་གཉིས་དང༌། ཀུ་ཀུན་ད་ར་ཞེས་བྱ་བ་གཉིས་དང༌། སྐྲ་མཚམས་ཞེས་བྱ་
བ་ལྔ་དང༌། གྲུ་མོ་ཞེས་བྱ་བ་གཉིས་དང༌། ལོང་མོ་ཞེས་བྱ་བ་གཉིས་དང༌། ལྟག་པ་ཞེས་བྱ་བ་གཉིས་དང༌། བདག་པོ་ཞེས་བྱ་བ་གཉིས་དང༌། པུས་མོ་ཞེས་བྱ་བ་གཉིས་དང་ཉི་ཤུའོ། །སྨན་པ་གཞན་དག་ན་རེ། ཤ་ལ་བརྟེན་པའི་གནད་དང༌། རྒྱུས་པ་ལ་བརྟེན་པའི་གནད་དང༌། གཞང་ཞེས་བྱ་བའི་གནད་དང༌། མཆན་ཁུང་འཛིན་པ་ཞེས་བྱ་བའི་གནད་དང༌། བི་དྲི་པོ་ཞེས་བྱ་བའི་གནད་དང༌། བི་དུ་ར་ཞེས་བྱ་བའི་གནད་དང༌། སུམ་མདོ་ཞེས་བྱ་བའི་གནད་དང༌། རྩ་ལ་བརྟེན་པའི་གནད་རྣམས་དང༌། ཨ་པ་སྟམ་བྷ་ཞེས་བྱ་བའི་གནད་དང༌། མིག་ཕུག་ཅེས་བྱ་བའི་གནད་དང༌། རྩ་ཆེན་པོ་ལ་གནས་པའི་གནད་རྣམས་འབའ་ཞིག་མ་གཏོགས་པ་གོང་དུ་སྨོས་པའི་གནད་དེ་དག་གང་ཡང་རུང་བ་ལ་མཚོན་གྱིས་ཕོག་པར་ནུས་ན། རྟག་ཏུ་རྒྱུན་མི་ཆད་པར་ཤ་བཀྲུས་པ་འདྲ་བའི་ཆུ་ཤིན་ཏུ་སླ་བ་འཛག་ཅིང་ལུས་ཤ་སྐྱ་བོ་བསེང་པོར་གྱུར་བ་དབང་པོ་ཉམས་ཤིང་མྱུར་དུ་འཆི་བར་བྱེད་དོ། །རུས་པ་ལ་གནས་པའི་གནད་གང་ཡང་རུང་བ་མཚོན་གྱིས་ཕོག་ན། ཁྲག་ཤིན་ཏུ་སླ་བ་རྐང་དང་བཅས་པ་འབྱུང་བར་འགྱུར་རོ། །རྒྱུས་པའི་གནད་ལ་མཚོན་གྱིས་ཕོག་ན་ལྟག་པར་ན་བ་དང༌། བརྐྱང་བསྐུམ་མི་ཤེས་པ་དང༌། བཞོན་པ་ལ་ཞོན་པའི་ནུས་པ་མེད་པ་དང༌། གནས་ལ་མི་དགའ་བ་དང༌། ལུས་གྲིམས་པ་ཆུང་བ་དང༌། ཡང་ན་འཆི་བར་འགྱུར་རོ། །རྩ་ཆེན་པོའི་གནད་ལ་མཚོན་གྱིས་ཕོག་ན་ཁྲག་སྒྲ་དང་བཅས་ཤིང་དབུ་བ་ཡོད་ལ། ཁྲག་ཚ་ཞིང་དྲན་པ་ཉམས་པར་འགྱུར་རོ། །རྩའི་གནད་ལ་མཚོན་གྱིས་ཕོག་ན་ཁྲག་སྐ་ཞིང་མང་བ་རྒྱུན་མི་ཆད་པར་ཟག་སྟེ། ཁྲག་ཟད་པས་སྐོམ་དད་ཆེ་བ་དང༌། མགོ་འཁོར་བ་དང༌། དབུགས་མི་བདེ་བ་དང༌། རྨོངས་བག་ཏུ་འདུག་པ་དང༌། སྐྱིགས་བུ་རྣམས་ཀྱིས་འདེབས་ཤིང་དུས་བྱེད་པར་འགྱུར་རོ། །གལ་ཏེ་རྨ་འདྲུབས་ན་ཡང་ལུས་གྲ་མས་གང་བ་སྙམ་བྱེད་ཅིང་འཐེང་བ་དང་གྱོལ་པོར་འགྱུར་རོ། །ཚིགས་ཀྱི་གནད་ལ་མཚོན་གྱིས་ཕོག་ན་ལུས་ཀྱི་སྟོབས་དང༌། སྤྱོད་པ་ཉམས་ཤིང་ལུས་སྐེམས་པ་དང༌། ཚིགས་རྣམས་སྐྲང་བར་འགྱུར་རོ། །གཞན་ཡང་བཅུ་དགུ་པོ་འདི་དག་ནི་འཕྲལ་འཆི་བར་བྱེད་པའི་གནད་ཡིན་ཏེ། ལྟེ་བའི་གནད་དང༌། མུར་འགྲམ་
གྱི་གནད་དང༌། བདག་པོའི་གནད་དང༌། གཞང་གི་གནད་དང༌། སྙིང་གི་གནད་དང༌། པུས་མོའི་གནད་དང༌། ཆུ་སོའི་གནད་དང༌། མ་ཀྲྀ་ཏའི་གནད་རྣམས་ཡིན་ཏེ། དེ་དག་ཏུ་མཚོན་གྱིས་ཕོག་ནས་འཕྲལ་མི་འཆི་ན་ཡང༌། ཞག་བདུན་ཚུན་ཆད་ཀྱིས་ངེས་པར་འཆིའོ། །འཕྲལ་མི་འཆི་བར་ཟླ་བ་གཅིག་གམ་ཟླ་བ་ཕྱེད་ཀྱི་ནང་དུ་འཆི་བའི་གནད་ནི་སུམ་ཅུ་རྩ་གསུམ་སྟེ། ཨ་པ་སྟམ་བྷ་ཞེས་བྱ་བའི་གནད་དང༌། རྐང་མཐིལ་སྲེག་པའི་གནད་དང༌། རྩིབ་ལོགས་ཀྱི་མཚམས་ཀྱི་གནད་དང༌། ཀ་ཊི་ཏ་རུ་ཞེས་བྱ་བའི་གནད་དང༌། སྐྲ་མཚམས་ཀྱི་གནད་དང༌། ནུ་མའི་རྩའི་གནད་དང༌། དབང་པོའི་ཆུ་སོའི་གནད་དང༌། མྱུར་བ་ཞེས་བྱ་བའི་གནད་དང༌། ཨ་པ་ལའི་གནད་དང༌། རྩ་ཆེན་པོའི་གནད་དང༌། ནི་ཏམ་པའི་གནད་དང༌། སྟ་ན་རོ་ཧི་ཏ་ཞེས་བྱ་བའི་གནད་རྣམས་སོ། །གནད་གསུམ་པོ་ཨུད་ཤྐེ་ཞེས་བྱ་བ་གཉིས་དང༌། སྟན་པ་ནི་ཞེས་བྱ་བ་དང་གསུམ་ནི་མཚོན་ཕྱུང་ན་ནི་འཆི་ལ། མ་ཕྱུང་ན་ནི་མི་འཆིའོ་ཞེས་བཤད་དེ། དེ་ཡང་རླུང་གིས་ཤ་དང༌། ཞག་དང༌། རྐང་དང༌། གླད་རྒྱས་རྣམས་སྐེམ་པར་བྱེད་དོ། །གལ་ཏེ་ཐབས་མ་ཡིན་པས་མཚོན་དེ་ཕྱུང་ན་ནི་དབུགས་མི་བདེ་བ་དང་ལུད་པས་སྲོག་འདོར་བར་བྱེད་དོ། །གནད་བཞི་བཅུ་རྩ་བཞི་པོ་འདི་དག་ཏུ་མཚོན་གྱིས་ཕོག་ན་འཐེང་འགྲུམ་ལ་སོགས་པར་འགྱུར་གྱི་འཆི་བར་བྱེད་པ་ནི་མ་ཡིན་ཏེ་གློ་བུར་གྱི་གནོད་པས་བརྒྱ་ལ་འཆི་བ་ཡང་སྲིད་དོ། །བཞི་བཅུ་རྩ་བཞི་པོ་དེ་ཡང་གང་ཞེ་ན། གདེངས་ཀ་ཞེས་བྱ་བའི་གནད་དང༌། མུར་འགྲམ་གྱི་ཕྱོགས་ཀྱི་གནད་དང༌། མུར་འགྲམ་ཕྱོགས་ཀྱི་མིག་ཟུར་གྱི་གནད་དང༌། བི་དུ་རའི་གནད་དང༌། སྔོན་པོ་ཞེས་བྱ་བའི་གནད་དང༌། མ་ནེའི་གནད་དང༌། ལྟག་པའི་གནད་དང༌། ཕྲག་པའི་གནད་དང༌། འཁྱིལ་པ་ཞེས་བྱ་བའི་གནད་དང༌། བི་ཊ་བོ་ཞེས་བྱ་བའི་གནད་དང༌། ཨུར་པ་ཤི་ཞེས་བྱ་བའི་གནད་དང༌། ཀུ་ཀུན་ད་རའི་གནད་དང༌། པུས་མོའི་གནད་དང༌། མིག་དམར་པོའི་གནད་དང༌། མཆན་ཁུང་འཛིན་པའི་གནད་དང༌། པིར་ལྟ་བུའི་གནད་དང༌། གྲུ་མོའི་གནད་རྣམས་སོ། །གནད་བརྒྱད་པོ་འདི་དག་ནི་ན་ཞིང་སྡུག་བསྔལ་བར་བྱེད་པ་སྟེ། དེ་ཡང་གང་ཞེ་ན། པིར་མགོ་ལྟ་བུའི་གནད་
དང། ལོང་མོའི་གནད་དང༌། མཁྲིག་མའི་གནད་རྣམས་སོ། །གནད་གོང་དུ་སྨོས་པ་དེ་རྣམས་ལས་པི་ཏི་པ་དང༌། མཆན་ཁུང་འཛིན་པ་དང༌། པིར་མགོ་ལྟ་བུ་དང༌། ཨ་ས་ཕ་ལ་དེ་རྣམས་ཀྱི་ཚད་ནི་སོར་རེ་རེ་ཙམ་ཡོད་དོ། །མཁྲིག་མའི་གནད་དང༌། ལོང་མོའི་གནད་དང༌། ནུ་མའི་རྩ་བའི་གནད་ལ་སོར་གཉིས་ཀྱི་ཚད་དུ་ཡོད་དོ། །བུས་མོ་དང་གྲུ་མོ་གཉིས་ཀྱི་གནད་ལ་སོར་གསུམ་གསུམ་གྱི་ཚད་དུ་ཡོད་དོ། །གཞང་གི་གནད་དང༌། ཆུ་སོ་དང༌། སྙིང་དང༌། ལྟེ་བ་དང༌། སྔོན་པོ་ཞེས་བྱ་བ་དང༌། སྐྲ་མཚམས་ཀྱི་གནད་དང༌། མ་ཀྲྀ་ཏ་དང༌། པིར་ལྟ་བུ་དང། སུམ་མདོ་ཞེས་བྱ་བ་དང༌། མ་ནེ་ཡ་ཞེས་བྱ་བ་དང༌། དེ་རྣམས་ཀྱི་གནད་ཉི་ཤུ་རྩ་དགུ་ནི་རང་གི་ལག་པའི་མཐིལ་གྱི་ཚད་ཙམ་རེ་རེ་ཡོད་དོ། །ལྷག་མ་ལྔ་བཅུ་རྩ་དྲུག་པོ་རྣམས་ནི་སོར་ཕྱེད་ཕྱེད་ཀྱི་ཚད་ཙམ་ཡོད་དོ། །སློབ་དཔོན་གཞན་དག་ན་རེ་གནད་ལྔ་བཅུ་རྩ་དྲུག་པོ་དེ་དག་གི་ཚད་ནི་ཏིལ་འབྲུ་འམ། འབྲས་ཀྱི་ཚད་ཙམ་ཡོད་དོ་ཞེས་ཟེར་རོ། །གོང་དུ་རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། ཁྲག་རྒྱུ་བའི་རྩ་བཞིར་བཤད་པ་དེ་དག་གི་ལུས་ཐམས་ཅད་བརྟས་པར་བྱེད་པ་ཡིན་ཏེ། དེ་ཡང་གནད་རྣམས་ལ་བརྟེན་པས་གལ་ཏེ་དེར་མཚོན་གྱིས་ཕོག་སྟེ་ཁྲག་ཟད་པར་གྱུར་ན་ལུས་ཟུངས་ཟད་དེ་རྩའི་སྦུབས་རླུང་གིས་གང་ཞིང་རྒྱས་ནས་མི་བཟད་པར་ན་བར་བྱེད་པ་ཡིན་ལ། རླུང་དེས་མཁྲིས་པ་བསྐྱོད་པས་ནི་ཁ་སྐམ་པ་དང༌། སྐོམ་དང་ཆེ་བ་དང༌། མྱོས་པ་དང༌། མགོ་འཁོར་བ་དང༌། ལུས་རྡུལ་བ་དང༌། ཚིགས་རྣམས་བྱེ་བ་དང་ལུས་ལྷོད་པར་འགྱུར་ཏེ་འཆི་བར་འགྱུར་རོ། །ཇི་སྟེ་གནད་ཀྱི་ཚིགས་མཚོན་ལ་སོགས་པས་ཚོད་པར་གྱུར་ན། དེ་མ་ཐག་ལག་པའམ་རྐང་པས་གོང་འོག་ནས་དམ་དུ་བསྡམ་ཞིང་གཟུང་བར་བྱའོ། །གལ་ཏེ་མ་བཟུང་ན་ནི་རྩ་རྣམས་གོང་འོག་ཏུ་འཁུམས་པར་འགྱུར་རོ། །དེ་ལ་སེམས་ཅན་རྣམས་ཀྱི་འཚོ་བ་ནི་ཁྲག་ལ་རག་ལས་པ་ཡིན་ཏེ། ཁྲག་ལེགས་པར་གནས་ཤིང་རྒྱུ་ན་ནི་སྲོག་ཀྱང་ལེགས་པར་གནས་པ་ཡིན་ནོ། །དེ་ལྟ་བས་ན་གནད་ལ་མ་ཕོག་ན་ནི་མཚོན་དུ་མས་བསྣུན་ཀྱང་འཆི་བར་མི་འགྱུར་ཞིང༌། གནད་ལ་ཕོག་ན་ནི་ངེས་པར་འཆི་བར་འགྱུར་ལ། ཚབས་ཆུང་དུ་བསྣུན་ཀྱང་ཞ་བ་ལ་སོགས་པར་
བལྟའོ། །གཞན་ཡང་གནད་དུ་བསྣུན་པའི་རྨ་ཅན་གྱི་སྐྱེས་བུའི་དྲུང་དུ་ཐལ་སྨན་རྣོན་པོ་དང༌། དུག་དང༌། མེ་དང༌། བ་ལ་ཏ་ཀ་དང༌། ཀ་པིཏྠའི་ཁུ་བ་དང་འདི་རྣམས་མི་བསྟེན་ཅིང་སྤང་བར་བྱའོ། །གནད་དུ་ཕོག་པའི་རྨ་ལ་ནི་ཉེས་པ་ཕྲ་མོས་ཀྱང་གནོད་པར་འགྱུར་བར་བག་བྱ་བར་གཅེས་སོ། །གནད་དུ་མཚོན་གྱིས་བསྣུན་པར་ཡང་མ་ཟད་དེ། གནད་ཀྱི་སྟེང་དུ་ནི་གང་ཡང་རུང་བ་གཞན་བྱུང་ན་ཡང་ཉེན་དང་བཅས་པ་ཡིན་པས་འབད་པ་དང་བཅས་པར་གསོ་བར་བྱའོ། །ལུས་ཀྱི་གནས་ལས་གནད་ཀྱི་བྱེ་བྲག་བསྟན་པའི་ལེའུ་བཞི་པ་རྫོགས་སོ།། །།དེ་ནས་ལུས་ཀྱིས་འགྱུར་བའི་བྱེ་བྲག་ལས་འཆི་ལྟས་བརྟག་པའི་ལེའུ་བཤད་པར་བྱའོ། །དེ་ལ་མིའི་གནད་རྣམས་ལ་ནད་ཀྱིས་ཕོག་པ་ལས་ཕྱི་རོལ་དུ་འཆི་བའི་མཚན་མ་སྣང་བ་ཡིན་ཏེ། དཔེར་ན་འབྲས་བུའི་སྔ་རྟགས་མེ་ཏོག་དང༌། ཆར་གྱི་སྔ་རྟགས་སྤྲིན་དང༌། མེའི་སྔ་རྟགས་དུ་བ་ཡིན་པ་བཞིན་དུ་སྐྱེས་བུ་འཆི་བར་འགྱུར་བའི་སྔ་རྟགས་སམ་མཚན་མ་ཡང་སྔོན་དུ་སྣང་སྟེ། དེ་བས་ན་འོག་ཏུ་འབྱུང་བ་འདི་དག་གིས་རྟོགས་པར་བྱའོ། །དེ་ཡང་འཆི་བའི་རྟགས་འདི་དག་དང་ལྡན་ན་ནི་ངེས་པར་འཆི་བར་འགྱུར་ལ། མི་ལྡན་ན་ནི་འཆི་བར་མི་འགྱུར་རོ། །ཅི་སྟེ་སྨན་པས་གཞུང་ལས་འབྱུང་བ་བཞིན་ཤེས་ན་ནི་འཆི་ལྟས་ངེས་པ་ཡིན་ལ། གལ་ཏེ་མི་མཁས་པའམ། མ་བརྟགས་པ་འམ། རྩིང་པོ་རྣམས་ཀྱིས་ནི་ངེས་པར་མི་གཟུང་ངོ༌། །དེ་ལ་སྨན་པ་ཁ་ཅིག་ན་རེ་ནད་པ་དང་འཆི་ལྟས་གཉིས་ནི་རྟེན་དང་བརྟེན་པའི་ཚུལ་དུ་གནས་ཏེ། འཆི་ལྟས་འབྱུང་བ་ཡང་ནད་རྣམས་ཤས་ཆེར་འཁྲུགས་པ་ལས་ཕྱི་རོལ་དུ་སྣང་སྟེ། གལ་ཏེ་ནད་ཞི་ན་ནི་འཆི་ལྟས་ཀྱང་མི་འབྱུང་ལ། མ་ཞི་བཞིན་དུ་འཆི་རྟགས་དང་ལྡན་ན་ནི་ངེས་པར་འཆིའོ། །འཆི་ལྟས་ཀྱི་འགྱུར་བའི་འོག་ནས་འབྱུང་བའི་མཚན་མ་འདི་དག་གིས་རྟོགས་པར་བྱའོ། །དེ་ལ་ཟུངས་ཀྱི་རྣམ་པ་དང༌། མིག་ལ་སོགས་པའི་དབང་པོ་དང༌། སྐད་ཀྱི་ང་རོ་དང༌། འབྱུང་བ་ཆེན་པོ་ལྔའི་རང་བཞིན་ལ་རྟོག་པ་དང༌། ཉི་མ་དང༌། མེ་ལོང་དང༌། ཆུ་ལ་སོགས་པའི་ནང་དུ་གྲིབ་མའི་རྟགས་དང༌། གཞན་ཡང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱ་བ་དང་བྱེད་པ་སྣ་ཚོགས་རང་བཞིན་གྱི་སྤྱོད་པ་ལས་
ཡོངས་སུ་ཉམས་ཏེ། གནས་སྐབས་གཞན་དུ་འགྱུར་བ་ནི་འཆི་བའི་རྟགས་སུ་བསྟན་ཏོ། །སྐྱེས་བུ་གང་གི་སྐྲ་དང་བ་སྤུ་ལ་སྣུམ་གྱིས་མ་བསྐུས་བཞིན་དུ་སྣུམ་པར་འདུག་པ་དང༌། མིག་ཤིན་ཏུ་འགུལ་བ་དང༌། མིག་མི་འཛུམས་པར་འབྲུ་ཚུགས་སུ་ལྟ་བ་དང༌། ཡང་ན་མིག་ཕུགས་སུ་ཞུགས་ན་ཡང་ཕྱིར་འབྱུང་བ་དང༌། མིག་ཡ་ཡོར་འདུག་པ་དང༌། མིག་སྐྲངས་པ་དང༌། མིག་ཆུང་དུར་འགྱུར་བ་དང༌། དེ་བཞིན་དུ་སྨིན་མ་རིང་བ་དང༌། སྨིན་མ་ཞུམ་པར་འགྱུར་བ་དང༌། རྟབས་མིག་ཏུ་ལྟ་བ་དང༌། ཡང་ན་དམན་པར་ལྟ་བ་དང༌། བྲི་བ་དང་སྲེ་མོའི་མིག་བཞིན་དུ་དམར་བ་དང༌། མགལ་མེའི་འཁོར་ལོ་འདྲ་ཞིང་དམར་བ་དང༌། རྒྱུ་མེད་པར་མཆི་མ་འཛག་པ་དང༌། རྗི་མ་འཁྲུགས་པ་དང༌། དེ་བཞིན་དུ་སྣ་ཆེན་པོར་འགྱུར་བ་དང༌། ཡང་ན་ཞོམ་པར་འགྱུར་བ་དང༌། འབྲུམ་བུ་ཕྲ་མོས་ཁྱབ་པར་འགྱུར་བ་དང༌། སྐྲང་བར་འགྱུར་བ་དང༌། སྣ་འགགས་པ་དང༌། སྣའི་ནང་སྐམས་པ་དང༌། མ་མཆུ་འཕྱངས་པ་དང༌། ཡ་མཆུ་ལྡོག་པ་དང༌། རང་བཞིན་གྱི་མདོག་ལས་ཉམས་ཏེ་འཛམ་བུའི་འབྲས་བུ་སྨིན་པ་བཞིན་དུ་དམར་པོར་གྱུར་པ་དང༌། ཡང་ན་མདོག་སྔོན་པོར་གྱུར་བ་དང༌། སྐྱེས་བུ་གང་གི་སོ་ཤ་ཁ་རའི་མདོག་ལྟ་བུ་དང༌། འཕྲལ་ལ་སོ་སྐྲངས་པ་དང༌། སོ་འབྲུལ་བ་དང༌། སོ་ནག་སྐྱར་སོང་བ་དང༌། དམར་པོ་ཟངས་མདོག་ལྟ་བུ་དང༌། མེ་ཏོག་གི་ཐིག་ལེ་ལྟར་འདུག་པ་དང༌། འདམ་གྱིས་བསྒོས་པ་ལྟ་བུ་དང༌། གང་དག་གི་ལྕེ་ཡ་ཡོར་གྱུར་པ་དང༌། ལྕེ་རྟག་ཏུ་ཕྱི་རོལ་དུ་འབྱུང་ཞིང་ནང་དུ་མི་སྡུད་པ་དང༌། སྐྲངས་པ་དང༌། སྐམས་པ་དང༌། ལྕི་བ་དང༌། མདོག་སྣུམ་ནག་ཏུ་སོང་བ་དང༌། དྲི་མ་མང་པོས་གཡོགས་པ་དང༌། རོ་མི་ཚོར་བ་དང༌། ལྕེ་རྩུབ་པ་དང༌། མཇིང་པས་མགོ་མི་ཐེག་པ་དང༌། བདག་གི་ལུས་ཀྱང་ཁུར་ལྕི་བ་ལྟར་མི་ཐེག་པ་སྙམ་བྱེད། ཟས་ཁམ་གཅིག་ཀྱང་བདེ་བར་བལྡད་མི་ནུས་པར་གྱུར་ན་དེ་ནི་འཆི་བའི་རྟགས་ཡིན་ནོ། །སྐྱེས་བུ་གང་ལ་རྒྱུ་མེད་པར་ཡན་ལག་རྣམས་ཤིན་ཏུ་ལྕི་བ་དང༌། ཡང་ན་ཤིན་ཏུ་ཡང་བ་དང༌། དུག་དང་ཁྲག་གི་གཞི་མེད་པར་མིག་ལ་སོགས་པའི་སྒོ་ནས་ཁྲག་འབྱུང་བ་དང༌། ཕོ་མཚན་
དང་རླིག་པ་གཉིས་རེས་ཀྱི་གཅིག་ནང་དུ་ནུབ་ལ་གཅིག་ཕྱིར་འབྱུང་པ་འདི་ལྟ་བུ་རེས་ཀྱིས་བྱེད་ན་དུག་མ་གཏོགས་པ་ངེས་པར་འཆིའོ། །དེ་ཡན་ཆད་ཀྱི་མཚན་མ་གང་ཡང་རུང་བ་བྱུང་ན་འཆི་བར་འགྱུར་རོ་ཞེས་ཐམས་ཅད་ལ་སྦྱར་རོ། །སྐྱེས་བུ་གང་གི་རྒྱུ་མེད་པར་དཔྲལ་པ་འམ། ཆུ་སོ་འམ། མགོ་བོ་འདི་གསུམ་ལ་རྩ་ཟླ་བ་ཆོས་པ་ལྟ་བུའི་གཟུགས་ཀྱོག་པོར་གསལ་དུ་སྣང་ན་མི་དེ་ནི་ངེས་པར་ཟླ་བ་དྲུག་ལས་མི་འཚོའོ། །དཔེར་ན་པདྨའི་འདབ་མ་ལ་ཆུ་མི་འཆགས་པ་བཞིན་དུ་སྐྱེས་བུ་གང་གིས་ལུས་ཆུས་བཀྲུས་སམ། རྐྱལ་པའི་ལུས་ལ་ཆུ་མི་འཆགས་ན་དེ་ཡང་ཟླ་བ་དྲུག་ལས་མི་འཚེ་བ་ཡིན་ནོ། །རང་གི་ལུས་ལ་སྣུམ་གྱིས་མ་བསྐུས་བཞིན་དུ་སྣུམ་པར་མཐོང་བ་འམ། སྤྱི་བོ་ནས་དུ་བ་འཐུལ་བར་མཐོང་ན་ནི་ངེས་པར་ཟླ་བ་གཅིག་གི་ནང་དུ་སྲོག་འདོར་བར་འགྱུར་རོ། །སྐྲ་དང་སྨིན་མ་གང་ཡང་རུང་བ་ལས་སྐྲ་མཚམས་རང་བྱེ་པ་འམ། སྐྲ་གཙུག་ཏུ་འཁྱིལ་བ་ལྟར་ཀུན་ཏུ་སྣང་ན། དེ་ཡང་ནད་མེད་པ་ཡིན་ན་ནི་ཞག་དྲུག་གིས་འཆི་ལ་ནད་པ་ཡིན་ན་ཞག་གསུམ་གྱིས་འཆིའོ། །སྐྱེས་བུ་གང་གི་ལྕེ་མདོག་གནག་པ་དང༌། ཁ་ནས་དྲི་རུལ་བར་འབྱུང་བ་དང༌། མིག་གཡོན་པ་ཕུགས་སུ་བྲོས་པ་དང། སྤྱི་བོའི་སྟེང་དུ་བྱ་བབས་པར་གྱུར་ན་དེ་ནི་ཡོངས་སུ་སྤང་བར་བྱའོ། །གང་གི་ལུས་ཁྲུས་བྱས་ལ་དེ་ནས་བྱུག་པས་བྱུགས་པ་འམ། ཡང་ན་ཁྲུས་འབའ་ཞིག་བྱས་ནས་ལུས་གཞན་ཐམས་ཅད་ནི་གཤེར་བར་འདུག་ལ་སྙིང་ག་འབའ་ཞིག་མྱུར་དུ་སྐམས་ན་དེ་ནི་ཟླ་བ་ཕྱེད་ལས་མི་འཚོའོ། །གློ་བུར་དུ་ཅིག་ཅར་ལུས་ཀྱི་རང་བཞིན་གྱི་མདོག་དཀར་ལ་ཅུང་ཟད་སེར་བ་ལས་གཞན་དུ་གྱུར་ཏེ་སྨུག་ནག་ཏུ་སོང་བ་དང༌། དེ་ལས་ནག་པོར་གྱུར་པ་དང༌། དེ་ལས་ཤིན་ཏུ་ནག་པོར་གྱུར་པ་དང༌། སྔོན་པོ་ལས་དམར་པོར་གྱུར་པ་དང༌། དམར་པོ་ལས་ལྗང་གུར་གྱུར་པ་དང༌། ལྗང་གུ་ལས་དཀར་པོར་གྱུར་པ་དང༌། དེ་བཞིན་དུ་ལུས་སྐེམས་པ་ལས་མྱུར་དུ་ཤ་ཆེན་པོར་འགྱུར་བ་དང༌། ཤ་ཆེ་བ་ལས་མྱུར་དུ་སྐེམས་པར་འགྱུར་བ་དང༌། གློ་བུར་དུ་སྣུམ་པ་ལས་རྩུབ་པར་འགྱུར་བ་དང༌། དེ་བཞིན་དུ་རྩུབ་པ་ལས་སྣུམ་པར་འགྱུར་བ་དང༌། ཅིག་
ཆར་གྲང་བ་ལས་དྲོ་བར་འགྱུར་ན་ངེས་པར་འཆི་བར་འགྱུར་རོ། །སྐྱེས་བུ་གང་གི་སོང་མོའི་ཚིགས་དྲང་བ་ལས་ཚིགས་ཀྱི་ཙེག་སྒྲ་མི་གྲག་པ་ནི་མི་འཚོའོ། །སྔར་ཉུང་བ་ལས་ལུང་པ་དང༌། སྦྲིད་པ་དང༌། གཅིན་ལ་སོགས་པ་ཤས་ཆེར་འབྱུང་བ་དང༌། སྐད་གསང་ཡང་ན་ཆེ་ཡང་ན་ཆུང་ན་འཆི་བའི་རྟགས་སོ། །དབུགས་ཤིན་ཏུ་རིང་བར་འཐོན་པ་དང༌། ཡང་ན་ཐུང་བར་གྱུར་པ་དང༌། ལུས་ཀྱི་དྲི་ཤིན་ཏུ་ཞིམ་པར་འབྱུང་བ་དང༌། ཡང་ན་དྲི་ཤིན་ཏུ་ང་བར་འབྱུང་བ་དང༌། འདི་དག་དང་ལྡན་ན་ཡང་མི་འཚོའོ། །གཞན་ཡང་ལོ་གཅིག་ཚུན་ཆད་དུ་འཆི་བའི་རྟགས་ནི། སྐྱེས་བུ་གང་གི་ལུས་ལ་ཁྲུས་བྱས་ཀྱང་རུང༌། མིའི་དྲི་ལས་འདས་པ་ཞིམ་པ་འམ། མི་ཞིམ་པའི་དྲི་འབྱུང་བ་འམ། ཡང་ན་གོས་དྲི་མ་ཅན་གྱོན་པ་འམ། རྨ་ལ་སོགས་པའི་ནང་ནས་གོང་མ་ལྟ་བུའི་དྲི་མ་འབྱུང་ན་ཡང་ལོ་གཅིག་ལས་མི་ཐུབ་པོ། །རང་གི་ལུས་ལས་རོའི་ཕྱི་བྲག་གང་ཡང་རུང་བ་མེད་བཞིན་དུ་ཤིག་དང་སྦྲང་མ་ལ་སོགས་པ་འཁོར་ཞིང་འདུ་བ་དང༌། དེ་བཞིན་དུ་ཡོད་པ་ལས་འབྱེར་ཞིང་འདུར་མི་འདོད་ན་དེ་ཡང་ལོ་གཅིག་གི་ནང་དུ་ཚེ་ཟད་པར་འགྱུར་རོ། །དགུན་ལྟ་བུ་གྲང་བའི་དུས་སུ་ནི་ལུས་ཤིན་ཏུ་ཚ་བར་བྱེད་དེ། ཚ་བའི་མཚན་ཉིད་རྡུལ་འབྱུང་བ་མི་སྣང་བ་དང༌། རྒྱུ་མེད་པར་ཤིན་ཏུ་ཚ་བའི་དུས་སུ་ནི་ལུས་གྲང་བར་སྟོན་ཏེ། དེ་ཡང་ལུས་ཡོངས་སུ་སྨིན་པ་ཞེས་བྱ་སྟེ་ལོ་གཅིག་ཚུན་ཆད་དུ་འཆི་བར་སྟོན་ཏོ། །གང་གི་ལུས་ལ་གྲང་འབྲུམ་འབྱུང་ཞིང་ཡན་ལག་ཚ་བ་འམ། ཡང་ན་ལུས་ཤིན་ཏུ་གྲང་བ་ལ་དྲོ་བ་མི་འདོད་ཅིང་ཞེ་སྡང་སྐྱེ་བ་གང་ཡིན་པ་དེ་ནི་གཤིན་རྗེའི་ཁྱིམ་དུ་ཞུགས་པ་ཡིན་ནོ། །བྲང་ཤིན་ཏུ་ཆེ་སྟེ་ལྟོ་བ་རབ་ཏུ་གྲང་ལ་ཕྱི་ས་སླ་བར་འབྱུང་ཞིང་སྐོམ་དད་ཆེ་བ་གང་ཡིན་པ་དེ་ནི་རོར་གྱུར་པ་ཡིན་ནོ། །མཆིལ་མ་དང༌། གཅིན་དང༌། ཁུ་བ་དང༌། ཕྱི་ས་དང༌། འདི་རྣམས་ཆུའི་ནང་དུ་བཅུག་སྟེ། ཐལ་བྱུང་ཞབས་སུ་སོང་ཞིང་དེ་ཡང་མཆིལ་མ་མདོག་སྣ་ཚོགས་སུ་འབྱུང་ན་ཟླ་བ་གཅིག་གི་ནང་དུ་སྲོག་འདོར་བར་འགྱུར་རོ། །སྐྱེས་བུ་གང་གིས་ས་ནི་ནམ་མཁར་མཐོང་ལ་ནམ་མཁའ་ནི་སར་མཐོང་བ་དང༌། གཟུགས་ཅན་ནི་གཟུགས་མེད་པར་མཐོང་ལ་གཟུགས་མེད་པ་ནི་གཟུགས་ཅན་དུ་མཐོང་
བ་དང༌། མེ་ལ་སོགས་པའི་འོད་ནི་འོད་མེད་པར་མཐོང་བ་དང། མདོག་དཀར་པོ་ནི་ནག་པོར་མཐོང་ལ། ནག་པོ་ནི་དཀར་པོར་མཐོང་བ་དང༌། མེད་པ་ནི་ཡོད་པར་མཐོང་ལ་ཡོད་པ་ནི་མེད་པར་མཐོང་བ་དང༌། མིག་ནད་མེད་བཞིན་དུ་ཟླ་བའི་གཟུགས་མང་པོ་མཐོང་ཞིང་དེ་ཉིད་ཀྱང་མཚན་དང་བྲལ་བར་མཐོང་བ་དང༌། གང་གི་རྩ་ལྗང་གུར་འདུག་ཅིང་བ་སྤུའི་ཁུང་བུའི་རྩ་བ་ཡང་ལྗང་གུར་འདུག་པ་དང༌། གང་སྐྱུར་བ་ལ་དགའ་བ་ནི་མཁྲིས་པའི་ནད་ཀྱིས་འཆི་བའི་དུས་བྱེད་དོ། །མགོ་བོ་འམ་གདོང་ལ་བ་ལང་གི་ལྕི་བ་སྟུག་པོས་ཁེབས་པ་ལྟར་སྣང་ན་ཟླ་བ་གཅིག་གིས་འཆི་བར་བྱེད་དོ། །གཉིད་མ་ལོག་བཞིན་དུ་སྲིན་པོ་དང༌། དྲི་ཟ་དང༌། ཡི་དྭགས་དང༌། དེ་བཞིན་དུ་གྲུབ་པ་དང༌། མ་གྲུབ་པ་དང༌། ཤ་ཟ་ལ་སོགས་པ་མི་སྡུག་ཅིང་འཇིགས་སུ་རུང་བའི་གཟུགས་སྣ་ཚོགས་མཐོང་ན་སྲོག་དང་བྲལ་བར་འགྱུར་རོ། །སྐར་མ་སྨེ་བདུན་མཐོང་ལ་སྲོག་སྐར་ལྷ་མོ་སྒྲིབ་བྱེད་མ་མཐོང་བ་དང༌། ནམ་མཁའ་མཐོང་ལ་དགུ་ཚིགས་མ་མཐོང་བ་དང༌། ནམ་མཁའ་ལ་སྐར་མ་གུང་ཚུགས་མ་མཐོང་ན་ལོ་གཅིག་ཚུན་ཆད་ཀྱིས་ངེས་པར་འཆིའོ། །འབྲུག་གི་སྒྲ་དང༌། །ཆུའི་སྒྲ་དང༌། པི་ཝང་གི་སྒྲ་དང༌། གླིང་བུ་དང༌། རྔ་བོ་ཆེའི་སྒྲ་དང། འདི་རྣམས་ཀྱི་སྒྲ་ཡང་དག་པ་ནི་མ་ཐོས་པ་དང༌། དེ་བཞིན་དུ་མེད་བ་ཐོས་ན་འཆི་བར་འགྱུར་རོ། རྣ་བའི་བུ་ག་མཛུབ་མོས་བཀབ་པ་དང་ཆུའི་སྒྲ་བཞིན་དུ་འུར་འུར་ཟེར་བ་ཡོད་དེ། དེ་རང་གིས་མ་ཐོས་ན་འཆིའོ། །དེ་བཞིན་དུ་དྲི་དང༌། རོ་དང༌། རེག་ལ་སོགས་པ་ཕྱིན་ཅི་ལོག་ཏུ་མཐོང་བ་སྟེ། དྲི་ཞིམ་པ་ནི་ང་བར་ཚོར་ལ་དྲི་ང་བ་ནི་ཞིམ་པར་ཚོར་བ་དང༌། རོ་ཡང་མངར་བ་ནི་ཚ་བར་ཤེས་ཚ་བ་ནི་མངར་བ་ཡིན་ནོ་ཞེས་ཟེར་བ་དང༌། རེག་པ་འཇམ་པོ་ནི་རྩུབ་པ་ཞེས་ཟེར། རྩུབ་པ་ནི་འཇམ་པ་དང༌། དེ་བཞིན་དུ་སྲ་བ་དང༌། སྙི་བ་དང༌། གྲང་བ་དང། དྲོ་བ་དང༌། སྣུམ་པ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་སྨྲ་བ་དང༌། ཤེས་པ་ནི་སྲོག་གི་དབང་པོ་འདས་ཟིན་པ་ཡིན་ནོ། །ཡང་ན་གྲོང་གི་དྲི་ལ་སོགས་པ་བཟང་ངན་གང་ཡང་རུང་བ་མི་ཚོར་ན་དེ་ཡང་ངེས་པར་འཆིའོ། །མེ་མར་ཤི་བའི་དྲི་སྣས་མི་ཚོར་ན་ཡང་འཆིའོ། །སྨན་དཔྱད་
གཞུང་དང་མཐུན་པར་བྱས་ན་ཡང་དེས་ཕྱིར་ཞིང་ཐུ་བར་བྱེད་ལ་སྨན་དཔྱད་ལོག་པར་བྱས་ན་རུང་བ་ལྟར་བྱེད་པ་ཡང་འཆི་བའི་རྒྱུའོ། །གང་གི་ལུས་རྡུལ་གྱིས་གཡོགས་པ་དང༌། ལུས་ལ་མཚོན་ལ་སོགས་པས་བསྣུན་ན་ཡང་མི་ཚོར་ན་ཡང་འཆི་བའི་རྟགས་སུ་སྟོན་པ་ཡིན་ནོ། །དཀའ་ཐུབ་དྲག་པོ་དང༌། ཆོ་ག་དང་རྣལ་འབྱོར་གྲུབ་པའི་རྒྱུ་སྔོན་ཆད་མ་བསྟེན་པར་དབང་པོའི་ཡུལ་ལས་འདས་པའི་ཆོས་ཁྱད་པར་ཅན་ཤེས་པ་འམ། མཐོང་བ་འམ། སྨྲ་བ་ཡང་འཆི་བའི་རྟགས་སོ། །གཉུག་མའི་སྐད་ཆུང་བ་ལས་ཆེ་བར་གྱུར་པ་དང༌། བར་བར་དུ་སྨྲ་འདོད་པ་ལ་དྲན་པ་མི་གསལ་ཏེ་སྨྲ་མི་ནུས་པ་དང༌། སྐད་འཛེར་བ་དང༌། སྐད་ཉམ་ཆུང་བ་དང༌། གཟི་མདངས་དང་སྟོབས་བྲི་བ་དང༌། ཟས་དང་སྤྱོད་ལམ་ཚུལ་བཞིན་དུ་བསྟེན་ཀྱང་ནད་འཕེལ་བར་བྱེད་ན་ནི་དེ་ཡང་འཆི་བ་དང་ཉེ་བ་ཡིན་ནོ། །རང་བཞིན་གྱིས་སྐད་དང་བྲལ་བ་དང༌། ང་ནི་འཆིའོ་ཞེས་སྐད་ངན་འདོན་པ་དང༌། ཁྱོད་ཤིའོ་བྱ་བའི་སྒྲ་ཐོས་པ་དེ་ནི་འཆི་བར་འགྱུར་བས་རིང་དུ་སྤང་བར་བྱའོ། །ལུས་ཀྱི་དབྱིབས་ཀྱི་རྣམ་པ་དང༌། ཆུ་ཞེང་ལ་སོགས་པའི་ཚད་དང༌། དཀར་ནག་ལ་སོགས་པའི་མདོག་དང༌། གཟི་མདངས་ལ་སོགས་པའི་གྲིབ་མ་འམ། གཟུགས་བརྙན་རང་བཞིན་ལས་འགྱུར་ཏེ་གཞན་དུ་མཐོང་ན་ཐ་ན་རྨི་ལམ་གྱི་ནང་དུ་སྣང་བ་ཡང་འཆི་བ་ཡིན་ཏེ། དེ་ཡང་ཉི་མ་དང༌། ཆུ་དང༌། མེ་ལོང་གི་ནང་དུ་ལུས་དབྱིབས་དང་ཆུ་ཞེང་གི་ཚད་སྣང་བ་ནི་གྲིབ་མ་ཞེས་བྱ་སྟེ། དེ་ཡང་གྲིབ་མ་ཆད་པར་སྣང་བ་དང༌། དུམ་བུར་སྣང་བ་དང༌། མགོ་མེད་པར་སྣང་བ་དང༌། ཆེན་པོར་སྣང་བ་དང༌། མི་སྡུག་པར་སྣང་བ་དང༌། མགོ་གཉིས་པར་སྣང་བ་དང༌། ཡ་ཡོར་སྣང་བ་དང༌། དེ་ལ་སོགས་པ་བདག་གི་ལུས་དུད་འགྲོའི་གཟུགས་གང་ཡང་རུང་བར་ཉི་མ་ལ་སོགས་པའི་ནང་དུ་སྣང་ན། སྐྱེས་བུ་དེ་ནི་ཚེ་རྫོགས་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་མི་སྣང་ན་ནི་འཆི་བའི་མཚན་མ་མ་ཡིན་ནོ། །ནད་པའི་མིག་གཞན་གྱི་མིག་ལ་བལྟར་བཅུག་སྟེ། རང་གི་གཟུགས་བརྙན་དེའི་ནང་དུ་མ་མཐོང་ན་ཚེ་ཟད་པར་ཁོང་དུ་ཆུད་པར་བྱའོ། །མདོག་དང་གཟི་བརྗིད་ནི་ལུས་ཉིད་ལ་བལྟར་སྣང་བ་སྟེ། དེ་ཡང་ལུས་ལ་ནམ་
མཁའ་ལ་སོགས་པ་འབྱུང་བ་ཆེན་པོ་ལྔའི་རང་བཞིན་མཚན་ཉིད་ལ་སོགས་པར་བརྟག་པ་ནི་དེ་ལས་ནམ་མཁའི་མཚན་ཉིད་ནི་དྲི་མ་མེད་པ་དང་མདོག་སྔོ་བ་སྣུམ་ཞིང་མདངས་དང་ལྡན་པའོ། །རླུང་གི་མཚན་ཉིད་ནི་རྡུལ་གྱིས་གཡོགས་པ་དང༌། མདོག་དམར་སྐྱར་འདུག་པ་དང༌། སྨུག་ནག་དང༌། ཐལ་སྐྱར་འདུག་པ་དང༌། མདངས་ཉམས་པའོ། །མེའི་མཚན་ཉིད་ནི་མདོག་ཤིན་ཏུ་དམར་བ་དང༌། གཟི་བྱིན་དང་ལྡན་པ་དང༌། མཐོང་ན་དགའ་བའོ། །ཆུའི་མཚན་ཉིད་ནི་བཻ་ཌཱུཪྻའི་མདོག་ལྟར་སྔོ་བ་དང༌། དྲི་མ་མེད་པ་དང༌། མདོག་ཤིན་ཏུ་སྣུམ་པའོ། །སའི་མཚན་ཉིད་ནི་བརྟན་པ་དང༌། སྣུམ་པ་དང༌། ལུས་ཤ་རྒྱས་པ་དང༌། དག་པ་དང༌། སྨུག་ནག་ཏུ་འདུག་པ་དང་དཀར་བའོ། །ལྔ་པོ་དེ་དག་ལས་རླུང་གི་མཚན་ཉིད་དང་ལྡན་ན་ནི་ནད་དང་ཉོན་མོངས་པ་དང༌། མི་བདེ་བ་དང༌། འཆི་བ་ཡང་སྟོན་ཏོ། །ལྷག་མ་དང་ལྡན་ན་ནི་བདེ་བ་སྐྱེད་པར་བྱེད་དོ། །གོང་དུ་སྨོས་པའི་མེའི་མཚན་ཉིད་ནི་གཞན་པས་ཁྱད་པར་རྣམ་པ་བདུན་དང་ལྡན་ཏེ། དམར་བ་དང༌། སེར་བ་དང༌། དཀར་བ་དང༌། སྨུག་ནག་དང༌། སྔོ་བ་དང༌། སྐྱ་བསེང་དང༌། ནག་པོའོ། །འབྱུང་བ་ལྔ་དང༌། མེའི་མཚན་ཉིད་བདུན་པོ་རེ་རེ་ལ་ཡང་སྣུམ་པ་དང༌། དྲི་མ་མེད་པ་དང་བཅས་ན་ནི་ཁྱད་པར་དུ་བདེ་བ་སྐྱེད་དོ། །རྩུབ་པ་དང་དྲི་མ་ཅན་དང་བཅས་ན་ནི་སྡུག་བསྔལ་སྐྱེད་པར་བྱེད་དོ། །མདོག་དང་མདངས་གཉིས་ལ་ཁྱད་པར་དུ་བལྟབ་ནི་མདོག་ནི་སྣུ་མ་པ་དང་ནག་པ་སོགས་མ་ཡིན་ལ་མདངས་ནི་ལུས་ཀྱི་གཟི་བྱིན་ཡིན་ཏེ་ལུས་ཀྱི་མདོག་གསལ་བར་བྱེད་པའོ། དེ་ལ་གྲིབ་མ་དང་གཟི་མདངས་གཉིས་དང་མི་ལྡན་པའི་སེམས་ཅན་ནི་གང་ཡང་མེད་དེ་ཁྱད་པ་རྡུ་མི་རྣམས་ཀྱི་དགེ་བ་དང་མི་དགེ་བའི་མཚན་མ་ཡང་གྲིབ་མ་དང་གཟི་མདངས་ཀྱིས་སྟོན་པ་ཡིན་པར་ཤེས་པར་བྱའོ། །གཞན་ཡང་རྐང་པ་གཉིས་ཉེད་པ་དང༌། རྐང་པ་ས་ལ་འཕྲེ་བ་དང༌། རྐང་པ་གཡོ་བ་ནི་འཆི་བདག་གི་དབང་དུ་སོང་བའོ། །ཁ་ཟས་མང་དུ་ཟོས་ཀྱང་ཉམས་སྟོབས་བྲི་བ་དང༌། མ་ཟོས་ཀྱང་ཉམས་སྟོབས་སྐྱེ་བ་འམ། ཁ་ཟས་མང་དུ་ཟོས་ཀྱང་བཤད་གཅི་ཉུང་བ་དང༌། མ་ཟོས་ཀྱང་མང་བ་
དང། ཁ་ཟས་ཉུང་དུ་ཟོས་ཀྱང་བད་ཀན་གྱིས་ཉམ་ཐག་པ་དང༌། དབུགས་རིང་དུ་འཐོན་ཅིང་འགེངས་ལ་འདུད་པ་ལྟར་བྱེད་པ་དང༌། དང་པོ་དབུགས་རིང་པོ་འཐོན་པ་ལས་མཇུག་ཏུ་དབུགས་ཐུང་དུ་རྩེག་ཐབས་སུ་བྱུང་སྟེ་གདུང་བ་ལྟར་ཤུགས་འབྱིན་པ་དང༌། དབུགས་ཐུང་དུ་འབྱིན་ཅིང་གནད་དུ་བསྣུན་པ་ལྟར་ཤིན་ཏུ་འདར་བ་དང༌། རྩེའུ་ཆུང་འཁུམས་ཏེ་མགོ་ཤིན་ཏུ་བསྒུལ་དཀའ་བ་དང༌། དཔྲལ་བ་ལ་རྡུལ་མང་པོ་མཆི་མའི་རྒྱུན་བཞིན་དུ་འབྱུང་བ་དང༌། ལྟུ་ཚིགས་བྱེ་སྟེ་རྐང་ལག་འཆལ་བ་དང༌། ཉམས་སྟོབས་ཆེ་ཡང་རུང༌། ཆུང་ཡང་རུང་ལྡང་བའི་ཚེ་དྲན་པ་ཉམས་ཤིང་འགྱེལ་པ་དང༌། གན་རྐྱལ་དུ་ཉལ་ཞིང་རྐང་པ་ཡང་དང་ཡང་བརྐྱང་བསྐུམ་བྱེད་པ་དང༌། རྩིག་པ་དང་མལ་ཆ་ལ་སོགས་པ་ལ་ལག་པ་འབྲུད་པ་དང༌། དགོད་པའི་རྒྱུ་མེད་པར་དགོད་པ་དང༌། རྒྱུ་མེད་པར་མྱ་ངན་བྱེད་པ་དང༌། མཆུ་དང་སོ་ལ་ལྕེས་ཡང་དང་ཡང་དུ་བལྡགས་པ་དང༌། ལྕེས་ཡ་མཆུ་བལྡག་ཅིང་མྱོང་བར་བྱེད་ལ་རྐན་ཡང་དང་ཡང་གཏོགས་པ་དང༌། ལུས་མདོག་ནག་པོ་དང༌། སེར་པོ་དང༌། དམར་སྐྱ་ལ་སོགས་པར་ཡང་དང་ཡང་འགྱུར་བ་དང༌། སྨན་པ་དང༌། ཟས་དང༌། སྨན་དང༌། བཏུང་བ་དང༌། བླ་མ་དང༌། བཤེས་གཉེན་རྣམས་ལ་ཞེ་སྡང་སྐྱེས་པ་ནི་འཆི་བདག་གི་དབང་དུ་གྱུར་པ་ཡིན་ནོ། །སྐྱེས་བུ་གང་མེའི་དྲོད་ཆུང་བ་དང༌། སེམས་མལ་གཅིག་ན་མི་གནས་པ་དང༌། མདོག་འགྱུར་བ་དང༌། རྟག་ཏུ་མྱ་ངན་གྱིས་སེམས་གདུང་བ་ནི་མི་འཚོའོ། །ནད་པའི་སྔོན་དུ་བསྔོས་པའི་ཟས་དང༌། གཏོར་མ་བྱ་རོག་གིས་མི་འདོད་པ་དང༌། བཅུད་ཀྱིས་ལེན་ལ་སོགས་པའི་གཞི་མེད་པར་བློ་བུར་དུ་མཁས་པར་འགྱུར་བ་དང༌། ལུས་ཤ་རྒྱས་པ་དང༌། གཟི་བྱིན་དང་མདངས་དང་ལྡན་ཞིང་མཛེས་པ་དང༌། དཔལ་ཐོབ་པར་བྱེད་པ་དང༌། གལ་ཏེ་སྔར་ཐོབ་པ་ལས་ཉམས་པ་དེ་ནི་གཤིན་རྗེའི་ཁྱིམ་དུ་འཇུག་པ་ཡིན་ནོ། །སྐྱེས་བུ་གང་ལ་སྐྱོན་གྱི་རྣམ་པ་རླུང་དང༌། མཁྲིས་པ་དང༌། བད་ཀན་གསུམ་དང༌། ཡོན་ཏན་གྱི་རྣམ་པ་རྡུལ་དང༌། མུན་པ་དང༌། སྙིང་སྟོབས་གསུམ་
གྱི་རང་བཞིན་ཡོད་པ་ལས་གཞན་དུ་གྱུར་ན། དེ་ནི་ན་ཡང་རུང་མིན་ཡང་རུང་སྟེ་དེ་ནི་ངེས་པར་ཟླ་བ་དྲུག་གིས་འཆི་བར་བསྟན་ཏོ། །གང་ལ་གུས་པ་དང༌། ཚུལ་ཁྲིམས་དང༌། དྲན་པ་དང༌། གཏོང་བ་དང༌། བློ་དང༌། སྟོབས་འདི་རྣམས་སྔར་ཡོད་པ་ལས་རྒྱུ་མེད་པར་ལྡོག་པར་བྱེད་ན་ཟླ་བ་དྲུག་གིས་འཆི་བར་འགྱུར་རོ། །སྐྱེས་བུ་གང་ཆང་གིས་མྱོས་པ་ལྟར་འགྲོ་བ་དང༌། ཚིག་འདར་ཞིང་རྨོངས་པ་དེ་ཡང་ཚེ་ཟད་པ་ཡིན་ནོ། །གང་གི་སྐྲ་ལ་ལག་པས་ཉུག་པས་ཚོར་བ་མེད་པར་རང་འབྱིན་ཞག་དྲུག་གིས་འཆི་བར་སྟོན་ཏོ། །ལྐོག་མའི་ནད་མེད་བཞིན་དུ་ཟས་གྲེ་བ་ནས་མར་འགྲོར་མི་འདོད་པ་དང༌། ནད་པ་ལ་ནད་གཡོག་སྔར་བརྩེ་བ་ཡིན་པ་ལ་ཕྱིས་བརྩེ་བ་ཆུང་བ་འམ། འདོར་བ་ལྟར་སྣང་ན་ཡང་ཚེ་གཏུགས་པ་ཡིན་ནོ། །སྐྱེས་བུ་གང་ཉིན་མཚན་དུ་གཉིད་ལོག་པར་བྱེད་དམ། ཡང་ན་ཡེ་མེད་པར་བྱེད་ན་ཡང་དེ་ལྟར་བལྟའོ། །རྒྱུ་མེད་པར་མཆི་མ་མང་པོ་འོང་བ་དང༌། རྒྱུ་མེད་པར་རྐང་པ་རྡུལ་པ་དང་མིག་དམར་པོར་གྱུར་ན་གཤིན་རྗེའི་གནས་སུ་འགྲོ་བར་འགྱུར་རོ། །དངོས་པོ་གང་ལ་སྔོན་དགའ་བ་ལ་ཕྱིས་སྐྱོ་བ་འམ། ཞེ་སྡང་ན་ཡང་ཚུལ་གོང་མ་ལྟར་སྦྱར་རོ། །སྐྱེས་བུ་གང་ལ་རིམས་ལ་སོགས་པའི་མཚན་ཉིད་ངེས་པར་ཚབས་ཆེ་བ་ལྟར་སྣང་ལ་སྨན་དཔྱད་མ་བྱས་པར་ཞི་བ་ལྟར་བྱེད་ན་འཕྲལ་འཆི་བའི་རྟགས་སོ། །རིམས་ཀྱི་མཚན་ཉིད་ཚབས་ཆེར་བྱིང་བ་དང༌། རྒྱུན་རིང་དུ་ན་བ་དང༌། ཚབས་ཆེར་བླ་བ་དང༌། འཁོར་བ་དང༌། དབུགས་མི་བདེ་བ་དང༌། སྐྲངས་པ་དང༌། མེའི་དྲོད་ཉམས་པ་དང༌། སྟོབས་དང་ལྡན་པ་དང༌། ཚིག་མི་གསལ་བ་དང༌། མིག་དམར་བ་དང༌། སྙིང་དུ་ཟུག་པ་དང༌། མཚན་ཉིད་འདི་ལྟ་བུ་དང་ལྡན་པའི་རིམས་ཀྱང་འཆི་བའི་མཚན་མ་ཡིན་ནོ། །རིམས་ནད་ལས་སྔ་དྲོ་ལུད་པ་འགོགས་སུ་མི་བཏུབ་པ་སྐམ་པོ་འབྱུང་ལ། ཕྱི་དྲོ་ལུད་པ་མཆིལ་མ་ཅན་འབྱུང་པ་དང་སྟོབས་དང་ཤ་ཟད་ན་དེ་ཡང་འཆི་བའི་རྟགས་སོ། །ཁྲག་དང་མཁྲིས་པ་ཤས་ཆེར་འཁྲུགས་པའི་ཁྲག་མདོག་གནག་པ་དང༌། ཚོན་གྱི་མདོག་འདྲ་བ་དང༌། དམར་པོ་དང༌། སེར་པོ་
དང། ལྗང་གུའི་མདོག་ཏུ་སྣང་བ་དང༌། པ་སྤུའི་ཁུང་བུ་ནས་ཁྲག་འཛག་པ་དང༌། དང་ག་ནས་ཁ་ཁྲག་མང་པོ་འབྱུང་ཞིང་བརྒྱལ་བ་དང༌། ཁྲག་དེ་ཡང་ཤུགས་ཡང་དང་ཡང་དུ་འབྱུང་ལ་དྲི་མི་ཞིམ་ཞིང་གོས་ལ་འཇེན་པ་དང༌། ཤུན་ཏུ་རྒྱས་པ་སྐྱ་རྦབ་དང༌། རིམས་ཀྱིས་བཏབ་པ་དང༌། མཚན་མ་འདི་དག་དང་ལྡན་ན་སྲོག་གི་དབང་པོ་འདས་པ་ཡིན་ནོ། །ལུད་པ་དང་དབུགས་མི་བདེ་བའི་ནད་ལ་རིམས་དང༌། སྐྱུག་བྲོ་བ་དང༌། སྐོམ་དད་ཆེ་བ་དང༌། འཁྲུ་བ་དང༌། སྐྲང་བའི་བརླབ་རྣན་ཡོད་ན་ཡང་མི་འཚོའོ། །གཅོང་ཆེན་པོའི་ནད་ལ་རྩི་བ་ལོགས་གཡས་གཡོན་དུ་ཟུག་ཅིང་ན་བ་དང༌། ལྟོ་སྤོ་བ་དང༌། ཁྲག་སྐྱུག་པ་དང༌། ལུས་ཚ་བ་དང་བཅས་པའི་ནད་པ་དེ་ནི་སྲོག་གི་རྒྱུན་འགག་པར་སྟོན་ཏོ། །སྐྱུག་པའི་ནད་ལ་རྟག་ཏུ་སྐྱུག་པ་དང༌། བཤང་གཅིའི་དྲི་བཞིན་དུ་སློན་པའི་དྲི་མི་ཞིམ་པ་དང༌། རྨ་བྱའི་མདོངས་བཞིན་དུ་ཚོན་སྣ་ཚོགས་སུ་སྐྱུག་པ་དང༌། དེ་ཡང་ཁྲག་དང༌། བཤད་པ་དང༌། རྣག་དང༌། ནད་དང་བཅས་པ་དང༌། ལུད་པ་ལུ་བ་དང༌། དབུགས་མི་བདེ་བ་དང་ལྡན་ན་དེ་ནི་ངེས་པར་ཕ་རོལ་དུ་འཕོ་བའོ། །སྐོམ་དང་ཆེ་བའི་ནད་ལ་སོགས་པའི་ནད་གཞན་གྱི་རྐྱེན་གྱིས་ལུས་སྐམས་པ་དང༌། ལྕེ་ཕྱིར་འབྱིན་པ་དང༌། དྲན་པ་མི་གསལ་བ་དེ་ནི་ཚེ་འདི་སྤངས་པ་ཡིན་ནོ། །ཆང་ནད་ལ་ནི་ཤིན་ཏུ་གྲང་བས་ཉམ་ཐག་པ་དང༌། ལུས་ཀྱི་ཤ་བྲི་བ་དང༌། ཏིལ་མར་གྱིས་བསྐུས་པ་འདྲ་ན་འཆི་བའི་རྟགས་སོ། །གཞང་འབྲུམ་གྱི་ནད་ལ་ལག་པ་དང༌། རྐང་པ་དང༌། ལྟེ་བ་དང༌། བཤད་པའི་ལམ་དང༌། འབྲས་བུ་རྣམས་སྐྲངས་པ་དང༌། སྙིང་དང༌། རྩིབ་ལོགས་དང༌། ཡན་ལག་རྣམས་ན་བ་དང༌། སློབ་པ་དང་གཞང་འབྲུམ་སྨིན་ཅིང་རིམས་དང་བཅས་པ་ནི་འཆི་བའི་མཚན་མའོ། །ཚད་པས་འཁྲུ་བ་ལ་འཁྲུ་བའི་མདོག་མཚེར་བའི་དུམ་བུ་དང་འདྲ་བ་དང༌། ཤ་བསྐུས་པའི་ཆུ་འདྲ་བ་དང༌། ནག་སྨུག་ཏུ་འབྱུང་བ་དང༌། ཏིལ་མར་ལྟ་བུ་དང༌། མར་ལྟ་བུ་དང༌། འོ་མ་ལྟ་བུ་དང༌། རྐང་ལྟ་བུ་དང༌། ཚིལ་ལྟ་བུ་དང༌། བུ་རམ་ཆུ་ལྟ་བུ་དང༌། གླད་
པ་ལྟ་བུ་དང༌། སྣག་ཚ་ལྟ་བུ་དང༌། དྲི་མནམ་བ་དང༌། ཤ་བཙོས་པ་ལྟ་བུ་དང༌། སྦྲང་རྩི་ལྟ་བུ་དང༌། ཤིན་ཏུ་དམར་བ་དང༌། གནག་པ་དང༌། སྣུམ་པ་དང༌། རྣག་འདྲ་བ་དང༌། ཤིན་དུ་དང་བ་དང༌། སྐ་བ་དང༌། མདོག་སྣ་ཚོགས་སུ་འབྱུང་བ་དང༌། མ་ཚོར་བར་རང་འབྱུང་བ་དང༌། བཤད་བ་མང་བ་དང༌། ཡང་ན་མེད་པ་དང༌། ཁ་ཆུ་ལྟ་བུ་དང༌། འབྱར་བག་སྦྲང་མ་འཛིན་པ་དང༌། གྲ་མ་ལྟ་བུའི་རི་མོ་ཅན་དང༌། ཟླ་བ་ལྟ་བུའི་ཐིག་ལེ་ཡོད་པ་དང༌། གཞང་ཕྱིར་ཕྱུང་སྟེ་བཀས་པ་འདྲ་བ་དང༌། རུས་པ་དང་ཚིགས་ཐམས་ཅད་ན་བ་དང༌། བཤད་སྒོ་འཛུམས་མི་ནུས་པར་གདངས་པ་དང༌། སྟོབས་ཟད་པ་དང༌། གཞང་ཕྱིར་འབྱུང་ཞིང་ནང་དུ་ཞུགས་པ་དང༌། སྐོམ་དད་ཆེ་བ་དང༌། དབུགས་མི་བདེ་བ་དང༌། སློན་པ་དང༌། ལུས་ཚ་བ་དང༌། ལྟོ་སྦོས་པ་དང༌། སྒྲ་དང་བཅས་པར་འབྱུང་བ་དང༌། མཚན་མ་འདི་དག་དང་ལྡན་ན་ངེས་པར་སྲོག་འཇོམས་པ་ཡིན་ནོ། །རྡེའུས་འགགས་པ་ལ་ནི་རླིག་པ་སྐྲངས་པ་དང༌། གཅིན་འགག་ཅིང་ནད་ཀྱིས་ཉམ་ཐག་པ་ནི་འཆིའོ། །གཅིན་སྙི་བལ་ནི་སྐོམ་དད་ཆེ་བ་དང༌། ལུས་ཚ་བ་དང༌། ཤ་སྐྲངས་པ་དང༌། འཁྲུ་བ་དང༌། གནད་རྣམས་སུ་ཚད་འབྲུམ་བྱུང་སྟེ་སྙིང་དང་རྒྱབ་ན་བ་དང༌། ནུ་མ་དང༌། ཕྲག་པ་དང༌། བཤང་པའི་ལམ་དང༌། མགོ་བོ་དང༌། ཚིགས་རྣམས་དང༌། ལག་པ་དང༌། རྐང་པ་དང༌། གནས་དེ་དག་གང་ཡང་རུང་བར་ཚད་འབྲུམ་འབྱུང་བ་དང༌། སེམས་ཞུམ་པ་དང། འདི་རྣམས་དང་བཅས་ན་སྲོག་རིང་པོ་མི་ཐུབ་བོ། །མེ་དབལ་ཀྱི་ནད་ལ་ལུས་ཐམས་ཅད་ལ་མཆེད་ཅིང་མྱགས་པ་དང༌། རྣག་འཛག་ཅིང་ལུས་ཚ་བ་དང༌། སྐོམ་དད་ཆེ་བ་དང༌། རིམས་ཀྱིས་འདེབས་པ་དང༌། ཚིགས་ཐམས་ཅད་རེངས་པ་དང༌། སྐྱིགས་བུ་དང། དབུགས་མི་བདེ་བ་དང༌། གླད་པ་འཁོར་བ་དང༌། ལུས་ངལ་བ་དེ་དག་དང་ལྡན་ན་འཆི་བར་སྟོན་ཏོ། །སྐྲན་གྱི་ནད་ལ་སྐྲན་ཉིད་ཚབས་ཆེར་ཟླུམ་ལ་ཆེ་བ་དང༌། རྡོབ་བཞིན་དུ་སྲ་བ་དང༌། རུས་སྦལ་གྱི་རྒྱབ་བཞིན་དུ་ཕྱི་རློབ་དང༌། སྐྲན་གྱི་སྟེང་དུ་རྩ་སྣང་བ་དང༌།
རིམས་ཀྱིས་འདེབས་པ་དང༌། སྐྱུག་པ་དང༌། སྐྱིགས་བུ་དང༌། ལྟོ་སྦོ་བ་དང༌། དེ་ཡང་ཟུག་གཟེར་དང་བཅས་པ་དང༌། ལུད་པ་ལུ་བ་དང༌། ཆམ་པས་བཏབ་པ་དང༌། སྙིང་ན་བ་དང༌། དབུགས་མི་བདེ་བ་དང༌། འཁྲུ་བ་དང༌། སྐྲང་བ་དང༌། འདི་དག་དང་ལྡན་ན་སྤང་བར་བྱའོ། །དམུ་རྫིང་གི་ནད་དུ་བཤང་གཅི་ནང་དུ་སྩོགས་ཤིང་ཕྱིར་མི་འབྱུང་བ་དང༌། དབུགས་མི་བདེ་བ་དང༌། སྐྲང་བ་དང༌། སྐྱིགས་བུ་དང༌། རིམས་ཀྱིས་འདེབས་པ་དང༌། མགོ་འཁོར་བ་དང༌། བརྒྱལ་བ་དང༌། སློན་པ་དང༌། འཁྲུ་བ་དང༌། ཉམ་ཆུང་པ་དང༌། མིག་མཆུ་སྐྲངས་པ་དང༌། ཕོ་མཚན་སྐྲང་ཞིང་ཡོན་པོར་འདུག་པ་དང༌། ལྟོ་བའི་པགས་པ་ལས་ཆུ་འཛག་པ་དང༌། བཀྲུ་སྨན་གྱིས་བཀྲུས་ན་ཡང་ལྟོ་བ་ཕྱིར་ཞིང་སྐྱེ་བ་དང༌། མངོན་རྟགས་འདི་དག་ཡོད་ན་ངེས་པར་འཆི་བའི་རྟགས་སོ། །སྐྱ་རྦབ་ཀྱི་ནད་ལ་ནི་སྐྲང་པ་དང༌། མིག་དང་སེན་མོ་སེར་པོར་སྣང་བ་དང༌། སྙོམ་པ་དང༌། ལུས་ཚ་བ་དང༌། ཡི་ག་འཆུས་པ་དང༌། སློན་པ་དང༌། བརྒྱལ་བ་དང༌། ལྟོ་རྒྱས་པ་དང༌། འཁྲུ་བ་དང༌། འདི་རྣམས་ཀྱི་མཚན་མ་དང་བཅས་པའི་སྐྱ་རྦབ་ནི་འཆི་བའི་རྟགས་སོ། །སྐྲང་བའི་ནད་ལ་ནི་ནད་ཀྱི་བླ་བརྣན་སྣ་ཚོགས་དང་ལྡན་ཞིང་རྐང་པ་གཉིས་ལས་ཡར་སྐྲངས་ཏེ་གདོང་དུ་ཕྱིན་པར་སྐྲང་པ་ནི་སྐྱེས་པ་འཆི་བའི་རྟགས་ཡིན་ལ། གདོང་ནས་མར་རྐང་པར་ཕྱིན་པར་སྐྲང་པ་ནི་བུད་མེད་འཆི་བའི་རྟགས་སོ། །དཀུ་དང་ཕོ་མཚན་ལ་སྐྲང་འབྱུང་བ་དང། སྐྲངས་པའི་སྟེང་དུ་རྩ་ཕྲ་མོས་ཁེབས་ཏེ་ཆུ་འཛག་པ་དང༌། སྐྱུག་པ་དང༌། རིམས་དང༌། དབུགས་མི་བདེ་བ་དང༌། འཁྲུ་བ་དང༌། གཞན་ཡང་ཐོག་མར་རིམས་ཀྱིས་བཏབ་པ་དང༌། ཡང་ན་འཁྲུ་བས་བཏབ་སྟེ་ཉམ་ཆུང་བའི་སྟེང་དུ་སྐྲངས་ནད་འབྱུང་བ་འམ། ཡང་ན་སྐྲངས་ནད་ཀྱིས་ཉམ་ཆུང་བ་ལས་རིམས་སམ་འཁྲུ་བས་བཏབ་པ་དང༌། ཁྱད་པར་དུ་ཉམ་ཆུང་བལ་སྐྲངས་ནད་འབྱུང་ན་ལུས་འཇོམས་པར་བྱེད་དོ། །སྐྱེས་བུ་གང་གི་ལུས་རྐང་པ་ནས་སྐྲང་བ་ཟུག་སྟེ། བྱིན་སྙིང་དང་བརླ་འོག་ཏུ་སྐྲངས་ཏེ་རང་བཞིན་ལས་
ཉམས་ནས་ལག་པ་དང་ཤ་ལྷོད་པར་འདུག་ན་ངེས་པར་སྤང་བར་བྱའོ། །གདོང་དང༌། ལག་པ་དང་རྐང་པ་ལྷག་པར་སྐམས་ཤིང་སྐྲངས་ན་དེའི་འབྱུང་བ་ཆེན་པོ་ལྔ་ནི་ཐ་དད་པར་རིག་པར་བྱ་སྟེ། ཟླ་བ་གཅིག་གིས་སྲོག་འདོར་བར་བསྟན་ཏོ། །མེ་དབལ་གྱི་ནད་ཀྱིས་བཏབ་པ་ནི་ཁ་དོག་སྣ་ཚོགས་སུ་སྣང་བ་དང༌། རིམས་ཀྱིས་འདེབས་པ་དང༌། བརྒྱལ་བ་དང༌། ཡན་ལག་རྣམས་གྲུགས་པ་དང༌། མགོ་འཁོར་བ་དང༌། ཁ་སྐམས་པ་དང༌། སྙིང་ན་བ་དང༌། ལུས་སྟོབས་ཆུང་བ་དང༌། འཁྲུ་བ་ནི་འཆི་བར་བསྟན་ཏོ། །མཛེ་ནད་ལ་ནི་ཡན་ལག་ཆད་པ་དང༌། མིག་དམར་བ་དང༌། སྐད་ཞོམ་པ་དང༌། མེ་དྲོད་ཉམས་པ་དང༌། སྲིན་བུ་རྣམས་བསྟེན་པ་དང༌། སྐོམ་དད་ཆེ་བ་དང༌། འཁྲུ་བ་དང༌། འདི་དག་དང་ལྡན་ན་འཆི་བའི་མཚན་མའོ། །རླུང་ནད་ལ་ནི་པགས་པ་ཆོར་བ་མེད་པ་དང༌། ཚིགས་རྣམས་བྱེ་བ་དང༌། ལུས་འདར་བ་དང༌། སྐྲང་བ་དང༌། ཟུག་གཟེར་བྱེད་པ་དང༌། འདི་དག་དང་ལྡན་ན་ངེས་པར་འཆིའོ། །དྲེག་ནད་ལ་ནི་རྨོངས་བག་ཏུ་འདུག་པ་དང༌། བརྒྱལ་བ་དང༌། འཛག་པ་དང༌། གཉིད་ཆེ་བ་དང༌། རིམས་ཀྱིས་འདེབས་པ་དང༌། མགོ་རེངས་པ་དང༌། ཡི་ག་འཆུས་པ་དང༌། དབུགས་མི་བདེ་བ་དང༌། རྐང་ལག་འཁུམས་པ་དང༌། འབྲུམ་བུ་འབྱུང་བ་དང༌། ཤ་སྐེམ་པ་དང༌། འདི་དག་ནི་འཆི་བའི་མཚན་མའོ། །གཞན་ཡང་འཆི་བའི་མཚན་མ་ནི། མགོ་ན་བ་དང༌། ཡི་ག་འཆུས་པ་དང༌། དབུགས་མི་བདེ་བ་དང༌། རྨོངས་པ་དང༌། རྟག་ཏུ་འཁྲུ་བ་དང༌། སྐོམ་དད་ཆེ་བ་དང༌། མགོ་འཁོར་བ་དང༌། ནད་སྣ་ཚོགས་པས་ལུས་ཀྱི་སྐད་དང༌། ཁམས་ཀྱི་སྟོབས་དང་མེའི་དྲོད་ཉམས་ཏེ་ཟད་པར་བྱེད་ན་འཆི་བ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །རླུང་གི་ནད་དང༌། བརྗེད་བྱེད་དང༌། མཛེ་དང༌། ཁྲག་གི་དམུ་རྫིང་དང༌། ཟད་བྱེད་ཀྱི་ནད་དང༌། སྐྲན་དང༌། གཅིན་སྙི་བ་དང༌། ནད་འདི་རྣམས་གང་ཡང་རུང་བས་ལུས་ཤིན་ཏུ་ཉམ་ཆུང་བའམ། རིད་པ་ལ་བཏབ་ན་ནི་ནད་ཚབས་ཆུང་ཡང་རིང་དུ་སྤང་བར་བྱའོ། །ནད་གང་གི་སྟོབས་དང་ཤ་ཟད་ལ་
ནད་ཀྱང་འཕེལ་ཏེ་ཡི་ག་འཆུས་པ་ནི་ཟླ་བ་ཕྱེད་དང་གཉིས་ནས་འཆི་བར་བསྟན་ཏོ། །རླུང་ལས་གྱུར་པའི་རྡོའམ་གཏུན་བུ་ལྟ་བུ་ཞེས་བྱ་བའི་ནད་ཡོད་དེ། དེ་ཡང་སྙིང་ལ་གནས་ནས་ཕལ་ཆེར་འཕེལ་ཞིང་རྒྱས་པ་དང༌། སྐོམ་དད་ཤིན་ཏུ་ཆེ་བར་གྱུར་ན་འཕྲལ་འཆི་བའི་རྒྱུའོ། །རླུང་ནད་ཀྱིས་བྱིན་པ་ཤིན་ཏུ་ལྷོད་པར་གྱུར་པ་དང༌། ལུས་ཀྱི་ཤ་ཟད་ཅིང༌། རྩེའུ་ཆུང་ངམ་སྣ་ཡོན་པོར་འཆུས་པར་སྣང་ན་འཕྲལ་འཆི་བར་སྟོན་ཏོ། །ཡང་ན་ལྟེ་བའམ་རྐུབ་ཀྱི་ནང་ངམ། བརླ་བྲག་གི་ནང་དུ་རླུང་ཞུགས་ཏེ། ཚབས་ཆེར་ཟུག་གཟེར་བྱེད་ན་དེ་མ་ཐག་ཏུ་ཚེ་འཕྲོག་གོ །ཡང་ན་ལུས་ཤིན་ཏུ་ཉམ་ཆུང་བ་ལ་རླུང་ཤིན་ཏུ་སྟོབས་དང་ལྡན་པ་སྙིང་ངམ་བཤད་བའི་ལམ་ལ་གནས་ཏེ། སྟོད་སྨད་ཀྱི་རྒྱུ་བ་བཀག་ན་དེ་ཉིད་དུ་འཆི་བའི་མཚན་མའོ། །ཡང་ན་ལྟེ་བ་དང་ཆུ་སོ་དང་མགོ་རྣམས་སུ་རླུང་གིས་དྲི་མ་རྣམས་བཀག་སྟེ་ཟུག་གཟེར་དྲག་བོ་མྱོང་ན་འཕྲལ་འཆི་བའི་མཚན་མའོ། །ཡང་ན་བརླ་བྲག་གཉིས་སུ་རླུང་ཞུགས་ཏེ་སྐོམ་དད་སྐྱེད་ཅིང་བཤང་བ་སླ་བར་འབྱུང་ན་སྲོག་གི་རྒྱུན་འཕྲལ་འགག་གོ །ཡང་ན་རླུང་བཤང་བའི་ལམ་དང་རྒྱུ་སྨད་ལ་བརྟེན་ནས། ཐུར་དུ་རྒྱུ་བ་བཀག་ཅིང་གྱེན་དུ་དབུགས་མི་བདེ་བ་བྱེད་ན་སྲོག་འཕྲལ་འཕྲོག་གོ །ཡང་ན་རླུང་བྲང་ལ་བརྟེན་ནས་དེ་ཡང་རླུང་ཤིན་ཏུ་དྲག་ཅིང་བརྟན་པས་ཁོང་པའི་ནང་དང་རྩིབ་མའི་རྩེ་མོ་བྱེ་བ་ཙམ་དུ་བྱས་ཏེ་མིག་བགྲད་ན་དེ་མ་ཐག་ཏུ་འཆིའོ། །གློ་བུར་རིམས་དྲག་པོས་ཐེབས་ཤིང་ཚ་བས་གདུངས་ལ་སྐོམ་དད་ཆེ་བ་དང༌། བརྒྱལ་བ་དང༌། ཉམས་སྟོབས་ཟད་པ་དང༌། ཚིགས་རྣམས་བྱེ་བ་ནི་འཕྲལ་སྲོག་འཇོམས་སོ། །ནང་པར་བ་ལང་བཟས་ལ་བཏང་བའི་དུས་སུ་གདོང་ལ་རྡུལ་ཚབས་ཆེར་འབྱུང་ཞིང་ཁའི་ནང་ན་བད་ཀན་ནམ་དྲི་མས་བསྒོས་པ་དང༌། རིམས་ཚ་བས་གདུངས་ན་དེའི་འཚོ་བ་ནི་ཤིན་ཏུ་རྙེད་དཀའོ། །འབྲུམ་པ་ཕྲ་མོ་བྱུ་རུའི་མདོག་འདྲ་བ་ལུས་ལ་བྱུང་སྟེ། དེ་མ་ཐག་ནང་དུ་ནུབ་ན་ཡུན་མི་རིང་བར་འཚོ་བ་འགག་གོ །ཡང་ན་འབྲུམ་བུའི་མདོག་སྲན་ཆུང་ཤུན་པ་བཤུས་པ་འམ། ཡང་ན་བྱུ་རུའི་མདོག་ལྟར་དམར་བ་ཁ་ནང་དུ་བལྟས་ནས་ཚད་པ་འབྲུམ་ཐབས་སུ་བྱུང་ན་ཁྱད་པར་དུ་
ལུས་འཇོམས་པར་བྱེད་དོ། །མིག་སེར་བཞིན་དུ་གདོང་ཐམས་ཅད་སེར་པོར་གྱུར་ཅིང་མུར་འགྲམ་གྱི་ཤ་ཟད་དེ་དངས་པ་དང༌། ལུས་དྲོད་ཆེ་བ་གང་ཡིན་པ་དེ་ནི་སྤང་བར་བྱའོ། །སྔར་ལུས་ལ་རྨ་ཡོད་པ་ལས་རྨ་གློ་བུར་སྣང་བ་ལྟར་སྣང་ཞིང་དེ་ཡང་མེ་དབལ་བཞིན་དུ་མྱུར་དུ་མཆེད་པར་བྱེད་ན་འདི་ཡང་སྤང་བར་བྱའོ། །གཞན་ཡང་རླུང་ལས་གྱུར་པའི་རྨ་ལ་ཟུག་གཟེར་མེད་པ་དང༌། མཁྲིས་པ་ལས་བྱུང་བའི་རྨ་ལ་ཚ་བ་ཆུང་བ་དང༌། བད་ཀན་ལས་གྱུར་པའི་རྨ་ལ་རྣག་མེད་པ་དང༌། གནད་དུ་བྱུང་བའི་རྨ་ལ་རྣག་མེད་པ་དང༌། རྨའི་ནང་དུ་ཕྱེ་མས་མ་བཏབ་བཞིན་དུ་ཕྱེ་མས་གང་བ་ལྟར་སྣང་བ་དང༌། དེ་བཞིན་དུ་རྨ་ལ་རྒྱུ་མེད་པར་མདུང་ཐུང་དང༌། རྒྱལ་མཚན་དང༌། མདའ་བོ་ཆེ་ལ་སོགས་པའི་གཟུགས་སུ་སྣང་ན། འདི་དག་ཀྱང་ཐག་རིང་དུ་སྤང་པར་བྱའོ། །མཚན་བར་རྡོལ་གྱི་ནད་ལས་བཤང་གཅི་གཉིས་ཀ་རྨ་ལས་འབྱུང་བ་དང༌། རྨ་ལས་འབུ་སྐྱེས་པ་དང༌། པུས་མོ་དང་རྐང་པ་གཉིས་གཅིག་ལ་གཅིག་ཉེད་པར་བྱེད་པ་དང༌། ཡང་དང་ཡང་ཁ་མྱང་བར་བྱེད་ན་དེ་ནི་འཚོ་བ་སྤངས་པ་ཡིན་ནོ། །ནད་པ་སེན་མོ་སོས་གཅོད་པ་དང༌། སེན་མོས་སྐྲ་འབལ་བ་དང༌། སེན་མོས་རྩ་གཅོད་པ་ལྟ་ན་དེ་ཡང་འཆི་བའི་རྟགས་སོ། །ཤིང་བུས་ས་ལ་རི་མོ་འདྲི་བ་དང༌། བོར་བའི་འབེན་ལ་བོད་པས་བརྡེགས་ན་དེ་ཡང་འཆི་བ་ཡིན་ནོ། །ནད་པ་བ་སྤུ་ལངས་པ་དང༌། གཅིན་སྐ་བར་འབྱུང་བ་དང༌། ལུད་པ་སྲ་བ་དང༌། རིམས་ཀྱིས་འདེབས་པ་ཡང་སྲོག་ངེས་པར་འབྲལ་ལོ། །ནད་པ་ཡང་དང་ཡང་དུ་དགོད་པ་དང༌། སྐད་ཆེན་པོ་འདོན་པ་དང༌། སྟན་ལ་རྐང་པ་བརྡེག་པ་དང༌། སྣ་ལ་སོགས་པའི་བུ་ག་འབྲུད་པར་བྱེད་ན་འཆི་བའི་མཚན་མ་འོ། །ནད་པ་ལ་གློ་བུར་དུ་གདོང་ལ་ངོ་ཤིག་ཐིག་ལེ་ལྟ་བུ་བྱུང་བ་དང༌། སོ་དང་སེན་མོ་ལ་གློ་བུར་དུ་ཐིག་ལེ་དཀར་པོ་བྱུང་བ་དང༌། ལྟོ་བའི་སྟེང་དུ་རྩའི་དྲ་བ་སྣ་ཚོགས་བཀྲ་བ་དང༌། ནད་པ་དབུགས་གྱེན་དུ་མི་འབྱུང་ཞིང་དྲེད་ཡལ་བ་དང༌། བརླ་བྲག་ཏུ་གཟེར་བ་དང༌། བདེ་བ་ཐོབ་པ་དང་བྲལ་ན་བློ་དང་ལྡན་པས་དེའི་ཕྱིར་སྤང་སྟེ་དོར་བར་བྱའོ། །ནད་ལ་སོགས་པའི་འགྱུར་བ་ནི་ཤས་
ཆེར་འཕེལ་ལ། རང་གི་རང་བཞིན་ནི་ཡོངས་སུ་ཉམས་ཏེ། དེ་ཡང་འཕྲལ་ལ་འགྱུར་ན་དེ་མ་ཐག་འཆི་བར་འགྱུར་རོ། །འཕྲལ་སྨན་པས་ནད་པའི་དོན་དུ་སྨན་གྱི་སྦྱོར་བ་འབད་ནས་བསྒྲུབས་ན་ཡང་བར་ཆད་ལ་སོགས་པས་དོན་དུ་མ་གྱུར་ན་ཡང་འཆི་བའི་རྟགས་སོ། །སྨན་པ་མཁས་པ་ལས་མང་པོ་གོམས་ཤིང་གྲུབ་པས་ལུང་ལས་འབྱུང་བའི་ཆོ་ག་ཇི་སྙེད་པ་རྣམས་སྤྱད་ཀྱང་མ་གྲུབ་སྟེ། ནད་མ་ཞི་ན་དེ་ལ་གསོ་བའི་ཐབས་མེད་དོ། །ཡང་ན་སྨན་པས་ཟས་དང་སྨན་ལ་སོགས་པ་ཚུལ་བཞིན་དུ་སྦྱར་ན་ཡང་ཕྱིན་ཅི་ལོག་ཏུ་རོ་དང་ནུས་པ་ལ་སོགས་པ་གཞན་དུ་གྱུར་ན་ཡང་དེ་ནད་མེད་པ་ཡིན་ན་ཡང་མི་འཚོའོ། །ནད་པའི་གནས་སུ་ཤིང་སྐམ་པོ་མེ་སྦར་ཏེ་དེར་རླུང་ཡང་མ་བྱུང༌། ཆུས་ཀྱང་མ་བླུགས་བཞིན་དུ་མེ་འབར་བ་ཡང་དང་ཡང་ཤི་བ་དང༌། སྣོད་ཀྱི་རྣམ་པ་གང་ཡང་རུང་བ་ལག་པ་ལ་སོགས་པའི་ནང་ནས་མ་བཏང་བཞིན་ལྷུང་ཞིང་ཆག་པ་ནི་ངེས་པར་འཆི་བར་བསྟན་ཏོ། །སྐྱེས་བུ་གང་གི་ལུས་ཤིན་ཏུ་ཉམ་ཆུང་ཞིང་ནད་ཀྱིས་གཟིར་བ་ཡིན་པ་ལས་གློ་བུར་དུ་སོས་པ་ལྟར་བྱེད་པ་དང༌། ཡང་ན་ནད་ཟུག་གཟེར་དང་བཅས་པས་ཉམ་ཐག་ན་འཆི་རྟགས་སུ་རིག་པར་བྱའོ། །ཉེ་དུ་རྣམས་ཀྱིས་ནད་པའི་སོས་ཤིའི་བྱེ་བྲག་དྲིས་ཀྱང་སྨན་པས་སྨྲ་བར་མི་བྱ་སྟེ། འཆི་རྟགས་དང་ལྡན་བཞིན་དུ་གསོ་བའི་དཔྱད་ཀྱང་མི་བྱའོ། །གཤིན་རྗེའི་ཕོ་ཉ་དང་ཤ་ཟ་ལ་སོགས་པ་ནད་པའི་དྲུང་དུ་བསྟེན་ནས་ནད་པའི་སྲོག་འཕྲོག་པར་བྱ་བའི་ཕྱིར་སྨན་གྱི་མཐུ་སྟོབས་དང་ནུས་པ་ཟད་ཅིང་ཆུད་གསོན་པར་བྱེད་དེ་དེ་བས་ན་དེ་ནི་སྤང་བར་བྱའོ། །དེ་ལ་ཚེའི་རིག་བྱེད་འདི་དག་ཐམས་ཅད་བདག་གིས་རང་བཟོར་བྱས་པ་མ་ཡིན་གྱི། སྔོན་གྱི་རིག་བྱེད་ལ་མཁས་པའི་སྨན་པ་རྣམས་ཀྱིས་གསུངས་པའི་ལུང་བསྟན་ཏེ་བཤད་ཅིང་བསྟན་པ་ཡིན་ནོ། །དེ་བས་ན་འཆི་རྟགས་ཀྱི་མཚན་ཉིད་ལ་བརྩོན་པ་དང་བཅས་པས་མཁས་པར་བྱ་བ་དང་རྟོགས་པར་བྱའོ། །ཡང་ན་ན་བ་དང་མི་ན་བའི་མཚན་ཉིད་ལ་མཁས་ཤིང་བྱེ་བྲག་ཕྱེད་ན་སྨན་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ལ་སྨན་པ་ཞེས་བྱ་བ་ནི་ནད་མི་འབྱུང་བ་ལ་མཁས་པ་དང༌། ནད་གསོ་བ་ལ་མཁས་པ་ནི་བྲུག་རྡུ་འབྱིན་པ་ཞེས་བྱའོ། །
མདོར་ན་ན་བ་དང་མི་ན་བའི་བྱེ་བྲག་ལ་མཁས་པ་དང༌། ནད་པ་ལ་འཆི་ལྟས་མེད་ཅིང་ཚེ་ཡོད་པར་ཤེས་ལ་དེ་གསོ་བ་འམ། སྲུང་བ་ལ་མཁས་པ་ནི་ཚེའི་རིག་བྱེད་ཀྱི་འབྲས་བུ་ཡིན་ནོ། །དེ་ལ་འཆི་བ་ཞེས་བྱ་བ་ནི་སྲོག་དང་བྲལ་བ་ཡིན་ལ་འཆི་བ་དེ་ནི་སྔོན་གྱི་དྲང་སྲོང་མཁས་པ་དང་ལྡན་པ་རྣམས་ཀྱིས་རྣམ་པ་བཞིར་ཤེས་ཏེ། དེ་ཡང་ཚེ་ཟད་ནས་ཤི་བ་དང༌། བསོད་ནམས་ཟད་ནས་ཤི་བ་དང༌། དེ་གཉིས་ཀ་ཟད་ནས་ཤི་བ་དང༌། དུས་མ་ཡིན་པར་འཆི་བ་དང་བཞིའི་ཚུལ་དུ་ཤེས་ནས་བསྟན་པ་ཡིན་ནོ། །ལུས་ཀྱི་གནས་ལས་ལུས་མདོག་དང་ཚུལ་སྤྱོད་ལས་འཆི་ལྟས་འབྱུང་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བང་ཆེན་ལ་སོགས་པའི་མཚན་མ་དགེ་བ་ལས་འཆི་ལྟས་བརྟག་པའི་ལེའུ་དྲུག་པ་བཤད་པར་བྱའོ། །སྨན་པའི་གན་དུ་ནད་པའི་ཕོ་ཉ་སྦྲོན་དུ་འོངས་པ་ན་ཡ་མཚན་ཅན་རབ་ཏུ་བྱུང་བ་དང༌། བྲམ་ཟེ་ལ་སོགས་པ་རིགས་བཞི་པོ་ནད་པ་རང་གི་རིགས་དང་མཐུན་པའི་འཕྲིན་པ་འོངས་ན་ནི་ལས་གྲུབ་པའི་མཚན་མའོ། །གལ་ཏེ་ཡ་མཚན་ཅན་ལ་སོགས་པ་གོང་མའི་རིགས་ལས་འཆོལ་བ་འམ། གཞན་པའི་ཕོ་ཉ་བྱུང་ན་ནི་གསོ་བའི་ལས་མི་འགྲུབ་པའི་རྟགས་སོ། །ཅི་སྟེ་རང་གི་རིགས་དང་མཐུན་པའི་འཕྲིན་པ་འོངས་ན་ཡང་འོག་ནས་འབྱུང་བའི་མཚན་མ་འདི་དག་ལྟར་སྣང་ན་གསོ་བའི་འབྲས་བུ་མེད་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་སྨན་པ་འབོད་དུ་འོངས་པའི་ཚེ་ཕོ་ཉ་དེ་ཡང་ཤིན་ཏུ་དམན་པའི་ཚིག་ཏུ་སྨྲ་བ་དང༌། ཕོ་ཉ་འཇིགས་པ་དང་བཅས་པ་དང༌། ཤིན་ཏུ་རིངས་ཐབས་སུ་སྨྲ་བ་དང༌། སྔངས་བག་ཅན་དང་བཅས་པ་དང༌། ཚིག་རྩུབ་བག་ཏུ་སྨྲ་བ་དང༌། བཀྲ་མི་ཤིས་པར་སྨྲ་བ་དང༌། ཕོ་ཉ་ལག་ན་མཚོན་ཆ་ཐོགས་པ་དང༌། དབྱུག་པ་ཐོགས་པ་དང༌། གཡོན་ཅན་དང༌། མགོ་བྲེགས་པ་དང༌། སྐྲའི་ལ་བ་ཅན་དང༌། དགེ་མཚན་མེད་པའི་མིང་དང་ལྡན་པ་དང༌། ལས་ངན་པ་ཅན་དང༌། གོས་དྲི་མ་ཅན་དང༌། བུད་མེད་འཕྲིན་པར་འོངས་པ་དང༌། མི་མང་པོ་ཕོ་ཉར་འོངས་པ་དང༌། འཕྲིན་པ་ནད་ཀྱིས་བཏབ་པ་དང༌། ལུས་མི་སྡུག་པ་དང༌། མེ་ཏོག་གི་ཕྲེང་བ་དམར་པོས་ལུས་བརྒྱན་པ་
འམ། ལི་ཁྲི་ལ་སོགས་པའི་བྱུག་པས་སྐུད་པ་དང༌། འབྲུ་མར་གྱིས་ལུས་སྐུད་པ་དང༌། འདམ་གྱིས་སྐུད་པ་དང༌། གོས་རྙིང་པ་གྱོན་པ་དང༌། མདོག་ཉམས་པའི་གོས་གྱོན་པ་དང༌། ཆུས་འདྲུལ་བའི་གོས་གྱོན་པ་དང༌། གོས་གཅིག་པ་དང༌། ཕོ་ཉ་དེ་བོང་བུ་དང༌། རྔ་མོ་དང། མ་ཧེ་ཞོན་ཏེ་འོངས་པ་དང༌། ཕོ་ཉ་དེ་རྡོ་མཁན་དང༌། ཤིང་མཁན་དང༌། གོང་མའི་སྐྱོན་གང་ཡང་རུང་བ་དང་ལྡན་པའི་འཕྲིན་པ་རྒྱང་རིང་པོ་ནས་སྨན་པ་ལ་འབོད་ན་སྨན་པ་ནད་པའི་གན་དུ་འགྲོ་བར་མི་བྱའོ། །སྨན་པ་བདག་ཉིད་དགེ་མཚན་མ་ཡིན་པའི་བསམ་པ་བྱེད་པའམ། དགེ་མཚན་མ་ཡིན་པའི་ཚིག་སྨྲ་བའི་དུས་སུ་འཕྲིན་པ་འོངས་པ་དང༌། སྨན་པ་གཅེར་བུར་འདུག་པ་དང༌། རྩྭ་གཅོད་ཅིང་འདུག་པ་དང༌། རྡོ་འབུགས་ཤིང་འདུག་པ་དང༌། ཕ་མའི་ཆེད་དུ་སྦྱིན་སྲེག་དང༌། མཆོད་སྦྱིན་བྱེད་པ་དང༌། ས་ལ་ཉལ་ཞིང་འདུག་པ་དང། སྐྲ་བཤིག་པ་དང༌། མར་སྐུད་ཅིང་འདུག་པ་དང༌། སྨན་པ་མྱ་ངན་དང་སྨྲེ་སྔགས་འདོན་ཅིང་དུ་བའི་དུས་དང༌། སྨན་པ་སྨྱུང་བ་བྱེད་ཅིང་འདུག་པ་དང༌། མདོར་ན་སྨན་པའི་སྤྱོད་ལམ་གོང་མ་གང་ཡང་རུང་བ་དང་ལྡན་པའི་སྐབས་སུ་འཕྲིན་པ་འོངས་ན་ནད་པ་དེ་ངེས་པར་འཆི་བ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ནད་པའི་ནད་གཞི་དང༌། དུས་དང༌། ཕོ་ཉ་དང༌། སྨན་པ་དང༌། ཕྱོགས་སུ་ལྡན་པར་ཚོགས་པ་ལས་ལྟས་སུ་བྱ་བ་ནི། ནད་པ་བད་ཀན་གྱི་གཞི་ཡང་ཡོད་ལ། སྨན་པ་དང་འཕྲིན་པ་གཉིས་ཀྱང་ཆུ་འགྲམ་དུ་སྔ་དྲོ་ཕྲད་པ་དང༌། ནད་པ་མཁྲིས་པའི་གཞི་ཡང་ཡོད་ལ་མེ་འམ་ཚ་བའི་ཕྱོགས་སུ་སྨན་པ་དང་ཕོ་ཉ་ཉི་མ་བྱེད་ལ་ཕྲད་པ་དང༌། ནད་པ་རླུང་ནད་གྱི་གཞི་ཡང་ཡོད་ལ། ངམ་གྲོག་དང་གཡང་ས་ལྟ་བུར་སྨན་པ་དང་ཕོ་ཉ་ཕྱི་དྲོ་ཕྲད་པར་གྱུར་ན་དེ་ནི་གསོ་བའི་ཡུལ་ལས་འདས་པ་ཡིན་ནོ། །གཞན་ཡང་སྨན་པའི་དྲུང་དུ་ཕོ་ཉ་འོངས་པའི་ཚེ་འདི་དག་ལྟར་སྣང་ན་ཡང་འཆི་བའི་མཚན་མར་བྱ་སྟེ། དེ་ཡང་ལྟེ་བ་ལག་པས་ནོམ་པ་དང༌། དེ་བཞིན་དུ་སྣ་དང༌། ཁ་དང༌། སྐྲ་དང༌། བ་སྤུ་དང༌། སེན་མོ་དང༌། སོ་དང༌། ཕོ་མཚན་དང༌། རྒྱབ་དང༌། ནུ་མ་དང༌། མགྲིན་པ་དང༌། ལྟོ་བ་དང༌། མཐེའུ་ཆུང་
དང། འདི་དག་ལ་ནོམ་པ་དང༌། ཉུག་པ་དང༌། རེག་པར་སྣང་བ་དང༌། གཞན་ལག་པ་ནས་རས་བལ་ཐོགས་པ་དང༌། དེ་བཞིན་དུ་ཕུབ་མ་དང༌། ཞ་ཉེ་ནག་པོ་དང༌། རུས་པ་དང༌། རྩྭ་དང༌། གཏུན་བརྡུང་དང༌། རྡོ་དང༌། ཕྱགས་མ་དང༌། ཞིབ་མ་དང༌། གོས་ཀྱི་དུམ་བུ་དང༌། ཐལ་བ་དང༌། སོལ་བ་དང༌། རས་ཀྱི་ཁ་ཚར་དང༌། གཟིགས་མ་དང༌། ཐག་པ་དང༌། གཏུན་དང༌། སྲང་དང༌། ཞགས་པ་དང༌། འདི་དག་ལག་ཏུ་ཐོགས་ཏེ་འོངས་པ་དང༌། གཞན་ཡང་སྣོད་ཆག་པ་དང༌། ཉམས་པ་ལ་སོགས་པ་ལག་ཏུ་ཐོགས་པའང་རུང་སྟེ། མཚན་མ་དེ་དག་སྨན་པའི་མིག་སྔར་སྣང་ན་ནད་པ་ངེས་པར་འཆི་བའི་རྟགས་སོ། །གཞན་ཡང་ཉིན་ཞག་གི་བྱེ་བྲག་ལ་སོགས་པ་ལས་ཕོ་ཉའི་མཚན་མ་བསྟན་པ་ནི་འཕྲིན་པ་སྨན་པའི་གན་དུ་མཚན་ཕྱེད་ན་འོངས་པ་དང༌། དེ་བཞིན་དུ་ཉི་མ་ཕྱེད་དང༌། ཐོ་རངས་དང༌། དགོངས་དང༌། གནམ་སྟོང་དང༌། གཞན་ཡང་ཚེས་དྲུག་དང༌། ཚེས་བཞི་དང༌། ཚེས་དགུ་དང༌། སྒྲ་གཅན་དང༌། མཇུག་རིངས་ཤར་བའི་དུས་དང༌། ཉེ་ཟླ་གཟས་ཟིན་པའི་དུས་དང༌། སྐར་མ་བྲ་ཉེ་དང༌། སྨིན་དྲུག་དང༌། སྐག་དང༌། ཆུ་སྟོད་དང༌། གྲེ་དང༌། ཁྲུམས་སྟོད་དང༌། སྣྲུབས་དང༌། སྐར་མ་དེ་རྣམས་དབང་བའི་ཉིན་ཞག་ལ་ཕོ་ཉ་འོངས་ཏེ་ནད་པའི་དོན་དུ་ཤོག་ཤིག་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་འགུགས་པར་བྱེད་ན་ཡང་མི་དགེ་བའི་རྟགས་ཏེ། སྨན་པས་བགྲོད་པར་བྱ་བའི་གནས་མ་ཡིན་ནོ། །སྨན་པ་ནད་པའི་གན་དུ་ཆས་པའི་ཚེ་ལམ་ཀར་འདི་དག་མཐོང་བ་འམ་ཐོས་པ་ནི་མི་འགྲུབ་པའི་མཚན་མ་སྟེ། དབང་པོ་མ་ཚང་བའི་མི་དང༌། མི་རོ་འམ་མི་རོའི་རྒྱན་གྱིས་བརྒྱན་པ་མཐོང་བ་དང༌། ཐག་པ་ལ་སོགས་པ་ཆད་པ་དང༌། གོས་ལ་སོགས་པ་ཚིག་པ་དང༌། སྣོད་ཆག་པ་ལ་སོགས་པའི་སྒྲ་ཐོས་པ་དང༌། མི་རོ་དྲི་མི་ཞིམ་པ་འམ། རེག་པ་ཡང་ཤས་ཆེར་རྩུབ་པ་དང༌། གཞན་ཡང་དེ་དག་འདྲ་བའི་མི་དགེ་བའི་མཚན་མ་མཐོང་ངམ་ཐོས་ན་མི་དགེ་བའི་རྟགས་སོ། །གཞན་ཡང་ལམ་དུ་ཧ་ཧ་ཞེས་བྱ་བའི་སྒྲ་དང༌། གཅིག་ལ་གཅིག་བརྡེག་པ་དང༌། འཐབ་པའི་
སྒྲ་དང༌། ལྷུང་བའི་སྒྲ་དང༌། སྦྲིད་པའི་སྒྲ་དང༌། འདི་ལྟ་བུ་མཐོང་བ་དང༌། གོས་དང༌། གདུགས་དང༌། མཚོན་ཆ་ཆག་པ་དང༌། སྡུག་བསྔལ་དག་མཐོང་བ་དང༌། གཞན་ཡང་མཆོད་པའི་རྟེན་དང༌། རྒྱལ་མཚན་དང༌། སྣོད་གང་ཡང་ཆུའི་ནང་དུ་ནུབ་པ་མཐོང་བ་དང༌། བསད་པ་དང། དབུག་པ་དང༌། བསྲེག་པ་ལ་སོགས་པའི་སྒྲ་དྲག་པོ་ཐོས་པ་དང༌། སྨན་པ་ལམ་དུ་འགྲོ་བའི་ཚེ་ཐལ་བ་འམ། རྡུལ་གྱིས་གཡོགས་པའམ། བྱི་ལ་དང༌། སྲོག་ཆགས་གོ་ད་དང༌། སྲམ་དང་སྤྲེའུ་རྣམས་ཀྱིས་ལམ་བཅད་པ་དང༌། གང་ན་ཉི་མ་རྒྱུ་བའི་ཕྱོགས་སུ་ནད་པ་གནས་པ་དེར་འགྲོ་བ་དང༌། ཤ་ཟ་བའི་གཅན་གཟན་གུང་ལ་སོགས་པ་དང༌། བྱ་རྒོད་ལ་སོགས་པའི་སྒྲ་མི་བཟད་པ་ཐོས་པ་དང༌། འདི་ལྟ་བུ་མཐོང་བ་དང༌། ཐོས་པ་ཡང་ངེས་པར་འཆི་བའི་རྟགས་སུ་རིག་པར་བྱའོ། །གཞན་འདི་དག་མཐོང་ན་ཡང་མཚན་མ་ངན་པ་སྟེ། འབྲུ་ནག་པོ་དང༌། བུ་རམ་དང༌། དར་བ་དང༌། ལན་ཚྭ་དང༌། བཏུང་བ་དང༌། པགས་པ་དང༌། ཡུངས་ཀར་དང༌། ཞག་དང༌། འབྲུ་མར་དང༌། རྩྭ་དང༌། འདམ་དང༌། བུད་ཤིང་དང༌། མ་ནིང་དང༌། རིགས་ངན་པ་དང༌། རྒྱ་དང༌། རྙི་དང༌། སློན་པ་དང༌། བཤད་བ་དང༌། རྣག་དང༌། དེ་ལ་སོགས་པའི་མཚན་མ་ངན་པ་མཐོང་བ་དང༌། སྙིང་པོ་མེད་པ་དང༌། འཁྲིག་པ་སྤྱོད་པ་དང༌། །གཞན་ཡང་གང་འཕྲིན་པ་རས་བལ་ཐོགས་པ་ལ་སོགས་པའི་མཚན་མ་གང་ཡང་རུང་བ་འདིར་མཐོང་ན་ཡང་མཚན་མ་ངན་པར་བལྟའོ། །སྨན་པ་དགྲ་དང་ཕྲད་པ་དང༌། མལ་དང༌། སྟན་དང༌། ཁྱོགས་ཁ་སྦུབ་ཏུ་མཐོང་བ་དང༌། དེ་བཞིན་དུ་སྣོད་ལ་སོགས་པ་བྶྦུབ་ཏུ་མཐོང་ན་ཐམས་ཅད་འབྲས་བུ་མེད་པ་ཡིན་ནོ། །སྨན་པ་ལམ་དུ་འགྲོ་བའི་ཙེ་ཕོའི་མིང་དང་ལྡན་པ་བྱ་ངང་པ་དང༌། སྲེག་པ་དང༌། ལྕོ་ག་ལ་སོགས་པ་གཡོན་ལོགས་ན་གནས་པ་དང༌། མོའི་མིང་དང་ལྡན་པ་རི་དགས་དང་ལྕོ་ག་མོ་ལ་སོགས་པ་གཡས་ལོགས་ན་གནས་པ་དང༌། བྱ་དང་རི་དགས་ལ་སོགས་པ་གཡོན་ནས་གཡས་སུ་འགྲོ་ན་དགེ་བའི་མཚན་མའོ། །ཁྱི་དང་ཝ་གཉིས་ནི་གཡས་ནས་གཡོན་དུ་འགྲོ་ན་ཤིས་པའི་མཚན་མའོ། །རི་དགས་གཉིས་ལ་སོགས་པ་ཟུང་དུ་མི་ཐེམ་པའི་གསུམ་དང༌།
ལྔ་ལ་སོགས་པ་མཐོང་ན་བཀྲ་ཤིས་པའི་རྟགས་སོ། །བྱ་ཙ་ཤ་དང༌། བྱ་རྒོད་དང༌། བ་ར་དྭ་ཙ་དང༌། རྨ་བྱ་དང༌། ནེའུ་ལེ་དང༌། ར་དང་འདི་རྣམས་གཡས་གཡོན་གང་ན་གནས་ན་རྟག་ཏུ་ཤིས་པ་ཡིན་ནོ། །འུག་པ་དང༌། བྱི་ལ་དང༌། སྦྲུལ་དང༌། འདི་རྣམས་གཡས་གཡོན་གང་ན་གནས་ན་ཡང་མི་དགེ་བ་ཡིན་ནོ། །ཁུ་བྱུག་དང༌། གོ་ད་དང༌། སྦྲུལ་དང༌། རི་བོང་དང༌། ཛི་བ་ཀ་རྣམས་ཀྱི་མིང་ཐོས་པ་ནི་དགེ་བ་ཡིན་ལ་མཐོང་བ་ནི་མ་རུངས་པར་བཤད་དོ། །དེ་བཞིན་དུ་དྲེད་དང༌། སྤྲེའུའི་མིང་ཐོས་པ་ནི་ཤིས་ལ་མཐོང་བ་ནི་མི་དགེ་བ་ཡིན་ནོ། །སྨན་པའི་འཕྲལ་བ་ལ་དབང་པོའི་གཞུ་བབས་པ་ནི་མི་དགེ་བ་ཡིན་ལ། མཐོང་བ་ནི་བཀྲ་ཤིས་པའི་མཚན་མ་ཡིན་ནོ། །སྣོད་གང་མེས་གང་བར་མཐོང་ན་ནི་བཟང་བ་ཡིན་ལ། དེ་ཉིད་ཆག་ཅིང་ནང་སྟོང་པར་མཐོང་བ་ནི་ངན་པར་བཤད་དོ། །དེ་ལྟར་གོང་གི་མཚན་མ་ངན་པ་དེ་དག་མཐོང་ན་ནི་དོར་ཞིང་སྤང་བར་བྱའོ། །སྨན་པ་ལམ་དུ་འགྲོ་བའི་ཚེ་འམ། ནད་པའི་ཁྱིམ་དུ་འཇུག་ཁར་ཞོ་མ་ཉམས་པ་ལ་སོགས་པ་འོག་ནས་འབྱུང་བ་འདི་དག་མཐོང་ན་བཀྲ་ཤིས་པར་གཟུང་སྟེ། སྙིང་རྗེའི་བསམ་པ་ཉེ་བར་བཞག་ནས་འབད་པ་བྱས་པས་གསོ་བར་བྱའོ། །དེ་ཡང་ཞོ་མ་ཉམས་པ་ལ་སོགས་པ་མཐོང་བ་དང༌། ཐོས་པ་དང༌། རེག་པ་ནི་མི་འཆི་བའི་མཚན་མ་སྟེ། གཞན་འབྲས་དང༌། ཁྲེ་དང༌། སྦྲང་རྩི་དང༌། མར་དང༌། སེན་རྩི་དང༌། དངུལ་རྡོ་དང༌། བུམ་པ་དང༌། དྲིལ་བུ་དང༌། མར་མེ་དང༌། པདྨ་དང༌། རྩྭ་དཱུར་བ་དང། ཤ་རློན་པ་དང༌། ཉ་དང༌། འབྲས་ཡོས་དང༌། འབྲས་བུ་དང༌། གཡོས་སྣ་ཚོགས་སྦྱར་བ་དང༌། རིན་པོ་ཆེ་དང༌། གླང་པོ་ཆེ་དང༌། བུམ་པ་གང་བ་དང༌། བུད་མེད་གཞོན་ནུ་དང༌། རྒྱལ་པོས་གོ་འཕང་བསྟོད་ཅིང་ཐབས་དམ་པ་རྩལ་བའི་མི་དང་འཕྲད་པ་དང༌། ལྷ་རྣམས་མཐོང་བ་དང༌། རྒྱལ་པོ་མཐོང་བ་དང༌། མེ་ཏོག་སུ་མ་ན་དཀར་པོ་དང༌། གོས་ཤིན་ཏུ་དཀར་བ་དང༌། རྔ་ཡབ་དཀར་པོ་དང༌། རྟ་དང༌། དུང་དང༌། སྐྱེས་བུ་དམ་པ་དང༌། བྲམ་ཟེ་དང༌། ཅོད་པན་ཅན་དང༌། རྟ་བབས་དང༌། གཡུང་དྲུང་དང༌། ས་ཕྱོགས་མཐོན་པོ་དང༌།
མེ་འབར་བ་དང༌། བཟའ་བཏུང་ཡིད་དུ་འོང་བ་དང༌། ཤིང་རྟ་གང་བ་དང༌། བ་དྲུས་མ་བེའུ་དང་བཅས་པ་གསུམ་དང༌། རྒོད་མ་རྟེའུ་དང་བཅས་པ་གསུམ་དང༌། བུད་མེད་བུ་དང་བཅས་པ་མཐོང་བ་དང༌། ཤང་ཤང་ཏེའུ་དང༌། རི་དྭགས་དང༌། བཞད་དང༌། ཁུ་བྱུག་དང༌། ངང་པ་དང༌། རྨ་བྱ་དང༌། ཕྱུགས་གཅིག་བཏགས་པ་མཐོང་བ་དང༌། གདུ་བུ་དང༌། མེ་ལོང་དང༌། ཡུངས་ཀར་དང༌། གིའུ་ཝང་དང༌། འདི་རྣམས་མཐོང་བ་དང༌། བདུག་པའི་དྲི་དང༌། བྱུག་པས་བྱུགས་པ་དང༌། དཀར་བ་དང་དམར་བའི་ཁུ་བཅུད་དང༌། ཁྱུ་མཆོག་དང་མཐུན་པའི་སྐད་སྙན་པ་སྒྲོགས་པ་དང༌། རི་དགས་དང༌། བྱ་དང༌། མི་རྣམས་ཀྱི་སྐད་སྙན་པ་དང༌། དེ་བཞིན་དུ་གདུགས་དང༌། རྒྱལ་མཚན་དང༌། བ་དན་བསྒྲེངས་པ་མཐོང་བ་དང༌། རྒྱལ་བ་དང༌། བཀྲ་ཤིས་པར་གྱུར་ཅིག་པའི་སྐད་སྙན་པ་ཐོས་པ་དང༌། རྫ་རྔ་དང༌། རྔ་བོ་ཆེ་དང༌། དུང་དང༌། བསོད་ནམས་དང་ལྡན་པའི་ལོངས་སྤྱོད་ཀྱི་སྒྲ་རྣམས་སྙན་པ་ཐོས་པ་དང༌། རིག་བྱེད་འདོན་པའི་སྒྲ་དང༌། བདེ་བ་འམ་མཐུན་པའི་རླུང་གིས་གཡོན་ལོགས་ནས་གཡས་སུ་བསྐོར་བ་དང༌། མདོར་ན་སྨན་པ་ལམ་དུ་འགྲོ་བ་དང༌། ནད་པའི་ཁྱིམ་དུ་ཕྱིན་པའི་ཚེ་གོང་དུ་བསྟན་པ་དེ་དག་གི་སྒྲ་ཐོས་པ་དང༌། མཐོང་བ་དང༌། རིག་པར་བྱེད་པ་ན་ལས་རྩོམ་པ་ངེས་པར་འགྲུབ་པར་འགྱུར་བར་སྟོན་ཏོ། །དེ་ལྟར་འཕྲིན་པ་དང་དགེ་བ་དང་མི་དགེ་བའི་མཚན་ཉིད་བཤད་ནས། ད་ནི་རྨི་ལམ་གྱི་མཚན་མའི་འཆི་ལྟས་བཤད་པར་བྱ་སྟེ། སྐྱེས་བུ་གང་གི་རྨི་ལམ་གྱི་ནང་དུ་ཤི་བའི་མི་དང་ཆང་ལྷན་ཅིག་འཐུངས་ནས་ཁྱིས་དྲུད་པར་རྨིས་ན་དེ་ནི་འཆི་བདག་རིམས་ཀྱི་གཟུགས་ཅན་གྱིས་མྱུར་དུ་ཁྱེར་བར་བྱེད་པ་ཡིན་ནོ། །མེ་ཏོག་གི་ཕྲེང་བ་དམར་པོས་ལུས་བརྒྱན་པ་དང༌། ལུས་དམར་པོར་མཐོང་བ་དང༌། གོས་དམར་པོ་གྱོན་པ་དང༌། བུད་མེད་རྒོད་བག་ཅན་གྱིས་ཁྱེར་བར་རྨིས་ན། དེ་ནི་འཆི་བདག་ཁྲག་མཁྲིས་ཀྱི་གཟུགས་ཅན་གྱིས་ཁྱེར་བ་ཡིན་ནོ། །མ་ཧེ་དང༌། རྟ་དང༌། ཕག་དང༌། རྔ་མོ་དང༌། བོང་བུ་རྣམས་ལ་བདག་ཉིད་ཞོན་ཏེ། ལྷོ་ཕྱོགས་སུ་འགྲོ་བར་རྨི་ན་གཅོང་ཆེན་པོའི་གཟུགས་ཅན་གྱི་འཆི་བདག་གིས་ཟིན་པ་ཡིན་ནོ། །
ཤིང་ཆར་མ་ཅན་གྱི་ལྕུག་མ་དང༌། འོད་མ་གང་ཡང་རུང་བ་མགོ་བོ་འམ་སྙིང་ག་ནས་བྱུང་བ་རྨིས་ན། དེ་ནི་འཆི་བདག་སྐྲན་གྱི་གཟུགས་ཅན་གྱིས་ཁྱེར་བ་ཡིན་ནོ། །སྐྱེས་བུ་གང་མེ་མི་འབར་བའི་མདག་མ་ལ་སྦྱིན་སྲེག་བྱེད་པ་རྨི་བ་དང༌། མར་གྱིས་ལུས་བསྐུས་ཤིང་གཅེར་བུར་འདུག་པ་དང༌། སྙིང་གར་པདྨ་བྱུང་བ་རྨིས་ན་དེ་ནི་འཆི་བདག་མཛེའི་གཟུགས་ཅན་གྱིས་བཟུང་བ་ཡིན་ནོ། །ཏིལ་མར་གྱི་ཆོགས་རིགས་ངན་དང་ལྷན་ཅིག་འཐུང་བར་རྨིས་ན། དེ་ནི་འཆི་བདག་གཅིན་ནད་ཀྱི་གཟུགས་ཅན་གྱིས་བླངས་པ་ཡིན་ནོ། །སྲིན་པོ་ཀུན་དང༌། ལྷན་ཅིག་བྲོ་གར་བྱེད་ཅིང་ཆུ་ལ་འབྱིད་བ་རྨིས་ན། དེ་ནི་འཆི་བདག་སྨྱོ་བྱེད་ཀྱི་གཟུགས་ཅན་གྱིས་ཟིན་པ་ཡིན་ནོ། །མི་ཤི་བ་དང་ལྷན་ཅིག་ཆང་འཐུང་ཞིང་ར་རོ་ལ་གར་བྱེད་པར་རྨིས་ན། དེ་ནི་འཆི་བདག་བརྗེད་བྱེད་ཀྱི་གཟུགས་ཅན་གྱིས་འཆོས་པ་ཡིན་ནོ། །བོང་བུ་དང༌། རྔ་མོ་དང༌། བྱི་པ་དང༌། སྤྲེའུ་དང༌། སེར་གེ་དང༌། ཕག་དང༌། ཝ་དང༌། རོ་ལ་ཞོན་པར་རྨིས་ན། དེ་ནི་འཆི་བདག་གི་ཁར་སོན་པ་ཡིན་ནོ། །སྣུམ་ཁུར་དང༌། ཤ་ཀུ་ལི་རྨི་ལམ་གྱི་ནང་དུ་ཟོས་པར་རྨིས་ལ་སད་མ་ཐག་ཏུ་དེ་བཞིན་སློན་པར་བྱེད་ན། དེ་ནི་འཚོ་བའི་སྲོག་སྤངས་པ་ཡིན་ནོ། །ཟླ་བ་དང་ཉི་མ་གཟས་ཟིན་པ་རྨིས་ན། དེ་ནི་མིག་ནད་སྐྱེད་པར་བྱེད་པའི་མཚན་མའོ། །ཟླ་བ་དང་ཉི་མ་ལྷུང་བར་རྨིས་ན། མིག་གི་མཐོང་བ་ཉམས་པའི་རྟགས་སོ། །སྤྱི་བོ་ནས་འོད་མའི་ལྕུག་མ་སྐྱེས་པར་རྨིས་པ་དང༌། སྤྱི་བོ་ལ་བྱ་རོག་གི་ཚང་འཆའ་བ་དང༌། མགོ་བོ་ཆད་པར་རྨིས་ན་འཚོ་བ་སྤང་བར་ཁོང་དུ་ཆུད་པར་བྱའོ། །བྱ་རྒོད་དང༌། འུག་པ་དང༌། བྱ་རོག་ལ་སོགས་པས་ཡོངས་སུ་བསྐོར་བ་དང༌། དེ་བཞིན་དུ་ཡི་དྭགས་དང༌། ཤ་ཟ་མོ་དང༌། ཏྲ་པ་ཏི་དང༌། ཨན་ཏྲའི་ཡུལ་གྱི་མི་ལྟར་ཤ་གནག་པ་དང༌། རིགས་ངན་ཤ་མདོག་ངན་པའི་མི་རྣམས་ཀྱིས་བསྐོར་བར་རྨིས་ན་འཆི་བའི་མཚན་མའོ། །སྤའི་ཚལ་དང༌། འོད་མའི་ཚལ་དང༌། ཚེར་མའི་ཚལ་དང༌། རྩྭའི་ནགས་སྟུག་པོའི་ནང་དུ་འགྲོ་ཞིང་ཉམ་ཐག་པ་རྨིས་ན་འཆི་བའི་རྟགས་སུ་བསྟན་ཏོ། །གཡང་སར་ལྷུང་བ་དང༌། དུར་ཁྲོད་དང༌། རྡུལ་དང༌།
ཐལ་བའི་ནང་དུ་ཉལ་བ་རྨིས་ན་འཆི་བའི་རྟགས་སུ་རིག་པར་བྱའོ། །ཆུ་དང་འདམ་གྱི་ནང་དུ་ལུས་བྱིང་ཞིང་སྙིང་གནས་ཆུའི་རྒྱུན་འབྱུང་བར་རྨིས་ན་གཤིན་རྗེའི་ཁྱིམ་ན་གནས་པ་ཡིན་ནོ། །གླུ་དང༌། གར་དང༌། རོལ་མོ་བྱེད་ཅིང་མེ་ཏོག་གི་ཕྲེང་བ་དམར་པོ་དང༌། གོས་དམར་པོ་འཆང་ཞིང་གྱོན་པར་རྨིས་ན་མི་འདོད་པ་ཡིན་ནོ། །བདག་གི་ལུས་རྒས་པར་རྨི་བ་དང༌། ལུས་འཕེལ་བར་རྨི་བ་དང༌། བསྐུ་བྱུག་བྱེད་པ་རྨི་བ་དང་བག་མ་བཏང་བར་རྨི་བ་དང༌། སྤུ་འདྲེག་པར་རྨིས་ན་འདི་ཡང་མི་འདོད་པ་ཡིན་ནོ། །བཙོས་པའི་ཟས་དང༌། སྣུམ་དང༌། ཆང་ལ་བརྐམ་པ་དང༌། སྐྱུགས་པ་དང༌། འཁྲུ་བ་རྨིས་ན་མི་འདོད་པའི་རྟགས་སོ། །གསེར་ལ་སོགས་པའི་ལྕགས་དྲུག་རྙེད་པར་རྨིས་པ་དང༌། རྩོད་པ་དང༌། འཆིང་བ་དང༌། བདག་ཕམ་པར་རྨིས་ན་དེ་ཡང་འཆི་བའི་མངོན་རྟགས་སོ། །རྐང་པའི་པགས་པ་གཡང་དུ་ལྷུང་བ་དང༌། མཆིལ་ལྷྭམ་གཉིས་སྟོར་བ་རྨིས་པ་དང༌། སྐྱེས་བུ་གང་ཡང་ཕ་མེས་ཤི་བ་ལ་སོགས་པ་རྣམས་ཀྱིས་ངག་རྩུབ་པོས་བདག་ཉིད་སྤྱོས་ཏེ་ལུས་སྤུ་ཟིང་ཞེས་བྱེད་ཅིང་འཇིགས་པར་རྨིས་པ་དང༌། གཞན་ཡང་བྲག་རལ་བ་དང༌། སྐར་མདའ་དང༌། གཟའ་དང༌། རྒྱུ་སྐར་དང༌། སོ་དང༌། ལྷམ་དང༌། མིག་དང་འདི་རྣམས་ལྷུང་བ་དང༌། ཞིག་པར་རྨིས་ན་དེ་ཡང་མི་འདོད་པ་ཡིན་ནོ། །ནགས་ཚལ་སྟུག་པོའི་ནང་དུ་འགྲོ་བ་དང༌། མེ་ཏོག་དམར་པོས་བརྒྱན་པ་དང༌། སྡིག་ཅན་གྱི་ཁྱིམ་དུ་འཇུག་པ་དང༌། མི་རོ་བསྲེགས་པའི་ཤིང་གི་ནང་དུ་བདག་ཉིད་ཞུགས་པར་རྨི་བ་དང༌། འཇིགས་སུ་རུང་བའི་གནས་སུ་འགྲོ་བ་དང༌། མའི་མངལ་དུ་སླར་འཇུག་པར་རྨིས་ན་སྲོག་དང་བྲལ་བའི་རྟགས་སོ། །ཁང་བཟངས་དང༌། བྲག་མཐོན་པོ་དང༌། རི་ཆེན་པོ་ནས་ལྷུང་བར་རྨིས་ན་འཆི་བའི་མངོན་རྟགས་སོ། །དེ་བཞིན་དུ་ཉས་མིད་པར་རྨིས་ན་དེ་ལྟར་བ་ལྟའོ། །སྐྱེས་བུ་གང་ཆོས་གོས་གོན་པ་དང༌། ཆ་ལུགས་ངན་པ་འཆང་བ་དང༌། གཅར་བུ་རྣམས་དང༌། ལག་ན་དབྱུག་པ་ཐོགས་པ་དང༌། མིག་དམར་པོ་དང༌། ལུས་ནག་པོའི་སྐྱེས་བུ་མཐོང་བ་རྨིས་ན་བསྔགས་པ་མ་ཡིན་ཏེ་ཉེས་པ་དང་བཅས་པ་ཡིན་ནོ། །བུད་མེད་ནག་མོ་སྡིག་པ་ཅན་གྱི་གདོང་དང་ལྡན་པ། སྐྲ་དང༌། སེན་མོ་དང༌། ནུ་མ་རིང་བ་དང༌།
གོས་དང༌། ཕྲེང་བ་རྙིངས་ཤིང་དྲི་མ་དང་བཅས་པ་གྱོན་ཞིང་འོངས་པ་རྨིས་ན་ངེས་པར་འཆི་བའི་མངོན་རྟགས་སོ། །གོང་དུ་རྨི་ལམ་སྣ་ཚོགས་ཀྱི་མཚན་མར་བསྟན་པ་དེ་དག་འདིར་རྨི་ལམ་དུ་ཇི་ལྟར་འབྱུང་ཞིང་མཐོང་བ་ཡིན་ཞེ་ན། གཉིད་ལོག་པའི་གནས་སྐབས་སུ་དྲི་མ་གསུམ་ཤས་ཆེར་འཁྲུགས་པས་དབང་པོའི་རྒྱུན་ཀུན་ཏུ་ཁྱབ་སྟེ་གནས་པ་ལས་ཡིད་ནི་མི་འགག་པའི་བདག་ཉིད་ཡིན་པས་དབང་པོའི་རྒྱུན་ཐམས་ཅད་ཀྱི་རྗེས་སུ་གཅོད་པའི་བྱེ་བྲག་ལས་རྨི་ལྟས་སུ་སྣང་སྟེ། དེ་ཡང་མིག་གི་དབང་པོའི་སྐྱོན་དང་བཅས་པའི་རྒྱུན་ལ་ཡིད་གཅོད་པའི་དུས་ན་ནི་གཟུགས་སྣ་ཚོགས་མཐོང་བ་ལ་སོགས་པའི་རྨི་ལམ་འབྱུང་བ་ཡིན་ལ། དེ་བཞིན་དུ་དབང་པོའི་རྒྱུན་ཐམས་ཅད་ལ་ཡང་དེ་ལྟར་སྦྱར་བར་བྱ་སྟེ། འོན་ཀྱང་སྐྱོན་དང་བཅས་པའི་དབང་པོའི་རྒྱུན་ལས་ཡིད་ཀྱི་བཅས་པ་ལས་རྨི་ལམ་མི་བཟད་པ་སྣ་ཚོགས་འབྱུང་བ་ཡིན་པས་ན་འཆི་བར་འགྱུར་ལ། མི་ན་བ་ནི་ནད་ཀྱིས་འདེབས་ཤིང་འཚོ་བ་ཐེ་ཚོམ་དང་བཅས་པར་འགྱུར་རོ། །དེ་ལ་རྨི་ལམ་རྨི་བར་བྱེད་པའི་རྒྱུ་ནི་རྣམ་པ་བདུན་ཏེ། སྔར་མིག་གིས་གཟུགས་ཀྱི་བྱེ་བྲག་མཐོང་བ་དང༌། མྱོང་བ་དང༌། རྣ་བས་ཐོས་པ་དང༌། ཡིད་ལ་གང་འདོད་པའི་དངོས་པོ་དང༌། བརྟག་པ་དང༌། བསྒོམ་པ་དང༌། ནད་ཀྱི་གཞི་ལས་བྱུང་བ་སྟེ་བདུན་པོ་དེ་དག་གོ །དེ་དག་ལས་མཐོང་བ་དང༌། མྱོང་བ་དང༌། ཐོས་པ་དང༌། འདོད་པ་དང༌། བརྟག་པ་ལས་རྨི་ལམ་འབྱུང་བ་འདི་དོན་མེད་པ་ཡིན་ནོ། །དེ་ལ་ནད་གཞི་གསུམ་གྱི་རང་བཞིན་གྱི་རྨི་ལམ་ནམ་མཁའ་ལ་འཕུར་བ་དང༌། མེ་མཐོང་བ་དང༌། ཆུ་མཐོང་བ་དང༌། དེ་དག་ཀྱང་དོན་མེད་པ་ཡིན་ནོ། །གཞན་ཡང་སྔར་རྨི་ལམ་གསལ་བ་ལས་ཕྱིས་བརྗེད་ཅིང་མི་དྲན་པ་དང༌། རྨི་ལམ་མང་པོ་ཡུན་རིང་དུ་རྨི་པ་དང༌། ཡུན་ཐུང་བར་རྨ་བ་དང༌། འདི་དག་ཀྱང་དོན་མེད་པའི་རྨི་ལམ་མོ། །གཞན་དུ་ནམ་གྱི་ཆ་སྟོད་ལ་རྨི་ལམ་རྨིས་པ་ནི་འབྲས་བུ་ཡུན་རིང་པར་སྟོན་པ་འམ། ཆུང་བའི་རྟགས་སོ། །ནང་པར་བ་ལང་བཟས་ལ་གཏོང་བའི་དུས་སུ་རྨི་ལམ་རྨི་བ་ནི་འཕྲལ་འབྲས་བུ་ཆེན་པོ་སྟོན་པའི་རྟགས་སོ། །
རྨི་ལམ་བཟང་པོ་རྨིས་ན་རྨི་ལམ་གཞན་གྱིས་བར་མི་ཆོད་པར་བྱ་བའི་ཕྱིར། གཉིད་ལོག་པར་མི་བྱ་སྟེ་འབེལ་བའི་གཏམ་བྱའོ། །གལ་ཏེ་སྡིག་པའི་རྨི་ལམ་རྨི་ན་ནི་ཞི་བའི་སྦྱིན་སྲེག་དང༌། སྦྱིན་པ་དང༌། བཟླས་བརྗོད་དང༌། བསྒོམ་པ་དང༌། བཀྲ་ཤིས་མང་པོ་ཡང་བྱའོ། །ཅི་སྟེ་མི་དགེ་བ་རྨི་ལམ་གྱི་ནང་དུ་མཐོང་ན། དེ་ཞི་བར་བྱ་བའི་ཕྱིར་ཡང་གཉིད་ལོག་པར་བྱ་སྟེ། རྨི་ལམ་བཟང་པོ་ཕྱིས་བྱུང་ན་སྔ་མ་དོན་མེད་པ་ཡིན་ནོ། །གཞན་ཡང་འོག་ནས་འབྱུང་བ་འདི་དག་རྨི་ན་ཚེ་རིང་བ་ལ་སོགས་པའི་ཡོན་ཏན་འབྱུང་སྟེ། དེ་ཡང་ལྷ་དང༌། བྲམ་ཟེ་དང༌། ཁྱུ་མཆོག་དང༌། གྲོགས་པོ་གསོན་པོ་དང༌། རྒྱལ་པོ་དང༌། སྐྱེས་བུ་དམ་པ་དང༌། སྙན་པར་གྲགས་པའི་མི་དང༌། མེ་འབར་བ་དང༌། གྲུབ་པ་དང༌། མཚོ་ཤིན་ཏུ་དངས་པ་དང༌། ཁྱེའུ་དང༌། བུ་མོ་ལུས་མདོག་དཀར་ལ་ཅུང་ཟད་དམར་བ་དང༌། གོས་དཀར་ལ་ཤིན་ཏུ་འཚེར་བ་དང༌། མིའི་ཤ་ཟ་བ་དང༌། ལུས་ལ་མེ་འབར་བ་དང༌། ལུས་ཐམས་ཅད་ཁྲག་གིས་བྱུགས་པར་རྨིས་པ་དང༌། མདོར་ན་རྨི་ལྟས་ཀྱི་མཚན་མ་བཟང་པོ་དེ་དག་མཐོང་ན། ཚེ་རིང་བ་དང༌། ནད་ཉུང་བར་འགྱུར་རོ། །གཞན་དུ་ན་གདུགས་དང༌། མེ་ལོང་དང༌། དུག་དང༌། ཤ་རློན་པ་དང༌། སྣ་མའི་མེ་ཏོག་དཀར་པོ་དང༌། གོས་དང༌། མི་གཙང་བས་ལུས་བྱུགས་པའི་མི་དང༌། ཤིང་ཏོག་ཨ་མྲ་ལ་སོགས་པའི་འབྲས་བུ་རྙེད་པར་རྨིས་ན་མཆོག་ཏུ་བཟང་བ་ཡིན་ནོ། །རི་མཐོན་པོ་དང༌། ཁང་བཟངས་ཀྱི་སྟེང་དང༌། ཤིང་འབྲས་བུ་ཅན་དང་འདི་རྣམས་ལ་འཛེག་པ་དང༌། སེང་གེ་དང༌། མི་དང༌། གླང་པོ་ཆེ་དང༌། རྟ་འམ་བ་ལང་གིས་དྲངས་པའི་ཤིང་རྟ་དང༌། འདི་དག་ལ་ཞོན་པར་རྨིས་ན་དེ་ནི་བདེ་བ་སྦྱིན་པར་བྱེད་དོ། །ཆུ་བོ་ཆེན་པོ་དང༌། མཚོ་བྲན་དང༌། རྒྱ་མཚོ་ཆེན་པོ་གང་ཡང་རུང་བ་ཤར་ཕྱོགས་ནས་བྱང་ཕྱོགས་སུ་རྒལ་བར་རྨིས་ན་འདི་ཡང་བདེ་བ་སྐྱེད་པར་བྱེད་དོ། །རིགས་ང་ན་དང་འགྲོགས་པ་དང༌། བདག་ཉིད་ཤི་བར་རྨིས་ན་ཡང་ཚེ་རིང་བ་ལ་སོགས་པའི་མཚན་མ་དགེ་བ་ཡིན་ནོ། །ལམ་ཉམ་ང་བ་ནས་འབྱུང་བ་དང༌། ལྷ་རྣམས་དང༌། ཕ་མ་ལ་མཆོད་
པར་རྨིས་པ་དང༌། བདག་ཉིད་དུ་བ་དང༌། རྡེག་འཆོས་པ་ལས་ལྡང་བ་དང༌། དགྲ་ཕམ་པར་བྱས་པ་དང༌། སྐྱེས་བུ་གང་གིས་དེ་ལྟར་རྨིས་ན། ཚེ་རིང་བ་དང༌། ནད་མེད་པ་དང༌། ནོར་མང་པོ་རྙེད་པ་ལ་སོགས་པ་ཐོབ་པའི་རྟགས་སོ། །གཞན་ཡང་ནད་པའི་ཡོན་ཏན་ཁྱིམ་དུ་བཀྲ་ཤིས་ཤིང་དམ་པ་རྣམས་ཀྱི་སྤྱོད་ཚུལ་དང་ལྡན་པ་དང༌། ཆུང་མ་དང༌། བུ་དང༌། བུ་མོ་དང༌། ཉེ་དུ་དང༌། གཡོག་འཁོར་དང་ལྡན་ཞིང༌། དེ་ཡང་སྙིང་ཉེ་ཞིང་མཐུན་པར་འཇུག་པ་དང༌། སྨན་ལ་ཡིད་ཆེས་པ་དང༌། སྨན་མང་པོ་འཆང་བ་དང༌། སྙིང་སྟོབས་ཆེ་བ་དང༌། ཕོ་ཉ་དང་ལྡན་པ་དང༌། གཙང་སྦྲ་ཆེ་བ་དང༌། སྨན་པ་དང༌། བྲམ་ཟེ་ལ་གུས་པ་དང༌། ནད་པ་དང་ནད་གཡོག་གཉིས་ཀྱང་སྨན་དཔྱད་ཀྱི་གསོ་བ་ལ་སེམས་སྐྱོ་བ་མེད་པ་དང༌། མདོར་ན་གོང་དུ་སྨོས་པའི་བཀྲ་ཤིས་པ་ལ་སོགས་པའི་ཡོན་ཏན་འདི་དག་དང་ལྡན་པའི་ནད་པ་ནི་བདེ་བ་ཐོབ་པར་འགྱུར་བའི་མཚན་མ་ཡིན་ནོ། །དེ་ལ་ལུས་ཀྱི་གནས་ཞེས་བྱ་བ་འདི་སྐྱེ་བ་དང་འཆི་བའི་མཚན་ཉིད་བསྟན་པ་ཡིན་པས་ལུས་ཀྱི་གནས་ཞེས་བྱའོ། །ལུས་ཀྱི་གནས་ལས་འཕྲིན་པའི་མཚན་མ་ལས་འཆི་ལྟས་སུ་བསྟན་པའི་ལེའུ་ཐ་མ་རྫོགས་སོ།། །།ཡན་ལག་བརྒྱད་པའི་སྙིང་པོ་ལས་ལུས་ཀྱི་གནས་ཞེས་བྱ་བའི་ལེའུ་དྲུག་པ་རྫོགས་ཏེ་ཡན་ལག་བརྒྱད་པའི་སྙིང་པོའི་གནས་གཉིས་པའོ།། །།དེ་ནས་ནད་ཐམས་ཅད་ཀྱི་གཞི་བཤད་པར་བྱ་སྟེ། ཅི་ན་ཡང་རུང་སྟེ་ནད་དོ་ཅོག་ཐམས་ཅད་ཀྱི་གཞི་ལས་ནད་དུ་འགྱུར་བར་བསྟན་པ་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་ན་རེ་ནད་ཅེས་བྱ་བའི་མིང་དུ་བརྩི་བའི་རྣམ་གྲངས་ནི་ལུས་འཇོམས་པར་བྱེད་པ་ཡིན། སྡིག་པ་ཡིན། རིམས་ཡིན། གནོད་པར་བྱེད་པ་ཡིན། །འགྱུར་བར་བྱེད་པ་ཡིན། སྡུག་བསྔལ་མ་ཞུ་བའི་ནད་དམིགས་ཡིན། ལུས་ཟད་པར་བྱེད་པ་ཡིན། འཚོ་དཀའ་བར་བྱེད་པ་ཡིན། མཁུན་པར་བྱེད་པ་ཡིན། ལུས་ཀུན་མི་བདེ་བར་བྱེད་པ་ཡིན་ཞེས་བྱའོ། །ནད་དོ་ཅོག་གི་བྱེ་བྲག་ནི་རྣམ་པ་ལྔར་ཤེས་པར་བྱ་སྟེ། དེ་དག་གང་ཞེ་ན་ནད་ཀྱི་གཞི་དང༌། ནད་ཚུལ་
སྔར་བྱུང་བ་དང༌། ནད་ཀྱི་ཚུལ་ཕྱེད་པ་དང༌། ཟས་སྨན་འཕྲོད་པ་གོམས་པར་བྱེད་པ་དང༌། ནད་དཀྱེལ་དུ་གྱུར་པ་དང༌། རྣམ་པ་ལྔར་ཤེས་པར་བྱའོ། །དེ་ལ་ནད་ཀྱི་གཞི་ཞེས་བྱ་བ་ནི་ནད་དུ་གྱུར་པའི་རྒྱུ་དང༌། ནད་དུ་གྱུར་པའི་སྐྱེ་མཆེད་དང༌། ནད་དུ་གྱུར་པའི་རྐྱེན་དང༌། ནད་སློང་བར་བྱེད་པ་དང༌། ནད་དུ་གྱུར་པའི་རྒྱུ་མཚན་དང༌། རྣམ་གྲངས་ཀྱི་མིང་འདི་རྣམས་ལ་ནད་ཀྱི་གཞི་ཞེས་བྱའོ། །དེ་ལ་ནད་ཚུལ་སྔར་བྱུང་བ་ཞེས་བྱ་བ་ནི་ནད་དམིགས་ཤིག་འབྱུང་བར་ནི་གྱུར་ན། ནད་ཅི་ཡིན་པའི་བྱེ་བྲག་མ་ཕྱེད་པས་ནད་ཀྱི་ཚུལ་ཅི་ཡིན་པ་གསལ་བར་ཡང་མི་སྣང༌། ནད་དཀྱེལ་ཡང་མི་ཆེ་བ་དེ་ལྟ་བུ་ལ་ནད་ཚུལ་སྔར་བྱུང་བ་ཞེས་བྱའོ། །དེ་ལ་ནད་ཀྱི་ཚུལ་ཕྱེད་པ་ཞེས་བྱ་བ་ནི་ནད་ཀྱིས་ཐེབས་པའི་ནད་དང༌། ནད་དམིགས་ཀྱི་དངོས་པོ་ཅི་ཡིན་པ་གསལ་བར་ཤེས་པ་ནི་ནད་ཀྱི་ཚུལ་ཕྱེད་པ་ཞེས་བྱ་སྟེ། ནད་ཀྱི་དབྱིབས་ཚུལ་ཅི་འདྲ་བ་དང༌། ནད་དམིགས་ཀྱི་ནད་ཀྱི་བྱེ་བྲག་གསལ་བར་མངོན་པ་དང༌། ནད་ཀྱི་རྟགས་དང༌། ནད་ཀྱི་མཚན་ཉིད་དང༌། ནད་ཀྱི་མཚན་མ་ཅི་ཡིན་པ་བྱེ་བྲག་ཕྱེད་པར་ཤེས་པའོ། །ཟས་སྨན་འཕྲོད་པ་གོམས་པར་བྱེད་པ་ཞེས་བྱ་བ་ནི་ནད་ཀྱི་རྒྱུ་དང་མི་མཐུན། ནད་ཀྱི་ངོ་བོ་དང་མི་མཐུན་པར་སྨན་དང༌། ཟས་དང༌། གནས་པ་དང༌། སྤྱོད་པ་ལ་སོགས་པ་བསྒྱུར་ཏེ་བྱས་པས་བདེ་བར་ཤེས་པར་འགྱུར་བ་དེ་ནི་ཉམས་སུ་ཕན་ཞིང་བརྟས་པར་བྱེད་པ་ཞེས་བྱ་སྟེ། དེ་ནི་ནད་དང་འཕྲོད་པའི་ཟས་སྨན་གོམས་པ་ཞེས་བྱའོ། །དེ་ལྟ་བུ་ལས་བཟློག་པ་ནི་ཉམས་སུ་མི་ཕན་ལ་བརྟ་བར་མི་འགྱུར་ཏེ་དེ་ནི་ཟས་སྨན་ནད་དང་མི་འཕྲོད་པ་ཞེས་བྱའོ། །དེ་ལ་ནད་དཀྱེལ་དུ་གྱུར་པ་ཞེས་བྱ་བ་ནི་རླུང་ནད་དམ། མཁྲིས་པ་འམ། བད་ཀན་ལྟ་བུའི་ནད་ཀྱིས་ཐེབས་པ་དེ་ཆེར་སྐྱེས་པས་ནད་སྔོན་དུ་ན་བར་གྱུར་ཏེ་བདག་ནི་ནད་འདི་ལྟ་བུ་ཞིག་གིས་ཐེབས་ཏེ་ན་ཞིང་འདུག་སྙམ་དུ་ཤེས་པ་ཡིན་ནོ། །ནད་དོ་ཅོག་ཐམས་ཅད་ཀྱི་ཚུལ་ཤེས་པར་བྱ་བའི་ཐབས་རྣམ་པ་ལྔ་ཡོད་དེ། ནད་རེ་རེ་ལ་ཡང་སྣ་གྲངས་སུ་ཡོད་པ་དང༌། ནད་དམིགས་གང་ཡིན་བརྟག་པ་དང༌། གཙོ་བོར་གྱུར་པའི་ནད་དང༌། ནད་སྟོབས་ཀྱི་མཐུ་ཆེ་བ་དང༌། དུས་ལས་ནད་དམིགས་ཤེས་པར་བྱ་བ་དང་ལྔའོ། །དེ་
ལ་ནད་རེ་རེའི་སྣ་གྲངས་ཞེས་བྱ་བ་ནི་དཔེར་ན་རིམས་ལྟ་བུ་ལ་ཡང་རིམས་ནད་རྣམ་པ་བརྒྱད་དུ་བཤད་པ་ཡིན་ནོ། །དེ་ལ་ཡང་ནད་དམིགས་གང་ཡིན་བརྟག་པ་ནི་རླུང་ནད་དང༌། མཁྲིས་པའི་ནད་དང་བད་ཀན་གྱི་ནད་རྣམས་ཅིག་ཅར་དུས་གཅིག་ཏུ་ན་ན་ནད་དེ་རླུང་གི་ཤས་སུ་གཏོགས་པ་ཡིན་ནམ། མཁྲིས་པ་འམ་བད་ཀན་གྱི་ཤས་གར་གཏོགས། ནད་འདི་གང་ཡིན་ཞེས་རྣམ་པར་རྟོག་པར་བྱེད་པའོ། །དེ་ལ་གཙོ་བོར་གྱུར་པའི་ནད་ཅེས་བྱ་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་སར་རང་རང་གི་ནད་བྱུང་བ་ནི་ནད་རང་དབང་ཅན་ཞེས་བྱ་སྟེ། དེ་ནི་ནད་གཙོ་བོར་གྱུར་པ་ཞེས་བྱའོ། །བད་ཀན་གྱི་སར་རླུང་ནད་ལྟ་བུ་བྱུང་བ་ནི་རང་དབང་མེད་པ་གཙོ་བོར་མ་གྱུར་པ་ཡིན་ཏེ་གསོ་དཀའ་བ་ཞེས་བྱའོ། །དེ་ལ་ནད་དམིགས་ཀྱི་མཐུ་ཆེ་བ་ཞེས་བྱ་བ་ནི་ཅི་ལས་ནད་དུ་གྱུར་པའི་ནད་ཀྱི་གཞི་ཡང་རྗེས་ཆོད་དེ་ཤེས་ཕ་དེ་ལས་ནད་དུ་གྱུར་པའི་ནད་ཀྱང་དངོས་སུ་མངོན་པར་གྱུར་པ་དེ་ནི་ནད་དམིགས་མཐུ་ཆེ་བར་གྱུར་པ་ཞེས་བྱ་སྟེ། ནད་ཚབས་ཆེ་བར་བལྟའོ། །ཅི་ལས་ནད་དུ་གྱུར་པའི་ནད་གཞི་ཡང་ཚང་བར་མི་མངོན་ལ། ནད་ཀྱི་གཞི་གང་ལས་ན་བར་གྱུར་པའི་ནད་དམིགས་ཀྱང་ཚང་བར་མི་མངོན་ན། དེ་ནི་ནད་དམིགས་མི་ཆེ་བ་ཞེས་བྱའོ། །དེ་ལ་དུས་ལས་ནད་དམིགས་གང་ཡིན་ཤེས་པར་བྱ་ཞེས་བྱ་བ་ནི། རླུང་དང༌། མཁྲིས་པ་དང༌། བད་ཀན་གྱི་བྱེ་བྲག་གི་ཚུལ་བཞིན་དུ་མཚན་མོའི་བྱེ་བྲག་དང༌། ཉིན་མོའི་བྱེ་བྲག་དང༌། དུས་ཚིགས་ཀྱི་བྱེ་བྲག་གམ། ཟན་ཟོས་པའི་འོག་གམ། ཁ་ཟས་ཞུ་བར་གྱུར་པའི་རྗེས་ལྟ་བུ་ལ་ན་ན་འདི་རྣམས་ཀྱི་བྱེ་བྲག་གང་གི་ཚེ་ནད་ཀྱིས་བཏབ་པ་དེ་ལས། ནད་ཅི་ཡིན་པ་ཤེས་པར་གྱིས་ཤིག །དེ་ལྟ་བས་ན་ནད་གཞི་གང་ལས་ནད་དུ་གྱུར་པའི་དམིགས་མདོ་ཙམ་ཞིག་བསྟན་པ་ནི་དེ་ཡིན་ནོ། །ཞིབ་ཏུ་ནི་འོག་ནས་བཤད་པར་བྱའོ། །ནད་དོ་ཅོག་ཐམས་ཅད་ཀྱི་ནད་གཞི་ནི་རླུང་དང༌། མཁྲིས་པ་དང༌། བད་ཀན་རྣམས་འཁྲུགས་པ་ལས་ནད་ལྡང་བར་འགྱུར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན་གནོད་པར་འགྱུར་བའི་ཚོགས་བསྟེན་པས་ནད་གཞི་འཁྲུགས་ན་ནད་ལྡང་ངོ༌། །
གནོད་པར་གྱུར་པ་བསྟེན་པས་ནད་ལྡང་བར་འགྱུར་བ་དེ་ཡང་རྣམ་པ་གསུམ་ཞིག་སྔར་བཤད་པ་ཡང་ཡིན་ཏེ། དེ་ལས་རླུང་ནད་དུ་གྱུར་པའི་ནད་གཞི་ནི། རོ་ཁ་བ་དང༌། ན་ལེ་ཤམ་དང༌། རོ་བསྐ་བའི་བག་ཟ་བ་དང༌། ཁ་ཟས་ཆུང་ངུར་ཟ་བ་དང༌། ཁ་ཟས་རྩུབ་པར་ཟ་བ་དང༌། རྟག་ཏུ་ཁ་ཟས་ཚོད་བཟུང་སྟེ། དབུ་ཟུངས་ཟ་བ་དང༌། བཤང་གཅི་འོང་ན་བཀག་པ་དང༌། ཡང་ན་བཤང་གཅི་མི་འོང་བཞིན་དུ་ནན་གྱིས་བཙིར་བ་དང༌། མཚན་མོ་ཐོག་ཐག་མི་ཉལ་བ་དང༌། སྐད་ཆེན་པོ་དྲག་པར་སྨྲ་བ་དང༌། བཀྲུ་སྨན་དང༌། སྐྱུག་སྨན་ཧ་ཅང་མང་དུ་གཏོང་བ་དང༌། འཇིགས་པ་དང༌། མྱ་ངན་དང༌། སེམས་ལས་དང༌། དྲག་ཤུལ་རྩལ་བག་དང༌། ལས་ཁུར་ཆེར་བྱེད་པ་དང༌། བུད་མེད་ལ་ཧ་ཅང་དྲགས་པ་དང༌། འདི་རྣམས་ལྟ་བུའི་གཞིས་དབྱར་ཟླ་ཐ་ཆུངས་ཉ་བྲི་ཕན་ཆད་སྟོན་ཟླ་འབྲིང་པོའི་ཉ་ཚུན་ཆད་དུ་ནད་ཀྱི་ཐེབས་པ་དང། ཕྱི་འཕྲེད་དམ་ཐོ་རངས་ན་བ་དང༌། ཁ་ཟས་ཟོས་པ་ཞུ་བའི་རྗེས་ལ་ན་བ་དེ་དག་ནི་རླུང་ནད་ཡིན་ནོ། །མཁྲིས་པ་རྒྱས་པར་གྱུར་པའི་ནད་གཞི་ནི། ན་ལེ་ཤམ་དང༌། སྒོག་པ་དང༌། དབྱི་མོ་དང༌། ཀྲུ་ཏྲུག་ཏྲེས་ལྟ་བུ་ཟོས་པ་དང༌། སྐྱུ་རུ་ར་དང༌། བལ་པོ་སེ་འུ་ལྟ་བུ་མ་གཏོགས་པར་སྐྱུར་བག་གོ་ཅོག་ཟོས་པ་དང༌། རོ་རྣོ་བག་ལ་སྐེ་ཚེ་ལྟ་བུ་ཚ་བ་དང༌། ཁ་ཟས་མ་བསྒྲངས་པ་ཚ་ཆེས་པ་ཟོས་སམ་འཐུངས་པ་དང༌། ཉི་ཚན་ནམ་མེའི་འོད་ཚ་ཆེས་པ་ལ་འདེ་བ་དང༌། ཁྲོས་ཤིང་རྔམ་པ་དང༌། ལུས་དང་ཁོང་ཚ་བར་འགྱུར་བའི་བག་འདི་རྣམས་ཀྱིས་ནི་སྟོན་ཟླ་འབྲིང་པོ་ཉ་བྲི་ཕན་ཆད་སྟོན་ཟླ་ཐ་ཆུངས་དང་དགུན་ཟླ་ར་བ་ཉ་ཚུན་ཆད་ནད་ཀྱིས་བཏབ་པ་འམ། ཉི་མའི་གུང་ངམ། ནམ་ཕྱེད་ན་འམ། དབྱར་ཟླ་ར་བ་དང༌། དབྱར་ཟླ་འབྲིང་པོ་ཚ་བའི་དུས་སུ་ནད་ཀྱིས་བཏབ་ན་དེ་ནི་མཁྲིས་པའི་ནད་ཅེས་བྱའོ། །དེ་ལ་བད་ཀན་གྱི་ནད་དུ་གྱུར་པའི་ནད་གཞི་ནི་བུ་རམ་གྱི་བག་དང༌། འོ་མ་ལྟ་བུ་མངར་བག་དང༌། ལན་ཚྭ་དང༌། སྣུམ་བག་དང༌། ཁ་ཟས་འཇུ་དཀའ་སྟེ་ལྕི་བ་དང༌། བད་ཀན་དུ་གྱུར་པའི་བག་དང༌། བསིལ་བའི་བག་དང༌། རྟག་པར་མལ་གཅིག་ན་འདུག་པའི་བག་དང༌། འཕྲེས་ཤིང་སྙེས་ཏེ་འདུག་པ་དང༌། ཟས་མ་ཞུ་བ་དང༌། ཉིན་པར་
གཉིད་ལོག་པ་དང༌། ཤ་སྐྱེ་ཞིང་སྦོམ་པར་འགྱུར་བ་འདི་རྣམས་ཀྱིས་བད་ཀན་གྱི་ནད་རྒྱས་པ་དྲངས་ཤིང་སློན་ཀྱང་མ་ཕྱིན་ཏམ། ཟན་ཟོས་མ་ཐག་པའི་རྗེས་ལ་ན་འམ། དཔྱིད་ཟླ་འབྲིང་པོ་དང༌། དཔྱིད་ཟླ་ཐ་ཆུངས་ཀྱི་ངོ་ལ་ནའམ། སྔ་དྲོ་ན་འམ། ནམ་སྟོད་ལ་ནད་ཀྱིས་བཏབ་ན་དེ་ནི་བད་ཀན་གྱི་ནད་ཅེས་བྱའོ། །དེ་ལ་གཉིས་ལས་གྱུར་པའི་ནད་ནི་རླུང་དང་མཁྲིས་པ་གཉིས་ལས་གྱུར་པའི་ནད་དང༌། རླུང་དང་བད་ཀན་གཉིས་ལས་གྱུར་པའི་ནད་དང༌། མཁྲིས་པ་དང་རླུང་གཉིས་ལས་གྱུར་པའི་ནད་དང༌། བད་ཀན་དང་རླུང་གཉིས་ལས་གྱུར་པའི་ནད་དང༌། བད་ཀན་དང་མཁྲིས་པ་གཉིས་ལས་གྱུར་པའི་ནད་དང༌། འདི་རྣམས་ལྟ་བུ་ནི་གཉིས་ལས་གྱུར་པའི་ནད་ཅེས་བྱའོ། །དེ་ལ་འདུས་པ་ལས་གྱུར་པའི་ནད་ཅེས་བྱ་བ་ནི་རླུང་དང༌། མཁྲིས་པ་དང༌། བད་ཀན་གྱི་ནད་དམིགས་གསུམ་ཚོགས་པ་ལས་ནད་དུ་གྱུར་པ་དེ་ནི་འདུས་པ་ལས་གྱུར་པའི་ནད་ཅེས་བྱའོ། །འདུས་པ་ལས་གྱུར་པའི་ནད་དེ་ཡང་ནད་གཞི་ཇི་ལྟ་བུ་ལས་ནད་དུ་འགྱུར་ཞེ་ན། རླུང་ནད་དུ་གྱུར་པའི་ཁ་ཟས་དང༌། མཁྲིས་པའི་ནད་དུ་གྱུར་པའི་ཁ་ཟས་དང༌། བད་ཀན་གྱི་ནད་དུ་གྱུར་པའི་ཁ་ཟས་འདི་གསུམ་འདྲེས་པར་ཟོས་ལ་མ་ཞུ་བར་གྱུར་པ་དང༌། ཁ་ཟས་སྔར་ཟོས་པའི་རྗེས་ལ་ཁ་ཟས་ཕྱི་མ་ཡང་ཟོས་ཏེ་ཁ་ཟས་སྙོམས་པར་གྱུར་པ་འདི་ལྟ་བུ་དང༌། ཁ་ཟས་ནང་མི་འཕྲོད་པ་ལྟ་བུ་དང༌། ལྷག་པར་ཆེར་ཟོས་པ་དང༌། ཆང་མི་ཞིམ་པ་ངན་པ་འཐུངས་པ་དང༌། ཆུ་གནོད་པར་གྱུར་པ་ངན་པ་འཐུངས་པ་དང༌། ཚོད་མ་སྐམ་པོའི་བག་ཟ་བ་དང༌། ལ་ཕུག་ལྟ་བུའི་རྩ་བའི་བག་རྗེན་པར་ཟ་བ་དང༌། ཏིལ་གྱི་ཚིགས་མ་ཟ་བ་དང༌། ས་ཞག་ཟ་བ་དང༌། སོ་བའི་ཆང་དང༌། ཤ་རུལ་བ་དང༌། ཤ་སྐམ་པ་དང༌། ཤ་རིད་པ་ངན་པ་འདི་ལྟ་བུའི་བག་ལ་སོགས་ཏེ། ནད་དམིགས་རྣམ་གསུམ་དུ་གྱུར་པའི་བག་ཟོས་པ་དང༌། སྔོན་ཆད་ཁ་ཟས་རྟག་ཏུ་གོམས་པ་ཟ་བ་ལས་བསྒྱུར་ཏེ། སྔོན་མ་ལོངས་པའི་ཁ་ཟས་གསར་པ་ཟོས་པ་དང༌། དུས་ཚིགས་ཚུལ་བཞིན་དུ་མི་གནས་པར་གྱུར་ཏེ་དུས་ཚིགས་ལོག་པ་ངན་པར་གྱུར་པ་དང༌། ཤར་ཕྱོགས་ནས་རླུང་ལངས་པའི་ཁར་བབ་པའམ། ཡང་ན་སྔ་དྲོའི་སེར་བུའམ།
ཡང་ན་གར་འགྲོ་བའི་མདུན་ནས་རླུང་གནོད་པས་ཕོག་པ་དང༌། ལུས་ལ་ཡི་དྭགས་གདོན་འདྲེ་ཕབ་པ་དང༌། དུག་འཐུངས་པ་དང༌། དབྱིག་དུག་འཐུངས་པ་དང༌། ཁོང་དུ་བེའུ་སྣབས་ཀྱི་ནད་ཡོད་པ་དང༌། རི་དྲུང་དུ་ཉེ་བར་གནས་པ་དང༌། བཙས་པའི་བླ་སྐར་ལ་གཟའ་ཞུགས་པས་གནོད་པར་གྱུར་པ་དང༌། སྨན་བཅུད་ལེན་ལྟ་བུ་ལོག་པ་བཏོང་བའམ། སྐྱུག་སྨན་དང༌། བཀྲུ་སྨན་དང༌། དུགས་དང་ལུམས་ལྟ་བུ་ལོག་པར་བྱས་པ་འདི་ལྟ་བུའམ། ཚེ་སྔ་མ་དང་ལྟར་གྱི་ཚེ་ལྟ་བུ་ལ་སྡིག་པ་སྣ་ཚོགས་བྱས་པའམ། བུད་མེད་རྣམས་བུ་བཙས་པའི་ཚེ་ལོག་པར་བྱུང་བ་དང༌། དེའི་ཚེ་དཔྱད་ལོག་པར་བྱས་པ་དང༌། རྣམ་པ་འདི་ལྟ་བུའི་ནད་དུ་གྱུར་ནས་རླུང་དང༌། མཁྲིས་པ་དང༌། བད་ཀན་སོ་སོའི་ནད་ཀྱི་གནས་སུ་སོ་སོའི་རྩའི་སྦུབས་ནས་ནད་རྒྱུ་སྟེ། ནད་དཀྱེལ་ཞུགས་ན་འདུས་པའི་ནད་ཀྱིས་ལུས་མྱུར་དུ་འབེབས་པར་འགྱུར་རོ། །ནད་གཞི་བཤད་པའི་ལེའུ་སྟེ་དང་པོའོ།། །།རིམས་ནད་ཀྱི་ནད་གཞི་བསྟན་པའི་ལེའུ་སྟེ་གཉིས་པ་བཤད་བར་བྱའོ། །རིམས་ནི་ཐམས་ཅད་ཀྱི་བདག་པོ་ཞེས་བྱའོ། །རིམས་དེ་ནི་སྡིག་པ་ཡིན། འཆི་བདག་ཡིན། གཟི་དང་མདངས་མ་རུངས་པར་བྱེད་པ་ཡིན། འཆི་བར་བྱེད་པ་ཡིན། རིམས་ནད་ཀྱི་ནད་གཞི་རྣམ་པ་གཅིག་ནི། གནའ་ག་ལ་ལྷ་མ་ཡིན་ཞེས་བྱ་བས་ལྷ་ཐམས་ཅད་བོས་ཏེ་མཆོད་སྦྱིན་བྱས་ནས། ལྷ་ཆེན་པོ་དྲག་ཤུལ་ཅན་མ་བོས་ཏེ། མཆོད་སྦྱིན་ཡང་མ་བྱིན་པས་ལྷ་དྲག་ཤུལ་ཅན་དེ་ཁྲོས་ནས་ལྷ་མ་ཡིན་གྱི་མཆོད་སྦྱིན་ཡང་མ་རུངས་པར་བྱས། ཁྲོས་ཤིང་རྔམ་པའི་ཚེ་དཔྲལ་བར་ཡང་མིག་གཅིག་བྱུང་བའི་ནང་ནས་རིམས་ནད་བྱུང་སྟེ། མི་ཡུལ་དུ་རིམས་ནད་བཏང་སྟེ་རིམས་འདི་ལས་ཀྱང་བྱུང་ཞེས་ཟེར་རོ། །རིམས་ནི་ཐོག་མར་བཙའ་བའི་ཚེ་ཡང་ལུས་དང་ལྷན་ཅིག་ཏུ་བྱུང་བ་ཡིན། ལུས་ཐ་མ་འཆི་བའི་ཚེ་ཡང་རིམས་དང་ལྷན་ཅིག་འགྲོ་བ་ཡིན་ནོ། །རིམས་ཀྱི་རང་བཞིན་ནི་ལུས་ཀུན་ཏུ་ཚ་བ་རྨོངས་པ་ཡིན་ནོ། །རིམས་ནད་དུ་གྱུར་པའི་ནད་གཞི་ནི་ཁ་ཟས་མི་འཕྲོད་ཅིང་གནོད་པ་ལོག་པར་བསྟེན་པ་ལས་འབྱུང་ངོ༌། །རིམས་དྲག་པོ་སྣ་ཚོགས་ཡོད་པ་དེ་དག་གི་མིའོ་ཅོག་དང༌། རྟ་དང༌། གླང་པོ་ཆེ་དང༌། བ་ལང་ལ་སོགས་པ་སྐྱེ་གནས་ཐ་དད་པ་རྣམས་
ལ་རིམས་ནད་གྱིས་བཏབ་ནས་མི་དང་ཕྱུགས་ལ་རིམས་ནད་དེའི་མིང་སོ་སོར་བཏགས་པར་གྱུར་ཏོ། །ཡང་རིམས་ལ་རྣམ་པ་བརྒྱད་ཡོད་དེ། དེ་གང་ཞེ་ན་རླུང་དང༌། མཁྲིས་པ་དང༌། བད་ཀན་གྱི་ནད་དམིགས་སོ་སོའི་རིམས་སྣ་གསུམ་དང༌། འདྲེས་པའི་རིམས་ནད་གསུམ་དང༌། གསུམ་འདུས་པའི་རིམས་ནད་དང༌། གློ་བུར་གྱི་རིམས་ནད་དང་བརྒྱད་དོ། །དེ་ལ་རིམས་ནད་བརྒྱད་པོ་གང་ཞེ་ན། སོ་སོའི་ནད་དམིགས་ཀྱི་རིམས་ནད་རྣམ་པ་གསུམ་པོ་རླུང་ལས་གྱུར་པའི་རིམས་ནད་དང༌། མཁྲིས་པ་ལས་གྱུར་པའི་རིམས་ནད་དང༌། བད་ཀན་ལས་གྱུར་བའི་རིམས་ནད་དང་རྣམ་གསུམ་མོ། །ཡང་ན་ནད་གཞི་སྣ་གཉིས་འདྲེས་པའི་རིམས་ནད་རྣམ་གསུམ་ཡོད་པ་རླུང་དང་མཁྲིས་པར་འདྲེས་པའི་རིམས་ནད་དང༌། རླུང་དང་བད་ཀན་དུ་འདྲེས་པའི་རིམས་ནད་དང༌། མཁྲིས་པ་དང་རླུང་ནད་དུ་འདྲེས་པའི་རིམས་ནད་དང༌། མཁྲིས་པ་དང་བད་ཀན་དུ་འདྲེས་པའི་རིམས་ནད་དང༌། བད་ཀན་དང་རླུང་ནད་དུ་འདྲེས་པའི་རམས་ནད་དང༌། བད་ཀན་དང་མཁྲིས་པར་འདྲེས་པའི་རིམས་ནད་དང༌། འདི་རྣམ་གསུམ་མོ། །འདུས་པ་ལས་གྱུར་པའི་རིམས་ནད་ནི་རླུང་དང༌། མཁྲིས་པ་དང་བད་ཀན་གསུམ་མཉམ་དུ་འདུས་པ་ལས་རིམས་ནད་དུ་འགྱུར་བ་ནི་འདུས་པའི་རིམས་ནད་ཅེས་བྱའོ། །གློ་བུར་གྱི་རིམས་ནི་དྲག་ཤུལ་གྱི་བག་ལས་སྣད་པ་དང༌། གདོན་ནད་ཀྱིས་བཏབ་པ་ལྟ་བུ་དང༌། དམོད་པ་བོར་བ་དང༌། ངན་དུ་བྱེད་པའི་བྱད་བྱས་པ་ལས་རིམས་སུ་འགྱུར་རོ། །དེ་ལྟར་རིམས་ནད་ནི་རྣམ་པ་དེ་བརྒྱད་དོ། །རིམས་ནད་གང་ཡང་རུང་སྟེ། དང་པོ་རིམས་ནད་དུ་གྱུར་པའི་སྔ་ཚུལ་ནི། རླུང་ནད་སློང་བ་འམ། མཁྲིས་པའི་ནད་སློང་བའམ། བད་ཀན་གྱི་ནད་སློང་བ་དེ་ལུ་བུའི་སོ་སོའི་ནད་གཞིས་སོ་སོའི་ནད་བསླངས་ནས། ཁ་ཟས་མ་ཞུ་བའི་ས་ཕོ་བའི་ནད་དུ་རིམས་ནད་ཞུ་བ་དང་ལྷན་ཅིག་གནས་ནས་ནད་གི་རྩ་ཀུན་འགགས་ཏེ་ཁ་ཟས་འཇུ་བའི་གནས་ཕོ་བའི་ནད་ན་དྲོད་ཡོད་པ་ཀུན་ཕྱི་རོལ་དུ་ཕྱུང་ནས། རིམས་ནད་ཆ་བ་ཕྱི་རོལ་དུ་བྱུང་བ་དང་གཉིས་ཀྱིས་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་ཁྱབ་པར་ཞུགས་ནས་ལུས་ཐོག་ཐག་ཏུ་གདུངས་ཏེ། ལུས་རབ་ཏུ་ཚ་ནར་གྱུར་པ་དེ་ནི་རིམས་ནད་ཡིན་ཏེ་
རྩ་སྒོ་ཀུན་འགགས་ཤིང་ལུས་ལ་རྔུལ་བ་ཡང་ཕལ་ཆེར་མི་འབྱུང་ངོ༌། །འདི་ལྟ་བུ་ནི་ཐོག་མ་རིམས་ནད་ཀྱིས་བཏབ་པའི་རྟགས་སྔ་ཚུལ་ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་རིམས་ནད་དེ་ཚབས་ཆེར་སྐྱེས། ནད་ཀྱི་རང་བཞིན་གསལ་བར་བྱེད་པ་ཞེས་བྱ་སྟེ། དེ་ཡང་ཇི་ལྟ་ཞེ་ན། ཁོང་ངལ། ཉམས་མི་དགའ། ལུས་ལྕི། ཁར་རོ་བྲོ་བ་མི་ཚོར། ཁ་ཟས་ཡི་གར་མི་འོང༌། གླལ་འབྱུང༌། མིག་རྩ་དམར། ཡང་ན་མིག་རྩ་སེར་རམ་མིག་དཀར་བག་ཆེ་བ་དང༌། རྐང་ལག་གི་ལྷུ་ཚིགས་ཀུན་བརྡུངས་པ་ཙམ་དུ་ན། ཁ་ཟས་འཇུ་བའི་ཤས་བྲི། ཉམས་སྟོབས་ཆུང། གཉིད་ཆེ། བ་སྤུ་ཀུན་ལངས། བྱ་རྨྱང་བྱེད་འདོད། བྱིན་པའི་ཉ་ན། ལུས་སྙོམ། ཕན་པའི་དཔྱད་བསྟན་པ་ལས་མི་བཟོད་དེ་ཁྲོ། ཁ་ཟས་སྐྱུར་བག་དང་རོ་ཆ་བ་དང་དྲོན་པོའི་བག་ལ་སྲེད། ཁ་ཟས་མངར་ལ་མི་དགའ། བྱིས་པ་གཞོན་ནུའི་བག་ལ་ཁྲོ། །སྐོམ་དང་རབ་ཏུ་ཆེ། སྒྲའི་བག་དང་མེ་དང་གྲང་ལྷགས་དང་རླུང་དང་གྲིབ་མ་དང་ཉི་ཚན་དང་འདི་རྣམས་ལྟ་བུ་ལ་བསྟེན་པར་ཡང་རེས་འགའ་ནི་འདོད། རེས་འགའ་ནི་མི་འདོད་དེ་མ་ངེས་སོ། །འདི་རྣམས་ལྟར་གྱུར་པ་ནི་རིམས་ནད་ཀྱི་རང་བཞིན་གསལ་བར་བྱེ་བྲག་ཕྱེད་པ་ཞེས་བྱའོ། །དེ་ལ་རླུང་ལས་གྱུར་པའི་རིམས་ནད་ཀྱི་ནད་ཐབས་ནི་དང་པོ་རིམས་ཀྱིས་ཐེབས་པའི་ཚེ་ཡང་ནད་ཚབས་མི་ཆེ། ཚ་བའི་ཚབས་ཀྱང་མི་ཆེའོ། །རིམས་འབྱང་དུ་ཉེ་བའི་ཚེ་ན་ནད་ཚབས་ཀྱང་མི་ཆེ། ཚ་བའི་ཚབས་ཀྱང་མི་ཆེའོ། །ལུས་དང་ཡན་ལག་མི་སྙོམས་ཏེ་མལ་གཅིག་ཏུ་ཟུག་ཅིང་ན་བམ་ཡིན་གྱི་འཕོ་ཞིང་ན། རྐང་པ་གཉིས་ཚོར་བ་མེད་ཅིང་བེམ་བག་ཏུ་འགྱུར་ལ་རེངས། བྱིན་སྙིང་ན། ལུས་ཀྱི་ཁོང་ངལ་ཞིང་རུས་པའི་ཚིགས་རྣམས་ཁ་བྱེ་བ་སྙམ་བྱེད། བརླ་གཉིས་ན། རྐེད་པ་ན། རྒྱབ་བརྡུང་བ་སྙམ་དུ་ན། ལྟོ་བ་ན། རུས་པ་ཀུན་དང་རྩིབ་ལོགས་གཡས་གཡོན་ལྷག་པར་ན། སྙིང་བཙིར་བ་སྙམ་བྱེད་ལ་ཟུག་ཅིང་ན། བྲང་དང་ནུ་འཇིང་དུ་བཙུགས་པ་སྙམ་དུ་གཟེར་ཞིང་ན། ཕྲག་སོར་གཉིས་བརྡུངས་པ་བཞིན་དུ་ན། དཔུང་པ་ནས་ལག་ངར་དུ་བཅོམ་པ་བཞིན་དུ་ན། སྒྲོག་རུས་ཀྱི་ཉེ་འཁོར་བཙིར་བ་སྙམ་བྱེད། འགྲམ་པ་ན་སྟེ་ཁ་ཟས་བལྡད་མི་
ནུས། ཁ་གླལ་འབྱིན། རྣ་བ་གཉིས་འབོད་ཅིང་སྒྲ་འབྱུང༌། མུར་འགྲམ་གཉིས་ཟུག་ཅིང་ན། གླད་པའི་སྤྱི་བོ་ན། ཁའི་ནང་རོ་ཅི་བྲོ་བ་མི་ཚོར་བའམ། ཡང་ན་ཁའི་རོ་བསྐ་བ་བྲོ། །བཤང་གཅིའི་དྲི་མ་ཡང་མི་འབྱུང་སྟེ་སྲི། ཤ་མདངས་ཀྱི་པགས་པ་དང། བཞིན་དང༌། ཁའི་ནང་དང༌། མིག་དང༌། སེན་མོ་དང༌། བཤང་གཅི་ལ་སོགས་པ་ཀུན་ཡང་རྩུབ་ལ་ཅུང་ཟད་རྩ་དམར། ཁ་ནས་མཆིལ་མ་མང༌། ཁ་ཟས་ཡི་གར་མི་འོང་བཞིན་ཟ། ཟས་འཇུར་མི་རུང༌། ལུས་ལ་རྡུལ་མི་འབྱུང༌། མཚན་མོ་གཉིད་མི་འོང། མཆུ་དང་གྲེ་བ་སྐམ། སྐོམ་དད་ཆེ། ལུད་པ་སྐམ། ལུད་པ་ལུ་ཞིང་སྐམ་པོར་སྐྱུགས་ཏེ་མི་འབྱུང༌། སེམས་བྱིང་ཞིང་དམན་པར་གྱུར། ལུས་ཀྱི་བ་སྤུ་ལངས་ཏེ་ཤ་དང་པགས་པ་བརྩེ། ལུས་དང་རྐང་ལག་འདར། སྦྲིད་པ་འགགས་ཏེ་འབྱུང་དུ་མི་རུང༌། མགོ་འཁོར། ཁ་ནས་ཚིག་ཅལ་ཅོལ་སྨྲ། ཉི་ཚན་ནམ་དྲོ་བའི་བག་ལ་འདུག་པར་འདོད། རྐང་ལག་བྱ་རྨྱང་བྱེད། ནད་ཀྱི་ཚུལ་འདི་རྣམས་ལྟ་བུ་ནི་རླུང་ནད་ཀྱི་རིམས་ཞེས་བྱའོ། །དེ་ལ་མཁྲིས་པ་ལས་གྱུར་པའི་རིམས་ཀྱི་ནད་ཐབས་ནི་ལུས་ཀྱི་མགོ་དང་ཡན་ལག་ཀུན་དུ་ན་བ་དང་ཚ་བས་ཅིག་ཅར་ཁྱབ་ལ་ཚིག་ཅལ་ཅོལ་དུ་སྨྲ་ཞིང་གླལ། ཁའི་ནང་རོ་ཆ་བར་བྲོ། །སྣ་དང་ཁའི་ནང་དུ་ཐོར་བུ་འབྱུང༌། བསིལ་བའི་བག་འདོད། མགོ་འཁོར། བརྒྱལ། མྱོས། སྙིང་མི་དགའ། ཐུར་དུ་འཁྲུ། མཁྲིས་པར་སློན། མཆིལ་མ་བོར་བའི་ནང་ནས་ཁྲག་འབྱུང༌། རོ་སྐྱུར། ལུས་ལ་ཐོར་བུ་དམར་པོ་ཆང་ཆུང་འབྱུང༌། ཤ་མདངས་ཀྱི་མདོག་དང༌། བཞིན་མདོག་དང༌། མིག་དང༌། སེན་མོ་དང༌། བཤང་གཅི་རྣམས་སེར་ཞིང་རྩ་སྔོ་རྡུལ་འབྱུང་བའི་དབུགས་འབྱུང་བ་མནམ་མམ། སྐོམ་དད་ཆེ་བའི་ནད་འདི་ལྟ་བུའི་ནད་ཐབས་ནི་མཁྲིས་པའི་རིམས་ནད་ཡིན་ནོ། །བད་ཀན་ལས་རིམས་སུ་གྱུར་པའི་ནད་ཐབས་ནི་ལྷག་པར་ཁ་ཟས་ཡི་གར་མི་འོང་ལ་རྨོངས་བག་ཏུ་འགྱུར། རྩ་རྣམས་འགགས་ལ་རྩ་དྲག་ཏུ་མི་འཕར། ཁ་ནས་བད་ཀན་མང༌། ཁའི་ནང་རོ་མངར་བ་བྲོ། །དང་ཀ་མེར་མེར་པོར་བྱེད། དབུགས་མི་བདེ། ཆམ་པས་
བཏབ། སྙིང་ན། སློན་ཅིང་སྐྱུགས་པ་འབྱུང༌། ལུད་པ་མི་མང་བར་ལུ་ཞིང་འབོགས། ལུས་ལ་ཐོར་བུ་གྲང་མོ་རྩ་དམར་བ་ཅུང་ཟད་འབྱུང༌། མྱོས་ཤིང་རྨོངས་བག་ཏུ་འདུག །ལུས་འདར་བའི་ནད་ཐབས་འདི་ལྟ་བུ་ནི་བད་ཀན་གྱི་རིམས་ཞེས་བྱའོ། །རླུང་ནད་ཀྱི་རིམས་དང༌། མཁྲིས་པའི་རིམས་དང༌། བད་ཀན་གྱི་རིམས་རྣམ་གསུམ་གང་ལྟར་ན་ཡང་རུང༌། ནད་ཐབས་བརྟག་སླ་བའི་ཐབས་ནི་ཕྱི་འཕྲེད་དང་ཐོ་རངས་རིམས་ཀྱིས་བཏབ་པའམ། རིམས་ན་བ་ཞིག་ན་རླུང་ལས་གྱུར་པའི་རིམས་ཡིན་ནོ། །ཉི་མ་ཕྱེད་དང༌། ནམ་གྱི་གུང་ལ་རིམས་ཀྱིས་བཏབ་པའམ། རིམས་ནད་ལས་ན་མཁྲིས་པ་ལས་གྱུར་པའི་རིམས་ནད་ཡིན་ནོ། །སྔ་དྲོ་དང་སྲོད་ལ་རིམས་ཀྱིས་བཏབ་བམ་རིམས་ནད་ལས་ན་བད་ཀན་ལས་གྱུར་པའི་རིམས་ནད་ཡིན་ཏེ་རིམས་ནད་གང་ཡིན་པ་ཐབས་དེ་ལྟར་རྟོགས་ཤིག །ཡང་རིམས་ཀྱིས་བཏབ་པ་ལ་སྨན་དང་ཁ་ཟས་ཀྱིས་ནད་དམིགས་གང་ཡིན་པ་བརྟག་པ་ནི་རླུང་ནད་དམ་བད་ཀན་གྱི་ནད་སྐྱེ་བར་འགྱུར་བའི་ཁ་ཟས་དང་སྨན་བྱིན་ན་ནད་སློང་ངམ་ལྡང་བར་གྱུར་ཏེ་ཟས་དང་སྨན་གྱི་གཞི་དེས་གནོད་པར་གྱུར་ན། དེ་ནི་རླུང་ལས་གྱུར་པའི་རིམས་སམ། མཁྲིས་པའམ་བད་ཀན་ལས་གྱུར་པའི་རིམས་ཡིན་པར་ཤེས་ཏེ། སྨན་དང་ཟས་ཐབས་བསྒྱུར་ཏེ་བཏང་ན་ཕན་པར་འགྱུར་རོ། །དེ་ལ་འདྲེས་པའི་རིམས་ནད་ཅེས་བྱ་བ་ནི་རླུང་ལས་གྱུར་པའི་རིམས་ནད་ཀྱི་ཐབས་དང༌། མཁྲིས་པ་ལས་གྱུར་པའི་ནད་ཀྱི་ཐབས་ལ་སོགས་པ་རིམས་སོ་སོའི་ཚུལ་དམིགས་ཀྱིས་ཕྱེ་བ་ནད་དམིགས་སྣ་གཉིས་ཀྱི་རིམས་ཀྱིས་བཏབ་པར་སྣང་ན། དེ་ནི་འདྲེས་པའི་རིམས་ཞེས་བྱ་བ་སྟེ། འདྲེས་པའི་རིམས་དེ་ནི་ནད་ཐབས་ཀྱི་ཚུལ་དམིགས་ཅི་འདྲ་བ་གཞན་ཡང་བཤད་པར་བྱའོ། །དེ་ལ་རླུང་དང་མཁྲིས་པར་འདྲེས་པའི་རིམས་ནད་ཀྱི་ཐབས་ནི་གླད་པ་ན། བརྒྱལ། སློན་བྲོ། །ལུས་ཚ། རྨོངས་བག་ཏུ་འགྱུར། གྲེ་བ་དང་ཁ་སྐམ། སྙིང་མི་དགའ། རུས་པའི་ཚིགས་རྣམས་ཁ་བྱེ་བ་སྙམ་བྱེད། གཉིད་མེད། སྐོམ་དད་ཆེ། མགོ་འཁོར། ལུས་ཀྱི་བ་སྤུ་ལངས་ཏེ་རེག་ན་ཤ་བརྩེ། ཁ་གླལ། ཚིག་
སྨྲ་བ་མང་ངོ༌། །ཐབས་འདི་ལྟར་ན་ན་རླུང་དང་མཁྲིས་པ་གཉིས་འདྲེས་པའི་རིམས་ནད་ཅེས་བྱའོ། །དེ་ལ་བད་ཀན་དང་རླུང་འདྲེས་པ་ལས་རིམས་ནད་དུ་གྱུར་པའི་ཐབས་ཀྱི་རྟགས་ནི་ལུས་ཕྱི་ནང་ཚ་བ་མེད། ཁ་ཟས་ཡི་གར་མི་འོང༌། གླད་པ་ན། རུས་པའི་ཚིགས་རྣམས་ན། ཆམ་པས་བཏབ། དབུགས་མི་བདེ་སྟེ་རྔམ་པའི་ཤུགས་དྲག །ལུད་པ་ལུ། བཤང་གཅི་སྲི། ལུས་ཕྱི་ནང་ཁོང་བསིལ་ཏེ་གྲང༌། མོང་མོང་པོར་བྱེད། མིག་རབ་རིབ་ཟ། རྨུགས་པར་གྱུར་ཏེ་ནད་ཐབས་འདི་ལྟ་བུ་ནི་བད་ཀན་དང་རླུང་ནད་འདྲེས་པའི་རིམས་ནད་ཀྱི་རྟགས་ཡིན་ནོ། །དེ་ལ་བད་ཀན་དང༌། མཁྲིས་པར་འདྲེས་པའི་རིམས་ནད་ཀྱི་རྟགས་ནི། ལུས་ཕྱི་ནང་ཁོང་གྲང་སྟེ་རེངས་བག་ཏུ་འདུག །རེས་འགའ་ནི་ལུས་ཚ་སྟེ་རྔུལ་འབྱུང་བས་ཚ་གྲང་གཅིག་ཏུ་ཆད་པ་མེད་དོ། །སྐོམ་དད་ཆེ། ལུད་པ་ལུ། བད་ཀན་དང་མཁྲིས་པའི་བག་ཏུ་འཁྲུ། རྨོངས་བག་དང༌། རྨུགས་པ་དང༌། ཁའི་ནང་བྱུགས་སམ་བསྐུས་པ་ལྟར་བལྡག་བལྡག་པོ་དང༌། རོ་ཁ་བ་བྲོ་བ་འདི་ལྟ་བུ་ནི་བད་ཀན་དང་མཁྲིས་པ་འདྲེས་པའི་རིམས་ནད་ཀྱི་རྟགས་ཡིན་ནོ། །དེ་ལ་འདུས་པའི་རིམས་ནད་ཅེས་བྱ་བ་ནི་རླུང་དང༌། མཁྲིས་པ་དང་བད་ཀན་གྱི་ནད་ཐམས་ཅད་འདུས་པའི་རིམས་ནད་ཀྱིས་བཏབ་པའི་ཚེ་ལུས་སྐད་ཅིག་སྐད་ཅིག་ཏུ་ཚ། དེ་བཞིན་དུ་བར་འགའ་བར་འགའ་ཁོང་གྲང་སྟེ་བསིལ། ཉིན་པར་གཉིད་རབ་ཏུ་ཆེ། མཚན་མོ་གཉིད་མེད། ཡང་ན་ཉིན་མཚན་གཉིས་ཀ་གཉིད་ཆེ། ཡང་ན་ཉིན་མཚན་གཉིས་ཀར་གཉིད་མི་འོང༌། ལུས་ཆེར་རྡུལ་ཏམ་ཡང་ན་ལུས་རྡུལ་མི་འབྱུང༌། གླུ་ལེན། གར་བྱེད། གད་མོ་དགོད་པ་ལ་སོགས་པ་དང༌། ལུས་ཀྱིས་བསྒྱུར་ཅིང་བྱ་བ་རྣམས་བྱེད། མིག་ནས་མཆི་མ་ཟག །མིག་མི་གསལ་ཏེ་རྩ་དམར་རམ་སེར། མིག་ཐ་མལ་པ་མི་འདྲ་སྟེ་ཞུམ་ཞིང་གཡོ། །མིག་གི་རྫི་མ་ལོང་པོར་འདུག །བྱིན་སྙིང་ན། རྩིབ་ལོགས་སུ་ན། གླད་པའི་སྤྱི་བོ་དང་རུས་པའི་ཚིགས་ན། མགོ་འཁོར། རྣ་བ་གཉིས་ན་སྟེ་འབོད་མགུལ་པའི་ནང་གྲ་མས་གང་བ་སྙམ་བྱེད། ལྕེ་རྩུབ་ལ་ཚིག་པ་བཞིན་དུ་གནག །ལུས་ལྕི་ལ་
ལག་ངར་དང་དཔུང་པའི་ཚིགས་ཁ་བྱེ་ཞིང་འཆོས་པ་སྙམ་བྱེད་ཅིང་ལྕི། རུས་པའི་ཚིགས་རྣམས་ཁ་བྱེ་ཞིང་ལྕི། ཁའི་མཆིལ་མའམ། ལུད་པའི་ནང་ནས་ཁྲག་དང༌། མཁྲིས་པ་དང་བད་ཀན་འབྱུང༌། མགོ་བོ་ཅོག་ཅོག་པོར་མི་བཏུབ་སྟེ་གཡས་གཡོན་དུ་འདྲིལ་ཞིང་འཕྱོ། སྐོམ་དད་རབ་ཏུ་ཆེ། ལུས་ཐོར་བུའམ། འབྲུམ་ཕྲན་ནག་པོའམ། དམར་པོ་ཕྲེའུ་ཙིག་ཙིག་པོ་མཐའ་མ་འཁོར་བ་གང་ལ་དབུས་ཉི་ཚེར་མ་བྱུང་སྟེ་སྟོང་པར་འདུག་པ་དེ་ལྟ་བུ་ལུས་ཀྱི་སྐབས་སུ་འབྱུང་བར་སྣང་བ་དང༌། ལུས་ལ་སྐབས་སྐབས་སུ་ཐོར་བུ་ཙིག་ཙིག་པོ་ཕྲེའུ་འདབ་ཆགས་སུ་བྱུང་བ་ཀོར་ཀོར་པོར་སྣང༌། སྙིང་ན། བཤང་གཅི་སྲི་སྟེ་འགགས་པའམ། ཡང་ན་ཐུར་དུ་འཁྲུ་ཞིང་འོང་བ་སྙམ་བྱེད་ལ། བཤང་བའི་ཚེ་ཆེན་པོ་མི་འབྱུང༌། ཁའི་ནང་སྣུམ་གྱིས་བསྐུས་པ་བཞིན་དུ་སྣུམ་བག་ཏུ་བྲོ། །ཉམས་སྟོབས་ཆུང་སྟེ་བྲི། སྐད་ཀྱི་གདངས་ཆུང་སྟེ་གཅོམ་ཆུང༌། ཁ་ནས་བླ་ཞིང་རྡོལ། འདུས་པའི་ནད་འདི་ལྟ་བུས་བཏབ་ན་ནད་གཞི་རླུང་དང་བད་ཀན་མཁྲིས་པ་རྣམས་ཡུན་རིང་དུ་སྨིན་དུ་མི་བཏུབ་སྟེ་ནད་ཀྱི་རྩེ་མ་ཞིལ། མིའི་ཉམས་ནི་རྨུགས། མགུལ་པ་དང་གྲེ་བའི་ནད་རྟགས་སྒྲ་ངར་ངར་པོ་དང༌། སྒྲ་སོག་སོག་ཟེར་བ་འདི་ལྟ་བུ་ནི་འདུས་པའི་རིམས་ནད་ཀྱིས་ཐེབས་པའི་རྟགས་ཡིན་ནོ། །འདུས་པའི་རིམས་ནད་འདི་ལྟ་བུ་ལས་ཚབས་རབ་ཏུ་ཆེ་བར་གྱུར་ན་རིམས་དེའི་མིང་ནི་འདུས་པའི་རིམས་མངོན་དུ་རྨུགས་བྱེད་ཅེས་བྱ་སྟེ། ནད་དེས་ནི་མདངས་ཕྲོགས་ནས་མིའི་གཟི་བྱིན་ཀུན་མེད་པར་བྱས། བཤང་གཅི་འགགས་ལ་རྟུག་སྐམ་དུ་གྱུར་ཏེ་མི་འབྱུང༌། ཁོང་པའི་ནང་གི་དྲོད་ཉམས་ཏེ་ཆུང་བ་འདི་ནི་འདུས་པའི་རིམས་ཀྱི་ནད་རྨུགས་བྱེད་ཀྱི་རྟགས་ཡ་ང་བ་ཐམས་ཅད་ཚོགས་པ་ཡིན་ཏེ་གསོར་མི་རུང་ངོ༌། །དེ་ལྟ་བུ་གཞན་ནི་གསོ་དཀའ་བ་ཞེས་བྱ་སྟེ། འདུས་པའི་རིམས་མངོན་དུ་རྨུགས་བྱེད་ནད་སྣ་མ་ཚང་བ་དེ་ནི་གསོས་ན་ཡང་དབང་པོ་ཉམས་པའམ་རྐང་ལག་ཉམས་པ་ཙམ་དུ་འགྱུར་རོ། །རྣམ་པ་གཞན་དུ་ཡང་འདུས་པའི་རིམས་ནད་ཡིན་ན། དེ་ཡང་མཁལ་མའི་ནད་ལོགས་ཤིག་ན་འདུག་སྟེ། ཇི་ལྟ་ཞེ་ན་ཕྱི་རོལ་གྱི་པགས་པ་དང་ཤ་མཐང་ཚའམ།
ཡང་ན་ཁོང་པ་ནང་ཚ་སྟེ། དེ་ཡང་ན་ཚ་བ་སྔར་བྱུང༌། ཡང་ན་ཚ་བ་ཕྱིས་བྱུང་བ་ཡོད་དེ། དེ་ལ་ཚ་བ་སྔར་བྱུང་བའི་རིགས་ནི་གསོ་དཀའ་བ་ཡིན་ནོ། །ཚུལ་དེ་དང་འདྲ་བར་རླུང་དང་བད་ཀན་གཉིས་ཀྱང་ཡང་ན་ཕྱི་རོལ་དུ་ཕྱུང་སྟེ་ཤ་དང་པགས་པ་གྲང་ངམ། ཡང་ན་ཁོང་པའི་ནང་དུ་བྱུང་སྟེ་ཁོང་གྲང་བ་དེ་ལྟ་བུ་གྲང་བའི་རིམས་སྔར་བྱུང་ངམ། ཡང་ན་གྲང་བའི་རིམས་མཇུག་ཏུ་ཕྱིས་བྱུང་བ་ཡང་ཡོད་དོ། །གྲང་བའི་རིམས་དང༌། རླུང་དང༌། བད་ཀན་གྱི་རིམས་དེ་སྔར་བྱུང་བའི་རྗེས་ལ་ཕྱིས་མཁྲིས་པའི་རིམས་ཚ་བས་བསྣན་ན་བད་ཀན་གཤེར་བ་འབྱུང་བ་དེ་ནི་བསྐམས། རླུང་གྲང་བའི་བག་ཞི་བར་བྱས་པས་ཁའི་ནང་རོ་སྐྱུར་བར་བྲོ། བརྒྱལ། མྱོས། སྐོམ་དད་ཆེ་བར་འགྱུར་རོ། །ཡང་ན་མཁྲིས་པའི་ནད་ཚ་བས་ཐོགས་མར་བཏབ་སྟེ་དེའི་རྗེས་ནི་རྨུགས་ཤིང་བད་ཀན་ཁ་ནས་མང་དུ་འབྱུང་ངོ༌། །སློན་ནོ། །ཁོང་སྙོམ། ནད་ཐབས་འདི་ལྟ་བུ་ནི་འདུས་པའི་རི་མིས་ཡིན་ཏེ། དཀྱེལ་ཆེར་སྐྱེས་པ་མངོན་དུ་རྨུགས་བྱེད་ཅེས་བྱ་བ་གསོ་དཀའ་བའི་ནད་ཐབས་ཡིན་ནོ། །དེ་ལ་གློ་བུར་གྱི་རིམས་ནད་རྣམ་པ་བཞི་སྟེ། དྲག་ཤུལ་ལས་གྱུར་པའི་རིམས་ནད་དང༌། མངོན་པར་ཟིན་པའི་རིམས་ནད་དང༌། དམོད་པའི་རིམས་ནད་དང༌། བྱད་ཀྱི་རིམས་ནད་དོ། །དེ་ལ་དྲག་ཤུལ་གྱི་རིམས་ནད་ཀྱང་རྣམ་པ་བཞི་ལས་འབྱུང་སྟེ། མཚོན་གྱིས་སྨས་པ་དང༌། གཅད་པ་དང༌། མེས་ཚིག་པ་ལས་རིམས་སུ་གྱུར་པ་དང༌། སྟོབས་རྩལ་གྱི་བག་ལས་སྣད་དེ་རིམས་སུ་གྱུར་པའོ། །འདི་རྣམས་ལྟ་བུ་ལས་རིམས་སུ་གྱུར་པ་ནི་ཕལ་ཆེར་རླུང་གི་ཁྲག་ནད་དུ་གྱུར་པ་བྱས་ནས་ཁྲག་ལ་གནོད་པར་གྱུར་པ་དང་ན་ལ་སྐྲང༌། མདོག་མི་སྡུག་ལ་ན་སྟེ་རིམས་སུ་འགྱུར་རོ། །མངོན་པར་ཟིན་པའི་རིམས་ནད་ཅེས་བྱ་བ་ནི་གདོན་གྱི་བག་མིའི་ལུས་ལ་བབ་པའམ། གདོན་གྱིས་ཟིན་པ་དང་སྨན་གྱི་དྲི་བསུང་དྲག་པོ་སྣར་ཕོག་པ་ལས་རིམས་སུ་གྱུར་པ་དང༌། མདའ་དུག་ལྟ་བུའི་རླངས་པའམ། དྲིས་ཕོག་པ་ལས་རིམས་སུ་གྱུར་པ་དང༌། ཁྲོས་པ་ལས་རིམས་སུ་གྱུར་པ་དང༌། འཇིགས་པ་དང༌། མྱ་ངན་དང༌། འདོད་པ་ལས་རིམས་
སུ་གྱུར་པའོ། །དེ་ལ་གདོན་བབས་སམ། གདོན་གྱིས་ཟིན་ན་དུའམ་དགོད་པའི་རིམས་ནད་དུ་འགྱུར་རོ། །སྨན་གྱི་བསུང་དྲག་པོའམ་ངན་པས་ཕོག་ན་སྦྲིད་པ་འབྱུང༌། གླད་པ་ན། སྐྲང༌། བརྒྱལ་བའི་རིམས་ནད་དུ་འགྱུར་རོ། །མདའ་དུག་ལྟ་བུ་ལས་རིམས་ནད་དུ་གྱུར་བ་ནི་བརྒྱལ། ཚད་པས་འདེབས་ཏེ་འཁྲུ། ལུས་དང་བཞིན་མདོག་གནག །ལུས་ཚ། སྙིང་ན་བའི་རིམས་སུ་འགྱུར་རོ། །ཁྲོས་པ་ལས་ནི་གླད་པ་ན་ཞིང་ལུས་འདར་བའི་རིམས་སུ་འགྱུར་རོ། །འཇིགས་པའམ་མྱ་ངན་གྱིས་བཏབ་པ་ནི་ཚིག་མང་དུ་སྨྲ་ཞིང་ན་བའི་རིམས་སུ་འགྱུར་རོ། །འདོད་པ་ལས་ནི་མགོ་འཁོར། ཟས་ཡི་གང་མི་འོང༌། ལུས་ཚ། ངོ་ཚ་མེད། གཉིད་མེད། བློ་དང་བརྟན་པའི་བག་ཏུ་ཉམས་པ་དེ་ལྟ་བུའི་རིམས་སུ་འགྱུར་རོ། །དེ་ལ་གདོན་གྱིས་བཏབ་པ་སྨན་དང་དུག་གི་ངད་པས་ཕོག་པ་འདི་གསུམ་ནི་འདུས་པའི་རིམས་ནད་ཀྱི་ནད་ཐབས་དང་གཅིག་གོ །ཁྲོས་པའི་རིམས་ནི་མཁྲིས་པ་ལས་རིམས་སུ་གྱུར་པའི་ནད་ཐབས་དང་གཅིག་གོ །འཇིགས་པ་དང༌། མྱ་ངན་དང༌། འདོད་པ་ལས་གྱུར་པའི་རིམས་དང༌། འདི་རྣམས་ནི་རླུང་གི་རིམས་དང༌། བད་ཀན་གྱི་རིམས་དང༌། མཁྲིས་པའི་རིམས་སུ་འགྱུར་རོ། །དམོད་པ་བོར་བ་དང༌། བྱད་བྱས་པ་ལས་རིམས་ནད་དུ་གྱུར་པ་ནི་འདུས་པའི་ནད་དྲག་པོ་མི་བཟད་པར་འགྱུར་རོ། །དེ་ལ་ངན་སྔགས་ཀྱི་བྱད་བྱས་པས་ནི་ཐོག་མར་སེམས་ལ་བབ། དེའི་འོག་ཏུ་ལུས་ལ་བབ་སྟེ་ཚ། དེ་ནས་ཐོར་བུས་གང་བར་འགྱུར། སྐོམ་དད་ཆེ། མགོ་འཁོར། ལུས་ཚ། བརྒྱལ། རིམས་དེ་ཉིན་རེ་ཞིང་ཕྱི་ཕྱིར་ཚབས་ཆེ་བར་འགྱུར་རོ། །རིམས་ནད་རྣམ་པ་བརྒྱད་པོ་དེ་ནི་དེ་རྣམས་ཡིན་ནོ། །རིམས་ནད་དེ་དག་ཀྱང་རྣམ་པ་གཉིས་ཏེ། ལུས་ཀྱི་རིམས་ནད་དང༌། སེམས་ཀྱི་རིམས་ནད་དོ། །གྲང་བའི་རིམས་དང༌། ཚ་བའི་རིམས་སོ། །ལུས་ཀྱི་ཕྱི་རོལ་གྱི་ཚ་བའི་རིམས་དང༌། ལུས་ཀྱི་ཁང་པ་ནང་དུ་ཚ་བའི་རིམས་སོ། །དུས་ཀྱི་རང་བཞིན་གྱི་རིམས་དང༌། དུས་ལས་གྱུར་པའི་རིམས་སོ། །གསོར་རུང་བའི་རིམས་དང༌། གསོར་མི་རུང་བའི་རིམས་སོ། །རིམས་ནད་མ་སྨིན་པའི་རིམས་དང༌།
རིམས་ནད་སྨིན་པའི་རིམས་སོ། །དེ་ལ་དུས་ཀྱི་རིམས་ཞེས་བྱ་བ་ནི་སྔར་ཚ་བའི་རིམས་ཀྱིས་ལུས་ལ་བཏབ་པའོ། །ཕྱིས་རྙིང་ལ་ཚ་བར་གྱུར་པ་ནི་ཡིད་ཀྱི་རིམས་སོ། །རླུང་དང་བད་ཀན་གྱི་ནད་གཉིས་ཅིག་ཅར་བྱུང་བ་ནི་གྲང་བའི་རིམས་སོ། །མཁྲིས་པའི་རིམས་ནད་དང་འབྲེལ་བ་ནི་ཚ་བའི་རིམས་སོ། །ནད་སྣ་གཉིས་འདྲེས་པ་ནི་རིམས་ཞེས་བྱའོ། །ཁོང་པའི་ནང་དུ་ཚ་བའི་རིམས་ན་བ་ནི་རིམས་ནད་དཀྱེལ་ཆེ་སྟེ། །ཁོང་པའི་ནང་དུ་ན་ཞིང་བཤང་གཅིའི་དྲི་མ་སྲི་ཞིང་འགག་གོ །ལུས་ཀྱི་ཕྱི་རོལ་ཚ་བའི་རིམས་ནི་ལུས་ཀྱི་ཤ་དང་པགས་པ་ཚ་ཞིང་ན་བར་ཟད་དེ་འདི་ནི་གསོ་སླའོ། །དེ་ལ་དུས་ཀྱི་རང་བཞིན་གྱི་རིམས་ནི་དུས་དུས་སུ་ལྡང་བའི་རིམས་ཡིན་ཏེ། དབྱར་དང༌། སྟོན་དང༌། དཔྱིད་གསུམ་རླུང་ནད་ལ་སོགས་པ་རིམ་པ་བཞིན་དུ་འབྱུང་བའི་རིམས་ཡིན་ནོ། །གྱུར་པའི་རིམས་ནི་དེ་ལྟ་བུ་དུས་སོ་སོའི་ཚེ། དུས་ཚིགས་དང་མཐུན་པའི་རིམས་མ་ཡིན་པ་དེ་ནི་གྱུར་པའི་རིམས་ནད་ཅེས་བྱ་སྟེ་གསོ་དཀའ་བའོ། །རང་བཞིན་གྱི་རིམས་ནད་ཅེས་བྱ་བ་དེ་ཡང་ཕལ་ཆེར་རླུང་ནད་ཀྱིས་སློང་སྟེ་དུས་བཞིར་རིམ་བཞིན་འགྱུར་རོ། །དབྱར་གྱི་ཚེ་ནི་རླུང་ནད་ཀྱི་ནད་བསླངས་ནས་མཁྲིས་པ་དང་བད་ཀན་དུ་ལྡན་པ་དང་རིམས་ནད་དུ་འགྱུར་རོ། །སྟོན་ནི་མཁྲིས་པའི་ནད་སློང་སྟེ་དེའི་གྲོགས་བད་ཀན་གྱིས་བྱས་པས་རིམས་ནད་དུ་འགྱུར་ཏེ་དེ་ལྟ་བུ་ལ་ཁ་ཟས་སྨྱུང་བར་བྱས་ཀྱང༌། སྟོན་ཉམས་མཐུ་སྐྱེ་བའི་དུས་ཡིན་པས་གནོད་པར་མི་འགྱུར་རོ། །དཔྱིད་ཀ་ནི་བད་ཀན་ལས་ནད་དུ་འགྱུར་བའི་དུས་ཡིན་ཏེ། བད་ཀན་གྱི་རིམས་ནད་ལངས་པའི་ཟླ་ལ་རླུང་དང་མཁྲིས་པའི་ནད་ཀྱང་དེའི་རྗེས་ལ་འབྱུང་ངོ༌། །མི་ཉམས་འཚག་ཆེ་བ་ཞིག་ལ་རིམས་ནད་ཚ་བས་ཆུང་དུ་ཞིག་གིས་སྔར་བཏབ་ལ་ཕྱི་ནས་ནད་དེ་མ་ཡིན་པ་གནོད་པའི་ནད་བླ་བརྣན་གཞན་ལྟ་བུས་བཏབ་པ་ཡང་མེད་ན་རིམས་ནད་དེ་ལྟ་བུ་ནི་གསོ་སླ་བ་ཞེས་བྱའོ། །ཡང་ནད་པའོ་ཅོག་གི་ནད་གསོ་བ་ལ། འཚོའམ་མི་འཚོ་དཀའ་སླ་ཅི་འདྲ་བ་བརྟག་པ་ནི་ནད་པའི་ཁ་གདོང་ལ་སོགས་པ་ཇི་ལྟར་གྱུར་པའི་ཚུལ་དང་ལྟ་བ་དང་མཚན་མ་ཤེས་པར་བྱ་བའི་དམིགས་བཤད་པ་དང་སྦྱོར་ལ།
གསོ་དཀའ་སླ་ཤེས་པར་གྱིས་ཤིག །དེ་ལ་རིམས་ནད་མ་སྨིན་པ་ཞེས་བྱ་བ་ནི། རིམས་ཀྱིས་དང་པོ་གསར་དུ་བཏབ་པ་རྩེ་མ་ཞིལ་བ་ལྟ་བུ་ལ་བྱ་སྟེ། དེ་ནི་རིམས་ཚབས་ཆེ་ལ་ན། ཁོང་རྨྱ་བ་མ་ཡིན། གཅིན་མང༌། ཐུར་དུ་བཤང་བ་འགགས་ཏེ་སྲི། ཁ་ཟས་མི་འཇུ། སྐོམ་དད་ཆུང༌། ཁ་ཟས་ཡི་གར་མི་འོང་སྟེ་ནད་ཐབས་འདི་ལྟ་བུ་ནི་རིམས་ནད་གསར་པ་ཞེས་བྱ་སྟེ་རིམས་ནད་མ་སྨིན་པ་ཡིན་ནོ། །དེ་ལ་རིམས་ནད་སྨིན་པར་གྱུར་པ་ཞེས་བྱ་བ་ནི་རིམས་ནད་རྩེ་ཞིལ་བར་གྱུར་པ་ལ་བྱ་སྟེ། དེ་ནི་རིམས་ནད་ཚབས་ཆེ་བླ་ཞིང་སྨྲ། དབུགས་ཀྱི་རྔམ་པ་དྲག །མགོ་འཁོར། བཤང་གཅི་དྲི་མ་མི་འགག་པར་ཐུར་དུ་འབྱུང༌། སློན་པར་བྱེད་པའི་ནད་ཐབས་འདི་ལྟ་བུ་ནི་རིམས་ནད་སྨིན་པར་གྱུར་པའི་རྟགས་ཡིན་ནོ། །ཡང་རིམས་ནད་རྣམ་པ་ལྔར་བཤད་པ་ལ་རླུང་དང་མཁྲིས་པ་བད་ཀན་སོ་སོའི་དུས་ཚིགས་ཀྱི་དམིགས་དང་ནད་པའི་ཉམས་འཚག་ཆེ་ཆུང་ལས་ཀྱང་འགྱུར་ཏེ། རིམས་ནད་རྣམ་པ་ལྔ་ཅར་ཡང་ཕལ་ཆེར་ནི་འདུས་པའི་རིམས་ནད་དུ་འགྱུར་རོ། །ལྔ་གང་ཞེ་ན། རྒྱུན་གྱི་རིམས་ནད་དང༌། རྟག་པའི་རིམས་ནད་དང༌། རིམས་ཉིན་གཅིག་པ་དང༌། རིམས་ཉིན་ཞག་གསུམ་པ་དང། རིམས་ཉིན་ཞག་བཞི་པའོ། །དེ་ལ་རྒྱུན་གྱི་རིམས་ནི་ལུས་ཀྱི་སྲོག་ཟུངས་བདུན་དང༌། བཤད་གཅི་དང༌། རྩ་ཀུན་ལ་རླུང་དང༌། མཁྲིས་པ་དང༌། བད་ཀན་གྱི་རིམས་ནད་ཀྱིས་ཁྱབ་པར་བྱས་ནས་ལུས་ཀུན་ཚ་བར་གྱུར་ཏེ། སྲོག་ཟུངས་བདུན་དང༌། བཤད་གཅི་ལ་སོགས་པའི་ནང་དུ་རིམས་དེ་མཚུངས་པར་ཞུགས་ནས་ཚབས་ཆེར་སྐྱིས་ཏེ་རིམས་ཀྱི་མཐུ་ཆེན་ལུས་ལྕི། རྐང་ལག་རེངས་བག་ཏུ་འདུག་སྟེ། དེའི་ཚེ་རྒྱུན་གྱི་རིམས་དེ་ནི་དམིགས་ཀྱིས་ལུས་ཀྱི་ནང་ན་བཅུད་དངས་མ་ཞེས་བྱ་བ་ལ་བརྟེན་ཅིང་འདུག་སྟེ། རིམས་ནད་དེ་ལ་སོགས་པའི་དཔྱད་ཀྱང་དཀའ་ལ། བཟོད་པར་ཡང་རབ་ཏུ་དཀའོ། །རིམས་ནད་དེ་ལྟ་བུས་ཁོང་པའི་ནང་གི་བཤང་གཅི་དྲི་མ་ལ་བབ་སྟེ། ཚ་བའི་དྲོད་ཀྱིས་སྨིན་ཅིང་ཆོས་པར་བྱས་ནས་ནི་མྱུར་དུ་འཚོ་སླའོ། །གལ་ཏེ་ནད་ལུས་ཀྱི་སྲོག་ཟུངས་བདུན་པ་ལ་བབ་སྟེ་རིམས་ནད་ཚབས་ཆེ་བ་དེས་མྱུར་དུ་
སྨིན་ཅིང་ཚ་བས་གདུང་བར་བྱེད་ན་ནི་གསོ་དཀའ་སྟེ་མི་རུང་ངོ༌། །འདུས་པའི་རིམས་ནད་རྒྱུན་ཅེས་བྱ་བ་དེ་རླུང་ལས་གྱུར་པའི་རིམས་ནད་ཡིན་ན་ནི་ཞག་བདུན་དུ་གནས་ཏེ། དེ་ཡང་གལ་ཏེ་རླུང་ངམ། མཁྲིས་པའམ། བད་ཀན་ཉིད་ལས་བབ་སྟེ་ནད་ཉིད་ལ་གདུང་ཞིང་སྨིན་པར་བྱེད་པ་ནི་རིམས་འབྱང་དུ་རུང་བ་ཞེས་བྱ་སྟེ་ཞག་བདུན་གྱིས་འཚོའོ། །སྲོག་ཟུངས་བདུན་པོ་ཉིད་ཁྲག་ལ་སོགས་པ་དང་ལུས་ཀྱི་དྲི་མ་བཤང་གཅི་ལ་བབ་སྟེ། རིམས་ཚ་བ་དེས་གདུང་ཞིང་ཚོས་པར་བྱེད་ན་ནི་རིམས་འབྱང་དུ་མི་རུང་བ་ཞེས་བྱ་སྟེ་ཞག་བདུན་གྱིས་འཆི་བར་འགྱུར་རོ། །ཚུལ་དེ་དང་འདྲ་བར་མཁྲིས་པའི་ནད་ནི་ཞག་བཅུས་བྱེ་བྲག་དབྱེའོ། །བད་ཀན་གྱི་ནད་གཞི་བཅུ་གཉིས་ཀྱི་བྱེ་བྲག་དབྱེའོ། །དེ་ལྟར་འདུས་པའི་རིམས་ནད་རྒྱུན་ཞེས་བྱ་བའི་རིམས་དེ་འཚོ་བ་དང་འཆི་བར་འགྱུར་བའི་བྱེ་བྲག་ནི་དེ་ལྟར་བལྟའོ། །ཞེས་གནའི་དྲང་སྲོང་མེ་བཞིན་འཇུག་དེ་སྐད་འཆད་དོ། །ཡང་དྲང་སྲོང་ལྗང་སྔོའི་བུ་ན་རེ་རླུང་ལས་གྱུར་པའི་རིམས་ཞག་བདུན་གྱིས་སོས་འཆིའི་བྱེ་བྲག་དབྱེ་ཞེས་བྱ་བ་ནི་ཞག་བཅུ་བཞིས་བྱེ་བྲག་དབྱེའོ། །མཁྲིས་པའི་རིམས་ནད་ཞག་དགུས་བྱེ་བྲག་དབྱེ་ཞེས་བྱ་བ་ནི་ཞག་བཅོ་བརྒྱད་ཀྱིས་འཚོ་འཆིའི་བྱེ་བྲག་དབྱེའོ། །བད་ཀན་གྱི་རིམས་ནད་ཞག་བཅུ་གཅིག་གིས་བྱེ་བྲག་དབྱེ་ཞེས་བྱ་བ་ནི་ཞག་ཉི་ཤུ་རྩ་གཉིས་ཀྱིས་བྱེ་བྲག་དབྱེའོ། །དེ་ལྟར་རླུང་དང༌། མཁྲིས་པ་དང༌། བད་ཀན་གསུམ་གྱི་རིམས་ནད་འདུས་པའི་རྒྱུན་ཞེས་བྱ་བས་བཏབ་པ་འཚོ་འཆིའི་བྱེ་བྲག་གི་ཚིགས་ནི་དེ་ལྟར་བ་ལྟ་ཞེས་འཆད་དོ། །རིམས་ནད་གྲངས་སོ་སོར་བསྟན་མོད་ཀྱི་འོན་ཀྱང་ནད་པ་ནད་རྩེ་ཞིལ་ན་ཉམ་ཆུང་སྟེ་རིད་པ། ཁ་ཟས་མི་འཕྲོད་པ་གཅིག་ཟོས་སམ་བསྟེན་པ་དང༌། བྱ་བ་ལ་སོགས་པ་གནོད་པ་ཞིག་བྱས་ན་ནད་དམིགས་ཆུང་དུས་ཀྱང་སྲོག་ཟུངས་བདུན་པོ་ཤ་ཁྲག་ལ་གནོད་པར་བྱས་ཏེ་ནད་ཀྱི་དཀྱེལ་དང་དཔུང་སྐྱེས་ནས་རིམས་ནད་དེ་ཡུན་རིང་དུ་ན་ཞིང་ནད་ལ་གཉེན་པོ་མེད་པར་འགྱུར་ཏེ། རེས་འགའ་ནི་ཚབས་ཆེ། རེས་འགའ་ནི་ཚབས་ཆུང་སྟེ། རིམས་ནད་དེ་རླུང་དང༌། མཁྲིས་པ་དང༌། བད་ཀན་རང་རང་གི་དུས་
ཀྱི་ཆེ་ནད་ཀྱི་སྟོབས་སྐྱེས། ནད་ལ་བར་ཆད་བྱེད་དོ། །དེ་ལྟར་རིམས་རྒྱུན་རིང་དུ་གྱུར་པ་ལ་ཡང་སྨན་དཔྱད་ཀྱི་མཐུ་སྐྱེད་ན་ནི་རིམས་ནད་ཕྱིན་ཏོ། །སྨན་དཔྱད་ཀྱི་མཐུ་ཆུང་ན་ནི་རིམས་ནད་མི་ཕྱིན་ཏོ། །རླུང་དང༌། མཁྲིས་པ་དང༌། བད་ཀན་གྱི་ནད་དམིགས་ཟད། རིམས་ནི་ཆུང་ལ་ཕྲ་བར་གྱུར་པའི་ཚེ་ན་རིམས་ནད་དེ་ཕོ་བའི་ནང་གི་བཅུད་དངས་མའི་ནང་ན་འདུག་གོ །དེ་ལྟར་རིམས་དེ་བཅུད་དངས་མའི་ནང་ན་འདུག་པར་གྱུར་ན་ལུས་རིད་ཅིང་སྐེམ། བཞིན་དང་ཁ་དོག་ངན། རྨོངས་བག་ཏུ་འདུག །ཁོང་སྙོམ། ཁ་ཟས་ཡི་གར་མི་འོང་བ་ལ་སོགས་པར་འགྱུར་རོ། །དེ་ལྟར་བཅུད་དངས་མ་དང་རིམས་སུ་འདྲེས་ཏེ་ཕོ་བ་ན་འདུག་པའི་རྩ་ཐམས་ཅད་ཀྱི་སྒོ་ཡང་དེ་ན་ཁ་བྱེ་ཞིང་འདུས་པས་རྩ་སྒོ་ཀུན་གྱི་ནང་ན་བཅུད་དངས་མ་རིམས་དང་འདྲེས་པ་དེར་སོང་ན་ལུས་ཐམས་ཅད་ལ་རྒྱུན་གྱི་རིམས་ནད་དེས་མྱུར་དུ་ཁྱབ་སྟེ་ན་བར་བྱེད་དོ། །དེ་ལ་རྟག་པའི་རིམས་ཞེས་བྱ་བ་ནི་འདུས་པའི་རིམས་རྒྱུན་ཞེས་བྱ་བ་ལས་ཚུལ་མི་འདྲ་བར་ལོག་པར་ལྟ་སྟེ་ནད་ཐམས་ཅད་ཀྱང་མི་འདྲའོ། །ཇི་ལྟ་ཞེ་ན་རྒྱུན་གྱི་རིམས་དེ་ནི་ཉིན་ཞག་དུ་མ་ཞིག་ཏུ་ཉིན་མཚན་རྒྱུན་དུ་ནའོ། །རྟག་པའི་རིམས་འདི་ནི་ཉིན་པར་ལན་གཉིས་ནད་ལྡང༌། མཚན་མོ་ལན་གཉིས་ནད་ལྡང་ཞིང་ན་བས་དེའི་ཕྱིར་མི་འདྲའོ། །ནད་ལྡང་བའི་དུས་ཀྱང་མ་ངེས་ཏེ་རེས་འགའ་སྔ་དྲོ། རེས་འགའ་ཕྱི་དྲོ། རེས་འགའ་ཉི་མ་གུང་ལ་ན། མཚན་མོ་ཡང་ནམ་སྟོད་ནམ་སྨད་ལ་ན་བའི་དུས་ངེས་པ་མེད་དོ། །ཐོག་མ་ནད་ཀྱིས་འདེབས་པའི་དུས་ཀྱང་ངེས་པ་མེད་དོ། །རྟག་པའི་རིམས་འདི་ཉིད་ནི་ཁྲག་ལ་ཕལ་ཆེར་བརྟེན་ཅིང་འདུག་པ་དེ་ནི་རྟག་པའི་རིམས་ཞེས་བྱའོ། །ཁ་ཅིག་ན་རེ་རྟག་པའི་རིམས་དེ་ནི་ཉིན་ལན་གཉིས་ན་ཞིང་མཚན་ལན་གཉིས་ན་ཞེས་ཀྱང་འཆད་དོ། །དེ་ལ་རིམས་ཉིན་གཅིག་པ་ནི་ཉིན་གཅིག་ཀྱང་ལན་རེ་རེ་ན་བ་ཡིན་ཏེ། རིམས་དེ་ཡང་ཤའི་རྩ་བའི་ནང་ན་བརྟེན་ཅིང་འདུག་པ་ཡིན་ནོ། །ཉིན་གཅིག་པའི་རིམས་འདི་ནི་རིམས་ཀྱི་ནང་ན་ནད་ཚབས་མི་ཆེ་བ་ཡིན་ཏེ་གསོ་སླའོ། །དེ་ལ་ཉིན་གསུམ་པའི་རིམས་ཞེས་བྱ་བ་ནི་ཉིན་གཅིག་
དང་པོ་རིམས་ཀྱིས་བཏབ་ལ་དེའི་ཕྱི་དེ་ཉིན་ནི་མི་ནའོ། །དེའི་ཡང་ཕྱི་དེ་ཉིན་ན་བར་བྱེད་པ་དེ་ལྟ་བུའོ། །རིམས་འདི་ནི་ཚིལ་གྱི་རྩ་བའི་ནང་ན་ཞེན་ཅིང་འདུག་པ་ཡིན་ཏེ། མཁྲིས་པ་དང་རླུང་གཉིས་གླད་པའི་སྤྱི་བོར་ཞུགས་ཤིང་ཞེན་ན་གླད་པའི་སྤྱི་བོ་ནའོ། །རྐང་པ་མན་ཆད་དཀུ་དོར་ན་ན་བད་ཀན་དང་མཁྲིས་པ་ལས་གྱུར་པའི་ནད་ཡིན་ནོ། །རྒྱབ་ན་ན་རླུང་དང་བད་ཀན་ལས་གྱུར་པའི་ནད་ཡིན་ནོ། །བཞི་པའི་རིམས་ཞེས་བྱ་བ་ནི། དང་པོ་ཉིན་གཅིག་རིམས་ན་ལ་དེའི་འོག་ཉི་མ་གཉིས་ནི་མི་ནའོ། །དེ་ནས་ཉི་མ་བཞི་ནང་པར་ཡང་ན་བ་འདི་ནི་བཞི་པའི་རིམས་ཞེས་བྱ་སྟེ། རིམས་ནད་འདི་ལྟ་བུ་ནི་མྱུར་དུ་མི་འབྱང་སྟེ་ཡུན་རིང་དུ་ནའོ། །རིམས་ནད་འདི་ནི་ཚིལ་ལམ། རྐང་ངམ། རུས་པའི་ནང་ན་འདུག་པ་ཡིན་ནོ། །ན་བའི་ཐབས་ཀྱང་རྣམ་པ་གཉིས་ཏེ་བད་ཀན་བྱིན་པ་གཉིས་ཀྱི་ནང་ན་ཞུགས་ཏེ་ན་བ་དང་རླུང་གླད་པའི་ནང་དུ་ཞུགས་ཏེ་ན་བ་དང་རྣམ་པ་གཉིས་ཡིན་ནོ། །ཡང་བཞི་པའི་རིམས་དེ་ཡང་མི་འདྲ་བ་གཞན་ཡང་ཡོད་དེ། རུས་པ་དང་ཚིགས་གཉིས་ཀྱི་ནང་དུ་ཞུགས་ཏེ་འདུག་ན་ཉི་མ་བཞི་ལ་དང་པོ་ཉི་མ་གཉིས་རིམས་ན། དེའི་འོག་ཏུ་ཉི་མ་གཅིག་མི་ན། དེའི་ཕྱི་དེ་ཉིན་ཡང་ན་བར་བྱེད་ན་དེ་ལྟ་བུ་ནི་བཞི་པའི་རིམས་ཞེས་བྱའོ། །རིམས་ནད་དེ་ལྟ་བུ་ལ་ཁ་ཟས་མི་འཕྲོད་པ་ཟོས་པ་དང༌། །གནོད་པར་འགྱུར་བ་ལུས་ཀྱིས་བསྐྱོད་པའི་ལས་བྱས་ན། རླུང་དང༌། མཁྲིས་པ་དང༌། བད་ཀན་གྱི་ནད་གཞིའི་མཐུ་ཕྱིར་སྐྱེས་ཏེ་ན་བར་འགྱུར་རོ། །ཁ་ཟས་ཕན་པ་ཟོས་པ་དང་ལུས་ཀྱིས་བསྐྱོད་པའི་གནོད་པ་མ་བྱས་ན་ནད་དམིགས་ཀྱི་ཉམས་དམའ་སྟེ་འབྱང་བར་འགྱུར་རོ། །ཡིད་ཀྱི་རིམས་ནད་ཅན་ཞེས་བྱ་བ་ནི་སྔོན་གྱི་སྡིག་པ་མི་དགེ་བའི་ལས་ལས་འབྱུང་སྟེ། ཁ་ཟས་མི་འཕྲོད་པ་དང་གནོད་པར་འགྱུར་བ་མ་བྱས་པར་རིམས་ནད་ཀྱིས་བཏབ་ནས་ཕྱི་ཕྱིར་ནད་ཚབས་ཆེ་སྟེ། ན་བའི་ཚེ་རིམས་ནད་གཞན་དང་འདྲ་བར་ན་བ་ཡིན་ནོ། །རིམས་ནད་དོ་ཅོག་གིས་བཏབ་སྟེ་ན་བ་ལས་ཐ་མར་འབྱུང་དུ་ཉེ་བའི་རྟགས་ནི་ལུས་ཀྱི་སྲོག་ཟུངས་བདུན་
པོ་བཅུད་དངས་མ་དང༌། ཤ་ལ་སོགས་པ་ལ་རླུང་ངམ། མཁྲིས་པའམ། བད་ཀན་གྱིས་རིམས་ནད་དེ་དཀྲུགས་ཤིང་བསླངས་ནས་ནད་སློང་བར་བྱེད། ནད་པ་དབུགས་དང་རྔམ་པ་དྲག་ཏུ་འབྱུང༌། ལུས་རྡུལ། མཁུན། སློང་བར་བྱེད། ལུས་འདར། རྐང་ལག་བྱ་རྨྱང་བྱེད། ཚིག་མང་དུ་སྨྲ། ཚ་བའམ་གྲང་བས་ལུས་དང་བཞིན་གྱི་མདོག་དང་གཟི་ཀུན་ཉམས་པར་བྱས། ཤེས་ཤིང་ཁོང་དུ་ཆུད་པའི་བག་མེད་དེ་རྨོངས་བག་ཏུ་འདུག །རིམས་ནད་ཚབས་ཆེར་ན་བས་ཉམ་ཐག་སྟེ་མཁྲིས་པའི་ཚུལ་གྱིས་ལྟ་བ་འདི་ལྟ་བུའི་ཚེ་ན་ནི་རིམས་དེ་ཞུ་ཞིང་བྱང་བ་ཡིན་ཏེ། དེའི་ཚེ་འཕྱེན་སྒྲ་དང་བཅས་པ་ཡང་འབྱུང་ཞིང༌། ཐུར་དུ་ཚད་པ་སླ་བར་ཤུགས་དྲག་ཏུ་འཁྲུས་ནས་དེ་ནས་ལུས་ཡང་ཤིང་སྙོམ། རྨྱ་བ་དང༌། རྨོངས་བག་དང༌། ལུས་ཚ་བའི་བག་དང༌། ཁའི་ནང་ཐོར་བུའི་བག་ཀྱང་མེད། མིག་ལ་སོགས་པ་དབང་པོ་རྣམས་བརྟས་ཏེ་ན་བ་མེད། ལུས་ལ་རྡུལ་ཡང་འབྱུང༌། སྦྲིད་པ་ཡང་འབྱུང༌། ན་བ་མེད་ཅིང་རང་བཞིན་གྱིས་ཉམས་ཐ་མལ་པར་གྱུར་ཏེ། ཁ་ཟས་ཡི་གར་འོང༌། མགོ་བོ་གཡའ་སྟེ་ཤིག་ཕྲུག་འདོད་པ་འདི་ལྟ་བུ་ནི་རིམས་ནད་བྱང་བའི་མཚན་མ་ཡིན་ནོ། །རིམས་ཀྱི་ནད་གཞི་བཤད་པའི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།ཁྲག་དང་མཁྲིས་པ་རྒྱས་པའི་ནད་ལས་ཁ་སྣ་དང་མིག་ནས་ཁྲག་འབྱུང་བ་དང༌། ཐུར་དུ་ཁྲག་འབྱུང་བ་དང། ལུད་པ་ལུ་བའི་ནད་གཞིའི་ལེའུ་གསུམ་པ་བཤད་པར་བྱའོ། །རབ་ཏུ་དྲོད་ཆེ་བ་དང༌། རབ་ཏུ་རོ་བྲོ་བ་རྣོ་བ་དང༌། རབ་ཏུ་ཚ་བ་དང༌། སྐྱུར་བ་དང༌། ལན་ཚྭ་ལ་སོགས་ཏེ་ཚ་བར་འགྱུར་བའི་བག་ཟོས་པ་དང༌། འབྲུ་བག་ལ་ཀོ་ཏྲ་པ་དང༌། ཨུད་ཏ་ལ་ཀ་དང༌། འདི་ལྟ་བུའི་ཚ་བའི་བག་དང༌། ན་ལེ་ཤམ་དང༌། དབྱི་མོ་དང༌། །ཀྲུ་ཏྲུག་ཏྲེས་ལ་སོགས་པ་སྨན་ཚ་བའི་བག་མཁྲིས་པར་གྱུར་པ་ཧ་ཅང་བསྟེན་དྲགས་ན་མཁྲིས་པའི་ནད་དུ་འགྱུར་ཞིང་མཁྲིས་པ་རྒྱས་པ་སྟེ། ལུད་པ་དང་ཁྲག་རྒྱས་པའི་ནད་
དུ་འགྱུར་རོ། །མཁྲིས་པ་དང་ཁྲག་གཉིས་ཕན་ཚུན་ནད་འདྲེས་པར་གྱུར་པ་དང༌། ལུས་ཐམས་ཅད་ལ་ཁྲག་དང་མཁྲིས་པས་ཁྱབ་ནས་ནད་དུ་འགྱུར་རོ། །དེ་བས་ན་མཁྲིས་པའི་ནད་ཅེས་བྱ་བ་དེ་ནི་ཁྲག་ནད་དུ་གྱུར་པ་དང༌། ཁྲག་དང་མཁྲིས་པར་འདྲེས་པ་དང༌། ཁྲག་གིས་མཁྲིས་པ་ལ་གནོད་པར་བྱས་པ་འདི་རྣམས་ལྟ་བུས་མཁྲིས་པ་དེ་ཁྲག་གི་དྲི་དང༌། ཁྲག་གི་མདོག་དང་མཐུན་པར་འཇུག་ཅིང་གནས་པས་ན་དེའི་ཕྱིར་ཁྲག་གིས་མཁྲིས་པའི་ནད་དམིགས་མཚོན་ཏེ་བསྟན་པ་ཡིན་ནོ། །དེ་ནས་ཁྲག་གི་གནས་མཆེར་པ་དང་མཆིན་པ་ལ་མཁྲིས་པའི་ནད་དེ་ལྡང་བར་འགྱུར་རོ། །མཁྲིས་པའི་ནད་ལངས་པས་གླད་པ་ལྕི་ཞིང་ན། ཁ་ཟས་ཡི་གར་མི་འོང༌། ཚ་བ་སྐྱེས་པས་གྲང་ཞིང་བསིལ་བར་བྱེད། སློན་ཞིང་སྐྱུགས་ན་སྐྱུགས་པ་དུད་ཁ་ལ་རོ་སྐྱུར་བ་འབྱུང༌། སྐྱུགས་པའི་མདོག་བཙོག་བཙོག་ལྟར་སྣང༌། ལུད་པ་ལུ། དབུགས་མི་བདེ། གླད་པ་འཁོར། ཁོང་སྙོམ། ཁ་ནས་སྐྱུགས་པ་དང༌། ཁྲག་དང༌། མཆིལ་མ་འོང་ཞིང་དྲི་མི་ཞིམ་སྟེ། གཡའ་སྙམ་དུ་མནམ། ཁ་དྲི་མི་ཞིམ། ཉ་རྗེན་བཞིན་དུ་མནམ། སྐད་འཛེར་ཏེ་འགགས། མིག་དང༌། ཤ་དང༌། པགས་པའི་མདོག་དང༌། སེན་མོ་དང༌། བཤང་གཅི་ལ་སོགས་པའི་མདོག་རྣམས་དམར་ལ་ལྗང་སྔོན་དུ་འདུག་པ་མདོག་སེར་པོར་སྣང་བ་དེ་ལྟ་བུར་འགྱུར་རོ། །རྨི་ལམ་ན་ཡང་གཟུགས་ཀྱི་ཁ་དོག་དེ་ལྟར་འབྱུང་ཞིང་སྣང་ངོ༌། །དེ་ལྟར་གྱུར་ན་མཁྲིས་པ་དང་ཁྲག་རྒྱས་པ་ཡིན་ནོ། །མཁྲིས་པ་དང་ཁྲག་གི་ནད་སྟོད་དུ་རྒྱས་པ་ནི། སྣ་དང༌། མིག་དང༌། རྣ་བ་དང༌། ཁ་ནས་ཁྲག་འབྱུང་བར་འགྱུར་རོ། །གལ་ཏེ་ཁྲག་དང་མཁྲིས་པའི་ནད་རོ་སྨད་དུ་རྒྱས་ན་ཕོ་མཚན་དང༌། མོ་མཚན་དང་རྐུབ་ནས་ཁྲག་འབྱུང་བར་འགྱུར་རོ། །ཁྲག་དང་མཁྲིས་པའི་ནད་རབ་ཏུ་རྒྱས་ཏེ་ཚབས་ཆེ་ན་བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་ཁྲག་འབྱུང་ངོ༌། །དེ་ལྟར་སྟོད་དུ་ཁ་སྣ་ནས་ཁྲག་འོང་ན་ནི་གསོ་སླ་སྟེ། སྟོད་བད་ཀན་གྱི་
རང་བཞིན་ཡིན་པས་ན་དེའི་ཕྱིར་དེ་ལྟ་བུ་ལ་བཀྲུ་སྨན་གྱིས་བཀྲུས་ན་ཕན་པར་འགྱུར་རོ། །ཡང་ན་མཁྲིས་པའི་ནད་ལ་ཕན་པའི་སྨན་དཔྱད་ཀྱང་མང་དུ་ཡོད་མོད་ཀྱི། མཁྲིས་པའི་ནད་ནི་བཀྲུ་སྨན་གྱིས་བཀྲུས་པ་ལས་དཔྱད་བཟང་བ་མེད་དོ། །དེ་ལྟར་མཁྲིས་པའི་ནད་བཀྲུ་སྨན་གྱིས་བཀྲུས་ཏེ་ཕྱིན་ན་མཁྲིས་པའི་ཟླ་ལ་བད་ཀན་གྱི་ནད་ཅི་ཡོད་པ་ཡང་བྱང་བར་འགྱུར་རོ། །བད་ཀན་གྱི་ནད་དེ་ཕྱིན་ཏེ་བྱང་ནས་སྨན་དང༌། ཁ་ཟས་རོ་བསྐ་བ་དང་མངར་བའི་བག་ཟོས་ན་གནོད་པ་མེད་དེ། མཁྲིས་ནད་དང་ཁྲག་ནད་ལྟ་བུ་སེལ་ཏེ་ཕན་ནོ། །སྨན་དང༌། ཁ་ཟས་རོ་ཁ་བ་དང་བསྐ་བའི་བག་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེས་ནི་མཁྲིས་པ་དང་ཁྲག་ནད་ཀྱང་སེལ་ལ། བད་ཀན་གྱི་ནད་ཀྱང་སེལ་བས་ཕན་ནོ། །ཐུར་དུ་ཁྲག་དང་མཁྲིས་པ་བྱུང་བ་དེ་ནི་རླུང་ལས་གྱུར་པའི་ས་བོན་ཡིན་ཏེ། དེ་ནི་མྱུར་དུ་བྱར་མི་རུང་སྟེ། དེ་ལ་སྐྱུག་སྨན་བཏང་ན་གསོ་སླ་སྟེ། མྱུར་དུ་འབྱང་བར་འགྱུར་རོ། །དེ་བས་ན་མཁྲིས་པ་རྒྱས་པའི་ནད་ལ་སྐྱུག་སྨན་བཏང་བ་ནི་སྨན་ཕྲན་ཚེགས་སུ་འགྱུར་ཏེ། ཕན་པའི་དཔྱད་མ་ཡིན། མཁྲིས་པའི་ཟླ་ལ་རླུང་ནད་ཡོད་པ་ཡང་སྐྱུག་སྨན་གྱིས་མི་ཕན་ནོ། །དེ་བས་ན་མཁྲིས་པ་རྒྱས་པའི་ནད་ལ་སྐྱུག་སྨན་པས་ནི་ཟས་རོ་བསྐ་བ་དང༌། མངར་བ་ཕན་པར་འགྱུར་རོ། །ཁྲག་དང་མཁྲིས་པ་རྒྱས་ཏེ་བད་ཀན་དང་རླུང་གཉིས་ཀ་འདྲེས་ཏེ་སྟོད་སྨད་གཉིས་ཀར་ཁྲག་འབྱུང་བར་འགྱུར་ན་ནི་གསོ་དཀའ་སྟེ། སྐྱུག་སྨན་བཀྲུ་སྨན་གཉིས་ཀྱང་བད་ཀན་དང་རླུང་ནད་དེ་ལ་མཁྲིས་པའི་ནད་ཀྱང་སྐྱུག་སྨན་དང་བཀྲུ་སྨན་གྱིས་ཕྱིན་པ་མེད་ལ། དེ་བཞིན་དུ་ནད་འདི་འཚོ་བར་འགྱུར་བ་ཡང་མེད་དོ། །དེ་ལྟར་མཁྲིས་པ་དང༌། ཁྲག་ནད་རྒྱས་པ་དང༌། རླུང་དང་བད་ཀན་གྱི་ནད་ཀུན་འདྲེས་པར་གྱུར་པ་དེ་ལྟ་བུར་ནད་ཐམས་ཅད་ཞི་བར་བྱ་བའི་དཔྱད་བྱས་ན་ཕན་ནོ། །དེའི་འོག་ནས་ཞིབ་ཏུ་སྨན་སྦྱར་བའི་སྐབས་སུ་འཆད་དོ། །མཁྲིས་པ་དང་ཁྲག་གི་ནད་དེ་ལྟ་བུར་གྱུར་པ་ནད་དེའི་ནང་དུ་རླུང་ངམ། མཁྲིས་པའམ། བད་ཀན་
གྱི་ནད་དམིགས་གང་ཆེ་བརྟག་དགོས་ཏེ། དེ་ནི་གཏར་ག་ཐོབ་ལ་ཁྲག་ཅི་འདྲ་བ་རྟོག་ཤིག །མཁྲིས་པ་དང་ཁྲག་རྒྱས་པའི་ནད་དེ་ལས་གཞན་ཡང་ཕྲན་ཚེགས་ཅི་དང་ཅིར་གྱུར་པ་ཡང་རྗེས་དཔྱད། འཚོ་འཆི་ཅིར་འགྱུར་བ་ནད་པའི་བཞིན་མདོག་ལ་སོགས་པ་ལས་ལྟས་སུ་བལྟ་བ་ཡང་སྦྱོར་བའི་དཔྱད་གྱིས་ཤིག །ལུད་པ་ལུ་བ་གློ་ནད་རྣམ་པ་ལྔའི་ནད་དམིགས་བཤད་པར་བྱའོ། །གློ་ན་སྟེ་ལུད་པ་ལུ་བས་ནི་ལུས་ལ་གནོད་པ་མྱུར་དུ་བྱེད་པས་ན། དེའི་ཕྱིར་ལུད་པ་ལུ་བའི་དམིགས་འདིར་བསྟན་པར་བྱའོ། །ལུད་པ་ལུ་བ་དེ་ཡང་རྣམ་པ་ལྔ་སྟེ། རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། གློ་རྡོལ་བ་དང༌། ལུས་ཀྱི་སྲོག་ཟུངས་བདུན་ཟད་པར་འགྱུར་བའི་གློ་གཅོང་སྐེམ་བྱེད་དང་ལྔའོ། །གློ་ནད་འདི་ལྔ་ལས་རླུང་ནད་ཀྱི་ལུད་པ་བཀར་ཞིང་ན་བབས་ནི་མཁྲིས་པའི་གློ་ནད་ཀྱི་ནད་དཀྱེལ་ཆེའོ། །མཁྲིས་པའི་གློ་ནད་པས་ནི་བད་ཀན་ལས་གྱུར་པའི་ནད་ཆེའོ། །བད་ཀན་ལས་གྱུར་པའི་ནད་པས་ནི་གློ་འགྲམས་ཏེ་རྡོལ་པའི་ནད་ཆེའོ། །དེ་བས་གློ་གཅོད་སྐེམ་བྱེད་ཀྱི་ནད་ཆེའོ། །གློ་ནད་འདི་རྣམས་གང་ན་ཡང་རུང༌། ནད་ཐབས་ཀྱི་སྤྱི་ནི་ལུད་པ་ལུ། གྲེ་བའི་ནང་གཡའ། ཟས་ཡི་གར་མི་འོང༌། གྲེ་བའི་ནང་གྲ་མས་གང་བ་བཞིན་དུ་རྩུབ་ལ་ཚ། རླུང་རོ་སྨད་མན་ཆད་དུ་རྒྱུ་ཞིང་འགྲོ་བ་ཞིག་ཡོད་པ་དེ་ཡང་ནད་ཀྱིས་འགྲོར་མ་སྟེར། དེ་འགགས་པས་རླུང་དེ་འཁྱིལ་ནས་ཕྱིར་ལོག་སྟེ། རོ་སྟོད་དུ་སོང་ནས་བྲང་དང་མགུལ་པའི་ནང་ཀུན་ཏུ་ཞེན་ཏེ། དེ་ནས་གླད་པའི་ནང་དང་སྟོད་ཀྱི་རྩ་ཀུན་གྱི་ནང་དུ་རླུང་དེས་གང་བ་དང༌། དེའི་ཕྱི་རོལ་རླུང་དེས་ལུས་དང་ཡན་ལག་རྣམས་གྱེན་དུ་བཏེག་ཅིང་སྤར་བ་བཞིན་དུ་གཡེངས་པར་བྱེད་པས་ལུད་པ་ལུ། མིག་ནི་རྡོལ་ཞིང་བྱུང་ལ་ཐུག་པ་ཙམ་དུ་ན། རྒྱབ་དང་བྲང་རྩིབ་ལོགས་སུ་ཟུག་ཅིང་ན་བར་བྱས་ནས་རླུང་གྱེན་དུ་ཁར་རྒྱུ་ཞིང་འབྱུང་ངོ༌། །རླུང་དེ་ལུད་པ་ལུ་ཞིང་འབྱུང་བའི་སྒྲ་ནི་ཁར་བའི་
སྣོད་ཆག་པའི་སྒྲ་སྐད་ཟེར་རོ། །དེ་ལྟར་རླུང་ནད་ལས་གློ་ལུ་བ་དེ་ཡང་ནད་གཞིའི་བྱེ་བྲག་ཐ་དད་པས། རླུང་ནད་ཁོང་པ་ནང་དུ་འགགས་ཤིང་ཞེན་པའི་ནད་ཀྱང་ཐ་དད་པར་གྱུར་ཏེ། དེའི་ཕྱིར་ནད་ཐབས་ཀྱང་མི་འདྲ། ལུད་པ་ལུ་བའི་སྐད་ཀྱང་མི་འདྲ་བར་འབྱུང་ངོ༌། །དེ་ལ་རླུང་ནད་ལས་གྱུར་པའི་ལུད་པས་བཀར་བའི་ནད་ཐབས་ནི། རླུང་ནད་སློང་ཞིང་ལྡང་བར་འགྱུར་བའི་ཁ་ཟས་ཟོས་པས་བྲང་དང༌། ཐོང་ཀ་དང༌། གྲེ་བའི་ནང་ཁ་བསྐམས། སྙིང་ན། རྩིབ་ལོགས་དང༌། བྲང་དང༌། གླད་པར་ཟུག་ཅིང་ན། རྨོངས་བག་ཏུ་འགྱུར་རོ། །རླུང་གིས་ལུས་ཐམས་ཅད་ཀྱི་ནང་དཀྲུགས་པ་སྙམ་བྱེད། སྐད་འགགས། ལུད་པ་སྐམ། ལུད་པ་ཤུགས་དྲག་ཏུ་ལུ། ལུ་བའི་ཚེ་ཟུག་ཅིང་ཆེར་ན། ལུ་བའི་སྒྲ་དྲག་ཏུ་འབྱུང༌། ལུས་ཀུན་རྩུབ་ལ་རེག་ན་བརྩེ། བད་ཀན་གྱི་བག་ཁོང་ན་བསྐམས་ཏེ་ཟད་པས། ལུད་པ་དྲག་པ་ཡུན་རིང་ཞིག་ཏུ་ལུ་ལུ་ན། ཡང་བད་ཀན་ཅུང་ཟད་ཙམ་ཞིག་འབྱུང་བ་དེ་ལྟ་བུ་ནི་རླུང་ལས་གྱུར་པའི་ལུད་པ་ལུ་བའི་ནད་ཐབས་ཡིན་ནོ། །དེ་ལ་མཁྲིས་པའི་ནད་ལས་གྱུར་པའི་ལུད་པ་ལུ་བའི་ནད་ཐབས་ནི། ལུད་པ་ལུ་ན། མཆིལ་མའི་རོ་ཁ། ཁའི་ནང་གི་རོ་བྲོ་བ་ཡང་ཁ། མིག་སེར། རིམས་ཀྱིས་ཐེབས། མགོ་འཁོར། མཁྲིས་པ་དང་ཁྲག་ཏུ་སློན་པར་བྱེད། བད་ཀན་དང་མཆིལ་མ་དུད་པ་འདྲ་བ་ནག་པོར་འབྱུང་ངོ༌། །སྐད་འགགས། སྐོམ་དད་ཆེ། ཁོང་མྱོས་པར་འགྱུར། ལུད་པ་རྟག་པར་དྲག་ཏུ་ལུ་བའི་ཚེ་མིག་ལམ་དུ་སྐར་མདའ་འཕྲོ་བར་བྱེད་པ་ལྟ་བུར་སྣང༌། ནད་ཐབས་འདི་ལྟ་བུ་ནི་མཁྲིས་པས་བཀར་བའི་ལུད་པ་ཞེས་བྱ་བའོ། །དེ་ལ་བད་ཀན་གྱིས་བཀར་བའི་ལུད་པའི་ནད་ཐབས་བྲང་དུ་ཟུག་པའི་ནད་ཚབས་ནི་མི་ཆེ། གླད་པའི་སྤྱི་བོ་དང་སྙིང་ག་ནི་ལྕི་ལ་མེར་མེར་པོར་གང་བ་སྙམ་བྱེད། གྲེ་བའི་ནང་བད་ཀན་གྱིས་སྐྱང་ནུལ་དུ་བྱུགས་པ་ཙམ་དུ་ཞེན་ལ་འབྱུང་དུ་མི་རུང༌། ཆམ་པས་འདེབས།
སྐྱུགས། ཁ་ཟས་ཡི་གར་མི་འོང༌། བ་སྤུ་དང་ཤའི་པགས་པར་རེག་ན་བརྩེ། ལུད་པ་ལུ་ན་བད་ཀན་དཀར་པོ་དཀར་ལ་སྣུམ་བག་ཏུ་འབྱུང་ངོ༌། །ནད་ཐབས་འདི་ལྟ་བུ་ནི་བད་ཀན་གྱིས་བཀར་བའི་ལུད་པ་ལུ་བའི་ནད་ཐབས་ཞེས་བྱའོ། །དེ་ལ་གློ་འགྲམས་ཏེ་རྡོལ་བའི་ནད་ཐབས་ནི་སྟོབས་ལ་སོགས་པ་དྲག་ཤུལ་གྱི་བག་ལྟ་བུར་བྱས་པ་དང༌། སྟོབས་ཀྱི་ཚན་གྱིས་མི་ནུས་བཞིན་དུ་ཡང་སྟོབས་སམ། ཁུར་ལྟ་བུ་ཆེན་ཆེན་པོ་ཕྱུང་བས་རླུང་གིས་གློ་བ་རྡོལ་ཏེ་དྲལ་ནས། དེའི་རྗེས་སུ་མཁྲིས་པ་ཡང་ཞུགས་ཏེ་ནད་དཀྱེལ་དུ་གྱུར་པ་ལས་ལུད་པ་ལུ་ནས་ལུད་པ་དེ་ཁར་བད་ཀན་དང་ཁྲག་འབྱུང་བ་ཁ་དོག་སེར་པོ་ནག་པོ་རྣག་གི་ལྗན་ལྗིན་རིལ་རིལ་པོ་དང་འདྲེས་པའི་བད་ཀན་ཅིག་འབྱུང་ངོ༌། །གྲེ་བའི་ནང་བད་ཀན་རྣག་ཁྲག་འོང་བའི་ཚེ་ན་ལ་བྲང་དང༌། ནུ་འཇིང་དང༌། ཐོད་ག་ཕྱོགས་སུ་གཟེར་བ་བཞིན་དུ་ཟུག །རུས་པའི་ཚིགས་ཁ་བྱེ་བ་སྙམ་བྱེད་ལ་རིམས་ནད་ཀྱིས་འདེབས། དབུགས་མི་བདེ། སྐོམ་དད་ཆེ། སྐད་འགགས། ལུས་འདར། རྩིབ་ལོགས་སུ་ཟུག་ཅིང་ན་སྟེ། མཁུན་ཞིང་ཕུག་རོན་སྐད་འབྱིན་ཏོ། །དེ་ལྟར་གློ་འགྲམས་ཏེ་རྡོལ་ན་བགས་ཀྱིས་ཉམས་སྟོབས་འབྲི། ཁ་ཟས་ཁད་ཀྱིས་ཡི་གར་མི་འོང༌། ཕོ་བའི་དྲོད་དང་ཉམས་འཚག་དང༌། བཞིན་མདོག་དང་འདི་རྣམས་ཀྱང་ཁད་ཀྱིས་འབྲི་བར་འགྱུར་རོ། །ནད་ཐབས་འདི་ལྟར་ན་ན་གློ་འགྲམས་ཏེ་རྡོལ་བ་ཡིན་ནོ། །དེ་ལ་ལུས་ཀྱི་སྲོག་ཟུངས་བདུན་ཟད་པར་འགྱུར་བའི་གློ་གཅོད་ན་བའི་ནད་ཐབས་ནི་གཅིན་ཁྲག་ཏུ་འོང༌། རྒྱབ་དང་རྐེད་པ་ན། མཆོག་ཏུ་རླུང་ནད་ཀྱིས་ནང་སློང་བར་བྱེད་དེ་དེ་བས་ན་ཟད་པར་བྱེད་པའི་ནད་འདི་ནི་ལུས་ཀྱི་ནད་ལ་རྒྱལ་པོ་ལྟར་བྱེད་པས་ན་ནད་ཀྱི་རྒྱལ་པོ་ཟད་བྱེད་ཅེས་བྱའོ། །དེའི་ནད་ཐབས་ཀྱང་ལུད་པ་ལུ་ཞིང་བད་ཀན་དུ་འབྱུང་ངོ༌། །བད་ཀན་དུ་ལུ་བ་ལས་ཀྱང་རུལ་ཏེ་རྣག་བཞིན་དུ་འབྱུང་ལ་མདོག་སེར་མནམ། རྩ་སྔོ་ཞིང་དམར། རྩིབ་
ལགས་གཡས་གཡོན་ན་མར་གཞོགས་ཤིང་བཅད་པ་སྙོམ་བྱེད། སྙིང་ཐུར་དུ་འཕྱོངས་ཤིང་ལྟུང་བ་སྙམ་བྱེད་དེ་ན། གློ་བུར་དུ་རེས་འགའ་ནི་ཚ་བར་འདོད། རེས་འགའ་ནི་བསིལ་ཞིང་གྲང་བར་འདོད། ཁ་ཟས་མང་དུ་ཟ་ཕོད་ལ་ཉམས་འཚག་ནི་ཟད་དེ་རྐེ། ཁ་གདོང་ནི་མདོག་སྣུམ་ལ་གསལ། སོ་དཀར། མིག་བཟང་པོར་སྣང་བ་འདི་ལྟ་བུའི་ཚུལ་དུ་གྱུར་ན་དེའི་རྗེས་ལ་ལུས་ཀྱི་སྲོག་ཟུངས་ཟད་པར་འགྱུར་བའི་ནད་ཀྱི་ཚུལ་ཐམས་ཅད་འབྱུང་བར་འགྱུར་རོ། །དེ་བས་ན་ལུས་སྲོག་ཟད་པར་འགྱུར་བའི་ལུད་པས་བཀར་བར་འགྱུར། ལུད་པས་བཀར་ཞིང་ལུ་ལུ་བས་ལུས་ཟད་དེ་མ་རུངས་པར་འགྱུར་རོ། །ནད་པ་དེ་ཉམས་འཚག་ཡོད་ན་ནི་གློ་གཅོད་ཟད་བྱེད་ཀྱི་ནད་དང༌། གློ་འགྲམས་པའི་ནད་གཉིས་ཀ་ཡང་དེ་ལས་མིང་ལ་བར་གསོ་བ་ཙམ་དུ་རུང་ངོ༌། །གློ་འགྲམས་པ་དང༌། ལུས་ཟད་པ་བསྐམས་པའི་གློ་གཅོང་གཉིས་ཀ་གསར་དུ་བྱུང་ན་སྨན་དཔྱད་ཀྱིས་གསོར་རུང་ངོ༌། །རླུང་ངམ་མཁྲིས་པའམ་བད་ཀན་གསུམ་གྱི་ནད་དར་བར་འགྱུར་བའི་གློ་གཅོང་ཟད་བྱེད་ཀྱི་ནད་ཀྱིས་བཏབ་པ་ཡང་གསོར་རུང་ངོ༌། །རླུང་དང༌། མཁྲིས་པ་དང༌། བད་ཀན་གསུམ་ལྟ་བུ་ལས་གང་ཡང་རུང་སྟེ། ནད་སྣ་གཉིས་འདྲེས་པའི་ནད་དུ་གྱུར་ཏམ་མི་རྒན་པོ་ལྟ་བུ་ལ་གློ་གཅོད་ཟད་བྱེད་ཀྱི་ནད་ཀྱིས་བཏབ་ན་དེ་དག་ཀྱང་ནད་དེ་ལས་མི་འགྱུར། མི་ཐུ། སླ་བ་ཙམ་དུ་གསོར་རུང་ངོ༌། །དེ་ལྟ་བས་ན་ལུས་སྲོག་ཟད་པར་བྱེད་པའི་གློ་གཅོང་གི་ནད་གསོ་བ་ཡལ་བར་བོར་ན་དང་པོ་ལུད་པ་ལུའོ། །དེ་ནས་དབུགས་མི་བདེའོ། །དབུགས་མི་བདེ་བ་ལས་ལུས་སྲོག་བདུན་པོ་ཟད་པར་འགྱུར་རོ། །དེ་ནས་སློན་པར་བྱེད། དེ་ནས་སྐད་འགགས་པ་ལ་སོགས་པའི་ནད་རྣམས་འབྱུང་ངོ༌། །དེ་བས་ན་ནད་ཐབས་འདི་ལྟར་གྱུར་ན་གསོ་བའི་དཔྱད་མྱུར་དུ་གྱིས་ཤིག །ཁྲག་མཁྲིས་དང་ལུད་པ་ལུ་བའི་གློ་ནད་རྣམ་ལྔའི་ནད་གཞི་བཤད་པའི་ལེའུ་སྟེ་གསུམ་པ་རྫོགས་སོ།། །།
དབུགས་མི་བདེ་བའི་ནད་དང༌། སྐྱིགས་བུས་བཏབ་པའི་ནད་གཞི་བཤད་པའི་ལེའུ་བཞི་པ་བཤད་པར་བྱའོ། །དེ་ལ་དབུགས་མི་བདེ་བའི་ནད་ནི་ལུད་པས་བཀར་བའི་ནད་དཀྱེལ་ཆེར་སྐྱེས་སམ། ཡང་ན་དབུགས་མི་བདེ་བར་འགྱུར་བའི་ཁ་ཟས་མི་འཕྲོད་པ་ཅིག་སྔར་ཟོས་ལ། ནད་བསླང་སྟེ་དབུགས་མི་བདེ་བར་གྱུར་ཏམ། ཡང་ན་ཁ་ཟས་མ་ཞུ་བས་ཚད་པར་འཁྲུས་སམ། ཁ་ཟས་མ་ཞུ་བས་སློན་ཏམ་དུག་འཐུངས་སམ། སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་བམ་རིམས་ཀྱིས་བཏབ་བམ། འདི་ལྟ་བུ་གང་ཡང་རུང་བའི་ནད་གཞི་དབུགས་མི་བདེ་བར་འགྱུར་རོ། །དབུགས་མི་བདེ་བའི་ནད་དེ་ཡང་རྣམ་པ་ལྔ་སྟེ། དབུགས་ཅུང་ཟད་མི་བདེ་བ་དང༌། དབུགས་མི་བདེ་བ་མུན་པ་བཞིན་སྙིང་རྨུགས་ཀྱིས་བྱེད་པ་དང༌། དབུགས་འཆད་པ་དང༌། དབུགས་དྲག་པོ་མི་བདེ་བ་ཆེར་འབྱུང་བ་དང༌། དབུགས་ཕྱིར་རྒྱུ་བ་དྲག་ལ་ནང་དུ་རྔུབ་པའི་ཚེ་དབུགས་འཆད་དེ། ནང་དུ་མི་རྔུབ་པ་དང་རྣམ་པ་དེ་ལྔའོ། །ཡང་དབུགས་མི་བདེ་བའི་ནད་ཐམས་ཅད་ནི་དབུགས་ཕྱི་ནང་དུ་རྒྱུ་བ་ལ་བད་ཀན་གྱིས་ཆོད་དེ་འགགས་པ་དང་ཟས་སྐོམ་མིད་པའི་གྲེ་བ་དང་མགུལ་པའི་སྦུ་གུ་དང༌། སྲོག་ཅེས་བྱ་བའི་རླུང་ཕྱི་ནང་དུ་རྒྱུ་བ་ཞིག་ཡོད་པ་དང་འདི་དག་ལ་བད་ཀན་གྱིས་འགགས་ཏེ་ཆོད་པས་དབུགས་རྒྱུ་བའི་རླུང་འགྲོར་མི་སྟེར་ཞིང་གློ་གཡས་གཡོན་དུ་འཁྱིལ་ཏེ་འདུག་ལ་རྩ་སྒོ་ཡང་བད་ཀན་གྱི་ནད་ཀྱིས་འགགས་ན་མ་ཞུ་བའི་གནས་ཕོ་བ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་དེ་བྱུང་ནས་བྲང་གི་ཐད་ཀར་འདུག་ཅིང་འཁྱིལ་ནས་དབུགས་མི་བདེ་བར་འགྱུར་ཏེ་ནའོ། །དེ་ལྟར་ན་ན་བའི་ཚུལ་ནི་དང་པོར་སྙིང་དང་རྩིབ་ལོགས་ན་སྲོག་གི་དབུགས་ཕྱི་ནང་དུ་རྒྱུ་བ་ལས་གནོད་དེ་ན། དབུགས་ཀྱིས་གང་སྟེ་བུས་པའི་ཐབས་སུ་ན། མུར་འགྲམ་གཡས་གཡོན་དུ་ཟུག་སྟེན་བ་འདི་ནི་དབུགས་མི་བདེ་བ་སྤྱིའི་ནད་ཐབས་ཡིན་ནོ། །དེ་ལ་དབུགས་ཅུང་ཟད་མི་བདེ་བ་ཞེས་བྱ་བའི་ནད་ཐབས་ནི་སྟོབས་རྩལ་དྲག་ཤུལ་གྱི་བག་བྱས་སམ། ཁ་ཟས་ཧ་ཅང་འགྲངས་ཆེས་པར་ཟོས་པ་འདི་ལྟ་བུས་འཕྲལ་དུ་དབུགས་མི་བདེ་སྟེ། རྔམ་པ་དྲག་ཏུ་འབྱུང་བར་བྱེད་དོ། །དབུགས་མི་བདེ་བ་འདི་ནི་ཕྲན་ཚེགས་ཡིན་ཏེ་འདི་རང་ཞི་བར་འགྱུར་བ་ཡིན་ནོ། །
དེ་ལ་དབུགས་མི་བདེ་བ་མུན་པ་བཞིན་རྨུགས་ཞེས་བྱ་བའི་ཐབས་ནི་རྣམ་པ་གཉིས་ཏེ། བད་ཀན་ལས་དབུགས་མི་བདེ་བར་གྱུར་པ་དང༌། མཁྲིས་པ་ཚ་བའི་ནད་ལས་དབུགས་མི་བདེ་བར་གྱུར་བ་དང་གཉིས་སོ། །དེ་ལ་བད་ཀན་སྐྱེས་ན་དབུགས་ཕྱི་ནང་དུ་རྒྱུ་བའི་རླུང་དེ་འགགས་ཏེ་འཁྱིལ་ནས་ཕྱིར་འབྱུང་དུ་མི་སྟེར་བར་སྦུ་གུ་དང་རྩའི་ནང་ན་མར་དབུགས་ལོག་པར་ཐུར་དུ་རྒྱུ་བར་བྱེད། གླད་པ་ན། མགུལ་པའི་ནང་གི་སྦུ་གུ་ན། བྲང་དང་རྩིབ་ལོགས་སུ་ཟུག་ཅིང་ནའོ། །ལུད་པ་ལུ་ན་གྲེ་བའི་ནང་སྒྲ་ངར་ངར་ཟེར། སྙིང་མི་དྲན་རྨོངས་བག་ཏུ་གྱུར། ཁ་ཟས་ཡི་གར་མི་འོང་ངོ༌། །ཆམ་པས་འདེབས། སྐོམ་དད་ཆེ་སྟེ་དབུགས་མི་བདེ་བའི་ཚེ་ན་རབ་ཏུ་མི་བདེ་སྟེ། དམིགས་ཀྱིས་ནི་སྲོག་ཅེས་བྱ་བའི་རླུང་ཞིག་ཡོད་དེ། གློ་སྙིང་གི་ནང་ནས་གྱེན་དུ་གླད་པའི་སྤྱི་བོའི་བར་དུ་རྒྱུ་ལ་དེའི་ལས་ནི་སེམས་དང་ཞིང་གསལ་བར་བྱེད། མིག་དང་རྣ་བ་ལ་སོགས་པ་དབང་པོ་རྣམས་དང་ཞིང་གསལ་བར་བྱེད། སེམས་བརྟན་པར་བྱེད་མཆིལ་མ་འདོར་བར་བྱེད། སྦྲིད་པ་འབྱུང་བར་བྱེད། སྒྲེགས་པ་འབྱུང་བར་བྱེད། དབུགས་ཕྱི་ནང་དུ་རྒྱུ་བར་བྱེད། ཁ་ཟས་ཟས་སྐོམ་མིད་པར་བྱེད་པ་དེ་ལྟ་བུའི་རླུང་ཞིག་ཡོད་དེ། བད་ཀན་གྱིས་འགགས་ཏེ་རླུང་རྒྱུར་མི་སྟེར་བ་དང༌། དབུགས་འགགས་ཏེ་མི་བདེ་བས་དབུགས་ཐུམ་ཐུམ་བྱེད་པས་མུན་པ་བཞིན་དུ་འགྱུར་རོ། །དེ་ལ་ཁོང་ནས་བད་ཀན་ངན་པ་ཅུང་ཟད་ཙམ་ཕྱུང་ན་སྐད་ཅིག་ཙམ་བདེའོ། །ཉལ་བའི་ཚེ་ན་དབུགས་རབ་ཏུ་མི་བདེའོ། །ཙོག་ཙོག་པོར་འདུག་ན་ནི་དབུགས་མི་ཟད་བདེ་བར་བྱེད། དབུགས་མི་བདེ་བའི་ཚེ་མིག་ཧར་ཧར་པོར་འགྱུར། འཕྲལ་བ་ན་རྡུལ་འབྱུང་སྟེ་རབ་ཏུ་མི་བདེ། ཁ་སྐམ། དབུགས་མི་བདེ་བས་རྔམ་པ་བསྟུད་མར་འབྱུང༌། བད་ཀན་ལས་གྱུར་པའི་དབུགས་མི་བདེ་བ་ཡིན་པས་དྲོན་པོའི་བག་འདོད། ཁོང་འདར། ཆར་པ་འབབ་པའམ། ནམ་ལངས་ཏེ་ཡུལ་གྲང་ངམ། སྔ་དྲོའི་སེར་བུས་ཕོག་པ་དང༌། བད་ཀན་སྐྱེས་ནས་དབུགས་མི་བདེ་བའི་ནད་ལས་འགྱུར་ཏེ། དེ་ལྟ་བུ་ལ་སྨན་དཔྱད་ཀྱི་ཆོ་ག་བྱས་ན་ནད་དེ་ལས་དཀྱེལ་མིན་པ་ཙམ་གསོར་རུང་ངོ༌། །དབུགས་མི་བདེ་བའི་ནད་དེ་ལྟ་བུས་གསར་དུ་བཏབ་པའམ།
ནད་པ་ཉམས་འཚག་ཡོད་ན་ནི་གསོ་སླའོ། །དེ་ལ་ཚ་བ་མཁྲིས་པའི་བག་གིས་དབུགས་མི་བདེ་བར་འགྱུར་ལ། རིམས་ཚ་བས་བཏབ་བམ་མྱོས་ཏེ་དབུགས་མི་བདེ་ན་ནི་སྨན་བསིལ་བག་གིས་ནད་གསོའོ། །དེ་ལ་དབུགས་འཆད་ཅིང་དབུགས་མི་བདེ་བའི་ནད་ཐབས་ནི་དབུགས་མི་བདེ་བའི་རྔམ་པ་ཤུགས་དྲག་པོ་འབྱུང་བའི་རྗེས་ལ་དབུགས་ཆད་པ་དེ་ལྟ་བུ་བསྟུད་པར་ན་སྟེ། དེའི་ཚེ་སྲོག་གི་གནས་ཡོད་པ་ཀུན་ཀྱང་འཆད་པ་ཙམ་དུ་ན། རྔུལ་འབྱུང༌། བརྒྱལ། ཁོང་ལྕོག །ལྒང་པ་ཚ། གཅིན་འགག །མིག་ཧར་ཧར་པོར་འོག་མིག་ཏུ་ཐུར་དུ་ལྟ་ལ་མིག་ཡ་གཅིག་དམར་པོར་གྱུར། ཡང་དང་ཡང་མི་དྲན་ཏེ་མོང་མོང་བོར་གྱུར། ཁ་སྐམ། སྨྲ་བའི་ཤུགས་ཉམས་ཏེ་གསང་དམའ། གཟི་མདངས་ཉམས་བཞིན་བླག་བླག་པོར་གྱུར། སྙིང་མི་དྲན་ཏེ་མྱོ་མྱོ་པོ་དེ་ལྟར་བྱེད་དོ། །དེ་ལ་དབུགས་མི་བདེ་བའི་ང་རོ་ཆེར་འབྱུང་བའི་ནད་ཐབས་ནི་དབུགས་མི་བདེ་བའི་ང་རོ་ཉམས་པའི་སྒྲ་ཆེར་འབྱུང་ལ་རྔམ་པ་དྲག །དབུགས་མི་བདེ་བའི་ང་རོ་གཉིས་ཀྱི་སྡུར་པ་སྒྲ་བཞིན་འབྱུང༌། དབུགས་མི་བདེ་བའི་དབུགས་དྲག་ཏུ་འབྱུང་བའི་ཚེ་དབྱར་གྱི་གླང་རྒྱགས་ཏེ་འགྱིང་བའི་ང་རོ་སྐད་དྲག་ཏུ་ཟེར། སྔར་ལོབས་ཤིང་ཤེས་པ་རྣམས་ཀྱང་བརྗེད་དེ་མི་དྲན། མིག་གིས་མི་མཐོང་ལ་འཁྲུལ། བཞིན་འགྱུར། རོ་སྟོད་དང་དཔུང་མགོ་ཞུམ་པོར་འགྱུར། བཤད་གཅི་འགགས་ཏེ་མི་འབྱུང༌། སྐད་ཀྱི་གདངས་ཉམས་ཏེ་གཅོམ་ཆུང༌། གྲེ་བ་སྐམས། ཡང་དང་ཡང་སྙིང་མི་དྲན་ཏེ་མྱོས། རྣ་བ་དང་མུར་འགྲམ་དང་ཀླད་པ་ཟུག་སྟེ་ནའོ། །དབུགས་གྱེན་དུ་ཕྱིར་འབྱུང་བ་ཡུན་རིང་དུ་འབྱུང་ལ་ནང་དུ་མི་རྔུབ། འདིའི་ནད་ཐབས་ནི་མགུལ་པ་དང་སྦུ་གུ་དང་རྩ་སྒོ་རྣམས་བད་ཀན་གྱིས་ཆོད་དེ་འགགས་པ་དེ་ལྟར་ནང་དུ་རྔུབ་མི་ནུས་ཏེ་དབུགས་བདེ་ལ་དབུགས་མནམ་པོར་འབྱུང༌། མིག་གྱེན་དུ་བལྟ་ལ་མིག་འཁྲུལ་ཅིང་ཕྱོགས་ཀུན་དུ་ཡང་བལྟ། གནད་དང་སྲོག་ཆད་ལ་ཐུག་པ་ཙམ་དུ་ཉམ་ཐག་ནས་སྨྲེ་སྔགས་འདོན་ཅིང་ཚིག་མི་འབྱིན། ནད་ཐབས་འདི་ལྟ་བུར་གྱུར་བ་སྣ་གྲངས་ཚང་ན་ནི་གསོར་ཡང་མི་རུང་ངོ༌། །སྣ་གྲངས་འདི་ལྟར་མཚང་ན་ནི་གསོར་
རུང་ངོ༌། །དབུགས་མི་བདེ་བའི་ནད་ཐབས་ལྔ་ནི་དེ་ལྟ་བུ་ཡིན་ནོ། །དེ་ལ་སྐྱིགས་བུ་ས་བཏབ་པའི་ནད་ཀྱང་སྤྱི་ནི་དབུགས་མི་བདེ་བའི་ནད་ཀྱི་གཞི་དང་ནད་ཀྱི་ཐབས་ཀྱི་ཚུལ་དང་ཡང་འདྲ། ནད་ཀྱི་མིང་གི་རྣམ་གྲངས་ཀྱང་མཉམ། རང་བཞིན་ཡང་འདྲ། སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་ཀྱང་འདྲའོ། །ལྔ་གང་ཞེ་ན། ཁ་ཟས་ལ་སྐྱིགས་བུ་ཐ་མལ་པ་དང༌། དྲག་ཤུལ་ལས་གྱུར་པའི་སྐྱིགས་བུ་ཕྲ་མོ་དང༌། སྐྱིགས་བུ་ཟུང་དུ་འབྱུང་བ་དང༌། སྐྱིགས་བུ་ཆེར་འབྱུང་བ་དང༌། ཁོང་པའི་གཏིང་གི་ཟབས་ནས་སྐྱིགས་བུ་འབྱུང་བ་དང་ལྔའོ། །དེ་ལ་ཁ་ཟས་ལས་གྱུར་པའི་སྐྱིགས་བུ་ནི་ཁ་ཟས་རིངས་ཐབས་སུ་ཟོས་པ་དང༌། ཟས་རྩུབ་པའམ། ཁ་ཟས་ཚན་མོའམ། ཁ་ཟས་སྲ་བའམ། ཟས་སྐོམ་སྔ་ན་མ་གོམས་པ་དེ་ལྟ་བུ་དྲག་ཏུ་ཟོས་པས་བཙིར་བར་གྱུར་པའི་རླུང་གིས་ཕུལ་བ་ལས་སྐྱིགས་བུས་བཏབ་སྟེན་བ་མ་ཡིན་པ་སྒྲ་མི་གྲག་པར་འབྱུང་སྤྲིད་པས་འདེབས་སོ། །དེ་ལྟ་བུ་ལ་སྔན་ཆད་གོམས་པའི་ཟས་སྐོམ་ཐ་མལ་པ་ཟོས་པས་ཞི་བར་འགྱུར་རོ། །དེ་ལྟ་བུ་ནི་ཟས་ལས་གྱུར་པ་ཞེས་བྱའོ། །དེ་ལ་དྲག་ཤུལ་ལས་གྱུར་པའི་སྐྱིགས་བུ་ཕྲན་ཚེགས་གང་ཞེན། དེ་ནི་དྲག་ཤུལ་ལས་སྟོབས་རྩལ་གྱི་བག་བྱས་པས་རླུང་བསྐྱོད་དེ་དེས་སྐྱིགས་བུ་མི་དྲག་པ་མགུལ་བའི་ནང་ནས་བྱུང་སྟེ། ན་བའི་ཤུགས་ཀྱང་མི་དྲག་སྟེ་འཇམ་མོ། །དེ་ཡང་དག་ཤུལ་གྱི་བག་བྱས་ན་ནི་སྐྱིགས་བུའི་ནད་ལའོ། །ཁ་ཟས་ཟོས་པ་རྣམས་ཀྱིས་འཇམ་པར་འགྱུར་རོ། །དེ་ལ་སྐྱིགས་བུ་ཟུང་དུ་འབྱུང་བའི་ནད་ཐབས་ནི་བསྟུད་མར་ལན་གཉིས་ཙམ་འབྱུང་ལ། དེའི་འོག་ཏུ་ཁ་ལངས་ཙམ་ལས་མི་འབྱུང་ཞིང་དེ་ནས་ཡང་བསྟུད་མར་འབྱུང་བ་དེ་ལྟ་བུ་ཡིན་ནོ། །དེ་ནི་ཁ་ཟས་སྐྱིགས་བུས་འདེབས་ཕར་འགྱུར་ཏེ། དེ་ཡང་ཁ་ཟས་འཇུག་ཉེ་བའི་ཚེ་ན་སྐྱིགས་བུས་དྲག་ཏུ་འདེབས། ཁ་ཟས་ཞུ་ཕན་ཆད་ནི་རང་འབྱུང་ངོ༌། །སྐྱིགས་བུས་བསྟུད་མར་འདེབས་པའི་ཚེ་ན་ལུས་འདར། ཀླད་པ་དང་མགུལ་པ་ན། ཁོང་ལྕོག །སྐོམ་དད་ཆེ། ཚིག་སྨྲ་བ་མང༌། སློན་ཚད་པས་འདེབས། མིག་ཧར་བག་ཏུ་ལྟ། གླལ་འབྱུང་ངོ༌། །སྐྱིགས་བུ་ཟུང་དུ་འབྱུང་བ་ནི་འདི་ནད་
ཐབས་ཀྱང་དྲག་ལ་ཁ་ཟས་ཞུ་བའི་ཚེ་སྐྱིགས་བུའི་ནང་ཀྱང་ལྡང་ཞིང་མི་བདེ་བར་བྱེད་པ་ཡིན་ནོ། །དེ་ལ་སྐྱིགས་བུ་ཆེར་འབྱུང་བའི་ནད་ཐབས་ནི་སྨིན་མ་དང་མུར་འགྲམ་གཉིས་མཉམ། མིག་ནས་མཆི་མའང༌། མིག་ཧར་བག་ཏུ་ལྟ། ལུས་རེངས་བག་ཏུ་བྱེད། ཚིག་འཁྲུལ། དྲན་པ་དང་ཤེས་པ་འཁྲུལ་བག་ཏུ་བྱེད། མིད་པའི་སྦུ་གུ་འགགས། སྲོག་གི་གནད་གསིག་ཅིང་སྐྱོད་པར་བྱེད། རྒྱབ་ཏུ་རྒྱུ། ལུས་ཀྱི་ཁོག་སྐམ་བག་ཏུ་འགྱུར་བའི་སྐྱིགས་བུ་དྲག་ཏུ་འབྱུང་སྟེ། སྐྱིགས་བུ་དེ་ཁོང་པའི་ནང་དམའ་བ་ནས་འབྱུང༌། སྒྲ་ཆེར་འབྱུང༌། སྐྱིགས་བུ་འབྱུང་བའི་ཚེ་ན་བའི་ཚབས་ཆེ་སྟེ་སྐྱིགས་བུའི་སྟོབས་ཀྱི་ཤུགས་དྲག་པར་འབྱུང་བ་ཡིན་ནོ། །དེ་ལ་ཁོང་པའི་གཏིང་གི་ཟབས་ནས་སྐྱིགས་བུ་འབྱུང་བའི་ནད་ཐབས་ནི་ཁ་ཟས་ཞུ་བའི་གནས་ལོང་ཀའམ། ལྟེ་བའི་ཐད་ཀ་ཙམ་ནས་སྐྱིགས་བུ་གོང་མ་དང་འདྲ་བར་འབྱུང་སྟེ་ནད་ཐབས་ཀྱང་གོང་མ་དང་འདྲ་བར་བསྟུད་མ་ཡང་དང་ཡང་འབྱུང་ཞིང་ཁ་གླལ། རྐང་ལག་བྱ་རྨྱང་བྱེད། སྐྱིགས་བུ་འབྱུང་བའི་སྒྲ་བྲག་ཅ་ཅན་ཟབ་མོར་འོང་བ་ནི་ནད་ཐབས་དེ་ལྟ་བུ་ཡིན་ནོ། །དེ་ལ་སྐྱིགས་བུ་ཐོག་མར་རྣམ་པ་གཉིས་པོ་ནི་གསོ་སླའོ། །ཐ་མའི་སྐྱིགས་བུའི་ནད་ཐབས་སུ་གྱུར་པ་ནི་གསོར་མི་རུང་ངོ༌། །སྐྱིགས་བུའི་ནད་ཐམས་ཅད་ཀྱི་སྣ་གྲངས་ཀྱང་ཚང་ལ་ནད་ཚབས་ཀྱང་ཆེ། ནད་གཞན་ཀུན་ཀྱང་ཚོགས་ལ་ཕོ་བ་གྲང་སྟེ་ཟས་ཀྱང་མ་ཞུ། མི་ན་རྒས་སམ། བུད་མེད་ལ་དྲགས་པར་གྱུར་པ་ལྟ་བུ་ཞིག་གམ། ནད་ཀྱིས་ལུས་ཟད་དེ་གོང་མ་དང་ཁ་ཟས་བཅད་དམ་མ་ཆུད་དམ། གློ་འགྲམས་ཏེ་རྡོལ་ཏམ། སྨན་ཚབས་ཆེན་པོར་གྱུར་པ་འདི་རྣམས་གང་ཡང་རུང་བ་ལ་སྐྱིགས་བུ་ཡོང་བ་དེ་ལྟ་བུས་བཏབ་ན་གསོར་མི་རུང་ངོ༌། །ཡང་ན་ནད་དོ་ཅོག་གིས་ཀྱང་མ་རུངས་པར་ནི་བྱེད་མོད་ཀྱི། སྐྱིགས་བུ་ལྟར་མྱུར་དུ་མ་རུངས་པར་བྱེད་པ་ཉིད་མ་ཡིན་ནོ། །སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་གཉིས་ནི་ནམ་འཆིར་ཉེ་བའི་ཚེ་ན་འོང་བར་འགྱུར་རོ། །དབུགས་མི་བདེ་བའི་ནད་ཐབས་དང༌། སྐྱིགས་བུའི་ནད་ཐབས་བཤད་པ་སྟེ་ལེའུ་བཞི་པ་རྫོགས་སོ།། །།གློ་གཅོད་ཆེན་པོ་ལུས་ཀྱི་སྲོག་ཟུངས་ཟད་པར་བྱེད་
པའི་ནད་གཞིའི་ལེའུ་ལྔ་པ་བཤད་པར་བྱའོ། །ཟད་བྱེད་ཀྱི་ནད་གློ་གཅོད་ཞེས་བྱ་བ་འདི་ཕྱི་བཞིན་ནང་དུ་འོང་ཞིང་འབྲང་ངོ༌། །ནད་མང་པོ་ཀུན་གྱི་ཐོག་མར་འགྲོ་བས་ན་དེའི་ཕྱིར་འདིའི་མིང་ནི་ནད་གནོད་པའི་རྒྱལ་པོ་ཞེས་ཀྱང་བྱ། ལུས་ཟད་པར་བྱེད་པ་ཞེས་ཀྱང་བྱ། ལུས་སྐེམས་པར་བྱེད་པ་ཞེས་ཀྱང་བྱ། ནད་ཀྱི་རྒྱལ་པོ་ཞེས་ཀྱང་བྱ་སྟེ། ནད་འདི་གནའ་དང་པོ་ནི་རྒྱུ་སྐར་རྣམས་དང་བྲམ་ཟེ་རྣམས་ལ་གློ་གཅོང་གིས་འདེབས་པའི་རྒྱལ་པོར་གྱུར་པས་ན་དེའི་ཕྱིར་ནད་འདི་ལ་མིང་གནོད་པའི་རྒྱལ་པོ་ཞེས་ཀྱང་བྱའོ། །སྨན་ཡང་ཟད། ལུས་ཀྱང་ཟད་པར་བྱེད་པས་ན་གློ་གཅོད་ཟད་བྱེད་ཅེས་ཀྱང་བྱ། མིའི་བཅུད་དང་ཤ་ཁྲག་ལ་སོགས་པ་སྐེམས་པར་བྱེད་པས་ན་གློ་གཅོད་སྐེམས་བྱེད་ཅེས་ཀྱང་བྱའོ། །ནད་དེ་དག་གི་ནད་ནས་རྒྱལ་པོ་ལྟར་གྱུར་པས་ན་རྒྱལ་པོ་ཞེས་ཀྱང་བྱའོ། །དེ་ལ་གློ་གཅོད་སྐེམས་བྱེད་ཀྱི་ནད་ཀྱང་རྣམ་པ་འདི་བཞི་གང་ཡང་རུང་བ་ལས་ནད་དུ་གྱུར་ཏེ། བཞི་གང་ཞེ་ན། སྟོབས་ཀྱི་ཚན་གྱིས་མི་ནུས་བཞིན་དུ་ཉམས་མཐུ་གཏུགས་ཏེ། ཆད་ཆད་དུ་དྲག་ཤུལ་བྱས་པ་ལྟ་བུའམ་བཤད་གཅི་འོང་བར་གྱུར་ན་བརྣགས་ཏེ་བཀག་པའམ་བུད་མེད་ལ་དྲགས་ཏེ་ཁུ་བ་ཟད་པ་དང༌། མདངས་ཟད་པ་དང། ཁོང་ན་སྣུམ་ཡོད་པ་ཟད་པ་དང༌། སྤྱིར་ཁམས་བདུན་པོ་ཟད་པ་དང༌། ཟས་སྐོམ་སྔོན་མ་ཟོས་པ་ཟ་བའི་ཆོ་ག་བཞིན་དུ་མ་ཟོས་པ་རྣམ་པ་འདི་ལྟ་བུ་གང་ཡང་རུང་བ་ལས་ནད་དུ་འགྱུར་རོ། །དེ་ལྟར་ནང་དུ་གྱུར་པའི་རྒྱུ་བཞི་ལྟ་བུའི་རླུང་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནད་བསླངས་ནས་ལུས་ཐམས་ཅད་དང༌། རུས་པའི་ཚིགས་ཐམས་ཅད་ཀྱི་ནང་དུ་ནད་ཞུགས་ནས་དེ་ནས་རྩ་ཐམས་ཅད་དུ་གྱེས་ཏེ་འཕྲོས་ནས། རྩ་ཆེན་པོ་བཅུའི་ནང་དུ་ནད་ཞུགས་ནས་ཡང་ན་ནི་རྩ་དེ་རྣམས་ཀྱི་སྒོ་འགགས་པར་འགྱུར། ཡང་ན་ནི་རྩ་དེ་རྣམས་ཀྱི་སྒོ་འབྱེ་བར་འགྱུར། དེ་བཞིན་དུ་རོ་སྟོད་དང༌། རོ་སྨད་དང་རྩིབ་ལོགས་གཡས་གཡོན་དང༌། ཁོང་པ་ནང་སོ་སོ་ཀུན་དུ་ནད་ཀྱིས་གང་བར་འགྱུར་རོ། །དེའི་ནད་ཐབས་ནི་ཆམ་པས་འདེབས་སྤྲིད་པ་རབ་ཏུ་དྲག་པོ་མང་དུ་འབྱུང༌། ཁ་ནས་མཆིལ་མ་དང་བད་ཀན་མང་དུ་འབྱུང་
ཞིང་འདོར། ཁའི་ནང་མངར། ཕོ་བའི་དྲོད་ཉམས། རྫ་མ་དང༌། གཞོང་པ་དང༌།སྣོད་སྤྱད་ལ་སོགས་པ་ཀུན་དང༌། ཟས་སྐོམ་ལ་སོགས་པ་གཙང་བར་འདུག་ཀྱང་བཙོག་ཅིང༌། ཁ་ཟས་ཀྱི་ནང་དུ་སྦྲང་བུ་དང༌། རྩ་དང་སྐྲ་ལ་སོགས་པ་སོང་བར་མཐོང༌། སྙིང་ན། སློན་བྲོ། ཟས་ཡི་གར་མི་འོང༌། ཁ་ཟས་རྟག་ཏུ་ཟོས་ཀྱང་ཉམས་འཚག་ཟད། ལག་པ་རྟག་ཏུ་ལྟ་ཞིང་ལག་ངར་གྱི་མཁྲིག་མར་སྦོམ་ཕྲ་འཇལ་འདོད། རྐང་པ་དང་གདོང་སྐྲང༌། མིག་དཀར་ཁྲལ་ཁྲལ་བྱེད། ལུས་མཐོང་ན་འཇིགས་སུ་རུང༌། སྙིང་ལ་བུད་མེད་འདོད། ཆང་དང་ཤ་ཡི་གར་འོང་བ་སྙམ་བྱེད། ཟོས་ན་སྐྱུག་བྲོ། ཀླད་པའི་སྤྱི་བོ་རྟག་ཏུ་འགེབས་པར་བྱེད། སེན་མོ་དང་སྐྲ་རབ་ཏུ་རིང༌། རྨི་ལམ་ན་ཕྱེ་མ་ལེབ་དང༌། རྩངས་པ་དང༌། སྡིག་སྦྲུལ་དང༌། སྤྲེའུ་དང༌། གཅན་གཟན་དང༌། བྱ་རྣམས་ཀྱིས་བདག་ལ་འཚེ་བར་མཐོང༌། སྐྲ་དང་རུས་པ་དང༌། ཕུབ་མ་དང་ཐལ་བའི་ཕུང་པོ་ལ་བདག་འཛེག་ཅིང་འགྲོ་བར་རྨི། གྲོང་དང་ཡུལ་སྟོང་དང་ཆུ་བོ་སྐམས་པ་མཐོང༌། སྐར་མ་ལྟུང་བ་དང༌། རི་བསྒྱེལ་ཞིང་ལྷུང་བར་རྨི་ལམ་དུ་མཐོང་ལ་ཤིང་སྐྱེས་པ་ཀུན་འབར་བར་མཐོང༌། གལ་ཏེ་ནད་རོ་སྟོང་ཡན་ཆད་དུ་རྒྱས་ན་ནི་ཆམ་པས་ཐེབས། དབུགས་མི་བདེ། ལུད་པས་བཀར། ཕྲག་པ་ན། ཀླད་པའི་སྤྱི་བོར་ན། སྐད་འགག །ཟས་ཡི་གར་མི་འོང་བ་དེ་ལྟ་བུར་འགྱུར་རོ། །གལ་ཏེ་རོ་སྨད་མན་ཆད་དུ་ནད་དཀྱེལ་ཆེན་ནི་ཡང་ན་ཚད་པར་འཁྲུ། ཡང་ན་རྟུག་སྐམ་དུ་གྱུར་ཏེ་འཁྲེན་པས་འདོགས་སོ། །གལ་ཏེ་ནང་གྲོལ་གྱི་ནང་དུ་ནད་དཀྱེལ་ཆེར་གྱུར་ན་ནི་སློན་པར་བྱེད་དོ། །རྩིབ་ལོགས་སུ་ནད་བབས་ན་ནི་གློ་གཡས་གཡོན་དུ་ཐད་ཀར་ཟུག་ཅིང་ནའོ། །རུས་པའི་ཚིགས་ཀྱི་ནང་དུ་ནད་བབས་ན་ནི་རིམས་ནད་དུ་འགྱུར་རོ། །དེ་ལྟར་ནད་གནོད་བྱེད་ཀྱི་གློ་གཅོང་གི་ནད་ཐབས་རྣམ་པ་བཅུ་གཅིག་ཡོད་པ་དེ་ནི་དེ་ལྟ་བུ་ཡིན་ནོ། །གློ་གཅོང་གི་ནད་ཐབས་འདི་ལྟ་བུས་བཏབ་པ་ལ་ནད་བླ་བརྣན་གཞན་གྱིས་བཏབ་པ་ནི་སྐད་འཇེར་ཏེ་འགག །གྲེ་བ་སུབས། བྲང་གི་ནུ་འཇིང་གཡས་གཡོན་དུ་ཟུག་ཅིང་ན། ཁ་གླལ། ལུས་དང་རོ་སྟོད་
བརྡུང་བ་སྙམ་བྱེད་དེ་ན། ཁ་ནས་མཆིལ་མ་དང༌། བད་ཀན་གྱི་བག་འདོར་བ་མང༌། ཕོ་བའི་དྲོད་ཉམས། ཁ་ནས་རྣག་མནམ་པ་དེ་ལྟ་བུའི་ནད་དུ་འགྱུར་བ་འདི་ནི་བླ་བརྣན་གྱི་ནང་ཐབས་ཡིན་ནོ། །དེ་ལ་གློ་གཅོང་ཟད་བྱེད་ཀྱི་ནད་ཅི་ལས་གྱུར་པའི་བྱེ་བྲག་སོ་སོའི་དམིགས་ཀྱང་བཤད་པར་བྱ་སྟེ། ནད་དེ་ལྟ་བུ་ལ་རླུང་ལས་གྱུར་པའི་ཤས་ཆེན་གླད་པ་ན། རྩིབ་ལོགས་སུ་ཟུག་ཅིང་ན། མགུལ་པ་སུབས་ཤིང་སྐད་འགགས་པ་དེ་ལྟ་བུར་འགྱུར་རོ། །དེ་ལ་མཁྲིས་པ་རྒྱས་ཏེ་ཚ་བའི་ནད་ཀྱི་ཤས་ཆེན་ནི་ལག་མཐིལ་དང་རྐང་མཐིལ་ཚ། ཚད་པས་རབ་ཏུ་འཁྲུ། ཁྲག་ཏུ་སློན། ཁ་མནམ། རིམས་ཀྱིས་འདེབས་སོ། །ནད་དེ་ལ་བད་ཀན་གྱི་ཤས་ཆེན་ནི་ཟས་ཡི་གར་མི་འོང༌། སློན། ལུད་པས་བཀར། མགོ་དང་ལུས་དང་རྐང་ལག་ལྕི། མཆིལ་མ་དང་བད་ཀན་མང་དུ་འོང༌། ཆམ་པས་འདེབས། དབུགས་མི་བདེ། སྐད་འགག །ཕོ་བའི་དྲོད་ཉམས་པ་དེ་ལྟ་བུའི་ནད་དུ་འགྱུར་རོ། །ནད་དེ་ལྟ་བུས་བཏབ་སྟེ། གསོ་དཀའ་བ་དང༌། སླ་བའི་བྱེ་བྲག་ཏུ་ལྟ་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་ཀུན་རྒྱས་ལ་ཕོ་བའི་དྲོད་ནི་ཉམས་ཏེ་ཆུང༌། བད་ཀན་ཆེར་སྐྱེས་པས་ཕོ་བའི་ནད་འགགས་ཤིང་ཆོད་དེ་རྩ་ཐམས་ཅད་ཀྱི་སྒོ་ཡང་འགགས་ནས་ལུས་ཀྱི་སྲོག་ཟུངས་བདུན་དང༌། བཤད་གཅི་དང་རྡུལ་དང་རླུང་དང་མཁྲིས་པ་དང༌། བད་ཀན་ཡན་ཆད་ལུས་ལ་ཡོད་པ་རྣམ་པ་བཅུ་གསུམ་གྱིས་དྲོད་ཆུང་ངུར་འགྱུར་རོ། །ཕོ་བའི་མེ་དྲོད་དེས་ལོག་པར་ཚ་ཞིང་འཚིག་པར་བྱེད་པས་ཁ་ཟས་ཟོས་པའི་བཅུད་དེ་ཞུ་བར་མ་བྱས་པས་ཁྲག་དང་ཤ་ལ་སོགས་པར་མི་འགྱུར་ལ། ཁ་ཟས་ཟོས་པའི་བཅུད་དེ་བད་ཀན་དུ་གྱུར་ནས་སླར་ཁང་འབྱུང་བར་བྱེད། ཁ་ཟས་ལྟོ་ན་ཡོད་པ་ཡང་ཞུ་ཞིང་བཅུད་དུ་འགྱུར་བ་ནི་མི་བྱེད་ཀྱི་དྲི་མ་བཤད་གཅི་ཐུར་དུ་འགྲོ་སྟེ། དེ་ལྟ་བས་ཁྲག་དང་ཤ་ལ་སོགས་པ་ལུས་ཀྱི་སྲོ་གཟུངས་ཉམས་འཚག་ཏུ་བརྟ་བར་མི་འགྱུར་བས། ཁ་ཟས་མ་ཞུ་བ་བཅུད་དུ་མི་འགྱུར། བཅུད་དུ་མ་གྱུར་ན་ཁྲག་ཏུ་མི་འགྱུར། ཤ་ལ་སོགས་པའི་སྲོག་ཟུངས་སུ་ག་ལ་འགྱུར་ཏེ། ལྟོ་བའི་ནང་ན་བཤད་གཅི་འབའ་ཞིག་གི་ཚོགས་
ཀྱིས་ལུས་རྒྱས་ཏེ། དེའི་ཕྱིར་ལུས་ཤ་ཀུན་ནི་མེད་པར་གྱུར་པས་ན་ཟད་བྱེད་ཀྱི་ནད་གློ་གཅོད་ཞེས་བྱ་སྟེ། ནད་ཐབས་འདི་ལྟར་སྣ་མ་ཚང་སྟེ། དཀྱེལ་ཆུང་ཡང་ནད་པའི་ཉམས་འཚག་ཆུང་སྟེ། སྨན་བཏང་མི་བཟོད་པ་དང་ན་ནས་ཡུན་རིང་བ་དེ་ལྟ་བུ་ནི་སྣན་བཏང་མི་བཟོད་དེ་གསོར་མི་རུང་ངོ༌། །ནད་ཐབས་འདི་ལྟར་ན་ནས་རིང་པོ་མ་ལོན་པ་ཉམས་འཚག་གིས་ཐུབ་སྟེ། སྨན་བཏང་བཟོད་ན་གསོར་རུང་ངོ༌། །སྐད་སུབས་ཤིང་འགགས་པའི་ནད་ཐབས་སྣ་དྲུག་བཤད་པ་སྐད་སུབས་ཤིང་འགགས་པ་ཡང༌། རླུང་ནད་དམ་མཁྲིས་པའམ། བད་ཀན་གྱི་ནད་སྣ་ཐ་དད་པ་ལས་ཀྱང་གྱུར། ནད་འདི་གསུམ་ཅར་འདུས་པ་ལས་ཀྱང་སྐད་འགགས་པར་གྱུར། ཡང་ལ་ལས་ནི་ཟད་བྱེད་ཀྱི་ནད་གློ་གཅོང་ལས་ཀྱང་སྐད་འགག །ཚིལ་ལས་གྱུར་པའི་ནད་ཀྱིས་ཀྱང་སྐད་འགགས་ཏེ་དེ་ལྟར་སྐད་འགགས་པ་ནི་དེ་རྣམས་ལས་འབྱུང་ངོ། །དེ་ལ་རླུང་ནད་ལས་གྱུར་པའི་སྐད་འགགས་པའི་ནད་ཐབས་ནི། སྐད་ཀྱི་གསང་དམའ་ཞིང་སུབས་བག་ཏུ་ཟེར། ལུས་རྨྱ་ལ་ཁོང་རྩུབ། སྐད་འགྱུར། གྲེ་བའི་ནང་གྲ་མས་གང་བ་ཙམ་དུ་རྩུབ་སྟེ། མགུལ་པའི་ནང་བད་ཀན་གྱིས་ཀྱང་ནུལ་དུ་འབྱུང་བ་སྙམ་བྱེད་ན་གྲེ་བའི་ནང་ངར་ངར་ཟེར་ཏེ་སྐད་མི་ཕྱིན་ཅིང་འགག་གོ །རླུང་ནད་དང་མཁྲིས་པ་དང་བད་ཀན་གྱི་ནད་འདི་གསུམ་ཆར་ལས་གྱུར་ཏེ། སྐད་འགགས་ན་ནི་ནད་ཐབས་གོང་མ་དང་སྣ་གསུམ་ཆར་ཚད་བར་ན་ལ་སྐད་སུབས་སོ། །ཟད་བྱེད་ཀྱི་ནད་གློ་གཅོད་ལས་གྱུར་ཏེ། སྐད་འགགས་ན་ནི་གྲེ་བའི་ནང་ན་རྩུབ་པོས་དྲུད་པ་སྙམ་བྱེད་ལ། གྲེ་བ་ནས་ཤེ་རུལ་ལམ། བད་ཀན་དུད་ཁ་ལྟ་བུར་འབྱུང་ཞིང་རབ་ཏུ་ནའོ། །ཚིལ་ནད་ལས་གྱུར་པའི་སྐད་འགགས་པའི་ནད་ཐབས་ནི་བད་ཀན་ལས་གྱུར་པའི་ནད་ཐབས་དང་འདྲའོ། །དེ་ལ་སྐད་འགགས་པའི་ནད་འདི་རྣམས་ཀྱི་ནང་ན་གོང་མའི་ནད་ལྔ་པོ་གང་ཡང་རུང་སྟེ། ཚིག་གསལ་བར་མི་ཕྱིན་ལ་ལེགས་པར་གསོར་མི་རུང་ཞིང༌། སྐད་ཆེར་སུབས་པ་དེ་དག་གསོ་དཀའོ། །ཐ་མའི་ཚིལ་ནད་ལས་གྱུར་ཏེ་སྐད་སུབས་པ་འདི་ཡང་གསོ་དཀའ་སྟེ་ཐོང་ཤིག །ཡི་ག་འཆུས་པའི་ནད་
ཐབས་སྣ་ལྔ་བཤད་པ། རླུང་ནད་དམ་མཁྲིས་པའི་ནད་དམ། བད་ཀན་གྱི་ནད། ནད་དམིགས་ཐ་དད་པ་གང་ཡང་རུང་སྟེ། ལྕེའམ་ཕོ་བ་ལ་གནས་ན་ཡི་ག་འཆུས་པར་འགྱུར་རོ། །དེ་ཡང་ཇི་ལྟ་ཞེ་ན། རླུང་ལས་གྱུར་ན་ཁའི་ནང་རོ་ཁའོ། །བད་ཀན་ལས་གྱུར་ན་ཁའི་ནད་རོ་མངར་བར་པྲོ་སྟེ་ཡི་ག་འཆུའོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཆར་ལས་གྱུར་ན་ཁའི་ནང་རོ་བྲོ་བ་མེད་དོ། །མྱ་ངན་གྱིས་བཏབ་སྟེ། སྙིང་མི་དགའ་ཞིང་ཡི་ག་འཆུས་ན་རླུང་ནད་ལས་གྱུར་པ་ཡིན་ནོ། །ཁྲོ་སྟེ་རྔམ་པ་ལས་ཡི་ག་འཆུས་ན། མཁྲིས་པའི་ནད་དུ་གྱུར་པ་ཡིན་ནོ། །དེ་ལྟ་བས་ན་ཡི་ག་འཆུས་པའི་ནད་དམིགས་རྣམ་པ་ལྔ་ནི་དེ་ལྟ་བུ་ཡིན་ནོ། །སློན་པའི་ནད་ཐབས་སྣ་ལྔ་བཤད་པ། སྐྱུག་བྲོ་ཞིང་སློན་པར་གྱུར་པའི་ནད་ཐབས་ནི་རླུང་ངམ་མཁྲིས་པའམ་བད་ཀན་གྱི་ནད་ཐ་དད་པ་ལས་སློན་པར་འགྱུར་བ་དང༌། རླུང་དང་བད་ཀན་མཁྲིས་པའི་ནད་གསུམ་ཆར་འདུས་པ་ལས་སློན་པར་འགྱུར་བ་དང༌། ཡིད་དུ་མི་འོང་ཞིང་སྐྱུག་བྲོ་བར་གྱུར་པའི་དངོས་པོ་མཐོང་བ་ལས་སློན་པར་འགྱུར་བ་དང་དེ་ལྔའོ། །ནད་ཐབས་འདི་ལྟ་བུ་གང་ཡང་རུང་བས་བཏབ་པ་དང༌། སྟོད་དུ་རྒྱུ་བའི་རླུང་བྲང་དང༌། ནམ་ཚོང་ན་འདུག་པ་དེས་གྱེན་དུ་སློང་ཞིང་ཕུལ་ཏེ་ཐམས་ཅད་སློན་པར་བྱེད་དོ། །སློན་པའི་ཐབས་ནི་ཁར་མཆིལ་མ་བསྟུད་པ་འབྱུང་ལ། དང་ག་མཆུ་ཁའི་ནང་ལན་ཚྭའི་རོ་བྲོ་ལ་ཡི་ག་རབ་ཏུ་འཆུ་ཞིང་སློན་པར་བྱེད་དེ། འདི་ནི་སློན་ཏོ་ཅོག་སྤྱིའི་ནད་ཐབས་ཡིན་ནོ། །དེ་ལ་རླུང་ནད་ལས་གྱུར་པའི་སློན་པའི་ནད་ཐབས་ནི་ལྟེ་བ་དང་རྒྱབ་ཏུ་ཟུག་སྟེ་ན། རྩིབ་ལོགས་སུ་འང་ཟུག་སྟེ། ཆུང་ཟད་སྐྱུག་ཅིང་བར་ཆད་ལ། སྐྱུགས་པའི་རོ་བསྐ་ཞིང་དབུ་བ་ཅན་དུ་འབྱུང་སྟེ། སྒྲེགས་པ་དང་བཅས་པར་འོང༌། སྐྱུགས་པ་མདོག་གནག་པ་དང༌། ཁོང་ནས་སློན་པའི་ཚེ་ཁོང་ནས་སློང་ཞིང༌། ཕུལ་བའི་ཤུགས་དྲག་ལ། སྐྱུགས་པ་མང་པོ་མི་འབྱུང་བ་ནི་ལུད་པ་ལུ། ཁ་སྐམ། སྙིང་དང་གླད་པ་ན། སྐད་ལ་གནོད་དེ་འགག །ཁོང་སྙོམ་པ་དེ་ལྟ་བུར་གྱུར་ན་རླུང་ནད་ཀྱིས་སློན་པའི་ཐབས་ཡིན་ནོ། །དེ་ལ་མཁྲིས་པ་ལས་གྱུར་པའི་སློན་པའི་ནད་ཐབས་ནི་སྐྱུགས་པ་ཐལ་ཁུ་བཞིན་རྩ་དམར་ལ་དུད་པ་ལྟ་
བུ་ལྗང་གུ་སྔོ་རྩེ་སེར། སྐྱུགས་པའི་ནང་ན་ཁྲག་ཀྱང་ཡོད་ལ། རོ་སྐྱུར་ལ་སྐྱུགས་པ་ཚ་སྟེ། དྲོད་ཆེ། སྐོམ་དད་ཆེ། བརྒྱལ། ལུས་ཕྱི་ནང་དུ་ཚ་བའི་ནད་ཐབས་དེ་ལྟ་བུར་སློན་ཏོ། །དེ་ལ་བད་ཀན་ལས་གྱུར་པའི་སློན་པའི་ནད་ཐབས་ནི་སློན་པའི་སྐྱུགས་པའི་མདོག་སྣུམ་ཞིང་ཁར་བསིལ། བད་ཀན་དུ་སློན་པ་དེ་ནལ་ནལ་བྱེད་དེ་རིང་དུ་དྲང་དུ་རུང་ལ། སྐྱུགས་པའི་ནང་ན་ཆུ་བུར་ལྟ་བུའི་རིལ་རིལ་པོ་ཡོད། སློན་པའི་རོ་མངར་བ་ལན་ཚྭ་པྲོ། སློན་པའི་ཐབས་ཆེས་ཏེ་བ་སྤུ་ལངས་ཏེ། ཤ་དང་སྤུ་བརྩེ་སྟེ་རེག་མི་བཟོད། ཁ་གདོང་སྐྲང༌། ཁའི་ནང་རོ་མངར་བར་བྲོ། བློང་བློང་པོར་འདུག །སྙིང་གནས་མཆིལ་མ་མང་དུ་འོང་བའི་ནད་ཐབས་འདི་ལྟ་བུ་ཡིན་ནོ། །རླུང་དང་མཁྲིས་པ་བད་ཀན་གསུམ་ཆར་ལས་གྱུར་པའི་ནད་ཐབས་ནི་ནད་སྣ་གསུམ་གྱི་ནད་ཐབས་ཐམས་ཅད་ཚང་བར་ན་ཞིང་སློན་ཏོ། །དེ་ལ་ཡིད་དུ་མི་འོང་ཞིང་སྐྱུག་བྲོ་བའི་དངོས་པོ་མཐོང་ན་སློན་པ་ནི་རུལ་བ་དང་མི་གཙང་བ་དང༌། བཙོག་པ་དང༌། སྐྱུག་བྲོ་བར་འགྱུར་བ་དེ་ལྟ་བུ་མཐོང་ངམ་ཐོས་པས་སྐྱུག་བྲོ་སྟེ་སློན་པར་བྱེད་དོ། །སློན་པ་འདི་ལྟ་བུའི་ནད་ཐབས་གང་ཡང་རུང་སྟེ། འཆི་བར་འགྱུར་བའི་ལྟས་སམ། མཚན་མ་ངན་པ་བྱུང་ན་གསོར་མི་རུང་སྟེ། དཔྱད་མ་བྱེད་ཅིག །སྙིང་ན་བ་དང༌། ལྟོ་ན་སྲིན་བུ་ཡོད་པའི་ནད་ཐབས་དང༌། སྐོམ་དད་ཆེ་བའི་ནད་ཐབས་དང༌། ཕོ་བ་ན་བེའུ་སྣབས་ཡོད་པས་མཆིན་པ་ན་བ་ལ་སོགས་པའི་ནད་ཐབས་བཤད་པའོ། །སྙིང་ན་བའི་ནད་ཐབས་ནི་སྙིང་ན་བ་ཡིན་ནོ། །ཁོང་ན་སྲིན་བུ་ཡོད་ན་ལྷག་པར་ན་སྟེ། སྙིང་ན་བ་དང༌། སྲིན་བུའི་ཐབས་ཀྱི་ཚུལ་ནད་ཐབས་རྣམ་པ་ལྔ་ཡོད་དོ། །དེ་ལ་རླུང་ནད་ལས་གྱུར་པའི་སྙིང་ན་བའི་ནད་ཐབས་ནི་རབ་ཏུ་ན་ལ་ཟུག་ཅིང་ན་བ་དེ་ཡང་སོ་སོར་འཕྲོ་བར་བྱེད། བརྡུངས་སམ་བཅོམ་པ་སྙམ་བྱེད། སྙིང་རེངས་པ་སྙམ་བྱེད། གཤེར་བག་མེད་སྟོང་པར་གྱུར་པ་སྙམ་བྱེད། གློ་བུར་དུ་སེམས་ཞུམ་པར་བྱེད། སྙིང་མི་དགའ། འཇིགས། སྒྲ་གྲག་ན་མི་བཟོད། འཕར་ཞིང་འདར། གཟུས་པ་སྙམ་བྱེད། རྨོངས་བག་ཏུ་གྱུར་ཏེ་དབུགས་འཆད། གཉིད་ཆུང༌། ནད་
ཐབས་འདི་ལྟ་བུར་གྱུར་ན་རླུང་ནད་ལས་གྱུར་པའི་སྙིང་ན་བ་ཡིན་ནོ། །མཁྲིས་པའི་ནད་ལས་གྱུར་ཏེ་སྙིང་ན་བའི་ནད་ཐབས་ནི་སྐོམ་དད་ཆེ། མགོ་འཁོར། བརྒྱལ། ཁོང་ཚ། ལུས་རྡུལ། ཐང་ག་དང་གྲེ་བ་ནས་ཡར་སྐྱུག །ལུས་སྙོམ་ཞིང་སྒྱིད་སྐྱུར། སྐྱུགས་པ་མཁྲིས་པ་དང་རོ་སྐྱུར་བར་བྲོ་ལ་དུད་ཁར་འོང༌། ཤ་མདོག་སེར། རིམས་ཀྱིས་ཀྱང་འདེབས་སོ། །བད་ཀན་ལས་གྱུར་པའི་སྙིང་ན་བའི་ནད་ཐབས་ནི་སྙིང་རེངས་པ་སྙམ་བྱེད། སྙིང་ན་རྡོ་བ་ཡོད་པ་སྙམ་བྱེད། ཁུར་ཐང་གར་བླངས་པ་སྙམ་བྱེད་དེ། ལུད་པ་ལུ། ཕོ་བའི་དྲོད་ཉམས། ཁ་ནས་བད་ཀན་དང་མཆིལ་མ་མང་དུ་འབྱུང༌། གཉིད་ཆེ། ཁོང་སྙོམ། ཟས་ཡི་གར་མི་འོང༌། རིམས་ཀྱིས་འདེབས་པའི་ནད་ཐབས་ནི་འདི་ལྟ་བུ་ཡིན་ནོ། །རླུང་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནད་གསུམ་ཆར་འདུས་པ་ལས་སྙིང་ན་བའི་ནད་ཐབས་ནི་ནད་སྣ་གསུམ་གྱི་ནད་ཐབས་ཀུན་ཚང་བར་ན་བར་འགྱུར་རོ། །སྲིན་བུ་ཡོད་པའི་ནད་ཐབས་ནི་མིག་སྤྱིར་ཅུང་ཟད་གནག །མུན་པར་ཞུགས་པ་སྙམ་དུ་མི་དྲན། སྙིང་ན། ལུས་སྐམ། ལུས་གཡའ། ཁ་ནས་ཆུ་འཛག །མཆིན་ངོགས་ཐོག་ཐག་ཏུ་སོག་ལེས་དྲུད་པ་སྙམ་དུ་ཚ་བར་བྱེད་ན་སྲིན་བུ་ཡོད་པ་ཡིན་ཏེ། སྲིན་བུའི་ནད་ཐབས་དྲག་པ་འདི་ལྟ་བུ་ནི་མྱུར་དུ་གནོད་པར་འགྱུར་བ་ཡིན་ནོ། །དཔྱད་མྱུར་དུ་གྱིས་ཤིག །དེ་ལ་སྐོམ་དད་ལྷག་པར་ཆེ་བར་གྱུར་པའི་ནད་ཐབས་ནི། རླུང་དང་མཁྲིས་པ་བད་ཀན་སོ་སོ་ལ་སྐོམ་དད་ཆེ་བར་གྱུར་པ་དང༌། གསུམ་འདུས་པ་ལས་གྱུར་པ་དང༌། རིམས་ནད་གྱིས་བཏབ་པ་ལས་སྐོམ་དད་ཆེ་བར་གྱུར་པ་དང༌། ནད་ཐབས་དྲུག་ཡོད་དོ། །སྐོམ་དད་སྐྱེས་སོ་ཅོག་ནི་རླུང་དང་མཁྲིས་པ་གཉིས་རྒྱས་པའི་གཞིས་སྲོག་ཟུངས་བདུན་འཕྲོད་སྙོམས་ཤིང་འདུག་པ་ལས་དཀྲུགས་ཏེ་ནད་བསླངས་ནས། དང་པོ་བསྐམས་པར་བྱས་ནས་ལུས་ཐམས་ཅད་འདར། མགོ་འཁོར། ལུས་ཚ། སྐོམ་དད་ཆེ། ཁོང་ཚ། རྨོངས་པར་བྱེད། ལྕེའི་དྲུང་དང༌། མགུལ་པ་དང༌། གློ་དང༌། བད་ཀན་དང་སྐོམ་འཐུངས་བ་རྩར་འགྲོ་བ་རྣམས་བསྐམས་པ་འདི་ལྟ་བུའི་ནད་གཞི་ལས་སྐོམ་དད་ཆེ་བའི་ནད་དུ་འགྱུར་རོ། །དེ་ལྟར་ནད་སྣ་དྲུག་ལས་སྐོམ་
དད་ཆེར་སྐྱེས་པའི་ནད་ཐབས་ཀྱི་སྤྱི་ནི། ཁ་བསྐམས་ཏེ་སྐོམ་འཐུངས་ཀྱང་མི་ངོམས་ལ་ཁ་ཟས་མཐོང་ན་ཁྲོ། སྐད་འགག །གྲེ་བ་དང་མཆུ་དང་ལྕེ་རྣམས་རྩུབ་པོར་གྱུར་ལ་ལྕེ་འབྱིན་པར་བྱེད་ཁོང་སྙོམ། ཚིག་མང་དུ་སྨྲ། སེམས་མྱོས་པ་ཡིན་ཏེ། སྐེམ་གྱིས་གདུངས་པའི་ནད་དམ། སྐོམ་འགགས་པའི་ནད་དུ་གྱུར་པ་སྔར་བཤད་པའི་དམིགས་དེ་དང་འདྲ་བར་ནད་དུ་འགྱུར་རོ། །དེ་ལ་རླུང་ནད་ལས་གྱུར་པའི་སྐོམ་དད་ཆེ་བའི་ནད་ཐབས་ནི་ཁོང་རྨྱ། ཉམས་དམན། མུར་འགྲམ་དུ་ཟུག །ཀླད་པ་འཁོར། སྣས་དྲི་ཅི་བྲོ་བ་མི་ཚོར། ལྕེས་ཀྱང་རོ་ཅི་བྲོ་མི་ཚོར། རྣ་བས་ཀྱང་སྒྲ་མི་ཐོས། གཉིད་མེད། ཉམས་འཚག །ཟས་ཆུ་གྲང་མོ་འཐུངས་ན་ནད་ལ་ཕན་པར་འགྱུར་རོ། །མཁྲིས་པ་ལས་སྐོམ་དང་དུ་གྱུར་ན་བརྒྱལ། ཁའི་ནང་རུལ་རོ་ཁ་བ་བྲོ། མིག་ལམ་དུ་དམར་བ་མཐོང༌། རྟག་པར་ཁ་སྐམ། ཁོང་ཚ། དབུགས་མནམ་མོ། །བད་ཀན་ལས་གྱུར་པའི་སྐོམ་དད་སྐྱེས་པའི་ཐབས་ནི་དང་པོ་བད་ཀན་གྱིས་ནང་དུ་འགགས་ཤིང་ཆོད་པས་རླུང་འགགས་ཏེ་འཁྲུགས་པས་སྐོམ་འཐུངས་པ་རྩར་འགྲོ་བའི་རྩ་སྒོ་དེ་རླུང་དེས་འགགས་ནས་བད་ཀན་འཇིམ་རྫབ་འདྲ་བ་དེ་ཡང་རླུང་གིས་བསྐམས་པ་དང༌། མགུལ་པའི་ནང་གྲ་མས་གང་བ་བཞིན་དུ་ཚ་ལ་རྩུབ། གཉིད་ཆེ། ཁའི་ནང་རོ་མངར་བ་བྲོ། ལྟོ་ལྦོ། མགོ་བོ་ཡོ་ཡོ་པོ་ལ་ཉམས་མཐོང་བག་ཏུ་འགྱུར། སློན་ཁ་ཟས་ཡི་གར་མི་འོང༌། ལུས་སྙོམ། ཟས་མི་འཇུའོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཀའི་ནད་ལས་གྱུར་ཏེ། སྐོམ་དད་སྐྱེས་པའི་ན་བའི་ནད་ཐབས་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་དམིགས་སོ་སོར་བཤད་པའི་ནད་ཐབས་ཐམས་ཅད་ཀུན་ཚང་བར་ན་བ་ཡིན་ནོ། །ཕོ་བ་ན་བེའུ་སྣབས་ཡོད་པ་ལས་སྐོམ་དད་སྐྱེས་པ་དང༌། མགུལ་པར་ཁ་ཟས་ཐོགས་ཏེ་མིད་དུ་མི་རུང་བ་ཡང་སྐོམ་པའི་ལན་ཡིན་ཏེ། འདི་ཡང་རླུང་དང་མཁྲིས་པའི་ནད་ལས་གྱུར་པ་ཡིན་ནོ། །ཕོ་བའི་མེ་དྲོད་ཧ་ཅང་ཆེ་བ་ལ། སྐོམ་ཧ་ཅང་དྲགས་སམ་མངས་ན་ཡང་སྐོམ་དད་ཀྱི་ནད་དུ་གྱུར་ཏེ། ཟས་སྣུམ་བག་ཟོས་པ་དང༌། ཟས་ལྕི་བ་དང༌། སྐྱུར་བག་དང༌། ལན་ཚྭ་ཆེ་བ་བག་ཟོས་པ་
འདི་ལྟ་བུས་ཀྱང་བད་ཀན་སྐྱེས་པའི་སྐོམ་དད་ཀྱི་ནད་དུ་འགྱུར་རོ། །བཅུད་དང་ཟས་ཟད་པ་ལས་སྐོམ་དད་དུ་གྱུར་ན་ནི་གློ་གཅོང་ཟད་བྱེད་ཀྱི་ནད་ཐབས་བཤད་པ་དང་འདྲའོ། །རིམས་ནད་ལས་སྐོམ་དད་སྐྱེས་པའི་ནང་དུ་འགྱུར་བ་ནི་ལུས་ཀྱི་ཁོང་བསྐམས་པར་གྱུར་པ་ལྟ་བུ་དང༌། ཟ་གུར་གྱུར་པ་ལྟ་བུ་དང༌། རིམས་ལ་སོགས་པ་ནད་ཡུན་རིང་པོར་བཏབ་པའི་ནད་དེ་ལྟ་བུ་གང་ཡང་རུང༌། ན་བ་ལས་སྐོམ་དད་སྐྱེས་པའི་ནད་དུ་གྱུར་པ་དེ་ནི་རིམས་ནད་ཀྱི་རང་བཞིན་གྱི་ནད་ཐབས་དང་འདྲ་བར་བཤད་དོ། །ནད་གཞི་བཤད་པའི་ལེའུ་ལྔ་པ་རྫོགས་སོ།། །།ཆང་གི་ཉེས་དམིགས་དང༌། ནད་ཐབས་ལ་སོགས་པ་བཤད་པའི་ལེའུ་དྲུག་པ་བསྟན་པར་བྱའོ། །ཆང་གི་རང་བཞིན་དང་རོའི་བྱེ་བྲག་ནི་སྤྱིར་རྣམ་པ་བཅུ་སྟེ་གང་ཞེ་ན། རྣ་བ་དྲོད་ཆེ་བ་རྩུབ་པ་དྲག་པ་སྐྱུར་བ་བུད་མེད་དང་ཕྲད་པར་འདོད་པ་ལུས་ལ་མྱུར་དུ་ཁྱབ་པར་བྱེད། ལུས་ཡང་འབར་ཏེ་མདངས་ཅན་དུ་འགྱུར། འཕྲལ་དུ་གསལ་བར་བྱེད་དོ། །མིའི་ཁོང་ན་མདངས་ཞེས་བྱ་བ་ཡོད་པ་དེ་ནི་བྱེ་བྲག་བཅུའི་ཚུལ་དུ་གནས་ཏེ། ཆང་གི་ཚུལ་འདི་བཅུ་ལས་བཟློག་པར་བལྟའོ། །དུག་ཀྱང་རྣོ་བ་ལ་སོགས་པ་རྣམ་པ་འདི་བཅུའི་ཚུལ་དུ་གནས་མོད་ཀྱི་དེ་ནི་ཧ་ཅང་དྲགས་ཆེས་པས་སེམས་མ་རུངས་པར་བྱེད། འཆི་བར་བྱེད་དོ། །ཆང་གི་མཐུའི་ཡོན་ཏན་ནི། རྣོ་བ་དང༌། དྲོད་ཆེ་བ་ལ་སོགས་པ་ཡིན་ནོ། །མིའི་ཁོང་ན་མདངས་ཡོད་པའི་ཡོན་ཏན་ནི་རྡུལ་བ་ལ་སོགས་པའི་ཡོན་ཏན་རྣམ་པ་བཅུར་བལྟའོ། །དེ་ལ་ཆང་གི་ཡོན་ཏན་དེའི་རྣམ་པ་བཅུས་ནི་མིའི་ཁོང་ན་མདངས་ཡོད་པའི་ཡོན་ཏན་རྣམ་པ་བཅུ་གནས་པར་བྱས་ནས་སེམས་བསྒྱུར་ཏེ། ཁྲིད་པ་དེ་ནི་ར་རོ་བ་ཞེས་བྱའོ། །དེ་ལ་དད་པོ་ཆང་འཐུངས་པས། ཐོག་མ་བཟི་བ་ནི་སྙིང་དགའ་སྟེ། གཏམ་དང་བཞད་གད་བྱེད་པར་འགྱུར་བ་ཡིན་ནོ། །དེ་བས་མང་དུ་འཐུངས་ཏེ་ར་རོ་བ་ནི་རིགས་པ་དང༌། མི་རིགས་པ་ཅལ་ཅོལ་འདྲེན་པར་བྱེད་པ་དང༌། བག་མེད་པར་གནས་ལ་རྣམ་པར་རྟོག་པ་ངན་པས་བཅོས་ནས་སེམས་རྨོངས་པ་སྟེ། བདེ་བ་ཡིན་ནོ་སྙམ་དུ་བསམས་ནས་འཁྲུལ་བར་བྱེད་དོ། །དེ་ལྟར་ཆང་གིས་
འབྲིང་ཙམ་དུ་ར་རོ་བ་དང༌། གཏུ་ལུམ་ཉིད་དུ་ཁོམ་པར་མ་གྱུར་པའི་བར་གྱི་ཚེ་ནི་རྡུལ་དང་མུན་པའི་རང་བཞིན་ཞེས་བྱའོ། །དེ་ལ་རྡུལ་གྱི་རང་བཞིན་ནི་ཚིག་ཅལ་ཅོལ་མང་དུ་སྨྲ་བ་ཡིན་ནོ། །ཁྲོ། ང་རྒྱལ་ཆེ། སེར་སྣ་བྱེད་པ་དེ་ལྟ་བུར་འགྱུར་རོ། །དེ་ལ་མུན་པའི་རང་བཞིན་དུ་གྱུར་པ་ཞེས་བྱ་བ་ནི་འཇིགས་པའི་སེམས་མེད། གཉིད་བྲོ། སྙོམ། སྙིང་ལ་བརྩམས་པ་མེད་པར་སེམས་པ་སྟེ། དེ་ལྟ་བུ་ནི་གླང་པོ་ཆེ་སྨྱོན་པའམ་སྦྲུལ་པོ་ཆེ་བཏགས་པ་ལས་ཤོར་བ་དང་འདྲ་སྟེ། ཅི་ལ་ཡང་མི་བྱེད་པ་ཡིན་ནོ། །དེ་ལྟ་བུའི་ཚེ་ནི་དང་ཚུལ་ངན་པའི་རང་བཞིན་ཁ་ན་མ་ཐོ་བ་རྣམས་ཀྱི་གནས་སུ་གྱུར་པས། ཆང་གཅིག་པུ་ལས་རང་འགྲོའི་ལམ་དུ་མང་པོ་སྟོན་པར་བྱེད་དོ། །གསུམ་པོའི་ཚེ་རབས་སུ་ར་རོ་བ་ནི་ཤི་བ་བཞིན་ཚོར་བ་མེད་པར་ཉལ་ཏེ་འདུག་གོ །དེ་ནི་ཤི་བ་བས་ཀྱང་སྡིག་པའི་རང་བཞིན་དུ་འགྱུར་བ་ཡིན་ཏེ། དེའི་ཚེ་ནི་རབ་ཏུ་སྡིག་པ་ལ་གནས་པ་ཞེས་བྱའོ། །དེ་བས་ན་ཆང་ལ་ཞུགས་ཤིང་མྱོས་པ་ནི་ཆོས་དང་ཆོས་མ་ཡིན་པ་དང༌། བདེ་བ་དང་སྡུག་བསྔལ་བ་དང༌། དོན་དང་དོན་མེད་པ་དང༌། ཕན་པ་དང་གནོད་པའི་དམིགས་མི་ཤེས་པར་བྱེད་པ་ཡིན་ན་དེ་ལ་ལྟ་མཛངས་པ་སུ་ཞིག་བསྟེན་པར་བྱེད། ཆང་གིས་ནི་མྱོས་པར་བྱེད། འཇིགས་པ་དང་མྱ་ངན་དུ་འགྱུར། ཁྲོས་པ་དང་སྲོག་གི་བདུད་དུ་འགྱུར་བ་དེ་ལྟ་བུ་ཡིན། སྨྱོ་བྱེད་ཀྱི་ནད་དང༌། བརྗེད་བྱེད་ཀྱི་ནད་དང༌། མྱོས་པ་དང་བརྒྱལ་བར་གྱུར་པ་དང་ནད་ཀྱིས་འདེབས་པར་འགྱུར་རོ། །དེ་ལྟ་བས་ན་ཆང་གཅིག་པུས་དྲན་པ་ཉམས་པར་བྱས་པ་དེ་ལྟ་བུ་ལས་ཉེས་པ་ཐམས་ཅད་འོང་བར་འགྱུར་ན་ཆང་གི་ཉེས་དམིགས་རྣམ་པ་ལྔ་པོ་ལྟ་བཤད་ཀྱང་མི་དགོས་ཏེ། དེ་ལྟ་བས་ན་ཆང་ལྟ་སྨོས་ཀྱང་མི་དགོས་ཀྱི། ཁ་ཟས་མི་རིགས་པ་ཞིག་ཟོས་ན་ཡང་ནད་དུ་འགྱུར་བའམ་འཆི་བར་འགྱུར་བ་ཡིན་ནོ། །ཡང་ཆང་གི་ཉེས་དམིགས་ནི་མིས་བསྒྲུབ་པའི་མདོ་ནོར་དང༌། ལོངས་སྤྱོད་དང་ཐར་པའི་ལམ་དོན་དུ་གཉེར་བར་བྱ་བ་དང༌། འདི་གསུམ་དང་བྲོ་དང་བསྟན་པར་བྱ་བ་དང༌། ཁྲེལ་དང་ངོ་ཚ་ཤེས་པར་བྱ་བ་ལ་སོགས་པ་འདི་ལྟ་བུ་ཡང་མེད་པར་བྱེད་དོ། །དེ་ལ་ཆང་ལ་སྲ་
སྟེ། ཆང་འཐུངས་ཀྱང་ཧ་ཅང་ར་རོ་བར་མི་འགྱུར་བ་ནི་ཉམས་འཚག་ཡོད་དེ་ཚོར་བ་དང༌། སྔར་ཁ་ཟས་ཟོས་པ་དང༌། ཁ་ཟས་ཆེར་ཟ་ཕོད་པ་དང༌། རྟག་ཏུ་ཁ་ཟས་སྣུམ་བག་ཟ་བ་དང༌། སྙིང་སྟོབས་ཆེ་བའི་མི་དང༌། ན་ཚོད་དར་ལ་བབ་སྟེ་གཞོན་པ་དང༌། རྟག་ཏུ་ཆང་མི་འཆད་པར་འཐུང་བ་ལྟ་བུ་དང༌། ཕ་མའི་རྒྱུད་ཀྱིས་རྟག་ཏུ་ཆང་འཐུང་འཐུང་བར་གྱུར་པ་དང༌། ལུས་ཚིལ་དང་བད་ཀན་གྱི་ཤས་ཆེ་ལ། རླུང་དང་མཁྲིས་པའི་ཤས་ནི་ཆུང༌། ཕོ་བའི་མེ་དྲོད་ནི་ཆེ་ཞིང་བརྟན་པར་ཡང་ཡོད་པ་དེ་ལྟ་བུ་ནི་ཆང་ལ་སྲ་སྟེ་འཐུངས་ན་ཡང་ར་རོ་བར་མི་འགྱུར་རོ། །དེ་ལ་ཆང་ལ་སྙི་སྟེ་ར་རོ་ཞིང་མྱོས་པར་འགྱུར་བའི་མི་ནི་ཆང་ལ་སྲ་བའི་དམིགས་སྣ་རེ་རེ་ནས་བཤད་པ་དེ་ལས་བཟློག་ན། ཆང་ལ་སྙི་ཞིང་ར་རོ་བར་འགྱུར། ཆང་ལ་བརྐམ་ཞིང་དྲག་ཏུ་འཐུངས་པ་དང༌། སྤྲོ་ཐུང་ཞིང་ཁྲོ་བ་ལྟ་བུ་ནི་ཆང་ལ་སྙི་ཞིང་མྱུར་དུ་ར་རོ་བར་འགྱུར་རོ། །དེ་ལ་ཆང་གི་ནང་ན་མྱུར་དུ་ར་རོ་བར་འགྱུར་བ་ནི་ཆང་སར་པ་སྐྱུར་ཞིང་སྐྱུར་བ་ལྟ་བུ་མང་དུ་འཐུངས་ན་མྱུར་དུ་ར་རོ་བར་བྱེད། དེ་ལ་ཆང་ནད་ཀྱི་ཐབས་ཀྱང་རྣམ་པ་བཞི་སྟེ། རླུང་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནད་དང༌། འདུས་པའི་ནད་རྣམ་པ་བཞི་ལས་འབྱུང་ངོ༌། །ཡང་ན་ཆང་ལས་ནད་དུ་གྱུར་ན་ཡང་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་ཀུན་ཚོགས་པར་འབྱུང་མོད་ཀྱི། མིང་ནི་རླུང་ནད་ལས་གྱུར་པ་ཞེ་འམ་མཁྲིས་པའི་ནད་ལས་གྱུར་པ་ཞེས་སོ་སོར་འདོགས་སོ། །དེ་ལ་ཆང་ནད་དོ་ཅོག་སྤྱིའི་ནད་ཐབས་ནི་རབ་ཏུ་རྨོངས་པར་འགྱུར། སྙིང་མི་དགའ། ཚད་པས་འཁྲུ། རྟག་ཏུ་སྐོམ། གྲང་བའི་རིམས་སམ་ཚ་བའི་རིམས་ཀྱིས་འདེབས། ཀླད་པ་ན། རྩིབ་ལོགས་ཀྱི་རུས་པ་ཟུག་ཅིང་ན། ལུས་དང་རྐང་ལག་འདར། ལུས་ཀྱི་སྲོག་གི་གནད་ཀུན་བཅད་དམ་བརྡུངས་པ་སྙམ་བྱེད། རྐེད་པ་ན། བརླ་ན། མིག་རབ་རིབ་ཁྱེར། ལུད་པས་བཀར། དབུགས་མི་བདེ། མཚན་མོ་གཉིད་མེད། ལུས་རྡུལ་བཤང་བ་ཐུར་དུ་འབྱུང་བ་འདྲ་བར་འོང༌། ལུས་སྐྲང༌། སེམས་རྨོངས་བག་ཏུ་བྱེད་དེ། འདི་མན་ཆད་ནད་དོ་ཅོག་སྤྱིའི་ནད་ཐབས་ཡིན་ནོ། །དེ་ལ་ཆང་ལས་རླུང་ནད་དུ་གྱུར་པའི་ནད་ཐབས་ནི། ནད་
ཐབས་གཞན་ནི་གོང་མ་དང་འདྲ་ལ་དེ་ལས་ལྷག་པར་གཉིད་མི་འོང་ངོ༌། །དབུགས་མི་བདེ། གླད་པའི་སྤྱི་བོ་ལོགས་སུ་ན། རྨི་ལམ་ན་ཕན་ཚུན་དུ་འགྲོ། གནམ་ལ་འཕུར། གཤིན་དོགས་ལྟ་བུ་དང་ལྷན་ཅིག་གཏམ་ཟེར་བ་དེ་ལྟ་བུ་ཡིན་ནོ། །ཆང་ལས་མཁྲིས་པའི་ནད་དུ་གྱུར་པའི་ནད་ཐབས་ནི་ཚ་བའི་རིམས་ཀྱིས་འདེབས། ལུས་རྡུལ། རྨོངས་བག་ཏུ་འདུག །ཚད་པས་འཁྲུ། སྐོམ་དད་ཆེ། མགོ་བོ་འཁོར། མིག་རྩ་དམར་ཞིང་རྩ་སེར། མཁུར་ཚོས་དམར་པོར་འགྱུར་རོ། །ཆང་ལས་བད་ཀན་གྱི་ནད་དུ་གྱུར་བའི་ནད་ཐབས་ནི་སློན། སྙིང་ན་ཞིང་མི་དགའ། གཉིད་ཆེ། ལུས་དང་རྐང་ལག་འདར། ཁོང་ལྕིའོ། །ཆང་ལས་འདུས་པའི་ནད་དུ་གྱུར་པའི་ནད་ཐབས་ནི་ནད་སྣ་གསུམ་གྱི་ནད་ཀུན་ཚོགས་པར་ན་བར་འགྱུར་རོ། །ཆང་རྟག་ཏུ་འཐུང་འཐུང་སྟེ་གོམས་པར་གྱུར་པ་ལྟ་བུ་ལས་ཆང་ཅིག་ཅར་བཅད་དེ་ཕྱིན་ཆད་མི་འཐུང་བ་དེ་ཡང་ནད་རྣམ་གཉིས་སུ་འགྱུར་ཏེ། འཇོམས་བྱེད་ཅེས་བྱ་བའི་ནད་དང༌། ལུས་བསྐམ་པའི་ནད་དང་རྣམ་པ་གཉིས་སུ་འགྱུར་རོ། །ཅི་སྟེ་ཞེ་ན། ཆང་བཅད་པས་རླུང་ནད་དྲག་ཏུ་གཡོ་བ་དང་ཉམས་འཚག་ལྷག་པར་དྲག་ཏུ་འབྲི་བར་གྱུར་པ་ལས་མཆིལ་མ་དང༌། བད་ཀན་ཕྱིར་འདོར་བས་མགུལ་སྐམ། གཉིད་རབ་ཏུ་ཆེ་སྟེ། སྒྲ་རྣམས་གྲག་པ་མི་བཟོད་པ་དང་བློང་བག་ཏུ་གྱུར་པ་དེ་ནི་འཇོམས་བྱེད་ཀྱི་ནད་ཅེས་བྱའོ། །དེ་ལ་བསྐམ་པར་འགྱུར་བའི་ནད་ཐབས་ནི་དཔུང་པ་དང་ཀླད་པ་ན། སྙིང་དང་མགུལ་པ་ན། མོང་མོང་པོར་འགྱུར། ལུད་པས་བཀར། སྐོམ་དད་ཆེ། སྐྱུགས་པ་མི་འབྱུང་བཞིན་དུ་སྐམ། སྐྱིགས་བུས་ཕུལ་ཞིང་སྐྱུག །རིམས་ཀྱིས་འདེབས་པ་དེ་ལྟ་བུའི་ནད་དུ་འགྱུར་རོ། །སུ་ཡང་རུང༌། བག་ཆང་བཅད་དེ་ཐུབ་པ་དེ་ནི་ཉེས་དམིགས་ཀུན་ཐུབ་པའི་རང་བཞིན་ཅན་ཡིན། བློ་དང་སེམས་སྔོན་གྱི་སར་ཆུད་དེ། དྲན་ཞིང་གསལ་བ་ཡིན་ནོ། །ལུས་དང་སེམས་ཀྱི་སྤྱོད་པ་འཁྲུལ་པ་ནམ་ཡང་མི་འབྱུང་བ་ཡིན་ནོ། །ཡང་ཆང་འཐུངས་ཏེ་ར་རོ་བ་རྡུལ་གྱི་སྐྱོན་ལས་ནད་དུ་གྱུར་པ་དང་མུན་པའི་སྐྱོན་ལས་ནད་དུ་གྱུར་པ་དང༌།
ཁ་ཟས་མི་འཕྲོད་ཅིང་གནོད་པར་ཟོས་པས་བཅུད་དངས་མ་རྒྱུ་བའི་རྩ་དང་ཁྲག་རྒྱུ་བའི་རྩ་རྣམས་དང༌། སེམས་འཇུག་པའི་རྩ་རྣམས་འགགས་པ་ལས་ནད་རྣམ་པ་གསུམ་དུ་འགྱུར་ཏེ། གང་ཞེ་ན་མྱོས་པ་དང༌། བརྒྱལ་བ་དང༌། ཀུན་ཏུ་སོང་བ་དང༌། ནད་འདི་རྣམ་པ་གསུམ་ལྟ་བུར་གྱུར་ཏེ་ནད་དཀྱེལ་ཡང་གོ་རིམས་བཞིན་ཆེའོ། །དེ་ཡང་མྱོས་པར་འགྱུར་བའི་ནད་གཞི་ནི་རླུང་དང་མཁྲིས་པ་དང༌། བད་ཀན་གྱི་ནད་ལས་མྱོས་པར་འགྱུར་བ་དང༌། རླུང་དང་མཁྲིས་པ་དང་བད་ཀན་གསུམ་འདུས་པས་མྱོས་པར་འགྱུར་བ་དང༌། ཁྲག་ནད་ལས་མྱོས་པར་འགྱུར་བ་དང༌། ཆང་ལས་མྱོས་པར་འགྱུར་བ་དང༌། དུག་གིས་ཀྱང་མྱོས་པར་འགྱུར་བ་དེ་ལྟ་བུའི་ནད་དུ་འགྱུར་རོ། །དེ་ལ་རླུང་ནད་ཀྱིས་མྱོས་པར་འགྱུར་བའི་ནད་ཐབས་ཀྱི་ཚུལ་ནི་མང་དུ་སྨྲ་བ་ལ་ཆགས། མང་དུ་སྨྲ། ཚིག་བརྐམ་པར་སྨྲ། ལུས་ཀྱི་བྱེད་པ་རྣམས་འཁྲུལ་ཞིང་གཡོ་བའི་བག་ཡོད། ལུས་རྩུབ་ལ་མདོག་གནག །རྩ་དམར། འདི་ལྟ་བུ་ནི་རླུང་ནད་ཀྱིས་མྱོས་པ་ཞེས་བྱ་བ་ཡིན་ནོ། །དེ་ལ་མཁྲིས་པའི་ནད་ཀྱིས་མྱོས་པའི་ཐབས་ནི་ཁྲོ་བཞིན་མདོག་དམར་ལ་སེར་བར་སྣང༌། ཚིག་ཅུང་ཟད་ཙམ་གྱི་ཕྱིར་ཡང་འཐབ་པར་དགའ་བ་དེ་ལྟ་བུ་ཡིན་ནོ། །བད་ཀན་གྱིས་མྱོས་པའི་ནད་ཐབས་ནི་བཞིན་མདོག་རྩ་དཀར་ཅི་ཡང་མི་སྨྲ་མི་བྱེད་པར་འདུག་ཅིང་ལེ་ལོ་ཆེ་བར་གྱུར་པ་དེ་ལྟ་བུ་ཡིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཆར་འདུས་པ་ལས་མྱོས་པའི་ནད་ཀྱི་ཐབས་ནི་རླུང་ལ་སོགས་པ་རྣམ་པ་གསུམ་ཀའི་མྱོས་པ་དང་འདྲའོ། །ཁྲག་ནད་ཀྱིས་མྱོས་པའི་ཐབས་ནི་ལུས་ཀྱི་ཡན་ལག་རེངས་ཏེ་བརྐྱང་བསྐུམ་མི་ནུས། མིག་ཀྱང་ཕྱེ་བཙུམས་མི་ནུས་ཏེ་ཧར་བག་ཏུ་འདུག་ལ་མཁྲིས་པའི་ནད་ཀྱིས་མྱོས་པའི་ཚུལ་དང་ཡང་འདྲ་བར་བལྟའོ། །ཆང་གིས་ར་རོ་སྟེ་མྱོས་པའི་ནད་ཐབས་ནི་སྐད་ཀྱི་གདངས་དང༌། ཚིག་དང་ལུས་འགྱུར་ཚིག་གི་སྨྲ་བ་དང་ལུས་ཀྱི་བྱེད་པ་རྣམས་འཁྲུལ་བར་བྱེད་དོ། །དུག་གིས་མྱོས་པའི་ནད་ཐབས་ནི་ལུས་འདར། གཉིད་རབ་ཏུ་ཆེ། གོང་མའི་ནད་ཐབས་ཀུན་ལས་ལྷག་པར་ནད་ཆེ་བ་དེ་ལྟ་བུ་ཡིན་ནོ། །དེ་ལ་རླུང་ལ་སོགས་པ་རྣམ་པ་བདུན་གྱིས་མྱོས་པའི་ནད་ཀྱིས་འདེབས་པར་ཤེས་པར་བྱའོ། །
དེ་ལ་རླུང་ལ་སོགས་པ་རྣམ་པ་དེ་བདུན་གྱིས་སྙིང་སྟོར་ཟབ་བརྒྱལ་བར་འགྱུར་བའི་ནད་ཐབས་ཀྱི་དམིགས་ནི་རླུང་དང་མཁྲིས་པ་ལ་སོགས་པ་ལྟ་བུ་སོ་སོའི་ནད་ཐབས་ཀྱི་རྟགས་གང་ཆ་བ་ལས། སོ་སོའི་ནད་དམིགས་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་ཁྲག་རྒྱས་པ་དང༌། ཆང་ནད་དང་དུག་གིས་ཕོག་སྟེ་བརྒྱལ་བ་ཡང་དེ་བཞིན་ཤེས་པར་བྱའོ། །དེ་ལ་རླུང་ནད་ཀྱིས་བརྒྱལ་བར་གྱུར་པའི་ནད་ཐབས་ནི་ནམ་མཁའ་ལ་མིག་ལམ་དུ་སྔོན་དམར་རམ་ནག་པོ་མཐོང་ལ། དེ་ནས་མུན་ཐིབས་ཞེས་བྱེད་དེ་བརྒྱལ། དེ་ནས་མྱུར་དུ་སངས་པར་འགྱུར་བའི་འོག་ཏུ་སྙིང་འདར། ཀླད་པ་འཁོར། ལུས་ཤ་སྐེམ། བཞིན་མདོག་གནག་ལ་རྩ་དམར་ཏེ་སྤྱིར་སྨུག་པ་འདི་ལྟ་བུར་གྱུར་ན་རླུང་གི་རང་བཞིན་ལས་གྱུར་པའི་བརྒྱལ་བའི་ནད་ཐབས་ཞེས་བྱའོ། །དེ་ལ་མཁྲིས་པའི་ནད་ལས་བརྒྱལ་བར་གྱུར་པའི་ནད་ཐབས་ནི་གྱེན་དུ་ནམ་མཁའ་ལ་མིག་ལམ་དུ་དམར་པོའམ། སར་པོར་མཐོང་ནས་མུན་ཐིབས་ཞེས་བྱེད་དེ་བརྒྱལ་ལོ། །དེ་ནས་སངས་ནས་ཀྱང༌། ལུས་རྡུལ། ཁོང་ཚ། སྐམ། ཕྱི་རོལ་གྱི་ཤ་ཐང་ཚ་བས་གདུངས། ཚད་པའི་མདོག་སེར་པོའམ་སྔོན་པོར་འཁྲུ། མིག་ལམ་དུ་དམར་པོ་དང་སེར་པོ་ལོང་ལོང་པོར་སྣང་བའི་ནད་ཐབས་འདི་ནི་མཁྲིས་པ་ལས་བརྒྱལ་བ་ཞེས་བྱའོ། །དེ་ལ་བད་ཀན་གྱི་ནད་ཀྱིས་བརྒྱལ་བར་འགྱུར་བའི་ནད་ཐབས་ནི། མིག་ལམ་ན་སྤྲིན་འདྲ་བར་དཀར་པོའི་བག་མཐོང་ནས། མུན་ཐིབས་ཞེས་བྱེད་དེ་བརྒྱལ་ནས་ཡུན་རིང་དུ་ལོན་པ་དང༌། གདོད་སངས་ཏེ་སངས་ནས་ཀྱང༌། སྙིང་ན། ཁ་ནས་མཆིལ་མ་དང༌། ཁ་ཆུ་མང་དུ་འབྱུང༌། ཁ་མིག་ཐོམ་བག་ཏུ་འགྱུར་ལ་ལུས་དང་རྐང་ལག་པགས་རློན་གྱིས་དཀྲིས་པ་བཞིན་དུ་ལྕི་བ་ལྟ་བུ་ནི་བད་ཀན་གྱིས་བརྒྱལ་བའི་ནད་ཐབས་ཡིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཆར་གྱིས་བརྒྱལ་བའི་ནད་ཐབས་ནི་བརྗེད་བྱེད་ཀྱི་གདོན་ནད་ཀྱིས་བཏབ་པའི་ནད་ཐབས་དང་འདྲ་བའི་ལུས་མྱུར་དུ་ས་ལ་འགྱེལ་ཏེ། བརྒྱལ་ཞིང་མི་དྲན་ཏེ་དེའི་ཚེ་སྔར་མི་སྡུག་ཅིང་འཇིགས་པའི་ཚུལ་དུ་བྱེད་པའམ། ངན་སྐྱུགས་ལ་སོགས་པ་འབྱུང་བ་ནི་མེད་དེ། ནད་ཐབས་གཞན་ནི་
རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཆར་གྱིས་བརྒྱལ་བའི་ཐབས་དང་འདྲའོ། །དེ་ལྟར་སྙིང་སྟོར་བརྒྱལ་ནད་རླུང་དང་མཁྲིས་པ་དང་བད་ཀན་ལ་སོགས་པས་མྱོས་པ་དང་བརྒྱལ་བར་འགྱུར་ཏེ། ནད་ཚབས་ཆེ་ཡང་སྨན་དཔྱད་བྱ་མི་དགོས་པར་ནད་རང་དུབ་ཅིང་ཞི་བར་འགྱུར་རོ། །ནད་ཀྱིས་བཏབ་པ་ནི་སྨན་དཔྱད་མ་བྱས་པར་རང་དུབ་ཅིང་འཚོར་མི་རུང་ངོ༌། །དེ་ལ་ནད་ནི་ལུས་དང་ངག་དང་ཡིད་ཀྱིས་ལས་བྱེད་པ་དང་འདི་བཞིན་ལ། རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་དཀྱེལ་ཆེར་ཞེན་ཏེ་ནད་ཀྱི་མཐུ་ཆེར་གྱུར་པ་དང༌། རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་རྣམས་འདུས་ནས་སྲོག་ལ་བབ་སྟེ་དེར་གནས་ཤིང་བརྟེན་པར་གྱུར་པ་དང༌། ནད་དེས་མི་དེ་ཤི་བ་དང་འདྲ་བར་བྱས་ཏེ་ཤི་བ་བཞིན་དུ་འདུག་པ་དེ་ནི་འདུས་ནད་ཀུན་ཏུ་ཞུགས་པ་ཞེས་བྱ་སྟེ། ནད་འདི་ནི་འདུས་པའི་རིམས་ནད་ཀྱིས་བཏབ་པའི་རྗེས་ལ་འབྱུང་བ་ཞེས་བྱ་སྟེ། ནད་འདི་ལ་མྱུར་དུ་རིངས་པར་དཔྱད་མ་བྱས་ན། དཔེར་ན་མཚོ་གཏིང་ཟབ་མོའི་ནང་ན་ཆུ་སྲིན་འདུག་པ་དེ་ལྟ་བུའི་དྲུང༌། གད་ཀའི་གཡང་ས་ན་ལྷུང་ལ་ཐུག་པ་དང་འདྲ་བར་འདུས་ནད་ཀུན་ཏུ་ཞུགས་པས་བཏབ་པ་ཡང་དེ་དང་འདྲ་བ་སྟེ། དེ་ལྟ་བུའི་ནད་པ་ལ་དཔྱད་མྱུར་དུ་གྱིས་ཏེ་གསོས་ཤིག །ཆང་ནད་དང་རླུང་ནད་དང་མཁྲིས་པ་དང༌། བད་ཀན་གྱི་ནད་ཀྱིས་མྱོས་པ་དང༌། སྙིང་སྟོར་བརྒྱལ་ནད་དང༌། འདུས་ནད་ཀྱིས་ཤི་བ་དང་འདྲ་བར་ན་བའི་ཐབས་བཤད་པ་སྟེ་ལེའུ་དྲུག་པ་རྫོགས་སོ།། །།གཞན་འབྲུམ་གྱི་ནད་གཞི་བཤད་པའི་ལེའུ་སྟེ་བདུན་པ་བཤད་པར་བྱའོ། །གཞང་འབྲུམ་གྱི་ནད་དུ་གྱུར་རོ་ཅོག་གི་གཞི་ནི་ཟས་གནོད་པས་རླུང་དང་མཁྲིས་པ་དང༌། བད་ཀན་གྱི་ནད་ལས་ལངས་ཏེ་ཤ་དང་པགས་པ་དང༌། ཚིལ་ལ་ཞུགས་པ་དང་གནོད་པ་བྱས་ནས། གཞང་འབྲུམ་གྱི་ནད་སྣ་ཚོགས་སུ་འགྱུར་རོ། །གཞང་འབྲུམ་གྱི་ནད་ནི་ཁ་ཟས་མི་འཕྲོད་པ་ལས་ལྡང་བར་འགྱུར་རོ། །དེ་ལ་གཞང་འབྲུམ་གྱི་ནད་དེ་ཡང་མདོ་རྣམ་པ་གཉིས་ཏེ། དང་པོ་བཙས་པ་ནས་ནད་དང་ལྷན་ཅིག་འབྱུང་བ་དང༌། ཕྱིས་གཞང་འབྲུམ་གྱི་ནད་འབྱུང་བ་ཡིན་ནོ། །དེ་ལ་ཡང་རྣམ་པ་གཉིས་ཏེ། གཞང་འབྲུམ་དཀར་པོ་དང༌།
གཞང་འབྲུམ་ཁྲག་ཏུ་ཟག་པའོ། །གཞང་ནི་རྒྱུ་མ་སྦོམ་པོ་ལ་བརྟེན་ཅིང་འདུག་གོ །དེ་ལ་གཞང་འབྲུམ་གྱི་ནད་འབྱུང་བ་ནི་གཞན་ཁར་སོར་ཕྱེད་དང་ལྔ་མན་ཆད་ཀྱི་ནང་ན་གཉེར་མ་རིམ་པ་གསུམ་ཡོད་པ་གཉེར་མ་རེ་རེ་ལ་སོར་ཕྱེད་དང་གཉིས་གཉིས་ཏེ། དེ་ལྟར་གཉེར་མའི་རིམ་པ་གསུམ་པོ་དེ་ལ་སོར་ཕྱེད་དང་ལྔ་ཡོད་པར་འགྱུར་རོ། །དེ་ལ་ཕུགས་ཀྱི་གཉེར་མའི་མིང་ནི་ཕྱིར་ཕུལ་བ་ཞེས་བྱ། བར་གྱི་གཉེར་མའི་མིང་ནི་ཕྱིར་སེལ་བ་ཞེས་བྱ། གཞང་ཁའི་གཉེར་མ་ནི་འཛུམས་པ་ཞེས་བྱ་བ་གཞང་ཁའི་ཕྱི་རོལ་སོར་གཅིག་ཚུན་ཆད་ཀྱི་ནང་དུ་འབྲུམ་བུ་འབྱུང་བ་ལ་ཡང་གཞང་འབྲུམ་ཡིན་ནོ། །གཞང་ཁོར་ཡུག་སོར་གཅིག་པོ་མ་གཏོགས་པ། ནས་ཀྱི་སྲིད་ཕྱེད་དང་གཉིས་ཀྱི་ཁྱོན་ཁོར་ཁོར་ཡུག་མ་གཏོགས་པ་ཕན་ཆད་ནི་སྤུ་སྐྱེ་སྟེ། སྤུ་བྱུང་བྱུང་བ་དེ་ཕན་ཆད་དུ་བྱུང་བ་ནི་མཚན་བར་རྡོལ་གྱི་ནད་ཅེས་བྱའོ། །དེ་ལ་དང་པོ་བཙས་པ་ནས་གཞང་འབྲུམ་གྱི་ནད་དང་ལྷན་ཅིག་འབྱུང་ཞེས་བྱ་བ་ནི། ཐོག་མར་ཕ་དང་མ་ཁ་ཟས་མི་འཕྲོད་པ་ཟོས་པ་ལས་ས་བོན་ནད་ཅན་དུ་གྱུར་པ་དེ་ལྟ་བུས་བུ་བྱུང་ན་གཞང་འབྲུམ་གྱི་ནད་དུ་འགྱུར་བ་ཡང་ཡོད། ལ་ལ་ནི་སྔོན་གྱི་སྡིག་པའི་ལས་ལས་ནད་དུ་འགྱུར་བ་ཡང་ཡོད། ནད་དམིགས་འདི་ལྟ་བུ་རྣམ་གཉིས་ལས་ནད་བསླངས་ཏེ་ནད་གཞི་འདི་གཉིས་འདུས་པའི་གཞང་འབྲུམ་དུ་གྱུར་པ་དང༌། ནད་དམིགས་གཞན་ལས་གཞང་འབྲུམ་གྱི་ནད་དུ་གྱུར་ཀྱང་རུང་སྟེ་མདོར་ན་ཕ་མའི་རིགས་ལས་གྱུར་པའི་ནད་ཐམས་ཅད་དང། དང་པོ་བཙས་པ་ནས་གཞང་འབྲུམ་གྱི་ནད་ཅན་དུ་གྱུར་པ་འདི་ནི་ལྷག་པར་གསོ་དཀའོ། །ཡང་གཞང་འབྲུམ་རྩུབ་པོར་འདུག་པ་དང༌། གཞང་འབྲུམ་ཕུགས་སུ་བྱུང་སྟེ། བལྟ་དཀའ་བ་འདི་ཡང་གསོ་དཀའོ། །ཡང་གཞང་འབྲུམ་མདོག་དཀར་པོར་བྱུང་བ་དང། གཞང་འབྲུམ་བྱུང་བ་ལས་ནད་ཐམས་ཅད་དུ་གྱུར་ཏེ། ནད་གཞན་ཡང་གཞང་འབྲུམ་གྱི་ནད་རྣམ་པ་དྲུག་ཡོད་དེ། གང་ཞེ་ན། རླུང་དང༌། མཁྲིས་པ་དང༌། བད་ཀན་གསུམ་གྱི་གཞང་འབྲུམ་སོ་སོར་འབྱུང་བ་དང༌། རླུང་དང་བད་ཀན་གྱི་ནད་སྣ་གཉིས་ལས་
གཞང་འབྲུམ་དུ་གྱུར་པ་ནི་ཀུན་འདུས་པ་ལས་གྱུར་པ་ཡང་སྨོས་སོ། །དྲི་མ་བསྩགས་པ་ལས་གཞང་འབྲུམ་དུ་འགྱུར་བ་དང༌། ཁྲག་ནད་ལས་གཞང་འབྲུམ་དུ་འགྱུར་བ་དེ་དང་དྲུག་གོ །དེ་ལ་རླུང་དང་བད་ཀན་ལས་གཞང་འབྲུམ་དུ་གྱུར་པ་ནི་གཞང་འབྲུམ་དཀར་པོའི་ཁྲག་དང། མཁྲིས་པ་གཉིས་ལས་གཞང་འབྲུམ་དུ་འགྱུར་བ་ནི་གཞང་འབྲུམ་རློན་པ་ཞེས་བྱ་སྟེ། ཁྲག་ཚད་དུ་འགྱུར་རོ། །གཞང་འབྲུམ་གྱི་ནད་གཞི་སྔར་བཤད་པ་འདི་ལྟ་བུས་ནད་བསླངས་ནས་ཁོང་པ་ནང་གི་ཕོ་བའི་དྲོད་བྲི་སྟེ་ཉམས་པ་དང་དེ་ནས་གཞང་འབྲུམ་གྱི་ནད་དཀྱེལ་དུ་སོགས་ཤིང་འདུག་པ་ལ་དེའི་སྟེང་དུ་བུད་མེད་ལ་ཧ་ཅང་དྲགས་པ་ལྟ་བུ་དང༌། བཞོན་པ་མི་བདེ་བས་ཁོང་འཁྲུགས་པ་དང༌། སྟན་མཐོ་དམན་ཅན་མི་བདེ་བ་དང༌། སྟན་སྲབ་ལ་རྐུབ་རྟེན་ཙོག་པུར་བཅས་པ་དང༌། ལྒང་པའི་གཅེའུ་ནས་སྨན་མས་གཏོང་བ་དང༌། བཤང་བའི་འོག་ཏུ་རྡོ་བའམ་ཕག་དུམ་མམ། བོང་པའམ་ལག་པའི་ཐལ་མོ་འམ་ར་ད་འམ་འདི་ལྟ་བུས་ཕྱིས་དྲགས་ཏེ་གཞང་ཁ་སྣད་པ་དང༌། ཆུ་རབ་ཏུ་གྲང་བས་རྐུབ་བཀྲུས་ཏེ། གྲང་བ་ཁོང་དུ་ཞེན་པ་དང༌། རྟུག་སྐམ་ཁ་སྲ་བ་ཧ་ཅང་བཙིར་དྲགས་ཏེ་གཞང་སྣད་པ་དང༌། ཐུར་དུ་དབུགས་བྱུང་བ་དང༌། གཅིན་སྙོམ་པ་དང༌། བཤང་བ་འོང་བ་ལ་བརྣག་ཅིང་མ་བཙལ་བ་དང༌། འདི་རྣམས་མི་འོང་བཞིན་ནན་གྱིས་བཙིར་བ་དང༌། རིམས་ཀྱིས་བཏབ་པ་དང༌། སྐྲང་ནད་ཚད་པས་རབ་ཏུ་འཁྲུས་པ་དང༌། ཕོ་བར་བེའུ་སྣབས་ཆགས་པ་དང༌། འོར་ནད་དང་སྐྱ་རྦབ་ཀྱི་ནད་དང༌། རིད་དེ་སྐེམ་པར་གྱུར་པ་དང་ལུས་ལ་གནོད་པར་འགྱུར་བའི་དཔྱད་དམ། ལུས་ཀྱི་ལས་སུ་འགྱུར་བའི་གནོད་པར་འགྱུར་བའི་བག་བྱས་པ་དང་འདི་རྣམས་ལྟ་བུ་ལས་གཞང་འབྲུམ་གྱི་ནད་དུ་འགྱུར་རོ། །ཡང་བུད་མེད་ལ་གཞང་འབྲུམ་འབྱུང་བར་འགྱུར་བའི་དམིགས་ནི་བྱིས་པ་ཟླ་གྲངས་མ་ཚང་བར་རུམ་ནས་འཕྱིལ་ཏེ་བྱུང་བ་ལྟ་བུ་དང༌། ཟླ་གྲངས་ཚང་སྟེ་བུ་ཆེ་བར་གྱུར་པའི་བུ་ནད་ཀྱིས་གཟིར་བའམ། འབྱུང་བའི་དུས་ལས་ཡོལ་བར་གྱུར་པས་གཟིར་ཏེ་ནད་དུ་གྱུར་པ་ལྟ་བུ་འམ། གཞང་གི་ནང་ན་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་ཞིག་ཡོད་པ་དེས་རླུང་ངམ། མཁྲིས་པའམ། བད་ཀན་
གྱི་ནད་བསླངས་ནས་གཞང་གི་ནང་ན་གཉེར་མ་གསུམ་ཡོད་པའི་ཕྲག་ཏུ་ཞེན་ཏམ། ཡང་ན་རླུང་དེས་ཐུར་དུ་བཤང་བའི་དྲི་མ་གཉེར་མའི་ཕྲག་ཏུ་སོང་བར་བྱས་པ་དེ་ལས་གཞང་འབྲུམ་དུ་གྱུར་ཏེ་ཁྲག་ཚད་དུ་འོང་ངོ༌། །དེ་ལ་གཞང་འབྲུམ་གྱི་ནད་འོང་བར་གྱུར་ན། སྔར་ན་བའི་ནད་ཐབས་ནི། ཕོ་བའི་དྲོད་ཉམས་ཏེ་བྲི། དྲི་མ་ཐུར་དུ་བྱུང་བ་སྲི་སྟེ་སྐམ་བག་ཏུ་འོང༌། བརླ་ན། བྱིན་པའི་ཉྭ་ན། མགོ་འཁོར། ལག་ངར་ན། མིག་སྐྲང༌། ཡང་ན་ནི་ཐུར་དུ་ཚད་པས་འཁྲུ། ཡང་ན་ནི་སྲི་སྟེ་འོང་དུ་མི་རུང་ངོ༌། །ལྟེ་བའི་འོག་ན་རླུང་ཆེ་སྟེ། ཁོང་ན་ཁྲུ་ལུ་ལུ་ཟེར། རླུང་དེ་དག་ཀྱང་ཕལ་ཆེར་ལྟེ་བའི་འོག་མན་ཆད་དུ་རྒྱུ་ཞིང་ཟུག་སྟེ་ན་ལ། རྒྱུ་མ་དང་གཞང་གི་ནང་ན་བཅད་པ་སྙམ་བྱེད། རླུང་ཐུར་དུ་འབྱུང༌། གསལ་པོར་འབྱུང་བ་ཡང་སྒྲ་ཅན་དུ་འབྱུང༌། རྒྱུ་མའི་ནང་ན་སྒྲ་ཁྲུ་ལུ་ལུ་ཟེར་ལ་ལྟོ་སྦོ། ཁོང་རྨྱ་ཞིང་སྒྲེགས་པ་སྒྲ་ཅན་དུ་ཆེར་འོང༌། གཅིན་ནི་རབ་ཏུ་མང༌། བཤང་བའི་དྲི་མ་ནི་བབས་ཆུང་དུ་འོང༌། ཁ་ཟས་ཡི་གར་མི་འོང༌། སྐྱུགས་པ་དུད་ཀ་ལ་རོ་སྐྱུར་པར་འོང༌། ཀླད་པ་དང་བྲང་རྒྱབ་ཏུ་ཟུག་ཅིང་ན། ཁོང་སྙོམ། བཞིན་མདོག་མི་སྡུག་པར་འགྱུར། ཉམས་གློ་བག་ཏུ་འགྱུར། དབང་པོ་རྣམས་ཉམས་ཤིང་མི་གསལ། ཁྲོ་བར་འགྱུར། ཕན་པའི་དཔྱད་བསྟན་ཅིང་བསྒོ་ན་བཀའ་བློ་མི་བདེ་སྟེ། ནད་ཐབས་འདི་ལྟ་བུར་གྱུར་པ་ལ་སྨན་པ་ཐེ་ཚོམ་ཟོས་ཏེ་མཆི་ན། ཚད་རྙིང་ལྡང་དུབ་ཏུ་འཁྲུ་བའི་ནད་དམ། འོར་ནད་དམ། སྐྱ་རྦབ་ཀྱི་ནད་དམ། སྐྲན་ནམ། དམུ་རྫིང་ལྟ་བུའི་ནད་དམིགས་ལྟ་བུ་གང་ཡིན་མི་ཤེས་ན། ནད་ཐབས་རྣམ་པ་དེ་སྙེད་དུ་ན་བ་དེ་ཉིན་གཅིག་ནད་ལྡང་ཞིང་ཚབས་ཆེ་བར་གྱུར་ན་གཞང་འབྲུམ་གྱི་ནད་འབྱུང་བར་འགྱུར་རོ། །ནད་ཐབས་འདི་ལྟ་བུས་བཏབ་པའི་རྗེས་ལ་གཞང་འབྲུམ་གྱི་ནད་འབྱུང་བར་འགྱུར་ཏེ། གཞང་གི་ནང་ན་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་ཞིག་ཡོད་པ་དེ་ཕྱིར་ལོག་སྟེ་གྱེན་དུ་འཁྱིལ་ནས་དྲི་མ་བཤང་བ་འགགས་ཏེ་འབྱུང་དུ་མི་རུང་བར་འགྱུར་རོ། །བཤང་བ་འགགས་པས་ཁོང་པའི་ནང་ན་རླུང་གཞན་ཡོད་པས་དབང་པོ་རྣམས་དང་ལུས་ཀྱི་ནང་ཐམས་ཅད་དཀྲུགས་ཏེ་ནད་བསླངས།
དེ་བཞིན་དུ་བཤང་གཅི་དང་མཁྲིས་པ་དང་བད་ཀན་ཁོང་ན་ཡོད་པ་དང༌། ལུས་ཀྱི་སྲོག་ཟུངས་བདུན་དང༌། འདི་རྣམས་ཀྱང་དཀྲུགས་ཏེ་བསླངས་ན་ཕོ་བའི་མེ་དྲོད་ཀྱང་ཉམས་ཏེ་ཆུང་དུ་གྱུར་ནས། གཞང་འབྲུམ་གྱི་ནད་འབྱུང་བར་འགྱུར་བ་ཡིན་ཏེ། དེ་དེ་ལྟར་གཞང་འབྲུམ་གྱི་ནད་འབྱུང་སྟེ། ལུས་རབ་ཏུ་སྐེམ། ཅི་བྱེད་ཀྱང་མི་ནུས་ཏེ་བསྐྱོད་པའམ་བྱ་བའི་བསམ་པ་མེད། ཉམ་ཆུང༌། ཁོང་རྨྱ། བཞིན་མདངས་མེད་པར་འགྱུར། ལུས་ཞིག་ཅིང་ཁོང་ལྷོད་བཞིན་གྱི་མདོག་ཉམས་སོ། །ཤིང་གི་སྡོང་པོ་ལ་སྲིན་བུ་ཞུགས་ཏེ་མ་རུངས་པ་བཞིན་དུ་ནད་ཀྱི་སྣ་གྲངས་གོང་དུ་བཤད་པ་དེ་སྙེད་ཀྱིས་ལུས་ཀྱི་སྲོག་གི་ནད་ལ་གནད་དུ་བབས་པས་ལུས་ལ་གནོད་པར་གྱུར་ཏེ། ནད་གཞན་ཡང་དེའི་སྟེང་དུ་བྱུང་བ་ནི། ལུད་པས་བཀར། སྐོམ་དད་ཆེ། ཁ་ཟས་རོ་བྲོ་བར་མི་ཚོར། དབུགས་མི་བདེ། ཆམ་པས་འདེབས། སྒྱིད་སྐྱུར། ལུས་དང་རྐང་ལག་ཆག་གྲུགས་སུ་གྱུར་པ་བཞིན་ན། སློན། སྦྲིད་པ་འབྱུང༌། ལུས་སྐྲང༌། རིམས་ཀྱིས་འདེབས། ཁུ་ཆུ་དང་ཁྲག་ཟད། རྣ་བ་འོ་ན། མིག་རབ་རིབ་ཁྱེར། ཁུ་བ་བསྡུས་ཏེ་རྡེའུར་ཆགས་པ་དང༌། དྲི་མ་སྙིགས་པ་ལས་རྡེའུར་ཆགས་ཏེ་ཆུ་སྲི། ལུས་ཞིག་སྟེ་ཁོང་རྨྱ་ལ་སྐད་འགགས་ཡང་དང་ཡང་སེམས་ཁོང་དུ་ཆུད་ཅིང་མཆིལ་མ་འདོར། ཡི་ག་འཆུས། རུས་པའི་ཚིགས་རྣམས་དང་སྙིང་དང༌། ལྟེ་བ་དང༌། གཞང་གི་ནང་དང་ཆུ་སོ་གཡས་གཡོན་དུ་ཟུག་ཅིང་ན། ཚད་པ་ཐུར་དུ་སླ་མོ་འབྱར་བག་སྲན་ཁུ་ལྟ་བུར་འཁྲུ་སྟེ། དེ་ཡང་རེས་འགའ་ནི་སྲི། རེས་འགའ་ནི་མི་སྲི་བར་འོང༌། རེས་འགའ་ནི་རྟུག་སྐམ། རེས་འགའ་སླ་མོར་འཁྲུ། རེས་འགའ་ནི་མ་ཞུ་བ་རྩམ་པར་འཁྲུ། རེས་འགའ་ནི་ཞུ་བར་འཁྲུ། ཚད་པའི་སྤུ་མདོག་ཀྱང་སྐྱ་བོ་སེར་པོ་སྔོན་པོ་དང༌། ཁྲག་བག་སྤྱི་ཞིང་འཁྱིལ་བའི་བག་ཏུ་འཁྲུའོ། །འདི་ལྟ་བུ་ནི་གཞང་འབྲུམ་མོ་ཅོག་གི་སྤྱིའི་ནད་ཐབས་ཡིན་ནོ། །རླུང་ནད་ཀྱི་དཀྱེལ་ཆེ་བ་ལས་གཞང་འབྲུམ་དུ་གྱུར་ན། གཞང་འབྲུམ་སྐམ་ལ་བག་ཆུང༌། ཟུག་ཅིང་ན་སྟེ། ཚ་རབ་རབ་བྱེད། གཞང་འབྲུམ་དེ་རྙི་རྙི་པོ་རྩ་གནག་ཅིང་དམར་བག་ཡོད་དེ་སྦྱིར་སྨུག །ལ་ལ་ནི་སྲ་ལ་རྩུབ། ཆེ་ཆུང་ཡོད།
རྩེ་མོ་ཕྲ་ལ་ཐོར་ཏོ་རྡོལ། གཞང་འབྲུམ་ཆེ་ཆུང་ཡོད་ལ། ནང་མི་མཐུན། མེ་ཏོག་ཀ་དམྤ་དང༌། ཀུ་བའི་མེ་ཏོག་འདྲ། ཀེ་རི་ཀ་འདྲ། ལ་ལ་ནི་རྒྱ་ཤུག་གི་འབྲས་བུ་འདྲ། ལ་ལ་ནི་ཚ་གོ་འདྲ། ལ་ལ་ནི་ཤིང་ཏོག་འབི་འབི་འདྲ། ལ་ལ་ནི་རས་བལ་ཀ་ར་བ་སའི་འབྲས་བུ་འདྲ། ལ་ལ་ནི་མེ་ཏོག་ཀ་དམྦའི་འབྲས་བུ་འདྲ། གཞང་འབྲུམ་ལ་ལ་ནི་ཡུངས་ཀར་འདྲ་བ་འདུག་སྟེ། གཞང་འབྲུམ་ཚུལ་དེ་ལྟ་བུ་བྱུང་ན་ཀླད་པ་དང༌། རྩིབ་ལོགས་དང༌། ཕྲག་པ་དང༌། རྐེད་པ་དང༌། བརླ་དང༌། ཆུ་སོ་གཡས་གཡོན་དང་འདི་རྣམས་སུ་ལྷག་པར་ཟུག་ཅིང་ན། སྒྲེགས་པ་དང་སྦྲིད་པ་མང༌། ཐུར་དུ་བཤང་བའི་དྲི་མ་སྲི། སྙིང་ན། ཁ་ཟས་ཡི་ག་འཆུ། ལུད་པས་བཀར། དབུགས་མི་བདེ། ཕོ་བའི་དྲོད་མི་སྙོམས། རྣ་བ་སྒྲ་འབྱུང་སྟེ་འབོད། མགོ་འཁོར། དེ་རྣམས་ཀྱིས་བཏབ་སྟེ་ན་བ་དང༌། རྟུག་སྐམ་དུ་འབྱུང་བའི་ཚེ་མཁྲེགས་ཤིང་ན་ན་འབྱུང་བའི་ཚེ་སྒྲ་ཅན་དུ་འབྱུང་ཞིང་ན། སྤྱི་བག་དང་སྐམ་བག་ཏུ་འདྲེས་པ་ཐུར་དུ་འབྱུང༌། པགས་པའི་མདོག་དང་སེན་མོ་དང་མིག་དང་ཁ་གདོང་དང་བཤང་གཅི་འདི་རྣམས་ཀྱི་མདོག་ནག་པོར་སྣང༌། རླུང་ནད་ཀྱིས་གཞང་འབྲུམ་བྱུང་ན་ཁོང་དུ་སྐྲན་འབྱུང༌། མཆེར་པ་ན། དམུ་རྫིང་ལྟ་བུ་དང༌། གློ་གཡས་གཡོན་ལྟ་བུར་དབབ་པ་ལྟ་བུ་འབྱུང་བར་འགྱུར་ཏེ། འདི་ནི་རླུང་ནད་ལས་གྱུར་པའི་གཞང་འབྲུམ་གྱི་ནད་ཐབས་ཤེས་པར་བྱའོ། །མཁྲིས་པ་རྒྱས་པ་ལས་གཞང་འབྲུམ་དུ་གྱུར་པའི་ནད་ཐབས་ནི་གཞང་འབྲུམ་གྱི་མདོག་སྨུག་ནག་རྩ་སེར་ལ་ཐོར་ཏོ་སྔོ། ཐུར་དུ་ཁྲག་སླ་མོར་འབྱུང་སྟེ་རུལ་ཅིང་མནམ་ལ་གཞང་འབྲུམ་ཉིད་ནི་འཇམ་ལ་ཁོང་ལྷོད། གཞང་འབྲུམ་གྱི་དབྱིབས་ནེ་ཚོའི་མཆུ་དང༌། སྲིན་བུ་པད་པའི་མཆུ་འདྲ་ལ། གཞང་འབྲུམ་དེ་ཚ་ཞིང་རུལ་བག་ཏུ་འདུག །ལུས་ལ་རིམས་ནད་འབྱུང༌། ལུས་རྔུལ། སྐོམ། བརྒྱལ། ལུས་ཚ། ཡི་ག་འཆུས། མྱོ་མྱོ་པོར་འགྱུར། དྲི་མ་བཤང་བ་ཐུར་དུ་འབྱུང་བ་ནི་སྲི། བག་ལ་དྲོན་པོ་ཚ་བར་འོང་ངོ༌། །སྤུ་མདོག་སྔོ་ཞིང་སེར་ལ་ཁྲག་དང་བེའུ་སྣབས་སུ་འདྲེས་པ་དང༌། ནས་རུལ་པའི་ནང་འདྲ་བར་འོང༌། པགས་པ་
དང་སེན་མོ་དང་བཞིན་མདོག་ཀྱང་ལྗང་སྔོན་རྩ་སེར་བག་ཏུ་སྣང་སྟེ། འདི་ལྟ་བུ་ནི་མཁྲིས་པ་ལས་གཞང་འབྲུམ་དུ་གྱུར་པའི་ནད་ཐབས་ཡིན་ནོ། །དེ་ལ་བད་ཀན་རྒྱས་པ་ལས་གཞང་འབྲུམ་དུ་གྱུར་པའི་ནད་ཐབས་ནི་གཞང་འབྲུམ་དེ་དྲུང་སྦོམ་པོ་སྡུག །ན་བ་ཆུང༌། མྱུག་མྱུག་པོར་འབྱུང་བར་སྣང་ལ། གཞང་འབྲུམ་གྱི་ཤ་ཆེ་ལ་འཇམ། རེང་རེང་པོར་ཟླུམ་ལ་ལྕི། གཞང་འབྲུམ་བརྟེན་པོར་འདུག །གཞང་འབྲུམ་དེ་འབྱིལ་ཞིང་འབྱར་བག་ཡོད་སྲ་ལ་འཇམ། འབྲུམ་བུ་དེ་རྟག་ཏུ་གཡའ། རེག་ན་དགའ། གཞང་འབྲུམ་གྱི་དབྱིབས་ནི་ཤིང་ཏོག་ཀ་རི་ར་དང༌། པ་ན་སའི་འབྲས་བུའི་རུས་པ་དང༌། བའི་ནུ་མའི་དབྱིབས་འདྲ། ཆུ་སོ་གཡས་གཡོན་དུ་ཟུག་ཅིང་སྤོའོ། །ལྟེ་བ་དང་ཆུ་སོ་དང་གཞང་གི་ནང་ན་དྲི་མ་བཤང་བ་ཡོད་པ་འདི་དག་བཅད་པ་སྙམ་བྱེད་ཅིང་ན། ལུད་པས་བཀར། དབུགས་མི་བདེ། སྙིང་ན། ཁ་ནས་བད་ཀན་དང་མཆིལ་མ་མང་དུ་འདོར། ཡི་ག་འཆུས། ཆམ་པས་འདེབས། མོང་མོང་པོར་བྱེད། ཀླད་པ་ཚབས་ཆེར་ན། ཏོམ་བག་ཏུ་འདུག །གྲང་བའི་རིམས་ཀྱིས་འདེབས་པར་འགྱུར། ཁུ་བ་དང་ཁྲག་ཟག །ཕོ་བའི་དྲོད་ཉམས། སློན། རྟག་ཏུ་ཁ་ཟས་མ་ཞུ་བ་དང་བེའུ་སྣབས་སུ་འཁྲུ། བད་ཀན་ལྟ་བུ་དང་ཚད་པས་འདེབས་ཏེ་འཁྲུ། ཡང་གཞང་འབྲུམ་དེ་ནི་མི་རྡོལ་མི་ཟག་གོ །ལུས་ཀྱི་པགས་པ་དང་སེན་མོ་ལ་སོགས་པའི་མདོག་ནི་དཀར་ལ་འཇམ་མོ། །བད་ཀན་ལས་གཞང་འབྲུམ་དུ་གྱུར་པའི་ནད་ཐབས་ནི་དེ་ལྟ་བུ་ཡིན་ནོ། །དེ་ལ་ནད་སྣ་གཉིས་འདྲེས་པའི་གཞང་འབྲུམ་གྱི་ནད་དམ། རླུང་དང་བད་ཀན་འདྲེས་པའི་གཞང་འབྲུམ་གྱི་ནད་དམ། མཁྲིས་པ་དང་བད་ཀན་དུ་འདྲེས་པའི་ནད་གང་ཡང་རུང༌། ནད་སྣ་གཉིས་འདྲེས་པའི་ནད་ཐབས་དེ་ནི་གཞང་འབྲུམ་གྱི་ནད་ཐབས་འདྲེས་པ་ཞེས་བྱའོ། །དེ་ལ་འདུས་པའི་གཞང་འབྲུམ་གྱི་ནད་ཐབས་ནི་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱི་གཞང་འབྲུམ་གྱི་ནད་དཀྱེལ་དུ་སྩོགས་སྩོགས་པ་ལས། གཞང་འབྲུམ་གྱི་ནད་འབྱུང་སྟེ་ནད་སྣ་གསུམ་གྱི་ནད་ཐབས་སྣ་ཚང་བར་ན་བ་དེ་ནི་འདུས་པའི་གཞང་འབྲུམ་གྱི་ནད་ཐབས་ཞེས་བྱའོ། །དེ་ལ་ཁྲག་ནད་རྒྱས་པ་
ལས་གཞང་འབྲུམ་དུ་གྱུར་པའི་ནད་ཐབས་ནི་གཞང་གི་ནང་དུ་འབྲུམ་བུ་བྱུང་བ་འདི་དབྱིབས་ནི་ཤིང་འབའ་ཏའི་ལོ་མཁའ་བུས་པ་འདྲ། མདོག་ནི་འོལ་མ་སེའི་འབྲས་བུ་དང༌། བྱུ་རུའི་མདོག་འདྲའོ། །གཞང་འབྲུམ་དེ་ནད་ཁྲག་གིས་བརྒྱལ་ལ། དྲོ་ཞིང་ཚ་བར་འདུག་པ་དེ་མཁྲིས་པ་ལས་གྱུར་པའི་གཞང་འབྲུམ་དེ་དྲི་མ་ཐུར་དུ་འབྱུང་བའི་ཤུགས་ཀྱིས་བཙིར་བ་དང༌། འཕྲལ་དུ་ཁྲག་ངན་པ་ཚེན་པོར་འབྱུང་ཞིང་འཁྲུ་བར་འགྱུར་རོ། །ནད་དང་ཁྲག་ཟད་པས་མདོག་དང་ཉམས་འཚག་ཀྱང་ཉམས་ཏེ། མདོག་ཉམས་པའི་དཔེ་ནི་སྦལ་པ་སེར་པོ་འདྲ་ལ་མདངས་ཉམས། དབང་པོ་རྣམས་མི་གསལ་བར་གྱུར་པ་འདི་ནི་ཁྲག་ནད་ལས་གྱུར་པའི་གཞང་འབྲུམ་ཞེས་བྱའོ། །གཞང་འབྲུམ་གྱི་ནད་ལས་གཞང་གི་ནང་ནས་གྱེན་དུ་སློང་ཞིང་འཁྱིལ་བ་ཞེས་བྱ་བ་ནི་ནད་སློང་བའི་ཁ་ཟས་མོན་སྲན་སྡེའུ་མུངྒ་བ་དང༌། ཀོ་དྲ་བ་དང༌། འཛུར་ན་དང༌། ཀ་རི་ཀ་དང༌། མོན་སྲན་ཙ་ན་ལ་སོགས་པ་ཁ་ཟས་རྩུབ་མོ་དྲི་མ་ཐུར་དུ་བཤང་བ་མི་འབྱུང་ཞིང་སྲི་བར་བྱེད་པ་དེ་ལྟ་བུས། རླུང་ཉིད་ཀྱིས་རང་གི་གནས་སུ་ནད་བསླངས་ཏེ་དཀྱེལ་དུ་གྱུར་ནས་དྲི་མ་བཤང་གཅི་ཐུར་དུ་རྒྱུ་བའི་སྦུ་གུ་རྣམས་རླུང་གིས་འགགས་ནས། བཤང་གཅི་དང་དབུགས་ཐུར་དུ་འབྱུང་བ་རྣམས་རླུང་གིས་བསྐམས་ཏེ། འགགས་ནས་འབྱུང་དུ་མི་རུང་བ་དང༌། རབ་ཏུ་ན་བར་འགྱུར་ཏེ། ཁོང་བའི་ནང་ན་རྒྱབ་དང་སྙིང་དང་རྩིབ་ལོགས་དང་འདི་རྣམས་སུ་ནད་འགྲོ་ཞིང་ཟུག་ལ་ལྟོ་སྦོ། རྒྱུ་མའི་ནང་བསྐོར་ཞིང་གཅུས་པ་སྙམ་བྱེད། སྙིང་ན། སྙིང་དང་ཆུ་སོའི་ཐད་ཀ་ལྒང་པ་གཉིས་གཞོགས་ཤིང་བཅད་པ་སྙམ་བྱེད་ལ་རབ་ཏུ་ན། ཐོར་བུ་འབྱུང༌། སྐྲང་པར་འགྱུར། རླུང་དེ་རོ་སྟོད་ཡན་ཆད་ཀྱི་ནང་དུ་སོང་ན། དེའི་གཞིས་སློན་པ་དང༌། ཡི་ག་འཆུས་པ་དང་རིམས་ནད་དུ་འགྱུར། སྙིང་ན། ཚད་རྙིང་ལ་སོགས་པའི་འཁྲུ་བའི་ནད་དང་ཆུ་སྲི་བ་དང་ཚད་པ་མཁྲེགས་ཤིང་འཁྲུ་བ་དང༌། རྣ་བས་མི་ཐོས་པ་དང༌། མིག་རབ་རིབ་ཁྱེར་བ་དང༌། དབུགས་མི་བདེ་བ་དང༌། ཀླད་པ་ན་བ་དང༌། ལུད་པས་བཀར་བ་དང༌། ཆམ་པས་འདེབས་པ་དང༌། སེམས་འགྱུར་བ་དང༌། སྐོམ་དད་ཆེ་བ་དང༌། ཁྲག་
དང་མཁྲིས་པའི་ནད་དང༌། སྐྲན་ནད་དང༌། དམུ་རྫིང་ལ་སོགས་པའི་རླུང་ནད་ཡང་བ་མི་བཟད་པ་རྣམ་པ་དེ་སྙེད་འབྱུང་བར་འགྱུར་ཏེ་འདི་ནི་གཞང་འབྲུམ་མིང་ངན་གྱེན་དུ་འཁྱིལ་བ་ཞེས་བྱ་སྟེ། ནད་འདི་ནི་རབ་ཏུ་གནོད་པ་ཡིན་ཏེ། ཁོང་པའི་ནང་དུ་རླུང་ནད་ཀྱི་དཀྱེལ་ཆེར་ཞུགས་ལ། གཞང་འབྲུམ་གྱིས་མ་བཏབ་པར་ཡང༌། བཤང་གཅིའི་ནད་གྱེན་དུ་འཁྱིལ་བ་འདི་ལྟ་བུར་འགྱུར་རོ། །གཞང་འབྲུམ་གྱི་ནད་དེ་སྙེད་ཀྱི་ནང་ན་གསོ་དཀའ་བ་ནི་དང་པོ་བཙས་པ་ནས་ལྷན་ཅིག་ཏུ་བྱུང་བའི་གཞང་འབྲུམ་གྱི་ནད་དང༌། འདུས་པའི་གཞང་འབྲུམ་གྱི་ནད་དང་གཉེར་མ་ཕུགས་ན་ཡོད་པའི་གཞང་འབྲུམ་གྱི་ནད་འདི་རྣམས་ནི་གསོ་དཀའོ། །གཞང་འབྲུམ་གྱི་ནད་དེ་ལྟ་བུས་བཏབ་ཀྱང་ཕོ་བའི་མེ་དྲོད་ཆེ་སྟེ། ཁ་ཟས་འཇུ་བ་དང་ཉམས་འཚག་དང་ལྡན་པ་ལ་སོགས་པ་དང༌། རླུང་ངམ་མཁྲིས་པ་ལྟ་བུ་གང་ཡང་རུང་བ་སྣ་གཉིས་ལས་གཞང་འབྲུམ་དུ་གྱུར་པ་དང༌། གཞང་གི་གཉེར་མ་གཉིས་མན་ཆད་ཀྱི་ནང་ན་གཞང་འབྲུམ་ཡོད་པ་དང༌། འདི་ལྟ་བུ་ནི་ནད་རྩེ་ཞིལ་ཙམ་དུ་གསོར་རུང་ངོ༌། །གཞང་འབྲུམ་གྱི་ནད་བྱུང་ནས་ལོ་གཅིག་ལྷག་ལོན་པ་ནི་རབ་ཏུ་གསོ་དཀའོ། །གཞང་གི་ནང་ན་གཉེར་མ་ཐ་མར་གཞང་འབྲུམ་འབྱུང་བ་དང༌། རླུང་ངམ་མཁྲིས་པ་ལྟ་བུ་གང་ཡང་རུང་བའི་ནད་སྣ་གཅིག་ལས་གཞང་འབྲུམ་དུ་གྱུར་པ་དང༌། གཞང་དུ་གསར་དུ་བྱུང་མ་ཐག་པ་དང༌། ཕོ་མཚན་ལས་བྱུང་བ་དང༌། ལྟེ་བར་བྱུང་བ་དང༌། རྣ་བའམ་སྣའི་ནང་དུ་ཐོར་བུ་རྟ་བླ་བ་ལྟ་བུ་འབྱུང་བ་འཁྱིལ་ཞིང་འཇམ་པ་ཞིག་འབྱུང་སྟེ། དེ་ནི་སྙིང་ལ་གནས་པའི་རླུང་ཁྱབ་བྱེད་ཅེས་བྱ་བ་ཞིག་ཡོད་པ་དེས་བད་ཀན་གྱི་ནད་བྱས་ཏེ་པགས་པའི་ཕྱིར་རོལ་དུ་མཛེར་བ་འདྲ་བའི་ཐོར་བུ་འབྱུང་བར་བྱེད་དོ། །པགས་པ་སྲ་ལ་རྩུབ་པ་བྱུང་བ་ནི་མཛེར་པ་ཞེས་བྱ་སྟེ། རླུང་ནད་ཀྱིས་པགས་པ་ལ་ཟུག་ཅིང་རྩུབ། མཁྲིས་པ་ལས་གྱུར་ན་གནག་ལ་རྩ་དམར་རོ། །བད་ཀན་ལས་གྱུར་ན་འཇམ་ལ་མཛེར་པ་དེ་མདོག་མི་སྡུག་པ་ཡང་མ་ཡིན་ནོ། །དེ་ལྟར་གཞང་འབྲུམ་གྱི་ནད་ལ་དཔྱད་མྱུར་དུ་མ་བྱས་ན་ཐུར་དུ་བཤང་བའི་དྲི་མ་རྣམས་གཞང་ཁར་མྱུར་དུ་འགགས་ནས་བཤང་བས་མྱུར་དུ་
གང་སྟེ། གསོ་དཀའ་བར་འགྱུར་གྱི་མྱུར་དུ་གསོས་ཤིག །གཞང་འབྲུམ་གྱི་ནད་ཐབས་སྣ་ཚོགས་བཤད་པ་སྟེ་ལེའུ་བདུན་པ་རྫོགས་སོ།། །།ཚད་པས་འཁྲུ་བ་དང་ཕོ་བའི་གྲང་བ་ལས་ཚད་རྙིང་དུ་འཁྲུ་བའི་ནད་གཞི་བསྟན་པའི་ལེའུ་བརྒྱད་པ་བཤད་པར་བྱའོ། །ཚད་པས་འཁྲུ་བའི་ནད་གཞི་ནི་དྲུག་སྟེ། རླུང་དང་མཁྲིས་པ་དང༌། བད་ཀན་གསུམ་གྱི་ནད་འདུས་པ་ལས་ཀྱང་ཚད་པར་འགྱུར་རོ། །འཇིགས་པ་དང་མྱ་ངན་ལས་ཀྱང་ཚད་པར་འགྱུར་ཏེ། ནད་གཞི་འདི་དག་གིས་ཚད་པས་རབ་ཏུ་འཁྲུའོ། །ཚད་པ་ལ་གནོད་པ་ནི་ཆུ་རབ་ཏུ་འཐུངས་པ་དང༌། ཤ་རིད་ཤ་བསྐམས་པ་དང༌། ཁ་ཟས་མ་ལོབས་པ་གནོད་པ་ཟོས་པ་དང༌། ཏིལ་ཁུར་དང༌། ནས་ལ་སོགས་པ་འབྲུ་མ་སྨིན་པ་ཟོས་པ་དང༌། ཆང་འཐུང་བ་དང༌། ཁ་ཟས་རྩུབ་པོ་དང༌། ཁ་ཟས་ཚོད་མ་ཟིན་ཏེ་དྲགས་པ་དང༌། གཞང་འབྲུམ་གྱི་ནད་དང༌། ཟས་སྣུམ་བག་དྲགས་པ་དང༌། ཁོང་ན་སྲིན་བུ་ཡོད་པ་དང༌། བཤང་བ་འོང་བར་གྱུར་ན་གནག་པ་དང༌། དེ་འདྲ་བ་གནོད་པར་འགྱུར་བ་བསྟེན་པས་རླུང་ནད་ལངས་ཏེ་རླུང་ནད་དེས་བད་ཀན་གྱི་ནད་ལངས་ཏེ་ཁོང་པའི་ཁ་ཟས་ནང་གྲོལ་དང༌། བཤང་བ་ཀུན་ཀྱང་དེས་ཁྱབ་ནས་མེའི་དྲོད་ཉམས་ཏེ་ཚད་པས་ཐུར་དུ་འཁྲུའོ། །ཚད་པས་རབ་ཏུ་འཁྲུ་བ་ནི་བཤང་བ་སླ་བར་བྱུང་བ་ནི་ཚད་པའོ། །ཚད་པར་གྱུར་པའི་ནད་ཐབས་ནི་སྙིང་དང་ཁོང་པའི་ནང་དང༌། གཞང་གི་ནང་དུ་ཟུག་ཅིང་ན། ལུས་ཞིག །དྲི་མ་བཤང་བ་ཐུར་དུ་མི་འབྱུང་སྟེ་སྲི། ལྟོ་སྤོ། ཁ་ཟས་མི་འཇུའོ། །དེ་ལ་རླུང་ནད་ལས་གྱུར་པའི་ཚད་པ་ནི་བཤང་བ་ཆུ་སླ་མོ་དང་འདྲེས་པ་ཉུང་ཤས་སུ་འབྱུང་བའི་ཚེ། སྒྲ་དང་བཅས་པར་འབྱུང་ལ། འཁྲུ་བའི་ཚེ་རྒྱུ་ཞབས་སུ་ཟུག་ཅིང་ན། ཚད་པ་བབས་ཆེར་མི་འོང༌། ཉུང་ཤས་སུ་སྲི་ཞིང་འོང༌། ཚད་པའི་སྤུ་མདོག་ནི་རྩུབ་པོ་དབུ་བ་ཅན་དང༌། བར་ཡང་དང་ཡང་དུ་འཁྲུ་བ་དང༌། ཡང་ན་རིལ་རིལ་པོ་དང་འདྲེས་པས་ཡང་དང་ཡང་དུ་འཁྲུ་སྟེ། བུ་རམ་ཚིག་པ་འདྲ་བར་སྣང་བ་དང༌། སྤྱི་བོ་འབྱར་བག་ཏུ་འདྲེས་ཤིང་ཚད་པ་འབྱུང༌། ཚད་པ་འབྱུང་བའི་ཚེ་གཞོགས་ཤིང་བཅད་པ་
སྙམ་བྱེད། ཁ་སྐམ། གཞང་གི་ནང་ཉམས་ཏེ་ཕྱིར་འབྱུང་བར་བྱེད། བ་སྤུ་ལངས། ཚད་པ་མཁྲེགས་ཤིང་འཁྲུ་བ་འདི་ནི་རླུང་ལས་གྱུར་པའི་ཚད་པ་ཡིན་ནོ། །དེ་ལ་མཁྲིས་པ་ལས་གྱུར་པའི་ཚད་པའི་ནད་ཐབས་དང༌། སྤུ་མདོག་ནི་སེར་ལ་གནག །སེར་ལ་ལྗང་སྔོན་དུ་ཡང་སྣང། ཁྲག་དང་འདྲེས་པ་དྲི་རབ་ཏུ་མནམ། སྐོམ། བརྒྱལ། ལུས་རྔུལ། ཁོང་ཚ། རྒྱུ་མར་ཟུག་ཅིང་གཞང་གི་ནང་ཚ། གཞང་གི་ནང་ན་ཐོར་བུ་འབྱུང་བ་དེ་ནི་མཁྲིས་པའི་ནད་ལས་གྱུར་པའི་ཚད་པ་ཡིན་ནོ། །དེ་ལ་བད་ཀན་གྱི་ནད་ལས་ཚད་པར་གྱུར་པའི་ཚད་པའི་སྤུ་མདོག་དང་ནད་ཐབས་ནི་ཚད་པ་གར་བ་འབྱར་འབྱར་པོ་འབྱིལ་བག་དང༌། ནལ་ནལ་པོར་འོང༌། སྤུ་མདོག་སྐྱ་ལ་འཇམ། བེའུ་སྣབས་དང་བད་ཀན་དུ་འཁྲུ་ཡང་དང་ཡང་འོང༌། ཚད་པ་ཉིད་ལྕི། མནམ། ཚད་པ་ཕལ་ཆེར་མི་འོང༌། ཟུག་པའི་ནད་ཚབས་མི་ཆེ། གཉིད་ཆེ། ཁོང་སྙོམ། ཁ་ཟས་མཐོང་ན་ཡི་ག་འཆུ། ཚད་པ་དང་བཤང་བར་འདྲེས་པ་ཉུང་ཤས་ཉུང་ཤས་སུ་འབྱུང་ཞིང་ཅུང་ཟད་ཙམ་མཁྲེགས། བ་སྤུ་རྣམས་གྱེན་དུ་ལངས་ཤིང་སློན། ཆུ་སོ་དང༌། ལྟོ་བ་དང༌། གཞང་དང་འདི་རྣམས་ལྕི། ཚད་པས་འཁྲུ་ཞིང་བཤང་ཡང་མ་འཁྲུས་པ་སྙམ་བྱེད་པ་འདི་ལྟ་བུ་ནི་བད་ཀན་ལས་གྱུར་པའི་ཚད་པ་ཞེས་བྱའོ། །འདུས་པ་ལས་གྱུར་པའི་ཚད་པའི་ནད་ཐབས་ནི་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱི་ཚད་པའི་སྤུ་མདོག་དང་ནད་ཐབས་ཚང་བར་ན་བ་ཡིན་ནོ། །འཇིགས་སྐྲག་པ་ལས་ཚད་པར་འགྱུར་བ་ནི་འཇིགས་པས་སེམས་འཁྲུགས་པ་དང༌། མཁྲིས་པ་གཡོས་ཏེ། ཁོང་ན་བཤང་བ་ཡོད་པ་སླ་བོར་བྱས་ནས་རླུང་གིས་ཕྱི་རོལ་ཏུ་འཁྲུ་བར་བྱེད་དོ། །དེ་ནི་ཁོང་ན་བཤང་བ་ཡོད་པས་མྱུར་དུ་ཚ་ཞིང་སླ་བ་ནུར་ནུར་པོར་བྱས་པས་ཚད་པར་འགྱུར་བ་མ་ཡིན་ཏེ། དེ་ནི་རླུང་དང་མཁྲིས་པའི་ཚད་པའི་ཚུལ་དང་འདྲའོ། །མྱ་ངན་ལས་གྱུར་པའི་ཚད་པའི་ཚུལ་དེ་དང་འདྲའོ། །མདོར་ན་ཚད་པ་ནི་རྣམ་པ་གཉིས་ཏེ། ཟས་མ་ཞུ་བ་ཅན་དུ་འཁྲུ་བ་དང༌། མ་ཞུ་བ་མེད་པར་འཁྲུ་བའམ། ཁྲག་མེད་པར་འཁྲུ་བའོ། །དེ་ལ་ཟས་མ་ཞུ་བ་ཅན་དུ་འཁྲུ་བ་ནི་ཚད་པ་དེ་ཆུའི་ནང་དུ་བོར་ན་འབྱིང༌། རབ་ཏུ་མནམ་
མོ། །ཚད་པ་འདི་ལྟ་བུར་འཁྲུ་བར་འགྱུར་ན་སྔར་ལྟོ་སྦོ། རྟུག་སྐམ་དུ་འགྱུར། ཟུག་ཅིང་ན། ཁ་ནས་བད་ཀན་དང་མཆིལ་མ་མང་དུ་འདོར་ཏེ། འདི་ལྟར་བྱེད་ན་ཟས་མ་ཞུ་བའི་ཚད་པས་འཁྲུ་བ་ཡིན་ནོ། །ཁ་ཟས་མ་ཞུ་བ་མེད་པའི་ཚད་པས་འཁྲུ་བ་ནི་ནད་ཐབས་དང་ཚད་པའི་ཚུལ་འདི་རྣམས་དང་མི་འདྲ་སྟེ་བཟློག་པར་ཤེས་པར་བྱའོ། །ཡང་བད་ཀན་ལས་ཚད་པར་གྱུར་ན་ནི་ཁ་ཟས་ཞུ་བར་གྱུར་ཀྱང་ཚད་པ་ཆུའི་ནང་དུ་འབྱིང་བར་འགྱུར་རོ། །ཚད་པ་གསར་པ་གསོ་བའི་དཔྱད་མྱུར་དུ་མ་བྱས་ན་ཕོ་བ་གྲང་སྟེ་ཟས་མ་ཞུ་བ་ཁོང་དུ་སོགས་ཤིང་འཁྲུ་བའི་ཚད་རྙིང་གི་ནད་དུ་འགྱུར་རོ། །དེ་ལ་ཚད་པས་རབ་ཏུ་འཁྲུ་ཞེས་བྱ་བ་ནི་ཁོང་པའི་དྲོད་ཉམས་པར་འགྱུར་བའི་ཁ་ཟས་བསིལ་བའི་ཤ་དག་ཟོས་པས། ཟས་མ་ཞུ་ཞིང་བེའུ་སྣབས་ཅན་དུ་འཁྲུ་བ་དེ་ནི་ནད་རྙིང་ཞེས་བྱའོ། །བེའུ་སྣབས་མེད་ཀྱང་རུང༌། ཞུ་ནས་འཁྲུ་བར་བྱེད་པ་དེ་ནི་ཚད་པ་ཞེས་བྱ་སྟེ། དེ་ལྟ་བུ་ནི་རང་བཞིན་གྱིས་མྱུར་དུ་མ་རུངས་པར་བྱེད་པའོ། །དེ་ཡང་ཁ་ཟས་མ་ཞུ་སྟེ་ཟས་རྗེན་པ་དང༌། བེའུ་སྣབས་སུ་འདྲེས་པ་ཁོང་ན་སྩོགས་སྩོགས་ཤིང༌། འཁྲུའམ་ཡང་ན་ཞུན་ཡང་རླུང་གིས་འགགས་ཏེ་འོང་དུ་མི་རུང༌། རེས་འགའ་ནི་ཚད་པ་སླ་མོར་ཡང་དང་ཡང་འཁྲུ་སྟེ་ཚད་རྙིང་འདི་ལྟ་བུའི་ནད་ནི་ཕོ་བ་གྲང་སྟེ་ཟས་མ་ཞུ་བ་ཁོང་ན་སྩོགས་སྩོགས་ཤིང༌། སྐམས་སྐམས་སུ་འཁྲུ་བ་འདི་ནི་ཚད་རྙིང་ཡུན་རིང་དུ་ན་བར་བྱེད་པ་ཡིན་ཏེ། དེ་ཡང་རྣམ་པ་བཞི་ལས་ཚད་རྙིང་གི་ནད་དུ་འགྱུར་རོ། །བཞི་གང་ཞེ་ན། རླུང་དང་མཁྲིས་པ་དང་བད་ཀན་སྣ་རེ་རེ་ལས་ཚད་རྙིང་དུ་འགྱུར་བ་དང༌། ནད་འདུས་པ་ལས་ཚད་རྙིང་དུ་འགྱུར་བ་དང་བཞིའོ། །དེ་ལ་ཕོ་བ་གྲང་བའི་ཚད་རྙིང་གི་ནད་དུ་གྱུར་ན་དེའི་ནད་ཐབས་སྔར་འབྱུང་བ་ནི་ཕོ་བའི་ནད་ཀྱི་དྲོད་ཉམས་ཟས་ཡུན་རིང་དུ་མི་འཇུ། ཁ་ཟས་ཟོས་པས་གྲེ་བ་སྒྱུར་བར་འགྱུར། ཁ་ནས་བད་ཀན་དང་མཆིལ་མ་མང་དུ་འདོར། ཁར་རོ་ཅི་བྲོ་བ་མི་ཚོར། ཁ་ཟས་ཡི་གར་མི་འོང༌། སྐོམ་ཞིང་ཁོང་སྙོམ། ཀླད་པ་འཁོར། ལྟོ་སྤོ། སློན་བྲོ། རྣ་བའི་ནང་སྒྲ་ཙི་རི་རི་ཟེར། རྒྱུ་མའི་ནང་ན་སྒྲ་ཁྲུ་ལུ་ལུ་ཟེར། སྒྲེགས་པ་མནམ་པོར་འབྱུང༌།
དབུགས་མི་བདེ། རིམས་ཀྱིས་འདེབས། བརྒྱལ། ཀླད་པ་ན། བཤང་བ་ཐུར་དུ་འབྱུང་དུ་མི་རུང་སྟེ་སྲི། རྐང་ལག་སྐྲང་པའི་ཐབས་འདི་ལྟ་བུ་སྔར་བྱུང་ན་ཕོ་བ་གྲང་ཞིང་འཁྲུ་བའི་ཚད་རྙིང་སྤྱིའི་ནད་ཐབས་ཡིན་ནོ། །དེ་ལ་རླུང་ནད་ལས་གྱུར་པའི་ཚད་རྙིང་དུ་འཁྲུ་བའི་ནད་ཐབས་ནི་རྐན་སྐམས། མིག་རབ་རིབ་ཟ། རྣ་བ་གཉིས་ནས་སྒྲ་འབྱུང༌། རྩིབ་ལོགས་དང་བརླ་དང་ཆུ་སོ་གཡས་གཡོན་དང༌། མགུལ་པ་འདི་རྣམས་ན། ཡང་དང་ཡང་ཁོང་སྦོ་ཞིང་གསུད། ཁ་ཟས་ཀྱི་རོ་བྲོ་བ་ཀུན་ལ་ཆགས། ཁ་ཟས་ཞུར་ཉེ་ན་ཁོང་སྦོ། ཞུ་ན་བཀྲེས་ཤིང་སྐོམ། ཁ་ཟས་ཟོས་ན་བདེ་བར་འགྱུར། རླུང་ནད་དེ་ལས་རྙིང་ནད་དང༌། སྐྲན་དང་གཞང་འབྲུམ་དང༌། མཆེར་པ་ན་བ་དང༌། སྐྱ་རྦབ་ཀྱི་ནད་འདི་རྣམས་འབྱུང་བའི་ཚུལ་དུ་འགྱུར། ཚད་པས་འཁྲུ་བའི་ཚེ་འགགས། སྐོམ་པོ་ཡང་སླ་བ་ཞིག་འབྱུང་སྟེ། དེ་ཡང་མྱུར་དུ་འོང་དུ་མི་རུང་ཞིང་སྲི་སྟེ་འབྱུང་དཀའ། ཚད་པར་འབྱུང་བའི་ཚེ་ན་སྒྲ་ཅན་མ་ཞུ་བའི་བེའུ་སྣབས་སུ་འབྱུང༌། གཞང་ན། དབུགས་མི་བདེ་ཞིང་ལུད་པས་བཀར། ནད་ཐབས་འདི་རྣམས་ལྟ་བུར་ན་ཞིང་འཁྲུ་བའི་ཚད་རྙིང་ནི་རླུང་ནད་ལ་ཕོ་བ་གྲང་བའི་ཚད་རྙིང་འཁྲུ་བ་ཞེས་བྱ་སྟེ། འདི་རླུང་ནད་ལས་གྱུར་པའི་ཚད་རྙིང་གི་ནད་ཐབས་ཡིན་ནོ། །དེ་ལ་མཁྲིས་པ་ལས་གྱུར་པའི་ཚད་རྙིང་གི་མདོག་དང་ནད་ཐབས་ནི་ལུས་ཀྱི་ཤ་མདོག་སྔོ་ལ་སེར་པོར་འདུག །ཚད་པ་སླ་མོ་སེར་པོར་འཁྲུ། སྒྲེགས་པ་མནམ་ཞིང་སྐྱུར་བར་འབྱུང༌། སྙིང་དང་གྲེ་བ་ན་ཞིང་ཚ། ཡི་ག་འཆུ། སྐོམ་པས་གདུངས་པ་འདི་ལྟ་བུ་ནི་མཁྲིས་པ་ལས་གྱུར་པའི་ཚད་རྙིང་གི་རླུང་ནད་ལ་ཕོ་བ་གྲང་བའི་ཚད་རྙིང་གི་ནད་ཐབས་ཞེས་བྱའོ། །དེ་ལ་བད་ཀན་ལས་གྱུར་པའི་ཚད་རྙིང་གི་ནད་ཐབས་ནི་བད་ཀན་ཆེ་བས་ཁ་ཟས་འཇུ་དཀའ། སློན། ཁ་ཟས་ཡི་གར་མི་འོང༌། ཁའི་ནང་ན་ཡང་བད་ཀན་གྱིས་གང་སྟེ་ཁ་ནས་བད་ཀན་དང་མཆིལ་མ་མང་དུ་འོང་ཞིང་འདོར། ལུད་པས་བཀར། ཆམ་པས་འདེབས། དོང་ག་ན། ལྕི་བ་མེར་མེར་པོར་བྱེད། ལྟོ་བ་ཡང་སྲ་ལ་ལྕི། སྒྲེགས་པ་མནམ་པོར་འབྱུང༌། ཁོང་པའི་ཕོ་བ་དྲོད་ཉམས། བུད་མེད་ལ་དགའ་བར་བྱེད། ཚད་པ་
བེའུ་སྣབས་ལྟ་བུ་དང༌། བད་ཀན་དང་འདྲེས་པར་འཁྲུ་ལ། བཤང་བ་ཐུར་དུ་འབྱུང་བ་ལྕི། རིད་ཅིང་སྐེམས་པ་མ་ཡིན་ཡང༌། ཉམས་སྟོབས་ཆུང་སྟེ་ཞན། འདི་ལྟ་བུའི་ནད་ཐབས་ནི་བད་ཀན་ལས་གྱུར་པའི་ཚད་རྙིང་ཞེས་བྱའོ། །དེ་ལ་འདུས་པ་ལས་གྱུར་པའི་ཚད་རྙིང་གི་ནད་ཐབས་ནི་རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཆར་གྱི་ཚད་རྙིང་གི་ནད་ཐབས་ཀུན་དང་མཐུན་པ་ཡིན་ནོ། །ཕོ་བའི་ནང་གི་མེའི་དྲོད་མ་སྙོམས་པ་རྣམ་པ་གསུམ་ལ་སོགས་པ་རྟག་ཏུ་བཤད་པ་ལྟར་གྱུར་ན་ཕོ་བ་གྲང་བ་ལས་མ་ཞུ་བའི་ཚད་རྙིང་གི་ནད་དུ་འགྱུར་རོ། །ཕོ་བའི་ནང་གི་མེ་དྲོད་སྙོམས་པར་གྱུར་ན། བདེ་ཞིང་ནད་མེད་པར་འགྱུར་བའི་གཞི་ཡང་དེ་ཡིན་ཏེ། ཚད་རྙིང་གི་ནད་དུ་མི་འགྱུར་རོ། །ནད་ཀྱི་ནང་ན་དཀྱེལ་ཆེ་བ་གསོ་དཀའ་བ་ནི་རྣམ་པ་བརྒྱད་ཡོད་དེ། གང་ཞེ་ན། རླུང་ནད་དང༌། ཆུ་སོ་ན་རྡེའུ་ཡོད་པ་དང༌། མཛེ་ནད་དང༌། ཟ་གུ་དང༌། དམུ་རྫིང་དང༌། མཚན་བར་རྡོལ་བའི་ནད་དང༌། གཞང་འབྲུམ་དང༌། ཕོ་བ་གྲང་ནས་ཚད་རྙིང་དུ་གྱུར་པའི་ནད་ཐབས་དང་རྣམ་པ་འདི་བརྒྱད་ཡིན་ནོ། །ཚད་པ་དང་ཕོ་བ་གྲང་བའི་ཚད་རྙིང་དུ་འཁྲུ་བའི་ནད་ཐབས་བཤད་པའི་ལེའུ་བརྒྱད་པ་རྫོགས་སོ།། །།གཅིན་འགགས་པ་དང་གཅིན་སྙི་བ་ཟ་གུའི་ནད་དམིགས་བསྟན་པའི་ལེའུ་དགུ་པ་བཤད་པར་བྱའོ། །དེ་ལ་ལྒང་པ་དང་ལྒང་པའི་མགོ་དང༌། ཕོ་མཚན་དང་རྐེད་པ་དང༌། ཕོ་མཚན་གྱི་འབྲས་བུ་གཉིས་དང༌། གཞང་དང་འདི་རྣམས་ནི་གཞང་གི་རུས་པའི་ནང་དུ་བསྟན་ཅིང་གཅིག་ཏུ་འབྲེལ་པར་བཤད་དོ། །ལྒང་པ་དེ་ཁ་སྦུབ་ཏུ་ཐུར་དུ་བལྟས་ཀྱང༌། ལྒང་པ་དེའི་རྩའི་སྦུ་གུའི་ཁ་གཡས་གཡོན་ནས། གཅིན་གྱི་རྒྱུན་ཕྲེའུ་རྒྱུན་མི་འཆད་པར་ཟག་པས་ལྒང་པའི་ནད་དུ་འགག་པར་བྱེད་དོ། །གཅིན་རྩ་སྒོ་ནས་རྒྱུ་སྟེ་ལྒང་པར་ཞུགས་ཤིང་སྩོགས་པ་དེ་ལས་གཅིན་ནད་ཆུས་བཀག་པའི་ནད་དང་ཟ་གུའི་ནད་སྤྱིར་སྣ་ཉི་ཤུར་འགྱུར་རོ། །གཅིན་སྣོད་ལྒང་པ་དེ་ཡང་སྲོག་གི་གནད་ལ་བརྟེན་པས་ནད་ཆེ་སྟེ། དེ་ལ་རླུང་ནད་ལས་གྱུར་ཏེ་ཆུས་འགགས་ན་ལྒང་པ་དང་ཆུ་སོ་གཡས་གཡོན་དང༌། ཕོ་མཚན་འདི་རྣམས་རབ་ཏུ་ན་སྟེ་གཅིན་འགགས་ནས། གཅིན་ཅུང་
ཟད་ཅིག་ཡང་དང་ཡང་སྲི་ཞིང་འབྱུང་ངོ༌། །མཁྲིས་པའི་ནད་ལས་གྱུར་ཏེ་གཅིན་འགགས་ན་གཅིན་གྱི་མདོག་སེར་རམ་དམར་ལ་ཚ་ཞིང་ནའོ། །བད་ཀན་ལས་གྱུར་ཏེ་གཅིན་འགགས་པ་ནི་ལྒང་པ་དང་ཕོ་མཚན་ལྕི་བར་འགྱུར་ལ་སྐྲངས། གཅིན་གར་ལ་སྦྱིན་བག་ནལ་ནལ་པོ་ཞིག་དལ་གྱིས་འབྱུང་སྟེ་ཐོགས་ཤིང་སྲི་བའི་ཚུལ་དུ་འོང་ངོ༌། །འདུས་པའི་ནད་ལས་ཀྱང་གྱུར་ཏེ་གཅིན་འགགས་ན་ནད་ཐབས་གོང་མ་སྣ་གསུམ་ལྟར་སྣང་ན་ཡང་ཆུ་སྲི་བར་བྱེད་དོ། །དེ་ལ་ཆུ་སོར་རྡེའུ་ཆགས་པའི་ཚུལ་དང་ནད་ཐབས་ནི་ནམ་ལྒང་བའི་ཁ་རླུང་གིས་ཆོད་པ་དང༌། ཆུ་སོ་ན་གཅིན་ནམ་མཁྲིས་པ་འམ། བད་ཀན་ནམ་ཁུ་ཆུ་གང་ཡོད་པ་དེ་སྐམས་པར་བྱས་ནས་དེ་ལས་རྡེའུ་ཆགས་ཏེ། བགས་ཀྱིས་རྡེའུ་ནད་དཀྱེལ་དུ་སྐྱེས་པ་ནི་དཔེར་ན་གླང་གི་གི་ཝང་ཆགས་ཏེ་ཆེར་སྐྱེས་པ་དང་འདྲའོ། །ཆུ་སོར་རྡེའུ་ཆགས་པར་གྱུར་ན་ནད་ཀྱིས་འདེབས་པའི་ནད་ཐབས་ཀྱི་ཚུལ་ནི་ལྒང་པ་སྦོ། ལྒང་པའི་དྲུང་དང་ཉེན་ཀོར་ཀུན་ན། ལྒང་པ་དང་གཅིན་དཔྲེ་ལ་མནམ། གཅིན་འགགས། རིམས་ཀྱིས་འདེབས། ཁ་ཟས་ཡི་ག་འཆུ། ལྟེ་བ་དང༌། ཕོ་མཚན་གྱི་འབྲས་བུའི་སྲུབས་ཐོག་ཐག་དང༌། ལྒང་པ་ཆུ་སོའི་ཀླད་འདི་རྣམས་སུ་ཟུག་ཅིང་ན། གཅིན་སྲི་ཞིང་འབྱུང་བའི་ཚེ་གཅིན་གྱི་སྦུ་གུ་སུབས་ཤིང་འགགས་པས་གཅིན་འབྱུང་བའི་ཚེ། གཅིན་གྱི་རྒྱུན་ཞིག་སྟེ་ཐིགས་པ་བྲུལ་བྲུལ་པོར་འབྱུང༌། གཅིན་དེ་ལྟ་བུ་ཕྱིན་ན་གདོད་བདེའོ། །གཅིན་འབྱུང་བའི་མདོག་ནི་བ་ལང་གི་ཚིལ་འདྲ་བར་སྣང་ངོ༌། །དེ་ལྟ་བུ་ལ་རེས་འགའ་ལུས་འགུལ་ཞིང་བསྐྱོད་པ་ལྟ་བུ་བྱས་པས་ལྒང་བ་དང་ཆུ་སོའི་ནང་འགགས་ཏེ་སྣད་ན་རབ་ཏུ་ན་ཞིང་མི་བདེའོ། །ནད་འདི་ལྟ་བུ་ནི་ཆུ་སོར་རྡེའུ་ཆགས་པའི་སྤྱིའི་ནད་ཐབས་ལྔར་འབྱུང་བ་ཡིན་ནོ། །དེ་ལ་རླུང་ནད་ལས་རྡེའུར་ཆགས་པའི་ནད་ཐབས་ནི། ནད་ཚབས་རབ་ཏུ་ཆེ་ལ་སོ་འཐམས་པར་བསྡམས། ལུས་འདར། ཕོ་མཚན་ནས་ཟིན་ཏེ། ལག་པས་ཉེད། ལྟེ་བར་ཟུག་ཅིང་ན། རབ་ཏུ་མཁུན་ཅིང་འགགས་ཏེ་འོད་དུ་མི་རུང་བའི་ཚེ། འཕྱེན་དང་བཤད་བར་བཅས་ཏེ་འབྱུང༌། གཅིན་ནི་ཐིགས་པར་ཉུང་ཤས་ཉུང་ཤས་ཡང་དང་ཡང་འོང༌། ཆུ་སོའི་
ནང་ན་རྡེའུ་ཡོད་པ་ནི་གནག་ཅིང་རྩུབ་སྟེ། ཉམས་ལ་ཆུ་སོའི་ནང་ན་ཚེར་མ་བསགས་པ་གང་བ་སྙམ་བྱེད། མཁྲིས་པ་ལས་རྡེའུར་ཆགས་པའི་ནད་ཐབས་ནི་མཁྲིས་པ་ཚ་བ་དྲོད་ཀྱིས་ལྒང་པ་དེ་བཙོས་པ་བཞིན་དུ་ཚ། རྡེའུའི་དབྱིབས་ནི་ག་བོའི་འབྲས་བུའི་རུས་པ་འདྲ། མདོག་ནི་དམར་ཞིང་སེར་ལ་རྩ་གནག་གོ །ལྒང་པའི་ནང་དུ་ཟུག་ཅིང་ནའོ། །བད་ཀན་གྱི་ནད་ལ་རྡེའུར་ཆགས་ན་རྡེའུ་བསིལ་ཞིང་ལྕི་ལ་བོངས་ཆེ་འཇམ། རྡེའུའི་མདོག་ནི་སྦྲང་རྩི་ལྟ་བུའམ་དཀར་པོར་འདུག་གོ །རྡེའུའི་ནད་འདི་རྣམས་ལྟ་བུ་ནི་བྱིས་པ་ཆུང་དུ་ལྟ་བུ་ལ་ཕལ་ཆེར་འབྱུང་བར་འགྱུར་ཏེ། ལུས་དང་ཤ་ཆུང་བས་རྡེའུ་ཡང་མི་ཆེའོ། །རྡེའུ་ནད་འདི་ལྟ་བུ་ལ་དྲལ་ཞིང་རྡེའུ་འབྱིན་པའི་ཚེ་བདེ་བར་འཚོ་བར་འགྱུར་རོ། །མི་ཆེན་པོ་ལྟ་བུ་ལ་ཆུ་སོར་རྡེའུ་ཆགས་པའི་ནད་ནི་ཁུ་བ་ལས་གྱུར་ཏེ། དེ་ཡང་ཁུ་བ་གནས་འཕགས་ལ་ཕྱིར་མ་བྱུང་མ་བཏང་སྟེ། ཕོ་མཚན་གྱི་འབྲས་བུའི་བར་དུ་རླུང་གིས་བསྐམས་ཏེ། ཁུ་བ་བསྡུས་པར་གྱུར་པ་དེ་ནི་ཁུ་བ་ལས་རྡེའུར་ཆགས་པ་ཞེས་བྱའོ། །དེའི་ནད་ཐབས་ནི་ལྒང་པ་དང་ཆུ་སོར་ཟུག་ཅིང་ན། གཅིན་འགགས། ཕོ་མཚན་གྱི་འབྲས་བུ་སྐྲང་དེ། །ཁུ་བ་ལས་རྡེའུ་ཆགས་མ་ཐག་ཏུ་ཁུ་བ་ཞུ་སྟེ། སླ་མོར་འགྱུར། ན་ཞིང་ཟུག་པའི་ཚེ་རྡེའུ་ཆགས་པ་དེར་ལག་གིས་མནམ་ཤིང་མཉེས་ན་རྡོབ་བཞིན་དུ་རབ་ཏུ་སྲ་ཞིང་མཁྲང་ངོ༌། །ཁུ་བ་ལས་དེ་ལྟར་རྡེའུ་ཆགས་པ་དེ་ཡང་རླུང་གིས་ཕྱེ་མར་དཀྲུགས་ནས་ཞིབ་མོ་དེ་གཅིན་དང་ལྷན་ཅིག་ཐུར་དུ་ཐ་མལ་པར་འབྱུང་བ་ཡང་ཡོད་དེ། དེ་ནི་ཚུལ་བཞིན་འབྱུང་བ་ཞེས་བྱའོ། །དེ་ལ་རྡེའུ་ཕྱེ་མར་མི་འཁྲུགས་པ་ནི་གཅིན་འགག་པར་བྱེད་དེ། དེ་ཡང་ལྒང་པའི་ཁ་འགགས་ནས་ན་ཞིང་གཅིན་འགགས་ཏེ་འོང་དུ་མི་རུང་བར་བྱེད་དོ། །དེ་ལྟར་ཆུ་སོ་ན་རྡེའུ་ཆགས་པ་དེས་ནལ་གཡའ་བར་བྱེད་དོ། །གལ་ཏེ་རླུང་ནད་ཀྱིས་ལྒང་པ་དེ་རང་གི་གནས་ནས་རབ་ཏུ་སྦགས་ཏེ་བསྐྱོད་ནས་ལྒང་པ་དེ་རྒྱས་ཤིང་གནག་སྟེ་ཆེ་ཞིང་སྦོམ་དུ་གྱུར་ནས། ལྒང་པ་རྒྱས་ཏེ་ལོག་པར་འདུག་པར་གྱུར་ན་ན་ཚ་གཡོ་ཞིང་འཕར། གཅུས་པ་སྙམ་བྱེད། གཅིན་ཡང་འགགས་ཏེ་ཐིགས་པ་ཐིགས་ཙམ་དུ་འོང་སྟེ། དེ་ལྟ་བུ་
ལ་ལྒང་པ་བཙིར་ཏེ་གཅིན་ཕྱུང་ཤིག །དེ་བས་ན་གོང་མ་ལྟར་ལྒང་པའི་ཁ་རླུང་གིས་ཆོད་དེ་འགགས་པ་དང༌། ལྒང་པ་ལོག་པ་འདི་རྣམ་གཉིས་ནི་རླུང་ལས་གྱུར་པའི་ལྒང་པའི་ནད་ཅེས་བྱ་སྟེ། གསོ་དཀའ་བ་དང༌། གསོ་རབ་ཏུ་དཀའ་བ་ཞེས་བྱའོ། །ཡང་གཞང་དང་ལྒང་པ་གཉིས་ཀྱི་བར་ན་རླུང་རབ་ཏུ་མཐུ་ཆེ་བ་ཞིག་ཡོད་པ་དེ་རྡོ་བའི་གཏུན་བུ་དང་འདྲ་བར་སྲ་ཞིང་སྟུག་པ་ཅིག་ཡོད་པ་དེས་ལྒང་པ་མདུད་པ་བོར་ཏེ། མི་གཡོ་བ་མཐོན་པོར་འཇོག་པར་བྱེད་དེ་དེ་ལྟར་གྱུར་ན་ཆུ་སོའི་ཐད་ཀར་སྦོས་ཤིང་བཤད་གཅིག་ཉི་ག་རླུང་གིས་ཐོགས་ཏེ་འགགས་པར་བྱེད་དོ། །ནད་འདི་ནི་རྡོ་བའི་གཏུན་བུ་ལྟ་བུའི་རླུང་ནད་ཀྱིས་གཅིན་འགགས་པ་ཞེས་བྱའོ། །ཡང་ཆུ་འགགས་པའི་ནད་དང༌། རླུང་ནད་ཀྱིས་འཁྱིལ་བར་བྱེད་པ་ཞེས་བྱ་བ་ཞིག་ཡོད་པ་དེས་ནི་ལྒང་པ་རབ་ཏུ་ན་བར་བྱེད་ཅིང་གཅིན་གྱི་ནང་དུ་རླུང་དེ་ཞུགས་ནས་གཅིན་འཁྱིལ་ཞིང་འཁོར། རེམ་རེམ་པོར་གྱུར། གཅུ་བ་སྙམ་བྱེད། ལྕི། གཅིན་སྲི་སྟེ་ཉུང་ཤས་ཙམ་འབྱུང༌། ཡང་ན་གཅིན་དང་བཤང་བ་གཉིས་ལྷན་ཅིག་ཏུ་འབྱུང་བར་བྱེད་དེ། ནད་འདི་ནི་རླུང་ནད་ཀྱིས་འཁྱིལ་བར་བྱེད་པའི་ཆུས་འགགས་པ་ཞེས་བྱའོ། །ཡང་ཆུས་འགགས་པའི་ནད་རྣམ་གཅིག་ནི་རླུང་ནད་ལྟ་བུའི་ནད་གཞི་མེད་པར་གཅིན་རང་འགགས་ཏེ་ཡུན་རིང་དུ་མ་བྱུང་ངམ། ཡང་ན་ཆུ་ཅུང་ཟད་འགགས་པ་ལས་མཇུག་ཏུ་གཅིན་འབྱུང་བར་གྱུར་ན། དེ་ནི་ནད་མི་ཆེ་བ་ཞེས་བྱ་བ་ཡིན་ནོ། །ཡང་ལྟོ་བར་གཅིན་འགགས་པ་ཞེས་བྱ་བའི་ནད་ཡོད་དེ། དེ་ནི་གཅིན་སྙོམས་པ་ལས་རྣགས་ཏེ་འགགས་པ་ལས། ལྟེ་བའི་འོག་ལྟོ་བའི་ནང་ལྒང་པར་གཅིན་གྱིས་གང་བ་དང༌། དེའི་ཚེ་རླུང་གིས་ཐོགས་ནས་བསྡུས་ཏེ་སྐམས་པ་དང༌། དེའི་ཚེ་རབ་ཏུ་ན། ཆུ་སོར་སྦོ། ཁ་ཟས་མི་འཇུ། བཤང་གཅི་གཉིས་ཀ་འགགས་སོ། །ཆུས་འགགས་པའི་ནད་འདི་ནི་ལྟོ་བར་གཅིན་རྣགས་པའི་ནད་ཅེས་བྱའོ། །ཡང་ཆུས་འགགས་པའི་ནད་རྣམ་གཅིག་ནི་གཅིན་འབྱུང་བའི་སྦུ་གུ་འཆུས་ཤིང་ལོག་གམ། ཡང་ན་གཅིན་སྣོད་ལྒང་པའམ། ཡང་ན་གཅིན་འབྱུང་བའི་སྦུ་གུའི་ནང་ངམ། ཡང་ན་ཕོ་མཚན་གྱི་ནང་རླུང་གིས་འགགས་ན་
གཅིན་ཉུང་ཤས་སམ་སྲི་ཞིང་འབྱུང་བའི་རྗེས་ལ་ན་ཡང་རུང་མི་ན་ཡང་རུང༌། གཅིན་འགག་ཅིང་སྐབས་སྐབས་སུ་འབྱུང་ལ་ལྷག་མ་ཡང་ལུས་ཏེ་ཆུས་འགགས་པའི་ནད་འདི་ནི་ཕོ་མཚན་ལྕི་བར་བྱེད་པ་ཞེས་བྱའོ། །ཡང་ཆུས་འགགས་པའི་ནད། གཅིན་གྱི་མདུད་པ་ཞེས་བྱ་བ་ཞིག་ཡོད་པ་དེའི་ནད་ཐབས་ནི་ལྒང་པའི་ཁའི་ནང་ཟླུམ་པོ་ཆུང་དུ་སྲ་བ་ཞིག་ཏུ་འཕྲལ་དུ་གྱུར་པ་དང༌། ཆུ་སོར་རྡེའུ་ཆགས་པའི་ནད་དང་འདྲ་སྟེ། ནད་ཚབས་ཆེ་ལ་གཅིན་གྱི་ཕུར་མདུད་པ་བཅས་ཏེ་ནད་འདི་ནི་གཅིན་གྱི་མདུད་པ་ཞེས་བྱའོ། །ཡང་གཅིན་སྙོམས་པ་ལས་གཅིན་མ་གཅིས་པར། བུད་མེད་ལ་ཉལ་པོ་བྱས་ནས་དེའི་རྗེས་ལ་གཅིན་གཅིས་པ་ནི་ཡང་ན་ནི་གཅིན་སྔར་འབྱུང༌། ཡང་ན་ནི་ཁུ་བ་སྔར་འབྱུང་སྟེ་དེ་ནི་གཅིན་དང་ཁུ་བ་འདྲེས་པ་ཞེས་བྱ་བ་ཡིན་ནོ། །ཡང་ན་བཤང་བ་སྲི་ཞིང་འགགས། བད་ཀན་གྱིས་ཆུ་སྲི་ཞིང་འགགས་པར་འགྱུར། ནད་ཐབས་ནི་ལུས་ཀྱི་ཁོང་རྩུབ་ལ་ཉམ་ཆུང་བས་རླུང་ནད་སྐྱེས་ཏེ། བཤང་བ་ཐུར་དུ་མི་འབྱུང་ཞིང་ནམ་སྲི་ལ་འགགས་པའི་ཚེ་ན། གཅིན་འབྱུང་བའི་སྦུ་གུའི་ནང་དུ་བཤང་བ་དེ་སོང་སྟེ་འདྲེས་པས་གཅིན་འབྱུང་བའི་དྲི་མ་མནམ་པོར་བཤང་བའི་དྲི་དང་འདྲ་བར་བྱུང་བ་དེ་ནི་བཤང་བ་འགགས་པའི་གཅིན་ནད་ཅེས་བྱའོ། །ཡང་གཅིན་ནད་རྣམ་པ་གཅིག་ནི་ལུས་ཀྱིས་ལས་དྲག་ཤུལ་ལ་སོགས་པ་ལྟ་བུ་བྱས་པ་དང༌། ཁ་ཟས་རོ་ཚ་བ་དང༌། དྲོད་ཆེ་བ་ལྟ་བུའི་བག་ཟོས་པ་དང༌། ལམ་བགྲོད་དེ་ཆད་ཅིང་ཉི་ཚན་ལ་སོགས་པས་གདུངས་པ་དང༌། མཁྲིས་པའི་ནད་ཆེར་སྐྱེས་ལ་དེའི་སྟེང་དུ་རླུང་ནད་ཀྱིས་ལྒང་པ་དང༌། ལྒང་པའི་ཆུ་སོ་གཡས་གཡོན་གྱི་ནང་ན་ཞུགས་ན་ན་ཞིང་ཚ་བར་འགྱུར། གཅིན་གཅིས་ན་མདོག་ཡང་ན་སེར། ཡང་ན་ཁྲག་འདྲེས། ཡང་ན་ཁྲག་དངོས་སུ་འབྱུང་སྟེ། འདི་འདྲ་བའི་གཅིན་ཚན་པོ་ཉུང་ཤས་སུ་སྲི་ཞིང་འབྱུང་ངོ༌། །དེ་ནི་ཚ་བ་དང་རླུང་ལས་གྱུར་པའི་གཅིན་སྲི་བའི་ནད་ཅེས་བྱའོ། །ཡང་ལུས་ཀྱི་ཁོང་རྩུབ་ལ་ཁོང་དུབ། རྨྱ་བར་གྱུར་པ་ངེས་ལྒང་པའི་དྲུང་ན་མཁྲིས་པའི་ནད་ཚ་བ་དང༌། རླུང་ཡོད་པ་གཉིས་གཉིས་གཅིན་བསྐམས་ན། ཟད་པ་དང་ན་ཞིང་ཚ་བ་ལ་སོགས་པ་དང་སྲི་བར་འགྱུར་ཏེ།
ནད་འདི་ཡང་ལྷག་མ་དང་གཅིག་གོ །ཡང་ན་ཆུ་སྲི་བའི་ནད་སྣ་གཅིག་ནི་མཁྲིས་པ་དང་བད་ཀན་གཉིས་ཀྱི་ནད་ལྒང་པའི་ས་ན་ཡོད་པའི་སྟེང་དུ། གལ་ཏེ་རླུང་ནད་ཀྱིས་ཀྱང་བསྣན་ན་གཅིན་འགག་པར་འགྱུར་རོ། །གཅིན་ཅུང་ཟད་འབྱུང་བའི་ཁ་དོག་ཀྱང་སེར། དམར། དཀར་བར་གར་བོ་འབྱུང་ལ་ཚ་བར་འོང༌། ཡང་ན་གི་ཝང་གི་ཁ་དོག་འདྲ། ཡང་ན་དུང་ཕྱེ་མར་ཞིབ་ཏུ་བཏགས་བཏགས་པ་འདྲ་བ་སྐོམ་པོ་འབྱུང༌། ཡང་ན་ནག་པོ་དང་དཀར་པོ་དང་དམར་པོ་གསུམ་འདྲེས་པའི་ཁ་དོག་འདི་ལྟ་བུའི་གཅིན་འབྱུང་སྟེ། འདི་ནི་གཅིན་ཉམས་པའི་ནད་ཅེས་བྱའོ། །ཆུས་འགགས་པའི་ནད་དམིགས་ཞིབ་ཏུ་བསྟན་པའི་ལེའུ་སྟེ་དགུ་པ་རྫོགས་སོ།། །།གཅིན་འགགས་པ་དང་གཅིན་སྙི་བ་ཟ་གུའི་ནད་དམིགས་བསྟན་པའི་ལེའུ་བཅུ་པ་བཤད་པར་བྱའོ། །དེ་ལ་གཅིན་སྲི་ལ་ཟ་གུར་འགྱུར་བའི་ནད་ནི་རྣམ་པ་གཉིས་ཡོད་དེ། དེ་ལ་བད་ཀན་ལས་ནད་ཟ་གུར་གྱུར་པའི་ནད་ནི་བཅུ་ཡོད་དོ། །མཁྲིས་པ་ལས་ཟ་གུར་གྱུར་པའི་ནད་ནི་དྲུག་ཡོད་དོ། །གཅིན་སྙི་ཞིང་ཟ་གུར་གྱུར་པའི་ནད་དེ་ནི་ཁ་ཟས་བད་ཀན་དང༌། ཚིལ་དང་གཅིན་དུ་འགྱུར་བ་དེ་ལྟ་བུ་ལས་ཟ་གུའི་ནད་དུ་འགྱུར་རོ། །དེ་ཡང་ཇི་ལྟ་ཞེ་ན་ཁ་ཟས་རོ་མངར་བ་དང༌། སྐྱུར་བ་དང༌། ལན་ཚྭ་དང༌། ཟས་སྣུམ་བག་དང༌། འཇུ་དཀའ་ཞིང་ལྕི་བ་དང༌། ཟས་འབྱིལ་བག་དང༌། བསིལ་བའི་བག་དང༌། འབྲུ་སར་པའི་ཆང་དང༌། ཡུལ་སེར་ཆེ་བ་ནས་བྱུང་བའི་བྱ་ན་ལྟ་བུ་དང༌། བུ་རམ་དང༌། བུ་རམ་ཤིང་དང༌། དར་བ་དང༌། ཁ་ཟས་འདི་ལྟ་བུའི་བག་ཟ་ཞིང་འཐུངས་པ་དང༌། གནས་གཅིག་ནས་སྟན་གཅིག་གི་ཐོག་ཏུ་རྟག་པར་འདུག་པ་དང༌། སྔོན་དང་མི་འདྲ་བར་མལ་མི་བདེ་བར་ལུས་མི་བདེ་བར་ཉལ་བ་དང༌། འདི་རྣམས་ལྟ་བུས་ལྒང་པར་ནད་ཆགས་ཏེ་ཟ་གུར་འགྱུར་རོ། །དེ་ཡང་ཇི་ལྟ་ཞེ་ན་ཁ་ཟས་གནོད་པ་དེ་ལྟ་བུ་ལ་སོགས་པ་བད་ཀན་ལ་གནོད་བར་བྱེད་དོ། །བད་ཀན་ལ་གནོད་པ་བྱས་པས་གཅིན་སྒོ་ལྒང་པའི་འཁོར་དང་ལུས་ཀྱི་ནང་གི་རུལ་བ་དང༌། རྔུལ་བ་དང༌། ཚིལ་དང༌། བཅུད་དངས་མ་དང༌། བྱ་ན་ཤ་ཟོས་པ་དང༌། འདི་རྣམས་ལ་ཡང་གནོད་པ་བྱས་པ། མཁྲིས་
པ་དང་ཁྲག་ལ་ཡང་གནོད་པར་བྱེད་དེ། དེ་ལྟ་བུས་བད་ཀན་དང་ལུས་ཀྱི་རུལ་བ་དང༌། རྡུལ་བ་ལ་སོགས་པ་གཅིན་གྱི་གཞིར་གྱུར་པ་འདི་རྣམས་གཅིན་ཟ་གུར་འོང་བས་ཟད་པ་དང༌། ལུས་ཀྱི་སྲོག་ཟུངས་བདུན་པོ་ཡང༌། རླུང་གིས་ལྒང་པའི་ནང་དུ་འཁུས་ཤིང་དྲངས་ཏེ་ཟད་པར་བྱེད་དོ། །ཁ་ཟས་དེ་ལྟ་བུ་ལས་གཅིན་སྙི་བ་ཟ་གུའི་ནད་དུ་གྱུར་ན་གསོར་མི་སོས་པའི་ནད་དང༌། གསོར་རུང་བའི་ནད་དང་མི་ཐུལ་བ་ཙམ་དུ་འགྱུར་བར་བྱ་བ་དང༌། རྣམ་པ་འདི་གསུམ་ཡོད་དོ། །དེ་ལ་གསོར་རུང་བར་བྱ་བའི་དཔྱད་དང་རྣམ་པ་གསུམ་ཡོད་དེ། ལེགས་པར་མཐུན་པར་བྱ་བ་དང་མི་མཐུན་པར་བྱ་བའི་དཔྱད་དང༌། ནད་དམིགས་ཆེན་པོ་ལ་དཔྱད་དུ་བྱ་བ་དང་གསོ་བའི་ཐབས་འདི་ལྟར་བྱའོ། །དེ་ལ་གཅིན་སྙི་བ་ཟ་གུ་སྤྱིའི་ནད་ཐབས་ནི་གཅིན་རབ་ཏུ་མང་ལ་དུལ་དུལ་པོར་འོང་ངོ༌། །དེ་ལ་རླུང་དང་མཁྲིས་པ་དང་བད་ཀན་དང་གསུམ་གྱིས་སྲོག་ཟུངས་བདུན་ལ་གནོད་པར་བྱེད་པའི་བྱེ་བྲག་དང༌། རླུང་དང་མཁྲིས་པ་དང༌། བད་ཀན་དང༌། སྲོག་ཟུངས་བདུན་དུ་འདྲེས་པས་གཅིན་གྱི་ཁ་དོག་ལ་སོགས་པ་བརྟག་པར་བྱ་བའི་དམིགས་ནི་གཅིན་སྙི་བ་ཟ་གུའི་བྱེ་བྲག་ལས་ཤེས་པར་བྱའོ། །དེ་ལ་གཅིན་མང༌། གཅིན་མདོག་གསལ་ལ་དཀར། བསིལ། དྲི་མི་ཞིམ་པ་མེད་ལ་ཆུ་ལྟ་བུར་འདུག་ན། དེ་ནི་མིང་ཆུའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་ཐབས་རྣམ་གཅིག་ནི། ཅུང་ཟད་རྙོག་རྙོག་པའི་བག་ཡོད་ལ། འབྱིལ་བག་ཏུ་འདུག །བུ་རམ་ཤིང་གི་ཁུ་བ་དང་འདྲ་བར་རོ་རབ་ཏུ་མངར་ཏེ་ནད་འདིའི་མིང་ནི་བུ་རམ་ཤིང་གི་ཁུ་བ་ལྟ་བུའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་སྐ་བར་འབྱུང་ལ། ཞག་ལོན་ན་ཡང་གར་པོར་འདུག་པ་འདི་ནི་གཅིན་གར་པོའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་འབྱུང་བ་ཆང་དང་འདྲ་ལ། སྟེང་རིམ་དང༌། ཞབས་ནི་གར་པོར་འདུག་སྟེ་འདི་ནི་ཆང་གི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་བ་སྤུ་འང་ལངས་ཤིང་འགྲེང་བར་འགྱུར་ལ་གཅིན་འབྱུང་བ་ཡང་འབྲས་བཏགས་པའི་ཕྱེ་བཞིན་གར་ལ་མདོག་སྐྱ་བོར་འབྱུང་བ་འདི་ནི་
འབྲས་ཕྱེ་ལྟར་འབྱུང་བའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་འབྱུང་བ་ཁུ་ཆུ་དང་འདྲའམ། ཡང་ན་ཁུ་ཆུ་དང་འདྲེས་པར་འབྱུང་སྟེ། འདི་ནི་ཁུ་ཆུའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་གྱི་ནང་ན་རྡུལ་ལྟར་ཙིག་ཙིག་པོར་བྱེ་མ་ལྟ་བུར་འབྱུང་སྟེ་འདི་ནི་བྱེ་མའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་བབས་ཆེར་ཡང་དང་ཡང་དུ་འབྱུང་ལ། གཅིན་རབ་ཏུ་བསིལ་ཏེ་འདི་ནི་གྲང་ཞིང་བསིལ་བའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་པ་གཅིག་ནི་གཅིན་དལ་གྱིས་གཅིན་འབྱུང་བ་དང་ཉུང་ཤས་ཉུང་ཤས་སུ་གཅིན་འབྱུང་སྟེ། འདིའི་མིང་ནི་བགས་ཀྱིས་འབྱུང་བའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་འབྱུང་བའམ་གཅིན་ཟ་གུར་འབྱུང་བ་དེ་ཁ་ཆུ་བཞིན་ནལ་ནལ་པོ་འབྱིལ་དག་ཏུ་འབྱུང་བ་འདིའི་མིང་ནི་ཁ་ཆུ་ལྟར་འབྱུང་བའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་གྱི་མདོག་ནས་ཚིག་འཁུས་པའི་ཚ་ཡབཀྵ་ར་འདྲ་བའི་མདོག་དང༌། རོ་དང་དྲི་ཡང་འདྲ་ལ་རེག་པ་ཡང་དེ་དང་འདྲ་སྟེ། འདི་ནི་ནས་ཚིག་གི་ཚ་ཡ་བཀྵ་ར་དང་འདྲ་བའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་འབྱུང་བའི་མདོག་སྔོན་པོར་འོང་སྟེ་འདི་ནི་གཅིན་སྔོན་པོའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་སྣག་ཚ་བཞིན་ནག་པོར་འོང་སྟེ། འདི་ནི་ཟ་གུ་ནག་པོ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་གྱི་མདོག་སྐྱེར་བའམ། ཡུང་བའི་ཁ་དོག་བཞིན་མདོག་སེར་ལ་རབ་ཏུ་ཚ་སྟེ། ནད་དུ་བསྲེགས་པ་བཞིན་དུ་འོང་སྟེ། འདི་ནི་ཟ་གུ་སེར་པོར་འོད་བཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་པ་གཅིག་ནི་གཅིན་གྱི་མདོག་བཙོད་ཁུ་བཞིན་དམར་པོ་མནམ་པོར་འོང་བ་འདིའི་མིང་ནི་བཙོད་ཁུ་ལྟ་བུའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་གྱི་མདོག་ཁྲག་འདྲ་བ་ཚ་བ་མནམ་པོ་ལན་ཚྭ་པྲོ་བར་འབྱུང་ན་འདིའི་མིང་ནི་ཁྲག་གི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་དང་ཞག་ཏུ་འདྲེས་པའམ། ཞག་དངོས་པོ་ཡང་དང་ཡང་འབྱུང་བ་འདིའི་མིང་ནི་གཅིན་ཞག་ཏུ་འབྱུང་བའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་དང་རྐང་
དུ་འདྲེས་པ་ཡང་དང་ཡང་འབྱུང་ངམ་རྐང་དངོས་སུ་ཡང་དང་ཡང་འབྱུང་བ་འདིའི་མིང་ནི་རྐང་དུ་འབྱུང་བའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གླང་པོ་ཆེ་སྨྱོན་པ་སྨྱོས་པ་དང་འདྲ་བར་གཅིན་གྱི་རྒྱུན་མི་དྲག་པར་དལ་བུས་རྒྱུན་མི་འཆད་པར་འབྱུང་ལ། གཅིན་ནི་ཆུ་སེར་དུ་འོང་སྟེ། ཆུ་སེར་གྱི་ནང་ན་སྲུ་སྲུས་པོའམ། ཙིག་ཙིག་པོ་འབྱུང་སྟེ། འདི་ནི་གླང་པོ་ཆེ་མྱོས་པ་ལྟར་གཅིན་སྲི་བ་ཞེས་བྱའོ། །ཡང་ཟ་གུའི་ནད་རྣམ་གཅིག་ནི་གཅིན་སྦྲང་རྩི་དང་འདྲ་བར་འབྱུང་བ་འདིའི་མིང་ནི་ཟ་གུ་སྦྲང་རྩི་ལྟར་འབྱུང་བ་ཞེས་བྱ་སྟེ། དེ་ལ་ཡང་རྣམ་པ་གཉིས་ཤིག་ཡོད་ཅེས་ཟེར་ཏེ། གཅིག་ནི་སྲོག་ཟུངས་བདུན་ལྟ་བུ་ཟད་པ་ལས་ཟ་གུར་འགྱུར་རོ། །ཡང་རྣམ་པ་གཅིག་ནི་རླུང་དང་མཁྲིས་པ་འམ། བད་ཀན་ལྟ་བུའི་ནད་ཀྱིས་ལྒང་བ་ནས་གཅིན་འབྱུང་བའི་སྦུ་གུ་ཁ་འགགས་སམ། ཡང་ན་རླུང་གིས་འགགས་པར་གྱུར་ན་དེ་ལྟ་བུ་ལས་གཅིན་སྦྲང་རྩི་ལྟར་འབྱུང་བའི་ཟ་གུར་འགྱུར་རོ། །དེ་ལ་མཁྲིས་པའམ་རླུང་ནད་དང༌། བད་ཀན་གྱི་ནད་ཀྱིས་ལྒང་པ་སྐད་ཅིག་ཏུ་སྟོང་པར་འགྱུར། སྐད་ཅིག་ཅིང་གཅིན་གྱིས་གང་བར་འགྱུར་ཏེ། ནད་ཐབས་འདི་ལྟ་བུ་ནི་གསོ་དཀའ་བ་ཡིན་ཏེ། དཔྱད་མི་བྱེད་པར་ཡུན་རིང་པོར་ཡལ་བར་བོར་ན་ནད་འདི་ལྟ་བུ་ཀུན་ནི་ཟ་གུའི་ནང་གཅིན་སྦྲང་རྩི་ལྟ་བུར་འབྱུང་བར་འགྱུར་རོ། །གཅིན་ཟ་གུ་སྦྲང་རྩི་ལྟར་འབྱུང་ཞེས་བྱ་བ་ནི་སྦྲང་རྩི་ལྟར་འབྱུང་བ་ཕལ་ཆེར་རོ་མངར་པོར་འབྱུང་བའོ། །དེ་བས་ན་གཅིན་གྱི་རོ་མངར་པོར་འབྱུང་བ་ཀུན་ནི་ལུས་ཀྱི་རོ་ཡང་མངར་པོར་འགྱུར་བ་ཡིན་ནོ། །གཅིན་ཟ་གུ་མངར་པོ་སྦྲང་རྩི་ལྟར་འགྱུར་ན་དེའི་ནད་བླ་ཐབས་ཀྱང་ཁ་ཟས་མི་འཇུ། ཟས་ཡི་གར་མི་འོང༌། སློན། གཉིད་ཆེ། ལུད་པས་བཀར། ཆམ་པས་འདེབས་ཏེ་ནད་འདི་ལྟ་བུ་ནི་བད་ཀན་ལས་གྱུར་པའི་ཟ་གུའི་ནད་ཐབས་ཞེས་བྱའོ། །མཁྲིས་བ་ལས་གྱུར་པའི་ནད་ཐབས་ནི་ཕོ་མཚན་གྱི་འབྲས་བུར་ཟུག་ཅིང་ན་ལ། གཞིགས་ཤིད་བཅད་པ་སྙམ་བྱེད། རིམས་ཀྱིས་འདེབས། ཚ་ལ་སྐོམ་དད་ཆེ། སྐྱུར། བརྒྱལ། ཚད་པར་འཁྲུ་བ་འདི་ལྟ་བུ་ནི་མཁྲིས་པ་ལས་
གྱུར་པའི་ཟ་གུའི་ནད་ཐབས་ཡིན་ནོ། །རླུང་ལས་གྱུར་པའི་ཟ་གུའི་ནད་ཐབས་ནི་བཤང་བ་སྲི་སྟེ་འོང་དུ་མི་རུང༌། ལུས་འདར། སྙིང་ན། ཁ་ཟས་མིང་གི་འདོད་པ་སྙམ་བྱེད་ལ་ཟུག་ཅིང་ན། གཉིད་མེད། ཁ་སྐམ། ལུད་པས་བཀར། དབུགས་མི་བདེ་བ་འདི་ལྟར་འགྱུར་རོ། །དེ་ལྟར་གཅིན་སྙི་སྟེ་ཟ་གུའི་ནད་ཀྱིས་བཏབ་པ་ལས། སྨན་དཔྱད་ཀྱིས་མི་གསོ་བར་ཡལ་བར་བོར་ན་འབྲས་དང༌། ཕོལ་མིག་དང༌། མེ་དབལ་དང༌། འབྲུམ་བུ་དང༌། ཤུར་བུ་ལ་སོགས་པ་ནད་ཀྱི་ཉེན་རྣམ་པ་བཅུར་འགྱུར་རོ། །འབྲས་དང་འབྲུམ་བུ་ལ་སོགས་པ་ནད་ཀྱིས་རྐང་ལག་གི་རུས་ཚིགས་དང་སྲོག་གི་གནད་དང་ཤ་གནད་གར་ཆེའོ་ཅོག་གི་དམིགས་དམིགས་སུ་འབྱུང་བར་འགྱུར་རོ། །དེ་ལ་འབྲས་ནད་དེབ་ཚེ་ཆེན་པོ་ཙམ་ཁམ་ཕོར་ཤ་རའི་དབྱིབས་ལྟ་བུའི་ནད་འབྲས་འབྱུང་བའི་དབྱིབས་ནི། མཐའ་ནི་མཐོལ་དབུས་ནི་དམའ། མདོག་ནི་རྩ་གནག །ནང་རུལ་ན་སྟེ། དབྱིབས་ནི་འབྲས་ནད་ཁམ་པོར་ཤར་བ་འདྲ་བས་ན་དེའི་ཕྱིར་འབྲས་ནད་ཁམ་པོར་ཤར་བ་ལྟ་བུ་ཞེས་བྱའོ། །དེ་ལས་འབྲས་ནད་རུས་སྦལ་ལྟ་བུའི་དབྱིབས་ཞེས་བྱ་བ་ནི། ནང་དུ་ཟུག་ཅིང་ན་ལ་ཉེན་ཀོར་ཆེར་མཆེད་ཅིང༌། རུས་སྦལ་གྱི་རྒྱབ་འདྲ་བར་སྒུར་སྒུར་པོ་འཇམ་པོ་སྐྲངས་པ་འདི་ནི་རུས་སྦལ་ལྟ་བུའི་འབྲས་ནད་ཅེས་བྱའོ། །ཡང་འབྲས་བྱེར་བ་རྒྱ་མོ་ལྟ་བུ་ཞེས་བྱ་བ་ནི། རྩ་རྣམས་ནི་སྲ་ཞིང་རེངས་པར་འགྱུར། འབྲུམ་བུ་རྒྱ་མོ་ལྟ་བུ་འབྱུང་བ་ནི་འཇམ་ལ་ན་ཞིང་ཟུག །འབྲུམ་བུ་ཕྲ་མོ་མང་པོ་ཤ་སྟག་འབྱུང་སྟེ། རྡོལ་ཅིང་ཟག་ལ་ལུས་ཀུན་ལ་ཁྱབ་པར་བྱེད་དེ། འདི་ནི་རྒྱ་མོ་ལྟ་བུའི་འབྲས་མཆེད་པ་ཞེས་བྱའོ། །བི་ན་ཏ་ཞེས་བྱ་བ་ནི། ལྟོའམ་རྒྱབ་ཏུ་འབྲས་འདྲ་བ་ཆེ་ལ་མདོག་སྔོ་བ་ཞིག་བྱུང་ནས། ཁོང་དུ་ཟུག་ཅིང་ན། རུལ་ཞིང་རྣགས་པར་བྱེད་དེ་འབྲས་འདྲ་བར་འབྱུང་བ་དེ་འབུར་པོ་མཐོན་པོར་མི་འབྱུང་སྟེ། འདི་ནི་ཉེ་འཁོར་ཆེར་ཁེབས་པ་སྟེ། འབྲས་ནད་ལུས་སྒུར་པོར་བྱེད་པའི་ནད་བྱིན་ཏ་ཞེས་བྱའོ། །མེ་དབལ་ཕྲ་མོ་ནི་འབྲུམ་བུ་ཐོག་མ་བྱུང་བ་ན། ཤ་མཐོང་གི་པགས་པ་ཚིག་པར་བྱེད་ལ། ལུས་ཀུན་ལ་མི་བཟད་ཅིང་རབ་ཏུ་ཚ་བའི་མེ་དཔལ་གྱིས་ཁྱབ་ཅིང་
མཆེད། མེ་དབལ་གྱི་འབྲུམ་བུ་བྱུང་བའི་མདོག་ནི་དམར་ལ་གནག །ལུས་ཚ་ཞིང་མྱོས། རིམས་ཀྱིས་འདེབས་ཏེ། ནད་ཐབས་འདི་ལྟ་བུ་ནི་མེ་དབལ་ཕྲ་མོ་ཞེས་བྱའོ། །འབྲུམ་བུའི་དབྱིབས་དང༌། ཚད་སྲན་ཆུང་ལྟ་བུ་ཞེས་བྱ་བ་ནི། འབྲུམ་བུ་ཆེ་ཆུང་གི་ཚད་དང་དབྱིབས་སྲན་ཆུང་དང་འདྲ་བས་ན་དེ་ནི་འབྲུམ་བུ་སྲན་ཆུང་ལྟ་བུ་ཞེས་བྱའོ། །དེ་ལ་འབྲུམ་ཕྲན་ཤུར་བུའི་དབྱིབས་དང་ཚད་འབྲུམ་ཕྲན་ཡུངས་ཀར་ལྟ་བུ་ཞེས་བྱ་བ་ནི་འབྲུམ་ཕྲན་ཤུར་བུར་བྱུང་བའི་དབྱིབས་དང་ཚད་ཡུངས་ཀར་ཙམ་དུ་འབྱུང་སྟེ། ནད་ཚབས་ཀྱང་ཆེ་ལ་མྱུར་དུ་སྨིན་པར་འགྱུར། འབྲུམ་ཕྲན་ཡུངས་ཀར་ལྟ་བུ་བྱུང་ན་དེའི་འཁོར་ཡང་འབྲུམ་ཕྲན་ཡུངས་ཀར་ལྟ་བུས་གང་ཞིང་འཁོར་བར་འབྱུང་སྟེ། འདི་ནི་འབྲུམ་ཕྲན་ཤུར་བུ་ཡུངས་ཀར་ལྟ་བུ་ཞེས་བྱའོ། །དེ་ལ་འབྲུམ་ཕྲན་བུ་དང་བཅས་པའི་འབྱུང་བ་ནི་འབྲུམ་བུ་ཆེན་པོ་མང་དུ་འབྱུང་བའི་ཉེན་ཀོར་ན་འབྲུམ་བུ་རབ་ཏུ་ཕྲ་མོས་གང་བར་འབྱུང་བ་དེ་ནི་འབྲུམ་ཕྲན་བུ་དང་བཅས་པ་ཞེས་བྱའོ། །དེ་ལ་ལྡུམ་བུ་བི་ད་རིའི་རྩ་བ་དང་འདྲ་བ་ཞེས་བྱ་བ་ནི། ཐོར་བུ་བྱུང་བའི་དབྱིབས་ནི་མཐོ་ཞིང་རིང་བ་མྱུག་མྱུག་པོ་ལྡུམ་བུ་བིད་རི་དང་ལ་ཕུག་གི་དབྱིབས་དང་འདྲ་ལ་སྲ་སྟེ་འདི་ནི་ལྡུམ་བུ་བི་ད་ར་ཞེས་བྱའོ། །དེ་ལ་ཁོང་འབྲས་བྱུང་བ་ནི་ནད་དཀྱེལ་ཆེ་སྟེ། ཕྱི་ནས་ལོགས་ཤིག་ཏུ་ཞིབ་ཏུ་བསྟན་ཏོ། །དེ་ལྟར་ནད་རྣམ་པ་དེ་བཅུའི་ནང་ན་དང་པོ་གསུམ་དང་འབྲུམ་བུ་དང་བཅས་པ་ཞེས་བྱ་བ་དང༌། ལྡུམ་བུ་བི་ད་རིའི་རྩ་བ་འདྲ་བའི་འབྲུམ་བུ་དང༌། འདི་རྣམ་པ་ལྔ་ནི་ཚིལ་ཆེས་པ་ལས་གྱུར་ཏེ་ནད་དཀྱེལ་ཆེ་བས་བཟོད་པར་ཡང་དཀའ་ལ་དཔྱད་ཀྱང་དཀའོ། །མཁྲིས་པའི་ནད་ཆེ་བ་ལས་ནད་དེ་ལྟ་བུ་བྱུང་བ་ནི་ནད་ཚབས་ཀྱང་མི་ཆེ་སྟེ། བརྣགས་སུ་རུང་ལ་གསོ་སླའོ། །ཚིལ་ཆུང་བ་ལས་ཀྱང་ནད་འདི་ལྟ་བུ་འབྱུང་བ་ཡང་ཡོད་དེ། །ཡང་འབྲས་དང་ཕོལ་མིག་དང་འབྲུམ་བུ་དེ་ལྟ་བུ་ནི་གཅིན་སྙི་སྟེ་ཟ་གུར་གྱུར་པ་དེའི་སྟེང་དུ་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་གང་ཆེ་བར་གྱུར་པ་ལས་དེ་བཞིན་དུ་འབྲས་དང་འབྲུམ་བུ་དང་མེ་དབལ་ལ་སོགས་པ་སྣ་ཚོགས་པ་འབྱུང་བར་འགྱུར་རོ། །ལ་ལ་ནི་གཅིན་སྙི་བ་ཟ་གུའི་ནད་མེད་ཀྱང་ཚིལ་
ཆེ་བ་ལས་རླུང་ངམ་མཁྲིས་པ་ལ་སོགས་པའི་ནད་ཞུགས་པར་གྱུར། འབྲས་དང་འབྲུམ་བུ་ལ་སོགས་པའི་ནད་དེ་ལྟ་བུར་འགྱུར་བ་ཡང་ཡོད་ན་འབྲས་དང་འབྲུམ་བུ་ལ་སོགས་པའི་ནད་གང་ཡིན་པ་དངོས་སུ་མ་བྱུང་གི་བར་དུ། ནད་ཐབས་ཉི་ཚེ་གང་ཡིན་པ་ཐོག་ཏུ་མི་ཕེབས་སོ། །གཅིན་སྙི་ལ་ཟ་གུའི་ནད་ཐབས་སུ་གྱུར་པ་མེད་པར་གཅིན་གྱི་མདོག་སེར་པོ་འམ་དམར་པོ་བྱུང་བ་དེ་ནི་ཟ་གུའི་ནད་ཅེས་མི་བྱ་སྟེ། ཁྲག་དང་མཁྲིས་པའི་ནད་ལས་གྱུར་པར་ཤེས་པར་བྱའོ། །གཅིན་སྙི་བ་ཟ་གུར་གྱུར་པའི་ནད་ཐབས་ནི། ལུས་རྡུལ། ལུས་དང་རྐང་ལག་དྲི་མི་ཞིམ་པ་དང་ཁོང་ལྷོད་པར་འགྱུར། སྟན་གྱི་ཐོག་ན་འདུག་པ་དང༌། མལ་ན་ཉལ་ན་བདེ་བ་སྙམ་བྱེད་ཅིང་འདུག་ཅིང་ཉལ་ཆགས། སྙིང་དང་མིག་དང་ལྕེ་དང་རྣ་བ་དང་འདི་རྣམས་ཀུན་ལ་བད་ཀན་གྱིས་སྟུག་པོ་ལྗིན་བག་ཏུ་བྱུགས་ཤིང་ཡོགས་པ་སྙོམ་བྱེད། སྐྲ་དང་སེན་མོ་ལྷག་པར་རིང་པོར་འགྱུར། ལུས་ཀྱི་ཉམས་བསིལ་བ་ལ་དགའ། གྲེ་བ་དང་རྐན་ནི་སྐམ། ཁའི་ནང་གི་རོ་མངར་བར་བྲོ། རྐང་མཐིལ་དང་ལག་མཐིལ་ཚ། གཅིན་གར་གཅིས་པར་གྲོག་མ་ཀུན་འདུ་བར་འགྱུར་ཏེ། ནད་ཀྱི་ཚུལ་འདི་འདྲ་བ་ནི་ཟ་གུ་ཐམས་ཅད་ཀྱི་ནད་ཐབས་ཡིན་ནོ། །ཟ་གུའི་ནད་དམིགས་གང་ཡིན་པ་སོ་སོར་དབྱེ་བ་ནི་རྣམ་པ་གཉིས་ཡོད་དེ། གཅིན་ཟ་གུར་བྱུང་བ་སྦྲང་རྩིའི་མདོག་འདྲ་ལ། འཁྱིལ་ཞིང་གཅིན་གྱི་རོ་ཡང་མངར། ལུས་ཀྱི་ཤ་ཡང་གང་ཞིང་རྒྱས་ན་དེ་ནི་བད་ཀན་ལས་གྱུར་པའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུར་གྱུར་ལ་ལུས་ཀྱང་རྐེ་སྟེ་ཟད་ན་དེ་ནི་ཁ་བདུན་ཟད་པ་ཞེས་བྱ་སྟེ་རླུང་ལས་གྱུར་པའི་ཟ་གུ་ཞེས་བྱའོ། །ཡང་ཟ་གུར་གྱུར་པའི་ནད་ཐབས་སྔར་ནི་བད་ཀན་དང་མཁྲིས་པ་ལས་གྱུར་པའི་ཚུལ་ཡིན་ལ། ཕྱིས་བགས་ཀྱིས་རླུང་ནད་ཀྱི་ཟ་གུར་གྱུར་པའི་ནད་འདི་ནི་གསོ་སླ་བ་ཡིན་ནོ། །མཁྲིས་པའི་ནད་ལས་ཟ་གུར་གྱུར་པ་ནི་དཀྱེལ་མི་སྐྱེ་མི་ལ་བར་གསོར་རུང་ངོ༌། །ཚིལ་ལ་རླུང་ངམ་མཁུཨིས་པའམ། བད་ཀན་གྱི་ནད་མ་ཞུ་བ་ལྟ་བུའི་ཟ་གུ་ནི་གསོར་རུང་ངོ༌། །གཅིན་སྙིབ་ཟ་གུའི་ནད་ཀྱི་བྱེ་བྲག་བཤད་པ་དང༌། ཟ་གུའི་ནད་ཀྱི་ཉེན་གཞན་དུ་འགྱུར་བ་བཤད་པའི་ལེའུ་བཅུ་པ་རྫོགས་སོ།། །།འབྲས་ནད་དང༌།
རྒྱུ་རླུགས་དང༌། སྐྲན་ནད་དང༌། ནད་སྣ་འདི་གསུམ་གྱི་ནད་གཞི་བཤད་པའི་ལེའུ་བཅུ་གཅིག་པ་བཤད་པར་བྱའོ། །དེ་ལ་ཁོང་འབྲས་སུ་གྱུར་པའི་ནད་ཀྱི་གཞི་ནི། ཁ་ཟས་ཁོང་དུ་ཞག་ལོན་པ་དང༌། ཁ་ཟས་ཧ་ཅང་ཚ་ཆེས་པ་དང༌། ཁ་ཟས་རྩུབ་པ་དང། ཁ་ཟས་སྐམ་བག་དང༌། ཁ་ཟས་ཚ་བར་འགྱུར་བ་འདི་རྣམས་ལྟ་བུ་ཟོས་པ་དང༌། རྐང་ལག་བསྐམས་ཏེ་མི་བདེ་བཞིན་དུ་ཉལ་བ་དང༌། ཁྲག་ནད་རྒྱས་པར་འགྱུར་བའི་བག་བྱས་པས་ལུས་ཀྱི་པགས་པ་དང༌། ཤ་དང་ཚིལ་དང་རུས་པ་དང་ཁྲག་དང་ཆུ་བ་ཕྲེའུ་དང་ཆུ་བ་ཆེན་པོ་རྣམས་དང་འདི་ཀུན་ཀྱང་ཁྲག་ནད་དུ་གྱུར་པའི་ནད་ནང་དུ་ཞེན་པ་དང༌། དེ་ལས་ཕྱི་ནང་གཉིས་ཀར་སྐྲངས་ཏེ། ཁོང་འབྲས་ཀྱི་རྩ་བ་ཁོང་དུ་རིང་དུ་ཟུག་ལ་ནད་ཚབས་ཆེ་སྟེ། ཁོང་འབྲས་ཀྱི་དབྱིབས་ནི་ཟླུམ་པོའམ་འཇིང་པ་རིང་པོར་འབྱུང་ངོ༌། །དེ་ཡང་ནད་གཞི་ཐ་དད་པའི་བྱེ་བྲག་གི་ནད་སྣ་དྲུག་ཡོད་དོ། །གང་ཞེ་ན་རླུང་དང༌། མཁྲིས་པ་དང༌། བད་ཀན་དང་གསུམ་ལས་ཁོང་འབྲས་ནད་སྣ་རེ་རེ་འབྱུང་བ་དང༌། འདུས་པ་ལས་ཁོང་འབྲས་སུ་གྱུར་པ་དང༌། ཁྲག་ནད་རྒྱས་པ་ལས་ནད་དུ་འགྱུར་བ་དང་རྨས་ཏེ་རྨ་བྱུང་བ་ལས་ཁོང་འབྲས་སུ་གྱུར་པ་དང་རྣམ་པ་དྲུག་གོ །དེ་དག་ལའང་རྣམ་པ་གཉིས་ཡོད་དེ། ཕྱི་རོལ་དུ་འབྱུང་བ་དང༌། ནད་དུ་འབྱུང་བ་དང༌། རྣམ་པ་གཉིས་སོ། །དེ་ལ་ཕྱི་རོལ་དུ་འབྱུང་བ་ནི་ལུས་ཀྱི་ཡན་ལག་དེ་དག་ཏུ་མི་བཟད་པའི་ནད་རྡོག་རྡོག་པར་བརྒྱུས་པ་འདྲ་བ་མཐོན་པོར་འབྱུང་ངོ༌། །དེ་ལ་ནད་ནང་དུ་འབྱུང་བ་ནི་ནང་གི་ཟབས་སུ་སྐྲན་དང་འདྲ་བ་མཁྲང་བ་མི་བཟད་པར་འབྱུང་ངོ༌། །དེ་འབྱུང་བའི་དབྱིབས་ནི་གྲོག་མའི་ས་ཕུང་སྦུངས་པ་མཐོན་པོར་འདུག་པ་དེ་ལྟ་བུ་ལྟེ་བ་དང༌། ཆུ་སོ་དང༌། མཆིན་པ་དང༌། མཆེར་པ་དང༌། གློ་བ་དང༌། སྙིང་དང༌། ལྟོ་བ་དང༌། ཆུ་སོ་གཡས་གཡོན་དང༌། མཁལ་མ་གཡས་གཡོན་དང༌། གཞང་ཁ་དང་འདི་རྣམས་ཀྱི་སར་འབྱུང་སྟེ། དེ་ནི་མེ་དང་མཚོན་གྱིས་ཕོག་པ་བཞིན་མྱུར་དུ་འཆི་བར་བྱེད་དོ། །དེ་ལ་རླུང་ནད་ལས་གྱུར་པའི་ནད་ཐབས་ནི་མདོག་སྨུག་པོར་འདུག་ལ་མྱུར་དུ་འབྱུང་དུ་མི་རུང་སྟེ་རིང་དུ་ཐོགས།
མགོ་སྨིན་ཅིང་རྣགས་པ་ཡང་མི་སྙོམས་ལ་ན་ཞིང་ཚ། མགོ་འཁོར། ཉམ་ཆུང༌། ཕལ་ཕལ་བྱེད་ཅིང་སྒྲ་ཡང་ཡོད་དེ་འདི་ནི་རླུང་ནད་ལས་གྱུར་པ་ཞེས་བྱའོ། །དེ་ལ་མཁྲིས་པ་ལས་གྱུར་པའི་ནད་ཐབས་ནི་སྐོམ་དད་ཆེ། རྨོངས་བག་ཏུ་འགྱུར། ཁོང་ཚ། རིམས་ཀྱིས་འདེབས། ནད་འབྱུང་བའི་མདོག་ནི་ཟངས་ཀྱི་མདོག་བཞིན་དམར་ལ་རྩ་ནག་ནད་དམིགས་མྱུར་དུ་འབྱུང་ཞིང་མྱུར་དུ་རྣགས་པར་འགྱུར་ཏེ། འདི་ལྟ་བུ་ནི་མཁྲིས་པ་ལས་གྱུར་པ་ཡིན་ནོ། །དེ་ལ་བད་ཀན་ལས་གྱུར་པའི་ནད་ནི་ཁོང་བསིལ་ཞིང་གྱེན་དུ་སློན། ཁ་གླལ། ལུས་ལྕི། ཟས་ཡི་གར་མི་འོང༌། ནད་དམིགས་གར་བྱུང་བ་དེར་སྲ་ལ་མདོག་སྐྱ། གཡའ། མིག་མྱུར་དུ་འབྱུང་དུ་མི་རུང༌། ནད་དམིགས་ཀྱི་ཉེ་འཁོར་ཚ་བ་འདི་ནི་བད་ཀན་ལས་གྱུར་པ་ཡིན་ནོ། །དེ་ལ་འདུས་པའི་ནད་ལས་གྱུར་པའི་ནད་ཐབས་ནི་ནད་དམིགས་ཀྱི་ཚུལ་ལས། ནད་ཕྱི་རོལ་དུ་འབྱུང་ངམ་ནང་དུ་འབྱུང་བ་ཤེས་པར་བྱ་སྟེ་ནང་བྱུང་བའི་འབྲུམ་བུ་ནག་པོས་ཁེབས་པར་བྱུང་ལ། འབྲུམ་བུ་ནག་པོ་དེ་རབ་ཏུ་ཚལ་ན། རིམས་ཀྱིས་ཀྱང་འདེབས་སོ། །དེ་ལ་ཁྲག་ནད་ལས་གྱུར་པའི་ནད་ནི་མཁྲིས་པ་ལས་གྱུར་པའི་ནད་ཐབས་དང་འདྲ་སྟེ་ཁྲག་ལས་ནད་དུ་གྱུར་ན་ཕྱི་རོལ་གྱི་ཤ་དང་པགས་པ་ལས་འབྱུང་བར་འགྱུར་རོ། །བུད་མེད་རྣམས་ལ་ནི་ནང་དུ་འབྱུང་བར་འགྱུར་རོ། །མཚོན་ལ་སོགས་པས་རྨས་ཏེ་རྨ་བྱུང་བ་ལས་མི་འཕྲོད་པས་རྨ་རེད་དེ། རྨ་ཁ་ཚ་བ་རླུང་གིས་ཕུལ་ནས་ཁྲག་དང་མཁྲིས་པ་མཆེད་དེ་ཁྲག་དང་མཁྲིས་པ་དེ་ལས་ནད་བླ་ཐབས་རྣེའུ་ལྷགས་ཤིང་དེ་དག་ཏུ་ན་བར་འགྱུར་རོ། །ནད་གནས་ཐ་དད་པ་སོ་སོར་བྱུང་ན་ནད་ཀྱི་བྱེ་བྲག་ནི་ལྟེ་བར་བྱུང་ན་སྐྱིགས་བུས་འདེབས་སོ། །ཆུ་སོར་བྱུང་ན་ཆུ་འགགས་པ་དང༌། གཅིན་རྣག་ཏུ་འབྱུང་བར་འགྱུར་རོ། །མཆིན་པ་ལ་བྱུང་ན་དབུགས་མི་བདེའོ། །མཆེར་པ་ལ་བྱུང་ན་རྔམ་པ་དྲག་ཏུ་འཕུལ་ཞིང་དབུགས་མི་བདེའོ། །གློ་བ་ལ་བྱུང་ན་ལྐོག་མ་དང་མགུལ་པ་ན་ཞིང་སྐོམ་དད་ཆེའོ། །སྙིང་ལ་བྱུང་ན་ལུས་ཀྱི་ཡན་ལག་ཐམས་ཅད་རབ་ཏུ་གཟིར་བར་བྱེད་དོ། །མཆིན་ངོགས་ཀྱི་ནང་དུ་འབྱུང་ན་ལུང་པས་ལུ། སྙིང་གར་གཡོགས་པ་སྙམ་བྱེད། མྱོས།
སྙིང་མུག་མུག་ཅིང་མུན་སྲོས་པ་བཞིན་དུ་འགྱུར་རོ། །རྩིབ་ལོགས་ཀྱི་ནང་དུ་བྱུང་ན་ཕྲག་བ་དང་ལྟོ་བ་སྐྲང་ངོ༌། །ཆུ་སོ་གཡས་གཡོན་མདོམས་ཕྲག་ཏུ་བྱུང་ན། བརླ་ཐོག་ཐག་ཏུ་ན་བར་འགྱུར་རོ། །མཁལ་མ་ལ་བྱུང་ན་རྐེད་པ་དང་རྒྱབ་དང་རྩིབ་ལོགས་སུ་ན་བར་འགྱུར་རོ། །གཞང་ལ་བྱུང་ན་བཤང་བ་དང་དབུགས་ཐུར་དུ་འབྱུང་བ་འགག་པར་འགྱུར་རོ། །མ་ཞུ་བའི་གནས་ཕོ་བ་དང༌། ཞུ་བའི་གནས་ལོང་ཀ་དང་ཕྱེད་མ་ཞུར་གནས་པ་ནང་གྲོལ་འདི་དག་གི་ཐོག་ཏུ་བྱུང་ན་དེ་དག་གི་འོར་ནད་དང་འདྲའོ། །དེ་ལ་ཁོང་དུ་ལྟེ་བ་ཡན་ཆོད་དུ་བྱུང་ན་ནི་རྣག་ཁར་འོང་བར་འགྱུར་རོ། །རོ་སྨད་ལྟེ་བའི་འོག་མན་ཆད་ཁོང་དུ་བྱུང་ན། རྐུབ་ཏུ་རྣག་ཟག་པར་འགྱུར་རོ། །ལྟེ་བའི་ནང་དུ་བྱུང་ན་སྟོད་སྨད་གཉིས་ཀ་ནས་རྣག་ཟག་པར་འགྱུར་རོ། །དེ་ལྟར་རྣམ་དྲུག་ལྟ་བུའི་ཕྱིའམ་ནང་དུ་འབྱུང་ན། རླུང་དང་མཁྲིས་པ་དང་བག་ཀན་དང་ཁྲག་རྒྱས་པ་དང༌། རྨ་རེད་པའི་རྨེན་བུ་ལ་སོགས་པ་སོ་སོའི་ནད་དམིགས་བཞིན་དུ་གསོ་བའི་དཔྱད་བྱའོ། །འདུས་པའི་ནད་ལས་འབྱུང་བར་འགྱུར་བ་ནི་གསོ་དཀའ་ཏེ་མ་གཏོགས་སོ། །དེ་ལ་སྙིང་དང་ལྟེ་བ་དང་ལྒང་པ་ཆུ་སོ་འདི་དག་ཏུ་ཕྱི་རོལ་དུ་འབྱུང་ཡང་རུང༌། ནང་དུ་འབྱུང་ཡང་རུང་སྟེ། སྨིན་ཏེ་རྣག་ཟག་པར་གྱུར་ཀྱང་མི་འཚོའོ། །ཁོང་དུ་འབྱུང་སྟེ། སྨིན་ནས་རྣག་ཁ་ནས་ཟག་ཅིང་འོང་ཡང་ནད་པ་ཉམ་ཆུང་ལ་ནད་བླ་ཐབས་ན་བ་གཞན་ཡང་ཡོད་ན། དེ་ལྟ་བུའང་མི་འཚོའོ། །དེ་དང་འདྲ་བར་བུད་མེད་ཀྱི་ནུ་མ་ལ་བྱུང་ན་ཡང་རྩ་སྒོ་ཁ་བྱེ་བ་ཡིན་པས་གསོ་དཀའ་སྟེ་མི་འཚོའོ། །བུད་མེད་ལ་བུ་བཙས་པ་དང༌། སྦྲུམ་མ་དང༌། ནུ་ཞོ་ཡོད་པ་དང༌། ནུ་ཞོ་མེད་པ་ལྟ་བུ་ལ་བྱུང་བ་ནི་ཕྱི་རོལ་དུ་བྱུང་བ་ཞེས་བྱ་སྟེ། འོར་ནད་དང་འདྲ་བར་སྟུག་པོར་སྐྲངས་པ་སྲ་སྟེ། འདི་ཡང་དེ་བཞིན་དུ་གསོ་དཀའོ། །བུ་མོ་ཆུང་ངུའི་ནུ་མའི་རྩ་བའི་སྦུ་གུ་རྣམས་ནི་ཕྲ་བས་ན་དེ་ལྟ་བུ་ལ་ནི་མི་འབྱུང་ངོ༌། །རྒྱུ་རླུགས་ཀྱི་ནད་གཞི་བཤད་པ། རྒྱུ་རླུགས་ཀྱི་ནད་ནི་རྒྱུ་མའི་ནང་གི་རླུང་ཡན་མན་རྒྱུ་བ་འགགས་ཏེ། ཐོགས་པ་དང་ནད་དུ་གྱུར་ནས་ན་ཞིང་སྐྲངས་ཏེ་རྒྱུ་མ་
ཐུར་དུ་རྣུ་ཞིང་ཆུ་སོ་ནས་ཕོ་མཚན་གྱི་འབྲས་བུའི་ནང་དུ་སོན་པ་དང༌། ཕོ་མཚན་དང་ཕོ་མཚན་གྱི་པགས་པའི་རྩ་ཡང་རྒྱུ་མ་རླུགས་པས་བཙིར་ནས། ཕོ་མཚན་གྱི་པགས་པ་ཡང་ཆེར་སྐྱེ་བར་བྱེད་དོ། །རླིག་རླུགས་ཀྱི་ནད་དེ་ཡང་རྣམ་པ་བདུན་ཏེ། རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་སྐྱེད་པ་དང༌། ཁྲག་ནད་སྐྱེ་སྟེ་ལུད་པ་དང་ཚིལ་ནད་དུ་གྱུར་པ་དང༌། ལྒང་པ་སྐྱེས་པ་དང་རྒྱུ་མ་སྐྱེས་པའི་ནད་དང་རྣམ་པ་འདི་བདུན་ནོ། །དེ་ལ་ལྒང་པ་སྐྱེས་པ་དང་རྒྱུ་མ་སྐྱེས་པ་འདི་གཉིས་ཀྱང་རླུང་ནད་ཀྱིས་སྐྱེ་བར་འགྱུར་ཏེ། རླིག་རླུགས་ཀྱི་ནད་ཀྱི་རྒྱུ་ནི་ཐ་དད་དོ། །དེ་ལ་རླུང་ནད་ལས་གྱུར་པའི་རླིག་རླུགས་ཀྱི་ནད་ཐབས་ནི། རྐྱལ་པ་རླུང་གིས་གང་བ་འདྲ་ལ། རླུང་ལས་གྱུར་པས་ནན་པར་གྱུར་པའི་གཞི་མེད་པ་བཞིན་དུ་ནའོ། །མཁྲིས་པ་ལས་གྱུར་པའི་རླིག་རླུགས་ནི་རླིག་པའི་མདོག་ཤིང་ཨུ་དུམྦཱ་རའི་འབྲས་བུ་འདྲ་བར་དམར་པོར་སྣང་ལ་དྲོ་ཆེ་ཞིང་ཚལ་འདྲུལ་བ་དེ་ལྟ་བུ་ཡིན་ནོ། །བད་ཀན་ལས་རླིག་རླུགས་སུ་གྱུར་པ་ནི་གྲང་ལ་ལྕི། འཇམ་ལ་གཡའ། སྲ་ལ་ནད་ཚབས་མི་ཆེ་བ་དེ་ལྟ་བུ་ཡིན་ནོ། །ཁྲག་ནད་རྒྱས་པ་ལས་རྒྱུ་རླུགས་སུ་གྱུར་པ་ནི་འབྲུམ་བུ་ནག་པོས་གང་བ་ཡོད་དེ། ཚུལ་གཞན་ནི་མཁྲིས་པ་ལས་རྒྱུ་རླུགས་ཀྱི་ནད་དུ་གྱུར་བ་དང་འདྲའོ། །ཚིལ་ནད་ལས་རྒྱུ་མ་སྐྱེས་ཏེ་རྒྱུ་རླུགས་ཀྱི་ནང་དུ་གྱུར་པའི་ནད་ཐབས་ནི་སྤྱི་བད་ཀན་དང་འདྲ་སྟེ། འཇམ་ལ་རླིག་པའི་དབྱིབས་ནི་ཤིང་ཏ་ལའི་འབྲས་བུ་ལྟར་འདུག་གོ །གཅིན་སྙོམས་ན་བརྣགས་པ་ཤ་སྟག་བྱེད་པ་དེས་གཅིན་སྩོགས་ཤིང་ལྒང་པ་ཆེར་སྐྱེས་པ་ལས་རླིག་རླུགས་སུ་གྱུར་ན་རྐྱལ་པ་ཆུས་གང་བ་བཞིན་རྙོག་རྙོག་ཟེར་ལ་ན། རླིག་པའི་པགས་པ་འཇམ། ཆུ་འགག་པར་བྱེད། ཕོ་མཚན་གྱི་འོག་པགས་པའི་བར་དུ་གློ་གློ་བོར་འབྱུང་ངོ༌། །རྒྱུ་མ་ནར་ཏེ་རླིག་རླུགས་སུ་གྱུར་པའི་ནད་ཐབས་ནི་རླུང་ནད་སླང་བར་གྱུར་པའི་ཁ་ཟས་དང༌། ཟས་བསིལ་བའི་བག་དང༌། ཆུའི་ནང་དུ་རྐྱལ་བ་དང༌། བཤང་གཅི་སྙོམས་ན་ནན་གྱིས་བརྣགས་པ་དང༌། མི་བྲོ་བཞིན་བཙིར་པ་དང༌། ཁུར་དང་ལམ་གྱིས་དུབ་པ་དང་ལུས་དང་ལུས་ཀྱི་ཡན་ལག་ལོག་པར་གཅུ་ཞིང༌། སྐྱོད། གསིག་སྟེ། རྒྱུ་མའི་ནང་འཁྲུགས་པར་འགྱུར།
དེ་ལྟ་བུའི་བག་བྱས་པས། དེའི་ཚེ་རྒྱུ་མ་ཕྲེའུ་ཁ་ཅིག་རང་གི་གནས་ནས་རླུང་གིས་ཐུར་དུ་ལོག་པར་ཕུལ་ཏེ། ཆུ་སོ་དང་མདོམས་ཀྱི་ཕྲག་ཏུ་ཕྱིན་པར་བྱས་ནས་མདུད་པ་ལྟར་གློ་བོ་ཞིག་ཏུ་དེའི་ཚེ་སྐྲང་ངོ༌། །འདི་ལྟར་གྱུར་ཀྱང་ཡལ་བར་བོར་ཏེ་སྨན་དཔྱད་མི་བྱེད་ན་རླིག་རླུགས་ཆེར་སྐྱེས་ཏེ། ཁོང་སྦོ་ན་རེམ་རེམ་པོར་བྱེད་ལ་ནང་དུ་རླུང་གིས་རབ་ཏུ་གཟིར་བ་དང༌། རྒྱུ་མ་སྒྲ་ཅན་ཁྲུ་ལུ་ལུ་ཟེར་ཞིང་རླིག་པའི་ནང་དུ་གང་བར་བྱེད། རྒྱུ་མ་ཁོང་པའི་ནང་དུ་སླར་ཕུལ་ཏེ་བཏང་ནས་ཡང་སླར་བཞིན་སྔ་མ་ཁོ་བ་བཞིན་གང་བར་འགྱུར་རོ། །དེ་ལྟ་བས་ན་རྒྱུ་མ་ནར་ཞིང་སྐྱེས་པའི་རླིག་རླུགས་འདི་ནི་གསོ་དཀའ་སྟེ། རླུང་ནད་ལས་རླིག་རླུགས་སུ་གྱུར་པ་དང་འདྲ་ལ་རྩ་ཕྲ་མོ་དྲ་བ་སྐར་ཁུང་རིས་ལྟར་འདུག་པ་རྩ་ཀུན་རྩུབ་ལ་སྨུག་གོ །སྐྲན་ནད་རྣམ་པ་བརྒྱད་ཀྱི་ནད་གཞི་དང་ནད་ཐབས་བཤད་པ་སྐྲན་རྣམ་པ་བརྒྱད་ཡོད་དོ། །རླུང་དང་མཁྲིས་པ་དང་བད་ཀན་རེ་རེའི་སྐྲན་དང་རླུང་དང་མཁྲིས་པ་དང་བད་ཀན་གསུམ་ལས་གཉིས་གཉིས་སུ་འདྲེས་པ་ལས། སྐྲན་རྣམ་གསུམ་དུ་གྱུར་པ་དང༌། འདུས་པའི་ནད་ལས་སྐྲན་དུ་གྱུར་པ་དང༌། བུད་མེད་ཟླ་མཚན་མངལ་དུ་རླུང་ནད་དམ་མཁྲིས་པའམ་བད་ཀན་གྱི་ནད་ཀྱིས་འགགས་ཏེ་སྐྲན་དུ་གྱུར་པ་དང༌། སྐྲན་རྣམ་པ་དེ་བརྒྱད་དོ། །སྐྲན་ནད་དུ་གྱུར་པའི་ནད་གཞི་ནི། རིམས་ཀྱིས་བཏབ་པ་དང༌། སློན་པ་དང༌། ཚད་པ་ལ་སོགས་པས་འཁྲུ་བ་དང༌། སྐྱུག་སྨན་དང༌། བཀྲུ་སྨན་ལ་སོགས་པ་བཏང་བས། ལུས་ཀྱི་ཤ་ཟང་དེ་སྐམ་པོར་གྱུར་པས། ལུས་རླུང་ཅན་དུ་གྱུར་པའི་སྟེང་དུ་བཀྲེས་པ་ལས་ཆུ་གྲང་འཐུངས་པ་དང༌། ཟས་བཅད་དེ་སྨྱུང་བ་བྱས་པ་དང༌། ཧ་ཅང་དྲགས་ཆེས་པ་ལས། ཆུའི་ནང་དུ་རྐྱལ་བ་ལ་སོགས་ཏེ་ལུས་ལ་གནོད་ཅིང་རླུང་ནད་སློང་བར་འགྱུར་བ་དེ་ལྟ་བུའི་བག་བསྟེན་པ་དང་ཡང་ན་སློན་མི་བྲོ་ཞིང༌། ནན་གྱིས་བཀུག་པ་དང༌། ཡང་ན་སློན་བྲོ་ན་བརྣགས་ཏེ། མ་སློན་པ་དང༌། བཤང་གཅི་དང་དབུགས་ཐུར་དུ་འབྱུང་བ་སྙོམས་ཤིང་འོང་ན་ཡང་བརྣགས་པ་དང༌། འདི་དག་མི་འོང་བཞིན་དུ་ནན་གྱིས་བཙིར་བ་དང༌། སྐྱུག་སྨན་དང༌། བཀྲུ་སྨན་ཞིག་བཏང་ན་སྔར་སྨན་མར་གྱི་
དཔྱད་དང༌། དུགས་ཀྱི་ཆོ་ག་མ་བྱས་པར་སྐྱུག་སྨན་དང་བཀྲུ་སྨན་བཏང་བ་དང༌། ཡང་ན་ཆོ་ག་བཞིན་དུ་སྐྱུག་སྨན་དང་བཀྲུ་སྨན་བཏང་བའི་རྗེས་ལ་ཁ་ཟས་དྲོད་པོ་ཆེ་ཚ་བའི་ནད་མྱུར་དུ་ལྡང་བ་རྣམས་ཟོས་པའམ། ཡང་ན་བད་ཀན་སྐྱེ་བར་འགྱུར་བའི་ཁ་ཟས་འབྱིལ་བག་དེ་ལྟ་བུ་ཟོས་པ་ལས་ནད་དཀྱེལ་དུ་འགྱུར་ཏེ། དེ་ལྟར་རླུང་ནད་ཆེར་སྐྱེས་པས་རླུང་དང་མཁྲིས་པ་དང༌། བད་ཀན་གྱི་ནད་སོ་སོ་ན་འདོམས་པར་གྱུར་ཏམ། ཡང་ན་ནད་སྣ་གཉིས་སུ་གྱུར་ཏམ། ཡང་ན་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་དུ་གྱུར་ཏམ། ཡང་ན་ཁྲག་ནད་དང་འདྲེས་པ་དེ་ལྟ་བུས་ལུས་ཀྱི་རྩ་ཆེན་པོ་བཅུའི་ནང་དུ་ནད་ཞུགས་པ་དང༌། ལུས་ཀྱི་སྟོད་སྨད་ཁ་ཟས་དང་བཤང་གཅི་རྒྱུ་ཞིང་འབྱུང་པའི་ལམ་སྲང་ཡང་ནད་ཀྱིས་ཆོད་དེ་འགགས་ནས་ན་ཞིང་མི་བདེ་བའི་ས་བོན་གྱིས་ལུས་ཀྱི་ཤ་བྲི་སྟེ་སྐམ་པར་གྱུར་པས་བད་ཀན་དང་མཁྲིས་པ་དང༌། བཤང་གཅིའི་དྲི་མས་རྩ་སྒོ་དང༌། བཤང་གཅི་རྒྱུ་བའི་སྲང་འགགས་སམ། ཁོང་པ་ནང་གྲོལ་གྱི་ནང་དུ་རླུང་ཞེན་ཏེ། ལུས་ཀྱི་ནང་རྩུབ་ཅིང་སྲ་བར་གྱུར་པས་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱི་རང་གི་གནས་སུ་སྐྲན་ཞུགས་ན་དེའི་མིང་ནི་སྐྲན་ནད་རང་དབང་ཅན་ཞེས་བྱའོ། །རླུང་དང་མཁྲིས་པ་དང་བད་ཀན་གྱི་སྐྲན་དེ་མཁྲིས་པའི་སར་རླུང་གི་སྐྲན་ཞུགས་སམ་བད་ཀན་གྱི་སར་མཁྲིས་པའི་སྐྲན་ཞུགས་སམ་རླུང་གི་སར་བད་ཀན་གྱི་སྐྲན་ཞུགས་སམ་རླུང་གི་སར་མཁྲིས་པའི་སྐྲན་ཞུགས་པ་དེ་ལྟ་བུ་ནི་གཞན་གྱི་སར་སྐྲན་ཞུགས་པ་ཞེས་བྱའོ། །དེ་ལྟར་ནད་དཀྱེལ་འདུས་པ་ལས་ནད་དེ་གོང་གོང་པོར་གྱུར་པས་ནད་དེ་གཟུགས་ཡོད་པ་མ་ཡིན་ཡང་གཟུགས་སུ་གྱུར་ནས། སྐྲན་རིལ་རིལ་པོ་ལག་གིས་མྱང་དུ་ཡོད་པ་རྡོག་རྡོག་པོ་མདུད་པ་ལྟར་འདུག་པ་འདིའི་མིང་ནི་སྐྲན་ནད་ཅེས་བྱའོ། །དེ་ལ་རླུང་ནད་ལས་གྱུར་པའི་སྐྲན་གྱི་ནད་ཐབས་ནི། ལྒང་པའི་ཆུ་སོ་དང་ལྟེ་བ་དང་སྙིང་ག་དང་རྩིབ་ལོགས་གཡས་གཡོན། འདི་རྣམས་གང་ཡང་རུང་བར་སྐྲན་གནས་ཤིང་འདུག་སྟེ། རླུང་སྐྲན་དེ་དག་ཏུ་བྱུང་བས་མཇིང་བ་དང་ཀླད་པ་ན། རིམས་ནད་ཀྱིས་འདེབས། མཆེར་པ་ན། རྒྱུ་མའི་ནང་སྒྲ་ཁྲུ་ལུ་ལུ་ཟེར། ན་ཞིང་ཟུག །ཐུར་དུ་བཤད་བ་སྲི་ཞིང་འགགས། དབུགས་མི་བདེ་སྟེ། དབུགས་ཕྱིར་ཡང་དང་ཡང་
འབྱུང་བ་མི་ཕྱིན། ལུས་སྲ་བར་རེངས་བག་ཏུ་འགྱུར་ལ། ཁ་སྐམ། ལུས་རིད་ཅིང་སྐམ། ཕོ་བའི་མི་དྲོད་མི་སྙོམས། ལུས་ཀྱི་པགས་པ་ཤ་མདོག་གནག་ལ་རྩུབ་པ་དེ་ལྟ་བུ་ནི་རླུང་སྐྲན་གྱི་ནད་ཐབས་ཡིན་ཏེ་རླུང་སྐྲན་དེ་ཁོང་པ་ནང་ན་དབྱིབས་ཚུལ་ཇི་ལྟ་བུ་ཞིག་ཏུ་འདུག་པ་དང༌། རླུང་སྐྲན་དེ་གང་ན་འདུག་པ་རྟག་ཏུ་མི་མངོན་ལ། རླུང་སྐྲན་དེ་རེས་འགའ་ནི་སྐྱེ། རེས་འགའ་ནི་འབྲི་ཞིང་ན་སྟེ། ཉམས་ལ་རླུང་སྐྲན་དེ་སྲོག་ཆགས་གྲོག་མ་ཞིག་གིས་གང་བ་སྙམ་དུ་པྲྭ་པྲྭ་བྱེད་པ་ཟུག་ཅིང་ན་བ་འདི་ལྟ་བུ་ནི་རླུང་སྐྲན་གྱི་ནད་ཐབས་ཡིན་ནོ། །དེ་ལ་མཁྲིས་པ་ལས་སྐྲན་ནད་དུ་གྱུར་པའི་ནད་ཐབས་ནི། ལུས་ཚ་ལ་སྒྲེགས་པ་སྐྱུར་པོར་འོང་ངོ༌། །བརྒྱལ། ཐུར་དུ་འཁྲུ། ལུས་རྡུལ། སྐོམ། རིམས་ནད་ཀྱིས་འདེབས་བཞིན་མདོག་དང་ལུས་ཀྱི་མདོག་དང༌། སེན་མོ་རྣམས་སེར་པོར་སྣང༌། མཁྲིས་པའི་སྐྲན་དེ་ལག་པས་རེག་ན་མི་བཟོད། སྐྲན་དེ་རབ་རབ་བྱེད་ཅིང་མེ་བཞིན་འབར། སྐྲན་ཡོད་པའི་འཁོར་མེས་བསྲེགས་པ་བཞིན་ཆེའོ། །ནད་ཐབས་འདི་ལྟ་བུ་ནི་མཁྲིས་པའི་སྐྲན་ནད་ཅེས་བྱའོ། །དེ་ལ་བད་ཀན་ལས་སྐྲན་དུ་གྱུར་པའི་ནད་ཐབས་ནི་གློ་བག་ཏུ་གྱུར་ལ་ཁ་ཟས་ཡི་གར་མི་འོང༌། ཕོ་བའི་དྲོད་ཆུང། གྲང་བའི་རིམས་ནད་དང་ཆམ་པས་འདེབས། ཁོང་སྙོམ། དང་ག་མེར་མེར་པོར་བྱེད། ལུད་པས་བཀར། བཞིན་མདོག་དང༌། སེན་མོ་དང༌། ཤ་མཐང་གི་མདོག་དཀར་པོར་འདུག །བད་ཀན་ལས་སྐྲན་དུ་གྱུར་པ་ཉིད་ནི། ཁོང་པའི་ནང་གི་ཕུགས་ན་སྐྲན་སྲ་ཞིང་ལྕི་ལ། འཕོ་ཞིང་འགུལ་བ་དང༌། སྐྱེད་ད་བྲི་མེད་དེ་མལ་གཅིག་ན་བརྟན་པར་འདུག་ལ། སྐྲན་བེམ་བེམ་པོར་འདུག །བད་ཀན་གྱི་སྐྲན་རང་གི་གནས་སུ་འདུག་པ་དེ་ན་བ་ནི་བད་ཀན་གྱི་ནད་ཀྱི་དུས་དུས་སུ་ལྡང་ཞིང་ནའོ། །དེ་ལ་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གང་ཡང་རུང་བ་ལས། རླུང་དང་མཁྲིས་པ་ལྟ་བུ་ནད་སྣ་གཉིས་ལས་སྐྲན་དུ་གྱུར་པ་ནི་སྐྲན་ན་བའི་ནད་ཐབས་ཀྱང་ནད་སྣ་གཉིས་འདྲེས་པའི་ནད་ཐབས་སུ་འགྱུར་རོ། །རླུང་དང་མཁྲིས་པ་དང་བད་ཀན་སྣ་གསུམ་ལས་སྐྲན་དུ་གྱུར་པའི་ནད་ཐབས་ནི། རབ་ཏུ་ན་ལ་ཚ། སྐྲན་དེ་སྟུག་
ཅིང་སྲ་ལ་འབུར་འབུར་པོ་མཐོར་འགྱུར། སྐྲན་དེ་མྱུར་དུ་སྨིན་པར་འགྱུར་རོ། །ནད་འདུས་པ་ཚང་བའི་ནད་འདི་ནི་གསོར་མི་རུང་ངོ༌། །དེ་ལ་ཁྲག་སྐྲན་ནི་བུད་མེད་འབའ་ཞིག་ལ་འབྱུང་སྟེ། ཟླ་མཚན་ཟག་གམ་གསར་དུ་བུ་བཅས་སམ། འོན་ཏེ་མངལ་གྱི་ནད་དང་གཅིག་ཡོད་པ་ལས་ཁ་ཟས་རླུང་ནད་དུ་འགྱུར་བའི་བག་ཟོས་པ་དང༌། རླུང་ནད་སློང་བར་འགྱུར་བའི་བག་བསྟེན་པས་རླུང་ནད་ལངས་ནས་ཟླ་མཚན་ཟླ་རེ་ཞིང་དུས་སུ་འོང་བ་ནང་དུ་འགགས་ཏེ། ལྟོ་བ་ཆེར་སྐྱེས་ཏེ། རུམ་ན་བུ་ཆགས་བ་འདྲ་བར་སྣང༌། སྙིང་ན། ཁ་ཟས་ཀྱི་རོལ་ཅིག་ཡིད་ལ་འདོད་པ་སྙམ་བྱེད། ནུ་ཞོ་ཡང་ཆང་ཆུང་སྣང༌། ཁོང་རྨྱ་སྟེ། དེ་ལྟ་བུ་ལས་བགས་ཀྱིས་རླུང་ནད་དང་ཕྲད་པ་དང་སྐྲན་དེ་མཁྲིས་པའི་གནས་སུ་ཞེན་ནས་ཁྲག་སྐྲན་ཏེ། རླུང་དང་མཁྲིས་པ་ལས་འབྱུང་བ་ན་ལ་ཁོང་པའི་ནང་སྲ་བ་མེར་མེར་པོའི་བག་དང་ཁོང་ཚབ་དང༌། ཚད་པས་འཁྲུ། སྐོམ། རིམས་ནད་ཀྱིས་འདེབས། འདི་ལྟ་བུའི་ནད་བླ་ཐབས་སུ་ཡང་འགྱུར་རོ། །ཡང་ན་མངལ་གྱི་ནང་ན་ཁྲག་ཡོད་པ་བས་ནད་ཚབས་རབ་ཏུ་ཆེའོ། །མངལ་གྱི་ནང་ནས་ཀྱང་ཟག་ལ་དྲི་མི་ཞིམ་པ་དང༌། ཟུག་པའི་ནད་ཐབས་དང༌། ན་ལ་གཡོ་ཞིང་འཕར་བ་ཡང༌། དེ་ནི་མངལ་དུ་བུ་ཆགས་པ་ཞེས་མི་བྱའི་སྐྲན་མངལ་དུ་ཆགས་པ་ཡིན་ཏེ། སྐྲན་དེ་ལ་པྲྭ་པྲྭ་བྱེད། སྐྲན་དེ་ཉིད་གོང་བུར་གྱུར་ཏེ་འདུག་ཀྱང་གལ་ཏེ་ཚིགས་རིང་ཞིག་ལོན་ཞིང་འགུལ་ཏེ་པར་པར་བྱེད་ན་ཡང་དེ་ལྟ་བུ་ཡང་རུམ་ན་བུ་ཡོད་ཅེས་མི་བྱའི་མངལ་དུ་སྐྲན་དེ་ཉིད་ཆེར་སྐྱེས་ཞེས་བྱའོ། །ཡང་ན་སྐྲན་ནོ་ཅོག་རླུང་དང་མཁྲིས་པ་དང་བད་ཀན་སོ་སོའི་ནད་ཀྱི་གནས་ལ་བརྟེན་ཏེ་སྐྲན་དུ་གྱུར་པ་དང༌། འདུས་པའི་སྐྲན་དུ་གྱུར་པ་དེ་དག་ནི་གལ་ཏེ་ཡུན་རིང་པོ་ཞིག་ན་སྐྲན་སྨིན་ཏེ་རྡོལ་བར་འགྱུར་རོ། །ཡང་ན་ནི་སྨིན་ཅིང་རྡོལ་དུ་མི་རུང་ངོ༌། །ཁོང་འབྲས་ཀྱི་ནད་བྱུང་བ་ནི་སྐྲན་དང་མི་འདྲ་སྟེ། དེ་ནད་ཁྲག་ངན་པ་ལ་བརྟེན་པས། མྱུར་དུ་སྨིན་ཅིང་རྡོལ་བར་འགྱུར་རོ། །དེ་བས་ན་དེ་ནི་མྱུར་དུ་ཚ་བར་བྱེད་པས་ན་དེའི་ཕྱིར་ཞེས་བྱའོ། །དེ་ལ་སྐྲན་གྱི་ཕྱི་ནང་གི་བར་ན་ཡོད་པའི་ནད་ཐབས་ནི་ཆུ་སོ་དང༌། ལྟོ་བ་དང༌། སྙིང་དང༌། མཆེར་པ་དང༌། ཁོང་པའི་དྲོད་ཆུང་ཞིང་མདོག་
ཉམས། ཉམས་འཚག་བྲི། བཤང་གཅི་སྲི་ཞིང་འགགས། ཕྱི་རོལ་དུ་སྐྲན་འབྱུང་བ་ནི་ནད་ཐབས་འདི་དང་མི་འདྲའོ། །ནང་གྲོལ་གྱི་མཐའ་མ་ན་སྐྲན་ཡོད་པ་ནི། ནད་ཚབས་མི་ཆེའོ། །སྐྲན་འདུག་པ་དེའི་འཁོར་ན་ཤ་མདོག་ཀྱང་འགྱུར་ལ་ཕྱི་རོལ་དུ་གློ་གློ་བོར་ཆེར་སྣང་ངོ༌། །དེ་ལ་རླུང་ནད་ལས་ཧེན་ཀྱིར་འགྱུར་བ་ཡང་ཡོད་དེ། དེ་ནི་རླུང་གྱེན་དུ་རྒྱུ་བ་དང༌། ཐུར་དུ་རྒྱུ་བ་རྣམས་འགྱིལ་ཏེ་འགགས་པས་ལྟོ་བ་རབ་ཏུ་ཆེར་གྱུར་ལ་ཧེན་གྱིས་བྱུང་སྟེ། ཤིན་ཏུ་ན་བ་དེ་ནི་རླུང་ནད་ཀྱིས་ཧེན་ཀྱིར་གྱུར་པ་ཞེས་བྱའོ། །དེ་ཡང་རྡོ་བའི་གཏུན་བུ་འཇོང་པོ་ལྟར་ལྟོ་བ་ནས་ཡར་གྱེན་དུ་སྲ་ཞིང་མཁྲང་བ་སྟུག་པོ་མདུད་པ་ཅན་རྡོ་བའི་གཏུན་བུ་འཇོང་འཇོང་པོ་ལྟར་ཕྱིར་འབུར་ཞིང་གློ་བར་འབྱུང་བ་དེ་ནི་ཧེན་གྱི་གྱེན་དུ་བྱུང་བ་ཞེས་བྱའོ། །ཧེན་གྱི་ལྟོ་བ་ནས་དྲང་པོར་འདུག་པ་ནི། ཧེན་གྱི་ཐད་ཀར་འདུག་པ་ཞེས་བྱའོ། །ལོང་ཀ་ནས་རྒྱུ་ཞབས་གཞང་དང༌། དཀུ་དོའི་བར་དུ་ཐུར་དུ་ཟུག་ཅིང་གསང་ལ་བར་དུ་ན་བ་དེ་ནི་ཐུར་དུ་ཟུག་པའི་རླུང་ནད་ཅེས་བྱའོ། །ནད་ཐབས་དེ་ལས་བཟློག་སྟེ་ཚུལ་དེ་འདྲ་བ་ལས་ཐད་ཀར་ཟུག་སྟེ་ནའམ་གྱེན་དུ་ཟུག་སྟེ་ན་བ་དེ་ནི་གྱེན་དུ་ཟུག་པའི་རླུང་ནད་ཅེས་བྱའོ། །སྦྲགས་པ་རབ་ཏུ་མང་བ་དང༌། བཤང་བ་འོང་དུ་མི་རུང་སྟེ། འགགས་པ་དང་ཁ་ཟས་འགྲངས་ཤིང་ཚིམ་པར་ཟ་བའི་ནུས་པ་དང༌། རྒྱུ་མའི་ནང་ན་སྒྲ་ཁྲུ་ལུ་ལུ་ཟེར་ཞིང་དྲོད་ཆུང་སྟེ། ཟས་མི་འཇུ་བ་དང༌། ཧེན་གྱིས་འབུར་འབུར་པོར་བྱུང་ན། དེ་ལྟ་བུའི་སྐྲན་ཉེ་བར་འོངས་པའི་ནད་ཐབས་ཡིན་ཞེས་ཟེར་རོ། །འབྲས་ནད་དང༌། རྒྱུ་རླུགས་དང༌། སྐྲན་དང༌། འདི་སྣ་གསུམ་གྱི་ནད་གཞི་བཤད་པ་སྟེ་ལེའུ་བཅུ་གཅིག་པ་རྫོགས་སོ།། །།དམུ་རྫིང་གི་ནད་གཞི་བཤད་པའི་ལེའུ་བཅུ་གཉིས་པ་བཤད་པར་བྱའོ། །ཡང་ན་ནད་དོ་ཅོག་ཐམས་ཅད་ཀྱང་ཕོ་བའི་མ་དྲོད་ཆུང་བ་ལས་ནད་དུ་འགྱུར་རོ། །ཕོ་བའི་མེ་དྲོད་ཆུད་ན་དམུ་རྫིང་གི་ནད་དུ་འགྱུར་རོ། །དེ་ལ་དམུ་རྫིང་གི་ནད་དུ་གྱུར་པའི་ནད་གཞི་ནི་ཟས་མ་ཞུ་བ་དང༌། ཁ་ཟས་མི་འཕྲོད་པའི་བག་དང༌། ཁ་ཟས་རྩུབ་མོ་ཁེངས་བུ་ཞག་ལོན་པ་དང༌། ཟས་ཀྱི་རོ་དང་མདོག་
འགྱུར་བ་དང༌། བུད་མེད་ཀྱི་སྐྲ་དང༌། སེན་མོ་དང༌། ཤིང་ཚེར་ལྟ་བུས་རྒྱུ་མ་བརྟོལ་བ་དང༌། དྲི་མ་ལྟར་སོང་བ་དང༌། རླུང་དང་མཁྲིས་པ་ལ་སོགས་པ་དང༌། བཤང་གཅི་ལྟ་བུའི་དྲི་མ་འདི་རྣམས་ཁོང་དུ་བསགས་པས་ལུས་ཀྱི་སྲོག་ཟུངས་བདུན་སྟོད་སྨད་དུ་རྒྱུ་བ་དང༌། བད་ཀན་རྒྱུ་བའི་རྩ་རྣམས་འགགས་ཏེ། ལུས་ཁོང་ན་ཡོད་པའི་རླུང་སྲོག་ཅེས་བྱ་བ་དང༌། ཕོ་བའི་དྲོད་ཀྱིས་མེ་དང་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་འདི་རྣམས་ལ་གནོད་པར་བྱས། པགས་པ་དང་ཤ་མཐངས་ཀྱི་བར་དུ་ཡང་ནད་ཞུགས་ནས་གསུས་པ་ཆེར་སྐྱེས་པ་དེ་ནི་དམུ་རྫིང་གི་ནད་ཅེས་བྱའོ། །དེ་ལ་ཡང་རྣམ་པ་བརྒྱད་དེ། རླུང་གི་དམུ་རྫིང་དང༌། མཁྲིས་པའི་དམུ་རྫིང་དང༌། བད་ཀན་གྱི་དམུ་རྫིང་དང༌། འདུས་པའི་དམུ་རྫིང་དང༌། མཛེར་པ་ལས་དམུ་རྫིང་དུ་གྱུར་པ་དང༌། སྤུ་དང་སྐྲ་དང་རྟ་རྔའི་བག་ལྟ་བུ་དང༌། ཁ་ཟས་འདྲེས་པ་ཟོས་པ་དང༌། རྒྱུ་མའི་ནང་དུ་འཁྲིས་ཏེ་བཤང་བ་འགགས་ནས། བཤང་བ་དེ་མང་དུ་འཁྱིལ་པ་ལས་དམུ་རྫིང་དུ་གྱུར་པ་དང༌། ཁ་ཟས་ཀྱི་ནང་དུ་རུས་པ་དང༌། གྲ་མ་དང༌། ཉའི་གྲ་མ་དང༌། རྩ་དང༌། ཤིང་བུ་དང༌། གསེག་མ་རྣོན་པོའི་བག་ལྟོར་སོང་བ་དེས་རྒྱུ་མ་རྡོལ་ཏེ་བུ་བྱུང་ངམ་ཧ་ཅང་འགྲངས་ཆེས་པ་ཞིག་ལས་གླལ་བའི་དབུགས་ནང་དུ་རྔུབས་དྲགས་པས་རྒྱུ་མ་གས་ཏེ་ལྟོ་བའི་ནང་དུ་ཟག་ཅིང་འཁྱིལ་བས་དམུ་རྫིང་ཆགས་པ་དང༌། ཟས་མ་ཞུ་སྟེ་ཕོ་བར་བེའུ་སྣབས་ཆགས་པའི་སྟེང་དུ་སྣུམ་བག་དང༌། འཚལ་ནན་དུ་ཆུའི་བག་འཐུངས་པ་དང༌། འཚལ་ནན་དུ་ཆུ་ཧ་ཅང་མང་དུ་འཐུངས་པ་དང༌། ཕོ་བའི་དྲོད་ཆུང་བས་མ་ཞུ་བའམ། ཡང་ན་ཧ་ཅང་སྐེམ་པོར་གྱུར་པ་དེ་ལྟ་བུ་ལས་དྲོད་ཆུང་ཞིང་གྲང་ནད་རླུང་སྐྱེས་པས་ཁ་ཟས་ཟོས་པའི་བཅུད་དངས་མ་རྩ་སོ་སོར་འགྲོ་བའི་རྩ་སྒོ་ཡང་འགགས་ལ་བད་ཀན་གྱིས་ཀྱང་ཆོད་ལ་བད་ཀན་དང༌། དམུ་ཆུར་འདྲེས་ནས་ཆེར་སྐྱེས་པ་དེ་ནི་དམུ་རྫིང་ཞེས་བྱའོ། །དེ་ལྟར་དམུ་རྫིང་རྣམ་པ་དེ་བརྒྱད་གང་ལྟར་གྱུར་ཀྱང་རུང་སྟེ་དམུ་རྫིང་དུ་གྱུར་པའི་ནད་ཐབས་ནི། རྐན་དང་མཆུ་སྐམ། རྐང་ལག་དང་ལྟོ་བ་སྐྲངས། སེམས་དྲན་པ་དང་ཉམས་འཚག་དང་ཁ་ཟས་འདི་རྣམས་ལྔ་ལས་བྲི་སྟེ་
ཉམས། ལུས་ཤ་རིད་དེ་སྐེམ། གསུས་པ་ཆེར་སྐྱེ་སྟེ་ལུས་གཟུགས་སྤྱིར་བལྟས་ན་དམུ་རྫིང་གིས་བཏབ་པའི་མི་དེ་ཡི་དྭགས་འདྲའོ། །དེ་ལྟར་དམུ་རྫིང་གི་ནད་དུ་གྱུར་པ་དེ་བཀྲེས་ཏེ་ཁ་ཁ་བྱེད་པ་ཡང་ཉམས་ཏེ་མེད། ཁ་ཟས་ཟོས་ན་ཡང་ཡུན་རིང་དུ་མི་འཇུ་ལ་འཇུ་བའི་ཚེ་ན་ཡང་དང་ག་ཚ་ཞིང་སྐྱུར་བཞིན་དུ་འཇུ་ལ་ཁ་ཟས་ཞུའམ། མ་ཞུ་བའི་དྲོད་ཀྱང་མ་ཟིན་ལ་འགྲངས་པར་མི་ནུས། ཉམས་འཚག་ཀྱང་ཉིན་གཅིག་པས་ཉིན་གཅིག་ཅིང་བྲི་ལ་ཅུང་ཟད་ཅིག་ལས་བྱས་པས་བསྐྱོད་ན་ཡང་དབུགས་མི་བདེ་སྟེ་རྔམ་པ་དྲག་ཏུ་འབྱུང༌། བཤང་བ་ཁོང་དུ་བསོགས་ཤིང་སྲི་ལ་རྐང་པ་ཅུང་ཟད་སྐྲང༌། ཆུ་སོའི་མཚམས་སུ་ན་ཞིང་གང་སྟེ་རྒྱས། ཁ་ཟས་ཡང་བ་ཅུང་ཟད་ཟོས་ཀྱང་སྦོས་པ་བཞིན་དུ་འགྱུར་ཏེ། གསུས་པའི་གཉེར་མ་ནི་རངས། རྩ་ནི་རྒྱས། དམུ་རྫིང་དུ་གྱུར་པའི་ནད་ཐབས་འདྲ་སྟེ། མྱོས་ཤིང་སློན་བག་ཏུ་འགྱུར་ལ་ཁོང་པའི་དྲོད་ནི་དྲོ། བཤང་བའི་དྲི་མ་སྲི་ཞིང་འགགས་ན་དྲོད་ཆུང་བར་འགྱུར་རོ། །ལུས་ནི་ཚ་ཞིང་སྐྲངས་ལ་གསུས་པ་ཆེར་སྐྱེས་ཏེ། མཇུག་ཏུ་ལྟོ་བའི་ནང་དུ་འབྱུང་བར་འགྱུར་རོ། །དེ་ལ་དམུ་རྫིང་གི་ནད་རླུང་ལས་གྱུར་པའི་ཤས་ཆེ་ན་ཤ་མདོག་སྨུག་སྐྲང་པ་མེད། གསུས་པ་ཁུར་ཐོགས་པ་བཞིན་ལྕི་བ་ཡིན། རྩ་མང་པོའི་དྲ་བ་སྐར་ཁུང་རིས་བཞིན་དུ་གསུས་པ་བཀྲ། ལྟོ་བའི་ནང་ན་རྟག་པར་སྒྲ་འུ་རུ་རུ་ཟེར། ལྟེ་བ་དང་རྒྱུ་མར་ཟུག་ཅིང་རབ་ཏུ་ན། རླུང་ནད་ལས་གྱུར་ན་སྙིང་དང་རྐེད་པ་དང་ལྟ་བ་དང་གཞང་དང་ཆུ་སོ་གཡས་གཡོན་དུ་ཟུག་ཅིང་ན། དབུགས་ཐུར་དུ་སྒྲ་ཅན་དུ་འབྱུང༌། གཅིན་སྲི་སྟེ་ཅུང་ཟད་ཙམ་དུ་འབྱུང༌། ཕོ་བའི་དྲོད་ཧ་ཅང་ཆེ་བ་ཡང་མ་ཡིན། ཁར་རོ་མི་བྲོ་བ་ཡང་མ་ཡིན་ཏེ། ཟས་ཡི་གར་འོང་ཞིང་འདོད་དེ་འདི་ལྟ་བུ་ནི་རླུང་ནད་ཀྱི་ཤས་ཆེ་བ་ལས་དམུ་རྫིང་དུ་གྱུར་པ་ཞེས་བྱའོ། །དེ་ལ་རླུང་ནད་ཀྱི་དམུ་རྫིང་ནི་ལག་པ་དང༌། གཞང་དང་ཕོ་མཚན་གྱི་འབྲས་བུ་དང་ལྟོ་བ་འདི་རྣམས་སྐྲང༌། ལྟོ་བའི་སྟོད་དང་ལྟོ་བའི་སྨད་དང༌། རྩིབ་ལོགས་དང་རྐེད་པ་དང་རྒྱབ་དང༌། འདི་རྣམས་སུ་ན། རུས་པའི་ཚིགས་བྱ་བ་སྙམ་བྱེད། ལུད་པ་སྐམ་ལུད་ཀྱིས་བཀར། ལུས་ཀྱི་ཡན་ལག་
ན། རོ་སྨད་ལྕི། བཤང་བ་སྲི་ཞིང་འགགས། ལུས་ཀྱི་པགས་པའི་ཤ་མདོག་དང༌། སྐྲ་དང་སེན་མོ་ལ་སོགས་པ་གནག་ལ་རྩ་དམར། གསུས་པ་གློ་བུར་དུ་རེས་འགའ་ནི་སྐྱེ། རེས་འགའ་ནི་འབྲི། གསུས་པ་ཟུག་ཅིང་ན། རྩ་ཕྲ་མོ་ཟུག་ཅིང་རྒྱས། གསུས་པ་རྐྱལ་པ་བུས་པ་བཞིན་དུ་རྒྱས་ཏེ། གསུས་པ་རྒྱས་ན་རྐྱལ་པ་བུས་པ་བརྡབས་པ་སྐད་ཟེར་ལ་ལྟོ་བའི་ནང་ཕན་ཚུན་ཡན་མན་ཀུན་དུ་རླུང་རྒྱུ་ལན་ཞིང་ཟུག །དེ་ལ་མཁྲིས་པ་ལས་དམུ་རྫིང་དུ་གྱུར་པའི་ནད་ཐབས་ནི། རིམས་ནད་ཀྱིས་འདེབས། བརྒྱལ། ཁོང་ཚ། སྐོམ་དད་ཆེ། ཁའི་ནང་ཚ། མགོ་འཁོར། ཚད་པས་རབ་ཏུ་འཁྲུ། པགས་པའི་ཤ་མདོག་དང་སེན་མོ་ལ་སོགས་པ་སེར་པོར་སྣང༌། གསུས་པའི་མདོག་ཀྱང་སེར། ལྟོ་བའི་རྩ་རྣམས་ཀྱི་མདོག་ཀྱང་སེར་ལ་ཟངས་ཀྱི་ཁ་དོག་བཞིན་དམར། ལུས་རྡུལ་ལ་ཚ་ཞིང་བསྲེགས་པ་སྙམ་བྱེད་ལ་ལུས་ཀྱི་ངད་པར་འགྱུར། རེག་ན་འཇམ། མྱུར་དུ་སྨིན་ཅིང་རྣགས་ཏེ་ཟག་པར་འགྱུར་རོ། །བད་ཀན་ལས་དམུ་རྫིང་དུ་གྱུར་པའི་ནད་ཐབས་ནི། རྐང་ལག་གི་ལྷུ་ཚིགས་ན། རྐང་ལག་ཚོར་བའི་བག་མེད་དེ་བེམ་བེམ་པོར་འདུག །གསུས་པ་སྐྲངས་ལ་ལྕི། གཉིད་ཆེ། རྟག་ཏུ་སློན། ཟས་ཡི་གར་མི་འོང༌། དབུགས་མི་བདེ། ལུད་པ་ལུ། པགས་པ་དང་སེན་མོ་ལ་སོགས་པའི་མདོག་སྐྱ་བོར་འགྱུར་རོ། །དམུ་རྫིང་སྐྱེས་པའི་ལྟོ་བ་སྲ་ཞིང་མཁྲང་ལ་འཇམ། གསུས་པའི་སྟེང་དུ་རྩ་དཀར་པོ་ཆེན་པོས་གང༌། གསུས་པ་བགས་ཀྱིས་ཆེར་སྐྱེས་ཏེ་སྲ་ཞིང་མཁྲང༌། ལག་པས་མྱངས་ན་གྲང༌། གསུས་པ་ལྕི། རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཅར་འདུས་པ་ལས་དམུ་རྫིང་དུ་གྱུར་པའི་ནད་ཐབས་ནི། རླུང་དང་མཁྲིས་པ་དང་བད་ཀན་སོ་སོའི་དམུ་རྫིང་གི་ནད་ཐབས་བཤད་པ་སྟེ། དེ་ལྟ་བུའི་ནད་སྣ་ཚང་བའི་དམུ་རྫིང་དེ་ནི་འདུས་པའི་དམུ་རྫིང་ཞེས་ཀྱང་བྱ་སྟེ། འདུས་པའི་དམུ་རྫིང་གི་ནད་དུ་གྱུར་པ་ནི་བུད་མེད་ཀྱི་ཁ་ཟས་ཀྱི་ནང་དུ་སྐྲ་དང༌། སེན་མོ་དང་དྲི་མ་དང་གནོད་པར་འགྱུར་བའི་དབྱིག་དུག་དང༌། དུག་ལ་སོགས་པས་ཁོང་པ་ནང་དུ་ཁྲག་དང་ནད་རྣམས་བསྩགས་པས། གསུས་པ་ཡང་དམུ་རྫིང་ལྟར་སྐྱེལ།
ཁ་སྐམ། མགོ་འཁོར། བརྒྱལ་བའི་ནད་ཐབས་འདི་ལྟ་བུ་ནི་འདུས་པའི་དམུ་རྫིང་གི་ནད་ཐབས་ཡིན་ཏེ། གྲང་ལྷགས་དང༌། རླུང་དང་ནམ་རྨུས་ན་ནད་ན་བར་འགྱུར། མྱུར་དུ་སྨིན་ཅིང་རྣགས་ཏེ་མི་བཟད་པར་ན་བར་འགྱུར་རོ། །དེ་ལས་མཆེར་པ་ལས་དམུ་རྫིང་དུ་གྱུར་པ་ནི་ཁ་ཟས་ཧ་ཅང་ཆེར་ཟོས་པས་ནང་དུ་འཁྲུགས་ཏེ་མི་བདེ་བ་དང༌། ཕན་ཚུན་དུ་སོང་ཞིང་དྲག་ཤུལ་ཆེར་བསྐྱོད་པ་བྱས་པས་བུད་མེད་ལ་ཧ་ཅང་དྲགས་པ་དང༌། ལས་ཆེས་པས་དུབ་པ་དང༌། ལམ་རིངས་ཀྱིས་དུབ་པ་དང༌། བཀྲུ་སྨན་དང་སྐྱུག་སྨན་ལྟ་བུ་དྲགས་པས་ལུས་རྐེ་སྟེ་མཆེར་པ་གློ་གཡོན་ན་འདུག་པ་ཐུར་དུ་ལྷུང་ནས་མཆེར་པ་སྐྲངས་སམ། ཁྲག་གིས་རྒྱས་སམ་ཡང་ན་ཟས་ཀྱི་བཅུད་ཁུ་བ་མ་ཞུ་བས་ཆེར་སྐྲངས་པས་རྡོ་བའི་གཏུན་བུ་བཞིན་སྲ་བར་འགྱུར་ཏེ། རུས་སྦལ་གྱི་རྒྱབ་བཞིན་དུ་སྔར་མ་ཁྲང་བར་གྱུར་པ་ལས་བགས་ཀྱིས་ཆེར་སྐྱེས་ནས་ལྟོ་བར་དམུ་རྫིང་ལྟར་ཆགས་པ་དང༌། ན་བའི་ཐབས་ནི་དབུགས་མི་བདེ། ལུད་པ་ལུ། སྐོམ་དད་ཆེ། ཁ་ཟས་ཁར་རོ་ཅི་བྲོ་མི་ཚོར། ལྟོ་བ་ཆེར་རྒྱས་ལན། རིམས་ཀྱིས་འདེབས། ཁ་གདོང་གི་ཤ་མདོག་སྐྱ་བོ་རྦབ་རྦབ་པོར་འདུག །བརྒྱལ། སློན། ཁོང་ཚ་ཞིང་མྱོས་པ་དེ་ལྟ་བུར་འགྱུར་རོ། །རྩ་རྣམས་ནི་དམར་ཞིང་སྨུག་པའམ། སྔོ་ཞིང་སེར་ལ་མི་སྡུག་པ་དེ་ལྟ་བུར་འགྱུར་རོ། །བཤང་བ་ཐུར་དུ་འོང་དུ་མི་རུང་སྟེ། འགག་ཅིང་ན། གསུས་པ་ཆེར་སྐྱེས་པ་དང༌། མོང་མོང་པོར་གྱུར་པ་དང༌། སྐོམ་དང་སྐྱེས་པ་དང༌། ཁོང་ཚ་ཞིང་རིམས་ཀྱིས་འདེབས་པ་དང༌། ལུས་ལྕི་ཞིང་ཟས་ཡི་གར་མི་འོང་བ་དང༌། གསུས་པ་རྒྱས་ཏེ་སྲ་བར་འགྱུར་བ་དང༌། འདི་ལྟ་བུའི་བྱེ་བྲག་ལས་མཆེར་པའི་དམུ་རྫིང་དེ་རླུང་དང་མཁྲིས་པའམ་བད་ཀན་གྱིས་གང་ཆེ་བ་ལས་མཆེར་པའི་དམུ་རྫིང་དང་འདྲ་བར་གློ་གཡས་ན་མཆིན་པ་འདུག་པ་དེ་ཡང་ཁ་ཟས་ཧ་ཅང་ཆེར་ཟོས་པས་ནད་དུ་འཁྲུགས་ཏེ་མི་བདེ་བ་དང༌། ཕན་ཚུན་དུ་སོང་ཞིང་དྲག་ཤུལ་ཆེར་བསྐྱོད་པ་བྱས་པ་དང༌། བུད་མེད་ལ་ཧ་ཅང་དྲགས་པ་དང༌། ལས་ཆེན་པོས་དུབ་པ་དང༌། ལམ་རིངས་ཀྱིས་དུབ་པ་དང༌། བཀྲུ་སྨན་དང༌། སྐྱུག་སྨན་ལྟ་བུ་དྲགས་པས་ལུས་ཤ་རྐེ་སྟེ་མཆིན་པ་གཡས་ན་འདུག་པ་དེ་ཐུར་དུ་ལྷུང་ནས་མཆེད་པ་བཞིན་སྐྲངས་
ཏེ་དམུ་རྫིང་དུ་འགྱུར་རོ། །དེ་ལ་བྱ་སྒྲོ་དང་སྐྲ་དང་རྟ་རྔ་ལ་སོགས་པ་ཁ་ཟས་དང་འདྲེས་ཏེ་ཟོས་པ་དེས། རྒྱུ་མའི་ནང་འཁྲིས་ཏེ་འཁུམས་པས་བཤང་བཀུན་ནང་དུ་འཁྱིལ་ཞིང་འགགས་པ་དང་གཞང་འབྲུམ་གྱི་ནད་ཀྱིས་བཏབ་བམ། བཤང་བ་འགགས་ཏེ་འབྱུང་དུ་མི་རུང་བ་འམ་ཁ་ཟས་ཀྱིས་རྒྱུ་མའི་ནང་གི་ངོས་ལ་ཆགས་པས་མཁྲིས་པ་དང༌། བད་ཀན་དང་བཤང་གཅི་རྣམས་འགགས་ཏེ། འཁྱིལ་བས་རླུང་ཐུར་དུ་སེལ་བ་ཞེས་བྱ་བ་ཞིག །ལྟོ་ན་གནས་པ་དེ་འགགས་ཤིང་འཁྱིལ་བས་ནད་དུ་གྱུར་ཏེ། རླུང་དེས་ལུས་ཀྱི་ཁོང་ཚ། རིམས་ནད་ཀྱིས་འདེབས། སྐོམ། སྦྲིད་པ་འབྱུང༌། ལུད་པ་ལུ། དབུགས་མི་བདེ། བརླ་ན། ཀླད་པ་ན། སྙིང་ན། ལྟེ་བ་ན། གཞང་དང་འདི་རྣམས་ན་བས་བཤང་བ་འགག་ཅིང་འཁྱིལ། ཟས་ཡི་གར་མི་འོང༌། སློན། ལྟོ་བའི་ནང་དུ་རླུང་སྒྲ་འུ་རུ་རུ་ཟེར། རྩ་ཀུན་རྒྱས་ཏེ་སྔོ་ལ་སྨུག །ལྟེ་བའི་གོང་དུ་བ་མཇུག་འདྲ་བ་ཤུར་ཤུར་པོ་སྣང་བའི་ཧེན་གྱི་འབྱུང་བ་འདི་ནི། སྐྲ་དང་རྟ་རྔ་ལ་སོགས་པ་རྒྱུ་མའི་ནང་དུ་མཁྲིས་པའི་དམུ་རྫིང་ཞེས་བྱའོ། །དེ་ལ་རྒྱུ་མ་རལ་བ་ལས་དམུ་རྫིང་དུ་གྱུར་པ་ནི་རྣམ་པ་གཉིས་ཏེ། ཁ་ཟས་དང་རུས་པ་རྣོན་པོས་སམ། གསེག་མ་རྣོན་པོའི་བག་དང་འདྲེས་པས་རྒྱུ་མ་རྡོལ་བའམ། ཧ་ཅང་མ་འོས་པར་དྲགས་ཆེས་པས་རྒྱུ་མ་གས་པར་གྱུར་པ་དེ་ལྟ་བུ་ལས། ཁོང་བའི་ནང་དུ་ཡང་ཁ་ཟས་ཀྱི་སྙགས་སྙིགས་དང༌། བེའུ་སྣབས་སུ་བཅས་ཏེ་ལུག་པར་གྱུར་པ་དང༌། ཐུར་དུ་ཡང་བཤང་བ་ཉུང་ཤས་ཉུང་ཤས་མནམ་པོ་ཤེའུ་རུལ་ལྟ་བུ་སྤྱི་བག་ཏུ་འབྱུང་བ་མདོག་དམར་སེར་ཅན་དུ་འབྱུང་སྟེ། དེ་ལྟ་བུས་ལྟོ་བའི་ནང་ཡང་གང༌། ཐུར་དུ་ཡང་འདི་བཞིན་དུ་འབྱུང་སྟེ། ལྟེ་བ་མན་ཆད་ལྟེ་བ་ཆུས་གང་བ་བཞིན་ཆེར་སྐྱེ་ལ་ལུས་ཀུན་ཁྱབ། དབུགས་མི་བདེ། སྐོམ་དད་ཆེ། མགོ་འཁོར་བ་འདི་ལྟ་བུའི་ནད་ཐབས་ནི་རྒྱུ་མ་རྡོལ་བའི་དམུ་རྫིང་ཞེས་བྱའོ། །ཡང་ཁ་ཅིག་ན་རེ་ནད་དེ་ལྟ་བུ་ལ་རྒྱུ་མ་ཟག་པའི་དམུ་རྫིང་ཞེས་ཀྱང་ཟེར་རོ། །དེ་ལ་དམུ་ཆུའི་དམུ་རྫིང་ཞེས་བྱ་བ་ནི། སྣུམ་བག་ལ་སོགས་པ་རྟག་ཏུ་འཐུང་བ་ལ་ཞུགས་པ་དང༌། འཕྲལ་དུ་ཆུ་མང་དུ་འཐུངས་པ་དང༌། ཧ་ཅང་ཆུ་མ་འོས་པར་དྲག་ཏུ་འཐུངས་པ་དང༌། འདི་ལྟ་བུས་ཁོང་པའི་དྲོད་བྲི་སྟེ་ཕོ་བའི་དྲོད་ཆུང་བ་དང་ཡང་ན་ཧ་ཅང་སྐེམ་པར་གྱུར་པའམ་
འདི་ལྟ་བུའི་ཁོང་གྲང་ཞིང་རླུང་བག་ཆེར་སྐྱེས་པས་བད་ཀན་དང་ཆུ་འདྲེས་པ་འཁྱིལ་ཏེ་རྫིང་བ་ལས་ཇེ་ཆེ་ཇེ་ཆེར་སྐྱེས་པ་དེ་ཉིད་དམུ་རྫིང་ཞེས་བྱའོ། །དེ་ལྟར་དམུ་རྫིང་དུ་གྱུར་པ་དང༌། སྐོམ་དད་ཆེ། རྐུབ་ཏུ་ཆུ་ཟག་ཅིང་ན། ལུད་པས་བཀར། དབུགས་མི་བདེ། ཟས་ཡི་གར་མི་འོང༌། རྩ་རྣམས་མདོག་སྣ་ཚོགས་སུ་བཀྲ་ལ་རྒྱས་ཤིང་གང༌། གསུས་པ་ལ་མྱངས་ཤིང་བལྟས་ན་རྐྱལ་པ་ཆུས་གང་བ་བཞིན་འདུག་ལ། བསྐྱོད་ན་ཁོང་ན་སྐྱོག་སྐྱོག་ཟེར། ལུས་འདར། དེ་ལྟར་གསུས་པ་དམུ་རྫིང་དུ་གྱུར་ན་ཆེ་ལ་འཇམ། སྲ། ལྟེ་བའི་ཐད་ཀར་ཟླུམ། ནད་འདི་ལྟ་བུ་ལ་དཔྱད་མི་བྱེད་ཅིང་མི་གསོ་བར་ཡལ་བར་བོར་ན་ནད་དཀྱེལ་སྐྱེས་ཏེ། ཁོང་དུ་རུལ་ཏེ་རྣགས་ནས་རྣག་སླ་མོར་ཟག་ལ་རུས་པའི་ཚིགས་དང་རྩ་ཀུན་གྱི་ནང་དུ་ཡང་འགྲོ། ཁར་ཡང་འབྱུང༌། ལུས་ཀྱི་རྡུལ་དུ་ཡང་འབྱུང་ངོ༌། །ཡང་དམུ་རྫིང་དེ་གལ་ཏེ་ཐུར་དུ་འབྱུང་དུ་མི་རུང་ཞིང་འགགས་ན་རྒྱུ་མའི་ནང་དུ་འཁྱིལ་ཏེ། ལྟོ་བ་གཡས་གཡོན་དུ་ཐད་ཀར་གང་ཞིང་འདུག་གོ །དེ་ལྟར་གྱུར་ན་གསུས་པ་ལྕི་ལ་སྲ་ཞིང་ཟླུམ། བརྡབས་ན་སྦྲ་འབྱུང༌། གསུས་པ་མདོག་འཇམ། གསུས་པའི་རྩ་མི་སྣང་སྟེ་ལྟེ་བའི་ཐད་ཀར་བསྒུལ་ན་མེར་མེར་བྱེད་དེ་འདི་ལྟ་བུའི་ནད་ནི་ཆུའི་དམུ་རྫིང་ཞེས་བྱའོ། །དེ་ལྟར་དམུ་རྫིང་གི་ནད་རྣམ་པ་དེ་སྙེད་ལ་གསོ་དཀའ་སླའི་བྱེ་བྲག་ནི། རླུང་ལས་དམུ་རྫིང་དུ་གྱུར་པ་དང༌། མཁྲིས་པ་ལས་དམུ་རྫིང་དུ་གྱུར་པ་དང༌། དེ་བཞིན་དུ་བད་ཀན་ལས་དམུ་རྫིང་དུ་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང༌། མཆེར་པ་ལས་གྱུར་པ་དང༌། ཆུ་ལས་དམུ་རྫིང་དུ་གྱུར་པ་འདི་རྣམས་ནི་གོང་མ་བས་འོག་མ་རིམ་བཞིན་དུ་གསོ་དཀའོ། །དེ་ལྟར་དམུ་རྫིང་ངོ་ཅོག་གི་ནད་ནི། ཟླ་བ་ཕྱེད་ལོན་ཕན་ཆད་དམུ་རྫིང་གི་ནད་གང་ཡིན་པ་རྟོགས་པར་འགྱུར་རོ། །འདུས་པའི་དམུ་རྫིང་དང་ལྟོ་བར་ཆུ་འཁྱིལ་བའི་དམུ་རྫིང་དང༌། དམུ་རྫིང་ལྟ་བུར་གྱུར་པ་ལས་ནད་བླ་བརྣན་ལྟ་བུས་བཏབ་པ་དང༌། དམུ་རྫིང་གི་ནད་གང་ཡང་རུང་མི་འཚོ་བར་འགྱུར་བའི་འཆི་ལྟས་བྱུང་བ་དང༌། དང་པོ་སྐྱེས་པ་ནས་དམུ་རྫིང་དུ་གྱུར་པ་འདི་རྣམས་ལྟ་བུ་ནི་གསོ་དཀའོ། །དེ་ལ་གསོ་སླ་བ་ནི་དམུ་རྫིང་གསར་དུ་བྱུང་བ་དང༌། ཆུའི་དམུ་རྫིང་ལྟ་བུར་གྱུར་པ་དང༌། ནད་པའི་ཉམས་འཚག་གིས་ཐུབ་པ་
དང། གསོས་དང་སྨན་དཔྱད་དུ་ཡང་རུང་བ་འདི་རྣམས་ལྟ་བུ་ནི་གསོ་སླའོ། །དམུ་རྫིང་རྣམ་པ་བརྒྱད་བཤད་པ་སྟེ་ལེའུ་བཅུ་གཉིས་པ་རྫོགས་སོ།། །།སྐྱ་རྦབ་དང༌། འོར་ནད་དང༌། མེ་དབལ་གྱི་ནད་གཞི་བསྟན་པ་སྟེ་ལེའུ་བཅུ་གསུམ་པ་བཤད་པར་བྱའོ། །དེ་ལ་སྐྱ་རྦབ་ཀྱི་ནད་ནི་སྔར་ཇི་སྐད་དུ་བཤད་པ། ཁ་ཟས་ཚ་བ་དང༌། སྐྱུར་བ་དང༌། ལན་ཚྭ་ལ་སོགས་པ་དེ་ལྟ་བུས་མཁྲིས་པའི་ནད་ལྷག་པར་སློང་བར་བྱེད་པས་མཁྲིས་པའི་ནད་ཆེར་ལངས་པ་དང༌། མཁྲིས་པ་སྙིང་ལ་གནས་པ་དེ་རླུང་གི་སྟོབས་ཀྱིས་རྩ་ཆེན་པོ་བཅུའི་ནང་དུ་བཀྲམ་སྟེ་གྱེས་ནས་ལུས་ཐམས་ཅད་དུ་ཁྱབ་སྟེ། བད་ཀན་དང༌། པགས་པ་དང༌། ཁྲག་དང༌། ཤ་རྣམས་ཀྱི་ནང་དུ་ཞུགས་ཏེ་གནོད་པའི་ནང་དུ་གྱུར་ན། མཁྲིས་པ་དང་ཤ་དང་པགས་པའི་ནང་ན་བརྟེན་ཅིང་འདུག་པ་དེས་པགས་པའི་མདོག་ཀྱང་འགྱུར་ཏེ་སྐྱ་བ། སེར་བ། ལྗང་སྔོན་གྱི་བག་ཡོད་པ་དེ་ནི་སྐྱ་རྦབ་ཀྱི་ནད་ཅེས་བྱ་སྟེ། ཁ་དོག་དེ་གསུམ་གྱི་ནང་ནས་སྐྱ་བའི་ཤས་ཆེ་བས་དེའི་ཕྱིར་སྐྱ་རྦབ་ཀྱི་ནད་ཅེས་བྱའོ། །དེའི་ཕྱིར་ནད་དེས་ལུས་ལྕི་བ་དང༌། སྲོག་ཟུངས་ཀྱི་ཁམས་རྣམས་ལྷོད་པ་དང༌། མདངས་དང་ཡོན་ཏན་ཡང་ཟད་པས། ཁྲག་དང་ཚིལ་རྣམས་ཀྱང་བྲི་སྟེ། ཆུང་དུ་གྱུར། ལུས་ཀྱི་སྙིང་པོ་ཡང་མེད། དབང་པོ་རྣམས་ཀྱང་ལྷོད། ལུས་ཀྱི་ཡན་ལག་ཀྱང་བརྡུང་བ་སྙམ་བྱེད། ནད་པ་དེ་ཉམས་ལ་སྙིང་གནས་ཟག་པ་སྙམ་བྱེད། མིག་དང་མིག་ཕུགས་སྐྲངས། ཉམས་ལ་བྱིང་བ་སྙམ་བྱེད་ཅིང་ན། མཆིལ་མ་མང༌། གཅོམ་ཆུང་སྟེ་མང་དུ་སྨྲ་མི་ཕོད། ཁ་ཟས་ལ་ཚིག་པ་ཟ་ཞིང་མི་འདོད། གྲང་བའི་བག་མི་བཟོད། བ་སྦུ་རྣམས་ཀྱི་ཕོ་བའི་དྲོད་ཉམས། དཔྱི་མན་ཆད་རོ་སྨད་ཐུར་དུ་བྱིང་བ་སྙམ་བྱེད་དེ་ལྕི། རིམས་ཀྱིས་འདེབས། དབུགས་མི་བདེ། རྣ་བ་འབོད་ཅིང་སྒྲ་ཙི་རི་རི་ཟེར། ཁོང་ངལ། མགོ་འཁོར་ཏེ། སྐྱ་རྦབ་ཀྱི་ནད་ཐབས་སྦྱི་ནི་དེ་ལྟ་བུ་ཡིན་ནོ། །སྐྱ་རྦབ་ཀྱི་ནད་དེ་ཡང་རྣམ་པ་ལྔ་སྟེ། རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང༌། ས་ཞག་ལྟ་བུ་ཟོས་པ་ལས་སྐྱ་རྦབ་ཏུ་གྱུར་པ་རྣམ་པ་དེ་ལྔའོ། །སྐྱ་རྦབ་ཀྱི་ཐོག་མའི་ནད་ཐབས་ནི་སྙིང་འཕར། པགས་
པའི་ཤ་མདངས་རྩུབ། ཡི་ག་འཆུས། གཅིན་གྱི་མདོག་སེར། རྡུལ་མེད་ཁོང་པའི་ཕོ་བའི་དྲོད་ཆུང༌། ཉམས་བྱིང་སྟེ་ལྕི། ཁོང་ངལ་ལོ། །རླུང་ནད་ལས་གྱུར་པའི་སྐྱ་རྦབ་ཀྱི་ནད་ཐབས་ནི། ལུས་ཀུན་ན་ཞིང་ཟུག་ལ་འདར། མདོག་གནག་ཅིང་རྩུབ། རྩ་རྣམས་དང་སེན་མོ་དང་མིག་དང་བཤང་གཅི་རྣམས་ཀྱི་མདོག་སྨུག །ལུས་ནི་སྐྲང༌། ལྟོ་བ་ན་ཞིང་སྦོ། ཁར་རོ་བྲོ་བ་མི་ཚོར། རྟུག་སྐམ་དུ་འབྱུང༌། རྩིབ་ལོགས་དང༌། ཀླད་པའི་སྤྱི་བོར་ཟུག་ཅིང་ན་བ་དེ་ལྟ་བུ་ཡིན་ནོ། །མཁྲིས་པ་ལས་སྐྱ་རྦབ་ཏུ་གྱུར་པའི་ནད་ཐབས་ནི་རྩ་དང་སེན་མོ་དང་མིག་ལ་སོགས་པའི་མདོག་ལྗང་སྔོན་ལས་རྩ་སེར་པོར་སྣང༌། རིམས་ཀྱིས་འདེབས། དབུགས་མི་བདེ་སྟེ་མུན་པ་བཞིན་རྨུགས་ཞེས་བྱེད་པ་དང༌། སྐོམ་དད་སྐྱེ། ལུས་རྡུལ། བརྒྱལ། ཉམས་ལ་བསིལ་བའི་བག་འདོད། ལུས་མནམ་སྟེ་དྲི་མི་ཞིམ། ཁའི་ནང་ཚ། ཐུར་དུ་འཁྲུ། སྒྲེགས་པ་སྐྱུར་ལ་ཚ་བར་འབྱུང་བ་འདི་ལྟ་བུ་ཡིན་ནོ། །བད་ཀན་ལས་གྱུར་པའི་སྐྱ་རྦབ་ཀྱི་ནད་ཐབས་ནི་རྩ་དང་སེན་མོ་ལ་སོགས་པའི་མདོག་དཀར་པོར་སྣང༌། ཉམས་གློ་བག་ཏུ་འདུག །ཁའི་ནང་ལན་ཚྭའི་རོ་བྲོ། བ་སྤུ་རྣམས་ལངས་ཏེ་བརྩེ། སྐད་འགག །ལུད་པས་བཀར། སློན་པར་བྱེད་དོ། །འདུས་པ་ལས་གྱུར་པའི་སྐྱ་རྦབ་ཀྱི་ནད་ཐབས་ནི་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱི་སྐྱ་རྦབ་ཀྱི་ནད་ཐབས་ཀྱི་སྣ་གྲངས་འདྲེས་པར་ན་ལ་ཚབས་ཆེ་སྟེ་བརྣགས་པར་དཀའ་བ་དེ་ལྟ་བུ་ཡིན་ནོ། །ས་ཞག་སྦྱིན་པོ་ཟོས་པ་ལས་སྐྱ་རྦབ་ཀྱི་ནད་ཐབས་སུ་གྱུར་པ་ནི། ས་ཞག་རོ་བསྐ་བ་ཟོས་ན་རླུང་ནད་ཀྱི་སྐྱ་རྦབ་ཏུ་འགྱུར་རོ། །ཚ་བྲོ་བའི་ས་ཞག་ཟོས་ན་མཁྲིས་པའི་ནད་ཀྱི་སྐྱ་རྦབ་ཏུ་འགྱུར་རོ། །ས་ཞག་རོ་མངར་བ་ཟོས་ན་བད་ཀན་གྱི་ནད་ཀྱི་སྐྱ་རྦབ་ཏུ་འགྱུར་རོ། །དེ་ལྟར་ས་དེ་ལྟ་བུའི་བག་ཟོས་པས་ལུས་ཀྱི་སྲོག་ཟུངས་རྣམས་ལ་ཡང་གནོད་པའི་ནད་དུ་འགྱུར་བར་བྱེད་དོ། །ཁམ་པའི་ས་ཞག་རྩུབ་མོ་ཟོས་ན་ལུས་ཀྱང་རྩུབ་པར་འགྱུར་ལ། ནང་གི་རྒྱུ་མ་ཡང་བཙོས་པ་སྙམ་བྱེད་ཅིང་གང་ལ། ཁོང་པ་ནང་དུ་འགགས་ཏེ་ནད་ཐབས་ནི་གོང་མ་དང་འདྲའོ། །དེ་ལྟར་ཁམ་པའི་ས་ཞག་ཟོས་པས་རྐང་པ་དང༌། ལྟེ་བ་དང༌། ཁ་དང་ཕོ་མཚན་རྣམས་སྐྲང༌། བཤང་བ་ཐུར་དུ་སྲིན་བུ་ཅན་དུ་འབྱུང་ཞིང་བཀྲ་བག་དང་
འདྲེས་པར་འོང༌། ཁར་བད་ཀན་དང་ཁྲག་ཏུ་འདྲེས་པར་འོང་ངོ༌། །སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་པའི་ནད་པ་དེ་ལ། མཁྲིས་པ་སྐྱེ་བར་འགྱུར་བའི་ཁ་ཟས་བསྟེན་ན་མཁྲིས་པའི་ནད་ཆེར་སྐྱེས་པས། ཁོང་པའི་ནང་གྲོལ་དང༌། ལུས་ཀྱི་ཡན་ལག་གི་ཤ་ཁྲག་རྣམས་མཁྲིས་པ་ལས་བསྲེགས་ནས། མིག་སེར་གྱི་ནད་དུ་འགྱུར་ཏེ་མིག་དང༌། གཅིན་དང༌། པགས་པ་དང༌། སེན་མོ་དང༌། ཁ་གདོང་དང༌། བཤང་བ་རྣམས་ཀྱི་མདོག་སེར་པོར་སྣང༌། ལུས་ཚལ་ཟས་མི་འཇུ། སྐོམ་དད་ཆེ། ལུས་ཀྱི་མདོག་ནི་སྦལ་པ་བཞིན་སེར་པོར་སྣང༌། དབང་པོ་རྣམས་ཉམས་པ་འདི་ལྟ་བུ་ཡིན་ནོ། །མཁྲིས་པའི་ནད་རྒྱས་ན། སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་པར་མིག་སེར་གྱི་ནད་ཀྱིས་འདེབས་སོ། །འོར་ནད་ཀྱིས་བཏབ་པ་ཞིག་ལ་དཔྱད་མི་བྱེད་པར་ཡལ་བར་བོར་ན་ལུས་ཕྱོགས་སུ་ཆེར་སྐྲང་སྟེ། ནད་གསོ་དཀའ་བ་མིག་སེར་འོར་ཐབས་ཞེས་བྱ་བ་དེ་ལྟ་བུར་འགྱུར་རོ། །མིག་སེར་འོར་ཐབས་ཀྱི་ནད་དེ་ལ་དཔྱད་འཕྱིས་ན། ནད་ཧ་ལི་མ་ཀ་ཞེས་བྱ་བར་འགྱུར་ཏེ། དེའི་ནད་ཐབས་ནི་གདོང་པ་དང༌། ཤ་མདོག་ལྗང་ནག་སེར་བར་སྣང་སྟེ། རླུང་དང་མཁྲིས་པ་གཉིས་ཀྱི་ནད་ཀྱིས་མགོ་འཁོར། སྐོམ་དད་ཆེ། བུད་མེད་ལ་འདོད་པའི་བག་མེད། རིམས་ནད་ཀྱིས་ཅུང་ཟད་འདེབས། ཁོང་སྙོམ། ཉམ་ཆུང༌། ཕོ་བའི་དྲོད་བྲི། ཁྲག་ངན་པ་ནད་ཁྲག་ཏུ་འགྱུར། ཟས་མ་ཞུ་བའི་ཚུལ་དུ་སྦོ་ལ། མི་སློན་མི་འཁྲུ་བ་དེའི་ཚེ་ན། ནད་དེ་ནི་ཧ་ལི་མ་ཀ་ཞེས་བྱ་སྟེ། མིག་སེར་གྱི་ནད་འདི་རྣམས་ཀྱང༌། སྐྱ་རྦབ་ཀྱི་ནད་ལས་དཔྱད་འཕྱིས་པའི་བླ་བརྣན་དང་མིག་སེར་གྱི་ནད་རྣམས་ལྟ་བུར་འགྱུར་རོ། །མིག་སེར་གྱི་ནད་དེ་ལྟ་བུ་ལས་དཔྱད་འཕྱིས་ཏེ། བྱིང་ན་མིག་སེར་གྱི་ནད་དེ་ལྟ་བུ་དག་གི་བླ་བརྣན་གྱི་ནང་ན་གཙོར་ནི་འོར་ནད་དུ་འགྱུར་བའི་ནད་མང་བས་དེའི་ཕྱིར་འདིའི་རྗེས་ལ་འོར་ནད་ཀྱི་དམིགས་བསྟན་ཅིང་བཤད་དེ། འོར་ནད་དེ་ཡང་ཇི་ལྟ་བུ་ལས་འབྱུང་ཞེ་ན། མཁྲིས་པ་དང༌། ཁྲག་དང༌། བད་ཀན་གྱིས་རླུང་གི་ནད་བསླང་སྟེ། འདུས་པའི་ནད་དཀྱེལ་དུ་བསགས་པ་དེ་ཡང༌། རླུང་ནད་ཀྱིས་རྩ་རྣམས་ཀྱི་ནང་འཕྲོས་ཏེ། གྲམ་པ་ལས་རྩ་འགགས་ནས་ཤ་དང་པགས་པའི་ནང་དུ་ཞུགས་ཏེ། སྐྲངས་ལ་མཁྲང་བར་འགྱུར་བ་དེ་ནི་འོར་ནད་ཐམས་ཅད་ཀྱི་ཚུལ་ཡིན་ནོ། །འོར་ནད་དེ་ཡང་ནད་
གཞིའི་བྱེ་བྲག་དང༌། ནད་ཐབས་ཀྱི་བྱེ་བྲག་ལས། འོར་ནད་རྣམ་པ་དགུར་ཡང་བཤད་དེ། དེ་ནི་རླུང་དང༌། མཁྲིས་པ་དང༌། བད་ཀན་ལས་གྱུར་པའི་འོར་ནད་སྣ་གསུམ་དང༌། རླུང་དང་མཁྲིས་པ་དང་བད་ཀན་ནང་གི་གཉིས་གཉིས་སུ་འདྲེས་པའི་འོར་ནད་སྣ་གསུམ་དང། འདུས་པའི་འོར་ནད་དང་དུག་གིས་ཕོག་པའི་འོར་ནད་རྣམ་པ་དགུའོ། །ཡང་ན་རྟག་ཏུ་འོ་ར་ནད་དུ་སྐྲང་བ་དང༌། གློ་བུར་དུ་འོར་ཐབས་སུ་སྐྲང་བ་དང་གཉིས་སོ། །ཡང་ལུས་ཐམས་ཅད་འོར་ཐབས་སུ་སྐྲང་བའི་ནད་དང༌། ཡན་ལག་རྐང་ལག་སྐྲང་པའི་འོར་ནད་རྣམ་པ་གཉིས་སོ། །ཡང་འོར་ནད་རྣམས་གསུམ་ཡོད་དེ། ཕྱོགས་སུ་རྒྱས་པར་ཁྱབ་པའི་འོར་ནད་དང༌། མིན་བར་གློ་བོར་སྐྲང་བའི་འོར་ནད་དང༌། མདུད་པ་བཞིན་འབར་འབུར་དུ་སྐྲང་བའི་འོར་ནད་ཀྱི་བྱེ་བྲག་རྣམ་པ་གསུམ་མོ། །དེ་ལྟར་སྣ་ཚོགས་རྣམ་པ་འདི་ནི་འོར་ནད་དོ་ཅོག་གི་སྤྱིའི་ནད་དུ་འགྱུར་བའི་གཞི་ལས་འབྱུང་ངོ༌། །དེ་ལ་འོར་ནད་སོ་སོའི་ནད་གཞིའི་རྒྱུ་ཐ་དད་པས། འོར་ནད་སོ་སོའི་འགྱུར་བ་ནི་འོར་ནད་དུ་འགྱུར་བའི་ནད་ཀྱིས་བཏབ་པ་དང༌། ལས་དང༌། ཟས་སྨྱུང་བ་ལ་སོགས་པ་བྱས་པ་དང༌། རིད་ཅིང་ཉམ་ཆུང་ལ། ཟས་སླ་བག་ཟོས་པ་དང༌། ཟས་ཀྱི་ཚོད་ཧ་ཅང་དྲགས་པ་དང༌། ཡང་ཟས་སྤྱི་བག་དང༌། སྐྱུར་བག་དང༌། སྣུམ་བག་དང༌། བསིལ་བག་དང༌། ལན་ཚྭ་ཆེས་པ་དང༌། ཐལ་སྨན་རྣོན་པོ་ཀྵ་ར་ལྟ་བུ་བཏང་བ་དང༌། ཟས་ཚ་བའི་བག་དང༌། ཧ་ཅང་དྲོ་ཆེས་པ་དང༌། མྱ་ངན་གྱིས་བཏབ་པ་དང༌། ཆུ་མང་དུ་འཐུངས་པ་དང༌། ཉིན་པར་ཉལ་ཞིང་མཚན་མོ་མི་ཉལ་བ་དང༌། ཁམ་པ་སྦྱིན་པོ་ཟོས་པ་དང༌། གྲོང་ཁྲོད་ན་གནས་པ་བྱ་ཕག་ལ་སོགས་པའི་ཤ་ཟ་བ་དང༌། ཤ་སྐམ་ཟ་བ་དང༌། ཟས་མ་ཞུ་བ་དང༌། ཁོང་ངལ་བ་དང༌། བུད་མེད་ལ་དྲགས་པ་དང༌། རྐང་པས་ལམ་རིང་པོར་སོང་སོང་བ་དང༌། རྟ་མི་བདེ་བ་ལས་ལུས་གསིགས་པ་དང༌། དབུགས་མི་བདེ་བ་དང༌། ལུད་པས་བཀར་བ་དང༌། ཚད་པས་བཏབ་པ་དང༌། གཞང་འབྲུམ་གྱི་ནད་དང༌། ལྟོ་བའི་ནད་དང༌། མངལ་ནས་ཁྲག་ཟག་པ་དང༌། རིམས་ནད་ཀྱིས་བཏབ་པ་དང༌། སྦོས་ཏེ་ཟུག་པ་དང༌། སྦོས་ཏེ་འཁྱིལ་ནས་མི་སློན་པའི་འཁྲུ་བ་དང༌། སློན་པ་དྲགས་པ་དང༌། བུད་མེད་སྦྲུམ་མ་དང༌། མེ་དབལ་གྱི་ནད་ཀྱིས་
བཏབ་པ་དང༌། སྐྱ་རྦབ་ཀྱི་ནད་དང༌། འདི་ལྟ་བུའི་བག་གཞན་ཡང་ལུས་ལ་གནོད་པར་འགྱུར་བ་ལོག་པར་བསྟེན་པ་བྱས་པས་འོར་ནད་ཀྱི་དཀྱེལ་འབྲས་བུ་འདུས་ཤིང་བབས་ན། རོ་སྟོད་ཡན་ཆད་འོ་ར་ནད་སྐྲང་ངོ༌། །རོ་སྨད་དུ་ཆུ་སོར་ནད་བབས་ཏེ་དཀྱེལ་དུ་ཞུགས་ན། རོ་སྨད་མན་ཆད་སྐྲང་ངོ༌། །རྐེད་པར་བབས་ན་ལུས་ཀྱི་བར་རྐེད་པའི་འཁོར་སྐྲང་ངོ༌། །འོར་ནད་ལུས་ཀུན་དུ་ཞུགས་ན་ལུས་ཐམས་ཅད་སྐྲང་ངོ༌། །ལུས་ཀྱི་ཡན་ལག་རྐང་པའམ་ལག་པ་ལ་བབས་ན་ཡན་ལག་ཏུ་སྐྲང་ངོ༌། །དེ་ལྟར་འོར་ནད་ཀྱིས་འདེབས་ན་ནད་ཐབས་སྔར་རྩ་རྣམས་ཚ། ལུས་དང་རྐང་ལག་ལྕི་བ་དེ་རྣམས་ལྟར་ལྟར་བྱེད་དོ། །དེ་ལས་གྱུར་པའི་འོར་ཐབས་ནི་སྐྲང་བ་མལ་གཅིག་ཏུ་མི་སྐྲང་བར་ཕན་ཚུན་དུ་འཕོ་ལ་ལུས་དང་བ་སྤུ་རྩུབ། ཤ་མདོག་རྩ་གནག་ལ་དམར། ལུས་ཀྱི་པགས་པ་འཁུམས། རྐང་ལག་འདར། བ་སྤུ་བརྩེ་ཞིང་ཤ་མཐངས་ལ་རེག་ནན་ཞིང་མི་བདེ། ཟུག་ལ་རུས་པ་ཀུན་ཁ་བྱེ་བའམ་ཆག་པ་ཙམ་དུ་ན། ཤ་མདངས་བེམ་བེམ་པོར་འགྱུར་ཏེ་རེག་པ་མི་ཚོར། ནད་མྱུར་དུ་ལྡང་ཞིང་མྱུར་དུ་ཞི། སྐྲངས་པའི་སྟེང་དུ་མནན་ཅིང་བཙིར་ན་ཁུང་བུ་ངོར་ཞེས་འབྱུང༌། ཏིལ་གྱི་འབྲུ་མར་རམ། འབྲི་མར་ལྟ་བུ་དྲོན་པོར་བྱས་ཏེ། བསྐུ་ཞིང་མཉེས་ན་ཞི་བར་འགྱུར་རོ། །མཚན་མོ་ནི་སྐྲང་པ་བྲི། ཉིན་པར་ནི་ཆེར་སྐྲང༌། པགས་པའི་ཤ་མདངས་ཡུངས་མར་གྱིས་བསྐུས་པ་བཞིན་ཚ་བར་བྱེད། ཤ་མདངས་ཀྱི་མདོག་ནི་རྩ་སེར་དམར་གྱི་མདོག་ལ་ནག་པོར་སྣང་ངོ༌། །མཁྲིས་པ་ལས་འོར་ནད་དུ་གྱུར་པའི་ནད་ཐབས་ནི་པགས་པ་དང་བ་སྤུ་ཟངས་མདོག་ཏུ་སྣང༌། སྐྲང་བ་མྱུར་དུ་ལུས་ལ་མཆེད་ཅིང་མྱུར་དུ་ཞེ་ན། སྔར་ལུས་ཀྱི་རྐེད་པར་འོར་ནད་འབྱུང༌། སྐོམ་དད་ཆེ། ལུས་ཚ། རིམས་ནད་ཀྱིས་འདེབས། ལུས་རྡུལ། ལུས་རྡུལ་བག་ཏུ་མནམ། མྱོས་བག་ལ་མིག་འཁོར། གྲང་ཞིང་བསིལ་བའི་བག་འདོད། ཚད་པས་ཐུར་དུ་འཁྲུ་ཞིང་མནམ། ཤ་མཐངས་ལ་རེག་ན་མི་བཟོད་ལ་མདོག་འཇམ་མོ། །བད་ཀན་ལས་འོར་ནད་དུ་གྱུར་པའི་ནད་ཐབས་ནི་ལུས་གཡའ། ཤ་མཐངས་དང༌། བ་སྤུ་རྣམས་མདོག་དཀར། ཤ་མཐངས་ཁོང་མཁྲང་ཞིང་གྲང་ལ་ལྕི། མདོག་སྣུམ། འཇམ། ན་བ་ལ་ལྡང་དུ་བ་མེད་པར་རྟག །གློང་བག་ཏུ་འདུག་ལ་གཉིད་ཆེ།
སློན། ཕོ་བའི་མེ་དྲོད་ཉམས། སྐྲངས་པའི་སྟེང་དུ་མནན་ན་ཁུང་བུ་ལྕོངས་ཞེས་བྱེད། བད་ཀན་གྱི་འོར་ནད་འདི་འབྱུང་བ་ཡང་དཀོན། བྱུང་ན་ཡང་གསོ་དཀའ། མཚན་མོ་ནི་ཚབས་ཆེར་སྐྲང༌། བད་ཀན་གྱི་འོར་ནད་ལ་གཏར་ག་བཏབ་ན་ཡང་ཁྲག་མྱུར་དུ་མི་ཕྱིན། དྲོ་ཞིང་ཚ་བའི་བག་རག་ན་དགའོ། །རླུང་དང་མཁྲིས་པ་དང༌། བད་ཀན་ལྟ་བུ་གཉིས་གཉིས་སུ་འདྲེས་པའི་ནད་ཐབས་ནི་བད་ཀན་དང༌། མཁྲིས་པའི་འོར་ནད་སྣ་གཉིས་ཀྱི་ནད་ཐབས་སུ་ན་བ་ཡིན་ནོ། །འདུས་པའི་འོར་ནད་ཀྱི་ནད་ཐབས་ནི་རླུང་དང་མཁྲིས་པ་དང༌། བད་ཀན་གྱི་འོར་ནད་སྣ་གསུམ་གྱི་ནད་སྣ་ཚང་བའི་ནད་ཐབས་སུ་ན་བ་ཡིན་ན། དེ་ལ་སྣད་པའི་འོར་ནད་ཀྱི་ནད་ཐབས་ནི་མཚོན་ལ་སོགས་པས་ཚད་དམ་དྲལ་ཏམ། རྨས་སམ། ལྷགས་པའམ་ཁ་བས་རུལ་ཏམ་མེས་ཚིག་གམ། མཚོར་ཞུགས་ཏེ་ལུས་སྐྲངས་སམ། བསེ་རྩིའི་འབྲས་བུ་གོ་བེའམ། སྨན་ཀ་པི་ཀ་ཙུའམ། གྲ་མ་ལ་སོགས་པས་རེག་ཅིང་ཕོག་ན་སྐྲངས་པ་མཆེད་པར་འགྱུར་ཏེ། མདོག་དམར་པོར་སྣང་ལ་རབ་ཏུ་ཚ་སྟེ། འདི་ལྟ་བུ་སྣང་བའི་རྟགས་ཚང་བ་མཁྲིས་པའི་བག་ཏུ་གཏོགས་སོ། །དུག་གིས་ཕོག་པའི་འོར་ཞེས་བྱ་བ་ནི་སྲོག་ཆགས་གདུག་པའི་བག་ལུས་ལ་སོང་བའི་གཅིན་གྱིས་ཕོག་པ་དང༌། སོ་དང་མཆེ་བ་དང༌། སེན་མོས་ཟུག་ཅིང་སྐྲངས་པ་དང༌། སྲོག་ཆགས་གདུག་པའི་བག་མ་ཡིན་པས་རྟུག་གཅིན་དང༌། ཁུ་བ་ལྟ་བུའི་དྲི་མ་ཕོག་པ་དང༌། དུག་གི་ཤིང་གི་རླུང་ཁར་བབས་པ་དང༌། དབྱིག་དུག་གམ་དུག་སྦྱར་མའི་ཕྱེ་མ་རེག་པ་འདི་ལྟ་བུ་ལས་འོར་ནད་དུ་འགྱུར་རོ། །དེ་ལ་འོར་ནད་གསོ་བ་ནི། སྐྲང་བ་ཕན་ཚུན་དུ་འཕོ་བ་མི་མཁྲང་སྟེ་སྙི། ལུས་མྱུར་དུ་ཚ་ཞིང་རྩེ་འཇིལ། འོར་གསར་དུ་བྱུང་མ་ཐག་ལ་དེའི་སྟེང་དུ་ནད་བླ་བརྣན་གྱི་བག་མེད་པ་དེ་ལྟ་བུ་ནི་གསོ་སླའོ། །འོར་ནད་གསོ་དཀའ་བ་ནི་སྔར་ལོགས་ཤིག་ཏུ་བཤད་པ་ཡིན་ནོ། །དེ་ལ་མེ་དབལ་གྱི་ནད་ཐབས་ནི་རྣམ་པ་གཉིས་ཏེ། མཚོན་དང་རྡོ་དབྱུག་གིས་སྣད་པ་ལས་མེ་དབལ་གྱི་ནད་དུ་འགྱུར་བ་དང༌། རླུང་ངམ་མཁྲིས་པའམ་བད་ཀན་གྱིས་ནད་བསླང་སྟེ། མེ་དབལ་དུ་འགྱུར་བ་ནི་འོར་ནད་ཀྱི་ནད་གཞི་ལས་འོར་ནད་དུ་གྱུར་པ་དང་འདྲའོ། །མེ་དབལ་དེ་ཡང་རྣམ་པ་གསུམ་སྟེ། ཕྱི་རོལ་ན་གནས་པ་དང༌།
ནང་ན་གནས་པ་དང༌། གཉི་ག་ན་གནས་པ་དང་གསུམ་མོ། །འདི་གསུམ་ལ་གསོ་དཀའ་སླ་ཡང་རིམ་བཞིན་ཏེ། ཕྱིའི་མེ་དབལ་ནི་གསོ་སླ། ནང་གི་མེ་དབལ་ནི་གསོ་དཀའ། ཕྱི་ནང་གཉིས་ཀའི་མེ་དབལ་ནི་དེ་བས་ཀྱང་གསོ་དཀའོ། །ཡང་ན་མེ་དབལ་གྱི་ནད་ཀྱང་རླུང་དང་མཁྲིས་པ་དང༌། བད་ཀན་གྱིས་ནད་སློང་བར་འགྱུར་བའི་ནད་ལངས་ཏེ། མེ་དབལ་གྱི་ནད་དུ་འགྱུར་མོད་ཀྱི། ལྷག་པར་ནི་ཚ་བའི་བག་གིས་ནད་བསླང་སྟེ། ལུས་ཀུན་ལ་མེ་དབལ་གྱིས་ཁྱབ་པར་བྱེད་དེ། ནང་གི་མེ་དབལ་ནང་ན་གནས། ཕྱིའི་མེ་དབལ་ཕྱི་ན་གནས། ཕྱི་ནང་གཉིས་ཀའི་མེ་དབལ་ཡང་ཕྱི་ནང་གི་བར་ན་གནས་ཏེ། ནད་དེས་ལུས་ཀྱི་ནད་རྣམས་ལ་ཚ་བས་གདུངས་ལ་མྱོས་བག་ཏུ་བྱེད། རྩ་རྣམས་ཀྱི་སྒོ་འགག །སྐོམ་དད་ལྷག་པར་ཆེ། བཤང་གཅི་རེས་འགའ་ནི་མང་དུ་འོང༌། །རེས་འགའ་ནི་འགག་པར་བྱེད་ཅིང་སྲི། ཕོ་བའི་དྲོད་དང་ཉམས་འཚག་མྱུར་དུ་ཉམས་ཏེ། བྲི་བ་ཡིན་ཏེ་ནད་ཐབས་འདི་ལྟ་བུ་ནི་ནང་གི་མེ་དབལ་ཞེས་བྱའོ། །ཕྱིའི་མེ་དབལ་ནི་ནད་ཐབས་འདི་རྣམས་ལྟ་བུ་ལས་ཚུལ་བཟློག་སྟེ་ཤེས་པར་བྱའོ། །ཕྱི་ནང་གཉིས་ཀའི་མེ་དབལ་ནི་ནད་ཐབས་དེ་རྣམ་གཉིས་ལྟར་ནའོ། །མེ་དབལ་གྱི་ནད་ཐབས་སྤྱི་ནི་དེ་ལྟ་བུར་བལྟའོ། །རླུང་ནད་ལས་མེ་དབལ་དུ་གྱུར་པའི་ནད་ཐབས་ནི། རླུང་ནད་ལས་རིམས་སུ་གྱུར་པའི་ནད་ཐབས་དང་འདྲ་སྟེ། ཚ་བའི་ནད་ལུས་ཀུན་ཏུ་མཆེད་ལ་སྐྲང༌། ཟུག་ཅིང་ཕྲྭ་ཕྲྭ་བྱེད། ལུས་དང་ཡན་ལག་རྣམས་བརྡུང་བརྡུང་བ་སྙམ་བྱེད། བ་སྤུ་རྣམས་ལངས་ཤིང་བརྩེ་བ་འདི་ལྟ་བུར་བྱེད་དོ། །མཁྲིས་པ་ལས་མེ་དབལ་དུ་གྱུར་པའི་ནད་ཐབས་ནི་ལུས་ཀུན་ཏུ་མེ་དབལ་གྱི་ནད་མྱུར་དུ་མཆེད་ཅིང་འགྲོ། སྤྱི་ནི་མཁྲིས་པ་ལས་རིམས་ཚ་བར་གྱུར་པ་དང་ཐབས་གཅིག་སྟེ། ལུས་དང་བཞིན་མདོག་རབ་ཏུ་དམར་རོ། །བད་ཀན་ལས་མེ་དབལ་དུ་གྱུར་པའི་ནད་ཐབས་ནི་མེ་དབལ་གྱི་འབྲུམ་བུའི་འཁོར་གཡའ་ལ་པགས་པ་འཇམ་སྟེ། ནད་ཐབས་སྤྱི་ནི་བད་ཀན་གྱི་རིམས་དང་འདྲའོ། །དེ་ལྟར་མེ་དབལ་དང་འབྲས་ལ་སོགས་པ་བྱུང་ན་སྨན་དང་དཔྱད་མི་བྱེད་པར་ཡལ་བར་བཞག་ན་རླུང་དང་མཁྲིས་པ་དང་བད་ཀན་སོ་སོའི་ནད་ཀྱི་ཚུལ་ལས་བསགས་པ་སྨིན་ཏེ་རྡོལ་བ་དང་རྨའི་ཚུལ་ལ་སོ་སོའི་ནད་གང་ཡིན་པ་གསལ་བར་ཤེས་པར་འགྱུར་རོ། །དེ་ལ་
རླུང་དང་མཁྲིས་པ་སྣ་གཉིས་འདྲེས་པ་ལས་མེ་དབལ་དུ་གྱུར་པའི་ནད་ཐབས་ནི། རིམས་ནད་ཀྱིས་འདེབས། སློན། བརྒྱལ། ཚད་པས་རབ་ཏུ་འཁྲུ། སྐོམ་དད་ཆེ། མགོ་འཁོར། ལྷུ་ཚིགས་ཀྱི་རུས་པ་ཆག་པ་སྙམ་བྱེད། ཕོ་བའི་མེ་དྲོད་ཉམས། དབུགས་མི་བདེ། སྙིང་མུག་མུག་བྱེད་ཅིང་མུན་ཐིབས་ཐིབས་བྱེད་པ་བཞིན་དུ་མི་དྲན། ཁ་ཟས་ཡི་གར་མི་འོང༌། ལུས་དང་ཡན་ལག་ལ་མེ་དབལ་མཆེད་དོ་ཅོག་མེ་དབལ་གྱི་ནད་རྒྱ་སོལ་གྱི་མེ་མདག་འབར་བ་བཞིན་དུ་ཚ། ཤ་མདོག་གནག་ལ་སྔོ། ཡང་ན་ཁྲག་ནག་རྒྱས་པའི་དཀྱིལ་དུ་ཡང་སྩོགས་ཤིང་མེ་དབལ་གྱི་འབྲུམ་བུ་དེ་མེས་ཚིག་པ་འདྲ་བ་ཞིག་ཡོད་དེ། དེས་ལུས་ཐོག་ཐག་ཏུ་མྱུར་དུ་མཆེད་དེ་ཁྱབ་པ་དང་གནད་ཀུན་གྱི་ནང་དུ་ཡང་འཇུག་ཅིང་འགྲོ་ལ་ཆུ་སེར་ལྟ་བུའི་བག་ཟག་གོ །གལ་ཏེ་མེ་དབལ་རླུང་ནད་ཀྱི་ཤས་ཆེ་ན། ལུས་དང་ཡན་ལག་རབ་ཏུ་ན་ལ། མི་དྲན་ཏེ་མྱོས། གཉིད་ཆེ། དབུགས་མི་བདེ། དབུགས་ཀྱི་རྔམ་པ་དྲག་ཏུ་འབྱུང༌། སྐྱིགས་བུས་འདེབས་པའི་ནད་ཐབས་འདི་ལྟ་བུར་གྱུར་ན། ནད་པ་དེ་སྔས་གར་བོར་ཡང་དགའ་བ་དང་བདེ་བ་མེད་དོ། །སྐབས་སྐབས་སུ་རྐང་ལག་བརྐྱང་ཞིང་བྱ་རྨྱང་བྱས་ན་ཡང༌། ལུས་དང་སེམས་མི་བདེ་ཞིང་ཁོང་ངལ་བར་འགྱུར། སེམས་རྨོངས་བག་གིས་གསལ་ཏེ་གོ་དཀའ། གཉིད་ཆེ་བ་དེ་ལྟ་བུ་ནི་མེ་དང་འདྲ་བར་མེ་དབལ་ཞེས་བྱའོ། །དེ་ལ་མཛེར་པ་འདྲ་བར་འབྱུང་བ་ལས་མེ་དབལ་དུ་འགྱུར་བའི་ནད་ཐབས་ནི། བད་ཀན་ཆེར་སྐྱེས་པས་རླུང་འཁྱིལ་ཞིང་འགག་སྟེ། རླུང་འགགས་ཤིང་འཁྱིལ་བ་དེས། བད་ཀན་རྡོལ་ཏེ་རླུང་དེ་ཁྲག་གི་ནང་དུ་ཞུགས་ཏེ། ཁྲག་ནད་བསླངས་ནས་པགས་པ་དང༌། རྩ་ཕྲན་དང༌། ཆུ་བ་དང༌། ཤ་ཀུན་གྱི་ནང་དུ་ཁྲག་ནད་ཞུགས་ནས་ཐོར་བུ་ཕྲ་མོ་རིང་པོ་དང༌། ཐོར་བུ་སྦོམ་པོ་སྲ་བ་མཛེར་པ་དང་འདྲ་བར་འབྱུང་སྟེ། མང་པོ་ཕྲེང་བ་བཞིན་དུ་ཆགས་ཏེ་མདོག་དམར་པོར་འདུག་པ་སྡེ་ལྟ་བུར་བྱུང་རབ་ཏུ་ན། རིམས་ཀྱིས་འདེབས། དབུགས་མི་བདེ། ལུད་པས་བཀར། ཚད་པས་རབ་ཏུ་འཁྲུ། ཁ་སྐམ། སྐྱིགས་བུས་འདེབས། སློན། མགོ་འཁོར། རྨོངས་བག་ཏུ་
འགྱུར། པགས་པའི་ཤ་མདོག་མི་སྡུག །བརྒྱལ། ལུས་དང་ཡན་ལག་ཀུན་བརྡུང་བརྡུང་བ་སྙམ་བྱེད། ཕོ་བའི་མེ་དྲོད་ཉམས་པར་གྱུར་པའི་ནད་ཐབས་འདི་ལྟ་བུ་ནི་མཛེར་པ་ལྟ་བུའི་མེ་དབལ་གྱི་ནད་བད་ཀན་དང་རླུང་གཉིས་ཀྱིས་སློང་སྟེ་བད་ཀན་དང་མཁྲིས་པ་ལས་ནི་རིམས་སུ་འགྱུར་རོ། །བད་ཀན་གྱིས་ནི་ལུས་དང་ཡན་ལག་རེངས་པའི་བག་ལ་གཉིད་ཆེ། གློ་བག་ཏུ་འདུག །ཀླད་པ་ན། ལུས་ཀྱི་ཡན་ལག་ན་ཞིང་བརྐྱང་བསྐུམ་བྱེད་འདོད། ཚིག་མང་དུ་སྨྲ། ཟས་ཡི་གར་མི་འོང༌། མགོ་འཁོར། བརྒྱལ། ཕོ་བའི་མེ་དྲོད་ཉམས། རྐང་ལག་གི་རུས་པ་རྣམས་ཆག་པ་སྙམ་བྱེད། སྐོམ་དད་ཆེ། དབང་པོ་རྣམས་མི་གསལ་ལ་ལྕི། ཚད་པ་བེའུ་སྣབས་སུ་འཁྲུ། དང་ག་རྫིང་ཞིང་གང་བ་སྙམ་བྱེད། དེ་ནས་རྩ་ཆེན་པོ་ཀུན་གྱི་ནང་དུ་ཞུགས་ཤིང་འགྲོ་ལ། ཕལ་ཆེར་ནི་ཕོ་བའི་ནང་དུ་ནད་ཞུགས་ནས། ལུས་ཀྱི་ཕྱོགས་ཡན་གར་ན་བ་ནི་མ་ཡིན་གྱི། ལུས་ཀུན་དུ་ན་སྟེ། དེས་ན་ཐོར་བུ་སེར་པོ་དང༌། དམར་པོ་དང༌། དཀར་པོས་གང་བས་ན། ནོར་བུ་སྐར་ཕྲན་ལྟར་སྣང་སྟེ། ལུས་མདོག་གནག་ལ་འཇམ། དྲི་མ་ཅན་དུ་འགྱུར། འོར་ཐབས་སུ་སྐྲང༌། ལུས་ལྕི། ཐོར་བུ་རྣགས་པའི་ཟབས་ཆེ། རབ་ཏུ་དྲེད་ཆེ་སྟེ་ཚ་ལ་རུལ་ཞིང་རྣགས། ཤ་ཀུན་ཀྱང་རུལ་ཞིང་རྣགས་ཞིག་ནས། རྩ་རྒྱུས་ཉི་ཚེ་གསལ་བར་སྣང་སྟེ། ལུས་མི་རོ་ལྟར་གྱུར་པ་འདི་ནི་འདམ་འདྲ་བའི་མེ་དབལ་གྱི་ནད་ཅེས་བྱའོ། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་འདུས་པའི་མེ་དབལ་གྱི་ནད་ནི། མེ་དབལ་གྱི་ནད་ཐབས་ཐམས་ཅད་ཚང་བར་ན་སྟེ། འདུས་པའི་མེ་དབལ་གྱི་ནད་དེས། ལུས་ཀྱི་སྲོག་ཟུངས་བདུན་ལ་མྱུར་དུ་ཁྱབ་པར་བྱེད་དོ། །མཚོན་གྱིས་རྨས་པ་ལས་ཁྲག་ནད་ལངས་ཏེ། ཆུ་སེར་དང་ཚ་བ་སྐྱེས་ན་མེ་དབལ་གྱི་ནད་ཐབས་སུ་འགྱུར་ཏེ། དེ་ལ་རླུང་ནད་ཀྱིས་ཀྱང་མཆེད་ནས། མོན་སྲན་དཀར་རུ་འདྲ་བར་འབྱུང་སྟེ། སྐྲངས་ལ་རིམས་ནད་ལྟ་བུར་འགྱུར་རོ། །ཚ་ལ་དེ་མར་སྨུག་ཏུ་འགྱུར་རོ། །མེ་དབལ་གྱི་ནད་དེ་ལ་གསོ་དཀའ་སླའི་བྱེ་བྲག་ཏུ་རླུང་དང་མཁྲིས་པ་དང་བད་ཀན་སྣ་རེའི་མེ་དབལ་ནི་གསོ་སླའོ། །རླུང་དང་མཁྲིས་པ་ལྟ་བུ་སྣ་གཉིས་ལས་མེ་དབལ་དུ་གྱུར་ལ་ནད་བླ་བརྣན་གྱིས་བཏབ་ན་ཡང་གསོ་སླའོ། །མེ་
དབལ་གྱི་ནད་དེ་ལ་གསོ་དཀའ་བ་ནི། རླུང་དང་མཁྲིས་པ་ལྟ་བུ་སྣ་གཉིས་ལས་མེ་དབལ་དུ་གྱུར་པ་མཚོན་གྱིས་རྨས་ཏེ་རྨ་རེད་པའི་མེ་དབལ་དང༌། ནད་ཐམས་ཅད་འདུས་པའི་མེ་དབལ་གྱིས་ལུས་ཀྱི་གནས་ཀུན་དུ་ཁྱབ་པ་དང༌། རྩ་དང༌། ཆུ་བ་དང༌། ཤ་དང་འདི་རྣམས་ཀུན་རུལ་ཏེ། རོ་བཞིན་མནམ་པོར་གྱུར་པ་འདི་ལྟ་བུའི་མེ་དབལ་ནི་གསོ་དཀའོ། །སྐྱ་རྦབ་དང༌། འོར་ནད་དང༌། མེ་དབལ་གྱི་ནད་གཞི་བཤད་པ་སྟེ་ལེའུ་བཅུ་གསུམ་པ་རྫོགས་སོ།། །།མཛེ་ནད་དང༌། ལྟོར་སྲིན་བུ་འཇུག་པའི་ནད་གཞི་བཤད་པ་སྟེ། ལེའུ་བཅུ་བཞི་པ་བཤད་པར་བྱའོ། །དེ་ལ་མཛེ་ནད་ཀྱིས་འདེབས་པའི་ནད་གཞི་ནི། ཁ་ཟས་མི་འཕྲོད་པ་གནོད་པ་ལྟ་བུ་ལ་སོགས་པ་ཟོས་པ་དང་ལུས་ཀྱི་བྱ་བ་བསྐྱོད་པ་དང༌། འདུག་པ་དང༌། ཉལ་བ་ལ་སོགས་པ་གནོད་པ་མི་འཕྲོད་པར་འགྱུར་བའི་བག་བྱས་པ་དང༌། དགེ་བའི་མི་དམ་པ་དག་ལ་སྨོད་པ་དང། སྲོག་གཅོད་པ་དང༌། གཞན་གྱི་ནོར་འཕྲོག་པ་ལ་སོགས་སྡིག་པའི་ལས་ལ་བརྟེན་པ་དང༌། འདི་ལྟ་བུ་སྔོན་གྱི་ཚེ་བྱས་སམ། ད་ལྟ་འཕྲལ་དུ་བྱས་པའི་སྡིག་གིས། ཁོང་ནས་ནད་བསླང༌། ནད་རྩ་ཀུན་གྱི་ནང་དུ་གྲམ་སྟེ་ཞུགས་ནས། ཤ་དང་པགས་པ་དང༌། ཁྲག་དང་ཆུ་སེར་གྱི་ནད་ལངས་ཏེ་ནང་གི་ཤ་རྣམས་ཀྱང་ཁོང་སླ་བར་གྱུར་ནས། མཛེ་ནད་ལུས་ཀྱི་ཕྱིར་འབྱུང་ངོ༌། །མཛེ་ནད་འབྱུང་བའི་ཐབས་ནི་མཛེ་ནད་ངན་པས་པགས་པའི་མདོག་མི་སྡུག་པར་བྱེད་དོ། །མཛེ་ནད་ཀྱིས་ཐེབས་པ་ལས་སྨན་དཔྱད་མི་བྱེད་པར་ཡལ་བར་བོར་ན། ལུས་ཐམས་ཅད་མ་རུངས་པར་གྱུར་ནས། ལུས་ཀྱི་ནང་གི་སྲོག་ཟུངས་བདུན་ཡང་མཛེ་ནད་ཀྱིས་རྒྱས་ཏེ། ནང་ཐམས་ཅད་རུལ་བར་འགྱུར་བ་དང༌། ལུས་ཀྱི་ཕྱི་ཡང་རུལ་ཏེ་རྣགས་ཤིང་རུལ་ནས་དེའི་ནང་དུ་འབུ་ཕྲ་མོ་ཞུགས་ནས་ལུས་ཀྱི་སྦུ་དང༌། པགས་པ་དང༌། ཆུ་བ་ཕྲ་མོ་དང༌། རྩ་ཆེན་པོ་དང་རུས་པ་ལ་སོགས་པ་ཀུན་གྱི་ནང་དུ་ཞུགས་ཏེ། ལུས་ལ་ཟ་བར་བྱེད་པ་འདི་ནི་མཛེ་ནད་ཅེས་བྱའོ། །ཤ་བཀྲ་གཟི་གུའི་ནད་ནི་གོང་མ་ལྟ་བུའི་ནད་དེ་མ་ཡིན་ཏེ། ཕྱི་རོལ་གྱི་ནད་ཅེས་བྱའོ། །ཡང་ན་མཛེ་ནད་གསོ་དཀའ་བ་རྣམ་པ་བདུན་ཡོད་དེ། རླུང་དང་མཁྲིས་པ་དང་བད་ཀན་སྣ་རེའི་མཛེ་ནད་རྣམ་གསུམ་
དང། རླུང་དང་མཁྲིས་པ་ལ་སོགས་པ་གཉིས་གཉིས་ནད་འདྲེས་པའི་མཛེ་ནད་རྣམ་གསུམ་དང༌། འདུས་པའི་མཛེ་ནད་དང་བདུན་ནོ། །མཛེ་ནད་གང་གིས་བཏབ་ཀྱང་རུང༌། རླུང་དང་མཁྲིས་པ་དང་བད་ཀན་གསུམ་ལས་འགྱུར་ཏེ། དེ་གསུམ་ལ་རླུང་ངམ་མཁྲིས་པ་ལྟ་བུ་ལ་སོགས་པ་ཤས་གང་ཆེ་བ་ལས་མཛེ་ནད་ཀྱི་མིང་དུ་འདོགས་སོ། །དེ་ལ་རླུང་ནད་ལས་མཛེར་གྱུར་པའི་མིང་ནི་ཐོད་པ་ལྟ་བུ་ཞེས་བྱའོ། །མཁྲིས་པ་ལས་གྱུར་པའི་མཛེ་ནད་ནི། ཤིང་ཨུ་དུམྦཱ་རའི་འབྲས་བུ་སྨིན་པ་འདྲའོ། །བད་ཀན་ལས་གྱུར་པའི་མཛེ་ནད་དང༌། རྐང་ཤུ་གཉིས་ནི་ཟླུམ་པོ་གོར་གོར་པོར་འབྱུང་ངོ༌། །མཛེ་རི་ཤ་ཞེས་བྱ་བ་ནི་རླུང་དང་མཁྲིས་པ་གཉིས་ལས་འབྱུང་ངོ༌། །མཛེ་ནད་པགས་པ་གཅིག་པ་དང༌། མཛེ་ནད་དུ་གཏོགས་པ་འབྲུམ་བུ་ཕྲ་མོ་དང༌། ཤ་བཀྲ་དང༌། འབྲས་བྱེར་བ་དང༌། འདི་རྣམས་ནི་རླུང་དང་བད་ཀན་གཉིས་ལས་འབྱུང་ངོ༌། །ཤུ་བ་དང༌། ཤ་ཏ་རུ་ཤིང་དང༌། པུཎྜ་རཱི་ཀ་དང༌། འབྲུམ་བུ་ཙག་ཙག་པོར་འབྱུང་བ་དང༌། གཡན་པ་དང༌། ཙར་མ་ད་ལ་དང༌། འདི་རྣམས་ནི་བད་ཀན་དང་མཁྲིས་པ་གཉིས་ལས་འབྱུང་ངོ༌། །རླུང་དང་མཁྲིས་པ་དང་བད་ཀན་གསུམ་འདུས་པ་ལས་མཛེར་གྱུར་པ་ནི་ཀ་ཀ་ན་ཞེས་བྱའོ། །དེ་ལ་མཛེ་ནད་ཐོད་པ་ལྟ་བུ་དང༌། ཤིང་ཐོག་ཨུ་དུམྦཱ་ར་སྨིན་པ་ལྟ་བུ་དང༌། ཟླུམ་པོ་གོར་གོར་པོར་འབྱུང་བ་དང༌། གསུམ་མཛེ་ཀ་ཀ་ན་དང༌། པུཎྜ་རཱི་ཀ་འདྲ་བ་དང༌། ཨ་རི་ཤྱའི་ལྕེ་དང༌། ཤ་དང༌། འདི་བདུན་ནི་མཛེ་ནད་ཆེན་པོ་ཞེས་བྱ་སྟེ་གསོ་དཀའ་བ་ཡིན་ནོ། །མཛེ་ནད་འདི་ལྟ་བུ་འབྱུང་ན། སྔར་ན་བའི་ནད་ཐབས་ནི་ཤ་མཐངས་རབ་ཏུ་འཇམ། ཡང་ན་རེག་ན་རབ་ཏུ་རྩུབ། ཡང་ན་ནི་ལུས་རབ་ཏུ་རྡུལ། ཡང་ན་ནི་རྡུལ་མེད། པགས་པའི་ཤ་མདོག་མི་སྡུག །ལུས་ཚ། ཕྱོགས་སུ་གཡའ། ཡང་ལུས་ཀྱི་ཤ་མཐངས་བེམ་བེམ་པོར་གྱུར་ཏེ་ཚོར་བའི་བག་མེད། ཁོང་དུ་ཟུག་ཅིང་ན། ཁོང་དུ་ཐོར་བུ་ལས་རྨར་གྱུར་པ་ཀུན་ལྷག་པར་རབ་ཏུ་ན། མཛེ་ནད་མྱུར་དུ་འབྱུང་ལ་ནད་མི་འབྱང་སྟེ། ཡུན་རིང་དུ་ན། མཛེ་ནད་བྱུང་སྟེ་ཆེར་སྐྱེས་པའི་ཉེན་ཀོར་གྱི་པགས་པ་རྩུབ། ནད་ལྡང་བའི་གཞི་ཆུང༌། ཅུང་ཟད་ཙམ་གྱིས་ཀྱང་ནད་ཆེ་བར་འགྱུར་བ་སྤུ་ལངས་ཤིང་འགྲེང་ལ་རེག་ན་བརྩེ།
མདོག་གནག་ལ་འདི་ལྟ་བུར་གྱུར་ན་མཛེ་ནད་གང་ཡང་རུང་བ་དང་པོ་འོང་བའི་ནད་ཐབས་ནི་ནའོ། །དེ་ལ་མི་ཐོད་ལྟ་བུར་འབྱུང་བའི་ནད་ཐབས་ནི་ཤ་མདོག་སྨུག །པགས་པའི་མདོག་རྩུབ། བེམ་བེམ་པོར་གྱུར་ཏེ་ཚོར་བའི་བག་མེད། ལུས་རྩུབ། ལུས་ཐོག་ཐག་ཀུན་ཏུ་མཛེ་ནད་ཀྱིས་ཁྱབ་པར་གང༌། ལུས་ཀུན་གྱི་བ་སྤུ་ལངས་ཤིང་བརྩེ། ཟུག་ཅིང་ན་བའི་ཚབས་ཆེ། ལུས་ཕྱོགས་སུ་གཡའ་བ་ནི་ཆུང་ལ། མཛེ་ནད་ཀྱིས་མྱུར་དུ་མཆེད་ཅིང་ཁྱབ་པར་འགྱུར་བའི་ནད་ཐབས་ནི་ཐོད་པ་ལྟ་བུ་ཞེས་བྱའོ། །མཛེ་ནད་ཤིང་ཏོག་ཨུ་དུམྦཱ་ར་ལྟ་བུའི་ནད་ཐབས་ནི། བ་སྤུ་པགས་པའི་མདོག་ནི་ཟངས་བཞིན་དམར། རྩ་རྣམས་ནི་སྐྱ་བོར་གྱུར། ལུས་ཀྱི་ཤ་ཁྲག་རུལ། ལུས་ཚལ་ན་བའི་ཚབས་ཆེ། མཛེ་ནད་མྱུར་དུ་འབྱུང་ལ་ལུས་འཇིག་ཅིང་འདྲུལ། འབུ་སྲིན་གྱིས་གང་བའི་ནད་ཐབས་འདི་ལྟ་བུ་ནི། མཛེ་ནད་ཤིང་ཨུ་དུམྦཱ་རའི་འབྲས་བུ་སྨིན་པ་ལྟ་བུ་ཞེས་བྱའོ། །མཛེ་ནད་ཟླུམ་པོ་གོར་གོར་པོར་འབྱུང་བའི་ནད་ཐབས་ནི། ཕན་ཚུན་དུ་མི་འཕོ་བར་མལ་གཅིག་ན་འདུག །ཉམས་ཤིག་ཤིག་པོ་གློང་བག་ཏུ་འདུག་ལ། ལུས་ལྕི། ལུས་ཀྱི་ཤ་མཐངས་འཇམ། ཤ་མདོག་དཀར་ལ་རྩ་དམར། མཛེ་ནད་ལུས་ཀུན་དུ་མྱུར་དུ་མཆེད་ཅིང་འགྲོ་བ་མ་ཡིན། མཛེ་ནད་ཐོར་བུ་འདྲ་བར་འབྱུང་བ་དེ་དང་ཕན་ཚུན་འདབ་འབྲེལ་ཞིང་འབྱར་ལ། མཛེའི་ཤུ་བ་གློ་ཞིང་འབུར། ལུས་ཕྱོགས་སུ་གཡའ། རྣག་དང་ཆུ་སེར་ཟག །ནང་འབུས་གང༌། ཤུ་བའི་མཐའ་མ་ཀུན་འཇམ་ལ་སེར་པོར་སྣང་བ་ཟླུམ་པོ་གོར་གོར་པོ་ཤ་སྟག་ཏུ་འདུག་པའི་ནད་ཐབས་འདི་ལྟ་བུ་ནི་བད་ཀན་གྱི་མཛེ་ནད་ཟླུམ་པོ་གོར་གོར་པོར་འབྱུང་བའི་ནད་ཐབས་ཞེས་བྱའོ། །གཡའ་ལ་ཐོར་བུ་རྩ་གནག་པ་ཞིག་བྱུང༌། དེ་ལས་ཆུ་སེར་ཟག་པ་ནི་གླང་ཤུ་བའི་རྩར་རྩི་ཞེས་བྱའོ། །མཛེ་ནད་རི་ཤྱའི་ལྕེ་འདྲ་བའི་ནད་ཐབས་ནི་ལུས་རྩུབ་ལ་ཤུ་བ་འདྲ་བར་འབྱུང་བའི་མཐའ་དམའ། ནང་གནག །དབུས་གློ་ལ་མཐོ། ཟུག་ཅིང་ན། ལུས་ཚ། རྣགས་ཏེ་ལུས་ཚ། ལུས་ཀུན་ན་ཞིང་རྩུབ་པས་གང་ལ། འབུ་ཡང་མང་དུ་ཞུགས་པ་འདི་ནི་རི་ཤྱ་ལ་ལི་འདྲ་བའི་མཛེ་ནད་ཅེས་བྱའོ། །མཛེ་ནད་པགས་པ་གཅིག་པུ་
ཞེས་བྱ་བ་ནི་པགས་པ་གླང་པོ་ཆེའི་ཀོ་བ་འདྲ་བར་རེག་ཅིང་མྱངས་ན་སྲ་ལ་སྟུག་པ་འདི་ནི་མཛེ་ནད་བཞི་ཆར་འོང་བ་ཡིན་ཏེ། ལུས་ལས་རྡུལ་མི་འབྱུང༌། མདོག་ནི་ཉ་ལྤགས་འདྲའོ། །འབྲུམ་བུ་ཕྲ་མོ་ཙིག་ཙིག་པོ་འབྱུང་བའི་ནད་ཐབས་ནི་ལུས་ཀྱི་ཤ་མཐངས་རྩུབ་ལ་ལུས་ལ་ཐུག་ཐུག་པོར་བྱུང་བ་མྱངས་ན་སྲ། གཡའ་ཞིང་རྩུབ་ལ་པགས་པའི་མདོག་ནག་གོ །ཤ་བཀྲ་ནི་ནང་རྩུབ་ལ་ཕྱི་རོལ་འཇམ། ཕུག་ན་གློག་པ་འབྱུང༌། རེག་ན་འཇམ་ལ་པགས་པའི་མདོག་དཀར། ལ་ལ་ནི་ཟངས་ལྟར་དམར་བ་ཡང་ཡོད། ཁ་དོག་ནི་ཤིང་ཀི་ནའི་མེ་རྟོག་འདྲ། ཤ་བཀྲའི་ནད་འདི་ནི་རོ་སྟོད་དུ་ཕལ་ཆེར་འབྱུང་ངོ༌། །འབྲས་བྱུང་སྟེ་དེ་ནས་གཡའ་ཞིང་དམར་པོར་གྱུར་པ་དེ་ནི་མི་འབྱེར་བའི་འབྲས་ཞེས་བྱའོ། །ཞིག་སྟེ་རབ་ཏུ་ན་ལ་ཆེན་པོ་མི་གཡའ་བར། ཐོར་བུ་འདྲ་བའི་ཕོལ་མིག་དམར་པོས་གང་བ་འདི་ནི་རྐང་ལག་ཞིག་པ་ཞེས་བྱའོ། །ཤུ་བའི་ནད་ཐབས་ནི་རིང་ལ་མཆེད་པ། པགས་པའི་མདོག་ནི་རྩ་དཱུར་བའི་འདབ་མ་ལྟར་ལྗང་སྔོན་ནམ། ཟར་མའི་མེ་ཏོག་ལྟར་རྩ་སྔོ་ལ། ཤུ་བ་གོར་གོར་པོ་འབུར་ལ་ལིང་ལིང་པོར་འབྱུང༌། ཅུང་ཟད་གཡའ་བ་ནི་ཤུ་བ་ཞེས་བྱའོ། །རྨ་ཁ་བརྒྱ་པའི་མཛེ་ནད་ནི་ལྷུ་ཚིགས་ལ་འབྱུང་སྟེ། སྔར་ལུས་ཚ་ཞིང་ན། མཛེ་ནད་འབྱུང་བའི་དྲུང་གི་འཁོར་སྦོམ་ལ་ནང་དུ་ནི་གནག །རྨ་ཁ་མང་དུ་འབྱུང༌། རྣགས་ཤིང་རུལ་ཏེ། འབུ་འཇུག་པའི་ནད་འདི་ནི་རྨ་ཁ་བརྒྱ་པའི་མཛེ་ནད་ཅེས་བྱའོ། །མཛེ་ནད་པདྨ་པུཎྜ་རཱི་ཀ་འདྲ་བ་འབྱུང་བའི་ནད་ཐབས་ནི་ལུས་གཡའ་ལ་ཚ་ཞིང་ན། འབུར་འབུར་པོར་སྐྲང་བའི་མཐའ་དམར། དབུས་དཀར། ཁྲག་གིས་རྒྱས་ཏེ། མེ་ཏོག་པདྨའི་འདབ་མ་ལྟར་རྒྱས་ལ་སྟུག་པོ་དེ་རྡོལ་ཏེ་ཁྲག་དང་ཆུ་སེར་འཛག་པ་འདི་ནི་པུཎྜ་རཱི་ཀ་ལྟ་བུའི་མཛེ་ནད་ཅེས་བྱའོ། །མཛེ་ནད་འབྲུམ་བུ་ལྟ་བུའི་ནད་ཐབས་ནི་ལུས་ཀྱི་ཤ་མཐངས་འབྲུམ་བུ་དཀར་པོ་དང༌། སྨུག་པོས་གང་བ་འདི་ནི་མཛེ་ནད་འབྲུམ་བུ་ལྟ་བུ་ཞེས་བྱའོ། །མཛེ་ནད་གཡན་པའི་ཕོལ་མིག་ལྟ་བུ་ཕྲ་མོ་གནག་ལ་རྩ་སྨུག་པོ་ཕྲ་མོ་མང་པོ་ཤ་སྟག་བྱུང་བ་རབ་ཏུ་གཡའ་ཞིང་ན་ལ་རྣག་ཞུགས་པ་ལྟ་བུ་ནི་རྐུབ་ཚོས་དང༌། དཀུ་དོ་དང༌། ལག་སོར་གྱི་བར་དང༌། གྲུ་མོར་འབྱུང་བ་འདི་ནི་
མཛེ་ནད་གཡན་པ་ཞེས་བྱའོ། །མཛེ་ནད་ཁྲག་གིས་པགས་པ་མྱགས་པ་ཞེས་བྱ་བ་ནི། ལུས་གཡའ་བར་རབ་ཏུ་དྲོ་ཞིང་ཚ། ཐོར་བུ་རེག་མི་བཟོད་པ་དེ་ལྟ་བུ་བྱུང་བ་ལས་ཁྲག་གིས་རྒྱས་ན་པགས་པ་ཕྱོགས་སུ་མྱགས་པ་འདི་ནི་པགས་པ་མྱགས་པའི་མཛེ་ནད་ཅེས་བྱའོ། །འབྲས་བུ་ཀ་ཀ་ནན་ཏི་ལྟ་བུའི་མཛེ་ནད་སྔར་ནི་མདོག་དམར་ལ་གནག །དེའི་རྗེས་ལ་རབ་ཏུ་ཚ་ཞིང་ན་ནས་མཛེ་ནད་ཐམས་ཅད་ནི་ཚུལ་དང་རྟགས་དང་ལྡན་པ་དེ་ཤ་མདོག་ཀྱང་སྣ་གཅིག་ཏུ་མ་ཟད་དེ། རྣམ་པ་སྣ་ཚོགས་སུ་བཀྲ་བར་སྣང་བ་འདི་ནི་མཛེ་ནད་ཀ་ཀ་ནན་ཏིའི་འབྲས་བུ་ཞེས་བྱའོ། །ཡང་མཛེ་ནད་ཐམས་ཅད་ཀྱི་ནད་དམིགས་གང་ཡིན་པའི་བྱེ་བྲག་ནི་གོང་དུ་རླུང་དང་མཁྲིས་པ་ལ་སོགས་པ་ནད་གཞི་ཐ་དད་པ་ལས་མཛེ་ནད་དུ་གྱུར་པའི་དམིགས་བསྟན་པ་དང༌། མཛེ་ནད་ཀྱི་དབྱིབས་དང༌། མདོག་ཇི་འདྲ་བ་དང༌། ཇི་ལྟར་ན་བའི་དམིགས་དང༌། རླུང་དང་མཁྲིས་པ་ལ་སོགས་པ་ཤས་གང་ཆེ་བ་དེ་ལྟ་བུ་ལས་མཛེའི་ནད་དམིགས་ཤེས་པར་གྱིས་ཤིག །དེ་ལ་མཛེ་ནད་གསོར་མི་རུང་བའི་ནད་ནི་རླུང་དང་མཁྲིས་པ་དང་བད་ཀན་འདུས་པའི་ནད་གཞི་ཆེན་པོར་གྱུར་ལ། མི་འཚོ་བའི་མཚན་མ་དང༌། ལྟས་ངན་པ་ཡང་བྱུང་བ་དང༌། མཛེ་རུས་པའི་ནང་དུ་ཞེན་པ་དང༌། རྐང་པ་ལ་ཞེན་པ་དང༌། ཁུ་བ་ལ་ཞེན་པ་དང༌། འདི་རྣམས་ལྟ་བུ་ནི་གསོ་དཀའ་སྟེ་མི་འཚོའོ། །དེ་ལ་ཚིལ་གྱི་ནང་དུ་ཞུགས་པའི་མཛེ་ནད་ནི། ནད་དེ་ལས་མི་ལ་མི་སྐྱེ་བ་ཙམ་དུ་གསོར་རུང་ངོ༌། །མཁྲིས་པའི་ནད་ལས་མཛེར་གྱུར་པ་དང༌། རླུང་དང་མཁྲིས་པ་ལྟ་བུ་གང་ཡང་རུང་བ་སྣ་གཉིས་འདྲེས་པ་ལས་མཛེར་གྱུར་པ་དང༌། ཁྲག་དང་ཤ་ལ་མཛེ་ཞུགས་པ་འདི་ལྟ་བུ་ནི་གསོ་དཀའ་བ་ཞེས་བྱའོ། །བད་ཀན་དང་རླུང་ནད་ཤས་ཆེ་བའི་མཛེ་ནད་དང༌། པགས་པ་ཉི་ཚེ་ལ་མཛེ་ནད་བྱུང་བ་དང༌། རླུང་ངམ། མཁྲིས་པའམ་བད་ཀན་གང་ཡང་རུང་བ་སྣ་གཅིག་ལས་མཛེ་ནད་དུ་གྱུར་པ་འདི་རྣམས་ལྟ་བུའི་མཛེ་ནད་ནི་གསོ་དཀའ་བ་མ་ཡིན་ནོ། །དེ་ལ་མཛེ་ནད་པགས་པ་ཉི་ཚེ་ལ་བྱུང་བ་ནི། ཟུག་ཐབས་སུ་ན། པགས་པའི་མདོག་མི་སྡུག །པགས་པའི་མདོག་རྩུབ་པ་ཡིན་ནོ། །མཛེ་ནད་ཁྲག་ལ་བབས་པར་གྱུར་ན་ལུས་རྔུལ་ཆེ།
གཉིད་ཆེ་སྐྲང་བ་ཡིན་ནོ། །མཛེ་ནད་ཤ་ལ་བྱུང་ན་རྐང་པ་དང༌། ལག་པ་དང༌། རྐང་ལག་གི་ཚིགས་སུ་འབྲུམ་བུ་ཙིག་ཙིག་པོ་འབྱུང་ཞིང་རྣགས་ཏེ་རྐང་ལག་གི་ཚིགས་སུ་ནད་ཚབས་ལྷག་པར་ཆེའོ། །མཛེ་ནད་ཚིལ་ལ་བབས་པར་གྱུར་ན་ལག་བཞ་། འགྲོ་མི་ནུས། རྐང་པའམ། ལག་པ་རྣགས་ཏེ་ཞིག་པར་འགྱུར་རོ། །མཛེ་ནད་རུས་པ་རྐང་པ་ལ་བབས་པར་གྱུར་ན་སྣའི་རུས་པ་ཞོམ། མིག་དམར། སྐད་འགགས། མཛེ་ནད་རྡོལ་བའི་རྨ་ཁར་འབུ་འཇུག་གོ །མཛེ་ནད་ཁུ་བ་ལ་བབས་པར་གྱུར་ན། ཆུང་མ་དང་བུ་ལ་ཡང་འབྱུང་བར་འགྱུར་རོ། །དེ་ལྟ་བས་ན་མདོར་ན་ལུས་ཀྱི་སྲོག་ཟུངས་བདུན་པོ་ཁྲག་དང་ཤ་དང༌། ཚིལ་ལ་སོགས་པར་མཛེ་ནད་གང་ལ་བྱུང་ཡང་རུང༌། མཛེ་ནད་ཀྱི་ནད་ཐབས་རིམ་པ་བདུན་དུ་ཤེས་པར་གྱིས་ཤིག །ཤ་བཀྲ་གཟི་གུར་འདུག་པ་ནི་མཛེ་ནད་གཅིག་པུ་ལས་འོངས་ཏེ། དེའི་ནང་ན་ཡང་ཤ་བཀྲ་གཟི་གུ་ཚབས་ཆེན་པོ་མི་སྡུག་པར་གྱུར་པ་ནི་བསལ་བའི་དཔྱད་དཀའ་སྟེ། ཤ་བཀྲ་སྐམ་པོ་རྣག་ཁྲག་མི་ཟག་པ་ནི་ཁྲག་དང་ཤ་དང༌། ཚིལ་ལས་འབྱུང་བར་འགྱུར་རོ། །རླུང་ནད་ལས་ཤ་བཀྲར་གྱུར་པ་ནི། ཤ་མདོག་རྩུབ་ལ་དམར་བའོ། །མཁྲིས་པ་ལས་ཤ་བཀྲར་གྱུར་པ་ནི་ཟངས་མདོག་དང༌། པདྨའི་མདོག་ལྟར་རྩ་དམར། ལུས་ཚ། སྤུ་ཀུན་འབྱིའོ། །བད་ཀན་ལས་ཤ་བཀྲར་གྱུར་པ་ནི་མདོག་དཀར་ལ་སྟུག །ལུས་ལྕི་ཞིང་གཡའ་བ་ཡིན་ནོ། །ནད་ཁྲག་དང༌། ཤ་དང༌། ཚིལ་དང༌། འདི་གསུམ་ལས་ཤ་བཀྲ་གཟི་གུར་གྱུར་པའི་ཤ་མདོག་སོ་སོར་བསྟན་པ་དེ་ལ་ཤ་བཀྲའི་ནད་རྣམ་གཉིས་གཅིག་ཏུ་གྱུར་པ་ནི་གསོ་དཀའོ། །རླུང་གི་ཤ་བཀྲ་བས་མཁྲིས་པའི་ཤ་བཀྲ་གསོ་དཀའོ། །མཁྲིས་པའི་ཤ་བཀྲ་བས་བད་ཀན་གྱི་ཤ་བཀྲ་གསོ་དཀའོ། །ཤ་བཀྲ་དཀར་པོ་མ་ཡིན་པ་དང༌། བ་སྤུ་མ་བྱི་སྟེ། ཕལ་ཆེ་བ་དང༌། ཤ་བཀྲ་ནད་འདབ་མ་འདྲེས་ཏེ། སོ་སོ་ན་འདུག་པ་དང༌། གསར་དུ་བྱུང་མ་ཐག་པ་དང༌། མེའམ་སྨན་གྱིས་བསྲེགས་པ་འདི་ལྟ་བུ་ནི་གསོ་སླའོ། །འདི་ལྟ་བུ་མ་ཡིན་པ་གཞན་ནི་གསོ་དཀའོ། །མདོམས་དང༌། ལག་པ་དང༌། མཆུར་བྱུང་ན་གསེར་ཡང་རུང་སྟེ། སྨན་དཔྱད་ཀྱིས་བསྩལ་དཀའོ། །
མཛེ་ནད་འདི་ལྟ་བུས་བཏབ་པའི་མི་ལ་ལུས་རེག་གམ། ཟན་གཅིག་ཟ་འམ། མལ་གཅིག་གམ་སྟན་གཅིག་ལ་འདུག་པ་ལ་སོགས་པ་འདི་ལྟ་བུ་ཀུན་གྱི་ནད་འགོ་བར་འགྱུར་ཏེ། ལྷག་པར་མིག་ནད་དང༌། མཛེ་དང་ཤ་བཀྲ་ལ་སོགས་པའི་ནད་ནི་འགོ་ཞེས་བྱའོ། །མཛེ་ནད་རྣམ་པ་བཅྭ་བརྒྱད་བཤད་པ་རྫོགས་སོ།། །།ལུས་ཀྱི་སྲིན་བུ་སྣ་ཚོགས་བཤད་པ། མིའི་ལུས་ལ་སྲིན་བུ་རྣམ་པ་གཉིས་ཏེ། ཕྱི་དང་ནང་གི་སྲིན་བུའོ། །དེ་ལ་ཕྱི་རོལ་གྱི་སྲིན་བུ་ནི་དྲི་མ་དང་བད་ཀན་དང་ཁྲག་ལ་སོགས་པ་ལས་འབྱུང་ཞིང་གནས་ཏེ། དེ་ལ་ཡང་མདོར་རྣམ་བཞིའོ། །མིང་གི་བྱེ་བྲག་ཏུ་དབྱེ་ན་རྣམ་པ་ཉི་ཤུ་ཡོད་དེ། དེ་ལ་ཁྲག་ལས་བྱུང་བ་ནི། ཕྱི་རོལ་གྱི་སྲིན་བུ་སྟེ། དབྱིབས་དང༌། མདོག་ཀྱང་ཏིལ་འབྲུ་ཙམ་སྐྲ་དང་ལུས་ལ་གནས་པའི་སྲོ་ཤིག་རྣམ་གཉིས་ཡིན་ནོ། །སྲོ་ཤིག་གིས་ཀྱང་ལུས་ལ་ཐོར་བུ་དང་འབྲུམ་བུ་དང་གཡན་པར་བྱེད་དོ། །ནང་གི་སྲིན་བུ་ནི་བད་ཀན་ལས་གྱུར་ཏེ། དེ་ཡང་མཛེ་ནད་འབྱུང་བའི་རྒྱུར་འགྱུར་རོ། །ནང་གི་སྲིན་བུ་དག་ནི་གཞན་པས་ལྷག་པར་མཛེ་ནད་ཀྱི་གཞིར་འགྱུར་རོ། །སྲིན་བུ་དེ་དག་གི་ཟས་ནི་བུ་རམ་དང༌། འོ་མ་ལ་སོགས་པ་མངར་བག་དང༌། ཞོ་དང་ཚ་ལ་སོགས་པ་སྐྱུར་བག་དང༌། འབྲས་ཆན་ལ་སོགས་པ་གསར་བག་དང༌། ཉ་ལ་སོགས་པ་བད་ཀན་དུ་འགྱུར་བའི་ཟས་ལ་དགའོ། །མི་གཙང་བའི་བཤང་གཅིའི་ནང་ན་གནས་པའི་སྲིན་བུའི་ཟས་འབྲུ་བག་དང༌། ཚོད་མ་ལོ་མ་བཏབ་པ་ལ་སོགས་པའི་བག་ལ་དགའོ། །བད་ཀན་ཕོ་བའི་ནང་ནས་བྱུང་བའི་སྲིན་བུ་ནི་ཆེར་སྐྱེས་པ་དང༌། ཁོང་པའི་ནང་ཕོ་བའི་ནང་དང༌། ལོང་ཀའི་ནང་ཀུན་ཏུ་འགྲོའོ། །སྲིན་བུ་ལ་ལྕག་འདྲ་བ་ཕྲ་མོ་རིང་པོར་འདུག་གོ །ལ་ལ་ནི་སྲིན་གྲོལ་མ་འདྲ་བ་འདུག་གོ །སྲིན་བུ་ཁ་ཅིག་ནི་མྱུ་གུ་ཁ་འབུས་པ་འདྲ་བ་གྲོལ་མ་དཀའ་རུ་ཡོད། །སྲིན་བུ་ཁ་ཅིག་ནི་སྐུད་པ་ཕྲ་མོ་རིང་པོ་འདྲ་བར་ཡོད་དོ། །སྲིན་བུ་ཁ་ཅིག་ནི་ཐུང་ལ་རབ་ཏུ་ཕྲ་བ་ཡོད་དེ། དེ་དག་ལ་ལ་ནི་དཀར། ལ་ལ་ནི་རྩ་དམར་བ་ཡོད་དོ། །སྲིན་བུ་དེ་རྣམས་ཀྱི་མིང་སྤྱིར་ནི་རྣམ་པ་བདུན་ཡོད་དེ། རྒྱུ་
མ་ཟ་བ་ཞེས་བྱ་བ་དང༌། ལྟོ་བའི་ནང་ན་འཁྲུལ་བ་ཞེས་བྱ་བ་དང༌། སྙིང་ལ་ཟ་བ་ཞེས་བྱ་བ་དང༌། ཡ་མཚན་ཆེན་པོ་ཞེས་བྱ་བ་དང༌། མི་མངོན་པར་རྐུ་བ་དང༌། རྩྭ་དཱུར་བའི་མེ་ཏོག་ཅེས་བྱ་བ་དང༌། དྲི་ཞིམ་པོ་ཞེས་བྱ་བ་དང༌། སྲིན་བུ་འདི་རྣམས་ནི་སྙིང་ལ་ཟ་ཞིང་ཁ་ནས་ཆུ་ཟག་པར་བྱེད། ཟས་མི་འཇུ་བར་བྱེད། ཁ་ཟས་ཡི་གར་མི་འོང་བར་བྱེད། བརྒྱལ་ཞིང་མི་དྲན་པར་བྱེད། སློན་པར་བྱེད། རིམས་ནད་ཀྱིས་འདེབས། གསུས་པ་ཆེར་སྐྱེ། ལུས་སྐེམ་ཞིང་རིད། སྦྲིད་པ་རྟག་པར་འོང༌། ཆམ་པས་འདེབས། དེ་ལ་ཁྲག་རྒྱུ་བའི་རྩའི་ནང་ནས་ཁྲག་ལས་བྱུང་བའི་སྲིན་བུ་ཕྲ་མོ་ཁྲག་གི་ནང་ན་གནས་ཏེ། ལུས་ཟུངས་ཟླུམ། རྐང་ལག་མེད། མདོག་ཟངས་ཁ་ལྟར་དམར་ལ་རབ་ཏུ་ཕྲ་བ་ཁ་ཅིག་ནི་བལྟར་ཡང་མི་མངོན་ཏེ་སྲིན་བུ་དེ་དག་གི་མིང་ནི་སྐྲའི་རྩ་བ་ཟ་བ་དང༌། ལུས་སྦུ་བྱི་བར་བྱེད་པ་དང༌། སྤུ་གླིང་ཆགས་པ་དང༌། ཨུ་དུམྦཱ་རའི་འབྲས་བུ་འདྲ་བ་དང༌། ཞགས་པ་དང་བཅས་པ་ཞེས་བྱ་བ་དང༌། སྲིན་བུ་མཐོང་ཀ་ཞེས་བྱ་བ་དང༌། སྲིན་བུ་འདི་དྲུག་གིས་ནི་ལུས་ཀྱི་པགས་པ་ལ་མཛེ་ནད་ཀྱི་ནད་ཐབས་བཞིན་དུ་མཛེ་ལྟར་འབྱུང་བར་བྱེད་དོ། །ཟས་ཞུ་བའི་གནས་ལོང་ཀའི་ནང་ན་མི་གཙང་བ་ལས་བྱུང་བའི་སྲིན་བུ་ཡོད་དེ། དེ་ཆེར་སྐྱེས་ན་ཐུར་དུ་བཤང་བ་དང་ལྷན་ཅིག་འབྱུང་བར་འགྱུར་རོ། །གལ་ཏེ་སྲིན་བུ་དེ་ཆེན་པོར་སྐྱེས་ན་ཕོ་བའི་ནང་དུ་འཇུག་པར་འགྱུར་ཏེ། ཕོ་བའི་ནང་དུ་འོངས་ན་དེའི་ཚེ་སྒྲེགས་པ་འབྱུང་བ་དང༌། དབུགས་འབྱུང་བ་དྲི་མོ་ཞིམ་སྟེ་ཕྱི་ས་བཞིན་དུ་མ་རྣམ་པར་འགྱུར་རོ། །ཡང་གཞང་གི་ནང་མི་གཙང་བའི་ཁྲོད་ན་གནས་པའི་སྲིན་བུ་ལྔ་ཡོད་དེ་སྲིན་བུ་ཁམ་གྱིས་ཟ་བ་ཞེས་བྱ་བ་དང༌། དལ་གྱིས་འགྲོ་བ་ཞེས་བྱ་བ་དང༌། མྱོང་བར་བྱེད་ཅེས་བྱ་བ་དང༌། བརྐམ་པ་ཞེས་བྱ་བ་དང༌། ལུས་ལ་གནོད་པ་ཞེས་བྱ་བ་དང༌། འདི་ལྔ་ཡོད་དེ། དེ་དག་གི་ལུས་དབྱིབས་དང་ཁ་དོག་ནི་ཆེན་པོ་དང༌། ཟླུམ་པོ་དང༌། ཕྲ་མོ་དང༌། སྦོམ་པོ་དང༌། སྨུག་པོ་དང༌། སེར་པོ་དང༌། དཀར་པོ་དང༌། དམར་པོར་འདུག་གོ །སྲིན་བུ་དེ་དག་ནི་ཐུར་དུ་འཁྲུ་བར་བྱེད་དེ། རྟུག་སྐམ་གྱིས་འདེབས་ཤིང་སྲི་བར་བྱེད། ལུས་སྐེམ་པོར་འགྱུར། ལུས་ཁོང་
རྩུབ། སྐྱ་བོ་རྦབ་རྦབ་པོར་འགྱུར། བ་སྤུ་ལངས་ཤིང་འགྲེང་སྟེ། ཕོ་བའི་དྲོད་ཉམས། གཞང་གི་ནང་གཡའ། གཞང་ཕྱིར་འབྱུང་བར་བྱེད་དོ། །མཛེ་ནད་དང༌། སྲིན་བུ་འབྱུང་བའི་ནད་གཞི་བཤད་པ་སྟེ། ལེའུ་བཅུ་བཞི་པ་རྫོགས་སོ།། །།རླུང་ནད་དུ་གྱུར་པའི་ནད་གཞི་བསྟན་པ་སྟེ། ལེའུ་བཅོ་ལྔ་པ་བཤད་པར་བྱའོ། །རླུང་ནི་མིའོ་ཅོག་གི་སྲོག་དང༌། རྩི་ཤིང་ཐམས་ཅད་ལ་ཕན་པར་འགྱུར་བ་དང༌། གནོད་པར་འགྱུར་བའི་རྒྱུ་ཡིན་ཏེ། དེ་བས་ན་ནད་དུ་གྱུར་པའི་རླུང་དང༌། ནད་དུ་གྱུར་པ་མ་ཡིན་པའི་རླུང་དང༌། ལུས་ཀྱི་ཁྱད་པར་དུ་འགྱུར་བ་ཞེས་བྱའོ། །དེ་ལྟ་བས་ན་རླུང་འདི་ནི་ལུས་ཐམས་ཅད་པ་ཞེས་བྱའོ། །ཐམས་ཅད་ཀྱི་རང་བཞིན་པ་ཞེས་བྱའོ། །ཐམས་ཅད་ཀྱི་མཚན་ཉིད་ཅེས་བྱའོ། །ཇི་ལ་ཡང་དབང་བྱེད་པས་ན་སྐྱེ་དགུའི་བདག་ཅེས་བྱའོ། །ཇི་ཡང་འབྱིན་པར་བྱེད་པ་འཛིན་པར་བྱེད། ཐམས་ཅད་དུ་འགྲོ་བ། ཁྱད་པར་དུ་འཇུག་པ། ཐམས་ཅད་དུ་འགྲོ་བ་ལ་ཁྱད་པར་འཇུག་པ། ཀུན་ནས་སྡུད་པ་འཆི་བདག་ཏུ་གྱུར་པ། གཤིན་རྗེར་གྱུར་པ་ལྟ་བུ་ཞེས་བྱའོ། །དེ་བས་ན་ནད་སློང་བའི་རླུང་ནད་ངན་པར་མི་འགྱུར་བར་ནན་ཏན་གྱིས་ཤིག །དེ་ཡང་ནད་དམིགས་ཤེས་པར་བྱ་བའི་ལེའུ་ལས་རླུང་གི་བྱེ་བྲག་མདོ་དང༌། ཞིབ་ཏུ་བསྟེན་པ་ནི། ན་བ་མེད་ཅིང་ཐ་མལ་པར་གནས་པའི་ཚེ། རླུང་གི་རང་བཞིན་ལས་གང་དང་གང་བྱེད་པ་དང༌། རླུང་དེར་གྱུར་ན་ནད་ཅི་དང་ཅི་སློང་བ་བཤད་པ་དང༌། ཡང་ལྟག་པའི་ནད་དམིགས་ཀྱི་བྱེ་བྲག་བཤད་པའི་ནང་ནས་རླུང་གི་མིང་སོ་སོར་བཏགས་པ་དང༌། རླུང་གང་དང་གང་ན་གནས་པ་དང༌། ལུས་ལ་རླུང་ཐ་དད་པ་རྣམ་ལྔ་ཡོད་པ་གང་ནས་གང་དུ་རྒྱུ་བ་དང༌། རླུང་རྣམ་པ་ལྔ་ལས། ཅི་དང་ཅི་བཤད་པ་རྣམས་ཀྱང་ཤེས་པར་གྱིས་ཤིག །སྐབས་འདིར་ནི་རླུང་ནད་དུ་གྱུར་པ་ན་ནད་སློང་བར་བྱེད་པའི་ནད་སློང་བའི་གཞི་དང་མཚན་ཉིད་དུ་དབྱེ་བ་ནི་འདིར་བསྟན་པར་བྱའོ། །དེ་ལ་རླུང་ནད་ནི་རླུང་ནད་དུ་གྱུར་པའི་བག་བྱས་པའི་ལུས་ཀྱི་སྲོག་ཟུངས་ཟད་པར་བྱེད་པའི་རླུང་ནད་ལ་ངས་
ནས། ནང་གྲོལ་གྱི་སྦུ་གུ་དང༌། རྩ་ཆེན་པོའི་ནང་དུ་རླུང་ནད་ཕན་གནོད་གཞན་ཞིག་གིས་ཁོང་པའི་ནང་གང་བར་འགྱུར་བ་དེ་ལྟ་བུས་ནད་དེའི་ཐོག་ཏུ་བསྣན་ཏེ། ཡོག་ཅིང་ཁེབས་ནས་རླུང་ནད་དུ་འགྱུར་རོ། །དེ་ལ་རླུང་ནད་ཞུ་བའི་གནས་ཕོ་བ་མན་ཆད་དུ་ཞུགས་ཏེ་ན་ན་ལྟོ་སྦོ་ཞིང་ན། རྒྱུ་མའི་ནང་ཁྲུ་ལུ་ལུ་ཟེར། ཐུར་དུ་བཤང་བ་འོང་དུ་མི་བཏུབ། ཆུ་སོར་རྡེའུ་ཆགས་ཏེ་རྡེའུ་སྐྱེ། གཞང་འབྲུམ་སྐྱེད། རྒྱབ་ན་ཞིང་རྐང་པ་ན། རོ་སྨད་མན་ཆད་དུ་དམིགས་སུ་རབ་ཏུ་ཟུག་ཅིང་ནའོ། །ཟས་མ་ཞུ་བའི་གནས་ཕོ་བ་ཡན་ཆད་དུ་ཞུགས་ཏེ་ན་ན་སྐོམ་དད་ཆེ། སློན་བྲོ། དབུགས་མི་བདེ། ལུད་པ་ལུ། སྦོ་ཞིང་འཁྲུ། མགུལ་པ་དང༌། གྲེ་བ་མི་བདེ། སྒྲེགས་པ་མང་ཞིང་ཟས་མ་ཞུ་བའི་སྒྲེགས་པ་འབྱུང་ངོ༌། །དེ་ལྟར་ལྟོ་བ་ཡན་ཆད་དུ་རླུང་ནད་ལངས་ཏེ་ན་ན། རྣ་བ་ལ་སོགས་པ་དབང་པོ་རྣམས་མི་བདེ་ལ་མི་གསལ་ཞིང་རྟུལ་ལོ། །པགས་པ་ལ་རླུང་ཞུགས་ན་པགས་པ་འགགས་ཤིང་རྩུབ་པའོ། །ཁྲག་ལ་རླུང་ནད་ཞུགས་ན་རབ་ཏུ་ན། གཉིད་ཆེ། ཤ་མདོག་དམར་ལ་ཁ་དོག་མི་སྡུག་པར་འགྱུར། ཐོར་བུ་འབྱུང༌། ཁ་ཟས་ཟོས་པ་རྣམས་ལྟོ་ན་རེམ་རེམ་པོར་འདུག །ཡི་ག་འཆུ། སྐེམ་པོར་འགྱུར། མགོ་འཁོར། ཚིལ་དང་ཤ་ལ་རླུང་ཞུགས་ན་རྨེན་བུ་ལྟ་བུར་འབྱུང༌། རབ་ཏུ་ཟུག་ཅིང་ན། རྩུབ་ཅིང་ངལ་སྐྱེན། ལུས་ལྕི། ལུས་ཀྱི་ལྷུ་ཚིགས་ཡན་ལག་རེངས། ཁུ་ཚུར་དང་དབྱིག་པས་ཕོག་པ་སྙམ་བྱེད་དོ། །རུས་པ་ལ་རླུང་ནད་ཞུགས་ན་བརླ་དང་བྱིན་པ་རྗེ་དར་རབ་ཏུ་རྐང་ཟུག་ཕྱོགས་སུ་ན། རུས་པའི་ཚིགས་སུ་ན། ཉམས་སྟོབས་རབ་ཏུ་ཟད་པར་བྱེད་དོ། །རྐང་ལ་རླུང་ནད་ཞུགས་ན། རུས་པའི་ནང་སྟོང་པར་འགྱུར། གཉིད་མེད་རྒྱུན་དུ་ནའོ། །ཁུ་བ་ལ་རླུང་ནད་ཞུགས་ན་ཡང་ན་ཁུ་བ་མྱུར་དུ་འབྱུང་བར་འགྱུར་རོ། །ཡང་ན་ཁུ་བ་འབྱུང་དུ་མི་རུང་བའམ། ཁུ་བའི་མདོག་གཞན་དུ་འགྱུར་བར་བྱེད་དོ། །དེ་དང་འདྲ་བར་བུད་མེད་ཀྱི་མངལ་དུ་ཁུ་བ་གནས་པ་ཡང་དེ་དང་འདྲ་བར་འགྱུར་རོ། །རྩ་ལ་རླུང་ནད་ཞུགས་ན་རྩ་སྦོ་བ་དང༌། ནང་སྟོང་པར་འགྱུར་རོ། །ཆུ་བ་ལ་རླུང་ཞུགས་ན་དཔྱི་ནས་བརླར་ཟུར་ཅིང་ན་བ་དང༌། གླང་
ཆངས་པ་དང༌། ང་རྒན་གྱི་ནད་དུ་འགྱུར་རོ། །རུས་པའི་ཚིགས་སུ་རླུང་ནད་ཞུགས་ན། མྱངས་པ་ན་རྐྱལ་པ་རླུང་གིས་གང་བ་བཞིན་དུ་སྐྲང༌། བརྐྱང་བསྐུམ་བྱས་ན་ནའོ། །ལུས་ཐམས་ཅད་ལ་རླུང་ནད་ཞུགས་ན་ཟུག་ཅིང་ན་ལ་ཆག་པ་སྙམ་བྱེད། རེངས་ཤིང་རྐང་ལག་ཕྱིར་གཡབ་པར་འདོད། ཚོར་བའི་བག་མེད། བེམ་བག་ཏུ་འགྱུར། ཚིགས་འཁུམས་པ་དང༌། འདའ་བར་འགྱུར་རོ། །ནམ་ཚོང་ཆེན་པོའི་ནང་ཀུན་དུ་རླུང་ནད་ཡང་དང་ཡང་ཞུགས་ཏེ་འགྲོ་བ་ན་ལུས་འགུལ་ཞིང་འདར་ལ་ནད་འཇུག་པར་བྱེད་དེ། དེ་ལ་མིང་ནི་ལུས་ལ་ནད་འཇུག་པ་ཞེས་བྱའོ། །རོ་སྨད་མན་ཆད་དུ་རླུང་ནད་འགགས་པ་དང༌། གྱེན་དུ་སོང་ན་སྙིང་ལ་གནས་ཏེ། སྦུ་གུར་ཞུགས་ནས་སྙིང་དང༌། ཀླད་པ་དང༌། མུར་འགྲམ་དུ་ཟུག་ཅིང་ན། དེ་བཞིན་དུ་ལུས་ཐམས་ཅད་གཞུ་ལྟར་གུག་སྟེ། སྒུར་པོར་འགྱུར། དབུགས་དང་རྔམ་པ་མི་བདེ་བར་འཐོན། ཧར་མིག་ཏུ་ལྟ་ཞིང་འབྱེད་འཛུམས་མི་ཤེས། ཕུག་རོན་བཞིན་དུ་འཁུན། དྲན་པ་ཉམས་པར་འགྱུར་ཏེ། དེའི་མིང་ནི་གཞན་དབང་ཅན་ཞེས་བྱའོ། །སློབ་དཔོན་གཞན་དག་ན་རེ། ནད་དེའི་མིང་ཨ་བ་ད་ན་ཀ་ཞེས་བྱའོ་ཞེའོ། །གལ་ཏེ་རླུང་ནད་གཞན་དབང་ཅན་དེ་སྙིང་གི་གནས་དང༌། རེ་ཞིག་བྲལ་བ་ལྟ་ན་ནི། སྐད་ཅིག་ནད་མེད་ཅིང་བདེ་ལ། རླུང་དེ་སླར་སྙིང་ལ་ཞུགས་ན། ཡང་ནད་སྔ་མ་ལྡང་བར་འགྱུར་རོ། །བུད་མེད་བུ་བྱུང་བའི་འོག་ཏུ་ཁྲག་ཤས་ཆེར་འབྱུང་བའི་རྗེས་ལ་རླུང་ནད་གཞན་དབང་གི་ནད་བྱུང་བའམ། ཡང་ན་སྣད་པའི་དབང་གིས་རླུང་ནད་བྱུང་ན་ནི་གསོ་དཀའ་བ་ཡིན་ནོ། །མགྲིན་པའི་གཡས་གཡོན་གྱི་འཕར་རྩ་གཉིས་ཀྱི་ནང་དུ་རླུང་ཞུགས་ན་ནི་ནམ་ཚོང་ཡན་ཆད་གུག་ཅིང་རྩ་རེངས་ཏེ་གཡོ་བར་གྱུར་པ་དང༌། དེ་བཞིན་དུ་རྩ་ཆེན་པོ་གཞན་རྣམས་སུ་ཞུགས་ཏེ་ལུས་ཐམས་ཅད་ཁྱབ་པ་དེའི་ཚེ་ནི་ལུས་ཐམས་ཅད་ཀྱང་གཞུ་ལྟར་འཁུམས་པར་འགྱུར་རོ། །རླུང་ནད་དེའི་ཤུགས་དྲག་ཏུ་སྐྱེ་ན་ནི། ཡན་ལག་ཆག་པ་སྙམ་བྱེད་ཅིང་ན། ཧར་མིག་ཏུ་ལྟ་ཞིང་འབྱེད་འཛུམས་མི་ཤེས། གླལ་བདེ་བར་མི་ཕྱིན། སོ་འཁྲིག །སྟོད་དུ་སྐྱུག །རྩིབ་ལོགས་གཉིས་སུ་ཟུག་ཅིང་ན། སྐད་
གསལ་པོར་མི་ཕྱིན། འགྲམ་པ་དང༌། རྒྱབ་ཀྱི་སྒལ་ཚིགས་དང་མགོ་བོ་རྣམས་རེངས་ཤིང་བསྒུལ་དཀའ་བ་ཡིན་ཏེ། རླུང་དེའི་མིང་ནི་ད་རྒན་ལུས་ནང་དུ་གུག་པ་ཞེས་བྱའོ། །དེ་ལ་ད་རྒན་ཕྱིར་དགྱེ་བའི་རླུང་གི་མཚན་མ་ཡང་དེ་འདྲ་སྟེ། ཁྱད་པར་དུ་ལུས་ཕྱིར་གྱེད་ཅིང་རླུང་གིས་མགོ་རྒྱབ་ཏུ་འདྲེན་ལ། བྲང་མདུན་དུ་འབུར། གཉའ་བ་སོས་འབྲད་པ་སྙམ་སེམས། བཞིན་མདོག་འགྱུར། ཚབས་ཆེར་རྡུལ་འབྱུང༌། ཡན་ལག་ཐམས་ཅད་ལྷོད་པར་གྱུར་པ་དེ་ནི། དེ་རྒན་གྱི་ནད་ལུས་ཕྱིར་དགྱེ་བ་ཞེས་བྱའོ། །སློབ་དཔོན་ཁ་ཅིག་ན་རེ་རླུང་དེའི་མིང་ནི་གཞུ་ལྟར་རེངས་པ་ཞེས་བྱའོ་ཞེའོ། །ཡང་སློབ་དཔོན་ཁ་ཅིག་ན་རེ་དེའི་མིང་ནི་རླུང་ནད་ཤུགས་དྲག་པོ་ཞེས་བྱའོ་ཞེས་ཟེར་རོ། །གནད་ཀྱི་སྟེང་དུ་རྨ་འབྱུང་སྟེ་དེར་རླུང་ལ་སོགས་པའི་ནད་གཞི་གཞན་དག་རླུང་གིས་ཕུལ་ཏེ། རྐང་པ་ཡན་ཆད་མགོ་བོ་མན་ཆད་ལུས་ཀུན་ནད་ཀྱིས་ཁྱབ་པར་བྱས་ཏེ་དེ་ཡང་སྦོམ་པ་དང༌། ལུས་སྐྱ་བོ་རྦབ་རྦབ་པོར་གྱུར་པ་ནི་རྨའི་ད་རྒན་ཞེས་བྱ་སྟེ་སྤང་བར་བྱའོ། །གོང་དུ་བཤད་པའི་རླུང་ནད་ལྔ་པོ་དེ་དག་ཐམས་ཅད་ཀྱང་རླུང་གི་ཤུགས་དང་བྲལ་ན་ནི་ནད་མེད་ཅིང་བདེ་བར་འགྱུར་རོ། །ལྕེ་ལ་སོ་ཤིང་ལ་སོགས་པས་བཞར་དྲགས་པ་དང༌། བཅའ་བ་སྐོམ་པོ་སྲ་བ་བཅས་པ་དང༌། ཁུ་ཚུར་དང་རྡོ་བ་ལ་སོགས་པས་སྣད་པའི་དབང་གིས་འགྲམ་པའི་རྩ་བའི་རླུང་འཁྲུགས་ཏེ། འགྲམ་པ་གཡས་གཡོན་གཉིས་ཀྱི་རྩ་བ་ནས་བསྐྱོད་ཅིང་ཉམས་པར་བྱས་ཏེ། ཁ་རྟག་ཏུ་གདངས་པ་འམ་ཡང་ན་འཛུམས་པར་བྱེད་དེ། བཟའ་བ་དང༌། སྨྲ་བ་ཐམས་ཅད་ཀྱང་ཤིན་ཏུ་དཀའ་བ་དེ་ནི་འགྲམ་པ་རང་གི་གནས་ནས་ཉམས་པ་ཞེས་བྱ་བའི་རླུང་ནད་ཅེས་བྱའོ། །ལྕེའི་རྩེ་མོ་ན་སྨྲ་བར་བྱེད་པའི་རྩ་ཡོད་དེ། དེའི་ནང་དུ་རླུང་ཞུགས་ནས། ལྕེ་ལྡིབས་ཤིང་ལྐུགས་པར་འགྱུར་ཏེ་བཟའ་བ་དང་བཏུང་བའི་རོ་ཡང་མི་ཚོར། སྨྲ་ཡང་མི་ནུས་པ་དེ་ནི་ལྕེ་ལྡིབས་པ་ཞེས་བྱ་བའི་རླུང་ནད་ཅེས་བྱའོ། །རླུང་ནད་ཀླད་པའི་གཞོགས་ཕྱེད་ན་བ་ཞེས་བྱ་བ་ནི། མགོས་ཁུར་ཆེན་པོ་ཁྱེར་བ་དང༌། དགོད་དྲགས་པ་དང༌། ཚིག་དྲག་ཏུ་སྨྲ་བ་དང༌། དེ་བཞིན་དུ་སྡངས་
པ་དང༌། གདོང་ཡོན་པོར་གཅུས་ནས་སྦྲིད་པ་གཏོང་བ་དང༌། གཞུ་སྲ་སྟེ་མ་འདྲེན་པ་དང༌། མལ་སྟན་མཐོན་དམན་མི་སྙོམས་པ་ལ་ཉལ་བ་དང༌། བཅའ་བ་སྐམ་པོ་སྲན་ཏེ་མ་འཆའ་བ་དང༌། དེ་བཞིན་དུ་རླུང་ནད་སྐྱེས་པའི་བག་བསྟེན་པས་རླུང་འཕེལ་ཏེ། རོ་སྟོད་དུ་ཞུགས་ནས་ཁ་གདོང་གི་གཞོགས་ཕྱེད་ཡོན་པོར་བྱས་ཏེ། དེ་སྨྲ་བ་དང༌། དགོད་པ་དང༌། ལྟ་བ་རྣམས་ཀྱང་ཡོ་བར་བྱེད་དོ། །དེས་ན་ནད་པའི་མགོ་བོ་ཡང་འགུལ་ཞིང་དམ་པར་བྱེད་དོ། །དེ་བཞིན་དུ་སྐད་མི་ཕྱིན་པ་དང༌། ཧར་མིག་ཏུ་ལྟ་ཞིང་འབྱེད་འཛུམས་མི་ཤེས་པ་དང༌། སོ་འགུལ་བ་དང༌། སྐད་འཛེར་བ་དང༌། སྒྲ་མི་ཐོས་པ་དང༌། སྦྲིད་པ་མི་ཐོན་པ་དང༌། དྲི་མི་ཚོར་བ་དང༌། དྲན་པ་ཉམས་པ་དང༌། རྨོངས་པ་དང༌། གཉིད་ཀྱི་ནང་དུ་སྡངས་པ་དང༌། མཆིལ་མ་གཡོན་ཕྱོགས་སུ་འདོར་བ་དང༌། ལྟ་བ་ཡང་མིག་ཡ་གཅིག་ལྟ་ཞིང་འཛུམས་པ་དང༌། ནམ་ཚོང་ཡན་ཆད་མི་བཟད་པར་ན་བ་ཡིན་ནོ། །སློབ་དཔོན་ཁ་ཅིག་ན་རེ་ལུས་ཀྱི་རོ་སྨད་ཀྱི་གཞོགས་ཕྱེད་ཀྱང་དེ་ལྟར་ན་བ་ཡོད་ཅེས་ཟེར་རོ། །ཡང་གཞན་དག་ན་རེ་ད་རྒན་ཕྱོགས་གཅིག་ཏུ་གྱུར་པ་ཡང་དེའི་མཚན་ཉིད་དང་ལྡན་པ་ཡིན་ནོ་ཞེའོ། །རླུང་ནད་ཁྲག་ལ་བརྟེན་ཏེ། སྐེ་རྩའི་ནང་དུ་ཞུགས་ནས་དེས་རྩ་རྣམས་རྩུབ་པ་དང༌། ནད་དང་བཅས་པ་དང༌། མདོག་གནག་པར་བྱེད་དེ། དེ་ནི་རྩ་འཛིན་པའི་རླུང་ནད་ཅེས་བྱ་སྟེ་གསོར་མི་རུང་ངོ༌། །རླུང་གིས་ལུས་ཀྱི་གཞོགས་ཕྱེད་བཟུང་སྟེ་དེས་རྩ་དང་རྒྱུས་པ་བསྐམ་པར་བྱས་ནས། གཞོགས་ཕྱེད་གང་ཡང་རུང་བ་ལ་གནོད་པར་བྱེད་དོ། །ཚིགས་ཀྱི་བོགས་རེ་ཡང་བྱེ་ཞིང་ལྷོད། གཞོགས་ཕྱེད་ཀྱི་ལས་ལ་སྦྱོར་མི་ནུས། ཚོར་བ་མེད་ཅིང་བེམ་བེམ་པོར་གྱུར་པ་ཡིན་ཏེ། དེ་ནི་སྨན་པ་ཁ་ཅིག་ན་རེ། ཡན་ལག་ཕྱོགས་གཅིག་གི་ནད་ཅེས་བྱའོ་ཞེས་ཟེར་རོ། །ཡང་སྨན་པ་གཞན་དག་ན་རེ་གཞོགས་ཕྱེད་སྐམ་པ་ཞེས་ཟེར་རོ། །ལུས་ཐམས་ཅད་ལ་བརྟེན་པའི་རླུང་ནད་ཀྱང་ལུས་ལ་ཚོར་བ་མེད་པ་ལ་སོགས་པ་མཚན་མ་གོང་མ་དང་འདྲ་སྟེ། དེ་ནི་ཡན་ལག་ཐམས་ཅད་ཀྱི་ནད་ཅེས་བྱའོ་ཞེས་པས་དེ་རླུང་ནད་ཉི་ཚེ་གཞོགས་ཕྱེད་སྐམ་པ་ནི་གསོ་དཀའ་
བ་ཡིན་ནོ། །ནད་གཞི་གཞན་དང་འདྲེས་པས། གཞོགས་ཕྱེད་སྐམ་པ་ནི་ཤིན་ཏུ་དཀའ་བས་གསོར་མི་རུང་ངོ༌། །གློ་གཅོང་ཟད་བྱེད་ཀྱིས་གཞོགས་ཕྱེད་སྐམ་པ་ནི་སྤང་བར་བྱའོ། །རླུང་ནད་མ་ཞུ་བ་དང༌། བད་ཀན་དང་འདྲེས་ནས་རྩའི་རྒྱུན་སྲང་ཆོད་དེ། དེས་ལུས་ཐམས་ཅད་ཤིང་བཞིན་དུ་རེངས་པར་བྱས་ནས། བརྐྱང་བསྐུམ་མི་ནུས་པ་ནི་ཤིང་ལྟར་རེངས་པའི་རླུང་ནད་ཅེས་བྱའོ། །རླུང་ནད་ཕྲག་པའི་རྩ་ལ་ཞུགས་པ་ནི་ཕྲག་པའི་རྩ་འཁུམས་ཏེ་ལག་ངར་མི་ཐེག་ཅིང༌། འགུལ་བསྐྱོད་མི་ནུས་ཏེ། དེའི་མིང་ནི་དཔུང་པ་འཇས་པའི་རླུང་ནད་ཅེས་བྱའོ། །རླུང་གིས་ལག་པའི་མཐིལ་ཕྱོགས་སོར་མོ་དང་འབྲེལ་པའི་ཆུ་བ་རྣམ་པར་འཁུམས་ཏེ། ན་བས་ཉམ་ཐག་ཅིང་ལག་པ་གཡོ་བ་ལ་སོགས་མི་ཤེས་པ་སྟེ། དེའི་མིང་ནི་རླུང་ནད་བི་ཤ་ཙེ་ཞེས་བྱའོ། །གང་གི་ཚེ་རླུང་རྐེད་པའི་གནས་སུ་བརྟེན་ཏེ་བརླའི་ཆུ་བའི་ནང་དུ་ཞུགས་ནས་འཐེང་བར་འགྱུར་བ་དེ་ནི་རླུང་ནད་འཐེང་པོ་ཞེས་བྱའོ། །དེ་ལྟར་རླུང་དེ་བརླའི་ཆུ་བ་གཉིས་ཀ་ལ་ཞུགས་པ་ནི་འཕྱེ་བར་འགྱུར་ཏེ། དེའི་མིང་ནི་རླུང་ནད་འཕྱེ་བོ་ཞེས་བྱའོ། །ཡང་རླུང་ནད་འགྲོ་བར་རྩོམ་པ་ན་མི་བརྟེན་ཞིང་འདར་བ་དང༌། འཐེང་བ་ལྟར་འགྲོ་བ་དེ་ནི་ཚིགས་ཀྱི་འབྱོར་མཚམས་དབྱེ་བ་ཡིན་ཏེ། དེ་ནི་སྲན་མ་ལྟར་འཐེང་བ་ཞེས་བྱ་བའི་རླུང་ནད་ཅེས་བྱའོ། །ཅུང་ཟད་མ་ཞུ་བ་དང་ཅུང་ཟད་ཞུ་བའི་སྟེང་དུ་ཟས་ཟོས་པ་དང༌། དྲོ་གྲང་འདྲེས་པར་ཟོས་པ་དང༌། སྐམ་པ་དང་རློན་པ་འདྲེས་མར་བསྟེན་པ་དང༌། དེ་བཞིན་དུ་ཁ་ཟས་ལྕི་བ་དང༌། སྣུམ་ཆེས་པ་བསྟེན་པ་དང༌། འདུག་གནས་མི་བདེ་བ་ལ་འདུག་པ་དང༌། མི་ནུས་བཞིན་དུ་ལས་རྩོམ་པ་དང༌། ཉིན་པར་ཉལ་བ་དང༌། མཚན་མོ་གཉིད་མི་ལོག་པ་དང༌། རྒྱུ་དེ་དག་གིས་བད་ཀན་དང་ཚིལ་གཉིས། རླུང་དང༌། མཁྲིས་པ་གང་ཡང་རུང་བ་དང༌། བཅས་པར་འཁྲུགས་ནས་མ་ཞུ་བ་ཚབས་ཆེར་སོགས་ཏེ། དེས་ལུས་ཉམ་ཐག་ཅིང་བད་ཀན་ཚོར་བ་མེད་པའི་བརླའི་རུས་པའི་ནང་དུ་ཞུགས་ནས་བརླ་རེངས་ཤིང་འདེགས་མི་ནུས་ལ་གྲང་བ་དང༌། ཚོར་བ་མེད་པ་དང༌། གཞན་གྱི་བརླ་སྙམ་སེམས་པ་དང༌། ལྕི་བ་དང༌། མི་བཟད་པར་ན་བ་དང༌། འགྲོ་
མི་ནུས་པ་དང༌། ཡན་ལག་བརྡུངས་པ་སྙམ་སེམས་པ་དང༌། བདོ་བག་ཏུ་འདུག་པ་དང༌། སྙོམ་བག་ཏུ་སྐྱུགས་བྲོ་བ་དང༌། ཡི་ག་འཆུས་པ་དང༌། རིམས་ཀྱིས་འདེབས་པ་དང༌། རྐང་པ་སྒྱིད་ཞན་ཅིང་ཞིག་པ་སྙམ་སེམས་པ་དང༌། རྐང་པ་འདེགས་པ་དཀའ་བ་དང༌། ཚོར་བ་མེད་ཅིང་བེམ་བེམ་པོར་འདུག་པ་དང༌། མཚན་མ་དེ་དག་དང་ལྡན་པའི་རླུང་ནད་ནི་བརླ་རེངས་པ་ཞེས་བྱའོ་ཞེས་བཤད་དོ། །སྨན་པའི་སློབ་དཔོན་གཞན་དག་ན་རེ་ཕྱུག་པོའི་རླུང་ནད་ཅེས་བྱའོ་ཞེས་ཟེར་རོ། །པུས་མོའི་དབུས་སུ་རླུང་དང་ཁྲག་འདྲེས་ཏེ་ཞུགས་ནས་པུས་མོའི་སྟེང་དུ་སྐྲངས་ཏེ་ཟུག་གཟེར་ཆེ་བ་ཅེ་སྤྱང་གི་མགོ་ལྟར་སྦོམ་པར་གྱུར་པ་ནི་རླུང་ནད་ཅེ་སྤྱང་གི་མགོ་ལྟ་བུ་ཞེས་བྱའོ། །རྐང་པ་བབ་ཅོལ་དུ་བོར་བའམ། ཡང་ན་ཆད་ཅིང་ངལ་བ་ལས་རླུང་སྐྱེས་ཏེ་རབ་ཏུ་ཟུག་ཅིང་ན་ལ་ལོང་མོ་ལ་བརྟེན་པ་ནི་རླུང་ནད་ཚེར་མ་ལྟ་བུ་ཞེས་བྱའོ། །རྐང་པའི་རྟིང་པ་དང་སོར་མོར་འབྲེལ་པའི་ཆུ་བ་ལ་རླུང་གིས་གནོད་ཅིང་ཉམ་ཐག་པར་བྱས་ཏེ་བརླ་ནས་ཡར་འཇུག་ཅིང་འགྲོ་བ་དེ་ནི་རླུང་ནད་གྲི་ཏྲ་སི་ཞེས་བྱའོ། །ཞེས་བཤད་དོ། །གོང་དུ་སྨོས་པའི་རླུང་ནད་བི་ཤ་ཙེ་ཞེས་བྱ་བ་ལག་དར་གྱི་ནད་དང༌། གྲི་ཏྲ་སི་ཞེས་བྱ་བའི་བརླའི་ནད་དེ་གཉིས་ཀ་ཡང་ཟུག་གཟེར་ཤིན་ཏུ་དྲག་པ་ཡིན་ཏེ་དེ་གཉིས་ཀྱི་མིང་ནི་རླུང་ནད་ཁ་ལི་ཏི་ཞེས་བྱའོ། །རྐང་པ་གཉིས་བརྩེ་སྟེ་ཚོར་བ་བེམ་བེམ་པོར་གྱུར་པ་ནི། བད་ཀན་དང་རླུང་འཁྲུགས་པ་ཡིན་ཏེ། དེ་ནི་རྐང་པ་བརྩེ་བའི་རླུང་ནད་ཅེས་བྱའོ། །གང་གི་ཁྲག་དང་མཁྲིས་པ་དང་རླུང་འཁྲུགས་པས་རྐང་པ་ཚ་འུར་འུར་པོར་འདུག་པ་དང༌། འཆག་པ་དང་འགྲོ་བའི་དུས་སུ་ཆེར་ཚ་བ་དེ་ནི་རླུང་ནད་རྐང་པ་ཚ་བ་ཞེས་བྱའོ། །རླུང་གི་ནད་གཞི་བཤད་པའི་ལེའུ་སྟེ་བཅོ་ལྔ་པ་རྫོགས་སོ།། །།དེ་ནས་དྲེག་ནད་ཀྱི་ནད་གཞི་བཤད་པའི་ལེའུ་བརྗོད་པར་བྱ་སྟེ། དེ་ལ་ཁྲག་འཁྲུགས་པར་བྱེད་ཅིང་ཚ་བ་སྐྱེད་པའི་ཟས་དང༌། སྲོག་ཆགས་ཆུ་ན་སྤྱོད་པའི་ཤ་དང༌། རྒྱ་སྲན་དང༌། མོན་སྲན་སྡེའུ་དང༌། འབྲས་ནིས་པ་དང༌། སྐྱུར་དང༌། ཆང་དང༌། དར་བ་སྐྱུར་པོ་དང༌། ཞོ་སྐྱུར་པོ་ལ་སོགས་པ་བསྟེན་པ་དང༌། གང་ཡང་མི་མཐུན་པའི་
རྫས་ཡུལ་སེར་ཆེ་བ་ནས་བྱུང་བའི་ཤ་དང༌། མོན་སྲན་གྲེའུ་དང༌། སྦྲང་རྩི་ལྷན་ཅིག་ཟོས་པ་དང༌། འོ་མ་དང་འབྲུའི་མྱུ་གུ་ལྷན་ཅིག་ཟོས་པ་དང༌། སྦྱོར་བ་དེ་དག་ལོག་པར་བསྟེན་པ་དང༌། འདི་བཞིན་ཉིན་པར་གཉིད་ལོག་པ་དང༌། མཚན་མོ་གཉིད་མི་ལོག་བ་དང༌། ཉལ་པོ་དྲགས་པ་དང༌། སྐྱིད་དེ་བ་འགྲོ་བ་ལ་སོགས་དྲག་ཤུལ་མ་མྱོང་བ་དང༌། ལུས་སྣད་པ་དང་ལུས་མ་དག་པ་དག །སྐྱོན་དེ་རྣམས་ཀྱིས་མི་དག་གི་ཁྲག་འཁྲུགས་པ་དང༌། གཞན་ཡང་རླུང་སྐྱེ་བའི་ཟས་བསྟེན་པས་རླུང་ལམ་གཞན་དུ་སོང་སྟེ་ཁྲག་དང་རླུང་གཉིས་གཅིག་ལ་གཅིག་གནོད་པར་བྱེད་ཅིང་མི་བདེ་བ་སྐྱེད་པ་ཡིན་ཏེ། དེའི་མིང་ནི་ཕྱུག་པོའི་ནད་ཅེས་ཀྱང་བྱ། འཐེང་བའི་ནད་ཅེས་ཀྱང་བྱ། བ་ས་ལ་ཞེས་ཀྱང་བྱ། རླུང་དང་ཁྲག་འདྲེས་པའི་དྲེག་ནད་ཅེས་ཀྱང་བྱ་སྟེ། དེ་དག་ནི་མིང་གི་རྣམ་གྲངས་སོ། །ནད་དེ་ཡང་ཐོག་མར་རྐང་པ་གཉིས་སུ་རྒྱུག་སྟེ། ཁྱད་པར་དུ་རྟ་ལ་སོགས་པ་ལ་ཞོན་པའི་རྐང་པ་འཕྱང་བ་ལ་སོགས་པའི་བདག་ཉིད་ཅན་ཡིན་ནོ། །དེ་ལ་དྲེག་ནད་ཐོག་མར་འབྱུང་བའི་ཚུལ་ནི་ཤིན་ཏུ་རྩུབ་པ་དང༌། ཡང་ན་ཤིན་ཏུ་འཇམ་པ་དང༌། རབ་ཏུ་རྡུལ་བའམ། ཡང་ན་ལུས་ཀྱི་མདོག་འགྱུར་བ་ལ་སོགས་པ་མཛེའི་ནད་ཐོག་མ་འབྱུང་བའི་ཚུལ་དང་འདྲ་བར་འབྱུང་ངོ༌། །དེ་བཞིན་དུ་ལུས་ཤིན་ཏུ་མ་རུངས་པ་དང༌། ཡན་ལག་ལྷོད་པ་དང༌། པུས་མོ་དང་བྱིན་པ་དང་བརླ་དང༌། རྐེད་པ་དང༌། ཕྲག་གོང་དང༌། ལག་པ་དང༌། རྐང་པ་ལ་སོགས་པའི་ཚིགས་རྣམས་སུ་གཡའ་བ་དང༌། འགུལ་བ་དང༌། ན་བ་དང༌། ཆག་པ་སྙམ་བྱེད་པ་དང༌། ལུས་ལྕི་བ་དང༌། ཚོར་བ་ཆུང་བ་དང༌། ནད་ཡང་དང་ཡང་ལྡང་དུབ་བྱེད་པ་རྣམས་ཡིན་ནོ། །དྲེག་དེ་རྣམས་རྐང་པ་གཉིས་ལ་གནས་པའམ། ཡང་ན་ལག་པ་གཉིས་ལ་གནས་པ་ཡང་ཡོད་དེ། དེ་གཉིས་གང་ཡང་རུང་བ་ལས་ལུས་ཐམས་ཅད་དུ་ཁྱབ་པར་འགྲོ་སྟེ། ཅི་ལྟར་བྱི་བ་ཁྲོས་པའི་མཆེ་བའི་དུག་གིས་ལུས་ཐམས་ཅད་དུ་ཁྱབ་པར་འགྲོ་བ་བཞིན་ནོ། །དེ་ཡང་དང་པོ་ཤ་དང་པགས་པའི་ཕྱི་རིམ་ཐམས་ཅད་དུ་ཁྱབ་པར་འགྲོ་སྟེ། དེའི་མིང་ནི་རྟོགས་པར་སླ་ཞེས་བྱའོ། །དེ་ནས་
རིམ་གྱིས་ཐ་མར་ལུས་ཟུངས་ཐམས་ཅད་དུ་ཡང་ཁྱབ་པར་འགྲོ་སྟེ། དེ་ནི་རྟོགས་པར་དཀའ་བའི་དྲེག་ནད་ཅེས་བྱའོ། །དེ་ལ་རྟོགས་སླ་བའི་དྲེག་ནད་ནི་གོང་གི་གཡའ་བ་ལ་སོགས་པའི་མཚན་མ་དང་ལྡན་པ་དང༌། གཞན་ཡང་པགས་པ་བྱེར་བ་དང༌། མདོག་སྨུག་ནག་ཏུ་འཇུག་པ་དང༌། དམར་བ་དང༌། བྱ་རྨྱང་དང་བཅས་པ་དང༌། རབ་ཏུ་ཚ་བ་འུར་འུར་པོར་འདུག་པ་དང་དྲོ་བ་རྣམས་ཡིན་ནོ། །དེ་ལ་རྟོགས་པར་དཀའ་བའི་དྲེག་ནད་ནི་གོང་མ་པས་ཤས་ཆེར་ན་ཞིང་ཟུག་པ་དང༌། སྐྲང་བ་དང༌། མཁྲང་བ་དང༌། ཆོས་པ་སྙམ་བྱེད་པ་དང། རླུང་ཚིགས་དང༌། རུས་པ་དང་རྐང་གི་ནང་དུ་ཞུགས་ཏེ། བཅད་པ་སྙམ་སེམས་ཤིང་ནང་དུ་རྒྱུ་ཞིང་ནད་ཀྱི་ཤུགས་དྲག་པའི་ཚེ་ལུས་སྒུར་བ་དང༌། ཞ་བ་དང་འཐེང་བར་བྱེད། ལུས་ཐབས་སུ་རྒྱུ་བ་ཡིན་ནོ། །དེ་ལ་རླུང་ཤས་ཆེ་བའི་དྲེག་ནད་ནི་ཟུག་གཟེར་བ་དང༌། པར་པར་བྱེད་པ་དང༌། ན་བ་དང༌། ལུས་སྐྲང་ཞིང་རྩུབ་པ་དང༌། མདོག་གནག་པ་དང༌། སྔོ་བསངས་སུ་འདུག་པ་དང༌། ཡང་དང་ཡང་ན་ཞིང་ཞི་བར་བྱེད་པ་དང༌། རྩ་ཆེན་པོ་དང་ཚིགས་དང་སོར་མོ་རྣམས་འཁུམས་པ་དང༌། ལུས་བཅིངས་པ་སྙམ་བྱེད་ཅིང་ཤིན་ཏུ་ན་བ་དང༌། གྲང་བ་ལ་ཞེ་སྡང་བ་དང༌། ལུས་ལ་གྲང་བས་རེག་ན་བདེ་བ་དང༌། རེངས་པ་དང༌། ལུས་ལ་ཚོར་བ་མེད་ཅིང་བེམ་བེམ་པོར་འདུག་པ་རྣམས་ཡིན་ནོ། །ཁྲག་གི་ཤས་ཆེ་བའི་དྲེག་ནད་ནི་རབ་ཏུ་སྐྲང་བ་དང༌། ཟུག་ཅིང་ན་བ་དང༌། ཟངས་མའི་མདོག་འདྲ་བ་དང༌། ལུས་བེམ་བེམ་པོར་ཡུངས་ཀར་གྱི་འདག་གུས་བསྐུས་པ་བཞིན་ཆ་ཙེག་ཙེག་སེམས་པ་དང༌། སྣུམ་པ་དང༌། རྩུབ་པས་ཞི་བར་མི་འགྱུར་བ་དང༌། གཡའ་བ་དང་རུལ་བ་དང་ལྡན་པ་ཡིན་ནོ། །མཁྲིས་པ་ཤས་ཆེ་བའི་དྲེག་ནད་ལ་ནི་ཚ་བ་འུར་འུར་པོར་འདུག་པ་དང༌། རྨོངས་བག་ཏུ་འདུག་པ་པ་དང༌། རྡུལ་ཆེ་བ་དང༌། བརྒྱལ་བ་དང༌། མྱོས་པ་དང༌། སྐོམ་དད་ཆེ་བ་དང༌། རེག་མི་བཟོད་པ་དང༌། ན་བ་དང༌། མདོག་དམར་བ་དང༌། སྐྲང་བ་དང༌། ཚོས་པ་དང༌། རབ་ཏུ་དྲོ་བ་རྣམས་ཡིན་ནོ། །བད་ཀན་ཤས་ཆེ་བའི་དྲེག་ནད་ནི་ལུས་འགུལ་མི་ཤེས་པ་དང༌། ལུས་
ལྕི་བ་དང༌། ཚོར་བ་མེད་ཅིང་བེམ་བེམ་པོར་འདུག་པ་དང༌། མདོག་སྣུམ་པ་དང༌། ལུས་གྲང་བ་དང༌། གཡའ་བ་དང་ཅུང་ཟད་ན་བ་རྣམས་ཡིན་ནོ། །དྲེག་ནད་ཉེས་པ་འདྲེས་པའི་ལས་གཉིས་ལྡན་པའམ། གསུམ་འདུས་པའི་མཚན་མ་ཡང་ཅི་རིགས་པར་ཤེས་པར་བྱའོ། །དེ་ལས་ནད་གཅིག་ཤས་ཆེ་བའམ་གསར་དུ་བྱུང་བ་ནི་གསོར་རུང་ངོ༌། །ནད་གཞི་གཉིས་དང་ལྡན་པ་ནི་མི་ལ་ཙམ་དུ་གསོར་ནུས་སོ། །ནད་གཞི་གསུམ་གྱི་དྲེག་ནད་ཆུ་སེར་འཛག་པ་དང༌། རེངས་པ་དང་ཐོར་བུ་འཕྱང་བ་དེ་ནི་སྤང་བར་བྱའོ། །རྐང་ལག་གི་ཚིགས་རྣམས་སུ་ཁྲག་རྒྱུ་བའི་རྩ་རླུང་གིས་བཀག་ན་རླུང་དང་ཁྲག་ཕན་ཚུན་ཕྲད་ནས་ཟུག་གཟེར་ཤིན་ཏུ་ཆེ་བ་ཡིན་ཏེ། དེ་ནི་མྱུར་དུ་སྲོག་འདོར་བའི་བདག་ཉིད་ཅན་ཡིན་ནོ། །དེ་ལ་རླུང་གི་བདག་ཉིད་རྣམ་པ་ལྔ་ལས། སྲོག་ཅེས་བྱ་བའི་རླུང་ནི་ཁ་ཟས་རྩུབ་པ་དང༌། རྩོལ་བ་དྲགས་པ་དང༌། སྨྱུང་བར་འདུག་པ་དང༌། ཁ་ཟས་དྲགས་པ་དང༌། འགྲངས་ཆེས་པ་དང༌། སྣང་བ་དང༌། ལམ་གྱིས་དུག་པ་དང་ཤུགས་དྲག་ཏུ་སྨྲ་བ་དང༌། འབྱུང་བའི་ཤུགས་འགགས་པ་དང༌། རྒྱུ་དེ་དག་གིས་རླུང་འཁྲུགས་ཏེ། མིག་ལ་སོགས་པ་དབང་པོ་རྣམས་ལ་གནོད་པར་བྱས་ཏེ། སྣ་ཆུ་འཛག་པ་དང༌། ཉམ་ཐག་པར་ན་བ་དང༌། སྐོམ་དད་ཆེ་བ་དང༌། ལུད་པ་དང༌། དབུགས་མི་བདེ་བ་ལ་སོགས་པ་རྣམས་བསྐྱེད་དོ། །དེ་ལ་སྟོད་དུ་རྒྱུ་བའི་རླུང་ཞེས་བྱ་བ་ནི་སྦྲིད་པ་དང༌། །སྒྲེགས་པ་དང༌། སྐྱུག་པ་དང། གཉིད་དང་དེ་རྣམས་དགག་པ་དང༌། ཁུར་ལྕི་བ་ཁུར་བ་དང༌། ངུ་དྲགས་པ་དང༌། དགོད་དྲགས་པ་ལ་སོགས་པའི་རྒྱུས་རླུང་འཁྲུགས་ཏེ། མགུལ་པ་འགགས་པ་དང༌། སེམས་ཉམས་པ་དང༌། སྐྱུག་པ་དང་ཁ་ཟས་ཡི་གར་མི་འོང་བ་དང༌། ཆམ་པས་བཏབ་པ་དང༌། དེ་བཞིན་དུ་མགུལ་པའི་སྤ་བ་ལ་སོགས་པ་ནམ་ཚོང་ཡན་ཆད་ཀྱི་ནད་དེ་དང་དེ་ལ་སོགས་པ་སྐྱེད་པར་བྱེད་དོ། །ཁྱབ་བྱེད་ཅེས་བྱ་བའི་རླུང་ནད་ནི་འགྲོ་དྲགས་པས་རང་གི་གནས་ཉམས་པ་དང༌། རྩེད་མོ་ཤིན་ཏུ་དྲགས་པ་མི་བཟད་པ་བྱེད་པ་དང༌། ཁ་ཟས་མི་མཐུན་པ་དང༌། རྩུབ་པ་བསྟེན་པ་དང༌། འཇིགས་པ་དང༌། དགའ་ཆེས་པ་དང༌། ཡི་བསད་པ་ལ་སོགས་པའི་རྒྱུས་ཁྱབ་བྱེད་ཀྱི་རླུང་འཁྲུགས་ཏེ། རྒ་བ་དང་ཉམས་སྟོབས་འཇིག་པར་བྱེད་ཅིང༌། ལུས་སྐྲང་བ་དང༌། སེམས་གཡེངས་པ་དང༌། རིམས་ཀྱིས་འདེབས་པ་དང༌། ཡན་ལག་ཐམས་ཅད་ན་ཞིང་ཟུག་པ་དང༌། སྤུ་ཟིང་ཞེས་བྱེད་པ་དང༌། ལུས་ཚོར་བ་མེད་ཅིང་བེམ་བེམ་པོར་གྱུར་པ་དང༌། མཛེ་ནད་དང་ཤུ་བ་མཆེད་པ་དང༌། གཞན་ཡང་ལུས་ཐམས་
ཅད་དུ་འགྲོ་བའི་ནད་སྐྱེད་པར་བྱེད་དོ། །དེ་ལ་མེ་དང་མཉམ་དུ་གནས་པ་ཞེས་བྱ་བའི་རླུང་ནི་ཟས་མ་སྙོམས་པ་དང༌། སྔ་མ་མ་ཞུ་བར་ཟ་བ་དང༌། ཟས་རྙིང་པ་ཟ་བ་དང༌། དུས་མ་ཡིན་པར་གཉིད་ལོག་པ་དང༌། མཚན་མོ་གཉིད་མ་ལོག་པ་དང༌། རྒྱུ་དེ་དག་གིས་འཁྲུག་པར་བྱེད་དེ། གཟེར་བ་དང༌། སྐྲན་དང༌། ཕོ་བའི་ནད་དང༌། ཞུ་བ་དང༌། མ་ཞུ་བའི་གནས་སུ་ནད་རྣམས་སྐྱེད་པར་བྱེད་དོ། །ཐུར་དུ་སེལ་བའི་རླུང་ཞེས་བྱ་བ་ནི་ཁ་ཟས་རྩུབ་པ་དང༌། འཇུ་དཀའ་བ་ཟོས་པ་དང༌། རྟ་ལ་སོགས་པ་བཞོན་པའི་སྟེང་ནས་ལྷུང་བ་དང༌། བཞོན་པ་ལ་རྟག་ཏུ་བརྟེན་པ་དང༌། གནས་གཅིག་ཏུ་ཡུན་རིངས་བ་དང༌། འགྲོ་བ་ལ་རྟག་པ་དང༌། རྒྱུ་དེ་དག་གིས་ནད་འཁྲུགས་ཏེ། མ་ཞུ་བའི་གནས་ལ་བརྟེན་ནས་གཅིན་ནད་དང༌། ཁུ་ཆུའི་ནད་དང༌། གཞང་འབྲུམ་དང༌། གཞང་ཕྱིར་བྱུང་བ་ལ་སོགས་པའི་ནད་གསོ་དཀའ་བ་མང་དུ་སྐྱེད་དོ། །སྲོག་ཅེས་བྱ་བ་ལ་སོགས་པའི་རླུང་ལྔ་པོ་དེ་དག་གང་ཡང་རུང་བ་མ་ཞུ་བ་དང༌། ལྷན་ཅིག་ལྡན་ན་ནི་ལུས་སྙོམ་པ་དང༌། འགུལ་མི་ཤེས་པ་དང༌། ཁོང་ལྕི་བ་དང༌། སྣུམ་པ་དང༌། ཁ་ཟས་ཡི་གར་མི་འོང་བ་དང༌། སྒྱིད་ཞན་པ་དང༌། གྲང་བ་དང༌། སྐྲང་བ་དང༌། མེའི་དྲོད་ཉམས་པ་དང༌། ཚ་བ་དང་རྩུབ་པ་ལ་མངོན་པ་ཆགས་པ་དང༌། དེ་ཉིད་ཟོས་ན་བདེ་བ་དང༌། རྟགས་འདི་དག་དང་ལྡན་པ་ཡིན་པར་ཤེས་པར་བྱའོ། །མ་ཞུ་བ་དང་མི་ལྡན་ན་ནི་རྟགས་དེ་དག་དང་ལྡན་པ་མ་ཡིན་པར་ཤེས་པར་བྱའོ། །རླུང་དེ་མཁྲིས་པ་ལ་སོགས་པ་ནད་གཞན་དང་ལྡན་པ་ཡིན་ན་ཡང་དེའི་དབྱེ་བ་དམིགས་ཀྱིས་བཤད་པར་བྱ་སྟེ། དེ་ལ་རླུང་ནད་མཁྲིས་པ་དང་ལྡན་པའི་རྟགས་ནི་ལུས་ཚ་བ་འུར་འུར་པོར་འདུག་པ་དང༌། སྐོམ་དད་ཆེ་བ་དང༌། ཟུག་གཟེར་ཆེ་བ་དང༌། མགོ་འཁོར་བ་དང༌། མུན་འཐིབས་ཞེས་བྱེད་པ་དང༌། ཁ་ཟས་ཚ་བ་དང༌། དྲོ་བ་དང༌། སྐྱུར་ང་དང༌། ལན་ཚྭ་རྣམས་ཟོས་ན་ལུས་ཚ་བ་སྐྱེད་པ་དང༌། བསིལ་བ་འདོད་པ་རྣམས་ཡིན་ནོ། །རླུང་དང་བད་ཀན་དང་ལྡན་པའི་རྟགས་ནི་ལུས་བསིལ་བ་དང༌། ཁོང་གྲང་བ་དང༌། ཟུག་གཟེར་ཆེ་བ་དང༌། ཁ་ཟས་ཚ་བ་དང༌། དྲོ་བ་ཟོས་ན་ལྷག་པར་བདེ་བ་
དང། སྨྱུང་བ་དང༌། རྩོལ་བ་དང༌། ཁ་ཟས་རྩུབ་པ་དང༌། དྲོ་བ་དང་འདི་རྣམས་འདོད་པ་ཡིན་ནོ། །རླུང་ཁྲག་དང་བཅས་པའི་རྟགས་ནི། ཤ་དང་པགས་པའི་ནང་དུ་ཚ་ཤས་ཆེ་ཞིང་ཟུག་པ་དང༌། མདོག་དམར་པོར་སྐྲང་བ་དང༌། ལུས་ལ་ཐིག་ལེ་དམར་པོ་འབྱུང་པ་ཡིན་ནོ། །རླུང་ཤ་དང་ལྷན་ཅིག་འཁྲུགས་པ་ཡིན་ན་ནི་སྐྲང་ཞིང་མཁྲང་བ་དང༌། མདོག་འགྱུར་བ་དང༌། དེ་བཞིན་དུ་འབྲུམ་བུ་ཕྲ་མོ་འབྱུང་ཞིང་མཁྲང་ལ་མདོག་འགྱུར་བ་དང༌། ལུས་བརྩེ་བ་དང༌། ལུས་ལ་གྲོག་མ་རྒྱུ་བ་སྙམ་བྱེད་པ་ཡིན་ནོ། །རླུང་དེ་ཚིལ་དང་ལྡན་པར་འཁྲུགས་པ་ཡིན་ན་ནི། ལུས་སྐྲང་ཞིང་མི་བརྟན་པ་དང༌། སྣུམ་པ་དང༌། རེག་ན་འཇམ་པ་དང༌། གྲང་བ་དང༌། ཟས་ཡི་གར་མི་འོང་བ་དེ་ནི་གསོ་དཀའ་བའི་ཕྱུག་པོའི་ནད་ཅེས་བྱའོ། །དེ་ལ་རླུང་རུས་པ་དང་ལྡན་པར་འཁྲུགས་ན་ནི། རེག་ན་ཤིན་ཏུ་ཚ་བ་དང༌། བཙིར་ན་མངོན་པར་དགའ་བ་དང༌། ཁབ་ཀྱིས་གཙགས་པ་སྙམ་བྱེད་པ་དང༌། ཡན་ལག་རྣམས་ན་ཞིང་ཟུག་པ་ཡིན་ནོ། །རླུང་ནད་རྐང་དང་ལྷན་ཅིག་འཁྲུགས་པ་ནི་ལུས་སྒུ་བ་དང༌། ཡང་ནས་ཡང་དུ་གླལ་འབྱུང་བ་དང༌། ལུས་གཅུས་པ་སྙམ་བྱེད་པ་དང༌། ལུས་རབ་ཏུ་ན་བ་དང༌། ལག་པ་གཉིས་ཀྱིས་བཙིར་ཞིང་མཉེས་ན་བདེ་བར་འགྱུར་བ་ཡིན་ནོ། །རླུང་ཁུ་བ་དང་ལྷན་ཅིག་འཁྲུགས་པ་ཡིན་ན་ནི། ཁུ་བ་ཤུགས་དྲག་ཏུ་འབྱུང་བ་དང༌། ཡང་ན་ས་བོན་གྱི་བྱ་བ་བྱེད་མི་ནུས་པ་ཡིན་ནོ། །རླུང་ཟས་དང་ལྷན་ཅིག་འདྲེས་ཏེ་འཁྲུགས་ན་ནི། ཟས་དེ་ཁོང་པར་ཇི་སྲིད་གནས་ཀྱི་བར་དུ་ནི་ན་ལ། དེ་ཞུ་བ་ཙམ་གྱི་ཚོད་ན་ནི་བདེ་བ་ཡིན་ནོ། །རླུང་དེ་གཅིན་དང་ལྷན་ཅིག་འཁྲུགས་པར་གྱུར་པ་ཡིན་ན་ནི། གཅིན་སྲི་ཞིང་འགགས་ལ་ཆུ་སོར་རླུང་གིས་གང་བ་ཡིན་ནོ། །ཕྱི་ས་སྟེ་བཤང་བ་དང་ལྡན་ཏེ་འཁྲུགས་པ་ཡིན་ན་ནི། ཕྱི་ས་ཐུར་དུ་འབྱུང་བ་འགགས་ལ་རང་གི་གནས་སུ་ཐོགས་ཏེ་འབྱུང་དུ་མི་རུང་བ་དང༌། སྣུམ་
བག་ཟོས་ན་མྱུར་དུ་འབྱུང་ལ་ཁོང་སྦོ་བར་ཡང་འགྱུར་ལ། ཟས་དེ་ཁོང་དུ་ཕུལ་ཏེ་འབྱུང་བ་ཡང་ཤིན་ཏུ་དཀའ་བས་ཐོགས་ཏེ་འབྱུང་བ་ཡིན་ནོ། །རླུང་དེ་ལུས་ཟུངས་ཐམས་ཅད་དང་ལྷན་ཅིག་འཁྲུགས་པ་ཡིན་ན་ནི་བརླ་དང་ཆུ་སོའི་བར་དང༌། རྒྱབ་ཀྱི་སྒལ་ཚིགས་ན་བ་དང༌། རླུང་ལུགས་སུ་མི་འབྱུང་སྟེ། ལོག་པར་སོང་བ་དང༌། སྙིང་མི་བདེ་ཞིང་རབ་ཏུ་ན་བ་རྣམས་ཡིན་ནོ། །སྲོག་ཅེས་བྱ་བའི་རླུང་དེ་མཁྲིས་པ་དང་ལྷན་ཅིག་འཁྲུགས་པ་ཡིན་ན་ནི་མགོ་འཁོར་བ་དང༌། བརྒྱལ་བ་དང༌། ཟུག་པ་དང༌། ཆ་འུར་འུར་པོར་འདུག་པ་དང༌། ཟས་ཕྱེད་ཙམ་ཞུ་སྟེ་སྐྱུར་པོར་འགྱུར་ཙམ་ན་སློན་པ་ཡིན་ནོ། །སྟོད་དུ་རྒྱུ་བའི་རླུང་མཁྲིས་པ་དང་འདྲེས་ཏེ་འཁྲུགས་ན་ནི་མགོ་འཁོར་བ་ལ་སོགས་པ་གོང་མའི་མཚན་ཉིད་དང་ལྡན་པའི་སྟེང་དུ་ཁོང་ཚབ་འུར་འུར་པོར་འདུག་ཅིང་ཉམས་སྟོབས་ཟད་པ་ཡིན་ནོ། །ཁྱབ་བྱེད་ཀྱི་རླུང་མཁྲིས་པ་དང་འདྲེས་ཏེ་འཁྲུགས་པ་ཡིན་ན་ནི་ལུས་ཐམས་ཅད་ཚ་བ་དང༌། ངལ་བ་དང་ལུས་ཀྱི་སྤྱོད་པ་མི་ནུས་ཤིང་ལྡོག་པ་དང༌། ལུས་ཚ་ཞིང་ནད་དང་བཅས་པ་ཡིན་ནོ། །མེ་དང་མཉམ་དུ་གནས་པའི་རླུང་དང་མཁྲིས་པ་དང་ལྷན་ཅིག་འཁྲུགས་པ་ཡིན་ན་ནི། ཁོང་པའི་མེ་དྲོད་ཉམས་པར་བྱེད་ཅིང་ལྷག་པར་ཆེ་བ་དང༌། སྙིང་མི་དགའ་བ་དང༌། སྐོམ་དད་ཆེ་ཞིང་ཚ་བ་དང་བཅས་པ་ཡིན་ནོ། །ཐུར་དུ་སེལ་བའི་རླུང་མཁྲིས་པ་དང་ལྷན་ཅིག་འཁྲུགས་ན་ནི་ཕྱི་སའི་མདོག་སེར་པོར་འབྱུང་ཞིང༌། ཟླ་མཚན་ཤས་ཆེར་འཛག་པ་དང༌། བུད་མེད་ཀྱི་མོ་མཚན་དང་ཕོ་མཚན་དང༌། རྐུ་བ་རྣམས་སུ་ཚབ་ཆེ་བ་དེ་རྣམས་ཡིན་ནོ། །སྲོག་ཅེས་བྱ་བའི་རླུང་བད་ཀན་དང་ལྷན་ཅིག་འཁྲུགས་ན་ནི་ལུས་ལ་གནོད་པའི་སྙོམ་པ་དང༌། ཁ་ཟས་ཡི་གར་མི་འོང་བ་དང༌། སྐྱུག་བྲོ་བ་དང་མཆིལ་མ་མང་བ་དང༌། སྦྲིད་པ་དང་སྒྲེགས་པ་དང༌། དབུགས་འབྱུང་རྔུབ་འགགས་པ་ཡིན་ནོ། །སྟོད་དུ་རྒྱུ་བའི་རླུང་བད་ཀན་དང་ལྷན་ཅིག་འཁྲུགས་པ་ཡིན་ན་ནི་ལུས་ལྕི་བ་དང༌། ཁ་ཟས་ཡི་གར་མི་འོང་བ་དང༌། ཚིག་དང་སྒྲ་འཚུབས་ཤིང་འགགས་པ་དང༌། ཉམས་སྟོབས་རྣམས་འཇོམས་པར་བྱེད་པ་ཡིན་ནོ། །ཁྱབ་བྱེད་ཀྱི་རླུང་བད་ཀན་དང་ལྷན་ཅིག་འཁྲུགས་པ་ཡིན་
ན་ནི་རུས་པའི་ཚིགས་རྣམས་བརྐྱང་བསྐུམ་མི་ཤེས་པ་དང༌། ཡན་ལག་ཐམས་ཅད་ལྕི་བ་དང༌། འགྲོ་བ་མི་བརྟན་ཞིང་འཁྱོར་འགྲོ་བ་ཡིན་ནོ། །མེ་དང་མཉམ་དུ་གནས་པའི་རླུང་བད་ཀན་དང་ལྷན་ཅིག་འཁྲུགས་པ་ཡིན་ན་ནི་ལུས་ཀུན་གྲང་ཞིང་རྡུལ་མེད་ལ་མེ་དྲོད་ཆུང་བ་ཡིན་ནོ། །ཐུར་དུ་སེལ་བའི་རླུང་བད་ཀན་དང་འདྲེས་པ་ཡིན་ན་ནི་བཤང་གཅི་མི་འབྱུང་ཞིང་འགགས་པ་ཡིན་ནོ། །དེ་ལྟར་རླུང་ནད་ཀྱི་དབྱེ་བ་གཞན་དང་འབྲེལ་བ་ཉི་ཤུ་རྩ་གཉིས་སུ་ཤེས་པར་བྱའོ། །དེ་ལ་སྲོག་ཅེས་བྱ་བའི་རླུང་ལ་སོགས་པ་ལྔ་པོ་གང་ཡང་རུང་བ་རླུང་ནད་ལྷག་མ་བཞི་ལ་ལྡན་པ་ཞེས་བྱ་སྟེ། དེ་བཞིན་དུ་རེ་རེ་ལ་ཡང་རྣམ་པ་བཞི་བཞི་སྟེ་ཉི་ཤུར་འགྱུར་རོ། །དེ་ལ་སྲོག་ཅེས་བྱ་བའི་རླུང་བད་ཀན་དང་འགྱུར་བའི་རླུང་དང་ལྷན་ཅིག་འཁྲུགས་ན། དེའི་རྟགས་ནི་དབུགས་འབྱུང་རྔུབ་དཀའ་བ་དང༌། ཆམ་པས་འདེབས་པ་དང༌། མགོ་བསྒྱུར་དཀའ་བ་དང༌། གློ་སྙིང་ན་བ་དང༌། ཁའི་ནང་སྐམ་པ་རྣམས་ཡིན་ནོ། །སྟོད་དུ་རྒྱུ་བའི་རླུང་སྲོག་ཅེས་བྱ་བའི་རླུང་དང་ལྷན་ཅིག་འཁྲུགས་ན་ནི་མདོག་དང་ཉམས་སྟོབས་ཟད་པར་བྱེད་དོ། །འདི་ལ་ཇི་ལྟར་སྦྱར་བ་བཞིན་དུ་རླུང་ནད་ལྷག་མ་རྣམས་ལ་ཡང་དེ་ལྟར་སྦྱར་བར་བྱའོ། །རླུང་རྣམ་པ་ལྔ་པོ་དེ་དག་གི་གནས་ནི་ནད་གཞི་གསུམ་གང་དང་གང་ན་གནས་པ་དང༌། ནད་དམིགས་ཅིར་འགྱུར་བའི་ལེའུ་ལ་བལྟ་བར་བྱའོ། །རླུང་ནད་དེ་དག་གི་ལས་དང༌། ཤས་ཆེ་ཆུང་ཡང་དེ་ལ་ལྟོས་ཤིག །སྲོག་ཅེས་བྱ་བ་ལ་སོགས་པའི་རླུང་རྣམ་པ་ལྔ་དང་གང་ཡང་རུང་བ་ནང་འདྲེས་པའི་སྟེང་དུ་ནད་གཞན་གྱིས་འདྲེས་པའམ། རླུང་ནད་ཉི་ཚེ་དང་ལྡན་པ་གང་ཡིན་པ་སྨན་པ་རྣམས་ཀྱིས་ལེགས་པར་རྟོགས་ཤིག །མཁྲིས་པ་དང་བད་ཀན་གཉིས་ལ་རླུང་རྣམ་པ་ལྔ་པོ་དང༌། རེ་རེར་སྦྱར་བའི་རྣམ་པ་བཅུ་དང༌། བད་ཀན་དང་མཁྲིས་པ་བཤང་གཅི་གཉིས་དང་ལྡན་པ་དང་བཅུ་གཉིས་པོ་དེ་དག་ཀྱང་བརྟག་གོ །དེ་ལས་བཟློག་པ་བཅུ་གཉིས་ཏེ་ཇི་རིགས་སུ་རྟོགས་པར་བྱའོ། །བད་ཀན་དང་མཁྲིས་པ་གཉིས་ཀྱི་རླུང་ནད་ལྔ་པོ་རེ་རེ་ལ་ཡང་འདྲེས་པར་རྟོགས་ཤིག །དེ་ལྟར་རླུང་རྣམ་པ་ལྔ་དང་མཁྲིས་པ་དང་བད་ཀན་ནད་ཕན་ཚུན་འདྲེས་པར་བྱས་ནས་ནི་དུ་མར་འགྱུར་ཏེ་དེ་དག་རེ་རེ་ལ་ཡང་དབྱེ་ན་
རྩིས་ཀྱིས་མི་ལང་སྟེ་གྲངས་མེད་པར་འགྱུར་རོ། །དེ་བས་ན་འདྲེས་པའི་ནད་དེ་ནི་ཤིན་ཏུ་རྟོགས་པར་དཀའ་བ་ཡིན་པས་སྨན་པ་མཁས་པ་གཞན་གྱི་ནད་རིག་པ་དག་གིས་རང་རང་གི་ནད་གཞིའི་སྐྱེ་བ་དང་འབྲི་བའི་ཚུལ་བཟའ་བ་དང༌། བཏུང་བ་དང་སྤྱོད་ལམ་ལ་སོགས་པ་གང་གིས་སློང་བ་ཡང་དང་ཡང་དུ་བརྟག་ཅིང་ཤེས་པར་བྱའོ། །རླུང་ལྔ་པོ་དེ་དག་ལས་ཀྱང་ཁྱད་པར་དུ་སྲོག་ཅེས་བྱ་བའི་རླུང་དེ་ནི་སྐྱེ་དགུ་རྣམས་ཀྱི་འཚོ་བ་ཡིན་ལ་སྟོད་དུ་རྒྱུ་བའི་རླུང་ནི་ཉམས་སྟོབས་ཡིན་པར་བརྗོད་དོ། །རླུང་གཉིས་པོ་དེ་དག་ཉམས་ཤིང་གནོད་པར་གྱུར་ན་ནི་ཚེ་དང་སྟོབས་ཀྱང་ཟད་པར་འགྱུར་རོ། །རླུང་རྣམ་པ་ལྔ་པོ་དེ་དག་གཅིག་ལ་གཅིག་འདྲེས་ཏེ་ལྡན་པའམ་ཡང་ན་མཁྲིས་པ་ལ་སོགས་པ་ནད་གཞན་དུ་མ་དང་འདྲེས་ཤིང་ལྡན་པ་ཡང་རུང་སྟེ། ནད་ཀྱི་མཚན་ཉིད་ཤེས་པ་ཡིན་ན་ནི་ལོ་གཅིག་མ་ལོན་ཀྱང་རུང་སྟེ། དེ་ཡང་ཤིན་ཏུ་གསོ་དཀའོ། །ནད་ཀྱི་མཚན་ཉིད་མ་ཤེས་ཏེ་ལོ་གཅིག་འདས་པ་ཕན་ཆད་ནི་གསོ་དཀའ་བ་མེད་དོ། །དེ་ལྟར་འདྲེས་པའི་ནད་དེ་དག་གསོ་བ་མ་བྱས་ཏེ་ཡལ་བར་བོར་ན་ཁོང་འབྲས་དང༌། ནད་གཞི་མཆེར་པའི་ནད་དང༌། སྙིང་ནད་དང༌། སྐྲན་དང༌། མེ་དྲོད་ཉམས་པ་ལ་སོགས་པ་བླ་བརྣན་འབྱུང་བར་འགྱུར་རོ། །དྲེག་ནད་ཀྱི་ནད་གཞི་བཤད་པའི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། །།སྨན་པའི་བདག་པོ་སེང་གེ་སྦས་པའི་བུ་སྨན་པ་ཆེན་པོ་ཕ་ཁོལ་ཞེས་བྱ་བས། ཡན་ལག་བརྒྱད་པའི་སྙིང་པོ་མཛད་པ་ལས་ནད་གཞིའི་གནས་ཞེས་བྱ་བ་བཅུ་དྲུག་པ་རྫོགས་ཏེ། ཡན་ལག་བརྒྱད་པའི་སྙིང་པོའི་གནས་གསུམ་པའོ།། །།སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་ལས་གསོ་བའི་དཔྱད་ཉི་ཤུ་རྩ་གཉིས་ཞེས་བྱ་བ། རིམས་ནད་གསོ་བའི་ལེའུ་དང་པོ་བཤད་པར་བྱ་སྟེ། དེ་ཡང་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་བཤད་པ་ན་རེ་རིམས་ནི་ཁ་ཟས་མ་ཞུ་བའི་གནས་སུ་ཞུགས་ནས་རླུང་ལ་སོགས་པ་དང་ལྷན་ཅིག་གནས་ཏེ། མེ་དྲོད་ཉམས་པར་བྱས་ནས་ནང་གི་རྩའི་ལམ་བཀག་སྟེ། རིམས་ནད་སྐྱེད་པ་ཡིན་ནོ། །དེ་ལ་ཐོག་མར་རིམས་མ་སྨིན་པ་ལ་ནི་སྨྱུང་བ་བྱས་ལ། ཉམས་སྟོབས་བསྲུང་བ་ལ་འབད་དོ། །ཉམས་སྟོབས་དང་ལྡན་ན་ནི་ནད་མེད་པ་
ཡིན་པས་ཐོག་མར་གསོ་བའི་ཆོ་ག་འདི་དག་བྱའོ། །དང་པོ་སྨྱུང་བ་བྱས་པས་ནི་ཉེས་པ་རྣམས་ཟད་པར་བྱེད་དེ། མེ་དྲོད་སྐྱེད་ཅིང་ལུས་ཡང་ལ་ནད་མེད་པ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། ཟས་ཡི་གར་འོང་ཞིང་ཁ་ཟས་འཇུ་ལ་ཉམས་སྟོབས་དང་གཟི་མདངས་རྣམས་སྐྱེ་བར་འགྱུར་རོ། །དེ་ལ་བད་ཀན་ཚབས་ཆེ་སྟེ། རང་གི་གནས་ལས་ལུད་ནས་བད་ཀན་ཕྱི་རོལ་ཏུ་འབྱུང་ཞིང་དེ་ཡང་གཉིད་ནད་དང༌། ཆམ་པ་དང་ཡི་ག་འཆུས་པ་དང༌། ལུད་པ་དང༌། གསུད་པ་དང༌། ལྷན་ཅིག་འབྱུང་ཞིང་ཟས་ཟོས་མ་ཐག་ལྡང་བའི་རིམས་ནད་མ་ཞུ་བ་དང་བཅས་པ་དེ་ལ་ནི་སྐྱུག་སྨན་གཏང་བར་འོས་ཏེ་སློན་བྱའོ། །རིམས་ནད་གཞན་ལ་སྐྱུག་སྨན་བཏང་ན་ནི་དབུགས་མི་བདེ་བ་དང༌། འཁྲུ་བ་དང༌། རྨོངས་པ་དང༌། སྙིང་ནད་དང༌། རིམས་མི་ཟད་པ་རྣམས་ཀྱིས་འདེབས་སོ། །པོ་སོན་ཆ་དང༌། དུག་མོ་ཡུངས་དང༌། ཤིང་མངར་གང་ཡང་རུང་བ། པི་པི་ལིང་དང་ལྷན་ཅིག་གམ། ཡང་ན་ཆུ་དྲོན་པོ་དང་སྦྲང་རྩི་ལན་ཚྭ་དང་བཅས་པ་བླུད་ལ་སྐྱུག་ཏུ་གཞུག་གོ །ཡང་ན་པ་ཏོ་ལ་དང༌། ནིམ་པ་དང༌། ག་གོན་དང༌། སྦ་དང༌། འདི་རྣམས་ཀྱི་ལོ་མ་གང་ཡང་རུང་བ་བསྐོལ་བའི་ཁུ་བ་དང༌། འབྲས་ཡོས་ཀྱི་སྐྱོ་མ་དང༌། བུ་རམ་ཤིང་གི་ཁུ་བ་དང༌། ཆང་དང་དེ་དག་གང་ཡང་རུང་བའི་ནང་དུ་པོ་སོན་ཆའི་ཕྱེ་མས་བཏབ་པ་བླུད་དོ། །ཡང་ན་ཉམས་སྟོབས་དང༌། དུས་ཀྱི་བྱེ་བྲག་ཤེས་པའི་སྨན་པས་ཆོ་ག་གྲུབ་པའི་ནང་དུ་བཤད་པའི་སྐྱུག་སྨན་གཏང་བར་བྱའོ། །གོང་མའི་སྐྱུག་སྨན་བྱས་ཀྱང་རུང༌། མ་བྱས་ཀྱང་རུང༌། རིམས་ནད་ཅན་གྱི་སྐྱེས་བུ་ལ་ནི་ཉིས་པ་རྣམས་རང་གི་གནས་ལས་ཉམས་ཤིང་དྲོད་སྐྱེད་པས་ནད་སྨིན་པ་དང་ཞི་བར་བྱ་བའི་ཕྱིར་ཁྱད་པར་དུ་སྨྱུང་བ་བྱས་ན་ཕན་ནོ། །དཔེར་ན་ཕྱི་རོལ་གྱི་མེ་མདག་ལ་ཐལ་བས་གཡོགས་ན། ཁ་ཟས་ལ་སོགས་པ་འཚོར་མི་ནུས་པ་དང་འདྲ་བར། ཁོང་པའི་རླུང་ལ་སོགས་པའི་ཉེས་པས་གཡོགས་ན་ཁ་ཟས་འཇུ་མི་ནུས་ཏེ། དེ་བས་ན་སློན་བྱས་པའི་འོག་ཏུ་སྨིན་པར་གྱུར་པའི་ཕྱིར་སྨྱུང་བ་ལ་སོགས་པ་བྱའོ། །བད་ཀན་དང་རླུང་ལས་གྱུར་པའི་རིམས་སྐོམ་དད་ཆེ་བ་ལ་ནི། ཆུ་དྲོན་པོ་ཉུང་དུ་ཉུང་དུ་བྱིན་ན་བད་ཀན་སྐམ་པོ་སླ་བར་བྱའོ། །སྐོམ་དང་མྱུར་དུ་
འཇིལ་བར་བྱེད་ན་མེ་དྲོད་དང་རྩའི་རྒྱུན་སྲང་ཡང་འཇམ་ཞིང་དག་པ་དང༌། མཁྲིས་པ་དང༌། རླུང་དང༌། རྔུལ་དང༌། ཕྱི་ས་དང༌། གཅིན་དང༌། འདི་རྣམས་ཀྱང་ལེགས་པར་འབྱུང་བར་བྱེད་ལ་གཉིད་དང༌། རྨོངས་བག་དང༌། ཡི་ག་འཆུས་པ་རྣམས་འཕྲོག་ཅིང་སྲོག་འཛིན་པར་བྱེད་དོ། །གལ་ཏེ་ཆུ་གྲང་འཐུངས་ན་ཕན་ཡོན་གོང་མ་ལོག་པར་འགྱུར་ཏེ། ནད་ཀྱི་ཚོགས་སྐྱེད་པར་བྱེད་དོ། །ཆུ་དྲོན་པོ་འཐུངས་ན་ཕན་ཡོན་གོང་མ་ལྟར་ཡོད་ན་ཡང་གཅིག་ཏུ་མཁྲིས་པ་ཅན་ལ་ནི་མ་ཡིན་ཏེ། དེ་ཡང་མཁྲིས་པ་ཤས་ཆེ་བ་དང༌། མིག་ལ་སོགས་པ་དབང་པོའི་ནད་དང༌། ལུས་ཚ་བ་དང༌། རྨོངས་བག་ཏུ་འདུག་པ་དང༌། འཁྲུ་བ་དང༌། དུག་དང་ཆང་ལས་གྱུར་པའི་རིམས་དང༌། སོས་ཀ་ཚ་བའི་དུས་དང༌། ལུས་ཟད་ཅིང་སྐེམ་པ་དང༌། མཁྲིས་པ་དང་ཁྲག་ལ་ནི་ཆུ་དྲོན་པོ་མི་སྦྱར་རོ། །གླ་སྒང་དང༌། ཙནྡན་དང༌། བཅའ་སྒ་དང། པར་པ་ཏ་དང༌། པུ་ཤེལ་ཙི་དང༌། བ་ལེ་ཀ་དང༌། འདི་རྣམས་གང་ཡང་རུང་བ་བསྐོལ་བའི་ཁུ་བ་མཁྲིས་པ་ལས་གྱུར་པའི་རིམས་ནད་ཀྱི་སྐོམ་དད་ཅན་ལ་སྦྱར་ན་ཁ་ཟས་འཇུ་བར་བྱེད་ཅིང་སྐོམ་དད་འཇོམས་སོ། །མཁྲིས་པ་མེད་ན་དྲོད་མེད། དྲོད་མེད་ན་རིམས་མེད་དེ། དེ་བས་ན་མཁྲིས་པ་དང་མི་མཐུན་པའི་བཟའ་བ་དང༌། སྤྱོད་ལམ་ཐམས་ཅད་ཤས་ཆེར་སྤང་བར་བྱའོ། །མདོར་ན་རིམས་ནད་ཐམས་ཅད་ལ་སྨྱུང་བ་མ་གཏོགས་པར་ལུས་ཀྱི་ཁྲུས་དང༌། བསྐུ་བ་དང་བྱུག་པ་ལ་སོགས་པའི་བྱ་བ་ཐམས་ཅད་སྤང་ངོ༌། །རིམས་མ་སྨིན་པ་མི་ཟད་པར་ན་བ་ལ་ནི། སྨན་གྱི་ཁུ་བ་དང་འདག་གུ་ལ་སོགས་པ་མི་བླུད་དེ། ཅི་ལྟར་མ་ཞུ་བ་ལ་ཟུག་གཟེར་འཇོམས་པའི་སྨན་མི་བླུད་པ་དང་འདྲའོ། །གལ་ཏེ་བླུད་པར་གྱུར་ན་ནི་ཕྱིར་ཞིང་ནད་སྐྱེད་པར་བྱེད་དེ། སྦྲུལ་ལ་འོ་མ་བླུད་པ་བཞིན་ནོ། །བད་ཀན་དང་རླུང་ལས་གྱུར་པའི་རིམས་སྙོམ་པ་དང༌། སྣ་ཆུ་འཛག་པ་དང༌། དབུགས་མི་བདེ་བ་དང༌། རྗེ་ངར་དང་རུས་ཚིགས་སུ་ཟུག་ཅིང་ན་བ་ལ་ནི་དུགས་བྱ་བར་རབ་ཏུ་བསྔགས་ཏེ། རྔུལ་དང༌། བཤང་གཅི་དང༌། འཕྱེན་བདེ་བར་འབྱུང་སྟེ། མེའི་དྲོད་ཀྱང་སྐྱེད་པར་བྱེད་དོ། །སྣུམ་ཆོས་ཀྱི་ཆོ་གར་བཤད་པའི་ནང་དུ་ཆུ་དྲོན་ལས་
བྱས་པའི་དུགས་ཐམས་ཅད་འདིར་སྤྱད་པར་བྱའོ། །རིམས་གསར་པ་ལ་ནི་ཐོག་མར་སྨྱུང་བ་དང༌། དུགས་འབའ་ཞིག་བྱའོ། །དེ་ནས་ཞག་དྲུག་གི་བར་དུ་སྨིན་པར་བྱ་བའི་ཆོ་ག་ལ་སོགས་པ་ཐམས་ཅད་སྤང་ངོ༌། །ཞག་བདུན་པ་ནས་ནི་མ་སྨིན་པ་སྨིན་པར་བྱ་བའི་ཕྱིར། ནས་ཐུག་དང་ཏིག་ཏའི་ཁུ་བ་བླུད་དེ། གནས་སྐབས་ཇི་ལྟ་བ་བཞིན་དུ་གསོའོ། །རླུང་ཉི་ཚེའི་རིམས་དང༌། ལུས་ཟད་པའམ། གློ་བུར་ལས་གྱུར་པའི་རིམས་དང༌། རིམས་རྙིང་པ་རྣམས་ལ་སྨྱུང་བ་མི་བྱ་སྟེ། དེ་ལ་ནི་ཉམས་སྟོབས་སྐྱེད་པའི་ཆོ་ག་ཐམས་ཅད་སྦྱར་རོ། །དེ་ལ་ཐོག་མར་རིམས་སྨིན་པ་དང༌། མ་སྨིན་པའི་རང་བཞིན་ཤེས་པར་བྱ་སྟེ། དེ་ཡང་ཉམས་བརྟ་བ་དང་སྤང་བར་བྱ་བའི་ལེའུ་ལ་བལྟས་ནས་སྨྱུང་བ་བྱས་ལ་ལེགས་པར་འགྱུར་ན་ལུས་རྗུད་པར་སྣང་སྟེ་དེ་ལ་ཐུག་པ་རྐྱང་རྐྱང་པོ་ལ་སོགས་པ་ནད་གཞི་སོ་སོ་དང་མཐུན་པའི་སྨན་སྦྱར་ལ་རིམ་གྱིས་གཏང་ངོ༌། །དེ་ནས་ཐུག་པའི་ཁུ་བ་བླུད་པ་ནི་སྨན་པ་མཁས་པས་ཇི་སྲིད་དུ་རིམས་རྩེ་ཞིལ་ནས་སམ། ཞག་དྲུག་ལོན་པའི་འོག་ཏུ་བླུད་པར་བྱའོ། །ཐུག་པའི་རིམ་པ་དེ་ལྟར་བྱས་ན། ཕོ་བའི་མེ་དྲོད་སྐྱེད་པར་བྱེད་དོ། །ཇི་ལྟར་བུད་ཤིང་ལ་མེ་བཞིན་ནོ། །ཐུག་པའི་ཁུ་བ་དྲོ་བའི་ཕྱིར་རྔུལ་འབྱིན་པར་བྱེད་དོ། །སྨན་དང་སྦྱར་བ་སྤང་བའི་ཕྱིར་དང་མེ་དྲོད་སྐྱེད་པའི་ཕྱིར། ཁུ་བ་ཡིན་པའི་ཕྱིར་སྐོམ་པ་ཞི་བར་བྱེད་དོ། །ཁ་ཟས་ཡིན་པའི་ཕྱིར་ཉམས་སྟོབས་སྐྱེད་པར་བྱེད་དོ། །རྩར་མྱུར་དུ་འགྲོ་བའི་ཕྱིར་ཡང་བ་ཉིད་དོ། །རིམས་ལ་ཕན་པར་བྱེད་པའི་ཕྱིར་རིམས་འཇོམས་སོ། །དེ་བས་ན་ཐོག་མར་ཐུག་པས་རིམས་གསོ་བར་བྱའོ་ཞེས་ཟེར་རོ། །དེ་ལ་ཐུག་པ་ནི་ཐོག་མ་འབྲས་ཡོས་ཀྱི་ཐུག་པ་དང༌། དེའི་འོག་ཏུ་འབྲས་བརྔོས་པ་བཏགས་པའི་ཐུག་པའི་ནང་དུ་སྤོད་བཅའ་སྒ་དང༌། འུ་སུ་དང༌། པི་པི་ལིང་དང༌། རྒྱམ་ཚས་བཏབ་པ་བླུད་དོ། །གལ་ཏེ་སྐྱུར་ལ་གོམས་པ་ཡིན་ན། སེའུ་འབྲུ་བཏབ་སྟེ་ལྷན་ཅིག་བླུད་དོ། །མཁྲིས་པ་ཤས་ཆེ་སྟེ། ཕྱི་ས་སླ་བར་འབྱུང་བ་ལ་ནི་ཐུག་པ་བཅའ་སྒས་བཏབ་སྟེ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་བླུད་དོ། །ཆུ་སོ་དང༌། རྩིབ་ལོགས་དང༌། མགོ་བོ་རྣམས་སུ་ཟུག་ཅིང་ན་བ་ལ་ནི་ཀཎྜ་ཀ་རི་དང༌།
གཟེ་མ་ལས་གཞི་བླངས་པའི་ཐུག་པ་བླུད་དོ། །ཀྲྀཥྞ་པརྞི་དང༌། བ་ལ་དང༌། བིལ་བ་དང༌། དོང་གྲ་དང༌། ཨུཏྤ་ལ་དང༌། འུ་སུ་དང༌། འདི་རྣམས་ལས་གཞི་བླངས་པའི་ཐུག་པ་སྐྱུར་གྱིས་བཏབ་པ་བླུད་ན་རིམས་དང་འཁྲུ་བ་ལ་ཕན་ཏེ། མེའི་དྲོད་སྐྱེད་ཅིང་སྨིན་པར་བྱེད་དོ། །དབུགས་མི་བདེ་བ་དང༌། སྐྱིགས་བུ་དང༌། གཟེར་བ་དང༌། ལུད་པ་ལ་ནི་རྩ་བ་ལྔ་པ་ཆུང་ངུ་ལས་གཞི་བླངས་པའི་ཐུག་པ་བླུད་དོ། །རིམས་ནད་བད་ཀན་ཤས་ཆེ་བས་ཉམ་ཐག་པ་ལ་ནི་རྩ་བ་ཆེན་པོ་ལྔ་པ་དང༌། ནས་ལས་གཞི་བླངས་པའི་ཐུག་པ་བླུད་དོ། །རིམས་རྟུག་པ་འགག་པ་ལ་ནི་པི་པི་ལིང་དང་སྐྱུ་རུ་ར་ལས་གཞི་བླངས་པའི་ནས་ཐུག་གི་ནང་དུ་མར་བསྐོལ་བ་བཅུག་སྟེ་འཐུངས་ན་དྲི་མ་འགགས་པ་ཚུལ་བཞིན་འབྱུང་ངོ༌། །ཁོང་པར་འཁྱིལ་ཞིང་ཟུག་གཟེར་དང་བཅས་པ་ལ་ནི་དབྱི་མོང་དང༌། པི་པི་ལིང་གི་རྩ་བ་དང༌། རྒུན་འབྲུམ་དང། སྐྱུ་རུ་ར་དང༌། དོང་གྲ་ལས་གཞི་བླངས་པའི་ཐུག་པ་བླུད་དོ། །ཁོང་པ་འཁྲོག་པ་ལ་ནི་རྒྱ་ཤུག་དང༌། ད་ཏྲིག་དང༌། ས་ལ་པརྞི་དང༌། ཀྲྀཥྞ་པརྞི་དང༌། བིལ་བ་དང༌། བ་ལ་དང༌། དེ་རྣམས་ལས་གཞི་བླངས་པའི་ཐུག་པ་བླུད་དོ། །རྔུལ་དང་གཉིད་མེད་ཅིང་སྐོམ་པས་གདུངས་པ་ལ་ནི་ཁ་ར་དཀར་པོ་དང༌། སྐྱུ་རུ་ར་དང༌། དོང་གྲ་ལས་གཞི་བླངས་པའི་ཐུག་པ་བླུད་དོ། །སྐོམ་དད་ཆེ་བ་དང༌། སྐྱུག་བྲོ་བ་ལས་ཁྱབ་པའི་རིམས་ནད་ལ་ནི་ཁ་ར་དཀར་པོ་དང༌། རྒྱ་ཤུག་དང༌། རྒུན་འབྲུམ་དང༌། ཐལ་ཏྲེས་དང༌། གླ་སྒང་དང༌། ཙནྡན་དཀར་པོ་དང༌། འདི་རྣམས་ལས་གཞི་བླངས་པའི་ཐུག་པ་སྦྲང་རྩིས་བཏབ་པ་བླུད་དོ། །གོང་གི་ཐུག་པ་ལ་སྨོས་པའི་སྨན་རྣམས་དང༌། ཤ་ཁུ་དང༌། སྲན་མུངྒ་ལ་སོགས་པའི་ཁུ་བཅུད་ལ་སོགས་པ་ལ་ཡང་ཅི་རིགས་པར་སྦྱར་རོ། །དེ་ལ་ཐུག་པ་བླུད་དུ་མི་རུང་བ་ནི་ཆང་ལས་རིམས་སུ་གྱུར་པ་དང༌། ཆང་རྟག་ཏུ་འཐུངས་པ་དང༌། སོ་ག་ཚ་བའི་དུས་དང༌། མཁྲིས་པའི་གནས་སུ་བད་ཀན་ཞུགས་ཏེ། ལྷག་པར་ཤས་ཆེར་ན་བ་དང༌། སྐོམ་དད་ཆེ་བ་དང༌། སྐྱུག་བྲོ་བ་དང༌། ལུས་ཚ་བ་དང༌། སྟོད་དུ་ཁྲག་ལུད་པ་རྣམས་ལ་ནི་ཐུག་པ་མི་བླུད་དེ།
དེ་ལ་ནི་རིམས་འཇོམས་པའི་ཤིང་ཏོག་རྒུན་འབྲུམ་ལ་སོགས་པའི་ཁུ་བ་དང་འབྲས་ཡོས་བཏགས་པའི་ཕྱེའི་སྐྱོ་མ་སྦྲང་རྩི་དང་ཁ་ར་དང་ལྡན་པར་བླུད་དོ། །སྨན་དེ་དག་ཞུ་བའི་ཚོད་ཙམ་ན། ནས་ཐུག་དང༌། འབྲས་བརྔོས་པའི་ཆན་དང༌། ཁྱིམ་བྱ་ལ་སོགས་པ་མཆུས་གཟས་ཚོལ་བའི་ཤ་ཁུ་དང༌། སྲན་མུངྒའི་འུ་ཤ་དང་བཅས་པ་སྦྱིན་ནོ། །དེ་ལྟར་ཐུག་པ་ལ་སོགས་པའི་རིམ་པ་གོང་དུ་བསྟན་པ་དེ་དག་ཀྱང་ཉམས་སྟོབས་བྲི་བ་དང་བསྲུང་བ་དང༌། ནད་གཞི་རྣམས་མི་འོང་བར་བྱ་བའི་ཕྱིར་ཞག་དྲུག་གི་བར་དུ་སྤྱད་དོ། །དེའི་འོག་ཏུ་རིམས་སྨིན་པ་དང༌། སྨྱུང་བ་ལ་སོགས་པ་རབ་ཏུ་བསྔགས་ཏེ། ཉེས་པའི་ལྷག་མ་ལུས་པ་ལ་ནི་སྨིན་པ་དང༌། ཞི་བར་བྱ་བའི་ཕྱིར་སྨན་བསྐོལ་བའི་ཁུ་བ་དྲོན་པོ་དེ་ཉིད་གྲང་མོར་བྱས་པ་དང༌། སྨན་རང་གི་ཁུ་བ་དང༌། ཐུག་པ་རྐྱང་རྐྱང་བོ་ལ་སོགས་པའི་སྐྱོ་མ་ལ་སོགས་པའི་ནད་གཞི་ཇི་ལྟ་བ་བཞིན་དུ་བླུད་དོ། །མཁྲིས་པ་ལས་གྱུར་པའི་རིམས་ནད་ལ་ནི་ཁྱད་པར་དུ་ཁ་བའི་སྨན་སྦྱར་ཏེ། བད་ཀན་ལས་གྱུར་པའི་རིམས་ལ་ཡང་སྨན་ཁ་བ་དང་ཚ་བ་རྣམས་སྦྱར་རོ། །མཁྲིས་པ་དང་བད་ཀན་ལས་གྱུར་པའི་རིམས་ལ་ནི། རོ་བསྐ་བ་ཕན་མོད་ཀྱི་རིམས་སར་པ་ལ་ནི་མི་བསྔགས་སོ། །ཇི་ལྟ་ཞེ་ན། རོ་བསྐ་བས་ནི་རྟུག་པ་འགགས་པ་དང༌། རིམས་མི་ཟད་པ་དང༌། བྲང་ཚ་ཞིང་ཁ་ནས་ཆུ་སྐྱུར་འབྱུང་བ་དང༌། ལྟོ་སྦོ་བ་ལ་སོགས་པ་སྐྱེད་པར་བྱེད་དོ། །འདིར་སྨན་པ་ཁ་ཅིག་ན་རེ་ཞག་དྲུག་ཕན་ཆད་རིམས་འཇོམས་པའི་སྨན། གླ་སྒང་དང༌། ལྡུམ་བུ་སྐྲ་བཟངས་ལ་སོགས་པ་གཟོད་གཏང་ངོ་ཞེས་ཟེར་རོ། །གཞན་དག་ན་རེ་ཞག་བཅུ་ཕན་ཆད་སྨན་དཔྱད་གཟོད་བྱའོ་ཞེས་ཟེར་རོ། །ཡང་སྨན་པ་ཁ་ཅིག་ན་རེ་ཟས་ཡང་བ་ཐུག་པ་ལ་སོགས་པ་ཞག་དྲུག་གི་བར་དུ་བྱིན་ལ། དེ་ཕན་ཆད་སྨན་དཔྱད་གཟོད་བྱའོ་ཞེས་ཟེར་རོ། །ཡང་གཞན་དག་ན་རེ་གོང་མ་ད་དག་ནི་ངེས་པ་མ་ཡིན་ཏེ་ནད་ཀྱི་གནས་སྐབས་ལས་ལྟོས་ཏེ། སྨན་དཔྱད་བྱའོ་ཞེས་ཟེར་རོ། །རིམས་མ་སྨིན་པ་ནི་ཞག་བཅུ་ལོན་ན་ཡང་སྨན་དཔྱད་མི་བྱ་སྟེ། ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་ཡང་དགག་གོ །གང་གི་ཕྱིར་ནད་གཞི་ཤུགས་དྲག་པས་རིམས་མ་སྨིན་ཏེ། ཤས་
ཆེར་ན་བ་ལ་སྨན་བཏང་ན་ཕྱིར་ཞིང་ཐུ་བར་བྱེད་དོ། །གཞན་ཡང་རིམས་གསར་པ་ན་ཞིང་སྙོམ་ལ་རྨོངས་བག་ཏུ་འདུག་པ་ལ་སྨན་བྱིན་ན་ཡང་རིམས་མཆེད་པར་བྱེད་དོ། །དུས་གང་དག་གི་ཚེ་སྨན་བྱིན་ཞེ་ན། དྲག་པོའི་ཟུག་གཟེར་ལྷོད་པ་དང༌། ལུས་ཡང་པ་དང། དྲི་མ་རྣམས་བསྐྱོད་པར་གྱུར་ན་དེའི་ཚེ་ཞག་དྲུག་ལ་སོགས་པ་མ་ལོན་ཏེ། ཡུན་རིང་བ་ཡིན་ན་ཡང་སྨན་བླུད་པ་ལ་སོགས་པ་བྱའོ། །དེ་ལྟར་ནད་གཞི་སོ་སོའི་བྱེ་བྲག་ཤེས་པར་བྱས་ནས་སྨིན་པར་བྱ་བའི་སྨན་སྐྲ་ལོ་དང༌། བཅའ་སྒ་དང༌། བྱི་ཚེར་བ་དང༌། དེ་གསུམ་གང་ཡང་རུང་བ་གླ་སྒང་དང་ལྡན་པར་བསྐོལ་བའི་ཁུ་བའམ། ཡང་ན་བ་ལ་དང༌། པུ་ཤེལ་ཙི་དང༌། བ་ལ་ཀ་འདི་གསུམ་བསྐོལ་ཁུ་བ་གྲང་མོའམ། ཡང་ན་ཏིག་ཏ་དང༌། སླེ་ཏྲེས་དང༌། གླ་སྒང་དང༌། དོང་གྲ་དང༌། འདི་རྣམས་བསྐོལ་བའི་ཁུ་བ་གྲང་མོ་བླུད་དོ། །འདིར་སྨན་བསྐོལ་བའི་ཚད་ནི་སྨན་སྲང་གཅིག་ཆུ་སྲང་བཅུ་དྲུག་དང་བསྐོལ་ཏེ། བཞི་ཆ་སྲང་བཞི་ལུས་པར་བྱའོ། །བསྒྲངས་པ་ཞེས་སྨོས་པ་ནི་ཆུ་བསྐོལ་བ་སྲང་དྲུག་གི་ནང་དུ་སྨན་སྲང་གཅིག་བཅུག་པའོ། །འདི་དག་ཇི་ལྟར་རིགས་པ་བཞིན་སྦྱར་བས་བླུད་ན། ནད་རྣམས་སྨིན་པར་བྱེད་པ་ཡིན་ཏེ། རིམས་དང༌། ཡི་ག་འཆུས་པ་དང༌། སྐོམ་དད་ཆེ་བ་དང༌། ཁ་ཟས་ཀྱི་རོ་མི་ཚོར་བ་དང༌། མ་ཞུ་བ་རྣམས་འཇོམས་སོ། །དུག་མོ་ཡུངས་དང༌། པ་ཏོ་ལའི་ལོ་མ་དང༌། པུ་ཙེ་ཤེལ་དང༌། འདི་རྣམས་བསྐོལ་བའི་ཁུ་བ་བླུད་ན་རྒྱུན་གྱི་རིམས་ལ་ཕན་ནོ། །པ་ཏོ་ལ་དང༌། ཐལ་ཏྲེས་དང༌། གླ་སྒང་དང༌། པ་ཐ་དང༌། པུ་ཙེ་ཤེལ་དང༌། འདི་རྣམས་བསྐོལ་བ་བླུད་ན་རྟག་པའི་རིམས་ལ་ཕན་ནོ། །པ་ཏོ་ལ་དང༌། ནིམ་པ་དང༌། འབྲས་བུ་གསུམ་དང༌། རྒུན་འབྲུམ་དང༌། དུག་མོ་ཡུངས་ཀྱི་ཤུན་ཕྲགས་དང་འདི་རྣམས་བསྐོལ་བའི་ཁུ་བ་བླུད་ན། ཉིན་གཅིག་པའི་རིམས་ལ་ཕན་ནོ། །ཏིག་ཏ་དང༌། སླེ་ཏྲེས་དང༌། ཙནྡན་དཀར་པོ་དང༌། བཅའ་སྒ་དང་འདི་རྣམས་བསྐོལ་བའི་ཁུ་བ་བླུད་ན་ཉིན་གསུམ་པའི་རིམས་ལ་ཕན་ནོ། །སྐྱུ་རུ་ར་དང༌། གླ་སྒང་དང༌། སླེ་ཏྲེས་རྣམས་བསྐོལ་
བའི་ཁུ་བའི་ནང་དུ་སྦྲང་རྩི་བཏབ་སྟེ་བླུད་ན་ཉིན་བཞི་པའི་རིམས་ཞི་བར་བྱེད་དོ། །དེ་ལ་རླུང་ལས་གྱུར་པའི་རིམས་ལ་ནི། བྱི་ཚེར་བ་དང༌། སླེ་ཏྲེས་དང༌། བཅའ་སྒ་དང༌། དོང་གྲ་རྣམས་བསྐོལ་བའི་ཁུ་བའམ། ཡང་ན་པི་པི་ལིང་གི་རྩ་བ་དང༌། སླེ་ཏྲེས་དང༌། བཅའ་སྒ་རྣམས་ལྷན་ཅིག་བསྐོལ་བའམ། ཡང་ན་རྩ་བ་ཆུང་ངུ་ལྔ་བསྐོལ་བའི་ཁུ་བ་བླུད་ན་ཕན་ནོ། །མཁྲིས་པ་ལས་གྱུར་པའི་རིམས་ལ་ནི་དུག་མོ་ཡུངས་དང༌། གླ་སྒང་དང༌། པུ་ཙེ་ཤེལ་བསྐོལ་བའི་ཁུ་བ་གྲང་མོའི་ནང་དུ་སྦྲང་རྩི་བཏབ་པ་བླུད་པའམ། ཡང་ན་གླ་སྒང་དང༌། སྐྲ་ལོ་དང༌། བྱི་ཚེར་བ་དང༌། ཏིག་ཏ་རྣམས་བསྐོལ་བའི་ཁུ་བ་བླུད་ན་ཕན་ནོ། །བད་ཀན་ལས་གྱུར་པའི་རིམས་ལ་ནི་དུག་མོ་ཡུངས་ཀྱི་སྡེ་ཚན་བསྐོལ་བའམ། ཡང་ན་བ་ཤ་ཀ་དང༌། གླ་སྒང་དང༌། བཅའ་སྒ་དང༌། བྱི་ཚེར་བ་རྣམས་བསྐོལ་བའི་ཁུ་བ་བཏང་ན་ཕན་ནོ། །རླུང་དང་བད་ཀན་དུ་འདྲེས་པའི་རིམས་ལ་ནི་མེ་དྲོད་སྐྱེད་པ་དང༌། སྨིན་པར་བྱེད་པའི་སྨན་ཨ་རུ་ར་དང༌། པི་པི་ལིང་གི་རྩ་བ་དང༌། དོང་གྲ་དང༌། པུ་ཙེ་ཤེལ་རྣམས་བསྐོལ་བ་བླུད་དོ། །རླུང་དང་མཁྲིས་པ་འདྲེས་པའི་རིམས་ལ་ནི་རྒུན་འབྲུམ་དང༌། ཤིང་མངར་དང༌། ཤིང་ཏོག་མ་རུ་ཀ་དང༌། སེང་ཕྲོམ་དང༌། ཏང་པལ་དང༌། ཐལ་ཏྲེས་དང༌། གླ་སྒང་དང༌། སྐྱུ་རུ་ར་དང༌། བལ་ཀ་དང༌། པདྨའི་གེ་སར་དང༌། ཤུག་པ་དང༌། པདྨའི་རྩ་བ་དང༌། ཙནྡན་དང༌། པུ་ཤེལ་ཙེ་དང༌། ཨུཏྤལ་སྔོན་པོ་དང། པ་རུ་ཤ་ཀ་དང༌། འདི་རྣམས་ཕྱེ་མར་བཏགས་པ་ཆུ་དང་བསྐོལ་བ་སྐན་ཏེར་གྱུར་པའམ། ཡང་ན་བསྐོལ་བའི་ཁུ་བ་བསྒྲངས་ནས་མེ་ཏོག་ཀུ་སུ་མའི་དྲིས་བསྒོས་ལ་སྦྲང་རྩི་དང༌། ཁ་ར་དཀར་པོ་དང༌། འབྲས་ཡོས་བཏགས་པའི་ཕྱེ་མས་བཏབ་པ་འཐུངས་ན་མྱུར་དུ་ཞི་བར་བྱེད་དོ། །དེ་བཞིན་དུ་རིམས་དང༌། ཆང་ནད་དང༌། སྐྱུག་བྲོ་བ་དང༌། བརྒྱལ་བ་དང༌། ལུས་ཚ་བ་དང༌། མགོ་འཁོར་བ་དང༌། ཁྲག་སྟོད་དུ་ལུད་པ་དང༌། མིག་སེར་རྣམས་འཇོམས་སོ། །པུ་ཙེ་ཤེལ་བཏགས་པའི་ཕྱེ་མ་ཆུ་དང་དོག་ལེ་སར་པ་
གཙང་མའི་ནང་དུ་བསྐོལ་ལ། རས་དང་བཙགས་ཏེ། ཚིགས་མ་བོར་ལ། ཁུ་བ་དངས་མའི་ནང་དུ་མར་གྱིས་བཏབ་པའི་ཁུ་བ་དེ་འཐུངས་ན་རིམས་དང་ལུས་ཚ་བ་རྣམས་འཇོམས་སོ། །བད་ཀན་དང་རླུང་འདྲེས་པའི་རིམས་ལ་ནི་ཤུ་དག་དང༌། པུ་ཙེ་ཤེལ་དང༌། པ་ཐ་དང༌། དོང་ག་དང༌། དུག་མོ་ཡུངས་ཀྱི་ཤུན་པ་རྣམས་བསྐོལ་ལ་བླུད་དོ། །ཡང་ན་སླེ་ཏྲེས་བསྐོལ་བའི་ཁུ་བའི་ནང་དུ་པི་པི་ལིང་གི་ཕྱེ་མ་བཏབ་པ་འཐུངས་ན་ཡང་ཕན་ནོ། །ཡང་ཀཎྜ་ཀ་རི་དང༌། བཅའ་སྒ་དང༌། སླེ་ཏྲེས་བསྐོལ་བའི་ཁུ་བའི་ནང་དུ་པི་པི་ལིང་གི་ཕྱེ་མས་བཏབ་པ་འཐུངས་ན་རླུང་དང་བད་ཀན་ལས་གྱུར་པའི་རིམས་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། སྣ་ཆུ་འཛག་པ་དང༌། ཟུག་གཟེར་རྣམས་འཇོམས་སོ། །ཨ་རུ་ར་དང༌། འུ་སུ་དང༌། གླ་སྒང་དང༌། བཅའ་སྒ་དང༌། བུ་ཏི་ཀ་དང༌། པར་པ་ཏ་ཞེས་བྱ་བ་སྲོ་ལོ་དང༌། ཀད་ཕ་ལ་དང༌། ཤུ་དག་དང༌། ག་བྲའི་རྩ་བ་དང༌། ཐང་ཤིང་དང༌། འདི་རྣམས་བསྐོལ་བའི་ནང་དུ་ཤིང་ཀུན་དང༌། སྦྲང་རྩི་དང་ལྡན་པར་བྱས་ཏེ་འཐུངས་ན། རླུང་དང་བད་ཀན་གྱི་རིམས་དང༌། ལྟོ་བ་དང༌། སྙིང་དང༌། རྩིབ་ལོགས་སུ་ཟུག་ཅིང་ན་བ་དང༌། ལྐོག་མ་དང༌། སྐྲན་ནད་དང༌། ལུད་པ་དང༌། དབུགས་མི་བདེ་བ་རྣམས་སེལ་ཏོ། །བད་ཀན་དང་མཁྲིས་པ་ལས་གྱུར་པའི་རིམས་ལ་ནི་དོང་གའི་སྡེ་ཚན་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་བཏབ་པ་བླུད་ན་ཕན་ནོ། །ཡང་ན་པུ་ཙེ་ཤེལ་དང༌། བ་ཤ་ཀ་དང༌། པུ་ཤེལ་ཙེ་དང༌། འབྲས་བུ་གསུམ་དང༌། སླེ་ཏྲེས་དང༌། པ་ཏོ་ལ་དང༌། བོང་ང་དཀར་པོ་དང༌། ནིམ་པ་དང༌། མུར་བ་དང༌། བྱི་ཚེར་བ་རྣམས་བསྐོལ་བའི་ནང་དུ་སྦྲང་རྩིས་བཏབ་པ་འཐུངས་ན་ཡང་བད་ཀན་དང་མཁྲིས་པའི་རིམས་ལ་ཕན་ནོ། །འདུས་པ་ལས་གྱུར་པའི་རིམས་ལ་ནི། ཀཎྜ་ཀ་རི་དང༌། ཐང་ཤིང་དང༌། སྐྱེར་པ་དང༌། གླ་སྒང་དེ་རྣམས་བསྐོལ་བའི་ནང་དུ་པ་ཏོ་ལ་དང༌། ནིམ་པ་དང༌། འབྲས་བུ་གསུམ་དང༌། པུ་ཙེ་ཤེལ་རྣམས་
བཏགས་པའི་ཕྱེ་མས་བཏབ་པ་བླུད་དོ། །འདུས་པའི་རིམས་དང་རླུང་དང་བད་ཀན་ཤས་ཆེ་བ་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། རྩིབ་ལོགས་ན་བ་རྣམས་ལ་ནི་དོང་གྲ་དང༌། མ་ནུ་དང༌། སླེ་ཏྲེས་དང༌། ཀཎྜ་ཀ་རི་རྣམས་བསྐོལ་བའི་ཁུ་བ་བླུད་དོ། །མ་དུ་ཀའི་མེ་ཏོག་དང༌། རྒུན་འབྲུམ་དང༌། ཀྱི་ལྕེ་བ་དང༌། པ་རུ་ཤ་ཀ་དང༌། པུ་ཤེལ་ཙེ་དང༌། པུ་ཙེ་ཤེལ་དང༌། འབྲས་བུ་གསུམ་དང༌། ཏང་པལ་དང༌། འདི་རྣམས་ཆོ་ག་བཞིན་དུ་བསྐོལ་ཏེ་བསྒྲངས་པ་དུས་སུ་འཐུངས་ན་འདུས་པ་དང་ལྡན་པའི་རིམས་ཐམས་ཅད་སེལ་ཏོ། །ཛཱ་ཏི་ཞེས་བྱ་བ་སུ་མ་ནའི་མེ་ཏོག་དང༌། སྐྱུ་རུ་ར་དང༌། གླ་སྒང་དང༌། བི་ཙར་བ་གོང་མ་བཞིན་བསྐོལ་བ་དུས་སུ་འཐུངས་ན་རིམས་ནད་ཐམས་ཅད་སེལ་ཏོ། །རིམས་ནད་རྟུག་པ་འགགས་པ་ལ་ནི། པུ་ཙེ་ཤེལ་དང༌། རྒུན་འབྲུམ་དང༌། ཀྱི་ལྕེ་བ་དང༌། འབྲས་བུ་གསུམ་བསྐོལ་བའི་ནང་དུ་བུ་རམ་བཏབ་པ་བཏུང་ན་ཕན་ནོ། །སྨན་དེ་དག་ཞུ་བའི་ཚོད་ཙམ་ན། ཟས་སུ་ཐུག་པ་ལ་སོགས་པའི་རིམ་པ་སྨན་དང་ལྡན་པར་སྦྱིན་ནོ། །རིམས་ནད་བད་ཀན་ཅན་ལ་ནི་ཐུག་པ་ལ་སོགས་པ་མི་བླུད་དོ། །ཇི་ལྟར་རྔུལ་གྱི་སྟེང་དུ་ཆར་བབ་ན་འདམ་དུ་འགྱུར་བ་དང་འདྲ་བར་བད་ཀན་འཕེལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་བད་ཀན་ལས་གྱུར་པའི་རིམས་ལ་ཐོག་མར་སྨྱུང་བ་ལེགས་པའི་མཚན་མ་དང༌། དང་པོ་ཐུག་པ་ལ་སོགས་པ་མི་བླུད་པར་རྒྱ་སྲན་དང༌། མོན་སྲན་ཙ་ན་ཀ་དང༌། མོན་སྲན་ལས་བྱས་པའི་ཁུ་བཅུད་ཡང་བ་ཉུང་བ་དང༌། སྣུམ་མེད་པ་སྨན་ཁ་བ་དང་བཅས་པ་ཡི་གར་འོང་བ་ལན་ཚྭ་དང་ལྡན་པ་སྦྱིན་ནོ། །ཁ་ཟས་ནི་འབྲས་དམར་པོ་ལ་སོགས་པ་རྙིང་པ་དང༌། འབྲས་དྲུག་ཅུ་པ་ལ་སོགས་པ་ཕན་ནོ། །བད་ཀན་ཤས་ཆེ་བའི་རིམས་ལ་ནི་བད་ཀན་འཇོམས་པའི་མཐུ་དང་ལྡན་པའི་སྨན་བསྐོལ་བའི་ནང་ན་གོང་དུ་སྨོས་པའི་འབྲས་དམར་པོའམ། ནས་ཕུབ་མ་མེད་པར་བྱས་པ་ལན་གཉིས་གསུམ་བཀྲུས་ལ་ནད་དང་མཐུན་པར་འབྲས་ཆན་དང༌། ནས་ཆན་དུ་བྱས་ཏེ་ཟའོ། །
སྲན་མུངྒ་དང༌། སྲན་ཆུང་དང༌། རྒྱ་སྲན་ལ་སོགས་པ་ཡང་ཞིང་ཉུང་བའི་ཁུ་བཅུད་ནད་པ་གང་ལ་གོམས་པ་འཐུངས་ན་རིམས་འཇོམས་སོ། །ཚོད་མར་ནི་ཀ་ར་ཝེལ་ལ་དང༌། རྒྱལ་མོ་ག་གོན་དང༌། ལ་ཕུག་གཞོན་ནུ་དང༌། པར་པ་ཏ་དང༌། བར་ད་ཀ་དང༌། ནིམ་པ་དང༌། ཀུ་སུ་མ་དང༌། པ་ཏོ་ལའི་འབྲས་བུ་དང༌། ལོ་མ་དང་འདི་རྣམས་གང་རྙེད་པ་ལ་ཚོད་མར་བྱའོ། །ཤ་ཁུ་ནི་ཤ་ཡང་བ་རྣམས་དང༌། སྲོག་ཆགས་ཐང་ལ་གནས་པ་སྲེག་པ་ལ་སོགས་པའི་ཤ་ཁུ་ཀཎྜ་ཀ་རི་དང༌། པ་རུ་ཤ་ཀ་དང༌། ཨག་ནི་མན་ཐ་དང༌། རྒུན་འབྲུམ་དང༌། སྐྱུ་རུ་ར་དང༌། སེའུ་འབྲུ་དང༌། པི་པི་ལིང་དང༌། བཅའ་སྒ་དང༌། འུ་སུ་དང༌། ཟི་ར་དང༌། རྒྱམ་ཚ་རྣམས་དང༌། ཁ་ར་དཀར་པོ་དང༌། སྦྲང་རྩི་དང༌། འདི་རྣམས་རླུང་དང༌། སྣུམ་མེད་ན་ཡང་རུང་སྟེ། ལེགས་པར་སྦྱར་བ་གཏང་ངོ༌། །ཚོད་མའི་ནང་དུ་སྦྱར་བ་ནི་དར་བ་ཧ་ཅང་མི་སྐྱུར་བ་ཡི་གར་འོང་བའི་དངས་མ་མེ་མི་ཆེ་བ་དང་བསྐོལ་ཏེ། ཟས་ཀྱི་འོག་ཏུ་གཏང་ངོ༌། །ཡང་ན་སྨན་བསྐོལ་བའི་ཆུ་བསྒྲངས་པའམ། གལ་ཏེ་ཆང་ལ་གོམས་པ་ཡིན་ན་ནི། ཆང་སྐོམ་དུ་བླུད་དོ། །རིམས་བྱང་བའམ། མ་བྱང་ཡང་རུང་སྟེ། ཉི་མ་ནུབ་པའི་དུས་སུ་བད་ཀན་ཟད་ཅིང་མེའི་དྲོད་ཆེ་བའི་དུས་ཡིན་པས་དེའི་ཚེ་ན་ཟས་ཡང་ཟའོ། །ཡང་ན་ནད་དང་རྗེས་སུ་མཐུན་པར་ཟས་བཟའ་སྟེ། དེ་ཡང་བད་ཀན་ལ་སྔ་དྲོ། མཁྲིས་པ་ལ་ཉི་མ་ཕྱེད། རླུང་ལ་ཕྱི་དྲོ་སྦྱིན་ནོ། །ནད་པ་དེ་མེ་དྲོད་ཆུང་བ་ལ་སྔ་དྲོ་ཟས་སྦྱིན་ན་དེས་ནི་ནད་ཕྱིར་ཐུ་པར་འགྱུར་རོ། །སྨན་བསྐོལ་བའི་ཁུ་བ་དང༌། ཕན་པའི་ཟས་ཀྱིས་ལུས་ཡང་བར་འགྱུར་ཏེ། བད་ཀན་དང་མེ་དྲོད་ཆུང་སྟེ། མཁྲིས་པ་དང་རླུང་ཤས་ཆེ་ན་ཞག་བཅུ་པ་ཡན་ཆད་མར་སྦྱིན་ནོ། །རིམས་སྨིན་པ་ལ་མར་བཏང་ན་ནི་བདུད་རྩི་དང་འདྲའོ། །མ་སྨིན་པ་ཡིན་ན་ནི་ཞག་བཅུ་པ་ལས་འདས་པ་ཡིན་ན་ཡང་ལུད་པ་དང༌། ཡི་ག་འཆུས་པ་ལ་སོགས་པ་ཉེས་པ་སྣ་ཚོགས་སྐྱེད་དོ། །བད་ཀན་ཤས་
ཆེ་བའི་རིམས་ལ་ནི། དང་པོ་སྨྱུང་བ་དང་སྨན་ཁ་བའི་ཁུ་བ་ལ་སོགས་པས་བད་ཀན་ཟད་པར་བྱའོ། །ལུས་ཟུངས་དང་ཉམས་སྟོབས་འཕེལ་བའི་ཕྱིར་རིམས་རྙིང་པ་བསྲུང་བར་བྱའོ། །གང་གི་ཕྱིར་མཁྲིས་པ་མེའི་རང་བཞིན་སྨིན་པར་བྱེད་པ་ནི་རྩུབ་པ་དང་གཤེར་བག་སྤངས་པ་ཡིན་ཏེ། དེས་མཁྲིས་པ་སྐྱེས་པ་དེ་ལས་ནི་སློན་ན་དུགས་བསྐོལ་བའི་ཆུ་དང༌། རོ་བསྐ་བ་དང༌། ཡང་བའི་ཟས་ཀྱིས་ལུས་ཤས་ཆེར་རྩུབ་སྟེ། རླུང་སྟོབས་ཆེ་བ་འཁྲུག་པར་བྱས་པ་དེ་ལ་ནི་མར་མཆོག་ཏུ་ཕན་ཏེ། ཁོང་པའི་ནང་དུ་མེ་འབར་བ་ལ་ཆུས་བསད་པ་དང་འདྲའོ། །མར་ནི་རླུང་དང་མཁྲིས་པ་སེལ་བའི་མཆོག་ཡིན་ཏེ། རང་རང་དང་མཐུན་པའི་སྨན་དང་སྦྱར་ན་ནི་ནད་ཀུན་ལ་ཡང་ཕན་ནོ། །མར་དེ་བསིལ་བའི་སྨན་དང་སྦྱར་ན་ནི་རིམས་ཚ་བ་འཇོམས་ལ། དྲོ་བའི་སྨན་དད་སྦྱར་ན་ནི་གྲང་བའི་རིམས་སེལ་ཏོ། །རྩུབ་པའི་སྨན་དང་སྦྱར་ན་ནི་བད་ཀན་ཞི་བར་བྱེད་དོ། །དེ་ལྟ་བས་ན་གོང་དུ་སྨོས་པའི་སྐྲ་ལོ་དང༌། གླ་སྒང་བསྐོལ་བའི་ཁུ་བ་ལ་སོགས་པ་ནད་གཞི་སོ་སོ་དང་མཐུན་པའི་སྨན་མར་དང་ཅི་རིགས་སུ་སྦྱར་ཏེ་གཏང་ངོ༌། །འབྲས་བུ་གསུམ་དང༌། ནིམ་པའི་ཤུན་ཕྲགས་དང༌། ཤིང་མངར་དང༌། བྲི་ཧ་ཏི་རྣམ་གཉིས་ཕྱིར་སྲང་གཅིག་དང༌། སྲན་ཆུང་སྲང་གཅིག་དང༌། དེ་རྣམས་བསྐོལ་བའི་ནང་དུ་མར་སྲང་ཕྱེད་བཅུག་སྟེ་འཐུངས་ན་རིམས་དང་ལུད་པ་ལ་ཕན་ནོ་ཞེས་སྨན་པ་རྒན་པོ་རྣམས་འཆད་དོ། །པི་པི་ལིང་དང། དུག་མོ་ཡུངས་དང༌། ད་བ་ནི་ཞེས་བྱ་བ་ཀཎྜ་ཀ་རི་དང༌། པུ་ཙེ་ཤེལ་དང༌། ཐལ་ཏྲེས་དང༌། སྐྱུ་རུ་ར་དང༌། ཏ་མ་ལ་ཀ་དང༌། བིལ་བ་དང༌། གླ་སྒང་དང༌། ཙནྡན་དང༌། པ་ལ་ནི་ཞེས་བྱ་བ་ཀྱི་ལྕེ་བ་དང༌། པུ་ཤེལ་ཙི་དང༌། རྒུན་འབྲུམ་དང༌། བོང་ང་དཀར་པོ་དང༌། ས་ལ་པརྞི་དང༌། འདི་རྣམས་མར་དང་མར་གྱི་བཞི་འགྱུར་གྱི་ཆུ་དང་ལྷན་ཅིག་བསྐོལ་བ་ལས་རན་པར་འཐུངས་ན་རིམས་དང་མེའི་དྲོད་མ་སྙོམས་པ་དང༌། ཧ་ལི་མ་ཀ་ཞེས་བྱ་བའི་ནད། ཡི་ག་འཆུས་པ་དང༌། ཚ་བ་ཤས་ཆེ་བ་དང༌། སྲིན་
ཤ་ཡ་དང༌། སློན་པ་དང༌། རྩིབ་ལོགས་དང༌། མགོ་ན་བ་དང༌། ཟད་བྱེད་ཀྱི་ནད་མྱུར་དུ་འཇོམས་སོ། །རླུང་ལས་གྱུར་པའི་རིམས་ལ་ནི་རླུང་ནད་གསོ་བའི་སྐབས་སུ་བཤད་པའི་སེང་ཕྲོམ་གྱི་སྨན་མར་ལས་དུར་བྱིད་མ་གཏོགས་པ་ལྷག་མ་སྦྱར་བར་བྱའོ། །མཁྲིས་པ་ལས་གྱུར་པའི་རིམས་ལ་ནི་ཏིག་ཏའི་སྨན་མར་མཛེ་ནད་ཀྱི་སྐབས་སུ་བཤད་པ་དང༌། བ་ཤ་ཀའི་སྨན་མར་ཁྲག་མཁྲིས་ཀྱི་སྐབས་སུ་བཤད་པ་དང༌། ཀྱི་ལྕེ་བིའི་སྨན་མར་ཁོང་འབྲས་ཀྱི་ནང་དུ་སྨོས་པ་དང་སྦྱར་ན་ཕན་ནོ། །བད་ཀན་ལས་གྱུར་པའི་རིམས་རྙིང་པ་ལ་ནི་བྱི་དང་ག་དང༌། ཁ་རུ་ཚ་དང༌། དབྱི་མོ་དང༌། པ་ཐ་དང༌། ཚ་བ་གསུམ་དང༌། ཙི་ཏྲ་ཀ་དང༌། རྒྱམ་ཚ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། འདི་རྣམས་སྲང་རེ་རེ་དང༌། མར་སྲང་སུམ་ཅུ་རྩ་གཉིས་དང༌། དེ་དང་མཉམ་པའི་འོ་མ་དང༌། ཆུ་སྲང་དགུ་བཅུ་རྩ་དྲུག་དང་བསྐོལ་ཏེ་དེ་ལས་རན་པར་འཐུངས་ན་བད་ཀན་ལས་གྱུར་པའི་རིམས་རྙིང་པ་འཇོམས་སོ། །སླེ་ཏྲེས་ཆམ་ཆོམ་བརྡུངས་ལ་བསྐོལ་ཏེ། བཞི་ཆ་ལུས་པ་དང་དེ་ཉིད་ཀྱི་ཕྱེ་མ་བཏབ་སྟེ། སྨན་གྱི་བཞི་འགྱུར་གྱི་མར་དང་ཡང་བསྐོལ་ཏེ་བཟའ་བའམ། དེ་བཞིན་དུ་འབྲས་བུ་གསུམ་དང༌། བ་ཤ་ཀ་དང༌། རྒུན་འབྲུམ་དང༌། བ་ལ་རྣམས་རེ་རེ་ནས་གོང་མ་སླེ་ཏྲེས་ཀྱི་སྦྱོར་བ་ལྟར་འཐུངས་ན་རིམས་གཅོད་པར་འགྱུར་རོ། །གོང་གི་མར་དེ་ཞུ་བའི་ཚད་ཙམ་ན། ཤ་འཇམ་པའི་ཁུ་བ་དང་ལྷན་ཅིག་ཟན་ཟོས་ན་སྟོབས་སྐྱེད་དོ། །དེས་ཉེས་པ་འཇོམས་པའི་མཆོག་ཡིན་ནོ། །སྲན་མུངྒ་དང༌། ཀ་ར་བིར་ལ་སོགས་པའི་ཁུ་བཅུད་ནི་བད་ཀན་དང་མཁྲིས་པ་འཇོམས་སོ། །ཤས་ཆེར་བྱིན་ན་ནི་རླུང་ལས་གྱུར་པའི་རིམས་རྙིང་པ་ལ་མི་ཕན་ཏེ། ཟུག་གཟེར་དང་ལྟོ་བ་ན་སྲ་བར་བྱེད་ཅིང་རིམས་འཕེལ་བར་བྱེད་དོ། །གལ་ཏེ་གོང་དུ་སྨོས་པའི་སྦྱོར་བ་དེ་དག་གིས་ཀྱང་རིམས་མ་ཞི་ན་གོང་དུ་སྨོས་པའི་སློན་དང་འོག་ནས་སྨོས་པའི་བཀྲུ་སྨན་གྱིས་ལུས་དག་པར་བྱ་སྟེ། སྦྲུམ་མ་དང༌། མེ་དྲོད་ཆུང་
བ་དང༌། ལུས་རྩུབ་པ་རྣམས་ལ་ནི་མི་བྱའོ། །ཕོ་བའི་ནང་དུ་བད་ཀན་ཞུགས་པའི་ནད་གཞི་སྟོབས་ཆེ་བ་ལ་ནི་སྨན་པས་ནད་པའི་ཉམས་སྟོབས་བསྲུང་བར་བྱའོ། །རིམས་སྨིན་ཏེ་རང་རང་གི་གནས་ནས་བསྐྱོད་པ་དང༌། རིམས་མི་ཟད་པ་མ་གཏོགས་པ་གཞན་ལ་བཀྲུ་སྨན་གཏང་སྟེ། འབྲས་བུ་གསུམ་དང༌། ཤ་མ་དུར་བྱིད་དང༌། པི་པི་ལིང་དང༌། ནཱ་ག་གེ་སར་དང༌། ཁ་ར་དཀར་པོ་དང༌། འདི་རྣམས་བཏགས་པ་སྦྲང་རྩི་དང་རི་ལུར་བྱས་པ་བཏང་བའམ། ཡང་ན་དྲི་སྣ་གསུམ་ལ་སོགས་པ་ཚ་བ་གསུམ་གྱི་བཀྲུ་སྨན་ཆོ་ག་གྲུབ་པའི་གནས་སུ་བསྟན་པ་བཏང་བའམ། ཡང་ན་རྒུན་འབྲུམ་སྐྱུ་རུ་རའི་ཁུ་བ་དང་སྦྱར་བའམ། ཡང་ན་རྒུན་འབྲུམ་དང༌། ཨ་རུ་ར་སྦྱར་བའམ། ཡང་ན་སྐྱུ་རུ་ར་རང་གི་ཁུ་བའི་ནང་དུ་མར་བརྔོས་པ་བླུད་ན་ཡང་རིམས་འཇོམས་སོ། །ཡང་ན་སྐྱུ་རུ་རའི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བ་བལྡག་པའམ་དོང་ཀ་འོ་མ་འམ་རྒུན་འབྲུའི་ཁུ་བ་བཏུང་བའམ། ཡང་ན་འབྲས་བུ་གསུམ་མམ། ཀྱི་ལྕེ་བ་འོ་མ་དང་སྦྱར་བ་རིམས་ནད་ཅན་ལ་བླུད་དོ། །དེ་ལྟར་ཁྲུས་དང་སློན་བྱས་པའི་འོག་ཏུ་ཐུག་པ་རྐྱང་རྐྱང་པོ་ལ་སོགས་པ་རིམ་པས་བླུད་དོ། །རིམས་རང་གི་གནས་ནས་བསྐྱེད་དེ་གོང་འོག་གཉིས་སུ་འཁྲུ་སྟེ་འབྱུང་བར་འགྱུར་ན། སྨིན་པ་ཡིན་ན་ཡང་མི་གཅད་པར་གཞག་གོ །གལ་ཏེ་བཅད་ན་ནི་ཁོང་པའི་ནང་དུ་གནས་རྙེད་དེ་ངེས་པར་གནོད་པར་བྱེད་དོ། །རིམས་སྨིན་ཏེ་ཚབས་ཆེར་འཁྲུ་བ་ལ་ནི་གཅད་བར་བྱའོ། །མ་ཞུ་བར་རང་འཁྲུ་སྟེ། ཚབས་ཆེ་བར་འབྱུང་བ་ལ་ནི། མདོའི་གནས་ནད་གཞི་གསུམ་གྱི་མཚན་ཉིད་བསྟན་པ་ནས་འབྱུང་བ་བཞིན་དུ་བྱའོ། །མ་སྨིན་པའི་རིམས་དང་འཁྲུ་བ་ཡིན་ན་ནི་མི་གཅད་དེ། གལ་ཏེ་སྨན་གྱིས་གཅད་པར་གྱུར་ན་ནད་སྐྱེད་དོ། །གལ་ཏེ་སྨན་པ་རྨོངས་པ་མི་མཁས་པས་རིམས་ནད་མ་སྨིན་པ་ལ་བཀྲུ་སྨན་གཏོང་བ་ནི་རང་ཉིད་ཕུང་བར་བྱེད་པ་ཡིན་ཏེ། ཇི་ལྟར་སྦྲུལ་ནག་པོ་གཉིད་ལོག་པ་ལ་ལག་པའི་རྩེ་མོས་ཉུག་པ་དང་འདྲའོ། །རིམས་ནད་ལུས་ཟད་པ་ལ་ནི་
སློན་ཁྲུས་མི་ཕན་ཏེ། གལ་ཏེ་བཀྲུ་སྨན་དང་འབྱོར་པ་ཡིན་ན་ནི་འོ་མའི་བཏུང་བ་ཅི་འདོད་པ་དང༌། ནི་རུ་ཧ་བཏང་སྟེ་འཁྲུ་བཞི་བར་བྱའོ། །ནད་པ་འོ་མ་ལ་གོམས་ཤིང་བད་ཀན་ཟད་པ་དང༌། ལུས་ཚ་བ་དང༌། སྐོམ་དད་ཆེ་བ་དང༌། རླུང་དང་མཁྲིས་པས་ཉམ་ཐག་པ་ལ་ནི་འོ་མ་རབ་ཏུ་ཕན་ཏེ། འཁྲུ་བ་ལ་ཡང་ཕན་ནོ། །སྨྱུང་བས་ཉམ་ཐག་པ་ལ་ནི་འོ་མ་མཆོག་ཏུ་བཟང་སྟེ། ནགས་མེས་ཆག་པ་ལ་ནི་ཆར་བབས་ནས་ས་བོན་ཆེར་འཕེལ་བ་དང་འདྲ་བར་རིམས་མྱུར་དུ་ཞི་བར་བྱེད་དོ། །འོ་མ་དེ་ཡང་སོ་སོའི་སྨན་དང་ལེགས་པར་སྦྱར་ཏེ། དྲོ་བ་དང་གྲང་བ་དང༌། བཞོས་མ་ཐག་པ་ལ་སོགས་པ་དུས་ཀྱི་བྱེ་བྲག་ཤེས་པར་བྱ་སྟེ། ཅི་རིགས་པར་བླུད་ན་རིམས་ལ་ཕན་ནོ། །ལོག་པར་བྱས་ན་ནི་མ་ཡིན་ནོ། །འོ་མ་དེ་བཅའ་སྒ་དང༌། འབྲ་གོ་དང༌། རྒུན་འབྲུམ་དང༌། ཤ་ཁ་ར་དང་མར་དང་ལྷན་ཅིག་བསྐོལ་ཏེ་བསྒྲངས་པའི་ནང་དུ་སྦྲང་རྩི་དང་ལྡན་པར་འཐུངས་ན་སྐོམ་དད་ཆེ་བ་དང་ལུས་ཚ་བ་དང་རིམས་འཇོམས་སོ། །སྦྱོར་བ་གོང་མའི་སྟེང་དུ་རྒུན་འབྲུམ་དང༌། བ་ལ་དང༌། ཤིང་མངར་དང༌། ཐལ་ཏྲེས་དང༌། པི་པི་ལིང་དང༌། ཙནྡན་རྣམས་བསྐོལ་ཏེ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་བླུད་ན་ཡང་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་འོ་མ་ཏི་ཚེ་འོ་མའི་བཞི་འགྱུར་གྱི་ཆུ་དང་བསྐོལ་བ་བླུད་པའམ། ཡང་ན་པི་པི་ལིང་དང༌། འོ་མ་བསྐོལ་བ་བླུད་དོ། །ཡང་ན་འོ་མ་རྩ་བ་ལྔ་དང་བསྐོལ་བ་འཐུངས་ན་ལུད་པ་དང༌། དབུགས་མི་བདེ་བ་དང༌། མགོ་ན་བ་དང༌། རྩིབ་ལོགས་ན་བ་དང་ཟུག་པ་དང་རིམས་རྙིང་པ་རྣམས་སེལ་བར་བྱེད་དོ། །ཡང་ན་ཨེ་རཎྜའི་རྩ་བ་དང༌། བ་ལ་དང༌། བིལ་བ་གང་ཡང་རུང་བ་བསྐོལ་བའི་ཁུ་བ་འོ་མ་བཞོས་མ་ཐག་པའི་དྲོན་པོ་དང་ལྷན་ཅིག་འཐུངས་ན་རིམས་ནད་ལས་གྲོལ་བར་བྱེད་དོ། །ཁྱད་པར་དུ་རླུང་གིས་ཕྱི་ས་འགགས་པ་དང༌། བེའུ་སྣབས་ཁྲག་དང་བཅས་པར་འབྱུང་བ་དང༌། སྐོམ་པ་དང༌། ཟུག་གཟེར་དང༌། སྲ་བ་ཧི་ཀ་ལ་ནི་ནད་ལས་གྲོལ་བར་བྱེད་དོ། །ཡང་ན་
བཅའ་སྒ་དང༌། བ་ལ་དང༌། ཀཎྜ་ཀ་རི་དང༌། གཟེ་མ་དང༌། བུ་རམ་དང༌། འོ་མ་སྦྱར་བ་འཐུངས་ན་སྐྲང་བ་དང༌། ཕྱི་ས་དང༌། གཅིན་དང༌། འཕྱེན་འགགས་པ་དང༌། རིམས་ལས་རྒྱལ་བར་བྱེད་དོ། །བ་སྤྲུ་བ་མེ་ཏོག་དཀར་པོ་ཅན་དང༌། བིལ་བ་དང༌། བཪྴ་བྷུ་ཞེས་བྱ་བ་བ་སྦྲུ་བ་མེ་ཏོག་དམར་པོ་ཅན་རྣམས་འོ་མ་དང་བསྐོལ་བ་འཐུངས་ན་རིམས་དང་གྲང་བ་སེལ་ལོ། །ཤིང་ཤ་པའི་སྙིང་པོ་དང༌། འོ་མ་སྦྱར་བ་འཐུངས་ན་ཡང་རིམས་མྱུར་དུ་འཇོམས་སོ། །རིམས་ཞུ་བའི་གནས་སུ་ཞུགས་ནས། ནི་རུ་ཧ་བཏང་བར་གྱུར་ན་མྱུར་དུ་མེའི་སྟོབས་སྐྱེད་པ་དང༌། རིམས་དང་བྲལ་བ་དང༌། དགའ་བར་བྱེད་པ་དང༌། ཟས་ཡི་གར་འོང་བར་བྱེད་དོ། །མཁྲིས་པ་ལས་གྱུར་པའི་རིམས་སམ། མཁྲིས་པ་དང༌། བད་ཀན་ལས་གྱུར་པའི་རིམས་ཁུ་བའི་གནས་སུ་ཞུགས་པ་ལ་ནི་བཀྲུ་སྨན་གཏོང་ངོ༌། །ནད་གཞི་གསུམ་ཆར་སྨིན་པའི་གནས་སུ་སོང་བ་ལ་ནི་འཇམ་རྩིས་ཞི་བར་བྱའོ། །བད་ཀན་དང་མཁྲིས་པ་ཟད་པའི་ནད་ལ་མཇུག་ཏོ་དང༌། རྒྱབ་དང༌། རྐེད་པ་ན་བ་དང༌། མེ་དྲོད་ཆེ་བ་དང༌། རྟུག་པ་འགགས་པ་ལ་ནི་འཇམ་རྩི་མས་གཏོང་བར་བྱའོ། །པ་ཏོ་ལ་དང༌། ནིམ་པའི་ལོ་མ་དང༌། པུ་ཙེ་ཤེལ་དང༌། དོང་ག་དང༌། ཏི་ར་དང༌། བ་ལ་དང༌། གཟེ་མ་དང༌། པོ་སོན་ཆ་དང༌། པུ་ཤེལ་ཙེ་དང༌། བ་ལ་ཀ་དང༌། འདི་རྣམས་ཆུ་དང༌། སྨན་སྤྱི་དང་མཉམ་པའི་འོ་མ་དང་ལྷན་ཅིག་བསྐོལ་ལ། འོ་མ་ལུས་པའི་ནང་དུ་གླ་སྒང་དང༌། པོ་སོན་ཆ་དང༌། པི་པི་ལིང་དང༌། ཤིང་མངར་དང༌། དུག་མོ་ཡུངས་ཀྱི་ཤུན་ཕྲགས་རྣམས་ཀྱི་ཕྱེ་མ་བཏབ་སྟེ། མར་དང་སྦྲང་རྩི་བསྲེས་པས་སྡུད་པའི་འཇམ་རྩི་མས་གཏོང་ན་རིམས་འཇོམས་པར་བྱེད་དོ། །ཡང་ན་དོང་ག་དང༌། པུ་ཤེལ་ཙེ་དང༌། ཤིང་མངར་དང༌། པོ་སོན་ཆ་དང༌། འདབ་མ་རྣམ་བཞི་དང༌། འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ་པྲི་ཡང་ཀུ་དང༌། པོ་སོན་ཆ་དང༌། གླ་སྒང་དང༌། ཉེའུ་ཤིང་དང༌། ཤིང་
མངར་དང༌། འདི་རྣམས་ཀྱི་ཕྱེ་མ་བཏབ་ལ། མར་དང་བསྐོལ་ཏེ་སྨན་གཏོང་ཀ་ར་བུ་རམ་དང་སྦྲང་རྩི་བཏབ་སྟེ་མས་གཏོང་ན་རིམས་སེལ་ཏོ། །ཡང་ན་ཛི་བནྟི་དང༌། ཤིང་མངར་དང༌། མེད་དང༌། པི་པི་ལིང་དང༌། པོ་སོན་ཆ་དང༌། ཤུ་དག་དང། རིད་ཏི་དང༌། ར་སྣ་དང༌། བ་ལ་དང༌། བིལ་བ་དང༌། ཤུ་ཏི་དང༌། ཉེ་འུ་ཤིང་རྣམས་བཏགས་ལ་སྨན་སྤྱིའི་བཞི་འགྱུར་གྱི་མར་དང༌། ཏིལ་མར་བསྲེས་པ་དང༌། མར་གྱི་བཞི་འགྱུར་གྱི་འོ་མ་དང༌། ཆུ་ཉིས་འགྱུར་དང་བསྐོལ་བ་ནད་གཞི་ཇི་ལྟ་བ་བཞིན་དུ་འཇམ་རྩི་མས་གཏོང་ན་རིམས་འཇོམས་སོ། །གཞན་ཡང་ཆོ་ག་གྲུབ་པའི་སྐབས་སུ་བཤད་པའི་འཇམ་རྩི་ཡང་འདིར་རིམས་ནད་ལ་སྦྱར་རོ། །རིམས་རྙིང་པ་ལ་སྣ་སྨན་བཏང་ན་ཡི་ག་འབྱེ་བ་དང༌། མགོ་ནད་དང༌། ལུས་ལྕི་བ་དང༌། བད་ཀན་འཕྲོག་ལ་དབང་པོ་གསལ་བར་བྱེད་དོ། །སྣུམ་དང་བཅས་པའི་སྣ་སྨན་བཏང་ན་ནི་མགོ་སྟོང་པ་སྙམ་བྱེད་པ་དང༌། ལུས་ཚ་བ་དང༌། མཁྲིས་པ་རྣམས་འཇོམས་སོ། །གཞན་ཡང་ཆམ་པ་དང༌། མགོ་དང༌། མགུལ་པའི་ནད་དང༌། ལྕེས་རོ་མི་ཚོར་བ་རྣམས་ལ་ནི་དུད་པ་བརྔུབ་པ་དང༌། སྨན་ཁུས་མཁུར་བ་བཀང་སྟེ་མི་བསྐྱོད་པར་བཞག་པ་དང༌། གཡས་གཡོན་སྤོ་བའི་སྨན་ཁུ་བཅང་བ་རྣམས་མདོའི་གནས་སུ་ཇི་ལྟར་བསྟན་པ་རྣམས་ནད་གཞི་དང་སྦྱར་ཏེ་བཏང་ངོ༌། །རིམས་རྙིང་པ་ཟས་ཡི་གར་མི་འོང་བ་ལ་ནི་ཁ་ལུང་གི་གེ་སར་མར་དང༌། རྒྱམ་ཚར་བཅས་པའི་ལྡེ་གུའམ། ཡང་ན་རྒུན་འབྲུམ་དང༌། ཁ་ར་དཀར་པོ་དང༌། སྐྱུ་རུ་རའི་ཁུ་བ་བཅངས་ན་ཕན་ནོ། །པགས་པ་ལ་བརྟེན་པའི་རིམས་རྙིང་པ་ལ་ནི་ཇི་ལྟར་རིགས་པ་བཞིན་དུ་དྲོ་བ་དང་གྲང་བའི་སྨན་བསྐོལ་བས་བསྐུ་བ་དང༌། བྱུག་པ་དང༌། བླུགས་པ་ལ་སོགས་པ་བྱའོ། །དེ་བཞིན་དུ་མིག་སྨན་དང་དུད་པ་བརྔུབ་པ་ལ་སོགས་པ་བྱ་སྟེ། གློ་བུར་དུ་བྱུང་བའི་རིམས་ལ་ཡང་ཚུལ་དེ་ལྟར་བྱའོ། །རིམས་རྙིང་པ་ལ་ལུས་ཚ་བ་ལ་ནི་མར་ལན་སྟོང་གི་བར་དུ་ཆུ་གྲང་མོར་བཅུག་པ་ལ་ཡང་བཞུ་ཡང་བཅུག་བྱས་པའི་མར་
བསྐུས་ན་ཚ་བའི་རིམས་ཞི་བར་བྱེད་དོ། །ཡང་ན་མདོའི་གནས་སུ་བསྟན་པའི་མངར་བའི་སྡེ་ཚན་གེ་སར་ལ་སོགས་པའམ། ཡང་ན་སྐྱུར་བའི་སྡེ་ཚན་སྐྱུ་རུ་ར་ལ་སོགས་པའམ། བསྐ་བའི་སྡེ་ཚན་ཨ་རུ་ར་ལ་སོགས་པའམ། རྩྭ་དཱུར་བའི་སྡེ་ཚན་ནམ། མཁྲིས་པ་འཇོམས་པའི་སྡེ་ཚན་ནྱ་གྲོ་དྷ་ལ་སོགས་པ་འམ། ཤུག་པའི་སྡེ་ཚན་ནམ། སྨན་གྱི་སྡེ་ཚན་དེ་དག་གང་ཡང་རུང་བ་འོ་མ་དང༌། ཏིལ་མར་དང༌། བསྐོལ་བ་ཡང་རུང་མ་བསྐོལ་བ་ཡང་རུང་སྟེ། འདག་གུ་དང་སྨན་མར་གྱི་བསྐུ་བ་ལ་སོགས་པ་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ན་དེ་མ་ཐག་པའི་རིམས་འཇོམས་སོ། །ཡང་ན་གོང་གི་སྨན་གྱི་སྦྱོར་བ་དེ་ཉིད་ཅུང་ཟད་རྩིང་ཙམ་དུ་བཏགས་པའི་ལྡེ་གུས་ལུས་བསྐུ་བར་བྱའོ། །གལ་ཏེ་ཞི་བར་དྲགས་ན་ནི་ཚ་བ་ཕྱིར་མི་འབྱུང་སྟེ། སླར་ཁོང་དུ་ཞུགས་ནས་ཚ་བ་སྐྱེ་བའི་ཕྱིར་རོ། །གོང་མའི་སྨན་དེ་ཉིད་བསྐོལ་བའི་ནང་དུ་ལུས་གཞུག་པའམ་བླུགས་པ་ཡང་བྱའོ། །དེ་བཞིན་དུ་རྩབ་མོ་དང༌། ཆང་སྐྱུར་དང༌། འོ་མ་དང༌། མར་དང༌། ཆུ་ལ་སོགས་པའི་ནང་དུ་བླུགས་པ་དང༌། ལུས་སྤྱིང་བར་བྱའོ། །ཀ་པིད་ཏ་དང༌། ཁ་ལུང་དང༌། ཨ་མྲ་དང༌། བི་ད་རི་དང༌། སེང་ཕྲོམ་དང༌། སེའུ་འབྲུ་དང༌། རྒྱ་ཤུག་གི་མྱུ་གུ་དང༌། འདི་རྣམས་ཨ་རིཥྚའི་ནང་དུ་བྱས་ལ་དེའི་སྦུ་བས་ལུས་བསྐུས་ན་ལུས་ཚ་བ་དང༌། ན་བ་དང༌། རྨོངས་བག་ཏུ་འདུག་པ་དང༌། སྐོམ་དད་ཆེ་བ་རྣམས་ཞི་བར་བྱེད་དོ། །དེ་བཞིན་དུ་མཁྲིས་པས་ལུས་འགྱུར་བ་བསྟན་པའི་ལེའུ་ལས་འབྱུང་བའི་གསོ་བ་འདིར་བྱས་ན། ཚ་བའི་རིམས་མྱུར་དུ་སེལ་ཏོ། །དྲོ་བའི་ནུས་པ་དང་རེག་པ་དང་ལྡན་པའི་སྨན་རྒྱ་སྤོས་དང༌། ཨ་ཀ་རུ་དང༌། རུ་རྟ་དང༌། སྟོན་དང༌། རྡོ་དྲེག་དང། ཀོ་ཉོན་ཙེ་དང༌། ཐང་ཤིང་དང༌། ཆུ་སྲིན་སེན་མོ་དང༌། ར་སྣ་དང༌། གུ་གུལ་དང༌། ཤུ་དག་དང༌། རྩ་རོང་དང༌། སུག་སྨེལ་རྣམ་གཉིས་དང༌། ཙནྡན་དང༌། སིབ་དང༌། ཤི་ཀྲུ་དང༌། བྱེའུ་རུག་པ་དང༌། སྤང་སྤོས་དང༌། བྱ་མ་
ཀ་དང༌། ཡུངས་ཀར་དང༌། སླེ་ཏྲེས་དང༌། ཨེ་རཎྜ་རྣམ་གཉིས་དང༌། བ་རུ་ར་དང༌། རོ་ཧི་ཤ་དང༌། །ཏ་མ་ལའི་ལོ་མ་དང༌། བྷུ་ཏི་ཀ་དང༌། ས་ལི་ཀ་དང༌། འུ་སུ་དང༌། ཏི་མུ་ས་དང༌། ཤུ་ཏི་དང༌། རྒྱ་སྲན་དང༌། མོན་སྲན་མ་ཤ་དང༌། ཀྲུ་ཏྲུག་ཏྲེས་དང༌། པུ་ཏི་ཀ་རཉྫ་དང༌། ན་གུ་ལ་རྣམ་གཉིས་དང༌། གཞན་ཡང་བསིལ་བའི་ནུས་པ་དང་ལྡན་པའི་སྨན་རྣམས་ཞིབ་ཏུ་བཏགས་ལ་ཆང་དང་རྩབས་སྐྱུར་པོ་དང་ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ། དྲོ་འཇམ་ཙམ་བྱས་པས་བསྐུ་བའམ། ཡང་ན་ཞིབ་ཏུ་བཏགས་པའི་ལྡེ་གུས་བྱུག་པ་བྱས་ན། རིམས་གྲང་བ་ཞི་བར་བྱེད་དོ། །ཡང་ན་རྒྱ་སྤོས་ལ་སོགས་པ་གོང་གི་སྦྱོར་བ་དེ་ཉིད་ཀྱིས་བླུགས་པ་དང༌། ལུས་སྤྱིང་པ་ལ་སོགས་པ་བྱའོ། །དེ་བཞིན་དུ་ཆད་སྐྱུར་དང༌། བ་གཅིན་དང། ཞོ་ག་ཆུ་ལ་སོགས་པ་སྨན་མེད་པའི་ཉི་ཚེའི་བླུགས་པ་ལ་སོགས་པ་བྱའོ། །ཡང་ན་དོང་ཀ་ལ་སོགས་པའི་སྡེ་ཚན་གྱི་བཏུང་བ་དང༌། བསྐུ་བ་དང་བྱུག་པ་ལ་ཡང་སྦྱར་རོ། །ཨ་ཀ་རུའི་དུད་པ་དང༌། པ་ལ་ཀའི་དུད་པ་འོག་ནས་སྨོས་པ་གང་ཡིན་པ་ཡང་རིམས་གྲང་མོ་འདི་ལ་སྦྱར་རོ། །མེའི་དྲོད་བསྐྱད་པར་བྱ་བའི་ཕྱིར་དུགས་ཀྱི་ཆོ་ག་བསྟེན་པར་བྱའོ། །དེ་བཞིན་དུ་རླུང་མེད་པའི་ཁང་པར་འདུག་པ་དང༌། རྩོལ་བ་དང་གོས་ལྕི་བ་བགོ་བ་ལ་སོགས་པ་ཡང་བྱའོ། །རྡུལ་དབྱུང་བར་བྱ་བའི་ཕྱིར་མཁྲིས་པ་སྐྱེད་པའི་སྨན་བཟའ་བར་བྱ་སྟེ། རྒྱ་སྲན་ཀུ་ལངྠ་དང༌། མ་ཤ་དང༌། ནིམ་པ་ཝ་ས་ཞེས་བྱ་བའི་ཟས་དང༌། ཤ་རྣམས་སྦྱར་རོ། །གནས་ནི་ཁང་པའི་དབུས་དང༌། ས་ཁང་གི་ནང་དུ་རྩྭ་ཀུ་ཤ་དང༌། ལྷྭམ་དང༌། ར་ལ་ཀ་ཞེས་བྱ་བའི་སྟན་བྱ་སྟེ། ཁང་པ་དེའི་ནང་དུ་མདག་མ་དུད་པ་མེད་ཅིང་དམར་རུག་གེ་བ་ཞུགས་ལིང་གི་ནང་དུ་བཅུག་སྟེ་བསྲོ་བར་བྱའོ། །གྲང་བའི་དབང་གིས་ཤིན་ཏུ་འདར་བར་གྱུར་པ་ལ་ནི་ཆང་ངམ། དར་བའམ། རྒྱ་སྲན་དང༌། ཁྲེ་རྒོད་ལ་སོགས་པ་
འབྲུའི་ཁུ་བའི་ནང་དུ་ཚ་བ་གསུམ་བཏབ་པའམ། གཞན་ཡང་མཁྲིས་པ་སྐྱེད་པའི་སྨན་རྣམས་བསྟེན་པར་བྱའོ། །དེ་བཞིན་དུ་བུད་མེད་ཤིན་ཏུ་ནུ་མ་མཛེས་ཤིང་ཤ་རྒྱས་པ་ལུས་ལ་བྱུག་པ་དང༌། རྒྱན་ཐམས་ཅད་ཀྱིས་བརྒྱ་ན་པ་ལང་ཚོལ་བབ་པ་དང༌། ཆང་གིས་ཤིན་ཏུ་དྲེགས་པ་ཡིད་དུ་འོང་ཞིང་ཤིན་ཏུ་འགྱིང་བག་དང་ལྡན་པའི་བུད་མེད་དང་མཐང་སྦྱར་བའི་དུགས་བྱ་སྟེ། ནམ་གྲང་བར་གྱུར་པའི་དུས་ན་བུད་མེད་དེ་སྤང་བར་བྱའོ། །འདུས་པ་ལས་གྱུར་པའི་རིམས་ལ་ནི་ཉེས་པ་གཅིག་ཤས་ཆུང་ཞིང་གཉིས་ཤས་ཆེ་ན་ནི་གཉིས་ཟད་པར་བྱ་ཞིང་གཅིག་གསོ་བར་བྱའོ། །གཉིས་ཤས་ཆེ་ཞིང་གཅིག་ཤས་ཆུང་ན་ནི་གཉིས་བྲི་ཞིང་གཅིག་བསྐྱེད་པར་བྱའོ། །ཉེས་པ་གསུམ་ཆ་མཉམ་ན་ནི་དང་པོ་བད་ཀན་གསོ་ཞིང་དེ་ནས་རླུང་དང་མཁྲིས་པ་རིམ་བཞིན་དུ་གསོའོ། །འདུས་པ་ལས་གྱུར་པའི་རིམས་ནད་ཀྱིས་ལུས་ཟད་ཅིང་རྣ་རྩ་གཉིས་སུ་ཤིན་ཏུ་མི་བཟད་པར་ན་བ་སྐྲངས་པར་གྱུར་པ་ནི་འཚོ་བར་དཀའ་སྟེ། ཕལ་ཆེར་འཆི་བར་འགྱུར་བས་དེ་ལ་ནི་མྱུར་དུ་ཁྲག་གཏར་བ་དང༌། མར་བླུད་པ་དང༌། བད་ཀན་དང་མཁྲིས་པ་འཇོམས་པའི་སྨན་གྱིས་བྱུག་པ་དང༌། སྣ་ནས་བཏང་བའི་སྨན་དང༌། མཁུར་བར་བཅང་བ་རྣམས་བྱས་ན་ཕན་ནོ། །ལུས་ཟུངས་རྣམས་ལ་བརྟེན་པའི་རིམས་གྲང་བ་དང༌། དྲོ་བ་དང༌། སྣུམ་པ་དང༌། རྩུབ་པ་ལ་སོགས་པའི་ཆོ་ག་བྱས་ཀྱང་མ་ཞིན་དེ་ལ་ནི་ལག་པ་གཉིས་ལས་རིམ་གྱིས་ཁྲག་དབྱུང་བར་བྱའོ། །རིམས་མི་བཟད་པ་ལ་ཆོ་ག་གོང་མ་དེས་ཀྱང་ཞིར་མི་འདོད་ན་ནད་གཞི་ཇི་ལྟ་བ་བཞིན་དུ། རླུང་ལ་སོགས་པའི་ནད་གང་ཤས་ཆེ་བ་བརྟགས་ཏེ། སོ་སོའི་བྱ་བ་བཞིན་དུ་སྤང་བར་བྱ་ཞིང་འོག་ནས་སྨོས་པ་བཞིན་དུ་གསོ་བར་བྱ་སྟེ། དེ་ཡང་པ་ཏོལ་དང༌། པུ་ཙེ་ཤེལ་དང༌། གླ་སྐང་དང༌། ཨ་རུ་ར་དང༌། ཤིང་མངར་དང༌། འདི་རྣམས་ལན་བཞི་ལྔ་བསྐོལ་བའི་རྗེས་སུ་བླུད་ན་རིམས་མི་བཟད་པ་རྣམས་སེལ་
བར་བྱེད་དོ། །འབྲས་བུ་གསུམ་དང༌། ཨ་རུ་ར་དང༌། སླེ་ཏྲེས་དང༌། པི་པི་ལིང་དང༌། འདི་རྣམས་གང་ཡང་རུང་བའི་ཁུ་བ་བསྐོལ་བ་དྲོན་མོ་འམ་གྲང་མོ་ཡང་རུང་སྟེ། དེ་བཞིན་དུ་མར་དང༌། འདག་གུ་དང༌། ཕྱེ་མ་དང༌། རི་ལུ་ལ་སོགས་པ་རེ་རེའི་སྦྱོར་བ་བཅུད་ཀྱིས་ལེན་གྱི་ཆོ་ག་བཞིན་དུ་བྱ་བ་འམ་ཡང་ན་གོ་བྱེའུ་གཉིས་དང་སྦྱར་བ་བྱིན་ན་ནི་རིམས་མི་བཟད་པ་ཞི་བར་བྱེད་དོ། །ཉི་མ་གང་ལ་ཉིན་བཞི་བའི་རིམས་ལ་སོགས་པས་བཏབ་པའི་དུས་སུ་ནད་གཞི་རྣམས་བརྟག་སྟེ། ལུས་འཕེལ་བར་བྱ་བའི་ཆོ་ག་ཚུལ་བཞིན་དུ་བྱའོ། །སྒོག་སྐྱའི་ཏིལ་མར་དང་བཅས་པ་ཐོ་རངས་སམ་ཁ་ཟས་ཀྱི་གོང་དུ་བཏུང་བའམ་དེ་བཞིན་དུ་མར་རྙིང་པ་དང༌། ཞོ་དང༌། འོ་མ་དང༌། དར་བ་དང༌། སྲང་དྲུག་པ་ཞེས་བྱ་བའི་མར་གཅོང་ཆེན་པོའི་སྐབས་སུ་བཤད་པ་དང༌། དགེ་བའི་སྨན་མར་སྨྱོ་བྱེད་ཀྱི་སྐབས་སུ་འབྱུང་བ་དང༌། བའི་རྣམ་ལྔའི་སྨན་མར་བརྗེད་བྱེད་ཀྱི་སྐབས་སུ་འབྱུང་བ་དང༌། ཏིག་ཏའི་སྨན་མར་མཛེ་ནད་ཀྱི་སྐབས་སུ་བཤད་པ་དང༌། བ་ཤ་ཀའི་སྨན་མར་ཁྲག་མཁྲིས་ཀྱི་ནང་ནས་འབྱུང་བའམ། འདི་རྣམས་གང་ཡང་རུང་པ་ནང་པར་རམ་ཟས་ཀྱི་གོང་དུ་རིམས་མི་བཟད་པ་ལ་སྦྱར་བར་བྱའོ། །འབྲས་བུ་གསུམ་དང༌། རྒྱ་ཤུག་དང༌། ཨག་ནི་མནྠ་དང༌། འདི་རྣམས་བསྐོལ་བའི་ནང་དུ་མར་དང་མར་གྱི་ཉིས་འགྱུར་གྱི་ཞོ་དང༌། མར་གྱི་བཞི་ཆའི་སེང་ཕྲོམ་གྱི་ཤུན་ཕྲགས་གི་ཕྱེ་མ་བཏབ་སྟེ། ཡང་བསྐོལ་བའི་མར་ལས་རན་པར་འཐུངས་ན་རིམས་མི་བཟང་པ་འཇོམས་པའི་མཆོག་ཡིན་ནོ། །འབྲས་བུའི་ཆང་དང༌། འབྲུའི་ཆང་ལེགས་པར་སྨིན་པ་དང༌། རྨ་བྱ་དང༌། སྲེག་པ་དང༌། ཁྱིམ་བྱའི་ཤ་གཙང་བདྲོ་བའི་ནུས་པ་དང་ལྡན་པ་ཟས་དང་ལྷན་ཅིག་ཅི་འདོད་པ་ཚིམ་ཚད་དུ་ཟོས་ལ། ཞག་དེ་ཉིད་ལ་གཉིད་ལོག་པའམ། ཡང་ན་སློན་དུ་གཞུག་གོ །ཡང་ན་སྨན་མར་ཐུན་ཚད་ཆེན་པོ་འཐུངས་ལ་དེའི་འོག་ཏུ་སྐྱུག་སྨན་བྱའོ། །ཐོག་མར་སྣུམ་ཆོས་དང་
དུགས་བྱས་ལ། དེ་ནས་ནི་ལི་ནི་དང༌། ཨ་ཛ་གནྡྷ་དང༌། དུར་བྱིད་དང༌། པུ་ཙེ་ཤེལ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་ཆུ་དང་བསྐྱོས་ཏེ། རིམས་ཀྱིས་བཏབ་པའི་ཞག་བཏུང་ངོ༌། །ལྡོང་རོས་དང༌། རྒྱམ་ཚ་དང༌། པི་པི་ལིང་དང༌། ཏིལ་མར་དང་ལྷན་ཅིག་སྦྱར་བའི་མིག་སྨན་ཡང་གཞུག་གོ །ཤིང་ཀུན་དང༌། སྟག་གི་ཚིལ་ཆ་མཉམ་པ་རྒྱམ་ཚ་དང་སྦྱར་བའི་སྣ་སྨན་གཏང་ངོ༌། །ཡང་ན་མར་རྙིང་པ་གཅིག་པུའམ། ཡང་ན་སེང་གེའི་ཚིལ་རྒྱམ་ཚ་དང་སྦྱར་ཏེ་སྣ་སྨན་གཏང་ངོ༌། །ཡང་ན་བ་ལ་ཀ་ཤ་དང༌། ནིམ་པའི་ལོ་མ་དང༌། ཤུ་དག་དང༌། རུ་རྟ་དང༌། ཨ་རུ་ར་དང༌། ཡུངས་ཀར་དང༌། ནས་དང༌། མར་དང་སྦྱར་བས་བདུག་པར་བྱས་ན་རིམས་མ་རུངས་པ་སེལ་ཏོ། །ཡང་ན་བྱི་ལའི་རྟུག་པའི་བདུག་པ་ཡང་དེ་བཞིན་དུ་ཕན་ནོ། །བྱ་མ་ཀ་དང༌། ཤུ་དག་དང། སྲ་རྩི་པོག་དང༌། ནིམ་པ་དང༌། ཨ་ཀ་དང༌། ཨ་ཀ་རུ་དང༌། ཐང་ཤིང་དང༌། འདི་རྣམས་སྦྱར་བའི་དུད་པ་ནི་གཞན་གྱིས་མི་ཐུབ་པའི་བདུག་པ་ཞེས་བྱ་སྟེ། རིམས་ཐམས་ཅད་ལ་སྦྱར་རོ། །གཞན་ཡང་འཇིགས་པ་ལས་རིམས་སུ་གྱུར་པ་དང༌། སེམས་བསྒྱུར་བ་ལས་རིམས་སུ་གྱུར་པ་དང༌། འབྱུང་པོ་དང༌། སྨྱོ་བྱེད་དང༌། བརྗེད་བྱེད་ཀྱི་ནད་དུ་བཤད་པའི་བདུག་པ་དང༌། སྣ་སྨན་དང་མིག་སྨན་དུ་བཤད་པ་རྣམས་སྐབས་འདིར་རིམས་ཐམས་ཅད་ལ་སྦྱར་རོ། །གཞན་ཡང་ལྷ་བསྟན་པ་དང་ནོར་བུ་བཅང་བ་དང༌། སྔགས་དང༌། གཏོར་མ་གཏོང་བ་དང༌། ལྷ་མཆོད་པ་དང༌། སྦྱིན་སྲེག་དང༌། ཉེ་བར་གསོ་སྦྱོང་བྱ་བ་དང༌། བདེ་ལེགས་དང་ཕྱག་འཚལ་བ་ལ་སོགས་པ་བྱས་ན། རིམས་ནད་ཐམས་ཅད་སེལ་ཏོ། །གློ་བུར་དུ་བྱུང་བའི་རིམས་མི་བཟད་པ་ནི་ཕལ་ཆེར་གདན་ལས་གྱུར་པ་སྟེ། དེ་ལ་ནི་ལྷ་ལ་བསྙེན་ཅིང་མཆོད་ན་དེ་ཉིད་དེའི་སྨན་ཡིན་ནོ། །རིམས་མི་བཟད་པ་ལ་གྲང་བ་དང༌། དྲོ་བ་ལ་སོགས་པ་རང་རང་གི་གསོ་བ་རྣམ་པ་ཐམས་ཅད་བྱས་ཀྱང་མ་ཞི་ན། ཁྲག་གཏར་བར་བྱའོ། །རླུང་དང༌། མེ་དབལ་དང༌།
འབྲུམ་བུ་ལས་གྱུར་པའི་རིམས་ནད་ལ་ནི་སྨན་མར་དང༌། བྱུག་པ་གྲང་མོ་དང༌། བླུགས་པ་དང༌། ཤ་ཁུ་དང༌། བཟའ་བ་དང༌། ཁྲག་ཏུ་དབྱུང་བ་ལ་སོགས་པ་རང་རང་གི་གསོ་བ་བཞིན་དུ་བྱའོ། །ཞག་གསུམ་པའི་རིམས་ལ་ནི་ནམ་ཚོང་གི་རྩ་ལས་གཏར་རོ། །ཞག་བཞི་པ་ལ་ནི་རྒྱབ་ཀྱི་ནམ་ཚོང་གི་དྲང་ཐད་ཀྱི་རྩ་ལས་གཏར་རོ། །དངས་མ་ལ་རིམས་མ་རུངས་པ་ཞུགས་པ་ལ་ནི་སྨྱུང་བ་དང་སྐྱུག་སྨན་གཏོང་ངོ༌། །རིམས་དེ་ཁྲག་གི་ནང་དུ་ཞུགས་ན་ནི་ཁྲག་ལ་ཕན་པའི་སྨན་བསྐོལ་བའི་ཆུ་ལུས་ལ་གཏོར་བ་དང༌། བསྐུ་བ་དང༌། གཏར་ག་རྣམས་བྱའོ། །རིམས་དེ་ཤ་ལ་གནས་ན་ནི་བཀྲུ་སྨན་རྣོན་པོ་གཏོང་ངོ༌། །ཚིལ་ལ་གནས་ན་ནི་ཚིལ་དབྲི་བའི་སྨན་བྱའོ། །རིམས་དེ་རུས་པ་དང་རྐང་ལ་གནས་ན་ནི་དུགས་དང༌། མཉེ་བ་དང༌། བསྐུ་བྱུག་དང༌། རླུང་ནད་ཞི་བའི་སྨན་རྣམས་བྱ་སྟེ། ཁྱད་པར་དུ་འཇམ་རྩི་མས་གཏོང་ན་ཕན་ནོ། །འབྱུང་པོའི་གདོན་ལས་གྱུར་པའི་རིམས་ལ་ནི་སྔགས་དང་གཏོར་མ་ལ་སོགས་པའི་ཆོ་ག་བྱས་ན་ཕན་ནོ། །སྨན་བདུགས་པའི་དྲིས་ཕོག་པ་ལས་རིམས་སུ་གྱུར་པ་ལ་ནི་མཁྲིས་པ་ཞི་བར་བྱེད་པའི་སྨན་རྣམས་སྦྱིན་ན་ཕན་ནོ། །དུག་གིས་ཕོག་པ་ལས་རིམས་སུ་གྱུར་པ་ལ་ནི་དུག་གསོ་བའི་དཔྱད་བྱའོ། །ཁྲོས་པ་ལས་གྱུར་པའི་རིམས་ལ་ནི་གང་ལ་དགའ་བའི་ནོར་སྦྱིན་པ་དང༌། སྙིང་དགའ་བའི་གཏམ་བྱའོ། །དེས་མ་ཞི་ན་ཕན་པའི་ཟས་དང་སྨན་བསྟེན་པར་བྱའོ། །དེས་ཀྱང་མ་ཞི་ན་མི་ཕན་པའི་ཟས་དང་སྨན་གྱིས་གསོའོ། །དེ་དག་གིས་མ་ཕན་ན་བཀྲུ་སྨན་གཏོང་ན་ཕན་ནོ། །ཁྲོ་བ་ལས་རིམས་བྱུང་བ་ལ་ནི་འདོད་པ་བསྟེན་པས་ཞི་བར་འགྱུར་རོ། །འདོད་པ་ལ་ཆགས་པ་ལས་རིམས་སུ་གྱུར་པ་ལ་ཁྲོ་བ་བསྐྱེད་པས་ཞི་བར་འགྱུར་རོ། །མྱ་ངན་དད་འཇིགས་པ་ལས་རིམས་སུ་གྱུར་པ་ལ་ནི་ཁྲོ་བ་དང་སྙིང་དུ་སྡུག་པ་དང་གཉིས་ཀ་བསྟེན་པས་ཞི་བར་འགྱུར་རོ། །དམོད་པ་དང་དྲག་ཤུལ་གྱི་ལས་ལས་རིམས་སུ་གྱུར་པ་ལ་ནི་སྲིད་སྲུང་གི་
རིག་བྱེད་ཀྱི་ཆོ་གའམ། ལྷ་ལ་སོགས་པ་ལ་མཆོད་པ་བྱས་ན་ཞི་བར་འགྱུར་རོ། །གློ་བུར་དུ་བྱུང་བའི་རིམས་དེ་རྣམས་ཐོག་མར་ནི་གཅིག་པུ་བྱུང་བ་ཡིན་ན་ཕྱིས་ནི་ནད་གཞི་འདྲེས་ནས་བྱུང་བ་ཡིན་ཏེ། དེ་བས་ན་གློ་བུར་དུ་བྱུང་བའི་རིམས་ལ་ནི་སྨན་དང་དཔྱད་ནད་གཞི་དང་ཇི་ལྟར་མཐུན་པར་གསོའོ། །རིམས་དེ་རླུང་ལ་སོགས་པའི་ནད་གཞི་མི་ལྡན་གྱི་བར་དུ་ནི། གཏིང་ཟུག་པར་མི་འགྱུར་རོ། །རིམས་ལྡང་བའི་དུས་སུ་སེམས་པ་ལས་རིམས་སུ་གྱུར་པ་ལ་ནི་ཡུལ་ཡིད་དུ་འོང་བ་སྣ་ཚོགས་མངོན་དུ་བྱས་ན་དྲན་པ་ཞི་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་ཡིད་དགའ་བར་བྱ་སྟེ། སྙིང་རྗེས་སེམས་བརླན་པར་གྱུར་ན་རིམས་འཇོམས་སོ། །སྐྱེས་བུ་རིམས་དང་བྲལ་ཞིང་ཉམས་སྟོབས་མ་སྐྱེས་པ་ལ་ནི་ལུས་ཀྱི་རྩོལ་བ་དང༌། འཁྲིག་པ་དང༌། དེ་བཞིན་དུ་ཁ་ཟས་ལྕི་བ་དང༌། མ་གོམས་པ་དང་ཚ་བ་བསྐྱེད་པ་དང༌། གཞན་རིམས་སྐྱེད་པའི་རྒྱུ་ཐམས་ཅད་སྤང་བར་བྱའོ། །རིམས་ལས་བྱང་བ་ཡིན་ན་ཡང་ཁ་ཟས་ཐམས་ཅད་འཆོལ་བར་མང་དུ་མི་བཟའ་སྟེ། །ཉམ་ཆུང་བས་ཁ་ཟས་འཆོལ་བར་ཟོས་ན་ནད་བྱང་བ་ཡིན་ན་ཡང་ཕྱིར་ནད་ལྡོག་པར་བྱེད་དོ། །དེ་བས་ན་བག་མ་བྱས་པའི་ཟས་དང་སྤྱོད་ལམ་བསྟེན་པ་ལས་ནི་སྲོག་འཕྲལ་ལ་འཕྲོག་པར་བྱེད་པ་ཡིན་པས་ཁྱད་པར་དུ་ནད་ཀྱི་གནས་སྐབས་ལ་བརྟགས་ཏེ། སྨྱུང་བ་དང༌། དུགས་དང༌། ནས་ཀྱི་ཐུག་པ་དང༌། ཏིག་ཏའི་ཁུ་བ་དང། སྨིན་པར་བྱེད་པའི་སྨན་དང༌། འོ་མ་དང་མར་ལ་སོགས་པ་གསོ་བ་ཐམས་ཅད་སྦྱར་བར་བྱའོ། །ལྷ་ཁྱབ་འཇུག་གིས་གཏོང་བའི་རིམས་ཤིན་ཏུ་དྲག་པོ་ལ་ནི་སྨན་དང༌། ནོར་བུ་དང༌། སྔགས་རྣམས་མགོ་ལ་གདགས་སོ། །གཞན་ཡང་ཕ་མ་ལ་སོགས་པ་དམ་པ་རྣམས་དང༌། བླ་མ་དང༌། བྲམ་ཟེ་དང༌། ལྷ་རྣམས་ལ་མཆོད་པ་དང༌། ཡིད་དགའ་བར་བྱེད་པའི་འདོད་པའི་ཡུལ་རྣམས་བསྟེན་པར་བྱས་པས་ཀྱང་རིམས་རྣམས་ཞི་བར་འགྱུར་རོ། །གསོ་བའི་གནས་ལས་རིམས་ནད་གསོ་བའི་ལེའུ་སྟེ་དང་པོ་རྫོགས་སོ།། །།
དེ་ནས་ཁྲག་མཁྲིས་གསོ་བའི་ལེའུ་གཉིས་པ་བཤད་པར་བྱ་སྟེ། སྐྱེས་བུ་སྟོབས་དང་ལྡན་ཞིང་ཁྲག་སྟོད་དུ་ཤུགས་མི་དྲག་པར་འབྱུང་བ་དེ་ཡང་གསར་དུ་དགུན་ནམ་གྲང་བའི་དུས་སུ་བླ་བརྣན་མེད་པར་འབྱུང་ན། མདོའི་གནས་ནད་མེད་པར་འགྱུར་བའི་ཚུལ་བསྟན་པའི་ལེའུ་ལས་ཁྲག་མཁྲིས་ཤས་ཆེ་བར་འགྱུར་བའི་གསོ་བ་འདིར་སྦྱར་རོ། །ཁྲག་མཁྲིས་ཐུར་དུ་བྱུང་བ་དང༌། ནད་གཞི་གཉིས་འདྲེས་པ་ལས་འབྱུང་བ་དང༌། ལྡང་དུབ་བྱེད་པ་དང༌། སྟོད་དུ་བྱུང་བའི་ཁྲག་ཁ་དང༌། སྣ་དང༌། མིག་དང༌། རྣ་བའི་བུ་གར་འཕོ་ཞིང་འབྱུང་བ་དང༌། སྨད་དུ་བྱུང་བའི་ཁྲག་ཕོ་མཚན་དང༌། རྐུབ་ནས་འབྱུང་བ་དང༌། ཡང་ན་ཁྲག་སྟོད་སྨད་དུ་ཕྱིན་ཅི་ལོག་ཏུ་འབྱུང་བ་རྣམས་ལ་ནི་རིམ་པས་ཁད་ཀྱིས་བརྡལ་ལ་གསོའོ། །སྟོད་སྨད་གཉིས་ཀ་ལས་ཁྲག་ཆེར་འབྱུང་ཞིང་མེའི་དྲོད་ཆུང་བ་དང༌། ནད་གཞི་གསུམ་ལས་གྱུར་པ་དང༌། སྟོད་སྨད་གང་ཡང་རུང་བ་ལས་ཚབས་ཆེར་འབྱུང་བ་རྣམས་ནི་སྤང་བར་བྱའོ། །དེ་ལ་ནད་གཞི་དང༌། ཉི་མ་རིང་ཐུང་ནུར་བའི་དུས་དང༌། ཁྲག་མཁྲིས་དེ་ནད་གཞི་གང་དང་འབྲེལ་ནས་སྟོབས་ཆེ་ཆུང་དུ་སོང་བ་དང༌། ཡུལ་དང་དུས་ལ་སོགས་པ་བརྟགས་ནས་ཁྲག་གོང་འོག་གང་ནས་བྱུང་བ་ལ་སོགས་པ་བྱེ་བྲག་ཤེས་པར་བྱས་ནས། དེའི་འོག་ཏུ་སྨྱུང་བའམ། ལུས་འཕེལ་ཞིང་རྒྱས་པར་བྱ་བའམ། ལུས་སྦྱང་བའམ། སྨན་གྱིས་ཞི་བར་བྱ་བ་རྣམས་གང་རིགས་པར་བྱའོ། །ཁ་ཟས་དྲོ་བ་དང་རྣོ་བ་ལ་སོགས་པས་མཁྲིས་པའི་ནད་སྐྱེས་པ་དེ་ཡང༌། ནད་གཞི་མང་པོ་དང་འདྲེས་ཏེ་ཉམས་སྟོབས་དང་ལྡན་ལ་ཁྲག་སྟོད་དུ་བྱུང་བ་ལ་ནི་བཀྲུ་སྨན་བཏང་ལ། སྨད་དུ་བྱུང་བ་ལ་ནི་སྐྱུག་སྨན་གཏང་ངོ༌། །ལུས་འཕེལ་ཞིང་ཉམས་སྟོབས་དང་ལྡན་ན་ནི་སྨྱུང་བ་བྱའོ། །གལ་ཏེ་ལུས་སྨྱུང་བ་བྱས་པ་དང༌། རིང་པ་ཡིན་ན་ནི་ཉམས་སྟོབས་སྐྱེད་པའི་ཆོ་ག་བྱའོ། །ཁྲག་སྟོད་དུ་བྱུང་བ་ལ་ནི་ཁ་བ་དང༌། བསྐ་བའི་སྨན་གྱི་ཁུ་བས་ཞི་བར་བྱའོ། །སྨྱུང་བ་བྱས་པ་ལ་ནི་བཅའ་སྒ་མ་གཏོགས་པའི་ཡན་ལག་དྲུག་པའི་སྨན་བསྐོལ་བའི་ཁུ་བ་བླུད་དོ། །ཁྲག་ཐུར་དུ་བྱུང་བ་ལ་ནི་མངར་བའི་ཁུ་བཅུད་ཀྱིས་ཞི་བར་བྱའོ། །
ཁྲག་སྟོད་དུ་བྱུང་བ་ལ་ནི་ཐོག་མར་སྐྱོ་མ་བླུད་དོ། །སྨད་དུ་བྱུང་བ་ལ་ནི་སྨན་ཐུག་བླུད་དོ། །ཁྲག་མཁྲིས་ཅན་ཉམས་སྟོབས་ཡོད་ཅིང་ཤ་མ་ཟད་པ་ལ་ཟས་ཟ་ནུས་པ་དེ་ནི་སྐྱོན་གྱིས་ཁྲག་བྱུང་དུ་ཟིན་ཀྱང་དང་བོར་ཁྲག་བཅད་དུ་མི་རུང་ངོ༌། །བཅད་སྔས་ན་ནད་མང་དུ་སྐྱེད་དོ། །གཞན་དུ་ན་ཉམས་ཟད་ཅིང་ཟས་ཟ་མི་ནུས་ཏེ། ཉེས་པ་དག་ཅིང་ཁྲག་མང་དུ་འབྱུང་བ་ལ་ནི་ཁྲག་མ་བཅད་ན་མེས་ཚིག་པ་བཞིན་དུ་མྱུར་དུ་འཆི་བར་བྱེད་དོ། །དུར་བྱིད་དང༌། ཤ་མ་དུར་བྱིད་གཉིས་བསྐོལ་བའི་ཁུ་བའི་ནང་དུ་ཡང་དེ་ཉིད་བཏགས་པའི་ཕྱེ་མ་དང༌། ཤ་ཁ་རའི་ཕྱེ་མ་དང་སྦྱར་ནས་ལག་པའི་མཐིལ་དུ་བཞག་སྟེ་བལྡག་གོ །དུར་བྱིད་དང༌། ཤ་མ་དུར་བྱིད་དང༌། འབྲས་བུ་གསུམ་དང༌། པི་པི་ལིང་དང༌། ཤ་ཁ་ར་དང་སྦྱར་བའི་རི་ལུ་བྱས་ཏེ། དེ་ལས་རན་པར་ཟོས་ན། འདུས་པ་ལས་གྱུར་པའི་ཁྲག་སྟོད་དུ་ལུད་པ་དང༌། སྐྲང་པ་དང། རིམས་རྣམས་འཇོམས་སོ། །ཡང་ན་དུར་བྱིད་དང༌། ཤ་ཁ་ར་ཆ་སྙོམས་ཏེ། ཁ་རའི་བཞི་ཆའི་པི་པི་ལིང་དང༌། དེ་རྣམས་སྦྲང་རྩི་དང༌། རི་ལུ་བྱས་ཏེ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་ཁྲག་ཐུར་དུ་འབྱུང་བ་ལ་ནི་སྐྱུག་སྨན་བཏང་སྟེ། ཆུ་དང་སྐྱོ་མ་སྦྱར་བའི་ནང་དུ། པོ་སོན་ཆ་དང༌། སྦྲང་རྩི་དང༌། ཁ་ར་བཏབ་པའམ། ཡང་ན་པོ་སོན་ཆ་དང༌། ཁ་ར་དང༌། སྦྲང་རྩི་དང༌། ཆུ་དང་སྦྱར་བ་བཏང་བའམ། ཡང་ན་ཤིང་མངར་བསྐོལ་བའི་ཁུ་བའི་ནང་དུ་པོ་སོན་ཆ་བཏབ་པའམ། ཡང་ན་བུ་རམ་ཆུ་པོ་སོན་ཆ་དང་སྦྱར་བའམ། སྦྱོར་བ་དེ་དག་ལས་གང་ཡང་རུང་བ་བྱས་ན་སྐྱུགས་པར་འགྱུར་ཏེ། ཐུར་དུ་འབྱུང་བའི་ཁྲག་མཁྲིས་ལ་བསྔགས་སོ། །དེ་ལྟར་སློན་ཁྲུས་ཀྱིས་ལུས་དག་པར་བྱས་ནས། ཉམས་སྟོབས་བསྲུང་བར་བྱ་བའི་ཕྱིར། རང་རང་གི་གསོ་བ་སྐྱོ་མ་དང༌། ཐུག་པ་ལ་སོགས་པ་རིམ་བཞིན་སྦྱར་རོ། །དེ་ལ་སྐྱོ་མ་ནི་རིམས་ནད་གསོ་བའི་ནང་ནས་འབྱུང་བའི་རྒུན་འབྲུམ་མམ། ཤིང་ཏོག་མ་དུ་ཀ་ལ་སོགས་པའི་སྐྱོ་མའམ། ཡང་ན་མཁྲིས་པ་འཇོམས་པའི་འབྲས་བུའི་རིགས་རྒུན་འབྲུམ་དང༌། སྐྱུ་རུ་རལ་སོགས་པའི་སྐྱོ་མ་བླུད་དོ། །
ཡང་ན་འབྲ་གོ་དང༌། རྒུན་འབྲུམ་དང༌། མ་དུ་ཀ་དང༌། པ་རུ་ཤ་ཀ་དང༌། འདི་རྣམས་ཁ་ར་དང་སྦྱར་བ་ནི་སྙིང་པོ་ལྔའི་སྐྱོ་མ་ཞེས་བྱ་སྟེ་བླུད་པའམ། ཡང་ན་སྙིང་པོ་ལྔའི་སྨན་ཁུའི་ནང་དུ་མར་དང༌། སྦྲང་རྩི་དང༌། འབྲས་ཡོས་ཀྱི་ཕྱེ་མ་དང་འདི་རྣམས་ཆུ་དང་སྦྱར་བའི་སྐྱོ་མ་བླུད་དོ། །གལ་ཏེ་སྐྱུ་རུ་ར་ལ་དགའ་ཞིང་མེ་དྲོད་ཆུང་བ་ཡིན་ན་ནི་སྐྱུ་རུ་ར་དང་སེའུ་འབྲུ་ལྟ་བུ་གདབ་པོ། །དེ་ལ་ཐུག་པ་ནི་པདྨ་གེ་སར་དང༌། ཨུཏྤ་ལའི་གེ་སར་དང༌། ཀྲྀཥྞ་པརྞི་དང༌། པྲི་ཡང་ཀུ་རྣམས་བསྐོལ་བའི་ཐུག་པའམ། ཡང་ན་པུ་ཤེལ་ཙེའམ། སེང་ཕྲོམ་དཀར་པོ་དང་ཙནྡན་དང༌། འདི་རྣམས་བསྐོལ་བའི་ཐུག་པའི་ནང་དུ་བཅའ་སྒ་བཏབ་པའམ། ཡང་ན་བ་ལ་ཀ་དང༌། ད་ཏ་ཀའི་མེ་ཏོག་དང༌། བིལ་བའི་རྐང་དང༌། བྱི་ཚེར་བ་དང༌། འདི་རྣམས་སྦྱར་བའི་ཐུག་པའམ། ཡང་ན་ཏིག་ཏ་དང༌། པུ་ཤེལ་ཙེ་དང༌། གླ་སྒང་དང༌། འདི་རྣམས་སྦྱར་བའི་ཐུག་པའམ། ཡང་ན་སྲན་ཆུང་དང༌། ཀྲྀཥྞ་པརྞི་སྦྱར་བའམ། ཡང་ན་ས་ལ་པརྞི་འམ། མོན་སྲན་སྡེའུ་དང་སྦྱར་བའི་ཐུག་པའམ། ཡང་ན་བ་ལ་དང༌། ཧ་རེ་ཎུ་ཀ་དང༌། མར་དང་སྦྱར་བའམ། གོང་གི་ཐུག་པའི་སྦྱོར་བ་དེ་རྣམས་བསིལ་བའི་ནུས་པ་དང་ལྡན་པ་སྲོག་ཆགས་ཐང་ལ་གནས་པའི་ཤ་ཁུ་ལས་གཞི་བླངས་པའི་ཐུག་པ་གྲང་མོའི་ནང་དུ་སྦྲང་རྩི་དང་ཁ་ར་བཏབ་སྟེ། སྦྱོར་བ་རེ་རེ་ནས་དེ་ལྟར་སྦྱར་རོ། །དེ་བཞིན་དུ་བསིལ་བའི་ནུས་པ་དང་ལྡན་པའི་ཤ་ཁུའི་ནང་དུ་མངར་ལ་དད་པ་ཡིན་ན་མར་དང་བརྡོས་ལ་ཤ་ཁ་ར་དང་ལྡན་པར་སྦྱིན་ནོ། །སྐྱུར་ལ་དད་པ་ཡིན་ན་ནི་སྐྱུར་ལ་བཏང་བ་བླུད་དོ། །ཁ་ཟས་ཀྱི་ཚུལ་བརྟག་ཅིང་ཤེས་པའི་ལེའུ་ལས་ཡང་ཞིང་བསིལ་བའི་ཁ་ཟས་གྲང་བ་དང༌། གང་བུ་ལས་སྐྱེས་པའི་འབྲུ་དང༌། ཚོད་མ་ཡང་བ་དང་བསིལ་བའི་ནུས་པ་ཙན་ཁྲག་མཁྲིས་ལ་རབ་ཏུ་བསྔགས་སོ། །བཏུང་བ་ནི་གོང་དུ་སྨོས་པའི་ཡན་ལག་དྲུག་པའི་སྨན་ལས་དོང་གྲ་སྤངས་པའི་བཏུང་བའམ། ཡང་ན་རྩ་བ་ཆུང་དུ་ལྔ་བསྐོལ་བའམ། ཡང་ན་ཆུ་བསྐོལ་བ་བསྒྲངས་པའམ། ཡང་ན་སྦྲང་རྩིའི་ཆུའམ། ཡང་ན་
མཁྲིས་པ་འཇོམས་པའི་འབྲས་བུ་རྒུན་འབྲུམ་དང༌། འབྲ་གོ་ལ་སོགས་པ་བསྐོལ་བའི་ཆུ་བླུད་དོ། །རྟུག་པ་འགགས་པ་ལ་ནི་རྒྱ་སྣེའུ་དང༌། རི་བོང་གི་ཤ་དང་སྦྱར་བ་ཕན་ནོ། །རླུང་ཤས་ཆེ་བའི་རྟུག་པ་འགགས་པ་ལ་ནི་སྲེག་པའི་ཤ་དང་ཨུ་དུམྦཱ་ར་བསྐོལ་བ་བླུད་པའམ། ཡང་ན་ཤིང་པླག་ཤ་བསྐོལ་པའི་ནང་དུ་རྨ་བྱའི་ཤ་དང་སྦྱར་བའམ། ཡང་ན་ནྱ་གྲོ་དྷ་དང་ཁྱིམ་བྱའི་ཤ་དང་བསྐོལ་བ་བླུད་དོ། །མདོར་ན་ཁྲག་དང་མཁྲིས་པ་སྐྱེ་བའི་རྒྱུ་དྲོ་བ་དང་རྣོ་བ་ཐམས་ཅད་སྤང་བར་བྱའོ། །བ་ཤ་ཀ་བསྐོལ་བའི་ཁུ་བའི་ནང་དུ་པྲི་ཡང་ཀུ་དང༌། ས་ནག་པོ་དང། སྐྱེར་ཁཎྜ་དང༌། སེང་ཕྲོམ་དང༌། སྦྲང་རྩི་སྦྱར་བ་འཐུངས་ན་ཁྲག་མཁྲིས་འཇོམས་སོ། །ཡང་ན་བ་ཤ་ཀ་ཉི་ཚེ་བསྐོལ་བའི་ཁུ་བའམ། ཡང་ན་བ་ཤ་ཀ་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་དང༌། ཁ་ར་བཏབ་པ་འཐུངས་ན་དེ་མ་ཐག་ཏུ་ཁྲག་མཁྲིས་འཇོམས་སོ། །ཁྲག་མཁྲིས་ལ་ནི་བ་ཤ་ཀ་འདི་ལས་ལྷག་པ་མེད་དོ། །པ་ཏོ་ལ་དང༌། སུ་མ་ན་དང༌། ཙནྡན་རྣམ་གཉིས་དང༌། ནིམ་པ་དང༌། ཤུག་པ་དང༌། དེ་རྣམས་ལྷན་ཅིག་སྦྱར་བའམ། ཡང་ན་སེང་ཕྲོམ་དང༌། བ་ཤ་ཀ་དང༌། མོན་སྣེའུ་དམེ་རུ་དང༌། ས་ནག་པོ་དང༌། མ་དུ་ཡན་ཏི་ཀ་ཞེས་བྱ་བ་སེན་རྩི་རྣམས་སྦྱར་བའམ། ཡང་ན་ཉེའུ་ཤིང་ཐལ་ཏྲེས་དང༌། རམ་ཉེ་བ་རྣམ་གཉིས་དང་ཤིང་མངར་དང་འདི་རྣམས་སྦྱར་བའམ། སྦྱོར་བ་དེ་གསུམ་གང་རུང་བ་བསྐོལ་བའི་ཁུ་བའི་ནང་དུ་ཁ་ར་དང༌། སྦྲང་རྩི་དང་ལྡན་པ་འཐུངས་ན། ཁྲག་མཁྲིས་འཇོམས་སོ། །ཡང་ན་རྒྱ་སྐྱེགས་ཤིང་གི་ཤུན་པ་བསྐོལ་བའི་ནང་དུ་ཀ་ར་བཏབ་པ་འཐུངས་ན་ཡང་ཕན་ནོ། །ཡང་ན་བ་གླང་གི་ལྕི་བ་དང༌། རྟ་རྟུག་བཙིར་བའི་ཁུ་བའི་ནང་དུ་སྦྲང་རྩི་དང་མར་བཏབ་པ་བཏུང་ངོ༌། །ཁྲག་སྐ་བར་བྱུང་བ་ལ་ནི་བྱ་ཕུག་རོན་གྱི་རྟུག་པ་སྦྲང་རྩི་དང་སྦྱར་ཏེ་བལྡག་གོ །ཁྲག་ཤས་ཆེར་འབྱུང་བ་ལ་ནི་སྐམ་ས་ན་གནས་པའི་བྱ་དང༌། རི་དགས་ཀྱི་ཁྲག་སྦྲང་རྩི་དང་སྦྱར་བ་བཏུང་ངོ༌། །ཡང་ན་རའི་མཚན་མ་མཁྲིས་པ་དང་བཅས་པ་བཙོས་པའམ། མ་བཙོས་པ་ཡང་རུང་ཟོས་ན་ཕན་ནོ། །ཡང་ན་
སྨན་པ་ལ་ནི་བསྐོལ་བའི་ཁུ་བ་སྲང་དྲུག་ཙམ་གྱི་ནང་དུ་ཙནྡན་དང༌། པུ་ཤེལ་ཙེ་དང༌། གླ་སྒང་དང༌། འབྲས་ཡོས་དང༌། མུངྒ་དང༌། པི་པི་ལིང་དང༌། ནས་དང༌། འདི་རྣམས་བཏགས་པའི་ཕྱེ་མ་བཅུག་ལ་སྤངས་ཏེ། ནང་པར་བཙགས་ལ་ཚིགས་མ་བོར་ཏེ། དངས་མ་བླུད་ན་ཁྲག་མཁྲིས་འཇོམས་སོ། །ཙནྡན་དང༌། པདྨ་དང༌། པུ་ཤེལ་ཙེ་དང༌། དེ་གསུམ་གྱི་ཁུ་བའི་ནང་དུ་བོང་བ་བསྲེགས་པ་དམར་པོར་གྱུར་པ་བཅུག་སྟེ། སྤངས་པའི་དངས་མ་བསྒྲངས་པའི་ནང་དུ་སྦྲང་རྩི་དང༌། ཁ་ར་བཏབ་པ་བླུད་ན་ཁྲག་མཁྲིས་ཤས་ཆེ་བ་ལས་རྒྱལ་ལོ། །བུ་རམ་ཤིང་གི་ཚིགས་མ་བརྡུངས་པ་ཆུ་དང་མཉེས་པའི་ཁུ་བ་རྫ་སྣོད་གསར་པའི་ནང་དུ་བཅུག་ལ། ཁང་པའི་ཕྱི་རོལ་དུ་བཞག་སྟེ་བསྲུངས་ལ་ཐོ་རངས་རས་ལ་བཙགས་ཏེ་ཚིགས་མ་བོར། དངས་མ་སྦྲང་རྩི་དང་བཅས་པ་མེ་ཏོག་པདྨ་ཁ་ཕྱེ་བའི་དྲིས་བསྒོས་པ་འཐུངས་ན་ཕན་ཡོན་གོང་མ་དང་འདྲའོ། །མཁྲིས་པའི་རིམས་འཇོམས་པའི་སྨན་དུག་མོ་ཉུང་ལ་སོགས་པའི་སྨན་ཐམས་ཅད་ཀྱང་ཁྲག་མཁྲིས་ལ་སྦྱར་བར་བྱའོ། །གོང་མའི་སྨན་ཁུ་བའི་སྦྱོར་བ་དེ་དག་གིས་མེ་དྲོད་སྐྱེས་ཏེ། བད་ཀན་ཟད་པ་དང༌། ཁྲག་མཁྲིས་ད་རུང་མ་ཞི་ཞིང༌། རླུང་དང་འདྲེས་ནས་འཁྲུགས་པ་ལ་ནི་རའི་འོ་མའམ། བའི་རྣམ་ལྔ་ཆུ་ལྔ་འགྱུར་དང་བསྐོལ་ལ་ཆུ་དུ་བ་དང་བླུད་ན་ཕན་ནོ། །ཡང་ན་རྩ་བ་ལྔ་པ་ཆུང་དུ་དང༌། བའི་རྣམ་ལྔ་དང་རའི་འོ་མ་བསྐོལ་བ་སྦྲང་རྩི་དང༌། ཁར་བཏབ་པ་བཏུང་ངོ༌། །ཡང་ན་རྒུན་འབྲུམ་དང༌། བཅའ་སྒ་དང༌། བ་ལ་དང༌། གཟེ་མ་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། དེ་རྣམས་རེ་རེ་ཡང་ཆུ་དང་བསྐོལ་བའི་ནང་དུ་འོ་མ་དང༌། མར་བཏབ་པ་སྦྱར་ཏེ་གཏང་ངོ༌། །ཡང་ན་འོ་མ་དང་ཁ་ར་དང་བསྐོལ་ཏེ་མར་དང་སྦྱར་ལ་གཏང་ངོ༌། །གཟེ་མ་དང་ཉེའུ་ཤིང་འོ་མ་དང་བསྐོལ་བའམ། ཡང་ན་འདབ་མ་རྣམ་བཞི་འོ་མ་དང་བསྐོལ་བ་འཐུངས་ན་ཁྲག་ནད་མྱུར་དུ་ཞི་བར་འགྱུར་ཞིང༌། ཁྱད་པར་དུ་གཅིན་འོང་བའི་བུ་གནས་ཁྲག་འབྱུང་བ་ལ་ཕན་ནོ། །ཁྲག་རྐུབ་ནས་འབྱུང་བ་ལ་ནི་ཆུ་ཤིང་གི་ཁུ་བ་དང་འོ་མ་སྦྱར་བ་བླུད་ན་ཕན་ནོ། །ཡང་ན་ནྱ་གྲོ་དྷའི་མྱུ་གུ་འོ་མ་དང་
བསྐོལ་བའམ། ཡང་ན་བཅའ་སྒ་དང༌། ཨུ་དི་ཙ་དང༌། ཨུཏྤལ་དང་འོ་མ་བསྐོལ་བ་བླུད་ན་ཕན་ནོ། །ཡང་ན་ཁྲག་ཏུ་འཁྲུ་བའི་གསོ་བ་དང༌། གཞང་འབྲུམ་ཁྲག་ཚད་ཅན་གྱི་གསོ་བ་ཇི་སྙེད་པའང་འདིར་སྦྱར་རོ། །སྨན་ཁུ་བ་འཐུངས་པའི་འོག་ཏུ་བཟའ་བ་ཡང་གོང་མའི་འོག་མ་བསྐོལ་བ་དང་སྦྱར་རོ། །ཡང་ན་གོང་གི་སྦྱོར་བ་དེ་དག་མར་དང་སྦྱར་བ་གཏང་ངོ༌། །བ་ཤ་ཀའི་ལོ་མ་དང༌། སྡོང་བུ་དང༌། རྩ་བ་དང་བཅས་པ་སྲང་སུམ་ཅུ་རྩ་གཉིས་དང༌། དེའི་བརྒྱད་འགྱུར་གྱི་ཆུ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང་བསྐོལ་ཏེ། བརྒྱད་ཆ་ལུས་པ་དང། ཚིགས་མ་བོར་བའི་ནང་དུ་མར་སྲང་བརྒྱད་དང༌། བ་ཤ་ཀའི་མེ་ཏོག་སྲང་གཉིས་ཕྱེ་མར་བྱས་ཏེ་བཏབ་པ་ཡང་བསྐོལ་ཏེ་བསྒྲངས་པའི་ནང་དུ་སྦྲང་རྩི་དང་ལྡན་པར་འཐུངས་ན། ཁྲག་མཁྲིས་དང༌། མཁྲིས་པའི་སྐྲན་དང༌། རིམས་དང༌། དབུགས་མི་བདེ་བ་དང༌། ལུད་པ་དང༌། སྙིང་ནད་དང༌། མིག་སེར་དང༌། རབ་རིབ་དང༌། མགོ་འཁོར་བ་དང༌། མེ་དབལ་དང༌། སྐད་འགགས་པ་རྣམས་འཇོམས་སོ། །རྒྱ་སྐྱེགས་ཤིང་གི་ལོ་མ་བཙིར་བའི་ཁུ་བ་དང༌། དེའི་བཞི་ཆའི་མར་དང་བསྐོལ་བའི་ནང་དུ་མར་གྱི་བཞི་ཆ་བ་ལ་ཤ་རྒྱ་སྐྱེགས་ཤིང་གི་ལོ་མ་དང༌། སྦྲང་རྩི་བཏབ་སྟེ་འཐུངས་ན་ཁྲག་མཁྲིས་འཇོམས་སོ། །དེ་བཞིན་དུ་ཀྱི་ལྕེ་བའི་ལོ་མ་ཡང་སྦྱོར་བ་དེ་ལྟར་བྱས་ན་ཕན་ཡོན་དེ་དང་འདྲའོ། །མགུལ་པ་ནས་ཁྲག་ལྦུ་བ་ཅན་དང་བད་ཀན་དང་བཅས་པ་སྐ་བར་འབྱུང་བ་ལ་ནི་ཨུཏྤ་ལའི་སྡོང་བུ་བསྲེགས་པའི་ཐལ་བ་དང༌། མར་དང་སྦྲང་རྩི་རྣམས་འདག་གུར་བྱས་ཏེ་སྦྱིན་ནོ། །ཡང་ན་ཨུཏྤ་ལ་དང༌། པདྨ་དང༌། པྲི་ཡང་ཀུ་དང༌། ཤིང་མ་དུ་ཀ་དང༌། དེ་རྣམས་རེ་རེ་ཐལ་སྦྱོར་གོང་མ་དང་བྱས་ན་ཡང་ཕན་ནོ། །རྐུབ་ནས་མར་ཁྲག་ཤས་ཆེར་འབྱུང་བ་ལ་ནི་རུ་ཧ་དང༌། ཁྲག་མཁྲིས་འཇོམས་པའི་སྨན་གྱིས་འཇམ་རྩི་བྱའོ། །སྣ་ནས་ཁྲག་སྐྱོན་མེད་པར་འབྱུང་བ་ལ་ནི། སྣ་ནས་གཞུག་པ་དང་བླུགས་པའི་སྨན་བྱ་སྟེ། དེ་ཡང་གོང་གི་སྦྱར་སྨན་བསྐོལ་བའི་ཁུ་བའི་ནང་དུ་འོ་མ་དང༌། བུ་རམ་ཤིང་གི་ཁུ་བ་ལ་སོགས་
པ་དང་བསྲེས་ཏེ་བླུགས་པར་བྱའོ། །ཡང་ན་འོ་མ་ལ་སོགས་པ་དེ་དག་ཁ་ར་དང་སྦྱར་བའམ། ཡང་ན་ཆུ་ཉི་ཚེ་བླུགས་ན་ཕན་ནོ། །ཡང་ན་སེའུའི་མེ་ཏོག་དང༌། ཨ་མྲ་དང༌། ཤར་དུ་ལ་དང༌། དེ་གསུམ་གང་ཡང་རུང་བའི་སྣ་སྨན་བཏང་ངོ༌། །ཡང་ན་སྨན་བསིལ་བའི་སྨན་རྩྭ་དཱུར་བ་དང༌། བྱི་ཚེར་བ་ལ་སོགས་པས་ལུས་བྱུག་པ་དང༌། བསྐུ་མཉེ་དང༌། རྒྱུན་བླུགས་པ་དང༌། སྨན་ཁུ་གྲང་མོའི་ནང་དུ་ལུས་འཇུག་པ་ལ་སོགས་པ་ཡང་བྱའོ། །མཁྲིས་པའི་རིམས་ཀྱི་ནད་དུ་བཤད་པའི་ལུས་ཀྱི་ནང་དང༌། ཕྱི་རོལ་ནས་སྨན་དུ་བྱ་བ་ཐམས་ཅད་དང༌། གློ་འགྲམས་པ་དང༌། ཟད་བྱེད་ཀྱིས་གསོ་བ་ཐམས་ཅད་ཀྱང་ཁྲག་མཁྲིས་འདི་ལ་ཕན་པ་ཡིན་པར་སྦྱར་རོ། །གསོ་བའི་གནས་ལས་ཁྲག་མཁྲིས་གསོ་བའི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།དེ་ནས་ལུད་པ་དང་གློ་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་རླུང་འབའ་ཞིག་ལས་གྱུར་པའི་ལུད་པའི་ནད་ལ་ནི། ཐོག་མར་རླུང་ལ་ཕན་པའི་སྨན་སྣ་ཚོགས་དང་སྦྱར་བའི་སྣུམ་གྱི་ཆོ་ག་སྤྱད་པར་བྱ་སྟེ། དེ་ཡང་སྣུམ་དང་སྦྱར་བའི་ཐུག་པ་དང༌། ཁུ་བཅུད་གཏང་བ་དང༌། བལྡག་པ་དང༌། བསྐུ་བ་དང༌། དུགས་དང༌། དུད་པས་བདུག་པ་དང༌། དེ་བཞིན་དུ་བཟའ་བ་དང༌། བཏུང་བ་ཐམས་ཅད་སྣུམ་དང་བཅས་པར་བྱའོ། །གཞན་ཡང་རྟུག་པ་འགགས་པ་ལ་ནི་འཇམ་རྩི་མས་གཏོང་བས་བསལ་བར་བྱའོ། །རླུང་ལས་གྱུར་བའི་ལུད་པ་དེ་མཁྲིས་པ་དང་བཅས་པར་གྱུར་ན། ཐོག་མ་ཟས་ཟོས་ལ་དེའི་འོག་ཏུ་མར་དང་འོ་མ་ཉལ་ཀར་བཏུད་ངོ༌། །རླུང་ལས་གྱུར་པའི་ལུད་པ་བད་ཀན་དང་བཅས་པ་ཡིན་ན་ནི། སྣུམ་དང་བཅས་པའི་བཀྲུ་སྨན་གཏང་བར་བྱའོ། །དེ་ལ་རླུང་ལ་ཕན་པའི་སྨན་ནི་སླེ་ཏྲེས་དང༌། ཀཎྜ་ཀ་རི་གཉིས་སྲང་སུམ་ཅུ་བསྐོལ་བའི་ཁུ་བའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང་བསྐོལ་ཏེ། ཆུ་ནི་དུ། མར་ནི་ལུས་པ་དང་དེ་ནས་བླུད་ན་རླུང་ལས་གྱུར་པའི་ལུད་པ་སེལ་ཞིང་མེའི་དྲོད་སྐྱེད་
པར་བྱེད་དོ། །ཡ་བཀྵ་ར་དང༌། ར་སྣ་དང༌། ཤུ་དག་དང༌། ཤིང་ཀུན་དང༌། པ་ཐ་དང༌། ཤིང་མངར་དང༌། འུ་སུ་དང༌། ཚ་བ་རྣམ་ལྔ་དང༌། དེ་རྣམས་ཞོ་རེ་རེ་དང༌། མར་ཁུ་བྲེ་གང་དང༌། རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་མར་གྱི་བཞི་འགྱུར་དང་ལྷན་ཅིག་བསྐོལ་ལ། མར་ལུས་པ་དང༌། དེ་ལས་ཅི་རན་ཙམ་འཐུངས་པའི་རྗེས་ལ་འབྲས་ཐུག་བླུད་ན། ལུད་པ་ལུ་བ་དང༌། དབུགས་མི་བདེ་བ་དང༌། སྙིང་ན་བ་དང༌། རྩིབ་ལོགས་ན་བ་དང༌། ཕོ་བའི་ནད་དང༌། སྐྲན་ལ་སོགས་པ་སེལ་བར་བྱེད་དོ། །ཡང་ན་ར་སྣ་དང༌། རྩ་བ་བཅུ་པ་དང༌། ཉེའུ་ཤིང་དང༌། འདི་རྣམས་སྲང་བཅུ་གཉིས་བཅུ་གཉིས་དང༌། རྒྱ་སྲན་དང༌། རྒྱ་ཤུག་དང༌། ནས་འདི་རྣམས་སྲང་བརྒྱད་བརྒྱད་དང༌། ར་ཤ་སྲང་བཅུ་དང༌། ཆུ་སྲང་ལྔ་བརྒྱ་དང༌། འདི་རྣམས་ལྷན་ཅིག་བསྐོལ་ཏེ་བཞི་ཆ་ལུས་པ་དང༌། དེ་དང་མཉམ་པའི་མར་དང༌། མར་གྱི་ཚད་ཀྱི་འོ་མ་དང༌། ཛི་བན་ཏིའི་སྡེ་ཚན་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་དང༌། དེ་ལས་བཏུང་བ་དང༌། སྣར་བླུགས་པ་དང༌། འཇམ་རྩི་མས་གཏོང་བ་ལ་སོགས་པ་བྱས་ན། རླུང་ལས་གྱུར་པ་ལ་སོགས་པའི་ལུད་པ་རྣམ་ལྔ་དང༌། མགོ་འདར་བ་དང༌། མོ་མཚན་དང༌། བརླ་བྲག་གི་ནད་དང༌། ལུས་དང་ཡན་ལག་གང་ཡང་རུང་བ་ལ་རླུང་ནད་བྱུང་སྟེ་ན་བ་དང༌། མཆིན་པ་ན་བ་དང༌། རོ་སྟོད་མན་ཆད་ཀྱི་རླུང་ནད་སེལ་ཏོ། །ཡང་ན་བྱི་རིའི་སྡེ་ཚན་ཆུ་དང་ཚུལ་བཞིན་དུ་བསྐོལ་བ་བཞི་ཆ་ལུས་པ་དང༌། ཁུ་བའི་བཞི་ཆའི་མར་དང་ལྷན་ཅིག་བསྐོལ་ལ། མར་ལུས་པ་དང༌། བི་ད་རའི་ཕྱེ་མ་ཉུང་ཟད་བཏབ་སྟེ། དེ་ལས་རན་པར་ཟོས་ན་ལུད་པའི་ནད་སེལ་ཏོ། །ཡང་ན་ཤིང་ཨ་ཤྭ་ཀའི་ས་བོན་དང༌། ཤིང་མངར་དང༌། བི་ད་ཀ་དང༌། སྐྱེར་ཁཎྜ་དང༌། ཤུག་པ་དང༌། ལན་ཚྭ་བྱིལ་དང༌། ཁ་རུ་ཚ་དང་བཅས་པ་འདི་རྣམས་མར་དང་ཚུལ་བཞིན་དུ་སྦྱར་བའམ། ཡང་ན་སྨན་དེ་རྣམས་ཀྱི་ཕྱེ་མ་མར་དང་སྦྱར་བའི་ལྡེ་གུ་སྦྱིན་ཞིང་དེའི་འོག་ཏུ་འོ་མ་བླུད་པས་ནད་ཞི་བར་བྱེད་དོ། །ཡང་ན་བྱི་དང་ག་དང༌། དོང་
གྲ་དང༌། ར་སྣ་དང༌། པི་པི་ལིང་དང༌། ཤིང་ཀུན་དང༌། ལྕེ་མྱང་ཚ་དང༌། བར་གྱི་ཞེས་བྱ་བ་ག་བྲའི་རྩ་བ་དང༌། ཡ་བཀྵ་ར་དང༌། འདི་རྣམས་ཀྱི་ཕྱེ་མ་ཆུ་དོན་དང་སྦྱར་བའམ། ཡང་ན་མར་ཅི་རན་ཙམ་དང་སྦྱར་བ་འཐུངས་ན། རླུང་དང་བད་ཀན་ལས་གྱུར་པའི་ལུད་པ་དང༌། དབུགས་མི་བདེ་བ་དང༌། སྐྱིགས་བུ་དང༌། མེའི་དྲོད་ཆུང་བ་རྣམས་ཞི་བར་བྱེད་དོ། །ཡང་ན་རླུང་ལས་གྱུར་པའི་ལུང་པ་ལ་ནི་བྱི་ཚེར་བ་དང༌། སྲིང་ག་བི་ར་ཞེས་བྱ་བ་བཅའ་སྒ་དང༌། ཟུར་པ་དཀར་པོ་དང༌། རྒུན་འབྲུམ་དང༌། ཁ་ར་དཀར་པོ་དང༌། སྲིང་ག་ཏ་ཀ་དང༌། འདི་རྣམས་ཏིལ་མར་དང་སྦྱར་བའི་ལྡེ་གུ་བྱིན་ན། རླུང་ལས་གྱུར་པའི་ལུད་པ་སེལ་ཏོ། །ཡང་ན་དུས་པར་ཤ་ཞེས་བྱ་བ་བྱི་ཚེར་བ་དང༌། པི་པི་ལིང་དང༌། མུ་ཏ་ཞེས་བྱ་བ་གླ་སྒང་དང༌། ག་བྲའི་རྩ་བ་དང༌། ཀར་ཀ་ཏ་སྲིང་གི་ནི་དང༌། ཥ་ཊི་ཞེས་བྱ་བ་ཟུར་པ་དཀར་པོ་དང༌། འདི་རྣམས་ཀྱི་ཕྱེ་མ་བུ་རམ་རྙིང་པ་དང༌། ཏིལ་མར་དང་སྦྱར་བའི་ལྡེ་གུ་བྱིན་ན། རླུང་ལས་གྱུར་པའི་ལུད་པ་སེལ་ཏོ། །པི་པི་ལིང་དང༌། བཅའ་སྒ་དང༌། ཀར་ཀ་ཏ་སྲིང་ག་དང༌། འདི་རྣམས་ཀྱི་ཕྱེམ་བུ་རམ་རྙིང་པ་དང་ཏིལ་མར་དང་སྦྱར་བའི་ལྡེ་གུ་བྱིན་ན། རླུང་ལས་གྱུར་པའི་ལུང་པ་སེལ་ཏོ། །པི་པི་ལིང་དང༌། སེན་ད་པ་གཉིས་ཀྱི་ཕྱེ་མཆུ་དྲོན་མོ་དང་སྦྱར་བ་རླུང་ལས་གྱུར་པའི་ལུད་པ་ཅན་ལ་སྦྱིན་ནོ། །ཡང་ན་བཅའ་སྒ་དང༌། ཁར་དཀར་པོའི་ཕྱེ་མ་ཞོ་ག་ཆུའི་ནང་དུ་བཏབ་སྟེ་བླུད་པའམ། ཡང་ན་པི་པི་ལིང་དང༌། ལྕེ་མྱང་ཚ་གཉིས་ཀྱི་ཕྱེ་མ་ཆུ་དང་བསྐོལ་བའི་ཁུ་བའི་ནང་དུ་མར་ཁོལ་ཐག་ཆད་པ་ཅུང་ཟད་བླུགས་ཏེ། ཆང་ངམ་ཞོག་ཆུ་གང་ཡང་རུང་བ་དང་བསྲེས་པ་བླུད་ན། རླུང་ལས་གྱུར་པའི་ལུད་པ་སེལ་ཏོ། །ལུད་པ་དང་བཅས་པའི་ཆམ་པ་ལ་ནི་ཐོག་མར་འོ་མ་དང། ཤ་ཁུ་དང་བཅས་པའི་བཟའ་བ་སྦྱིན་ལ། དེའི་འོག་ཏུ་སྣུམ་དང་བཅས་པའི་དུད་པའི་ཆོ་ག་གོང་དུ་བསྟན་པ་རྣམས་བྱའོ། །གཞན་ཡང་སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་ལ་དུད་པ་བཏང་བའི་ཆོ་ག་འོག་ནས་བསྟན་པ་རྣམས་ལ་ཡང་ལུད་པའི་ཆམ་པ་བཞིན་དུ། ཐོག་
མར་འོ་མ་དང་ཤ་ཁུའི་བཅུད་བྱིན་ལ། དེའི་འོག་ཏུ་དུད་པ་གཏང་བར་བྱའོ། །ཁ་ཟས་ནི་དྲོ་བ་དང༌། ཐང་དང་ཆུ་ལ་གནས་པའི་སྲོག་ཆགས་ཀྱི་ཤ་ཁུ་དང༌། མོན་སྲན་གྲེའུ་དང༌། ཨད་མ་ཀུབ་ཏ་ཞེས་བྱ་བ་ཁ་སྲལ་ཕྲེའུའི་ཁུ་བ་གང་ཡང་རུང་བ་འབྲས་སཱ་ལུ་དང༌། ནས་དང་གྲོ་དང༌། ཞག་དྲུག་ཅུ་པའི་འབྲས་གང་ཡང་རུང་བ་དང་སྦྱོར་བའི་ཟས་བྱིན་ན། རླུང་ལས་གྱུར་པའི་ལུད་པ་སེལ་ཏོ། །ཡང་ན་ལ་ལ་ཕུད་དང༌། པི་པི་ལིང་དང༌། བིལ་བའི་རྐང་དང༌། དོང་གྲ་དང༌། རྩི་ཏྲ་ཀ་དང༌། ར་སྣ་དང༌། ཨ་ཛ་ཛི་ཞེས་བྱ་བ་ཟ་རི་དང༌། ཀྲྀཥྞ་པརྞི་དང༌། པ་ལ་ཤ་དང༌། ཟུར་པ་དང༌། མ་ནུ་དང༌། འདི་རྣམས་བསྐོལ་བའི་ཁུ་བ་ལས་གཞི་བླངས་པའི་ཐུག་པའི་ནང་དུ་སྣུམ་དང་སྐྱུར་དང་ལན་ཚྭས་བཏབ་པ་བླུད་ན། རྐེད་པ་ན་བ་དང༌། སྙིང་ན་བ་དང༌། རྩིབ་ལོགས་ན་བ་དང༌། ལྟོ་ན་བ་དང༌། དབུགས་མི་བདེ་བ་དང༌། སྐྱིགས་བུ་རྣམས་སེལ་ཏོ། །ལྷག་པར་ཡང་རླུང་ལས་གྱུར་པའི་ལུད་པ་རྣམས་སྦྱོང་ངོ༌། །རྩ་བ་བཅུ་བསྐོལ་བའི་ཁུ་བ་ལས་གཞི་བླངས་པའི་ཐུག་པའི་ནང་དུ་ཚ་བ་ལྔའི་ཕྱེ་མ་དང་བུ་རམ་བཏབ་སྟེ་བླུད་ན། རླུང་ལས་གྱུར་པའི་ལུད་པ་སེལ་ཏོ། །ཡང་ན་ཏིལ་དང༌། འབྲས་སཱ་ལུ་དང༌། སྐྱུར་དང༌། སྣུམ་དང་བཅས་པའི་ཐུག་པའམ། ཡང་ན་འབྲས་ཀྱི་འོ་ཐུག་རྒྱམ་ཚས་བཏབ་པ་བླུད་ན། རླུང་གི་ལུད་པ་ལ་ཕན་ནོ། །གོང་དུ་སྨོས་པའི་རྐེད་པ་ལ་སོགས་པའི་ནད་རྣམས་ཞི་བར་བྱེད་དོ། །ཉ་དང༌། ཁྱིམ་བྱ་དང༌། ཕག་དང༌། འདི་གསུམ་གང་ཡང་རུང་བའི་ཤ་ཁུ་ལས་གཞི་བླངས་པའི་ཐུག་པ་མར་དང་རྒྱམ་ཚ་དང་ལྡན་པར་བླུད་ན་ཕན་ཡོན་གོང་དང་འདྲའོ། །གཞན་ཡང་བ་སྤྲུ་ཀ་དང༌། བ་ཡུ་སི་ཞེས་བྱ་བ་མོན་སྣེའུ་དམེ་རུ་དང༌། ཀ་ས་གྷ་ནན་ཏི་དང༌། ཀཎྜ་ཀ་རིའི་ལོ་མ་དང༌། འབྲས་བུ་དང༌། ལ་ཕུག་གཞོན་ནུ་དང། སྐམ་པོ་དང༌། འདི་རྣམས་ལ་གཡོས་སུ་བྱས་པའི་ཚོད་མ་རླུང་ལས་གྱུར་པའི་ལུད་པ་ཅན་ལ་སྦྱར་རོ། །ཟས་ནི་སྣུམ་ཆེན་པོ་བཞི་དང༌། འོ་མ་དང༌། བུ་རམ་ཤིང་གི་ཁུ་བ་དང༌། བུ་རམ་ལས་སྦྱར་བའི་བཏུང་བ་གོ་དྷི་ཀ་ཞེས་བྱ་བ་དང༌། དེ་རྣམས་དང་ལྷན་ཅིག་སྦྱར་བ་
བཟའོ། །སྐོམ་དུ་ནི་ཞོ་ག་ཆུ་དང༌། རྩབ་མོ་དང༌། སེའུ་འབྲུའི་བཏུང་བ་ཆུ་དང་སྦྱར་བ་ལ་སོགས་པ་དང༌། ཆང་དང༌། སྐོམ་འདི་རྣམས་རླུང་ལས་གྱུར་པའི་ལུད་པ་ཅན་ལ་བླུད་དོ། །མཁྲིས་པ་དང་བད་ཀན་ལས་གྱུར་པའི་ལུད་པ་ལ་ནི་སྣུམ་དང་བཅས་པའི་སྐྱུག་སྨན་བཏང་ན་ཕན་ཏེ། དེ་བཞིན་དུ་པོ་སོན་ཆ་དང༌། ཏང་པ་ལ་དང༌། ཤིང་མངར་དང༌། འདི་གསུམ་ཆུ་དང་བསྐོལ་བའི་ཁུ་བ་བླུད་དོ། །སློན་པར་བྱས་ན་ཕན་ནོ། །ཡང་ན་པོ་སོན་ཆ་དང༌། ཤིང་མངར་གྱི་ཕྱེ་མ་བུ་རམ་ཤིང་གི་ཁུ་བའམ། བི་ད་རའི་ཁུ་བ་གང་ཡང་རུང་བའི་ནང་དུ་བཏབ་སྟེ་བླུད་ན་སྐྱུགས་པར་འགྱུར་ཏེ། མཁྲིས་པ་དང་བད་ཀན་ལས་གྱུར་པའི་ལུད་པ་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་ལུད་པ་བད་ཀན་གྱི་ཤས་ཆུང་ན་ནི། ཤིང་ཉེ་རོང་གཅིག་པུ་རྒུན་འབྲུམ་ལ་སོགས་པའི་མངར་བག་དང་སྦྱར་བའི་བཀྲུ་སྨན་བཏང་ངོ༌། །ཅི་སྟེ་བད་ཀན་གྱི་ཤས་ཆེན་ཤིང་ཉེ་རོང་སྨན་ཁ་བའི་བག་དང་སྦྱར་ལ་བཏང་ངོ༌། །དེ་ལྟར་སློན་ཁྲུས་ཀྱིས་ནད་དག་པར་བྱས་ནས། དེ་ཡང་མཁྲིས་པ་ཤས་ཆེ་ཞིང་བད་ཀན་ཆུང་བའི་ལུད་པའི་ནད་ལ་ནི། མངར་བག་དང༌། སྣུམ་བག་དང་སྦྱར་བའི་ཐུག་པ་གྲང་མོ་བླུད་དོ། །བད་ཀན་ཤས་ཆེ་ཞིང་མཁྲིས་པས་ཤས་ཆུང་བའི་ལུད་པ་ལ་ནི། སྨན་ཁ་བ་དང༌། རྩུབ་པ་དང་སྦྱར་བའི་ཐུག་པ་གྲང་མོ་བླུད་དོ། །མཁྲིས་པ་ཉི་ཚེ་ལས་གྱུར་པའི་ལུད་པ་ལ་ནི། སི་ད་ཞེས་བྱ་བའི་ཁ་ར་དཀར་པོ་དང༌། ཨུཏྤ་ལ་དང༌། འདི་རྣམས་སྦྲང་རྩི་དང་ལྡེ་གུར་བྱས་ནས་བྱིན་ན་ཞི་བར་འགྱུར་རོ། །བད་མཁྲིས་དང་བཅས་པའི་ལུད་པ་ལ་ནི། གོང་མའི་སྨན་གྱི་སྟེང་དུ་གླ་སྒང་དང༌། ན་ལེ་ཤམ་གྱིས་བཏབ་སྟེ་སྦྱིན་ནོ། །མཁྲིས་པ་དང་རླུང་ལས་གྱུར་པའི་ལུད་པ་ལ་ནི། གླ་སྒང་དང༌། ན་ལེ་ཤམ་མ་གཏོགས་པ་གོང་མའི་སྦྱོར་བ་སྨན་གྱི་སྟེང་དུ་མར་གྱིས་བཏབ་པའི་ལྡེ་གུ་བལྡག་ཏུ་བཅུག་ན་ཕན་ནོ། །མཁྲིས་པ་ལས་གྱུར་པའི་ལུད་པ་ལ་ནི་རྒུན་འབྲུམ་ལྔ་བཅུ་པ་དང༌། ཀ་ནི་ལི་ཞེས་བྱ་བའི་པི་པི་ལིང་
སུམ་ཅུ་དང༌། ཤ་ཁ་ར་སྲང་གཅིག་དང༌། འདི་གསུམ་སྦྲང་རྩི་དང་ལྡེ་གུར་བྱས་ཏེ་སྦྱིན་ནོ། །ཡང་ན་བེའུ་རྩྭ་མ་ཟོས་པའི་ཚན་བུའི་ཁུ་བ་བཙིར་བ་དང༌། སྦྲང་རྩིར་སྦྱར་བ་ཟོས་ན་མཁྲིས་པ་ལས་གྱུར་པའི་ལུད་པ་སེལ་ཏོ། །ཡང་ན་སྟར་ག་ཞེས་བྱ་བའི་ཤིང་ཚ་དང༌། བྱོ་ཤ་ཞེས་བྱ་བའི་ཚ་བ་གསུམ་དང༌། རྒུན་འབྲུམ་དང༌། པི་པི་ལིང་གི་རྩ་བ་དང༌། མ་ནུ་དང༌། འབྲས་ཡོས་དང༌། གླ་སྒང་དང༌། ཟུར་པ་དཀར་པོ་དང༌། ར་སྣ་དང༌། སྐྱུ་རུ་ར་དང༌། ཤ་ཁ་ར་འདི་རྣམས་ཀྱི་ཕེ་མ་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཟོས་ན་སྙིང་ནད་དང༌། ལུད་པའི་ནད་སེལ་ཏོ། །ཡང་ན་སྲོག་ཆགས་ཐང་ལ་གནས་པའི་མངར་བའི་ཤ་དང༌། ཁྲེ་དང་ཁྲེ་རྒོད་ཀྱི་བཟའ་བ་དང༌། མོན་སྲན་སྡེའུ་ལ་སོགས་པའི་ཁུ་བ་དང༌། ཚོད་མ་ཁ་བར་སྦྱར་བ་ཟོས་ན་མཁྲིས་པ་ལས་གྱུར་པའི་ལུད་པ་སེལ་ཏོ། །བད་ཀན་ཤས་ཆེ་བ་ལ་ནི་སྨན་ཁ་བ་དང༌། སྦྲང་རྩི་དང་སྦྱར་བའི་ལྡེ་གུ་སྦྱིན་ནོ། །བད་ཀན་གྱི་ཤས་ཆུང་བ་ལ་ནི་འབྲས་དྲུག་ཅུ་པའི་ཆན་འོ་མ་ལ་སོགས་པའི་ཁུ་བ་དང་ལྷན་ཅིག་སྦྱིན་ནོ། །བཏུང་བ་ནི་ཤ་ཁ་ར་དང་སྦྱར་བའམ། ཡང་ན་རྒུན་ཆུའམ། བུ་རམ་ཤིང་གི་ཁུ་བའམ། འོ་མ་བསྐོལ་ལ་བསྒྲངས་པ་བླུད་པར་བྱའོ། །ཀ་ཀོ་ལ་ཞེས་བྱ་བ་རམ་ཉེའུ་པ་རྣམ་གཉིས་དང༌། མེ་ད་རྣམ་གཉིས་དང༌། བྲི་ཧ་ཏི་རྣམ་གཉིས་དང་བྲི་ཤ་ཞེས་བྱ་བ་རྣམ་གཉིས་དང༌། བ་ཤ་ཀ་དང༌། དོང་གྲ་དང་འདི་རྣམས་ཞིབ་ཏུ་བཏགས་ཏེ། ཤ་ཁུའམ། འོ་མའམ། ཐུག་པ་གང་ཡང་རུང་བ་འུ་ཤར་སྦྱར་ཏེ་བླུད་ན། མཁྲིས་པ་ལས་གྱུར་པའི་ལུད་པ་སེལ་ཏོ། །རྒུན་འབྲུ་དང༌། པི་པི་ལིང་དང༌། རྩྭའི་རྩ་བ་ལྔ་ཆུ་དང་བསྐོལ་བའི་ཁུ་བ་དང༌། འོ་མ་དང་ཡང་བསྐོལ་བའི་ཆུ་ནི་དུ། འོ་མ་ལུས་པ་དང༌། བསྒྲངས་པའི་སྟེང་དུ་སྦྲང་རྩི་དང་ཤ་ཁ་ར་བཏབ་པ་འཐུངས་ན། མཁྲིས་པ་ལས་གྱུར་པའི་ལུད་པ་ཞི་བར་བྱེད་དོ། །ཡང་ན་གོང་མའི་སྨན་ཁུ་ལས་གཞི་བླངས་པའི་ཐུག་པ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་བླུད་པའམ། ཡང་ན་ཟུར་པའམ། ཧྲི་བེ་ཌ་ཞེས་བྱ་བ་ཨུ་དི་ཙ་དང༌། བྲི་ཧ་ཏི་དང༌། ཤ་ཁ་ར་དང༌། བི་ཤ་བེ་ཤ་རྩ་ཞེས་བྱ་བ་བཅའ་
སྒ་དང། འདི་རྣམས་ཆུ་དངས་སུ་བྱས་ཏེ། རས་ལས་བཙགས་ལ་ཚིགས་མ་བོར་བའི་ཁུ་བའི་ནང་དུ་མར་གྱིས་བསྲེས་ཏེ་འཐུངས་ན། མཁྲིས་པ་ལས་གྱུར་པའི་ལུད་པའི་ནད་ཞི་བར་བྱེད་དོ། །ཤ་ཁ་ར་དང༌། ཛི་བ་ཀ་དང༌། མུངྒ་པརྞི། མ་ཤ་པརྞི་དང༌། དུར་བ་ལ་ཞེས་བྱ་བ་བྱི་ཚེར་བ་དང༌། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། མར་གྱི་བརྒྱད་འགྱུར་གྱི་འོ་མ་དང་ཆུ་དང་ལྷན་ཅིག་བསྐོལ་ཏེ། མར་ཉི་ཚེ་ལུས་པ་དང༌། དེ་ལས་བཏུང་བ་དང༌། བཟའ་བ་དང་བསྐུ་བ་ལ་སོགས་པ་བྱས་ན་མཁྲིས་པ་ལས་གྱུར་པའི་ལུད་པ་ལས་རྒྱལ་ལོ། །ཡང་ན་སྨན་གོང་མ་དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུའམ། ཡང་ན་བསྐོལ་བའི་ཁུ་བ་བསྒྲངས་པ་འཐུངས་ན་ཕན་ནོ། །བད་ཀན་ལས་གྱུར་པའི་ལུད་པའི་ནད་ལ་ནི་ཐོག་མར་ལྷ་ཤིང་ཞེས་བྱ་བ་ཐང་ཤིང་དང་མར་བསྐོལ་ལ་མར་ལུས་པའི་ནང་དུ། ཚ་བ་གསུམ་དང༌། ནས་ཚིགས་འཁུས་པའི་ཐལ་བའི་ཕྱེ་མ་བཏབ་པའི་མར་གྱི་སྣུམ་གྱི་ཆོ་ག་བྱ་སྟེ། དེའི་འོག་ཏུ་སྐྱུག་སྨན་དང༌། བཀྲུ་སྨན་དང༌། སྣ་སྨན་ལ་སོགས་པ་གོང་མའི་མར་ལས་གཞི་བླངས་ཏེ། ཉམས་དང་སྦྱར་བ་ཅི་རིགས་པར་གཏང་ངོ༌། །ནད་པ་ཉམས་སྟོབས་ཆུང་བ་ལ་ནི་སློན་ཁྲུས་དང༌། སྣ་སྨན་དྲག་པོ་མི་གཏོང་ངོ༌། །དེ་ལྟར་སློན་ཁྲུས་བྱས་པའི་རྗེས་ལ། ནས་དང༌། མོན་སྲན་སྡེའུ་དང༌། རྒྱ་སྲན་ལ་སོགས་པ་རྩུབ་པ་དང༌། ན་ལེ་ཤམ་ལ་སོགས་པ་ཚ་བའི་སྨན་སྦར་བའི་ཐུག་པ་དྲོན་མོ་བླུད་དོ། །ཀ་ས་མར་དཀ་དང༌། བརྟ་ཀ་ཞེས་བྱ་བ་དང༌། བྱ་གྲྀ་ཞེས་བྱ་བ་ཀཎྜ་ཀ་རི་དང༌། དེ་རྣམས་ཀྱི་ཚོད་མ་ཡ་བཀྵ་ར་དང༌། པི་པི་ལིང་དང་ལྡན་པར་བྱས་ལ་སྦྱིན་ནོ། །སྲོག་ཆགས་ཐང་ལ་གནས་པ་དང༌། ཁུང་ན་གནས་པའི་ཤ་ཁུ་ཏིལ་དང། ཡུངས་ཀར་དང༌། བིལ་བ་དང༌། དེ་རྣམས་གང་ཡང་རུང་བ་མར་དང་སྦར་བའི་ཁུ་བ་སྦྱིན་ནོ། །སྐོམ་དུ་ནི་རྩ་བ་བཅུ་པ་བསྐོལ་བའི་ཆུ་འམ། ཆུ་བསྐོལ་བའམ། ཡང་རྟག་ཏུ་ཆང་འཐུང་བ་ཡིན་ན་ཡང་ཆང་ངམ། ཡང་ན་སྦྲང་རྩི་དང་ཆུ་སྦྱར་བ་བླུད་དོ། །ཡང་
ན་མ་ནུའི་རྩ་བ་དང༌། དོང་གའི་རྩ་བ་དང༌། པ་ཏོ་ལའི་རྩ་བ་དང༌། དེ་རྣམས་ཆམ་ཆོམ་བརྡུངས་ལ་ཆུ་དང་ནུབ་གཅིག་སྤངས་ཏེ། དེའི་ཁུ་བ་སྦྲང་རྩི་དང་སྦྱར་བ་འཚལ་ནན་དུ་བླུད་ན་བད་ཀན་ལས་གྱུར་བའི་ལུད་པ་སེལ་ཏོ། །ཡང་ན་པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་དང༌། སྲིད་ཁ་བེ་རེ་ཞེས་བྱ་བ་བཅའ་སྒ་དང༌། བ་རུ་ར་དང་དེ་རྣམས་སྦྲང་རྩི་དང་ལྡེ་གུར་བྱས་པ་བྱིན་ན་བད་ཀན་གྱི་ལུད་པ་འཕྲོག་གོ །ཡང་ན་རྨ་བྱ་དང༌། ཁྱིམ་བྱའི་སྒྲོ་ཞིག་ཁ་གབ་ཅན་གྱི་ནང་དུ་བཅུག་སྟེ་བསྲེགས་ལ། སྣག་ཚ་བཞིན་དུ་ནག་པོ་སོང་བ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང་བསྲེས་ལ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ན། བད་ཀན་ལས་གྱུར་བའི་ལུད་པ་ཞི་བར་བྱེད་དོ། །ཡང་ན་བི་ཤ་ལ་ཞེས་བྱ་བ་ཤིང་ཉེ་རོང་དང༌། ཨིནྡྲ་བ་རུ་ནི་དང༌། པི་པི་ལིང་དང༌། གླ་སྒང་དང༌། དྲི་བི་རྩ་ཞེས་བྱ་བ་ཤིང་ཉེ་རོང་དང༌། འདི་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་བླུད་པའམ། ཡང་ན་ན་ལེ་ཤམ་དང༌། སྦྲང་རྩི་སྦྱར་བའི་ལྡེ་གུ་འམ། ཡང་ན་རྫོང་ག་ཀ་ཞེས་བྱ་བ་ཨ་ཀ་རུ་དང༌། སྦྲང་རྩི་སྦྱར་བའམ། ཡན་ན་ཀཎྜ་ཀ་རི་དང༌། སྦྲང་རྩི་དང་སྦྱར་བའམ། ཡང་ན་པར་པ་ཏ་དང༌། སྦྲང་རྩི་སྦྱར་བའམ། ཡང་ན་བྲི་ཀ་ར་ཛ་དང༌། སྦྲང་རྩི་སྦྱར་བའམ། ཡང་ན་ཀ་ས་ག་ན་དང༌། སྦྲང་རྩིར་སྦྱར་བའམ། ཡང་ན་རྟ་ནག་པོའི་རྟུག་པ་བཙིར་བའི་ཁུ་བ་དང་སྦྲང་རྩི་སྦྱར་བའམ། སྦྱོར་བ་འདི་རྣམས་གང་ཡང་རུང་བ་ཟོས་ན། བད་ཀན་ལས་གྱུར་པའི་ལུད་པ་ཞི་བར་བྱེད་དོ། །ཐང་ཤིང་དང༌། ཟུར་པ་དང༌། ཀར་ཀ་ཏ་ཤྲིང་གི་དང༌། བྱི་ཚེར་བ་དང༌། འདི་རྣམས་ཏིལ་མར་དང་སྦྲང་རྩི་དང་སྦྱར་བ་ཟོས་ན། བད་ཀན་དང་རླུང་ལས་གྱུར་པའི་ལུད་པ་ཞི་བར་བྱེད་དོ། །ཡང་ན་པི་པི་ལིང་དང༌། དོང་གྲ་དང༌། གླ་སྒང་དང༌། ཨ་རུ་ར་དང༌། སྐྱུ་རུ་ར་དང༌། ཁ་ར་དཀར་པོ་དང༌། འདི་རྣམས་སྦྲང་རྩི་དང༌། ཏིལ་མར་དང་སྦྱར་བ་དང༌། ཡང་འབྲས་ཡོས་དང༌། ཁ་ར་དཀར་པོ་དང༌། སྐྱུ་རུ་རའི་ཤིང་གི་མྱུ་གུ་དང༌། འདི་རྣམས་ཏིལ་མར་དང་སྦྲང་རྩི་དང་སྦྱར་བའི་སྦྱོར་བ་གསུམ་པོ་དེ་
དག་གང་ཡང་རུང་བ་ཟོས་ན། བད་ཀན་ལས་གྱུར་པའི་ལུད་པ་སེལ་ཏོ། །ཡང་ན་སེའུ་འབྲུ་སྲང་གཉིས་དང༌། བུ་རམ་སྲང་བརྒྱད་དང༌། ཚ་བ་གསུམ་སྲང་རེ་རེ་དང༌། འདི་རྣམས་ཀྱི་ཕྱེ་མ་ཟོས་ན་ཡང་ཡི་ག་འབྱེ་ཞིང་མེའི་དྲོད་སྐྱེད་པ་དང༌། སྐད་སྙན་པར་འགྱུར་བ་དང༌། ཆམ་པ་དང༌། དབུགས་མི་བདེ་བ་དང༌། ལུད་པ་ལས་རྒྱལ་བར་འགྱུར་རོ། །ཡང་ན་བུ་རམ་སྲང་གཉིས་དང༌། ནས་ཚིག་འཁུས་པའི་ཐལ་བཞོ་གཅིག་དང༌། པི་པི་ལིང་དང་ན་ལེ་ཤམ་ཞོ་གཉིས་གཉིས་དང༌། སེའུ་འབྲུ་སྲང་ཕྱེད་དང་འདི་རྣམས་ཀྱི་ཕྱེ་མ་ཟོས་ན། ལུད་པ་དང༌། དབུགས་མི་བདེ་བ་སེལ་ཏོ། །ཡང་ན་རིམས་ནད་གསོ་བའི་སྐབས་སུ། ཨ་རུ་ར་ལ་སོགས་པའི་སྦྱར་སྨན་བསྟན་པའི་ནང་དུ་ཀར་ཀ་ཏ་ཤྲིང་གི་བསྣན་ལ་བསྐོལ་བའི་ཁུ་བ་བླུད་ན་ལུད་པ་ལ་རབ་ཏུ་ཕན་ནོ། །ཡང་ན་དྷི་སྱ་ཞེས་བྱ་བ་ལ་ལ་ཕུད་དང༌། དུར་བྱིད་དང༌། བི་ཤ་ལ་དང༌། གླ་སྒང་དང༌། པུཥྐར་མཱུ་ལ་དང༌། པི་པི་ལིང་དང༌། འདི་རྣམས་བ་གཅིན་ནམ་ཆུ་གང་ཡང་རུང་བ་དང་བསྐོལ་བའི་ཁུ་བ་འཐུངས་ན་བད་ཀན་ལས་གྱུར་པའི་ལུད་པ་ཞི་བར་འགྱུར་རོ། །ཡང་ན་པི་པི་ལིང་ཞོ་གཉིས་དང༌། ཁ་ར་དཀར་པོ་ཞོ་གཉིས་ཀྱི་ཕྱེ་མ་དང༌། ཏིལ་མར་ཞོ་བཞི་དང་བསྐོལ་ནས་རི་ལུར་བྱས་ལ། རྒྱ་སྲན་བསྐོལ་བའི་ཁུ་བའི་ནང་དུ་མཉེས་ཏེ་འཐུངས་ན་བད་ཀན་ལས་གྱུར་པའི་ལུད་པ་འཇོམས་སོ། །ཡང་ན་རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང༌། པུཥྐར་མཱུ་ལ་དང༌། ཟུར་པ་དང༌། བིལ་བ་དང༌། བྱིའུ་རུག་པ་དང༌། ཚ་བ་གསུམ་དང༌། ཤིང་ཀུན་དང༌། འདི་རྣམས་ཞོ་གཉིས་གཉིས་དང་ལྷན་ཅིག་བསྐོལ་ཏེ། མར་འབའ་ཞིག་ལུས་པ་དང༌། ཐོག་མར་ཐུག་པ་བླུད་ལ་དེ་ལས་རན་པར་འཐུངས་ན། རླུང་དང་བད་ཀན་གྱི་ནད་ཐམས་ཅད་འཇོམས་སོ། །ཡང་ན་ནིར་གུན་ཐིག་ལེ་ཞེས་བྱ་བ་ཤེས་པ་ལའི་ལོ་མ་བསྐོལ་བའི་ཁུ་བའི་བཞི་འགྱུར་གྱི་མར་དང་བསྐོལ་ཏེ་མར་ལུས་པ་འཐུངས་ན་ལུད་པ་འཇོམས་
སོ། །ཡང་ན་བྱི་ཏང་ག་བསྐོལ་བའི་ཁུ་བའི་ནང་དུ་མར་དང་ཚ་བ་གསུམ་བསྐོལ་བའི་ཁུ་བ་འཐུངས་ན། ལུད་པ་ཞི་བར་བྱེད་དོ། །ཡང་ན་བ་སྤྲུ་བ་མེ་ཏོག་དམར་པོ་ཅན་དང་བྱེའུ་རུག་པ་དང༌། ཀ་ས་མ་ར་དང༌། ཨ་རུ་ར་དང༌། པ་ཏོ་ལ་དང༌། བྲི་ཧ་ཏི་དང༌། ཕ་ན་ཛི་ཀ་དང༌། འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ་མར་དང༌། འོ་མ་དང༌། ཚ་བ་གསུམ་དང་ཡང་ལེགས་པར་བསྐོལ་ནས་མར་ལུས་པ་དང༌། དེ་ལས་རན་པར་འཐུངས་ན། ལུད་པ་ལུ་བ་དང༌། རིམས་མི་བཟད་པ་དང༌། ཟད་བྱེད་ཀྱི་ནད་དང༌། གཞང་འབྲུམ་ལ་སོགས་པ་ལས་ཐར་བར་བྱེད་དོ། །ཡང་ན་ཀཎྜ་ཀ་རིའི་རྩ་བ་དང༌། འོ་མ་དང་བཅས་པ་ཆུ་དང་ཚུལ་བཞིན་དུ་བསྐོལ་བའི་ཁུ་བ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་ནང་དུ། མར་སྲང་སུམ་ཅུ་རྩ་གཉིས་དང༌། སྨན་པ་ལ་དང༌། ཚ་བ་གསུམ་དང༌། བྱི་དོང་ག་དང། ཟུར་པ་དང༌། བལ་པོ་སེའུ་དང༌། སེའུ་རྩ་ལ་ཞེས་བྱ་བ་ཁ་རུ་ཚ་དང༌། ཡ་བཀྵ་ར་ཞེས་བྱ་བ་ནས་ཚིག་འཁུས་པའི་ཐལ་བ་དང༌། མ་ནུའི་རྩ་བ་དང༌། བྲི་ཀྵི་བ་ཞེས་བྱ་བ་བ་སྤྲུ་བ་དང༌། བྲི་ཧ་ཏི་དང༌། ཨ་རུ་ར་དང༌། ལ་ལ་ཕུད་དང༌། ཀྲུ་ཏྲུག་ཏྲེས་དང༌། རྒུན་འབྲུམ་དང༌། དབྱི་མོ་དང༌། པུརྞ་རྣ་བ་མེ་ཏོག་དམར་པོ་ཅན་དང༌། བྱི་ཚེར་བ་དང༌། ཨ་མ་ལ་པོ་ཏ་ས་ཞེས་བྱ་བ་ལྟ་བུ་དང༌། ཀར་ཀ་ཏ་ཤྲིང་གི་ནི་དང༌། ཏ་མ་ལ་ཀི་དང༌། བྷར་གི་ཞེས་བྱ་བ་ག་བྲའི་རྩ་བ་དང༌། ར་སྣ་དང༌། གཟེ་མ་དང༌། འདི་རྣམས་ཆམ་ཆོམ་བརྡུངས་པ་དང༌། འདི་རྣམས་ལྷན་ཅིག་བསྐོལ་ཏེ། མར་ལུས་པའི་མིང་ནི་ཀཎྜ་ཀ་རིའི་སྨན་མར་ཞེས་བྱ་བ་སྟེ། དེ་ལས་རན་པར་འཐུངས་ན། ལུད་པའི་ནད་རྣམ་པ་ལྔ་དང༌། དབུགས་མི་བདེ་བའི་ནད་རྣམ་པ་ལྔ་དང༌། སྐྱིགས་བུའི་ནད་རྣམ་པ་ལྔ་པོ་རྣམས་ལ་རབ་ཏུ་བསྔགས་ཏེ། བད་ཀན་འཇོམས་པར་བྱེད་པ་ཡང་ཡིན་ནོ། །ཡང་ན་ཀ་ཎྜ་ཀ་རི་སྲང་བརྒྱད་བཏགས་པའི་ཕྱེ་མ་ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་བསྐོལ་ཏེ། སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པའི་ནང་དུ་མར་སྲང་བཅུ་དྲུག་དང༌། ཁ་ར་དཀར་པོ་སྲང་བཞི་
བཅུ་དང༌། ཚ་བ་གསུམ་དང༌། ར་སྣ་དང༌། སླེ་ཏྲེས་དང༌། ཀྲུ་ཏྲུག་ཏྲེས་དང༌། ཀར་ཀ་ཏ་ཤྲིང་གི་དང༌། ག་བྲའི་རྩ་བ་དང༌། གླ་སྒང་དང༌། པི་པི་ལིང་མཱུ་ལ་དང༌། ད་ན་ཡ་ཞེས་བྱ་བ་བྱི་ཚེར་བ་དང༌། འདི་རྣམས་སྲང་ཕྱེད་ཕྱེད་ཞིབ་ཏུ་བཏགས་པ་བླུགས་ལ་ལྷན་ཅིག་བསྐོལ་ཏེ། ཁུ་བ་དུ་ཞིང་མར་ལུས་ཏེ། དྲིལ་དུ་བཏུབ་པ་དང༌། ཕྱིར་ཕྱུང་སྟེ། སྣོད་ཀྱི་ནང་དུ་བསྒྲངས་པ་དང༌། པི་པི་ལིང་སྲང་བརྒྱད་དང༌། སྨྱིག་རྐང་སྲང་བརྒྱད་དང༌། སྦྲང་རྩི་རྙིང་པ་སྲང་བཅུ་དྲུག་དང༌། འདི་རྣམས་མཉེས་ཏེ་ལྡེ་གུར་བྱས་ནས་རན་པར་ཟོས་ན། སྐྲན་དང༌། སྙིང་ནད་དང༌། སྐྲངས་པ་དང༌། གཞང་འབྲུམ་དང༌། དབུགས་མི་བདེ་བ་དང༌། ལུད་པ་ཐམས་ཅད་ལས་ངེས་པར་རྒྱལ་བར་འགྱུར་རོ། །བད་ཀན་ལས་གྱུར་པའི་ལུད་པ་རྟག་ཏུ་འབྱུང་བ་ལ་ནི། དུད་པ་ཁ་ནས་བརྔུབ་པའི་ཆོ་ག་བྱ་བ་དང་ཡང་ན་བཀྲུ་སྨན་བཏང་ན་ཞི་བར་འགྱུར་རོ། །ཡང་ན་ལྡོང་རོས་དང༌། བ་བླ་དང༌། ཤིང་མངར་དང༌། གནྡྷ་མན་སི་ཞེས་བྱ་བ་སྤང་སྤོས་དང༌། གླ་སྒང་དང༌། ཤིང་ཨིང་གུ་དའི་ཤུན་ཕྲགས་དང༌། འདི་རྣམས་དང་དུད་པ་བརྔུབ་པའི་ཆོ་ག་མདོའི་གནས་སུ་བསྟན་པ་བཞིན་དུ་ཇི་སྲིད་ལུད་པ་སོས་ཀྱི་བར་དུ་བྱའོ། །དེའི་འོག་ཏུ་བུ་རམ་དང༌། འོ་མ་དྲོ་འཇམ་ཙམ་དུ་སྦྱར་བ་སྐོམ་དུ་བླུད་ན་ལུད་པ་རྩ་བ་ནས་འཇོམས་སོ། །རླུང་དང་བད་ཀན་ལས་གྱུར་བའི་ལུད་པ་ནི་སྨན་ཁོང་པའི་དུད་པ་བརྔུབ་བ་བྱས་ན། རྒྱུན་གྱི་ལུད་པ་དང་འཕྲལ་གྱི་ལུད་པ་འཇོམས་སོ། །བད་ཀན་གྱི་ལུད་པ་བར་བར་དུ་མུན་པ་བཞིན་དུ་སྣང་ན་ནི་མཁྲིས་པ་དང་འབྲེལ་པ་ཡིན་ནོ། །དེ་ལ་ནི་མཁྲིས་པ་དང༌། བད་ཀན་གསོ་བའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱའོ། །བད་ཀན་དང་རླུང་འདྲེས་པའི་ལུད་པའི་ནད་ལ་ནི་དང་པོ་བད་ཀན་འབའ་ཞིག་གསོ་བའི་དཔྱད་གོང་དུ་བསྟན་པ་བཞིན་དུ་བྱའོ། །རླུང་དང་མཁྲིས་པ་དང་བད་ཀན་འདི་གསུམ་འདུས་པའི་ལུད་པ་ལ་ནི་ཐོག་མར་མཁྲིས་པ་གསོ་བར་བྱའོ། །རླུང་དང་བད་ཀན་གྱི་ལུད་པ་སྐམ་པོ་འབྱུང་སྟེ། རླུང་ཤས་ཆེ་བ་ལ་ནི་སྣུམ་གྱི་ཆོ་ག་བྱའོ། །
དེ་ཉིད་ཕྱི་ས་སླ་བར་འབྱུང་སྟེ། བད་ཀན་གྱི་ཤས་ཆེ་བ་ལ་ནི་རྩུབ་པའི་ཆོ་ག་བྱའོ། །མཁྲིས་པའི་ཤས་ཆེ་ན་ནི་ཁ་བའི་བག་བསྟེན་པར་བྱའོ། །གློ་འགྲམས་ཏེ་ཁྲག་དང་བཅས་པའི་ལུད་པ་འབྱུང་བ་ལ་ནེ་དེ་མ་ཐག་རྒྱ་སྐྱེགས་དང་སྦྲང་རྩི་དང་འོ་མ་དང་འདི་གསུམ་སྦྱར་བ་བླུད་དོ། །དེ་ཞུ་བའི་ཚོད་ཙམ་ན་འབྲས་ཆན་འོ་མ་དང་ཤ་ཁ་ར་དང་བཅས་པ་སྦྱིན་ནོ། །ལུད་པ་ལུ་བའི་ཚེ་རྩིབ་ལོགས་གཉིས་དང༌། ཆུ་སོར་ཟུག་གཟེར་བྱེད་ཅིང་མཁྲིས་པའི་མེ་དྲོད་ཆུང་བ་ལ་ནི་རྒྱ་སྐྱེགས་ཆང་དང་སྦྱར་བ་བླུད་དོ། །ལུད་པ་ལུ་ཞིང་ཕྱིས་སླ་བར་འབྱུང་བ་ལ་ནི་མེའི་དྲོད་ཉམས་ཆུང་ན་དེ་ལ་ནི་རྒྱ་སྐྱེགས་དང༌། གླ་སྒང་དང༌། བོང་ང་དཀར་པོ་དང༌། པ་ཅ་དང༌། དུག་མོ་ཡུངས་ཀྱི་ཤིང་ཤུན་དང་འདི་རྣམས་བཏགས་པའི་ཕྱེ་མ་ཆུ་དང་སྦྱར་བ་བླུད་དོ། །ལུད་པ་ལུ་ཞིང་མེ་དྲོད་ཚབས་ཆེར་སྐྱེས་པ་ལ་ནི་རྒྱ་སྐྱེགས་དང༌། མར་དང། སྤྲ་ཚིལ་དང༌། སྨན་འཚོ་བྱེད་ཀྱི་སྡེ་ཚན་དང༌། སྨྱིག་རྐང་དང་འདི་རྣམས་ཆ་སྙོམས་ཏེ་འོ་མ་དང་བསྐོལ་བ་བླུད་ན་ཕན་ནོ། །གློ་འགྲམས་ཏེ་ཁྲག་མ་ཆོད་པ་ལ་ནི། ཨིཤྟྲཱ་རི་ཀ་དང༌། པདྨའི་རྩ་བའི་ཚིགས་དང༌། པདྨ་གེ་སར་དང༌། ཙནྡན་དཀར་པོ་དང༌། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། འོ་མ་དང་བསྐོལ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་འཐུངས་ན་ཁྲག་ཆོད་པར་བྱེད་དོ། །ཡང་ན་ནས་རྗེན་བཏགས་པའི་འོ་མ་དང་བསྐོལ་བའི་ཐུག་པ་མར་དང་སྦྱར་བའམ། ཡང་ན་ཁ་ར་དཀར་པོའི་ཕྱེ་མ་དང༌། འོ་མ་སྦྲང་རྩི་དང་སྦྱར་བའི་ཐུག་པ་བླུད་ན། གློ་འགྲམས་པའི་ནད་དང་རིམས་སེལ་ཏོ། །ཟད་བྱེད་ཀྱི་ལུད་པ་ལ་ནི་མངར་བའི་སྨན་རྒུན་འབྲུམ་དང༌། ཤིང་མངར་ལ་སོགས་པ་སྦྱར་བའི་མར་བྱིན་ན་ཕན་ནོ། །ཡང་ན་བུ་རམ་ཆུ་བསྐོལ་བ་དང་བསྒྲངས་པའི་ནང་དུ་ན་ལེ་ཤམ་དང་སྦྲང་རྩི་བཏབ་པ་བླུད་པའམ། ཡང་ན་སྐྱུ་རུ་རའི་ཕྱེ་མ་དང་འོ་མ་དང་བསྐོལ་བ་མར་དང་ལྡན་པ་བླུད་པའམ། ཡང་ན་བཅུད་ཀྱིས་ལེན་གྱི་སྐབས་སུ་པི་པི་ལིང་གི་ཆོ་ག་བསྟན་པ་བཞིན་དུ་སྦྱར་བར་བྱའོ། །ལུད་པ་ལུ་བ་དང༌། ཚིགས་དང་རུས་པར་ཟུག་ཅིང་ན་བ་ལ་ནི་སྦྲང་རྩི་དང༌། ཤིང་མངར་དང༌།
ཤིང་ཏོག་མ་དུ་ཀ་དང༌། རྒུན་འབྲུམ་དང༌། ཏུ་ཀཤྐི་ར་ཞེས་བྱ་བའི་སྨྱིག་རྐང་དང༌། བ་ལ་དང༌། པི་པི་ལིང་དང་འདི་རྣམས་མར་དང་སྦྱར་བ་བྱིན་ན་ཕན་ནོ། །ཡང་ན་ཏྲི་ཛ་ཏྲ་ཞེས་བྱ་བ་དྲི་སྣ་གསུམ་ཞོ་རེ་རེ་དང༌། པི་པི་ལིང་སྲང་ཕྱེད་དང༌། ཁ་ར་དཀར་པོ་དང༌། ཤིང་ཏོག་མ་དུ་ཀ་དང༌། ཁར་ཛུ་ར་ཞེས་བྱ་བ་འབྲ་གོ་དང་འདི་རྣམས་ཞོ་རེ་རེ་ཞིབ་ཏུ་བཏགས་ལ་སྦྲང་རྩི་དང་རི་ལུ་བྱས་པ་ནི་སུག་སྨེལ་གྱི་རི་ལུ་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ན་རོ་ཙ་བར་བྱེད་དེ། ཁྲག་དང་མཁྲིས་པ་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། ཡི་ག་འཆུས་པ་དང༌། སྐྱུགས་པ་དང༌། བརྒྱལ་བ་དང༌། སྐྱིགས་བུ་དང༌། རྨོངས་པ་དང་མགོ་འཁོར་བ་དང༌། གློ་གཅོང་ཟད་བྱེད་ཀྱི་ནད་དང༌། གློ་འགྲམས་པའི་ནད་དང༌། སྐད་ཉམས་པ་དང༌། མཆིན་པ་ན་བ་དང༌། སྐེམ་བྱེད་ཀྱི་ནད་དང༌། དྲེག་དང༌། ལུད་པ་ཁྲག་ཏུ་འབྱུང་བ་དང༌། སྙིང་དང༌། རྩིབ་ལོགས་ན་བ་དང༌། སྐོམ་དད་ཆེ་བ་དང༌། རིམས་སྣ་ཚོགས་ལ་ཡང་ཕན་ནོ། །ལུད་པ་ཁྲག་ཏུ་འབྱུང་བ་ལ་ནི་བ་སྤྲུ་བ་མེ་ཏོག་དམར་པོ་ཅན་དང༌། ཤ་ཁ་ར་དང༌། འབྲས་ཐུག་པོ་ཆེ་དང༌། སཱ་ལུ་དམར་པོའི་ཕྱེ་མ་རྒུན་ཆུ་དང༌། འོ་མ་དང་ཆུ་བཞིན་དུ་བསྐོལ་བའི་ནང་དུ་མར་བཏབ་པ་བླུད་དོ། །ཡང་ན་ཤིང་མངར་དང༌། ཤིང་ཏོག་མ་དུ་ཀ་དང༌། འབྲས་ཐུག་པོ་ཆེ་དང༌། འོ་མར་སྦྱར་བའི་ཐུག་པ་བླུད་ན་ཕན་ནོ། །གློ་འགྲམས་ཏེ་ཁ་དང་སྣ་ལ་སོགས་པ་ལས་ཁྲག་མང་པོ་ལུད་པ་ལ་ནི་ཁྲག་དང༌། མཁྲིས་པའི་གསོ་བ་ཐམས་ཅད་བྱའོ། །གློ་འགྲམས་པའི་ལུད་པ་རླུང་གིས་ལམ་གཞན་དུ་སོང་སྟེ། ལུད་པ་མ་ཐོན་ཞིང་འགགས་པ་ལ་ནི། རའི་ཚིལ་རན་པར་བཞུས་ལ་ཆང་གི་ནང་དུ་རྒྱམ་ཚ་དང་ལྡན་པར་བྱས་ཏེ་བླུད་ན་ཕན་ནོ། །གློ་འགྲམས་པ་དང༌། ཉམས་སྟོབས་ཆུང་བ་དང་གློ་གཅོང་ཟད་བྱེད་དང༌། གཉིད་མི་འོང་བ་དང༌། མེ་དྲོད་རྣོ་ཆེས་པ་ལ་ནི་འོ་མ་བསྐོལ་ཏེ། སྦྲིས་མ་སྐ་བར་གྱུར་པའི་ནང་དུ་ཤ་ཁ་ར་དང་སྦྲང་རྩི་དང༌། མར་དང་སྦྱར་བའི་བཟའ་བ་སྦྱིན་ནོ། །ཡང་ན་ཁ་ར་
དང། ནས་དང༌། གྲོ་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། འདི་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུའམ་འོ་མ་སྦྱར་བའི་ཐུག་པ་སྦྱིན་ནོ། །ཁྲག་དང་ཤ་ཟད་པའི་ནད་ལ་ནི་སྲོག་ཆགས་ཤ་ཟའི་ཤ་བསྐོལ་བའི་ཁུ་བའི་ནང་མར་ཁུ་དང༌། སྦྲང་རྩི་དང་པི་པི་ལིང་སྦྱར་བ་ཟོས་ན་ཤ་ཁྲག་སྐྱེ་བར་བྱེད་དོ། །གློ་འགྲམས་པ་དང༌། གློ་གཅོང་ཟད་བྱེད་དང༌། ས་བོན་དང༌། དབང་པོ་རྣམས་ཉམས་པ་ལ་ནི། ནྱ་གྲོ་དྷ་དང༌། ཨུ་དུམྦཱ་ར་དང༌། ཤིང་ཨ་ཤྭདྠ་དང༌། པླག་ཤ་དང༌། ཤིང་སཱ་ལ་དང༌། གནྡྷ་པྲི་ཡང་ཀུ་དང༌། ཤིང་ཏ་ལའི་རྩེ་མོ་དང༌། ཤིང་འཛམ་བུའི་ཤུན་པ་དང༌། ཤིང་པི་ཡ་ལི་དང༌། ཤུག་པ་དང༌། ཤིང་ཨ་ཤྭ་ཀརྣ་དང༌། འདི་རྣམས་འོ་མ་དང་ལྷན་ཅིག་བསྐོལ་བའི་ཁུ་བ་དང༌། མར་དང་འབྲས་ཆན་དང་བཅས་པ་ཟོས་ན་ཕན་ནོ། །རླུང་དང་མཁྲིས་པ་ལས་གྱུར་པའི་གློ་འགྲམས་པའི་ནད་བཙུགས་པ་ལྟར་ན་བ་ལ་ནི་ལུས་ལ་མར་གྱིས་བསྐུ་བྱུག་བྱའོ། །རླུང་ལས་གྱུར་པའི་གློ་འགྲམས་ཤིང་བཙུགས་པ་སྙམ་བྱེད་པའི་ནད་ལ་ནི། རླུང་འཇོམས་པའི་སྨན་སྣ་ཚོགས་དང༌། ཏིལ་མར་དུ་སྦྱར་བས་བསྐུ་བྱུག་བྱའོ། །སྙིང་དང་རྩིབ་ལོགས་སུ་ཟུག་པའི་ནད་ལ་ནི་སྨན་འཚོ་བྱེད་སྣ་བཅུ་བསྐོལ་བའི་ཁུ་བ་མར་དང་ཡང་བསྐོལ་ལ། མར་འབའ་ཞིག་ལུས་པ་བླུད་དོ། །ཡང་ན་སྙིང་དང་རྩིབ་ལོགས་སུ་ཟུག་པ་ན་རླུང་དང་མཁྲིས་པ་དང་ཁྲག་གང་ལས་གྱུར་པ་ལེགས་པར་བརྟགས་ཏེ། སོ་སོ་དང་མཐུན་པའི་སྨན་གཏང་བར་བྱའོ། །ཤིང་མངར་དང༌། ན་ག་བ་ལ་དང༌། འདི་གཉིས་བསྐོལ་བའི་ཁུ་བའི་བཞི་ཆ་ལུས་པའི་ནང་དུ་སྨན་ཁུའི་ཕྱེད་ཀྱི་མར་དང་དེ་དང་མཉམ་པའི་འོ་མ་བཏབ་པ་དང༌། པ་ཡ་སྱ་དང༌། པི་པི་ལིང་སྨྱིག་རྐང་དང༌། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། ལྷན་ཅིག་བསྐོལ་ལ་མར་འབའ་ཞིག་ལུས་པ་དང༌། དེ་ལས་རན་པར་འཐུངས་ན་གློ་འགྲམས་པའི་ནད་ཞི་བར་བྱེད་དོ། །སྨན་ཛི་བན་ཏིའི་སྡེ་ཚན་བཅའ་སྒ་དང༌། ཉེའུ་ཤིང་དང༌། བི་ར་ཞེས་བྱ་བ་རམ་ཉེ་བ་དང༌། བ་སྤྲུ་བ་རྣམ་
གཉིས་དང༌། ག་བྲའི་རྩ་བ་དང༌། རི་དི་དང༌། ཁ་སྲལ་ཕྲེའུ་དང༌། ཟུར་པ་དང༌། ཏ་མ་ལ་ཀ་དང༌། ཤིང་ག་ཏྲ་ཀ་དང༌། པ་ཡ་སྱ་དང༌། རྩ་བ་ཆུང་དུ་ལྔ་དང༌། རྒུན་འབྲུམ་དང༌། ཨ་ཤོ་ཞེས་བྱ་བ་སྟར་ག་ལ་སོགས་པའི་འབྲས་བུ་མངར་ཞིང་སྣུམ་པ་དང༌། ཉམས་སྟོབས་སྐྱེད་པའི་སྨན་དེ་རྣམས་ཞོ་གཉིས་ཞིབ་ཏུ་བཏགས་པའི་ཕྱེ་མ་མར་སྲང་སུམ་ཅུ་རྩ་གཉིས་དང༌། འོ་མ་དང༌། སྐྱུ་རུ་ར་བཙིར་བའི་ཁུ་བ་དང༌། བི་ད་རི་བཙིར་བའི་ཁུ་བ་དང༌། ར་ཤ་འདི་བཞི་སྲང་སུམ་ཅུ་རྩ་གཉིས་གཉིས་དང་ཆུ་སྲང་བརྒྱ་དྲུག་ཅུ་དང༌། འདི་རྣམས་ཚུལ་བཞིན་དུ་བསྐོལ་ཏེ། མར་འབའ་ཞིག་ལུས་པ་བསྒྲངས་པའི་ནང་དུ་སྦྲང་རྩི་སྲང་བཅུ་དྲུག་དང༌། ཤ་ཁ་ར་སྲང་བཅུ་དྲུག་གི་ཕྱེ་མ་དང༌། ན་ལེ་ཤམ་དང༌། སུག་སྨེལ་དང༌། ཤིང་ཚ་དང༌། གནྡྷ་པ་ཏྲ་དང༌། ནཱ་ག་གེ་སར་དང༌། འདི་ལྔ་སྲང་ཕྱེད་ཕྱེད་ཀྱི་ཕྱེ་མ་དང༌། འདི་རྣམས་དང་ལྡེ་གུར་བྱས་ཏེ། དེ་ལས་འཇུ་སྟོབས་ཆེ་ཆུང་དང་སྦྱར་ཏེ་བསྟེན་ན་ཇི་ལྟར་ལྷ་རྣམས་དང༌། ཀླུའི་མཆོག་རྣམས་ལ་བདུད་རྩི་བསྟེན་ན་མི་འཆི་བ་བཞིན་དུ་སྨན་མར་འདི་ཡང་སྔོན་གྱི་དྲང་སྲོང་ཆེན་པོ་རྣམས་ཀྱིས་མི་རྣམས་ལ་བདུད་རྩི་དང་འདྲ་བར་བཤད་དེ། དེ་ལས་ཅི་རན་པར་འཐུངས་ན། ས་བོན་ཉམས་པ་དང༌། གློ་གཅོང་དང༌། གློ་འགྲམས་པ་དང༌། ནད་མ་རུངས་པ་རྣམས་ཀྱིས་ལུས་ཉམ་ཆུང་བ་དང༌། ཉལ་པོ་མི་ནུས་པ་དང༌། མདོག་དང་སྐད་ཉམས་པ་འཕེལ་བ་དང༌། ལུད་པ་དང༌། སྐྱིགས་བུ་དང༌། རིམས་དང༌། དབུགས་མི་བདེ་བ་དང༌། ལུས་ཚ་བ་དང༌། སྐོམ་དད་ཆེ་བ་དང༌། ཁྲག་དང་མཁྲིས་པ་སེལ་བར་བྱེད་དོ། །གཞན་ཡང་བུ་བཟང་པོ་སྟེར་བ་དང༌། སྐྱུགས་པ་དང༌། བརྒྱལ་བ་དང༌། སྙིང་ན་བ་དང༌། མངལ་ན་བ་དང༌། གཅིན་ནད་ལ་སོགས་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །གཟེ་མ་དང༌། པུ་ཤེལ་ཙེ་དང༌། བཙོད་དང༌། བ་ལ་དང༌། ཀ་མ་ལི་ཞེས་བྱ་བ་ཏང་པ་ལ་དང༌། བྷུ་ཏི་ཀ་དང༌། རྩྭ་དཱུར་བའི་རྩ་བ་དང༌། ཀྲྀཥྞ་པརྞི་དང༌། པ་ལ་ཤའི་རྩ་བ་
དང། ཐལ་ཏྲེས་དང༌། ས་ལ་པརྞི་དང༌། སྨན་དེ་རྣམས་སྲང་རེ་རེ་དང༌། ཆུ་སྲང་བརྒྱ་བདུན་ཅུ་རྩ་དྲུག་དང་བསྐོལ་ཏེ། ཁུ་བ་སྲང་བཞི་བཅུ་རྩ་བཞི་ལུས་པའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང་བའི་འོ་མ་སྲང་བརྒྱ་བདུན་ཅུ་རྩ་དྲུག་གི་ནང་དུ། ཨད་མ་ཀུབ་ཏ་དང༌། ཛི་བན་ཏི་དང༌། མེད་རྣམ་གཉིས་དང༌། ཟངས་རྩི་བ་དང༌། ཛི་བ་ཀ་དང༌། རིད་དྷི་ཀ་དང༌། རྒུན་འབྲུམ་རྣམ་གཉིས་དང༌། ཤ་ཁ་ར་དང༌། སྲ་མ་ན་དང༌། པདྨའི་རྩ་བ་དང༌། འདི་རྣམས་ཞོ་དྲུག་ཆམ་ཆོམ་བརྡུངས་ཏེ་ལྷན་ཅིག་བསྐོལ་ཏེ། མར་སྲང་སུམ་ཅུ་རྩ་གཉིས་ལུས་པ་དང་དེ་ལས་རན་པར་འཐུངས་ན། རླུང་དང་མཁྲིས་པ་དང༌། སྙིང་འཛག་ཅིང་ན་བ་ལ་ཕན་ནོ། །གཞན་ཡང་གཅིན་སྲི་བ་དང༌། གཅིན་ནད་དང༌། གཞང་འབྲུམ་དང༌། ལུད་པ་དང༌། ལུས་སྐེམ་པ་དང༌། ཟད་བྱེད་རྣམས་ལ་ཕན་ཞིང་གཞུ་འདྲེན་པས་དུབ་པ་དང༌། བུད་མེད་ཀྱིས་དུབ་པ་དང༌། ཁུར་ཆེན་པོས་དུབ་པ་དང༌། ཆང་གིས་དུབ་པ་དང༌། ལམ་གྱིས་དུབ་པ་རྣམས་ལ་ཕན་ཏེ་སྟོབས་དང་ཤ་སྐྱེད་པར་བྱེད་དོ། །ཤིང་མངར་སྲང་བརྒྱད་དང༌། རྒུན་འབྲུ་སྲང་བཅུ་དྲུག་དང༌། ཆུ་སྲང་སུམ་བརྒྱ་བརྒྱད་ཅུ་རྩ་དྲུག་དང་བསྐོལ་ཏེ། སྲང་དགུ་བཅུ་རྩ་བདུན་ལུས་པའི་ཁུ་བའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང་ཡང་ཚུལ་བཞིན་དུ་བསྐོལ་ཏེ། མར་ཉི་ཚེ་ལུས་པའི་ནང་དུ། པི་པི་ལིང་སྲང་བརྒྱད་དང༌། ནས་ཀྱི་ཕྱེ་སྲང་ཉི་ཤུ་རྩ་གཉིས་དང༌། ཤ་ཁ་ར་དང༌། སྦྲང་རྩི་སྲང་བརྒྱད་བརྒྱད་ཞིབ་ཏུ་བཏགས་པའི་ཕྱེ་མས་བཏབ་སྟེ་འདག་གུར་བྱས་ནས་དེ་ལས་རན་པར་ཟོས་ན། གློ་གཅོད་ཟད་བྱེད་དང༌། གློ་འགྲམས་པ་དང༌། ཁྲག་སྐྲན་དང༌། དེ་རྣམས་ལ་ཕན་ནོ། །ཡང་ན་ད་དྲི་ཞེས་བྱ་བ་སྐྱུ་རུ་རའི་འབྲས་བུ་དང༌། བི་ད་རི་དང༌། བུ་རམ་ཤིང་དང། སྨན་འཚོ་བྱེད་སྣ་བཅུ་དང༌། འདི་རྣམས་སྲང་སུམ་ཅུ་རྩ་གཉིས་གཉིས་དང་བསྐོལ་བའི་ཁུ་བའི་ནང་དུ་མར་དང༌། བའི་འོ་མ་བྲེ་རེ་རེ་དང་འདི་རྣམས་ལྷན་ཅིག་བསྐོལ་ཏེ། མར་འབའ་ཞིག་ལུས་པ་དང༌། ཕྱིར་ཕྱུང་སྟེ་བཙགས་ལ་བསྒྲངས་པའི་ནང་དུ་ཁ་ར་
དཀར་པོ་དང༌། སྦྲང་རྩི་བྲེ་རེ་རེ་བཏབ་སྟེ་དེ་ལས་རན་པར་འཐུངས་ན། གཅོང་ཆེན་པོའི་ནད་དང༌། མཁྲིས་པ་དང༌། ཁྲག་དང༌། ལུད་པ་དང༌། སྐེམ་བྱེད་དང༌། ཟད་བྱེད་རྣམས་ལ་ཕན་ཏེ། །གཞན་ཡང་ཚེ་རིང་བ་དང༌། ན་ཚོད་བརྟན་པ་དང། ཤ་དང༌། ཁུ་ཆུ་དང༌། སྟོབས་འཕེལ་བར་བྱེད་དོ། །གཞན་ཡང་སྨན་གྱི་ལྡེ་གུ་དེ་ནི་རླུང་དང་མཁྲིས་པའི་ཤས་ཆེ་བ་ཡིན་ན་ཡང་སྨན་མར་ཉུང་དུས་ཞི་བར་བྱེད་ཅིང་ཟིལ་གྱིས་གནོན་པར་འགྱུར་རོ། །གོང་དུ་བཤད་པའི་སྨན་མར་གསུམ་པོ་སུག་སྨེལ་གྱི་སྨན་མར་དང༌། བདུད་རྩིའི་སྨན་མར་དང༌། སྐྱུ་རུ་རའི་སྨན་མར་འདི་གསུམ་གྱི་ཕན་ཡོན་གྱི་དམིགས་ནི་ལུས་ཉམ་ཆུང་བ་དང༌། རིད་པ་དང༌། ཟད་བྱེད་རྣམས་ལ་ཕན་ནོ། །གཞན་ཡང་ཟད་བྱེད་དང༌། ཉམ་ཆུང་བ་དང༌། རིད་པ་རྣམས་ལ་ནི་ཅུ་གང་དང༌། པི་པི་ལིང་དང༌། འབྲས་ཡོས་རྣམས་བཏགས་པའི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ན་ཕན་ནོ། །དེའི་འོག་ཏུ་མར་དང་བུ་རམ་སྦྱར་བའི་བཏུང་བ་བླུད་ན། རོ་ཙ་བར་བྱེད་ཅིང་བུད་མེད་ལ་ཕོད་པ་དང༌། ཉམས་སྟོབས་དང་ལྡན་ཞིང་ལུས་མྱུར་དུ་རྒྱས་པར་བྱེད་དོ། །ཡང་ན་ཀུ་སྨན་དའི་ཕྱི་ཤུན་དང༌། སྙིང་པོ་བོར་བའི་ལྷག་མ་སྲང་བརྒྱ་རླངས་པའི་ནང་དུ་བཙོས་ཏེ། ཚོས་པ་དང་ཕྱིར་ཕྱུང་ལ། མར་སྲང་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་ཡང་བསྐོལ་ལ་དཀྲུག་ཅིང་སྦྲང་རྩི་དང་འདྲ་བར་གྱུར་པ་དང༌། དེའི་ནང་དུ་ཧྭགས་སྲང་བརྒྱད་དང༌། པི་པི་ལིང་དང། བཅའ་སྒ་དང༌། ཐ་ཝེ་དང༌། འདི་གསུམ་སྲང་གསུམ་གསུམ་དང༌། དྲི་སྣ་གསུམ་དང༌། དྷ་རྣ་ཡང་ཞེས་བྱ་བ་འུ་སུ་དང༌། ན་ལེ་ཤམ་འདི་རྣམས་སྲང་ཕྱེད་ཕྱེད་ཀྱི་ཕྱེ་མས་བཏབ་ལ་ཕྱིར་ཕྱུང་སྟེ། སྣོད་སྣུམ་ཅན་གྱི་ནང་དུ་བཅུག་ལ་བསྒྲངས་ཏེ། སྦྲང་རྩི་སྲང་བཅུ་དྲུག་དང་བསྲེས་ལ་དཀྲུགས་ཏེ། ལྡེ་གུ་སྣོད་ཀྱི་ནང་དུ་བཞག་པ་ནི་ལྷའི་སྨན་པ་ཐ་སྐར་གྱི་བུ་གཉིས་ཀྱིས་བཤད་པ། ཀུ་སྨན་ད་ཞེས་བྱ་བའི་བཅུད་ཀྱིས་ལེན་ཡིན་ཏེ། དེ་ལས་རན་པར་ཟོས་ན། ལུད་པ་དང༌། སྐྱིགས་བུ་དང༌། རིམས་དང༌། དབུགས་
མི་བདེ་བ་དང༌། ཁྲག་དང༌། མཁྲིས་པ་དང༌། གློ་གཅོང་ཟད་བྱེད་དང༌། གློ་འགྲམས་པ་སེལ་ཏོ། །བློ་དང༌། དྲན་པ་དང༌། སྟོབས་སྐྱེད་པར་བྱེད་དོ། །མ་ཧཱ་བ་ལ་ཞོ་གཅིག་འོ་མ་དང༌། ཤ་སྦྱར་བ་དང་པོའི་ཞག་ལ་ཞོ་གཅིག་བཟའོ། །དེ་ནས་ཞག་བརྒྱད་ཀྱི་བར་དུ་ཞོ་རེ་རེས་བསྐྱེད་དེ། སྲང་གཅིག་ཏུ་གྱུར་པ་དང༌། དེ་ལ་ཞག་བརྒྱད་ཀྱི་བར་དུ་ཞོ་རེ་རེས་མར་ཕྲི་ལ། དེ་ནས་ཞག་དྲུག་གི་བར་དུ་ཞོ་རེ་རེས་ཡར་བསྐྱེད་དོ། །དེ་ལྟར་ཞག་ཉི་ཤུ་རྩ་གཉིས་ཀྱི་བར་དུ་ཆོ་ག་དེ་ལྟར་བྱས་ཏེ། ཁ་ཟས་གཞན་མི་བཟའ་བར་སྦྱོར་བ་དེ་དག་བྱས་ན། ལུས་ཀྱི་ཉམས་སྟོབས་དང་ཚེ་དང་མདོག་གསལ་བར་བྱེད་པའི་མཆོག་ཡིན་ནོ། །ཡང་ན་མུངྒ་པརྞིའི་ལོ་མའམ། ཤིང་མངར་རམ། བཅའ་སྒ་འདི་གསུམ་གང་ཡང་རུང་བའི་ཆོ་ག་གོང་མ་ལྟར་བྱས་ན་ཕན་ཡོན་ཡང་གོང་མ་དང་འདྲ་བར་ཤེས་པར་བྱའོ། །མ་ཧཱ་བ་ལ་སྲང་བརྒྱད་ཆུ་སྲང་བརྒྱ་ལྔ་བཅུ་རྩ་གཉིས་ཀྱི་ནང་དུ་བསྐོལ་ཏེ། ཁུ་བ་བཞི་ཆ་ལུས་པ་དང༌། དེའི་ནང་དུ་ཁུ་བ་དང་མཉམ་པའི་མར་དང༌། དེ་དང་མཉམ་པའི་འོ་མ་དང༌། བ་ལ་དང༌། ཨ་ཏི་བ་ལ་དང༌། ཤིང་མངར་དང༌། བ་སྦྲུ་བ་དང༌། པྲ་པུཎྜ་རཱི་ཀ་དང༌། ཏང་པ་ལ་དང༌། པི་ལ་ཡ་དང༌། ཁ་སྲལ་ཕྲེའུ་དང༌། ཨ་ཤྭ་གནྡྷ་དང༌། ཁ་ར་དཀར་པོ་དང༌། ཟངས་རྩི་བ་དང༌། མེ་ད་རྣམ་གཉིས་དང༌། གཟེམ་དང༌། རམ་ཉེ་བ་རྣམ་གཉིས་དང༌། པ་ཡ་སྱ་དང༌། ཟི་ར་རྣམ་གཉིས་དང༌། པདྨའི་རྩ་བ་དང༌། པདྨའི་རྩ་ལག་དང༌། འབྲ་གོ་དང༌། ཤྲིང་ག་ཏ་ཀ་དང༌། ཀ་ཤེ་རུ་ཀ་དང༌། འདི་རྣམས་སྲང་ཕྱེད་ཕྱེད་ཆམ་ཆོམ་བརྡུངས་ཏེ་བསྲེས་ལ་ལྷན་ཅིག་བསྐོལ་ཏེ། མར་འབའ་ཞིག་ལུས་པ་ནི་མ་ཧཱ་བ་ལའི་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན། ཁྲག་དང༌། མཁྲིས་པ་དང༌། གློ་གཅོང་ཟད་བྱེད་དང༌། གློ་འགྲམས་པ་ལས་རྒྱལ་བར་བྱེད་དོ། །དེ་བཞིན་དུ་སྐོམ་དད་ཆེ་བ་དང༌། མགོ་འཁོར་བ་དང༌། ལུས་ཚ་བ་དང༌། ལུས་ཤ་རྒྱས་ཤིང་ཉམས་སྟོབས་འཕེལ་བའི་མཆོག་ཡིན་ནོ། །གཞན་ཡང་ཚེ་རིང་བར་འགྱུར་བ་དང༌། མདངས་བཟང་བར་འགྱུར་བ་དང༌། མདོག་སྡུག་པར་འགྱུར་བ་དང༌།
གཉེར་མ་དང་སྐྲ་དཀར་འཇོམས་པར་བྱེད་པ་ཡིན་ལ། ཟླ་བ་དྲུག་གི་བར་དུ་བསྟེན་ན། རྒན་པོ་ཡང་གཞོན་ནུར་འགྱུར་རོ། །གོང་དུ་སྨོས་པའི་སྨན་མར་དེ་དག་ནི་ཉམས་སྟོབས་ཆེ་ཞིང་མེ་དྲོད་ཆེ་བ་ལ་གཏང་བ་ཡིན་གྱི། ཉམས་སྟོབས་ཆུང་བ་དང༌། མེ་དྲོད་ཆུང་བ་ལ་ཡང་མ་ཡིན་ཏེ། དེ་ལྟར་དྲོད་ཆུང་བ་ལས་ནི་ཕྱི་ས་སླ་བ་འབྱུང་བ་ཡིན་ཏེ། དེ་ལ་ནི་གཅོང་ཆེན་པོ་གསོ་བའི་ཆོ་ག་རྣམས་བྱའོ། །རྩ་བ་བཅུ་པ་དང༌། སྲན་མ་ཨད་མ་ཀུན་ཏ་དང༌། ཤང་ཀ་པུཥྤ་དང༌། ཟུར་པ་དང༌། བ་ལ་དང༌། ཧསྟི་པི་པི་ལིང་དང༌། ཨ་པ་མར་ག་དང༌། པི་པི་ལིང་གི་རྩ་བ་དང༌། ཀྲུ་ཏྲུག་ཏྲེས་དང༌། ག་བྲའི་རྩ་བ་དང༌། མ་ནུའི་རྩ་བ་དང༌། འདི་རྣམས་སྲང་གཉིས་གཉིས་ཆམ་ཆོམ་བརྡུངས་པ་དང༌། ནས་སྲང་དྲུག་ཅུ་རྩ་བཞི་དང༌། ཨ་རུ་ར་བཟང་པོ་རྡོག་མ་བརྒྱ་དང༌། ཆུ་སྲང་སུམ་བརྒྱ་ཉི་ཤུ་དང། འདི་རྣམས་ལྷན་ཅིག་བསྐོལ་ལ། ནས་ཚོས་པ་དང༌། ཕྱིར་ཕྱུང་ལ་བཙགས་ཏེ། ཨ་རུ་ར་མ་གཏོགས་པ་ཚིགས་མ་བོར་ཏེ། ཨ་རུ་ར་བཙོས་པ་དེ་ཉིད་སྨན་ཁུ་དང༌། བུ་རམ་སྲང་བརྒྱ་དང༌། མར་སྲང་བརྒྱད་དང༌། ཏིལ་མར་སྲང་བརྒྱད་དང༌། པི་པི་ལིང་སྲང་བཞི་དང༌། འདི་རྣམས་བསྐོལ་ཏེ་བསྒྲངས་པའི་ནང་དུ་སྦྲང་རྩི་སྲང་བརྒྱད་བཏབ་པ་ནི། དྲང་སྲོང་རི་བྱིའི་ལྡེ་གུ་ཞེས་བྱ་སྟེ། དེ་ལས་རྟག་ཏུ་ཨ་རུ་ར་རྡོག་མ་གཉིས་གཉིས་དང་བཅས་པའི་ལྡེ་གུ་ཟོས་ན་བཅུད་ཀྱིས་ལེན་དུ་འགྱུར་ཏེ། གཉེར་མ་རངས་པ་དང༌། སྐྲ་དཀར་མེད་ཅིང་མདོག་དང༌། ཆེ་དང༌། སྟོབས་ཀྱང་འཕེལ་བར་བྱེད་དོ། །གཞན་ཡང་ལུད་པ་རྣམ་པ་ལྔ་དང༌། ཟད་བྱེད་ཀྱི་ནད་དང༌། དབུགས་མི་བདེ་བ་དང༌། སྐྱིགས་བུ་དང༌། རིམས་མི་བཟད་པ་དང༌། སྐྲན་དང༌། གཅིན་ནད་དང༌། ཕོ་བའི་ནད་དང༌། གཞང་འབྲུམ་དང༌། སྙིང་ནད་དང༌། ཡི་ག་འཆུས་པ་དང༌། ཆམ་པ་རྣམས་ལ་ཕན་ཏེ། དཔལ་བསྐྱེད་ཅིང་བཅུད་ཀྱིས་ལེན་གྱི་མཆོག་ཏུ་དྲང་སྲོང་ཆེན་པོ་རི་བྱིས་བཤད་པ་ཡིན་ནོ། །རྩ་བ་བཅུ་པ་དང༌། བ་ལ་དང༌། མུར་བ་དང༌། སེར་པོ་རྣམ་གཉིས་དང༌། པི་པི་ལིང་དང༌། ཧསྟི་པི་པི་ལིང་དང༌། པ་ཐ་
དང། ཨ་ཤྭ་གནྡྷ་དང༌། ཨ་པ་མརྒ་དང༌། ཁ་སྲལ་ཕྲེའུ་དང༌། བོང་ང་དཀར་པོ་དང༌། སླེ་ཏྲེས་དང༌། བ་ལ་དང༌། བིལ་བ་དང༌། ཏྲི་བི་ཏ་ཞེས་བྱ་བ་ཤིང་ཉེ་རོང་དང༌། དན་ཏི་དང༌། ཙི་ཏྲ་ཀའི་རྩ་བ་དང༌། ལོ་མར་བཅས་པ་དང༌། པ་ཡས་སྱ་ཞེས་བྱ་བ་ཀྵི་རི་ནི་དང༌། དུག་མོ་ཉུང་དང༌། སྤང་སྤོས་དང༌། བི་ཟ་ཀ་ཞེས་བྱ་བ་ཨ་ས་ནའི་ཤིང་གི་སྙིང་པོ་དང༌། འོ་མར་བཅས་པ་དང༌། བོ་ཏ་སྠ་བི་ར་ཞེས་བྱ་བའི་ཤིང་དང༌། གོ་བྱེ་དང༌། བྱི་དང་ག་དང༌། ཉེའུ་ཤིང་དང༌། བུ་ཏ་ཀ་རཉྫ་དང། ཤ་མྱ་ཀ་ཞེས་བྱ་བ་དོང་ག་དང༌། ཙནྡྲ་མེ་ཁ་དང༌། ས་ཧ་ར་ཙ་ཞེས་བྱ་བ་བ་སྤྲུ་དང༌། ཤི་ཀྲུ་དང༌། ནིམ་པའི་ཤུན་ཕྲགས་དང༌། བུ་རམ་ཤིང་གི་ཁུ་བ་དང༌། འདི་རྣམས་སྲང་རེ་རེ་དང༌། ཨ་རུ་ར་སྟོང་ཆིག་བརྒྱ་དང༌། ནས་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང། སྨན་དེ་རྣམས་ཀྱི་བརྒྱད་འགྱུར་ཆུ་དང་བསྐོལ་བ་གོང་མ་ལྟར་ནས་ཚོས་པ་དང་ཕྱུང་སྟེ། ཁུ་བ་བཙིར་ལ་ཨ་རུ་ར་མ་གཏོགས་པའི་སྙིགས་མ་བོར་ཏེ། ཡང་ཨ་རུ་ར་ཚོས་པ་དེ་དང༌། བུ་རམ་རྙིང་པ་སྲང་བརྒྱ་དང༌། ཏིལ་མར་དང༌། མར་དང༌། སྐྱུ་རུ་རའི་ཁུ་བ་དང༌། འདི་རྣམས་སྲང་སུམ་ཅུ་རྩ་གཉིས་གཉིས་རྣམས་མེ་མི་ཆེ་བ་ལ་ཡང་བསྐོལ་ཏེ། དྲིལ་དུ་བཏུབ་པ་ཙམ་ན་ཕྱུང་སྟེ། བསྒྲངས་ནས་དེའི་ནང་དུ་སྦྲང་རྩི་སྲང་དྲུག་ཅུ་རྩ་བཞི་དང༌། པི་པི་ལིང་སྐམ་པོ་སྲང་བཞི་དང༌། དྲི་སྣ་གསུམ་སྲང་རེ་རེ་ཞིབ་ཏུ་བཏགས་པའི་ཕྱེ་མ་བཏབ་སྟེ། དེ་རྣམས་ལེགས་པར་བསྲེས་ནས་དཀྲུགས་ཏེ། སྣོད་རྫ་མ་རྙིང་པའི་ནང་དུ་བཅུག་ནས་ཟླ་བ་གཅིག་གི་བར་དུ་ནས་ཀྱི་ཕུང་པོའི་ནང་དུ་བཞག་སྟེ། དེ་ནས་གོང་མ་བཞིན་དུ་ཨ་རུ་ར་གཉིས་གཉིས་ལྡེ་གུ་དང་བཅས་པར་ཟོས་ན། དྲང་སྲོང་ཆེན་པོ་གནས་འཇོག་གིས་བཤད་པའི་བཅུད་ཀྱིས་ལེན་གྱི་ལྡེ་གུ་ཞེས་བྱ་སྟེ། གོང་དུ་སྨོས་པའི་ལྡེ་གུ་ཐམས་ཅད་པས་ཁྱད་པར་དུ་ཕན་ཡོན་ལྷག་པ་ཡིན་ནོ། །ནད་མེད་པ་རྣམས་ལ་ཡང་ཆོ་ག་བསྲུང་མི་དགོས་པར་དུས་ཐམས་ཅད་དུ་བསྔགས་སོ། །ལྕེ་མྱང་ཚ་དང༌། བཅའ་སྒ་སྲང་རེ་རེ་དང་ཁ་རུ་ཚ་སྲང་
གཉིས་དང༌། ད་ཏྲིག་དང༌། སེའུ་འབྲུ་དང༌། ཨརྫ་ཀ་ཞེས་བྱ་བ་ཞིམ་ཐིག་ལེ་དང༌། དེ་རྣམས་སྲང་བརྒྱད་བརྒྱད་དང༌། ན་ལེ་ཤམ་དང༌། གོ་སྙོད་ཞོ་རེ་རེ་དང༌། འུ་སུ་ཞོ་གཉིས་དང༌། འདི་རྣམས་ཞིབ་ཏུ་བཏགས་ཏེ་བཟའ་བ་དང༌། བཏུང་བའི་ནང་དུ་བཏབ་སྟེ་ཟོས་ན། ཡི་ག་འཆུས་པ་དང༌། མེ་དྲོད་ཉམས་པ་དང༌། རྩིབ་ལོགས་ན་བ་དང༌། དབུགས་མི་བདེ་བ་དང༌། ལུད་པ་རྣམས་ལ་ཕན་ནོ། །འུ་སུ་ཞོ་གཉིས་དང༌། གོ་སྙོད་དང༌། ལ་ལ་ཕུད་དང༌། བལ་པོ་སེའུ་དང༌། ད་ཏྲིག་དང༌། འདི་རྣམས་སྲང་ཕྱེད་ཕྱེད་དང༌། ཁ་རུ་ཚ་སྲང་གཉིས་དང༌། བཅའ་སྒ་ཞོ་གཉིས་དང༌། ཀ་པིད་ཏ་དང༌། ཨ་རུ་ར་སྲང་ཕྱེད་དང་གསུམ་གསུམ་དང༌། ཤ་ཁ་ར་སྲང་བཅུ་དྲུག་དང་བསྲེས་པའི་ཀ་པི་ད་ཏ་རོ་དྲུག་པའི་ཕྱེ་མ་ཞེས་བྱ་སྟེ། བཟའ་བ་དང་བཏུང་བ་དང་ལྷན་ཅིག་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །གློ་གཅོང་ཟད་བྱེད་ལ་ནི། གཅོང་ཆེན་པོ་གསོ་བའི་ཆོ་ག་ཇི་ལྟར་བཤད་པ་བཞིན་དུ་བྱའོ། །གོང་དུ་བསྟན་པའི་སྨན་གྱི་སྦྱོར་བ་དེ་དག་གིས་གློ་གཅོང་ཟད་བྱེད་ཀྱི་ནད་ཞི་སྟེ། ཉམས་སྟོབས་དང་ལྡན་ཞིང་བད་ཀན་སྐྱེད་པར་གྱུར་ན། དེའི་རྟགས་མགོ་བོ་དང་བྲང་ན་བར་གྱུར་པ་དེ་ལ་ནི་དུད་པ་བརྔུབ་པའི་ཆོ་ག་རྣམས་བྱ་སྟེ། དེ་ཡང་མེད་རྣམ་གཉིས་དང༌། བ་ལ་རྣམ་གཉིས་དང༌། ཤིང་མངར་དང༌། བཙོ་མའི་ཤུན་ཕྲགས་དང༌། འདི་རྣམས་ཆུ་ཐགས་སུ་བྱ་སྟེ། རེང་བུར་བྱས་ནས་བསྐམས་ཏེ་མེ་ལ་བསྲེགས་པའི་དུད་པ་བརྔུབ་པོ། །དེའི་འོག་ཏུ་ཛི་བན་ཏིའི་སྡེ་ཚན་གྱི་སྨན་མར་འུ་ཤ་དང་ལྷན་ཅིག་བཏུང་ངོ༌། །ཡང་ན་ལྡོང་རོས་དང༌། ཤིང་བླག་ཤ་དང༌། ཨ་ཛ་གནྡྷ་དང༌། ཅུ་གང་དང། དོད་གྲ་དང༌། འདི་རྣམས་ཡང་བཙོ་མའི་ཤུན་ཕྲགས་དང་ཆུ་ཐགས་སུ་བྱ་སྟེ། རེང་བུའི་དུད་པ་བརྔུབ་པར་བྱས་ནས་དེའི་འོག་ཏུ་ཤ་ཁ་རའི་ཆུ་འམ། བུ་རམ་ཤིང་གི་ཁུ་བའམ། བུ་རམ་གྱི་ཆུ་གང་ཡང་རུང་བ་བླུད་དོ། །ཡང་ན་ལྡོང་རོས་དང༌། ནྱ་གྲོ་དྷའི་མྱུ་གུ་རློན་
པ་ཆ་སྙོམས་ཏེ་བཏགས་ལ་མར་དང་སྦྱར་ནས་རེང་བུ་བྱས་ཏེ་དུད་པ་བརྔུབ་བོ། །དེའི་འོག་ཏུ་སྲེག་པའི་ཤ་ཁུ་དང་བཟའ་བ་དང་བཏུང་བ་སྦྱར་ལ་སྦྱིན་ནོ། །ཟད་བྱེད་ཀྱི་ལུད་པ་ལ་ནི་ཐོག་མ་ཉམས་སྟོབས་དང་མེ་དྲོད་བསྐྱེད་པར་བྱའོ། །ནད་གཞི་མང་པོ་ལས་སྐྱེད་པར་བྱེད་པ་དང༌། ནད་གཞི་མང་པོ་ལས་གྱུར་པའི་ལུད་པ་ནི། དང་པོ་སྣུམ་ཆོས་བྱ་ཞིང་འཇམ་པའི་བཀྲུ་སྨན་བཏང་སྟེ། དེ་ལ་དོང་ག་དང༌། དུར་བྱིད་དང༌། འདི་གཉིས་རྒུན་ཆུ་དང༌། མར་དང་སྦྱར་བའམ། ཡང་ན་སེང་ཕྲོམ་བསྐོལ་བའི་ཁུ་བ་མར་དང་སྦྱར་བའམ། བི་ད་རིའི་རང་གི་ཁུ་བ་རང་གི་མར་དང་སྦྱར་བའམ། འདི་གསུམ་གང་ཡང་རུང་བ་ལུས་ཟད་བྱེད་དང་ཉམ་ཆུང་བ་དག་པར་བྱ་བའི་ཕྱིར་བཀྲུ་སྨན་དེ་དག་བཤད་དོ། །མཁྲིས་པ་དང༌། བད་ཀན་དང༌། ལུས་ཟུངས་བདུན་ཟད་པ་དང༌། ཟད་བྱེད་ཀྱི་ནད་དང༌། ལུད་པ་ཟད་བྱེད་དེ་ལ་ནི་ཀར་ཀ་ཏ་སྲིང་གི་དང༌། བ་ལ་རྣམ་གཉིས་ཆམ་ཆོམ་བརྡུངས་ཏེ། མར་བཞི་འགྱུར་གྱི་འོ་མ་དང་བསྐོལ་ཏེ་བླུད་དོ། །གཅིན་སྲི་ཞིང་མདོག་སྣ་ཚོགས་སུ་སྣང་བ་ལ་ནི་བི་ད་རི་དང་ཀ་དམ་པ་གཉིས་འོ་མ་དང་མར་དུ་སྦྱར་བའམ། ཡང་ན་ཤིང་ཏ་ལའི་འབྲས་བུ་མར་དང་འོ་མ་དང་སྦྱར་བ་བླུད་དོ། །ཕོ་མཚན་དང༌། རྐུབ་དང༌། ཆུ་སོ་དང༌། བརླ་བྲག་སྐྲང་ཞིང་ནད་དང་བཅས་པ་ལ་ནི་མར་གྱི་སྙིང་ཁུའམ་ཡང་ན་མར་དང༌། ཏིལ་མར་བསྲེས་པ་གང་ཡང་རུང་བའི་འཇམ་རྩི་མས་གཏོང་ངོ༌། །དེའི་འོག་ཏུ་སྲོག་ཆགས་སྐམ་ས་ལ་གནས་པའི་ཤ་དང༌། བྱིའུ་ཅོ་གའི་ཤ་དང༌། སྲོག་ཆགས་ཁུང་ན་གནས་པའི་ཤ་དང༌། ཤ་སར་པ་ཟ་བའི་སྲོག་ཆགས་ཀྱི་ཤ་དང༌། ཤ་ཟའི་སྲོག་ཆགས་ཐམས་ཅད་ཀྱི་ཤ་དང༌། འདི་རྣམས་ཡས་ཀྱི་གོ་རིམས་བཞིན་བཟའོ། །ཐང་ལ་གནས་པའི་སྲོག་ཆགས་དེ་དག་ཐམས་ཅད་ཀྱི་ཤ་ནི་ཤིན་ཏུ་དྲོ་ཞིང་རྩའི་རྒྱུན་དག་པ་ནས་འཇུག་སྟེ། འདིས་ལུས་རྒྱས་ཤིང་འཕེལ་བར་འགྱུར་རོ། །ཞེས་དྲང་སྲོང་ཆེན་པོ་སྒྲ་གྲག་གི་བུས་བཤད་དོ། །དབྱི་མོ་དང་འབྲས་བུ་གསུམ་དང༌། ག་བྲའི་རྩ་བ་དང༌། རྩ་བ་བཅུ་པ་དང༌། ཙི་ཏྲ་ཀ་དང༌། ཀུ་ལ་དྠ་ཞེས་བྱ་བ་རྒྱ་སྲན་དང༌། པི་པི་ལིང་གི་རྩ་བ་དང༌། པ་ཐ་
དང། རྒྱ་ཤུག་སྐྱུར་པོ་དང༌། ནས་དང༌། དེ་རྣམས་ཆམ་ཆོམ་བརྡུངས་ཏེ་ཆུ་དང་བསྐོལ་བའི་ནང་དུ། དོང་གྲ་དང༌། བྱི་ཚེར་བ་དང༌། པི་པི་ལིང་དང༌། ཟུར་པ་དང༌། མ་ནུ་དང༌། ཀར་ཀ་ཏ་སྲིང་གི་དང༌། འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་དང༌། མར་སྲང་གིས་ཆ་སྙོམས་ཏེ་ཚུལ་བཞིན་དུ་བསྐོལ་ལ་མར་འབའ་ཞིག་ལུས་བའི་ནང་དུ། ཡ་བཀྵ་ར་དང༌། སརྫི་ཀའི་ཐལ་བ་དང་ལན་ཚྭ་རྣམ་ལྔ་དང༌། འདི་རྣམས་བཏབ་སྟེ་དེ་ལས་ཅི་རན་པར་འཐུངས་ན། ཟད་བྱེད་དང་ལུད་པས་ཉམ་ཐག་པ་སེལ་ཏོ། །ཀ་ས་མར་ད་དང༌། ཨ་རུ་ར་དང༌། གླ་སྒང་དང༌། པ་ཐ་དང༌། ཀད་པ་ལ་དང༌། དོང་གྲ་དང༌། པི་པི་ལིང་དང༌། པུ་ཙེ་ཤེལ་དང༌། ཏང་པ་ལ་དང་འདི་རྣམས་ཞོ་གཉིས་གཉིས་ཚུལ་བཞིན་དུ་བསྐོལ་བའི་ཁུ་བའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང༌། འོ་མ་དང༌། རྒུན་འབྲུམ་སྲང་དྲུག་ཅུ་རྩ་བཞི་བཞི་དང་བསྐོལ་ཏེ་མར་འབའ་ཞིག་ལུས་པ་ལས་རན་པར་འཐུངས་ན། སྐྲངས་པ་དང༌། རིམས་དང༌། མཆིན་པ་དང༌། ལུད་པ་ཐམས་ཅད་འཕྲོག་ཅིང་ཞི་བར་བྱེད་དོ། །བྲི་ཤ་ཞེས་བྱ་བ་བ་ཤ་ཀ་དང༌། ཀཎྜ་ཀ་རི་དང། སླེ་ཏྲེས་དང་དེ་གསུམ་གྱི་རྩ་བ་དང༌། འབྲས་བུ་དང་མྱུ་གུ་དང༌། ལོ་མ་རྣམས་ཆམ་ཆོམ་བརྡུངས་པའི་ཁུ་བ་དང་མར་དུ་བསྐོལ་ཏེ། མར་འབའ་ཞིག་ལུས་པ་འཐུངས་ན། ལུད་པ་དང་ཡི་ག་འཆུས་པ་རྣམས་སེལ་ཏོ། །ཡང་ན་སེའུ་འབྲུའི་ཁུ་བ་མར་ཅི་ཙམ་པའི་ཉིས་འགྱུར་དུ་བསྐོལ་ཏེ་མར་ལུས་པ་ལས། དེའི་ནང་དུ་ཚ་བ་གསུམ་གྱི་ཕྱེ་མ་བཏབ་སྟེ་བླུད་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་ཡ་བཀྵ་ར་དང་མར་སྦྱར་བ་ཟས་ཟོས་པའི་འོག་ཏུ་བླུད་དོ། །ཡང་ན་པི་པི་ལིང་དང༌། བུ་རམ་དང༌། མར་གྱི་བཞི་འགྱུར་གྱི་རའི་འོ་མ་དང་འཐུངས་ན། ཕན་ཡོན་གོང་མ་དང་མཐུན་ནོ། །སྨན་མར་དེ་དག་གིས་བླུད་ན་ཕན་ཡོན་ནི་མེ་དྲོད་བསྐྱེད་ཅིང་ཟད་བྱེད་ཀྱི་ནད་དང༌། ལུད་པའི་ནད་ཐམས་ཅད་དང༌། བྲང་དང༌། རྒྱུན་སྲང་དང་གྲེ་བར་ནད་གཞིས་ལུད་པ་འགགས་
པ་རྣམས་སྦྱོང་བར་བྱེད་དོ། །ནས་སྲང་སུམ་ཅུ་རྩ་གཉིས་དང༌། ཨ་རུ་ར་རྣམ་པར་རྒྱལ་བ་རྡོག་མ་ཉི་ཤུ་དང༌། ཆུ་དང་ཚུལ་བཞིན་དུ་བསྐོལ་ཏེ་ནས་ཚོས་པ་དང༌། ཨ་རུ་ར་ཕྱིར་ཕྱུང་སྟེ་མཉེས་ལ་གོང་གི་ནས་ཁུའི་ནང་དུ་ཨ་རུ་ར་དེ་ཉིད་དང༌། བུ་རམ་རྙིང་པ་སྲང་དྲུག་དང། ལྡོང་རོས་ཞོ་གཉིས་སྐྱེར་ཁཎྜ་ཞོ་གཉིས་དང་འདི་རྣམས་དང་ལྷན་ཅིག་ཏུ་སྦྱར་ཏེ་ལྡེ་གུ་ཟོས་ན་ལུད་པ་དང་དབུགས་མི་བདེ་བ་སེལ་ཏོ། །སྲོག་ཆགས་སྭ་བི་དྷ་ཞེས་བྱ་བ་ལ་མོད་འདྲ་བའི་སྤུ་ཡོད་དེ། དེ་བསྲེགས་པའི་ཐལ་བ་མར་དང་སྦྲང་རྩི་དང་ཤ་ཁ་རར་སྦྱར་བའམ། རྨ་བྱའི་རྐང་པ་བསྲེགས་པའི་ཐལ་བ་མར་དང་སྦྲང་རྩི་དང་སྦྱར་བའི་འདག་གུ་ཟོས་ན་ལུད་པ་དང་དབུགས་མི་བདེ་བ་སེལ་ཏོ། །ཡང་ན་ཨེ་རཎྜའི་ལོ་མ་བསྲེགས་པའི་ཐལ་བ་དང་ཚ་བ་གསུམ་དང་ཏིལ་མར་དང་བུ་རམ་བཅས་པར་སྦྱར་བའི་འདག་གུའམ། ཡང་ན་ཨེ་རཎྜ་དང༌། བྱིའུ་རུག་པའི་ལོ་མ་བསྲེགས་པའི་ཐལ་བ་དང༌། ཚ་བ་གསུམ་དང༌། ཏིལ་མར་དང༌། བུ་རམ་དང་སྦྱར་བའི་ལྡེ་གུ་ཟོས་ན། ཟད་བྱེད་ཀྱི་ལུད་པ་འཇོམས་སོ། །ཡང་ན་ཚ་བ་གསུམ་གྱི་ཕྱེ་མ་དང༌། བུ་རམ་རྙིང་པ་དང༌། མར་དང་སྦྱར་བའི་ལྡེ་གུ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་ཤུག་པ་དང༌། འབྲས་བུ་གསུམ་དང༌། ཚ་བ་གསུམ་དང༌། བྱི་དང་ག་དང༌། ཐང་ཤིང་གི་འབྲས་བུ་གསུམ་དང༌། བ་ལ་དང༌། ར་སྣ་དང༌། འདི་རྣམས་ཀྱི་ཕྱེ་མ་དང༌། ཕྱེ་མ་སྤྱི་དང་མཉམ་པའི་ཤ་ཁ་ར་དང་སྦྱར་བའམ། ཡང་ན་ཕྱེ་མ་དེ་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཟོས་ན། ལུད་པ་སེལ་བའི་མཆོག་ཡིན་ནོ། །དེ་བཞིན་དུ་ན་ལེ་ཤམ་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་ཨ་རུ་ར་དང༌། བཅའ་སྒ་དང༌། གནྡྷ་ཞེས་བྱ་བ་གླ་སྒང་དང༌། འདི་རྣམས་ཀྱི་ཕྱེ་མ་བུ་རམ་དང་རི་ལུར་བྱས་ཏེ་མུར་ན། ལུད་པའི་ནད་ཐམས་ཅད་དང་དབུགས་མི་བདེ་བའི་ནད་ཐམས་ཅད་ལ་ཕན་ནོ། །ཡང་ན་བ་རུ་ར་གཅིག་པུ་མུར་ན་ཡང་ཕན་ཡོན་གོང་དང་འདྲའོ། །སེང་ཕྲོམ་དང་ཤ་ཁ་ར་བཏགས་པའི་ཕྱེ་མ་མར་
དང་བསྐོལ་བ་དང་བསྲེས་ཏེ་ཐུག་པའི་ནང་དུ་བཏབ་ནས་བཏུད་བའམ། ཡང་ན་ནས་སམ་གྲོ་རྗེན་བཏགས་གྲང་ཟན་ཐབས་སུ་སྦྱར་བའི་ནང་དུ་སྨན་གོང་མ་མར་དང་བཅས་པ་ཟོས་ན། སྐྱུགས་པ་དང༌། སྐོམ་དད་ཆེ་བ་དང༌། ལུད་པ་དང་འཁྲུ་བ་རྣམས་སེལ་ཏ། །ཡང་ན་ཀཎྜ་ཀ་རི་བསྐོལ་བའི་ཁུ་བའི་ནང་དུ་མོན་སྲན་སྡེའུ་དང༌། སྐྱུ་རུ་ར་དང༌། སེའུ་འབྲུ་ལ་སོགས་པའི་སྐྱུར་དང༌། ལེགས་པར་སྦྱར་བའི་ཡུ་ཤ་བྱིན་ན་ལུད་པ་ཐམས་ཅད་ཀྱི་སྨན་དུ་བསྔགས་སོ། །ཡང་ན་རླུང་ལ་ཕན་པའི་སྨན་སྣ་ཚོགས་དང་འོ་མ་དང་སྦྱར་བའམ། ཡང་ན་སྲོག་ཆགས་བི་ཀ་ར་ལ་སོགས་པ་དང༌། པར་གུ་དོ་ཞེས་བྱ་བ་ཤང་ཤང་ཏེའུ་ལ་སོགས་པ་དང༌། བ་ལ་ཞེས་བྱ་བ་ཁུང་ན་གནས་པའི་སྲོག་ཆགས་སྦྲུལ་ལ་སོགས་པ་འདི་རྣམས་ཀྱི་ཤ་ཁུའམ། ཡུ་ཤ་བླུད་ན་ཟད་བྱེད་ཀྱི་ལུད་པ་འཇོམས་སོ། །གློ་གཅོད་ཟད་བྱེད་ཀྱི་ལུད་པ་ལ་ནི་དུད་པ་གཏང་བའི་ཆོ་གའི་སྐབས་སུ་འབྱུང་བའི་བཟའ་བའམ། བཏུང་བར་སྦྱར་བའམ། ཡང་ན་འོག་ནས་གཅོད་ཆེན་པོ་གསོ་བའི་སྐབས་སུ་བསྟན་པའི་བཟའ་བ་དང་བཏུང་བ་ཐམས་ཅད་འདིར་སྦྱར་རོ། །མདོར་ན་ཉམས་སྟོབས་དང༌། མེའི་དྲོད་སྐྱེད་པ་དང༌། རྒྱུན་སྲང་སྦྱོར་བར་བྱེད་པའི་སྨན་ཐམས་ཅད་ནི་ཟད་བྱེད་ཀྱི་ལུད་པ་གསོ་བ། སྟོབས་ཆེ་བ་མཆོག་ཏུ་བསྔགས་སོ། །འདུས་པ་ལས་གྱུར་པའི་ཟད་བྱེད་ཀྱི་ལུད་པ་ནི་ཤིན་ཏུ་མི་བཟད་པ་ཡིན་ཏེ། དེ་ལ་ནི་ཐོག་མར་ཉེས་པ་གང་གི་ཤས་ཆེ་བ་བརྟགས་ནས་སོ་སོ་དང་མཐུན་པའི་སྨན་བསྟན་པར་བྱའོ། །ལུད་པ་གསོ་བའི་ལེའུ་གསུམ་པ་རྫོགས་སོ།། །།དེ་ནས་སྐྱིགས་བུ་དང་དབུགས་མི་བདེ་བ་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་གཞི་གཅིག་ཏུ་བསྟན་པས་གསོ་བའི་དཔྱད་ཀྱང་འདྲ་སྟེ་གཅིག་ཏུ་བསྟན་པ་ཡིན་ནོ། །ཐོག་མར་སྐྱིགས་བུ་དང་དབུགས་མི་བདེ་བ་འབྱུང་བའི་རྒྱུ་ནི་རྩའི་རྒྱུན་སྲང་རྣམས་སུ་བད་ཀན་རྒྱུ་བ་རླུང་གིས་བསྒོངས་ཤིང་འགགས་པ་ལས་སྐྱིགས་བུ་འབྱུང་སྟེ། དེ་
ལ་ནི་ཐོག་མ་སྣུམ་པའི་སྨན་དང༌། ལན་ཚྭ་དང་ཏིལ་མར་དུ་བཅས་པའི་སྣུམ་དུགས་ལེགས་པར་བྱས་ནས་བད་ཀན་འགགས་པ་དེ་ཞུ་ཞིང་སློན་བྱ་སྟེ། ཕྱིར་ཁོང་པའི་ནང་དུ་ལོག་ནས་ཁ་ལ་སོགས་པ་ལ་ཕྱིར་ཕྱུང་སྟེ། དེ་འབྱུང་བ་དང་རླུང་ལེགས་པར་རྒྱུ་ཞིང་དབུགས་ཀྱང་ཚུལ་བཞིན་དུ་འབྱུང་ངོ༌། །དེ་ལྟར་དུགས་བྱས་པའི་འོག་ཏུ་སྣུམ་དང་སྲོག་ཆགས་ཐང་ལ་གནས་པའི་ཤ་དང་བཅས་པའི་བཟའ་བ་སྦྱིན་ནོ། །ཡང་ན་སྣུམ་མ་འབྱོར་ན་ཞོའི་སྦྲིས་མ་དང་བཅས་པ་སྦྱིན་ནོ། །དེའི་འོག་ཏུ་སྐྱིགས་བུ་དང༌། དབུགས་མི་བདེ་བའི་ནད་པ་ལ་སྐྱུག་སྨན་འཇམ་པོ་བཏང་སྟེ། ཁྱད་པར་དུ་ལུད་པ་དང༌། སྙིང་ནད་དང་བྲང་ལ་ཕན་པའི་སྨན་བཏང་ན་བཟང་ངོ༌། །དེ་ཡང་པི་པི་ལིང་དང༌། ལྕེ་མྱང་ཚ་དང༌། སྦྲང་རྩི་དང་སྦྱར་བ་ཟོས་ན་སྐྱུགས་པར་འགྱུར་ཏེ། རླུང་ལ་ཕན་པའི་སྨན་རྣམས་ཀྱང་དེ་ལྟར་སྦྱར་རོ། །དེ་ལྟར་བད་ཀན་རླུང་གིས་འཁྲུགས་པ་དེ་སྨན་གྱིས་ཕྱིར་ཕྱུང་ན་ནད་མེད་ཅིང་བདེ་བ་ཐོབ་པོ། །དེ་བས་ན་སྐྱུག་སྨན་གྱིས་སློན་ཏེ། བད་ཀན་ཕྱུང་ན་རྒྱུན་སྲང་དག་སྟེ་དབུགས་ལེགས་པར་འབྱུང་བར་འགྱུར་རོ། །དབུགས་མི་བདེ་ཞིང་རྟུག་པ་འགགས་ཏེ། མི་དྲན་པ་ལྟར་བྱེད་ན་དེ་ནི་མུན་འཐིབས་ཞེས་བྱ་བའི་སྐྱིགས་བུ་དང་དབུགས་མི་བདེ་བའི་ནད་ཡིན་ཏེ། དེ་ལ་ནི་མ་དུ་ལུང་ག་དང༌། སྟར་བུ་དང༌། ཤིང་ཀུན་དང༌། བི་ལུ་དང༌། བི་ད་ཁ་རུ་ཚ་དང་བཅས་པའི་ཟས་བྱིན་ན། དབུགས་ཚུལ་བཞིན་དུ་འབྱུང་ངོ༌། །ཡང་ན་མ་དུ་ལུང་ག་ལ་སོགས་པའི་ཤིང་ཏོག་སྐྱུར་བ་རྣམས་དང༌། རྒྱམ་ཚ་དང་སྦྱར་བའི་བཀྲུ་སྨན་དྲོ་འཇམ་ཙམ་བཏང་སྟེ། དེ་ལྟར་བད་ཀན་བསྒོངས་པ་ལས་རླུང་འཁྲུགས་ཏེ། སྐྱིགས་བུ་དང་དབུགས་མི་བདེ་བ་འབྱུང་བ་གང་ཡིན་པ་སློན་ཁྲུས་གཉིས་ཀྱིས་རྒྱུན་སྲད་དག་པར་བྱ་སྟེ། ཇི་ལྟ་ཞེ་ན། དཔེར་ན་ཆུའི་རྒྱུན་བབ་པ་ལ་ཆུ་ལོན་གྱིས་བཀག་ན་ཆུ་ལམ་གཞན་ནས་འགྲོ་བ་དང་འདྲ་བར། རླུང་རྒྱུ་བ་བད་ཀན་གྱིས་བཀག་པ་ཡང་དེ་དང་འདྲ་བས་སློན་ཁྲུས་གཉིས་ཀྱི་གོང་འོག་ཏུ་དག་པར་བྱ་བ་གཅེས་སོ། །ཆོ་ག་དེ་ལྟར་བྱས་ཀྱང་མ་ཞི་སྟེ། ནང་དུ་
ཅུང་ཞིག་ལུས་པ་ལྟར་ན་དུད་པ་བརྔུབ་པའི་ཆོ་གས་ཞི་བར་བྱ་སྟེ། དེ་ཡང་ཡུང་པ་དང༌། ཨེ་རཎྜའི་ལོ་མ་དང༌། རྩ་བ་དང༌། རྒྱ་སྐྱེགས་དང༌། ལྡོང་རོས་དང༌། ཐང་ཤིང་དང༌། བ་བླ་བ་དད། སྤང་སྤོས་དང༌། འདི་རྣམས་ཞིབ་ཏུ་བཏགས་པ་མར་དང་སྦྱར་བའི་རེང་བུ་བསྲེགས་པའི་དུད་པ་བརྔུབ་པའམ། ཡང་ན་ནས་ཞིབ་ཏུ་བཏགས་པ་མར་དང་སྦྱར་བའི་རེང་བུ་བསྲེགས་པའི་དུད་པ་བརྔུབ་པའམ། ཡང་ན་སྤྲ་ཚིལ་དང༌། སྲ་རྩི་བོག་དང༌། མར་དང་སྦྱར་བའི་རེང་བུའི་དུད་པ་བརྔུབ་པའམ། ཡང་ན་ཨ་ཀ་རུ་དང༌། མར་དང་སྦྱར་བའི་དུད་པ་བརྔུབ་པའམ། ཙནྡན་བསྲེགས་པའི་དུད་པ་བརྔུབ་པའམ། ཡང་ན་གླང་གི་རྭ་དང༌། བ་ལ་དང༌། ར་སྣ་དང༌། འདི་གསུམ་གྱི་དུད་པ་བརྔུབ་པའམ། ཡང་ན་སྲོག་ཆགས་རི་ཤི་དང༌། གོ་དྷ་དང༌། ཀུ་རང་ག་རི་དགས་དང༌། འདི་རྣམས་གང་ཡང་རུང་བའི་པགས་པ་དང༌། རྨིག་པ་དང༌། རྭའི་དུད་པ་དང༌། ཡང་ན་གུ་གུལ་ལམ། ལྡོང་རོས་སམ། ཤིང་ཐ་ལའི་ཐང་ཆུ་དེ་རྣམས་གང་ཡང་རུང་བའི་དུད་པ་བརྔུབ་པའམ། ཡང་ན་སྲ་རྩི་པོག་དང༌། ཨ་ཀ་རུ་དང༌། ཤུག་པ་དང༌། དེ་རྣམས་མར་དང་སྦྱར་བའི་དུད་པ་བརྔུབ་པོ། །དེ་ལ་གོང་དུ་དུགས་ཞེས་སྨོས་པ་ཡང་དུགས་བྱར་མི་ནུས་པའི་གནས་སུ་ནི་དུགས་སྤང་བ་ཡིན་ལ། བྱར་རུང་བའི་གནས་སུ་ནི་ངེས་པར་དུགས་བྱ་སྟེ། དེ་གང་ཞེ་ན། ཁར་དཀར་པོ་དང༌། འོ་མ་དྲོ་འཇམ་ཙམ་དང་སྨན་སྣུམ་བག་ཅན་བཏགས་པའི་ཕྱེ་མ་དང་བསྲེས་པས་བླུགས་པའི་དུགས་བྱའོ། །གཞན་ཡང་བླུགས་པའི་དུགས་དང༌། གླན་པའི་དུགས་ཀྱི་སྐབས་སུ་བསྟན་པའི་སྨན་རྣམས་ཀྱང་འདིར་སྦྱར་རོ། །གློ་གཅོང་ཟད་བྱེད་དང༌། མགྲིན་པ་ཟད་བྱེད་ལ་ཡང་ཆོ་ག་འདི་ལྟར་སྦྱར་རོ། །སྐྱིགས་བུ་དང་དབུགས་མི་བདེ་བ་མ་ཞུ་བ་དང་བཅས་པ་ལ་ནི་མ་ཞུ་བའི་ཆོ་ག་སྨྱུང་བ་ལ་སོགས་པ་བྱའོ། །ཇི་སྟེ་དུགས་དང་སྐྱུག་སྨན་དང་བཀྲུ་སྨན་ལ་སོགས་པ་དྲགས་ཏེ། རླུང་ཆེར་འཁྲུགས་པ་མཐོང་ན་དེ་ལ་ནི་རླུང་འཇོམས་པའི་སྨན་སྣ་ཚོགས་དང༌། སྣུམ་དང་བཅུད་ཀྱིས་
ལེན་ལ་སོགས་པ་དྲོ་འཇམ་ཙམ་དུ་སྦྱར་ལ། དེ་ལས་བཟའ་བ་དང་བཏུད་བ་དང༌། བསྐུ་བ་ལ་སོགས་པ་བྱས་ན་ཞི་བར་བྱེད་དོ། །ཇི་སྟེ་བད་ཀན་ཟད་དམ་དུགས་བྱར་མི་རུང་བའི་གནས་སུ་དུགས་བྱས་སམ། ཉམ་ཆུང་བ་ལ་སློན་ཁྲུས་བྱས་ན། རླུང་རྣམས་འཁྲུགས་ཤིང་གནད་རྣམས་སྐམ་པ་དང༌། མྱུར་དུ་སྲོག་འཕྲོག་པར་བྱེད་དོ། །དེ་ལ་ནི་རླུང་འཇོམས་པའི་སྨན་གྱི་ཁུ་བ་དང༌། སྣུམ་དང་ལྡེ་གུ་ལ་སོགས་པ་སྦྱར་ན། སྐྱིགས་བུ་དང་དབུགས་མི་བདེ་བ་ཞི་བར་འགྱུར་རོ། །ཁམས་ཟད་ཅིང་ལུས་སྐེམ་པ་དང༌། ཚད་པས་འཁྲུ་བ་དང། མཁྲིས་པ་དང༌། ཚ་བ་འདི་རྣམས་དང་ལྷན་ཅིག་ཏུ་སྐྱིབས་བུ་དང་དབུགས་མི་བདེ་བ་དང་འདྲེས་པར་གྱུར་པ་ལ་ནི་སྨན་མངར་བའི་བག་དང༌། སྣུམ་པ་དང༌། བསིལ་བ་ལ་སོགས་པས་གསོ་བར་བྱའོ། །སྲོག་ཆགས་ཐང་ལ་གནས་པའི་ཤ་དང་རྒྱ་སྲན་དང༌། རྩ་བ་བཅུ་པ་འདི་རྣམས་ལྷན་ཅིག་བསྐོལ་བའི་ཁུ་བ་བླུད་ན། སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་ཏོ། །ཡང་ན་ན་ལེ་ཤམ་དཀར་པོ་དང༌། བར་ད་ཀ་དང༌། ཀ་སག་ན་དང༌། བ་ཤ་ཀ་དང༌། ལ་ཕུག་སྐམ་པོ་དང༌། འདི་རྣམས་བསྐོལ་བའི་ཁུ་བ་བྱིན་ན་ཡང་སེལ་ཏོ། །ཡང་ན་ནིམ་པའི་ལོ་མ་དང༌། ཀུ་ལ་ཀ་དང༌། བྲི་ཧི་ཏ་དང༌། ཁ་ལུང་དང་འདི་རྣམས་ཡུ་ཤར་སྦྱར་བ་བླུད་པའམ། ཡང་ན་ཀཎྜ་ཀ་རི་དང༌། བྱི་ཚེར་བ་དང༌། བིལ་བའི་རྐང་དང༌། ཀར་ཀ་ཏ་སྲིང་གི་དང༌། གཟེ་མ་དང༌། སླེ་ཏྲེས་དང༌། ཙི་ཏྲ་ཀ་དང༌། རྒྱ་སྲན་དང་འདི་རྣམས་ཆུ་དང་ལྷན་ཅིག་བསྐོལ་བའམ། བཏུང་བའམ། ཡང་ན་ར་སྣ་དང༌། རྩ་བ་ཆུང་དུ་ལྔ་དང༌། མོན་སྲན་སྡེའུ་དང༌། ཙི་ཏྲ་ཀ་དང༌། འདི་རྣམས་བསྐོལ་བའི་ཁུ་བ་ཡུ་ཤ་བླུད་པའམ། སྦྱོར་བ་དེ་རྣམས་ལས་གང་ཡང་རུང་བ་བླུད་ན་སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་ཏོ། །ཀྲུ་ཏྲུག་ཏྲེས་དང༌། གོ་སྙོད་དང༌། ཀར་ཀ་ཏ་སྲིང་གི་དང༌། ཁ་རུ་ཚ་དང༌། དེ་རྣམས་ལས་གཞི་བླངས་པའི་ཐུག་པ་སྦྱིན་ནོ། །ཡང་ན་རྩ་བ་བཅུ་པ་དང་སྦྱར་བའི་ཐུག་པ་བླུད་ན། ལུད་པ་དང་སྐྱིགས་བུ་དང་དབུགས་མི་
བདེ་བ་རྣམས་ལ་ཕན་ནོ། །རྩ་བ་བཅུ་པ་དང༌། ར་སྣ་དང༌། ཟུར་པ་དང༌། ག་བྲའི་རྩ་བ་དང༌། བིལ་བ་རྣམ་གཉིས་ཀྱི་རྐང་དང༌། པུཥྐར་མཱུ་ལ་དང༌། ཀར་ཀཏ་སྲིང་གི་དང༌། པི་པི་ལིང་དང༌། ལྕ་བའི་རྩ་བ་དང༌། སླེ་ཏྲེས་དང༌། བཅའ་སྒ་དང༌། དེ་རྣམས་བསྐོལ་བའི་ཁུ་བ་བླུད་ལ། དེ་ཞུ་བའི་ཚོད་ཙམ་ན་དེ་རྣམས་ལས་གཞི་བླངས་པའི་ཐུག་པ་སྦྱིན་ནོ། །འབྲས་དྲུག་ཅུ་པ་དང༌། གྲོ་དང་ནས་དང་མོན་སྲན་སྡེའུ་དང༌། རྒྱ་སྲན་ཀུ་ལངྠ་དང༌། དེ་རྣམས་གཡོས་སུ་བྱས་པའི་བཟའ་བ་དང་བཏུང་བ་བྱིན་ན་ལུད་པ་དང༌། རོ་སྟོར་རྫིངས་པ་དང༌། རྩིབ་ལོགས་སུ་ཟུག་པ་དང༌། སྐྱིགས་བུ་དང༌། དབུགས་མི་བདེ་བ་རྣམས་ཞི་བར་བྱེད་དོ། །ཡང་ན་ཨརྐའི་མྱུ་གུ་སྐམ་པོ་བཏགས་ཏེ་འོ་མ་དང་སྦྲུས་ལ་དེ་ནས་སྐམས་ནས་ཡང་འོ་མས་སྦྲུ་ཞིང་བསྐམས་པ་ལན་མང་དུ་བྱས་ལ། ཐ་མར་སྦྲང་རྩི་དང་སྦྱར་བ་བཟའ་བའམ། ཡང་ན་རྩ་བ་བཅུ་པ་བསྐོལ་ཏེ་ཁུ་བ་ནས་ཕྱེ་དང་སྦྱར་བའི་ལྡེ་གུ་བཏུང་ངོ། །ཡང་ན་ཡ་བཀྵ་ར་དང༌། རྩི་བོ་ཆེ་དང༌། ཁ་རུ་ཚ་དང༌། སེའུ་འབྲུ་དང༌། འདི་རྣམས་མར་དང་སྦྱར་ལ་བཟའ་བ་གཏང་བ་འམ། ཡང་ན་མ་ནུ་དང༌། ཟུར་པ་དང༌། ཚ་བ་གསུམ་དང༌། ཁ་ལུང་དང༌། སྟར་བུ་དང་བཅས་པའི་བཟའ་བ་སྦྱིན་པར་བྱའོ། །གཞན་ཡང་སྐོམ་དུ་རྩ་བ་བཅུ་པ་བསྐོལ་བ་འམ། ཡང་ན་ཐང་ཤིང་བསྐོལ་བའི་ཁུ་བའམ། ཡང་ན་ཆང་གི་ཉིང་ཁུ་གང་ཡང་རུང་བ་བླུད་ན། སྐྱིགས་བུ་དང༌། དབུགས་མི་བདེ་བ་སེལ་ཏོ། །ཡང་ན་པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་དང༌། ཨ་རུ་ར་དང༌། བྱི་དང་ག་དང༌། ཀྲུ་ཏྲུག་ཏྲེས་རྣམས་ཞིབ་ཏུ་བཏགས་པའི་ལྡེ་གུ་ཕྲུ་བ་སྣུམ་ཅན་གྱི་ནང་དུ་བསྐུས་ལ། བཅུད་རད་པར་གྱུར་པ་དང༌། དར་བ་ཆུས་མ་རེག་པའི་ནང་དུ་བསྐུས་ལ། ཟླ་གཅིག་གི་བར་དུ་བཞག་པ་ལས་རན་པར་འཐུངས་ན། མེ་དྲོད་སྐྱེད་པ་དང༌། ལུད་པ་དང། དབུགས་མི་བདེ་བ་ལས་ངེས་པར་རྒྱལ་ལོ། །ཡང་ན་པ་ཐ་དང༌། མུར་པ་དང༌། ཐང་ཤིང་གི་འབྲས་བུ་དང༌། ས་ར་ཀོ་ཉོན་ཙེ་དང༌། འདི་རྣམས་ཞིབ་ཏུ་བཏགས་ནས་ཆང་གི་ཉིང་ཁུའི་ནང་དུ་བཏབ་སྟེ། ལན་ཚྭ་དང་བཅས་པ་ནུབ་གཅིག་བཞག་ལ། ཞག་
རེར་ཁྱོར་རེ་བླུད་ན་དབུགས་མི་བདེ་བ་དང་སྐྱིགས་བུ་སེལ་ཏོ། །ཡང་ན་ག་བྲའི་རྩ་བ་དང༌། བཅའ་སྒ་དང༌། འདི་གཉིས་བཏགས་པའི་ཕྱེ་མ་ཆུ་དྲོ་འཇམ་ཙམ་བཏུང་བའམ། ཡང་ན་ཡ་བཀྵ་ར་དང༌། ན་ལེ་ཤམ་གྱི་ཕྱེ་མ་ཆུ་དྲོན་དང་གཏང་ངོ༌། །ཡང་ན་བཱི་ཤུ་པ་བསྐོལ་བའི་ཁུ་བའི་ནང་དུ་བཱི་ཤུ་བ་དེ་དང་མཉམ་བ་བཏགས་པའི་ཕྱེ་མ་དང་སྐྱོ་མར་བྱས་ཏེ་བླུད་དོ། །ཡང་ན་སཔྟ་པརྞིའི་ཁུ་བའི་ནང་དུ་པི་པི་ལིང་དང་སྦྲང་རྩི་དང་ལྡན་པར་བྱས་ཏེ་བཏུང་བའམ། ཡང་ན་ཤྲི་ཤའི་མེ་ཏོག་སྦྲང་རྩི་དང་ལྡན་པར་བྱས་ཏེ་བླུད་ན། མཁྲིས་པ་དང་བད་ཀན་ལས་གྱུར་པའི་སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་ཏོ། །ཅུ་གང་དང་པི་པི་ལིང་དང་འབྲས་ཀྱི་བྱེ་བྲག་མ་དུ་ཞེས་བྱ་བ་དང༌། དོང་གྲ་དང་འདི་རྣམས་བཏགས་པའི་ཕྱེ་མ་མར་དང་སྦྱར་པ་གླན་པའི་དུགས་ཟན་ཐབས་སུ་བྱས་ཏེ་ཟོས་ན། དེས་སྐྱིགས་བུ་དང་དབུགས་མི་བདེ་བ་དང༌། མཁྲིས་པ་དང་ལྡན་པ་རྣམས་ལ་ཕན་ནོ། །སྐྱིགས་བུ་དང་དབུགས་མི་བདེ་བ་རླུང་དང་ལྡན་པ་ལ་ནི་ཤྭ་བི་ཙེ་ཞེས་བྱ་བའི་ཤ་དང༌། རི་བོང་གི་ཤ་དང༌། པི་པི་ལིང་དང༌། མར་དང༌། རི་དགས་ཤལ་ལྱ་ཀ་ཞེས་བྱ་བའི་ཁྲག་དང༌། འདི་རྣམས་གོང་མ་ལྟར་བྱས་ལ་ཟོས་ན་ཕན་ནོ། །ཡང་ན་ལྕམ་པའི་ཁུ་བ་དང༌། ཚ་བ་གསུམ་དང༌། མར་དང་སྦྱར་བའི་འབྲས་ཆན་ཟོས་ལ། སྐོམ་དུ་འོ་མ་འཐུངས་ན། རླུང་དང་མཁྲིས་པ་དང་བཅས་པའི་སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་བར་བྱེད་དོ། །ཡང་ན་རའི་འོ་མ་བཞི་འགྱུར་གྱི་ཆུ་དང་བསྐོལ་ལ། འོ་མ་ལུས་པ་དང༌། བུ་རམ་དང༌། དོང་གྲའི་ཕྱེ་མ་བཏབ་པ་བཏུང་ངོ༌། །པི་པི་ལིང་མཱུ་ལ་དང༌། ཤིང་མངར་དང༌། བུ་རམ་དང༌། འདི་རྣམས་ཀྱི་ཕྱེ་མ་གླང་དང༌། རྟ་རྟུག་གཉིས་བཙིར་བའི་ཁུ་བ་དང༌། མར་དང་སྦྲང་རྩི་དང་ལྷན་ཅིག་ཟོས་ན་སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་ཏོ། །ཡང་ན་རྟ་དང༌། གླང་པོ་ཆེ་དང༌། གླང་དང༌། ཕག་དང༌། རྔ་མོ་དང༌། བོང་བུ་དང༌། ལུག་དང༌། ར་དང༌། འདི་རྣམས་གང་ཡང་རུང་བའི་རྟུག་པ་བཙིར་བའི་ཁུ་བ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱ་སྟེ། དེ་ལས་རན་པར་ཟོས་ན་བད་ཀན་
ཤས་ཆེ་བའི་སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་ཏོ། །ཡང་ན་སྲོག་ཆགས་རྐང་བཞི་པའི་པགས་པ་དང༌། རུས་པ་དང༌། སྤུ་དང༌། རྨིག་པ་དང༌། རྭ་དང༌། དེ་ལས་བྱུང་བ་དང༌། སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བཟའ་བའམ། ཡང་ན་ཨ་ཤྭ་གནྡྷ་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཟོས་ན། བད་ཀན་ཤས་ཆེ་བའི་དབུགས་མི་བདེ་བ་སེལ་ཏོ། །ཡང་ན་ཟུར་པ་དང༌། པུཥྐར་མཱུ་ལ་དང་སྐྱུ་རུ་ར་དང་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བའམ། ཡང་ན་མ་ནུ་དང༌། པི་པི་ལིང་དང༌། སྦྲང་རྩིར་སྦྱར་བའི་ལྡེ་གུ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་བཙག་ཡུག་སྣམ་དང༌། དངུལ་རྡོ་དང༌། པི་པི་ལིང་དང༌། འདི་རྣམས་སྦྲང་རྩི་དང་སྦྱར་བའམ། ཡང་ན་ཀ་པིད་ཐའི་ཁུ་བ་སྦྲང་རྩི་དང་སྦྱར་བའམ། ཡང་ན་ཀ་པིད་ཐ་བསྐོལ་བའི་ཁུ་བའི་ནང་དུ་སྐྱུ་རུ་ར་དང༌། པི་པི་ལིང་དང༌། རྒྱམ་ཚའི་ཕྱེ་མ་བཏབ་པའི་ལྡེ་གུ་བྱས་པའམ། ཡང་ན་ཨ་རུ་ར་བཏགས་པའི་ཕྱེ་མ་དང་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུའམ། ཡང་ན་ན་ལེ་ཤམ་དང༌། བྱི་དང་ག་དང༌། པི་པི་ལིང་བཏགས་པའི་ཕྱེ་མ་མར་དང་སྦྲང་རྩི་སྦྱར་བའི་ལྡེ་གུའམ། ཡང་ན་རྒྱ་ཤུག་དང༌། འབྲས་ཡོས་དང༌། རྒུན་འབྲུམ་དང༌། པི་པི་ལིང་དང༌། དོང་གྲ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་མར་དང་སྦྲང་རྩི་སྦྱར་བའི་ལྡེ་གུའམ། ཡང་ན་ཡུང་བ་དང༌། པི་པི་ལིང་དང༌། ར་སྣ་དང༌། ན་ལེ་ཤམ་བཏགས་པའི་ཕྱེ་མ་དང༌། བུ་རམ་དང་ཏིལ་མར་དང་སྦྱར་བའི་ལྡེ་གུའམ། སྨན་གྱི་སྦྱོར་བ་དེ་དག་ལས་ནད་གཞི་ལེགས་པར་བརྟགས་ཏེ། སོ་སོ་དང་མཐུན་པའི་ཁུ་བ་དང༌། ཆུ་དྲོན་དང༌། ཆང་དང༌། དར་བ་དང༌། ཞོ་ག་ཆུ་དང༌། རྩབ་མོ་ལ་སོགས་པ་གང་དང་མཐུན་པའི་ནང་དུ་མཉེས་ཏེ་བཏང་ན། བད་ཀན་ཤས་ཆེ་བའི་སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་ཏོ། །ཛི་བན་ཏི་དང༌། གླ་སྒང་དང༌། བྱེའུ་རུག་པ་དང༌། དྭ་ཚ་དང༌། སུག་སྨེལ་རྣམ་གཉིས་དང༌། ཙནྟྲ་དང༌། ཏམ་ལ་ཀི་དང༌། ཨ་ཀ་རུ་དང༌། ག་བྲའི་རྩ་བ་དང༌། དོང་
གྲ་དང། བ་ལ་ཀ་དང༌། ཀ་ར་ཀ་ཏ་སྲིང་གི་དང༌། ཟུར་པ་དང༌། པི་པི་ལིང་དང༌། ནཱ་ག་གེ་སར་དང༌། ཙ་རོང་དང༌། དེ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མའི་ཉིས་འགྱུར་གྱི་ཤ་ཁ་ར་དང༌། བཟའ་བ་དང་བཏུང་བའི་ནང་དུ་བཏབ་སྟེ་ཅི་འདོད་པ་ཟོས་ན་རྩིབ་ལོགས་ན་བ་དང༌། རིམས་ན་བ་དང༌། ལུད་པ་དང༌། སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་བའི་མཆོག་ཡིན་ནོ། །དོང་གྲ་དང་བུ་རམ་ཆ་སྙོམས་པ་བཟའ་བའམ། ཡང་ན་སྣ་སྨན་དུ་བཏང་བའམ། ཡང་ན་སྒོག་སྐྱ་དང༌། ཀུན་དོང་དང༌། གྲིན་ཛ་ན་ཞེས་བྱ་བ་སྒོག་པའི་རིགས་དང༌། དེ་དག་གི་རྩ་བ་ཆུ་དང་བསྐོལ་ཏེ་སྣར་བླུགས་བའམ། ཡང་ན་ཙནྡན་བདར་བ་སྣར་བླུགས་པའམ། ཡང་ན་སྦྲང་མའི་རྟུག་པ་བུད་མེད་ཀྱི་ནུ་ཞོ་དང་སྦྱར་བའམ། ཡང་ན་ལེ་བརྒན་རྩི་དང༌། སྦྲང་མའི་རྟུག་པ་སྦྱར་བ་སྣར་བླུགས་སོ། །ཡང་ན་མར་གྱི་སྙིང་ཁུ་དང་རྒྱམ་ཚས་བཏབ་པའམ། འོ་མ་དང༌། མར་བསྐོལ་ནས་མར་ལུས་པ་དང་དེས་སྣར་བླུགས་པར་བྱའོ། །སྨན་མངར་བ་རྣམས་ཆམ་ཆོམ་བརྡུངས་ཏེ་བསྐོལ་བའི་ཁུ་བ་བཏུང་བའམ། ཡང་ན་སྣར་བླུགས་སོ། །སྦྲང་རྩི་དང་ཁ་ར་དཀར་པོ་སྦྱར་ན། དང་པོ་ཐིགས་པ་གྲང་མོ་བླུགས་ལ། དེ་ནས་དྲོན་མོ་བླུགས་ཏེ། དེ་བཞིན་དུ་རེས་ཀྱིས་སྣར་བླུགས་པར་བྱའོ། །རྩ་བ་བཅུ་པ་ཚུལ་བཞིན་དུ་བསྐོལ་བའི་ཁུ་བ་འོ་མ་དང་བསྐོལ་ཏེ་མར་ལུས་པ་དང༌། དེས་གོང་མ་བཞིན་དུ་དྲོ་བ་དང་གྲང་བ་རེས་མོས་ཀྱིས་སྣར་བླུགས་སོ། །པི་པི་ལིང་དང༌། ཁ་རུ་ཚ་དང༌། ཡ་བཀྵ་ར་དང༌། གུ་རུ་ཚེ་དང༌། ཤིང་ཀུན་དང༌། ཙོ་ར་ཀ་དང༌། བྱིའུ་རུག་པ་དང༌། འདི་རྣམས་མར་དང༌། ཞོ་ག་ཆུ་དང༌། རྩ་བ་བཅུ་བསྐོལ་བའི་ཁུ་བ་དང་བསྲེས་ཏེ་ཡང་བསྐོལ་ནས། མར་ལུས་པ་དང༌། དེ་ལས་རན་པར་འཐུངས་ན། སྐྱིགས་བུ་དང་དབུགས་མི་བདེ་བ་སེལ་ཏོ། །ཡང་ན་འཚོ་བྱེད་སྣ་བཅུ་ཆམ་ཆོམ་བརྡུངས་ཏེ། མར་དང་ཚུལ་བཞིན་དུ་བསྐོལ་ལ། མར་འབའ་ཞིག་ལུས་པའི་ནང་དུ་སྦྲང་རྩིས་བསྲེས་པའི་ལྡེ་གུ་འཐུངས་ན་ཕན་ནོ། །ཏེ་ཛོ་བ་ཏི་དང༌། ཨ་རུ་ར་དང༌། རུ་རྟ་དང༌། པི་པི་ལིང་
དང། པུ་ཙེ་ཤེལ་དང༌། བྷུ་ཏི་ཀ་དང༌། མ་ནུའི་རྩ་བ་དང༌། པ་ལ་ཤ་དང༌། ཙི་ཏྲ་ཀ་དང༌། ཟུར་པ་དང༌། ལན་ཚྭ་རྣམ་གཉིས་དང༌། ཏ་མ་ལི་ཀ་དང༌། ཛི་བན་ཏི་དང༌། བིལ་བའི་སྙིང་པོ་དང༌། ཤུ་དག་དང༌། བལ་བུའི་ལོ་མ་དང༌། འདི་རྣམས་ཞོ་གཉིས་གཉིས་དང༌། ཤིང་ཀུན་ཞོ་ཕྱེད་དང༌། འདི་རྣམས་མར་སྲང་སུམ་ཅུ་རྩ་གཉིས་དང་བསྐོལ་ཏེ་མར་འབའ་ཞིག་ལུས་པར་འཐུངས་ན། རྐང་ལག་ཏུ་རླུང་ཞེན་པ་དང༌། གཞང་འབྲུམ་དང༌། ཕོ་བའི་ནད་དང༌། སྐྱིགས་བུ་དང༌། སྙིང་དང༌། རྩིབ་ལོགས་སུ་ཟུག་པ་རྣམས་མྱུར་དུ་ཞི་བར་བྱེད་དོ། །ཡང་ན་ཡ་བཀྵ་ར་དང༌། ལན་ཚྭ་དང༌། ལན་ཚྭའི་ཉིས་འགྱུར་གྱི་མར་དང་བསྲེས་པ་འཐུངས་ན་ཕན་ནོ། །དྲང་སྲོང་ཆེན་པོ་ཐང་ལ་འབར་གྱིས་གཅིན་ནད་ཀྱི་སྐབས་སུ་བཤད་པའི་སྨན་མར་དང༌། བ་ཤ་ཀའི་མར་ཁྲག་མཁྲིས་གསོ་བའི་ལེའུའི་ནང་ནས་འབྱུང་བ་དང༌། དྲ་དྷི་ཀ་ཞེས་བྱ་བ་དང༌། ཧ་པུ་ཤ་ཞེས་བྱ་བ་སྤ་མའི་འབྲས་བུའི་སྨན་མར་སྐྲན་གསོ་བའི་ལེའུ་ལས་བཤད་པ་དང༌། སྨན་མར་དེ་རྣམས་ཀྱང་ལུད་པ་དང་སྐྱིགས་བུའི་ནད་ལ་སྦྱར་རོ། །དབུགས་མི་བདེ་བའི་ནད་རྔམ་པ་དྲག་ཏུ་འབྱུང་བ་ལ་ནི། གློ་བུར་དུ་ཡང་དང་ཡང་དུ་ཆུ་གྲང་གིས་གཏོར་ཞིང་སྡངས་སུ་གཞུག་པའམ། ལུས་དྲག་ཏུ་གཡེངས་ཤིང་སྤྲུག་པ་དང༌། འཇིགས་སུ་གཞུག་པ་དང༌། ཡང་ན་དགར་གཞུག་པ་དང༌། གཞན་གྱི་ཡོན་ཏན་བརྗོད་དེ། ཕྲག་དོག་བསྐྱེད་པ་དང༌། དབུགས་བསྡམ་དུ་གཞུག་པ་དང༌། སྤྲེའུའི་སོས་འདེབས་སུ་བཅུག་ན་ཕན་ནོ། །གཞན་ཡང་རླུང་དང་བད་ཀན་ལ་ཕན་པའི་སྨན་དང༌། བཟའ་བ་དང༌། བཏུང་བ་དང༌། དྲོ་བ་ཐམས་ཅད་བསྟེན་པར་བྱའོ། །སྐྱིགས་བུ་དང༌། དབུགས་མི་བདེ་བའི་ནད་ཐམས་ཅད་ལ་ནི། ལུས་ཉམས་སྟོབས་དང་ལྡན་པ་ཡིན་ན་ནི་གསོ་སླའོ། །ཉམས་སྟོབས་མེད་ཅིང་རིད་པ་ནི་གསོ་དཀའོ། །དེ་བས་ན་ཉམས་སྟོབས་བསྐྱེད་ཅིང་ནད་ཞི་བར་བྱ་བ་ཡང་དང་ཡང་དུ་དཔྱད་ཅིང་འབད་པར་བྱའོ། །གཞན་ཡང་ལུད་པ་དང་དབུགས་མི་བདེ་བ་དང༌། གློ་གཅོང་ཟད་བྱེད་དང༌།
སྐྱུག་པ་དང༌། སྐྱིགས་བུ་དང༌། འདི་རྣམས་གང་ཡང་རུང་བ་གཅིག་གསོས་ན་ཐམས་ཅད་ལ་ཕན་པ་ཡིན་ནོ། །སྐྱིགས་བུ་དང་དབུགས་མི་བདེ་བ་གསོ་བའི་ལེའུ་བཞི་པ་རྫོགས་སོ།། །།དེ་ནས་རྒྱལ་པོའི་ནད་ཅེས་བྱ་བ་གཅོང་ཆེན་པོ་གསོ་བའི་ལེའུ་བཤད་པར་བྱའོ། །གཅོང་ཆེན་པོའི་ནད་པ་ཉམས་སྟོབས་དང་ལྡན་ཞིང་ནད་གཞི་མང་པོ་ཡོད་པ་ལ་ནི། ཐོག་མར་སྣུམ་ཆོས་དང་དུགས་བྱས་ལ། དེའི་འོག་ཏུ་སློན་ཁྲུས་ཀྱིས་ལུས་སྦྱང་བར་བྱ་སྟེ། སྣུམ་ལ་སོགས་པས་ལུས་ཉམ་ཆུང་བར་མི་འགྱུར་བར་བསྲུང་བར་བྱའོ། །དེ་ལ་སྐྱུག་སྨན་ནི་འོ་མ་དང༌། མངར་བའི་ཤ་ཁུ་དང༌། སྐྱུག་སྨན་ལས་གཞི་བླངས་པའི་ནས་ཐུག་མར་དང་ལྡན་པ་ནི། དེ་གསུམ་གང་ཡང་རུང་པའི་ནང་དུ། པོ་སོན་ཆའི་ཕྱེ་མ་བཏབ་སྟེ་བླུད་ནས་སློན་དུ་གཞུག་གོ །དེ་ལ་བཀྲུ་སྨན་ནི་ཤ་མ་དུར་བྱིད་དང༌། དོང་ག་སྦྲང་རྩི་དང༌། ཤ་ཁ་ར་དང་སྦྱར་བའམ། ཡང་ན་འོ་མ་དང༌། མར་དང༌། ཕྱེ་དང་ལྡན་པའི་སྐྱོ་མར་སྦྱར་བའམ། ཡང་ན་རྒུན་འབྲུམ་དང༌། བི་ད་རི་དང༌། ཏང་པལ་རྣམས་ལས་གང་ཡང་རུང་པ་ཤ་ཁུ་དང་ལྡན་པར་སྦྱར་བ་གོང་མའི་སྨན་དང་བཅས་པ་འཐུངས་ན་འཁྲུ་བར་འགྱུར་རོ། །དེ་ལྟར་སློན་ཁྲུས་ཀྱིས་ཁོང་དག་པར་བྱས་པའི་འོག་ཏུ་ཉམས་འཕེལ་ཞིང་རྒྱས་པ་དང་དྲོད་སྐྱེད་པ་དག་སྦྱར་རོ། །གཞན་ཡང་བཟའ་བ་དང་བཏུང་བ་ཡི་གར་འོང་བ་དང༌། རླུང་ལ་ཕན་པ་རྣམས་དང་ཡང་བ་རྣམས་སྦྱར་ཏེ། འབྲས་དྲུག་ཅུ་པ་དང༌། གྲོ་དང༌། ནས་དང༌། མུངྒ་རྣམས་ལས་གང་ཡང་རུང་བ་སྦངས་པའམ། ཆན་དུ་བྱས་ཏེ་བཟའ་བ་དང་ཚོད་མར་སྦྱར་ཏེ་སྦྱིན་ནོ། །གཞན་ཡང་རའི་འོ་མ་དང༌། མར་དང༌། སྲོག་ཆགས་ཤ་ཟ་བའི་ཤ་དང༌། བྱ་རོག་དང༌། འུག་པ་དང༌། གླང་པོ་ཆེ་དང༌། བ་དང༌། རྟ་དང༌། ནེའུ་ལེ་དང༌། སྦྲུལ་དང༌། བྱ་རྒོད་དང༌། ཁྲ་དང༌། བོང་བུ་དང༌། རྔ་མོ་དང༌། དེ་རྣམས་ཀྱི་ཤ་གང་ཡང་རུང་བ་ནད་པ་ལ་གསོང་སྟེ་སྦྱིན་ནོ། །ཅི་སྟེ་ནད་པས་ཚོར་ན་ནི་སྐྱུགས་པ་དང༌།
ཉམས་སྟོབས་དང༌། གཟི་མདངས་འབྲི་བར་འགྱུར་བའི་སྐྱོན་ཡོད་དོ། །མཁྲིས་པ་དང༌། བད་ཀན་ལས་གྱུར་པའི་གཅོང་ཆེན་པོའི་ནད་ལ་ནི། རི་དགས་དང༌། བྱ་ལ་སོགས་པའི་ཤ་གཡོས་སུ་བྱས་པ་བྱིན་ན་ཕན་ནོ། །རླུང་ལས་གྱུར་པ་ལ་ནི་ཕག་རྒོད་ལ་སོགས་པ་རི་དགས་ཆེན་པོ་རྣམས་ཀྱི་ཤ་རྣམས་ལས་གཡོས་སུ་བྱས་པ་ཕན་ནོ། །ཡུངས་ཀར་གྱི་མར་ལ་གང་ཡང་རུང་བ་ནད་གཞི་སྟོབས་ཇི་ལྟ་བ་བཞིན་དུ་སྦྱར་བའི་ནང་དུ། སྣུམ་དང༌། ལན་ཚྭ་དང༌། སྒེའུ་གཤེར་དང༌། བཅའ་སྒ་ལ་སོགས་པ་ལེགས་པར་སྦྱར་ཏེ་རོ་དང་ལྡན་པ་ཞིམ་པོར་བྱས་ཏེ་ཉུང་ཤས་སྦྱར་བ་སྦྱིན་པར་བྱའོ། །ཐུག་པ་དང་ཁུ་བཅུད་ལ་སོགས་པའི་ཚོད་མ་སྣ་ཚོགས་མར་རམ། དེ་བཞིན་དུ་ལ་ཕུག་སྐམ་པོ་དང༌། རྒྱ་སྲན་གྱི་ཁུ་བཅུད་ལན་ཚྭ་དང་སྒེའུ་གཤེར་དང་ལེགས་པར་སྦྱར་བ་བླུད་ན་ཕན་ནོ། །ར་ཤའི་ཁུ་བ་དང༌། པི་པི་ལིང་དང༌། ནས་དང་རྒྱ་སྲན་དང༌། དོང་གྲ་དང༌། སེའུ་འབྲུ་དང༌། སྐྱུ་རུ་ར་དང་ལྡན་པར་སྣུམ་ཆེར་བཏབ་པ་བླུད་ན། ཆམ་པ་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། གླད་པ་ན་བ་དང༌། སྐད་འགགས་པ་དང༌། ཡི་ག་འཆུས་པ་དང༌། འདི་རྣམས་ལ་ཕན་ནོ། །མཁྲིས་པ་ལ་སོགས་པའི་གཅོང་ཆེན་པོ་ལ་ནི་ཆང་ཤིན་ཏུ་རྙིང་པ་རྩའི་རྒྱུན་སྦྱོང་ནུས་པར་བླུད་དོ། །ཁྱད་པར་དུ་རྒུན་ཆང་དང༌། ཨ་རིཥྚའི་ཆང་དང༌། ཆང་དངས་མ་དང༌། ཆང་རྣམས་བཏུང་བར་བླུད་དོ། །ཡང་ན་རྩ་བ་ཆུང་དུ་ལྔ་བསྐོལ་བའམ། བཅའ་སྒ་བསྐོལ་བའམ། ཡང་ན་ལོ་མ་རྣམ་བཞི་བསྐོལ་བའམ། ཡང་ན་འུ་སུ་དང་བཅའ་སྒ་བསྐོལ་བ་བླུད་དོ། །ཡང་ན་རྩ་བ་ལྔ་ཆུང་ངུ་ཤིན་ཏུ་འབད་པ་དང་བཅས་པས་གཙང་སྦྲ་ཆེར་བྱ་སྟེ། བཟའ་བ་དང་སྦྱར་ལ་བཏང་ན་གྖོང་ཆེན་པོ་དང་རྗེས་སུ་མཐུན་པ་ཡིན་ནོ། །རྩ་བ་བཅུ་འོ་མའམ་ཡང་ན་ཤ་ཁུའི་ནང་དུ་བཙོས་ལ། བ་ལའི་ཕྱེ་མས་བཏབ་པ་མར་དང་སྦྱར་བ་བཟའ་བའམ། ཡང་ན་སྲོག་ཆགས་ཤ་ཟ་བའི་ཤ་ཁུའི་ནང་དུ་བ་ལའི་ཕྱེ་མ་བཏབ་པ་བཏུང་བའམ། ཡང་ན་
མར་དང་མར་གྱི་བཅུ་འགྱུར་གྱི་འོ་མ་དང་ལྷན་ཅིག་བསྐོལ་བའི་ནང་དུ་བ་ལའི་ཕྱེ་མས་བཏབ་སྟེ། སྦྲང་རྩི་དང་ལྡན་པར་བླུད་དོ། །ཇི་བན་ཏི་དང༌། ཤིང་མངར་དང༌། རྒུན་འབྲུམ་དང༌། དུག་མོ་ཡུངས་ཀྱི་འབྲས་བུ་དང༌། མ་ནུ་དང༌། ཟུར་པ་དང༌། པི་པི་ལིང་དང༌། ཀཎྜ་ཀ་རི་དང༌། གཟེ་མ་དང༌། བ་བླ་དང༌། ཨུཏྤ་ལ་དང༌། སྐྱུ་རུ་ར་དང༌། ཀྱི་ལྕེ་བ་དང༌། བྱི་ཚེར་བ་དང༌། འདི་རྣམས་ཕྱེ་མར་བྱས་ཏེ། སྨན་གྱི་བཞི་འགྱུར་གྱི་མར་དང༌། མར་བཞི་འགྱུར་གྱི་ཆུ་དང་བསྐོལ་ཏེ། །དེ་ལས་རན་པར་འཐུངས་ན། ནད་ཀྱི་རྒྱལ་པོ་རྩ་ནས་འཇོམས་སོ། །འབྲ་གོ་དང༌། རྒུན་འབྲུ་དང༌། མ་དུ་ཀའི་མེ་ཏོག་དང༌། པ་རུ་ཤ་དང༌། པི་པི་ལིང་དང༌། འདི་རྣམས་མར་དང་ཚུལ་བཞིན་བསྐོལ་བ་ལས་རན་པར་འཐུངས་ན། སྐད་འགགས་པ་དང༌། ལུད་པ་དང༌། རིམས་རྣམས་འཇོམས་སོ། །རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་འོ་མ་དང་ཡང་བསྐོལ་བའི་མར་སར་པི་པི་ལིང་དང༌། སྦྲང་རྩི་དང་སྦྱར་བ་ཟོས་ན་སྐད་འགགས་པ་དང༌། གླད་པ་ན་བ་དང༌། རྩིབ་ལོགས་སུ་ཟུག་པ་དང༌། གློ་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། རིམས་རྣམས་ལ་ཕན་ནོ། །རྩ་བ་ཆེ་ཆུང་ལྔ་གང་ཡང་རུང་བ་དང༌། དེའི་བཞི་འགྱུར་གྱི་འོ་མ་དང༌། འོ་མའི་བཞི་ཆའི་མར་དང་ཚུལ་བཞིན་དུ་བསྐོལ་བའི་མར་དང༌། ཡང་ན་རྩ་བ་ལྔ་དང༌། དེའི་བཞི་འགྱུར་གྱི་འོ་མ་དང་ཡང་བསྐོལ་བའི་མར་ལས་རན་པར་འཐུངས་ན་ཆམ་པ་ལ་སོགས་པའི་གཅོང་ཆེན་པོའི་ནད་ཀྱི་སྟོབས་བདུན་འཇོམས་པར་བྱེད་དོ། །ཚ་བ་རྣམ་ལྔ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། འདི་རྣམས་སྲང་རེ་རེ་དང༌། མར་བྲེ་གང་དང་མར་དང་མཉམ་པའི་འོ་མ་དང༌། འོ་མའི་སུམ་འགྱུར་གྱི་ཆུ་དང་བསྐོལ་ཏེ། དེ་ལས་རན་པར་འཐུངས་ན། རྩ་རྒྱུན་རྣམས་སྦྱོང་ཞིང༌། སྐྲན་དང༌། རིམས་དང༌། དམུ་རྫིང་དང༌། མཚེར་པ་དང༌། ཕོ་བའི་ནད་དང༌། སྐྱ་རྦབ་དང༌། ཆམ་པ་དང༌། དབུགས་མི་བདེ་བ་དང༌། ལུད་པ་དང༌། མེ་དྲོད་ཉམས་པ་དང༌། སྐྲང་
བ་དང། རླུང་སྟོད་དུ་ཞུགས་པ་རྣམས་ལས་རྒྱལ་ལོ། །ཡང་ན་ར་སྣ་དང༌། བ་ལ་དང༌། གཟེ་མ་དང༌། ས་ལ་པརྞི་དང༌། བ་སྤྲུ་བ་རྩ་བ་དཀར་པོ་ཅན་དང༌། དེ་རྣམས་བསྐོལ་བའི་ནང་དུ། ཛི་བན་ཏི་དང༌། པི་པི་ལིང་དང༌། འོ་མ་མར་དང་ཚུལ་བཞིན་བསྐོལ་བ་འཐུངས་ན། གློ་གཅོང་སྐེམ་བྱེད་ལས་རྒྱལ་ལོ། །ཡང་ན་ཨ་ཤྭ་གནྡྷ་དང༌། འོ་མ་བསྐོལ་བ་དཀྲུགས་ཏེ། མར་བྱུང་བ་དེ་འོ་མ་དང༌། ཁ་ར་དཀར་པོ་སྦྱར་བ་འཐུངས་ན། གློ་གཅོང་ཟད་བྱེད་རྣམས་སེལ་བར་བྱེད་དོ། །སྲོག་ཆགས་ཤ་རན་པ་ཁུང་ན་གནས་པ་དང༌། གཞན་ཡང་ཤ་རན་པ་རྣམས་ཀྱི་ཤ་སྲང་བརྒྱ་དང༌། ཆུ་སྲང་སྟོང་ཉི་ཤུ་རྩ་བརྒྱད་བསྐོལ་ཏེ། བཞི་ཆ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པའི་ནང་དུ། འཚོ་བྱེད་སྡེ་བཅུ་སྲང་རེ་རེ་ཕྱེ་མར་བྱས་ནས། མར་སྲང་སུམ་ཅུ་རྩ་གཉིས་བཅུག་སྟེ་ཚུལ་བཞིན་བསྐོལ་ལ་མར་དང་ཤ་ལུས་པ་དང༌། དེ་ལས་རན་པར་ཟོས་ན་རླུང་དང་མཁྲིས་པ་ལས་གྱུར་པའི་གཅོང་ཆེན་པོ་དང༌། རླུང་ནད་མ་ལུས་པ་དང༌། དབུགས་མི་བདེ་བ་དང༌། སྙིང་དང༌། རྩིབ་ལོགས་སུ་ཟུག་པ་དང༌། ལུས་སྐེམ་པར་བྱེད་པ་དང། སྐད་འགགས་པ་དང༌། འདི་རྣམས་ལས་རྒྱལ་བར་བྱེད་དོ། །སུག་སྨེལ་དང༌། ཏི་མུ་ས་དང༌། འབྲས་བུ་གསུམ་དང༌། རྒྱམ་ཚ་དང༌། ཚ་བ་གསུམ་དང༌། ཙི་ཏྲ་ཀ་དང༌། ས་ར་ན་དང༌། ནིམ་པ་དང༌། སེང་ལྡེང་དང༌། ས་ལ་བི་ཛ་དང༌། བསེ་ཤིང་གི་འབྲས་བུ་དང༌། བྱི་དང་ག་དང༌། འདི་རྣམས་སྲང་བརྒྱད་བརྒྱད་དང༌། ཆུ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང་བསྐོལ་ཏེ། སྲང་བཅུ་དྲུག་ལུས་པ་དང༌། དེའི་ནང་དུ་ཡང་མང་སྲང་སུམ་ཅུ་རྩ་གཉིས་དང་ཡང་བསྐོལ་ཏེ། མར་འབའ་ཞིག་ལུས་པའི་ནང་དུ་ཅུ་གང་སྲང་དྲུག་དང༌། ཁ་ར་སྲང་སུམ་ཅུ་དང༌། སྦྲང་རྩི་སྲང་དྲུག་ཅུ་རྩ་བཞི་དང༌། དྲི་སྣ་གསུམ་སྲང་རེ་རེ་དང༌། འདི་རྣམས་ཁ་གཟར་གྱིས་དཀྲུགས་ཏེ། བཅུད་ཀྱིས་ལེན་བཞིན་དུ་ཆོ་ག་མེད་པར་སྔ་དྲོ་དེ་ལས་རན་པར་ཟོས་ལ་བཏུང་བར་འོ་མ་བླུད་ན། བློ་
དང། མིག་གསལ་བ་དང༌། ཚེ་རིང་བ་དང༌། མེ་དྲོད་སྐྱེད་པ་དང༌། དེ་བཞིན་དུ་གཅིན་ནད་དང༌། སྐྲན་དང༌། གློ་འགྲམས་པའི་ནད་དང༌། སྐྱ་རྦབ་དང༌། མཚན་པར་རྡོལ་བ་རྣམས་འཇོམས་སོ། །གང་གློ་འགྲམས་པའི་ནད་ལ་མར་དང་བུ་རམ་བཤད་པ་འདིར་ཡང་གློ་གཅོང་ཟད་བྱེད་ལ་ཡང་སྦྱར་རོ། །ཤིང་ཚ་དང༌། སུག་སྨེལ་དང༌། པི་པི་ལིང་དང༌། ཅུ་གང་དང༌། ལི་ཁ་ར་དང༌། དེ་རྣམས་ཡས་ཀྱི་རིམ་བཞིན་དུ་ཉིས་འགྱུར་ཉེས་འགྱུར་གྱིས་བསྐྱེད་པའི་ཕྱེ་མ་བཟའ་བ་འམ། ཡང་ན་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བལྡགས་ན། དབུགས་མི་བདེ་བ་དང༌། སྐད་འགགས་པ་དང༌། ལུད་པ་དང༌། གློ་གཅོད་ཟད་བྱེད་དང༌། རྩིབ་ལོགས་ན་བ་དང༌། བད་ཀན་རྣམས་འཇོམས་པར་བྱེད་དོ། །ཁྱད་པར་དུ་གློ་གཅོང་ལ་ཕན་ནོ། །སྐད་འགགས་པར་འགྱུར་བས་སྣ་སྨན་དང༌། དུད་པས་བདུག་པ་ལ་སོགས་པའི་ཆོ་ག་བྱ་འོ། །དེ་ལ་རླུང་ལས་གྱུར་པའི་སྐད་འགགས་པ་ལ་ནི་ཀ་ས་མར་ད་ཀ་དང༌། ཀཎྜ་ཀ་རི་དང༌། བྲིང་ག་ར་ཛ་དང༌། འདི་རྣམས་ཀྱི་རང་གི་ཁུ་བ་མར་བསྐོལ་བ་ལས་རན་པར་འཐུངས་ན། ལུད་པ་དང་སྐད་འགགས་པ་ལས་རྒྱལ་བར་བྱེད་དོ། །ཡང་ན་ཨན་ཏ་ར་ཀ་ལས་ཞེས་བྱ་བའི་མར་འཐུངས་ན་ཡང་ཕན་ཡོན་དེ་དང་འདྲའོ། །ཡང་ན་རྒྱ་ཤུག་གི་ལོ་མ་བཏགས་པའི་ཕྱེ་མ་མར་དང་བརྡོས་པའི་ནང་དུ་ལྕེ་མྱང་ཚ་བཏབ་པ་ཟན་གོང་དུ་འཐུངས་ན་ཕན་ནོ། །ཡང་ན་མ་དུ་ཀ་དང༌། རྒུན་འབྲུམ་དང༌། པི་པི་ལིང་དང༌། བྱི་དང་ག་དང༌། ཧ་ན་ས་བ་དའི་རྩ་བ་དང༌། འདི་རྣམས་བཏགས་པའི་ཏིལ་མར་བསྐོལ་བ་སྣར་བླུགས་སོ། །འབྲས་ཆན་མར་དང་བུ་རམ་དུ་བཅས་པའམ་ཡང་ན་འོ་ཐུག་མར་དང་བུ་རམ་དུ་སྦྱར་བ་བཟའ་སྟེ། དེའི་འོག་ཏུ་ཆུ་དྲོ་འཇམ་ཙམ་བཏུང་སྟེ། སྣུམ་ཆོས་དང༌། དུགས་བྱས་ན་རླུང་གིས་སྐད་འགགས་པ་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་སྐད་འགགས་པ་ལ་ནི། ཤིང་འོ་མ་ཅན་གྱི་མྱུ་གུ་ཆམ་ཆོམ་བརྡུངས་པའམ། ཡང་ན་བཏགས་པའི་
ཕྱེ་མ་མར་དང་ཚུལ་བཞིན་བསྐོལ་ཏེ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་སྟེ་བྱིན་ལ་སྐོམ་དུ་འོ་མ་བསྐོལ་བ་གྲངས་པ་བླུད་དོ། །ཡང་ན་ཤིང་མངར་དང་སྦྱར་བའི་འོ་ཐུག་བཏུང་བའམ། ཡང་ན་བ་ལ་དང་ས་ལ་པརྞི་ལ་སོགས་པ་སྦྱར་བའམ། ཡང་ན་བིད་རི་འམ་ཤིང་མངར་དུ་སྦྱར་བ་བསྐོལ་བའི་མར་དང་ལན་ཚྭ་དང་བཅས་པ་སྣར་བླུགས་པ་བྱས་ན་སྐད་གསལ་བར་བྱེད་པའི་མཆོག་ཡིན་ནོ། །ཡང་ན་པྲ་པུཎྜ་རཱི་ཀ་དང༌། ཤིང་མངར་དང༌། པི་པི་ལིང་དང༌། བྲི་ཧ་ཏི་དང༌། བ་ལ་རྣམས་འོ་མ་དང་མར་དུ་སྦྱར་བ་བསྐོལ་བ་སྣར་བླུགས་ན་ཡང་མཁྲིས་པའི་སྐད་འགགས་པ་སེལ་བའི་མཆོག་ཡིན་ནོ། །ཡང་ན་མངར་བའི་སྨན་ཛི་བན་ཏིའི་སྡེ་ཚན་བཏགས་པའི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཟོས་ན་ཡང་ཕན་ནོ། །བད་ཀན་ལས་གྱུར་པའི་སྐད་འགགས་པ་ལ་ནི་སྨན་ཚ་བ་ན་ལེ་ཤམ་ལ་སོགས་པའི་བཟའ་བ་དང་བ་གཅིན་བཏུང་བ་དང་རྩུབ་པ་རྣམས་སྦྱར་རོ། །ཀད་པ་ལ་དང་སྐྱུ་རུ་ར་དང༌། ཚ་བ་གསུམ་དང་དེ་རྣམས་ཀྱི་ཕྱེ་མ་ཏིལ་མར་དང༌། སྦྲང་རྩི་དང་ལྡེ་གུར་བྱས་པའམ། ཡང་ན་ཚ་བ་གསུམ་དང༌། ཡ་བཀྵ་ར་དང། ཀྲུ་ཏྲུག་ཏྲེས་དང༌། དབྱི་མོ་དང༌། ག་བྲའི་རྩ་བ་དང༌། ཨ་རུ་ར་དང་དེ་རྣམས་སྦྲང་རྩིའི་ལྡེ་གུར་བྱས་པ་འམ། ཡང་ན་ནས་ཀྱི་ཐུག་པ་པི་པི་ལིང་དང༌། སྐྱུ་རུ་ར་དང་སྦྱར་བའམ། ཡང་ན་ནས་ཐུག་གཅིག་པུ་མར་དང་ཏིལ་མར་དང་སྦྱར་བ་འཐུངས་ན། བད་ཀན་གྱི་སྐད་འགགས་པ་ཞི་བར་བྱེད་དོ། །ཡང་ན་པི་པི་ལིང་དང༌། བཅའ་སྒ་སྔར་ཟོས་ལ། དེའི་འོག་ཏུ་སྨན་རྣོ་བ་དང་སྦྱར་བའི་སྐྱུག་སྨན་བཏང་ངོ༌། །སྐད་དྲགས་པ་ལས་སྐད་འགགས་པ་ལ་ནི་སྨན་མངར་བའི་སྡེ་ཚན་འོ་མ་དང་བསྐོལ་བའི་ནང་དུ་ཁ་ར་དང་སྦྲང་རྩི་བཏབ་པ་བླུད་ན་ཕན་ནོ། །ཡི་ག་འཆུས་པ་ལ་ནི་ཕན་པ་དང༌། མི་ཕན་པ་སྣ་ཚོགས་བསྲེས་ལ་སྦྱིན་ནོ། །དེ་བཞིན་དུ་ཕྱི་ནང་གཉིས་ཀ་ནས་ཁྲུས་བྱས་ཏེ། སེམས་དགའ་བར་བྱ་བ་དང༌། ཡི་གར་འོང་བའི་སྨན་སྦྱིན་ནོ། །དེ་ནས་དུས་གཉིས་སུ་སོ་ཤིང་བཅའ་
ཞིང་བསྐ་བའི་སྨན་ཏིན་དུ་ཀ་ལ་སོགས་པས་ཁ་བཀྲུ་ཞིང་མུར་བར་བྱའོ། །ཡང་ན་ཁར་སྨན་གྱི་དུད་པའི་སྦྱོར་བ་བདུག་གོ །ཡང་ན་བལ་བུའི་ཕྱེ་མའི་སྦྱོར་བའི་རི་ལུར་བྱས་པའམ། ཡང་ན་ཟླ་བའི་འོད་ཅེས་བྱ་བའི་ཟས་ཁ་ར་དཀར་པོ་དང་ག་པུར་དང་ལྡན་པར་བྱས་ཏེ་ཟོས་ན། ཡི་ག་འབྱེད་པའི་མཆོག་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་ཡི་ག་འཆུས་པ་ལ་ནི། ཧ་རེ་ཎུ་ཀ་དང༌། པི་པི་ལིང་དང༌། བྱི་དང་ག་དང༌། ར་སྣ་དང༌། རྒྱམ་ཚ་དང༌། དོང་གྲ་དང༌། སུག་སྨེལ་དང༌། ག་བྲའི་རྩ་བ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། ཤིང་ཀུན་དང་འདི་རྣམས་ཀྱི་ཕྱེ་མ་ཆང་གི་དངས་མའམ། ཡང་ན་སྨན་མར་དང་སྦྱར་ཏེ་བཏང་ངོ༌། །ཡང་ན་ཤུ་དག་གི་ཆུས་སྨན་དུ་སྦྱར་རོ། །མཁྲིས་པ་ལས་གྱུར་པའི་ཡི་ག་འཆུས་པ་ལ་ནི་བུ་རམ་དང་ཆུ་སྦྱར་བས་ཁྲུས་བྱའོ། །ཡང་ན་ཁ་ར་དང༌། མར་དང་ལན་ཚྭའི་མཆོག་དང་སྦྲང་རྩིར་སྦྱར་བའི་ལྡེ་གུ་སྦྱིན་ནོ། །བད་ཀན་ལས་གྱུར་པའི་ཡི་ག་འཆུས་པ་ལ་ནི་ནིམ་པ་བསྐོལ་བའི་ཆུས་སློན་བྱའོ། །བཏུང་བར་ནི་ཏི་མུ་ས་དང༌། དོང་ག་བསྐོལ་བའི་ཆུའམ། ཡང་ན་སྨན་རྣོ་བ་དང་སྦྱར་བའི་ཨ་རིཥྚའི་ཆང་ངམ། རྒུན་ཆང་ངམ། སྦྲང་ཆང་རྣམས་ལས་གང་ཡང་རུང་བ་བླུད་དོ། །ཡང་ན་གོང་དུ་བཤད་པའི་ཧ་རེ་ཎུ་ཀ་དང༌། པི་པི་ལིང་ལ་སོགས་པའི་ཕྱེ་མ་ཆུ་དྲོན་པོ་དང་སྦྱར་བ་བླུད་དོ། །སུག་སྨེལ་དང༌། ཤིང་ཚ་དང༌། ནཱ་ག་པུཥྤ་དང༌། ན་ལེ་ཤམ་དང༌། པི་པི་ལིང་དང༌། བཅའ་སྒ་དང༌། འདི་རྣམས་ཡས་ཀྱི་རིམ་བཞིན་དུ་ཆ་རེས་བསྐྱེད་པ་ཕྱེ་མར་བྱས་ལ་སྤྱི་དང་མཉམ་པའི་ཁ་ར་དང་བཅས་པ་ཟོས་ན། ཆམ་པ་དང༌། ཡི་ག་འཆུས་པ་དང༌། སྙིང་ན་བ་དང༌། ལུད་པ་དང། དབུགས་མི་བདེ་བ་དང༌། མགུལ་པའི་ནད་རྣམས་འཇོམས་སོ། །ལ་ལ་ཕུད་དང༌། ད་ཏྲིག་དང༌། སྟར་བུ་དང༌། བཅའ་སྒ་དང༌། སེའུ་འབྲུ་དང༌། རྒྱ་ཤུག་དང༌། དེ་རྣམས་ཞོ་གཉིས་གཉིས་དང༌། ཁ་ར་སྲང་བཞི་དང༌། འུ་སུ་དང༌། ཁ་རུ་ཚ་དང༌།
གོ་སྙོད་དང༌། ཤིང་ཚ་དང༌། འདི་རྣམས་ཞོ་རེ་རེ་དང༌། པི་པི་ལིང་འབྲུ་བརྒྱད་དང༌། ན་ལེ་ཤམ་ཉིས་བརྒྱ་དང༌། དེ་རྣམས་ཀྱི་ཕྱེ་མས་ནི་ཡི་གེ་འབྱེ། མེ་དྲོད་སྐྱེད། ཕྱི་ས་འགགས་པ་དང༌། ལུད་པ་དང༌། སྙིང་ག་དང༌། རྩིབ་ལོགས་སུ་ཟུག་པ་དང༌། མཆེར་པ་དང༌། གཞང་འབྲུམ་དང༌། ཕོ་བའི་ནད་སེལ་ཏོ། །བལ་བུའི་ལོ་མ་དང༌། ན་ལེ་ཤམ་དང༌། དོང་གྲ་དང༌། པི་པི་ལིང་དང༌། དེ་རྣམས་གོ་རིམས་བཞིན་དུ་དང་པོའི་ཚ་རེས་བསྐྱེད་པ་དང༌། ཤིང་ཚ་དང༌། སུག་སྨེལ་དང༌། བལ་བུའི་ཕྱེ་མ་དང༌། པི་པི་ལིང་གི་བརྒྱད་འགྱུར་གྱི་ཁ་ར་དཀར་པོ་དང༌། དེ་རྣམས་ཀྱི་ཕྱེ་མ་ནི་ཡི་ག་འཆུས་པ་དང༌། མེ་དྲོད་སྐྱེས་པ་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། ཟས་ཡི་གར་མི་འོང་བ་དང༌། སྐྱུག་པ་དང༌། མཆེར་པ་ན་བ་དང༌། སྙིང་ནད་དང༌། རྩིབ་ལོགས་སུ་ཟུག་པ་དང༌། སྐྱ་རྦབ་དང༌། རིམས་དང༌། འཁྲུ་བ་དང༌། རླུང་འཁྱིལ་པ་བདེ་བར་འབྱུང་སྟེ། ནད་དེ་རྣམས་ལས་རྒྱལ་བར་བྱེད་དོ། །ནཱ་ག་པུཥྤ་སྲང་ཕྱེད་དང༌། ཤིང་ཚ་དང༌། སུག་སྨེལ་ཞོ་གཉིས་གཉིས་དང༌། གནྡྷ་བྷ་དྲ་སྲང་ཕྱེད་དང༌། དེ་རྣམས་ཀྱི་ཕྱེ་མ་བུ་རམ་རྙིང་པ་སྲང་ཉི་ཤུ་རྩ་ལྔ་དང་ལྷན་ཅིག་བསྐོལ་བ་ཞོ་གཉིས་ཙམ་གྱི་རི་ལུ་བྱས་ཏེ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །ཤིང་ཨརྐ་དང༌། སླེ་ཏྲེས་བསྲེས་པའི་ཐལ་བ་ཆུ་དང་བསྲེས་པའི་ནང་དུ་ནུབ་གཅིག་སྤངས་ཏེ་ཆམ་པ་ཅན་ལ་ཟན་དུ་བྱས་ཏེ་སྦྱིན་ནོ། །ནད་པ་ཉམས་སྟོབས་དང་ལྡན་པ་ཡིན་ན་སློན་བྱའོ། །སློན་བྱས་པའི་འོག་ཏུ་སྲོག་ཆགས་ཐང་ལ་གནས་པའི་ཤ་སྨན་ཚ་བ་དང་ཁ་བ་སྦྱར་བ་ཐུར་མ་ལ་བསྲེགས་ཏེ། སྐམ་པ་དང་ཡང་བའི་ཟས་དང་བཏུང་བ་ནི་སྲན་མ་ཙ་ན་ཀ་ལ་སོགས་པ་ཡང་སྦྱར་རོ། །བད་ཀན་ལས་གྱུར་པའི་ཆམ་པ་ནི་རླུང་གིས་བད་ཀན་བསྐྱོད་པ་ཡིན་ཏེ། དེ་བས་ན་དེ་ལ་ནི་སྨན་པ་མཁས་པས་སྣུམ་པ་དང་དྲོ་བ་ཉིད་ཀྱིས་ཞི་བར་བྱ་སྟེ། ཆམ་པའི་ནད་གསོ་བ་དང༌། སྐྱུག་བྲོ་བའི་ནད་ཀྱི་གསོ་བ་དང་མཐུན་པས་གང་གི་སྦྱོར་བ་བྱས་ཀྱང་ཕན་ནོ། །ཁྱད་པར་དུ་ཆམ་པ་ལ་ནི་
ལྷག་པར་སྣུམ་ཆོས་དང༌། བསྐུ་མཉེ་དང་དུགས་བསྟེན་པར་བྱའོ། །དུགས་ནི་ཟན་གྱིས་གླན་པའི་དུགས་བྱ་སྟེ། ཤ་ཁུ་དང་སྣུམ་དང༌། ལན་ཚྭ་དང༌། སྨན་རྣོན་པོ་སྐྱུར་དང་སྦྱར་བའི་ཟན་གྱི་དུགས་ཀྱིས་མགོ་དང་མགུལ་པ་དང༌། རྩིབ་ལོགས་སུ་ན་བ་རྣམས་ལ་ནི། ནད་གཞི་ཇི་ལྟ་བ་བཞིན་དུ་གསོ་བའི་ཆོ་ག་དེ་ལྟར་བྱའོ། །ཆུ་དང་ཐང་གཉི་ག་ལ་གནས་པའི་ཤ་རྣམས་ལན་ཚྭ་སྣུམ་བཞི་དང་ལེགས་པར་དུགས་བྱའོ། །བད་ཀན་དང་མཁྲིས་པར་ལྡན་པའི་ནད་ལ་ནི། ཤུ་ཏི་དང༌། ཤིང་མངར་དང༌། རུ་རྟ་དང༌། རྒྱ་སྤོས་དང༌། ཙནྡན་དང་སྦྱར་བའི་བྱུག་པ་མར་དང་བཅས་པའི་བསྐུ་བྱུག་དང་ལྡན་པ་ནི་ནད་པ་ལ་འདོད་པ་ཡིན་ནོ། །དེ་བཞིན་དུ་བ་ལ་དང༌། ར་སྣ་དང༌། ཏིལ་དང༌། མར་དང༌། ཤིང་མངར་དང༌། ཨུཏྤ་ལ་སྦྱར་བའི་ཕྱེ་མ་གོང་མ་ལྟར་སྦྱར་བ་ཡང་ཕན་ནོ། །བ་སྤྲུ་བ་དང༌། ཤི་ཀྲུ་དང༌། བ་ལ་དང༌། རམ་ཉེ་བ་དང༌། བི་ད་ར་དང༌། དེ་རྣམས་ཡང་གོང་མ་བཞིན་དུ་བྱུག་པ་བྱས་ན་ཡང་དེ་དང་འདྲའོ། །དེ་བཞིན་དུ་གླད་པ་དང༌། རྩིབ་ལོགས་དང༌། མགུལ་པ་ན་བ་ལ་ནི་སྣར་བླུགས་པ་དང༌། དུ་བ་བརྔུབ་པ་དང༌། ཟན་ཟོས་པའི་འོག་ཏུ་སྣུམ་སྦྱིན་པ་དང། བསྐུ་བར་འོས་པའི་འབྲུ་མར་གྱིས་བསྐུ་བ་དང༌། མས་གཏོང་བ་རྣམས་ཕན་པའི་ཆོ་ག་བྱའོ། །དེ་བཞིན་དུ་མགོ་དང་རྩིབ་ལོགས་སུ་མགུལ་པ་ན་བ་ལ་ནི་ནད་གཞི་ཇི་ལྟ་བ་བཞིན་དུ་ཁྲག་དབྱུང་སྟེ། རླུང་ལ་ནི་རྡབས་རུས་བྱའོ། །མཁྲིས་པ་ལ་ནི་སྲིན་བུ་པད་པས་བྱའོ། །བད་ཀན་ལ་ནི་ཀུ་བས་ཁྲག་དབྱུང་ངོ༌། །གཏར་བའི་རྨ་ལ་ཤུག་པ་དང༌། པུ་ཤེལ་ཙི་དང༌། ཙནྡན་བཏགས་པའི་ཕྱེ་མ་མར་དང་སྦྱར་བའམ། ཡང་ན་དཱུར་བ་དང༌། ཤིང་མངར་དང༌། བཙོད་དང༌། ནཱ་ག་གེ་སར་མར་དང་སྦྱར་བས་བསྐུ་བའམ། ཡང་ནྱ་གྲོ་དྷའི་སྡེ་ཚན་མར་དང་སྦྱར་བའམ། ཡང་ན་མར་ལན་བརྒྱ་ཆུ་དང་བཀྲུས་པའམ། ཡང་ན་འོ་མས་བཀྲུ་བའམ། ཡང་ན་ཤིང་མངར་གྱི་ཆུས་བཀྲུ་བ་རབ་ཏུ་བསྔགས་སོ། །གཅོང་ཆེན་པོའི་ནད་དེས་མེ་དྲོད་ཉམས་ཏེ་ཤས་ཆེར་བེའུ་སྣབས་དང་བཅས་ཏེ་
འཁྲུ་བར་གྱུར་ན་ནི། ཕོ་བའི་ནད་ཀྱི་འཁྲུ་བ་གསོ་བ་ཇི་ལྟ་བ་བཞིན་དུ་བྱས་ན་ཕན་ནོ། །ལུས་ཟུངས་ཟད་དེ་གཅོང་ཆེན་པོའི་ནད་ཀྱིས་ཤ་སྐེམ་པར་གྱུར་ཅིང་ཕྱི་སའི་སྟོབས་ཉི་ཚེ་ཡོད་པ་ལ་ནི། དེ་ཉིད་ཀྱི་སྟོབས་མི་འགྱུར་བར་བསྲུང་བར་བྱའོ། །ཤ་ཉི་ཚེ་རན་པར་ཟོས་ལ་དེའི་འོག་ཏུ་བཏུང་བ་ནི་རྒུན་ཆང་བླུད་དོ། །གཅོང་ཆེན་པོའི་ནད་ལ་ནི། བཤང་བ་ཕྱིར་མི་འབྱུང་བར་བསྡམས་ཀྱང་ནང་དུ་གནོད་པར་མི་འགྱུར་རོ། །གཅོང་ཆེན་པོ་ལ་ནི་ཤའི་བཟའ་བ་དང༌། རྒུན་ཆང་དང༌། ཆང་གི་སྙིང་པོ་དང༌། ཨ་རིཥྚའི་ཆང་དང༌། སྦྲང་ཆང་དང༌། འདི་རྣམས་གང་རྙེད་པ་བླུད་ན་ཕན་ནོ། །རྩའི་རྒྱུན་འགགས་པ་སྦྱང་བ་དང༌། ཉམས་སྟོབས་དང༌། གཟི་མདངས་བསྐྱེད་པར་བྱ་བའི་ཕྱིར་ལུས་སྣུམ་གྱིས་བསྐུས་ལ། ཤིང་སྒྲོམ་གྱི་ནང་དུ་སྣུམ་ཉི་ཚེ་འམ། འོ་མ་འམ་ཆང་གང་ཡང་རུང་བ་ཆུ་དྲོན་པོས་བཀང་ལ་དེའི་འོག་ཏུ་ལུས་སྦྱང་ངོ༌། །དེ་ནས་ཕྱིར་བྱུང་སྟེ་བདེ་བར་འདུག་པ་ལ་མར་དང་ཏིལ་མར་བསྲེས་པས་ལུས་བསྐུ་བྱུག་བྱས་ལ་ལག་པས་དལ་གྱིས་མཉེས་ཏེ། བག་ཕྱེའི་ལྡེ་གུས་དྲིལ་བར་བྱའོ། །དེ་ནས་ཡང་ཛི་བན་ཏི་དང༌། དཱུར་བ་དང། བཙོད་དང༌། བ་སྤུ་བ་དང༌། ཤང་ཤ་གན་དྷ་དང༌། ཨ་པ་མ་རྒ་དང༌། ཨག་ནི་མན་ཐ་དང༌། ཤིང་མངར་དང༌། བ་ལ་དང༌། བི་ད་རི་དང༌། ཡུངས་ཀར་དང༌། གླ་སྒང་དང༌། འབྲས་དང༌། ཟར་མ་དང༌། མོན་སྲན་གྲེའུ་དང༌། ཏིལ་དང༌། ཕབས་དང༌། འདི་རྣམས་ཅིག་ཅར་བཏགས་ཏེ། སྨན་སྤྱིའི་སུམ་འགྱུར་གྱི་ནས་ཕྱེ་དང་ཞོ་དང་སྦྲང་རྩི་དང་དེ་ལྷན་ཅིག་སྦྱར་བའི་ལྡེ་གུས་ལུས་དྲིལ་ཏེ། བསྐུས་ན་ཉམས་བརྟ་ཞིང་ཤ་སྐྱེ་ལ་མདོག་བཟང་བར་འགྱུར་རོ། །ཡུངས་ཀར་བཏགས་པའི་ཕྱེ་མ་དང༌། ཛི་བན་ཏིའི་སྡེ་ཚན་དང༌། སྤོས་དྲི་ཞིམ་པོའི་ཁྲུས་རྩི་བཅུག་ལ་དུས་དང་མཐུན་པའི་ཆུས་ཁྲུས་བྱས་ལ། དེའི་འོག་ཏུ་མེ་ཏོག་དྲི་ཞིམ་པོའི་ཕྲེང་བ་ལ་སོགས་པ་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ། བརྟེན་པ་ལ་སོགས་པ་བྱས་ན་བཀྲ་མི་ཤིས་པ་ལ་སོགས་པ་འཇོམས་
སོ། །གཞན་ཡང་གཅོང་ཆེན་པོ་ལ་ནི། གཉེན་བཤེས་ཡིད་དུ་འོང་བ་བལྟ་བ་དང༌། གླུ་དང་སིལ་སྙན་རྣམས་སྙན་པ་དང༌། མར་དང་འོ་མ་དང་བཅས་པའི་འཇམ་རྩི་མས་གཏོང་བ་དང་ཤ་དང་ཆང་སྣ་ཚོགས་བསྟེན་པ་དང༌། ལྷ་ལ་མཆོད་པ་དང༌། གཏོར་མ་བཏང་བ་དང༌། བཀྲ་ཤིས་དང༌། སྦྱིན་སྲེག་ལ་སོགས་པ་བྱས་པ་དང༌། དེ་བཞིན་དུ་སྲིད་སྲུང་གི་རིག་བྱེད་ལས་འབྱུང་བའི་མཆོད་པ་ཡང་འདིར་སྦྱར་རོ། །གསོ་བའི་གནས་ལས་གཅོང་ཆེན་པོ་གསོ་བའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།དེ་ནས་རྟག་ཏུ་སློན་པའི་ནད་དང་སྙིང་ནད་གསོ་བ་དང་སྐོམ་པའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །སློན་པའི་ནད་ནི་མ་ཞུ་བའི་གནས་ནས་ཕལ་ཆེར་འབྱུང་སྟེ། རླུང་ལས་གྱུར་པ་མ་གཏོགས་པར་དང་པོ་སྨྱུང་བ་བྱས་ན་ཕན་ནོ། །དེ་ལ་ནད་ཕལ་ཆེར་གཡོས་ཏེ་རྟག་ཏུ་སློན་ཞིང་ཉམས་སྟོབས་དང་ལྡན་པ་ལ་ནི་སྐྱུག་སྨན་གཏང་བར་བྱའོ། །དེའི་འོག་ཏུ་རིམ་གྱིས་སྙིང་ལ་ཕན་པའི་བཀྲུ་སྨན་རྒུན་ཆང་ལ་སོགས་པའམ། རྒུན་འབྲུམ་ལ་སོགས་པ་འབྲས་བུའི་ཁུ་བ་གང་ཡང་རུང་བ་འོ་མ་དང་ལྷན་ཅིག་གཏང་བར་བྱ་སྟེ། ཉེས་པ་གྱེན་དུ་འབྱུང་བ་རྣམས་ཐུར་དུ་བཀྲུ་བར་བྱའོ། །ཉམས་སྟོབས་ཆུང་བ་ལ་ནི་རྩུབ་པའི་སྨན་འབྲས་ཡོས་ཀྱི་ཐུག་པ་ལ་སོགས་པས་ཞི་བར་བྱེད་དོ། །དེ་ནས་ཟས་ཤིན་ཏུ་སྐ་བ་ཞིམ་ཞིང་ཡི་གར་འོང་བ་རན་པར་བཟའ་བ་དང༌། སྨྱུང་བ་བྱ་བ་ནི་རབ་ཏུ་བསྔགས་སོ། །མོན་སྲན་སྡེའུ་ལ་སོགས་པ་བརྔོས་པའི་ཡུ་ཤ་དང༌། ཏིལ་བརྔོས་ཏེ་ཆམ་ཆོམ་བརྡུངས་ལ་ཆུ་དང་ལྷན་ཅིག་སྦངས་ཏེ་སྐྱུར་པོར་གྱུར་པ་ཨམ་བི་ལ་ཀ་ཞེས་བྱ་བ། ལ་ཕུག་སྐམ་པོ་དང༌། ཤིང་ཏོག་ལྕི་ལི་ལ་སོགས་པའི་སྐམ་པོ་ཆམ་ཆོམ་བརྡུངས་ཏེ། ཆུ་ནང་དུ་སྦངས་པ་སྐྱུར་པོར་སོང་བ་ནི་བ་ལ་ཞེས་བྱ་སྟེ། འདི་རྣམས་ཟས་དང་ལྷན་ཅིག་བཟའོ། །ཚོད་མ་ནི་མདོའི་གནས་སུ་བསྟན་པ་རྣམས་དང༌། བལྡག་པ་དང༌། ནར་མའི་ཟས་དང༌། བཏུང་བ་དྲི་སྣ་གསུམ་ཆུ་དང་བསྐོལ་བའི་ནང་དུ་སྦྲང་རྩི་བཏབ་པ་དང༌། ཡང་ན་དྲི་གསུམ་
ཆུའི་ནང་དུ་བསྐོལ་བའི་སེའུས་བཏབ་པའི་བཏུང་བ་དང༌། བག་ཆོས་ལས་བྱས་པའི་ཁུ་བ་སྣ་ཚོགས་ལེགས་པར་སྨིན་པ་ལ་དུ་ལ་སོགས་པ་དང༌། གཞན་ཡང་མདོའི་གནས་སུ་བསྟན་པའི་འབྲས་བུ་རྣམས་དང༌། དྲི་ཞིམ་པོ་དང་སྦྱར་བའི་ཆུས་ལུས་བཀྲུ་བ་དང༌། རྒྱ་མཚོའི་དབུ་བ་ལ་སོགས་པས་ལུས་ཕྱི་བརྡར་བྱ་བ་དང༌། ཟས་ཟོས་པའི་འོག་ཏུ་འཕྲལ་ལ་གདོང་དུ་ཆུ་གྲང་མོས་གཏོར་ཞིང་དྲི་ཞིམ་པོ་དང་ལྡན་པ་སྟེ། དེ་ཡང་མེ་ཏོག་དང་འབྲས་བུ་དང་བཟའ་བ་དང་བཏུང་བ་ལས་བྱུང་བ་དྲི་ཞིམ་པོས་ཀྱང་བདུག་པར་བྱའོ། །དེ་ལྟར་བསྟན་པའི་རིམ་པ་ནི། སྐྱུག་སྨན་གྱི་ཆོ་ག་སྤྱིར་བསྟན་པ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་རྟག་ཏུ་སྐྱུགས་པའི་ནད་ལ་ནི་མར་ཁུ་དྲོ་འཇམ་ཙམ་རྒྱམ་ཚ་དང་ལྡན་པར་འཐུངས་ན་ཕན་ཏེ། ཁྱད་པར་དུ་ལུད་པ་དང་སྙིང་འཛག་པ་ཞི་བར་འགྱུར་རོ། །ཡང་ན་ཚ་བ་གསུམ་དང་སྦྱར་པའི་མར་དང༌། ལན་ཚྭ་རྣམ་གསུམ་དང་ལྡན་པར་བཟའ་བ་དང༌། བལ་པོ་སེའུ་དང་སྦྱར་བའི་མར་ཁུ་བླུད་ན། རླུང་ལས་གྱུར་པའི་སྐྱུགས་པའི་ནད་སེལ་ཏོ། །ཡང་ན་ཞོ་དང་མར་བསྲེས་པའི་ནང་དུ་འུ་སུ་དང་བཅའ་སྒ་བཏབ་པས་བླུད་ན་ཕན་ཡོན་གོང་མ་དང་འདྲའོ། །གོང་དུ་སྨོས་པའི་ཆོ་ག་སྤྱིར་སྨོས་པ་ནི་ཐམས་ཅད་ལ་སྦྱར་བར་བྱའོ། །ཡང་ན་ཆུ་དང་འོ་མ་ཆ་མཉམ་པ་འཐུངས་ན། སྐྱུགས་པའི་ནད་རླུང་ལས་གྱུར་པ་སེལ་ཏོ། །བྱེ་བི་སྐྱི་རི་ཞེས་བྱ་བ་ཁྱིམ་བྱ་ལ་སོགས་པའི་ཤ་ཁུ་བལ་པོ་སེའུ་ལ་སོགས་པ་སྐྱུར་བ་དང་ལྡན་པའི་ནང་དུ་རྒྱམ་ཚ་དང་མར་ཤས་ཆེར་བཏབ་སྟེ་བླུད་ན་ཕན་ནོ། །རླུང་ལས་གྱུར་པའི་སྐྱུགས་པའི་ནད་སེལ་ཏོ། །བཟའ་བ་ནི་སྣུམ་དང་ལྡན་ཞིང་བཅའ་སྒ་དང༌། ཞོ་དང་བལ་པོ་སེའུ་དང་རྒྱམ་ཚ་དང་བཅས་པར་སྦྱར་བའི་དྲོན་པོ་བཟའ་བར་བྱའོ། །རླུང་ལས་གྱུར་པའི་སྐྱུགས་པའི་ནད་འདི་ལ་ནི། སེང་ཕྲོམ་ལ་སོགས་པའི་བཀྲུ་སྨན་སྣུམ་དང་ལན་ཚྭ་དང་བཅས་པའི་དྲོ་འཇམ་ཙམ་བཏང་ན་ཞི་བར་བྱེད་དོ། །དེ་ལ་སྐྱུགས་པའི་ནད་མཁྲིས་པ་ལས་གྱུར་པ་ལ་ནི་རྒུན་འབྲུམ་དང་བུ་རམ་ཤིང་ལ་སོགས་པ་རང་རང་གི་ཁུ་བའི་ནང་དུ། ཏྲི་བ་ཙི་དང་སྦྱར་བའི་བཀྲུ་
སྨན་གཏང་བར་བྱའོ། །ཡང་ན་སེང་ཕྲོམ་མར་དང་སྦྱར་བའི་བཀྲུ་སྨན་གཏང་ངོ༌། །མཁྲིས་པ་ལས་གྱུར་པའི་སྐྱུགས་པའི་ནད་སྙིང་སྟོབས་སུ་འགྱུར་ཏེ། བད་ཀན་གྱི་གནས་སུ་གྱུར་པ་ལ་ནི་སློན་སྨན་མངར་བ་དང་ཁ་བ་རྣམས་ཀྱིས་གྱེན་དུ་དྲང་ངོ༌། །དེ་ལྟར་སློན་སྨན་གྱིས་ལུས་དག་པར་བྱས་ནས། སྐྱོ་མ་དང་ཐུག་པ་ཆུའི་ནང་དུ་སྦྲང་རྩི་དང་ཤ་ཁ་ར་བཏབ་པ་བླུད་དོ། །བཟའ་བ་དང་འབྲས་དྲུག་ཅུ་པའི་ཆན་སྲན་མུངྒ་སྲོག་ཆགས་ཐང་ལས་སྐྱེས་པའི་ཤ་ཁུ་དང་ལེགས་པར་སྦྱར་བའི་ཚོད་མ་དང་ལྷན་ཅིག་བསྐོལ། བཏུང་བ་ནི་སོ་ཕག་བསྲེགས་ནས་མདོག་དམར་པོར་སོང་བ་དང༌། ཆུ་གྲང་གི་ནང་དུ་བཅུག་ལ་སོ་ཕག་ཕྱིར་ཕྱུང་སྟེ་བསྒྲངས་པའི་ཆུ་བླུད་དོ། །ཡང་ན་སྲན་མུངྒ་དང༌། པུ་ཤེལ་ཙི་དང༌། པི་པི་ལིང་དང༌། འུ་སུ་འདི་རྣམས་ཆུ་དང་ལྷན་ཅིག་ཁང་པའི་ཕྱི་རོལ་དུ་ནུབ་གཅིག་ཆུ་དང་སྤངས་ལ་བཞག་སྟེ། དེ་ནས་བླུད་ན་མཁྲིས་པ་ལས་གྱུར་པའི་སྐྱུགས་པའི་ནད་སེལ་ཏོ། །ཡང་ན་རྒུན་འབྲུམ་དང༌། བུ་རམ་ཤིང་དང༌། སླེ་ཏྲེས་དང༌། དེ་རྣམས་གང་ཡང་རུང་བའི་ཁུ་བ་བླུད་ན། སྐྱུགས་པའི་ནད་མཁྲིས་པ་ལས་གྱུར་པ་སེལ་ཏོ། །ཡང་ན་ཤིང་འཛམ་བུ་དང༌། ཨ་མྲའི་ལོ་མ་དང། ཨུ་ཤིར་དང༌། ནྱ་གྲོ་དྷའི་ས་བོན་འབུས་པ་དང༌། མྱུ་གུ་དང་འདི་རྣམས་ཆམ་ཆོམ་བརྡུངས་ཏེ། ཆུ་དང་ལྷན་ཅིག་བསྐོལ་ལ་བསྒྲངས་པ་དང་སྦྲང་རྩིས་བཏབ་སྟེ་འཐུངས་ན། སྐྱུགས་པའི་ནད་དང༌། རིམས་དང༌། འཁྲུ་བ་དང༌། བརྒྱལ་བ་དང༌། སྐོམ་དད་ཆེ་བ་དང༌། འདི་རྣམས་འབྱང་དཀའ་བའི་ཡང་ནད་སེལ་བར་བྱེད་དོ། །ཡང་ན་སྐྱུ་རུ་རའི་ཁུ་བ་ཙནྡན་དང་ལྷན་ཅིག་བསྐོལ་ཏེ་བཏུང་བའམ། སྲན་མུངྒ་བཏགས་པ་ཆུ་དང་སྦྱར་བ་བཏུང་ངོ༌། །རྒྱ་ཤུག་གི་ཚི་གུ་དང༌། ཁ་ར་དཀར་པོ་དང༌། འབྲས་ཡོས་དང༌། སྦྲང་མའི་རྟུག་པ་དང༌། པི་པི་ལིང་དང༌། དངུལ་རྡོ་དང༌། འདི་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུའམ། ཨ་རུ་ར་དང༌། རྒུན་འབྲུམ་དང༌། རྒྱ་ཤུག་དང༌། སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ན། མཁྲིས་པ་ལས་གྱུར་པའི་སྐྱུགས་པའི་ནད་ལ་ཕན་ནོ། །དེ་ལ་བད་
ཀན་ལས་གྱུར་པའི་སྐྱུགས་པའི་ནད་ལ་ནི། ནིམ་པ་དང༌། པི་པི་ལིང་དང༌། པོ་སོན་ཆ་དང༌། འདི་རྣམས་ཀྱི་སློན་སྨན་ཆུ་དྲོན་པོ་དང་སྦྱར་བ་གཏང་ངོ༌། །ཉམས་སྟོབས་ཆུང་ན་ནི་སྨྱུང་བ་ཉི་ཚེ་བྱའོ། །ཡང་ན་དོང་གལ་སོགས་པའི་སྡེ་ཚན་བསྐོལ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་བཅུག་སྟེ། བད་ཀན་ལས་གྱུར་པའི་སློན་ནད་ཅན་ལ་བླུད་དོ། །ཡང་ན་ཕྱེའི་སྐྱོ་མའམ། སྐྱུགས་པའི་ནད་འཇོམས་པའི་སྨན་འབྲས་ཡོས་དང༌། རྒྱ་ཤུག་སྐྱུར་པོ་དང༌། བལ་པོ་སེའུ་ལ་སོགས་པ་བཏགས་ཏེ་བསྐོལ་བའི་ཁུ་བའི་ནང་དུ་ནས་བརྔོས་ཏེ་ཕྱེར་བྱས་ལ་སྐྱོ་མ་བླུད་དོ། །བཟའ་པ་ནི་ཡི་གར་འོང་བ་རྒུན་འབྲུ་ལ་སོགས་པ་དང་སྦྱར་བ་སྨན་ཞིམ་ཐིག་ལེ་དང་བུ་སྲིན་དང་བཅས་པར་སྦྱིན་ནོ། །ལྡོང་རོས་དང༌། པི་པི་ལིང་དང༌། ན་ལེ་ཤམ་བཏགས་པའི་ཕྱེ་མ་སྐྱུར་རྩི་ཆེན་པོའམ། ཀ་པིད་ཏའི་ཁུ་བ་གང་ཡང་རུང་བའི་ནང་དུ་བཏབ་སྟེ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བྱིན་ན་བད་ཀན་ལས་གྱུར་པའི་སྐྱུགས་པའི་ནད་སེལ་ཏོ། །ཡང་ན་ཀ་པིད་ཏ་དང༌། ཚ་བ་གསུམ་སྦྱར་བའམ། བྱི་ཚེར་བ་སྦྲང་རྩི་དང་སྦྱར་བ་ཟོས་ན། བད་ཀན་ལས་གྱུར་པའི་སྐྱུགས་པའི་ནད་སེལ་ཏོ། །གློ་བུར་དུ་ཡུལ་རྨེ་བའམ་མི་གཙང་བ་མཐོང་སྟེ། ཡང་ནས་ཡང་དུ་སྐྱུགས་པ་ལ་ནི་ཡིད་དང་རྗེས་སུ་མཐུན་པར་ཡིད་དུ་འོང་བ་དང་སྤྱོད་པ་དང་དགའ་བ་བསྐྱེད་པ་ལ་སོགས་པ་བྱའོ། །སྲིན་བུ་ལས་གྱུར་པའི་སློན་པའི་ནད་ནི་སྲིན་བུ་གསོ་བ་དང༌། སྙིང་ནད་གསོ་བའི་སྐབས་སུ་ཇི་ལྟར་བཤད་པ་བཞིན་དུ་སྨན་གྱིས་གསོ་བར་བྱའོ། །སྐྱུགས་པའི་ནད་ལྷག་མ་སྐོམ་པ་དང༌། མ་ཞུ་བ་དང༌། སྙིང་ནད་ལ་སོགས་པ་ལས་གྱུར་པ་ལ་ནི་རང་རང་དང་མཐུན་པའི་སྨན་རླུང་ནད་གསོ་བའི་སྐབས་སུ་བཤད་པས་ཞི་བར་བྱའོ། །གཞན་ཡང་ཡང་ནས་ཡང་དུ་སྐྱུགས་ཏེ། ལུས་ཟུངས་རྣམས་ཟད་ཅིང་རླུང་འཁྲུགས་པར་གྱུར་པ་ལ་ནི་ཐོག་མར་སྐྱུག་སྨན་གྱི་ཆོ་ག་བཞིན་དུ་ལུས་ཟུངས་རྣམས་འཕེལ་ཞིང་རྒྱས་པ་དང་མི་སྐྱུགས་པར་བྱ་སྟེ། དེ་ཡང་མར་དང༌། བུ་རམ་དང༌། ཤ་ཁུ་དང༌། དགེ་བའི་སྨན་མར་དང༌། ཚ་བ་གསུམ་གྱི་སྨན་མར་དང༌། འཚོ་བྱེད་སྡེ་བཅུའི་སྨན་མར་དང༌། འོ་མ་དང༌། ལྡེ་གུ་གང་ཡང་རུང་བ་རྣམས་བསྟེན་ན་ཤིན་ཏུ་མི་བཟད་པའི་སྐྱུགས་པ་
རྣམས་སེལ་ཏོ། །སྙིང་ནད་གསོ་བ་དེ་ལ་རླུང་ལས་གྱུར་པའི་སྙིང་ནད་ལ་ནི་ཞོག་ཆུ་དང༌། རྩབས་སྐྱུར་པོ་དང༌། དར་བ་འདི་རྣམས་གང་ཡང་རུང་བ་དང་ཏིལ་མར་དང་སྦྱར་བའི་ནང་དུ་ལན་ཚྭ་ནག་པོ་བཏབ་སྟེ་དྲོ་འཇམ་ཙམ་བླུད་ན་སྙིང་ནད་དང༌། སྐྲན་དང༌། ལྟོ་བའི་ནད་ལས་རྒྱལ་བར་བྱེད་དོ། །ཡང་ན་ཏིལ་མར་དང༌། ལན་ཚྭ་དང༌། གཅིན་དང༌། སྐྱུར་པོ་དང༌། འདི་རྣམས་ཆུ་དང་ལྷན་ཅིག་བསྐོལ་ཏེ། ཏིལ་མར་ཉི་ཚེ་ལུས་པ་འཐུངས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་བིལ་བའི་ཤིང་དང༌། ར་སྣ་དང༌། ནས་དང༌། རྒྱ་ཤུག་དང༌། ཐང་ཤིང་གི་འབྲས་བུ་དང། བ་སྤྲུ་བ་དང༌། རྒྱ་སྲན་དང༌། རྩ་བ་ལྔ་དང༌། འདི་རྣམས་ཆམ་ཆོམ་བརྡུངས་ཏེ་ཆུ་དང་ཏིལ་མར་དང་ཚུལ་བཞིན་དུ་བསྐོལ་ལ། ཆུ་དུ། ཏིལ་མར་འབའ་ཞིག་ལུས་པ་དང༌། དེ་ལས་བཏུང་བ་དང༌། འཇམ་རྩི་མས་གཏོང་བ་དང༌། སྣར་བླུགས་པ་བྱས་ན་སྙིང་ནད་སེལ་ཏོ། །ཡང་ན་བཅའ་སྒ་དང༌། བྱེའུ་རུག་པ་དང༌། རྒྱམ་ཚ་དང༌། ཀྲུ་ཏྲུག་ཏྲེས་དང༌། ཤིང་ཀུན་དང༌། མ་ནུ་དང༌། ཨ་རུ་ར་དང༌། འདི་རྣམས་ཆམ་ཆོམ་བརྡུངས་ཏེ་ཆུ་དང་བསྐོལ་བའི་ཁུ་བ་དང༌། མར་དང་མར་གྱི་བཞི་འགྱུར་གྱི་ཆུ་དང་བསྐོལ་ལ། མར་འབའ་ཞིག་ལུས་པ་དང༌། དེ་ལས་རན་པར་འཐུངས་ན། རྩིབ་ལོག་ན་ཞིང་གཟེར་བ་དང༌། སྐྲན་དང་འདི་རྣམས་འཇོམས་སོ། །ཡང་ན་ཁ་རུ་ཚ་སྲང་གཉིས་དང༌། ཨ་རུ་ར་སྲང་ལྔ་དང༌། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། གོང་མ་བཞིན་མར་དང་སྦྱར་བ་འཐུངས་ན། སྙིང་ནད་དང༌། རྩིབ་ལོགས་ན་བ་དང༌། སྐྲན་དང་དབུགས་མི་བདེ་བ་སེལ་ཏོ། །ཡང་ན་སེའུ་འབྲུ་དང༌། ཁ་རུ་ཚ་དང༌། ཤིང་ཀུན་དང༌། སྟར་བུ་དང་འདི་རྣམས་ཀྱི་ཕྱེ་མ་ཆུ་དྲོན་པོ་དང་ལྷན་ཅིག་འཐུངས་ན། རླུང་དང༌། སྙིང་ནད་དང༌། དབུགས་མི་བདེ་བ་རབ་ཏུ་ཞི་བར་བྱེད་དེ་རབ་ཏུ་བཟང་ངོ༌། །ཡང་ན་པུཥྐར་མཱུ་ལ་ཟུར་པ་དང༌། བཅའ་སྒ་དང༌། སྐྱུར་རྩི་ཆེན་པོའི་རྩ་བ་དང༌། ཨ་རུ་ར་དང༌། འདི་རྣམས་ཕྱེ་མར་བྱས་ཏེ། ཡ་བཀྵ་ར་དང༌། སྐྱུར་དང༌། ལན་ཚྭ་དང་ལྡན་པར་བྱ་བའམ། ཆུ་དྲོན་གང་འབྱོར་བ་དང་སྦྱར་བ་འཐུངས་
ན། སྙིང་གཅད་པ་སྙམ་བྱེད་ཅིང་ཟུག་པ་རྣམས་ལ་ཕན་ནོ། །ཡང་ན་ལ་ལ་ཕུད་དང༌། རྒྱམ་ཚ་དང༌། ཡ་བཀྵ་ར་དང༌། ཤུ་དག་དང༌། གོ་སྙོད་དང༌། བཅའ་སྒ་དང༌། ཐང་ཤིང་དང༌། སྐྱུར་རྩི་ཆེན་པོ་དང༌། པ་ལ་ཤ་དང༌། ཟུར་པ་དང༌། མ་ནུ་འདི་རྣམས་བསྐོལ་བའི་ཁུ་བ་འཇམ་ཙམ་འཐུངས་ན་ཕན་ཡོན་གོང་དང་འདྲའོ། །ཡང་ན་ཚ་བ་ལྔ་དང༌། ཟུར་པ་དང༌། ཨ་རུ་ར་དང༌། བུ་རམ་དང༌། བི་ཛུ་ར་དང༌། མ་ནུ་འདི་རྣམས་ཀྱི་ཕྱེ་མ་ཆང་དང་སྦྱར་བ་ཏིལ་མར་དང༌། མར་བསྐོལ་བའི་ནང་དུ་བླུགས་ལ་ལན་ཚྭ་དང་ལྡན་པར་འཐུངས་ན། སྙིང་ནད་དང༌། རྩིབ་ལོགས་ན་བ་དང༌། མོ་མཚན་རྣམས་སུ་ཟུག་པ་དང༌། སྐྲན་དང༌། དམུ་རྫིང་རྣམས་ལ་ཕན་ནོ། །ཡང་ན་རླུང་ལས་གྱུར་པའི་སྙིང་ནད་ལ་ནི། སྣུམ་ཆོས་དང་དུགས་བྱ་བའི་སྨན་སྦྱིན་ནོ། །རྩ་བ་ལྔ་པ་ཆུང་ངུ་ཆམ་ཆོམ་བརྡུངས་ལ་ཆུ་དང་བསྐོལ་བའམ། ཡང་ན་བཅའ་སྒ་བསྐོལ་བའི་བཏུང་བ་དྲོ་འཇམ་ཙམ་བླུད་དོ། །ཡང་ན་ཆང་ངམ་རྩབས་སྐྱུར་པོ་དང་འདི་དག་རྣམས་སྐོམ་དུ་བླུད་དོ། །རླུང་གིས་སྙིང་གཟེར་ཞིང་མགུལ་པ་དང་དབུགས་བསྡམས་པ་སྙམ་བྱེད་པ་དང༌། མ་ཞུ་བ་ཡོད་པ་རྣམས་ལ་ཡང་གསོ་བ་གོང་མ་ལྟར་བྱའོ། །སྙིང་འཛག་པ་དང༌། གཅིན་ནད་དང་རླུང་ལས་གྱུར་པའི་སྙིང་ནད་ལ་ནི། སྣུམ་མང་པོ་དང༌། སྲེག་པ་དང༌། ཁྲུང་ཁྲུད་དང༌། རྨ་བྱ་དང༌། ཅོ་ག་དང༌། ཁྱིམ་བྱ་དང༌། དེ་རྣམས་ཀྱི་ཤ་ཁུ་བྱིན་ན་ཕན་ནོ། །ཡང་ན་བ་ལའི་སྨན་མར་རླུང་ནད་གསོ་པའི་སྐབས་སུ་བཤད་པ་བཏུང་བའམ། སུ་ཀུ་མ་རའི་སྨན་མར་ཁོང་འབྲས་གསོ་བ་ལས་འབྱུང་བའམ། ཡང་ན་ཤིང་མངར་ལན་བརྒྱ་བཙོས་པའི་སྨན་དྲེག་ནད་གསོ་བའི་ནང་དུ་བཤད་པ་ཡང་སྙིང་ནད་ཅན་ལ་སྦྱར་བར་བྱའོ། །ཡང་ན་སྣུམ་ཆེན་པོའི་མཆོག་ཅེས་བྱ་བའི་སྨན་མར་སྦྱར་བར་བྱ་སྟེ། ར་སྣ་དང༌། ཛི་བ་ཀ་དང༌། ཛི་བན་ཏི་དང༌། བ་ལ་དང༌། ཀཎྜ་ཀ་རི་དང༌། བ་སྦྲུ་བ་དང༌། ག་བྲའི་རྩ་བ་དང༌། སྠི་རི་ཞེས་བྱ་བ་ས་ལ་པརྞི་དང༌། ཤུ་དག་དང༌། ཆ་བ་གསུམ་དང༌། འདི་རྣམས་ཆམ་ཆོམ་བརྡུངས་པ་དང༌།
སྣུམ་ཆེན་པོ་བཞི་ཆ་མཉམ་པ་དང༌། དེའི་བཞི་ཆའི་ཞོ་དང༌། རྩ་བ་མོ་དང། ཞོ་ག་ཆུ་སྐྱུར་པོ་དང༌། དར་བ་སྐྱུར་པོ་དང༌། ཆང་དང་སྐྱུར་པོ་གང་རྙེད་པ་སྣུམ་ཆེན་པོ་གཅིག་གི་བཞི་འགྱུར་དང༌། སྐྱུར་ལྔ་སྤྱི་དང་མཉམ་པའི་ཆུ་དང་ལྷན་ཅིག་བསྐོལ་ཏེ། མར་ཉི་ཚེ་ལུས་པ་དང༌། དེ་ལས་རྟག་ཏུ་བསྟེན་ན། ཚིམ་པར་བྱེད་པ་དང༌། ལུས་འཕེལ་ཞིང་རྒྱས་པར་བྱེད་པ་དང༌། སྟོབས་སྐྱེད་ཅིང་རླུང་ལས་གྱུར་པའི་སྙིང་ནད་འཇོམས་སོ། །རླུང་ལས་གྱུར་པའི་སྙིང་ནད་མེ་དྲོད་ཆེ་བ་དང༌། སྙིང་འཛག་པ་དང༌། འཕར་བ་ལ་ནི་འོ་མ་དང༌། ཞོ་དང༌། བུ་རམ་དང། མར་དང༌། ཆུ་ན་གནས་པ་དང༌། ཁྱིམ་ན་གནས་པའི་ཕྱུགས་ཀྱི་ཤ་རྣམས་ཟོས་ཤིང་འཐུངས་ན་ཕན་ནོ། །རླུང་ལས་གྱུར་པའི་སྙིང་ནད་མ་གཏོགས་པ་ལྷག་མའི་སྙིང་ནད་བཞི་ལ་ནི་གོང་མའི་སྣུམ་གྱི་ཆོ་ག་སྤང་བར་བྱ་སྟེ། རླུང་ལས་གྱུར་པ་ཡིན་ན་ཡང༌། གལ་ཏེ་སྙིང་བསྡམས་པ་སྙམ་བྱེད་པའི་ནད་དང༌། ཟས་ཡི་གར་མི་འོང་བ་ལྟ་ན་ཡང་སྣུམ་གྱི་ཆོ་ག་སྤང་ངོ༌། །དེ་རླུང་ལས་གྱུར་པའི་སྙིང་ནད་བད་ཀན་དང་འདྲེས་པ་ཡིན་ན་ནི་རྩུབ་པ་དང་དྲོ་བའི་གསོ་བ་བསྟན་པ་ཡིན་ནོ། །དེ་ལ་མཁྲིས་པ་ལས་གྱུར་པའི་སྙིང་ནང་ལ་ནི་རྒུན་འབྲུམ་དང༌། བུ་རམ་ཤིང་གི་ཁུ་བ་དང༌། ཁ་ར་དཀར་པོ་དང༌། སྦྲང་རྩི་དང༌། པ་རུ་ཤ་རྣམས་ལས་གཞི་བླངས་པའི་བཀྲུ་སྨན་གཏང་བར་བྱ་སྟེ། ལུས་དག་པ་དང་འདོད་པའི་ཐུག་པ་ལ་སོགས་པ་རིམ་གྱིས་མཁྲིས་པ་འཇོམས་པ་སྦྱིན་ནོ། །གློ་འགྲམས་པ་དང༌། མཁྲིས་པའི་རིམས་ཀྱི་གསོ་བ་བཤད་པ་བཞིན་དུ་ལུས་ཀྱི་ཕྱི་རོལ་ནས་བསྐུ་བྱུག་དང༌། ནང་ནས་བཀྲུ་སྨན་གྱི་སྦྱོར་བ་འདིར་བྱ་བར་བཤད་དེ། པུ་ཙེ་ཤེལ་དང༌། ཤིང་མངར་བཏགས་ཏེ་ཆུ་དང་སྦྱར་བ་ཁ་ར་བཏབ་སྟེ་འཐུངས་ན། མཁྲིས་པ་ལས་གྱུར་པའི་སྙིང་ནད་སེལ་ཏོ། །ཡང་ན་ར་སྣ་དང༌། ཤ་ཁ་ར་དང༌། རྒུན་འབྲུམ་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། ཨུཏྤ་ལ་དང༌། བ་ལ་དང༌། འབྲ་གོ་དང༌། རམ་ཉེ་བ་རྣམ་གཉིས་དང༌། མེ་ད་རྣམ་གཉིས་དང༌། འདི་རྣམས་མ་ཧེའི་མར་དང༌། འོ་མ་ཆུ་དང་
ཚུལ་བཞིན་དུ་སྦྱར་བའི་མར་འཐུངས་ན། མཁྲིས་པ་ལས་གྱུར་པའི་སྙིང་ནད་སེལ་ཏོ། །ཡང་ན་པྲ་པུཎྜ་རཱི་ཀ་དང༌། ཤིང་མངར་དང༌། པདྨའི་རྩ་བའི་མདུད་པ་དང༌། ཀྲྀཥྞ་དང༌། བཅའ་སྒ་དང༌། ཉ་ལྕིབས་དང༌། འདི་རྣམས་འོ་མ་དང་ལྷན་ཅིག་བསྐོལ་ནས་མར་ལུས་པ་དང་བཙགས་ཏེ་བསྒྲངས་པའི་ནང་དུ། སྦྲང་རྩི་བཏབ་སྟེ་འཐུངས་ན་རབ་ཏུ་བསྔགས་སོ། །ཡང་ན་དར་བའི་སྨན་གྱི་སྡེ་ཚན་མར་དང་གོང་མ་བཞིན་བསྐོལ་ཏེ་འཐུངས་ན། མཁྲིས་པ་ལས་གྱུར་པའི་སྙིང་ནད་སེལ་ཏོ། །ཡང་ན་ཏིལ་མར་དང་ཚུལ་བཞིན་བསྐོལ་ཏེ། བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་སྟེ་འཇམ་རྩི་མས་གཏོང་བར་བྱའོ། །དེ་ལ་བད་ཀན་ལས་གྱུར་པའི་སྙིང་ནད་ལ་ནི་ཐོག་མར་དུགས་བྱ་སྟེ། དེའི་འོག་ཏུ་ནིམ་པ་དང༌། ཤུ་དག་བསྐོལ་བའི་སྐྱུག་སྨན་བཏང་ངོ༌། །ཁ་ཟས་ནི་ནས་ལས་གཡོས་སུ་བྱས་ཏེ་སྦྱིན་ནོ། །ཚོད་མ་ནི་རྒྱ་སྲན་གྱི་ཁུ་བ་དང༌། སྲོག་ཆགས་ཐང་ལ་གནས་པའི་ཁུ་བ་རུང་ངོ༌། སྐོམ་དུ་ནི་ཆང་རྣོན་པོ་བླུད་དོ། །ཤུ་དག་དང༌། ཤིང་ཀུན་དང༌། ལན་ཚྭ་རྣམ་གཉིས་དང༌། དོང་གྲ་དང༌། སུག་སྨེལ་དང༌། ལ་ལ་ཕུད་དང༌། པི་པི་ལིང་དང། ནས་ཚིག་འཁུས་པའི་ཐལ་བ་དང༌། འདི་རྣམས་ཀྱི་ཕྱེ་མ་ཆུ་དྲོ་འཇམ་ཙམ་མམ། ཡང་ན་རྒྱ་ཤུག་སྐྱུར་པོ་ལ་སོགས་པ་འབྲས་བུའི་ཆུའམ། འུ་སུའི་རང་སྐྱུར་རམ། རྒྱ་སྲན་གྱི་ཡུ་ཤའམ། བ་གཅིན་ནམ། ཨ་ས་ཝའི་བཏུང་བའམ། འདི་རྣམས་གང་ཡང་རུང་བ་ལས་སྐྱོ་མར་བྱས་ཏེ་བླུད་དོ། །སུ་སྐར་ར་མ་ལ་དང༌། ཨ་རུ་ར་དང༌། པ་ལ་ཤ་དང༌། བཅའ་སྒ་དང༌། ཟུར་པ་དང༌། ར་སྣ་དང༌། ཤུ་དག་དང༌། པི་པི་ལིང་དང་འདི་རྣམས་ཚུལ་བཞིན་བསྐོལ་བའི་ཁུ་བ་བླུད་ན་ཕན་ནོ། །ཨ་རུ་ར་དང༌། བཅའ་སྒ་དང༌། བོང་ང་དཀར་པོ་དང༌། པཊྚ་དྲུག་དང༌། ཀད་པ་ལ་དང༌། འདི་རྣམས་ཆུ་དང་བསྐོལ་ཏེ་བཏང་ན་ཕན་ཡོན་གོང་མ་དང་འདྲའོ། །རོ་ཧི་ཏ་དང༌། སེང་ལྡེང་དང༌། ཨ་ཤྭདྠ་ཀ་དང༌། ཨུ་དུམྦཱ་ར་དང༌། ཨརྫུ་ན་དང༌། ནྱ་གྲོ་དྷ་དང༌། འདི་རྣམས་བསྐོལ་
བའི་ཁུ་བའི་ནང་དུ། ཚ་བ་གསུམ་དང་དྲི་བི་ཙ་བཏགས་པའི་ཕྱེ་མ་བཏབ་སྟེ་ལྡེ་གུར་བྱས་ནས་བཟའ་བའམ། ཡང་ན་ཚ་བ་གསུམ་དང་དུར་བྱིད་ཀྱི་ཕྱེ་མ་ཆུ་དང་སྦྱར་ཏེ་གཏང་བའམ། ཡང་ན་ཆུ་དྲོན་དང་ལྡེ་གུར་བྱས་པ་ཟོས་ན་བད་ཀན་ལས་གྱུར་པའི་སྙིང་ནད་སེལ་ཏོ། །བད་ཀན་ལས་གྱུར་པའི་སྐྲན་གསོ་པའི་སྐབས་ལས་འབྱུང་བའི་ཐལ་སྨན་གྱི་སྦྱོར་བ་དང༌། སྨན་མར་འདིར་ཡང་སྦྱར་ཏེ་བླུད་དོ། །བྲག་ཞུན་གྱི་ཆོ་ག་དང་ཚངས་པས་བཤད་པའི་བཅུད་ཀྱིས་ལེན་གྱི་ཆོ་ག་ཡང་འདིར་སྦྱར་རོ། །དེ་བཞིན་དུ་སྐྱུ་རུ་རའི་ལྡེ་གུའམ། དྲང་སྲོང་རི་བྱིས་བཤད་པའི་ལྡེ་གུས་ཡང་སྐབས་འདིར་སྦྱར་རོ། །སྐྱེས་བུ་གང་ཟས་ཟོས་མ་ཐག་སྙིང་གི་ཕྱོགས་སུ་ཟུག་གཟེར་སྐྱེ་ཞིང་ཁ་ཟས་འཇུ་བ་བཞིན་དུ་ཟུག་གཟེར་ཆུང་བ་ལྟར་བྱད་ན་རུ་རྟ་དང༌། བྱི་དང་ག་དང༌། ལན་ཚྭ་རྣམ་གཉིས་དང༌། སེང་ཕྲོམ་དང༌། ཐང་ཤིང་དང༌། བོང་ང་དཀར་པོ་དང༌། འདི་རྣམས་ཀྱི་ཕྱེ་མ་ཆུ་དྲོན་དང་སྦྱར་བ་བླུད་ན་ཞི་བར་བྱེད་དོ། །དེ་ཡང་སྔོན་གྱི་སློབ་དཔོན་དག་ན་རེ། གོང་གི་སྨན་ཞོ་གཉིས་ཆུ་སྲང་གསུམ་དང་བསྐོལ་ཏེ་བླུད་དོ་ཞེས་ཟེར་རོ། །ཁ་ཟས་ཞུ་བའི་འོག་ཏུ་རྟག་ཏུ་ཟུག་གཟེར་སྐྱེ་བ་ལ་ནི། སྣུམ་བའི་སྨན་བཀྲུ་སྨན་ནམ། འབྲས་བུའི་བཀྲུ་སྨན་ནམ། རྩ་བའི་བཀྲུ་སྨན་རྣོན་པོ་བཏང་ངོ༌། །དེ་ལ་སྣུམ་པའི་བཀྲུ་སྨན་ནི་སེང་ཕྲོམ་དང༌། ནི་ལི་ནི་དང༌། ཨེ་རཎྜའི་མར་རྣམས་སོ། །འབྲས་བུའི་བཀྲུ་སྨན་ནི་སཔྟ་ལ་དང༌། ཤ་ཁི་ནི་དང༌། དན་ཏིའི་འབྲས་བུ་དང༌། བྲ་བན་ཏི་དང༌། གིར་ནི་ཀར་ནི་དཀར་དང༌། རྒུན་འབྲུམ་དང༌། འབྲ་གོ་དང༌། བྱི་དང་ག་དང༌། མུ་ར་དང༌། དོང་ག་དང༌། འབྲས་བུ་གསུམ་དང༌། ཀམ་པི་ལ་རྣམས་སོ། །རྩ་བའི་བཀྲུ་སྨན་ནི་དན་ཏི་དང༌། ཁྲོན་བུ་དང་འདི་དག་གོ །མ་ཞུ་བའི་གནས་ན་རླུང་ཕལ་ཆེར་འཁྲུགས་ཏེ། ཟས་རྒྱུ་བའི་ལམ་བཀག་ནས་ན་བ་ལ་ནི་དེ་དང་རྗེས་སུ་མཐུན་པར་སློན་ཁྲུས་ཀྱིས་ལུས་དག་པར་བྱ་བ་དང༌། སྨྱུང་བར་འདུག་པ་དང༌། མ་ཞུ་བ་སྨིན་པའི་སྨན་རྣམས་ཀྱིས་ཞི་བར་བྱའོ། །སྲིན་བུ་ལས་གྱུར་
བའི་སྙིང་ནད་ལ་ནི་སྲིན་བུ་འཇོམས་པའི་སྨན་ཐམས་ཅད་ཀྱིས་གསོ་བར་བྱའོ། །སྐོམ་པའི་ནད་གསོ་བའི་སྐོམ་དད་ཆེ་བའི་ནད་ཐམས་ཅད་ལ་ནི་ཕལ་ཆེར་རླུང་དང་མཁྲིས་པ་འཇོམས་པའི་སྨན་ཐམས་ཅད་བསྔགས་སོ། །དེ་བཞིན་དུ་སྐོམ་པ་ཐམས་ཅད་ལ་ཕྱི་ནང་གཉི་ག་ནས་བསིལ་བའི་ཆོ་གས་ལུས་དག་པ་དང་ཞི་བར་བྱའོ། །ཡང་ན་ཆར་པའི་ཆུ་གྲང་མོའམ། །ཆུ་མིག་ལས་བྱུང་བའི་ཆུ་དང་སྦྲང་རྩི་དང་སྦྱར་བ་འཐུངས་ན་ཕན་ནོ། །ཡང་ན་བོང་པའམ། བྱེ་མའམ། གྱོ་དུམ་གང་ཡང་རུང་བ་བསྲེགས་པ་ཆུ་ནང་དུ་བཅུག་ལ་དངས་པར་གྱུར་པ་དང་བླུད་དོ། །ཡང་ན་རྩ་བ་ལྔ་བསྐོལ་བ་བསྒྲངས་པའི་ནང་དུ་ཤ་ཁ་ར་བཏབ་པའམ། ཡང་ན་རྩྭ་དཱུར་བ་ལ་སོགས་པའི་རྩྭའི་རྩ་བ་ལྔ་པ་ཆུང་ངུ་དང་བསྐོལ་བའི་ནང་དུ། ཤ་ཁ་ར་བཏབ་པ་འཐུངས་ན་རབ་ཏུ་བསྔགས་སོ། །ཡང་ན་འབྲས་ཡོས་ལ་སོགས་པའི་ཕྱེ་ཆུ་དང་སྐྱོ་མར་བྱས་ཏེ་བླུད་དོ། །ནས་ཁྲལ་ཁྲོལ་ཙམ་དྲུས་ཏེ་ཆན་དུ་བྱས་པའི་ནང་དུ་སྦྲང་རྩི་དང༌། ཤ་ཁ་ར་བཏབ་པ་ཟོས་ན་སྐོམ་དད་ཆེ་བ་ལ་ཕན་ནོ། །དེ་བཞིན་དུ་ནས་དང་འབྲས་དང༌། ཁྲེ་རྒོད་རྙིང་པ་གང་ཡང་རུང་བ་འོ་མ་དང་ཐུག་པར་བྱས་པའི་ནང་དུ་ཁ་ར་དང་སྦྲང་རྩི་བཏབ་པ་འཐུངས་ན་རབ་ཏུ་བསྔགས་སོ། །སྐོམ་དད་ཆེ་བའི་ནད་ཡོད་པས་ནི་ཐོག་མར་ཆུ་གྲང་གིས་ལུས་བཀྲུས་ལ། དེའི་འོག་ཏུ་བསིལ་བའི་སྨན་ཐམས་ཅད་བསྐོལ་བའི་ཁུ་བ་དང༌། འོ་མ་ལས་གཞི་བླངས་པའི་བཟའ་བ་གྲང་མོའི་ནང་དུ་སྦྲང་རྩི་དང༌། ཤ་ཁ་ར་བཏབ་པ་སྦྱིན་ནོ། །ཡང་ན་སྲོག་ཆགས་ཐང་ལས་སྐྱེས་པའི་ཤ་ཁུའི་ནང་དུ་མར་བསྐོལ་བ་བཅུག་ལ་ལན་ཚྭ་དང་སྐྱུར་མེད་པར་བྱ་སྟེ། བཟའ་བ་དང་ལྷན་ཅིག་སྦྱིན་ནོ། །ཡང་ན་སྲན་མུངྒ་ལ་སོགས་པ་བསིལ་བའི་ནུས་པ་དང་ལྡན་པ་དང༌། འཚོ་བྱེད་སྡེ་བཅུ་ལས་གཞི་བླངས་པའི་གཡོས་སུ་བྱས་པ་ལ་ཡང་རབ་ཏུ་བསྔགས་སོ། །གཞན་ཡང་འོ་མ་བསྲུབས་པའི་མར་སར་རམ། སྨན་བསིལ་བག་བསྐོལ་བའི་ཁུ་བའམ། ཡང་ན་བུ་
རམ་ཤིང་གི་ཁུ་བ་གང་ཡང་རུང་བ་སྣར་བླུགས་པ་ཡང་རབ་ཏུ་བཟང་ངོ༌། །མདོའི་གནས་སུ་བསྟན་པའི་མཁུར་བར་བཅང་བའི་སྨན་འོ་མ་དང༌། བུ་རམ་ཆང་དང༌། ཁ་རའི་ཁུ་བ་ལ་སོགས་པ་ཡང་ཁ་སྐམ་པ་དང་སྐོམ་དད་ཆེ་བ་ལ་ཕན་ཏེ་མཁུར་བར་བཅང་ངོ༌། །གཞན་ཡང་ཚ་བའི་རིམས་ལ་ཇི་ལྟར་བྱུགས་པ་དང་བསྐུ་བ་སྨོས་པ་འདིར་ཡང་སྦྱར་རོ། །མྱ་ངན་དང་མི་དགའ་བ་སྤངས་ཏེ་སེམས་བདེ་བར་འགྱུར་བའི་བག་བསྟེན་ཏོ། །མཚོ་ཆེན་པོ་དང་མཚོ་ཆུང་ངུ་ལ་སོགས་པ་ཉམས་སུ་དགའ་བ་བསྟེན་པའམ། དྲན་དུ་གཞུག་གོ །དེ་དག་ནི་སྐོམ་དད་ཀྱི་ཆོ་ག་སྤྱིར་བསྟན་པ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་སྐོམ་དད་ལ་ནི་ཞོ་བུ་རམ་དང་སྦྱར་བ་བསྔགས་སོ། །ཡང་ན་ལུས་ཉམས་སྟོབས་བསྐྱེད་ཅིང་བསིལ་བའི་ནུས་པ་དང་ལྡན་པའི་སྨན་ཤ་ཁུ་དང་ལྷན་ཅིག་སྦྱར་བའམ། ཡང་ན་བི་ད་རིའི་སྡེ་ཚན་བསྐོལ་བ་བསྒྲངས་པ་འཐུངས་ན་ཕན་ནོ། །མཁྲིས་པ་ལས་གྱུར་པ་ལ་ནི་ཨུ་དུམྦཱ་ར་བསྐོལ་བའི་ཁུ་བའི་ནང་དུ་ཁ་ར་དཀར་པོ་བཏབ་པ་འཐུངས་ན་ཕན་ནོ། །ཡང་ན་ཨུ་དུམྦཱ་ར་བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་ཤ་ཁ་ར་བཏབ་པ་བཏུང་བའམ། ཡང་ན་ཐལ་ཏྲེས་ཀྱི་སྡེ་ཚན་བསྐོལ་བའི་ཁུ་བའི་ནང་དུ་ཁ་རས་བཏབ་པ་བཏུང་བའམ། དེ་བཞིན་དུ་པ་རུ་ཤ་ཀ་དང་སླེ་ཏྲེས་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བའི་ནང་དུ་ཤ་ཁ་ར་དང་སྦྲང་རྩི་བཏབ་པ་ཡང་དེ་དང་འདྲ་བར་བལྟའོ། །ཡང་ན་མངར་བའི་སྨན་རྒུན་འབྲུམ་ལ་སོགས་པ་བསྐོལ་བའི་ཁུ་བའི་ནང་དུ་ཤིང་འོ་མ་ཅན་ནྱ་གྲོ་དྷ་ལ་སོགས་པ་བསྐོལ་བའི་ཁུ་བའི་ནང་དུ་ཤ་ཁ་ར་དང་སྦྲང་རྩི་བཏབ་པ་སྦྱིན་ནོ། །ཡང་ན་སྐྱུར་རྩི་ཆེན་པོ་དང༌། རྒུན་འབྲུའི་ལྕུག་མ་དང༌། ནྱ་གྲོ་དྷ་དང༌། ལྕང་མ་དང༌། འདི་རྣམས་ཀྱི་ལོ་མ་དང༌། ཀུ་ཤ་དང་ཤ་ཀ་ལ་སོགས་པ་རྩ་བའི་རྩ་བ་ལྔ་དང༌། ཤིང་མངར་དང་འདི་རྣམས་བསྐོལ་བའི་ཁུ་བའམ། ཡང་ན་རིམས་ནད་གསོ་བའི་སྐབས་སུ་བཤད་པའི་སྙིང་པོ་ལྔའི་སྨན་རྒུན་འབྲུམ་ལ་སོགས་པ་བསྐོལ་བའམ། སྦྱོར་བ་དེ་དག་གང་ཡང་རུང་བ་བླུད་ན། མཁྲིས་པ་
ལས་གྱུར་པའི་སྐོམ་དད་སེལ་ཏོ། །བད་ཀན་ལས་གྱུར་པའི་སྐོམ་པའི་ནད་ལ་ནི་ཐོག་མར་ནིམ་པ་བསྐོལ་བའི་ཁུ་བ་བླུད་དེ་སྐྱུག་ཏུ་གཞུག་གོ །ཡང་ན་བིལ་བ་དང༌། འུ་སུ་དང༌། རྩ་བ་ལྔ་པ་ཆུང་ངུ་དང༌། དར་བ་དང༌། ཙི་ཏྲ་ཀ་དང༌། འདི་རྣམས་ཆུ་དང་བསྐོལ་བའི་ཁུ་བ་བླུད་དོ། །ཡང་ན་ཡུངས་ཆུ་དང་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་དང༌། ཤ་ཁ་ར་བཏབ་པ་བཏུང་བའམ། ཡང་ན་མུངྒ་དང༌། པ་ཏོ་ལ་དང༌། ནིམ་པ་རྣམ་གཉིས་ཀྱི་ལོ་མ་བསྐོལ་བའི་ཁུ་བའི་ནང་དུ་ཚ་བ་གསུམ་གྱི་ཕྱེ་མས་བཏབ་པ་བཏུང་ངོ༌། །གཞན་ཡང་ནས་ལས་བྱས་པའི་ཟན་དང༌། སྨན་གྱི་ཁུ་བ་མཁུར་བར་བཅང་པ་དང༌། སྨན་སྣ་ནས་གཏང་བ་དང་ལྡེ་གུ་ལ་སོགས་པའི་སྨན་ཚ་བའི་བག་དང་བཅས་པ་སྦྱིན་ནོ། །མ་ཞུ་བ་དང་བཅས་པའི་སྐོམ་དད་ཆེ་བའི་ནད་ལ་ནི་གོང་དུ་སྨོས་པའི་སྦྱོར་བ་རྣམས་བྱ་སྟེ། ཁྱད་པར་དུ་སྐྱུག་སྨན་གྱིས་ཞི་བར་བྱའོ། །དེ་བཞིན་དུ་སྦྱོར་བ་གཞན་ཡང་ཚ་བ་གསུམ་དང་གོ་བྱེ་དང༌། ཤུ་དག་དང༌། འདི་རྣམས་ཀྱི་ཕྱེ་མ་བལ་པོ་སེའུའི་ཁུ་བ་འམ། ཆུ་དྲོན་ནམ་ཞོ་ག་ཆུ་གང་ཡང་རུང་བ་དང་སྦྱར་ཏེ་བཏང་ན། སྐོམ་དད་མ་ཞུ་བ་དང་བཅས་པ་ཞི་བར་བྱེད་དོ། །གལ་ཏེ་ནད་པ་ཟས་སྟོབས་ཆུང་ན་ཟས་ཤིན་ཏུ་སླ་བ་དང༌། སྐྱོ་མ་གང་ཡང་རུང་བ་དུས་ཚོད་དང་སྦྱར་ཏེ་གཏང་ངོ༌། །ངལ་བས་སྐོམ་དད་སྐྱེས་པ་ལ་ནི་ཤ་ཁུའམ་ཤ་ཁ་ར་དང་སྦྱར་བའི་སྐྱོ་མ་བླུད་དོ། །ཚ་བས་སྐོམ་དད་སྐྱེ་བ་ལ་ནི་ནས་ཀྱི་ཕྱེའམ། རྒྱ་ཤུག་གི་ཕྱེ་མའི་སྐྱོ་མ་ཁ་ར་དང་སྦྱར་བ་བླུད་དོ། །ཡང་ན་ཏིལ་གྱི་ཚིགས་མ་བཏགས་ཏེ་རང་སྐྱུར་དང་སྦྱར་བས་ལུས་ཐམས་ཅད་བསྐུས་ན་ཚ་བ་འཇིལ་ལོ། །ལུས་ཁྲུས་བྱས་པས་སྐོམ་དད་སྐྱེད་པ་ལ་ནི་ཆང་ངམ་ཆུས་བསྲེས་པའམ། ཡང་ན་བུ་རམ་ཆུ་བླུད་དོ། །ཆང་འཐུངས་པས་སྐོམ་དད་སྐྱེད་པ་ལ་ནི་ཆུ་དང་ཆང་ཕྱེད་མར་བསྲེས་པ་བླུད་དེ། དེ་ནས་ལུས་ཁྲུས་བྱས་ལ་ཟས་སྐྱུར་དང་ལན་ཚྭ་དང་ལྡན་པར་སྦྱིན་ནོ། །སྣུམ་པ་དང་ལྡན་པའི་ཟས་རྣོ་ཆེས་པ་ཟོས་པས་མེ་དྲོད་སྐྱེས་
ཏེ་སྐོམ་དད་བྱུང་བ་ལ་ནི་ཆུ་རང་བཞིན་གྱིས་གྲང་བ་སྦྱིན་ནོ། །སྣུམ་མ་ཞུ་བ་ལས་སྐོམ་དད་སྐྱེས་པ་ལ་ནི་ཆུ་དྲོན་པོ་སྦྱིན་ནོ། །སྣུམ་བག་ཞུ་ནས་སྐོམ་དད་སྐྱེས་པ་ལ་ནི་ཐུག་པ་གར་པོ་བླུད་དོ། །སྣུམ་དང་ལྡན་པའི་ཟས་ཟོས་པ་ལས་སྐོམ་དད་སྐྱེས་པ་ལ་ནི་སྣོད་ནང་དུ་ཁ་བ་བཅུག་ལ། དེའི་སྟེང་དུ་བུ་རམ་དང་ཆུ་བླུགས་བཞིན་དུ་བཏུང་ངོ༌། །ཟས་ལྕི་བ་ཟོས་པ་ལས་སྐོམ་དད་སྐྱེས་པ་ལ་ནི། ཆུ་དྲོན་པོ་བླུད་དེ་སྐྱུག་ཏུ་གཞུག་གོ །གློ་གཅོང་ཟད་བྱེད་ཀྱི་སྐོམ་དད་སྐྱེས་པ་ལ་ནི། གློ་གཅོང་ལ་ཕན་པའི་བཟའ་བ་དང༌། བཏུང་བ་དང་ཉམས་སྟོབས་སྐྱེད་པའི་སྨན་ཐམས་ཅད་འདིར་སྦྱར་རོ། །ལུས་རིད་པ་དང་ཉམས་སྟོབས་ཆུང་བ་དང༌། ཟས་རྩུབ་པ་ཟོས་པ་ལས་སྐོམ་དང་སྐྱེས་པ་ལ་ནི་འོ་མའམ་ར་ཤའི་ཁུ་བ་སྦྱིན་ནོ། །སྟོད་དུ་བྱུང་བའི་རླུང་གི་ཉེས་པས་སྐོམ་དད་སྐྱེས་པ་ལ་ནི། ལུད་པ་ཟད་བྱེད་ལ་ཕན་པའི་སྨན་འོ་མ་དང་སྦྱར་བ་བླུད་དོ། །ནང་གང་ཡང་རུང་བའི་རྐྱེན་གྱིས་སྐོམ་དད་སྐྱེས་པ་ལ་ནི། འུ་སུ་བསྐོལ་བའི་ཁུ་བའི་ནང་དུ་ཁ་ར་དཀར་པོ་དང་སྦྲང་རྩི་བཏབ་ལ་བླུད་དོ། །གཞན་ཡང་སྐོམ་དད་ནད་གང་ལས་གྱུར་པ་བརྟགས་ཏེ། དེ་དང་མཐུན་པར་བཏུང་བ་བྱིན་པ་ཤིན་ཏུ་བསྔགས་སོ། །གལ་ཏེ་མ་ཞུ་བ་ལས་སྐོམ་དད་སྐྱེས་ཏེ་ཆུ་འགགས་པ་ལས་ལུས་ཤ་ཟད་པར་སྣང་ན། དེ་ནི་ཤི་བའམ་ཡང་ན་ཡུན་རིང་དུ་ན་བར་འགྱུར་ཏེ། དེ་ལ་ནི་མྱུར་དུ་ཅི་འདོད་པའི་བཟའ་བ་དང་བཏུང་བ་དང་སྨན་བྱིན་ན་དེ་མ་ཐག་སྐོམ་དད་ཞི་བར་གྱུར་ན་ནད་གཞན་ཡང་གསོ་བར་ནུས་སོ། །གསོ་བའི་གནས་ལས་ལེའུ་དྲུག་པ་རྫོགས་སོ།། །།དེ་ནས་ཆང་ནད་གསོ་བའི་ལེའུ་བཤད་པར་བྱའོ། །ཐོག་མར་སྨན་པས་རླུང་ལ་སོགས་པའི་ནད་གཞི་གང་ཤས་ཆེ་བ་ལེགས་པར་བརྟགས་ཏེ་དང་པོ་ཤས་གང་ཆེ་བ་གསོ་བར་བྱའོ། །ནད་གཞི་ཤས་མཉམ་པའི་ཆང་ནད་ལ་ནི། དང་པོ་བད་ཀན་གསོ་བར་བྱ་སྟེ། རིམ་གྱིས་མཁྲིས་པ་དང་རླུང་ཡང་གསོའོ། །དེ་ལྟར་རིམ་གྱིས་གསོ་བ་ནི་དང་པོ་བད་ཀན་གྱི་གནས་སུ་འཁྲུགས་ཤིང༌། དེ་ནས་མཁྲིས་པ་དང་རླུང་
ཡང་འཁྲུགས་བས་གསོ་བ་ཡང་དེ་ལྟར་བྱའོ། །དེ་ལ་ཆང་ཉུང་དུ་འཐུངས་པ་དང༌། ཡང་ན་མང་དུ་འཐུངས་པ་དང་ལོག་པར་འཐུངས་པ་ལས་ཆང་ནད་སྐྱེ་བར་འགྱུར་ཏེ། དེ་ལ་ནི་སྔར་ཆང་གང་འཐུངས་པ་དེ་ཉིད་བླུད་པས་ཞི་བར་འགྱུར་རོ། །ཆང་དང་དུག་གཉིས་ནི་རྣོ་བ་ལ་སོགས་པའི་ནུས་པ་མཉམ་པར་བཤད་མོད་ཀྱི། ཆང་བས་དུག་གི་མཐུ་ནི་ཤིན་ཏུ་ཆེའོ། །ཆང་མང་དུ་འཐུངས་པ་ལ་ནི་གང་གི་རང་བཞིན་ཤིན་ཏུ་རྣོ་བ་དང༌། དྲོ་བར་ཡང་འགྱུར་རོ། །དེའི་འོག་ཏུ་སྐྱུར་ཞིང་ཚ་བ་བསྐྱེད་དེ་ཟས་ཀྱི་བཅུད་མི་འཇུ་བའམ། ཡང་ན་ལོག་པར་འཇུ་སྟེ་རུལ་ཞིང་མྱགས་པར་བྱེད་ལ། དེ་ནས་ཞུ་ཕན་ཆད་ནི་མེའི་དྲོད་ཤིན་ཏུ་ཆེ་སྟེ། བསྲེགས་པས་ཞུ་བའི་རྗེས་རོ་ཁ་བ་དང༌། ལན་ཚྭ་དང༌། སྐྱུར་བ་ལ་སོགས་པར་འགྱུར་ཏེ། དེ་ལས་བརྒྱལ་བ་དང༌། སྐོམ་དད་ཆེ་བ་དང༌། རྨོངས་པ་དང༌། རིམས་དང༌། ནང་དུ་ཚ་བ་དང༌། མགོ་འཁོར་བར་འགྱུར་རོ། །ཆང་འཐུངས་པ་ལས་བད་ཀན་འཁྲུགས་ཏེ། རླུང་རྒྱུ་བའི་ལམ་བཀག་པ་ལས་ནི་ཤིན་ཏུ་མི་བཟད་པའི་ནད་སྐྱེད་དེ། མགོ་དང་རུས་པ་དང་ཚིགས་རྣམས་སུ་ན་བར་འགྱུར་ཏེ། དེ་ལ་ནི་ཆང་འཐུང་བ་ཉིད་ཀྱིས་ཞི་བར་འགྱུར་རོ། །ཆང་ནད་དེ་ཞུ་བའི་མཚན་མ་ནི་བཟའ་བ་དང་བཏུང་བ་ཡི་གར་འོང་ཞིང་ལུས་ཡང་བར་འགྱུར་རོ། །དེ་ལྟར་ཆང་ནད་ཞི་བར་ཤེས་ནས་དེའི་འོག་ཏུ་སྐྱུག་སྨན་བཏང་ཟིན་པའི་ཆོ་ག་ལུས་བཀྲུ་བ་དང་སྣའི་དུད་པ་བཏང་བ་ལ་སོགས་པ་རྣམས་སྐབས་འདིར་སྦྱར་བར་བྱའོ། །གོང་དུ་ཟས་ཀྱི་བཅུད་ཚིག་པར་གྱུར་པ་ལ་ནི་སྐྱུར་དང་ལྷན་ཅིག་ཟས་ཟོས་པར་གྱུར་ན་མྱུར་དུ་རོ་མངར་བར་འགྱུར་ཏེ། ཉེས་པ་འཇུ་བར་བྱེད་པའི་ནུས་པ་དང་ལྡན་པའི་མཆོག་ཡིན་ནོ། །ཆང་གི་ཡོན་ཏན་རྣོ་བ་དང་དྲོ་བ་ལ་སོགས་པའི་ནད་གཞིའི་གནས་སུ་བསྟན་པ་དང༌། དྲོད་སྐྱེད་པ་ལ་སོགས་པ་ནི་མདོའི་གནས་སུ་བསྟན་པ་ཡིན་ཏེ། འོན་ཀྱང་གོམས་པའི་དབང་ཡིན་པས་ཆང་ནི་ལུས་ཟུངས་སྙོམས་པར་བྱེད་པའི་མཆོག་ཡིན་ནོ། །
ཆང་འཐུངས་ཏེ་འཇུ་བའི་འོག་ཏུ་ནད་འཕྲལ་མི་ལྡང་ཡང་ཕྱིས་ལམ་གཞན་ལ་བརྟེན་ནས་ལྡང་སྟེ། དེ་ལ་ནི་ཞག་བདུན་ནམ་བརྒྱད་ཀྱི་བར་དུ་སྨན་གྱིས་གསོའོ། །གལ་ཏེ་དེ་དག་ཏུ་མ་གསོས་ན་ནི་ནད་ཆེར་འཕེལ་ཏེ་ཚབས་ཆེར་སྐྱེས་པ་ཡིན་པས་དེ་ལ་ནི་ཇི་ལྟར་ཆང་ནད་ལ་སྦྱར་བའི་སྨན་གྱི་སྦྱོར་བ་རྣམས་བྱའོ། །དེ་ལ་རླུང་ལས་གྱུར་པའི་ཆང་ནད་ལ་ནི་སྐྱུར་རྩི་ཆེན་པོ་དང༌། ད་ཏྲིག་དང༌། རྒྱ་ཤུག་གི་འབྲས་བུ་དང༌། སེའུ་འབྲུ་དང༌། ཐ་ཝེ་དང༌། ལ་ལ་ཕུད་དང་སྤ་མའི་འབྲས་བུ་དང༌། ཚ་བ་གསུམ་དང༌། སྒེའུ་གཤེར་དང་ལན་ཚྭ་རྣམ་གསུམ་དང༌། འདི་རྣམས་ཀྱི་ཕྱེ་མ་ཟན་ཆང་དང་སྦྱར་བ་བཏུང་ཞིང་ཐུར་མ་ལ་བསྲེགས་པའི་ཤ་དང༌། སྣུམ་དང་བཅས་པའི་ཟན་ཧ་མྲི་ཏ་ཀའི་ཚོད་མ་དང་བཅས་པ་སྦྱིན་ནོ། །ཡང་ན་ཤ་གཙང་མའི་ཁུ་བ་སྐྱུར་བ་དང་ལན་ཚྭ་དང་སྣུམ་དང་བཅས་པ་བྱིན་ན་ཕན་ནོ། །ཡང་ན་ཤ་པའི་སྐྱུར་པོ་རྒུན་འབྲུམ་དང༌། མདོག་དམར་པོར་བཙོས་པ་དང༌། ཨ་མྲ་དང༌། ཨ་མྲ་ཏ་ཀའི་འབྲས་བུ་གཤགས་པའི་ནང་གི་ནར་ནར་པོ་དང་སྦྱར་བ་བཟའོ། །གྲོ་དང་སྲན་མ་ཤ་ལས་བྱས་པའི་གཡོས་ཡི་གར་གང་འོང་བ་སྦྱིན་ནོ། །སྒེའུ་གཤེར་གཤགས་པ་དང༌། ཤ་ཁུ་སྐྱུར་པོ་དང་སྦྱར་བའི་ཟས་སྦྱིན་ནོ། །བཏུང་བ་ནི་ཆང་ལེགས་པར་སྨིན་པ་ལན་ཚྭ་དང་དྲི་ཞིམ་པ་དང་སྦྱར་བ་བླུད་དོ། །ཡང་ན་རྩ་བ་ཆུང་ངུ་ལྔ་བསྐོལ་བའི་ཁུ་བ་འམ། སེའུ་འབྲུའི་ཁུ་བ་བླུད་ན། རླུང་ལས་གྱུར་པའི་ཆང་ནད་སེལ་ཏོ། །ཡང་ན་བཅའ་སྒ་དང༌། འུ་སུ་བསྐོལ་བའི་ཁུ་བའམ། དེ་བཞིན་དུ་ཞོ་ག་ཆུའམ། ཚྭའམ། ཆུ་འམ། རང་སྒྱུར་རམ་གང་ཡང་རུང་བ་བླུད་དོ། །གཞན་ཡང་ཏིལ་མར་ལ་སོགས་པས་ལུས་བསྐུ་བྱུག་བྱ་བ་དང༌། དྲིལ་བ་དང༌། བསྐྲུ་བ་དང། གོས་དྲོན་པོ་བགོ་བ་དང༌། ཨ་ག་རུའི་བདུག་པས་བདུགས་པ་དང༌། ཨ་ག་རུ་དང༌། གུར་ཀུམ་གྱིས་བྱུགས་པ་དང༌། བུད་མེད་ལང་ཚོ་ལ་བབ་པ་ནུ་མ་དང་བརླ་དང༌། སྟ་ཟུར་རྣམས་མཛེས་ཤིང་ལུས་ཀྱི་ཡན་ལག་དྲོད་སྐྱེད་པ་དང་ལྡན་པ་དགའ་བ་བསྐྱེད་
ནུས་པ་སྡུག་པ་དང་ལྷན་ཅིག་འཁྱུད་པ་དང་མཐང་སྦྱར་ཞིང༌། བསྐུ་མཉེ་ལ་སོགས་པ་བདེ་བའི་བྱ་བ་སྐྱེས་བུའི་ཡིད་བཞིན་དུ་བྱེད་པ་དང་བསྟེན་པར་བྱའོ། །མཁྲིས་པ་ལས་གྱུར་པའི་ཆང་ནད་ལ་ནི་ཆུ་མང་པོ་སྦྲང་རྩི་འམ་ཤ་ཁ་རས་བཏབ་པ་བླུད་དོ། །ཡང་ན་ཟན་ཆང་བཟང་པོའི་ནང་དུ་སེའུ་འབྲུ་དང༌། འབྲ་གོ་དང༌། འབའ་ཆ་དང༌། རྒུན་འབྲུམ་དང༌། པ་རུ་ཤ་ཀ་འདི་རྣམས་ཀྱི་ཁུ་བ་དང་བསྲེས་ལ་བསྒྲངས་པའི་ནང་དུ་ཕྱེ་དང་ཤ་ཁ་རས་བཏབ་པ་བླུད་དོ། །ཡང་ན་སྨན་མངར་བའི་སྡེ་ཚན་རྒུན་འབྲུ་ལ་སོགས་པ་བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ། ཆང་དང་སྤྲང་རྩིས་བཏབ་པ་བླུད་ན་མཁྲིས་པ་ལས་གྱུར་པའི་ཆང་ནད་སེལ་ཏོ། །ཟས་སུ་འབྲས་དྲུག་ཅུ་པ་དང་རི་བོང་དང་གོང་མ་སྲེག་གི་ཤ་དང༌། ཧ་རེ་ཎུ་ཀ་དང༌། སྲན་མུངྒ་དང༌། སྐྱུ་རུ་ར་དང༌། པ་ཏོ་ལ་དང༌། སེའུ་འབྲུ་དང༌། འདི་དག་ལས་གཡོས་སུ་བྱས་པ་སྦྱིན་ནོ། །བད་ཀན་དང་མཁྲིས་པ་འདྲེས་པའི་ཆང་ནད་སྐོམ་དང་ཆེ་ཞིང་ལུས་ཚ་བར་གྱུར་པ་ལ་ནི་ཆུ་གྲང་མོ་དང་ཆང་མང་དུ་སྦྱར་བའམ། ཡང་ན་ཆུ་གྲང་དང་བུ་རམ་ཆུ་སྦྱར་བ་བླུད་ལ་སྐྱུག་ཏུ་གཞུག་གོ །དེའི་འོག་ཏུ་སྐྱོ་མ་ལ་སོགས་པའི་རིམ་པ་རྒུན་འབྲུའི་ཁུ་བ་དང་སྦྱར་བ་བླུད་ན་རབ་ཏུ་ཕན་ནོ། །གལ་ཏེ་མེའི་དྲོད་ཆེ་སྟེ་ཁ་ཟས་མྱུར་དུ་འཇུ་ན་ཉེས་པའི་ལྷག་མ་ཅུང་ཟད་ཡོད་པའི་རྟགས་སོ། །ལུད་པ་ཁྲག་དང་ལྷན་ཅིག་འབྱུང་ལ་རྩིབ་ལོགས་གཉིས་དང་ནུ་མ་རྣམས་སུ་ཟུག་ཅིང་ལུས་ཚ་བ་སྐྱེས་ཏེ་སྐོམ་དད་ཆེ་བ་དང༌། སྙིང་དང་བྲང་རྣམས་སུ་ན་བ་ལ་ནི། སླེ་ཏྲེས་དང༌། ག་དུར་དང༌། པ་ཏོ་ལ་བསྐོལ་བའི་ཁུ་བ་གང་ཡང་རུང་བ་བཅའ་སྒ་དང་ལྷན་ཅིག་སྦྱར་བ་བཏུང་ངོ༌། །དེའི་འོག་ཏུ་བཟའ་བ་ནི་སྲེག་པའི་ཤ་དང་ལྷན་ཅིག་བཟའོ། །སྐྱེས་བུ་གང་ཆང་ནད་ཀྱིས་སྐོམ་དད་རབ་ཏུ་ཆེ་བ་ནི་རླུང་དང་མཁྲིས་པ་ལས་གྱུར་པ་ཡིན་ཏེ། དེ་ལ་ནི་ནད་གཞི་དང་མཐུན་པར་རྒུན་ཆུ་གྲང་མོ་བླུད་དོ། །བཏུང་བ་དེ་ཞུ་བའི་ཚོད་ཙམ་ན་ར་ཤའི་ཁུ་བ་སྨན་མངར་བ་དང་སྐྱུར་བ་དང་སྦྱར་བའི་བཟའ་བ་སྦྱིན་ནོ། །གལ་ཏེ་སྐོམ་ན་ཆང་ཉུང་དུ་དང༌། ཆུ་
མང་དུ་བསྲེས་པ་བཏུང་སྟེ་དེ་ཡང་ར་རོ་བ་བསྲུང་ངོ༌། །ཡང་ན་གླ་སྒང་དང༌། སེའུ་འབྲུ་དང༌། འབྲས་ཡོས་དང༌། འདི་དག་བསྐོལ་བའི་ཁུ་བའམ། ཡང་ན་འདབ་མ་རྣམ་བཞི་བསྐོལ་བའི་ཁུ་བའམ། ཡང་ན་སྨན་པ་ཏོལ་དང༌། ཨུཏྤ་ལའི་རྩ་བ་བསྐོལ་བ་བཏུང་བའམ། ཡང་ན་རང་བཞིན་གྱིས་བསིལ་བའི་ཆུའམ་སྦྱོར་བ་དེ་དག་གང་ཡང་རུང་བ་བཏུང་ངོ༌། །གཞན་ཡང་ཆང་མང་དུ་འཐུངས་པས་བད་ཀན་ཟད་པར་བྱས་ལ་མཁྲིས་པ་སྐྱེས་ཏེ། གྲེ་བ་དང་རྐན་དང་མཆུ་སྐམས་ལ་ལྕེ་ཕྱིར་འབྱིན་ཅིང་སྐམ་ལ་མགོ་འཁོར་ཏེ། ས་ལ་འགྱེལ་བ་ལ་ནི་ནུབ་མོའི་ཆུ་རླུང་གིས་བསིལ་བར་བྱས་པ་ཡོག་དྲོད་ཀྱིས་བྱིན་ནོ། །ཡང་ན་སྐྱུར་རྣམ་པ་ལྔ་ཞེས་བྱ་བ་རྒྱ་ཤུག་དང༌། སེའུ་འབྲུ་དང༌། ད་ཏྲིག་དང༌། ཙ་ཏྲ་ཞེས་བྱ་བའི་ལོ་མ་དང༌། ཙུག་ཏྲི་ཀ་ཞེས་བྱ་བའི་རྩ་བ་འདི་གཉིས་ཀྱི་ཁུ་བའི་ནང་དུ་གོང་མ་གསུམ་གྱི་ཕྱེ་མས་བཏབ་སྟེ་ལྡེ་གུར་བྱས་ལ་ངོ་གདོང་བསྐུས་ན་དེ་མ་ཐག་སྐོམ་དད་ཟློག་གོ །ཆང་མང་དུ་འཐུངས་པ་ལས་ཁོང་པའི་ནང་དུ་དྲོད་ཆེར་སྐྱེས་ཏེ། ཁྲག་དང་མཁྲིས་པ་ཆེར་འཁྲུགས་ནས་ཕྱི་རོལ་པགས་པར་ཚ་བ་མི་བཟད་པ་སྐྱེས་པ་ལ་ནི་བསིལ་བའི་ཆོ་ག་སྣ་ཚོགས་བྱའོ། །དེ་ལྟར་བསིལ་བའི་ཆོ་ག་སྣ་ཚོགས་བྱས་ཀྱང་ཚ་བ་ཞི་བར་མ་ནུས་ན། རྩ་བའི་ཆོ་ག་བསྟན་པའི་ནང་རོ་ཧི་ཏ་ཞེས་བྱ་བའི་རྩ་ལས་གཏར་ཏེ་ཁྲག་དབྱུང་ངོ༌། །བད་ཀན་ལས་གྱུར་པའི་ཆང་ནད་ལ་ནི་སྨྱུང་བ་དང་སྐྱུག་སྨན་གཉིས་ཀྱིས་ཞི་བར་བྱའོ། །གཞན་ཡང་བཅའ་སྒ་དང། ས་ལ་པརྞི་དང༌། བལ་ཀ་དང༌། ཀཎྜ་ཀ་རི་དང༌། འདི་རྣམས་གང་ཡང་རུང་བ་བསྐོལ་བའི་ཁུ་བ་གྲང་མོ་བླུད་དོ། །སློན་བྱས་པའི་འོག་ཏུ་ལྟོགས་པར་གྱུར་ན་དུས་སུ་སྦྲང་རྩི་མང་དུ་བླུད་པ་འམ། ཡང་ན་ཤ་ཁ་ར་དང་སྦྲང་རྩི་སྦྱར་བ་སྦྱིན་ནོ། །ཡང་ན་ཨ་རིཥྚ་ལས་བྱས་པའི་ཨ་ས་བའི་ཆང་རྙིང་པ་བཏུང་བའམ། ཡང་ན་བུ་རམ་ཆང་བླུད་དོ། །ཡང་ན་སྐྱོ་མ་སྣུམ་མེད་པ་བླུད་དེ་སྦྲང་རྩི་མན་ཆད་གོང་མ་དེ་དག་ཀུན་གྱི་ནང་དུ་ལ་ལ་ཕུད་དང༌། དོང་གྲ་བཏབ་པ་བླུད་དོ། །ནས་དང་གྲོའི་ཟན་དྲོན་པོ་ཉུང་ཤས་དང༌། རྒྱ་སྲན་གྱི་
ཡུ་ཤ་སྐྱུར་དང༌། ཚ་བ་དང་ཁ་བའི་སྤོད་བཏབ་པ་མར་ཉུང་ཤས་དང་སྦྱར་བ་ཡིད་ཙམ་སྦྱིན་ནོ། །ཡང་ན་ར་ཤའི་ཁུ་བའམ་སྲོག་ཆགས་ཐང་ལ་གནས་པའི་ཤའི་ཁུ་བའི་ནང་དུ་ལ་ཕུག་སྐམ་པོ་དང༌། སྟར་བུ་དང༌། ད་ཏྲིག་དང༌། པ་ཏོ་ལ་དང༌། ཚ་བ་གསུམ་དང༌། སེའུ་འབྲུ་དང༌། འདི་རྣམས་ལེགས་པར་སྦྱར་བ་གོང་གི་ཟས་དང་ལྷན་ཅིག་བཟའོ། །ཡང་ན་ཤ་གཏུབས་ལ་དེའི་ནང་དུ་བཅའ་སྒ་དང༌། ན་ལེ་ཤམ་དང༌། ཧ་རི་ཏ་དང༌། སྒེའུ་གཤེར་གཤགས་པ་དང༌། འདི་རྣམས་བཙོས་ལ་ཚོས་པའི་ནང་དུ་རྒྱམ་ཚ་ལ་སོགས་པས་ཡན་ལག་བརྒྱད་པའི་ཕྱེ་མ་དང༌། སྐྱུར་རྩི་ཆེན་པོའི་ཁུ་བ་བཅུག་ལ་ཡང་ཅུང་ཟད་བསྐོལ་ཏེ། དེའི་ནང་དུ་ཀ་རིར་དང༌། ཀ་མར་དྷ་ལ་སོགས་པ་ཡི་ག་དབྱེ་བའི་སྨན་བཏབ་སྟེ། ཤའི་རོ་མེད་པར་གྱུར་པ་དང་མར་དང་བརྔོས་ལ་བག་ཟན་ལེབ་པོའི་ནང་དུ་བཅུག་སྟེ། བེ་རེག་ཐབས་སུ་བཙོས་ལ་དེ་ལས་མེའི་དྲོད་ཆེ་ཆུང་དང་སྦྱར་ནས་ཅི་རན་དུ་བཟའོ། །བཏུང་བ་ནི་སྦྲང་ཆང་སྐྱོན་མེད་པར་གྱུར་པ་འཐུངས་ན་བད་ཀན་ལས་གྱུར་པའི་ཆང་ནད་སེལ་ཏོ། །ཁ་ན་ཁ་ར་དཀར་པོ་དང་ཁ་རུ་ཚ་དང༌། གོ་སྙོད་དང༌། ད་ཏྲིག་དང༌། སྟར་བུ་དང༌། འདི་རྣམས་ཆ་མཉམ་པ་དང༌། ཤིང་ཚ་དང༌། སུག་སྨེལ་དང༌། ན་ལེ་ཤམ་འདི་དག་གསུམ་ཁ་ར་དཀར་པོ་ཕྱེད་ཕྱེད་དང༌། ལྷན་ཅིག་སྦྱར་བ་ནི་ཡན་ལག་བརྒྱད་པའི་ཕྱེ་མ་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ན་རྒྱུན་སྲང་དག་པ་དང༌། མེའི་དྲོད་སྐྱེས་པ་དང༌། བད་ཀན་ལས་གྱུར་པའི་ཆང་ནད་སེལ་ཏོ། །རྩུབ་པ་དང་དྲོ་བས་ལུས་བསྐུ་ཞིང་དྲིལ་ལ་ཁྲུས་བྱ་ཞིང་ཟས་སྨྱུང་བ་བྱས་ན། བད་ཀན་ལས་གྱུར་པའི་ཆང་ནད་མྱུར་དུ་སེལ་ཏོ། །ཡང་ན་བུད་མེད་འདོད་པ་དང་ལྡན་པ་རྣམས་དང་ལྷན་ཅིག་འདུག་ལ། ནུབ་མོ་གཉིད་མ་ལོག་པར་ཉལ་པོ་ཅུང་ཟད་ཙམ་སྤྱད་པར་བྱས་ན། བད་ཀན་ཤས་ཆེ་བའི་ཆང་ནད་མྱུར་དུ་སེལ་ཏོ། །དེ་ཡན་ཆད་ནད་གཞི་སོ་སོའི་གསོ་བ་བསྟན་ནས། ད་ནི་འདུས་པ་གསོ་བ་བཤད་པར་བྱ་སྟེ། དེ་ལ་ནད་གཞི་འདུས་པའི་དབྱེ་བ་
རྣམ་པ་བཅུ་ཡོད་དེ། ལྷག་མ་ཡང་ཅི་རིགས་པར་བརྟག་གོ །དེ་ལ་ཤིང་ཚ་དང༌། ནཱ་ག་པུཥྤ་དང༌། པི་པི་ལིང་དང༌། ན་ལེ་ཤམ་དང༌། གོ་སྙོད་དང༌། འུ་སུ་དང༌། པ་རུ་ཤ་ཀ་དང༌། མ་དུ་ཤ་ཀ་དང༌། སུག་སྨེལ་དང༌། ཐང་ཤིང་དང༌། ཁ་ར་དཀར་པོ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་ཀ་པིད་ཏའི་ཁུ་བའི་ནང་དུ་བཏགས་ཏེ། ག་པུར་གྱི་དྲིས་བསྒོས་པ་འཐུངས་ན། ཆང་ནད་འདུས་པ་ལས་གྱུར་པ་ཐམས་ཅད་ཞི་ཞིང་ཡི་ག་འབྱེ་ལ། མེའི་དྲོད་སྐྱེད་པར་བྱེད་དོ། །ཆང་ནད་ཀྱིས་ཡང་ན་ནི་སྙིང་འཁྲུག་པར་བྱེད་ལ། ཡང་ན་ལུས་འཇོམས་པར་བྱེད་དོ། །དེ་བས་ན་ཆང་ནད་ལ་སེམས་དགའ་བར་གྱུར་པའི་ཆོ་ག་བྱའོ། །ཆང་ནད་ལ་ལུས་དག་པར་བྱ་བའི་ཆོ་ག་སློན་ཁྲུས་ལ་སོགས་པ་གསོ་བའི་དཔྱད་སྣ་ཚོགས་བྱས་ཀྱང་ཞི་བར་མ་གྱུར་ཏེ། བད་ཀན་ཟད་ཅིང་ལུས་ཉམ་ཆུང་ལ་རིད་ཅིང་རླུང་དང་མཁྲིས་པ་ཤས་ཆེར་སྐྱེས་པ་ནི་ཆང་ནད་ཀྱིས་ལུས་འཇོམས་པར་བྱེད་པ་ཞེས་བྱ་སྟེ། ལུས་ཟུངས་ཉམས་བར་བྱས་པ་ཡིན་པས་དེ་ལ་ནི་འོ་མ་བླུད་ན་ལུས་མྱུར་དུ་འཕེལ་བར་བྱེད། ཇི་ལྟར་དཔྱིད་ཀྱི་དུས་སུ་ཤིང་ལ་ཆར་བབ་ན་འཕེལ་བ་བཞིན་དུ་འོ་མ་འཐུངས་པས་ཀྱང་ལུས་འཕེལ་ཞིང་རྒྱས་པར་བྱེད་དོ། །དེ་ལ་འོ་མས་ལུས་ཟུངས་འཕེལ་བ་ཡིན་ན་ཡང་ཆང་དང་མི་འཕྲོད་པས་འོ་མ་ནི་ཉུང་དུ་བཏུང་ངོ༌། །ནད་ཚབས་ཆེ་བ་ལ་འོ་མ་ནི་མང་དུ་བླུད་ལ་ཆང་ནི་རིམ་གྱིས་ཉུང་དུ་སྦྱིན་ནོ། །ལུས་འཇོམས་བྱེད་དང༌། ལུས་སྐེམ་བྱེད་ཀྱི་ཆང་ནད་ཀྱིས་གཟིར་བར་གྱུར་པ་ལ་ནི་མར་དང་འོ་མའི་འཇམ་རྩི་མས་གཏོར་ན་ཞི་བར་འགྱུར་རོ། །དེ་ནས་ཁྲུས་དང་བསྐུ་བྱུག་དང༌། ལུས་དྲིལ་བ་བྱས་ནས་དེའི་འོག་ཏུ་རླུང་ལ་ཕན་པའི་བཟའ་བ་དང་བཏུང་བ་སྦྱིན་ནོ། །ཆང་རན་པར་འཐུངས་ན་ནི་ཆང་ལས་གྱུར་པའི་ནད་མི་འབྱུང་སྟེ། དེ་ནས་ཚོད་ཅི་ཙམ་བཏུང་བའི་སྦྱོར་བ་བཤད་པར་བྱ་སྟེ། ལེགས་པར་འཐུངས་ན་ནི་བདེ་བ་འབའ་ཞིག་སྐྱེད་པ་ཡིན་ཏེ། དེ་ཡང་ཇི་ལྟ་ཞེ་ན། ལྷའི་སྨན་པ་ཐ་སྐར་གྱི་བུ་གཉིས་ཀྱིས་ཆང་
འཐུངས་པས་ནི་གཟི་མདངས་བསྐྱེད་པ་དང༌། དབྱངས་ཅན་གྱི་བུས་འཐུངས་པས་ནི་སྟོབས་བསྐྱེད་པ་དང༌། བརྒྱ་བྱིན་གྱིས་འཐུངས་པས་ནི་ནུས་པ་བསྐྱེད་པ་དང༌། ཁྱབ་འཇུག་གིས་འཐུངས་པས་ནི་འོད་དཔག་ཏུ་མེད་པ་བསྐྱེད་པ་དང༌། མེ་ཏོག་མདངས་ཀྱིས་འཐུངས་པས་ནི་གཞན་ལ་བལྟས་པ་ཙམ་གྱིས་རྨོངས་པ་མེད་པའི་མཐུ་ཐོབ་པ་དང༌། སྟོབས་ལྡན་གྱིས་འཐུངས་པས་ནི་སྐྱེས་བུའི་དོན་གྲུབ་པ་དང༌། མདོའི་ནོར་བུ་ཞེས་བྱ་བའི་མཆོད་སྦྱིན་གྱི་དུས་སུ་བྲམ་ཟེ་རྣམས་ཆང་རང་ཉིད་ཀྱང་འཐུངས་ལ་སྲེག་བླུགས་ཀྱང་ཆང་དང་བྱེད་དོ། །སྔོན་གྱི་དུས་སུ་ཆང་གི་རྒྱ་མཚོ་ཆེན་པོའི་ནང་དུ་ལྷ་དང་ལྷ་མ་ཡིན་ཐམས་ཅད་འདུས་ནས་སྨན་ཐམས་ཅད་ཀྱིས་བཅུག་སྟེ་བཀང་ནས་ཡོངས་སུ་བསྲུབས་པ་ལས་དེའི་ནང་ནས་ཐོག་མར་ཁྱབ་འཇུག་གི་ཆུང་མ་ལག་རྨི་དང༌། ཟླ་བ་དང་བདུད་རྩི་རྣམས་བྱུང་བར་གྱུར་ཏོ། །རྒུན་ཆང་དང༌། སྦྲང་ཆང་དང༌། སྦྱར་བའི་ཆང་དང༌། བུ་རམ་ཤིང་གི་ཆང་དང༌། བུ་རམ་གྱི་ཆང་དང༌། ཨ་ས་ཝའི་ཆང་ལ་སོགས་པ་ཀུན་ཀྱང་ར་རོ་བའི་ནུས་མཐུ་ཀུན་ལ་ཡོད་དེ་རང་བཞིན་མི་འདོར་རོ། །སྨད་འཚོང་མ་ལ་འགྱིང་འགྲོས་ཅན་ཞེས་བྱ་སྟེ། ཆང་འཐུངས་ན་མིང་དང་མཐུན་པར་སྒེག་པར་སྟོན་ཏོ། །བུད་མེད་རིགས་མ་ཡང་ཆང་འཐུངས་ན། ངོ་ཚ་མེད་པར་བྱེད་ཅིང་སེམས་གཞན་དུ་འགྱུར་བ་སྟོན་ཏོ། །ཆང་འཐུངས་ན་ནི་ཐུབ་པ་རྣམས་ཀྱང་འདོད་པ་རྣམས་ཀྱིས་སེམས་ཕྲོགས་སོ། །ཆང་འཐུངས་པའི་རྒྱུས་ནི་བུད་མེད་རྣམས་ཀྱང་ཁྲོ་གཉེར་དང་སྨིན་མ་གཡོ་བར་བྱེད་ལ། མཛུབ་མོས་གཞན་ལ་སྡིགས་པར་བྱེད་ཅིང༌། ཁ་ཅིག་ལ་ནི་གནོད་པ་སྦྱིན་པ་ལྟར་སྟོན་ཀྱང་གཉི་ག་ལ་སྙིང་དགའ་བར་ནི་མཚུངས་སོ། །ཆང་འཐུངས་ན་ལྷའི་བུ་མོ་རྣམས་ཀྱང་འདོད་པ་ལ་དགའ་བར་འགྱུར་རོ། །ཆང་འཐུངས་ན་ནི་སྐྱེས་བུ་གཡུལ་དུ་འཇུག་པ་རྣམས་ཀྱང་རྩ་བཞིན་སྲོག་འདོར་བར་བྱེད་ཅིང་རྩོད་པ་འཕེལ་བ་དང༌། །ཆང་མང་དུ་བསྟེན་པས་ནི་ཕྱིས་ཀྱང་དེ་ལ་སྲེད་ཅིང་ཆོག་མི་ཤེས་པར་འགྱུར་རོ། །མྱ་ངན་དང༌། སྐྱོ་བ་དང༌། མི་དགའ་བ་
དང། འཇིགས་པ་རྣམས་ཀྱི་ཟིལ་གྱིས་གནོན་པར་མི་འགྱུར་རོ། །དགའ་འདུན་དང༌། དགའ་སྟོན་ཆེན་པོ་དང༌། སྐྱེད་མོས་ཚལ་དུ་འགྲོ་བ་ལ་སོགས་པ་ཡང་ཆང་མེད་པར་མཛེས་པར་མི་འགྱུར་རོ། །ཁ་ཅིག་ནི་ཆང་འཐུངས་པའི་དབང་གིས་སྡུག་ཅིང་ཡིད་དུ་འོང་བ་མང་པོ་དང་བྲལ་བ་དྲན་ནས་དུ་བ་ཡང་ཡོད། མི་མཛའ་བ་དང་ནི་མཛའ་བར་འགྱུར་ལ། མཛའ་བ་དང་ནི་བྲལ་བར་འགྱུར་བ་ཡང་ཡོད་དོ། །ཆང་འཐུངས་བའི་སྐྱེས་བུའི་བློ་ལ་ནི་ལྷའི་དབང་པོ་བརྒྱ་བྱིན་ལ་ཡང་བརྙས་པ་སྐྱེ་བ་དང༌། ཆང་འཐུངས་པའི་རྒྱུས་ནི་གཞན་ལ་གཏན་དུ་མེད་པ་རང་རིག་པ་བདེ་བའི་རོ་མྱོང་བར་བྱེད་པ་དེ་ཡང་ཡིན་ནོ། །གཞན་ཡང་མཛའ་བར་འགྱུར་ལ། འབྲེལ་པ་ཡང་ལྷག་པར་འབྱེ་བར་འགྱུར་རོ། །ཆང་བྱིན་ན་ནི་ལྷ་དང་ལྷ་མ་ཡིན་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། སྲིན་པོ་དང་མི་རྣམས་ཀྱང་དགའ་བ་དང༌། མགུ་བ་དང༌། ངག་གི་ལམ་འཕེལ་བར་འགྱུར་རོ། །ཆང་ཚུལ་བཞིན་མ་ཡིན་པར་འཐུངས་ན་ནི་ནད་སྐྱེད་པར་འགྱུར་ཏེ། དེ་ཡང་ཚིལ་རྒྱས་པ་དང༌། རླུང་དང་བད་ཀན་སྐྱེད་པར་འགྱུར་རོ། །ཆང་ཚུལ་བཞིན་དུ་འཐུངས་ན་ནི་ཉེས་པ་ཆེན་པོ་ལས་ཀྱང་གྲོལ་བར་འགྱུར་རོ། །ལུས་ཀྱི་ནད་གཞན་ཡོད་པ་ལ་ནི་ཆང་སྤང་བར་བྱའོ། །ཆང་ནད་མ་ཡིན་པ་ནད་གཞན་ལ་ནི་ཆང་སྐྱོན་མེད་པའི་ནང་དུ་སྨན་ཚོགས་དང་སྦྱར་བ་ཐང་ལ་གནས་པ་དང་གྲོང་ལ་གནས་པའི་སྲོག་ཆགས་ཀྱི་ཤ་ལེགས་པར་བཏགས་པ་ཆང་དང་ལྷན་ཅིག་བཏུང་ངོ༌། །ཆང་འབའ་ཞིག་ནི་གནོད་དེ་མི་འཇུའོ། །སྒོག་སྐྱ་དང་ཤ་དང་ཆང་དུ་སྦྱར་བས་ནི་རླུང་ནད་མི་བཟད་པ་འཇོམས་ཀྱི། སྒོག་སྐྱ་ཉི་ཚེས་ནི་དེ་ལྟ་མ་ཡིན་ནོ། །ཆང་ནི་ཟུག་རྡུ་ཁོང་དུ་ལུས་པ་དབྱུང་བ་དང༌། ཐལ་སྨན་རྣོན་པོའི་ལས་དང༌། མེ་བཙའ་ལ་སོགས་པའི་ལས་བྱེད་ཀར་བླུད་དོ། །ནད་པ་དམ་དུ་བཟུང་ལ་མཚོན་དབྱུང་བ་ལ་སོགས་པའི་ལས་བྱས་ན་སྨན་པའི་བྱ་བ་ལས་ཤིན་ཏུ་སླ་བར་འགྱུར་རོ། །ཆང་ནི་མེའི་དྲོད་སྐྱེད་པ་དང༌། ཡི་ག་འབྱེ་བ་དང༌། མྱ་ངན་དང༌། ངལ་བ་སེལ་བ་དང༌། ནད་མེད་ཅིང་
སྟོབས་འཕེལ་བའི་མཆོག་ཡིན་ནོ། །དེ་བས་ན་བདག་ཉིད་ཆེན་པོ་རྣམས་ཀྱིས་རང་གི་སྲོག་བསྲུང་བའི་ཕྱིར་ཆང་རན་པར་བཏུང་བར་བྱའོ། །བསྟེན་པ་དང་ཉེ་བར་བསྟན་པ་རྣམས་ཀྱིས་ལོངས་སྤྱོད་དང་ལྷན་ཅིག་སྤྱོད་པའི་ཆོས་ཀྱང་ཆང་འདི་ལས་ལྷག་པ་མེད་དོ། །ཐོག་མར་ཆང་འཐུངས་པ་ནི་དང་པོར་ཁྲུས་བྱས་ལ་ལྷ་དང་བྲམ་ཟེ་དང་བླ་མ་ལ་ཕྱག་འཚལ་ཏེ། །རང་གི་ལས་ཀྱི་བྱ་བ་བྱས་ནས་འཁོར་ཐམས་ཅད་དང་ལྷན་ཅིག་ཆང་འཐུངས་ཏེ། ས་གཞི་ཆུའམ། ཆུ་དྲི་དང་ལྡན་པས་ཆག་ཆག་བཏབ་ལ་ཟས་བཟའ་བའི་བཀད་སར་སོང་སྟེ། སྟན་རྒྱ་ཆེ་ཞིང་བདེ་བར་བཏིང་ནས་མི་སྲུན་པའི་སྐྱེ་བོ་རྣམས་བསལ་ཏེ། མཛའ་བཤེས་དང༌། གཡོག་འཁོར་ཡིད་དུ་འོང་ཞིང་རང་གི་སྙན་པ་སྒྲོགས་པ་རྣམས་དང༌། ལྷན་ཅིག་ཏུ་འདུག་པར་བྱའོ། །ཡང་ན་བུད་མེད་གཞོན་ནུ་འཇོ་སྒེག་དང་ལྡན་པ་དག་རོལ་མོ་སྙན་པའི་སྒྲ་དང་ལྷན་ཅིག་གར་དང་གླུ་ལེན་ཅིང་ཤིན་ཏུ་མཛེས་པ་དང༌། བུད་མེད་དེ་དག་གི་ལུས་ལ་དྲིལ་བུ་གཡེར་ཀའི་སྒྲ་དང་བཅས་པ་དང༌། རྨ་བྱ་ལ་སོགས་པའི་གར་དང༌། སྐད་སྙན་པར་སྒྲོགས་པ་དང༌། གཞན་ཡང་ཟ་འུག་ལ་སོགས་ཁ་དོག་དུ་མ་དང་ལྡན་པའི་གོས་བགོ་ཞིང་གསེར་ལས་བྱས་པའི་རྒྱན་ནོར་བུ་སྣ་ཚོགས་ཀྱིས་སྤྲས་པས། ལུས་སྤུད་པའི་བུད་མེད་ཐུབ་པའི་སྐྱེས་བུ་རྣམས་ཀྱི་སེམས་ཀྱང་གཡོ་བར་བྱེད་པ་དང༌། རི་དགས་ཀྱི་མིག་ལྟར་འགུལ་ཤིང་རྩེ་བའི་མིག་གིས་ལྟ་ཞིང་སྙིང་དུ་སྡུག་ལ། དེ་ཡང་ཕྱུག་པོའི་རིགས་སུ་སྐྱེས་ཤིང་ནུ་མ་རྒྱས་པ་དང༌། རོ་སྨད་ལྕི་བའི་འགྲོས་སུ་འགྲོ་བ་དང༌། གདོང་ཟླ་བ་ལྟ་བུའི་བུད་མེད་རྒན་པོ་ཡང་དྲེགས་པ་སྐྱེད་པ་དང༌། གཞན་པའི་སེམས་ཀྱང་ཀུན་ཏུ་ཆགས་པ་སྐྱེད་ནུས་པ་དང༌། བུད་མེད་དར་ལ་བབ་ཅིང་ལུས་སྲབ་པ་ཆང་གིས་དྲེགས་པ། རང་བཞིན་གྱིས་འཇོ་སྒེག་ཅན་དག་ཕན་ཚུན་ཆང་ལ་སོགས་པ་འབྲིམ་ཞིང་དེ་ཡང་རླུང་ཡབ་དང་པདྨའི་ལོ་མ་ལ་སོགས་པས་བསིལ་བར་བྱས་པའི་ཆང་མཐོང་ན་ཡང་དེ་ལ་ཆགས་པ་སྐྱེས་ན། འཐུང་བ་ལྟ་ཅི་སྨོས་ཏེ་
ཆང་གི་དབང་དུ་སེམས་འགྲོའོ། །ཆང་དེ་ཡང་ཙུ་ཏའི་མེ་ཏོག་དང༌། གླ་རྩི་དང༌། སྣ་མའི་མེ་ཏོག་དམར་པོས་བསྒོས་ལ་ཤེལ་ཕོར་གྱི་སྣོད་ཀྱི་ནང་དུ་བླུགས་ཏེ་མཛེས་པ་ནི་འདོད་པའི་ལྷའི་ལུས་བཞིན་དུ་སྣང་ངོ༌། །ཆང་འཐུངས་པའི་དུས་སུ་དང་པོར་བལ་བུའམ། སུག་སྨེལ་ལ་སོགས་པའི་ཕྱེ་མའམ། གོང་དུ་སྨོས་པའི་ན་ཚོད་གནས་པར་བྱེད་པའི་ལྡེ་གུ་ཟོས་ནས། དེའི་འོག་ཏུ་ཆང་འདོད་པའི་སྐྱེས་བུས་ས་ཕྱོགས་ཞལ་ཞལ་བྱས་པའི་སྟེང་དུ་ཆང་གི་ནང་དུ་ཆུ་ཅུང་ཟད་དང་བསྲེས་ལ་བཏུང་སྟེ། དྲན་པ་དང་བློ་དང་ལྡན་པའི་སྐྱེས་བུས་མི་ཆེ་མི་ཆུང་བར་རན་པར་རྟག་ཏུ་སྤྱད་དེ། དེའི་འོག་ཏུ་ཟས་ཀྱི་བྱ་བ་ལེགས་པར་སྦྱར་བ་དང་ཉེ་བར་སྤྱད་པར་བྱ་སྟེ། ཐོག་མར་བུད་མེད་ལ་བླུད་དེ། བུད་མེད་དེས་ཀྱང་ཆང་གི་ནང་དུ་དྲི་ཞིམ་པོས་བྱུགས་པའི་གདོང་དང༌། ཨུཏྤ་ལ་ཁ་ཕྱེ་བ་ལྟ་བུའི་མིག་གིས་བལྟས་པས་བུང་བ་མང་པོས་ཆང་འཐུང་བ་ལྟ་བུའི་གཟུགས་བརྙན་ཤིན་ཏུ་མཛེས་པར་སྣང་བའི་ཆང་དེ་སྣོད་གསུམ་གྱི་ནང་དུ་བླུགས་ཏེ། འཁོར་རྣམས་ཀྱིས་བསྟོད་བཞིན་དུ་འཐུངས་ན། དེའི་འོག་ཏུ་ཟས་ཟ་བའི་བཀད་སར་སོང་སྟེ། སྨན་པ་མཁས་པས་མདུན་དུ་བཞག་ལ་ཟས་བཟའ་བར་བྱ་སྟེ། འདིར་ཡང་ཤ་དང༌། སྣུམ་ཁུར་དང༌། མར་དང༌། སྒེའུ་གཤེར་དང༌། ཧ་རི་ཏ་ལ་སོགས་པ་དང༌། ཁ་རུ་ཚ་དང་ལྡན་པར་ཟས་བཟའོ། །གསང་ནན་དུ་སྐྱོགས་གཉིས་སམ་གསུམ་ཉུང་བ་བཏུང་བར་བྱ་སྟེ། དེ་ཡང་བུད་མེད་ལ་ཕོད་པར་བྱ་བའི་ཕྱིར་རོ། དབེན་པར་ཆུང་མ་དང་ལྷན་ཅིག་སོང་སྟེ། ཆུང་མ་པད་པར་བཞག་ལ་རྐང་ལག་གིས་དམ་དུ་འཁྱུད་པ་དང༌། བུད་མེད་ཀྱི་ལུས་ལས་རྔུལ་འབྱུང་ཞིང་བ་སྤུ་ལྡང་ལ་ནུ་མ་འགུལ་བར་སྣང་སྟེ། དེ་མ་ཐག་ཆང་བླངས་ལ་བུད་མེད་ལ་བླུད་དོ། །གལ་ཏེ་དེ་ལྟར་མ་བླུད་ན་ནི་ཁྱིམ་ཐབ་ཀྱི་བདེ་བ་ཅི་ཞིག་མྱོང་སྟེ། ཕལ་ཆེར་སྡུག་བསྔལ་དང་བཅས་པས་དམྱལ་བ་དང་འདྲའོ། །དེ་ལྟར་ཆང་དེ་ཡན་ཆད་མཆོག་གི་གཟུགས་དང་ལྡན་པས་བུད་མེད་དེས་འཐུངས་པ་དང༌། དེའི་ལྷག་མ་དེ་ཡང་ཤིན་ཏུ་དྲི་ཞིམ་པ་དང་ལྡན་པ་པདྨ་རཱ་ག་བཞུས་པ་ལྟ་
བུའི་མདོག་དང་ལྡན་པ་ཡིན་ནོ། །དེའི་འོག་ཏུ་འདོད་པ་ཟིན་ཏེ་དུབ་པ་དང་ཆང་ཉུང་ཟད་བཏུང་བར་བྱའོ། །གལ་ཏེ་ཆང་མངས་ན་ནི་གཟི་མདངས་ཉམས་པས་ཆང་མང་དུ་འཐུང་བ་སྤང་ངོ༌། །དེ་ནས་བདེ་བར་ཉལ་བར་བྱའོ། །ཆང་བཏུང་བའི་ཚུལ་དེ་ལྟར་བྱས་ན། ཆོས་དང་དོན་འདོད་པས་ཉམས་པར་མི་འགྱུར་ཏེ་སྙིང་པོ་མེད་པའི་འཁོར་བ་ན་བདེ་བའི་མཆོག་ཏུ་འགྲོ་བར་འགྱུར་རོ། །དེ་ལྟར་བྱས་པའི་རིམ་པ་ད་ཡང་ལྷ་རྣམས་དང་ལོངས་སྤྱོད་དང་ལྡན་པའི་སྐྱེས་བུས་བྱ་བ་ཡིན་གྱི་གཞན་དུ་ན་ནི་ཕོངས་པས་ཉམ་ཐག་པར་འགྱུར་ཏེ། དེའི་འོག་ཏུ་སེམས་གདུངས་ནས་ནོར་བུ་འབུད་ཅིང་རྙེད་པར་འགྱུར་རོ། །སྐྱེས་བུ་འཇུངས་པ་དག་ནི་གཞན་ལོངས་སྤྱོད་བྱེད་པ་དག་ལ་སྨོད་ཅིང་བདག་ཉིད་ལ་འབྱོར་པ་ཡོད་ན་ཡང་མི་སྤྱོད་པ་དག་ནི་གཞན་གྱི་ནོར་བསྲུང་བའི་མཛོད་དང་མཚུངས་སོ། །འོན་ཀྱང་རིམ་པ་དེ་ལྟར་ཆང་འཐུངས་ན་ཚེ་ལ་ཕན་ཞིང་དབང་པོ་རྣམས་སུ་ཡུལ་བསྐམས་ཏེ། རང་དགར་འགྲོ་བ་ལས་རྒྱལ་བ་ཡིན་ནོ། །ཆོ་ག་དེ་དག་ནི་ནོར་དང་ལྡན་པ་རྣམས་ཀྱིས་བྱའོ། །དེ་ལྟ་བས་ན་ཆང་ཇི་ལྟར་རིགས་པ་དང་ཕན་པ་རན་པར་སྦྱར་ཏེ། དེ་ཡང་བདག་ཉིད་ཆེན་པོ་རྣམས་ཀྱིས་མཐོང་བ་ཉམས་པར་མི་འགྱུར་ཞིང་སེམས་མི་འཁྲུལ་བའི་ཚོད་ཀྱིས་བཏུང་བར་བྱའོ། །དེ་ནས་ནི་སྤང་བར་བྱའོ། །གཞན་ཡང་རླུང་གི་རང་བཞིན་ཅན་གྱི་མི་ལ་ཆང་བླུད་པ་ནི་དང་པོར་བསྐུ་བྱུག་དང་ལུས་དྲིལ་བ་དང་ཁྲུས་བྱས་ལ་བཟའ་པ་ནི་སྣུམ་དང་དྲོ་བ་བཟུང་ངོ༌། །བཏུང་བ་ནི་ཆང་བཏུང་བ་དང༌། བྱུག་པ་རྣམས་ཀྱིས་བསྒོས་ལ་བླུད་དོ། །མཁྲིས་པའི་རང་བཞིན་གྱི་མི་ལ་ནི་བསིལ་བའི་སྦྱོར་བ་སྣ་ཚོགས་དང༌། མངར་བ་དང༌། སྣུམ་པ་དང་བཅས་པའི་ཟས་དང་ཆང་གི་བཏུང་བ་བྱིན་ན་ཡང་ལུས་ཉམས་པར་མི་འགྱུར་རོ། །བད་ཀན་གྱི་རང་བཞིན་ཅན་གྱི་མི་ལ་ནི་ནས་དང་གྲོ་ལ་སོགས་པ་དྲོ་བའི་ཟས་དང༌། སྲོག་ཆགས་ཐང་ལ་གནས་པའི་ཤ་ན་ལེ་ཤམ་ལ་སོགས་པ་དང་སྦྱོར་བའི་ཟས་དང་ཆང་བཏུང་བར་བྱའོ། །དེ་ལ་ཕལ་ཆེར་རླུང་ནད་ལ་ཕན་པའི་ཆང་ནི་བཏགས་པ་ལས་
བྱས་བའི་ཆང་དང་བུ་རམ་ཆང་ཕན་ནོ། །མཁྲིས་པའི་ནད་ལ་ནི་རྒུན་ཆང་ཆུ་ཅུང་ཟད་དང་བསྲེས་པ་བླུད་དོ། །བད་ཀན་གྱི་ནད་ལ་ནི་རྒུན་ཆང་ངམ་ཨ་རིཥྚའི་བཏུང་བའམ་སྦྲང་ཆང་བཏུང་ངོ༌། །བད་ཀན་ཤས་ཆེ་བའི་ནང་ལ་ནི་སྔར་ཆང་བླུད་ལ་དེའི་འོག་ཏུ་ཟས་བཟའོ། །མཁྲིས་པ་ཤས་ཆེ་བ་ལ་ནི་ཆང་འཐུངས་ལ་དེ་མ་ཐག་ཟས་བཟའོ། །རླུང་ཤས་ཆེ་བ་ལ་ནི་ཟས་ཕྱེད་ཟོས་ནས་ཆང་བཏུང་ངོ༌། །ནད་གཞི་མཉམ་པ་ལ་ནི་ཅི་དགར་བཏུང་ངོ༌། །དེ་ལ་གཞན་ཡང་མྱོས་པའམ་བརྒྱལ་བའི་ནད་ལ་ནི་རླུང་དང་མཁྲིས་པ་འཇོམས་པའི་སྨན་གཏང་བར་བྱ་སྟེ། དེ་ལ་བརྒྱལ་བ་ལ་ནི་ནད་གཞི་གང་ལས་གྱུར་པ་བརྟག་སྟེ། ཁྱད་པར་དུ་མཁྲིས་པ་བརྟག་པར་བྱའོ། །བརྒྱལ་བ་དང་མྱོས་པ་ཐམས་ཅད་ལ་ནི་བསིལ་བའི་བྱུག་པས་བསྐུ་ཞིང་ནོར་བུ་ཆུ་ནང་དུ་བཅུག་པའི་ཆུས་གཏོར་ཏེ་རླུང་ཡབ་ཀྱིས་གཡབ་པོ། རྒུན་འབྲུམ་དང༌། བུ་རམ་ཤིང་དང། འབྲ་གོ་དང༌། ཏང་པལ་དང༌། འདི་རྣམས་ཀྱི་ཁུ་བ་འོ་མ་དང་བསྐོལ་བ་ཁ་རས་བཏབ་པ་བླུད་དོ། །ཡང་ན་མངར་བའི་སྡེ་ཚན་འོ་མ་དང་ལྷན་ཅིག་བསྐོལ་བ་བཏུང་བའམ། ཡང་ན་ཤ་ཁུའམ་མུངྒའི་ཡུ་ཤ་གང་ཡང་རུང་བའི་སེའུ་འབྲུ་དང་སྦྱར་བ་བླུད་དོ། །བཟའ་བ་ནི་འབྲས་དྲུག་ཅུ་བ་དང༌། འབྲས་དམར་པོ་དང༌། ནས་ལས་གཡོས་སུ་བྱའོ། །གཞན་ཡང་སྨན་འཚོ་བྱེད་ཀྱི་སྨན་མར་དང༌། དགེ་བའི་སྨན་མར་དང༌། ཏིག་ཏ་ཆེན་པོའི་སྨན་མར་དང༌། སྲང་བའི་སྨན་མར་དང༌། འདི་དག་གང་ཡང་རུང་བ་འམ། ཡང་ན་ཙིཏྲ་ཀ་འོ་མ་དང་སྦྱར་བའམ། ཡང་ན་པི་པི་ལིང་དང་བྲག་ཞུན་ཡང་བཅུད་ཀྱིས་ལེན་གྱི་ཆོ་ག་བཞིན་དུ་སྦྱར་བའམ། ཡང་ན་འབྲས་བུ་གསུམ་མར་དང་སྦྲང་རྩི་དང་ཤ་ཁ་རས་བཏབ་པའམ། དེ་དག་ལས་གང་ཡང་རུང་བ་བླུད་ན། མྱོས་པ་དང་བརྒྱལ་བ་ཐམས་ཅད་ཞི་བར་བྱེད་དོ། །མྱོས་པ་དང་བརྒྱལ་བ་ཤུགས་དྲག་ཏུ་ཞེན་པ་ལ་ནི་ཁ་སྣའི་དབུགས་འགགས་པའམ། ཡང་ན་མིའི་འོ་མ་བཏུང་བའམ། ཡང་ན་སྣ་ནས་བླུགས་པ་ཕན་ནོ། །ཡང་ན་པདྨའི་རྩ་ལག་དང༌། པི་པི་ལིང་དང༌། སྦྲང་རྩི་སྦྱར་བའམ་ཡང་ན་ཨ་རུ་ར་དང་སྦྲང་རྩི་སྦྱར་བའམ། ཡང་ན་བྱི་ཚེར་བ་དང་སྦྲང་རྩི་སྦྱར་བའམ།
ཡང་ན་ག་དུར་དང་སྦྲང་རྩིའམ། སྦྱོར་བ་འདི་དག་གང་ཡང་རུང་བའི་ལྡེ་གུར་བྱས་པ་ཟོས་ན་ཕན་ནོ། །ཡང་ན་ན་ལེ་ཤམ་དང༌། རྒྱ་ཤུག་གི་རུས་པ་དང༌། རྐང་དང༌། པུ་ཤེལ་ཅི་དང༌། ནཱ་ག་གེ་སར་དང༌། འདི་རྣམས་བཏགས་པ་ཆུ་གྲང་དང་སྦྱར་བ་འཐུངས་ན། མྱོས་པ་དང་བརྒྱལ་བའི་ནད་སེལ་ཏོ། །ཡང་ན་སྐྱུ་རུ་ར་བསྐོལ་བའི་ཁུ་བ་དང༌། མར་དང་ལྷན་ཅིག་བསྐོལ་བའམ། ཡང་ན་ཨ་རུ་རའི་ཁུ་བ་དང༌། མར་བསྐོལ་བའི་མར་འབའ་ཞིག་ལུས་པ་འཐུངས་ན་ཕན་ནོ། །ནད་གཞིའི་སྟོབས་ཇི་ལྟ་བ་བཞིན་དུ་གོང་མའི་ཆོ་ག་རྣམས་མྱོས་པ་དང༌། བརྒྱལ་བ་རྣམས་ལ་ཅི་རིགས་པར་བྱའོ། །དེ་བཞིན་དུ་སློན་ཁྲུས་ལ་སོགས་པ་ལས་རྣམ་ལྔ་དང༌། གཏར་གས་ཁྲག་ད་བྱུང་བ་ཡང་རབ་ཏུ་ཕན་ནོ། །གཞན་ཡང་སེམས་བརྟན་པར་བྱ་ཞིང་ཤེས་པ་ཡུལ་ལ་མ་ཆགས་པར་བྱའོ། །མྱོས་པ་དང་བརྒྱལ་བ་ཚབས་ཆེ་བ་ལ་ནི། སྙིང་སྟོར་གྱི་སྨན་དུ་བཤད་པ་ཤིན་ཏུ་རྣོ་བ་ལ་སོགས་པ། དུག་གིས་མྱོས་པའི་སྦྱར་སྨན་དག་གིས་གསོ་བར་བྱའོ། །དེ་ལ་སྙིང་སྟོར་གྱི་ནད་ལ་ནི་མྱུར་དུ་ཤིན་ཏུ་རྣོ་བའི་སྣ་སྨན་བཏང་བ་དང༌། མིག་སྨན་རྣོན་པོ་བླུགས་པ་དང༌། དུད་པ་རྣོན་པོ་བརྔུབ་པ་དང༌། སྨན་རྣོན་པོའི་ཕྱེ་མ་ཆུ་དང་སྦྱར་བ་མཁུར་བར་བཅང་བ་དང༌། སེན་མོའི་ནང་དུ་ཁབ་བཙུགས་ཏེ་ཚར་གཞུག་པ་དང༌། འདི་དག་བྱས་ན་སྙིང་སྟོར་གྱི་ནད་ཞི་བར་བྱེད་དོ། །ཡང་ན་སྐྲ་འབལ་བ་དང༌། ལུས་མེས་བསྲེགས་པ་དང༌། སོས་བཅད་པ་དང༌། སྲོག་ཆགས་སྡིག་པའི་སོས་འདེབས་སུ་གཞུག་པ་དང༌། སྒེའུ་གཤེར་ལ་སོགས་པ་ཚ་བའི་ཁུ་བ་དང༌། སྐྱུར་བའི་བག་དར་བ་ལ་སོགས་པ་ཁར་བཅད་དུ་གཞུག་པ་དང༌། ཁ་སྲལ་ཕྲེའུ་ལུས་ལ་བརྡར་བར་བྱ་སྟེ། དེ་ལྟར་རྣ་བའི་སྨན་དེ་དག་གིས་སད་དེ་འདུ་ཤེས་རྙེད་ནས། སྒོག་སྐྱའི་རང་གི་ཁུ་བ་བླུད་དོ། །ཁ་ཟས་ནི་ཚ་བ་གསུམ་དང༌། ལན་ཚྭ་དང༌། སྐྱུར་རྩི་ཆེན་པོའི་གེ་སར་དང་བཅས་པར་ཟས་བྱིན་ནས། དེ་ནས་རྒྱུན་སྲང་དག་པར་བྱ་བའི་ཕྱིར་དུ། ཟས་ཡང་བ་དང༌། རྣོ་བ་
དང། ཚ་བ་དང་དྲོ་བའི་བག་སྦྱིན་ནོ། །སད་མ་ཐག་ཏུ་ངོ་མཚར་གྱི་གཏམ་དང༌། འདས་པའི་ཆོས་རྣམས་དྲན་དུ་གཞུག་པ་དང༌། གཉེན་བཤེས་སྡུག་པའི་གཏམ་ཐོས་པར་བྱ་བ་དང༌། བལྟར་གཞུག་པ་དང༌། རོལ་མོའི་སྒྲ་དང༌། གླུ་སྐད་དྲག་ཏུ་བླང་བ་དང༌། རྩོལ་བ་མང་དུ་བྱེད་དུ་གཞུག་པ་དང༌། སློན་ཁྲུས་བྱ་བ་དང༌། དུ་བ་བརྔུབ་པ་དང༌། ཁྲག་དབྱུང་བར་བྱ་སྟེ། དྲན་པ་སླར་རྙེད་པར་གྱུར་ན་ཡང་སྙིང་མི་སྟོར་བར་བྱ་བའི་ཕྱིར་དེ་བསྲུང་བར་བྱ་སྟེ། ཆོ་ག་གོང་མ་རྣམས་རྟག་ཏུ་བྱའོ། །གསོ་བའི་གནས་ལས་ཆང་ནད་གསོ་བའི་ལེའུ་བདུན་པ་རྫོགས་སྷོ།། །།དེ་ནས་གཞང་འབྲུམ་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་གཞང་འབྲུམ་གསོ་བའི་དུས་སུ་དཔྱིད་ཟླ་ར་བ་དང༌། སྟོན་ཟླ་ཐ་ཆུངས་དང༌། དབྱར་ཟླ་ཐ་ཆུངས་དང༌། དུས་མཉམ་པ་དེ་དག་ནི་སྤྲིན་མེད་པའི་དུས་ཞེས་བྱ་སྟེ། དེ་དག་གི་ཚེ་རབ་ཏུ་སློན་ཁྲུས་ཀྱིས་ལུས་དག་པར་བྱས་ལ་རྗེས་སུ་མཐུན་པའི་ཟས་ཡང་བ་དང༌། ཉུང་བ་བྱིན་ནས་ཉམ་ཧ་ཅང་ཡང་མི་ཆུང་བའི་སྐབས་སུ་གསོ་བར་བྱའོ། །དེ་ལ་དང་པོ་བཤང་གཅི་བྱས་ལ་ཁྲུས་ལ་སོགས་པ་གཙང་སྦྲ་ཡང་བྱ་སྟེ་བྲམ་ཟེ་ལ་སོགས་པས་བདེ་ལེགས་བརྗོད་ནས་སྤང་ལེབ་ཀྱི་ཁྲིའམ། མིའི་པང་པར་ནད་པ་གན་རྐྱལ་དུ་བཞག་ལ་ཉི་མའི་ཕྱོགས་སུ་རྐུབ་བསྟན་ཏེ། རྐེད་པའི་ཕྱོགས་མཐོང་བར་བྱས་ལ། སྒྱིད་ཁུང་གཉིས་ལས་རས་ཀྱིས་དྲངས་ལ་རྐེད་པ་ནས་དམ་དུ་བཅིངས་ལ་དྲང་པོར་བཞག་སྟེ། རྐུབ་ཀྱི་ནང་མར་གྱིས་བསྐུས་ནས། དེ་ནས་ཆ་སྤྱད་མར་གྱིས་ཡང་བསྐུས་ཏེ་ནང་དུ་དལ་གྱིས་བཏང་ངོ༌། །དེ་ལྟར་ནང་དུ་ཆ་སྤྱད་ཀྱིས་ཕྱིན་པ་དང༌། ནད་པས་ཕྱིར་བཙིར་ལ་མི་གཙང་བ་ཡོད་ན་བཏོན་ཏེ། དེ་ནས་མཚོན་རས་འཇམ་པོས་དཀྲིས་ལ་གཞང་འབྲུམ་མནན་ཏེ། སྨན་པས་མདོའི་གནས་སུ་བསྟན་པའི་ཆོ་ག་བཞིན་དུ། གཞང་འབྲུམ་འཛག་པ་ལ་ནི་ཐལ་སྨན་གྱིས་བསྲེག་པར་བྱའོ། །སྐམ་པོ་ལ་ནི་ཐལ་སྨན་ནམ་ལྕགས་བསྲེགས་པས་བསྲེག་གོ །གཞང་འབྲུམ་ཚབས་ཆེ་བ་ལ་ནི་བཅད་ནས་བསྲེག་གོ །དེ་ལྟར་ཟིན་པ་དང་ཆ་སྤྱད་
བཀྲོལ་ལ། དེ་ནས་ནད་པ་དེའི་རྐུ་བ་དང་རོ་སྨད་མར་གྱིས་བསྐུའོ། །གལ་ཏེ་གཞང་འབྲུམ་མང་དུ་ཡོད་ན་ཡང་ཞག་བདུན་བདུན་ནས་རེ་རེའི་ཆོ་ག་གོང་ལྟར་བྱའོ། །དུས་གཅིག་ཏུ་ནི་མི་བྱའོ། །དེ་ནས་རླུང་མེད་པའི་ཁང་བར་བཞག་སྟེ། ཆོ་ག་རིམ་པ་བཞིན་བྱའོ། །གཞང་འབྲུམ་དུ་མ་ཡོད་པ་ལ་ནི་དང་པོ་གཡས་ཕྱོགས་ན་ཡོད་པར་བྱའོ། །དེ་ནས་གཡོན། དེ་ནས་རྒྱབ། དེ་ནས་མདུན་གྱི་བྱ་སྟེ། དེ་ལྟར་ཆོ་ག་བསྲེགས་པ་ལེགས་པར་གྱུར་ན་རླུང་ལུགས་སུ་འབྱུང་བ་དང༌། ཟས་ཡི་གར་འོང་བ་དང༌། མེའི་དྲོད་སྐྱེད་པ་དང༌། ནད་ལེགས་པར་ཞི་བ་དང༌། མདོག་དང་སྟོབས་སྐྱེ་བར་འགྱུར་རོ། །དེ་ལྟར་མཚོན་དང་ཐལ་བའི་ལས་བྱས་པའི་འོག་ཏུ་ཆུ་སོར་ཟུག་གཟེར་སྐྱེ་བར་གྱུར་ན། བ་སྤྲུ་བ་དང༌། རུ་རྟ་དང༌། ཤུ་ཏི་དང༌། ཨ་ག་རུ་དང༌། ཐང་ཤིང་དང༌། འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་ཆུ་དང་ལྡེ་གུར་བྱས་པས་ལྟེ་བའི་འོག་ཏུ་བསྐུ་བར་བྱའོ། །ཅི་སྟེ་བཤང་གཅི་འགགས་པར་གྱུར་ན། སྨན་ར་སྣ་དང༌། ཨ་ལམ་བུ་པ་དང༌། ཨེ་རཎྜ་དང༌། གཟེ་མ་དང༌། བ་སྤྲུ་བ་དང༌། གནྡྷ་སུ་ར་དང༌། འདི་རྣམས་ལྷན་ཅིག་བསྐོལ་ལ་དྲོ་འཇེམ་ཙམ་དུ་བྱ་སྟེ། ཐོག་མར་རྒྱབ་དང༌། རྐེད་པ་དང༌། རྐུབ་དང་བརླ་བྲག་ཏུ་མར་གྱིས་བསྐུ་བྱུག་བྱས་ལ། དེའི་འོག་ཏུ་སྨན་ཁུས་བླུགས་པ་དང༌། རོ་སྨད་སྨན་ཁུའི་ནང་དུ་གཞུག་པར་བྱའོ། །ཡང་ན་རླུང་འཇོམས་པའི་སྨན་དང་བཅས་པའི་འོ་མའམ། ཡང་ན་ཏིལ་མར་གྱིས་གོང་མ་བཞིན་དུ་བླུགས་པ་དང༌། རོ་སྨད་གཞུག་གོ །ཡང་ན་རྟུག་པ་འགགས་པ་ལ་ནི་རླུང་ལ་ཕན་ཞིང་དྲོད་སྐྱེད་པ་དང༌། དུར་བྱིད་དང༌། རྒྱ་སྣེའུ་དང༌། ཨུ་པོ་ད་ཀ་དང༌། ཙུ་ཙུ་ཀ་པརྞི་དང༌། འདི་རྣམས་ཀྱི་ཚོད་མ་ཞོ་དང་ཞོག་ཆུ་ལས་གཞི་བླངས་པ་དང༌། གོང་མའི་སྣུམ་དང་བཅས་པའི་ཟས་བཟའོ། །དེ་ལ་གཞང་འབྲུམ་ལ་མཁྲིས་པ་ལས་གྱུར་བའི་ཚ་བ་ནི་མེད་དོ། །གལ་ཏེ་ཡོད་ན་ཡང་རླུང་དང་ཅུང་ཟད་འདྲེས་པར་ཡོད་དོ། །རླུང་དང་བད་ཀན་ལས་གྱུར་པའི་གཞང་འབྲུམ་གྱི་ནད་ཀྱི་མཚན་
མ་ནི་གཞང་ཕྱིར་འབྱུང་ཞིང་ཕྱིས་དང༌། འཕྱེན་འགགས་པ་དང༌། གཡའ་བ་དང༌། ན་བ་དང༌། སྐྲང་བར་འགྱུར་ཏེ། དེ་ལ་ནི་བི་ལ་བའི་རྩ་བ་དང༌། ཙི་ཏྲ་ཀ་དང༌། ཡ་བཀྵ་ར་དང༌། རུ་རྟ་དང༌། ཏིལ་མར་དང༌། འདི་རྣམས་ཚུལ་བཞིན་དུ་བསྐོལ་བའི་ཁུ་བས་གཞང་འབྲུམ་ལ་བཀྲུ་ཞིང་བླུགས་སོ། །ཡང་ན་སྦྲུལ་དང༌། བྱི་ལ་དང༌། རྔ་མོ་དང༌། ཕག་རྒོད་དང༌། འདི་རྣམས་ཀྱི་ཞག་གིས་བསྐུ་ཞིང་བླུགས་སོ། །དེའི་འོག་ཏུ་ཟན་གྱིས་གླན་པའི་དུགས་དང༌། ཆུ་ལུམས་ཀྱི་དུགས་བྱ་བའམ། ཡང་ན་དུགས་ཀྱི་ཆོ་གའི་སྐབས་སུ་བསྟན་པ་རྣམས་འདིར་སྦྱར་རོ། །ཡང་ན་ཏིལ་མར་དང༌། མར་དང༌། ཆུ་དང༌། ཕྱེར་སྦྱར་བའི་ཟན་དྲོན་གྱིས་དུགས་བྱའོ། །ཐོག་མར་སྣུམ་གྱིས་བསྐུས་ལ་དེ་ནས་དུགས་བྱའོ། །ཡང་ན་ར་སྣ་དང༌། སྤ་མའི་འབྲས་བུའམ། ཤི་ཀྲུའི་ལོ་མའམ་དེ་དག་ལས་གང་ཡང་རུང་བ་བཏགས་པའི་ཏིལ་མར་དང་ཟན་དུ་བྱས་པས་དུགས་བྱའོ། །ཨརྐའི་རྩ་བ་དང༌། ཤ་མའི་ལོ་མ་དང༌། མིའི་སྐྲ་དང༌། སྦྲུལ་གྱི་པགས་པ་དང་འདི་རྣམས་མར་དང་བསྲེས་པའི་དུད་པས་བདུགས་ན་གཞང་འབྲུམ་ལ་ཕན་ནོ། །དེ་བཞིན་དུ་ཨ་ཤྭ་གནྡྷ་དང༌། བྲི་ཧ་སྟི་དང༌། བྱིའུ་རུག་པ་དང༌། པི་པི་ལིང་དང༌། འདི་རྣམས་མར་དང་སྦྱར་བའི་དུད་པས་བདུག་གོ །ཡང་ན་ཀུ་བ་ཁ་བོའི་ས་བོན་དང་མྱུ་གུ་འཇམ་པོ་བཏགས་པ་འབྲས་ཀྱི་རང་སྐྱུར་དང་སྦྱར་བའི་ལྡེ་གུ་རེང་བུར་བྱ་སྟེ་གྲིབ་སྐམ་དུ་བྱས་ནས་རྐུབ་ནས་ཡར་བཅུག་ན་གཞང་འབྲུམ་འབྱིན་ཏོ། །ཡང་ན་ཀུ་བ་ཁ་བོའི་མྱུ་གུ་དང༌། རྩ་བ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། འོལ་མ་སེ་དང༌། སུ་ར་སྣ་དང༌། ཀུཤྨནྡའི་ས་བོན་དང༌། འདི་རྣམས་ཞིབ་ཏུ་བཏགས་པ་གོང་མ་བཞིན་དུ་ལྡེ་གུར་བྱས་ལ་བཅུག་ལ་གཏང་ངོ༌། །ཡང་ན་སུ་དྷཱ་ཀྵི་ར་དང༌། ཡུངས་མར་སྦྱར་བས་བྱུགས་པའམ། ཡང་ན་ཁྱིམ་བྱའི་རྟུག་པ་དང༌། པི་པི་ལིང་དང༌། འོལ་མ་སེའི་འབྲས་བུ་འདི་རྣམས་བཏགས་ལ་བ་གཅིན་དང་སྦྱར་བའི་ལྡེ་གུས་བསྐུས་ན་ཡང་ཕན་ནོ། །དེ་བཞིན་དུ་ཟུར་པ་དང༌། པྲི་
ཡང་ཀུ་དང༌། ཏ་མ་ལའི་རུས་པ་དང༌། ཀར་ཀ་ཏ་སྲིང་གི་དང༌། ཨ་རུ་ར་དང༌། རུ་རྟ་དང༌། བསེ་ཤིང་གི་འབྲས་བུ་དང༌། སྤངས་མ་དང༌། ཤི་ཀྲུ་དང༌། ལ་ཕུག་གི་ས་བོན་དང༌། ལོ་མ་དང༌། ཀ་ར་བཱི་ར་དང༌། ནིམ་པའི་ལོ་མ་དང༌། ཤིང་པི་ལུའི་རྩ་བ་དང༌། བིལ་བའི་རྩ་བ་དང༌། ཤིང་ཀུན་དང༌། སུ་དྷཱ་ཀྵི་ར་དང༌། འདི་རྣམས་ལྷན་ཅིག་བཏགས་ཏེ་ལྡེ་གུར་བྱས་པས་བསྐུས་པའམ། ཡང་ན་རུ་རྟ་དང༌། ཤི་རི་ཤའི་ས་བོན་དང༌། པི་པི་ལིང་དང༌། ལྕེ་མྱང་ཚ་དང༌། བུ་རམ་དང༌། ཨརྐའི་ལོ་མ་དང་འབྲས་བུ་གསུམ། འདི་རྣམས་ཀྱི་ལྡེ་གུས་བསྐུས་ན་གཞན་འབྲུམ་རྩ་ནས་འབྱིན་ཏོ། །ཡང་ན་ཨརྐའི་ལོ་མ་དང༌། སུ་དྷཱ་ཀྵི་རའི་ཤིང་དང༌། ཀུ་བ་ཁ་བོའི་ལོ་མ་དང༌། ཀརཉྫ་ཕ་ལ་དང༌། འདི་རྣམས་བཏགས་པ་རའི་གཅིན་དང་སྦྱར་བས་བསྐུས་ན་གཞང་འབྲུམ་སེལ་བའི་མཆོག་གོ །ཡང་ན་ཨ་ནུ་བ་ས་ནའི་སྨན་པི་པི་ལིང་ལ་སོགས་པའི་ལྡེ་གུ་བྱས་པ་བསྐུས་ན་ཡང་རབ་ཏུ་བསྔགས་སོ། །བྱུག་པའི་སྨན་དེ་དག་གིས་ཞི་བར་མ་ནུས་ན། བྱུག་པའི་སྨན་དེ་རྣམས་ཏིལ་མར་དང་ཚུལ་བཞིན་བསྐོལ་བས་བསྐུས་ན་རབ་ཏུ་ཕན་ནོ། །བདུག་པ་དང་བྱུག་པ་དང་བསྐུ་བའི་སྨན་གཏོང་བའི་དུས་སུ་ནད་ཁྲག་མ་རུངས་པ་ལ་སོགས་པར་གྱུར་ན་གཞང་འབྲུམ་དེ་ལས་ཁྲག་བྱུང་ན་བདེ་བསྐྱེད་པར་འགྱུར་རོ། །དེ་ལྟར་ཁྲག་གཟགས་ཀྱང་མ་བྱུང་ཞིང་སྐྲངས་པ་དང༌། སྲ་བའི་གཞང་འབྲུམ་རྣམས་ལ་ནི་སྲིན་བུ་པད་པ་དང༌། མཚོན་ཁབ་རྩེ་གཤིབས་པས་ཡང་དང་ཡང་དུ་ཁྲག་དབྱུང་ངོ༌། །གྲང་དྲོ་དང་སྣུམ་རྩུབ་ལ་སོགས་པ་དེ་ལྟར་བྱས་ཀྱང་གཞང་འབྲུམ་ཞི་བར་མ་ནུས་ན། ནད་ཁྲག་ཡོད་པ་ཡིན་པས་དེ་ལ་སྨན་པས་གོང་མ་ལྟར་ཁྲག་དབྱུང་ངོ༌། །ཡང་ན་ཁ་ཟས་གཞན་མི་བཟའ་བར་འོ་མ་བསྲུབས་པའི་དར་བའི་ནང་ཙི་ཏྲ་ཀའི་ཕྱེ་མས་བཏབ་པ་ཉི་ཚེ་འཐུངས་ན་གཞང་འབྲུམ་སེལ་ཏོ། །སྨན་ཀོ་བི་དྷ་རའི་རྩ་བ་བཏགས་པའི་ཕྱེ་མ་དར་བ་དང་སྦྱར་བ་འཐུངས་ལ་དེ་ཞུ་ཙམ་ན་ཟས་ཕན་པ་རྣམས་ཟོས་ན་གཞང་འབྲུམ་ལ་ཕན་ནོ། །གང་གི་གཞང་འབྲུམ་
སྐྲང་ཞིང་ཟུག་པར་ན་ལ་མེའི་དྲོད་ཆུང་བ་ལ་ནི་སྐྲན་གྱི་ཆོ་གར་བཤད་པའི་ཤིང་ཀུན་ལ་སོགས་བའི་ཕྱེ་མ་ཟོས་ལ་དེའི་འོག་ཏུ་དར་བ་བཏུང་བའམ། ཡང་ན་བུ་རམ་དང་ཨ་རུ་ར་སྦྱར་བ་བཟའོ། །ཡང་ན་ཨ་རུ་ར་དང༌། བྱི་དང་ག་དང༌། ཙི་ཏྲ་ཀ་དང༌། དུག་མོ་ཡུངས་ཀྱི་ཤིང་ཤུན་དང༌། འདི་རྣམས་ཀྱི་ཕྱེ་མ་དར་བ་དང་ལྷན་ཅིག་བཏུང་ངོ༌། །ཡང་ན་དུག་མོ་ཡུངས་དང༌། པི་པི་ལིང་དང༌། ཙི་ཏྲ་ཀ་དང༌། སུ་ར་ན་དང༌། འདི་རྣམས་གོང་མའི་ཆས་འོག་མ་ཆ་ཕྱེད་ཕྱེད་ཀྱིས་བསྐྱེད་ལ་བཏགས་པའི་ཕྱེ་མ་དར་བ་དང་ལྷན་ཅིག་བླུད་དོ། །ཡང་ན་ལན་ཚྭ་རྣམ་གསུམ་དང༌། ཚ་བ་གསུམ་དང༌། ཤིང་ཀུན་དང༌། སྟར་བུ་དང་འདི་རྣམས་ཀྱི་ཕྱེ་མ་ཆུ་དྲོན་དང་སྦྱར་ནས་བཏང་ངོ༌། །ཡང་ན་བི་ལ་དང༌། ཀ་པིད་ཏ་དང༌། ནས་དང་འདི་རྣམས་ཀྱི་ཕྱེ་མ་དང་དར་བ་སྦྱར་བའམ། ཡང་ན་བཅའ་སྒ་དང༌། ཏིང་ཀུམ་ཚ་དང༌། ནས་ཕྱེ་དང་དར་བ་སྦྱར་བའམ། ཡང་ན་བ་ལ་ད་ཀ་དང༌། ནས་ཕྱེ་དང་དར་བ་སྦྱར་བ་འདི་དག་གི་སྐྱོ་མ་གང་ཡང་རུང་བ་བླུད་ན་ཕན་ནོ། །ཡང་ན་སྤ་མའི་འབྲས་བུ་དང༌། ཤིང་ཀུན་དང༌། ཙི་ཏྲ་ཀ་དང༌། འདི་རྣམས་དར་བ་དང་ལྡན་པར་བཏུང་ངོ༌། །ཡང་ན་ཟླ་བ་གཅིག་གི་བར་དུ་ཤིང་པི་ལུའི་འབྲས་བུ་བཟའ་སྟེ། དེའི་འོག་ཏུ་དར་བ་བཏུང་ངོ༌། །ཡང་ན་ཉིན་མཚན་དུ་ཟས་དང་མ་འདྲེས་པར་དར་བ་ཅི་འདོད་པར་བཏུང་ངོ༌། །ལུས་ཀྱི་སྟོབས་དང་མེའི་དྲོད་ཆུང་བ་ལ་ནི་དར་བ་ཉི་ཚེ་སྤྱད་དོ། །སྨན་པས་དུས་དང་ཉམས་སྟོབས་ཀྱི་བྱེ་བྲག་ཤེས་པར་བྱས་ནས་ཞག་བདུན་ནམ་བཅུའམ། ཟླ་བ་དྲུག་གམ་ཟླ་བ་ཕྱེད་ཀྱི་བར་དུ་དར་བ་འབའ་ཞིག་བླུད་དོ། །ཡང་ན་ཕྱེ་དང་དར་བ་ལྡེ་གུར་བྱས་པ་བླུད་དོ། །ཡང་ན་དར་བ་འཐུངས་ཏེ་ཞུ་བའི་ཚོད་ཙམ་ན་དར་བ་ལས་གཞི་བླངས་པའི་ཐུག་པ་རྒྱམ་ཚ་དང་བཅས་པར་སྦྱིན་པར་བྱའོ། །དེ་ནས་དར་བ་ལས་གཞི་བླངས་པའི་འབྲས་ཆན་བཟའ་སྟེ་འཚལ་ནན་དུ་འོ་མ་བླུད་དོ། །ཡང་ན་མུངྒའི་ཡུ་ཤ་དང༌། ཤ་ཁུ་དར་བ་དང་སྦྱར་བ་དང༌། འབྲས་ཆན་ཚོད་ཟིན་པར་བཟའོ། །དེ་ལ་སྨན་པས་ནད་གཞི་དང་མེའི་སྟོབས་བརྟགས་ལ་
དར་བའི་བྱེ་བྲག་གསུམ་གཏང་བར་བྱ་སྟེ། དེ་ཡང་མར་མེད་པའི་དར་བ་རྩུབ་པ་དང༌། སྣུམ་ཕྱེད་ཙམ་ཕྱུང་བ་དང༌། མར་མ་ཕྱུང་བ་དང་དར་བ་རྣམ་པ་གསུམ་པོ་དེ་དག་ཅི་རིག་པར་སྦྱར་རོ། །དེ་ལ་གཞང་འབྲུམ་གྱི་ནད་ལ་དར་བ་ལེགས་པར་སྦྱར་ན། འཕྲལ་དུ་ཞི་བར་བྱེད་ཅིང་ཕྱིས་མི་སྐྱེ་བའི་མཆོག་ཡིན་ཏེ། དར་བ་དེ་ནི་སའི་སྟེང་གི་རྩ་བ་ལ་ཕོག་ན་ཡང་རྩ་བ་ནས་སྲེག་པར་བྱེད་ན་གཞང་འབྲུམ་ལྟ་ཅི་སྨོས། དེ་ལྟར་དར་བས་རྒྱུན་སྲང་རྣམས་དག་པར་བྱས་ནས་ཟས་ཀྱི་བཅུད་ཀྱིས་ལུས་ཟུངས་རྣམས་འཕེལ་བར་བྱེད་དོ། །ཡིད་དགའ་བ་དང་སྟོབས་དང་ལྡན་བ་དང་མདོག་བཟང་པོར་འགྱུར་རོ། །མདོར་ན་དར་བ་བཅུག་ལ་ནུབ་གཅིག་བཞག་པ་འཐུངས་ན་གཞང་འབྲུམ་གྱི་ནད་འཇིག་པར་བྱེད་དོ། །ཡང་ན་འུ་སུ་དང༌། ཟི་ར་དང༌། གོ་སྙོད་དང༌། སྦ་མའི་འབྲས་བུ་དང༌། པི་པི་ལིང་རྣམ་གཉིས་དང༌། ཤུ་ཏིའི་འབྲས་བུ་དང༌། པི་པི་ལིང་གི་རྩ་བ་དང༌། ཟུར་པ་དང༌། ལ་ལ་ཕུད་དང༌། ཙི་ཏྲ་ཀ་དང༌། ཡ་བ་ན་ཀ་དང༌། འདི་རྣམས་ཞིབ་ཏུ་བཏགས་ལ། རྩ་བ་སྣུམ་ཅན་གྱི་ནང་དུ་དར་བ་དང་སྤངས་ལ་ལེགས་པར་སྨིན་པ་ཤས་ཆེར་སྐྱུར་ཞིང་ཚ་བར་གྱུར་པ་ནི་དར་བའི་ཨ་རིཥྚ་ཞེས་བྱ་སྟེ། དེ་ལས་ཅི་འདོད་པར་འཐུངས་ན་མེ་དྲོད་སྐྱེད་པ་དང༌། ཟས་ཡི་གར་འོང་བ་དང༌། མདོག་བཟང་བ་དང༌། བད་ཀན་དང་རླུང་ཚུལ་བཞིན་འབྱུང་བ་དང༌། གཞང་ཁ་སྐྲང་ཞིང་གཡའ་བ་དང༌། ན་བ་རྣམས་འཇོམས་ཤིང་སྟོབས་འཕེལ་བར་བྱེད་དོ། །ཡང་ན་ཀྲུ་ཏྲུག་ཏྲེས་ཀྱི་རྩ་བའི་ཤུན་པ་བཏགས་པ་ལྡེ་གུར་བྱས་པའི་རྫ་མའི་ནང་ངོས་བསྐུས་ལ་དེའི་ནང་དུ་དར་བའམ་ཞོ་བླུགས་ལ་བཞག་སྟེ། ལེགས་པར་སྨིན་པ་དང་འཐུངས་ན་གཞང་འབྲུམ་སེལ་ཏོ། །ཡང་ན་ག་བྲའི་རྩ་བ་དང༌། ཐལ་ཏྲས་དང༌། ཨ་རུ་ར་དང༌། ཚ་བ་ལྔ་དང༌། འདི་རྣམས་ཀྱང་གོང་མ་ལྟར་བྱས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་ཧ་ཏི་པི་པི་ལིང་དང་པ་ཐཱ་དང༌། ཤུ་ཏིའི་ས་བོན་དང༌། ཚ་བ་ལྔ་དང༌། གཡེར་མ་དང༌། ཟིར་དང༌། འུ་སུ་དང༌། བིལ་བའི་རྐང་དང༌།
འདི་རྣམས་བཏགས་པའི་ཕྱེ་མ་ཐུག་པ་ཡུ་ཤཱམ། ཁུ་བ་ལ་སོགས་པའི་ནང་དུ་བཏབ་པའམ། ཡང་ན་སེའུ་འབྲུ་ལ་སོགས་པ་འབྲས་བུའི་སྐྱུར་གྱི་ཁུ་བའི་ནང་དུ་ཏིལ་མར་དང་མར་གཉིས་བསྐོལ་བ་དང༌། གོང་མའི་ཕྱེ་མ་དང་ལྷན་ཅིག་ཏུ་སྦྱར་བའམ། ཡང་ན་སྨན་དེ་ཉིད་ཆུ་དང་མར་ཚུལ་བཞིན་བསྐོལ་བ་འཐུངས་ན་མེ་དྲོད་སྐྱེད་པར་བྱེད་དོ། །རིམ་པ་གོང་དུ་སྨོས་པ་འདི་ནི་ཕྱི་ས་སླ་བར་བྱ་བའི་ཕྱིར་བཤད་པ་ཡིན་ནོ། །ད་ནི་རྟུག་པ་འགགས་པའི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་རྟུག་པ་སྲ་བར་གྱུར་པ་ལ་ནི་ཟས་སྣུམ་ཤས་ཆེ་བ་དང༌། ལན་ཚྭ་དང་ལྡན་བར་སྦྱིན་ཞིང་དེའི་འོག་ཏུ་ཆང་བླུད་དོ། །ཡང་ན་དར་བ་འམ་བུ་རམ་ཆང་ངམ། སྐྱུར་པོའམ། ཆང་དང་འདི་དག་གང་ཡང་རུང་བའི་ནང་དུ་ལན་ཚྭས་བཏབ་པ་འཐུངས་ན། རྟུག་པ་འགགས་པ་སེལ་ཏོ། །ཡང་ན་ཀ་རཉྫའི་ལོ་མ་བསྐོལ་བའི་ནང་དུ་མར་དང་ཏིལ་མར་ཡང་བསྐོལ་བ་བཅུག་ལ་ཕྱེས་བཏབ་སྟེ་ལྡེ་གུར་བྱས་པ་ཟོས་ལ་དེ་ཞུ་བའི་ཆོད་ཙམ་ན་ཟས་ཟོས་ན་རླུང་གིས་རྟུག་པ་འགགས་པ་སེལ་ཏོ། །ཡང་ན་བུ་རམ་དང༌། དོང་གྲ་དང༌། ཡང་ན་པ་ཏྲ་དང༌། བུ་རམ་དང༌། ཡ་བཀྵ་ར་དང་བཅས་པ་མར་དང་ཟོས་ན་ཡང་ཕན་ནོ། །ཡང་ན་བ་རུར་བ་གཅིན་གྱི་ནང་དུ་ནུབ་གཅིག་སྤངས་ལ་བུ་རམ་དང་ལྷན་ཅིག་ཟོས་ན་རླུང་ལས་གྱུར་པའི་རྟུག་པ་འགགས་པ་ཡང་འབྱུང་ངོ༌། །ཡང་ན་ཨ་རུ་ར་རྡོག་མ་ཉིས་བརྒྱ་བ་གཅིན་བྲེ་བོ་ཆེ་གཉིས་དང་བསྐོལ་བ་ཨ་རུ་ར་འབའ་ཞིག་ལུས་པ་དང་སྦྲང་རྩི་དང་བཅས་པར་ཞག་རེ་རེ་གཉིས་གཉིས་ཟོས་ན། བད་ཀན་ལས་གྱུར་པའི་རྟུག་པ་འགགས་པ་དང༌། གཞང་འབྲུམ་གྱི་ནད་དང༌། མཛེ་ནད་དང༌། སྐྲངས་པ་དང༌། གཅིན་ནད་དང༌། སྐྲན་དང༌། དམུ་རྫིང་དང༌། སྲིན་བུའི་ནད་དང༌། འབྲས་ཀྱི་ཕྲེང་བ་དང༌། ལྦ་བའི་ཤ་སྟོར་བ་དང༌། རྐང་བམ་དང༌། ལུས་སྦོ་བ་དང༌། སྐྱ་རྦབ་དང༌། དྲེག་ནད་དང་འདི་རྣམས་ལ་ཕན་ནོ། །ཡང་ན་བར་ད་ཀ་བུ་རམ་དང་བཅས་ང་ཟོས་ལ་དེའི་འོག་ཏུ་ཨ་ཛ་ཤྲིང་གིའི་རྩ་བ་བཏགས་
པ་རའི་གཅིན་དང་སྦྱར་བ་འཐུངས་ན་གཞང་འབྲུམ་ཞི་བར་བྱེད་དོ། །ཡང་ན་འབྲས་བུ་གསུམ་བསྐོལ་བའི་ཁུ་བའི་ནང་དུ་དུར་བྱིད་བཏགས་པའི་ཕྱེ་མ་བཏབ་པའམ། ཡང་ན་དར་བའི་ནང་དུ་ཨ་རུ་རའི་ཕྱེ་མ་བཏབ་པ་བཏང་ངོ༌། །ཡང་ན་ཨ་རུ་ར་དང༌། པི་པི་ལིང་བཏགས་པའི་ཕྱེ་མ་མར་བསྐོལ་བའི་ནང་དུ་བླུགས་ཏེ་བུ་རམ་དང་བཅས་པ་ཟོས་ན་རྟུག་པ་འགགས་པ་སེལ་ཏོ། །ཡང་ན་ཨ་རུ་ར་དང་དུར་བྱིད་དང༌། དན་ཏི་གསུམ་ཟོས་ན་ཡང་ཕྱི་ས་འགགས་པ་ཚུལ་བཞིན་འབྱུང་ལ་དེ་བྱུང་ཡང་གཞང་འབྲུམ་གྱི་སྟོབས་ཀྱང་ཟད་པར་བྱེད་དོ། །ཡང་ན་སེའུ་འབྲུ་རང་རང་གི་ཁུ་བ་དང༌། ཟིར་དང་ལ་ལ་ཕུད་དང༌། བུ་རམ་དང༌། དོང་གྲ་དང༌། པ་ཏྲ་དང༌། འདི་རྣམས་ལྷན་ཅིག་སྦྱར་བ་དར་བ་དང་འཐུངས་ན་རླུང་ལས་གྱུར་པའི་རྟུག་པ་འགགས་པ་སེལ་ཏོ། །ཡང་ན་བུ་རམ་ཤིང་གི་ཆང་དང༌། བུ་རམ་ཆང་གི་ནང་དུ་ཙི་ཏྲ་ཀ་དང༌། བཅའ་སྒའི་ཕྱེ་མ་བཏབ་པའམ། ཡང་ན་ཟན་ཆང་གི་ནང་དུ་སྤ་མའི་འབྲས་བུ་དང༌། པ་ཐ་དང༌། ཁ་རུ་ཚའི་ཕྱེ་མ་བཏབ་སྟེ་འཐུགས་ན་ཕན་ནོ། །ཡང་ན་པི་པི་ལིང་གི་འབྲུ་བཅུ་དང༌། ཏིལ་ནག་པོ་སྲང་ཕྱེད་བཏགས་པའོ་མའི་ནང་དུ་བཏབ་སྟེ་འཐུངས་ལ་དེ་བཞིན་དུ་ཞག་བཅུའི་བར་དུ་པི་པི་ལིང་བཅུ་བཅུས་བསྐྱེད་དེ་འཐུངས་ན་ཉམས་སྟོབས་དང་མེའི་དྲོད་སྐྱེའོ། །ཡང་ན་བྱི་ཚེར་བ་དང༌། བིལ་བ་དང༌། ལ་ལ་ཕུད་དང༌། དོང་གྲ་དང༌། དེ་རྣམས་ལས་ཅི་རྙེད་ཀྱང་རུང་སྟེ། པ་ཏྲ་དང་ལྷན་ཅིག་ཏུ་ཆུ་དང་སྦྱར་ཏེ་འཐུངས་ན་གཞང་འབྲུམ་སེལ་ཏོ། །ཡང་ན་ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་ཀྱི་ནང་དུ་ཨ་རུ་རའི་ཕྱི་ཤུན་སྐམ་པོ་སྲང་བརྒྱད་དང་སྐྱུ་རུ་ར་སྐམ་པོ་སྲང་བཅུ་དྲུག་དང༌། ཀ་པིད་ཏ་སྲང་བཅུ་དང༌། བི་ཤ་ལ་སྲང་ལྔ་དང༌། སེང་ཕྲོམ་དང༌། ན་ལེ་ཤམ་དང༌། པི་པི་ལིང་དང༌། བྱི་དང་ག་དང༌། ཤིང་ཚ་དང༌། དེ་རྣམས་སྲང་གཉིས་གཉིས་དང༌། འདི་རྣམས་ཆམ་ཆོམ་བརྡུངས་ཏེ་བསྐོལ་ལ་བཞི་ཆ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ལུས་པ་དང༌། བཙགས་པའི་ཁུ་བའི་ནང་དུ་འབྲུ་མར་སྲང་ཉིས་བརྒྱ་དང༌། ད་ཏ་
ཀི་སྐམ་པོ་སྲང་བཅུ་དྲུག་སྣོད་སྣུམ་ཅན་གྱི་ནང་དུ་བཅུག་སྟེ་ཟླ་བ་ཕྱེད་བཞག་ལ་ལེགས་པར་སྨིན་པ་ནི་ཨ་རུ་རའི་ཆང་ཞེས་བྱ་སྟེ། དེ་ལས་རན་པར་བསྟེན་ན་མེའི་དྲོད་སྐྱེད་པ་དང༌། གཞང་འབྲུམ་དང༌། ཕོ་བའི་ནད་དང༌། སྐྱ་རྦབ་དང༌། མཛེ་དང༌། དམུ་རྫིང་དང༌། དབྱིག་དུག་དང༌། རིམས་དང༌། སྐྲངས་པ་དང༌། མཆིན་པ་ན་བ་དང༌། སྙིང་ནད་དང༌། སྐྲན་དང༌། གཅོང་ཆེན་པོ་དང༌། སྐྱུགས་པའི་ནད་དང༌། སྲིན་བུའི་ནད་རྣམས་སེལ་ཏོ། །ཡང་ན་ཆུ་སྲང་ལྔ་བརྒྱ་བཅུ་གཉིས་ཀྱི་ནང་དུ་དན་ཏི་དང༌། རྩ་བ་བཅུ་པ་དང༌། འབྲས་བུ་གསུམ་དང༌། ཙི་ཏྲ་ཀ་དང༌། འདི་རྣམས་རེ་རེ་ཞིང་སྲང་བཅོ་ལྔ་ཆམ་ཆོམ་བརྡུངས་ལ་བསྐོལ་ཏེ། བཞི་ཆ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པ་དང༌། བཙགས་ལ་ཚིགས་མ་ཕྱུང་བའི་ཁུ་བའི་ནང་དུ་བུ་རམ་སྲང་བརྒྱ་དང༌། ད་ཏ་ཀི་སྲང་བཅུ་དྲུག་བཅུག་སྟེ། ཡང་ན་སྣོད་སྣུམ་ཅན་གྱི་ནང་དུ་ཟླ་བ་གཅིག་བཞག་སྟེ་ལེགས་པར་སྨིན་པ་ནི་དན་ཏིའི་ཆང་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་ཕན་ཡོན་གོང་མ་དང་འདྲ་སྟེ། ཁྱད་པར་དུ་ཕྱི་ས་བདེ་བར་འབྱུང་ངོ༌། །ཆུ་སྲང་ལྔ་བརྒྱ་བཅུ་གཉིས་ཀྱི་ནང་དུ་བྱི་ཚེར་བསྐམ་པོ་སྲང་བཅུ་དྲུག་དང་དན་ཏི་དང་པ་ཏྲ་དང༌། ཙི་ཏྲ་ཀ་དང༌། ཨ་རུ་ར་རྣམ་པར་རྒྱལ་བ་དང༌། བ་ཤ་ཀ་དང༌། སྐྱུ་རུ་ར་དང༌། དོང་གྲ་དང༌། འདི་རྣམས་སྲང་གཉིས་གཉིས་དང་ལྷན་ཅིག་བསྐོལ་ལ་བཞི་ཆ་ལུས་པ་དང༌། དེའི་ནང་དུ་ཁ་ར་དཀར་པོ་སྲང་བརྒྱ་དང༌། ད་ཏ་ཀི་སྲང་བཅུ་དྲུག་བཅུག་ལ། རྫ་མའི་སྣོད་དུ་པྲི་ཡང་ཀུ་དང༌། པི་པི་ལིང་དང༌། དབྱི་མོ་དང༌། འདི་དག་ཕྱེ་མར་བྱས་ལ་མར་དང་སྦྲང་རྩི་དང་ལྡེ་གུ་བྱས་ལ་བསྐོལ་བའི་ནང་དུ་བླུགས་པར་བྱ་སྟེ། ཟླ་བ་གཅིག་བཞག་ལ་ལེགས་པར་སྨིན་པ་ནི་བྱི་ཚེར་བའི་ཆང་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན། ཕན་ཡོན་གོང་མ་དང་འདྲའོ། །ཟན་གྱི་གོང་དུ་སྐྱུར་རྩི་ཆེན་པོ་ལ་སོགས་པ་སྐྱུར་བའི་འབྲས་བུའི་ཁུ་པ་དང༌། མར་གོང་མ་བཞིན་དུ་སྦྱར་བ་འཐུངས་ན་ཕྱིས་འགགས་པ་བདེ་བར་འབྱུང་ངོ༌། །ཡང་ན་དབྱི་མོ་དང༌། ཀྲུ་ཏྲུག་ཏྲེས་མར་དང་ཚུལ་བཞིན་
དུ་སྦྱར་བའམ། ཡང་ན་ནས་ཚིག་འཁུས་པའི་ཐལ་བ་བུར་མ་དང་སྦྱར་བ་འམ། པི་པི་ལིང་གི་རྩ་བ་མར་དང་སྦྱར་བའི་ནང་དུ་བུ་རམ་དང༌། ཡ་བཀྵ་ར་དང༌། དོང་གྲའི་ཕྱེ་མ་བཏབ་པའམ། པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་དང༌། འུ་སུ་དང༌། སེའུ་འབྲུ་དང༌། འདི་རྣམས་མར་དང་མར་གྱི་བཞི་འགྱུར་གྱི་ཞོ་དང་ཆུ་དང་ཚུལ་བཞིན་དུ་བསྐོལ་ཏེ། མར་འབའ་ཞིག་ལུས་པ་ཟོས་ན་རླུང་དང་བཤང་གཅི་འགགས་པ་རྣམས་སེལ་ཏོ། །ཤིང་པ་ལ་ཤའི་ཐལ་བ་ཆུ་དང་བསྲེས་ལ་བཙགས་པ་དང༌། དེའི་སུམ་ཆའི་མར་དང་བསྐོལ་ལ་མར་ལུས་པ་དང་དེའི་ནང་དུ་ཨིནྡྲ་ཡ་བའི་སྡེ་ཚན་བཏགས་པའི་ཕྱེ་མས་བཏབ་པ་འཐུངས་ན། གཞང་འབྲུམ་དང་མེའི་དྲོད་སྐྱེད་པའི་ཆོ་ག་ཡིན་ནོ། །ཚ་བ་རྣམ་ལྔ་དང༌། ཨ་རུ་ར་དང༌། ཡ་བཀྵ་ར་དང༌། ལྕེ་མྱང་ཚ་དང༌། པ་ཐ་དང༌། འུ་སུ་དང༌། ན་ལེ་ཤམ་དང༌། བིལ་བ་དང༌། མར་དང༌། དེའི་བཞི་འགྱུར་གྱི་ཞོ་དང༌། ཆུ་དང་ཚུལ་བཞིན་བསྐོལ་བ་འཐུངས་ན་གཞང་འབྲུམ་དང་བརླ་བྲག་ཏུ་ན་བ་དང་གཞང་ཕྱིར་བྱུང་བ་དང༌། གཅིན་སྲི་ཞིང་འཛག་པ་རྣམས་ལས་མྱུར་དུ་རྒྱལ་བར་བྱེད་དོ། །པ་ཐ་དང༌། ཨ་ཛ་མོ་དང༌། འུ་སུ་དང༌། བྱི་ཚེར་བ་དང༌། ཚྭ་བ་རྣམ་ལྔ་དང༌། བིལ་བ་དང༌། འདི་རྣམས་མར་དང་ཞོ་དང༌། རྩང་གི་རིའི་ཁུ་བ་གཉིས་མར་གྱི་བཞི་འགྱུར་དང་ཆུ་དང་ཚུལ་བཞིན་དུ་བསྐོལ་ཏེ། མར་ལུས་པ་ལས་རན་པར་འཐུངས་ན། ལྟོ་སྦོས་པ་དང༌། གཅིན་སྲི་བ་དང༌། འཕྱེན་པྲེག་པྲེག་པོར་འབྱུང་བ་དང༌། གཞང་འབྱུང་བའི་ནད་དང༌། གཞང་འབྲུམ་དང༌། ཕོ་བའི་ནད་དང༌། བད་ཀན་དང་རླུང་ནད་འཇོམས་པར་བྱེད་དོ། །རྨ་བྱ་དང༌། སྲེག་པ་དང༌། ལ་བན་ཞེས་བྱ་བའི་ཤ་ཁུ་སྐྱུར་དང་ལེགས་པར་སྦྱར་བ་འམ། ཡང་ན་ཁྱིམ་བྱའམ་ལྕོ་གའི་ཤ་ཁུ་སྐྱུར་དང་བཅས་པ་བྱིན་ན་རླུང་དང་ཕྱི་ས་འགགས་པ་ལ་ཕན་ནོ། །རྒྱ་སྣེའུ་དང༌། ཙི་ཏྲ་ཀ་དང༌། དུར་བྱིད་དང༌། དན་ཏི་དང༌། པ་ཏྲ་དང༌། ཨ་མ་ལི་ཀ་ལ་སོགས་པའི་ལོ་མ་དང༌། གཞན་ཡང་བད་ཀན་དང་རླུང་འཇོམས་པའི་ཚོད་
མ་ཡང་བ་དང་ཕྱི་ས་སླ་བར་འགྱུར་བའི་བག་གང་ཡང་རུང་བ་ཚོད་མར་བྱས་པའི་ནང་དུ་ཤིང་ཀུན་དང༌། ཏིལ་དང༌། མར་དང༌། ཞོའི་སྤྲིས་མ་དང༌། འུ་སུ་དང༌། ཚ་བ་ལྔ་བཏགས་པའི་ཕྱེ་མ་དང༌། འུ་སུའི་གེ་སར་དང༌། སྒེའུ་གཤེར་གཤགས་པ་དང༌། འདི་རྣམས་སྤོད་ཐབས་སུ་བཅུག་པ་ལེགས་པར་སྦྱར་ཏེ། ནད་པ་གང་ལ་དགའ་བའི་སྤོས་བསྲེགས་པས་ཚོད་མ་བདུགས་ལ། དེ་ནས་ཟི་ར་དང༌། ན་ལེ་ཤམ་དང༌། བི་ཊ་ཁ་རུ་ཚ་འདི་དག་བཏགས་པས་ཤས་ཆེར་བཏབ་སྟེ་ཟོས་ན་རླུང་ཤས་ཆེ་བ་དང༌། གཞང་འབྲུམ་དང༌། ལུས་རྩུབ་པ་དང༌། མེ་དྲོད་ཆུང་བ་དང༌། རྟུག་སྐམ་རྣམས་ལ་ཕན་ཏེ་སྦྱར་བར་བྱའོ། །ཟས་ནི་འབྲས་དམར་པོ་ལས་གཡོས་སུ་བྱས་ལ། ཚོད་མ་ནིམ་པ་དང༌། སྲོག་ཆགས་གོ་བོ་དང༌། ར་དང༌། རྔ་མོ་དང༌། ཁྱད་པར་དུ་སྲོག་ཆགས་ཤ་ཟ་བའི་ཤ་ཁུའི་ནང་དུ་ཤིང་ཀུན་ལ་སོགས་པའི་སྤོད་དང་སྦྱར་བ་ཐབས་གོང་མ་བཞིན་དུ་བྱས་ཏེ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །བཏུང་བ་ནི་ཆང་དང་ཤ་ཁ་ར་མི་བཏུང་བ་དང༌། བུ་རམ་གྱི་ཆང་དང༌། དར་བ་དང༌། རྩབ་མོ་དང༌། ཨ་རིཥྚའི་ཆང་དང༌། ཞོ་ག་ཆུ་དང་འདི་རྣམས་བཏུང་ངོ༌། །ཡང་ན་ཆུ་ཉི་ཚེར་འུ་སུ་དང༌། བཅའ་སྒ་ཆུ་དང་བསྐོལ་བ་བཏུང་བའམ། ཡང་ན་ཀཎྜ་ཀ་རི་ཆུ་དང་བསྐོལ་བ་ཉུང་ཤས་བཏུང་ངོ༌། །བཏུང་པ་དེ་རྣམས་ཀྱང་ཟས་ཀྱི་བར་རམ་ཟས་ཀྱི་འོག་ཏུ་འཐུངས་ན་རླུང་གི་རྟུག་སྐམ་འཕྱིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་ལས་གྱུར་པའི་རྟུག་སྐམ་བདེ་བར་འབྱུང་ཞིང་གཞང་འབྲུམ་གྱི་ནད་ཀྱང་ཞི་བར་འགྱུར་ཏེ། མེའི་དྲོད་ཀྱང་སྐྱེད་པར་འགྱུར་རོ། །རྟུག་སྐམ་གྱི་ཟིལ་གྱིས་མནན་ཏེ་ཁོང་ཤིན་ཏུ་རྩུབ་པ་དང༌། རླུང་ལོག་པར་སོང་བ་དང༌། གཟེར་ཞིང་ནབས་ཉམ་ཐག་པ་ལ་ནི་འཇམ་རྩི་མས་གཏོང་བ་རབ་ཏུ་ཕན་ཏེ། དེ་ཡང་པི་པི་ལིང་དང༌། པོ་སོན་ཆ་དང༌། བིལ་བ་དང༌། ཤུ་ཏི་དང༌། ཤིང་མངར་དང༌། ཤུ་དག་དང༌། རུ་རྟ་དང༌། ཟུར་པ་དང༌། མ་ནུ་དང༌། ཀྲུ་ཏྲུག་ཏྲེས་དང༌།
ཐང་ཤིང་དང༌། འདི་རྣམས་བཏགས་ཏེ། ཏིལ་མར་དང༌། ཏིལ་མར་གྱི་བཞི་འགྱུར་གྱི་འོ་མ་དང་ཆུ་དང་ལྡན་པར་བསྐོལ་ཏེ། མར་འབའ་ཞིག་ལུས་པ་དང༌། འཇམ་རྩི་བཏང་ན་གཞང་འབྲུམ་དང་རླུང་འཁྱིལ་པ་ལ་ཕན་པའི་ཆོ་ག་ཡིན་ཏེ། གཞན་ཡང་གཞང་ཕྱིར་བྱུང་བ་དང་ཟུག་གཟེར་དང་གཅིན་སྲི་པ་དང༌། ཕྱིས་སྲི་ཞིང་སྒྲ་དང་བཅས་པར་འབྱུང་བ་དང༌། རྐེད་པ་དང༌། རྒྱབ་བསྒུལ་དཀའ་བ་དང༌། མདོམས་ཕྱོགས་སུ་སྦོས་པ་དང༌། བེའུ་སྣབས་སུ་འཁྲུ་བ་དང༌། གཞང་སྐྲངས་པ་དང༌། རླུང་དང། རྟུག་པ་འགགས་པ་དང༌། ཡང་དང་ཡང་ཕྱི་ས་འབྱུང་འདོད་ཅིང་ཆེར་མི་འོང་བ་རྣམས་ལ་ཕན་ནོ། །ཡང་ན་བཀྲུ་སྨན་དྲག་པོ་མས་གཏོང་བར་བྱ་སྟེ། དེ་ཡང་རྩ་བ་ལྔ་པ་ཆུང་དུ་དང༌། འོ་མ་དང༌། བ་གཅིན་དང༌། ཏིལ་མར་དང༌། ལན་ཚྭ་དང༌། པི་པི་ལིང་ལ་སོགས་པའི་འབྲས་བུ་དང༌། འདི་རྣམས་ཚུལ་བཞིན་དུ་སྦྱར་བ་གཏང་ངོ༌། །དེ་ཡན་ཆད་གཞང་འབྲུམ་སྐམ་པོའི་གསོ་བ་བཤད་ནས། །ད་ནི་གཞང་འབྲུམ་ཁྲག་འཛག་པའི་གསོ་བ་བཤད་པར་བྱ་སྟེ། དང་པོ་གཞང་འབྲུམ་ཁྲག་འཛག་པ་དེ་རླུང་ངམ་བད་ཀན་གང་ལས་གྱུར་པ་བརྟགས་ཏེ། དེའི་འོག་ཏུ་སྣུམ་པ་དང་བསིལ་བ་སྦྱར་བ་འམ། རྩུབ་པ་དང་བསིལ་བ་སྦྱར་ཏེ་དྲོ་བག་ནི་མཁྲིས་པ་བསྐྱེད་དེ་བསྲུང་ངོ༌། །དེ་ལ་རླུང་དང་ལྡན་པའི་གཞང་འབྲུམ་ཁྲག་འཛག་པའི་མཚན་མ་ནི་ཕྱི་སའི་མདོག་སྨུག་ནག་ཏུ་འབྱུང་བ་དང༌། སྲ་བ་དང༌། རྩུབ་པ་དང༌། འཕྱེན་མང་པོ་འབྱུང་བ་དང༌། རྐེད་པ་དང་བརླ་དང་གཞང་རྣམས་སུ་ཟུག་ཅིང་ན་བ་ཡིན་ཏེ། དེ་ཡང་རྩུབ་པའི་ཟས་ཟོས་པ་ལས་བྱུང་བ་ཡིན་ནོ། །གལ་ཏེ་བད་ཀན་དང་བཅས་པ་ཡིན་ན་ནི་ཕྱིས་སླ་བ་དང༌། དཀར་བ་དང༌། སེར་བ་དང༌། ལྕི་བ་དང༌། སྣུམ་པ་དང༌། དཔྱི་ན་བ་དང༌། གཞང་ཚོར་བ་མེད་པ་སྙམ་བྱེད་པ་ཡིན་ཏེ། དེ་ནས་ཟས་སྣུམ་པ་དང༌། ཟས་ལྕི་བ་ཟོས་པས་འབྱུང་ངོ༌། །དེ་བཞིན་དུ་ཁྲག་དང་མཁྲིས་པ་ལས་གྱུར་པ་ཡང་རང་གི་མཚན་ཉིད་བརྟགས།
ཏེ་ཁྲག་དབྱུང་བའི་ཆོ་ག་བཞིན་ཤེས་པར་བྱའོ། །ཁྲག་དང་རླུང་ལ་སོགས་བ་མ་རུངས་པར་བྱས་ན་ནི་ཉམས་སྟོབས་ཇི་ལྟ་བ་བཞིན་དུ་ཁྲུས་དང་སྨྱུང་བ་ལ་སོགས་པ་བྱའོ། །ཇི་སྲིད་དུ་ནད་ཁྲག་མ་ཟད་ཀྱི་བར་དུ་ཕྱིར་བྱུང་བ་མི་གཅད་པར་བཏང་ངོ༌། །དེ་ནས་ནད་རྣམས་སྨིན་པར་བྱ་བ་དང༌། མེ་དྲོད་སྐྱེད་པ་དང༌། ཁྲག་གཅད་པར་བྱ་བའི་ཕྱིར་སྨན་ཁ་བའི་སྦྱོར་བ་བཤད་པར་བྱ་སྟེ། སྐྱེས་བུ་གང་ནད་གཞིའི་ཉེས་པས་ལུས་ཀྱི་ཤ་ཟད་པ་དང༌། རླུང་ལས་གྱུར་པའི་ཁྲག་འཛག་པའི་ནད་ལ་ནི་སྨན་ཁ་བ་རྣམས་སྣུམ་དང་བཅས་པས་སྦྱར་ཏེ་བཏུང་བ་དང་བསྐུ་བ་དང་འཇམ་རྩི་མས་གཏང་བར་བྱའོ། །གང་མཁྲིས་པ་ལས་གྱུར་པའི་ཁྲག་ནི་ཚ་བའི་དུས་སུ་ཆེར་འཛག་པར་འགྱུར་ཏེ། དེ་ནི་ངེས་པར་བཅད་ཅིང་མི་འབྱུང་བའི་ཆོ་ག་བྱའོ། །རླུང་དང་བད་ཀན་ལས་གྱུར་པ་ལ་ནི་བཅད་པའི་ཆོ་ག་མི་བྱའོ། །བད་ཀན་ལས་གྱུར་པའི་ཁྲག་འཛག་པ་ལ་ནི་བཅའ་སྒ་དང༌། དུག་མོ་ཡུངས་ཀྱི་ཤུན་ཕྲགས་བསྐོལ་བའི་ཁུ་བ་བླུད་དོ། །ཡང་ན་རྩ་མཁྲིས་དང༌། བཅའ་སྦ་དང༌། བྱི་ཚོར་བ་དང༌། ཙནྡན་དམར་པོ་དང་འདི་རྣམས་བསྐོལ་བའི་ཁུ་བ་བླུད་དོ། །ཡང་ན་སྐྱེར་པའི་ཤུན་པ་དང༌། པུ་ཤེལ་ཙི་དང༌། ནིམ་པ་དང༌། སེའུ་འབྲུའི་ཤུན་པ་དང༌། འདི་རྣམས་བསྐོལ་བའི་ཁུ་བ་བླུད་དོ། །ཡང་ན་དུག་མོ་ཡུངས་ཀྱི་ཤུན་ཕྲགས་དང༌། འབྲས་བུ་དང༌། སྐྱེར་ཁཎྜ་དང༌། བོང་ང་དཀར་པོ་དང༌། སྦྲང་རྩི་དང༌། འདི་རྣམས་སྦྱར་ལ་བཏུང་ངོ༌། །ཡང་ན་ཨ་པ་མརྒ་བཏགས་པའི་ཕྱེ་མ་སྦྲང་རྩི་དང་འབྲས་བཀྲུས་པའི་ཆུ་དང་ལྷན་ཅིག་བཏུང་ངོ༌། །ཡང་ན་དུག་མོ་ཡུངས་ཀྱི་ཤུན་པ་རློན་པ་སྲང་བརྒྱ་ཆར་པའི་ཆུ་དང་ཚུལ་བཞིན་དུ་བསྐོལ་ཏེ། སྙིགས་མ་པོར་ལ་ཁུ་བ་དངས་མའི་ནང་དུ་བཙོད་དང་པྲི་ཡངྐུ་དང༌། མོན་ཆར་དང༌། འདི་གསུམ་སྲང་རེ་རེ་དང༌། དུག་མོ་ཡུངས་སྲང་གསུམ་འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་བཅུག་ལ་ཡང་བསྐོལ་ཏེ། ལྡེ་གུ་དྲིལ་དུ་བཏུབ་ཙམ་ན་ཕྱིར་བྱུང་བའི་ལྡེ་གུ་ལས་ཅི་རན་དུ་བཟའོ། །དེའི་འོག་ཏུ་མེ་སྟོབས་ཆེ་ཆུང་དང་
སྦྱར་ཏེ་ཐུག་པ་དང༌། ཐུག་པ་རྐྱང་རྐྱང་པོ་དང༌། བའི་འོ་མའི་བཏུང་བ་དང༌། རའི་འོ་མ་དང་བཅས་པའི་བཟའ་བ་དང་བཏུང་བ་སྦྱར་བར་བྱས་ན་ལྡེ་གུའི་ཕན་ཡོན་ནི་ཁྲག་ཚད་དུ་འཁྲུ་པ་དང༌། གཞང་འབྲུམ་དང༌། ཁྲག་མཁྲིས་སྟོབས་ཆེ་སྟེ་གོང་འོག་གཉིས་ཀར་ཁྲག་འཛག་པ་རྣམས་ཀྱང་མྱུར་དུ་ཞི་བར་བྱེད་དོ། །ཡང་ན་དུག་མོ་ཡུངས་ཀྱི་ཤུན་ཕྲགས་སྲང་བརྒྱ། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་བསྐོལ་ལ་བརྒྱད་ཆ་ལུས་པ་དང༌། ཚིགས་མ་བོར་བའི་ནང་དུ་སྐྱེར་ཁཎྜ་སྐམ་པོ་དང༌། ཚ་བ་གསུམ་དང༌། སེང་ཕྲོམ་རྣམ་པ་གཉིས་དང༌། མོན་ཆ་ར་དང༌། སེའུ་གཞོན་ནུའི་ཤུན་པ་དང་བིལ་བ་གཞོན་ནུ་དང༌། གླ་སྒང་དང༌། བཙོད་དང༌། ད་ཏ་ཀའི་འབྲས་བུ་དང༌། འདི་རྣམས་སྲང་རེ་རེ་དང་དུག་མོ་ཡུངས་ཀྱི་ཤུན་ཕྲགས་སྲང་བཅུ་བཏགས་པའི་ཕྱེ་མ་དང༌། མར་སྲང་ཉི་ཤུ་དང༌། བུ་རམ་སྲང་སུམ་ཅུ་དང་དེ་རྣམས་ལྷན་ཅིག་བསྐོལ་ཏེ་ལྡེ་གུར་གྱུར་པ་དང༌། སྣོད་སྣུམ་ཅན་གྱི་ནད་དུ་བཅུག་ནས་ནས་ཀྱི་ཕུང་པོའི་ནང་དུ་ཟླ་བ་ཕྱེད་བཞག་པའི་ལྡེ་གུ་ལས་རན་པར་ཟོས་ན་གཞང་འབྲུམ་ཐམས་ཅད་དང༌། ཕོ་བའི་ནད་དང༌། ལུད་པ་དང་དབུགས་མི་བདེ་བ་སེལ་ཏོ། །ཡང་ན་སིང་ཕྲོ་མ་དང༌། ཏིལ་དང༌། མོན་ཆ་ར་དང༌། བཙོད་དང༌། ཙནྡན་དང༌། ཨུཏྤལ་དང༌། འདི་རྣམས་ཀྱི་ཕྱེ་མ་རའི་འོ་མ་དང་བཏུང་ཞིང་ཟས་ཀྱང་འབྲས་ཆན་དང༌། རའི་འོ་མ་མར་དང་བཅས་པ་བཟའོ། །ཡང་ན་ཤིང་མངར་དང༌། ཤུག་པ་དང༌། བྱི་ཚེར་བ་དང༌། ཤིང་པ་ཡ་སའི་ལོ་མ་དང༌། དུར་བ་དང༌། འདི་རྣམས་བཏབས་པའི་ཕྱེ་མ་ཁར་དཀར་པོ་དང་སྦྲང་རྩི་དང་ལྷན་ཅིག་ཆུ་གྲང་མོ་དང་སྦྱར་བའམ། ཡང་ན་རའི་འོ་མ་དང་ལྷན་ཅིག་བཏུང་ངོ༌། །ཡང་ན་སེང་ཕྲོམ་དང༌། པུ་ཙེ་ཤེལ་དང༌། དུག་མོ་ཡུངས་དང༌། བཙོད་དང༌། ཤིང་ཤལ་མ་ལའི་ཤུན་ཕྲགས་དང༌། ཙནྡན་དང༌། ཤིང་མངར་དང༌། པུ་ཤེལ་ཙི་དང༌། འདི་རྣམས་བཏགས་པའི་ཕྱེ་མ་འབྲས་བཀྲུས་པའི་ཆུ་དང་སྦྱར་བ་གཞང་འབྲུམ་ཁྲག་ཚང་ཅན་ལ་བླུད་དོ། །ལ་ལ་ཕུད་དང༌། དུག་མོ་ཡུངས་དང༌། པ་ཊ་དང༌། བཅའ་སྒ་དང༌། སྐྱེར་ཁཎྜ་རྣམས་
ཀྱི་ཕྱེ་མ་ཟོས་ན་གཞང་འབྲུམ་ཁྲག་ཚད་ཅན་ལ་ཕན་ནོ། །ཡང་ན་ཁྲག་དང་ཟུག་གཟེར་ཤས་ཆེར་འབྱུང་བ་ལ་ནི་པ་ཡ་སྱ་དང༌། ཀཎྜ་ཀ་རི་གཉིས་མར་དང་བསྐོལ་ཏེ་བླུད་དོ། །ཡང་ན་ད་ཏ་ཀི་དང༌། སེང་ཕྲོམ་དང༌། དུག་མོ་ཡུངས་ཀྱི་ཤུན་ཕྲགས་དང༌། འབྲས་བུ་དང་ཨུཏྤ་ལ་དང། པདྨ་གེ་སར་དང༌། འདི་རྣམས་མར་དང་ཆུ་དང་ཚུལ་བཞིན་དུ་བསྐོལ་བའམ་ཡང་ན་ཡ་བཀྵ་ར་དང༌། མར་དང་མར་གྱི་བཞི་འགྱུར་གྱི་སེའུ་འབྲུའི་ཁུ་བ་དང་ཚུལ་བཞིན་བསྐོལ་བ་འཐུངས་ན། གཞང་འབྲུམ་ཁྲག་ཚད་དུ་འཁྲུ་བ་ཟུག་གཟེར་དང་བཅས་པ་སེལ་ཏོ། །ཡང་ན་ཤ་ཁ་ར་དང༌། པདྨ་གེ་སར་དང༌། མར་སར་དང་ལྷན་ཅིག་སྦྱར་བའམ། ཏིལ་དང་མར་སར་ལྷན་ཅིག་སྦྱར་བས་བསྐུ་བྱུག་བྱས་ན་གཞང་འབྲུམ་ཁྲག་ཚད་དུ་འབྱུང་ཞིང་ཟུག་པ་སེལ་ཏོ། །ཡང་ན་རའི་མར་སར་དང༌། མར་དང༌། འོ་མ་དང༌། སྲོག་ཆགས་ཐང་ལས་སྐྱེས་པའི་ཤ་ཁུ་དང་རྒྱ་སྣེའུ་སྦྱར་བའི་ཚོད་མའི་ནང་དུ་དར་པའམ། དར་བ་སྐྱུར་པོ་གང་ཡང་རུང་བས་བཏབ་པའི་ཚོད་མ་དང༌། འབྲས་དམར་པོའི་ཆན་ཞོའི་སྤྲིས་མ་དང་ལྷན་ཅིག་བཟའོ། །སྐོམ་དུ་ནི་འབྲས་དྲུག་ཅུ་པའི་ཆང་སར་པ་འཐུངས་ན་ཕན་ཡོན་གོང་མ་དང་འདྲའོ། །དེ་བཞིན་དུ་ཆང་སར་པའི་ཉིང་ཁུ་འཐུངས་ན་གཞང་འབྲུམ་ཁྲག་ཚད་དུ་འབྱུང་བ་ལ་ཕན་པའི་མཆོག་ཡིན་ནོ། །ཐུག་པ་དང༌། སྲན་མུངྒ་ལ་སོགས་པའི་ཡུ་ཤ་དང༌། ཤ་ཁུ་ལ་སོགས་པ་དང༌། ཀུན་དོང་དུ་སྦྱར་བའམ། ཡང་ན་ཉི་ཚེ་ཡང་རུང་སྟེ་ཟོས་ན་རླུང་ཁྲག་ཤས་ཆེར་གཡོས་པ་ལས་རྒྱལ་བར་འགྱུར་རོ། །གཞང་འབྲུམ་ཁྲག་ཆེར་འཛག་སྟེ། རླུང་ཚབས་ཆེར་འཁྲུགས་ན་དེ་ལ་ནི་འབད་པ་དང་བཅས་པས་བསྲུང་བའི་ཆོ་ག་བྱའོ། །གཞང་འབྲུམ་ཁྲག་ཚད་ཅན་དང་ཁྲག་དང་མཁྲིས་པ་སྟོབས་ཆེ་ཞིང་བད་ཀན་དང་རླུང་ཤས་ཆུང་བར་མཐོང་ན་དེ་ལ་ནི་རྣམ་པ་ཐམས་ཅད་དུ་བསིལ་བའི་ཆོ་ག་དེ་དག་གིས་ཞི་བར་མ་ནུས་ན་སྣུམ་ཞིང་དྲོ་བའི་ཆོ་ག་བྱ་སྟེ། ཤ་ཁུ་དྲོ་བའི་ཟས་དང༌། མར་གྱི་འཇམ་རྩི་མས་གཏོང་བ་ལ་སོགས་པ་བྱའོ། །ཏིལ་མར་དང༌། མར་དང༌། འོ་མ་འདི་རྣམས་
གང་རྙེད་པ་དྲོ་འཇམ་ཙམ་གཞང་འབྲུམ་ལ་བླུགས་སོ། །ཡང་ན་བྱི་ཚེར་བ་དང༌། ཀུ་ཤ་དང༌། ཀུ་ཤའི་རྩ་བ་དང༌། ཤལ་མ་ལིའི་མེ་ཏོག་དང༌། རྩ་བ་དང༌། ནྱ་གྲོ་དྷ་དང༌། ཨུ་དུམྦཱ་ར་དང༌། ཨ་ཤྭདྠཱ་གསུམ་གྱི་མྱུ་གུ་དང༌། འདི་རྣམས་སྲང་གཉིས་གཉིས་དང༌། ཆུ་བྲེ་གསུམ་དང༌། འོ་མ་བྲེ་གང་དང་ཚུལ་བཞིན་དུ་བསྐོལ་ལ་འོ་མ་ལུས་པ་དང༌། ཚིགས་མ་བོར་ལ་ཁུ་བའི་ནང་དུ་མོན་ཆ་ར་དང༌། བཙོད་དང༌། ཙནྡན་དང༌། ཨུཏྤ་ལ་དང༌། པྲི་ཡང་ཀུ་དང༌། དུག་མོ་ཡུངས་ཀྱི་ས་བོན་དང༌། པདྨ་གེ་སར་དང༌། འདི་རྣམས་བཏགས་པའི་ཕྱེ་མ་དང༌། མར་དང༌། སྦྲང་རྩི་དང༌། ཤ་ཁ་རས་བཏབ་སྟེ་འདྲེས་པར་གྱུར་པ་ནི་བི་ཙེའི་འཇམ་རྩི་ཞེས་བྱ་སྟེ། དེ་ལས་མས་གཏོང་བ་བྱས་ན་ཕྱི་ས་འབྱུང་འདོད་བཞིན་དུ་མི་འོང་བ་དང༌། གཞང་འབྱུང་བ་དང༌། ཁྲག་འཛག་པ་དང༌། རིམས་རྣམས་ལ་ཕན་ནོ། །ཡང་ན་ཤིང་མངར་དང༌། པྲ་པུཎྜ་རཱི་ཀ་དང༌། གོང་མའི་སྨན་མོན་ཆ་ར་ལ་སོགས་པ་དང༌། སྨན་སྤྱིའི་ཉིས་འགྱུར་གྱི་འོ་མ་དང༌། མར་ལ་སོགས་པའི་སྣུམ་དང་ཚུལ་བཞིན་དུ་བསྐོལ་ཏེ། ཨ་ནུ་བ་ས་ན་བཏང་ངོ༌། །ཡང་ན་ཤིང་མངར་དང༌། ཨུཏྤ་ལ་དང༌། སེང་ཕྲོམ་དང༌། བ་ལ་ཀ་དང༌། བཙོད་དང༌། བིལ་བ་དང༌། དབྱི་མོ་དང༌། བོང་ང་དཀར་པོ་དང༌། གླ་སྒང་དང༌། པ་ཊ་དང༌། ཡ་བཀྵ་ར་དང༌། སྐྱེར་པ་དང༌། ཤིང་ཚ་དང༌། དོད་གྲ་དང༌། སྤང་སྤོས་དང༌། ཙི་ཏྲ་ཀ་དང༌། ཐང་ཤིང་དང༌། ཙ་ཀོ་རའི་རང་གི་ཁུ་བ་དང་འདི་རྣམས་མར་དང་ཚུལ་བཞིན་དུ་བསྐོལ་བ་ལས་རན་པར་འཐུངས་ན་ནད་གཞི་གསུམ་འཇོམས་ཏེ། ཁྱད་པར་དུ་གཞང་འབྲུམ་དང༌། ཚད་པས་འཁྲུ་བ་དང༌། ཕོ་བའི་ནད་དང༌། སྐྱ་རྦབ་དང༌། རིམས་དང༌། ཡི་ག་འཆུས་པ་དང༌། གཅིན་སྲི་བ་དང༌། གཞང་བྱུང་བ་དང༌། ཆུ་སོ་ན་བ་དང༌། ལྟོ་སྦོས་པ་དང༌། ཕྱི་ས་ཡང་དང་ཡང་དུ་འབྱུང་བ་དང༌། བེའུ་སྣབས་སུ་འཁྲུ་བ་དང༌། གཞང་འབྲུམ་ཟུག་ཅིང་ན་བ་དང༌། འདི་རྣམས་ལ་སྨན་འདི་ནི་མཆོག་ཏུ་བསྔགས་སོ། །གཞང་
འབྲུམ་འཁྲུགས་པར་གྱུར་པ་ལ་ནི། སྨན་མངར་བ་དང༌། སྐྱུར་བ་དང༌། གྲང་བ་དང༌། དྲོ་བ་ལ་སོགས་པ་ལ་མེའི་སྟོབས་ཆེ་ཆུང་དང་སྦྱར་ཏེ་རྟག་ཏུ་བཏང་ན་ཞི་བར་འགྱུར་རོ། །རྟུག་སྐམ་གྱི་ནད་ལ་ནི་གྲང་བའི་རིམས་གསོ་བའི་བསྐུ་བྱུག་བཞིན་དུ་འདིར་ཡང་ཏིལ་མར་གྱི་བསྐུ་བྱུག་དང་སྣུམ་ཆོས་ལེགས་པར་བྱས་ལ་དེ་ནས་དུགས་བྱའོ། །དེ་ནས་དུར་བྱིད་དང༌། དན་ཏི་དང༌། པི་པི་ལིང་དང༌། ནི་ལི་ནིའི་འབྲས་བུ་དང༌། པོ་སོན་ཆའི་འབྲས་བུ་དང༌། སྨན་གཅིག་གི་ཉིས་འགྱུར་གྱི་ལན་ཚྭ་རྣམ་གཉིས་དང༌། འདི་རྣམས་ཀྱི་ཕྱེ་མ་བུད་མེད་ཀྱི་འོ་མ་དང་བ་གཅིན་དང་སྦྱར་བའི་རེང་བུ་ལག་པའི་མཐེ་བོང་ཙམ་བྱ་སྟེ། བཤང་བའི་ལམ་དུ་རེང་བུ་མར་གྱིས་བསྐུས་ལ་མས་ཡར་བཅུག་ན་རྟུག་སྐམ་ཚུལ་བཞིན་དུ་འབྱུང་ངོ༌། །ཡང་ན་པི་པི་ལིང་དང༌། པོ་སོན་ཆ་དང༌། ཁྱིམ་གྱི་དུད་པ་དང༌། ཡུངས་ཀར་དང༌། འདི་རྣམས་གོང་མ་བཞིན་བ་གཅིན་དང་བུ་རམ་དང་སྦྱར་ཏེ་མས་གཏོང་ན་རྟུག་སྐམ་ལེགས་པར་འབྱུང་ངོ༌། །ཡང་ན་གོང་མའི་སྨན་གྱི་སྦྱོར་བ་གཉིས་པའི་སྨན་གྱི་ཕྱེ་མ་སྨྱུག་མ་ལ་སོགས་པའི་སྦུབས་སུ་བཅུག་པ་རྐུབ་ནས་བཅུག་སྟེ་བུད་པར་བྱའོ། །དེས་ཀྱང་མ་ཕན་ན་སྨན་རྣོ་བ་དང་སྣུམ་གྱི་འཇམ་རྩི་མས་གཏོང་བར་བྱའོ། །འཇམ་རྩིའི་སྦུ་གུ་དེ་ཡང་དྲང་པོར་བྱ་སྟེ། ལེགས་པར་བཏང་ན་རྟུག་སྐམ་དང་རླུང་བདེ་བར་འབྱུང་ངོ༌། །གལ་ཏེ་ཁོང་རྩུབ་པས་རླུང་དང་རྟུག་སྐམ་དེ་འབྱུང་དུ་མ་འདོད་ན། རླུང་འཇོམས་པའི་བཀྲུ་སྨན་སྣུམ་དང་བཅས་པ་དང༌། ཨ་ནུ་བ་ས་ན་གཏང་ངོ༌། །ཡང་ན་ལན་ཚྭ་རྣམ་གསུམ་དང༌། ཚ་བ་གསུམ་དང༌། འབྲས་བུ་གསུམ་དང༌། དན་ཏི་དང༌། བ་ལ་ད་ཀ་དང༌། ཙི་ཏྲ་ཀ་དང་འདི་རྣམས་བཏགས་པའི་ཕྱེ་མ་མར་དང་པ་གཅིན་དང་སྦྲུས་ལ་རྫ་མ་ཁ་སྦྱར་གྱི་ནང་དུ་བཅུག་སྟེ་དུད་པ་མ་ཤོར་བར་མཚམས་འཇིམ་པས་གླན་ཏེ་མེའི་ནང་དུ་བསྲེགས་ལ་དུ་བ་ནང་དུ་ཞུ་སྟེ་ཐལ་བར་སོང་བ་ནི་དགེ་བའི་ཐལ་བ་ཞེས་བྱ་སྟེ། མར་དང་ལྷན་ཅིག་བཏུང་བའམ། ཡང་ན་འབྲས་ཆན་ནམ། སྣུམ་དང་ལྡན་པའི་ཟས་དང་ལྷན་ཅིག་ཟོས་ན་རྟུག་པ་འགགས་པ་དང༌། གཞང་འབྲུམ་དང༌། སྐྲན་
དང། སྐྱ་རྦབ་དང༌། དམུ་རྫིང་དང༌། སྲིན་ནད་དང༌། གཅིན་འགགས་པ་དང༌། རྡེའུ་ཆགས་པ་དང༌། སྐྲང་བ་དང༌། སྙིང་ནད་དང༌། ཕོ་བའི་ནད་དང༌། མཆིན་པ་ན་བ་དང༌། ལྟོ་སྦོ་བ་དང༌། དབུགས་མི་བདེ་བ་དང༌། ལུད་པ་ལུ་བ་རྣམས་འཇོམས་སོ། །གཞན་ཡང་གཞང་འབྲུམ་གྱི་རྟུག་པ་སྐ་བའི་ཆོ་ག་བཤད་པ་ཐམས་ཅད་འདིར་སྦྱར་བར་བྱའོ། །གཞན་ཡང་པུ་ཏི་ཀ་རཉྫའི་ཤུན་པ་སྲང་ཉིས་བརྒྱ། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ཏེ་བཞི་ཆ་ལུས་པ་དང༌། ཚིགས་མ་བོར་ལ་དངས་མའི་ནང་དུ་བུ་རམ་སྲང་བརྒྱད་ཅུ་དང༌། ཚ་བ་གསུམ་སྲང་བརྒྱད་ཞིབ་ཏུ་བཏགས་པའི་ཕྱེ་མ་བཅུག་སྟེ་བསྲེགས་ལ་ཟླ་བ་གཅིག་བཞག་སྟེ་རང་གི་དྲོད་ཀྱིས་ལེགས་པར་སྨིན་པ་དང་ཅུང་ཞིག་སྐྱུར་བར་འགྱུར་ཏེ། དེ་ལས་རན་པར་འཐུངས་ན་རླུང་ལེགས་པར་འབྱུང་ཞིང་གཞང་འབྲུམ་དང༌། མཆེར་པའི་ནད་དང༌། སྐྲན་དང༌། དམུ་རྫིང་རྣམས་ལས་རྒྱལ་བར་འགྱུར་རོ། །ཡང་ན་པུ་ཏི་ཀ་རཉྫ་ཞེས་བྱ་བ་སྲིན་སྨན་རྨེ་རུ་སྲང་བརྒྱད་དང༌། རྩ་བ་གཉིས་པོ་ཙི་ཏྲ་ཀ་དང༌། ཀཎྜ་ཀ་རི་གཉིས་ཀྱང་སྲང་བརྒྱད་བརྒྱད་དང༌། ཆུ་སྲང་སྟོང་ལྔ་བརྒྱ་སུམ་ཅུ་རྩ་དྲུག་བསྐོལ་ཏེ། བཞི་ཆ་སུམ་བརྒྱ་བརྒྱད་ཅུ་རྩ་བཞི་ལུས་པ་དང༌། ཚིགས་མ་བོར་ཏེ་བསྒྲངས་པའི་ནང་དུ་དྲི་སྣ་གསུམ་དང༌། ཚ་བ་གསུམ་དང༌། པི་པི་ལིང་གི་རྩ་བ་དང༌། སེའུ་འབྲུ་དང༌། སྲུ་སྲུའི་རྩ་བ་དང༌། གུ་གུལ་དང༌། མ་ནུ་དང། འུ་སུ་དང༌། དབྱི་མོ་དང༌། སྤ་མའི་འབྲས་བུ་དང༌། སྒེའུ་གཤེར་དང༌། སྟར་བུ་དང་འདི་རྣམས་སྲང་རེ་རེ་ཞིབ་ཏུ་བཏགས་པའི་ཕྱེ་མ་སྦྲང་རྩི་དང༌། རྒུན་འབྲུམ་དང༌། སྐྱུར་རྩི་ཆེན་པོ་དང༌། སྒེའུ་གཤེར་དང་འདི་རྣམས་རློན་པ་བརྗིད་པའི་ཁུ་བ་སྲང་ཉི་ཤུ་ཉི་ཤུ་དང༌། བུ་རམ་ཤིང་གི་ཁུ་བ་ཅི་མང་དུ་བླུགས་ཏེ། འདི་རྣམས་ལྷན་ཅིག་སྣོད་སྣུམ་ཅན་གྱི་ནང་དུ་བཅུག་པ་ཟླ་བ་གཅིག་བཞག་སྟེ་སྨིན་ནས་སྐྱུར་པོར་གྱུར་པ་དང༌། དེ་ལས་རན་པར་འཐུངས་ན་ཤིང་སོག་ལེས་བཅད་པ་བཞིན་དུ་གཞང་འབྲུམ་འཇོམས་ཏེ།
ཁྱད་པར་དུ་མེའི་དྲོད་སྐྱེད་པར་བྱེད་པའི་མཆོག་ཡིན་ནོ། །དེ་བཞིན་དུ་སྐྱ་རྦབ་དང༌། དབྱིག་དུག་དང༌། དམུ་རྫིང་དང༌། སྐྲན་དང༌། མཆེར་པ་ན་བ་དང༌། ལྟོ་སྦོ་བ་དང༌། རྡེའུ་ཆགས་པ་དང༌། གཅིན་སྲི་བ་རྣམས་སེལ་ཏོ། །ཡང་ན་ཤིང་པི་ལུའི་འབྲས་བུ་ཁུ་བ་སྲང་ལྔ་བརྒྱ་བཅུ་གཉིས་ལེགས་པར་རས་དང་བཙིར་ལ། སྣོད་སྣུམ་ཅན་གྱི་ནང་དུ་བཅུག་སྟེ་དེའི་ནང་དུ་ད་ཏ་ཀི་དང༌། རྒུན་འབྲུམ་སྲང་གཉིས་གཉིས་དང༌། འབྲ་གོ་དང༌། སྐྱུ་རུ་རའི་འབྲས་བུ་དང་འདི་གཉིས་སྲང་གཉིས་གཉིས་དང༌། པ་ཐ་དང། བོང་ད་དཀར་པོ་དང༌། བྱི་ཚེར་བ་དང༌། སྟར་བུ་དང༌། ཚ་བ་གསུམ་དང༌། ཤིང་ཚ་དང༌། སུག་སྨེལ་དང༌། འུ་སུ་དང༌། འབུ་སུ་ཧང་དང༌། བུ་ཚང་རྡོ་དང༌། ལི་ཤི་དང༌། བྱི་དང་ག་དང༌། པི་པི་ལིང་གི་རྩ་བ་དང༌། ཀྲུ་ཏྲུག་ཏྲེས་དང༌། འདི་རྣམས་སྲང་རེ་རེ་བཏགས་པའི་ཕྱེ་མ་དང༌། བུ་རམ་སྲང་བརྒྱ་བཅུག་སྟེ། རླུང་མེད་པའི་གནས་སུ་ཟླ་བ་ཕྱེད་བཞག་ནས་དེ་ལས་རན་པར་འཐུངས་ན་གཞང་འབྲུམ་དང་སྐྲན་རྣམས་ཞི་བར་བྱེད་དེ་མེའི་སྟོབས་སྐྱེད་ཅིང་མྱུར་དུ་འཇུ་པར་འགྱུར་རོ། །ཡང་ན་རྩ་བ་བཅུ་པ་དང། དུར་བྱིད་དང༌། པ་ཐ་དང༌། ཨརྐ་རྣམ་གཉིས་དང༌། བོང་ང་དཀར་པོ་དང༌། ཀད་ཕ་ལ་དང༌། འདི་རྣམས་སྲང་བཅུ་བཅུ་བཏགས་ལ་སྦྱོར་བ་གོང་མ་བཞིན་དུ་རྫ་མ་ཁ་སྦྱར་གྱི་ནང་དུ་བསྲེགས་ཏེ་ཐལ་བར་གྱུར་པ་དང༌། ཆུ་སྲང་ལྔ་བརྒྱ་བཅུ་གཉིས་ཀྱི་ནང་དུ་བཅུག་ལ་རས་ཀྱིས་བཙགས་ནས་ཚིགས་མ་བོར་ལ་དངས་མ་དེ་རྫ་བུམ་གྱི་ནང་དུ་བསྐོལ་ནས་བཞི་ཆ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པ་དང༌། དེའི་ནང་དུ་བུ་རམ་སྲང་བརྒྱ་དང༌། ཚ་བ་གསུམ་དང༌། དབྱི་མོ་དང༌། ཨ་རུ་ར་སྲང་ལྔ་ལྔ་དང༌། ཙི་ཏྲ་ཀ་སྲང་གཉིས་དང༌། ཡ་བཀྵ་ར་སྲང་གཉིས་དང༌། དེ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་བཅུག་ལ་ཡང་བསྐོལ་ཏེ། ལྡེ་གུ་དྲིལ་དུ་བཏུབ་ཙམ་ན་ཕྱིར་ཕྱུང་བས་ན་བུ་རམ་གྱི་ལྡེ་གུ་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ན་སྐྲན་དང༌། མཆེར་པའི་ནད་དང༌།
གཞང་འབྲུམ་དང༌། མཛེ་དང༌། གཅིན་ནད་དང་མེའི་དྲོད་ཉམས་པ་འཇོམས་པར་བྱེད་དོ། །ཡང་ན་ཀྲུ་ཏྲུག་ཏྲེས་ཀྱི་རྩ་བ་ལྔ་བཅུ་ཆུ་སྲང་ལྔ་བཅུ་བརྒྱ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ཏེ་བརྒྱད་ཆ་སྲད་དྲུག་ཅུ་རྩ་བཞི་ལུས་པ་དང༌། དེའི་ནང་དུ་བུ་རམ་རྙིང་པ་སྲང་བརྒྱད་བཅུག་སྟེ་ཡང་བསྐོལ་ལ་ཅུང་ཞིག་སྐ་བར་གྱུར་པ་དང༌། དེའི་ནང་ཚ་བ་གསུམ་དང༌། ཤུ་ཏི་དང༌། ཨ་རུ་ར་དང༌། རུ་རྟ་དང༌། དུར་བྱིད་དང༌། བྱི་དང་ག་དང༌། ཤིང་ཚ་དང༌། ཙི་ཏྲ་ཀ་དང༌། སུག་སྨེལ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་བཅུག་ལ་དཀྲུགས་ནས་ལྡེ་གུར་གྱུར་པ་ལས་རན་པར་ཟོས་ན་གཞང་འབྲུམ་དང༌། མཛེ་དང༌། མཆེར་པ་ན་བ་དང༌། སྐྲན་དང༌། དམུ་རྫིང་རྣམས་ལས་རྒྱལ་བར་བྱེད་དོ། །རྟག་ཏུ་གོམས་པར་བྱས་ན་མེའི་དྲོད་སྐྱེད་པར་བྱེད་དོ། །ཡང་ན་ཚབ་གསུམ་དང༌། འབྲས་བུ་གསུམ་དང༌། བྱི་དང་ག་དང༌། ཏིལ་དང༌། གོ་བྱེ་དང༌། ཙི་ཏྲ་ཀ་འདི་རྣམས་བུ་རམ་དང་རི་ལུར་བྱས་ཏེ་བཏང་ན་གཞང་འབྲུམ་སེལ་ཞིང་མེ་དྲོད་སྐྱེད་པར་བྱེད་དོ། །སྨན་སུ་ར་ནའི་རྩ་བ་རྫ་མ་ཁ་སྦྱར་གྱི་ནང་དུ་བཅུག་སྟེ། མཚམས་སུ་འཇིམ་པས་བསྐུས་ནས་ཆོ་ག་བཞིན་བསྲེགས་ཏེ་ཐལ་བར་གྱུར་པ་དང༌། ལན་ཚྭ་དང༌། ཏིལ་མར་དང་སྦྱར་ཏེ་ཟོས་ན་གཞང་འབྲུམ་ཟློག་པར་བྱེད་དོ། །ན་ལེ་ཤམ་དང༌། པི་པི་ལིང་དང༌། དོང་གྲ་དང༌། ཀྲུ་ཏྲུག་ཏྲེས་དང༌། དེ་རྣམས་ཡས་ཀྱི་རིམ་པ་བཞིན་དུ་ཆ་རེས་བསྐྱེད་དོ། །ཀྲུ་ཏྲུག་ཏྲེས་ཀྱི་བཞི་འགྱུར་གྱི་ཤལ་མ་ལི་དང༌། སྨན་དེ་རྣམས་སྤྱིའི་ཉིས་འགྱུར་གྱི་བུ་རམ་དང༌། རི་ལུར་བྱས་ཏེ་དེ་ལས་རན་པར་ཟོས་ན་གཞང་འབྲུམ་གཅོད་པར་བྱེད་དོ། །ཡང་ན་ན་ལེ་ཤམ་དང༌། དེའི་ཉིས་འགྱུར་གྱི་བཅའ་སྒ་དང༌། དེའི་བཞི་འགྱུར་གྱི་ཀྲུ་ཏྲུག་ཏྲེས་དང། དེའི་ཉིས་འགྱུར་གྱི་སུ་ར་ན་རྣམས་བཏགས་པའི་ཉིས་འགྱུར་གྱི་བུ་རམ་དང༌། རི་ལུར་བྱས་ཏེ་ཟོས་ན་གཞང་འབྲུམ་སེལ་ཏོ། །ཨ་རུ་ར་དང༌། དོང་གྲ་དང༌། པི་པི་ལིང་དང༌། ཀ་ར་ཉྫ་དང༌། བྱི་དང་ག་དང༌། ཀྲུ་ཏྲུག་ཏྲེས་དང༌། འདི་རྣམས་བཏགས་པ་དང་
མཉམ་པའི་ཁར་དཀར་པོ་དང་བསྲེས་པའི་ཕྱེ་མ་དེ་ལས་རན་པར་ཟོས་ན་ཟས་ལྕི་བ་དང༌། མང་དུ་ཟོས་ཀྱང་མྱུར་དུ་འཇུ་བར་བྱེད་དེ་རྟ་གདོང་བཞིན་ནོ། །དུག་མོ་ཡུངས་དང༌། ལང་ག་ལི་དང༌། པི་པི་ལིང་དང༌། ཀྲུ་ཏྲུག་ཏྲེས་དང༌། ཨ་པ་མརྒའི་ས་བོན་དང༌། ནིམ་པ་དང༌། རྒྱམ་ཚ་དང༌། དེ་རྣམས་ཀྱི་ཕྱེ་མའི་ཉིས་འགྱུར་གྱི་བུ་རམ་དང་རི་ལུར་བྱས་ཏེ་ཟོས་ན་གཞང་འབྲུམ་སེལ་ཏོ། །གཞང་འབྲུམ་གཞོམ་པར་འདོད་པས་ཀྲུ་ཏྲུག་ཏྲེས་དང་དུག་མོ་ཡུངས་དང༌། ཙི་རི་བིལ་བ་དང༌། ནིམ་པ་དང༌། རྒྱམ་ཚ་དང༌། འདི་རྣམས་བཏགས་པའི་ཕྱེ་མདར་བའི་ནང་དུ་བསྐྱོས་ཏེ་ཞག་བདུན་གྱི་བར་དུ་བཏུང་བར་བྱའོ། །མདོར་ན་གཞང་འབྲུམ་སྐམ་པོ་ལ་ནི་བ་ལ་ད་ཀ་དང༌། གཞང་འབྲུམ་གཤེར་བ་ལ་ནི་དུག་མོ་ཡུངས་ཀྱི་ཤུན་ཕྲགས་ཕན་པའི་མཆོག་ཏུ་བཤད་དོ། །གཞང་འབྲུམ་ཐམས་ཅད་ལ་དར་བ་བསྟེན་ན་སྟོབས་སྐྱེད་ཅིང་ཉེས་པ་འཇོམས་སོ། །རླུང་དང་བད་ཀན་ལ་སོགས་པས་རྟུག་པ་འགག་པའི་གཞང་འབྲུམ་ལ་ནི་མེའི་དྲོད་སྐྱེད་པ་དང༌། མཐུན་པའི་བཟའ་བཏུང་དང་སྨན་རྣམས་བསྟེན་པར་བྱ་སྟེ། ཆོ་ག་དེ་ལྟར་མ་བྱས་ན་ནི་ཕྱིན་ཅི་ལོག་ཏུ་འགྱུར་རོ། །གཞང་འབྲུམ་དང༌། འཁྲུ་བ་དང༌། ཕོ་བའི་ནད་གཞི་དང༌། འདི་རྣམས་ཕལ་ཆེར་གཅིག་ལ་གཅིག་རྗེས་སུ་འབྲེལ་པ་ཡིན་ཏེ། དེ་དག་ཀྱང་མེའི་དྲོད་ཉམ་ཆུང་བ་ལས་གྱུར་པ་ཡིན་པས་ཁྱད་པར་དུ་མེའི་དྲོད་བསྲུང་བ་ལ་འབད་པར་བྱའོ། །གསོ་བའི་གནས་ལས་གཞང་འབྲུམ་གསོ་བའི་ལེའུ་བརྒྱད་པ་རྫོགས་སོ།། །།དེ་ནས་འཁྲུ་བ་གསོ་བའི་ལེའུ་བཤད་པར་བྱ་སྟེ། མེའི་དྲོད་ཉམས་པས་མ་ཞུ་བའི་གནས་ཕོ་བ་ལ་བརྟེན་ནས་ཤས་ཆེར་འཁྲུ་བར་འགྱུར་ཏེ། དེ་ལ་ནི་ཐོག་མར་སྨིན་པར་བྱ་བའི་ཕྱིར་རླུང་ལས་གྱུར་པ་ཡིན་ན་ཡང་སྨྱུང་བ་བྱས་ན་ཕན་ནོ། །དེ་ལྟར་འཁྲུ་བ་ནི་ཁོང་དུ་ཟུག་གཟེར་ཆེ་ཞིང་ལྟོ་ལྕི་ལ་ཆམ་པས་ཉམ་ཐག་པ་ལ་ནི་སྐྱུག་སྨན་བྱའོ། །ནད་གཞི་ཁོང་དུ་སྩོགས་པར་ཁ་ཟས་ཚུལ་བ་ཞིན་མི་འཇུ་སྟེ། ནད་གཞི་དང་འདྲེས་ནས་ཤས་
ཆེར་འཁྲུ་ལ་རང་ཉིད་འཁྲུ་བ་ནི་ཞུ་བས་འཁྲུ་བ་ཞེས་བྱ་སྟེ། དང་པོར་སྨན་དཔྱད་མི་བྱ་བར་བཏང་སྙོམས་སུ་བཞག་གོ །མ་ཞུ་བས་འཁྲུ་བ་ལ་ཡང་ཚུལ་དེ་ལྟར་དང་པོ་གཅོད་པའི་སྨན་དཔྱད་མི་བྱའོ། །གཞན་ཡང་ལྟོ་སྦོ་བ་དང༌། ལུས་ལྕི་བ་དང༌། ཟུག་གཟེར་ཆེ་བ་དང༌། དྲན་པ་མི་གསལ་ཞིང་འཁྲུ་བ་ཆེར་མི་འབྱུང་བ་ལ་ནི་ཨ་རུ་ར་བྱིན་ཏེ་བདེ་བར་འཁྲུར་གཞུག་གོ །ནད་ཚབས་མི་ཆེ་བའི་འཁྲུ་བ་ལ་ནི་ཉུང་བ་བསྐམ་པར་བྱ་བའི་ཕྱིར་བྷུ་ཏི་ཀ་དང༌། པི་པི་ལིང་དང༌། བཅའ་སྒ་དང༌། ཤུ་དག་དང༌། འུ་སུ་དང༌། ཨ་རུ་ར་དང༌། འདི་རྣམས་ཤས་ཆེར་བསྐོལ་ཏེ་བླུད་དོ། །ཡང་ན་བིལ་བ་དང༌། འུ་སུ་དང༌། གླ་སྒང་དང༌། དོང་གྲ་དང༌། བ་ལ་ཀ་དང༌། འདི་རྣམས་བསྐོལ་བའི་ཁུ་བ་བླུད་པའམ། ཡང་ན་བིལ་བ་དང༌། འུ་སུ་དང༌། གླ་སྒང་དང༌། བཅའ་སྒ་དང༌། བ་ལ་ཀ་དང༌། འདི་རྣམས་བསྐོལ་བའི་ཆུའམ། ཡང་ན་ལན་ཚྭ་བི་ད་དང༌། པ་ཐ་དང༌། ཤུ་དག་དང༌། ཨ་རུ་ར་དང༌། བྱི་དང་ག་དང༌། དོང་གྲ་དང༌། འདི་རྣམས་བསྐོལ་བའམ། ཡང་ན་བཅའ་སྒ་དང༌། ག་པུར་དང༌། ཤུ་དག་དང༌། བོང་ང་དཀར་པོ་དང། བིལ་བ་དང༌། དུག་མོ་ཡུངས་དང༌། ཤིང་ཀུན་དང༌། འདི་རྣམས་བསྐོལ་བའི་ཁུ་བ་བླུད་དོ། །ནད་གཞི་ཅུང་ཟད་ཚབས་ཆུང་ངུར་འཁྲུ་བ་ལ་ནི་ཤུ་དག་དང༌། བོང་ད་དཀར་པོ་བསྐོལ་བའམ། ཡང་ན་ལྡུམ་བུ་སྐྲ་བཟངས་བསྐོལ་བའམ། ཡང་ན་བ་ལ་ཀ་ཏ་དང༌། དོང་གྲ་བསྐོལ་བའི་ཆུ་བླུད་དོ། །ལུས་ཉམ་ཆུང་ཞིང་བཀྲེས་པ་ལ་ཟས་ཀྱི་ཚོད་ལ་བབ་པ་ལྟ་ན་ཐུག་པ་ལ་སོགས་པ་ཡང་བའི་ཟས་སྦྱིན་ནོ། །དེ་ལྟར་གོང་དུ་སྨོས་པའི་རིམ་པ་དག་བྱས་ན་ཟས་ཡི་གར་འོང་ཞིང་མེའི་དྲོད་སྐྱེད་ལ་ཉམས་སྟོབས་འཕེལ་བར་འགྱུར་རོ། །དེ་ལྟར་འཁྲུ་བའི་ནད་པ་དེ་གང་ལ་གོམས་པའི་བཏུང་བ་ལ་སོགས་པ་དེས་གསོ་བར་བྱ་སྟེ། དེ་ཡང་དར་བའམ། རང་སྐྱུར་རམ། ཐུག་པའམ། སྐྱོ་མའམ། ཆང་ངམ། རྒུན་ཆང་ངམ། གང་ཡང་རུང་བས་བྱའོ། །དེ་ནས་ཐུག་
པ་ལ་སོགས་པའི་བཟའ་བ་སྦྱར་ཏེ། དེ་ཡང་མེ་དྲོད་བསྐྱེད་པ་དང༌། སྨན་པ་དང༌། འཁྲུ་བ་གཅོད་པའི་སྨན་པ་ལ་ན་དང༌། ཟུར་པ་དཀར་པོ་དང༌། འུ་སུ་དང༌། ཤིང་ཀུན་དང༌། ད་ཏྲིག་དང༌། བལ་པོ་སེའུ་དང༌། པ་ལ་ཤ་དང༌། སྤ་མའི་འབྲས་བུ་དང༌། ཟི་ར་དང། ལ་ལ་ཕུད་དང༌། བི་དྷ་ལྕེ་མྱང་ཚ་དང༌། རྩ་བ་ཆུང་དུ་ལྔ་དང༌། པ་ཐ་དང༌། འདི་རྣམས་བཟའ་བ་དང་བཏུང་བ་དང་ཅི་རིགས་པར་སྦྱར་ཏེ་བཟའོ། །བད་ཀན་དང་མཁྲིས་པ་ཤས་ཆེ་བའི་འཁྲུ་བ་ལ་ནི་ས་ལ་པརྞི་དང༌། བ་ལ་དང༌། བིལ་བ་དང༌། ཀྲྀཥྞ་པརྞི་དང༌། འདི་རྣམས་ལས་གཞི་བླངས་པའི་ཐུག་པའི་ནང་དུ་སེའུ་འབྲུ་སྐྱུར་པོ་བཏབ་སྟེ་བླུད་ན་ཕན་ནོ། །འཁྲུ་བ་འགགས་པ་ལ་ནི་ཨ་རུ་ར་དང༌། པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་དང༌། བིལ་བ་དང༌། དེ་དག་ལས་གཞི་བླངས་པའི་ཐུག་པ་བླུད་ན་རླུང་བདེ་བར་འབྱུང་ངོ༌། །ནད་གཞི་མང་པོ་འཁྲུགས་ཏེ་འཁྲུ་བ་འགགས་པ་དང༌། མེའི་དྲོད་ཆེ་བ་ལ་ནི་པི་པི་ལིང་དང༌། བྱི་དང་ག་དང༌། འབྲས་བུ་གསུམ་དང༌། འདི་རྣམས་བསྐོལ་བའི་བཀྲུ་སྨན་གཏང་ངོ༌། །དེ་ལྟར་ཁྲུས་བྱས་པའི་འོག་ཏུ་རླུང་འཇོམས་པ་དང༌། མེའི་དྲོད་སྐྱེད་པའི་སྨན་ཚ་བ་ལྔ་ལ་སོགས་པ་དང་སྦྱར་བའི་ཐུག་པ་བླུད་དོ། །མ་ཞུ་བའི་འཁྲུ་བ་སྨིན་ནས་མེའི་དྲོད་སྐྱེད་དེ། ཞུ་བར་འཁྲུ་ལ་དེ་ཡང་དང་ཡང་དུ་ཉུང་དུ་ཉུང་དུར་འབྱུང་ཞིང་མཁྲེགས་པ་དང༌། དབུ་བ་དང༌། བེའུ་སྣབས་དང༌། དྲི་མ་དང་ནད་དང་བཅས་པར་འབྱུང་བའམ། ཡང་ན་ཕྱི་ས་བཙིར་ཡང་མི་འབྱུང་བ་ལ་ནི་ཞོ་དང༌། འོ་མ་དང༌། མར་དང༌། བཅའ་སྒ་དང་བུ་རམ་དང་སྦྱར་བ་བཏུང་ངོ༌། །ཡང་ན་རྒྱ་ཤུག་གི་འབྲས་བུ་སྤངས་པ་བུ་རམ་དང་ཏིལ་མར་དུ་བཅས་པ་བཟའོ། །འཁྲུ་བ་འབྱུང་དཀའ་སྟེ་འགགས་པ་ལ་ནི་རྒྱ་སྣེའུའི་ཚོད་མ་ལ་སོགས་པ་དང༌། དེ་བཞིན་དུ་ཤ་ཁུ་མར་མང་པོ་དང་སྦྱར་བའི་ནང་དུ་ཞོ་དང་སེའུ་ལ་སོགས་པ་སྦྱར་བའམ་ཡང་ན་མ་ཤ་དང༌། མོན་སྲན་སྡེའུ་དང༌། ཏིལ་མར་དང་ལེགས་པར་སྦྱར་བ་གང་ཡང་རུང་བ་དང༌། འབྲས་ཆན་དུ་བྱས་པ་བཟའོ། །
ཡང་ན་ཟུར་པ་དང༌། ཨ་མུ་ལ་དང༌། ཀ་པོ་ཏི་དང༌། པ་ཐ་དང༌། སྭ་སྟི་ཀའི་ཚོད་མའམ། ཡང་ན་ཤུ་ཤ་དང༌། ལ་ལ་ཕུད་དང༌། ཀ་ར་ཏ་དང༌། ཀཥི་རི་ནི་དང༌། ཙིར་བི་དའི་ཚོད་མའམ་ཡང་ན་ཨུ་པོ་ད་ཀ་དང༌། ཛི་བན་ཏི་དང༌། བ་ཀུ་ཛི་དང༌། རྒྱ་སྣེའུའི་ཚོད་མའམ། ཡང་ན་ལྕམ་པ་དང༌། ཨེ་རཎྜ་དང༌། ལོ་ན་ཀི་དང༌། འདི་རྣམས་ཀྱི་ཚོད་མ་གང་ཡང་རུང་བ་ཞོ་དང་ལེགས་པར་སྦྱར་བ་དང༌། འབྲས་ཆན་བཟའ་བ་དང༌། ཡང་ན་རུས་སྦལ་དང༌། བྱེའུ་བར་ཏ་ཀ་དང༌། སྤར་བ་དང༌། རྨ་བྱ་དང༌། སྲེག་པ་དང༌། ཁྱིམ་བྱ་གང་ཡང་རུང་བའི་ཤ་ཁུ་དང་བཅས་པའི་བཟའ་བ་སྦྱིན་ནོ། །བིལ་བ་དང༌། གླ་སྒང་དང༌། བ་རུ་ར་དང༌། ད་ཏ་ཀའི་མེ་ཏོག་དང༌། དོང་གྲ་དང་འདི་རྣམས་དར་བ་དང་སྦྱར་བའི་ཐུག་པ་འཐུངས་ན་ཞུ་བའི་འཁྲུ་བ་སེལ་ཏོ། །ཀ་པིད་ཏ་དང༌། ཀ་ཙུ་ར་དང༌། ག་བྲའི་རྩ་བ་དང༌། ཡུ་ཏི་ཀ་དང༌། ནྱ་གྲོ་དྷའི་མྱུ་གུ་དང༌། སེའུ་འབྲུ་དང༌། ཤ་ནའི་རས་བལ་དང༌། ཤ་མ་ལི་དང༌། དེ་རྣམས་ཀྱི་ལོ་མ་བཏགས་པ། ཞོ་དང་སྦྱར་བ་འཐུངས་ན་ཡང་ཞུ་བའི་འཁྲུ་བ་སེལ་ཏོ། །བིལ་བ་གཞོན་ནུ་མ་སྨིན་པ་དང༌། ཏིལ་ཞིབ་ཏུ་བཏགས་པའི་ཕྱེ་མ་དང༌། ཞོའི་སྤྲིས་མ་དང༌། སྐྱུར་དང་སྣུམ་དང་བཅས་པར་ཏིལ་གྱི་ཚིགས་མ་ཟོས་ན་འཁྲུ་བ་མཁྲེགས་པ་དང་བཅས་པ་ཞི་བར་འགྱུར་རོ། །ཡང་ན་ན་ལེ་ཤམ་དང༌། འུ་སུ་དང༌། ཟི་ར་དང༌། ད་ཏྲིག་དང༌། ཟུར་པ་དཀར་པོ་དང༌། ལན་ཚྭ་བི་ད་དང༌། སེའུ་འབྲུ་དང༌། ད་ཏ་ཀི་དང༌། པ་ཐ་དང༌། འབྲས་བུ་གསུམ་དང༌། ཚབ་ལྔ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། ཀ་པིད་ཏ་དང༌། ཨ་མྲ་དང༌། ཤིང་འཛམ་བུའི་འབྲས་བུ་དང༌། འདི་གསུམ་གྱི་རྐང་དང༌། ལ་ལ་ཕུད་དང༌། ན་ལེ་ཤམ་གྱི་དྲུག་འགྱུར་གྱི་བིལ་བ་དང༌། འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་ཞོ་དང་སྲན་མུངྒའི་ཁུ་བ་དང༌། བུ་རམ་དང་ཏིལ་དང་མར་བསྲེས་པའི་སྣུམ་དང༌། དེ་རྣམས་ཚུལ་བཞིན་དུ་སྦྱར་བ་ནི་གཞན་གྱིས་མི་ཐུབ་པའི་ཟས་ཞེས་བྱ་སྟེ་དེ་ལས་རན་པར་ཟོས་ན་མེའི་དྲོད་སྐྱེད་པ་དང༌། ཟས་
འཇུ་བ་དང༌། འཁྲུ་བ་ཐུར་དུ་འབྱུང་བ་སྲ་བར་བྱེད་པ་དང༌། ཟས་ཡི་གར་མི་འོང་བ་དང་མཁྲེགས་པ་རྣམས་འཇོམས་པར་བྱེད་དོ། །ཡང་ན་རྒྱ་ཤུག་གི་འབྲས་བུ་དང༌། བིལ་བ་གཞོན་ནུ་བཏགས་པ་དང༌། འབྲས་དང༌། ནས་དང༌། མུངྒ་དང༌། མོན་སྲན་སྡེའུ་དང༌། ཏིལ་དང་འདི་རྣམས་ལྷན་ཅིག་པ་དེའི་ནང་དུ་ཏིལ་མར་དང་མར་བརྔོས་ཏེ་བཅུག་ལ་ཞོ་དང་སེའུ་འབྲུའི་ཁུ་བ་དང་བསྲེས་པ་ཚུལ་བཞིན་བསྐོལ་བ་ནི་ཁུ་བཅུད་ཅེས་བྱ་སྟེ། དེ་ལས་རན་པར་འབྲས་ཆན་དང་བཅས་པར་ཟོས་ན་རྟུག་པ་ཟད་ཅིང་གདོང་སྐམས་པ་ལ་ཕན་ནོ། །ཡང་ན་ཞོའི་སྤྲིས་མ་དང༌། མར་དང་ཏིལ་མར་བསྲེས་པ་བསྐོལ་བའི་ནང་དུ་དོང་གྲའི་ཕྱེ་མ་བུ་རམ་དང་སྦྱར་བ་བཟའོ། །ཡང་ན་ཆང་གི་ནང་དུ་ཏིལ་མར་དང༌། མར་བསྐོལ་བ་བླུགས་ཏེ་ཚོད་མར་བྱའོ། །ཡང་ན་ཀིའུའི་ཁུ་བ་སེའུ་འབྲུ་ལ་སོགས་པ་སྐྱུར་བ་དང་སྦྱར་ཏེ། མར་དང་བསྐོལ་ལ་བཅུག་པ་ཚོད་མར་སྤྱར་རོ། །ཡང་ན་ཕྱེའི་ཟན་བྲུལ་གྱི་སྟེང་དུ་མར་དང་ཏིལ་མར་བླུགས་ལ་ཚ་བ་གསུམ་གྱི་ཕྱེ་མས་བཏབ་པ་བཟའོ། །ཡང་ན་སྲན་མ་ཤ་ལེགས་པར་སྦྱར་བའི་སྟེང་དུ་མར་གྱི་ཉིང་ཁུ་བླུགས་ལ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །ར་དང་ལུག་གི་ཤ་ཁུ་སེའུའི་སྐྱུར་གྱི་ཉིང་ཁུ་དང་འུ་སུ་དང་དོང་གྲའི་ཕྱེ་མ་དང་ལྷན་ཅིག་སྦྱར་བ་བསྐོལ་ཏེ་བཙགས་པའི་ཁུ་བ་འབྲས་དམར་པོའི་ཆན་དང་ལྷན་ཅིག་བཟའ་ཞིང་དེའི་འོག་ཏུ་བཏུང་བ་ལེགས་པར་སྦྱར་ན་རྟུག་པ་འགགས་པ་མྱུར་དུ་ཞི་བར་བྱེད་དོ། །ཞེས་བཤད་དོ། །བིལ་བ་གཞོན་ནུ་དང༌། བུ་རམ་དང༌། ཏིལ་མར་དང༌། པི་པི་ལིང་དང༌། བཅའ་སྒ་དང༌། འདི་རྣམས་ཀྱི་ལྡེ་གུ་ཟོས་ན་རླུང་གིས་འགགས་པ་དང༌། ཟུག་གཟེར་ཆེ་ཞིང་མཁྲེགས་པ་དང་བཅས་པ་ཞི་བར་བྱེད་དོ། །སེང་ཕྲོམ་དཀར་པོའི་ཤུན་པ་དང༌། ད་ཏ་ཀིའི་མེ་ཏོག་དང། རྒྱ་ཤུག་གི་ལོ་མ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་ཞོའི་སྤྲིས་མ་སྦྲང་རྩི་དང་ཀ་པིད་ཏའི་རང་གི་ཁུ་བ་དང་ལྷན་ཅིག་སྦྱར་བ་འཐུངས་ན་ཕན་ནོ། །རླུང་གིས་རྟུག་པ་འགགས་ཤིང་ཟུག་གཟེར་ཆེ་སྟེ་མཁྲེགས་ལ་ཁྲག་དང་བེའུ་སྣབས་དང་བཅས་པར་འབྱུང་བ་དང༌།
སྐོམ་པས་གདུངས་པ་ལ་ནི་འོ་མ་ཚིམ་ཚད་དུ་སྦྱིན་ནོ། །ཡང་ན་ཏིལ་དང་མར་བསྲེས་པའི་སྟེང་དུ་འོ་མ་བཞོས་ཏེ་ལྷན་ཅིག་བླུད་དོ། །ཡང་ན་ཨེརཎྜའི་རྩ་བའམ་བ་ལའི་རྩ་བ་དང་བིལ་བའི་རྩ་བ་གང་ཡང་རུང་བ་དང་བསྐོལ་བའི་ཁུ་བ་བླུད་དོ། །ཡང་ན་གླ་སྒང་ཉི་ཤུ་དང། དེའི་སུམ་འགྱུར་གྱི་ཆུ་དང༌། འོ་མ་སྲང་བཞི་དང་ལྷན་ཅིག་བསྐོལ་ལ་བཞི་ཆ་ལུས་པ་ལས་རན་པར་འཐུངས་ན་མ་ཞུ་བའི་ནད་དང་བཅས་པ་ལ་ཕན་ནོ། །ཡང་ན་པི་པི་ལིང་དང་ན་ལེ་ཤམ་ཞིབ་ཏུ་བཏགས་ཏེ་འོ་མ་དང་ལྷན་ཅིག་འཐུངས་ན་ཡུན་རིང་པོ་ནས་ཞེན་པའི་མཁྲེགས་པ་ཡང་འཇོམས་སོ། །སྨྱུང་བ་ལ་སོགས་བས་ལུས་ཉམ་ཆུང་ཞིང་ཁོང་རྩུབ་ལ་ཟུག་གཟེར་གྱིས་ཉམ་ཐག་པར་གྱུར་ན་མེའི་དྲོད་བརྟགས་ཏེ་ཐལ་སྨན་རྣོན་པོ་མར་དང་བཅས་པ་སྦྱིན་ནོ། །ཡང་ན་རྩ་བ་བཅུ་པ་ཚུལ་བཞིན་དུ་བསྐོལ་ཏེ་བཞི་ཆ་ལུས་པ་དང་ཚིགས་མ་བོར་ཏེ་སྨན་གྱི་ཁུ་བའི་བཞི་ཆའི་མར་དང་ཞོ་དང༌། ཆང་གི་ཉིང་ཁུ་དང༌། ལྕེ་མྱང་ཚྭ་དང༌། ཚ་བ་ལྔ་བཏགས་ཏེ་ལྷན་ཅིག་བསྐོལ་ལ་མར་ཉི་ཚེ་ལུས་པ་དང༌། དེ་ལས་རན་པར་ཟོས་ན་གཟེར་བས་ཉམ་ཐག་པ་སེལ་ཏོ། །ཡང་ན་བཅའ་སྒ་སྲང་དྲུག་དང༌། པི་པི་ལིང་མཱུ་ལ་དང༌། ཀྲུ་ཏྲུག་ཏྲེས་དང༌། རྒྱ་མ་ཚྭ་འདི་གསུམ་སྲང་གཉིས་དང༌། ཏིལ་མར་སྲང་སུམ་ཅུ་རྩ་གཉིས་དང༌། ཞོག་ཆུ་དང༌། ཚུལ་བཞིན་བསྐོལ་ལ་མར་ཉི་ཚེ་ལུས་པ་ལས་རན་པར་འཐུངས་ན་འཁྲུ་བའི་ཟུག་གཟེར་དང་བཅས་པ་སེལ་ཏོ། །ཡང་ན་ཤ་དང་འོ་མ་མར་རམ་ཏིལ་མར་གང་ཡང་རུང་བ་དང་ཚུལ་བཞིན་བསྐོལ་ལ་མར་ལུས་པ་དང༌། དེ་ལས་བཏུང་བ་དང་འཇམ་རྩི་མས་གཏོང་བ་དང་བསྐུ་བྱུག་ལ་སོགས་པ་བྱས་ན་རྟུག་པ་འགགས་པ་དང་འཁྲུ་བའི་ཟུག་གཟེར་ལས་རྒྱལ་བར་བྱེད་དོ། །རླུང་འཁྲུགས་པ་དང༌། ཟུག་གཟེར་ལ་ནི་ཏིལ་མར་མཆོག་ཡིན་ཏེ་དེ་ལས་ལྷག་པ་མེད་དོ། །གཞན་ཡང་རླུང་ནི་བད་ཀན་ལ་སོགས་པའི་ནད་གཞི་འཇོམས་པར་བྱེད་ཅིང་གཡོ་བ་དང་ལུས་ལ་ཁྱབ་པ་དང་རང་གི་གནས་ན་འདུག་པ་ཡིན་པས་དེ་ལ་ཡང་ཏིལ་མར་འདི་རབ་ཏུ་བསྔགས་ཏེ། མེའི་དྲོད་ཆུང་བ་ལ་སྦྱར་
ན་ཡང་བདེ་བར་བྱེད་པའི་མཆོག་ཡིན་ནོ། །མེའི་སྟོབས་ཆེ་བ་དང༌། རླུང་རང་གི་གནས་སུ་མཁྲེགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཏིལ་མར་ཚུལ་བཞིན་སྦྱར་ན་འདུག་པའི་གནས་མེད་དོ། །བཤང་བཟད་པ་དང་ནད་གཞི་རྣམས་རང་གི་གནས་ལས་ཉམས་ཏེ་འཁྲུགས་ནས་རླུང་འབའ་ཞིག་སྟོབས་ཆེ་ཞིང་མཁྲེགས་པ་དང་བཅས་པ་ཟུག་གཟེར་ཡོད་པའི་ཚད་ནད་ཅན་ནི་འཚོ་དཀའ་བ་ཡིན་ཏེ། དེ་ཡང་གལ་ཏེ་ཕྱི་ནང་གཉིས་ཀ་ནས་ཏིལ་མར་བཏུང་བ་དང་བསྐུ་བ་ལ་སོགས་པ་བྱས་ན་འཚོ་བར་འགྱུར་རོ། །གཞང་ན་ཞིང་ཕྱིར་འབྱུང་བ་ལ་ནི་འོ་མ་དང་རྒྱ་ཤུག་སྐྱུར་པོ་དང༌། ཙང་གོ་རེ་གཉིས་ཀྱི་རང་གི་ཁུ་བ་དང༌། མར་དང༌། ཞོ་དང༌། དོང་གྲ་བཏགས་པའི་ཕྱེ་མ་དང༌། འདི་རྣམས་བསྐོལ་བའི་མར་རམ། ཡང་ན་འོ་མ་དང་རྒྱ་ཤུག་ལ་སོགས་པ་གོང་མ་དེ་དག་བསྐོལ་བའི་ཁུ་བའི་ནང་དུ་ཞོ་དང་དོང་གྲ་བཏགས་པ་བཅུག་པའི་ལྡེ་གུ་གང་ཡང་རུང་བས་བསྐུས་ན་ཕན་ནོ། །ཡང་ན་འུ་སུ་དང༌། ན་ལེ་ཤམ་དང༌། བྱི་དང་ག་དང༌། ལྕེ་མྱང་ཚ་དང༌། ཟིར་དང༌། ཚ་བ་རྣམ་ལྔ་དང༌། སེའུ་འབྲུ་དང༌། དེ་རྣམས་ཀྱི་ཕྱེ་མ་རྒྱ་ཤུག་སྐྱུར་པོ་དང༌། ཙང་གོ་རེའི་ཁུ་བ་དང༌། ཞོ་དང༌། འོ་མ་དང༌། མར་འདི་རྣམས་ཚུལ་བཞིན་བསྐོལ་ལ། མར་ཉི་ཚེ་ལུས་པས་བསྐུས་ན་གཞང་ཕྱིར་འབྱུང་ཞིང་ཟུག་པ་ཞི་བར་བྱེད་དོ། །ཡང་ན་རྩ་བ་བཅུ་པོ་དང་མར་དུ་སྦྱར་བའི་འཇམ་རྩི་མས་གཏོང་བར་བྱའོ། །ཡང་ན་ཟུར་པ་དཀར་པོ་དང༌། ཤུ་ཏི་དང། རུ་རྟ་དང༌། མར་དུ་སྦྱར་བའམ་ཡང་ན་ཤུ་དག་དང༌། ཀྲུ་ཏྲུག་ཏྲེས་དང༌། མར་དུ་སྦྱར་བའམ་སྦྱོར་བ་དེ་དག་མར་དང་ཚུལ་བཞིན་བསྐོལ་ཏེ་འཇམ་རྩི་མས་གཏོང་བར་བྱའོ། །བཤད་བ་མཁྲེགས་པ་དང༌། གཞང་ཕྱིར་བྱུང་བ་དང༌། གཅིན་འགགས་པ་དང༌། རྐེད་པ་རེངས་པ་ལ་ནི་ཏིལ་མར་རམ་མར་ཡང་རུང༌། སྨན་མངར་བ་དང་སྐྱུར་བ་ཚུལ་བཞིན་བསྐོལ་བའི་ཨ་ནུ་བ་ས་ན་བྱའོ། །གལ་ཏེ་གཞང་ཕྱིར་བྱུང་སྟེ་ནང་དུ་ཞུགས་སུ་མ་འདོད་དེ་སྲ་བ་ལྟ་ན་མར་གྱིས་བསྐུ་ཞིང་དུགས་བྱས་པས་འཇམ་པོར་གྱུར་ནས་ཕུལ་ལ་ནང་དུ་གཞུག་
པར་བྱའོ། །གལ་ཏེ་ལན་ཅིག་གཞང་ནང་དུ་བཅུག་ནས་ཕྱིར་ཡང་འབྱུང་ན་ནི་རྐུབ་ཚོས་གཉིས་པགས་པས་གླན་ལ་དབུས་སུ་ཕུག་པ་ལ་སོགས་པ་ཆོ་ག་ཇི་ལྟར་བྱ་བ་ནི་མདོ་ནས་གསུངས་པ་ལྟ་བུའོ། །ཡང་ན་རྩ་བ་ཆེན་པོ་ལྔ་དང་བྱི་བའི་ནང་གྲོལ་ཕྱུང་བའི་ཤ་དང༌། འོ་མ་དང་ལྷན་ཅིག་བསྐོལ་བའམ། ཡང་ན་རླུང་འཇོམས་པའི་སྨན་དང༌། ཏིལ་མར་ཚུལ་བཞིན་བསྐོལ་བས་གང་ཕྱི་ས་འབྱུང་བ་ལ་བསྐུ་བ་དང་བཏུང་བ་ལ་སོགས་པ་བྱས་ན་ཕན་ནོ། །མཁྲིས་པ་ལས་གྱུར་པའི་འཁྲུ་བ་མ་ཞུ་བ་དང་བཅས་པ་ལ་ནི་རྣོ་བ་དང་དྲོ་བའི་བག་སྤངས་ཏེ་གོང་མ་བཞིན་དུ་ཐོག་མར་སྨྱུང་བ་ལ་སོགས་པ་བྱའོ། །མཁྲིས་པ་ལས་གྱུར་པའི་འཁྲུ་བ་སྐོམ་དད་ཆེ་བ་ལ་ནི་ཡན་ལག་དྲུག་ཅེས་བྱ་བའི་སྨན་གླ་སྒང་དང༌། པར་པ་ཏ་དང༌། པུ་ཤེལ་ཙི་དང༌། ཙནྡན་དང༌། ཨུ་དི་ཙ་དང། དོང་གྲ་དང༌། ཏིག་ཏ་དང༌། ཐལ་ཏྲེས་དང༌། འདི་རྣམས་བསྐོལ་བའི་ཁུ་བ་བླུད་དོ། །དེ་ལྟར་སྨྱུང་བ་ལ་སོགས་པ་བྱས་ཏེ་བཀྲེས་ན་ཟས་འདོད་པ་ལ་མེའི་དྲོད་སྐྱེད་པར་འདོད་པའི་ཕྱིར་ཐུག་པ་ལ་སོགས་པ་བྱིན་ཏེ། དེ་ཡང་རྩ་བ་ཆུང་དུ་ལྔ་དང༌། ཉེའུ་ཤིང་དང༌། བ་ལ་རྣམ་གཉིས་དང༌། མོན་སྲན་སྡེའུ་དང༌། མོན་སྲན་གྲེའུ་གཉིས་ཀྱི་ལོ་མ་དང༌། འདི་རྣམས་ཀྱི་ཐུག་པ་དང༌། ཁུ་བཅུད་དང༌། ཟས་ཀྱི་ནང་དུ་བཏབ་པ་ལས་གཞི་བླངས་ལ་སྦྱིན་ནོ། །འཁྲུ་བ་འགགས་པ་ལ་ནི་དུག་མོ་ཡུངས་ཀྱི་ཤུན་ཕྲགས་དང༌། འབྲས་བུ་དང༌། བོང་ད་དཀར་པོ་དང་བཏགས་པའི་ཕྱེ་མ་སྦྲང་རྩི་དང་འབྲས་བཀྲུས་པའི་ཁུ་བ་དང་ལྷན་ཅིག་སྦྱར་བ་བླུད་དོ། །པ་ཐ་དང༌། དུག་མོ་ཡུངས་ཀྱི་ཤུན་ཕྲགས་དང༌། ས་བོན་དང༌། སྐྱེར་པ་དང༌། པི་པི་ལིང་གི་རྩ་བ་དང༌། བཅའ་སྒ་དང༌། འདི་རྣམས་ལྷན་ཅིག་སྐོལ་བའམ། ཡང་ན་བོང་ང་དཀར་པོ་དང༌། བིལ་བ་དང༌། དུག་མོ་ཡུངས་དང༌། ཨུ་དི་ཙ་དང༌། གླ་སྒང་རྣམས་ལྷན་ཅིག་བསྐོལ་བའམ། ཡང་ན་བོང་ང་དཀར་པོ་དང༌། རྩྭ་དཱུར་བ་དང༌། སྐྱེར་པ་དང༌། དུག་མོ་ཡུངས་དང༌། སྐྱེར་ཁཎྜ་དང༌། དེ་རྣམས་ལྷན་ཅིག་བསྐོལ་བའི་ཁུ་
བའམ། ཡང་ན་བོང་ད་དཀར་པོ་དང༌། བཅའ་སྒ་དང༌། གླ་སྒང་དང༌། དུག་མོ་ཡུངས་དང༌། ཀད་ཕ་ལ་དང༌། འདི་རྣམས་བསྐོལ་བའི་ཁུ་བ་སྦྲང་རྩི་དང་ལྷན་ཅིག་སྦྱར་བ་བླུད་དོ། །ཤ་ཁུ་དང་བཅས་པའི་ཟས་ཟ་བ་ལ་ནི་དུག་མོ་ཡུངས་ཀྱི་ས་བོན་སྲང་གཅིག་བསྐོལ་བའི་ཁུ་བ་བླུད་ན་མཁྲིས་པ་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །དེ་བཞིན་དུ་སྐྱེས་བུ་གང་ཤ་ཁུ་དང་བཅས་པའི་ཟས་ཟ་བ་ལ་ནི་གླ་སྒང་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བའམ། ཡང་ན་ཤལ་མ་ལིའི་ལོ་མ་བསྐོལ་བ་གྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་བླུད་ན་མཁྲིས་པ་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །ཏིག་ཏ་དང༌། གླ་སྒང་དང༌། དུག་མོ་ཡུངས་དང༌། སྐྱེར་ཁཎྜ་དང༌། དེ་རྣམས་བཏགས་པའི་ཕྱེ་མའམ། ཡང་ན་སྐྱེར་པ་དང༌། བ་ལ་ཀ་དང༌། བིལ་བ་དང༌། བྱི་ཚེར་བ་དང༌། འདི་རྣམས་ཀྱི་ཕྱེ་མའམ། ཡང་ན་ཏིལ་དང༌། མོན་ཆར་དང༌། སེང་ཕྲོམ་དཀར་པོ་དང༌། བཙོད་དང༌། པདྨ་དང༌། ཨུཏྤ་ལ་དང༌། འདི་རྣམས་བཏགས་པའི་ཕྱེ་མའམ་ཡང་ན་དོང་གྲ་དང༌། ད་ཏ་ཀའི་མེ་ཏོག་དང༌། བལ་པོ་སེའུའི་ཤུན་པ་དང༌། འབྲས་བུ་དང༌། འདི་རྣམས་ཕྱེ་མའམ། ཕྱེ་མའི་སྦྱོར་བ་དེ་དག་སྦྲང་རྩི་དང་འབྲས་བཀྲུས་པའི་ཁུ་བ་དང་སྦྱར་བ་ལས་གང་ཡང་རུང་བ་འཐུངས་ན་མཁྲིས་པ་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །ཡང་ན་སྐྱེར་པ་དང་དུག་མོ་ཡུངས་དང༌། སེང་ཕྲོམ་དང༌། སུག་སྨེལ་དང་འདི་རྣམས་བསྐོལ་བའི་ཁུ་བ་འཐུངས་ན་ཞུ་བའི་འཁྲུ་བ་སེལ་ཏོ། །ཡང་ན་སེང་ཕྲོམ་གྱི་སྡེ་ཚན་དང༌། ཨམ་པཥྚའི་སྡེ་ཚན་དང༌། པྲི་ཡང་ཀུའི་སྡེ་ཚན་དང༌། འདི་རྣམས་གང་ཡང་རུང་བ་བསྐོལ་བའི་ཁུ་བ་བླུད་ན་ཞུ་བའི་འཁྲུ་བ་སེལ་ཏོ། །ཡང་ན་པུ་ཙེ་ཤེལ་དང༌། པ་ལ་ཀ་དང༌། ཤིང་མངར་དང༌། པྲི་ཡང་ཀུ་དང། སེའུ་འབྲུའི་མྱུ་གུ་དང༌། འདི་རྣམས་ཞོ་དང༌། འུ་སུ་དང༌། ལྷན་ཅིག་བླུགས་པ་དང༌། ཐུག་པ་དང༌། ལྡེ་གུ་དང༌། ཁ་ལ་ཀ་དང༌། འདི་རྣམས་སྦྱར་བ་བླུད་དོ། །དེ་བཞིན་དུ་ཀ་པིད་ཏ་དང༌། བིལ་བ་དང༌། ཨ་མྲ་དང༌། འཛམ་བུ་དང༌། འདི་རྣམས་ཀྱི་རྐང་
ཡང་གོང་མའི་ཐུག་པ་ལ་སོགས་པ་དང་སྦྱར་རོ། །མཁྲིས་པ་ལས་གྱུར་པའི་སྨིན་པའི་འཁྲུ་བ་ལ་ནི་རའི་འོ་མ་མཆོག་ཏུ་བསྔགས་ཏེ། གལ་ཏེ་ནད་གཞི་སྟོབས་ཆེ་བས་འོ་མས་མ་ཞི་ན་བཀྲུ་སྨན་བཏང་ངོ༌། །འཁྲུ་བ་དང་ཁྲག་ཏུ་འཁྲུ་བ་རེས་ཀྱིས་འབྱུང་བ་ལ་ནི་པ་ལ་ཤ་བསྐོལ་བའི་ཁུ་བ་ཉི་ཚེའམ། ཡང་ན་འོ་མ་དང་ལྷན་ཅིག་འཐུངས་ལ་དེའི་འོག་ཏུ་མེ་དྲོད་ཆེ་ཆུང་དང་སྦྱར་ཏེ་འོ་མ་དྲོན་མོ་བླུད་ན་སླ་ཚ་བདེ་བར་འབྱུང་སྟེ་ཁོང་པའི་འཁྲུ་བའི་ནད་སེལ་ཏོ། །ཡང་ན་ཀྱི་ལྕེ་བ་ལ་ཤའི་སྦྱོར་བ་ལྟར་བྱས་ན་ཡང་ཕན་ཡོན་གོང་མ་དང་འདྲའོ། །གོང་དུ་ཐུག་པ་དང་བཀྲུ་སྨན་ལ་སོགས་པ་སྦྱོར་བ་བྱས་ཀྱང་ཟུག་གཟེར་ད་དུང་མ་ཞི་བ་ལྟར་ན་མེའི་དྲོད་བརྟགས་ཏེ་ཨ་ནུ་བ་ས་ན་གཏང་བར་བྱ་སྟེ་ཤ་ཏ་པུཥྤ་དང༌། ཉེའུ་ཤིང་དང༌། བིལ་བ་དང༌། ཤིང་མངར་དང་དེ་རྣམས་འོ་མ་དང་མར་དང་མར་གྱི་བཞི་འགྱུར་གྱི་ཏིལ་མར་དང་ཚུལ་བཞིན་བསྐོལ་བའི་ཨ་ནུ་བ་ས་ན་མས་གཏང་ངོ༌། །དེ་ལྟར་བྱས་ཀྱང་མཁྲིས་པའི་འཁྲུ་བ་མ་ཞི་ན་ནི་པིད་ཙའི་འཇམ་རྩི་མས་གཏོང་ན་ཕན་པའི་མཆོག་ཡིན་ནོ། །ཤལ་མ་ལིའི་ལོ་མ་རློན་པ་སྦོམ་པ་ཀུ་ཤ་རློན་པས་བཅིངས་ཏེ། ས་ནག་པོའི་འཇིམ་པས་གཡོགས་ཏེ་བ་ལྕི་སྐམ་པོའི་མེའི་ནང་དུ་བསྲེགས་ཏེ། འཇིམ་པ་བསྐམས་པ་དང༌། འཇིམ་པ་བཀོག་ལ་ནང་གི་སྨན་གྱི་གོང་པོ་ལས་སྲང་གཅིག་ཙམ་འོ་མ་སྲང་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་མཉེས་ཏེ་ཚིགས་མ་པོར་ལ་དངས་མའི་ནང་དུ་རྒྱ་སྤོས་དང་ཤིང་མངར་བཏགས་པའི་ཕྱེ་མ་དང་སྦྲང་རྩི་དང༌། མར་དང་ཏིལ་མར་འདི་རྣམས་སྣོད་ཡངས་པའི་ནང་དུ་བཅུག་སྟེ་རྐུབ་ནུབ་པར་བཞག་ལ་འདུག་གོ །དེ་ནས་ལུས་ཁྲུས་བྱས་ལ་འོ་མ་འམ་སྲོག་ཆགས་ཐང་ལས་སྐྱེས་པའི་ཤ་ཁུ་དང་ཟས་ལྷན་ཅིག་ཟོས་ན་མཁྲིས་པ་ལས་གྱུར་པའི་འཁྲུ་བ་དང༌། རིམས་དང༌། སྐྲངས་པ་དང༌། སྐྲན་ནད་དང༌། རླུང་ནད་དང༌། ཕོ་བའི་ནད་རྣམས་སྦྱོར་བ་འདིས་མྱུར་དུ་ཞི་བར་བྱེད་དོ། །བཀྲུ་སྨན་དང༌། བཀྲུ་སྨན་དྲག་པོ་དང༌། འཇམ་རྩི་མས་གཏོང་བའི་སྦྱོར་བ་དྲགས་པ་ལས་བྱུང་བ་ཡང་འདིས་མྱུར་དུ་ཞི་བར་བྱེད་དོ། །ཡང་ན་དུག་མོ་ཡུངས་དང༌། ཤུག་པ་བསྐོལ་བ་ཁཎྜ་འདྲ་བར་གྱུར་པ་དང༌།
དུག་མོ་ཡུངས་ཀྱི་སྡེ་ཚན་དང༌། ཨ་པ་སྟའི་སྡེ་ཚན་སྦྲང་རྩི་དང་ལྷན་ཅིག་སྦྱར་བ་ཟོས་ན་འཁྲུ་བའི་ནད་ཐམས་ཅད་སེལ་ཏོ། །མ་ཞུ་བ་དང་ན་བ་མེད་ཅིང་མེ་དྲོད་ཆེ་སྟེ་ཡུན་རིང་པོ་ནས་འཁྲུ་བའི་ཁྲག་དང་བཅས་པ་མདོག་སྣ་ཚོགས་སུ་འབྱུང་བ་ལ་ནི། ད་རི་ག་བྲི་ཏིའི་ཤུན་པ་བཏགས་པ་ཆུ་དང་གོང་བུར་བྱས་ལ་ཀད་པ་ལའི་ལོ་མའི་ནང་དུ་ཐུམ་པོར་བྱས་ཏེ་འཇིམ་པས་གཡོགས་ལ་མེའི་ནང་དུ་བསྲེགས་ཏེ་ཕྱིར་ཕྱུང་ལ་ཁུ་བ་བཙིར་བའི་ཁུ་བའི་ནང་དུ་ཤ་ཁ་རའམ་སྦྲང་རྩི་བཏབ་པ་གྲང་མོ་བླུད་ན་ཕན་ནོ། །དེ་བཞིན་དུ་ཤིང་འོ་མ་ཅན་གྱི་ཤུན་བ་རློན་པ་དེ་ཉིད་ཀྱི་ལོ་མས་དཀྲིས་ལ་ཆོ་ག་གོང་མ་བཞིན་དུ་བྱས་ཏེ་བླུད་དོ། །ཡང་ན་འཁྲི་ཤིང་གི་ཤུན་པ་ཆུ་དྲོན་དང་སྦྱར་ལ་མར་དང་སྦྲང་རྩི་དང་བཅས་པ་ཟོས་ན། འཁྲུ་བ་ཚབས་ཆེ་བ་ཡང་ཞི་བར་བྱེད་དོ། །མཁྲིས་པའི་འཁྲུ་བ་ལ་དེ་དང་མི་མཐུན་པའི་ཁ་ཟས་དང་སྨན་བསྟན་པ་ལས་མཁྲིས་པ་འཁྲུགས་ཏེ་ཁྲག་ཏུ་འཁྲུ་ཞིང་དེ་ཡང་སྐོམ་དད་ཆེ་ལ་རིམས་ཀྱིས་འདེབས་པ་དང༌། གཞང་ཁ་ཚོས་པར་བྱས་པ་ལ་ནི་བཙོད་དང༌། པདྨ་དང༌། ཨུཏྤ་ལ་དང༌། འདི་རྣམས་རའི་འོ་མ་དང་ལྷན་ཅིག་བསྐོལ་བའམ། ཡང་ན་མོན་ཛ་ར་འོ་མ་དང་ལྷན་ཅིག་བསྐོལ་བ་བླུད་དོ། །ཐལ་ཏྲེས་དང། ཤིང་མངར་དང༌། སེང་ཕྲོམ་རྣམས་འོ་མ་དང་ལྷན་ཅིག་བསྐོལ་བའམ། ཡང་ན་ཤིང་ནྱ་གྲོ་དྷ་ལ་སོགས་པ་འོ་མ་ཅན་གྱི་ཤིང་གི་ལོ་མ་དང་ལྷན་ཅིག་བསྐོལ་བའམ། ཡང་ན་སྦྱོར་བ་གཉིས་ཀྱི་ནང་དུ་སྦྲང་རྩི་དང་ཤ་ཁ་ར་དང་བཅས་པ་བཟའ་བ་དང་བཏུང་བའམ། གཞང་དུ་བླུགས་པ་ལ་སོགས་པ་བྱས་ན་ཕན་ནོ། །བཏུང་བ་དང་ཁུ་བཅུད་ལ་སོགས་པ་ཡང་སྐྱུར་མེད་པ་མར་དང་བཅས་པ་གྲང་བག་བྱིན་ན་ཕན་ནོ། །ཡང་ན་ཏང་པལ་གྱི་འབྲས་བུའི་ཁུ་བ་སྐྱུར་ཅུང་ཟད་ལི་ཁ་ར་དང་བཅས་པ་བྱིན་ནོ། །ཡང་ན་བ་ལ་ཀ་དང༌། ཨུཏྤ་ལ་དང༌། དོང་ག་དང༌། ཀྲྀཥྞ་པརྞིའི་ཁུ་བ་དང༌། རའི་འོ་མ་དང༌། ཆུ་དང་ཚུལ་བཞིན་བསྐོལ་བའི་ཐུག་པ་བླུད་ན་ཁྲག་གི་འཁྲུ་བ་སེལ་ཏོ། །ཟས་ཀྱི་གོང་བུ་མར་སར་དང༌། སྦྲང་རྩི་དང་ལི་ཁ་ར་དང་སྦྱར་བའི་ལྡེ་གུ་གཞག་གོ །ཁྲག་གི་འཁྲུ་
བ་ཚབས་ཆེ་བ་ལ་ནི་རའམ་རི་དགས་ཀྱི་ཁྲག་དང༌། མར་བསྐོལ་བ་བསྲེས་པ་བླུད་ན་ཕན་ནོ། །བཟའ་བ་དང་བཏུང་བ་ཡང་རའི་འོ་མའི་མར་དང་འོ་མར་བཅས་པའམ། ཡང་ན་འོ་མ་ཉི་ཚེ་ཡང་རུང་སྟེ་ཞག་གསུམ་བསྟན་ཏོ། །ཡང་ན་གོང་མ་སྲེག་གི་ཤ་ཁུ་དང༌། འོ་མ་དང་ལྷན་ཅིག་བཏུང་བའམ་ལྡེ་གུ་བྱས་ཏེ་ཟོས་ན་ནད་མེད་པའི་བདེ་བ་སྐྱེད་དོ། །ཡང་ན་ཉེའུ་ཤིང་བཏགས་པའི་ཕྱེ་མ་དང་ལྷན་ཅིག་ཐོག་མར་འཐུངས་ལ། དེའི་འོག་ཏུ་འོ་མ་དང་ཟས་ལྷན་ཅིག་བཟའ་བའམ། ཡང་ན་ཉེའུ་ཤིང་དང་མར་ཚུལ་བཞིན་བསྐོལ་བ་འཐུངས་ན་ཁྲག་ལས་གྱུར་པའི་འཁྲུ་བ་མྱུར་དུ་འཇོམས་པར་བྱེད་དོ། །ཡང་ན་རྒྱ་སྐྱེགས་དང༌། དོང་ག་དང༌། པི་པི་ལིང་དང༌། སྐྱེར་པ་དང༌། པུ་ཙེ་ཤེལ་དང༌། དུག་མོ་ཡུངས་དང༌། མར་དང་འདི་རྣམས་ཚུལ་བཞིན་དུ་མར་གྱི་ཐུག་པ་དང༌། ཐུག་པ་རྐྱང་རྐྱང་པོ་ལ་སོགས་པ་སྦྱར་ན། ནད་གཞི་གསུམ་ལས་གྱུར་པའི་འཁྲུ་བ་མི་བཟད་པ་ཡང་ཞི་བར་འགྱུར་རོ། །ས་ནག་པོ་ལས་སྐྱེས་པའི་དུང་ཆུང་དང༌། ཤིང་མངར་བཏགས་པའི་ཕྱེ་མ་དང་སྦྲང་རྩི་དང་རའི་ཁྲག་དང༌། འབྲས་བཀྲུས་པའི་ཆུ་དང་སྦྱར་བ་འཐུངས་ན་ཁྲག་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །ཡང་ན་གན་དྷ་པྲི་ཡང་ཀུ་བཏགས་པའི་ཕྱེ་མ་འབྲས་བཀྲུས་པའི་ཆུའི་ནང་དུ་སྦྲང་རྩི་དང་སྦྱར་བ་འཐུངས་ན་ཕན་ནོ། །ཏིལ་ནག་པོ་བཏགས་པའི་ཕྱེ་མ་དང་དེའི་ལྔ་ཆ་གཅིག་གི་ལི་ཁ་ར་དང་རའི་འོ་མ་དང་སྦྱར་བ་འཐུངས་ན་ཁྲག་འཁྲུ་བ་དེ་མ་ཐག་ཏུ་སེལ་ཏོ། །ཙནྡན་དང༌། ལི་ཁ་ར་དང༌། སྦྲང་རྩི་དང༌། འབྲས་བཀྲུས་པའི་ཆུ་དང་ལྷན་ཅིག་སྦྱར་ཏེ་བཏང་ན་སྐོམ་དད་ཆེ་བ་དང༌། གཅིན་ནད་དང༌། ལུས་ཚ་པ་ཆེ་བ་དང༌། ཁྲག་ཏུ་འཁྲུ་བ་རྣམས་ལས་གྲོལ་ལོ། །གཞང་ཁ་ཚ་བས་ཚོས་པ་ལ་ནི་སྨན་གྲང་བའི་ནུས་པ་དང་ལྡན་པས་བསྐུ་བ་བྱས་ན་ཕན་ནོ། །ཉུང་དུ་ཉུང་དུར་ལན་མང་པོར་ཁྲག་ཏུ་འཁྲུ་ཞིང་ཟུག་གཟེར་དང་བཅས་པ་དང་རླུང་གིས་འགགས་ཏེ་ཆེད་འགའ་འབྱུང་ཆེད་འགའ་མི་འབྱུང་བས་ཉམ་ཐག་པ་ལ་ནི་གོང་དུ་སྨོས་པའི་བིད་ཙ་བ་ཏི་ཞེས་བྱ་བའི་
འཇམ་རྩི་མས་གཏོང་བའི་སྦྱོར་བ་བྱ་སྟེ། ཤིང་ཤ་པ་དང༌། ཀར་བྷུ་དྷ་རུ་ལ་སོགས་པའི་ལོ་མ་ཆམ་ཆོམ་བརྡུངས་ཏེ་མར་དང་འོ་མ་ཆུ་དང་ཚུལ་བཞིན་བསྐོལ་ཏེ་མར་ཉི་ཚེ་ལུས་བ་ལས་འཇམ་རྩི་མས་བཏང་ན་འཁྲུ་བ་བེའུ་སྣབས་སུ་འབྱུང་བ་དང༌། གཞང་ཉམས་ཏེ་ཕྱིར་འབྱུང་བ་དང༌། མཁྲེགས་པ་དང༌། ལུས་སྐེམ་ཞིང་རིད་པ་དང༌། སྟོབས་སྐྱེད་པར་བྱེད་དོ། །དེ་ནས་པྲ་པུཎྜ་རི་ཀ་མར་དང་ཚུལ་བཞིན་བསྐོལ་བའི་འཇམ་རྩི་མས་གཏང་བར་བྱའོ། །ཡང་ན་བཤད་བ་དང་ཁྲག་ཏུ་འདྲེས་ཏེ་འབྱུང་བའམ་ཡང་ན་ཁྲག་འབའ་ཞིག་བཤད་བའི་སྔོན་དུ་འབྱུང་བའམ། ཕྱི་ནས་འབྱུང་ཡང་རུང་སྟེ་དེ་ལ་ནི་འོག་ནས་འབྱུང་བའི་ཉེའུ་ཤིང་གི་སྨན་མར་ལྡེ་གུའི་ཆེད་དུ་སྦྱར་རོ། །ཡང་ན་ཕྱུང་མ་ཐག་པ་དང༌། སྦྲང་རྩི་དང་ལི་ཁ་ར་གཉིས་མར་གྱི་བཞི་ཆ་དང་སྦྱར་བའི་ལྡེ་གུ་ཕན་པའི་ཟས་དང་ལྷན་ཅིག་ཟོས་ན་ཁྲག་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །གོང་གི་ཁྲག་གོང་འོག་གཉིས་ཀར་ཤས་ཆེར་འབྱུང་བ་ལ་ནི་ནྱ་གྲོ་དྷ་དང༌། ཨུ་དུམ་བཱ་ར་དང༌། ཨ་ཤྭདྠ་དང༌། འདི་རྣམས་ཀྱི་མྱུ་གུ་ཆམ་ཆོམ་བརྡུངས་ཏེ་ཆུ་དྲོན་གྱི་ནང་དུ་ཞག་གཅིག་སྤངས་ལ་དེའི་ཁུ་བ་དང་མར་དང་ལྷན་ཅིག་བསྐོལ་ལ་མར་ཉི་ཚེ་ལུས་པའི་ནང་དུ་མར་གྱི་བཞི་ཆའི་སྤྲང་རྩི་དང་ཁ་ར་དང་བཅས་པ་ལྡེ་གུར་བྱས་ཏེ་ཟོས་ན་ཕན་ནོ། །བད་ཀན་ལས་གྱུར་པའི་འཁྲུ་བ་ལ་ནི་རླུང་ལས་གྱུར་པའི་འཁྲུ་བའི་ཆོ་ག་བྱ་སྟེ་ལྷག་པར་སྨྱུང་བ་ལ་སོགས་པའི་སྦྱོར་བ་བྱའོ། །དེ་ལ་བད་ཀན་ལས་གྱུར་པའི་འཁྲུ་བ་འགགས་པ་ལ་ནི་སྨིན་པ་དང་མེའི་དྲོད་བསྐྱེད་པའི་སྦྱོར་བ་བྱ་སྟེ། དེ་ཡང་བིལ་བ་གཞོན་ནུ་དང༌། གླ་སྒང་དང༌། ཨ་རུ་ར་དང༌། བཅའ་སྒ་དང་འདི་རྣམས་བསྐོལ་བའི་ཁུ་བ་དང༌། ཡང་ན་ཤུ་དག་དང༌། བྱི་དང་ག་དང༌། བྷུ་ཏི་ཀ་དང༌། དོང་ག་དང༌། ཐང་ཤིང་དང༌། འདི་རྣམས་ལྷན་ཅིག་བསྐོལ་བའམ། ཡང་ན་པི་པི་ལིང་རྣམ་གཉིས་དང༌། པི་པི་ལིང་གི་རྩ་བ་དང༌། ཀྲུ་ཏྲུག་ཏྲེས་དང༌། འདི་རྣམས་བསྐོལ་བའི་ཁུ་བའམ། ཡང་ན་པ་ཏ་དང༌། ཙི་ཏྲ་ཀ་དང༌། དུག་མོ་ཡུངས་དང༌། པི་པི་ལིང་གི་རྩ་བ་དང༌། པུ་ཙེ་ཤེལ་དང༌། ཤུ་
དག་དང༌། ཨ་རུ་ར་དང༌། འདི་རྣམས་བསྐོལ་བའི་ཁུ་བའམ། ཡང་ན་བཏགས་པའི་ཕྱེ་མ་ཆུ་དྲོན་དང་སྦྱར་བ་འཐུངས་ན་བད་ཀན་ལས་གྱུར་པའི་འཁྲུ་བ་སེལ་ཏོ། །ཡང་ན་ཁ་རུ་ཚ་དང༌། ཚ་བ་གསུམ་དང༌། ཤུ་དག་དང༌། ཤིང་ཀུན་དང༌། བོང་ང་དཀར་པོ་དང༌། འདི་རྣམས་ཕྱེ་མར་བྱས་ཏེ་ཆུ་དྲོན་དང་ལྷན་ཅིག་འཐུངས་ན་བད་ཀན་ལས་གྱུར་པའི་འཁྲུ་བས་ཉམ་ཐག་པ་སེལ་ཏོ། །ཀ་པིད་ཏའི་རྐང་དང༌། ཚ་བ་གསུམ་གྱི་ཕྱེ་མ་སྦྲང་རྩི་དང་ལི་ཁར་དང་སྦྱར་བའི་ལྡེ་གུའམ། ཡང་ན་ཀད་པ་ལའི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བལྡགས་ན་བད་ཀན་ལས་གྱུར་པའི་ཁོང་པའི་འཁྲུ་བ་ལས་གྲོལ་ལོ། །ཡང་ན་པི་པི་ལིང་དང་སྦྲང་རྩིར་སྦྱར་བའི་ལྡེ་གུ་ཟོས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་ཙི་ཏྲ་ཀའི་ཕྱེ་མ་དང་བ་དང་སྦྱར་བ་བཏུང་བའམ། ཡང་ན་བིལ་བ་གཞོན་ནུ་གཅིག་པུ་ཟོས་ན་ཡང་ཁོང་པའི་འཁྲུ་བ་སེལ་ཏོ། །ཡང་ན་པ་ཏ་དང༌། མོན་ཛར་དང༌། གླ་སྒང་དང༌། ད་ཏ་ཀི་དང༌། བིལ་བ་དང༌། དོང་ག་དང༌། འདི་རྣམས་ཀྱི་ཕྱེ་མ་དར་བ་དང་བུ་རམ་དུ་སྦྱར་བ་འཐུངས་ན་བད་ཀན་ལས་གྱུར་པའི་འཁྲུ་བ་ཤིན་ཏུ་ཚབས་ཆེ་བ་ཡང་སེལ་ཏོ། །ལ་ལ་ཕུད་དང༌། པི་པི་ལིང་གི་རྩ་བ་དང༌། དྲི་རྣམ་བཞི་དང༌། དོང་ག་དང༌། ན་ལེ་ཤམ་དང༌། ཀྲུ་ཏྲུག་ཏྲེས་དང༌། བ་ལ་ཀ་དང༌། ཟི་ར་དང༌། འུ་སུ་དང༌། ཁ་རུ་ཚ་དང༌། འདི་རྣམས་ཆ་མཉམ་པ་དང༌། ད་ཏྲིག་དང༌། ད་ཏ་ཀི་དང༌། པི་པི་ལིང་དང༌། བིལ་བ་དང༌། བལ་པོ་སེའུ་དང༌། ཏི་མུ་ས་དང༌། འདི་རྣམས་ལ་ལ་ཕུད་ཀྱི་སུམ་འགྱུར་དང༌། ཁར་དཀར་པོ་ལ་ལ་ཕུད་ཀྱི་དྲུག་འགྱུར་དང༌། ཀ་པིད་ཏ་ལ་ལ་ཕུད་ཀྱི་བརྒྱད་འགྱུར་དང་འདི་རྣམས་ཀྱི་ཕྱེ་མ་བྱས་པ་ནི་ཀ་པིད་ཏའི་ཆ་བརྒྱད་པའི་ཕྱེ་མ་ཞེས་བྱ་སྟེ། དེ་ལས་རན་པར་འགམས་ན་བད་ཀན་ལས་གྱུར་པའི་འཁྲུ་བ་དང༌། ཕོ་བའི་ནད་དང༌། སྐེམ་བྱེད་ཀྱི་ནད་དང༌། ལྐོག་མའི་ནད་དང༌། ལུད་པའི་ནད་དང༌། དབུགས་མི་བདེ་བ་དང༌། ཁོང་པའི་དྲོད་ཉམས་པ་དང༌། གཞང་འབྲུམ་དང༌། སྣ་ཆུ་འཛག་པ་དང༌། ཡི་ག་འཆུས་པ་རྣམས་སེལ་ཏོ། །
མིག་སྐྲང་བ་དང༌། རིམས་རྣམ་བཞི་དང་འདི་རྣམས་སེལ་ཏོ། །ལ་ལ་ཕུད་དང༌། འུ་སུ་དང༌། ཟི་ར་དང༌། འདི་རྣམས་ཞོ་བཞི་བཞི་དང༌། པི་པི་ལིང་གི་རྩ་བ་དང༌། ཚ་བ་གསུམ་དང༌། འདི་རྣམས་སྲང་རེ་རེ་དང༌། སེའུ་འབྲུ་དང༌། ཁ་ར་དཀར་པོ་སྲང་བརྒྱད་བརྒྱད་འདི་རྣམས་ཕྱེ་མར་བྱས་པ་ནི་སེའུ་འབྲུ་ཆ་བརྒྱད་པའི་ཕྱེ་མ་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ན་སྦྱོར་བ་གོང་མའི་ཡོན་ཏན་དང་འདྲའོ། །བད་ཀན་ལས་གྱུར་པའི་འཁྲུ་བའི་ཁ་ཟས་ནི་རླུང་ལས་གྱུར་པའི་འཁྲུ་བའི་ཁ་ཟས་དང་ཐུག་པའི་བྱེ་བྲག་ལ་སོགས་པ་སྦྱར་ཏེ་ཁྱད་པར་དུ་ཙང་གི་རི་དང༌། རྒྱ་ཤུག་སྐྱུར་པོ་རང་གི་ཁུ་བ་དང༌། དར་བ་རྣམས་བསྐོལ་བའི་ནང་དུ་བྱི་དང་ག་དང༌། ན་ལེ་ཤམ་དང༌། ཀ་པིད་ཏ་དང༌། དོང་གའི་ཕྱེ་མ་བཏབ་པའི་ཐུག་པ་ནི་ཁ་ལའི་ཐུག་པ་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་བད་ཀན་ལས་གྱུར་པའི་འཁྲུ་བ་ལས་རྒྱལ་ལོ། །བད་ཀན་ལས་གྱུར་པའི་མ་ཞུ་བའི་འཁྲུ་བ་ཟད་དེ། ཁུ་བར་འཁྲུ་བ་ལ་ནི་རྒྱ་སྐྱེགས་དང༌། དོང་ག་དང༌། པི་པི་ལིང་ལ་སོགས་པ་སྲང་དྲུག་གོང་དུ་སྨོས་པ་དང་ལྷན་ཅིག་ཏུ་ནས་ཐུག་དང་སྦྱར་བའམ། ཡང་ན་མར་རྙིང་པ་ནས་ཐུག་གམ། ཐུག་པ་རྐྱང་རྐྱང་པོ་དང་འཐུངས། ན་ཕན་ནོ། །རླུང་དང་བད་ཀན་ལས་གྱུར་པའི་འཁྲུ་བ་འགགས་པ་དང༌། བད་ཀན་ལས་གྱུར་པའི་ཤས་ཆེར་འཁྲུ་བ་དང༌། ཟུག་གཟེར་དང་བཅས་ཤིང་མཁྲེགས་པ་ལ་ནི་པིད་ཚའི་འཇམ་རྩི་རབ་ཏུ་བསྔགས་ཏེ། དེ་ཡང་ཤུ་དག་དང༌། བིལ་བ་དང༌། པི་པི་ལིང་དང༌། རུ་རྟ་དང༌། ཤུ་ཏི་དང༌། རྒྱམ་ཚ་དང༌། འདི་རྣམས་བིལ་བའི་མར་དང་ཚུལ་བཞིན་སྦྱར་བའམ། ཡང་ན་ཏིལ་མར་དང་བཅས་ཏེ་གཏང་ངོ༌། །རླུང་དང་བད་ཀན་གྱི་འཁྲུ་བ་ཤས་ཆེར་ཉམ་ཐག་པ་ལ་ནི་ཨ་ནུབ་ས་ན་དྲོ་འཇམ་ཙམ་གཏང་ངོ༌། །བད་ཀན་ཟད་དེ་ཡུན་རིང་པོར་འཁྲུ་ཞིང་ལུས་ཉམ་ཆུང་བ་དང༌། རླུང་གཞང་གི་ནང་དུ་སྟོབས་ཆེར་སྐྱེས་པ་ལ་ནི་དེ་མ་ཐག་རླུང་ཞི་བར་བྱ་བའི་ཆོ་ག་དང༌། གང་ཤས་ཆེ་བའི་གསོ་བ་ལ་འབད་པར་བྱའོ། །དེ་ཡང་ཐོག་མར་རླུང་གསོ་བར་བྱ་སྟེ། དེ་ནས་མཁྲིས་པ་དང༌། དེ་ནས་བད་ཀན་གསོའོ། །
ཡང་ན་ཐོག་མར་གང་ཤས་ཆེ་བ་རིམ་བཞིན་དུ་གསོའོ། །དེ་ལ་རླུང་འཁྲུགས་པར་བྱེད་པའི་རྒྱུ་ནི་འཇིགས་པ་དང༌། མྱ་ངན་གྱིས་ཀྱང་འཁྲུགས་པར་བྱེད་དེ། དེ་ལ་སྤྲོ་བསྲིང་བ་དང༌། དབྱུང་བ་དང༌། སེམས་དགའ་བ་ལ་སོགས་པའི་ཐབས་ཀྱིས་བཟློག་པར་བྱའོ། །འཁྲུ་བ་སོས་པའི་མཚན་མ་ནི་འཁྲུ་བ་ཆད་པ་དང་གཅིན་དང་འཕྱེན་བདེ་བར་འབྱུང་བ་དང༌། མེའི་དྲོད་ཆེ་བ་དང༌། ལྟོ་ཡང་བར་གྱུར་ན་ཁོང་ན་ནད་མེད་ཅིང་བདེ་བའི་མཚན་མ་ཡིན་ནོ། །གསོ་བའི་གནས་ལས་འཁྲུ་བ་གསོ་བའི་ལེའུ་སྟེ་དགུ་པ་རྫོགས་སོ།། །།དེ་ནས་ཕོ་བའི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། ཕོ་བའི་གནས་སུ་རླུང་ལ་སོགས་པའི་ཉེས་པ་སུན་པར་བྱ་སྟེ། མ་ཞུ་བར་གྱུར་ན་སྨྲ་བ་ལ་སོགས་པའི་ཚོད་རན་པར་བཟའ་བའི་ཆོ་ག་བཞིན་དུ་བྱའོ། །གོང་དུ་འཁྲུ་བ་སྨིན་པར་བྱ་བའི་ཆོ་ག་ཇི་ལྟར་བསྟན་པ་བཞིན་དུ་འདིར་ཡང་དེ་ལྟར་བྱ་སྟེ། ཁ་ཟས་ནི་བཀྲེས་པའམ། ཚ་བ་རྣམ་ལྔ་དང༌། ལན་ཚྭ་དང་བཅས་པ་ཡང་ཞིང་དྲོད་སྐྱེད་པའི་ཐུག་པ་ལ་སོགས་པ་སྦྱིན་ནོ། །གཞན་ཡང་དྲོད་བསྐྱེད་པའི་ཕྱིར། བལ་བུ་ལ་སོགས་པའི་ཕྱེ་མ་ཡང་སྦྱར་རོ། །མ་ཞུ་བ་ལ་བོང་ང་དཀར་པོ་དང༌། དོང་གྲ་དང༌། སེའུ་འབྲུ་ལ་སོགས་པའི་སྐྱུར་དང་སྦྱར་བའི་ཐུག་པ་བླུད་དོ། །ཕོ་བའི་ནད་མ་ཞུ་བ་འཁྲུ་བའི་བཏུང་བ་ནི་ཆུ་དང༌། དར་བ་དང༌། ཆང་ལ་སོགས་པ་གང་ལ་དད་པ་སྦྱིན་ནོ། །ཕོ་བའི་ནད་ཀྱིས་འཁྲུ་བའི་ནད་པ་ལ་ནི་དར་བས་དྲོད་སྐྱེད་ཅིང་འཁྲུ་བ་གཅོད། ལུས་ཡང་ཞུ་ན་བསོད་ལ་མངར་བའི་ཕྱིར་མཁྲིས་པ་མི་སྐྱེད་པ་སྐ་ཞིང་དྲོ་ལ་ཅུང་ཞིག་སྒྱུར་ཏེ་རྩུབ་པའི་ཕྱིར་བད་ཀན་ལ་ཕན་ནོ། །མངར་བ་དང༌། སྐྱུར་བ་དང༌། བསྐ་བའི་ཕྱིར་རླུང་ལ་ཕན་ཏེ། དར་བ་བསྲུབས་མ་ཐག་པའི་སར་པ་ནི་ཚ་བ་མི་སྐྱེ། སྐྱུར་རྣམ་བཞི་ཞེས་བྱ་བ། སེའུ་འབྲུ་དང༌། ཀ་པིད་ཏ་དང༌། ད་ཏྲིག་དང༌། ཨམ་ལ་བྲི་ཤ་དང་རྣམ་བཞི་སྐམ་པོ་ཕུལ་རེ་རེ་དང༌། ཚ་བ་གསུམ་སྲང་རེ་རེ་དང༌། ལན་ཚྭ་རྣམ་ལྔ་སྤྱིར་སྲང་བཞི་དང༌། ལི་ཁ་ར་
སྲང་བརྒྱད་དང༌། དེ་རྣམས་ཕྱེ་མར་བྱས་ནས་ལོ་མའི་ཚོད་མ་དང༌། སྲན་ཚོད་དང༌། བཟའ་བ་བསོད་པའི་ནང་དུ་བཏབ་སྟེ་འཐུངས་སམ་ཟོས་ན་ལུད་པ་དང༌། མ་ཞུ་བ་དང༌། ཡི་ག་འཆུས་པ་དང༌། དབུགས་མི་བདེ་བ་དང༌། སྙིང་ན་བ་དང༌། སྐྱ་རྦབ་རྣམས་འཇོམས་སོ། །མ་ཞུ་བ་སྨིན་པར་བྱ་བའི་ཕྱིར། དོང་ག་དང༌། བོང་ང་དཀར་པོ་དང༌། གླ་སྒང་དང༌། འདི་རྣམས་བསྐོལ་བའི་ཁུ་བའམ། ཡང་ན་ཕྱེ་མ་ཆུ་དྲོན་པོ་དང་སྦྱར་བའམ་ཡང་ན་དོང་ག་དང༌། ཨ་རུ་རའི་ཕྱེ་མ་ཆུ་དྲོན་དང་སྦྱར་བ་བླུད་དོ། །ཡང་ན་ཤུ་དག་གི་སྡེ་ཚན་དང་རྒྱམ་ཚ་དང་བཅས་པ་ཆུ་དྲོན་དང་སྦྱར་བའམ། ཡང་ན་ཆང་དང་སྦྱར་བ་བཏུང་ངོ༌། །ཕྱིས་མ་ཞུ་བར་འབྱུང་བ་ལ་ནི་ལན་ཚྭ་དང༌། བིལ་བ་དང༌། ཙི་ཏྲ་ཀ་དང༌། དོང་ག་དང༌། འདི་རྣམས་བཏགས་པའི་ཕྱེ་མ་སེའུ་འབྲུའི་ཁུ་བར་སྦྱར་པ་བཏུང་ངོ༌། །བད་ཀན་དང་རླུང་ལས་གྱུར་པའི་བེའུ་སྣབས་སུ་འཁྲུ་ཞིང་ཁོང་པ་ན་བ་ལ་ནི་དུག་མོ་ཡུངས་དང༌། ཤིང་ཀུན་དང༌། བོད་ང་དཀར་པོ་དང༌། ཤུ་དག་དང༌། ཁ་རུ་ཚ་དང༌། ཨ་རུ་ར་རྣམས་དྲོན་མོ་ལས་སྦྱར་བ་གཏད་དོ། །སྐྱུགས་ཤིང་ཚིགས་སུ་ཟུག་ཅིང་ན་བ་ལ་ནི་ཨ་རུ་ར་དང༌། ཁ་རུ་ཚ་དང༌། ཟི་ར་དང༌། ན་ལེ་ཤམ་དང༌། འདི་རྣམས་ཀྱི་ཕྱེ་མ་ཆུ་དྲོན་དང་སྦྱར་བ་བླུད་དོ། །པི་པི་ལིང་དང༌། དོང་ག་དང༌། པ་ཐ་དང༌། ཐལ་ཏྲེས་རྣམ་གཉིས་དང༌། བྲི་ཧ་ཏི་རྣམ་གཉིས་དང༌། ཙི་ཏྲ་ཀ་དང༌། དུག་མོ་ཡུངས་ཀྱི་ས་བོན་དང༌། ཐལ་བ་རྣམ་གཉིས་དང༌། ལན་ཚྭ་རྣམ་ལྔ་དང༌། འདི་རྣམས་ཀྱི་ཕྱེ་མ་ཆང་གི་སྙིང་བུའམ། ཞོའམ། ཆུ་དྲོན་མོའམ། སྐྱུར་གང་ཡང་རུང་བ་ལས་བཏང་ན་མེའི་དྲོད་སྐྱེད་ཅིང་ཁོང་པའི་སྤོ་བ་སེལ་བའི་མཆོག་ཡིན་ནོ། །ཡང་ན་ལན་ཚྭ་རྣམ་ལྔ་དང། ཐལ་བ་རྣམ་གཉིས་དང༌། ན་ལེ་ཤམ་དང༌། ཚ་བ་རྣམ་ལྔ་དང༌། ཨ་ཛ་མོད་དང༌། ཤིང་ཀུན་དང༌། དེ་རྣམས་ཀྱི་ཕྱེ་མ་སྐྱུར་རྩི་ཆེན་པོའམ། སེའུ་འབྲུའམ། རྒྱ་ཤུག་གང་ཡང་རུང་བའི་ཁུ་བ་ལས་རི་ལུར་བྱས་ཏེ་ཟོས་ན་འཁྲུ་བ་སྨིན་པ་དང་དྲོད་སྐྱེད་པའི་
མཆོག་ཡིན་ནོ། །བལ་བུའི་ལོ་མ་དང༌། དབྱི་མོ་དང༌། ན་ལེ་ཤམ་སྲང་རེ་རེ་དང༌། པི་པི་ལིང་མཱུ་ལ་སྲང་གཉིས་དང༌། བཅའ་སྒ་སྲང་གསུམ་དང༌། དྲི་སྣ་བཞི་དང༌། པུ་ཤེལ་ཙི་ཞོ་གཉིས་གཉིས་དང༌། དེ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མའི་སུམ་འགྱུར་གྱི་བུ་རམ་དང་རི་ལུར་བྱས་པ་ལ་ནི་བལ་བུའི་རི་ལུ་ཞེས་བྱ་སྟེ། རན་པར་ཟོས་པའི་རྗེས་ལ་ཆད་དང་ཤ་ལ་སོགས་པའི་ཁུ་བཅུད་དང༌། ཤ་ཁུ་དང་ཨ་རིཥྚའི་ཆང་དང༌། ཞོ་ག་ཆུ་དང༌། ཐུག་པ་དང༌། ལོ་མ་དང་འདི་རྣམས་གང་ཡང་རུང་བ་གསང་གནས་སུ་བྱིན་ཏེ། དེ་ལྟར་རྟག་ཏུ་བསྟན་ན་རླུང་དང་བད་ཀན་ལས་གྱུར་པའི་སྐྱུག་པ་དང༌། ཕོ་བ་ན་བ་དང༌། རྩིབ་ལོགས་དང༌། སྙིང་ན་བ་དང༌། རིམས་དང༌། སྐྲང་པ་དང༌། སྐྱ་རྦབ་དང༌། སྐྲན་དང༌། ཆང་ནད་དང༌། གཞང་འབྲུམ་དང༌། ཆམ་པ་དང༌། སྣ་ཆུ་འཛག་པ་དང༌། དབུགས་མི་བདེ་བ་དང༌། ལུད་པ་ལུ་བ་རྣམས་ལས་ཟློག་པར་བྱེད་དོ། །ཅི་སྟེ་འཁྲུ་བ་འགགས་ཏེ་ན་བ་ལ་ནི་གང་གི་སྦྱོར་བ་ལས་བཅའ་སྒ་ཕྱུང་ལ་ཨ་རུ་ར་སྲང་གསུམ་གྱིས་སྦྲུས་ཏེ་བསྲེས་པ་ཟོས་ན་ཕན་ནོ། །གལ་ཏེ་མཁྲིས་པ་ལས་གྱུར་པའི་སྐྱུག་པའི་ནད་དང༌། ཕོ་བའི་ནད་ལ་སོགས་པ་ལ་ནི་གོང་གི་སྦྱོར་བ་ལས་བུ་རམ་ཕྱུང་ལ་ཕྱེ་མའི་བཞི་འགྱུར་གྱི་ཁ་ར་དཀར་པོ་བསྲེས་ཏེ་རི་ལུར་བྱས་ཏེ་བ་བྲའོ། །རི་ལུ་དེ་ཡང་བུ་རམ་མམ། ཁ་ར་གང་དང་སྦྱོར་ཡང་ཆུ་དང་བསྐོལ་ཏེ་ཆུ་དུ་བ་དང་ཕྱེ་མ་བཅུག་ལ་རི་ལུར་བྱས་པ་ནི་ཡང་བའི་མཆོག་ཡིན་ནོ། །དེ་ནས་སྨན་གྱི་སྦྱོར་བ་དེ་དག་གིས་མ་ཞུ་བའི་འཁྲུ་བ་སྨིན་ཏེ། རླུང་ལས་གྱུར་བའི་ཕོ་བའི་ནང་དང༌། འཁྲུ་བ་སྐྱེས་ན་དྲོད་སྐྱེ་བའི་སྨན་དང་སྦྱར་བའི་མར་ཉུང་དུ་ཉུང་དུ་བཟའོ། །མེ་དྲོད་ཅུང་ཞིག་སྐྱེས་ཏེ་རླུང་དང༌། བཤང་གཅི་འགགས་ན་ཞག་གཉིས་གསུམ་སྣུམ་ཆོས་བྱས་ཏེ། དེ་ནས་ནི་རུ་ཧ་གཏང་བར་བྱའོ། །དེ་ནས་ཉེས་པ་རྣམས་བྱུང་བ་དང༌། ཨེ་རཎྜའི་མར་རམ་སེང་ཕྲོམ་གྱི་མར་གང་ཡང་རུང་བ་ཐལ་སྨན་དང་ལྷན་ཅིག་སྦྱར་ལ་བཀྲུ་སྨན་གཏང་ངོ༌། །
དེ་ལྟར་བྱས་པས་ལུས་དག་སྟེ། ཁོང་རྩུབ་ལ་ཕྱི་ས་འགགས་པར་གྱུར་ན་རླུང་སེལ་ཅིང་དྲོད་སྐྱེད་པའི་སྐྱུར་བའི་སྨན་དང་བཙོས་པའི་ཏིལ་མར་གྱི་ཨ་ནུ་བས་མས་གཏང་བར་བྱའོ། །དེ་ལྟར་བྱས་ཀྱང་ནད་མ་ཞི་ན་བཀྲུ་སྨན་དྲག་པོ་དང༌། བཀྲུ་སྨན་དང༌། འཇམ་རྩི་མས་གཏོང་བའི་སྦྱོར་བ་ཡང་དང་ཡང་དུ་བྱའོ། །དེ་ནས་ཁ་ཟས་ཡང་བ་མར་དང་བཅས་པའི་མེའི་དྲོད་དང་སྦྱར་ཏེ་ཡང་དང་ཡང་དུ་གོམས་པར་བྱའོ། །རྩ་བ་ལྔ་དང༌། ཨ་རུ་ར་དང༌། ཚ་བ་གསུམ་དང༌། པི་པི་ལིང་གི་རྩ་བ་དང༌། ལྕེ་མྱད་ཚ་དང༌། ར་སྣ་དང༌། ཀཥི་ར་རྣམ་གཉིས་དང༌། ཟི་ར་དང༌། བྱི་དང་ག་དང༌། ཟུར་པ་དང༌། དེ་རྣམས་མར་དང་ཚྭ་ལྷན་ཅིག་བསྐོལ་ཏེ་ཚྭ་དུ་བ་དང་ཕྱིར་ཕྱུང་ལ། སྐྱུར་རྩི་ཆེན་པོའི་རང་གི་ཁུ་བའི་ནང་དུ་ཡང་བསྐོལ་ཏེ་དེ་བཞིན་དུ་སྒེའུ་གཤེར་དང༌། ལ་ཕུག་སྐམ་པོ་དང༌། རྒྱ་ཤུག་སྐྱུར་པོ་དང༌། ཙུག་ཏྲི་ཀ་དང༌། བལ་པོ་སེའུ་དང༌། འདི་རྣམས་ཀྱི་རང་གི་ཁུ་བ་དང་དར་བ་དང༌། ཞོ་ག་ཆུ་དང༌། ཆང་གི་སྙིང་ཁུ་དང༌། ནས་ཀྱི་རྩབ་མོ་དང་འབྲས་ཀྱི་ཀཉྫི་དང༌། འདི་རྣམས་རེ་རེའི་ཁུ་བའི་ནང་དུ་གོང་གི་སྨན་དང་མར་རིམ་པས་བསྐོལ་ཏེ་ཁུ་བ་དུ་བ་དང་ཡང་ཕྱིར་ཕྱུང་སྟེ་ཡང་བསྐོལ་ལ་རིམ་པ་དེ་ལྟར་བྱས་པའི་མར་ནི་དྲོད་སྐྱེད་པའི་མཆོག་ཡིན་ཏེ། ཟུག་གཟེར་དང༌། སྐྲན་དང༌། དམུ་རྫིང་དང༌། དབུགས་མི་བདེ་བ་དང༌། ལུད་པ་དང༌། རླུང་དང་བད་ཀན་རྣམས་འཇོམས་སོ། །ཡང་ན་སྐྱུར་རྩི་ཆེན་པོའི་ཁུ་བ་དང༌། གོང་མའི་སྨན་ལྷན་ཅིག་བཟའོ། །ཏིལ་མར་གོང་མའི་རྩ་བ་ལྔ་ལ་སོགས་པའི་སྨན་དང་སྦྱར་བའི་ཏིལ་མར་གྱིས་བསྐུ་བྱུག་བྱས་ན་སེལ་ཏོ། །སྨན་དེ་དག་གི་ཕྱེ་མ་ཆུ་དྲོ་འཇམ་ཙམ་དང་སྦྱར་བ་འཐུངས་ན་རླུང་དང་བད་ཀན་འདྲེས་པའམ། བད་ཀན་ནམ་རླུང་ཉི་ཚེ་མ་ཞུ་བའི་འཁྲུ་བ་སེལ་ཏོ། །མཁྲིས་པའི་མེ་དྲོད་ཉམས་པའི་ཕོ་བ་འཁྲུ་བ་ལ་ནི་བཀྲུ་སྨན་ནམ་སློན་ཁྲུས་ཀྱིས་ཞི་བར་བྱ་སྟེ། ཁ་ཟས་ནི་ཁ་བ་དང༌། ཡང་བ་དང༌། འཁྲུ་བ་གཅོད་པ་དང༌། མེ་དྲོད་སྐྱེད་ཅིང་ཚ་བ་ཆུང་བའི་ཟས་དང༌། ཁབ་དང༌།
སྣུམ་པའི་ཕྱེ་མ་འོག་ནས་འབྱུང་བ་རྣམས་ཀྱང་མེའི་དྲོད་སྐྱེད་དོ། །པ་ཏོ་ལ་དང༌། ནིམ་པ་དང༌། ཀྱི་ལྕེ་བ་དང༌། པུ་ཙེ་ཤེལ་དང༌། ཏིག་ཏ་དང༌། པར་པ་ཏ་དང༌། དུག་མོ་ཡུངས་ཀྱི་ཤུན་ཕྲགས་དང་འབྲས་བུ་དང༌། མུར་བ་དང༌། ཤི་ཀྲུ་མངར་པོའི་འབྲས་བུ་དང༌། ཤུ་དག་དང་སྐྱེར་པའི་ཤུན་ཕྲགས་དང༌། ཤུག་པ་དང༌། པུ་ཤེལ་ཙེ་དང༌། ལ་ལ་ཕུད་དང༌། གླ་སྒང་དང༌། ཙནྡན་དཀར་པོ་དང༌། རྒྱ་ཚ་དང༌། བོང་ང་དང༌། ཚ་བ་གསུམ་དང༌། ཤིང་ཚ་དང༌། སུག་སྨེལ་དང༌། གནྡྷ་བྷ་དྲ་དང༌། ཐང་ཤིང་དང་འདི་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་ལྡེ་གུར་བྱས་ཏེ་བཟའ་བའམ། ཡང་ན་ཆང་ངམ་ཆུ་དང་བསྐོལ་ཏེ་འཐུངས་ན་སྙིང་ནད་དང༌། སྐྱ་རྦབ་ཀྱི་ནད་དང༌། ཕོ་བའི་ནད་དང༌། སྐྲན་དང༌། ཟུག་གཟེར་དང༌། མ་ཞུ་བ་དང༌། རིམས་དང༌། མིག་སེར་གྱི་ནད་དང༌། འདུས་པའི་ནད་དང༌། ཁའི་ནད་དང༌། འདི་རྣམས་འཇོམས་སོ། །ཏིག་ཏ་དང༌། པུ་ཙེ་ཤེལ་དང༌། གླ་སྒང་དང༌། ཚ་བ་གསུམ་དང༌། དུག་མོ་ཡུངས་རྣམས་ཆ་མཉམ་ལ་ཙི་ཏྲ་ཀ་སྨན་སྣ་གཅིག་གི་ཆ་གཉིས་དུག་མོ་ཡུངས་ཀྱི་ཤུན་ལྤགས་སྨན་སྣ་གཅིག་གི་བཅུ་དྲུག་འགྱུར་འདི་རྣམས་ཞིབ་ཏུ་བཏགས་ཏེ་བུ་རམ་དང་སྦྱར་ནས་ཆུ་གྲང་མོ་དང་སྦྱར་ཏེ་འཐུངས་ན་ཕོ་བའི་ནད་དང༌། སྐྲན་དང༌། མིག་སེར་དང༌། རིམས་དང༌། སྐྱ་རྦབ་དང༌། གཅིན་ནད་དང༌། ཡི་ག་འཆུས་པ་དང༌། འཁྲུ་བ་རྣམས་སེལ་ཏོ། །ཡང་ན་བཅའ་སྒ་དང༌། བོང་ང་དཀར་པོ་དང༌། ལིག་དུར་དང༌། པ་ཐ་དང༌། བིལ་བ་དང༌། ད་ཏ་ཀའི་མེ་ཏོག་དང༌། སྐྱེར་ཁཎྜ་དང༌། དུག་མོ་ཡུངས་ཀྱི་ཤུན་པ་དང༌། འབྲས་བུ་དང༌། ཏིག་ཏ་དང༌། འདི་རྣམས་སྦྲང་རྩི་དང་སྦྱར་ལ་འབྲས་བཀྲུས་པའི་ཁུ་བ་དང་འཐུངས་ན། མཁྲིས་པས་ཕོ་བ་ཉམས་པ་དང༌། ཁྲག་ཏུ་འཁྲུ་བ་དང་གཞང་འབྲུམ་དང༌། མཁྲེགས་པ་དང༌། གཞང་ཁ་ན་བ་ལ་སོགས་པ་ལ་ཕན་ནོ། །ཙནྡན་དང། ཤུ་དག་དང༌། པུ་ཤེལ་ཙི་དང༌། པ་ཐ་དང༌། མུར་བ་དང༌། ཀུ་ཏྲ་ན་ཏ་དང༌། ཤུ་དག་དང༌། ཤ་རི་བ་དང༌། ལོ་མ་བདུན་པ་དང༌། བ་ཤ་ཀ་དང༌། པ་ཏོ་ལ་དང༌། ཨུ་དུམྦཱ་ར་དང༌། ཨ་ཤྭདྠ་དང༌། ནྱ་གྲོ་དྷ་དང༌། བླག་ཤ་དང༌། ག་པི་ཏ་ན་དང༌། པུ་ཙེ་ཤེལ་དང༌། ལིག་
དུར་དང། ནིམ་པ་དང༌། དེ་རྣམས་སྲང་གཉིས་གཉིས་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ཏེ། བཞི་ཆ་ལུས་པའི་ནང་དུ་མར་དང༌། ཏིག་ཏ་དང༌། དུག་མོ་ཡུངས་དང༌། རམ་ཉེ་བ་དང༌། པི་པི་ལིང་དང༌། ཨུཏྤ་ལ་དང༌། དེ་རྣམས་ཀྱི་ཕྱེ་མ་དང་ལྷན་ཅིག་བསྐོལ་ལ་མར་འབའ་ཞིག་ལུས་པ་ལས་རན་པར་འཐུངས་ན་མཁྲིས་པས་ཕོ་བ་ཉམས་པ་ལ་ཕན་ནོ། །ཡང་ན་མཛེ་ནད་གསོ་བའི་སྐབས་སུ་བཤད་པའི་ཏིག་ཏའི་སྨན་མར་གཏང་ངོ༌། །བད་ཀན་གྱིས་ཕོ་བའི་མེ་དྲོད་ཉམས་པ་ལ་ནི་སྨན་རྣོན་པོ་པི་པི་ལིང་དང༌། ཡུངས་ཀར་ལ་སོགས་པ་དང་སྦྱར་བའི་སྐྱུག་སྨན་གཏང་ངོ༌། །དེ་ནས་རོ་ཚ་བ་དང༌། སྐྱུར་བ་དང༌། ལན་ཚྭ་དང་ཐལ་སྨན་རྣོན་པོ་ལ་སོགས་པས་རིམ་གྱིས་མེ་དྲོད་སྐྱེད་པར་བྱེད་དོ། །མ་ཧུ་ལུང་ཀའི་མྱུ་གུ་དང༌། ཨ་རུ་ར་དང༌། པ་ཏ་དང་འུ་སུ་དང་ཚ་བ་རྣམ་ལྔ་དང༌། པ་ལ་ཤ་དང༌། འདི་རྣམས་ཞོ་གཉིས་གཉིས་ཆུ་སྲང་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་བསྐོལ་ཏེ་བཞི་ཆ་ལུས་པ་དང༌། དེ་ལས་བཏུས་པ་དང༌། ཐུག་པ་ལ་སོགས་པ་དང་སྦྱར་ཏེ་བླུད་དོ། །མ་དུ་ལུང་ཀའི་མེ་ཏོག་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང༌། བྱི་དང་ག་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང༌། ཙི་ཏྲ་ཀ་སྲང་དྲུག་བརྒྱ་རྩ་བཞི་དང༌། བསེ་ཤིང་གི་འབྲས་བུ་སྲང་སུམ་ཅུ་རྩ་གཉིས་དང༌། བཙོད་སྲང་བརྒྱད་དང༌། འདི་རྣམས་ཆུ་སྲང་སྟོང་ལྔ་བརྒྱ་རྩ་དྲུག་དང་བསྐོལ་ལ། སུམ་ཆ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ལུས་པ་དང་གྲངས་པའི་ནང་དུ་སྦྲང་རྩི་སྲང་སུམ་ཅུ་རྩ་གཉིས་བཏབ་སྟེ། སུག་སྨེལ་དང་པདྨའི་རྩ་བ་དང༌། ཨ་ཀ་རུ་དང༌། ཙནྡན་དང་འདི་རྣམས་ཀྱི་ལྡེ་གུས་བུམ་པ་སྣུམ་ཅན་གྱི་ནང་དུ་གོང་གི་སྨན་བཅུག་ལ་ཟླ་བ་གཅིག་བཞག་སྟེ་སྨན་པའི་ཆང་འཐུངས་ན་ཕོ་བའི་མེ་དྲོད་སྐྱེད་པ་དང༌། ལུས་ཀྱི་ཉམས་སྟོབས་འཕེལ་བ་དང༌། ཁྲག་མཁྲིས་སེལ་བ་སྟེ། ཁྱད་པར་དུ་སྐེམ་ནད་དང༌། མཛེ་དང༌། ཤ་བཀྲ་དང༌། གཅིན་སྙི་བ་རྣམས་འཇོམས་སོ། །ཡང་ན་མ་དུ་ལུང་ཀའི་ཁུ་བ་ཕྱེད་དུ་བར་བསྐོལ་བའི་ནང་དུ་སྦྲང་རྩི་དེའི་བཞི་ཆ་གཅིག་བཏབ་ལ་སྦྱོར་བ་གོང་མ་བཞིན་དུ་བྱས་པའི་ཆང་ཟན་ཕན་པ་དང་ལྷན་ཅིག་བསྟེན་ན་ཕོ་བའི་ནད་ཐམས་ཅད་ཞི་སྟེ་ཕན་ཡོན་གོང་མ་དང་འདྲའོ། །དེ་བཞིན་དུ་རྒུན་འབྲུ་བུ་རམ་ཤིང་དང༌། འབྲ་གོ་རྣམས་ཀྱི་
ཁུ་བ་ཕྱེད་དུ་བར་བསྐོལ་ཏེ་སྦྲང་རྩི་བཞི་ཆ་གཅིག་བཏབ་སྟེ་སྦྱོར་བ་གོང་མ་ལྟར་བྱས་པ་ཡང་ཕན་ཡོན་དེ་དང་འདྲའོ། །ཤིང་ཀུན་དང༌། པུ་ཙེ་ཤེ་ལ་དང༌། ཤུ་དག་དང༌། བོང་ང་དང༌། དུག་མོ་ཡུངས་དང༌། གཟེ་མ་དང༌། ཚ་བ་ལྔ་དང༌། པ་ཐ་དད་འདི་རྣམས་ཞོ་གཉིས་གཉིས་དང༌། ལན་ཚྭ་རྣམ་ལྔ་སྲང་རེ་རེ་དང༌། འདི་རྣམས་ཆམ་ཆོམ་བརྡུངས་པ་དང༌། མར་དང་ཏིལ་མར་གཉིས་སྲང་བཅུ་དྲུག་བཅུ་དྲུག་དང༌། ཞོ་སྲང་དྲུག་ཅུ་རྩ་བཞི་དང༌། འདི་རྣམས་མེ་མི་ཆེ་བ་དང་བསྐོལ་ཏེ་ཁུ་བ་དུ་སྟེ་ནུར་ནུར་པོར་གྱུར་པ་དང༌། མར་དང་དངས་སྙིགས་ཕྱེ་ལ་སྙིགས་མ་ཞི་ག་ཁ་ཁབ་ཅན་གྱི་ནང་དུ་བསྲེགས་ཏེ་ཐལ་བར་གྱུར་པ་དང༌། སྔ་མའི་མར་དང་ལྷན་ཅིག་ལག་པའི་ནང་དུ་ལྡེ་གུར་བྱས་ཏེ་ཞོ་གཉིས་ཙམ་འཐུངས་ལ་དེ་ཞུ་བའི་ཚོད་ཙམ་ན་སྦྲང་རྩི་ལ་སོགས་པ་མངར་བའི་ཟས་ཟོས་ན་རླུང་དང་བད་ཀན་ལས་གྱུར་པའི་ནད་ཐམས་ཅད་ལས་གྲོལ་ཏེ་ཁྱད་པར་དུ་དུག་དང་དབྱིག་དུག་འཇོམས་སོ། །ཏིག་ཏ་དང༌། པུ་ཙེ་ཤེལ་དང༌། པ་ཏོ་ལ་དང༌། ནིམ་པ་དང༌། པར་པ་ཏ་དང༌། འདི་རྣམས་གོང་མ་ལྟར་བསྲེགས་པའི་ཐལ་བ་དང༌། མ་ཧེའི་གཅིན་དང་བསྲེས་ཏེ་འཐུངས་ན་མེ་དྲོད་སྐྱེད་པར་བྱེད་དོ། །ཡང་ན་སེར་པོ་རྣམ་གཉིས་དང༌། ཤུ་དག་དང༌། རུ་རྟ་དང༌། ཙི་ཏྲ་ཀ་དང༌། པུ་ཙེ་ཤེལ་དང༌། ག་དུར་དང༌། འདི་རྣམས་ཀྱི་ཕྱེ་མར་གཅིན་དང་སྦྱར་བ་འཐུངས་ན་མེའི་དྲོད་སྐྱེད་དོ། །སུ་དྷཱ་ཀྵི་རའི་ཤིང་སྲང་བཞི་དང་ལན་ཚྭ་རྣམ་གསུམ་སྲང་རེ་རེ་དང་བར་ཏ་ཀ་བསྐོལ་བ་བསྐམས་པ་སྲང་བཞི་དང༌། ཨརྐ་སྲང་བརྒྱད་དང༌། ཙི་ཏྲ་ཀ་སྲང་གཉིས་དང༌། འདི་རྣམས་ཡང་གོང་མ་ལྟར་བསྲེགས་པའི་ཐལ་བ་བྱེའུ་བར་ཏ་ཀའི་ཁུ་བ་དང་རི་ལུར་བྱས་ཏེ། ཁ་ཟས་ཀྱི་གོང་དུ་ཡང་དང་ཡང་དུ་ཟོས་ན་ཟས་མྱུར་དུ་འཇུ་ཞིང་ཁྱད་པར་དུ་ལུད་པ་དང༌། དབུགས་མི་བདེ་བ་དང༌། གཞང་འབྲུམ་དང༌། གསུང་པ་དང༌། ཆམ་པ་དང༌། སྙིང་ནད་རྣམས་ཞི་བར་བྱེད་ཅིང་འཇོམས་སོ། །ཡང་ན་ཁ་ལུང་དང༌། ཟུར་པ་དང༌། ར་སྣ་དང༌། ཚ་བ་གསུམ་དང༌། ཨ་རུ་ར་དང༌། སྭ་རྫི་ཀའི་ཐལ་བ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། ལན་ཚྭ་རྣམ་ལྔ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་ཆུ་དྲོ་འཇམ་ཙམ་དང་འཐུངས་ན་སྟོབས་དང་མདོག་དང་མེ་དྲོད་འཕེལ་བར་བྱེད་དོ། །བད་ཀན་གྱི་ཕོ་བའི་ནད་དེ་རླུང་དང་བཅས་པ་ཡིན་ན་ནི་གོང་
གི་སྨན་དེ་དག་མར་དང་བསྐོལ་ཏེ་སྦྱིན་ནོ། །ཡང་ན་ཐང་ལ་འབར་གྱིས་བཤད་པའི་སྨན་མར་གཅིན་ནད་ཀྱི་སྐབས་སུ་བསྟན་པ་དང༌། སྲང་དྲུག་པ་ཞེས་བྱ་བའི་སྨན་མར་གཅོང་ཆེན་པོའི་སྐབས་སུ་བཤད་པ་དང༌། གོ་བྱེའི་སྨན་མར་སྐྲན་ནད་ཀྱི་སྐབས་སུ་བསྟན་པ་དེ་དག་ལས་གང་ཡང་རུང་བ་ཉེས་པའི་སྟོབས་ཆེ་ཆུང་དང་སྦྱར་ཏེ་གཏང་ངོ༌། །ལན་ཚྭ་ནག་པོ་དང༌། ཁ་རུ་ཚ་དང༌། བུལ་ཏོག་དང༌། སྭརྫི་ཀའི་ཐལ་བ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། སབ་ཏ་ལ་དང༌། ཀཎྜ་ཀ་རི་དང༌། ཙི་ཏྲ་ཀ་དང༌། འདི་རྣམས་གཅིག་ཏུ་སྔ་མ་བཞིན་དུ་བསྲེས་ཏེ་ཐལ་བ་ཆུ་དང་བསྲེས་པ་ལ་རས་ཀྱིས་ལན་བདུན་བཙགས་ཏེ་ཁུ་བ་སྲང་དྲུག་ཅུ་རྩ་བཞིའི་ནང་དུ་མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་བཅུག་སྟེ་བསྐོལ་ཏེ་མར་ལུས་པ་དང༌། རན་པར་འཐུངས་ན་མེའི་དྲོད་སྐྱེད་དོ། །འདུས་པའི་ཕོ་བའི་ནད་ལ་ནད་སྟོབས་ཇི་ལྟ་བ་བཞིན་དུ་ལས་རྣམ་ལྔའི་དཔྱད་བྱའོ། །བད་ཀན་ཅན་མཆིལ་མ་མང་ཞིང་མེ་དྲོད་ཆུང་བ་ལ་ནི་རྩུབ་པ་དང༌། ཁ་བ་དང༌། མེའི་དྲོད་སྐྱེད་པའི་སྨན་སྦྱར་རོ། །ལུས་རྗུད་པ་ལ་ནི་སྣུམ་པ་དང༌། རྩུབ་པ་དང་བཅས་པར་རེས་ཀྱིས་བསྟན་ཏོ། །རླུང་གི་ཤས་ཆེ་ཞིང་མེ་དྲོད་ཆུང་སྟེ་ལུས་ཤ་ཟད་ཅིང་སྐེམ་པ་ལ་ནི་ཚ་བ་དང་དྲོད་སྐྱེད་པའི་སྨན་ཚ་བ་རྣམ་ལྔ་ལ་སོགས་པ་དང་སྦྱར་བའི་སྨན་སྦྱིན་ནོ། །མེ་གྲོད་ཆུང་ཞིང་མཁྲིས་པ་ཤས་ཆེ་བ་ལ་ནི་དྲོད་སྐྱེད་པའི་བག་ཁ་བ་དང༌། ཚ་བ་དང༌། མངར་བའི་སྨན་དང་ལྷན་ཅིག་སྦྱར་བ་བླུད་དོ། །རླུང་ཤས་ཆེ་ཞིང་མེ་དྲོད་ཆུང་བ་ལ་ནི་སྣུམ་དང་སྐྱུར་དང་ལན་ཚྭ་དང་ལྡན་པ་རབ་ཏུ་བསྔགས་སོ། །ཉམ་ཆུང་བ་ལ་ནི་མེ་དྲོད་སྐྱེད་ཅིང་སྣུམ་བསྟན་པ་ནི་མཆོག་ཡིན་ནོ། །སྣུམ་ཤས་ཆེ་བ་ལ་ནི་མར་དང་ཟས་ལྕི་བ་རྣམས་ཀྱང་སྤང་ངོ༌། །སྐྱེས་བུ་གང་མེ་དྲོད་ཆུང་ཞིང་བད་ཀན་ཟད་དེ་ཕྱིས་འགག་ཅིང༌། རེས་འགའ་སླ་བར་འབྱུང་བ་ལ་ནི་ལན་ཚྭ་དང་སྦྱར་བའི་མར་ཉུང་ངུ་ཟོས་ན་མེ་དྲོད་དང་མཉམ་དུ་གནས་པའི་རླུང་དེ་གནས་སུ་འདྲེན་པར་བྱེད་དོ། །རང་གི་ལས་དྲོད་སྐྱེད་པར་འགྱུར་རོ། །བད་ཀན་ཟད་ཅིང་མེ་དྲོད་ཆུང་ལ་མ་ཞུ་བ་བེའུ་སྣབས་སུ་འཁྲུ་བ་ལ་ནི། མར་ལ་མེའི་དྲོད་སྐྱེད་པའི་སྨན་དང་སྦྱར་བ་བླུད་ན་མེ་དང་མཉམ་དུ་གནས་པའི་རླུང་གི་གནས་དག་པས་ཕྱིར་རང་གི་གནས་སུ་འོང་ལ། དེ་ལྟར་མེ་དང་མཉམ་དུ་གནས་པའི་རླུང་དང་མེ་དྲོད་ལྷན་ཅིག་གནས་ན་
སྐྱེས་བུའི་སྟོབས་མྱུར་དུ་སྐྱེད་པར་བྱེད་དོ། །ཕྱི་ས་འབྱུང་དཀའ་ལ་སྲ་བར་འོང་བ་ལ་ནི། མར་ལན་ཚྭ་དང་བཅས་པ་ཟས་ཀྱི་ནང་དུ་བཏུང་ངོ༌། །ཁོང་རྩུབ་ཅིང་མེ་དྲོད་ཆུང་བ་ལ་ནི་མར་རམ་ཏིལ་མར་དྲོད་སྐྱེད་པའི་སྨན་དང་སྦྱར་བ་བླུད་དོ། །སྣུམ་མང་དུ་འཐུངས་ཏེ་དྲོད་ཉམས་པ་ལ་ནི་སློན་ཁྲུས་ཀྱིས་ལུས་དག་པར་བྱས་ནས་ཁ་ཟས་ཀྱི་ཆོ་ག་ཚུལ་བཞིན་དུ་བྱའོ། །ནད་བྱང་སྟེ་མེ་དྲོད་ཆུང་བ་ལ་ནི་མར་ཉི་ཚེ་བའི་སྨན་དང་སྦྱར་བས་དྲོད་སྐྱེད་དོ། །ལམ་དང་སྨྱུང་བ་བྱས་པས་ལུས་ཉམ་ཆུང་ཞིང༌། མེའི་དྲོད་ཉམས་པ་ལ་ནི་ནས་ཐུག་མར་གྱིས་བཏབ་པ་བླུད་དོ། །ཡང་ན་འབྲས་ཀྱི་ཁུ་བས་སྟོབས་སྐྱེད་ཅིང་གང་མེ་དྲོད་སྐྱེད་པ་ཉམས་སྟོབས་འཕེལ་བར་བྱེད་པའི་སྨན་གང་ཡང་རུང་བས་བྱའོ། །ཡུན་རིང་དུ་འདོད་པ་སྤྱད་པས་ཤ་ཟད་ཅིང་ལུས་ཉམ་ཆུང་སྟེ་རིང་པ་ཕོ་བའི་དྲོད་ཉམས་པའི་མི་ལ་ནི་སྲོག་ཆགས་ཤ་རྗེན་ཟ་བའི་ཤ་སྐྱུར་དང་སྦྱར་བའམ། རོ་ཚ་བ་ཡང་བ་དྲོན་པོ་འཐུངས་ན་དྲི་མ་དག་པར་འགྱུར་ཏེ། མྱུར་དུ་མེ་དྲོད་སྐྱེད་དོ། །དེ་ཡང་ཤས་ལུས་སྐྱེད་པའི་ཕྱིར་ཉིང་ཤ་ཅན་གྱི་ཤ་ཁྱད་པར་དུ་ཉམས་སྟོབས་སྐྱེད་པར་བྱེད་དོ། །སྣུམ་དང༌། ཨ་ས་བའི་ཆང་དང༌། ཨ་རི་ཏིའི་ཆང་དང༌། སྨན་བསྐོལ་དང༌། ཟས་འཕྲོད་པ་རྣམས་ཡང་དག་པར་སྦྱར་ན་ལུས་ཀྱི་སྟོབས་དང་མེ་དྲོད་འཕེལ་བར་བྱེད་དོ། །ཇི་ལྟར་ཕྱི་རོལ་གྱི་མེ་གནས་པ་ལ་ཤིང་གི་སྙིང་པོ་སེང་ལྡེང་ལ་སོགས་པ་བཅུག་ན་མེ་རྟག་པ་དང་འདྲ་བར་ལུས་ཀྱི་མེ་ལ་ཡང་སྣུམ་དང་བཅས་པའི་ཟས་ཟོས་ན་མེ་དྲོད་སྐྱེད་ཅིང་བརྟན་པར་འགྱུར་རོ། །ཟས་མ་ཟོས་པ་དང༌། ཟས་ཧ་ཅང་འགྲངས་པ་ལས་མེའི་དྲོད་སྐྱེད་པར་མི་བྱེད་དེ། ཇི་ལྟར་ཤིང་མེད་པ་དང༌། ཤིང་མངས་པས་མེ་ཆེར་མི་འབར་བ་བཞིན་ནོ། །གང་གི་ཚེ་བད་ཀན་བྲི་སྟེ་མཁྲིས་པ་རང་གི་གནས་སུ་རླུང་དང་ལྷན་ཅིག་གནས་པས་དྲོད་སྐྱེད་པ་དེའི་ཚེ་མེ་དང་རླུང་འདྲེས་པ་ཡིན་ཏེ། དེས་ན་དང་པོ་ཁ་ཟས་མྱུར་དུ་འཇུ་བར་བྱས་ནས། དེའི་འོག་ཏུ་ཁམས་དང་མདངས་ཐམས་ཅད་བསྲེགས་བཙོས་ནས་འཆི་བར་འགྱུར་རོ། །སྐྱེས་བུ་དེའི་ནད་ཁོང་ན་ཡོད་ཀྱི་བར་དུ་ཐ་མལ་པ་ཡིན་ན་ཡང་དེ་མ་ཐག་པར་འཇུ་སྟེ། དེ་ནས་ཁམས་རྣམས་ལ་ཡང་འཇུག་པར་འགྱུར་རོ། །མེ་དྲོད་ཤིན་ཏུ་ཆེ་བ་ལས་སྐོམ་དད་དང༌། དབུགས་མི་བདེ་བ་དང༌། ཚ་བ་དང༌། བརྒྱལ་བར་བྱེད་པའི་ནད་འབྱུང་བར་འགྱུར་རོ། །མེའི་དྲོད་ཆེ་བ་དེ་ལྟ་བུ་ལ་ནི། ཁ་
ཟས་ལྕི་བ་དང༌། སྣུམ་པ་དང༌། བསྐ་བ་དང༌། སྨིན་སྐྱེན་པའི་ཟས་དང༌། གྲང་བ་དང༌། བརྟན་པ་ལ་སོགས་པའི་བཟའ་བ་དང་བཏུང་བས་ཞི་བར་བྱ་བ་ནི་ཆུས་མེ་བསད་པ་བཞིན་ནོ། །ཁ་ཟས་མ་ཞུར་ཟིན་ཀྱང་ཁ་ཟས་ཡང་དང་ཡང་དུ་བཟའ་བར་བྱ་སྟེ། ཁ་ཟས་མ་ཟོས་ན་ནང་གི་མེའི་བུད་ཤིང་མེད་པས་ཁམས་ལ་གནོད་དེ་འཆི་བར་འགྱུར་རོ། །མེའི་སྟོབས་ཆེས་པའི་སྐྱེས་བུ་ལ་ནི་ཏིལ་དང་མོན་སྲན་སྡེའུ་ལ་སོགས་པ་ལས་བྱས་པའི་ས་རའི་ཐུག་པ་དང༌། འོ་ཐུག་དང་ཚིལ་དང་ཞག་ལ་སོགས་པའི་སྣུམ་དང༌། ནས་ཐུག་བུ་རམ་དང་སྦྱར་བའི་ཐུག་པ་དང༌། སྲོག་ཆགས་ཆུ་ལ་གནས་པ་རུས་སྦལ་ལ་སོགས་པ་དང། ཆུ་འགྲམ་ན་གནས་པའི་ངང་པ་ལ་སོགས་པ་འདི་རྣམས་ཀྱི་ཤ་མར་ལ་བརྔོས་པ་དང༌། ཁྱད་པར་དུ་ཉའི་ཤ་འཇམ་པོ་ཆུ་མི་གཡོ་བ་ལ་གནས་པ་དང༌། ལུག་ཤ་ལེགས་པར་བརྔོས་པ་ཟོས་ན་མེའི་དྲོད་སྐྱེད་དོ། །དེས་ཀྱང་མ་ཞི་ན་འོ་མ་སྤྲ་ཚིལ་དང་སྦྱར་བའམ། ཡང་ན་མར་དང་སྤྲ་ཚིལ་དུ་སྦྱར་བ་སྐོམ་དུ་བླུད་དོ། །བག་ཕྱེ་དང་མར་དང་འོ་མ་སྦྱར་བའི་སྐོམ་མང་དུ་བླུད་དོ། །ཡང་ན་བག་ཕྱེ་སྲོག་ཆགས་ཐང་ལ་གནས་པའི་ཤ་ཁུ་དང་ཏིལ་མར་སྦངས་པའི་སྣུམ་གང་ཡང་རུང་བ་དང་སྦྱར་བ་བླུད་དོ། །ཡང་ན་ཤ་མ་དུར་བྱིད་འོ་མ་དང་སྦྱར་བའི་བཀྲུ་སྨན་གཏང་ངོ༌། །ལན་མང་དུ་མཁྲིས་པ་སེལ་བའི་སྨན་བཏང་ལ། དེའི་འོག་ཏུ་འོ་མ་དང་བཅས་པའི་ཟས་བཟའོ། །ཁ་ཟས་ལྕིབ་དང༌། མི་གཙང་བ་དང༌། བད་ཀན་སློང་བར་བྱེད་པའི་ཟས་དང་ཟས་ཟོས་པའི་འོག་ཏུ་ཉིན་པར་ཉལ་བར་བྱེད་པས་ཀྱང་ཕོ་བའི་དྲོད་འཇོམས་པར་བྱེད་དོ། །ཕོ་བའི་དྲོད་ཤས་ཆེ་ན་ཁ་ཟས་སྲེག་པར་བྱེད་ལ། དེ་ནས་ནད་གཞི་དང༌། ཁམས་དང༌། སྲོག་རྣམས་རིམ་བཞིན་དུ་བསྲེགས་ནས་འཆི་བར་འགྱུར་རོ། །དེ་ལྟར་ཟས་ལྕི་བ་ལ་སོགས་པ་དེ་དག་ནི་རང་བཞིན་གྱིས་མི་མཐུན་པ་ཡིན་ནོ། །ཡང་སྦྱོར་བའི་དབང་གིས་ཤེས་པར་བྱ་སྟེ། ཅི་འདོད་པ་བཞིན་དུ་མི་རུང་སྟེ། དེ་བས་ན་མི་རྣམས་ཀྱི་སྟོབས་མེ་ལས་འབྱུང་ལ། སྟོབས་ལས་ནི་སྲོག་གྲུབ་པ་དེ་བས་ན་མེའི་དྲོད་སྐྱེད་ཅིང་མེ་དྲོད་རན་པར་བྱ་བ་ལ་འབད་ཅིང་བསྲུང་བར་བྱའོ། །དེ་ལྟ་བས་ན་མེ་དྲོད་ཉམས་ན་ནི་མིའི་སྲོག་ཀྱང་ཉམས་པར་འགྱུར་བ་ཡིན་ཏེ། མེ་དྲོད་ཆེ་ཆུང་དུ་སོང་ན་ནི་ནད་སྣ་ཚོགས་ཀྱང་འབྱུང་ལ། མེ་དྲོད་མ་ཉམས་ན་ནི་ནད་མེད་ཅིང་ཚེ་རིང་བར་འགྱུར་རོ། །གསོ་བའི་གནས་ལས་ཕོ་བའི་ནད་གསོ་བའི་ལེའུ་བཅུ་པ་རྫོགས་སོ།། །།
དེ་ནས་གཅིན་འགགས་པའི་ནད་གསོ་བའི་ལེ་འུ་བཤད་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི་གཅིན་འགགས་པའི་ནད་ལ་ནི། རླུང་འཇོམས་པའི་སྨན་ཏིལ་མར་དང་སྦྱར་བས་ལྟེ་བའི་འོག་མན་ཆད་དུ་བསྐུ་བྱུག་བྱ་སྟེ། སྣུམ་དང་ལྡན་པའི་དུགས་དང༌། བླུགས་པའི་དུགས་དང་བྱུག་པ་རྣམས་བྱའོ། །རྩ་བ་བཅུ་པ་དང༌། བ་ལ་དང༌། ཨེ་རཎྜ་དང༌། ནས་དང༌། ཉེའུ་ཤིང་དང༌། བ་སྤྲུ་བ་དང༌། རྒྱ་སྲན་དང༌། རྒྱ་ཤུག་དང༌། ལྕགས་དང༌། བ་སྤྲུ་བ་མེ་ཏོག་དམར་པོ་ཅན་དང༌། སྲུ་སྲུའི་རྩ་བ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་མར་དང༌། ཕག་ཚིལ་དང༌། ལན་ཚྭ་རྣམ་ལྔ་དང་ཆུ་དང་ཚུལ་བཞིན་བསྐོལ་ཏེ། བཏུང་བ་དང༌། བྱུག་པ་དང༌། དུགས་ལ་སོགས་པ་བྱས་ན་ཟུག་གཟེར་འཇོམས་པའི་མཆོག་ཡིན་ནོ། །ཡང་ན་གོང་གི་སྨན་དེ་རྣམས་འབྲུ་མར་འབྱུང་བའི་འབྲས་བུའི་རིགས་རྣམས་དང༌། སྐྱུར་དང་སྣུམ་མང་པོ་དང་ལྡན་པར་བཏུང་བ་དང༌། ཟས་དང་བྱུག་པ་ལ་སོགས་པ་བྱས་ན་ཕན་ཡོན་གོང་མ་དང་འདྲའོ། །བཏུང་བ་ནི་ཁ་རུ་ཚ་མང་པོ་དང་སྦྱར་བའི་ཆང་འཐུངས་ན་གཅིན་འགགས་པ་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་གཅིན་འགགས་པའི་ནད་ལ་ནི་བསིལ་བས་ལུས་ལ་བླུགས་པ་དང༌། བྱུག་པ་དང་ལུམས་བྱའོ། །ཉེའུ་ཤིང་དང་གཟེ་མ་དང༌། བཏ་རི་དང༌། རྒུན་འབྲུ་དང༌། རྩའི་རྩ་བ་དང༌། འདི་རྣམས་ཚུལ་བཞིན་བསྐོལ་བའི་ནང་དུ་སྦྲང་རྩི་དང༌། ཤ་ཁ་ར་བཏབ་པ་བླུད་ངོ༌། །བ་ཤ་ཀ་དང༌། ག་གོན་དང༌། ཨེར་བ་རུ་དང༌། ལེ་བརྒན་རྩི་འདི་གསུམ་གྱི་ས་བོན་དང༌། གུར་ཀུམ་དང༌། འདི་རྣམས་ཀྱི་ཕྱེ་མ་རྒུན་ཆུ་དང་སྦྱར་བ་འཐུངས་ན་གཅིན་འགགས་པའི་ནད་ཐམས་ཅད་སེལ་ཏོ། །ཡང་ན་རྒྱལ་མོ་ག་གོན་གྱི་ས་བོན་དང་ཤིང་མངར་དང༌། སྐྱེར་པའི་ཕྱེ་མ་དང་འབྲས་བཀྲུས་པའི་ཆུ་དང་འཐུངས་ན་ཡང་ཕན་ནོ། །ཡང་ན་རྒུན་འབྲུམ་ཆམ་ཆོམ་བརྡུངས་ནས་ཆུ་དང་སྦྱར་བ་འཐུངས་ན་ཕན་ནོ། །བད་ཀན་ལས་གྱུར་པའི་གཅིན་འགགས་པའི་ནད་ལ་ནི་ཐོག་མར་དུགས་བྱས་ལ་དེའི་འོག་ཏུ་རྣོ་བ་དང༌། དྲོ་བ་དང༌། ཚ་བའི་སྐྱུག་སྨན་བཏང་ངོ༌། །བཟའ་བ་ནི་ནས་ལས་བྱས་པའི་ཟན་དང༌། ཁུར་བ་ལ་
སོགས་པ་རྣོ་བ་དང༌། ཚ་བ་དང༌། ནས་ཚིགས་འཁུས་པའི་ཐལ་བ་དང༌། དར་བ་དང་བཅས་པ་སྦྱིན་ནོ། །བཏུང་བ་ནི་སུག་སྨེལ་ལམ། སྐྱུ་རུ་རའི་འབྲས་བུ་གང་ཡང་རུང་བ་དང་ཆང་དུ་སྦྱར་བ་བླུད་དོ། །ཡང་ན་བྱ་བཞད་ཀྱི་རུས་པ་དང༌། གཟེ་མ་དང༌། སུག་སྨེལ་དང༌། ཚ་བ་གསུམ་དང༌། འདི་རྣམས་སྦྲང་རྩི་དང་བ་གཅིན་དང་སྦྱར་བ་བཏུང་ངོ༌། །ཡང་ན་ཀཎྜ་ཀ་རི་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་བླུད་དོ། །ཡང་ན་ཤིང་ཏི་པ་ར་གའི་ས་བོན་ཞིབ་ཏུ་བཏགས་པའི་ཕྱེ་མ་དང་དར་བ་བསྐྱོས་ཏེ་བླུད་དོ། །ཡང་ན་དྷ་བ་དང༌། སབ་ཏ་པརྞི་དང༌། དུག་མོ་ཡུངས་དང༌། སླེ་ཏྲེས་དང༌། དོང་ག་དང༌། ཀེའུ་ཀ་དང༌། སུག་སྨེལ་དང༌། ཤེ་ཏ་ཀ་རཉྫ་དང༌། འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་དང་སྦྱར་བ་འམ་ཡང་ན་དེ་རྣམས་སྦྱར་བའི་ཐུག་པ་བླུད་དོ། །ཡང་ན་བྱུ་རུ་བཏགས་པའི་ཕྱེ་མ་འབྲས་བཀྲུས་པའི་ཆུ་དང་ལྷན་ཅིག་བཏུང་ངོ༌། །ཡང་ན་ཤིང་པ་ཏ་ལའི་ཐལ་བའི་ཆུ་དང་སྦྱར་བ་ལན་བདུན་བཙགས་པའི་ཁུ་བ་ཏིལ་མར་དང་སྦྱར་བ་བླུད་དོ། །ཡང་ན་ཤིང་པ་ཏ་ལ་དང༌། ཡ་བ་ཀྵ་ར་དང༌། པ་རི་པ་ཏྲ་དང༌། ཏིལ་དང༌། དེ་རྣམས་ཀྱི་ཐལ་བ་ཆུ་དང་བསྐྱོས་པ་དང༌། ཆང་དངས་མ་དང་ལྷན་ཅིག་སྦྱར་བའི་ནང་དུ་ཤིང་ཚ་དང་སུག་སྨེལ་དང༌། སྤངས་མ་དང༌། འདི་རྣམས་གསུམ་གྱི་ཕྱེ་མས་བཏབ་ལ་བླུད་དོ། །གོང་གི་བཏུང་བ་དང༌། ལྡེ་གུའི་སྨན་ཐམས་ཅད་ཀྱི་ནང་དུ་བུ་རམ་བསྐོལ་ཏེ། ཁཎྜ་ཙམ་སྲ་བར་གྱུར་པ་བཏབ་ལ་མཉེས་ཏེ་སྦྱིན་ནོ། །འདུས་པ་ལས་གྱུར་པའི་གཅིན་འགགས་པའི་ནད་ལ་ནི་ནད་གཞི་སོ་སོའི་གསོ་བ་དང་མཐུན་པར་སྦྱར་རོ། །རྡེའུ་ཡུན་མི་རིང་དུ་ཆགས་པ་ལ་ཡང་དེ་ལྟར་ནད་གཞི་སོ་སོ་དང་མཐུན་པའི་སྨན་དཔྱད་དེ་རླུང་ནད་འཇོམས་པའི་འཇམ་རྩི་མས་གཏོང་བ་ལ་སོགས་པ་ཡང་དེ་ལྟར་སྦྱར་རོ། །རྡེའུ་ཆགས་པའི་ནད་ནི་ཤིན་ཏུ་མི་བཟད་པ་ཡིན་ཏེ་འཆི་བདག་གི་གཟུགས་དང་འདྲའོ། །དེ་ཡང་རྡེའུ་ནར་མ་སོན་པ་ལ་ནི་སྨན་གྱིས་གསོའོ། །ནར་སོན་པ་ལ་ནི་མཚོན་གྱི་ལས་བྱ་སྟེ། དེ་ལ་དང་པོ་རྡེའུ་ཇི་ལྟར་ཆགས་པའི་མཚན་ཉིད་ཤེས་པར་བྱས་ནས་སྣུམ་ཆོས་ལ་སོགས་པའི་རིམ་པ་བྱ་བར་འདོད་དེ། སྲུ་སྲུའི་རྩ་བ་དང༌། བ་
སུ་ཀ་དང༌། བ་སི་རི་དང༌། ཨ་སྨན་ཏ་དང༌། ཉེའུ་ཤིང་དང༌། ལྕམ་པ་དང༌། ཨ་ཏི་བ་ལ་དང༌། གོ་བྱེ་དང༌། པུ་ཙེ་ཤེལ་དང༌། ཀ་ཙ་ཀ་དང༌། བྲཀྵི་ད་ནི་དང༌། ཤིང་ཤ་ཀའི་འབྲས་བུ་དང༌། བྱ་གྲི་དང༌། གུ་ཐ་དང༌། གཟེམ་དང༌། ནས་དང༌། རྒྱ་སྲན་དང༌། རྒྱ་ཤུག་དང༌། པ་རན་དང༌། ཀན་ཏ་ཀའི་འབྲས་བུ་དང༌། འདི་རྣམས་མར་དང་ཚུལ་བཞིན་བསྐོལ་བའི་ནང་དུ་ཨུ་ཤ་ཀའི་སྡེ་ཚན་གྱི་ཕྱེ་མ་བཏབ་པ་འཐུངས་ན། རླུང་ལས་གྱུར་པའི་རྡེ་འུ་མྱུར་དུ་འཇིག་པར་བྱེད་དོ། །ཡང་ན་ཨེ་རཎྜ་དང༌། བྲི་ཧ་ཏི་དང༌། ཀཎྜ་ཀ་རི་དང༌། གཟེམ་དང༌། བུ་རམ་ཤིང་འདི་རྣམས་ཀྱི་རྩ་བའི་ཕྱེ་མ་ཞོ་མངར་པོ་ལ་བཏབ་སྟེ་བླུད་ན་རླུང་ལས་གྱུར་པའི་རྡེའུ་འཇིག་པར་བྱེད་དོ། །མཁྲིས་པ་ལས་གྱུར་པའི་རྡེའུ་ཆགས་པ་ལ་ནི་ཀུ་ཤ་དང༌། ཀ་ཤ་དང༌། འདམ་བུ་དང༌། གུ་ཐ་དང༌། ཨིང་ཀ་ཐ་དང༌། ཉེའུ་ཤིང་དང༌། སྲུ་སྲུའི་རྩ་བ་དང༌། དར་བ་དང༌། བི་ད་རི་དང༌། བ་རི་ཧི་དང༌། འབྲས་ཀྱི་རྩ་བ་དང༌། གཟེ་མ་དང༌། བ་ལུ་ཀ་དང༌། བ་ཏ་ཀ་དང༌། ལྕགས་ཕྱེ་དང༌། ཀུ་རུ་ཏ་ཀ་དང༌། བ་སྤྲུ་བ་དང༌། ཤི་རི་ཤ་དང་དེ་རྣམས་བསྐོལ་བའི་ཁུ་བ་མར་དང་ལྷན་ཅིག་བསྐོལ་བའི་ནང་དུ་ག་གོན་ལ་སོགས་པའི་ས་བོན་དང༌། ཨུཏྤ་ལའི་ས་བོན་དང༌། ཤིང་མངར་དང༌། བྲག་ཞུན་དང་འདི་རྣམས་ཀྱི་ཕྱེ་མས་བཏབ་སྟེ་འཐུངས་ན་ཕན་ནོ། །བད་ཀན་ལས་གྱུར་པའི་རྡེའུ་ཆགས་པ་ལ་ནི་སྨན་བ་རུ་ནའི་སྡེ་ཚན་དང༌། རླུང་འཇོམས་པའི་སྨན་ཐང་ཤིང་ལ་སོགས་པའི་སྡེ་ཚན་དང༌། བྱི་དང་ག་དང༌། ཧ་རེ་ཎུ་ཀ་དང༌། གུ་གུལ་དང༌། ན་ལེ་ཤམ་དང༌། རུ་རྟ་དང༌། ཀྲུ་ཏྲུག་ཏྲེས་དང༌། བྱེའུ་རུག་པ་དང༌། དེ་རྣམས་བསྐོལ་བའི་ཁུ་བ་མར་དང་ཡང་བསྐོལ་བའི་ནང་དུ་ཨུ་ཤ་ཀའི་སྡེ་ཚན་བཏགས་པའི་ཕྱི་མ་བཏབ་པའི་མར་བླུད་ན་བད་ཀན་ལས་གྱུར་པའི་རྡེའུ་མྱུར་དུ་འཇིག་པར་བྱེད་དོ། །བཟའ་བ་དང༌། བཏུང་བ་ནི་འོ་མ་དང༌། ཐུག་པ་དང་ཐལ་སྨན་དང་སྦྱར་བའི་ནད་གཞི་སོ་སོ་དང་མཐུན་པའི་སྨན་རྣམས་ཀྱང་བཟའ་བཏུང་གི་ནང་དུ་སྦྱར་རོ། །རྡེའུ་ཕྱེ་མར་ཆགས་པ་ལ་པི་ཙུ་ཀ་དང༌། ཨ་ཀོ་ལ་དང༌། ཨུཏྤ་ལའི་འབྲས་བུ་རྣམས་ཆུ་དྲོན་པོ་དང་སྦྱར་བའི་ནང་དུ་བུ་རམ་བཏབ་པ་འཐུངས་ན་རྡེའུ་ཕྱེ་མར་
ཆགས་པ་འབྱིན་པར་བྱེད་པའི་མཆོག་ཡིན་ནོ། །ཁྲུང་ཁྲུང་དང༌། རྔ་མོ་དང༌། བོང་བུ་དང༌། འདི་རྣམས་ཀྱི་རུས་པ་དང༌། གཟེ་མ་དང༌། ཏ་ལ་པ་ཏྲི་ཀ་དང༌། ཨ་ཛ་མོ་དང༌། ཀ་དམ་བའི་རྩ་བ་དང༌། བཅའ་སྒ་འདི་རྣམས་ཆུ་དྲོན་པོ་འམ། ཆང་དང་སྦྱར་ཏེ་འཐུངས་ན་རྡེའུ་ཕྱེ་མར་ཆགས་པ་འཇིག་པར་བྱེད་དོ། །གྲིང་ཏྱ་ཀུན་ད་ཀའི་ས་བོན་གྱི་ཕྱེ་མ་སྦྲང་རྩི་དང་ལྡན་པར་ལུག་གི་འོ་མའི་ནང་དུ་བཅུག་སྟེ། ཞག་བདུན་གྱི་བར་དུ་འཐུངས་ན་རྡེའུ་འཇོམས་པར་བྱེད་དོ། །ཤི་ཀྲུའི་རྩ་བ་བསྐོལ་བ་དྲོ་འཇམ་ཙམ་འཐུངས་ན་རྡེའུ་གནས་ནས་སྐྱོད་ང་ར་བྱེད་དོ། །ཏིལ་དང༌། ཨ་པ་མརྒ་དང༌། ཆུ་ཤིང་དང༌། པ་ལ་ཤ་དང༌། འདི་རྣམས་ཀྱི་ཐལ་བ་ལུག་གི་གཅིན་དང་ལྷན་ཅིག་འཐུངས་ན་ཕྱེ་མར་ཆགས་པའི་རྡེའུ་ཆགས་པ་གཉིས་འཇོམས་པར་བྱེད་དོ། །ཡང་ན་ལྕམ་པའི་རྩ་བ་བཙིར་བ་ཆང་ལ་སོགས་པའི་ནང་དུ་བསྲེས་པ་འཐུངས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་རྡེའུ་ཆགས་པའི་ཟུག་གཟེར་གྱིས་ཉམ་ཐག་པ་ལ་ནི་ལྕམ་པའི་རྩ་བ་དེ་ཉིད་འོ་མ་དང་སྦྱར་བ་བླུད་དོ། །ཡང་ན་ཨ་རུ་རའི་རུས་པ་འོ་མ་དང་ཚུལ་བཞིན་བསྐོལ་བའམ་བ་སྤྲུ་བའི་འོ་མ་དང་བསྐོལ་བའམ། ཡང་ན་བར་ཧྲི་ཤི་ཀའི་རྩ་བ་འབྲས་བཀྲུས་པའི་ཆུ་དང་ཐོག་མར་འཐུངས་ཏེ་དེའི་འོག་ཏུ་འོ་མ་དང་བཅས་པའི་ཁ་ཟས་བཟའོ། །ལྷག་མ་ནི་གཅིན་འགགས་པའི་སྨན་གྱི་ཅི་ལྟ་བ་བཞིན་དུ་འདིར་ཡང་སྦྱར་བར་བྱའོ། །ཡང་ན་གཟེ་མ་དང༌། དེའི་ཉིས་འགྱུར་གྱི་བྲི་ཧ་ཏི་ལ་སོགས་པའི་སྡེ་ཚན་དང་ཚུལ་བཞིན་དུ་མར་དང་འོ་མ་བསྐོལ་བ་འཐུངས་ན་གཅིན་ནད་ཐམས་ཅད་སེལ་ཏོ། །ཐང་ཤིང་དང༌། གླ་སྒང་དང༌། མུར་བ་དང༌། ཤིང་མངར་དང༌། ཨ་རུ་ར་དང༌། འོ་མ་འམ། ཆུ་དང་སྦྱར་ཏེ་འཐུངས་ན་གཅིན་འགགས་པའི་ནད་ཐམས་ཅད་ལ་ཕན་ནོ། །ཡང་ན་བྱི་ཚེར་བ་བསྐོལ་བའི་ཁུ་བ་འམ། ཀ་ཀུ་པ་བསྐོལ་བའི་ཁུ་བའམ། ཡང་ན་འབྲས་བུ་གསུམ་བཏགས་པའི་ཕྱེ་མ་རྒྱམ་ཚ་དང༌། ཆུ་དྲོན་དང་སྦྱར་བ་བཏུང་བར་བྱའོ། །ཡང་ན་བྱ་གྲི་དང་གཟེ་མ་བསྐོལ་བའི་ཐུག་པ་ཕ་ནི་ཏ་ཞེས་བྱ་སྟེ་བླུད་དོ། །ཡང་ན་གོ་བྱེའི་སྡེ་ཚེན་བསྐོལ་བ་འམ། ཁྱིམ་བྱའི་ཤ་ཁུ་དང་སྦྱར་བའི་
ཐུག་པ་བླུད་དོ། །ཡང་ན་བྲག་ཞུ་ན་སྨན་བི་ར་ཏ་ཀའི་སྡེ་ཚན་ཡང་དང་ཡང་དུ་བསྐོལ་བ་སྦྱིན་ནོ། །ཡང་ན་ཆང་ལེགས་པར་སྨིན་པར་འཐུངས་ཏེ། རྟ་རྒྱུག་པའམ། ཤིང་རྟས་མྱུར་དུ་ཤུགས་ཀྱིས་འགྲོ་ཞིང་ལུས་བསྐྱོད་པས་རྡེའུ་གནས་ནས་འཕོ་བར་འགྱུར་རོ། །རྡེའུ་གོང་པོར་ཆགས་པ་དང་རྡེའུ་ཕྱེ་མར་ཆགས་པ་ལ་ནི་རྣམ་པ་ཐམས་ཅད་དུ་བི་ར་ཏ་ཀ་ལ་སོགས་པའི་སྡེ་ཚན་བཟའ་བ་དང་བཏུང་བ་དང་ཐམས་ཅད་ལ་སྦྱར་བར་བྱའོ། །བཀྲུ་སྨན་གྱི་དོན་དུ་སེང་ཕྲོམ་གྱི་མར་རླུང་ནད་ཀྱི་སྐབས་སུ་བཤད་པ་དང༌། ཁྱད་པར་དུ་འཇམ་རྩི་མས་གཏོང་བའི་ལས་བྱའོ། །ཁུ་བ་ལས་གྱུར་པའི་རྡེའུ་ཆགས་པ་ལ་ནི་ཉམས་སྟོབས་དང་ལྡན་པ་ཞིག་ན། ཕོ་མཚན་གྱི་ལམ་ནས་འཇམ་རྩི་བཏང་སྟེ་གནས་དག་པར་བྱའོ། །གཞན་ཡང་སྐྱེས་བུ་དེས་ཐོག་མར་ཁུ་བ་འཕེལ་བའི་ཆོ་ག་ཁྱིམ་བྱའི་ཤ་དང༌། མོན་སྲན་གྲེའུ་དང༌། བྱིའུ་མཆིལ་པ་དང༌། དེ་རྣམས་ཀྱི་ཤ་དང་ཁུ་བ་ངོམས་པར་འཐུངས་ལ་བུད་མེད་འདོད་པའི་ཤས་ཆེ་བ་བསྟེན་ཅིང་ཉལ་པོ་བྱས་ན་ཕན་ནོ། །དེ་ལ་རྡེའུ་མཚོན་གྱིས་དྲལ་ཏེ་དབྱུང་བ་འམ་ཡང་རྡེའུར་སྨིན་ནས་ངེས་པར་རེད་པ་ནི་དྲལ་བར་འོས་པ་ཡིན་ལ། མ་སྨིན་པ་ལ་ནི་གོང་གི་སྨན་གྱིས་གསོ་བར་བྱའོ། །དེ་ལ་རྡེའུ་འབྱིན་པ་དང་དཔྱད་ཆེན་པོ་འདི་ནི་ཤིན་ཏུ་ཉེན་ཆེ་སྟེ། སོས་ཤི་བསྔོ་བར་དམ་བཅའ་དགོས་པ་ཡིན་པས་སྨན་པས་ས་བདག་གི་རྒྱལ་པོ་ལ་སྨན་དཔྱད་ཀྱི་ཡན་ལག་བགྱི་བར་ཐག་བཅད་དེ་དེའི་འོག་ཏུ་སྨན་པས་མཚོན་ལེགས་པར་བྱས་ནས་ཤིན་ཏུ་བརྟགས་ཏེ་ལས་བརྩམ་པར་བྱའོ། །དེ་ཡང་གསོ་བའི་དཔྱད་མ་བྱས་ན་ནི་ངེས་པར་འཆི་བར་འགྱུར་ལ། བྱས་ན་ནི་ཐེ་ཚོམ་དང་བཅས་ཤིང་འཚོ་བ་ཡང་སྲིད་པས་ཤིན་ཏུ་བག་དང་བཅས་པར་དཔྱད་བྱ་བའི་རིགས་སོ། །དཔྱད་རྩོམ་པའི་སྨན་པ་བདག་ཉིད་ཀྱང་སྨན་དཔྱད་ཀྱི་ལུང་ལེགས་པར་ཁོང་དུ་ཆུད་ཅིང་གསོ་བའི་ལས་མང་པོ་གྲུབ་པས་བྱ་དགོས་པ་ཡིན་ནོ། །དེ་ལ་རྡེའུ་འབྱིན་པར་འདོད་པས་ཐོག་མ་ནས་ནད་པ་ལ་སྣུམ་གྱི་ཆོ་གས་ལུས་དག་པར་བྱས་ལ། དེ་ནས་རྡེའུ་གསལ་པོར་མངོན་པར་བྱ་བའི་ཕྱིར་ལུས་ཅུང་ཞིག་སྦྱར་ཏེ་རིད་པར་བྱ་སྟེ། དེའི་འོག་ཏུ་ལུས་མར་གྱིས་བསྐུས་ལ་ཅུང་ཞིག་
རྡུལ་བའི་ཆོ་ག་བྱའོ། །དེ་ནས་བདེ་ལེགས་སུ་འགྱུར་ཞིང་རང་གི་ལུས་བསྲུང་བའི་ཕྱིར་བཀྲ་ཤིས་དག་བྱ་བར་རིགས་སོ། །དེ་ནས་སྙིང་སྟོབས་བསྐྱེད་པའི་ཕྱིར་ཐོག་མར་རྡེའུ་འབྱིན་ཁར་ཆང་བཟང་པོ་མང་དུ་བླུད་ལ། རྟ་འམ་ཤིང་རྟ་ལ་བསྐྱོན་ཏེ་དྲག་ཏུ་རྒྱུགས་ན་གནས་སྔ་མ་ལས་རྡེའུ་འོག་ཏུ་རང་འབབ་པར་འགྱུར་རོ། །ཐབས་དེས་རྡེའུ་འོག་ཏུ་མ་འཕོས་ན་བཙིར་བ་ལ་སོགས་འོག་ནས་འབྱུང་བའི་ཆོ་ག་རྣམས་བྱའོ། །དེ་ནས་ནད་པ་ལ་ཟན་ཅུང་ཟད་བྱིན་ལ་ནད་པ་སྦང་ལེབ་ཀྱི་ཁྲི་པུས་མོ་ཙམ་མཐོ་བའི་སྟེང་དུ་སྟན་ནང་ཚངས་ཅན་ལ་སོགས་པ་འཇམ་རྩི་བཏིང་བ་ལ་མི་ཅིག་རྒྱབ་ནས་རྟེན་ཐབས་སུ་འདུག་ལ། །དེའི་པང་པར་ནད་པ་བཞག་སྟེ་ལྟེ་བ་ཡན་ཆད་ཀྱི་རོ་སྟོད་ཅུང་ཟད་བསྟོད་ལ་པུས་མོ་གཉིས་བཀུག་སྟེ་སྒྱིད་ཁུང་གཉིས་ནས་རས་ཀྱིས་བྲངས་ལ་ལག་ངར་གཉིས་དང་བཅས་པ་མི་འགུལ་བར་དམ་དུ་རྐེད་པར་བཅིང་ངོ༌། །དེ་ནས་ཉེ་འཁོར་ན་འདུག་པ་རྣམས་ཀྱིས་སྤྲོ་བ་བསྐྱེད་དོ། །དེ་ནས་ལྟེ་བ་མན་ཆད་བསྐུ་བྱུག་བྱས་ཏེ། ལྷོ་བ་གཡོན་ལོགས་ནས། མར་ལ་ཁུ་ཚུར་གྱིས་མཐར་ཆགས་སུ་ཕུལ་ཐབས་ཀྱིས་བཙིར་ལ། ཇི་སྲིད་དུ་རྡེའུ་འོག་ཏུ་ཕྱིན་པར་གྱུར་ན་ལག་པ་གཡོན་པའི་མཛུབ་མོ་དང་གུང་མོ་གཉིས་སེན་མོ་བྲེགས་ལ་ཏིལ་མར་གྱིས་བསྐུས་ནས་བཤང་བའི་ལམ་ནས་བཅུག་སྟེ། ནམ་རྡེའུ་ལ་རེག་པ་དང༌། ཕྱི་རོལ་གྱི་བཤང་བའི་སྒོ་དང༌། འབྲས་བུའི་མཚམས་ཀྱི་སྲུབས་བྲེང་བྲེང་པོར་སྟོབས་ཀྱིས་ཕུལ་ཏེ་དེ་ཡང་ཇི་སྲིད་གཞུང་མཐོན་པོར་གྱུར་གྱི་བར་དུ་སོར་མོ་གཉིས་ཀྱིས་བཙིར་ཞིང་ཕྱི་རོལ་ནས་ཀྱང་ཁུ་ཚུར་གྱིས་དགུག་སྟེ་ཚན་གྱིས་ཕུལ་བར་བྱའོ། །དེ་ནས་མཐོ་བར་གྱུར་པ་དང༌། དབུས་བྲེང་བྲེང་པོའི་སྲུབས་ཀྱི་དཀྱིལ་དུ་མེ་ཚོན་མི་གདབ་པར་གཡས་གཡོན་གང་མཐོ་བའི་སྟེང་ཕྱོགས་ཀྱི་སྲུབས་ཀྱི་མཆན་དུ་ཟབས་སུ་ནས་གང་ཙམ་ལ་རྨ་ཁའི་ཆེ་ཆུང་ནི་རྡོའི་ཤོང་ཚད་ཀྱི་རྨ་དྲལ་ལ་རྡེའུ་ཆེ་ཆུང་ཅི་ཡོད་པ་མ་ལུས་པར་དབྱུང་ངོ༌། །ཅི་སྟེ་ལག་པས་རྡེའུ་མཐོན་ན་ལྕགས་ཀྱུ་མི་རྣོ་བས་ཕྱིར་དྲངས་ཏེ་མ་ལུས་པར་དབྱུང་ངོ༌། །བུད་མེད་ཀྱི་རྡེའུ་ཆགས་པ་ལ་ནི་ཆུ་སོའི་གཡས་གཡོན་གྱི་ངོས་གང་ཡང་རུང་བ་ལ་ཡོད་དོ། །དེ་ཡང་
མངལ་ལ་བརྟེན་ཏེ་འདུག་པས་མཛུབ་མོ་དང་གུང་མོ་གཉིས་གོང་མ་བཞིན་དུ་བཅུག་སྟེ་གང་ཕྱོགས་ན་ཡོད་པ་མྱང་ནས་གཡས་གཡོན་གང་ན་ཡོད་ན་ཡང་དེའི་ཕྱོགས་ཀྱི་ངོས་ལ་དྲལ་ལོ། །ཆོ་ག་གཞན་ནི་སྐྱེས་པ་དང་འདྲའོ། །གཞན་དུ་ལོག་པར་དྲལ་ན་ནི་རྨ་ཁ་ལས་རྟག་ཏུ་གཅིན་འཛག་པའི་སྐྱོན་དུ་འགྱུར་རོ། །སྐྱེས་པ་ལ་ཡང་བཙིར་དྲགས་ན་ལྒང་པ་ཞར་ནས་རྟག་ཏུ་གཅིན་འཛག་པའི་སྐྱོན་ཡོད་དེ་དེ་བས་ན་སྐྱེས་པའི་ཆུ་སོར་རྡེའུ་ཕྱིན་ཁར་དལ་གྱིས་ཕུལ་ལ་མཉེའོ། །ལན་ཅིག་དྲལ་ནས་རྡེའུ་ཕྱིར་བྱུང་ན་ནི་ལེགས་པའི་མཚན་མ་ཡིན་ནོ། །ལན་ཅིག་དྲལ་བས་རྡེའུ་མ་ཐོན་ན་ཉེས་པ་ཡིན་ཏེ་ཡང་མི་བསྣན་ནོ། །དེ་ལྟར་དྲལ་མ་ཐག་ཏུ་མཚོན་ཕྱིར་ཕྱུང་ལ། རྡེའུ་ཡང་ཏིང་ཐོགས་ལ་ཕྱུང་མ་ཐག་ཏུ་སྣོད་ཆུ་དྲོན་གྱིས་བཀང་བའི་ནང་དུ་རོ་སྨད་བཅུག་ལ་དུགས་བྱས་ན་ཁྲག་ངན་ཕྱིར་བྱུང་ཞིང་ནད་ཉུང་བར་ཡང་འགྱུར་རོ། །རྨ་ཁ་ཆུ་མི་ཤོར་བར་བསྲུང་ངོ༌། །དེ་ནས་རྨ་ཁའི་ནང་ན་ཁྲག་ངན་ཡོད་ན་བཙིར་ལ་དབྱུང་ངོ༌། །དེ་ལྟར་བྱས་ན་ཡང་ནང་དུ་རྡེའུའི་དུམ་བུ་ཁྲག་ངན་ལུས་སུ་དོགས་ན་ཤིང་འོ་མ་ཅན་ཆམ་ཆོམ་བརྡུངས་ལ་ཆུ་དང་བསྐོལ་བའི་ཁུ་བ་ལྒང་པའི་ནང་དུ་བཅུག་ལ་ཕོ་མཚན་གྱི་བུ་ག་འམ་རྨ་གང་ཡང་རུང་བ་ནས་འཇམ་རྩིའི་ཐབས་སུ་བཏང་ན་རྡེའུའི་དུམ་བུ་དང་ཁྲག་ངན་ཐམས་ཅད་འབྱིན་ཏེ། གཅིན་གྱི་གནས་དག་པར་གྱུར་པ་ལ་གཅིན་ཡང་ལེགས་པར་འབྱུང་ངོ༌། །གོང་དུ་འོ་མ་ཅན་གྱི་ཤིང་ཞེས་སྨོས་པ་ནི་སྨན་པ་རྣམས་འདི་ལྔ་ལ་འདོགས། ནྱ་གྲོ་དྷ་དང༌། ཨུ་དུམ་ཝཱ་ར་དང༌། ཨ་ཤྭདྠ་དང༌། ཀ་པིད་ཏ་དང༌། པླག་ཤ་སྟེ་ལྔ་པོ་འདི་དག་ཡིན་པར་འདོད་དོ། །དེ་ནས་མར་དང་སྦྲང་རྩི་ཆ་སྙོམས་ལ་རྨ་ཁར་བསྐུའོ། །གཅིན་གྱི་གནས་དག་པར་བྱ་བའི་ཕྱིར་བུ་རམ་ཡོག་ཚད་དུ་བཟའོ། །ཁ་ཟས་ནི་ཞག་གསུམ་གྱི་བར་དུ་སྔ་དྲོ་ཕྱི་དྲོ་དུས་གཉིས་སུ་ཁྲུས་དང་བཀྲུ་སྨན་དང༌། གཟེ་མ་དང༌། འདི་རྣམས་བསྐོལ་བའི་ཁུ་བ་ལ་གཞི་བླངས་པའི་འབྲས་ཐུག་དྲོ་འཇམ་ཙམ་མར་དང་ལྡན་པ་སྦྱིན་ནོ། །དེ་ནས་ཉི་མ་བཅུ་པའི་བར་དུ་འབྲས་ཆན་ཉུང་ཤས་མར་དང་འོ་མ་དང་ལྡན་པར་བྱས་པ་སྦྱིན་ནོ། །དེ་ཕན་ཆད་ནི་ཤིང་ཐོག་
སྐྱུར་པོ་སེའུ་འབྲུ་ལ་སོགས་པ་དང་སྐམ་ན་གནས་པའི་རི་དགས་ཀྱི་ཤ་ཁུ་དང་འབྲས་ཆན་ཆུང་དུ་ཟའོ། །དེ་ནས་ཁ་ཟས་ཀྱི་རིམ་པ་བསྐྱེད་དོ། །ཤིང་འོ་མ་ཅན་བསྐོལ་བའི་ཁུ་བས་ཇི་སྲིད་སོས་ཀྱི་བར་དུ་རྨ་བཀྲུ་བར་བྱའོ། །ཡང་རྨའི་ཐན་ཀོར་དུ་པྲ་པུཎྜ་རཱི་ཀ་དང༌། བཙོད་དང༌། ཤིང་མངར་དང༌། སེང་ཕྲོམ་དཀར་པོ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་ཆུ་དང་ལྡེ་གུར་བྱས་པས་བཀྲུའོ། །ཡང་ན་སྨན་གོང་མའི་ནང་དུ་ཡུང་བ་དང་སྐྱེར་པ་བསྣན་ཏེ་ཕྱེ་མར་བྱས་པ་ལ་ཏིལ་མར་དང་སྦྱར་བས་རྨ་ལ་བསྐུའོ། །གཞན་ཡང་གོང་མིའི་སྦྱོར་བའི་སྨན་གྱི་ནང་དུ་སྦྲང་རྩི་དང་སྦྱར་བ་ཞག་བཅུའི་བར་དུ་རྨ་ལ་དུགས་བྱའོ། །ཡང་ན་སྨན་དེ་ཉིད་ཀྱིས་ཞག་བདུན་གྱི་བར་དུ་གཅིན་གྱི་རྒྱུན་སྲང་ཀུན་ཏུ་ཡང་དུགས་བྱའོ། །དེ་ལྟར་བྱས་ཀྱང་གཅིན་རྨ་ལས་འབྱུང་ཞིང་ཕོ་མཚན་ནས་མི་འབྱུང་ན། མདོའི་གནས་སུ་ཇི་ལྟར་བཤད་པ་བཞིན་དུ་རྨ་མེས་བསྲེགས་ན་རྨ་འདྲུབ་པའི་རིགས་སོ། །ཡང་ན་མངར་བའི་སྨན་སྣ་ཚོགས་སྦྲང་རྩི་དང་སྦྱར་བའི་ཁུ་བ་ལྒང་པའི་ནང་དུ་བླུགས་ཏེ་སྦུ་གུ་ཕྲ་མོ་དང་ཕོ་མཚན་གྱི་བུ་གནས་ཡར་འཇམ་རྩིའི་ཐབས་སུ་བཏང་ན་གཅིན་བདེ་བར་འབྱུང་ཞིང་མཁྲིས་པ་ཡང་སེལ་ཏོ། །རྨ་འདྲུ་བ་ནས་ལོ་གཅིག་གི་བར་དུ་སྲུང་བ་ནི་རི་དང་ཤིང་ལ་མི་འཛེག །རྟ་དང་གླང་པོ་ཆེ་དང་ཤིང་རྟ་ལ་མི་ཞོན་ཉ་ལ་པོ་སྤང་ཆུ་ལ་མི་རྐྱལ་མཚོན་གདབ་ཏུ་མི་རུང་བའི་གནས་བརྒྱད་ཡོད་དེ། རླིག་པ་དང༌། གཅིན་དང༌། ཁུ་བ་འབབ་པའི་གནས་དང༌། ལྒང་པ་དང་ཕོ་མཚན་དང་བཤང་བའི་སྒོའི་མཚམས་ཀྱི་སྲུབས་དང་ཕོ་མཚན་གྱི་རྩེ་མོ་དང༌། མོ་མཚན་གྱི་ཁ་དང༌། འདི་དག་ནི་གནད་ཀྱི་གནས་བརྒྱད་ཡིན་པས་མཚོན་མི་གདབ་བོ། །གཅིན་འགགས་པའི་ནད་གསོ་བའི་ལེའུ་བཅུ་གཅིག་པ་རྫོགས་སོ།། །།དེ་ནས་གཅིན་སྙི་བ་ཟ་གུའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །དེ་ལ་གཅིན་ནད་ཡོད་པའི་ནད་པ་སྟོབས་དང་ལྡན་ན་ཐོག་མར་ཡུངས་ཀར་དང༌། ནིམ་པ་དང༌། ཉེའུ་ཤིང་དང༌། བ་རུ་ར་དང༌། ཀ་རཉྫ་དང༌། འདི་རྣམས་གང་ཡང་རུང་བའི་མར་གྱི་ནང་དུ་གཟེ་མ་བཏབ་པ་བསྐོལ་ཏེ་མར་འབའ་ཞིག་ལུས་པས་སྣུམ་
ཆོས་བྱས་ལ་དེའི་འོག་ཏུ་སྐྱུག་སྨན་དང་བཀྲུ་སྨན་གཏང་ངོ༌། །དེའི་འོག་ཏུ་བྱེའུ་རུག་པའི་སྡེ་ཚན་བསྐོལ་བའི་ཁུ་བའི་ནང་དུ་གླ་སྒང་དང༌། ཐང་ཤིང་དང༌། དོང་གྲ་གསུམ་བཏགས་པའི་ནི་རུ་ཧ་མས་གཏང་བར་བྱའོ། །ཡང་ན་མཁྲིས་པ་ལ་ཕན་པའི་སྨན་བསྐོལ་བའི་ཁུ་བའི་ནང་དུ་ནྱ་གྲོ་དྷའི་སྡེ་ཚན་གྱི་ཕྱེ་མ་བཏབ་པའི་ནི་རུ་ཧ་གཏང་ངོ༌། །དེ་ལྟར་དག་པར་བྱས་ནས་སྲོག་ཆགས་ཐང་ལ་གནས་པའི་ཤ་ཁུ་དང་ཐུག་པར་བྱས་པ་བླུད་དོ། །གལ་ཏེ་ཐུག་པ་མ་བླུད་ན་ནི་གཅིན་འགགས་པ་དང༌། སྐྲན་དང་ཁམས་ཟད་པ་དང༌། ཆུ་སོ་གཟེར་བའི་ནད་འབྱུང་སྟེ། དེ་ལ་ནི་གོང་གི་ཐུག་པ་ལ་སོགས་པའི་སྦྱོར་བས་གཅིན་འགགས་པ་དང༌། ཁམས་ཟད་པ་ཞི་བར་བྱ་བ་དང༌། བསྲུང་བར་བྱ་བའི་སྦྱོར་བ་བྱ་སྟེ། གཅིན་ནད་ཐམས་ཅད་ལ་ཆོ་ག་དེ་ལྟར་བྱའོ། །སྐྱུ་རུ་ར་བསྐོལ་བའི་ཁུ་བའི་ནང་དུ་ཡུང་བའི་ཕྱེ་མ་དང་སྦྲང་རྩི་བཏབ་པ་སྦྱིན་ནོ། །ཡང་ན་སྐྱེར་པ་དང༌། ཐང་ཤིང་དང་འབྲས་བུ་གསུམ་དང༌། གླ་སྒང་འདི་རྣམས་ཆུ་དང་བསྐོལ་བའི་ཁུ་བ་གྲང་མོའི་ནང་དུ་སྦྲང་རྩི་བཏབ་པ་བླུད་ན་གཅིན་ནད་སེལ་ཏོ། །ཡང་ན་ཙི་ཏྲ་ཀ་དང༌། འབྲས་བུ་གསུམ་དང༌། སྐྱེར་པ་དང༌། དུག་མོ་ཡུངས་ཀྱི་ཤུན་པ་དང༌། འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་བཏབ་པ་བླུད་ན་ཕན་ནོ། །ཡང་ན་སླེ་ཏྲེས་ཀྱི་ཁུ་བ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་སྐྱུ་རུ་རའི་ཁུ་བ་སྦྲང་རྩི་དང་སྦྱར་བ་བླུད་ན་ཕན་ནོ། །ཡང་ན་སེང་ཕྲོམ་དང༌། ཨ་རུ་ར་དང༌། གླ་སྒང་དང༌། ཀད་པ་ལ་དང༌། འདི་རྣམས་ཀྱི་ཁུ་བ་འམ། ཡང་ན་པ་ཐ་དང༌། བྱི་དང་ག་དང༌། ཨ་རྫུན་དང༌། བྱི་ཚེར་བ་དང༌། འདི་རྣམས་ཀྱི་ཁུ་བ་འམ། ཡང་ན་སེང་ལྡེང་དང༌། སྐྱེར་པ་དང༌། བྱི་དང་གདང་འདི་རྣམས་བསྐོལ་བའི་ཁུ་བ་འམ། སྨན་གྱི་སྦྱོར་བ་འདི་གསུམ་གང་ཡང་རུང་བའི་ནང་དུ་སྦྲང་རྩི་བཏབ་པ་བླུད་ན་བད་ཀན་ལས་གྱུར་པའི་གཅིན་ནད་སེལ་ཏོ། །མཁྲིས་པ་ལས་གྱུར་པའི་གཅིན་ནད་ལ་ནི་པུ་ཤེལ་ཙི་དང༌། སེང་ཕྲོམ་དང༌། ཨ་རྫུ་ན་དང༌། ཙནྡན་དང༌། འདི་རྣམས་བསྐོལ་བ་འམ། ཡང་ན་པ་ཏོ་ལ་དང༌། ནིམ་པ་དང༌། སྐྱུ་རུ་ར་དང༌། སླེ་ཏྲེས་དང་འདི་རྣམས་
ལྷན་ཅིག་བསྐོལ་བ་དང༌། ཡང་ན་སེང་ཕྲོམ་དང༌། བ་ལ་ཀ་དང༌། སྐྱེར་པ་དང༌། ད་ཏ་ཀའི་མེ་ཏོག་དང་འདི་དག་བསྐོལ་བའི་ཁུ་བ་འམ་སྦྱོར་བ་དེ་གསུམ་གྱི་ནང་དུ་སྦྲང་རྩི་བཏབ་པ་གང་ཡང་རུང་བ་བླུད་ན་ཕན་ནོ། །མཁྲིས་པ་དང་བད་ཀན་གྱི་གཅིན་ནད་ལ་རང་གི་སྨན་གང་ཡིན་པ་བསྐོལ་བའི་ཁུ་བ་འམ། ཡང་ན་གཅིན་གྱི་ནང་དུ་ནས་དང་གྲོ་སྦངས་པ་ལས་ཟས་ལ་སོགས་པ་གཡོས་སུ་བྱས་པ་བཟའོ། །རླུང་ལས་གྱུར་པའི་ནད་ལ་ནི་སྣུམ་དང་སྦྱར་བ་བཟའོ། །གཅིན་སྙི་བའི་ནད་ལ་ནི་རྟ་དང་བ་ལང་གང་ཡང་རུང་བ་ལ་ནས་བྱིན་ཏེ། དེའི་ལྕི་བ་ལས་བྱུང་བའི་ནས་ལས་གཡོས་སུ་བྱས་པའི་སྣུམ་ཁུར་དང་ཕྱེ་དང་ཟན་ལ་སོགས་པ་བྱས་ཏེ་བྱིན་ན་ཕན་ནོ། །ཡང་ན་འོད་མ་ལས་སྐྱེས་པའི་འབྲུ་ལས་གོང་མ་ལྟར་གཡོས་སུ་བྱས་ཏེ་ཟོས་ན་ཕན་ནོ། །ཡང་ན་ཅི་ཙེ་དང༌། བྲའོ་དང༌། སྲན་མུད་ག་ལ་སོགས་པའི་གང་བུ་ལས་སྐྱེས་པའི་འབྲུ་དང་འབྲས་རྙིང་པ་དང༌། འདི་རྣམས་ལས་གཡོས་སུ་བྱས་པ་བྱིན་ན་ཕན་ནོ། །ཡང་ན་ཏིལ་དང༌། ཡུངས་ཀར་གྱི་ཆིགས་མ་སྐྱུར་དང་སྦྱར་བའི་ཐུག་པ་ཁ་ལ་ཞེས་བྱ་བར་གྲགས་པ་ཡིན་ཏེ་འཐུངས་ན་ཕན་ནོ། །བཏུང་བ་ནི་ཀ་པིད་ཏ་དང་ཤིང་ཏིན་དུ་དང༌། འཛམ་བུ་དང་འདི་རྣམས་ཀྱི་འབྲས་བུའི་ཁུ་བ་སྐྱུར་པོ་རྒུན་ཆུས་དམར་པོར་བསྒྱུར་བ་བཏུང་ངོ༌། །ཚོད་མ་ནི་ཁུ་བའི་བག་པ་ཏོ་ལ་དང༌། སཔྟ་ལ་སོགས་པ་ལ་བྱའོ། །བཟའ་བ་ནི་ལ་དུ་དང་ཕྱེ་དང་སྦྲང་རྩི་དང༌། འབྲས་བུ་གསུམ་དང་བཅས་པའི་སྐོམ་བག་བཟའོ། །སྲོག་ཆགས་ཐང་ལས་སྐྱེས་པའི་ཐུར་མ་བསྲེགས་ཏེ་ཆུ་སེར་བསྐམས་པའི་ཤ་བཟའོ། །འོག་ནས་སྨོས་པའི་ལྕགས་ལས་བྱས་པའི་སྦྱོར་བ་ཡང་འདིར་སྦྱར་རོ། །དེའི་འོག་ཏུ་རྒུན་ཆང་དང་ཨ་རིཥྚ་དང༌། ཨ་ས་བའི་ཆང་དང༌། འདི་རྣམས་ཡོངས་སུ་སྨིན་པའི་ཆང་རྙིང་པ་དང་དྲོ་བའི་བཏུང་བ་སྦྱིན་ནོ། །དེ་བཞིན་དུ་ཨ་ས་ནའི་སྡེ་ཚན་བསྐོལ་བའི་ཆུ་འམ་རྩྭ་དཱུར་བ་དང་བསྐོལ་བའི་ཆུ་འམ་སྦྲང་རྩིའི་ཆུ་བཏུང་བར་སྦྱིན་ནོ། །འབྲས་བུ་གསུམ་བསྐོལ་བའི་ཆུའི་ནང་དུ་ནས་ནུབ་གཅིག་སྤངས་ལ་ཉིན་གཅིག་བསྐོལ་ཏེ། ལེགས་པར་བཏགས་པའི་ཕྱེ་མ་སྦྲང་རྩི་
དང་བཅས་པར་བུ་རམ་དང་སྦྱར་བ་བླུད་དོ། །ཤིང་སཱ་ལ་དང༌། ལོ་མ་བདུན་པ་དང༌། ཀམ་པི་ལྱ་དང༌། བྲིག་ཤྐ་དང༌། བ་རུ་ར་དང༌། ཀ་པིད་ཏ་དང༌། རོ་ཧི་དང༌། འདི་རྣམས་ཀྱི་མེ་ཏོག་ཕྱེ་མར་བྱས་ཏེ་སྦྲང་རྩི་དང་ལྷན་ཅིག་བཟའ་བ་འམ། ཡང་ན་སྐྱུ་རུ་རའི་ཁུ་བར་སྨན་གོང་མའི་ཕྱེ་མས་བཏབ་པ་འཐུངས་ན་བད་ཀན་དང་མཁྲིས་པ་ལས་གྱུར་པའི་གཅིན་ནད་སེལ་ཏོ། །གཟེ་མ་དང༌། སྐྱེར་པ་དང༌། སེང་ཕྲོམ་དང༌། ཀད་པ་ལ་དང༌། ཤུ་དག་དང༌། ཨརྫུ་ན་དང༌། ཤུག་པ་དང༌། ཨསྨན་ཏ་ཀ་དང༌། ནིམ་པ་དང༌། ཙནྡན་དང༌། ཨ་ཀ་རུ་དང༌། ཏི་མུ་ས་དང༌། པ་ཏོ་ལ་དང༌། ག་པུར་དང༌། བཙོད་དང༌། བོང་ང་དཀར་པོ་དང༌། གོ་བྱེ་དང་འདི་རྣམས་ཏིལ་མར་དང་ཚུལ་བཞིན་དུ་བསྐོལ་བ་འཐུངས་ན་རླུང་དང་བད་ཀན་ལས་གྱུར་པའི་གཅིན་ནད་ལ་ཕན་ནོ། །མཁྲིས་པ་ལས་གྱུར་པའི་གཅིན་ནད་ལ་ནི་གོང་མའི་སྨན་མར་དང་བསྐོལ་བ་བླུད་དོ། །འདུས་པའི་གཅིན་ནད་ལ་ནི་མར་དང་ཏིལ་མར་དང་བསྲེས་པ་བསྐོལ་བ་བླུད་དོ། །ཡང་ན་རྩ་བ་བཅུ་པ་དང༌། ཟུར་པ་དཀར་པོ་དང༌། དན་ཏི་དང༌། ཐང་ཤིང་དང༌། བ་སྦྲུ་བ་རྣམ་གཉིས་དང༌། སྣུ་ཧི་དང༌། ཨར་ཀའི་རྩ་བ་དང༌། ཨ་རུ་ར་དང༌། བྷུ་ཀ་དམ་པ་དང༌། བསེ་ཤིང་གི་འབྲས་བུ་དང༌། ཀ་རཉྫའི་རྩ་བ་དང༌། བ་ར་ནའི་རྩ་བ་དང༌། པི་པི་ལིང་གི་རྩ་བ་དང༌། མ་ནུའི་རྩ་བ་དང༌། འདི་རྣམས་སྲང་བཅུ་བཅུ་དང༌། ནས་དང༌། རྒྱ་ཤུག་དང༌། རྒྱ་སྲན་འདི་རྣམས་སྲང་བཅུ་དྲུག་བཅུ་དྲུག་དང༌། ཆུ་བྲེ་ཉི་ཤུ་རྩ་བཞི་དང་ཚུལ་བཞིན་དུ་བསྐོལ་ནས་བཞི་ཆ་ལུས་པའི་ནང་དུ་པི་པི་ལིང་རྣམ་གཉིས་དང༌། དབྱི་མོ་དང༌། ནི་ཙུ་ལ་དང༌། རོ་ཧི་ཏ་ཀ་དང༌། དུར་བྱིད་དང༌། བྱི་དང་ག་དང༌། ཀམ་པི་ལྱ་དང༌། ག་བྲའི་རྩ་བ་དང༌། དེ་རྣམས་བཏགས་པའི་ཕྱེ་མ་དང༌། མར་བྲེ་གང་དང་ཡང་ཚུལ་བཞིན་དུ་བསྐོལ་ཏེ་མར་ལུས་པ་ནི་ཐང་ལ་འབར་གྱིས་བཤད་པའི་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་གཅིན་ནད་ཐམས་ཅད་དང་འབྲུམ་བུ་ཕྲ་མོས་ཉམ་ཐག་པ་ལས་རྒྱལ་བར་བྱེད་དོ། །ཁྱད་པར་དུ་སྐྱ་རྦབ་དང༌། ཁོང་
འབྲས་དང༌། སྐྲན་དང༌། གཞང་འབྲུམ་དང༌། སྐྲང་པ་དང༌། སྐེམ་པ་དང༌། དབྱིག་དུག་དང༌། དམུ་རྫིང་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། སྐྱུགས་པ་དང༌། ཚིལ་རྒྱས་པ་དང༌། མཆེར་པ་ན་བ་དང༌། དྲེག་དང་མཛེ་དང༌། སྨྱོ་བྱེད་དང༌། བརྗེད་བྱེད་ལས་རྒྱལ་བར་འགྱུར་རོ། །ཡང་ན་སེང་ཕྲོམ་དང༌། མུར་བ་དང༌། ཟུར་པ་དཀར་པོ་དང༌། བྱི་དང་ག་དང༌། ག་བྲའི་རྩ་བ་དང༌། རྒྱ་སྤོས་དང༌། ཆུ་སྲིན་སེན་མོ་དང༌། སླ་བ་དང༌། དུག་མོ་ཡུངས་དང༌། རུ་རྟ་དང༌། ཀྲ་མུ་ཀྲ་དང༌། པྲི་ཡང་ཀུ་དང༌། བོང་ང་དཀར་པོ་དང༌། ཙི་ཏྲ་ཀ་དང༌། བི་ཤ་རྣམ་གཉིས་དང༌། དྲི་རྣམ་བཞི་དང༌། ཏིག་ཏ་དང༌། པུ་ཤེལ་ཙེ་དང༌། ལ་ལ་ཕུད་དང༌། མ་ནུ་དང༌། པ་ཐ་དང༌། པི་པི་ལིང་གི་རྩ་བ་དང༌། དབྱི་མོ་དང༌། འབྲས་བུ་གསུམ་དང༌། སྨན་འདི་རྣམས་ཞོ་གཉིས་གཉིས་སུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་བསྐོལ་ཏེ་བཞི་ཆ་ལུས་པ་དང༌། ཚིགས་མ་བོར་ཏེ་བསྒྲངས་པའི་ནང་དུ་སྦྲང་རྩི་བྲེ་དོ་བཅུག་ལ་ཟླ་བ་ཕྱེད་ཀྱི་བར་དུ་སྣོད་སྣུམ་ཅན་གྱི་ནང་དུ་བཞག་པ་ནི་སེང་ཕྲོམ་གྱི་ཨ་ས་བའི་ཆང་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་གཅིན་ནད་དང༌། གཞང་འབྲུམ་དང༌། མཛེ་དང་ཡི་ག་འཆུས་པ་དང༌། སྲིན་བུའི་ནད་དང༌། སྐྱ་རྦབ་དང༌། ཕོ་བའི་ནད་དང༌། ཚིལ་རྒྱས་པའི་ནད་ལས་ཐར་བར་བྱེད་དོ། །ཡང་ན་སེང་ཕྲོམ་ལ་སོགས་པ་གོང་མའི་སྨན་སྲང་ཉི་ཤུ་ཆུ་སྲང་བཞི་སྟོང་དགུ་བཅུ་རྩ་དྲུག་གི་ནང་དུ་བསྐོལ་ཏེ། བཞི་ཆ་སྲང་སྟོང་ཉི་ཤུ་རྩ་བཞི་ལུས་པའི་ནང་དུ་བུ་རམ་སྲང་ཉིས་བརྒྱ་དང༌། སྦྲང་རྩི་སྲང་དྲུག་ཅུ་རྩ་བཞི་དང༌། དུག་མོ་ཡུངས་ཀྱི་སྡེ་ཚན་བཏགས་པའི་ཕྱེ་མ་བཅུག་སྟེ་རྫ་མ་སྣུམ་ཅན་སྲ་བའི་ནང་དུ་པི་པི་ལིང་གི་ཕྱེ་མ་དང་སྦྲང་རྩིས་ནང་ངོས་བསྐུས་ལ། རྫ་མའི་ཕྱི་རོལ་ནས་ཀྱང་རྒྱ་སྐྱེགས་བཞུས་པས་བསྐུས་པའི་ནང་དུ་བཅུག་ལ་སེང་ལྡེང་གི་མེ་མདག་གི་ནང་དུ་ལྕགས་སྲབ་ཅིང་རྣོ་བ་ལོ་མ་ལྟ་བུ་ལེབ་ལེབ་པོ་བྱས་ཏེ་བསྲེགས་ལ། སྨན་ཁུའི་ནང་དུ་བཅུག་སྟེ། དེ་བཞིན་དུ་ཡང་བསྲེག་ཅིང་ཡང་བཅུག་ལ་ལན་མང་དུ་བྱས་ཏེ། ནས་ཀྱི་ཕུང་པོའི་ནང་དུ་ཟླ་བ་གསུམ་མམ་བཞིར་བཞག་པ་ནི་ལྕགས་ལས་
བྱས་པའི་ཆང་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་ཕན་ཡོན་གང་མ་བས་ཀྱང་ཁྱད་པར་དུ་འཕགས་སོ། །གཅིན་ནད་ལ་ནི་སྨན་རྩུབ་པ་དང་སྦྱར་བའི་ལྡེ་གུ་སླ་བས་ལུས་ཤུགས་དྲག་ཏུ་དྲིལ་ཅིང་ལུས་ཀྱི་རྩལ་དང༌། ནུབ་མོ་མི་ཉལ་བ་དང༌། གང་ཡང་བད་ཀན་དང་ཚིལ་འཇོམས་པའི་བག་ཕྱི་དང་ནང་གཉིས་ནས་ཟས་དང༌། སྤྱོད་ལམ་བསྟེན་ན་ཕན་ནོ། །བྲག་ཞུན་སྲང་བརྒྱ་ཨ་ས་ནའི་སྡེ་ཚན་བསྐོལ་བའི་ཁུ་བའི་ནང་དུ་སྤངས་ཏེ་ཕྱིར་ཕྱུང་ལ། ཡང་སྐམས་ཏེ་ཡང་སྤངས་ཤིང་བྲན་པ་ལན་མང་དུ་བྱས་ལ། བཅུད་ཀྱིས་ལེན་གྱི་ཆོ་ག་ལྟར་བཏུང་ཞིང་ཨ་ས་ནའི་ཁུ་བ་ལས་གཞི་བླངས་པའི་འབྲས་ཆན་དང༌། སྲོག་ཆགས་ཐང་ལ་གནས་པའི་ཤ་ཁུ་དང་བཅས་པ་ཟོས་ན། གཅིན་ནད་ཀྱིས་ཉམ་ཐག་པ་ཐམས་ཅད་དང༌། གཞན་གྱིས་གཙེས་པ་ལ་ཡང་ཕན་ཏེ། འབྲས་ཀྱི་ཕྲེང་བ་དང༌། ལྦ་བ་དང༌། ཐོར་བུ་དང༌། ཚོ་ཆེས་པ་དང༌། མཛེ་ནད་དང༌། མཚན་བར་རྡོལ་བ་དང༌། སྲིན་བུའི་ནད་དང༌། རྐང་བམ་དང༌། སྐྲངས་པ་རྣམས་ལ་ཕན་པའི་བཅུད་ཀྱིས་ལེན་གྱི་མཆོག་ཡིན་ནོ། །གཅིན་ནད་ཀྱི་སྐྱེས་བུ་ནི་དྲང་སྲོང་བཙུན་པ་ལྟར་འབྲས་བུ་དང་རྩ་བ་དང༌། སྡོང་བུ་རྣམས་ཟས་སུ་བཟའ་ཞིང་ལྷམ་དང༌། གདུགས་སྤངས་ལ་དཔག་ཚད་བརྒྱ་ཚུན་ཆད་དུ་འགྲོ་བ་འམ། ཡང་ན་ཁྲོན་པ་ལ་སོགས་པ་ཆུའི་གནས་རྐོ་བའི་ལས་བྱའོ། །ཡང་ན་བ་ལིང་གི་གཅིན་དང༌། ལྕི་བ་བཟའ་ཞིང་བཏུང་ལ་བ་ལང་གཟས་སུ་འགྲོ་བ་དང་ལྷན་ཅིག་འགྲོ་བར་བྱའོ། །ནད་པ་རྗུད་ཅིང་རིད་པ་ཡིན་ན་ནི་ཚིལ་དང་གཅིན་མི་སྐྱེད་ལ་ལུས་འཕེལ་ཞིང་རྒྱས་པའི་སྨན་དང་ཁ་ཟས་སྦྱར་བར་བྱའོ། །ཁམ་ཕོར་ཤར་བ་ལྟ་བུའི་ནད་ལ་སོགས་པའི་འབྲུམ་བུ་ཕྲ་མོའི་ནད་བཅུ་འབྱུང་བའི་ནད་མ་སྨིན་པ་ལ་ནི་སྐྲངས་པའི་གསོ་བ་བྱ་ལ་སྨིན་པ་ལ་ནི་གསོ་བའི་ཆོ་ག་བྱའོ། །ཐོག་མར་ནད་གཞི་བརྟགས་ཏེ་ནྱ་གྲོ་དྷ་ལ་སོགས་པ་ཤིང་འོ་མ་ཅན་གྱི་ཤུན་པ་བསྐོལ་བའི་ཁུ་བ་དང༌། རའི་འོ་མ་ནི་རབ་ཏུ་བསྔགས་སོ། །དང་པོ་སློན་ཁྲུས་ཀྱིས་ལུས་ངག་པར་བྱས་ཏེ་དེ་ཡང་གཅིན་ནད་ལ་ནི་རྣོ་བ་དང་རྩུབ་པའི་བཀྲུ་སྨན་གཏོང་ངོ༌། །ཡང་
ན་སུག་སྨེལ་གྱི་སྡེ་ཚན་ཏིལ་མར་དང་སྦྱར་བས་རྨ་འདྲུབ་པར་བྱ་ཞིང་དོང་གྲ་ལ་སོགས་པའི་སྡེ་ཚན་བསྐོལ་བས་ལུས་དྲིལ་བར་བྱའོ། །སྨན་ཨ་ས་ནའི་སྡེ་ཚན་བསྐོལ་བའི་ཆུས་བཀྲུ་ཞིང་བླུགས་པར་བྱའོ། །དུག་མོ་ཡུངས་ཀྱི་སྡེ་ཚན་བསྐོལ་བ་ནི་བཟའ་བ་དང་བཏུང་བར་སྦྱར་རོ། །པ་ཐ་དང༌། ཀྲུ་ཏྲུག་ཏྲེས་དང༌། ཤ་རང་གཤྠ་དང༌། ཐལ་ཏྲེས་དང༌། ཀཎྜ་ཀ་རི་དང༌། སབྟ་པ་རྞི་དུག་མོ་ཡུངས་ཀྱི་རྩ་བ་དང༌། ཀད་པ་ལ་དང༌། དོང་གྲ་དང་འདི་རྣམས་བཏགས་པའི་ཕྱེ་མ་སྦྲང་རྩི་དང་ལྡེ་གུར་བྱས་ཏེ་བལྡག་པ་དང༌། ཡང་ན་སྐྱ་རྦབ་ཀྱི་གསོ་བའི་ནང་ནས་ལྕགས་ཕྱེ་ཆ་དགུ་པ་ཞེས་བྱ་བའི་ཕྱེ་མ་དག་འདིར་སྦྱར་རོ། །སྦྲང་རྩི་ལྟ་བུ་ཞེས་བྱ་བའི་གཅིན་ནད་ན་བར་གྱུར་ན་སྐྱེས་བུ་རྣམས་ཀྱིས་ཡོངས་སུ་སྤང་བར་བྱ་སྟེ་འོན་ཀྱང་བྲག་ཞུན་བརྒྱའི་སྦྱོར་བ་དང༌། པུ་ན་རྣའི་སྦྱོར་བ་ནི་བྱ་བར་བཤད་དོ། །གསོ་བའི་གནས་ལས་གཅིན་སྙི་བ་ཟ་གུའི་ནད་གསོ་བའི་ལེ་འུ་སྟེ་བཅུ་གཉིས་པ་རྫོགས་སོ།། །།དེ་ནས་ཁོང་འབྲས་གསོ་བའི་ལེའུ་བཅུ་གསུམ་པ་བཤད་པར་བྱ་སྟེ། དེ་ལ་འབྲས་སོ་ཅོག་མ་སྨིན་པའི་ཚེ་ན་ནི་སྐྲངས་པ་གསོ་བའི་ཆོ་ག་ལྟར་སོ་སོའི་རྟགས་དང་མཐུན་པར་གཏར་ག་བྱ་སྟེ་ཁྲག་དབྱུང་ངོ༌། །སྨིན་ཟིན་པ་ལ་ནི་དྲལ་ལ་རྨ་གསོ་བའི་ཆོ་ག་ལྟར་བྱའོ། །དེ་ནས་རླུང་ལས་གྱུར་པའི་རྨ་ལ་ནི་རྩ་བ་ལྔ་དང་ལན་ཚྭ་ཤས་ཆེ་བ་དང་བསྐོལ་བའི་ཆུས་རྨ་བཀྲུ་བར་བྱའོ། །གཞན་ཡང་མེ་པ་ད་རུའི་སྡེ་ཚན་དང༌། ཤིང་མངར་དང་ལན་ཚྭ་དང་ཏིལ་དང་ལྷན་ཅིག་སྦྱར་བས་རྨ་བཀྲུའོ། །ཡང་ན་བཀྲུ་སྨན་གང་ཡང་རུང་བའི་ནང་དུ་དྲི་བི་ཙ་བཏབ་སྟེ་སྣུམ་ཆེན་པོ་བཞི་གང་ཡང་རུང་བ་བསྲེས་ཏེ་བླུད་ལ་ཁྲུས་བྱས་ཏེ་ལུས་དག་པར་བྱའོ། །དེ་ནས་རྨ་འདྲུབ་པར་བྱ་བའི་ཕྱིར་བ་ད་རིའི་སྡེ་ཚན་དང་དུར་བྱིད་བསྲེས་པས་རྨ་བསྐུ་བར་བྱའོ། །མཁྲིས་པའི་རྨ་ལ་ནི་ནྱ་གྲོ་དྷ་ལ་སོགས་པའི་འོ་མ་ཅན་གྱི་ཤིང་ལས་བྱུང་བའི་འོ་མས་བཀྲུ་བར་བྱའོ། །དེ་ནས་ཤིང་མངར་དང༌། ཏིལ་དང༌། ཨ་རུ་ར་འདི་གསུམ་གྱིས་བསྐུའོ། །རྨ་འདྲུབ་པར་བྱ་བའི་ཕྱིར་བཙོད་དང༌། པུ་ཤེལ་ཙེ་དང༌། ཤུག་པ་དང༌། པ་ཡ་སྱ་དང༌། སེར་པོ་རྣམ་གཉིས་དང༌། འབྲས་བུ་གསུམ་དང༌། ཤིང་མངར་
འདི་རྣམས་འོ་མ་དང་ལྷན་ཅིག་བསྐོལ་ཏེ་འོ་མ་ནི་དུ་མར་ནི་ལུས་པ་བསྐུའོ། །ཡང་ནྱ་གྲོ་དྷའི་སྡེ་ཚན་གྱི་ཤིང་དང༌། ལོ་མ་དང༌། འབྲས་བུ་དང༌། ཤུན་པ་དང༌། མར་བསྐོལ་བས་བསྐུས་ན་འདྲུབ་པར་འགྱུར་རོ། །བད་ཀན་ལས་གྱུར་པ་ལ་ནི་དོང་གྲའི་སྡེ་ཚན་བསྐོལ་བས་རྨ་བཀྲུའོ། །དེ་ནས་ཕྱེ་དང་སེར་པོ་རྣམ་གཉིས་དང༌། ཤིང་ཉེ་རོང་དང༌། ཏིལ་མར་དང་འདི་རྣམས་ཀྱིས་བསྐུའོ། །ཡང་ན་རྒྱ་སྲན་དང༌། དན་ད་དང༌། ཤ་མ་དུར་བྱིད་དང༌། ཀྲུ་ཏྲུག་ཏྲེས་དང༌། སེང་ཕྲོམ་དཀར་པོ་དང༌། རྒྱམ་ཚ་དང༌། ཏིལ་དང་བ་གཅིན་དང་སྦྱར་བས་བསྐུས་ན་རྨ་འདྲུབ་པར་འགྱུར་རོ། །དེ་བཞིན་དུ་གློ་བུར་དུ་སྣད་པ་འམ། ཁྲག་ལས་གྱུར་པའི་འབྲས་ལ་ནི་མཁྲིས་པ་ལས་གྱུར་པ་ལ་ཇི་ལྟར་གསོ་པ་བཞིན་དུ་བྱའོ། །ཁོང་འབྲས་ནང་དུ་མ་སྨིན་པ་ལ་ནི་མར་གྱི་སྡེ་ཚན་བསྐོལ་བའི་ནང་དུ་ཨུ་ཤ་ཀའི་སྡེ་ཚན་གྱི་ཕྱེ་མས་བཏབ་སྟེ་བད་ཀན་གྱི་དུས་ལས་ཡོལ་བ་དང་བླུད་པར་བྱའོ། །ཡང་ན་བཀྲུ་སྨན་གང་ཡང་རུང་བ་མར་དང་སྦྱར་བའི་ནང་དུ་གོང་གི་སྨན་སྡེ་ཚན་གཉིས་ཀྱི་ཕྱེ་མས་བཏབ་པ་བླུད་དོ། །ཡང་ན་ནད་མ་སྨིན་པ་ལ་ནི་བཀྲུ་སྨན་དྲག་པོ་དང༌། འཇམ་རྩི་མས་གཏང་བར་བྱ་སྟེ་དེ་ཡང་གོང་གི་སྡེ་ཚན་གཉིས་ལས་ནད་གཞི་གོང་དང་མཐུན་པ་སྦྱར་ལ་མས་གཏང་བར་བྱའོ། །དང་པོར་ནད་ཇི་ལྟ་བ་བཞིན་དུ་སྦྲང་རྩི་དང་ན་ལེ་ཤམ་དཀར་པོས་བཏབ་པའི་བཟའ་བ་དང་བཏུད་བ་དང་བསྐུ་བ་བྱས་སམ་བླུད་ན་ཁོང་འབྲས་མ་སྨིན་པ་འཇོམས་པར་བྱེད་དོ། །གཞན་ཡང་ཀྱི་ལྕེ་བ་དང༌། ཤིང་མངར་དང༌། འབྲས་བུ་གསུམ་དང༌། ནིམ་པ་དང༌། པུ་ཤེལ་ཙི་འདི་རྣམས་ཆ་སྙོམས་པ་དང་དྲི་བི་ཏ་དང༌། པ་ཏ་ལའི་རྩ་བ་འདི་གཉིས་ཀྱི་ལྕི་བའི་བཞི་འགྱུར་དང༌། སྲན་ཆུང་དེའི་བརྒྱད་འགྱུར་རྣམས་ཆུ་དང་མར་དང་ཚུལ་བཞིན་བསྐོལ་ནས་བླུད་ན་ཁོང་འབྲས་དང༌། སྐྲན་དང༌། མེ་དབལ་དང༌། ལུས་ཚབ་དང༌། དྲན་པ་ཉམས་པ་དང༌། ས་བོན་མངས་པ་དང༌། སྐོམ་དད་ཆེ་བ་དང༌། བརྒྱལ་བ་དང༌། སློན་པ་དང༌། སྙིང་ན་བ་དང༌། ཁྲག་མཁྲིས་དང༌། མཛེ་དང༌། མིག་སེར་གྱི་ནང་དང༌། འདི་རྣམས་ལ་ཕན་ནོ། །ཡང་ན་ཀྱི་ལྕེ་བ་སྲང་བཞི་ཆུ་སྲང་སུམ་ཅུ་རྩ་གཉིས་དང་བསྐོལ་
ཏེ་བཞི་ཆ་ལུས་པ་དང༌། སྐྱུར་བའི་ཁུ་བ་སྲང་བཞི་དང༌། འོ་མ་སྲང་བཞི་དང༌། མར་སྲང་བཞི་དང༌། ཏིག་ཏ་དང༌། ཏྲ་ཡན་ཏི་དང༌། བྱི་ཚེར་བ་དང༌། གླ་སྒང་དང༌། ཏ་མ་ལ་གི་དང༌། རམ་ཉེ་བ་དང༌། ཛི་བན་ཏི་དང༌། ཙནནྡ་དང་ཨུཏྤ་ལ་དང༌། འདི་རྣམས་ཞོ་གཉིས་ཆམ་ཆོམ་བརྡུངས་ལ་གཅིག་ཏུ་བསྐོལ་ལ་མར་འབའ་ཞིག་ལུས་པ་བླུད་པ་འམ། ཡང་ན་རྒུན་འབྲུ་འམ། མ་དུ་གའི་མེ་ཏོག་དང༌། འབྲ་གོ་དང༌། བི་ད་རི་དང༌། ཉེའུ་ཤིང་དང༌། པ་རུ་ཤ་དང༌། འབྲས་བུ་གསུམ་དང༌། འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ་མར་དང་འོ་མ་དང༌། བུ་རམ་ཤིང་གི་ཁུ་བ་དང༌། སྐྱུར་པོ་དང་འདི་རྣམས་ཆ་མཉམ་སྟེ་ཨ་རུ་རའི་ཕྱེ་མས་བཏབ་ནས་བསྐོལ་ལ་མར་ལུས་པ་དང་གྲང་བའི་ནང་དུ་ཤ་ཁ་ར་དང༌། སྦྲང་རྩི་དང་མར་གྱི་བཞི་ཆ་དང་བསྲེས་ནས་བླུད་ན་ཕན་ཡོན་གོང་མ་དང་འདྲ་བར་ཤེས་པར་བྱའོ། །དེ་ལ་ནད་ཚབས་ཆེ་ཆུང་དང་སྦྱར་བས་གར་སྐྲངས་པའི་སྟེང་དུ་རྡབས་རྭ་དང༌། ཀུ་བ་དང༌། སྲིན་བུ་པད་པ་དང་གསུམ་གྱིས་ཁྲག་དབྱུང་བ་འམ། ཡང་ན་གཏར་ག་འདི་བཞི་གང་ཡང་རུང་བས་ཁྲག་དབྱུང་ངོ༌། །དེ་ལ་འབྲས་ཆེ་ཆུང་འདྲ་བར་སྨིན་པའི་མཚན་མ་ནི་ཕྱི་རོལ་དུ་འབུར་བར་སྣང་སྟེ། དེ་ཡང་ཕྱོགས་གཅིག་ཏུ་འདུས་པ་དང་འདུག་སྟེ། སྟེང་དུ་ལག་པས་རེག་ན་རབ་ཏུ་ན་ཞིང་མནན་ན་གཤོང་བར་འདུག་ལ་ལུས་ཚ་བར་བྱེད་དེ། དེ་ལ་ནི་གོང་གི་བཀྲུ་སྨན་གྱིས་བྱུག་གོ །དེ་ལ་འབྲས་སྨིན་པའི་མཚན་མ་མཐོང་ནས་མཚོན་གྱིས་དྲལ་ཏེ། རྨ་གསོ་བའི་ཆོ་ག་བསྟན་པར་བྱའོ། །ཁོང་འབྲས་ནང་དུ་སྨིན་པའི་མཚན་མ་ཡང་དེ་ལྟར་བལྟའོ། །ཁོང་འབྲས་སྨིན་ནས་གོང་འོག་ཏུ་མཆེད་པར་བྱེད་དེ། དེ་ཡང་སྨིན་ནས་མྱུར་བར་དཔྱད་མ་བྱས་པ་དང༌། ཁ་ཟས་མི་མཐུན་པ་ཟོས་པའི་ཉེས་པས་རྨ་སྐྲངས་པ་མཆེད་ཅིང་འདྲུལ་བར་འགྱུར་རོ། །དེ་ཡང་ཞག་བཅུ་གཉིས་ཀྱི་བར་དུ་གོང་འོག་ཏུ་མི་མཆེད་པར་བྱ་བའི་ཆོ་གས་བསྲུང་བར་བྱ་སྟེ། དེ་ཡང་བ་ར་ན་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་མམ་ཡང་ན་ཤི་ཀྲུ་དང་སྦྲང་རྩི་སྦྱར་བ་འམ། ཡང་ན་འབྲས་ཀྱི་ཐུག་པ་ལ་ཤི་ཀྲུ་དང༌། སྦྲང་རྩི་སྦྱར་བ་འམ། ཡང་ན་ནས་དང༌། རྒྱ་ཤུག་དང༌། རྒྱ་སྲན་
གྱི་ཁུ་བ་བཏུང་བ་འམ། བཟའ་བ་འམ། བཏུང་བ་ནི་རབ་ཏུ་བསྔགས་སོ། །ཞག་བཅུ་ནས་ནི། ཀྱི་ལྕེ་བ་ལ་སོགས་པའི་མར་གོང་དུ་སྨོས་པ་འམ། ཡང་ན་སེང་ཕྲོམ་དཀར་པོ་དང་སྦྱར་བའི་མར་གོང་དུ་རླུང་གི་སྐབས་སུ་བསྟན་པ་བླུད་ལ་སྨན་གྱི་སྟོབས་ཀྱིས་ནད་འཇིལ་བར་བྱའོ། །དེ་ནས་ཏིག་ཏའི་མར་མཛེ་ནད་ཀྱི་སྐབས་སུ་བསྟན་པའི་ནང་དུ་སྦྲང་རྩི་དང་སྦྱར་བ་ཅུང་ཟད་སྦྱིན་ནོ། །སྐྲན་གྱི་བཅོས་ཐབས་ཇི་སྙེད་འབྱུང་བ་ཐམས་ཅད་ཁོང་འབྲས་ལ་ཡང་ཐབས་དེས་གསོ་བར་བྱའོ། །གཞན་ཡང་ཁོང་འབྲས་ཀྱི་ནད་ཐམས་ཅད་ལ་གུ་གུལ་དང༌། བྲག་ཞུན་གཉིས་གང་ཡང་རུང་བས་ཟས་དང་སྨན་ཐམས་ཅད་ལ་སྦྱར་བར་བྱའོ། །ཁོང་འབྲས་ནི་སྨིན་དུ་མི་གཞུག་སྟེ། མི་སྨིན་པའི་ཆོ་ག་ལ་འབད་པར་བྱའོ། །ཅི་སྟེ་སྨིན་ན་ནི་ཤིན་དུ་ཉེན་ཆེ་སྟེ་གསོ་བར་དཀའོ། །ཁོང་འབྲས་ཞེས་བྱ་བ་ནི་མྱུར་དུ་སྨིན་པར་བྱེད་པའི་རང་བཞིན་ཡིན་ནོ། །འབྲས་ཁོང་དུ་ན་ཞིང་ཚ་བ་ལ་ནི་ལེགས་པར་བརྟགས་ཏེ་གཅིན་སྙི་བའི་ནད་གསོ་བ་བཞིན་དུ་འདི་ཡང་ཐབས་དེ་ལྟར་གསོ་བར་བྱའོ། །བུད་མེད་ཀྱི་ནུ་མར་འབྲས་བྱུང་བ་ལ་ནི་སྨིན་པར་བྱ་བའི་ཆོ་ག་མི་བྱ་སྟེ། རྨའི་སྐབས་ལས་འབྱུང་བའི་དཔྱད་བཞིན་བྱའོ། །མྱུར་དུ་སྨིན་ན་ནི་ཤས་ཆེ་བ་དང་འཇམ་པའི་ཕྱིར་ཚབས་ཆེར་འདྲུལ་བའི་སྐྱོན་ནོ། །རང་སྨིན་པ་དང་ནུ་སོར་གྱི་མཐའ་སྐོར་གནག་མཚམས་ཀྱི་ནང་རོལ་ཏུ་མཚོན་མི་གདབ་པར་བསྲུང་སྟེ། གཞན་ཡང་གང་ཡང་རུང་བར་མཚོན་གྱིས་དྲལ་བའི་ལས་བྱའོ། །འབྲས་དེ་ན་ཡང་རུང་མིན་ཡང་རུང༌། སྨིན་ཡང་རུང་མ་སྨིན་ཡང་རུང་སྟེ། རྟག་ཏུ་ནུ་མ་ལས་བཞོ་བར་བྱའོ། །དེ་ནས་ཤིང་ཉེ་རོང་གི་ཕྱེ་མས་རླུང་ཤས་ཆེ་བའི་ནད་ཡིན་ན་ནི་སྣུམ་ཤས་ཆེར་བཏབ་སྟེ་བྱིན་ལ་ཁྲུས་བྱས་ཏེ་ལུས་དག་པར་བྱའོ། །དེ་ལ་སྣུམ་ནི་འདི་དག་སྟེ། ཨ་མྲའི་འབྲས་བུའི་སྨན་མར་རམ་ཨེ་རཎྜའི་སྨན་མར་རམ་སུ་གུ་མ་དའི་སྨན་མར་རམ། མི་ཏྲ་ཀའི་སྨན་མར་རམ་འདི་རྣམས་ཀྱི་མར་གང་རྙེད་པ་དང་སྦྱར་རོ། །དེ་ནས་རླུང་ལས་གྱུར་པ་ལ་ཕན་པའི་སྨན་ཚོགས་ཞིབ་ཏུ་བཏགས་ཏེ། ཆུ་དང་མར་ཚུལ་བཞིན་བསྐོལ་ཏེ་ཆུ་དུ་མར་ལུས་པ་དང༌། བཀྲུ་སྨན་དྲག་པོ་མས་གཏང་བའི་
ཐབས་དུ་མས་གཏང་བར་བྱའོ། །དེ་ནས་ཤ་ཁུ་དང་བཅས་པའི་ཟས་སྦྱིན་ནོ། །དེའི་འོག་ཏུ་ཤིང་མངར་གྱི་ཕྱེ་ཏིལ་མར་དང་བསྐོལ་བས་ལུས་བསྐུ་བར་བྱའོ། །རླུང་ལས་གྱུར་བའི་འབྲས་སྨིན་པ་ལ་ནི་རླུང་ལ་ཕན་པའི་སྨན་དང་དུགས་དང་བསྐུ་བྱུག་ལ་སོགས་པ་བྱ་སྟེ། སྨིན་ནས་དྲལ་ལ་རྨ་གསོ་བའི་ཆོ་ག་ལྟར་བྱའོ། །མཁྲིས་པ་དང༌། ཁྲག་ལས་གྱུར་པ་མ་སྨིན་པ་ལ་ནི་གོང་དུ་བགྲང་བའི་ཆོ་ག་བསྟན་པ་བཞིན་བྱའོ། །སྨིན་ནས་འདྲལ་ལ་རྨ་གསོ་བའི་ཆོ་ག་ལྟར་བྱའོ། །རྟག་ཏུ་བར་མ་ཆད་པར་ཁྲག་ཀྱང་དབྲིའོ། །བད་ཀན་ལས་གྱུར་པ་ལ་ནི་སྐྱེར་པའི་ཕྱེ་མ་བ་གཅིན་དང་སྦྱིན་ནོ། །སྦྱིན་པར་བྱ་བའི་ཆོ་ག་མ་གཏོགས་པ་ཕྱེ་མ་བད་ཀན་ལས་གྱུར་པའི་འབྲས་གསོ་བའི་ཆོ་ག་རྣམས་འདིར་བྱའོ། །བད་ཀན་ལས་གྱུར་པའི་འབྲས་རང་སྨིན་པའི་ཚེ་ན་ནི་དྲལ་ཏེ། སུ་མ་ནའི་མེ་ཏོག་དང་གོ་བྱེ་དང༌། ཨང་གོ་ལ་ན་སཔྟ་པརྞ་དང༌། པ་ཏོ་ལ་དང༌། ནིམ་པ་དང༌། ཡུང་བ་དང༌། བྱི་དང་ག་དང༌། དུག་མོ་ཡུངས་དང༌། འདི་རྣམས་ཏིལ་མར་དང་སྦྱར་ལ་རྨ་དག་པར་བྱ་བའི་ཕྱིར་བླུད་པ་ནི་རབ་ཏུ་བསྔགས་སོ། །ཚིལ་ལས་གྱུར་པའི་ནུ་མའི་ནད་ལ་ནི་བྱིའུ་རུག་པའི་སྡེ་ཚན་བཏགས་ཏེ་བ་གཅིན་དང་སྦྱར་བ་འམ། ཡང་ན་ཀླད་པ་བཀྲུ་བའི་སྨན་བཏགས་པས་དུགས་བྱས་ལ་སྨིན་པ་དང༌། ནུ་སོར་གྱི་མཐའ་ནག་པོར་མཚོན་གྱིས་མི་གདབ་སྟེ་ཕྱི་རོལ་ནས་གཙགས་བུས་ལེགས་པར་དྲལ་ནས་རྣག་ཕྱུང་ལ་སྦྲང་རྩི་དང་རྒྱམ་ཚ་དང་ནག་ཚུར་སྦྱར་བས་རྨ་བཀྲུས་ཏེ་དར་སྐུད་ཀྱིས་བཙེམ་མོ། །ཚིལ་ལས་གྱུར་པའི་ནུ་མའི་རྨ་དག་པར་བྱ་བའི་ཕྱིར་ལྡོང་རོས་དང༌། བ་བླ་དང༌། སུ་མ་ན་དང༌། པི་པི་ལིང་མཱུ་ལ་དང༌། གོ་བྱེ་དང༌། འདི་རྣམས་ཏིལ་མར་དང་དྲོ་འཇམ་ཙམ་སྦྱར་བས་རྨ་བཀྲུའོ། །ཇི་སྲིད་རྨ་མ་འདྲུབ་ཀྱི་བར་དུ་སྣུམ་དང་བཅས་པའི་དུགས་བྱའོ། །ཆུ་སོའི་གནས་སུ་འབྲས་བྱུང་བ་ལ་ནི་རས་སྣུམ་ཅན་གྱིས་དུགས་བྱས་ལ་རས་ཀྱིས་རྐེད་པར་བཅིང་ངོ༌། །དེའི་འོག་ཏུ་བཤང་བའི་སྒོ་དང༌། འབྲས་བུའི་བར་སྲུབས་བྲེང་བྲེང་པོའི་འོག་ཏུ་འབྲུའི་ཁ་འདྲ་བའི་མཚོན་གྱིས་དྲལ་ཏེ། རྣག་འཛག་ཏུ་འཇུག་ལ་དམུ་རྫིང་གསོ་བའི་ཐབས་བཞིན་དུ་དབུག་པ་
དང༌། སྦུ་གུའི་རྨ་བཀག་པ་རྣམས། བཅིང་བ་དང༌། སྨན་གྱིས་དག་པར་བྱས་ནས་རྨ་འདྲུབ་པའི་ཆོ་ག་བྱའོ། །ཁོང་འབྲས་ལོང་ཀའམ་རྒྱུ་མ་ལ་འབྱུང་སྟེ། རླིག་པའི་འོག་ཏུ་ཕྱིན་པ་དང༌། རླུང་ལས་གྱུར་པའི་འབྲས་གསོ་བའི་ཆོ་ག་བཞིན་དུ་བྱའོ། །གཞན་ཡང་བ་སྤྲུ་བ་སྲང་བརྒྱད་དང༌། རྩ་བ་བཅུ་པ་དང༌། ཨ་ཤྭ་གན་དྷ་དང༌། ཨེ་རཎྜ་དང༌། ཉེའུ་ཤིང་དང༌། རྩྭ་དཱུར་བ་རྣམ་གཉིས་དང༌། འདམ་བུ་དང༌། རྩྭ་ཀུ་ཤ་དང༌། བུ་རམ་ཤིང་གི་རྩ་བ་དང༌། མ་ཏ་ཀ་ལ་དང༌། འདི་རྣམས་ཀྱི་རྩ་བ་རེ་རེ་ལ་ཡང་སྲང་བཅུ་བཅུ་ཆམ་ཆོམ་བརྡུངས་ཏེ་ཆུ་སྲོང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་དང༌། བསྐོལ་ལ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་ལུས་པ་དང་ཕྱིར་ཕྱུང་ལ་བཙགས་ཏེ་གྲང་བའི་ནང་དུ་བུ་རམ་སྲང་སུམ་ཅུ་རྩ་གཉིས་དང་འོ་མ་བྲེ་དོ་དང༌། ཨེ་རཎྜའི་མར་བྲེ་དོའི་ནང་དུ་པི་པི་ལིང་གི་རྩ་བ་དང༌། ལྕེ་མྱང་ཚ་དང༌། ཤིང་མངར་དང༌། ལ་ལ་ཕུད་དང༌། རྒུན་འབྲུམ་དང༌། དོང་གྲ་དང༌། འདི་རྣམས་ལྷན་ཅིག་ཏུ་བསྐོལ་ལ། འོ་མ་དུ། མར་ལུས་པ་ནི་སུ་ཀུ་མ་རུ་ཞེས་བྱ་བའི་བཅུད་ཀྱིས་ལེན་པ་ཡིན་ཏེ། སྨན་མར་འདི་ནི་ཚ་བ་དང༌། རླུང་དང༌། ལམ་དུ་འགྲོ་བ་དང༌། བཞོན་པ་ལ་སོགས་པ་ལ་འགྲོ་བའི་ཚེ་ཡང་བསྲུང་མི་དགོས་པར་བཟའོ། །དེ་ཡང་གཞོན་ནུ་རྣམས་དང༌། ཕྱུག་པོ་རྣམས་དང་བུད་མེད་རྣམས་དང༌། སྐྱིད་དེ་བ་རྣམས་དང༌། བུད་མེད་མང་པོའི་ཁྱིམ་ཐབ་རྣམས་ལ་སྦྱར་བར་བྱའོ། །དཔལ་སྐྱེད་པ་དང༌། རྩོད་པ་ཟློག་པར་བྱེད་དེ། རྟག་ཏུ་བསྟེན་ན་སྡུག་ཅིང་མཛེས་པ་དང་ལུས་ཤ་སྐྱེད་པ་དང༌། དེ་བཞིན་དུ་རླིག་རླུགས་དང༌། ཁོང་འབྲས་དང༌། སྐྲན་དང༌། གཞང་འབྲུམ་དང༌། མོ་མཚན་དང༌། ཕོ་མཚན་གྱི་ནང་དང༌། རླུང་ནད་ཀྱིས་ཉམ་ཐག་པ་དང༌། སྐྲང་པ་དང༌། དམུ་རྫིང་དང༌། དྲེག་དང༌། མཆིན་པ་ན་བ་དང༌། རྟུག་སྐམ་འདི་རྣམས་ཞི་བར་བྱེད་པའི་མཆོག་ཡིན་ནོ། །གཞང་ལ་ཁོང་འབྲས་འབྱུང་བ་ལ་ནི་སྣུམ་ཆོས་དང༌། ཁྲུས་དང༌། འཇམ་རྩི་མས་གཏོང་བ་ལ་སོགས་པས་ཐོག་མར་ཞི་བར་བྱས་ལ་དེས་ཞི་བར་མ་ནུས་ན་དང་པོ་ཡང་འཇམ་རྩི་བྱས་ཏེ། རྒྱུ་ཞབས་ཀྱི་སྤུ་མཚམས་
གཡས་གཡོན་དུ་མཚོན་ཟླ་བ་བཀས་པ་ལྟ་བུ་བསྲེགས་པས་དབུག་ལ། རླུང་གིས་འགགས་པ་དེ་དལ་གྱིས་དབྱུང་ངོ༌། །དེ་ལ་དབུག་པའི་ཚད་ནི་སྨན་པ་ཁ་ཅིག་ན་རེ་མཐེ་བོང་གི་ཚིགས་དང་པོ་ནུབ་པ་ཙམ་ཟབས་སུ་གཏང་ངོ་ཞེས་ཟེར་རོ། །ཡང་ཁ་ཅིག་ན་རེ་ཟབས་སུ་སྲིན་ལག་གི་ཚིགས་དང་པོ་ནུབ་པ་ཙམ་གཏང་ངོ་ཞེས་ཟེར་རོ། །དྲལ་བ་ནི་དང་པོ་པགས་པ་ཕུག་ལ་མཐེ་བོང་གིས་རྨ་ཁའི་པགས་པ་བཏེག་སྟེ། དེ་ནས་དེའི་འོག་ཏུ་མཚོན་གྱི་རྩེ་མོ་དྲང་པོར་ཟབས་སུ་མི་གཏང་བར་རྩེ་མོ་ལྟེ་བ་ཕྱོགས་སུ་ཚད་བཞིན་དུ་གཏང་ངོ༌། །ཡང་ན་སྨན་པ་ཁ་ཅིག་ན་རེ་མཆིན་པའི་ཁོང་འབྲས་ལ་ནི་བད་ཀན་དང་རླུང་གི་ཁོང་འབྲས་གསོ་བའི་ཐབས་ལྟར་བྱའོ། །སྨན་པ་ཁ་ཅིག་ན་རེ། མཐེ་ཆུང་དང༌། སྲིན་ལག་གི་ཚིགས་དང་པོའི་ཚད་ཙམ་གཏང་ངོ༌། །ཞེས་ཟེར་རོ། །ཁོང་འབྲས་གསོ་བའི་ལེའུ་བཅུ་གསུམ་པ་རྫོགས་སོ།། །།དེ་ནས་སྐྲན་ནད་གསོ་བའི་ལེ་འུ་བཅུ་བཞི་པ་བཤད་པར་བྱ་སྟེ། དེ་ལ་རླུང་ལས་གྱུར་པའི་སྐྲན་ནད་ནི་ཕྱི་ས་དང་རླུང་འགག་ཅིང་མི་བཟད་པར་ན་བ་ཡིན་ཏེ། དེ་ཡང་རྩུབ་པ་དང་གྲང་བའི་རྒྱུ་ལས་བྱུང་བ་ཡིན་པས་དེ་ལ་ནི་རླུང་ནད་ཀྱི་སྐབས་སུ་བཤད་པའི་འབྲུ་མར་སྦྱར་བས་བཟའ་བ་དང༌། བཏུང་བ་དང༌། འཇམ་རྩི་གཏང་བ་དང༌། བསྐུ་བྱུག་དང༌། སྣུམ་ཆོས་བྱའོ། །ཁྱད་པར་དུ་ལྟོ་སྤོ་ཞིང་ན་བ་དང༌། རེངས་པ་དང༌། རྟུག་པ་འགགས་པ་འདི་རྣམས་ལ་ནི་དུགས་བྱ་སྟེ། རྒྱུན་སྲང་མཉེན་པར་བྱས་ན། རླུང་ནད་ཚབས་ཆེ་བ་ལ་ཕན་ཏེ། རྒྱལ་བར་བྱེད་དོ། །སྣུམ་ཆོས་ཀྱིས་ནི་ཁྱད་པར་དུ་ཕྱིས་འགགས་པ་དང༌། སྐྲན་ནད་སེལ་ཏོ། །སྐྲན་ནད་ལྟེ་བའི་ཁོང་དུ་བྱུང་བ་ལ་ནི། ཁྱད་པར་དུ་སྣུམ་གྱི་བཏུང་བ་སྦྱར་རོ། །ཞུ་བའི་སྐབས་སུ་སྐྲང་འབྱུང་བ་ལ་ནི་འཇམ་རྩི་མས་གཏོང་བ་ཕན་ནོ། །སྐྲན་ལྟོ་བའི་ནང་དུ་བྱུང་བ་ལ་ནི་སྣུམ་གྱི་འཇམ་རྩི་གཉི་ག་བྱའོ། །རླུང་ལས་གྱུར་པའི་སྐྲན་མེ་དྲོད་ཆེ་ཞིང་རླུང་གིས་ཕྱི་ས་འགགས་པ་ལ་ནི་ཉམས་སྟོབས་འཕེལ་བའི་བཟའ་བ་དང༌། བཏུང་བ་དང༌། སྣུམ་པ་དང༌། དྲོ་བའི་བག་སྦྱར་རོ། །སྣུམ་གྱི་བཏུང་བ་དང་བཀྲུ་སྨན་དྲག་པོ་དང༌། འཇམ་རྩི་མས་གཏོང་བ་རྣམས་ལ་ཡང་དང་ཡང་དུ་
སྦྱར་ན། རླུང་ལས་གྱུར་པའི་སྐྲན་ལ་ཕན་ནོ། །བད་ཀན་དང་མཁྲིས་པ་ནི་སྨན་པས་མི་འབྱུང་བར་བསྲུང་ངོ༌། །འཇམ་རྩི་ནི་རླུང་སྐྲན་འཇོམས་པའི་མཆོག་ཏུ་རིག་པར་བྱ་སྟེ། དེ་ཡང་དང་པོ་རླུང་གི་རང་གི་གནས་སུ་ཞི་བར་བྱས་ན་དེ་མ་ཐག་སྐྲན་སེལ་ཏོ། །དེ་བས་ན་བཀྲུ་སྨན་དྲག་པོ་དང་འཇམ་རྩི་མས་གཏང་བ་ཡང་དང་ཡང་དུ་བྱས་ན། རླུང་དང༌། མཁྲིས་པ་དང༌། བད་ཀན་གྱི་བདག་ཉིད་ཀྱི་སྐྲན་ཡང་ཞི་བར་འགྱུར་རོ། །ཤིང་ཀུན་དང༌། ཁ་རུ་ཚ་དང༌། ཚ་བ་གསུམ་དང༌། རྩབ་རུ་ཚ་དང༌། བལ་པོ་སེའུ་དང༌། མ་ནུ་དང༌། གོ་སྙོད་དང༌། འུ་སུ་དང༌། ཟི་ར་དང༌། ལ་ལ་ཕུད་དང༌། སྟར་བུ་དང༌། ཡ་བཀྵ་ར་དང༌། ཀྲུ་ཏྲུག་ཏྲེས་དང༌། ཟུར་པ་དང༌། ཨ་ཛ་གནྡྷ་དང༌། སུག་སྨེལ་དང༌། བྱེའུ་རུག་པ་དང༌། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། ཞོ་དང༌། མར་དང༌། ལྷན་ཅིག་ཚུལ་བཞིན་བསྐོལ་བ་ལས་རན་པར་འཐུངས་ན་རླུང་ལས་གྱུར་པའི་སྐྲན་ནད་སེལ་ཏོ། །ཁྱད་པར་དུ་ཟུག་གཟེར་དང་ལྟོ་སྦོ་བ་འཕྲོག་གོ །སྤ་མའི་འབྲས་བུ་དང༌། ཚ་བ་གསུམ་དང༌། ཟི་ར་དང༌། ཚ་བ་ལྔ་དང༌། ཨ་ཛ་མོ་རྡ་དང༌། གོ་སྙོད་དང༌། ལྕེ་མྱང་ཚ་དང༌། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། མར་དང་ལྷན་ཅིག་ཞོ་དང་བསྐོལ། ཞོ་དུ་བ་དང་ཕྱིར་ཕྱུང་ལ་འོ་མའི་ནང་དུ་ཡང་བསྐོལ་ལ། དེ་བཞིན་དུ་བལ་པོ་སེའུ་དང༌། ལ་ཕུག་སྐམ་པོ་དང༌། རྒྱ་ཤུག་སྐྱུར་པོ་དང༌། དེ་གསུམ་གྱི་ཁུ་བའི་ནང་དུ་བསྐོལ་བའི་མར་ལས་རན་པར་འཐུངས་ན་རླུང་ལས་གྱུར་པའི་སྐྲན་དང༌། དམུ་རྫིང་དང༌། ལྟོ་སྤོ་བ་དང༌། རྩིབ་ལོགས་ན་བ་དང༌། སྙིང་ན་བ་དང༌། ལྟོ་བ་ན་བ་དང༌། མོ་མཚན་གྱི་ནད་དང༌། གཞང་འབྲུམ་དང༌། ཕོ་བའི་ནད་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། ཡི་ག་འཆུས་པ་དང༌། རིམས་རྣམས་སེལ་བར་བྱེད་དོ། །ཡང་ན་རྩ་བ་བཅུ་པ་དང༌། པ་ལང་ཀ་དང༌། སུ་ཤ་བི་དང༌། བ་སྤྲུ་བ་རྣམ་གཉིས་དང༌། མ་ནུ་དང༌། ཨེ་རཎྜ་དང༌། ར་སྣ་དང༌། ཨ་ཤྭ་གནྡྷ་དང༌། ག་བྲའི་རྩ་བ་དང༌། ཟུར་པ་དཀར་པོ་དང༌། སླེ་ཏྲེས་དང༌། སུ་ཏི་ཀ་རཉྫ་དང༌། འདི་རྣམས་སྲང་གཉིས་གཉིས་
དང༌། ནས་དང༌། རྒྱ་ཤུག་དང༌། རྒྱ་སྲན་དང༌། མོན་སྲན་གྲེའུ་དང༌། འདི་རྣམས་སྲང་བཅུ་དྲུག་བཅུ་དྲུག་དང༌། དེ་རྣམས་ཆམ་ཆོམ་བརྡུངས་ཏེ། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་བསྐོལ་ཏེ། བཞི་ཆ་ལུས་པའི་ནང་དུ་ཞོ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང༌། བལ་པོ་སེའུ་དང༌། ཨ་མྲ་ཏ་ཀ་དང༌། མ་དུ་ལུང་ག་དང༌། འདི་རྣམས་རང་གི་ཁུ་བ་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌། མར་སྲང་སུམ་ཅུ་རྩ་གཉིས་དང༌། ནས་སོ་བའི་རྩབ་མོ་དང༌། འབྲས་ཀྱི་ཆང་སྐྱུར་དང༌། ཚྭ་དང་འདི་རྣམས་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌། ག་བྲའི་རྩ་བ་དང༌། གཡེར་མ་དང༌། ཤུ་དག་དང༌། པི་པི་ལིང་གི་རྩ་བ་དང༌། ར་སྣ་དང༌། ཙི་ཏྲ་ཀ་དང༌། འུ་སུ་དང༌། ཏི་མུས་དང༌། ལ་ལ་ཕུད་དང༌། སྟར་བུ་དང༌། ཟི་ར་ནག་པོ་དང༌། གོ་སྙོད་དང་ཤིང་ཀུན་དང༌། སྤ་མའི་འབྲས་བུ་དང༌། ག་བི་དང༌། ཟངས་རྩི་བ་དང༌། ཨ་ཤྭ་ཀ་དང༌། དུར་བྱིད་དང༌། དན་ད་དང༌། མུར་བ་དང༌། ཧསྟི་པི་པི་ལིང་དང༌། བྱི་དང་ག་དང༌། བལ་པོ་སེའུ་དང༌། གཟེ་མ་དང༌། རྒྱལ་མོ་ག་གོན་གྱི་ས་བོན་དང༌། སྤང་སྤོས་དང༌། སྲུ་སྲུའི་རྩ་བ་དང༌། ཤུ་ཏི་དང༌། ཐལ་བ་རྣམ་གཉིས་དང༌། བྱེའུ་རུ་ག་པ་དང༌། ཐལ་ཏྲེས་དང༌། ནི་ལི་ནིའི་འབྲས་བུ་དང༌། ལན་ཚྭ་རྣམ་གསུམ་དང་དེ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་བཏབ་སྟེ་བསྐོལ་བས་མར་འབའ་ཞིག་ལུས་པ་ནི། ཞོལ་སོགས་པའི་སྨན་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་གོང་དུ་སྨོས་པའི་ནད་ཤིན་དུ་གསོ་དཀའ་བ་ཡང་མྱུར་དུ་སེལ་བར་བྱེད་དོ། །དེ་བཞིན་དུ་བརྗེད་བྱེད་དང་སྨྱོ་བྱེད་དང༌། གཅིན་འགགས་པ་དང༌། རླུང་ནད་རྣམས་མྱུར་དུ་སེལ་བར་བྱེད་དོ། །ཡང་ན་ཚ་བ་གསུམ་དང༌། འབྲས་བུ་གསུམ་དང༌། འུ་སུ་དང༌། དབྱི་མོ་དང༌། བྱི་དང་ག་དང༌། ཙི་ཏྲ་ཀ་དང་འདི་རྣམས་མར་དང་འོ་མ་དང་བཅས་པ་བསྐོལ་བ་འཐུངས་ན་རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །ཤུན་པ་བཤུས་པའི་སྒོག་སྐྱ་སྲང་བརྒྱ་དང༌། རྩ་བ་ལྔ་ཆེན་པོ་སྲང་རེ་རེ་དང༌། ཆུ་སྲང་གོང་དང་བསྐོལ་ལ་བཞི་ཆ་ལུས་པའི་ཕྱེད་དང་མཉམ་པའི་སེའུ་འབྲུའི་རང་གི་ཁུ་བ་དང༌། ཆང་
དང་འབྲས་ཀྱི་རང་སྐྱུར་དང༌། ཞོ་དང་དེ་རྣམས་རེ་རེ་ཡང་གོང་མའི་ཁུ་བའི་ཕྱེད་ཕྱེད་དང་མཉམ་པ་དང༌། ཚ་བ་གསུམ་དང༌། འབྲས་བུ་གསུམ་དང༌། ཤིང་ཀུན་དང༌། ལ་ལ་ཕུད་དང༌། དབྱི་མོ་དང༌། ཏི་མུས་དང༌། སྟར་བུ་དང༌། རྒྱམ་ཚ་དང༌། ཐང་ཤིང་དང༌། འདི་རྣམས་སྲང་རེ་རེ་ཞིབ་ཏུ་བཏགས་པའི་ཕྱེ་མ་མར་སྲང་སུམ་ཅུ་རྩ་གཉིས་དང་ཡང་བསྐོལ་ཏེ། མར་ལུས་པ་དང་རན་པར་འཐུངས་ན་རླུང་ནད་ཐམས་ཅད་ལས་གྱུར་པའི་སྐྲན་སེལ་བའི་མཆོག་ཡིན་ནོ། །ཡང་ན་གཅོང་ཆེན་པོ་གསོ་བའི་སྐབས་ལས་བྱུང་བའི་སྲང་དྲུག་པ་ཞེས་བྱ་བའི་སྨན་མར་བླུད་དོ། དེ་ཡང་འོ་མའི་སྐྱིན་པར་ཆང་ངམ་ཆང་གི་དངས་མ་འམ། སེའུ་འབྲུའི་ཁུ་བ་འམ་ཞོའི་སྤྲིས་མ་གང་ཡང་རུང་བ་དང་སྦྱར་བའི་སྨན་མར་འཐུངས་ན་རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །གལ་ཏེ་རླུང་གི་སྐྲན་ལ་བད་ཀན་སྩོགས་ཏེ། མེ་དྲོད་ཉམས་ཤིང་ཡི་ག་འཆུས་པ་དང༌། སྙིང་འཛག་པ་དང༌། ལུས་ལྕི་བ་དང་སྙོམ་པར་འགྱུར་ཏེ། དེ་ལ་སྐྱུག་སྨན་གཏང་ངོ༌། ཟུག་གཟེར་དང༌། ལྟོ་སྤོ་བ་དང༌། རྟུག་པ་འགགས་པ་དང༌། ཁོང་པ་སྣུམ་པར་ཤེས་ན་སྨན་བསྐོལ་བའི་ཆུ་དང་ཕྱེ་མ་དང༌། རི་ལུ་དང༌། སྨན་མར་སྦྱར་བར་བྱ་སྟེ། དེ་ཡང་རྒྱ་ཤུག་དང༌། སེའུ་འབྲུ་དང༌། ཆུ་དྲོན་དང༌། དར་བ་དང༌། ཆང་དང༌། རྩབས་སྐྱུར་པོ་དང་ལྷན་ཅིག་སྦྱར་བ་གཏང་ངོ༌། །ཡང་ན་ནད་པར་སྨན་གྱི་ཕྱེ་མ་ཟོས་ལ་དེའི་འོག་ཏུ་མར་དང་བཅས་པའི་ཐུག་པ་རྐྱང་རྐྱང་པོ་བཏུང་བ་འམ། ཟས་བཟའོ། །ཡང་ན་འོག་ནས་སྨོས་པའི་སྨན་གྱི་ཕྱེ་མ། མ་དུ་ལུང་གའི་ཁུ་བའི་ནང་དུ་ལན་མང་པོར་བྲན་པའི་ཕྱེ་མ་དང༌། བད་ཀན་དང་རླུང་འཇོམས་པའི་རི་ལུ་ལ་སོགས་པ་བྱའོ། །ཡང་ན་ཤིང་ཀུན་དང༌། ཤུ་དག་དང༌། ཨ་རུ་ར་དང༌། ཨ་ཛ་གནྡྷ་དང༌། སེའུ་འབྲུ་དང༌། ཏི་མུ་ས་དང༌། འུ་སུ་དང༌། པ་ཐ་དང༌། པུཥྐ་ར་མཱུ་ལ་དང༌། ཟུར་པ་དཀར་པོ་དང༌། སྦ་མའི་འབྲས་བུ་དང༌། ཙི་ཏྲ་ཀ་དང༌། ཐལ་བ་རྣམ་གཉིས་དང༌། ལན་ཚྭ་རྣམ་གཉིས་དང༌། ཚ་བ་གསུམ་དང༌། ཟི་ར་དང༌། དབྱི་མོ་དང༌། ད་ཏྲ་གི་དང༌། སྟར་བུ་དང༌། འདི་རྣམས་
ལྷན་ཅིག་ཏུ་སྦྱར་བའི་ཕྱེ་མ་ལས་རན་པར་ཟོས་ན། སྙིང་ག་དང༌། རྩིབ་ལོགས་དང༌། ཆུ་སོ་དང༌། མཇུག་ཏོ་དང༌། མངལ་དང་འཇང་དང༌། འདི་རྣམས་སུ་ཟུག་ཅིང་ན་བ་དང༌། རླུང་དང་བད་ཀན་དང༌། མ་ཞུ་བ་ལས་བྱུང་བའི་ནད་དང༌། གསོ་དཀའ་བའི་སྐྲན་དང༌། རླུང་དང་གཅིན་དང༌། ཕྱི་ས་འགགས་པ་དང༌། སྐེ་འགགས་པ་དང༌། སྟོད་འཛིངས་པ་དང༌། སྐྱ་རྦབ་དང༌། ཡི་ག་འཆུས་པ་དང༌། མཆེར་པ་ན་བ་དང༌། གཞང་འབྲུམ་དང༌། སྐྱིགས་བུ་དང༌། རླིག་རླུགས་དང༌། ལྟོ་སྦོ་བ་དང༌། དབུགས་མི་བདེ་བ་དང༌། ལུད་པ་དང་མེའི་དྲོད་ཉམས་པ་རྣམས་འཇོམས་པར་བྱེད་དོ། །རྒྱམ་ཚ་དང༌། ལ་ལ་ཕུད་དང༌། ཏི་མུས་དང༌། པི་པི་ལིང་དང༌། དོང་གྲ་དང༌། འདི་རྣམས་ཡས་ཀྱི་རིམ་བཞིན་དུ་ཆ་རེ་རེ་བསྐྱེད་པ་དང༌། དེ་རྣམས་སྤྱི་དང་མཉམ་པའི་ཨ་རུ་ར་དང་ལྷན་ཅིག་སྦྱར་བ་ནི། མངོན་སུམ་དུ་མེ་དང་མཉམ་པ་ཡིན་ནོ། །ཡང་ཚ་བ་གསུམ་དང༌། ཏི་མུ་ས་དང༌། རྒྱམ་ཚ་དང༌། ཟིར་རྣམ་གཉིས་དང༌། ཤིང་ཀུན་དང་འདི་རྣམས་ཆ་སྙོམས་པ་ནི། ཤིང་ཀུན་བརྒྱད་པའི་ཕྱེ་མ་ཞེས་བྱ་སྟེ། དེ་ལས་ཁམ་དང་པོར་མར་དང་བསྲེས་པ་ཟོས་ན་ཁོང་དྲོད་བསྐྱེད་ཅིང་རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །ཡང་ཤུ་དག་དང༌། ལྕེ་མྱང་ཚ་དང༌། ལི་དོང་གྲ་དང༌། ལ་ལ་ཕུད་དང༌། ཨ་རུ་ར་དང༌། མ་ནུ་དང༌། རུ་རྟ་དང༌། དུར་བྱིད་དང༌། དན་དའི་རྩ་བ་དང༌། འདི་རྣམས་དང་པོའི་ཆ་རེ་རེས་ཀུན་ལ་བསྐྱེད་པ་ནི་སྟག་ལྟ་བུའི་ཕྱེ་མ་ཞེས་བྱ་སྟེ། དེ་ལས་ཆུ་དྲོན་དང་སྦྱར་ཏེ་འཐུངས་ན་དཔེར་ན་སྟག་གིས་རི་དགས་ཀྱི་ཚོགས་བཅོམ་པ་བཞིན་དུ། ཁོང་པའི་ནད་ཐམས་ཅད་དང༌། སྐྲན་དང༌། དམུ་རྫིང་ལ་སོགས་པའི་ནད་འཇོམས་པར་བྱེད་དོ། །རྒྱམ་ཚ་དང༌། པི་པི་ལིང་དང་ཨ་རུ་ར་དང༌། ཏི་མུ་ས་དང༌། འདི་རྣམས་ཀྱི་ཕྱེ་མ་ཆུ་དྲོ་འཇམ་ཙམ་དང་སྦྱར་ཏེ་བཏང་ན། བད་ཀན་དང་རླུང་ལས་གྱུར་པའི་ནད་འཇིག་པར་བྱེད་དོ། །ལྕགས་མངས་ལུས་འབིགས་པ་བཞིན་ནོ། །ཡང་ན་ཁམས་སླང་གི་སྟེང་དུ་པི་ཀ་རཉྫའི་ལོ་མ་བཏིང་བ་དེའི་སྟེང་དུ་ཨིན་དྲ་བ་རུ་ནི་དང༌། དབྱི་མོ་དང༌། ཀྲུ་ཏྲུག་ཏྲེས་དང༌། བཅའ་
སྒ་དང༌། པི་པི་ལིང་དང༌། ན་ལེ་ཤམ་གྱི་ཕྱེ་མ་རིམ་བཞིན་དུ་བདལ་བའི་སྟེང་དུ་ལན་ཚྭ་བཏབ་ནས་དེ་ལྟ་བུ་རིམ་པ་བཞིན་དུ་བརྩེགས་ནས་ཕྲུ་བ་སར་པས་དུད་པ་མ་ཤི་བར་བཀག་ལ་འོག་ནས་མེ་བཏང་སྟེ་བསྲེགས་ལ་ཚིག་པར་གྱུར་པ་དེ་བཏགས་ནས་ཞོ་ག་ཆུ་དང་སྦྱར་ཏེ་འཐུངས་ན། སྐྲན་དང༌། དམུ་རྫིང་དང༌། སྐྱ་རྦབ་ཀྱི་ནད་དང༌། གཞང་འབྲུམ་རྣམས་ལ་ཕན་ནོ། །ཤིང་ཀུན་དང༌། དེའི་སུམ་འགྱུར་གྱི་རྒྱམ་ཚའི་ཕྱེ་མ་དང༌། དེའི་སུམ་འགྱུར་གྱི་ཨེ་རཎྜའི་མར་དང༌། དེའི་སུམ་འགྱུར་གྱི་སྒོག་སྐྱའི་ཁུ་བ་དང༌། དེ་རྣམས་ལྷན་ཅིག་སྦྱར་ལ་འཐུངས་ན་སྐྲན་དང༌། དམུ་རྫིང་དང༌། རྒྱུ་རླུགས་ཀྱི་ཟུག་གཟེར་འཇོམས་པར་བྱེད་དོ། །ཡང་ན་ཁ་ལུང་གི་ཁུ་བ་དང༌། ཤིང་ཀུན་དང༌། ལྕེ་མྱང་ཚ་དང་རྒྱམ་ཚ་དང་འདི་རྣམས་ཆང་གི་ཉིང་ཁུའི་ནང་དུ་བཏབ་སྟེ་འཐུངས་ན་རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །བཅའ་སྒ་ཞོ་གཉིས་དང༌། བུ་རམ་ཞོ་བཞི་དང༌། ཏིལ་ནག་པོ་ཕུབ་མ་མེད་པ་སྲང་གཅིག་དང༌། འདི་རྣམས་ལྷན་ཅིག་ཕྱེ་མར་བྱས་ཏེ་ཟོས་ལ་དེའི་འོག་ཏུ་འོ་མ་དྲོན་པོ་འཐུངས་ན། རླུང་ལས་གྱུར་པའི་སྙིང་ནད་དང༌། སྐྲན་དང༌། གཞང་འབྲུམ་དང༌། མོ་མཚན་དུ་ཟུག་པ་དང༌། རྟུག་པ་འགགས་པ་རྣམས་ལས་རྒྱལ་བར་བྱེད་དོ། །རླུང་ལས་གྱུར་པའི་སྐྲན་ལ་ནི། ཨེ་རཎྜའི་མར་ཆང་གི་དངས་མ་ལས་གཏང་ངོ༌། །རླུང་དང་བད་ཀན་རྗེས་སུ་འབྲེལ་པ་ཡིན་ན་ཡང་སྦྱོར་བ་དེ་ལྟར་བྱའོ། །རླུང་དང་མཁྲིས་པ་འབྲེལ་པ་ཡིན་ན་འོ་མ་དང་ལྷན་ཅིག་གཏང་ངོ༌། །གལ་ཏེ་རླུང་ལས་གྱུར་པའི་སྐྲན་མཁྲིས་པ་ཆེར་སྐྱེས་ན་ནི་ཚ་བ་ཆེ་བ་ཡིན་ཏེ། དེ་ལ་ནི་སྣུམ་དང་བཅས་པའི་བཀྲུ་སྨན་བྱའོ། །བཀྲུ་སྨན་བྱས་ཀྱང་ཚ་བ་དེ་བཞིན་དུ་ཡོད་ན་ཁྲག་དབྲི་སྟེ་གཏར་ག་བྱའོ། །སྒོག་སྐྱ་ཤུན་བ་སྐམ་པོ་སྲང་བཞི་དང༌། དེའི་བརྒྱད་འགྱུར་གྱི་ཆུ་དང༌། འོ་མ་དང་ལྷན་ཅིག་བསྐོལ་ཏེ། འོ་མ་ལུས་པ་དང༌། དེ་ལས་རན་པར་འཐུངས་ན། རླུང་ལས་གྱུར་པའི་སྐྲན་དང༌། རྟུག་པ་འགགས་པ་དང༌། ཞེན་པའི་རླུང་དང༌། རིམས་མི་བཟད་པ་དང༌། སྙིང་ནད་དང༌། ཁོང་འབྲས་དང༌། སྐེམ་བྱེད་དང༌། འདི་རྣམས་མྱུར་དུ་
ཟློག་ཕར་བྱེད་དོ། །ཏིལ་མར་དང༌། ཆང་གི་དངས་མ་དང༌། བ་གཅིན་དང༌། རང་སྐྱུར་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། འདི་རྣམས་ལྷན་ཅིག་ཏུ་སྦྱར་བ་འཐུངས་ན། སྐྲན་དང༌། དམུ་རྫིང་དང༌། ལྟོ་སྦོས་པ་རྣམས་ལ་ཕན་ནོ། །ཡང་ན་ཀྲུ་ཏྲུག་ཏྲེས་དང༌། པི་པི་ལིང་དང་མཱུ་ལ་དང༌། ཨེ་རཎྜ་དང༌། བཅའ་སྒ་དང༌། ཤིང་ཀུན་དང༌། རྩབ་རུ་ཚ་དང་རྒྱམ་ཚ་དང་འདི་རྣམས་ཚུལ་བཞིན་བསྐོལ་བ་འཐུངས་ན་ཟུག་གཟེར་དང་ལྟོ་སྦོ་བ་དང་རྟུག་པ་འགགས་པ་རྣམས་ལ་ཕན་པའི་མཆོག་ཡིན་ནོ། །མ་ནུ་དང༌། ཨེ་རཎྜའི་རྩ་བ་བ་དང༌། ནས་དང༌། བྱི་ཚེར་བ་དང༌། བ་ཤ་ཀ་དང༌། འདི་རྣམས་ཚུལ་བཞིན་དུ་བསྐོལ་བ་འཐུངས་ན་ལྟོ་སྦོ་བ་དང༌། ལུས་ཚ་བའི་ནད་འཇོམས་སོ། །ཡང་ན་མ་ནུ་དང༌། ཨེ་རཎྜ་དང༌། རྩྭ་དཱུར་བ་དང༌། འདི་རྣམས་ཀྱི་རྩ་བ་དང༌། ཐང་ཤིང་དང༌། བཅའ་སྒ་དང༌། དེ་རྣམས་བསྐོལ་བའི་ཁུ་བ་འཐུངས་ན། ཁོང་པན་བ་དང༌། རྒྱབ་ཀྱི་སྒལ་ཚིགས་སུ་ཟུག་པ་ལ་ཕན་ནོ། །རླུང་ལས་གྱུར་པའི་སྐྲན་ལ་ནི། བྲག་ཞུན་དང༌། པ་ཡ་སྱ་དང༌། རྩ་བ་ལྔ་པ་ཆེ་ཆུང་གང་ཡང་རུང་བ་ཆུ་དང་བསྐོལ་བ་བླུད་དོ། །རླུང་སྐྲན་དང༌། རྟུག་པ་འགགས་པ་ལ་ནི། ནས་ཆན་སྣུམ་དང་ལྡན་པ་བྱིན་ཏེ། པི་པི་ལིང་དང༌། ལ་ཕུག་སྐམ་པོའི་ཁུ་བཅུད་དང་སྦྱར་བའི་ཟས་སྦྱིན་ནོ། །ཡང་ན་ནས་ཀྱི་ཟན་འོ་མ་དྲོན་པོ་དང་ལྷན་ཅིག་སྦྱིན་ནོ། །ཡང་ན་ནི་མོན་སྲན་གྲེའུ་དང༌། མོན་སྲན་སྡེའུ་ལ་སོགས་པའི་ཟན་དྲོན་སྣུམ་དང༌། ལན་ཚྭ་མང་པོ་དང་ལྡན་བའི་ཟས་ཟའོ། །རླུང་ལས་གྱུར་པའི་སྐྲན་དྲི་མ་དང་བཅས་པ་ལ་ནི། ནི་ལི་ནི་དང༌། དུར་བྱིད་དང༌། དན་ཏི་དང༌། ཨ་རུ་ར་དང༌། ཀ་ལི་ལྱ་ཀ་དང༌། རྩལ་རུ་ཚ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། དོང་གྲ་དང༌། འདི་རྣམས་མར་དང་ལྷན་ཅིག་བཀྲུ་སྨན་གཏང་ངོ༌། །ཡང་ན་ན་ལི་ནི་དང༌། འབྲས་བུ་གསུམ་དང༌། ར་སྣ་དང༌། བ་ལ་དང༌། པུ་ཙེ་ཤེལ་དང༌། པི་དང་ག་དང་ཀཎྜ་ཀ་རི་དང༌། འདི་རྣམས་སྲང་རེ་རེ་དང་ཆུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་ལྷན་ཅིག་བསྐོལ་ཏེ། ཁུ་བ་བརྒྱད་ཆ་ལུས་བའི་ནང་དུ། མར་
བྲེ་གང་དང༌། ཞོ་བྲེ་གང་དང༌། སུ་དྷཱ་ཀྵི་ར་སྲང་གཅིག་དང་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ནི་ནི་ལི་ནིའི་མར་ཞེས་བྱ་སྟེ། དེ་ལས་སྲང་རེ་རེ་དང་ཐུག་པ་རྐྱང་པོ་དང་ལྷན་ཅིག་བསྲེས་པ་ལས་སྲང་རེ་རེ་ཟོས་ཏེ་ལེགས་པར་འཁྲུས་པ་དང༌། ཤ་ཁུའི་བཟའ་བ་བྱིན་ན། སྐྲན་དང༌། མཛེ་དང༌། དམུ་རྫིང་དང༌། སྨེ་བ་དང༌། སྐྲང་བ་དང༌། སྐྱ་རྦབ་དང༌། རིམས་དང༌། ཤ་བཀྲ་དང༌། མཆེར་པ་ན་བ་དང༌། སྨྱོ་བྱེད་རྣམས་འཇོམས་པར་བྱེད་དོ། །མདོར་ན་རླུང་ལས་གྱུར་པའི་སྐྲན་ནད་གསོ་བ་ལ་ནི། ཁྱིམ་བྱ་དང༌། རྨ་བྱ་དང༌། སྲེག་པ་དང༌། ཁྲུང་ཁྲུང་དང༌། བྱེའུ་བྲ་དྷེ་ཀ་དང༌། འདི་རྣམས་ཤ་ཁུའི་ཆེད་དུ་སྦྱར་རོ། །ཟས་སུ་ནི་འབྲས་ཞག་དྲུག་ཅུ་པ་ལ་སོགས་པ་སྦྱར་རོ། །བཏུང་བར་ནི་ཆང་སྦྱར་རོ། །སྣུམ་བག་ནི་མར་སྦྱར་རོ། །རླུང་ལས་གྱུར་པའི་སྐྲན་ནད་ཅན་ལ་ནི། ཟས་ཉུང་ཟད་རན་པ་དྲོ་བ་དང་སྣུམ་པ་དང་སླ་བ་བཟའོ། །བཏུང་བ་ནི་ཆང་གི་ཉིད་ཁུ་དང༌། འུ་སུ་བསྐོལ་བའི་ཆུ་དྲོན་པོ་འཐུངས་ན་ཕན་ནོ། །མཁྲིས་པ་ལས་གྱུར་པའི་སྐྲན་ནད་ལ་ནི་ཐོག་མར་སྣུམ་པ་དང༌། དྲོ་བའི་རྒྱུ་ལས་འབྱུང་སྟེ། དེ་ལས་རྒུན་འབྲུ་དང༌། ཨ་རུ་ར་དང༌། བསྐོལ་བའི་ནང་དུ་བུ་རམ་བཅུག་པ་འམ། ཡང་ན་ཀ་པི་ལྱ་སྦྲང་རྩི་དང་སྦྱར་བ་བླུད་ལ་ཁྲུས་བྱའོ། །ཡང་ན་ཁྲག་མཁྲིས་གསོ་བའི་བཀྲུ་སྨན་ནམ། ཆོ་ག་གྲུབ་པའི་ནང་གི་བཀྲུ་སྨན་གང་ཡང་རུང་བ་གཏང་ངོ༌། །རྩུབ་པ་དང་དྲོ་བ་ལས་བྱུང་བའི་མཁྲིས་པའི་སྐྲན་ལ་ནི་ཁ་བའི་སྨན་སྦྱར་བ་དང༌། ཡང་ཁྲག་མཁྲིས་གསོ་བ་ལས་བྱུང་བའི་བ་ཤ་ཀའི་སྨན་མར་སྦྱར་བ་འམ། ཡང་ན་རྩྭའི་རྩ་བ་ལྔ་དང༌། སྦྱར་བའི་མར་རམ། ཡང་ན་འཚོ་བྱེད་སྡེ་བཅུ་དང་བསྐོལ་བའི་མར་གང་ཡང་རུང་བ་བླུད་ན་མཁྲིས་པ་ལས་གྱུར་པའི་སྐྲན་ཞི་བར་བྱེད་པའི་མཆོག་ཡིན་ནོ། །ཡང་ན་འཚོ་བྱེད་སྡེ་བཅུ་དེ་ཉིད་འོ་མ་དང་བསྐོལ་བ་འམ། ཡང་ན་ནྱ་གྲོ་དྷའི་སྡེ་ཚན་བསྐོལ་བ་འཐུངས་ན་ཡང་མཁྲིས་པའི་སྐྲན་སེལ་ཏོ། །རྩུབ་པ་དང་དྲོ་བ་ལས་གྱུར་པའི་སྐྲན་ན་མ། སྐྲན་ཐམས་ཅད་ལ་ནི་སྨན་པས་བཀྲུ་སྨན་མར་རམ་འོ་མ་དང་ལྷན་ཅིག་སྦྱར་བའི་བཀྲུ་སྨན་སྦྱར་རོ། །སྐྱུ་རུ་ར་དང༌། བུ་རམ་ཤིང་གི་ཁུ་བ་སྲང་དྲུག་ཅུ་རྩ་བཞི་
དང་མར་སྲང་སུམ་ཅུ་རྩ་གཉིས་དང༌། ཨ་རུ་ར་སྲང་བརྒྱད་དང་འདི་རྣམས་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ལས་རན་པར་འཐུངས་ན། མཁྲིས་པ་ལས་གྱུར་བའི་སྐྲན་སེལ་ཏོ། །ཡང་ན་མཁྲིས་པ་ཁོང་འབྲས་གསོ་བའི་ནང་ནས་འབྱུང་བའི་སེང་ཕྲོམ་གྱི་མར་འཐུངས་ན་ཡང་ཕན་ནོ། །ཡང་ན་རྒུན་འབྲུ་དང་པ་ཡས་སྱ་དང༌། ཤིང་མངར་དང༌། ཤུག་པ་དང༌། ཙནྡན་དཀར་པོ་དང༌། སྦྲང་རྩི་དང་འདི་རྣམས་འབྲས་བཀྲུས་པའི་ཆུ་དང་ལྷན་ཅིག་འཐུངས་ན་མཁྲིས་པ་ལས་གྱུར་པའི་སྐྲན་ནད་སེལ་ཏོ། །ཀྱི་ལྕེ་བ་སྲང་གཉིས་ཆུ་སྲང་དྲུག་ཅུ་རྩ་བཞི་དང་བསྐོལ་ཏེ་བརྒྱད་ཆ་ལུས་པ་དང༌། ཚིགས་མ་བོར་ལ་འོ་མ་དྲོན་པོ་དང་ལྷན་ཅིག་བཏུང་བར་བྱའོ། །དེའི་འོག་ཏུ་མེའི་དྲོད་ཇི་ལྟ་བ་བཞིན་དུ་འོ་མ་དྲོན་པོ་དང་བླུད་ན་མཁྲིས་པའི་ནད་དང༌། མཁྲིས་པ་ལས་གྱུར་པའི་སྐྲན་སེལ་བར་བྱེད་དོ། །མཁྲིས་པ་ལས་གྱུར་པའི་སྐྲན་ནད་ཀྱིས་ལུས་ཚ་བ་ལ་ནི་མར་གྲང་མོས་བསྐུ་ཞིང༌། བསིལ་བའི་སྨན་ཙནྡན་དང༌། ཨུ་ཤི་རའི་ཕྱེ་མ་དང་སྦྱར་བས་བྱུག་པར་བྱའོ། །ཆུ་ལས་སྐྱེས་པའི་པདྨ་ལ་སོགས་པའི་ལོ་མས་ལུས་ལ་རེག་ཅིང་བཀབ་པ་དང༌། སྣོད་ཆུས་བཀང་བའི་ནང་དུ་སྤྱིང་པར་བྱའོ། །དང་པོ་ལུས་ཚ་ཞིང་ཟུག་གཟེར་ཆེ་ལ་མེ་དྲོད་ཆུང་བ་ལ་གཏར་ག་བྱས་ཏེ། ཁྱད་པར་དུ་མཁྲིས་པ་ལས་གྱུར་པའི་སྐྲན་ལ་བྱའོ། །དེ་ལྟར་ཁྲག་མང་དུ་ཕྱུང་བས་ནད་ཀྱི་རྩ་བ་ཆད་དེ། སྐྲན་ཡང་ཟད་ཅིང་ཁྲག་རོ་སྐྱུར་བར་བྱུང་སྟེ་ཁྲག་དང་ནད་ཀྱང་མེད་ཅིང་ཉམ་ཆུང་བ་ལ། སྲོག་ཆགས་ཐང་ལས་སྐྱེས་པའི་ཤ་ཁུས་ཉམས་བརྟ་བར་བྱའོ། །དེ་ལྟར་ཉམས་བརྟས་ནས་ཀྱང་ཉེས་པའི་ལྷག་མ་ཅུང་ཞིག་ཡོད་པ་ལྟར་ན། ཡང་དང་ཡང་མར་བསྟེན་ཅིང་གོམས་པར་བྱའོ། །ཁྲག་དང་མཁྲིས་པ་ལས་གྱུར་པའི་སྐྲན་ཤས་ཆེར་གཡོས་ཏེ། བྱ་བ་གང་གིས་ཀྱང་མ་ཐུབ་སྟེ། སྐྲན་ཁོང་དུ་སྨིན་ཅིང་ན་བ་ལ་ནི། མཁྲིས་པ་ལས་གྱུར་པའི་ཁོང་འབྲས་གསོ་པའི་ཆོ་ག་ཐམས་ཅད་ཀྱང་བྱའོ། །མདོར་ན་ཁ་ཟས་ནི་འབྲས་སཱ་ལུ་ལ་སོགས་པ་བྱའོ། །འོ་མ་ནི་བ་དང་རའི་འོ་མ་སྦྱར་རོ། །ཚོད་མ་ནི་པ་ཏོ་ལ་ལ་སོགས་པ་བྱའོ། །ཤ་ནི་སྲོག་ཆགས་ཐང་ལས་སྐྱེས་པའི་ཤ་རྣམས་བྱའོ། །སྣུམ་དུ་ནི་མར་
བྱའོ། །ཚོད་མ་དང༌། བཟའ་བའི་ནང་དུ་སྦྱར་བ་ནི་སྐྱུ་རུ་ར་དང༌། པ་རུ་ཤ་ཀ་དང༌། རྒུན་འབྲུ་དང༌། འབྲ་གོ་དང༌། སེའུ་འབྲུ་དང༌། ཁ་ར་དཀར་པོ་རྣམས་དང་སྦྱར་རོ། །བཏུང་བ་ནི་སྣུམ་བ་ལ་དང༌། བྲི་ཧ་སྟི་ལ་སོགས་པ་རྩ་བ་ཆུང་ངུ་ལྔ་བསྐོལ་བའི་ཆུ་དང༌། སྦྱར་རོ། །བད་ཀན་ལས་གྱུར་བའི་སྐྲན་ལ་ནི་ཐོག་མར་སློན་བྱ་སྟེ། གལ་ཏེ་སློན་མ་ཐིག་སྟེ་ཉམ་ཆུང་བ་ལ་ནི་སྨྱུང་བ་བྱའོ། །སློན་དང་སྨྱུང་བ་བྱས་བའི་འོག་ཏུ་མེ་དྲོད་སྐྱེད་བར་བྱེད་པའི་ཕྱིར་སྨན་ཁ་བ་དང༌། དྲོ་བ་དང༌། ཚ་བ་དང༌། སྦྱར་བའི་ཐུག་པ་ལ་སོགས་པའི་ཟས་དང༌། ཤིང་ཀུན་ལ་སོགས་པའི་ཕྱེ་མ་ནས་ཚིག་འཁུས་པའི་ཐལ་བ་དང༌། ཤིང་ཀུན་དང༌། སྟར་བུ་དང༌། འདི་གསུམ་སྨན་གཅིག་གི་ཉིས་འགྱུར་དུ་བྱས་པ་གཏང་ངོ༌། བད་ཀན་ལས་གྱུར་བའི་སྐྲན་ནད་ཕྱིར་འབུར་བའམ། ཡང་ན་མི་མངོན་པར་འདུག་ཅིང༌། ཚོར་བ་མེད་ལ་སྲ་ཞིང་བརྟན་པ་དང༌། ལྟོ་སྦོ་བ་ལ་སོགས་པའི་ནད་དང་བཅས་པ་ལ་ནི། དུགས་བྱ་སྟེ་སྙི་བའི་ཆོ་ག་བྱའོ། །བད་ཀན་ལས་གྱུར་བའི་སྐྲན་ཅན་ལ་ནི་ཡ་བཀྵ་ར་དང༌། སྨན་ཚ་བ་སྦྱར་བའི་བཏུང་བ་སྦྱིན་ནོ། །ཡང་ན་རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་ཚ་བ་གསུམ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། རྒྱམ་ཚ་དང༌། ཤིང་ཀུན་དང༌། རྩ་ལ་རུ་ཚ་དང༌། སེའུ་འབྲུ་དང༌། དེ་རྣམས་མར་དང་ཚུལ་བཞིན་སྦྱར་བ་འཐུངས་ན། བད་ཀན་ལས་གྱུར་བའི་སྐྲན་ལས་མྱུར་དུ་རྒྱལ་བར་བྱེད་དོ། །གོ་བྱེ་སྲང་གཉིས་དང༌། རྩ་བ་ཆུང་ངུ་ལྔ་སྲང་རེ་རེ་དང༌། ཆུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་བསྐོལ་ཏེ་བཞི་ཆ་ལུས་པ་དང༌། དེ་དང་མཉམ་པའི་མར་དང༌། མར་དང་མཉམ་པའི་འོ་མ་དང༌། བྱི་དང་ག་དང༌། ཤིང་ཀུན་དང༌། རྒྱམ་ཚ་དང༌། ནས་ཚིག་འཁུས་པའི་ཐལ་པ་དང༌། ཟུར་པ་དང༌། རྩལ་རུ་ཚ་དང༌། ཧ་ཏི་པི་པི་ལིང་དང༌། ར་སྣ་དང༌། ཤིང་མངར་དང༌། ཤུ་དག་དང༌། པི་པི་ལིང་དང༌། དོང་གྲ་འདི་རྣམས་ཞོ་གཉིས་དང་ལྷན་ཅིག་ཡང་བཀོལ་བའི་སྨན་མར་འདི་ནི་གོ་བྱེའི་མར་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ན། བད་ཀན་ལས་གྱུར་བའི་སྐྲན་འཇོམས་པའི་མཆོག་ཡིན་ཏེ། དེ་བཞིན་དུ་མཆེར་བ་དང༌། སྐྱ་རྦབ་ཀྱི་ནད་དང༌། ཕོ་བའི་ནད་དང༌། ལུད་ཕ་
དང༌། དབུགས་མི་བདེ་བ་སེལ་ཏོ། །མར་དེ་ཟོས་པའི་འོག་ཏུ་བད་ཀན་གྱི་སྐྲན་ཅན་གྱི་ལུས་ཐམས་ཅད་ལ་ནི་དུགས་བྱའོ། །སྐྲན་ཐམས་ཅད་ལ་ནི་སྣུམ་ཆོས་བྱས་ལ་དེའི་འོག་ཏུ་དུགས་བྱས་ནས། གསོ་བ་གང་བྱས་ཀྱང་ངེས་པར་འགྲུབ་སྟེ་དུགས་མ་བྱས་ན་གསོ་དཀའ་འོ། །ཐོག་མར་བད་ཀན་གྱི་སྐྲན་ལ་སྣུམ་ཆོས་དང་དུགས་བྱས་ཏེ་སྙི་བར་གྱུར་བ་དང༌། མདོའི་གནས་ནས་བྱུང་བའི་བུམ་པའི་ཆ་སྤྱད་ཀྱིས་སྐྲན་ནང་ནས་དྲང་བའི་དཔྱད་བྱ་སྟེ། སྐྲན་གང་དུ་ཡོད་པའི་སར་རས་ཀྱིས་དཀྲིས་ལ། སྐྲན་གྱི་ཚོད་ཤེས་པའི་སྨན་པས་མཚོན་རྣོན་པོས་རས་ཀྱི་སྟེང་ནས་རྨ་དྲལ་ལ་ཟིན་པ་དང༌། ལྷམ་མཁན་གྱི་ཤིང་གི་ཆ་སྤྱད་དམ། ལྕགས་ལས་བྱས་པའམ། རའི་རྨིག་པའམ། མེ་ལོང་གང་ཡང་རུང་བས་བཙིར་ལ་ནང་གི་དྲི་མ་ཕྱིར་ཕྱུང་བ་དང་དག་པར་ཕྱི་བར་བྱའོ། །སྐྲན་དེ་སྙིང་ངམ་རྒྱུ་མའི་ཕྱོགས་གང་ན་ཡོད་པའི་སར་དྲལ་བའི་དུས་སུ་མཚོན་གྱིས་མ་ཕོག་པར་བསྲུང་བར་བྱའོ། །ཏིལ་དང༌། ཡུངས་ཀར་དང༌། ཟར་མའི་ས་བོན་འདི་རྣམས་བཏགས་པའི་ཕྱེ་མས་རྨ་བྱུག་པར་བྱའོ། །དེ་ནས་བད་ཀན་ལས་གྱུར་པའི་སྐྲན་གྱི་རྨ་དེ་ལྕགས་ཀྱི་སྣོད་དྲོ་བ་ཙམ་དང་བསྲེས་ཏེ་དུགས་བྱའོ། །བྱ་བའི་རིམ་པ་དེ་དག་གིས་བད་ཀན་ལས་གྱུར་པའི་སྐྲན་ནད་སྙི་བར་གྱུར་པ་ལ་ནི་སྣུམ་བག་དང་ལྡན་པའི་ཁྲུས་དང༌། རྩ་བ་བཅུ་པ་དང་སྦྱར་བའི་འཇམ་རྩི་སྦྱར་རོ། །པི་པི་ལིང་དང༌། སྐྱུ་རུ་ར་དང༌། རྒུན་འབྲུ་དང༌། ཤ་མ་དུར་བྱིད་ལ་སོགས་པའི་སྡེ་ཚན་དང༌། འདི་རྣམས་སྲང་རེ་རེ་དང༌། ཨེ་རཎྜའི་མར་དང༌། རྩི་མར་བྲེ་རེ་རེ་དང༌། འབྲུ་མར་གྱི་དྲུག་འགྱུར་གྱི་འོ་མ་དང་ལྷན་ཅིག་བསྐོལ་ལ་མར་ལུས་པ་འདི་ནི། འདྲེས་པའི་སྨན་མར་ཞེས་བྱ་སྟེ། དེས་བཀྲུ་སྨན་དུ་བླུད་ན་སྐྲན་སེལ་བའི་མཆོག་གོ །དེ་བཞིན་དུ་ཤ་རྒྱས་པ་དང༌། ཁོང་འབྲས་དང༌། ཟུག་གཟེར་དང༌། རླུང་ནད་རྣམས་ལ་བདུད་རྩི་དང་འདྲའོ། །ཡང་ན་ནི་ལི་ནིའི་སྨན་མར་གོང་དུ་བསྟན་པ་དེ་ལས་སྲང་གཉིས་གཉིས་ཙམ་བཏུང་བའམ། དེ་བཞིན་དུ་ཁོང་འབྲས་ཀྱི་སྐབས་སུ་བཤད་པའི་སུ་ཀུ་མར་ཞེས་བྱ་བའི་སྨན་མར་དང༌།
དམུ་རྫིང་གི་སྐབས་སུ་བཤད་པའི་སྨན་མར་གང་ཡང་རུང་བ་བཏུང་བར་བྱའོ། །ཡང་ན་དན་ཏི་དང་ཙི་ཏྲ་ཀ་དང༌། ཨ་རུ་ར་དང༌། འདི་རྣམས་སྲང་ཉི་ཤུ་རྩ་ལྔ་དང་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་བསྐོལ་ཏེ། བརྒྱད་ཆ་སྲང་དྲུག་ཅུ་རྩ་བཞི་ལུས་པ་དང༌། ཨ་རུ་ར་མ་གཏོགས་པའི་ཚིགས་མ་བོར་ཏེ། ཁུ་བ་ཨ་རུ་ར་དང་བཅས་པའི་ནང་དུ་བུ་རམ་སྲང་ཉི་ཤུ་རྩ་ལྔ་དང༌། ཏིལ་དང་དུར་བྱིད་ཀྱི་ཕྱེ་མ་སྲང་བཞི་བཞི་དང༌། པི་པི་ལིང་དང༌། བཅའ་སྒའི་ཕྱེ་མ་ཞོ་གཉིས་གཉིས་དང༌། འདི་རྣམས་ལྷན་ཅིག་ཏུ་མེ་མི་ཆེ་བ་དང་བསྐོལ་ཏེ། བཅུར་འདོད་པ་ཙམ་གྱི་ལྡེ་གུར་གྱུར་པ་དང་ཕྱིར་ཕྱུང་ལ་བསྒྲངས་པའི་ནང་དུ་སྦྲང་རྩི་སྲང་བཞི་དང༌། དྲི་སྣ་བཞིའི་ཕྱེ་མ་སྲང་རེ་རེ་བཏགས་པ་ལས། ཨ་རུ་རའི་འབྲུ་རེ་རེ་དང་བཅས་པའི་ལྡེ་གུ་སྲང་རེ་ཟོས་ན་ཁོང་སྣུམ་ཞིང༌། ནད་མེད་ལ་བདེ་བར་བྲེ་རེ་རེ་ཙམ་འཁྲུ་སྟེ། དེ་ཡང་སྐྲན་དང༌། སྙིང་ནད་དང༌། གཞང་འབྲུམ་དང༌། སྐྲངས་པ་དང༌། ལྟོ་སྤོས་པ་དང༌། བཅོས་པའི་དུག་དང༌། མཛེ་དང༌། དམུ་རྫིང་དང༌། ཨུད་ཀླེ་ཤའི་ནད་དང༌། ཡི་ག་འ་ཆུས་པ་དང༌། མཆེར་པ་ན་བ་དང༌། ཕོ་བ་ན་བ་དང༌། རིམས་མི་བཟད་པ་དང༌། སྐྱ་རྦབ་དང༌། མིག་སེར་རྣམས་འཇོམས་པར་བྱེད་དེ། འདི་ནི་དན་ཏི་དང༌། ཙི་ཏྲ་ཀ་དང༌། ཨ་རུ་རའི་ལྡེ་གུ་ཞེས་བྱའོ། །ཡང་ན་པུ་དཤྐ་རིའི་ཆུ་འོ་མའི་ནང་དུ་དུར་བྱིད་ཀྱི་ཕྱེ་མ་བཅུག་ལ་བྲན་ཏེ། མར་དང་སྦྲང་རྩི་ཞོ་གཉིས་དང༌། ལྡེ་གུར་བྱས་པ་བྱིན་ལ་བཀྲུ་སྨན་འཇམ་པོ་བྱའོ། །རུ་རྟ་དང༌། དུར་བྱིད་དང༌། དན་ད་དང༌། ཨ་རུ་ར་དང༌། ཡ་བཀྵ་ར་དང༌། གུ་གུལ་དང༌། འདི་རྣམས་ཀྱི་ཕྱེ་མ་བ་གཅིན་དང་ལྷན་ཅིག་གམ་ཡང་ན་གུ་གུལ་ཉི་ཚེ་བ་གཅིན་དང་བཏུང་ངོ༌། །ཡང་ན་ཆོ་ག་གྲུབ་པའི་ནང་ནས་བཤད་པའི་བཀྲུ་སྨན་དྲག་པོ་དང༌། བད་ཀན་ལས་གྱུར་པའི་སྐྲན་ལ་སྦྱར་རོ། །བད་ཀན་ལས་གྱུར་པའི་སྐྲན་རྩ་བ་ཟུག་པ་དང༌། རྒྱ་ཆེ་བ་དང༌། སྲ་བ་དང༌། ཚོར་བ་མེད་པ་དང༌། སྤོ་བ་དང༌། ཕྱིར་སྤོ་བ་འདི་རྣམས་ཀྱི་ཐལ་སྨན་གྱི་ཨ་རི་རྟ་དང༌། མེ་ལས་བྱའོ། །བད་ཀན་ལས་གྱུར་བའི་སྐྲན་ནད་ལ་ནི་གཞང་འབྲུམ་དང༌། རྡེའུ་དང༌། ཕོ་བ་གསོ་བའི་ནང་དུ་བཤད་པའི་ཐལ་སྨན་རྣམས་
སྦྱར་ཏེ། ཞག་གཅིག་གམ་གཉིས་གསུམ་གྱི་བར་དུ་ངལ་གསོ་ཞིང་སྦྱར་རོ། །སྨན་པས་ལུས་ཀྱི་སྟོབས་དང་ནད་ཟད་པར་བྱ་བའི་རིམ་པ་ལ་འབད་དོ། །ཡང་ན་ཐང་ཤིང་དང༌། ཤམ་དུར་བྱིད་དང༌། དན་ད་དང༌། པུ་ཙེ་ཤེལ་དང༌། ཚ་བ་རྣམ་ལྔ་དང༌། སྭ་ཙི་ཀའི་ཐལ་བ་དང༌། ནས་ཚིག་འཁུས་བའི་ཐལ་བ་དང༌། འབྲས་བུ་གསུམ་དང༌། པ་ཐ་དང༌། ཟི་ར་ནག་པོ་དང༌། རུ་རྟ་དང༌། སརྞ་སུ་གནྡྷ་དང༌། འདི་རྣམས་སྲང་ཕྱེད་ཕྱེད་དང༌། ལན་ཚྭ་རྣམ་ལྔ་སྲང་རེ་རེ་དང༌། ཞིབ་ཏུ་བཏགས་པའི་ཕྱེ་མ་ཏིལ་མར་དང་ཞག་དང༌། ཞོ་དང་མར་དང་དེ་དག་ལེགས་པར་སྦྲུས་ལ་རྫ་མ་ཁ་སྦྱར་གྱི་ནང་དུ་བསྲེགས་ལ་དུད་པ་མ་ཤོར་བར་བྱ་སྟེ། རྫ་མ་དམར་པོར་གྱུར་པ་དང༌། ཕྱུང་ལ་དེའི་ཐལ་བ་འོ་མ་དང་མར་དང༌། དར་བ་དང་ཆང་ལ་སོགས་པ་གང་ཡང་རུང་བ་དང་སྦྱར་ཏེ། རན་པར་འཐུངས་ན་སྐྲན་དང༌། རླུང་ལས་གྱུར་པའི་རྟུག་པ་འགགས་པ་དང༌། རླིག་རླུགས་དང༌། གཞང་འབྲུམ་དང༌། དམུ་རྫིང་དང༌། ཕོ་བའི་ནད་དང༌། སྲིན་བུ་དང༌། བརྗེད་བྱེད་ཀྱི་གདོན་དང༌། སྨྱོ་བྱེད་དང་མངལ་ནད་དང༌། ཁུ་ཆུ་ལས་གྱུར་པའི་རྡེའུ་འི་ནད་དང༌། དེ་བཞིན་དུ་བྱི་བ་དང༌། སྦྲུལ་ལ་སོགས་པའི་དུག་དང༌། དེ་རྣམས་ཐལ་སྨན་འདིས་ཞི་བར་བྱེད་དོ། །བད་ཀན་ནི་མངར་བ་དང༌། སྣུམ་པའི་བདག་ཉིད་ཡིན་པས་དེ་ལ་ནི་ཤ་ཁུ་དང༌། མར་དང་འོ་མར་བཅས་པའི་ཐལ་སྨན་རྣོན་པོ་བཏང་ན། བད་ཀན་ལས་གྱུར་པའི་སྐྲན་ཁོང་པར་དུམ་བུ་དུམ་བུར་བཅད་ནས་འབྱུང་བར་བྱེད་དོ། །ཆང་དང་སྣུམ་ཡུན་རིང་དུ་བསྟེན་པས་མེའི་དྲོད་ཆུང་ཞིང་ཡི་ག་འཆུས་པ་ལ་ནི་ཨ་ས་བ་དང༌། ཨ་རི་སྟའི་ཆང་ལེགས་པར་སྨིན་པར་སྦྱར་ཏེ་རྒྱུན་སྲང་གི་ལམ་དག་པར་བྱའོ། །འབྲས་དམར་པོ་ལ་སོགས་པའི་འབྲས་དང༌། འབྲས་དྲུག་ཅུ་རྙིང་པ་དང༌། རྒྱ་སྲན་དང༌། སྲོག་ཆགས་ཐང་ལས་སྐྱེས་པའི་ཤ་དང༌། པུ་ཏི་ཀ་རཉྫ་དང༌། ཙི་ཏྲ་ཀ་དང༌། ཨ་ག་ནི་མན་ཐ་དང༌། ལ་ལ་ཕུད་དང༌། པརྞ་དང༌། འདི་རྣམས་ཀྱི་མྱུ་གུ་དང༌། ཤི་ཀྲུ་དང༌། བིལ་བ་གཞོན་ནུ་དང༌། ལ་ཕུག་སྐམ་པོ་གཞོན་ནུ་དང༌། ཁ་ལུང་དང༌།
ཤིང་ཀུན་དང༌། སྟར་བུ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། སེའུ་འབྲུ་དང༌། ཚ་བ་གསུམ་དང༌། དར་བ་དང༌། མར་དང༌། ཏིལ་མར་དང༌། འདི་རྣམས་དང་ཅི་ལྟར་འཚམ་པ་བཞིན་དུ་ཁ་ཟས་སྦྱར་རོ། །བཏུང་བར་ནི་ཆང་གི་དངས་མ་དང༌། འབྲས་ཀྱི་རང་སྐྱུར་དང༌། ཞོག་ཆུ་དང་དར་བ་རྣམས་ལས་གང་ཡང་རུང་བའི་ནང་དུལ་ལ་ཕུད་དང་ལན་ཚྭའི་ཕྱེ་མས་བཏབ་པ་འམ། ཡང་ན་རྩ་བ་ལྔ་པ་བསྐོལ་བའི་ཁུ་བ་འམ། ཡང་ན་རྒུན་ཆང་རྙིང་པ་བླུད་དོ། །ཡང་ན་པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་དང༌། ཀྲུ་ཏྲུག་ཏྲེས་དང༌། གོ་སྙོད་དང༌། ལྕེ་མྱང་ཚ་དང༌། འདི་རྣམས་ཀྱི་ཕྱེ་མ་ཆང་ངམ་ཆང་གི་སྙིགས་མ་དང་བསྲེས་ཏེ་འཐུངས་ན་བད་ཀན་ལས་གྱུར་པའི་སྐྲན་མྱུར་དུ་སེལ་ཏོ། །གལ་ཏེ་སློན་དང༌། སྨྱུང་བ་དང༌། དུགས་དང་སྨན་མར་དང༌། བཀྲུ་སྨན་དང༌། འཇམ་རྩི་དང༌། ཐལ་སྨན་དང༌། ཨ་ས་བ་དང༌། ཨ་བཱི་སྟའི་ཆང་དང༌། རི་ལུ་དང་ཕན་པའི་ཟས་རྣམས་བསྟེན་ཀྱང་མ་ཞི་སྟེ། བད་ཀན་གྱི་སྐྲན་གཏིང་ཟུག་པར་གྱུར་ན་དེ་ལ་ནི་ཁྲག་དབྱུང་ཞིང་ལྕགས་ལ་སོགས་པས་བསྲེག་པར་བྱའོ། །དེ་ནས་སྨན་པས་སྐྲན་གྱི་སྟེང་རས་ཀྱིས་དཀྲིས་ལ། རས་ཀྱི་སྟེང་ནས་མི་དྲག་པས་མནན་ཏེ། སྐྲན་གྱི་ཐན་འཁོར་ཀུན་ཏུ་ལྡེ་གུ་འམ། ལྕགས་བསྲེགས་པ་འམ། གཙུབ་ཤིང་བསྲུབས་པའི་མདག་མ་འམ། ཏིན་ཏུ་ཀའི་མདག་མ་གང་ཡང་རུང་བས་བསྲེག་གོ །ལྟེ་བ་དང༌། ཆུ་སོ་དང༌། རྒྱུ་མ་དང༌། སྙིང་དང༌། ལྟེ་བའི་འོག་གི་སྤུ་འདི་རྣམས་སུ་མེས་སྲེག་པ་སྤང་ངོ༌། །དེ་ནས་བསིལ་བ་དང༌། བསྐ་བ་དང༌། མངར་བའི་སྨན་གྱིས་མེའི་སྟོབས་ཞི་བར་བྱ་སྟེ། དེའི་འོག་ཏུ་རྨ་གསོ་བའི་ཆོ་ག་བྱའོ། །མ་ཞུ་བ་ལས་གྱུར་པའི་སྐྲན་ལ་ནི་ཐུག་པ་ལ་སོགས་པ་མེའི་དྲོད་སྐྱེད་པའི་ཆོ་ག་བྱ་སྟེ། ཁྱད་པར་དུ་སྨྱུང་བ་བྱས་ན་ཕན་ནོ། །འདྲེས་པ་ལས་གྱུར་པའི་སྐྲན་ལ་ནི་དུས་ཤེས་པའི་སྨན་པས་རང་རང་གི་གསོ་བ་བཞིན་དུ་གསོའོ། །བུད་མེད་ཀྱི་ཁྲག་སྐྲན་ལ་ནི་བུ་བཙས་པའི་འོག་ཏུ་སྣུམ་ཆོས་དང་དུགས་བྱས་ལ་སྣུམ་ཆོས་དང་བཅས་པའི་བཀྲུ་སྨན་བྱའོ། །བཏུང་བར་ནི་
ཏིལ་བསྐོལ་བའི་ཁུ་བའི་ནང་དུ་བུ་རམ་དང་མར་དང་ཚ་བ་གསུམ་དང༌། ག་བྲའི་རྩ་བའི་ཕྱེ་མ་དང་ལྡན་པར་བྱས་པ་བྱིན་ཏེ། བུད་མེད་ཟླ་མཚན་ཉམས་པ་ལ་སྦྱར་རོ། །ག་བྲའི་རྩ་བ་དང་པི་པི་ལིང་དང༌། ཀ་རཉྫའི་ཤུན་ལྤགས་དང༌། པི་པི་ལིང་གི་རྩ་བ་དང༌། ཐང་ཤིང་འདི་རྣམས་ཀྱི་ཕྱེ་མ་ཏིལ་བསྐོལ་བའི་ཁུ་བའི་ནང་དུ་བཏབ་སྟེ་འཐུངས་ན། བུད་མེད་ཀྱི་ཁྲག་སྐྲན་སེལ་ཏོ། །ཡང་ན་ཤིང་པ་ལ་ཤ་བསྲེགས་པའི་ཐལ་བ་དང་ཆུ་དང་བསྲེས་པ་བཙགས་པའི་ཁུ་བ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང༌། ཏིལ་མར་དང་མར་སྲང་ཉི་ཤུ་རྩ་བརྒྱད་བརྒྱད་དང་བསྐོལ་ཏེ་མར་ལུས་པ་དང༌། དེ་ལས་རན་པར་འཐུངས་ན་སྐྲན་སྙི་ཞིང་ལྷོད་པར་འགྱུར་རོ། །དེས་ཀྱང་ལྷོད་པ་འམ་སྙི་བར་མ་གྱུར་ན། ཏིལ་ཆུ་ཐགས་སུ་བྱས་པ་འམ། ཡང་ན་ཤྲི་ཁཎྜ་གང་ཡང་རུང་བ་དང་ཐལ་སྨན་སྦྱར་ཏེ་མོ་མཚན་ནས་བཀྲུ་སྨན་གཏང་ངོ༌། །ཡང་ན་ནས་ཚིག་འཁུས་པའི་ཐལ་བ་དང༌། ཤྲི་ཁཎྜ་གཉིས་ཉ་ཕྲུག་གི་ཤ་བརྡུངས་པའི་ནང་དུ་བརྡོས་ཏེ། མོ་མཚན་ནས་བཀྲུ་སྨན་གཏང་ངོ༌། །ཡང་ན་ཕག་རྒོད་དང༌། ཉའི་མཁྲིས་པ་རས་མ་ལ་ལེགས་པར་བསྒོས་ཏེ་བསྒྲིལ་ལ་མོ་མཚན་ནས་ཡར་གཞུག་གོ །མངལ་དག་པར་བྱ་བའི་ཕྱིར་བུ་རམ་དང་ཐལ་སྨན་དང༌། ཕབས་སུ་སྦྱར་བ་གཏང་ངོ༌། །ཁྲག་མཁྲིས་ལ་ཕན་པའི་ཨུཏྤ་ལའི་སྡོང་བུ་བསྲེགས་པའི་ཐལ་སྨན་སྦྲང་རྩི་དང་མར་དུ་སྦྱར་བའི་ལྡེ་གུ་སྦྱིན་ནོ། །བུད་མེད་ཁྲག་སྐྲན་ཅན་ལ་ནི་སྒོག་སྐྱ་དང་ཆང་ལེགས་པར་སྨིན་པ་དང་ཉ་ཤ་རྣམས་སྦྱར་རོ། །ཡང་ན་རྩ་བ་བཅུ་པ་དང་འོ་མ་དང་ཐལ་སྨན་བ་གཅིན་དང་སྦྱར་བའི་འཇམ་རྩི་མས་གཏོང་ངོ༌། །ཆོ་གའི་རིམ་པ་དེ་ལྟར་བྱས་ཀྱང་ཁྲག་སྐྲན་དེ་མ་བྱུང་ན་དྲལ་བའི་ཆོ་ག་བྱས་ན་ཕན་ནོ། །དེ་ནས་བུད་མེད་དེའི་ལུས་ལ་མར་དང་ཏིལ་མར་བསྲེས་པས་བསྐུ་བྱུག་བྱས་ལ་ཁྲག་ཤས་ཆེར་འབྱུང་ན་གཅད་པར་བྱ་སྟེ། ཁ་ཟས་ནི་ཤ་ཁུ་དང་བཅས་པའི་འབྲས་ཆན་དང་དེ་བཞིན་དུ་བཏུང་བར་ཡང་ཆང་སར་པ་སྦྱིན་ནོ། །དེ་ལྟར་བྱས་ཀྱང་ཁྲག་མང་དུ་བྱུང་ན་ཁྲག་མཁྲིས་ཀྱི་གསོ་བ་ཇི་ལྟ་བ་བཞིན་དུ་བྱའོ། །རླུང་གི་ནད་བྱུང་བ་ན་ནི་རླུང་ནད་གསོ་བ་ཐམས་ཅད་བྱའོ། །ལྟོ་སྤོ་བ་ལ་
སོགས་པ་དང༌། རླུང་གིས་ཕྱི་ས་འགགས་པ་དང༌། རླུང་ནད་མ་ཞུ་བ་ལས་བྱུང་བའི་ནད་གང་ཡང་རུང་བ་བྱུང་ན། སོ་སོའི་གསོ་བ་ཐམས་ཅད་བྱའོ། །སྐྲན་གསོ་བའི་ལེའུ་བཅུ་བཞི་པ་རྫོགས་སོ།། །།དེ་ནས་དམུ་རྫིང་གསོ་བའི་ལེའུ་བཤད་པར་བྱ་སྟེ། དམུ་རྫིང་ནི་ཉེས་པ་ཤས་ཆེར་བསྩགས་ཏེ། རྒྱུ་སྲང་རྣམས་འགགས་པ་ལས་འབྱུང་བ་ཡིན་ཏེ། དེ་བས་ན་དེ་ལ་ནི་ཡང་དང་ཡང་དུ་བཀྲུ་སྨན་གཏང་བར་བྱའོ། །དམུ་རྫིང་ཅན་གྱི་ནད་པ་ལ་བཏུང་བར་ནི་ཉིན་མཚན་དུ་ཨེ་རཎྜའི་མར་བ་གཅིན་ནམ་འོ་མ་དང་ལྷན་ཅིག་བཏུང་བ་འམ་ཡང་ན་བ་གཅིན་ནམ་མ་ཧེའི་གཅིན་ཉི་ཚེ་ཟླ་བ་གཅིག་གམ་གཉིས་ཀྱི་བར་དུ་སྦྱིན་ནོ། །ལུས་ཉམས་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར། བ་དང་རྔ་མོའི་འོ་མ་ཉི་ཚེ་ཟླ་བ་གཅིག་གམ་གཉིས་ཀྱི་བར་དུ་བླུད་དོ། །ཁྱད་པར་དུ་ལུས་ཚ་བ་དང༌། ལྟོ་སྦོ་བས་ཉམ་ཐག་པ་དང༌། སྐོམ་དད་ཆེ་བ་དང༌། བརྒྱལ་བ་ཟིལ་གྱིས་ནོན་པ་ལ་ཡང་རྔ་མོའི་འོ་མ་སྦྱར་རོ། །རྩུབ་ཅིང་རླུང་ཤས་ཆེར་གཡོ་བ་ལས་གྱུར་པའི་དམུ་རྫིང་གི་ནད་དག་པར་འདོད་ན་ནི། སྨན་མར་དམུ་རྫིང་འཇོམས་པ་གང་ཡང་རུང་བས་སྣུམ་ཆོས་སྦྱར་བར་བྱའོ། །སྨན་མར་སྲང་དྲུག་པ་ཞེས་བྱ་བ་རྩ་བ་བཅུ་པ་བསྐོལ་བའི་ཆུ་དང་ཞོ་ག་ཆུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་བརྒྱད་དང་བསྐོལ་བ་བླུད་དོ། །ཡང་ན་དོང་གྲ་སྲང་གསུམ་དང་མར་དང་ཏིལ་མར་སྲང་བཅུ་དྲུག་དང༌། དེ་བཞིན་དུ་ཞོ་ག་ཆུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་བསྐོལ་ཏེ་མར་ལུས་པ་དང་དེ་ལས་རན་པར་འཐུངས་ན་དམུ་རྫིང་གི་ནད་ཐམས་ཅད་འཇོམས་ཏེ། ཁྱད་པར་དུ་ཡང་བད་ཀན་དང་རླུང་ལས་གྱུར་པའི་དམུ་རྫིང་འཇོམས་པའི་མཆོག་ཡིན་ནོ། །མར་སྲང་སུམ་ཅུ་རྩ་གཉིས་དང༌། མར་དེའི་བཞི་འགྱུར་གྱི་ཆུ་དང་ཆུའི་ཉིས་འགྱུར་གྱི་བ་གཅིན་དང༌། ཙི་ཏྲ་ཀ་སྲང་གཅིག་གི་ཕྱེ་མ་བསྐོལ་ཏེ་མར་ལུས་པ་དང༌། ཐལ་སྨན་དང་ལྷན་ཅིག་དམུ་རྫིང་ཅན་གྱི་ནད་པ་ལ་བླུད་པར་བྱའོ། །ཡང་ན་ནི་ནས་དང༌། རྒྱ་ཤུག་དང༌། རྒྱ་སྲན་དང༌། རྩ་བ་བཅུ་པ་ཚུལ་བཞིན་བསྐོལ་བའི་ཁུ་བའི་ནང་དུ་ཆང་དང༌། རང་སྐྱུར་དང༌། མར་དང་བསྲེས་
ཏེ་ཡང་བསྐོལ་ཏེ་མར་ལུས་པ་བླུད་དོ། །མར་ད་རྣམས་ཀྱི་སྦྱོར་བ་དེ་དག་གིས་ཁོང་སྣུམ་ཞིང་ལུས་ཀྱི་ཉམས་སྟོབས་སྐྱེད་ལ། རླུང་ཞི་ཞིང་ནད་རང་གི་གནས་ལས་བསྐྱོད་པ་དང༌། ཆོག་གྲུབ་པ་ལས་འབྱུང་བའི་བཀྲུ་སྨན་བྱའོ། །པ་ཏོ་ལའི་རྩ་བ་དང༌། འབྲས་བུ་གསུམ་དང༌། སྐྱེར་པ་དང་བྱི་དང་ག་དང༌། འདི་རྣམས་ཞོ་གཉིས་གཉིས་དང༌། ཀ་པི་ལྱ་ཞོ་བཞི་བཞི་དང༌། ནི་ལི་ནི་ཞོ་དྲུག་དང༌། ཏྲི་བི་ཙ་ཞོ་བརྒྱད་དང༌། འདི་རྣམས་བཏགས་པའི་ཕྱེ་མ་གཅིན་དང་སྦྱར་བའི་བཀྲུ་སྨན་བླུད་དོ། །དེས་ལེགས་པར་འཁྲུས་པ་དང༌། ཐུག་པ་དང༌། སྲོག་ཆགས་ཐང་ལ་གནས་པའི་ཤ་ཁུ་སྦྱིན་ནོ། །དེ་ནས་ཞག་དྲུག་གི་བར་དུ་འོ་མ་ཚ་བ་གསུམ་དང་ཚུལ་བཞིན་བསྐོལ་བ་བླུད་དོ། །ཕྱེ་མའི་སྦྱོར་བ་དེ་དག་ཡང་དང་ཡང་དུ་བྱས་ན་དམུ་རྫིང་ཐམས་ཅད་འཇོམས་སོ། །ཡང་ན་བི་ཤ་ལ་དང༌། ཤང་གི་ནི་དང༌། དན་ཏི་དང༌། སེང་ཕྲོམ་གྱི་ཤུན་ལྤགས་དང༌། ཤུ་དག་དང་འདི་རྣམས་བཏགས་པའི་ཕྱེ་མ་ཀར་ཀ་ན་དུ་དང༌། རྒུན་འབྲུམ་དང༌། རྒྱ་ཤུག་དང༌། འདི་རྣམས་ཀྱི་ཁུ་བ་བ་གཅིན་དང་སྦྲང་ཆང་གང་ཡང་རུང་བ་དང་ལྷན་ཅིག་བཀྲུ་སྨན་གྱི་དོན་དུ་གཏང་ངོ༌། །ལ་ལ་ཕུད་དང༌། སྤ་མའི་འབྲས་བུ་དང༌། འུ་སུ་དང༌། ཤ་ཏ་པུཥྤ་དང༌། ཟི་ར་ནག་པོ་དང༌། ཀ་ར་བཱི་ར་དང༌། པི་པི་ལིང་གི་རྩ་བ་དང༌། ཨ་ཛ་གནྡྷ་དང༌། ཟུར་པ་དང༌། ཤུ་དག་དང༌། ཟི་ར་དང་ཚ་བ་གསུམ་དང༌། ཁྲོན་བུ་དང༌། འབྲས་བུ་གསུམ་དང༌། ཐལ་བ་རྣམ་གཉིས་དང༌། མ་ནུ་དང༌། རུ་རྟ་དང༌། ལན་ཚྭ་རྣམ་ལྔ་དང༌། ཕྱི་དང་ག་དང༌། འདི་རྣམས་ཆ་སྙོམས་པ་དང༌། དན་ཏི་ཆ་གསུམ་དང༌། དྲི་བིད་ཏ་དང༌། བི་ཤ་ལ་ཆ་གཉིས་དང༌། ས་ཏ་ལ་ཆ་བཞི་དང༌། འདི་རྣམས་བཏགས་པའི་ཕྱེ་མ་ནི་སྲེད་མེད་ཀྱི་བུའི་ཕྱེ་མ་ཞེས་བྱ་སྟེ། འདི་བསྟེན་ན་ཁྱབ་འཇུག་གིས་ལྷ་མ་ཡིན་བཅོམ་པ་བཞིན་དུ་ནད་ཀྱི་ཚོགས་དུ་མས་བཏབ་པའི་ནད་མི་འཕེལ་ཞིང་སེལ་བར་བྱེད་དོ། །དམུ་ཆུ་ལ་ནི་དར་བ་ལས་གཏང་ངོ༌། །རླུང་གིས་ལྟོ་སྦོ་བ་ལ་ནི་ཆང་ལས་གཏང་ངོ༌། །རླུང་ནད་ལ་ནི་ཆང་བཀྲུས་པ་ལས་གཏང་ངོ༌། །ཕྱིས་འགགས་པ་ལ་ནི་ཞོ་ག་ཆུ་ལས་གཏང་ངོ༌། །གཞང་འབྲུམ་ལ་ནི་སེའུ་འབྲུའི་
ཁུ་བ་ལས་གཏང་ངོ༌། །མཁྲེགས་པ་ལ་ནི་ད་ཏྲིག་གི་ཁུ་བ་ལས་གཏང་ངོ༌། །མ་ཞུ་བ་ལ་ནི་ཆུ་དྲོན་པོ་ལས་བཏང་སྟེ། འདིས་མཚན་བར་རྡོལ་བ་དང༌། སྐྱ་རྦབ་ཀྱི་ནད་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། སྐེ་འགགས་པ་དང༌། སྙིང་ནད་དང༌། ཕོ་བའི་ནད་དང༌། མཛེ་དང༌། ཕོ་བ་དྲོད་ཆུང་བ་དང༌། རིམས་དང༌། མཆེ་བའི་དུག་དང༌། རྩ་བའི་དུག་དང༌། དུག་སྦྱར་མ་རྣམས་ལ་ཕན་ནོ། །རང་གི་ཉམས་སྟོབས་དང་སྦྱར་ཏེ། སྔར་སྣུམ་བག་གིས་བརྟས་ལ་དེ་ནས་བཀྲུ་སྨན་གཏང་བར་བྱའོ། །སྤ་མའི་འབྲས་བུ་དང༌། ཁྲོན་བུ་དང༌། འབྲས་བུ་གསུམ་དང༌། པུ་ཙེ་ཤེལ་དང༌། ནི་ལི་ནི་དང༌། ཀྱི་ལྕེ་བ་དང༌། ཏ་ལ་དུར་བྱིད་དང༌། ཤུ་དག་དང༌། རྒྱམ་ཚ་དང༌། ཁ་རུ་ཚ་དང༌། པི་པི་ལིང་རྣམས་ཕྱེ་མར་བྱས་ཏེ། སེའུ་འབྲུའི་ཁུ་བ་འམ། འབྲས་བུ་གསུམ་གྱི་ཁུ་བ་འམ། ཤ་ཁུ་འམ་བ་གཅིན་ནམ། ཆུ་དྲོ་འཇམ་ཙམ་ལས་གཏང་བ་འདི་ནི་སྐྲན་ཐམས་ཅད་དང༌། མཆེར་པ་ན་བ་དང༌། དམུ་རྫིང་ཐམས་ཅད་དང༌། ཤ་བཀྲ་དང༌། མཛེ་དང༌། ལྷོག་པ་དང༌། ཕོ་བའི་དྲོད་མ་སྙོམས་པ་དང༌། ལུད་པ་དང༌། གཞང་འབྲུམ་དང༌། སྐྱ་རྦབ་ཀྱི་ནད་དང༌། མིག་སེར་དང༌། ལྗང་ཁུ་ཁ་དང༌། རླུང་དང་མཁྲིས་པ་དང༌། བད་ཀན་རྣམས་ལ་ཕན་ཏེ། བཀྲུ་སྨན་འདི་རྣམས་ཀྱིས་མྱུར་དུ་སོས་པར་བྱེད་དེ། འདི་ནི་སྤ་མ་ལ་སོགས་པའི་ཕྱེ་མ་ཞེས་བྱའོ། །ནི་ལི་ནི་དང༌། ལྕང་མ་དང༌། ཚ་བ་གསུམ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། ལན་ཚྭ་རྣམ་ལྔ་དང༌། ཀྲུ་ཏྲུག་ཏྲེས་དང༌། འདི་རྣམས་ཀྱི་ཕྱེ་མ་མར་དང་སྦྱར་ཏེ་འཐུངས་ན། དམུ་རྫིང་དང་སྐྲན་སེལ་ཏོ། །དེ་ལྟར་ཡང་དང་ཡང་དུ་བཀྲུ་སྨན་བཏང་བའི་བར་དུ་ཉམས་སྟོབས་བསྐྱེད་པར་བྱ་བའི་ཕྱིར། གོང་མ་ལྟར་རྔ་མོ་འམ། བ་འམ། རའི་འོ་མ་གཏང་ངོ༌། །དམུ་རྫིང་གི་ནད་ཚབས་ཆེ་བ་ལ་ནི་སྣུམ་དང་བཅས་པའི་བཀྲུ་སྨན་མྱུར་དུ་བཏང་སྟེ། ཉམ་ཆུང་བ་ལ་ནི་མི་བསྡད་དོ། །མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་ནང་དུ་ཨ་རུ་ར་སྲང་སུམ་ཅུ་རྩ་གཉིས་བཏགས་པ་དང་ལྷན་ཅིག་མེ་ལ་བཞུས་པ་དང༌། ཁ་གཟར་གྱིས་དཀྲུག་ཅིང་ནས་ཀྱི་སྦུན་
པའི་ནང་དུ་ཟླ་བ་གཅིག་བཞག་ལ། དེ་ནས་ཕྱུང་ལ་ཡང་བཞུས་ཏེ་ཡང་ཨ་རུ་ར་བསྐོལ་བའི་ཆུ་དང༌། ཞོ་སྐྱུར་བོ་དང་ལྡན་པར་བསྐོལ་ཏེ། དེ་ལས་རན་པར་འཐུངས་ན་དམུ་རྫིང་དང༌། སྦྱར་བའི་དུག་དང༌། གཏུན་ལྟ་བུའི་ནད་དང༌། ལྟོ་སྦོ་བ་དང༌། སྐྲན་དང༌། ཁོང་འབྲས་དང༌། དེ་བཞིན་དུ་མཛེ་དང་སྨྱོ་བྱེད་དང༌། བརྗེད་བྱེད་རྣམས་འཇོམས་པར་བྱེད་དོ། །ཡང་ན་བའི་འོ་མ་དང༌། ཤྲི་ཁཎྜ་དང་བཅས་པར་བསྐོལ་ཏེ་བསྒྲངས་ལ། ཁ་གཟར་གྱིས་དཀྲུགས་ཏེ། དེ་ལས་བྱུང་བའི་མར་དང་ཤྲི་ཁཎྜ་ཡང་བསྐོལ་བའི་ཁུ་བ་དང་བཅས་པར་འཐུངས་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་འོ་མ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང༌། ཤྲཱི་ཁཎྜའི་འོ་མ་སྲང་བཅུ་དྲུག་དང་ལྷན་ཅིག་མནན་ཏེ། ཞོར་སྨིན་པ་དང་བསྲུབས་པའི་མར་དང༌། ཏྲི་བི་ཙ་བཅུག་པ་ལ་ཡང་བསྐོལ་ཏེ་འཐུངས་ན་ཕན་ཡོན་གོང་མ་དང་འདྲའོ། །དེ་བཞིན་དུ་མར་བྲེ་གང་དང༌། མར་གྱི་བརྒྱད་འགྱུར་གྱི་འོ་མ་དང༌། སུ་དྷ་ཀྵི་ར་སྲང་གཅིག་དང༌། དུར་བྱིད་སྲང་དྲུག་དང༌། གོང་གི་ཕྱེ་མ་དང་འདི་རྣམས་དང་ལྷན་ཅིག་བསྐོལ་ཏེ། མར་ཉི་ཚེ་ལུས་པ་བླུད་དོ། །དེའི་འོག་ཏུ་ཐུག་པ་དང༌། ཁུ་བཅུད་མངར་པོ་དང་འོ་མ་བཏུང་ངོ༌། །མར་ཁོད་པར་ཞུ་སྟེ་འཁྲུས་པ་དང༌། བཅའ་སྒ་བསྐོལ་བའི་ཁུ་བ་དྲོན་པོ་བླུད་དོ། །དེ་ནས་ཐུག་པ་དང༌། རྒྱ་སྲན་གྱི་ཡུ་ཤ་ཡང་རིམ་པས་བླུད་དོ། །དེ་ལྟར་ཁོང་པ་རྩུབ་པར་གྱུར་པ་དང༌། ཞག་གསུམ་གྱི་བར་དུ་གོང་མའི་མར་དང་ལྷན་ཅིག་ཟས་སྦྱིན་ནོ། །གོང་མའི་རིམ་པ་དེ་ལྟར་ཡང་དང་ཡང་དུ་སྨན་མར་བཏུང་ངོ༌། །སྨན་མར་གྱི་སྦྱོར་བ་དེ་དག་སྨན་པ་མཁས་པས་ཚུལ་བཞིན་བྱས་ན། སྐྲན་རྣམས་དང༌། སྦྱར་བའི་དུག་རྣམས་དང༌། དམུ་རྫིང་རྣམས་ཞི་བར་བྱེད་དོ། །ཡང་ན་སྨན་པི་ལུ་བཏགས་པའི་ཕྱེ་མ་དང༌། མར་བསྐོལ་བ་འཐུངས་ན། ལྟོ་སྦོ་ཞིང་ཟུག་པ་རྣམས་ལ་ཕན་ནོ། །ཡང་ན་སེང་ཕྲོམ་གྱི་སྨན་མར་རམ། ནི་ལི་ནིའི་སྨན་མར་རམ། འདྲེས་པ་ཞེས་བྱ་བའི་སྨན་མར་གང་ཡང་རུང་བ་བླུད་དོ། །བཀྲུ་སྨན་དེ་དག་གིས་ནད་གཞི་དང་བྲལ་བ་དང༌། ཐུག་པ་ལ་སོགས་པའི་འབྲས་ཆན་ལ་སོགས་པ་ཡང་བ་རན་པར་ཁ་ཟས་ཀྱི་ཚོད་ཟིན་པར་བྱའོ། །ཉེས་
བའི་ལྷག་མ་ཅུང་ཞིག་ལུས་པ་ལྟ་ན། ཨ་རུ་ར་རྡོག་མ་སྟོང་བ་གཅིན་དང་ལྷན་ཅིག་བཟའ་སྟེ། བཏུང་བ་ནི་འོ་མ་སྦྱར་རོ། །ཡང་ན་པི་པི་ལིང་རྡོག་མ་སྟོང་ཤྲི་ཁཎྜའི་འོ་མའམ། ཆུ་དང་སྤངས་ཏེ་ཟོས་ལ་དེའི་འོག་ཏུ་འོ་མ་བཏུང་ངོ༌། །ཡང་ན་པི་པི་ལིང་བསྐྱེད་པའི་ཆོ་ག་བཅུད་ཀྱིས་ལེན་གྱི་སྐབས་སུ་བཤད་པ་ཟོས་ན་དེའི་འོག་ཏུ་འོ་མ་བཏུང་བའམ། ཡང་ན་བཅུད་ཀྱིས་ལེན་གྱི་སྐབས་སུ་བཤད་པའི་བྲ་གཞུན་ཟོས་ལ། དེའི་འོག་ཏུ་འོ་མ་བཏུང་བའམ། ཡང་ན་གུ་གུལ་བཅུད་ཀྱིས་ལེན་དུ་སྨོས་པ་ལྟར་ཟོས་ལ། འོ་མ་བཏུང་བའམ། ཡང་ན་འོ་མ་དང་སྒེའུ་གཤེར་གྱི་ཁུ་བ་ཆ་སྙོམས་པ་འཐུངས་ན་ཕན་ནོ། །ཡང་ན་དམུ་རྫིང་གི་ནད་ལྷག་མ་ལུས་པ་ལ་ནི་ཙི་ཏྲ་ཀ་དང༌། ཐང་ཤིང་བཏགས་པའི་ཕྱེ་མ་དང་འོ་མ་སྦྱར་བ་བཏུང་བའམ། དེ་བཞིན་དུ་བཟས་གཞན་མི་ཟ་བར་ཧ་ཏི་པི་པི་ལིང་དང༌། བཅའ་སྒ་འོ་མ་དང་སྦྱར་བ་ཟླ་བ་གཅིག་བཏུང་ངོ༌། །ཡང་ན་བྱི་དང་ག་དང༌། ཀྲུ་ཏྲུག་ཏྲེས་དང༌། དན་ཏི་དང༌། དབྱི་མོ་དང༌། ཚ་བ་གསུམ་འདི་རྣམས་བཏགས་ཏེ་འོ་མ་དང་ལྷན་ཅིག་སྦྱར་བ་ཞོ་གཉིས་ཙམ་འཐུངས་ན་དམུ་རྫིང་ཚབས་ཆེ་བ་ལས་རྒྱལ་བར་བྱེད་དོ། །ཁ་ཟས་ནི་འོ་མའམ། སུ་དྷཱ་ཀྵི་ར་འོ་མ་དང་མར་དང་བཅས་བ་ཟླ་བ་གཅིག་ཏུ་བཟའོ། །ཡང་ན་ཤྲི་ཁ་ཎྜའི་འོ་མའི་ནང་དུ་པི་པི་ལིང་དང༌། ཨ་རུ་ར་སྤངས་ལ་བཏགས་ཏེ་ཁུར་བའི་ནང་དུ་བཏབ་ལ་སྦྱིན་ནོ། །གལ་ཏེ་དམུ་རྫིང་ཅན་རླུང་ནད་ཀྱིས་རྩི་བ་ལོགས་སུ་ཟུག་པ་དང༌། རེངས་པ་དང༌། རོ་སྟོད་འཛིངས་པར་གྱུར་ན་དེ་ལ་ནི་བིལ་བའི་ཐལ་བ་དང༌། ཏིལ་མར་སྦྱར་བ་བླུད་དོ། །ཡང་ན་ཏིན་དུ་ཀ་དང༌། བ་ལ་དང༌། བ་ལ་ཤ་དང༌། ཏིལ་གྱི་སྡོང་བུ་དང༌། ཆུ་ཤིང་དང༌། ཨ་བ་མརྒ་དང༌། ཨག་ནི་མན་ཐ་དང༌། འདི་རྣམས་ཀྱི་ཐལ་བ་ཆུ་དང་སྦྱར་ལ་རས་ཀྱིས་བཙགས་ཏེ། ཏིལ་མར་དང་ལྷན་ཅིག་བསྐོལ་ལ་བླུད་དོ། །རླུང་ལས་གྱུར་བའི་དམུ་རྫིང་བད་ཀན་དང་ལྷན་ཅིག་ལྡན་པའམ། མཁྲིས་པ་དང་ལྡན་པ་དང༌། དེ་གཉི་ག་དང་ལྡན་ཞིང་རླུང་སྟོབས་ཆེ་བར་གྱུར་བ་དེ་ལ་ནི་ཨེ་རཎྜའི་མར་ནད་གཞི་སོ་སོ་དང་སྦྱར་བ་བཏང་ན་ཕན་ནོ། །ཡང་ན་ཐང་
ཤིང་དང༌། རྒྱ་སྐྱེགས་ཤིང་དང༌། ཧ་ཏི་པི་པི་ལིང་དང༌། ཤི་ཀྲུ་དང༌། ཨ་ཤྭ་ཀ་རྞ་དང་འདི་རྣམས་བཏགས་པའི་ཕྱེ་མ་བ་གཅིན་དང་སྦྱར་བའི་ལྡེ་གུས་དམུ་རྫིང་གི་ཕྱི་རོལ་ནས་བསྐུའོ། །ཡང་ན་བྲིཤྩི་ཀ་ལི་དང༌། ཤུ་དག་དང༌། བཅའ་སྒ་དང༌། རྩ་བ་ལྔ་བ་དང༌། བ་སྤུ་བ་དང༌། འུ་སུ་དང༌། རུ་རྟ་རྐང༌། འདི་རྣམས་བསྐོལ་བའི་ཁུ་བའམ། ཡང་ན་བ་གཅིན་གང་ཡང་རུང་བས་ཕྱི་རོལ་ནས་དཀྲུགས་སོ། །དེ་ལྟར་ཁྲུས་ལ་སོགས་པ་བྱས་ནས་ནད་ཕྱུང་སྟེ། ལྟོ་བ་ཞུམ་པར་གྱུར་པ་དང༌། ཡང་ལྟོ་བ་རླུང་གིས་མི་སྦོ་བའི་ཕྱིར་སལ་དང༌། བ་ལའི་སྡེ་ཚན་དུགས་ཀྱི་སྐབས་སུ་བཤད་པ་བཞིན་དུ་དུགས་བྱས་ཏེ། རས་ཀྱིས་ལྟོ་བ་བཅིང་བར་བྱའོ། །དེ་ལྟར་ལེགས་པར་ཁྲུས་བྱས་ནས་ལྟོ་བ་ཡང་སྦོ་བ་ལྟ་ན་སྣུམ་དང་སྐྱུར་དང་ལན་ཚྭ་དང་བཅས་པའི་བཀྲུ་སྨན་དྲག་པོ་བྱའོ། །རླུང་བད་ཀན་དང་བཅས་པས་ལྟོ་སྦོ་བར་བྱེད་པ་ལ་ནི་སྨན་རྣོ་བ་དང༌། ཐལ་སྨན་དང་གཅིན་དང་བཅས་པས་འཇམ་རྩི་མས་གཏོང་བར་བྱའོ། །དེ་ལྟར་གོང་དུ་བསྟན་པའི་བྱ་བ་དེ་དག་ནི་དམུ་རྫིང་སྤྱིའི་ཆོ་གར་གྲགས་པ་ཡིན་ནོ། །རླུང་ལས་གྱུར་བའི་དམུ་རྫིང་ཅན་ཉམས་སྟོབས་དང་ལྡན་པ་ལ་ནི། སྨན་བྱིད་རིའི་སྡེ་ཚན་མར་དང་བསྐོལ་བ་བླུད་ལ་ཁོང་སྣུམ་པར་གྱུར་བ་དང༌། ཡན་ལག་ཐམས་ཅད་ལ་དུགས་བྱ་སྟེ། སེང་ཕྲོམ་གྱི་མར་རམ། འདྲེས་པའི་སྨན་མར་གྱིས་བསྦུ་སྨན་བྱའོ། །དེ་ལྟར་ཁྲུས་བྱས་པའི་འོག་ཏུ་ཉམས་སྟོབས་བསྐྱེད་པར་བྱ་བའི་ཕྱིར་ཐུག་པ་དང་འོ་མ་སྦྱིན་ནོ། །ཉམས་རྙེད་ནས་རིམ་གྱིས་འོ་མ་སྤང་བར་བྱ་སྟེ། ཡང་ཁོང་པ་ལྟམ་མམ། སྔོ་བར་བྱེད་ན་ནི་གོང་དུ་སྨོས་པའི་བཀྲུ་སྨན་ཡང་བྱའོ། །དེ་ནས་མེ་དྲོད་ཆུང་ཞིང་རྟུག་པ་འགགས་པར་གྱུར་པ་ལ་ནི། ཤ་ཁུ་སྐྱུར་དང་ལན་ཚྭ་ཅུང་ཟད་དང་ལྡན་པས་ཡང་སྣུམ་ཆོས་བྱ་སྟེ། དེ་ནས་དུགས་བྱས་ལ་རྩ་བ་བཅུ་པ་དང་སྦྱར་བའི་འཇམ་རྩི་མས་གཏོང་ངོ༌། །དེ་ནས་སྨན་རྣོ་བ་དང་ལྷན་ཅིག་འཇམ་རྩི་མས་གཏོང་ངོ༌། །རླུང་ལས་གྱུར་པའི་དམུ་རྫིང་ཁོང་རྩུབ་ཅིང་ཕྱི་ས་དང་འཕྱེན་འགགས་པ་དང་མེའི་དྲོད་ཆེ་བ་དང༌། ཁོང་པ་འཁྲུག་ཅིང་གྱོ་ལ་རུས་བ་དང་ཚིགས་དང་རྩི་བ་ལོགས་དང་རྒྱབ་དང༌། མཇུག་ཏོ་རྣམས་སུ་ཟུག་ཅིང་ན་བ་ལ་ནི་ཏིལ་
དང༌། ཨེ་རཎྜའི་མར་དང༌། རླུང་ནད་འཇོམས་པའི་སྨན་དང༌། སྐྱུར་དང་ལྡན་པར་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་དེས་ཧ་ནུ་བ་ས་མས་གཏོང་ངོ༌། །ཉམས་སྟོབས་ཆུང་ཞིང་ཁྲུས་མི་ཐེག་པ་ལ་ནི་དམུ་རྫིང་ཞི་བར་བྱ་བའི་སྨན་འཇམ་རྩི་དང་འོ་མ་དང་མར་དང༌། ཤ་ཁུ་ལ་སོགས་པ་སྦྱར་རོ། །མཁྲིས་པ་ལས་གྱུར་པའི་དམུ་རྫིང་ཅན་གྱི་ནད་པ་ཉམས་སྟོབས་དང་ལྡན་པ་ལ་ནི་སྨན་མངར་བ་དང་སྦྱར་བས་སྣུམ་ཆོས་བྱ་སྟེ། ཤ་མ་དུར་བྱིད་དང༌། འབྲས་བུ་གསུམ་དང་མར་ལྷན་ཅིག་བསྐོལ་ཏེ་ཁྲུས་བྱའོ། །དེ་ནས་ནྱ་གྲོ་དྷའི་སྡེ་ཚན་ལས་བསྐོལ་བའི་ནང་དུ་ཁ་ར་དང་སྦྲང་རྩི་དང་མར་མང་དུ་བླུགས་ཏེ། བཀྲུ་སྨན་དྲག་པོ་བྱས་ན་ཕན་ནོ། །དེ་བཞིན་དུ་ནྱ་གྲོ་དྷའི་སྡེ་ཚན་བསྐོལ་བའི་འཇམ་རྩི་མས་གཏོང་ངོ༌། །དམུ་རྫིང་ཅན་གྱི་ནད་པ་ཉམ་ཆུང་བ་ལ་ནི། དང་པོ་ཨ་ནུ་བ་ས་ན་གཏང་ངོ༌། །དེ་ནས་འོ་མའི་འཇམ་རྩིས་དག་པར་བྱའོ། །མེ་སྟོབས་སྐྱེས་པ་ལ་ནི་སྣུམ་ཆོས་བྱ་སྟེ། ཡང་དང་ཡང་དུ་བཀྲུ་སྨན་བྱའོ། །འོ་མ་འམ་དུར་བྱིད་སྦྱར་བ་འམ། ཨེ་རཎྜའི་མར་དང་སྦྱར་བ་འམ། ཡང་ས་ལ་འམ། ཀྱི་ལྕེ་བ་འོ་མ་དང་སྦྱར་བ་འམ། ཡང་ན་དོང་ག་འོ་མ་དང་སྦྱར་བས་བཀྲུ་སྨན་བྱའོ། །མཁྲིས་པ་ལས་གྱུར་པའི་དམུ་རྫིང་བད་ཀན་དང་བཅས་པ་ལ་ནི་བ་གཅིན་དང་སྦྱར་བའི་འོ་མས་བཀྲུ་སྨན་བྱའོ། །མཁྲིས་པ་ལས་གྱུར་པའི་དམུ་རྫིང་རླུང་དང་བཅས་པ་ལ་ནི་ཏིག་ཏའི་སྨན་མར་འོ་མ་དང་བཅས་པས་ཡང་དང་ཡང་དུ་བཀྲུ་སྨན་བྱའོ། །འབྲས་གང་ཡང་རུང་བའི་འོ་མ་དང་ལྷན་ཅིག་སྦྱིན་པའམ། ཡང་ན་བྱི་ད་རིའི་སྡེ་ཚན་འོ་མ་དང་བསྐོལ་བ་སྦྱིན་ནོ། །འོ་ཐུག་སྦྱར་བས་དམུ་རྫིང་གི་ཕྱི་རོལ་ནས་བསྐུའོ། །འཇམ་རྩི་དང་བཀྲུ་སྨན་དང་འོ་མ་བཏང་བ་དེ་དག་ཡང་དང་ཡང་དུ་རིམ་པ་དེ་ལྟ་བུ་འབད་པ་དང་བཅས་པས་མ་ཡེངས་པར་བྱས་ན་ངེས་པར་མཁྲིས་པ་ལས་གྱུར་པའི་དམུ་རྫིང་ལས་རྒྱལ་བར་བྱེད་དོ། །བད་ཀན་ལས་གྱུར་པའི་དམུ་རྫིང་ལ་ནི་དུག་མོ་ཡུངས་ཀྱི་སྡེ་ཚན་ལ་མར་དང་བསྐོལ་བས་བཏུང་བ་ལ་སོགས་པས་སྣུམ་ཆོས་བྱས་ལ། དེའི་འོག་ཏུ་དུགས་བྱས་ནས་ཉམས་སྟོབས་དང་
ལྡན་པ་ཞིག་ན་ཤྲི་ཁཎྜ་མར་དང་སྦྱར་བས་ཁྲུས་བྱའོ། །དེའི་འོག་ཏུ་མེའི་དྲོད་བསྐྱེད་པར་བྱ་བའི་ཕྱིར། བད་ཀན་འཇོམས་པའི་སྨན་ཚ་བ་དང་ཐལ་སྨན་དང་ལྡན་པའི་བཟའ་བ་ཐུག་པ་ལ་སོགས་པ་རིམ་གྱིས་སྦྱིན་ནོ། །ཡང་ན་མུཀ་ཀའི་སྡེ་ཚན་དང༌། ཚ་བ་གསུམ་དང་བ་གཅིན་དང་སྦྱར་བའི་ཏིལ་མར་དང་འདི་རྣམས་ལྷན་ཅིག་བསྐོལ་ལ། བཀྲུ་སྨན་དྲག་པོ་མས་གཏོང་ངོ༌། །དེའི་འོག་ཏུ་མུ་ཀ་ཀའི་སྡེ་ཚན་ཏིལ་མར་དང་བསྐོལ་བའི་འཇམ་རྩིས་བཏང་བ་ཡང་དེ་དང་འདྲའོ། །ཁ་ཟས་ནི་ཚ་བ་གསུམ་དང༌། འོ་མར་བཅས་པ་འམ་ཡང་ན་རྒྱ་སྲན་གྱི་ཁུ་བཅུད་དང་ལྡན་པར་སྦྱིན་ནོ། །བད་ཀན་ལས་གྱུར་པའི་དམུ་རྫིང་འབུར་བ་དང་བརྟན་པ་དང༌། རློངས་བག་ཏུ་འདུག་པ་དང་ཡི་ག་འཆུས་པ་དང༌། སྙིང་ན་བ་དང༌། མེ་དྲོད་ཆུང་བ་དང༌། ཆང་ནད་ཆེ་བ་ལ་ནི་ཨ་རིཥྚའི་ཆང་དང༌། ནས་ཚིག་འཁུས་པའི་ཐལ་བ་ཆུ་དང་སྦྱར་བ་རས་ཀྱིས་བཙགས་ལ་བཏུང་བར་སྦྱིན་ནོ། །ཤིང་ཀུན་དང༌། པི་པི་ལིང་དང༌། འབྲས་བུ་གསུམ་དང༌། ཐང་ཤིང་དང༌། སེར་པོ་རྣམ་གཉིས་དང༌། བསེ་ཤིང་གི་འབྲས་བུ་དང༌། ན་ལེ་ཤམ་དཀར་པོ་དང༌། པུ་ཙེ་ཤེལ་དང༌། སེང་ཕྲོམ་དང༌། ཤུ་དག་དང༌། བཅའ་སྒ་དང༌། བོང་ང་དཀར་པོ་དང༌། གླ་སྒང་དང༌། རུ་རྟ་དང༌། ས་ར་ལ་ཞེས་བྱ་བ་ཀོ་ཉོན་ཙེ་དང༌། ལན་ཚྭ་རྣམ་ལྔ་དང་འདི་རྣམས་ཞིབ་ཏུ་བཏགས་ལ་ཞོ་དང་སྣུམ་རྣམ་བཞིས་སྦྲུས་ལ་རྫ་མ་ཁ་སྦྱར་གྱི་ནང་དུ་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་ཕྱུང་ལ་དེ་ལ་ཞོ་གཉིས་གཉིས་ཆང་གི་དངས་མ་དང༌། ཞོ་ག་ཆུ་དང༌། ཆུ་དྲོན་དང༌། ཨ་རིཥྚ་དང༌། ཨ་ས་བའི་ཆང་དང༌། ནས་ཆང་དང༌། འདི་རྣམས་གང་ཡང་རུང་བ་དང་ལྷན་ཅིག་སྦྱར་བ་འཐུངས་ན་དམུ་རྫིང་དང་སྐྲན་དང་གཏུན་ལྟ་བུའི་ནད་དང༌། ཏུ་ནི་དང༌། སྐྲང་བ་དང༌། གསུས་པ་དང་མཆེར་པ་ན་བ་དང༌། སྙིང་ན་བ་དང༌། གཞང་འབྲུམ་དང༌། རྟུག་པ་འགགས་པ་རྣམས་ཞི་བར་བྱེད་དོ། །བད་ཀན་ལས་གྱུར་པའི་དམུ་རྫིང་ཉམ་ཆུང་བ་ལ་ནི་ཧ་རིསྟའི་ཆང་དང༌། བ་གཅིན་གྱི་བཏུང་བ་དང༌། སྨན་གྱི་ཕྱེ་མ་དང༌། ལྕགས་ལས་བྱས་པའི་བཏུང་བ་དང༌། ཏིལ་མར་ཐལ་སྨན་
དང་བཅས་པའི་བཏུང་བ་དང༌། དེ་དག་གང་ཡང་རུང་བ་དང་སྦྱར་ན་རྒྱལ་བར་བྱེད་དོ། །ཡུངས་ཀར་དང༌། ཕབས་དང༌། ལ་ཕུག་གིས་བོན་དང༌། དེ་དག་བཏགས་པའི་ཕྱེ་མ་བ་གཅིན་དང་ལྡེ་གུར་བྱས་པས་དམུ་རྫིང་བསྐུས་ལ། ཕྱི་རོལ་ནས་དུགས་བྱ་སྟེ། དེ་ལྟར་ཡང་དང་ཡང་དུ་བྱ་བའི་རིམ་པ་སྦྱར་རོ། །འདུས་པ་ལས་གྱུར་པའི་དམུ་རྫིང་ལུས་སྟོབས་དང་མེ་དྲོད་ཆུང་ཞིང་ནད་གཞི་རྣམས་ཚ་བས་ཆེ་སྟེ། གཅིག་ལ་གཅིག་གནོད་པར་གྱུར་པ་ནི་གསོར་མི་རུང་སྟེ་སྤང་ངོ༌། །དེ་ནི་གལ་ཏེ་མ་བྱས་ན་ནི་ངེས་པར་འཆི་ལ། བྱས་ན་ནི་འཚོ་ཡང་སྲིད་པས་གསོ་བ་འདི་དག་བྱ་སྟེ། དན་ཏི་དང་ཏྲ་བན་ཏིའི་འབྲས་བུའི་མར་གྱི་བཏུང་བ་བྱིན་ན་རབ་ཏུ་བསྔགས་སོ། །འདུས་པའི་དམུ་རྫིང་ལ་ནད་གཞི་གསུམ་གྱི་གསོ་བ་ཚུལ་བཞིན་དུ་བྱས་ཀྱང་མ་ཐུབ་ན། ཉེ་དུ་རྣམས་ལ་དྲིས་ནས་ཀ་ཀ་ད་ནི་དང༌། འོལ་མ་སེ་དང༌། ཀ་ར་བཱི་ར་དང༌། འདི་གསུམ་གྱི་རྩ་བ་བཏགས་པའི་ཕྱེ་མ་ཆང་དང་ལྷན་ཅིག་བཏུང་ངོ༌། །ཡང་ན་བཟའ་བ་དང་བཏུང་བའི་ནང་དུ་བསྟན་པའི་དུག་དག་པ་སྦྱིན་ནོ། །ཡང་ན་སྦྲུལ་ཁྲོས་པའི་ཁར་ཤིང་ཏོག་བཅུག་ལ་གདུག་པས་ཟོས་ཟིན་པའི་ཤིང་ཏོག་བྱིན་ན་ནད་གཞི་རྣམས་གཅིག་ཏུ་བསྡུས་ནས་དུག་གི་མཐུས་དཀྲུགས་ཏེ་ཕྱི་རོལ་དུ་འབྱིན་ཅིང་འཇིག་པར་བྱེད་དོ། །སྦྱོར་བའི་རིམ་པ་དེ་དག་བྱས་ནས་གལ་ཏེ་དུག་དེ་ནད་ཀྱི་སྟེང་དུ་བབ་ན་ནི་ནད་དེ་འཇིག་པར་བྱེད་ལ། ལུས་ཐ་མལ་པ་ལ་བབ་ན་ནི་འཆི་བར་འགྱུར་རོ། །ཅི་སྟེ་དུག་གི་ནད་ཞི་བ་ལྟར་ན་ཆུ་གྲང་མོས་ལུས་ཁྲུས་བྱས་ལ་དེའི་འོག་ཏུ་འོ་མ་སྦྱིན་ནོ། །ཡང་ན་དུག་དང༌། དུར་བྱིད་དང༌། མན་དུ་ཀ་པར་ནི་དང༌། རྒྱ་སྣེའུ་དང༌། ནས་དང༌། ཀ་ལ་ཤ་ཀ་དང༌། དེ་རྣམས་ལས་གང་ཡང་རུང་བའི་རང་གི་ཁུ་བ་སྐྱུར་དང༌། ལན་ཚྭ་དང༌། སྣུམ་མེད་པར་སློན་བའི་མ་སྐམ་པོ་གང་ཡང་རུང་སྟེ། ཁ་ཟས་གཞན་མི་བཟའ་བར་ཟླ་བ་གཅིག་ཏུ་བཟའོ། །གལ་ཏེ་སྐོམ་ན་ཡང་དེ་རྣམས་རང་གི་ཁུ་བ་བླུད་དོ། །དེ་བཞིན་དུ་གོང་མའི་ཆོ་ག་དེ་དག་གིས་ཟླ་བ་གཅིག་ནས་ནད་མེད་པར་འགྱུར་ཏེ། ལུས་ཉམ་ཆུང་ན་སྲོག་བསྲུང་བར་བྱ་བའི་ཕྱིར་རྔ་མོའི་
འོ་མ་བླུད་དོ། །མཆེར་པའི་ནད་དམུ་རྫིང་ལ་ནི་ནད་གཞི་ཇི་ལྟ་བར་སྣུན་ཆོས་དང་དུགས་བྱ་སྟེ། ཞོ་དང་འབྲས་ཆན་དུ་བཅས་པ་ཟོས་ལ་ལག་པ་གཡོན་པ་ལ་གཏར་གས་ཁྲག་དབྱུང་ངོ༌། །ནད་པ་དེས་ཉམས་སྟོབས་རྙེད་པ་དང༌། ཡང་སྣུམ་ཆོས་བྱས་ཏེ། ཉེས་པའི་ལྷག་མ་སློན་ཁྲུས་ཀྱིས་ལུས་དག་པར་བྱས་ལ། རྒྱ་མཚོའི་ཉ་ཕྱིས་ཀྱི་ཕྱེ་མ་དང༌། ཐལ་སྨན་དང་འོ་མར་སྦྱར་བ་བླུད་དོ། །དེ་བཞིན་དུ་པུ་ཏི་ཀ་རཉྫ་ལ་རྩ་བས་སྐྱུར་པོ་དང་སྦྱར་ཏེ། བསྐྱོས་པས་རས་ཀྱིས་བཙགས་པའི་ནང་དུ་ལྕེ་མྱང་ཚ་དང་པི་པི་ལིང་ཤས་ཆེར་བཏགས་པའི་ཕྱེ་མས་བཏབ་པ་བླུད་དོ། །ཡང་ན་ཤི་ཀྲུ་བསྐོལ་བའི་ནང་དུ། རྒྱམ་ཚ་དང༌། ཙི་ཏྲ་ཀ་དང༌། པི་པི་ལིང་གི་ཕྱེ་མ་བཏབ་པ་བླུད་དོ། །ཡང་ན་ཤིང་ཀུན་ལ་སོགས་པའི་ཕྱི་མ་སྐྲན་ནད་གསོ་བའི་ལེ་འུར་བཤད་པ་དང༌། ཐལ་སྨན་སྣ་ཚོགས་དང༌། སྨན་མར་སྲང་དྲུག་པ་ཆེ་ཆུང་དང་སྦྱོར་བ་དེ་དག་གང་ཡང་རུང་བ་མེ་དྲོད་ཇི་ལྟ་བ་བཞིན་དུ་སྦྱིན་བར་བྱའོ། །ཡང་ན་པི་པི་ལིང་དང༌། དོང་གྲ་དང༌། དན་ཏི་ཆ་མཉམ་པ་དང༌། ཨ་རུ་ར་སྣ་གཅིག་གི་ཉིས་འགྱུར་དང༌། ལྕེ་མྱང་ཚ་སྣ་གཅིག་གི་ཕྱེད་དང༌། འདི་རྣམས་ཕྱེ་མར་བྱས་ཏེ་ཆུ་དྲོན་ལ་གཏང་ངོ༌། །བྱི་དང་ག་དང༌། ཀྲུ་ཏྲུག་ཏྲེས་དང༌། ཕྱེ་དང༌། རྒྱམ་ཚ་དང༌། ཤུ་དག་དང༌། དེ་རྣམས་ཀྱི་ཕྱེ་མ་མར་དང་སྦྲུས་ཏེ་རྫེའུ་ཁ་སྦྱར་གྱི་ནང་དུ་བསྲེགས་ལ། དེའི་ཐལ་བ་འོ་མ་དང་ལྷན་ཅིག་འཐུངས་ན། སྐྲན་དང་མཆེར་བའི་ནད་འཇོམས་པར་བྱེད་དོ། །ཡང་ན་རྒྱ་ཤུག་གི་འོ་མ་བཏགས་པའི་ཏིལ་མར་དང་བསྲེས་པ་ལྡེ་གུར་བྱས་པ་མཆེར་པའི་དམུ་རྫིང་གི་སྟེང་དུ་བསྐུས་ལ་ལེགས་པར་མཉེས་ལ། གཏུན་ཤིང་གིས་བརྡུང་བ་དང་བཙིར་ཏེ། དེ་ནས་འོ་མ་འཐུངས་ན་མཆེར་པའི་དམུ་རྫིང་འཇོམས་སོ། །ཡང་ན་ཤིང་རོ་ཧི་ནིའི་ལྕུག་མ་རྩ་བ་ནས་བཅད་དེ་བསྐམས་ལ། ཨ་རུ་ར་དང་ལྷན་ཅིག་བཏགས་པའི་ཕྱེ་མ་ཆུ་དང་ཞག་བདུན་གྱི་བར་དུ་སྦངས་ལ་འཐུངས་ན། མིག་སེར་དང༌། མཆེར་བ་དང༌། སྐྲན་དང༌། གཞང་འབྲུམ་དང༌། སྲིན་བུ་དང༌། སྐྲང་བ་དང༌། དམུ་རྫིང་དང༌། དེ་རྣམས་ལ་ཕན་ནོ། །རོ་ཧི་ཏའི་
ཤུན་ཕྲགས་སྲང་ཉི་ཤུ་རྩ་ལྔ་དང༌། རྒྱ་ཤུག་སྐམ་པོ་སྲང་སུམ་ཅུ་རྩ་གཉིས་ཆམ་ཆོམ་བརྡུངས་ཏེ་བསྐོལ་བ་བཞི་ཆ་ལུས་པ་དང༌། ཚིགས་མ་བོར་བའི་ནང་དུ་ཚ་བ་རྣམ་ལྔ་སྲང་རེ་རེ་དང་དེ་སྤྱི་དང་མཉམ་པའི་རོ་ཧི་ཏའི་ཤུན་ཕྲགས་རྣམས་བཏགས་པའི་ཕྱེ་མ་དང༌། མར་སྲང་སུམ་ཅུ་རྩ་གཉིས་འོ་མ་སྲང་དྲུག་ཅུ་རྩ་བཞི་དང་ཡང་བསྐོལ་ཏེ། མར་ལུས་པ་ལས་རན་པར་འཐུངས་ན་མཆེར་པའི་དམུ་རྫིང་ཚབས་ཆེ་བ་ཡང་མྱུར་དུ་སེལ་བར་བྱེད་དོ། །ཡང་ན་ཆུ་ཤིང་དང༌། ཏིལ་གྱི་སྡོང་བུ་དང༌། གཟེ་མ་རྣམས་བསྲེགས་པའི་ཐལ་བ་ཏིལ་མར་དང་བསྐོལ་བ་ལས་རན་པར་འཐུངས་ན་བད་ཀན་དང་རླུང་ལས་གྱུར་པའི་མཆེར་པའི་དམུ་རྫིང་ལས་རྒྱལ་ལོ། །སྦྱོར་བ་དེ་དག་གིས་མ་ཞི་སྟེ་རླུང་དང་བད་ཀན་ལས་གྱུར་པའི་མཆེར་པའི་དམུ་རྫིང་རྣག་ཏུ་རེད་པ་ནི་སྐྲན་གསོ་བའི་ཆོ་ག་བཞིན་དུ་མེའི་ལས་བྱའོ། །མཁྲིས་པ་ལས་གྱུར་པའི་དམུ་རྫིང་ལ་ནི། འཚོ་བྱེད་སྣ་བཅུ་མར་དང་བསྐོལ་བ་རབ་ཏུ་བསྔགས་ཏེ། དེ་བཞིན་དུ་འོ་མའི་འཇམ་རྩི་དང༌། ཁྲག་དབྱུང་བ་དང༌། སློན་ཁྲུས་ཀྱིས་ལུས་དག་པར་བྱ་བ་དང༌། འོ་མའི་བཏུང་བ་སྦྱར་བ་རབ་ཏུ་བསྔགས་སོ། །མཆིན་པའི་དམུ་རྫིང་གི་གསོ་བ་ནི། མཆེར་པའི་དམུ་རྫིང་གི་གསོ་བ་ཐམས་ཅད་བྱ་སྟེ། ཁྱད་པར་དུ་ལག་པ་གཡས་པ་ལ་གཏར་ག་བྱའོ། །གཞང་འགགས་པའི་དམུ་རྫིང་ལ་ནི་ཐོག་མར་དུགས་བྱས་ལ་བ་གཅིན་སྨན་རྣོན་པོ་དང༌། ཏིལ་མར་དང་ལན་ཚྭ་སྦྱར་བས་བཀྲུ་སྨན་དྲག་པོ་དང༌། འཇམ་རྩི་མས་གཏོང་བ་དང༌། ཕྱི་ས་སླ་བར་གྱུར་པའི་ཟས་དང་བཀྲུ་སྨན་རྣོན་པོ་རྣམས་གཏང་བར་བྱའོ། །གཞན་ཡང་རླུང་གིས་རྟུག་པ་འགགས་པ་དང༌། རླུང་ལ་ཕན་པའི་གསོ་བ་ཐམས་ཅད་ཀྱང་འདིར་སྤྱད་དོ། །རྒྱུ་མ་རྡོལ་བའི་དམུ་རྫིང་ལ་དུགས་མ་གཏོགས་པའི་བད་ཀན་གྱི་དམུ་རྫིང་གི་གསོ་བ་ཐམས་ཅད་བྱའོ། །སྨན་པས་ཆུ་སེར་ལ་སོགས་པ་བཞིན་དུ་ཡང་དང་ཡང་དུ་གཟགས་པར་བྱའོ། །ལྟོ་བ་ཆུས་གང་བའི་དམུ་རྫིང་ལ་ནི་བ་གཅིན་དང༌། སྨན་རྣོ་བ་དང༌། ཐལ་སྨན་དང་སྦྱར་བའི་བཟའ་བ་དང་བཏུང་བ་སྦྱར་
རོ། །མེའི་དྲོད་སྐྱེད་པ་དང༌། བད་ཀན་འཇོམས་པའི་བཟའ་བ་ཉེ་བར་བསྟེན་བར་བྱའོ། །རའི་རིལ་མ་བསྲེགས་པའི་ཐལ་བ་བ་གཅིན་དང་སྦྱར་ཏེ་རས་ལ་བཙགས་ལ་བསྐོལ་ཏེ། སྐ་བར་གྱུར་པ་དང༌། དེའི་ནང་དུ་པི་པི་ལིང་དང་པི་པི་ལིང་གི་རྩ་བ་དང་བཅའ་སྒ་དང༌། ལན་ཚྭ་རྣམ་ལྔ་དང༌། དུར་བྱིད་དང༌། དན་ད་དང༌། འབྲས་བུ་གསུམ་དང༌། ཁྲོན་བུ་དང༌། ཀར་ཀ་ཏ་སྲིང་གི་དང༌། སྭ་རྩི་ཀའི་ཐལ་བ་དང༌། ཤུ་དག་དང༌། ས་ཏ་ལ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་ཞོ་གཉིས་གཉིས་བཅུག་ལ། རྒྱ་ཤུག་གི་འབྲས་བུ་ཙམ་གྱི་རི་ལུ་བྱས་ཏེ། རང་སྐྱུར་གྱི་ནང་དུ་མཉེས་ལ་རན་པར་འཐུངས་ན་མ་ཞུ་བ་དང་སྐྲང་པ་དང་དམུ་རྫིང་ཤས་ཆེ་བ་རྣམས་སེལ་ཏོ། །དེ་ལ་དམུ་རྫིང་མཚོན་གྱིས་དྲལ་བ་ནི། དམུ་རྫིང་རྣམ་པ་བརྒྱད་ལས། གསུམ་ནི་དྲལ་བའི་ཆོ་ག་བྱ་སྟེ། དེ་ཡང་གང་ཞེ་ན། གཞང་འགགས་པའི་དམུ་རྫིང་དང༌། རྒྱུ་མ་རྡོལ་བའི་དམུ་རྫིང་དང༌། ལྟོ་བ་འཆུས་པའི་དམུ་རྫིང་དང་གསུམ་མོ། །ཐོག་མར་ནི་དམུ་རྫིང་བརྒྱད་པོ་ཀུན་ཀྱང་སྨན་གྱིས་གསོ་བར་བྱའོ། །དེས་མ་ཐུབ་ན་སྨན་པས་མཚོན་གྱིས་ཁོང་ཕྱེ་བའི་དཔྱད་བྱ་སྟེ། ཐོག་མར་ནད་པའི་དཔྱད་རྩོམ་པ་ཡང་གྱ་ཚོམས་སུ་བྱར་མི་རུང་སྟེ། ནད་པའི་ཉེ་དུ་རྣམས་ཀྱིས་རྒྱལ་པོ་ལ་ཐུགས་ཚོད་དུ་གསོལ་ནས་སྨན་པས་བདག་ཉིད་ཀྱི་སྤྱད་ཀྱི་མཚོན་ལེགས་པར་བྱ་སྟེ་བརྟགས་ལ་སྦྱོར་བ་བརྩམ་པར་བྱ་སྟེ། དེ་ལ་དམུ་རྫིང་བརྟོལ་བར་འདོད་པས་དང་པོར་གཞང་འགགས་པའི་དམུ་རྫིང་དང༌། རྒྱུ་མ་རྡོལ་བའི་དམུ་རྫིང་གཉིས་ལ་ཐོག་མར་སྣུམ་གྱི་ཆོ་ག་དང་དུགས་བྱ་སྟེ། ནད་པའི་ལྟེ་བའི་འོག་ཏུ་སོར་བཞི་བཅལ་ལ། དེ་ནས་གཡོན་ངོས་དཀུའི་ཕྱོགས་སུ་སོར་བཞི་བཅལ་བར་རྨ་ཁ་སོར་བཞི་ཙམ་དྲལ་ལོ། །རྒྱུ་མ་ལམ་ཕོག་པར་བག་བྱའོ། །དྲལ་ཟིན་པ་དང༌། རྨའི་ནང་ནས་རྒྱུ་མའི་ནང་དུ་སྤུའི་གོང་བུ་འམ་རྡོ་འམ། དྲིང་བའི་རིལ་བུ་འབྱར་བས་རྒྱུ་མ་འགགས་པ་འམ། ཤིང་ཚལ་ལམ། རུས་པ་འམ། ཟུག་རྔུ་གང་ཡང་རུང་བས་རྒྱུ་མ་རྡོལ་བ་གང་ཡིན་པ་དེ་ལེགས་པར་བརྟགས་ཏེ། དེ་ཡང་ལག་པ་སྣུམ་གྱིས་བསྐུས་པས་མྱང་ཞིང་
ལྟའོ། །གལ་ཏེ་སྤུའི་གོང་བུའམ། དྲི་མའི་རིལ་བུས་འགགས་པ་ཡིན་ན། དེ་ལ་ནི་རྒྱུ་མའི་ཕྱི་རོལ་ནས་ཅུང་ཟད་མཉེས་ལ་སྔ་མའི་གནས་ནས་འགོག་པ་འམ་བསྐྱོད་པ་འམ། བཙིར་བ་ཙམ་གྱིས་དབྱུང་བར་འགྱུར་རོ། །ཟུག་རྔུས་རྡོལ་བ་ལ་ནི། ཟུག་རྔུ་ཕྲ་འམ་དྲང་དུ་འདོད་པ་ལྟ་བུ་ལ་ནི། སྤྲེའུ་འི་སོ་ལྟ་བུའི་སྐམ་པས་ཕྱིར་དྲངས་ལ་དབྱུང་ངོ༌། །ཟུག་རྔུ་ལྕི་སྟེ་དབྱུང་དུ་མི་འདོད་པ་འམ་སྦོམ་བ་ལ་ནི། རྒྱུ་མ་དང་མཚམས་སུ་བཅད་དོ། །གལ་ཏེ་ཆུ་སེར་དང༌། དྲི་མ་ངན་པ་རྒྱུ་བ་ཡོད་ན་ཡང་བུ་ག་བཙིར་ལ་དེ་ཉིད་ནས་ཕྱིར་དབྱུང་ངོ༌། །དེ་ནས་མར་དང་སྦྲང་རྩི་བསྲེས་པས་རྒྱུ་མ་བསྐུའོ། །ཆོ་ག་དེ་ཉིད་བྱས་ཟིན་པ་དང༌། རྒྱུ་སྨད་ཀྱི་ནང་གྲོལ་རོ་སྟོད་ཕྱོགས་སུ་དབུགས་རིང་པོས་ཕྱོགས་གཅིག་ཏུ་དྲངས་པ་ལྟར་བྱས་པས་རྒྱུ་མ་སྔ་མའི་གནས་སུ་བདེ་བར་རང་འདུག་པའི་རིགས་སོ། །དེ་ནས་ཕྱིའི་ལྟོ་བའི་རྨ་དར་སྐུད་ཀྱི་ས་བཙེམས་ལ། ས་ནག་པོ་དང༌། ཤིང་མངར་ཆུ་དང་སྦྱར་བའི་ལྡེ་གུས་རྨ་དང་ལྟོ་བ་བསྐུས་ལ། རས་ཀྱིས་རྨ་དང་རྐེད་པ་དཀྲིས་ཏེ་གཞག་གོ །དེ་ནས་རླུང་མེད་པའི་གནས་སུ་འོ་མ་འབའ་ཞིག་གིས་གསོས་ལ། མལ་སྣུམ་ཅན་བཅས་ལ་བསྙལ་ལོ། །ལྟོ་བ་ཆུས་གང་བའི་དམུ་རྫིང་ལ་ནི་རླུང་དང་མཐུན་པའི་སྨན་དང་ཏིལ་མར་དུ་སྦྱར་བས་ལུས་བསྐུ་བར་བྱའོ། །དེ་ནས་ལྟོ་བ་རས་ཀྱིས་དཀྲིས་ཏེ་ཆུ་དྲོན་པོས་སྟེང་དུ་བླུ་གསལ་དུགས་བྱའོ། །དེ་ལ་མཚོན་གདབ་ས་ནི་གོང་མ་དང་མཐུན། རྨ་ཁ་ནི་སོར་གཅིག་གི་ཐད་དུ་དབུག་གོ །མཚོན་ནི་འབྲས་ཀྱི་རྩེ་མོ་འདྲ་བས་དྲལ་ལོ། །དེ་ལྟར་དྲལ་མ་ཐག་ཏུ་ཤིང་སྦུ་གུ་ཅན་འཇམ་པོའི་ཐམ་བུས་ཐབས་སུ་བཅུག་ལ། སྦུབས་ཀྱི་ནང་ནས་ནད་ཅུང་ཟད་ཕྱུང་ལ་གཟག་གོ །དེ་ནས་རས་སམ་པགས་པས་དམ་དུ་བཅིངས་ལ་རླུང་མི་ཤོར་བར་བྱའོ། །དེ་ནས་ཞག་གསུམ་གྱི་བར་དུ་མི་བསྒུལ་བར་གསུམ་པ་ནས་ཞག་བཅུ་དྲུག་གི་བར་དུ་ཉིན་རེ་ཁད་ཀྱི་ས་དབྱུང་ངོ༌། །ཞག་བཅུ་དྲུག་ལོན་ནས་སྦུ་གུ་ཕྱུང་སྟེ། ཏིལ་མར་དང་ལན་ཚྭ་བཏབ་པས་རྨ་ཁ་བསྐུས་ལ་རས་ཀྱིས་ལྟོ་བ་བཅིང་ལ། དེ་ནས་ཞག་གསུམ་པ་ནས་ཞག་བཅུ་དྲུག་གི་བར་
དུ་རས་བཀྲོལ་ཞིང་རྨ་བཙིར་ལ་གོང་མའི་སྨན་གྱིས་ཀྱང་དེ་བཞིན་དུ་བསྐུ། ཅི་སྟེ་བརྟོལ་མ་ཐག་ཏུ་འཕྲལ་ནད་དུས་གཅིག་ཏུ་ཕྱུང་བར་གྱུར་ན་སྐྱོན་འདི་དག་ཡོད་དེ། སྐོམ་དད་ཆེ་བ་དང༌། ཚ་བ་སྐྱེ་བ་དང༌། ཡན་ལག་ཟུག་ཅིང་ན་བ་དང༌། འཁྲུ་བ་དང༌། དབུགས་མི་བདེ་བ་དང༌། ལུད་པ་ལུ་བ་དང༌། ལག་པ་དང་རྐང་པ་ཚ་བ་དང༌། འདི་རྣམས་འབྱུང་བས་ཁད་ཀྱིས་ཞག་རེ་དབྱུང་བར་བྱའོ། །ནད་འབྱིན་པའི་ཚེ་དལ་བུས་བཙིར་རོ། །དེ་ནས་རླུང་མེད་པའི་གནས་སུ་བཞག་ནས་ཞག་དང་པོ་སྨྱུང་བར་བྱའོ། །དེ་ནས་ཞག་གཉིས་པ་ལ་ཚྭ་དང་སྣུམ་མེད་པའི་འབྲས་ཐུག་སྦྱིན་ནོ། །དེ་ནས་ཟླ་བ་དྲུག་གི་བར་དུ་ཁ་ཟས་གཞན་མི་བཟའ་བར་འོ་མ་འབའ་ཞིག་སྦྱིན་ནོ། །དེ་ནས་ཟླ་བ་གསུམ་གྱི་བར་དུ་འོ་མ་ལས་གཞི་བླངས་པའི་འབྲས་ཐུག་སྦྱིན་ནོ། །དེ་ནས་ཟླ་བ་གསུམ་གྱི་བར་དུ་ཅི་ཙེ་དང༌། ཁྲེའི་ཐུག་པ་ལ་འོ་མ་དང་ལན་ཚྭ་ཅུང་ཟད་བཏབ་སྟེ། སེའུ་འབྲུ་བསྐོལ་བའི་ཁུ་བ་བསྲེས་པ་བཏུང་ངོ༌། །དེ་ལྟར་བྱས་པའི་རིམ་པས་ལོ་གཅིག་གི་བར་དུ་བསྲུངས་ན་ནི། ལྟོ་བ་ཆུས་གང་བའི་དམུ་རྫིང་འཇོམས་པར་བྱེད་དོ། །སྲོག་འཚོལ་བའི་སློབ་དཔོན་སྨན་པས་ཇི་ལྟར་བསྟན་པའི་ལུང་མཉན་པར་བྱས་ནས་ཆོ་ག་བསྲུང་བ་ལ་འབད་པར་བྱ་སྟེ། ཟས་ཐུབ་པར་བྱ་ཞིང་ལྟོ་འདུན་ལ་སོགས་པ་མི་བྱའོ། །གཞང་འགགས་པའི་དམུ་རྫིང་དང༌། རྒྱུ་མ་རྡོལ་བའི་དམུ་རྫིང་གཉིས་ཀྱི་ཆོ་ག་དང༌། བསྲུང་བ་ཡང་འདི་དང་འདྲ་བར་ལོ་གཅིག་གི་བར་དུ་བྱའོ། །དེ་ལྟར་ལོ་གཅིག་གི་བར་དུ་བསྲུང་བ་བྱས་ནས་ཕྱིས་ནད་མི་སྐྱེ་ཞིང་བརྟན་པར་བྱ་བའི་ཕྱིར་སྨན་གྱི་སྦྱོར་བ་འོག་ནས་འབྱུང་བ་འདི་དག་བྱའོ། །དེ་ལ་དམུ་རྫིང་བརྒྱད་པོ་ཀུན་ཀྱང་ཕལ་ཆེར་ནད་གཞི་འདུས་པ་ལ་སོགས་པ་ལས་འབྱུང་བ་སྟེ། དེ་བས་ན་རླུང་ལ་སོགས་པ་གསོ་བར་བྱ་བ་ནི་རྣམ་བ་ཐམས་ཅད་དུ་བསྔགས་ཏེ། དེ་ཡང་རླུང་ལ་སོགས་པ་ཁོང་པའི་ནང་དུ་ཞུགས་ཏེ་དྲོད་ཉམས་པར་བྱེད་ན། དེ་ནས་ནི་ཁ་ཟས་དྲོ་བ་དང་ཡང་བར་བྱས་པའི་ནད་དུ་རྩ་བ་ལྔ་པ་དང༌། ལན་ཚྭ་དང༌། སྐྱུར་དང༌། སྣུམ་ཅུང་ཟད་དང་བཅས་པའི་ཐུག་པ་སྦྱིན་ནོ། །ཡང་ན་ནས་རྙིང་པ་དང༌། འབྲས་
ཞག་དྲུག་ཅུ་པ་གཅིན་གྱིས་བྲན་ཏེ་བསྐམས་ལ་འོ་མས་གཞི་བླངས་ཏེ་ཐུག་པ་བྱ་སྟེ་ཅི་འདོད་པ་སྦྱིན་ནོ། །སྐོམ་དུ་ནི་བུ་རམ་ཤིང་བསྐོལ་བའི་ཁུ་བ་བླུད་ན་ནད་གཞི་གསུམ་ལས་གྱུར་པའི་དམུ་རྫིང་ལས་བཟློག་སྟེ། རང་རང་གི་གནས་སུ་ཞི་བར་བྱེད་དོ། །དམུ་རྫིང་ཅན་ཀུན་གྱིས་བསྲུང་བར་བྱ་བ་ནི། ཤིན་ཏུ་དྲོ་བ་དང༌། སྐྱུར་བ་དང༌། རྩུབ་པ་དང༌། ལན་ཚྭ་དང༌། ཕྱི་ས་འགགས་པའི་ཟས་དང༌། གྲང་བ་དང༌། ལྕི་བ་དང༌། བུ་རམ་དང༌། ཏིལ་ལས་བྱས་པའི་ཟས་དང༌། ཆུ་འཐུང་བ་དང༌། སྔོ་རྔད་དང༌། རླན་ལ་འདུག་པ་དང་འདི་རྣམས་ཤས་ཆེར་མི་སྤྱད་མི་བསྟེན་གཞན་ཡང་སྤང་བར་བྱ་བ་འདི་དག་བྱ་སྟེ། ལུས་ཀྱི་རྩོམ་པ་དང༌། ལམ་དུ་འགྲོ་བ་དང༌། བཞོན་པའི་འགྲོ་བ་དང༌། འོང་བ་སྤང་བར་བྱའོ། །སྐོམ་དུ་ནི་དར་བ་ཧ་ཅང་སླ་བ་ཡང་མ་ཡིན་སྐ་བ་ཡང་མ་ཡིན་མངར་བ་ཡང་མ་ཡིན་པའི་བཏུང་བ་བསྔགས་ཏེ། དེ་ཡང་ནད་ཀྱི་གཞི་དང་སྦྱར་ཏེ་བཏུང་ངོ༌། །དེ་ཡང་རླུང་ལས་གྱུར་པའི་དམུ་རྫིང་ལ་ནི། ན་ལེ་ཤམ་དང༌། ཁ་རས་བཏབ་པ་སྦྱིན་ནོ། །བད་ཀན་ལས་གྱུར་པ་ལ་ནི་ལ་ལ་ཕུད་དང་རྒྱམ་ཚ་དང་ཟི་ར་དང་སྦྲང་རྩི་དང༌། ཚ་བ་གསུམ་འདི་རྣམས་ཀྱིས་བཏབ་པ་སྦྱིན་ནོ། །འདུས་པ་ལས་གྱུར་པ་ལ་ནི་བ་ཚ་ཅན་གྱི་ཚ་དང༌། ཚ་བ་གསུམ་གྱིས་བཏབ་པའི་དར་བ་སྦྱིན་ནོ། །གཞང་འགགས་པའི་དམུ་རྫིང་ལ་ནི། སྤ་མའི་འབྲས་བུ་དང༌། ལ་ལ་ཕུད་དང༌། ལན་ཚྭ་དང༌། ཟི་ར་རྣམས་བཏབ་པ་སྦྱིན་ནོ། །རྒྱུ་མ་རྡོལ་བའི་དམུ་རྫིང་ལ་ནི་པི་པི་ལིང་དང་སྦྲང་རྩིས་བཏབ་པ་སྦྱིན་ནོ། །ལྟོ་བ་ཆུས་གང་བའི་དམུ་རྫིང་ལ་ནི། ཚ་བ་གསུམ་གྱིས་བཏབ་པའི་དར་བ་སྦྱིན་ནོ། །མཆིན་པའི་དམུ་རྫིང་ལ་ནི། སྦྲང་རྩི་དང༌། ཤུ་དག་དང༌། སྒ་དང༌། ཉེའུ་ཤིང་དང༌། རུ་རྟ་དང༌། རྒྱམ་ཚ་དང༌། ཏིལ་མར་དང་འདི་རྣམས་བཏབ་པ་བླུད་དོ། །ཁྱད་པར་དུ་དར་བའི་སྐོམ་གྱི་ཕན་ཡོན་ནི། ལུས་ལྕི་བ་དང༌། མེའི་དྲོད་ཉམས་པ་དང༌། ཡི་ག་འཆུས་པ་དང༌། ཚིལ་རྒྱས་པའི་ནད་དང༌། འཁྲུ་བ་དྲག་པོས་ལུས་ཤིན་ཏུ་ཉམ་ཆུང་བར་གྱུར་པ་ལ་ནི་འོ་མ་
བདུད་རྩི་དང་འདྲ་བར་ཤེས་པར་བྱའོ། །གསོ་བའི་གནས་ལས་དམུ་རྫིང་གསོ་བའི་ལེའུ་བཅོ་ལྔ་བ་རྫོགས་སོ།། །།དེ་ནས་སྐྱ་རྦབ་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། སྐྱེས་བུ་གང་སྐྱ་རྦབ་ན་བ་ལ་ནི། ཐོག་མར་དགེ་བའི་སྨན་མར་དང༌། བའི་རྣམ་ལྔའི་སྨན་མར་དང༌། ཏིག་ཏ་ཆེན་པོའི་སྨན་མར་མཛེ་ནད་ཀྱི་སྐབས་སུ་བཤད་པ་དང༌། དོང་གའི་སྡེ་ཚན་བསྐོལ་བའི་སྨན་མར་འདི་རྣམས་གང་ཡང་རུང་བ་བླུད་དོ། །སེའུ་འབྲུ་རང་གི་ཁུ་བ་སྲང་བརྒྱད་དང༌། འུ་སུ་སྲང་གཉིས་དང༌། ཙི་ཏྲ་ཀ་སྲང་གཅིག་དང༌། བཅའ་སྒ་སྲང་གཉིས་དང༌། པི་པི་ལིང་སྲང་ཕྱེད་དང༌། འདི་རྣམས་བཏགས་པའི་ཕྱེ་མ་མར་སྲང་ཉི་ཤུ་དང༌། ཆུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་ཚུལ་བཞིན་དུ་བསྐོལ་ཏེ་མར་ལུས་པ་དང་རན་པར་འཐུངས་ན་སྙིང་ནད་དང་སྐྱ་རྦབ་དང༌། སྐྲན་དང༌། གཞང་འབྲུམ་དང༌། མཆེར་པ་དང༌། རླུང་དང་བད་ཀན་གྱིས་ཉམ་ཐག་པ་སེལ་ཏོ། །དེའི་མེ་དྲོད་སྐྱེད་པ་དང༌། དབུགས་མི་བདེ་བ་དང༌། ལུད་པ་འཇོམས་ཤིང་རླུང་ལམ་ལོག་པར་ཞུགས་པ་ལུགས་བཞིན་འབྱུང་ལ། བུད་མེད་བུ་འབྱུང་དཀའ་བ་ལ་ཡང་རབ་ཏུ་བསྔགས་སོ། །དེ་ནས་སྐྱ་རྦབ་ན་བའི་ནད་པ་དེ་སྣུམ་ཆོས་ལེགས་པར་བྱ་སྟེ། སྨན་རྣོ་བས་སློན་བྱའོ། །དེ་ནས་ཡང་སྣུམ་ཆོས་བྱ་སྟེ། འོ་མ་བ་གཅིན་དང་སྦྱར་བ་འམ། རེ་རེ་ཡང་རུང་བས་ལན་མང་དུ་བཀྲུ་སྨ་ན་བྱའོ། །དན་ཏིའི་འབྲས་བུའི་ཁུ་བ་དྲོ་འཇམ་ཙམ་གྱི་ནང་དུ་ཏང་པལ་གྱི་འབྲས་བུ་དང༌། རྒུན་འབྲུའི་འབྲས་བུ་སྲང་བཞི་བཞི་བཅུག་སྟེ་ནུབ་གཅིག་སྦངས་ལ། ནང་པར་མཉེས་ནས་བཙགས་པ་འཐུངས་ན། སྐྱ་རྦབ་ཀྱི་ནད་ལས་རྒྱལ་བར་བྱེད་དོ། །ཡང་ན་བ་གཅིན་གྱི་ནང་དུ་ཨ་རུ་རའི་ཕྱེ་མས་བཏབ་སྟེ་བཏུང་བ་འམ། ཡང་ན་འབྲས་བུ་གསུམ་བ་གཅིན་དང་བསྐོལ་བའི་ནང་དུ་ཨ་རུ་རའི་ཕྱེ་མ་བཏབ་པ་འམ། ཡང་ན་ཁྲོན་བུ་དང༌། ཤ་མ་དུར་བྱིད་དང༌། ཐང་ཤིང་དང༌། བཅའ་སྒ་དང༌། འདི་རྣམས་བ་གཅིན་དང་བཏགས་ཏེ་བཏུང་བ་འམ། ཡང་ན་སྨན་དེ་དག་ཉིད་བ་གཅིན་དང་བསྐོལ་བ་བཏུང་ངོ༌། །ཡང་ན་སྨན་དེ་དག་ཉིད་འོ་མ་དང་ཚུལ་བཞིན་དུ་
བསྐོལ་ལ་འཐུངས་ན་ཉེས་པ་རྣམས་འཇོམས་སོ། །ཡང་ན་ལྕགས་ཕྱེ་བ་གཅིན་དང་འོ་མ་གང་ཡང་རུང་བའི་ནང་དུ་བཞག་ལ་སྦྱིན་ནོ། །དེ་ཞུ་བའི་ཚོད་ཙམ་ན་འོ་མ་འམ་མངར་བའི་ཁུ་བ་གང་ཡང་རུང་བ་ལྷན་ཅིག་བཟའོ། །དེ་ལྟར་སློན་ཁྲུས་ཀྱིས་སྟོད་སྨད་དུ་ལུས་དག་པར་བྱས་ནས། ཨ་རུ་ར་དང༌། སྦྲང་རྩི་དང༌། མར་སྦྱར་བའི་ལྡེ་གུ་སྦྱིན་ནོ། །བྱི་ཤ་ལ་དང༌། པུ་ཙེ་ཤེལ་དང༌། གླ་སྒང་དང༌། རུ་རྟ་དང༌། ཐང་ཤིང་དང༌། དུག་མོ་ཡུངས་དང༌། འདི་རྣམས་ཞོ་གཉིས་གཉིས་དང༌། མུར་བ་སྲང་ཕྱེད་དང༌། བོང་ང་ཞོ་གཅིག་དང་འདི་རྣམས་བཏགས་པའི་ཕྱེ་མ་ཆུ་དྲོ་འཇམ་ཙམ་དང་འཐུངས་ན། དེ་ནས་སྦྲང་རྩི་བལྡགས་ན་སྐྱ་རྦབ་དང༌། རིམས་དང༌། ལུས་ཚ་བ་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། ཡི་ག་འཆུས་པ་དང༌། སྐྲན་དང༌། ལྟོ་སྦོས་པ་དང༌། མ་ཞུ་བ་རླུང་དང་བཅས་པ་དང༌། ཁྲག་མཁྲིས་རྣམས་ལས་རྒྱལ་བར་བྱེད་དོ། །ཡང་ན་བ་ཤ་ཀ་དང༌། ཀྲུ་ཏྲུག་ཏྲེས་དང༌། འབྲས་བུ་གསུམ་དང༌། པུ་ཙེ་ཤེལ་དང༌། ཏིག་ཏ་དང༌། ནིམ་པ་དང༌། འདི་རྣམས་ཆམ་ཆོམ་བརྡུངས་ཏེ་བསྐོལ་བའི་ཁུ་བ་བསྒྲངས་པའི་ནང་དུ་སྦྲང་རྩི་བཏབ་པ་འཐུངས་ན་སྐྱ་རྦབ་དང༌། མིག་སེར་དང་ཁྲག་མཁྲིས་འཇོམས་པར་བྱེད་དོ། །ཡང་ན་ཚ་བ་གསུམ་དང༌། ཙི་ཏྲ་ཀ་དང༌། བྱི་དང་ག་དང༌། འབྲས་བུ་གསུམ་དང༌། ག་དུར་དང༌། འདི་རྣམས་བཏགས་པའི་ཕྱེ་མ་སྤྱི་དང་མཉམ་པའི་ལྕགས་ནག་པོའི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་ཏེ། དར་བ་འམ་ཆུ་དྲོན་པོ་དང་འོ་མ་དང་བཅས་པར་འཐུངས་ན། མིག་སེར་དང༌། སྐྱ་རྦབ་དང༌། སྙིང་ནད་དང༌། མཛེ་དང༌། གཞང་འབྲུམ་དང༌། གཅིན་ནད་ཐམས་ཅད་སེལ་བར་བྱེད་དོ། །དོང་གྲ་དང༌། ལྕགས་ཕྱེ་དང༌། ཏིལ་དང༌། བུ་རམ་འདི་རྣམས་ཆ་མཉམ་པ་དང༌། སྨན་སྣ་གཅིག་གི་ཉིས་འགྱུར་གྱི་པི་པི་ལིང་དང༌། དེ་རྣམས་རི་ལུར་བྱས་པ་ཟོས་ན་སྐྱ་རྦབ་ལ་ཕན་ནོ། །ཡང་ན་ཏ་བྱ་དང༌། སྐྱེར་པའི་ཤུན་པ་དང༌། དབྱི་མོ་དང༌། པི་པི་ལིང་གི་རྩ་བ་དང༌། ཐང་ཤིང་དང༌། ཚ་བ་གསུམ་ལ་སོགས་པ་སྦྱོར་བ་གོང་མའི་
སྨན་དང༌། དེ་རྣམས་སྤྱིའི་ཉིས་འགྱུར་གྱི་ལྕགས་ཕྱེ་དང་ཕྱེ་མར་བྱས་ལ་སྨན་རེ་རེའི་བརྒྱད་འགྱུར་གྱི་བ་གཅིན་དང༌། སྨན་སྣ་སོ་སོར་བསྐོལ་ལ་རི་ལུར་བྱར་འདོད་པ་ཙམ་གྱི་སྐན་ཏེར་གྱུར་པ་དང་གཅིག་ཏུ་བསྲེས་ཏེ་རི་ལུར་བྱས་པ་ནི་ལྕགས་ཕྱེའི་རི་ལུ་ཞེས་བྱ་སྟེ། དེ་ལས་ཅི་རན་དར་བ་དང་སྦྱར་ཏེ་འཐུངས་ན་སྐྱ་རྦབ་ཀྱི་ནད་རྣམས་ལ་སྲོག་སྦྱིན་པར་བྱེད་དོ། །གཞན་ཡང་མཛེ་དང༌། མ་ཞུ་བ་དང༌། སྐྲང་བ་དང༌། བརླ་རེངས་པ་དང༌། ཡི་ག་འཆུས་པ་དང༌། གཞང་འབྲུམ་དང༌། མིག་སེར་དང༌། གཅིན་ནད་དང་མཚེར་པའི་ནད་རྣམས་ཀྱང་ཞི་བར་བྱེད་དོ། །ཡང་ན་ཏ་བྱ་དང༌། བྲག་ཞུན་དང༌། དངུལ་དང༌། ལྕགས་ཀྱི་དྲི་མ་དང༌། དེ་རྣམས་སྲང་ལྔ་དང༌། ཙི་ཏྲ་ཀ་དང༌། འབྲས་བུ་གསུམ་དང༌། ཚ་བ་གསུམ་དང༌། བྱི་དང་ག་དང༌། དེ་རྣམས་སྲང་རེ་རེ་དང༌། ཤ་ཁ་ར་སྲང་བརྒྱད་དང༌། འདི་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་ཟོས་ན། སྐྱ་རྦབ་དང༌། དུག་དང༌། ལུད་པ་དང༌། གཅོང་ཆེན་པོ་དང༌། རིམས་མི་བཟད་པ་དང༌། མཛེ་དང༌། མ་ཞུ་བ་དང༌། གཅིན་ནད་དང༌། སྐྲང་བ་དང༌། དབུགས་མི་བདེ་བ་དང༌། ཡི་ག་འཆུས་པ་རྣམས་ལ་ཕན་ཏེ། ཁྱད་པར་དུ་བརྗེད་བྱེད་ཀྱི་ནད་དང༌། མིག་སེར་དང༌། གཞང་འབྲུམ་རྣམས་འཇོམས་པར་བྱེད་དོ། །ཡང་ན་དུག་མོ་ཡུངས་དང༌། འབྲས་བུ་གསུམ་དང༌། ནིམ་པ་དང༌། པ་ཏོ་ལ་དང༌། ག་དུར་དང༌། དོང་གྲ་དང་འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ་བྲག་ཞུན་སྲང་བརྒྱད་བཅུག་སྟེ། ཞག་བཅུའམ། ཉི་ཤུ་འམ། སུམ་ཅུའི་བར་དུ་ཡང་སྦང་ཞིང་ཡང་སྐམ་པ་ལན་མང་དུ་བྱས་པ་དང༌། བྲག་ཞུན་དང་མཉམ་པའི་ཤ་ཁ་ར་དང༌། སྨིག་རྐང་པ་དང༌། པི་པི་ལིང་དང༌། སྐྱུ་རུ་ར་དང༌། ཀར་ཀ་ཏ་སྲིང་གི་སྲང་རེ་རེ་དང༌། ཀཎྜ་ཀ་རིའི་རྩ་བ་དང་འབྲས་བུ་གཉིས་སྲང་གཅིག་དང༌། དྲི་སྣ་གསུམ་ཞོ་གཉིས་གཉིས་དང༌། སྦྲང་རྩི་སྲང་གསུམ་དང་ལྷན་ཅིག་རི་ལུ་ཞོ་གཉིས་པའི་ཚད་དུ་བྱས་ལ། ཟས་གཞན་མ་འདྲེས་པར་ཟོས་པའི་འོག་ཏུ་སེའུ་འབྲུའི་ཁུ་བ་དང་འོ་མ་དང༌། ཐང་ལ་གནས་པའི་བྱའི་ཤ་ཁུ་དང༌། ཆུ་དྲོན་པོ་
དང༌། ཨ་ས་བའི་ཆང་དང༌། ནས་ཆང་དང༌། དེ་རྣམས་གང་ཡང་རུང་བ་འཐུངས་ན། སྐྱ་རྦབ་དང༌། མཛེ་དང༌། རིམས་དང༌། མཆེར་པ་དང༌། མགོ་འཁོར་བ་དང༌། གཞང་འབྲུམ་དང༌། མཚན་བར་རྡོལ་བ་དང༌། རྨ་རྣགས་པ་དང༌། སྙིང་ནད་དང༌། ཁུ་ཆུ་དང༌། གཅིན་དང༌། ཚ་བའི་ནད་ཞི་བར་བྱེད་དེ། དེ་བཞིན་དུ་སྐེམ་བྱེད་དང༌། སྦྱར་བའི་དུག་དང༌། དམུ་རྫིང་དང༌། ལུད་པ་དང༌། རྩ་བའི་ནད་དང༌། ཁྲག་དང༌། མཁྲིས་པ་དང༌། སྐྲང་བ་དང༌། སྐྲན་དང༌། མགུལ་པའི་ནད་དང༌། དེ་བཞིན་དུ་རྒྱུ་རླུགས་དང༌། མགོ་འཁོར་བ་ཡང་རི་ལུ་འདིས་འཇོམས་པར་བྱེད་དེ། ནད་ཐམས་ཅད་འཕྲོག་ཅིང་ཞི་བར་བྱེད་དོ། །རྒུན་འབྲུམ་དང༌། པི་པི་ལིང་སྲང་བཅུ་དྲུག་བཅུ་དྲུག་དང༌། ཤ་ཁ་ར་སྲང་ལྔ་བཅུ་དང༌། དེ་བཞིན་དུ་ཤིང་མངར་དང༌། བཅའ་སྒ་དང༌། སྨིག་རྐང་དང༌། འདི་རྣམས་སྲང་གཉིས་གཉིས་ཕྱེ་མར་བྱས་ཏེ། སྐྱུ་རུ་རའི་འབྲས་བུའི་ཁུ་བ་སྲང་ལྔ་བརྒྱ་བཅུ་གཉིས་ཀྱི་ནང་དུ་བཅུག་སྟེ། མེ་ཆུང་དུ་ལ་བསྐོལ་ཏེ་ལྡེ་གུར་གྱུར་པ་དང་ཕྱུང་ལ་བསྒྲངས་པའི་ནང་དུ། སྦྲང་རྩི་སྲང་སུམ་ཅུ་རྩ་གཉིས་དང་སྦྱར་བའི་ལྡེ་གུ་ལག་པའི་མཐིལ་དུ་བཞག་སྟེ། དེ་ལས་ཞོ་གཉིས་གཉིས་ཟོས་ན། ཧ་ལི་མ་ཀ་ཞེས་བྱ་བའི་ནད་དང༌། སྐྱ་རྦབ་དང༌། མིག་སེར་རྣམས་སེལ་ཏོ། །ཡང་རྩ་བ་ལྔ་ཆུང་དུའི་ཁུ་བ་དང༌། རྒུན་འབྲུམ་དང༌། སྐྱུ་རུ་ར་རང་གི་ཁུ་བ་དང༌། བཟའ་བ་དང༌། བཏུང་བ་དང༌། ལྷན་ཅིག་སྦྱར་བ་བཏང་ན། སྐྱ་རྦབ་ཀྱི་ནད་དང༌། མིག་སེར་གྱིས་ཉམ་ཐག་པ་སེལ་ཏོ། །དེ་ལྟར་གོང་དུ་བསྟན་པ་དེ་དག་ནི་སྐྱ་རྦབ་ཀྱི་གསོ་བ་སྤྱིར་བསྟན་པ་ཡིན་ཏེ། དེ་བཞིན་དུ་སྨན་པ་མཁས་པས་ནད་སོ་སོའི་དམིགས་ཤེས་པར་བྱ་སྟེ། ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །རླུང་ལས་གྱུར་པའི་སྐྱ་རྦབ་ལ་ནི་གོང་དུ་སྨོས་པ་བཞིན་དུ་སྣུམ་ཤས་ཆེར་སྦྱར་རོ། །མཁྲིས་པ་ལས་གྱུར་པ་ལ་ནི་ཁ་བ་དང༌། བསིལ་བའི་བག་སྦྱར་རོ། །བད་ཀན་ལས་གྱུར་པ་ལ་ནི་རྩུབ་པ་དང༌། ཚ་བ་དང་དྲོ་བའི་བག་སྦྱར་རོ། །འདུས་པ་ལས་གྱུར་པ་ལ་ནི་དེ་རྣམས་བསྲེས་པ་སྦྱར་རོ། །
ཚ་བ་གསུམ་དང༌། བིལ་བ་དང༌། སེར་པོ་རྣམ་གཉིས་དང༌། འབྲས་བུ་གསུམ་དང༌། བ་སྤྲུ་བ་རྣམ་གཉིས་དང༌། གླ་སྒང་དང༌། ལྕགས་ཕྱེ་དང༌། བྱི་དང་ག་དང༌། ཐང་ཤིང་དང༌། བྲི་ཤྩི་ཀ་ལི་དང༌། ག་བྲའི་རྩ་བ་དང༌། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། འོ་མ་དང་མར་ཚུལ་བཞིན་དུ་བསྐོལ་བ་འཐུངས་ནས་ཞག་ཟོས་པ་ལས་གྱུར་པའི་དམུ་རྫིང་གི་ནད་ཐམས་ཅད་མྱུར་དུ་ཞི་བར་བྱེད་དོ། །དེ་བཞིན་དུ་ནཱ་ག་གེ་སར་དང༌། ཤིང་མངར་དང༌། པི་པི་ལིང་དང༌། རྩྭ་ཀུ་ཤ་དང༌། འདི་རྣམས་ཆམ་ཆོམ་བརྡུངས་ཏེ། འོ་མ་དང༌། མར་དང༌། ཚུལ་བཞིན་དུ་བསྐོལ་བ་འཐུངས་ན་ཕན་ཡོན་གོང་མ་དང་འདྲའོ། །ས་ཞག་ཟོས་པའི་སྐྱ་རྦབ་ཀྱི་ནད་པ་ས་ཞག་ལ་སྲེད་པ་ཡིན་ན་ནི། དེ་སུན་དབྱུང་བར་བྱ་བའི་ཕྱིར་བྱི་དང་ག་དང༌། ནིམ་པའི་ཁུ་བ་དང༌། པ་ཏ་དང༌། མུར་བ་འདི་རྣམས་ཀྱི་ཁུ་བ་གང་ཡང་རུང་བ་ས་ཞག་ལས་བརྐོས་པ་ཟོས་ན་ཕན་ནོ། །ས་ཞག་གི་བྱེ་བྲག་འདོད་པ་ཟོས་ནས་ནད་ཐ་དད་པ་འབྱུང་བར་གྱུར་ན་སྨན་པས་སོ་སོ་དང་མཐུན་པའི་སྨན་སྦྱར་རོ། །མིག་སེར་གྱི་ནད་ཀྱིས་བཏབ་པ་ལ་ནི་མཁྲིས་པ་ལ་ཕན་པའི་སྨན་ནམ། སྐྱ་རྦབ་ལ་ཕན་པའི་སྨན་གང་ཡང་རུང་བ་སྦྱིན་ནོ། །ཨ་རུ་ར་རྡོག་མ་བརྒྱ་བསྐོལ་བའི་ཁུ་བའི་ནང་དུ། ཨ་རུ་ར་ལྔ་བཅུ་བཏགས་པའི་ཕྱེ་མ་དང༌། མར་སྲང་སུམ་ཅུ་རྩ་གཉིས་དང་ཚུལ་བཞིན་དུ་བསྐོལ་ཏེ། མར་ལུས་པ་ལས་རན་པར་འཐུངས་ན། སྐྲན་དང་མིག་སེར་དང༌། སྐྱ་རྦབ་ཐམས་ཅད་སེལ་ཏོ། །དོང་ག་དང༌། ཚ་བ་གསུམ་གྱི་ཕྱེ་མ་བུ་རམ་ཤིང་ངམ། བི་ད་རི་འམ། སྐྱུ་རུ་རའི་ཁུ་བ་གང་ཡང་རུང་བའི་ནང་དུ་བཏབ་སྟེ། སྲང་གཅིག་ཙམ་འཐུངས་ན། མིག་སེར་གྱི་ནད་འཇོམས་སོ། །ཡང་ན་དན་ད་བཏགས་པའི་ཕྱེ་མ་དེའི་ཉིས་འགྱུར་གྱི་བུ་རམ་དང་བཅས་པ་ཆུ་གྲང་དང་བཏུང་བ་འམ། གང་ཡང་རུང་བ་དང་སྦྱར་བ་སྦྱིན་ནོ། །ཡང་ན་འབྲས་བུ་གསུམ་དང༌།
སླེ་ཏྲེས་དང་ནིམ་པ་འདི་རྣམས་ཀྱི་ཁུ་བ་གང་ཡང་རུང་བའི་ནང་དུ་སྦྲང་རྩི་བཏབ་སྟེ། ནང་རེ་ནང་རེ་སྦྱར་ཏེ་འཐུངས་ན། མིག་སེར་གྱིས་ཉམ་ཐག་པ་ལ་ཕན་ནོ། །སྐྱེར་པ་དང༌། བཙག་ཡུག་སྣམ་དང༌། སྐྱུ་རུ་ར་རྣམས་སྦྱར་བའི་མིག་སྨན་དུ་སྦྱར་བ་ཡང་མིག་སེར་རྣམས་འཇོམས་སོ། །མིག་སེར་གྱིས་བཏབ་པའི་ནད་པ་ཕྱི་ས་ཏིལ་བཏགས་པའི་ཕྱེ་མ་འདྲ་བ་དཀར་པོ་འབྱུང་ཞིང་བད་ཀན་གྱིས་ལམ་འགགས་པ་ལ་ནི་བད་ཀན་དང་མཁྲིས་པ་འཇོམས་པའི་སྨན་གྱིས་གསོའོ། །ཁ་ཟས་རྩུབ་པ་དང༌། གྲང་བ་དང༌། ལྕི་བ་དང༌། མངར་བ་དང༌། རྩོལ་བ་བྱས་པའི་རྒྱུ་རླུང་གིས་བད་ཀན་འཁྲུགས་པར་བྱས་ཏེ། མཁྲིས་པའི་ཕྱི་རོལ་ནས་བཏོན་པའི་དབང་གིས་སྐྱེས་བུ་དེའི་གཅིན་དང་མིག་དང་པགས་པ་རྣམས་སེར་པོར་གྱུར་ཅིང༌། ཕྱིས་དཀར་པོར་འབྱུང་ལ་ནད་འཁྲུགས་ཏེ། ཕྱི་ས་འགགས་པ་དང༌། སྙིང་ལྕི་བ་ལ་སོགས་པར་གྱུར་ཏེ། དེའི་དབང་གིས་ལུས་རྗུད་པ་དང༌། མེ་དྲོད་ཆུང་བ་དང༌། རྩིབ་ལོགས་སུ་ཟུག་པ་དང༌། སྐྱིགས་བུ་དང༌། ལུད་པ་དང༌། ཡི་ག་འཆུས་པ་དང༌། རིམས་ཀྱིས་འདེབས་ཏེ། མཁྲིས་པས་ཡན་ལག་ཐམས་ཅད་དུ་ཁྱབ་པ་ཡིན་ལ། དེ་ལ་ནི་རིམ་གྱིས་བརྡལ་ལ་གསོའོ། །དེ་ལྟར་མིག་སེར་གྱིས་ཁྱབ་པའི་ནད་པ་ལ་ནི། རྨ་བྱ་དང༌། ཁྱིམ་བྱ་དང༌། སྲེག་པའི་ཤ་ཁུ་དང༌། ཡང་ན་ལ་ཕུག་སྐམ་པོ་དང༌། རྒྱ་སྲན་གྱི་ཁུ་བཅུད་གང་ཡང་རུང་བའི་ནང་དུ་རྩུབ་པ་དང༌། ཚ་བ་དང༌། སྐྱུར་བ་དང་སྦྱར་བའི་ཟས་སྦྱིན་ནོ། །གཞན་ཡང་ཤིན་ཏུ་ཚ་བ་དང༌། སྐྱུར་བ་དང༌། རྣོ་བ་དང༌། ལན་ཚྭ་དང༌། ཤིན་ཏུ་དྲོ་བ་རྣམས་བསྔགས་སོ། །ཁ་ལུང་གི་ཁུ་བ་ཚ་བ་གསུམ་དང་སྦྱར་བའི་ལྡེ་གུ་བལྡག་པར་བྱའོ། །དེ་ལྟར་གོང་མའི་གསོ་བ་དེ་དག་བྱས་ན། མཁྲིས་པ་རང་གི་གནས་སུ་འཇུ་སྟེ། དེས་ན་ཕྱི་ས་ཡང་མདོག་ཐ་མལ་བར་འགྱུར་ཞིང༌། རླུང་སྒྲ་དང་བཅས་པ་ཡང་ཞི་བར་འགྱུར་རོ། །དེ་ལྟར་མདོག་འགྱུར་ཏེ། སྔ་མ་ལས་ལོག་པ་ལྟར་སྣང་ན་ཡང་དེ་བརྟ་བར་བྱ་བའི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་མིག་སེར་གྱི་ནད་གསོ་བ་འཕྱིས་ནས་དེ་
ཁོང་དུ་ཞུགས་ཏེ་དཀྱེལ་དུ་གྱུར་པ་ལ་ནི་བྲག་ཞུན་དང༌། མཀྵི་ཀ་ད་རུ་དང༌། གསེར་གྱི་དྲི་མ་གང་ཡང་རུང་བ་བ་གཅིན་དང་སྦྱར་བ་ཟླ་བ་གཅིག་གི་བར་དུ་བསྟེན་པར་བྱའོ། །ཧ་ལི་ས་ཀ་ཞེས་བྱ་བའི་ནད་ལ་ནི། སླེ་ཏྲེས་ཀྱི་རང་གི་ཁུ་བ་དང༌། འོ་མ་དང༌། མ་ཧེའི་མར་འོ་མའི་ཕྱེད་དང༌། འདི་རྣམས་བསྐོལ་བའི་མར་གྱི་བཏུང་བ་ལ་སོགས་པས་ལུས་ཀྱི་སྣུམ་ཆོས་བྱ་སྟེ། དེ་ནས་སྐྱུ་རུ་རའི་ཁུ་བ་དང་དུར་བྱིད་དང་སྦྱར་བས་བཀྲུ་སྨན་བྱའོ། །ཁ་ཟས་ནི་མངར་བ་དང༌། རླུང་དང་མཁྲིས་པ་འཇོམས་པ་གཏང་ངོ༌། །དེ་བཞིན་དུ་གོང་དུ་སྨོས་པའི་རྒུན་འབྲུའི་ལྡེ་གུ་དང༌། མངར་བའི་སྨན་དང་སྦྱར་བའི་ཟས་བཟའ་ཞིང་འོག་ནས་སྨོས་པའི་འོ་མའི་འཇམ་རྩི་མས་གཏོང་བ་རྣམས་ཡུན་ཅི་རིང་དུ་བྱའོ། །བཏུང་བར་ནི་རྒུན་ཆང་དང༌། ཨ་རི་ཏའི་ཆང་མེ་དྲོད་དང་སྦྱར་ཏེ་ཅི་རིགས་སུ་སྦྱིན་ནོ། །ཡང་ན་ཨ་རུ་རའི་ལྡེ་གུ་ལུད་པ་གསོ་བའི་སྐབས་ལས་བྱུང་བ་འམ། ཡང་ན་པི་པི་ལིང་དང༌། ཤིང་མངར་དང༌། བ་ལ་དང༌། དེ་རྣམས་གང་ཡང་རུང་བ་འོ་མ་དང་སྦྱར་ཏེ་ནད་གཞི་དང་མེ་དྲོད་དང་དཔགས་ལ་གཏང་ངོ༌། །དེ་བཞིན་དུ་སྨན་པ་མཁས་པས་སྐྲང་ནད་གསོ་བའི་དཔྱད་ཇི་སྙེད་པས་སྐྱ་རྦབ་ཀྱི་ནད་ཐམས་ཅད་ལ་སྦྱར་རོ། །གསོ་བའི་གནས་ལས་སྐྱ་རྦབ་ཀྱི་ནད་གསོ་བའི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། །།དེ་ནས་འོར་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ནད་གཞི་ཐམས་ཅད་འདུས་པ་འམ་ལྡན་པའམ། ནད་གཞི་རེ་རེ་ལས་གྱུར་པའི་སྐྲངས་ནད་གང་ཡང་རུང་བ་མ་ཞུ་བ་དང་བཅས་པ་དེ་ལ་ནི་ཐོག་མར་ལུས་ཤ་སྲི་ཞིང་སྨྱུང་བ་བྱའོ། །དེའི་འོག་ཏུ་ཁ་ཟས་ཀྱང་ཡང་བ་བཟའ་ཞིང་སྐོམ་དུ་ནི། དོང་གྲ་དང༌། བོང་ང་དཀར་པོ་དང༌། ཐང་ཤིང་དང༌། བྱི་དང་ག་དང༌། དུག་མོ་ཡུངས་དང༌། ན་ལེ་ཤམ་བསྐོལ་བའི་ཆུ་དྲོན་པོ་བླུད་དོ། །ཡང་ན་ཨ་རུ་ར་དང༌། བཅའ་སྒ་དང༌། ཐང་ཤིང་དང༌། བ་སྤྲུ་བ་དང༌། དེ་རྣམས་བསྐོལ་བའི་ཁུ་བ་བླུད་པའམ། ཡང་ན་སྐྱ་རྦབ་ཀྱི་ནང་དུ་བཤད་པའི་ལྕགས་ཕྱེ་ཆ་དགུ་པ་བསྐོལ་བ་བླུད་དོ། །འོར་ནད་ཤས་ཆེ་བ་ལ་ནི་དེ་དག་པར་བྱ་བའི་ཕྱིར་ཨ་རུ་རའི་ཕྱེ་མ་བ་གཅིན་དང་སྦྱར་
བ་བླུད་དོ། །ཡང་ན་འབྲས་བུ་གསུམ་བསྐོལ་བའི་ནང་དུ་པུ་ཙེ་ཤེལ་དང༌། དུར་བྱིད་དང༌། ཚ་བ་གསུམ་གང་ཡང་རུང་བའི་ཕྱེ་མ་བཏབ་པ་བླུད་པ་འམ། ཡང་ན་འབྲས་བུ་གསུམ་གང་ཡང་རུང་བའི་ནང་དུ་གུ་གུལ་ལམ་བྲག་ཞུན་བཏབ་པ་བླུད་པ་འམ། འོར་ནད་སྐྲངས་པ་དེ་མེ་དྲོད་ཆུང་ཞིང་མ་ཞུ་བས་ཁྱབ་སྟེ། རྟུག་པ་འགགས་པ་འམ། ཡང་ན་ཕྱི་ས་སླ་བར་འབྱུང་བ་ལ་ནི་ཁ་རུ་ཚ་དང༌། ཚ་བ་གསུམ་སྦྲང་རྩི་དང༌། དར་བ་དང་སྦྱར་བ་བཟའ་བ་འམ། ཡང་ན་ཨ་རུ་ར་དང་བུ་རམ་བཟའ་བ་འམ། ཡང་ན་བུ་རམ་དང་བཅའ་སྒ་སྦྱར་བ་ཟོས་པའི་འོག་ཏུ་དར་བ་བཏུང་བར་བྱའོ། །ཡང་ན་སྒེའུ་གཤེར་དང༌། བུ་རམ་ཆ་མཉམ་པ་སྦྱར་ཏེ། དང་པོའི་ཞག་སྲང་ཕྱེད་ཟོས་ལ། དེ་ནས་ཞག་བཅུའི་བར་དུ་སྲང་ཕྱེད་ཕྱེད་ཀྱིས་སྐྱེད་དེ། ཞག་བཅུ་གཅིག་པ་ནས་སྲང་ཕྱེད་ཕྱེད་ཀྱི་ཞག་བཅུའི་བར་དུ་མི་བྲི་སྟེ། སྲང་ཕྱེད་དུ་ཕྱིན་པ་དང༌། ཡང་ཞག་བཅུའི་བར་དུ་སྲང་ཕྱེད་ཕྱེད་ཞག་རེ་སྐྱེད་དེ། དེ་ལྟར་ཟླ་བ་གཅིག་གི་བར་དུ་ཟོས་ལ། སྨན་དེ་ཞུ་བའི་ཚོད་ཙམ་ན། བཏུང་བ་ནི། མ་ཤ་ཀའི་ཁུ་བ་དང༌། འོ་མ་དང༌། ཤ་ཁུ་གསུམ་བད་ཀན་དང༌། མཁྲིས་པ་དང༌། རླུང་གང་ཡིན་པ་བརྟགས་ཏེ། ནད་གཞི་དང་རེ་རེ་ནས་སྦྱར་ཏེ་འཐུངས་ན་སྐྲན་དང༌། དམུ་རྫིང་དང༌། གཞང་འབྲུམ་དང༌། འོར་ནད་དང༌། གཅིན་ནད་དང༌། དབུགས་མི་བདེ་བ་དང༌། ཆམ་པ་དང༌། ལུས་སྙོམ་པ་དང༌། འཇུ་སྟོབས་ཆུང་བ་དང༌། མིག་སེར་དང༌། སྐེམ་བྱེད་དང༌། བརྗེད་བྱེད་དང༌། སྨྱོ་བྱེད་དང༌། ལུད་པ་དང༌། བད་ཀན་རྣམས་སྒེའུ་གཤེར་དང༌། བུ་རམ་གྱི་སྦྱོར་བ་འདི་བྱས་ན་མྱུར་དུ་རྒྱལ་བར་བྱེད་དོ། །སྒེའུ་གཤེར་གྱི་ཁུ་བ་དང༌། དོང་གྲའི་ཕྱེ་མ་དང༌། འོ་མ་དང་མར་ལྷན་ཅིག་བསྐོལ་ཏེ། རན་པར་འཐུངས་ན་འོར་ནད་དང༌། ཆམ་པ་ན་བ་དང༌། དམུ་རྫིང་དང༌། མེ་དྲོད་ཉམས་པས་ཉམ་ཐག་པ་རྣམས་ཞི་བར་བྱེད་དོ། །མ་ཞུ་བ་མེད་བཞིན་དུ་ཕྱི་ས་འགགས་ཤིང་འོར་ནད་ཀྱིས་ཉམ་ཐག་པ་ལ་ནི། ཚ་བ་གསུམ་དང༌། དུར་བྱིད་དང༌། དན་ཏི་དང༌། ཀྲུ་ཏྲུག་ཏྲེས་དང༌། དེ་རྣམས་འོ་མ་དང་
བསྐོལ་ཏེ་བླུད་དོ། །བ་འམ་མ་ཧེ་གང་ཡང་རུང་བའི་གཅིན་དང༌། འོ་མ་བཏུང་ཞིང་བཟའ་བ་ཡང་འོ་མ་དང་བཅས་པར་བྱའོ། །ཞག་བདུན་ནམ་ཡང་ན་ཟླ་བ་གཅིག་གི་བར་དུ་རྔ་མོའི་འོ་མ་ཉི་ཚེས་ཉམས་བརྟ་བར་བྱའོ། །ཏི་མུ་ས་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། ལ་ལ་ཕུད་དང༌། ཚ་བ་རྣམ་ལྔ་དང༌། ན་ལེ་ཤམ་དང༌། སེའུ་འབྲུ་དང༌། པ་ཐ་དང༌། འུ་སུ་དང༌། སྟར་བུ་དང༌། བ་ལ་དང༌། བིལ་བ་དང༌། དེ་རྣམས་ཞོ་གཉིས་གཉིས་དང༌། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་མར་སྲང་སུམ་ཅུ་རྩ་གཉིས་དང་བསྐོལ་ཏེ་མར་ལུས་པ་དང༌། དེ་ལས་རན་པར་འཐུངས་ན་འོར་ནད་དང༌། གཞང་འབྲུམ་དང༌། སྐྲན་དང༌། གཅིན་ནད་རྣམས་འཇོམས་སོ། །ཙི་ཏྲ་ཀའི་ཕྱེ་མ་འོ་མའི་ནང་དུ་བཏབ་སྟེ་ཞོར་རེད་པ་དང༌། དེ་ལས་བྱུང་བའི་མར་སར་དར་བ་དང་བཅས་པའི་ནང་དུ་ཡང་ཙི་ཏྲ་ཀའི་ཕྱེ་མས་བཏབ་སྟེ་བསྐོལ་ལ། མར་ལུས་པ་ལས་རན་པར་འཐུངས་ན། ཕན་ཡོན་གོང་མ་དང་འདྲའོ། །ནད་ཀྱི་སྟོབས་དང༌། དུས་ཤེས་པའི་སྨན་པས་ཐང་ལ་འབར་གྱིས་སྨན་མར་གཅིན་ནད་ཀྱི་སྐབས་ལས་འབྱུང་བ་དང༌། ཏིག་ཏ་ཆེན་པོའི་སྨན་མར་མཛེ་ནད་གསོ་བ་ལས་བཤད་པ་དང༌། དགེ་བའི་སྨན་མར་སྨྱོ་བྱེད་ཀྱི་ནང་ནས་འབྱུང་བ་དང༌། ཨ་རུ་རའི་སྨན་མར་དམུ་རྫིང་ལས་བཤད་པ་རྣམས་ཅི་རིགས་པར་སྦྱར་རོ། །རྩ་བ་བཅུ་པ་སྲང་སུམ་ཅུ་རྩ་གཉིས་དང༌། མར་སྲང་སུམ་ཅུ་རྩ་གཉིས་དང༌། མར་གྱི་བཅུ་དྲུག་འགྱུར་གྱི་ཆུ་དང༌། ཨ་རུ་ར་དང་བུ་རམ་སྲང་བརྒྱད་དང༌། འདི་རྣམས་བསྐོལ་བའི་ནང་དུ་དྲི་སྣ་གསུམ་དང༌། ཚ་བ་གསུམ་དང༌། ནས་ཚིག་འཁུས་པའི་ཐལ་བ་ཅུང་ཟད་ཙམ་དང༌། འདི་རྣམས་ཀྱི་ཕྱེ་མ་བཏབ་སྟེ་ལྡེ་གུར་གྱུར་པ་དང༌། བསྒྲངས་པའི་ནང་དུ་སྦྲང་རྩི་སྲང་བཅུ་དྲུག་བཏབ་སྟེ། དེ་ལས་རན་པར་བལྡགས་ན། འོར་ནད་ཚབས་ཆེ་བ་དང༌། རིམས་དང་སྐྲན་དང༌། གཅིན་ནད་དང༌། ལུས་སྐེམ་ཞིང་རིད་པ་དང༌། མ་ཞུ་བ་དང༌། ཁྲག་མཁྲིས་དང༌། རླུང་དང༌། སྒྲེགས་པ་སྐྱུར་པོར་འབྱུང་བ་དང༌། མདོག་འགྱུར་བ་དང༌། གཅིན་དང༌། རླུང་
དང༌། ཁུ་ཆུའི་ནད་དང༌། དབུགས་མི་བདེ་བ་དང༌། ཡི་ག་འཆུས་པ་དང༌། མཆེར་པ་ན་བ་དང༌། སྦྱར་བའི་དུག་དང༌། དམུ་རྫིང་རྣམས་སེལ་ཏོ། །ནས་དང་འབྲས་རྙིང་པའི་ཁ་ཟས་རྩ་བ་བཅུ་པའི་ཁུ་བ་ལས་གཞི་བླངས་ལ། ལན་ཚྭ་དང་སྣུམ་ཉུང་ཤས་བཏབ་སྟེ་བྱིན་ན་འོར་ནད་ལ་ཕན་ནོ། །རྒྱ་སྲན་ཀུ་ལད་ཐ་དང༌། མོན་སྲན་སྡེའུའི་ཁུ་བཅུད་ཐལ་སྨན་དང༌། ཚ་བ་གསུམ་དང་ལྡན་པ་དང༌། དེ་བཞིན་དུ་སྲོག་ཆགས་ཐང་ལ་གནས་པ་རུས་སྦལ་དང༌། གོད་དང༌། ཤ་ཡ་ཀ་དང༌། འདི་རྣམས་ཀྱི་ཤ་ཁུ་པི་པི་ལིང་དང་སྦྱར་བ་ཟོས་ན་ཡང་འོར་ནད་འཇོམས་སོ། །བཏུང་བ་ནི་དར་བ་མི་སྐྱུར་བ་འམ་ཡང་ན་རྒུན་ཆང་དང༌། ཨ་རི་ཥྚའི་ཆང་དང༌། ཨ་ས་བའི་ཆང་གང་ཡང་རུང་བ་ཚ་བ་གསུམ་དང་ལྡན་པ་སྦྱིན་ནོ། །ཡང་ན་ཟི་ར་དང་ཟུར་པ་དང༌། ཛི་བན་ཏི་དང༌། ཀ་ར་བཱི་ར་དང༌། མ་ནུ་དང༌། ཙི་ཏྲ་ཀ་དང༌། བིལ་པའི་རྐང་དང༌། ཡ་བཀྵ་ར་དང༌། ད་ཏྲི་ག་དང༌། འདི་རྣམས་རེ་རེ་ཡང་རྒྱ་ཤུག་གི་འབྲས་བུའི་ཚད་དང་ལྡན་པའི་ཐུག་པ་མར་དང་ཏིལ་མར་སྦྱར་ཏེ་འཐུངས་ན། འོར་ནད་དང༌། སྐྲང་པ་ལ་ཕན་པའི་མཆོག་ཡིན་ཏེ། དེ་བཞིན་དུ་འཁྲུ་བ་དང༌། སྙིང་ནད་དང༌། སྐྲན་དང༌། གཞང་འབྲུམ་དང༌། མེ་དྲོད་ཆུང་བ་དང༌། གཅིན་ནད་རྣམས་ལ་ཕན་ནོ། །དེ་བཞིན་དུ་ཚ་བ་རྣམ་ལྔ་རྒྱ་ཤུག་གི་ཚད་ཙམ་དང༌། མར་དང་ཏིལ་མར་དུ་བརྔོས་པའི་ཐུག་པ་འཐུངས་ན་ཡང་ཕན་ཡོན་དེ་དང་འདྲའོ། །ཡང་ན་རྡོ་དྲེག་དང༌། རུ་རྟ་དང༌། སྟོ་ནེ་ཡ་དང༌། ཧ་རེ་ཎུ་ཀ་དང༌། ཨ་རུ་ར་དང༌། ཤུག་པ་དང༌། ཤྲི་བེཤྟ་ཀ་དང༌། ཆུ་སྲིན་སེན་མོ་དང༌། འབུ་སུ་ཧང་དང༌། ཐང་ཤིང་དང༌། བྲི་ཡང་ཀུ་དང༌། སྤང་སྤོས་དང༌། པི་པི་ལིང་དང༌། དབྱི་མོ་དང༌། ཀུ་ཏན་ན་ཏ་དང༌། བྱ་མ་ཀ་དང༌། བ་ལ་ཀ་དང༌། དྲི་སྣ་བཞི་དང༌། བལ་བུའི་ལོ་མ་དང༌། གླ་སྒང་དང༌། གནྡྷ་པ་ལ་ཤ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་ཏིལ་མར་དང་སྦྱར་བས་བསྐུ་བ་དང་ཕྱེ་མ་ཆུ་དང་སྦྱར་བའི་ཁྲུས་དང༌། ལྡེ་གུའི་བྱུག་པ་རྣམས་བྱའོ། །ཡང་ན་ནིམ་པ་དང༌། བ་སྤྲུ་བ་མེ་ཏོག་
དམར་པོ་ཅན་དང༌། ནག་ཏ་མ་ལ་དང༌། ཨརྐ་བསྐོལ་བའི་ཆུས་ཁྲུས་བྱའོ། །ཡན་ལག་ཕྱོགས་གཅིག་སྐྲངས་པ་ལ་ནི་བ་སྤྲུབ་དང༌། ཀ་ར་བཱི་ར་དང༌། ཀིང་ཤུ་ཀ་དང༌། བྱི་ཤ་ལ་དང༌། འབྲས་བུ་གསུམ་དང༌། སེང་ཕྲོམ་དང༌། ན་ལི་ཀ་ཞེས་བྱ་བ་ཀ་པོ་ད་ཙ་ར་ན་དང༌། ཐང་ཤིང་དང༌། སྤང་སྤོས་དང༌། ཀོ་ཤ་ཏ་ཀི་དང༌། བོང་ང་དཀར་པོ་དང༌། ཏ་ལའི་ལོ་མ་དང༌། ཛ་ཡན་ཏི་ཞེས་བྱ་བ་ཏང་ག་རི་དང༌། འོལ་མ་སེ་དཀར་པོ་དང༌། ཀ་ཀ་ད་ནི་དང༌། སཱ་ལའི་ཤིང་དང༌། དབྱི་མོ་དང༌། བྲི་ཤ་ཀར་ནི་དང༌། བྲི་ཏི་དང༌། རིད་དྷི་དང༌། ཧསྟི་ཀར་ཎ་ཞེས་བྱ་བ་ཨེ་རཎྜ་དང༌། འདི་རྣམས་བཏགས་པའི་ཕྱེ་མཆུ་དྲོ་འཇམ་ཙམ་དང་ལྡེ་གུར་བྱས་ཏེ་བསྐུས་ན་ཕན་ནོ། །རླུང་ལས་གྱུར་པའི་འོར་ནད་སྐྲངས་པ་ལ་ནི་ཟླ་བ་ཕྱེད་ཀྱི་བར་དུ་དུར་བྱིད་དང་མར་སྦྱར་བ་འམ་ཡང་ན་ཨེ་རཎྜའི་མར་འབའ་ཞིག་བཏུང་ངོ༌། །རླུང་གིས་རྟུག་པ་འགགས་པ་ལ་ཡང་སྦྱོར་བ་དེ་ཉིད་བྱའོ། །ཨེ་རཎྜའི་མར་འོ་མ་འམ་ཤ་ཁུ་དང་ལྡན་བར་ཟས་ཀྱི་གོང་དུ་བཟའོ། །རླུང་གི་སྐྲངས་ནད་ལ་ནི་རླུང་འཇོམས་པའི་སྨན་གྱིས་བསྐུ་བྱུག་བྱའོ། །ཡན་ལག་ཕྱོགས་གཅིག་སྐྲངས་པ་ལ། ཁ་ལུད་དང༌། ཨག་ནི་མན་ཐ་དང༌། སྤང་སྤོས་དང༌། བཅའ་སྒ་དང༌། ཐང་ཤིང་དང༌། དེ་རྣམས་ཀྱི་ལྡེ་གུས་བསྐུའོ། །མཁྲིས་པ་ལས་གྱུར་པའི་འོར་ནད་ལ་ནི་ཏིག་ཏའི་སྨན་མར་རམ། ནྱ་གྲོ་དྷའི་སྡེ་ཚན་མར་དང་བསྐོལ་བས་བསྐུའོ། །སྐོམ་དད་ཆེ་བ་དང༌། རྨོངས་བག་ཏུ་འདུག་པ་དང༌། ལུས་ཚ་བ་ལ་ནི་འོ་མ་དང་མར་དང་བྱུག་པ་དང་བསྐུ་བ་གྲང་མོ་བྱས་པས་རབ་ཏུ་ཕན་ནོ། །ཡང་ན་པ་ཏོ་ལའི་རྩ་བ་དང༌། ཀྱི་ལྕེ་བ་དང༌། ཤིང་མངར་དང༌། པུ་ཙེ་ཤེལ་དང༌། ཨ་རུ་ར་དང༌། ཐང་ཤིང་དང༌། སྐྱེར་བ་དང༌། ཙནྡན་དང༌། དན་ད་དང༌། བི་ཤ་ལ་དང༌། ལྕང་མ་དང༌། པི་པི་ལིང་དང༌། འདི་རྣམས་མར་དང་ལྷན་ཅིག་བསྐོལ་ཏེ་འཐུངས་ན་ཁོང་པ་ཚ་བ་དང༌། སྐོམ་དད་ཆེ་བ་དང༌། མགོ་འཁོར་བ་དང༌། འདུས་པའི་ནད་དང༌། མེ་དབལ་དང༌། སྐྲང་བ་དང༌། ལུས་ཚ་བ་དང༌། རིམས་མི་བཟད་པ་རྣམས་སེལ་ཏོ། །བད་ཀན་ལས་གྱུར་བའི་འོར་ནད་ལ་ནི་དོང་གའི་སྡེ་
ཚན་ཏིལ་མར་དང་བསྐོལ་བ་བླུད་དོ། །རྩ་རྒྱུན་འགགས་པ་དང་མེ་དྲོད་ཆུང་བ་དང་ཡི་ག་འཆུས་པ་དང༌། རྨོངས་བག་ཏུ་འདུག་པ་ལ་ནི་ཐལ་སྨན་ཨ་ས་པའི་ཆང་དང༌། ཨ་རིཥྚའི་ཆང་དང༌། བ་གཅིན་དང༌། དར་བ་དང་ལྷན་ཅིག་བསྐྱོས་ཏེ་གཏང་ངོ༌། །པི་པི་ལིང་དང༌། ཏིལ་མར་ལ་སོགས་པའི་ཚིགས་མ་རྙིང་པ་དང༌། ཤི་ཀྲུའི་ཤུན་པ་དང༌། ཟར་མ་དང་འདི་རྣམས་བཏགས་པའི་ཕྱེ་མ་བ་གཅིན་དྲོ་འཇམ་ཙམ་དང་སྦྱར་ཏེ་བྱུག་པ་དང༌། ལུས་དྲིལ་བ་ལ་སོགས་པ་བྱའོ། །རུ་རྟ་དང༌། ཨག་ནི་མནྠ་དང༌། ཙིཏྲ་དང༌། རྒྱ་སྲན་དང༌། དོང་གྲ་རྣམས་པ་གཅིན་དང་ཆུ་དང་ཚུལ་བཞིན་བསྐོལ་བའི་ཆུས་ལུས་ཁྲུས་བྱའོ། །ཙ་རོང་དང༌། ཨ་ཀ་རུའི་ལྡེ་གུས་ལུས་བྱུག་གོ །ཀ་ལ་ཞེས་བྱ་བ་ནཱ་ག་བ་ལ་དང༌། ཨ་ཛ་ཤྲིང་གི་དང༌། ཀོ་ཉོན་ཙེ་དང༌། ཨ་ཛ་གནྡྷ་དང༌། ཨ་ཤྭ་གནྡྷ་དང༌། ཨམ་པཥྚ་དང༌། འདི་རྣམས་སྦྱར་བའི་ལྡེ་གུ་ནི་ཡན་ལག་ཕྱོགས་གཅིག་སྐྲངས་པ་ལ་རབ་ཏུ་བསྔགས་སོ། །ཡང་ན་རླུང་ལ་སོགས་པའི་ནད་གཞི་ཤེས་པར་བྱས་ལ། ཉེས་པ་ཇི་ལྟ་བ་བཞིན་དུ་གཏར་ག་བྱས་ཏེ་ཁྲག་དབྱུང་ངོ༌། །ནད་གཞི་རྣམས་འདྲེས་ན་གང་ཤས་ཆེ་བ་བརྟགས་ཏེ་ཐོག་མར་དེ་གསོ་བར་བྱའོ། །ཐ་ཝེ་དང༌། པ་ཐ་དང༌། གླ་སྒང་དང༌། ཚ་བ་སྣ་ལྔ་དང༌། ཀཎྜ་ཀ་རི་དང༌། སྐྱེར་པ་དང༌། དེ་རྣམས་ཆུ་དྲོན་དང་སྦྱར་ཏེ་གཏང་བ་འམ། ཡང་ན་ཏིག་ཏ་དང༌། བཅའ་སྒ་དང་དེ་གཉིས་ཆུ་དྲོན་ལ་སྦྱར་ཏེ་འཐུངས་ན། ནད་གཞི་གསུམ་ལས་གྱུར་པའི་འོར་ནད་ཡུན་རིང་དུ་ལོན་ཏེ་ཚ་བས་ཆེ་བ་ཡང་ཞི་བར་བྱེད་དོ། །བདུད་རྩི་རྣམ་པ་གཉིས་ཤེས་བྱའོ། །སླེ་ཏྲེས་དང༌། ཨ་རུ་ར་དང༌། བ་སྦྲུ་བ་དང༌། ཐང་ཤིང་དག་གུ་གུལ་དང༌། དེ་རྣམས་བ་གཅིན་དང་སྦྱར་ཏེ་འཐུངས་ན། སྐྲང་པ་དང༌། དམུ་རྫིང་དང༌། མཛེ་དང༌། སྐྱ་རྦབ་དང༌། སྲིན་བུའི་ནད་དང༌། བད་ཀན་དང་གཅིན་ནད་དང་རླུང་སྟོད་དུ་ཞུགས་པ་རྣམས་འཇོམས་སོ། །གོང་དུ་སྨོས་པ་དེ་དག་ནི་ནད་གཞི་ལས་འོར་ནད་ལས་སྐྲངས་པའི་གསོ་བ་བཤད་པ་ཡིན་ནོ། །དེ་ལ་སྣད་པ་ལས་གྱུར་པ་ལ་ནི་ཁྲག་དབྱུང་
བས་ནད་སྦྱང་བར་བྱ་སྟེ། དེ་ནས་སྨན་བསིལ་བའི་ནུས་པ་དང་ལྡན་པ་དང༌། མར་བསྲེས་པ་བསྐུ་བ་དང༌། བྱུག་པ་རྣམས་བྱའོ། །དུག་གིས་ཕོག་པའི་འོར་ནད་ལ་ནི་དུག་གི་གསོ་བ་རྣམས་འདིར་སྦྱར་རོ། །སྲོག་ཆགས་ཆུ་དང་ཐང་གཉི་ག་ལ་གནས་པ་དང༌། རྗུད་པའི་ཤ་དང༌། པ་ཏོ་ལ་ལ་སོགས་པ་ཚོད་མའི་ལོ་མ་སྐམ་པོ་དང༌། ཏིལ་དང༌། བུ་རམ་ལས་བྱས་པའི་ཁ་ཟས་དང༌། འབྲས་ལ་སོགས་པ་བཏགས་པའི་ཟས་དང༌། ཞོ་དང་ལན་ཚྭར་བཅས་པ་དང༌། ཟས་ཀྱི་མི་བག་ཅན་དང༌། ཆང་སྐྱུར་དང༌། ཡོས་དང༌། ཤ་སྐམ་དང༌། ཕན་གནོད་བསྲེས་པའི་ཟས་དང༌། ཟས་ལྕི་བ་དང༌། ཟས་མི་བསོད་པ་དང༌། ལུས་ཟ་བར་བྱེད་པའི་ཟས་དང་ཉིན་པར་ཉལ་བ་དང༌། ཉལ་པོ་རྣམས་སྤང་བར་བྱའོ། །གཞན་ཡང་སྐྲང་བར་འགྱུར་བའི་བཟའ་བཏུང་ཐམས་ཅད་སྤང་ཞིང་དོར་རོ། །གསོ་བའི་གནས་ལས་འོར་ནད་གསོ་བའི་ལེའུ་སྟེ་བཅུ་བདུན་པ་རྫོགས་སོ།། །།དེ་ནས་མེ་དབལ་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ཐོག་མར་མེ་དབལ་བྱུང་པ་ལ་ནི་སྨྱུང་བ་དང༌། རྩུབ་ཆོས་དང༌། ཁྲག་དབྱུང་བ་དང༌། སྐྱུག་སྨན་དང༌། ཁྲུས་སྨན་རྣམས་བྱའོ། །ཁ་ཅིག་ཏུ་ནི་སྣུམ་ཆོས་བྱ་ཞེས་ཟེར་རོ། སྐྱུག་སྨན་ནི་པོ་སོན་ཆ་དང༌། དུག་མོ་ཡུངས་དང་ཤིང་མངར་སྦྱར་བ་འམ། ཡང་ན་ཏིལ་དང༌། ནིམ་པའི་ལོ་མ་དང༌། པོ་སོན་ཆ་སྦྱར་བ་རྣམས་ཀྱི་སྐྱུག་སྨན་བཏང་ན་མེ་དབལ་ལ་ཕན་ནོ། །མེ་དབལ་ནང་དུ་ཞུགས་པ་ལ་ནི་ཁྱད་པར་དུ་ཀྱི་ལྕེ་བ་དང༌། རྒུན་འབྲུམ་དང༌། འབྲས་བུ་གསུམ་དང༌། དེ་རྣམས་ཀྱི་ཁུ་བ་གང་ཡང་རུང་བའི་ནང་དུ་དུར་བྱིད་བཏབ་པ་འམ། ཡང་ན་འོ་མ་དང༌། མར་དང༌། དུར་བྱིད་ཀྱི་ཕྱེ་མ་དང་སྦྱར་བའི་བཀྲུ་སྨན་བྱའོ། །ནད་གཞི་ཆུང་སྟེ་སློན་ཁྲུས་མི་དགོས་པ་ལ་ནི། ཙནྡན་དང་ཨུཏྤ་ལ་སྦྱར་བ་འམ། ཡང་ན་གླ་སྒང་དང༌། ནིམ་པ་དང༌། པ་ཏོ་ལ་དང༌། པུ་ཙེ་ཤེལ་གྱི་སྡེ་ཚན་དང་ལྷན་ཅིག་སྦྱར་བས་ཞི་བར་བྱའོ། །ཡང་ན་ཐལ་ཏྲེས་དང༌། སྐྱུ་རུ་ར་དང༌། པུ་ཤེལ་ཙེ་དང༌། གླ་སྒང་རྣམས་ལྷན་ཅིག་བསྐོལ་བའི་ཆུས་ཞི་བར་བྱའོ། །
མེ་དབལ་གྱི་ནད་སྐོམ་དད་ཆེ་བ་ལ་ནི། བྱི་ཚེར་བ་དང༌། བར་པ་ཏ་དང༌། སླེ་ཏྲེས་དང༌། བཅའ་སྒ་དང༌། དེ་རྣམས་བསྐོལ་བའི་ཁུ་བ་འམ་ཡང་ན་གྲངས་པ་བླུད་དོ། །ཡང་ན་སྐྱེར་པ་དང་པ་ཏོ་ལ་དང༌། པུ་ཙེ་ཤེལ་དང༌། སྲན་ཆུང་དང༌། འབྲས་བུ་གསུམ་དང༌། ནིམ་པ་དང༌། ཤིང་མངར་དང༌། ཀྱི་ལྕེ་བ་བསྐོལ་ཏེ་མར་དང་ལྷན་ཅིག་འཐུངས་ན་མེ་དབལ་གྱི་ནད་སྐོམ་དད་ཆེ་བ་ལ་ཕན་ནོ། །མེ་དབལ་གྱི་ནད་ཡན་ལག་རྣམས་སུ་ནད་ཁྲག་ཡོད་པ་ལ་ནི་ཐོག་མར་ནད་གཞི་ཇི་ལྟ་བ་བཞིན་དུ་ལྕེ་ལ་སྲིན་བུ་པད་པ་དང་ཀུ་བ་རྣམས་ཀྱིས་ཁྲག་དབྱུང་ངོ༌། །གལ་ཏེ་གཏར་ག་མ་བྱས་ན་ནི་ཁྲག་རྣག་ཏུ་འགྱུར་ཏེ། པགས་པ་དང་ཤ་དང་རུས་པ་རྣམས་སུ་ཞུགས་པར་འགྱུར་རོ། །སྦྱོར་བ་དེ་དག་གིས་མ་ཞུ་བ་མེད་ཅིང་བད་ཀན་ཟད་དོ། །མཁྲིས་པ་དང་རླུང་ཤས་ཆེ་བར་གྱུར་པ་ལ་ནི་ཏིག་ཏ་འམ། ཏིག་ཏ་ཆེན་པོའི་སྨན་མར་མཁྲིས་པའི་མཛེ་ནད་ཀྱི་སྐབས་སུ་བཤད་པའམ། ཀྱི་ལྕེའི་སྨན་མར་རྣམས་གཏང་ངོ༌། །དེ་ལྟར་གཏར་ག་དང་སློན་ཁྲུས་ཀྱིས་ཁོང་པའི་མེ་དབལ་དག་སྟེ། རླུང་ལ་སོགས་པའི་ནད་གཞིའི་དབང་གིས་པགས་པ་དང་ཤ་ལ་བརྟེན་པ་ལ་ནི་ཕྱི་རོལ་ནས་བྱུག་པ་བྱས་ནས། མེ་དབལ་དེ་མ་ཐག་ཞི་བར་བྱེད་དོ། །དེ་ཡང་རླུང་ལས་གྱུར་པའི་མེ་དབལ་ནི་ཤུ་ཏི་དང༌། གླ་སྒང་དང༌། བ་ར་ཧི་དང༌། འོད་མ་དང༌། ཨར་ཏ་ཀ་ལ་དང༌། འུ་སུ་དང༌། ཐང་ཤིང་དང༌། པི་པི་ལིང་དང༌། ཤི་ཀྲུ་དང༌། རུ་རྟ་དང༌། འདི་རྣམས་ཀྱི་བྱུག་པ་བྱས་ན་ཕན་ནོ། །མཁྲིས་པ་ལས་གྱུར་པ་ལ་ནི་ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་ནམ། དེ་བཞིན་དུ་པདྨ་དང༌། ཨུཏྤ་ལ་དང༌། ཉ་ལྕིབས་དང༌། ཆུའི་ནང་གི་འདམ་བག་དང༌། པདྨའི་རྩ་བ་དང༌། སྲིང་ག་ཏ་ཀ་དང༌། ཤ་ཁ་ར་དང༌། ཙནྡན་དང༌། བ་ལ་ཀ་དང༌། མུ་ཏིག་དང༌། ནོར་བུ་དང༌། བཙག་ཡུག་སྣམ་དང༌། པ་ཡ་སྱ་དང༌། པྲ་པུཎྜ་རཱི་ཀ་དང༌། ཤིང་མངར་དང༌། ཤུག་པ་དང༌། མར་དང༌། འོ་མ་དང༌། དེ་རྣམས་སྦྱར་བའི་བྱུག་པ་བྱ་བའམ། ནྱ་གྲོ་དྷའི་རྩ་བ་གཞོན་ནུ་དང༌། ཆུ་ཤིང་གི་སྙིང་པོ་རྣམས་
ལན་བརྒྱར་བཀྲུས་པའི་མར་དང་ལྡེ་གུ་ར་བྱས་པའམ། ཡང་ན་པདྨའི་ཚོགས་མར་དང་སྦྱར་བ་གོང་མ་ལྟར་བྱས་པས་བྱུག་པ་བྱའོ། །ཡང་ན་པདྨ་སྐྱེས་པའི་འདམ་བག་གྲང་མོའམ། ཡང་ན་མུ་ཏིག་དང༌། དུང་དང༌། བྱི་རུ་དང༌། ཉ་ཕྱིས་དང༌། བཙག་ཡུག་སྣམ་དང༌། འདི་རྣམས་གང་ཡང་རུང་བ་བཏགས་པས་བྱུག་གོ །བད་ཀན་ལས་གྱུར་པའི་མེ་དབལ་ལ་ནི་འབྲས་བུ་གསུམ་དང༌། ཤུག་པ་དང༌། པུ་ཤེལ་ཙེ་དང༌། བཙོད་དང༌། ཀ་ར་བཱི་ར་དང༌། འདམ་བུའི་རྩ་བ་དང༌། ཨ་ནན་དའི་རྩ་བ་དང༌། འདི་རྣམས་ཀྱི་ལྡེ་གུས་བསྐུས་ན་ཕན་ནོ། །ཡང་ན་ད་བ་དང༌། ལོ་མ་བདུན་པ་དང༌། སེང་ལྡེང་དང༌། ཐང་ཤིང་དང༌། ཀུ་སྨན་ད་ཀ་དང༌། གླ་སྒང་དང༌། དོང་ག་འདི་རྣམས་ཀྱི་ལྡེ་གུ་འམ། ཡང་ན་བར་ནའི་སྡེ་ཚན་གྱི་ལྡེ་གུས་བསྐུའོ། །ཡང་ན་དོང་གའི་ལོ་མ་དང༌། སླེ་སྨན་ཏ་ཀའི་ཤུན་པ་དང༌། ཨིནྡྲ་བ་རུ་ནའི་ལོ་མ་དང༌། ཀ་ཀ་ཧྭ་དང༌། ཤི་རི་ཤའི་མེ་ཏོག་དང༌། འདི་རྣམས་ཀྱི་ལྡེ་གུས་བྱུག་གོ །གོང་དུ་སྨོས་པའི་བྱུག་པ་སྦྱོར་བ་སྨན་ཤ་ཏ་པུཥྤ་ལ་སོགས་པ་དེ་དག་ཉིད་ཀྱིས་སོ་སོའི་ནད་གཞི་བཞིན་དུ་བྱུགས་པ་དང༌། བསྐུ་བྱུག་དང༌། སྨན་མར་དང༌། ཕྱེ་མ་རྣམས་ཀྱང་དེ་ལས་བྱའོ། །གང་ཡང་རླུང་ཤས་ཆེ་བ་ལ་ནི་སྨན་མར་ཤས་ཆེར་གཏང་ངོ༌། །བད་ཀན་གྱི་གནས་སུ་མེ་དབལ་མ་ཞུ་བ་དང་བཅས་པ་ལ་ནི་དྲོ་བ་དང༌། རྩུབ་པ་ཆེར་སྦྱར་རོ། །མཁྲིས་པའི་གནས་སུ་ཞུགས་པ་ལ་ནི་བསིལ་བ་དང་མར་དང་ལྡན་པར་སྦྱར་རོ། །ཤིན་ཏུ་བསིལ་བག་དང་ལྡན་པའི་ཤིང་མངར་དང་སྦྱར་བས་བྱུགས་ཏེ། རས་སྲབ་མོས་ཕྱི་རོལ་ནས་དཀྲིས་ལ་དེ་ལྟར་ཡང་དང་ཡང་དུ་བརྗེ་ཞིང་ལན་མང་དུ་བྱའོ། །གལ་ཏེ་བར་བར་དུ་ཐག་ཁྱེར་ན་ནི་ནུས་པ་ཆུང་བར་འགྱུར་རོ། །ལྡན་པའི་ནད་ལ་ནི་གང་གི་སྦྱོར་བ་གཉིས་གཉིས་བསྲེས་ཏེ་བཏང་ན་ཕན་པའི་མཆོག་ཡིན་ནོ། །དེ་དང་འདྲ་བའི་མེ་དབལ་ལ་ནི་མར་ལན་བརྒྱར་བཀྲུས་པའི་མར་ཉི་ཚེས་བསྐུ་བར་བྱའོ། །ཡང་ན་མར་གྱི་སྙིང་ཁུ་འམ། ཤིང་མངར་བསྐོལ་བའི་ཁུ་བའམ། ཁ་ར་དཀར་པོ་བསྐོལ་པའི་ཆུ་འམ། པདྨ་འམ། ཨུཏྤ་ལའི་ཆུའམ། འོ་མ་འམ་
བུ་རམ་ཤིང་བཀོལ་བའི་ཁུ་བའམ། དེ་རྣམས་གང་ཡང་རུང་བ་གྲང་མོའི་རྒྱུན་བླུགས་སོ། །ཏིག་ཏ་ཆེན་པོའི་སྨན་མར་ནི་མེ་དང་འདྲ་བའི་མེ་དབལ་ལ་བཏུང་བ་དང༌། བྱུག་པ་དང་བླུགས་པ་རྣམས་བྱས་ན་ཕན་པའི་མཆོག་ཡིན་ནོ། །མཛེར་པ་ལྟ་བུའི་མེ་དབལ་ལ་ནི་ཁྲག་མཁྲིས་གསོ་བའི་བྱ་བ་ཇི་སྐད་བཤད་པ་བཞིན་དུ་གསོ་བ་ལྟར་བྱའོ། །དེ་བཞིན་དུ་བད་ཀན་དང་རླུང་འཇོམས་པའི་སྨན་དང་ཟན་དུགས་དང༌། བྱུག་པ་ལ་སོགས་པ་བྱས་ན་ཕན་ནོ། །ཡང་ན་མཛེར་པ་ལྟ་བུའི་མེ་དབལ་ཟུག་གཟེར་དང་བཅས་པ་ལ་ནི་རྩ་བ་བཅུ་པ་དང༌། ཏིལ་མར་བསྐོལ་བ་དྲོན་པོ་འམ། བ་གཅིན་དྲོན་པོ་འམ། ཆུ་དྲོན་མོ་གང་ཡང་རུང་བས་བླུགས་པར་བྱའོ། །ཡང་ན་ཤི་ཀྲུ་འམ། ནག་ཏ་མ་ལ་དང༌། ལ་ཕུག་སྐམ་པོ་དང༌། བ་རུ་ར་དང་དེ་རྣམས་གང་ཡང་རུང་བའི་ཕྱེ་མ་ཆུ་དྲོན་པོ་དང་ལྡེ་གུར་བྱས་ཏེ། མཛེར་པ་ལྟ་བུའི་མེ་དབལ་ལ་བསྐུའོ། །དན་ཏི་དང༌། ཙི་ཏྲ་ཀ་དང༌། ཤིང་ཚ་དང༌། ཤྲཱི་ཁཎྜ་དང༌། ཨརྒའི་ལོ་མ་དང༌། བུ་རམ་དང༌། གོ་བྱེའི་རུས་པ་དང༌། ནག་ཚུར་དང༌། འདི་རྣམས་ལྡེ་གུར་བྱས་པས་བསྐུས་ན་ཕྱི་རོལ་གྱི་རྡོ་ཡང་འབིགས་པར་འགྱུར་ན་བད་ཀན་ལས་གྱུར་པའི་མེ་དབལ་མཛེར་བ་ལྟ་བུའི་ཕྱི་རོལ་པགས་པ་ལ་བརྟེན་པ་ལྟ་སྨོས་ཀྱང་ཅི་དགོས། མཛེར་པ་ལྟ་བུའི་མེ་དབལ་ཡུན་རིང་དུ་གནས་པ་ལ་ནི་ལ་ཕུག་དང་རྒྱ་སྲན་ཀུ་ལཏྠ་དང༌། སེའུ་འབྲུ་དང་བཅས་པའི་ཁུ་བཅུད་སྦྱིན་ནོ། །རྟག་ཏུ་གྲོ་དང་ནས་ཀྱི་ཟས་བཟའོ། །རྒུན་ཆང་དང༌། བུ་རམ་ཆང་དང༌། ཤ་ཁ་རའི་བཏུང་བ་དང༌། དེ་བཞིན་དུ་ཆང་གི་སྙིང་པོ་སྦྲང་རྩི་དང་སྦྱར་བའི་ནང་དུ་ཁ་ལུང་གི་ཁུ་བ་བཅུག་པའམ། ཡང་ན་འབྲས་བུ་གསུམ་གྱི་སྦྱོར་བ་སྦྲང་རྩི་དང་སྦྱར་བའམ། ཡང་ན་པི་པི་ལིང་གི་སྦྱོར་བ་སྦྲང་རྩི་དང་སྦྱར་བའམ། ཡང་ན་ཐང་ཤིང་གི་སྦྱོར་བ་དང༌། སླེ་ཏྲེས་ཀྱི་སྦྱོར་བ་དང༌། ཡང་ན་བྲག་ཞུན་གྱི་སྦྱོར་བ་དང༌། ཡང་ན་གླ་སྒང་གི་སྦྱོར་བ་དང༌། གོ་བྱེའི་སྦྱོར་བ་དང༌། ཡང་ན་སྦྲང་རྩིའི་སྦྱོར་བ་འདི་རྣམས་ཀྱི་བཏུང་བ་གང་ཡང་རུང་བ་སྦྱར་རོ། །ནམ་ཚོང་ཡན་ཆད་དུ་ཞུགས་པ་ལ་ནི་
མགོའི་བཀྲུ་སྨན་དང༌། དུད་པ་བརྔུབ་པ་ལ་སོགས་པ་བྱའོ། །གཞན་ཡང་སྐྲན་ནད་ཀྱི་གསོ་བ་ཐམས་ཅད་ཀྱང་འདིར་སྦྱར་རོ། །གཞན་ཡང་ལྕགས་དང༌། གསེར་དང༌། ལན་ཚྭ་དང༌། རྡོ་དང་དེ་རྣམས་གང་ཡང་རུང་བས་བསྲེག་གོ །གོང་དུ་བསྟན་པའི་སྦྱོར་བ་སྣ་ཚོགས་དེ་དག་གིས་མ་ཞི་སྟེ། མཛེར་པ་ལྟ་བུའི་མེ་དབལ་རྡོ་བཞིན་དུ་སྲ་སྟེ་ཉེ་བར་མ་ཞི་ན། ཐལ་སྨན་དང༌། རིམ་གྱིས་མེ་དང༌། གསེར་གྱིས་བསྲེགས་ན་ཕན་ནོ། །མཛེར་པ་ལྟ་བུའི་མེ་དབལ་རྒྱུ་དེ་དག་གིས་སྨིན་པར་བྱས་པ་དང༌། མཚོན་གྱིས་དྲལ་ཏེ་དབྱུང་བར་བྱའོ། །མེ་དབལ་གྱི་ཁྲག་རང་གི་གནས་ལས་ཉམས་ཏེ་འཁྲུགས་པ་ལ་ནི་ཁྲག་དབྱུང་ངོ༌། །དེ་ལྟར་ཡང་དང་ཡང་དུ་གཏར་ག་བྱས་པའི་འོག་ཏུ་རླུང་དང་བད་ཀན་འཇོམས་པའི་སྨན་གཏང་ངོ༌། །བསྲེགས་པ་དང༌། སྨིན་པའི་དབང་གིས་རུལ་ཞིང་མྱགས་པ་ལ་ནི་ཕྱི་ནང་གཉི་ག་ནས་རྨ་གསོ་བའི་ཆོ་ག་ཇི་ལྟ་བ་བཞིན་བྱའོ། །སྐྱེར་པ་དང༌། བྱི་དང་ག་དང༌། ཀམ་བི་ལྱ་དང་དེ་རྣམས་ཏིལ་མར་དང་སྦྱར་བས་བསྐུས་ན་རྨ་ལ་ཕན་ནོ། །བད་ཀན་དང་མཁྲིས་པ་ཤས་ཆེ་བའི་མེ་དབལ་ལ་ནི། དཱུར་བའི་རང་གི་ཁུ་བ་དང་མར་སྦྱར་བ་ཕན་ནོ། །མེ་དབལ་ལ་ནི་སློན་ཁྲུས་ཀྱིས་ལུས་ཐམས་ཅད་ཀྱང་བྱ་བར་འོས་པ་ཡིན་ལ། ཁྲག་དབྱུང་བ་ཉི་ཚེ་ཡང་དེ་དང་འདྲ་བར་ལས་བྱེད་དེ། དེ་ཡང་མེ་དབལ་གྱི་ནད་དེ་ཁྲག་མཁྲིས་དང་ལྡན་ན་ནི་ཁྲག་དབྱུང་ལ་མི་ལྡན་ན་ནི་མི་དབྱུང་སྟེ། མེ་དབལ་དེ་ཉིད་ཁྲག་ལ་བརྟེན་པ་ཡིན་པས་ལན་མང་དུ་ཁྲག་དབྱུང་བར་འོས་པ་ཡིན་ནོ། །ནད་གཞི་མང་པོ་འདུས་པའི་མེ་དབལ་ལ་ནི་མར་ཉི་ཚེ་མི་སྦྱིན་ཏེ། གལ་ཏེ་གཏོང་ན་ཡང་བཀྲུ་སྨན་དང་སྦྱར་ལ་གཏང་ངོ༌། །ཅི་སྟེ་མར་ཉི་ཚེ་བྱིན་ན་ནི་ཁྲག་དེ་ཉིད་གཞི་ཚོས་པར་བྱེད་དེ་སྐྱོན་དུ་འགྱུར་རོ། །གསོ་བའི་གནས་ལས་མེ་དབལ་གསོ་བའི་ལེའུ་བཅོ་བརྒྱད་པ་རྫོགས་སོ།། །།དེ་ནས་མཛེ་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་མཛེ་ནད་ཐམས་ཅད་ལ་ནི་ཐོག་མར་སྣུམ་གྱི་བཏུང་བ་ཉེ་བར་སྤྱད་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི་མཛེ་ནད་ལ་ནི་རྩ་བ་བཅུ་པ་དང༌། སླེ་ཏྲེས་དང༌། ཨེ་
རཎྜ་དང༌། ཤར་ང་ག་སྟ་དང༌། དེ་རྣམས་ཀྱི་ཕྱེ་མ་མར་རམ་ཏིལ་མར་གང་ཡང་རུང་བ་དང་བསྐོལ་བ་འཐུངས་ན་ཕན་ནོ། །པ་ཏོ་ལ་དང༌། ནིམ་པ་དང༌། པུ་ཙེ་ཤེལ་དང༌། སྐྱེར་བ་དང༌། པ་ཏ་དང༌། བྱི་ཚེར་བ་དང༌། སྐྲ་ལོ་དང༌། ཀྱི་ལྕེ་བ་དང༌། དེ་རྣམས་སྲང་རེ་རེ་ཆུ་སྲང་ཉིས་བརྒྱ་རྩ་བཅུ་དྲུག་དང་བསྐོལ་ཏེ། བརྒྱད་ཆ་ལུས་པའི་ནང་དུ་ཀྱི་ལྕེ་བ་དང༌། གླ་སྒང་དང༌། ཏིག་ཏ་དང༌། དུག་མོ་ཡུངས་དང༌། པི་པི་ལིང་དང༌། ཙནྡན་དང༌། དེ་རྣམས་ཞོ་གཉིས་གཉིས་དང༌། མར་སྲང་བཅུ་གཉིས་དང༌། ཡང་བསྐོལ་ལ་མར་ལུས་པ་ནི་ཏིག་ཏའི་སྨན་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་མཁྲིས་པ་དང༌། མཛེ་དང༌། མེ་དབལ་དང༌། འབྲུམ་བུ་ཕྲ་མོ་དང༌། ལུས་ཚ་བ་དང༌། སྐོམ་དད་ཆེ་བ་དང༌། མགོ་འཁོར་བ་དང༌། གཡའ་བ་དང༌། སྐྱ་རྦབ་ཀྱི་ནད་དང༌། འབྲས་དང༌། རྨ་འགྲམས་པ་དང༌། འབྲུམ་བུ་དང༌། ཁོང་འབྲས་དང༌། སྐྲན་དང༌། སྐེམ་བྱེད་ཀྱི་ནད་དང༌། སྨྱོ་བྱེད་དང༌། མྱོས་པ་དང༌། སྙིང་ནད་དང༌། རབ་རིབ་དང༌། ངོ་ཤིག་དང༌། ཕོ་བའི་ནད་དང༌། ཤ་བཀྲ་དང༌། མིག་སེར་དང༌། མཚན་པར་རྡོལ་བ་དང༌། བརྗེད་བྱེད་དང༌། བུད་མེད་ཀྱི་ཟླ་མཚན་གྱི་ནད་དང༌། སྦྱར་བའི་དུག་དང༌། གཞང་འབྲུམ་དང༌། ཁྲག་མཁྲིས་རྣམས་ལ་ཕན་ནོ། །གཞན་ཡང་མཁྲིས་པ་ལས་གྱུར་པའི་ནད་ཤིན་ཏུ་གསོ་དཀའ་བ་ཡང་འབྱང་བར་བྱེད་དོ། །ལོ་མ་བདུན་པ་དང༌། པར་པ་ཏ་དང༌། དོང་ག་དང༌། པུ་ཙེ་ཤེལ་དང༌། ཤུ་དག་དང༌། འབྲས་བུ་གསུམ་པ་དང༌། ཤུག་པ་དང༌། པ་ཐ་དང༌། སེར་པོ་རྣམ་གཉིས་དང༌། ཐལ་ཏྲེས་རྣམ་གཉིས་དང༌། པི་པི་ལིང་དང༌། ནིམ་པ་དང༌། ཙནྡན་དང༌། ཤིང་མངར་དང༌། བི་ཤ་ལ་དང༌། དུག་མོ་ཡུངས་དང༌། སླེ་ཏྲེས་དང༌། ཏིག་ཏ་དང༌། པུ་ཤེལ་ཙེ་དང༌། བ་ཤ་ཀ་དང༌། མུར་བ་དང༌། ཉེའུ་ཤིང་དང༌། པ་ཏོ་ལ་དང༌། བོང་ང་དཀར་པོ་དང༌། གླ་སྒང་དང༌། ཀྱི་ལྕེ་བ་དང༌། བྱི་ཚེར་བ་དང༌། དེ་རྣམས་ཀྱི་ཕྱེ་མ་དང༌། མར་དང་མར་གྱི་བརྒྱད་འགྱུར་གྱི་ཆུ་དང༌། སྐྱུ་རུ་རའི་ཁུ་བ་མར་གྱི་ཉེས་འགྱུར་དང༌།
འདི་རྣམས་ཚུལ་བཞིན་བསྐོལ་བའི་མར་ནི་ཏིག་ཏ་ཆེན་པོའི་སྨན་མར་ཞེས་བྱ་སྟེ། ཕན་ཡོན་གོང་མ་བས་ཀྱང་ཤས་ཆེ་བ་བཟང་བར་འདོད་དོ། །མཛེ་ནད་བད་ཀན་ལས་གྱུར་པ་ལ་ནི་ནིམ་པ་དང༌། ལོ་མ་བདུན་པ་དང༌། ཙི་ཏྲ་ཀ་དང༌། རུ་རྟ་དང༌། ཚ་བ་གསུམ་དང༌། བི་ལ་ཡ་དང༌། དོང་ག་དང༌། འདི་རྣམས་མར་དང་ཚུལ་བཞིན་བསྐོལ་བ་བླུད་དོ། །མཛེ་ནད་ཐམས་ཅད་ལ་ནི་བ་ལ་ཀ་ཏའི་མར་རམ། ཡུངས་ཀར་གྱི་མར་མཆོག་ཏུ་བསྔགས་ཏེ་བླུད་པར་བྱའོ། །ཡང་ན་བྱི་དང་ཀ་དང༌། ཨ་རུ་ར་དང༌། གོ་བྱེ་རྣམས་ཚུལ་བཞིན་བསྐོལ་བའི་མར་བླུད་དོ། །ཡང་ན་དོང་གའི་རྩ་བ་མར་དང་ལན་བརྒྱ་བསྐོལ་བའི་མར་བླུད་ཅིང་སེང་ལྡེང་གི་ཆུ་བསྟེན་ཏེ་འཐུངས་ན། མཛེ་ནད་ལས་མྱུར་དུ་རྒྱལ་ལོ། །གོང་དུ་བསྟན་པའི་མར་གྱི་སྦྱོར་བ་དེ་དག་གིས་བསྐུ་བྱུག་ལ་སོགས་པ་ཡང་དེས་བྱའོ། །དེ་ལྟར་སྣུམ་ཆོས་བྱས་པའི་འོག་ཏུ་མེ་དབལ་གྱི་ནད་ལ་སྨོས་པའི་སློན་ཁྲུས་ཀྱི་སྨན་འདིར་ཡང་སྦྱར་ཏེ་སློན་ཁྲུས་བྱའོ། །དེ་ནས་སྨན་པས་ནད་པའི་ཉམས་སྟོབས་བརྟགས་ཏེ། དབྲལ་བ་དང་ལག་པ་དང་རྐང་པ་རྣམས་ལས་ཁྲག་དབྱུང་བར་བྱ་སྟེ། དེ་ཡང་ཇི་ལྟར་གཏར་ག་བྱ་ཞེ་ན། མཛེ་ནད་ཤས་ཆུང་བ་ལ་ནི་ཞལ་ཞལ་གྱིས་ཁྲག་དབྱུང་བ་དང༌། གཞན་ཡང་ཀུ་བ་ལ་སོགས་པས་ཇི་ལྟར་ཁྲག་དབྱུང་བ་ནི་ནད་གཞི་དང་སྦྱར་ནས་གཏར་གའི་ལེའུ་ལས་བལྟས་ཏེ་བྱའོ། །ཁྲག་ཕྱུང་བ་དང༌། སློན་ཁྲུས་བྱས་པས་ཁོང་པ་སྟོང་པ་ལ་ནི་རླུང་འཇོམས་པའི་སྨན་དང་སྦྱར་བའི་སྣུམ་རིམ་གྱིས་བསྟེན་ན། ལུས་འཇིག་པར་བྱེད་པའི་རླུང་ཞི་བར་བྱེད་དེ། མི་འཇིག་ཅིང་སྲུང་བར་བྱེད་དོ། །བླ་ཤ་དང༌། སླེ་ཏྲེས་དང༌། ནིམ་པ་དང༌། འབྲས་བུ་གསུམ་དང༌། པ་ཏོ་ལ་དང༌། ཀཎྜ་ཀ་རི་དང༌། ཀ་རཉྫ་དང༌། འདི་རྣམས་ཆུ་དང་ཚུལ་བཞིན་བསྐོལ་བའི་ནང་དུ་སྨན་དེ་ཉིད་ཀྱི་ཕྱེ་མ་དང༌། མར་དང་ཡང་བསྐོལ་ཏེ་མར་ལུས་པ་ནི་རྡོ་རྗེ་ཅན་ཞེས་བྱ་བའི་སྨན་མར་ཡིན་ཏེ་དེ་ལས་རན་པར་འཐུངས་ན། མེ་དབལ་དང༌། རིམས་དང༌། མིག་སེར་དང༌། ཁྲག་ལུད་པ་དང༌། མཛེ་ནད་རྣམས་འཇོམས་སོ། །ཡང་ན་འབྲས་བུ་
གསུམ་དང་ཚ་བ་གསུམ་དང༌། ཀཎྜ་ཀ་རི་རྣམ་གཉིས་དང༌། པུ་ཙེ་ཤེལ་དང༌། དུར་བྱིད་དང༌། དན་ད་དང༌། དོང་ག་དང༌། བོང་ང་དཀར་པོ་དང༌། ཙི་ཏྲ་ཀ་དང༌། པ་ཐ་དང༌། དེ་རྣམས་ཞོ་གཉིས་གཉིས་ཞིབ་ཏུ་བཏགས་པ་དང༌། སུ་དྷ་ཀྵི་རིའི་འོ་མ་སར་པ་སྲང་སུམ་ཅུ་རྩ་གཉིས་དང་བསྐོལ་ཏེ། མར་ལུས་པ་ལས་རན་པར་བཏུང་བ་དང༌། སྣུམ་ཆོས་དང་བཀྲུ་སྨན་དུ་སྦྱར་ན། མཛེ་མ་རུངས་པ་དང༌། ཤ་གཟི་གུ་དང༌། མཆེར་པ་ན་བ་དང༌། རྒྱུ་རླུགས་དང༌། རྡེའུ་འགགས་པ་དང༌། སྐྲན་དང༌། དེ་རྣམས་གསོ་དཀའ་བ་ཡང་རྡོ་རྗེ་ཆེན་པོ་ཞེས་བྱ་བའི་སྦྱོར་བ་འདིས་ཞི་བར་བྱེད་དོ། །ཡང་ན་དན་ཏི་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་བསྐོལ་ཏེ། བཞི་ཆ་ལུས་པའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང༌། དམར་ག་ཞེས་བྱ་བ་ཀོ་ཤ་ཏ་ཀིའི་ཕྱེ་མ་སྲང་གཅིག་བཏབ་སྟེ་རན་པར་འཐུངས་ན་གོང་འོག་གཉིས་ཀར་དག་པར་འགྱུར་རོ། །ཡང་ན་ཨ་བརྟ་ཀ་ཞེས་བྱ་བ་སཱ་ཏྱ་བ་སྲང་བརྒྱ་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ཏེ། བརྒྱ་དྲུག་ཅུ་རྩ་བཞི་ལུས་པའི་ནང་དུ་ཨ་བརྟ་ཀའི་ཕྱེ་མ་དང༌། མར་སྲང་སུམ་ཅུ་རྩ་གཉིས་དང་ཡང་བསྐོལ་ལ་མར་ལུས་པ་ལས་རན་པར་འཐུངས་ན། དེ་ཡང་ཞག་རེ་མི་བཟའ་བར་ཞག་རེས་བར་བཅད་ཅིང་ཟོས་ལ་སྨན་དེ་ཞུ་བའི་ཚོད་ཙམ་ན། ཁྲེ་རྒོད་ཀྱི་ཟས་དང༌། རྩབས་ཀྱི་རང་སྐྱུར་དང་ལྷན་ཅིག་ཟོས་ན། མཛེ་དང༌། ཤ་བཀྲ་དང༌། ཨ་བའི་རྣམས་ལ་ཕན་ཏེ། གཞན་ཡང་འབྲས་ཀྱི་ཕྲེང་བ་ལས་རྒྱལ་བར་འདོད་པ་དང༌། བུ་མང་པོ་སྐྱེད་པར་འདོད་པ་དང༌། དྲན་པ་འཛིན་པར་འདོད་པ་རྣམས་ཀྱིས་ཀྱང་བསྟེན་པར་བྱའོ། །ནི་ལི་ཏ་ཀའི་ཚིལ་སྦྲང་རྩི་དང་ཛཱ་ཏིའི་ཁུ་བ་དང་ལྡན་པ་འམ། ཡང་ན་མར་དང་ནི་ལི་ཏ་ཀ་ཆ་སྙོམས་པ་འམ། ཡང་ན་སེང་ལྡེང་དང༌། ཨ་ས་ན་བསྐོལ་བའི་ཆུ་ཛཱ་ཏིའི་ཁུ་བ་དང་ལྡན་པར་འཐུངས་ན་མཛེ་ནད་འཇོམས་སོ། །བཟའ་བ་ནི་འབྲས་དམར་པོ་ལ་སོགས་པ་དང༌། ནས་དང༌། གྲོ་དང༌། ཅི་ཙེ་དང༌། ཁྲེ་དང༌། སྲན་མུངྒ་དང༌། སྲན་ཆུང་དང༌། ཏུ་བ་རི་དང་ཆོད་མ་ཁ་བ་
རྣམས་དང༌། སྐམ་སར་གནས་པའི་ཤ་ཁུ་འབྲས་བུ་གསུམ་དང༌། པ་ཏོ་ལ་དང༌། སེང་ལྡེང་དང༌། ནིམ་པ་དང༌། གོ་བྱེ་རྣམས་སྦྱར་བ་སྦྱིན་ནོ། །བཏུང་བར་ནི་ཆང་སྨན་མཐུན་པ་དང་སྦྱར་བའམ། དར་བའི་ནང་དུ་སོ་མར་ཛ་བཏབ་པ་བླུད་དོ། །བཟའ་བ་དང་བཏུང་བ་དེ་དག་ཀྱང་མི་སྐྱུར་བ་དང༌། མི་ཚ་བ་དང༌། མི་རྣོ་བ་བྱིན་ན་མཛེ་ནད་ལ་ཕན་ནོ། །གཞན་དུ་ན། ཞོ་དང་འོ་མ་དང༌། བུ་རམ་དང་ཆུ་དང་ཐུན་མོང་དུ་གནས་པའི་ཤ་དང༌། ཏིལ་དང་མོན་སྲན་གྲེའུ་རྣམས་ནི་མཛེ་ན་བ་རྣམས་ཀྱིས་ཐག་རིང་དུ་སྤང་བར་བྱའོ། །པ་ཏོ་ལའི་རྩ་བ་དང༌། འབྲས་བུ་གསུམ་དང༌། བི་ཤ་ལ་དང༌། ལྔ་པོ་དེ་དག་རེ་རེ་ཡང་མ་ཤ་བཅུ་དྲུག་བཅུ་དྲུག་དང༌། ཀྱི་ལྕེ་བ་དང༌། པུ་ཙེ་ཤེལ་ཞོ་ཕྱེད་ཕྱེད་དང༌། དོང་གྲ་བཞི་ཆ་དང༌། དེ་རྣམས་སྤྱིར་སྲང་གཅིག་ཡོད་པ་དེ་བཏགས་ལ་ཆུ་དང་ཚུལ་བཞིན་བསྐོལ་བ་འཐུངས་ན། རླུང་ལ་སོགས་པའི་ནད་གཞི་སྦྱོང་པར་བྱེད་དོ། །སྨན་དེ་ཞུ་བའི་ཆོད་ཙམ་ན་སྐམས་ལ་གནས་པའི་རི་དགས་དང་བྱ་རྣམས་ཀྱི་ཤ་ཁུ་འབྲས་རྙིང་པའི་ཆན་དང་སྦྱར་ཏེ་ཟོས་ན་མཛེ་ནད་ཐམས་ཅད་དང༌། སྐྲངས་པ་དང༌། ཕོ་བའི་ནད་དང༌། གཅིན་སྲི་བ་དང༌། ཧ་ལི་མ་ཀ་ཞེས་བྱ་བའི་ནད་རྣམས་ལ་ཕན་ཏེ། ཞག་དྲུག་ཏུ་སྦྱོར་བ་དེ་ལྟར་བྱས་ན་སྙིང་དང་ཆུ་སོར་ཟུག་པ་དང༌། རིམས་མི་བཟད་པ་རྣམས་ཀྱང་ཞི་བར་བྱེད་དོ། །བྱི་དང་གའི་ནང་གི་སྙིང་པོ་དང༌། སྐྱུ་རུ་ར་དང༌། ཨ་རུ་ར་དང༌། དེ་དག་སྲང་རེ་རེ་དང༌། ད་ན་ཏྲི་སྲང་གསུམ་དང༌། བུ་རམ་སྲང་བཅུ་གཉིས་དང༌། འདི་རྣམས་རི་ལུར་བྱས་ཏེ་བྱིན་ན་མཛེ་དང༌། ཤ་བཀྲ་དང༌། དབུགས་མི་བདེ་བ་དང༌། ལུད་པ་དང༌། གཞང་འབྲུམ་དང༌། གཅིན་ནད་དང༌། མཆེར་བ་ན་བ་དང༌། ཐོར་བུའི་ནད་དང༌། ཚིགས་ཀྱི་སྟེང་ན་གནས་པའི་འབྲུམ་བུའི་ནད་དང༌། སྐྲན་རྣམས་འཇོམས་ཏེ་སྦྱོར་བ་འདི་ནི་གནོད་སྦྱིན་ནོར་བུ་བཟང་པོ་ཞེས་བྱ་བ་དེས། ཉན་ཐོས་ཀྱི་དགེ་སློང་གཅིག་ནད་ཀྱིས་སྲོག་འདོར་དུ་ཉེ་བ་དང༌། དེའི་དོན་དུ་སྦྱོར་བ་འདི་བཤད་པས། རིལ་བུ་འདིའི་མིང་ཡང་ནོར་བུ་བཟང་པོ་ཞེས་གྲགས་པ་ཡིན་ནོ། །ཏིག་ཏ་དང༌། ནིམ་པ་དང༌། འབྲས་བུ་གསུམ་དང༌། ཤུག་
པ་དང༌། བོང་ང་དཀར་པོ་དང༌། པི་པི་ལིང་དང༌། མུར་བ་དང༌། པ་ཏོ་ལ་དང༌། སེར་པོ་རྣམ་གཉིས་དང༌། པུ་ཙེ་ཤེལ་དང༌། ཨིན་དྲ་བ་རུ་ནི་དང༌། དུག་མོ་ཡུངས་དང༌། ཤུ་དག་དང༌། འདི་རྣམས་ཆ་སྙོམས་པ་དང༌། དན་ཏི་དང༌། དེའི་ཉིས་འགྱུར་གྱི་དུར་བྱིད་དང༌། དེའི་ཉིས་འགྱུར་གྱི་བྲམྷི་དང༌། འདི་རྣམས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དང་ལྡེ་གུར་བྱས་པ་རན་པར་ཟོས་ན་མཛེ་དང་གཅིན་ནད་དང༌། རྨོངས་བག་ཏུ་འདུག་པ་རྣམས་ལ་ཕན་པའི་མཆོག་ཡིན་ནོ། །ཡང་ན་འབྲས་བུ་གསུམ་དང༌། པི་པི་ལིང་དང༌། བྱི་དང་ག་དང༌། འདི་རྣམས་སྦྲང་རྩི་དང༌། ཏིལ་མར་དང༌། མར་དང་ལྡེ་གུར་བྱས་པ་འམ། ཡང་ན་ཀ་ཀོ་ཨུ་དུམ་བཱ་ར་དང༌། བྱི་དང་ག་དང༌། ནིམ་པ་དང༌། གླ་སྒང་དང༌། ཆ་བ་གསུམ་དང༌། དེ་རྣམས་ཀྱི་ཕྱེ་མ་བྲི་ཀྵ་བསྐོལ་བའི་ཁུ་བའི་ནང་དུ་བཏབ་སྟེ་འཐུངས་ན་པགས་པའི་ནད་ཐམས་ཅད་འཇོམས་སོ། །དུག་མོ་ཡུངས་དང༌། ཙི་ཏྲ་ཀ་དང༌། ནིམ་པ་དང༌། ཐང་ཤིང་དང༌། སེང་ལྡེང་དང༌། ཨ་ས་ན་དང༌། ལོ་མ་བདུན་པ་དང༌། འདི་རྣམས་བསྐོལ་བའི་ནང་དུ་མར་དང༌། ཨ་རུ་རའི་ཕྱེ་མ་དང༌། སྦྲང་རྩི་དང་ལྡན་པར་ཟོས་ན་མཛེ་ནད་འཇོམས་སོ། །སེང་ལྡེང་དང༌། ནིམ་པ་དང༌། སླེ་ཏྲེས་དང༌། པ་ཏོ་ལའི་རྩ་བ་དང༌། བྱི་ཚེར་བ་དང༌། འདི་རྣམས་བསྐོལ་བ་ནི་སེང་ལྡེང་ལ་སོགས་པ་སྨན་གྱི་སྦྱོར་བ་དྲུག་ཅེས་བྱ་སྟེ། ཇི་ལྟར་ལྷ་མ་ཡིན་ཁྱབ་འཇུག་གིས་བཅོམ་པ་བཞིན་དུ། མཛེ་ནད་ཐམས་ཅད་འཇོམས་སོ། །སྐྱེར་པ་དང༌། ནིམ་པ་དང༌། སེང་ལྡེང་དང༌། འདི་རྣམས་ཀྱི་ཤུན་ཕྲག་བསྐོལ་བ་འཐུངས་ན་མཛེ་ནད་སེལ་ཏོ། །ཡང་ན་སྐྱེར་པ་དང་འབྲས་བུ་གསུམ་དང༌། ནིམ་པ་དང༌། པ་ཏོ་ལའི་རྩ་བ་དང༌། པུ་ཙེ་ཤེལ་དང༌། ཤུ་དག་དང༌། བཙོད་དང་འདི་རྣམས་བསྐོལ་བ་འཐུངས་ན། བད་ཀན་དང་མཁྲིས་པ་ལས་གྱུར་པའི་མཛེ་ནད་གཅོད་དོ། །དམ་པའི་ཆོས་ཡང་དག་པར་བསྟེན་པས་འཁོར་བའི་འཆིང་བ་གཅོད་པ་བཞིན་ནོ། །གོང་གི་སྨན་དེ་དག་བའི་མར་དང་བསྐོལ་བའི་མར་ནི་རླུང་ལས་གྱུར་པའི་མཛེ་ནད་སེལ་བའི་མཆོག་ཡིན་ཏེ་མྱུར་དུ་རྒྱལ་བར་བྱེད་དོ། །
དེ་བཞིན་དུ་སེང་ལྡེང་དང༌། ནིམ་པ་དང༌། སྐྱེར་པ་དང༌། སླེ་ཏྲེས་དང༌། ཐང་ཤིང་དང༌། འདི་རྣམས་རེ་རེ་ནས་བའི་མར་དང་སྦྱོར་བ་གོང་མ་ལྟར་བྱས་ན་ཕན་ནོ། །པ་ཐ་དང༌། སྐྱེར་བ་དང༌། ཙི་ཏྲ་ཀ་དང༌། དན་ཏི་དང༌། དུག་མོ་ཡུངས་དང༌། པུ་ཙེ་ཤེལ་དང༌། འདི་རྣམས་ཀྱི་ཕྱེ་མ་བ་གཅིན་དང༌། ཆུ་དྲོན་པོ་གང་ཡང་རུང་བ་ལས་ཟླ་བ་གཅིག་གི་བར་དུ་འཐུངས་ན། མཛེའི་ནད་དང༌། གཞང་འབྲུམ་དང༌། གཅིན་གྱི་ནད་དང༌། སྐྲངས་པ་དང༌། སྐྱ་རྦབ་དང༌། མ་ཞུ་བ་དང༌། སྲིན་བུའི་ནད་ལ་ཕན་ནོ། །རྒྱ་སྐྱེགས་དང༌། དན་ད་དང༌། མུར་བ་དང༌། འབྲས་བུ་གསུམ་དང༌། ཙི་ཏྲ་ཀ་དང༌། པ་ཐ་དང༌། བྱི་དང་ག་དང༌། ཨ་བ་མ་རྒ་དང༌། ཚ་བ་གསུམ་དང༌། སྐྱེར་བ་དང༌། ལོ་མ་བདུན་པ་དང༌། བ་ཤ་ཀ་དང༌། བཙོད་དང༌། ནིམ་པ་དང༌། ཐང་ཤིང་དང༌། རྩ་བ་ལྔ་པ་ཆེ་ཆུང་དང༌། འདི་རྣམས་ཀྱི་ཕྱེ་མ་བ་གཅིན་དང་སྦྱར་བ་ཟླ་བ་གཅིག་གི་བར་དུ་བཏུང་ཞིང་ཕན་པའི་ཟས་དང་ལྷན་ཅིག་བསྟེན་ན། མཛེ་ནད་ཐམས་ཅད་འཇོམས་སོ། །སྐྱེར་པ་དང༌། པི་པི་ལིང་དང༌། དོང་གྲ་དང༌། བྱི་དང་ག་དང༌། ཏོ་བ་རི་དང༌། ཙི་ཏྲ་ཀ་དང༌། ཏ་བྱ་དང༌། འདི་རྣམས་ཡས་ཀྱི་རིམ་བཞིན་དུ་ཆ་རེས་བསྐྱེད་པའི་ཕྱེ་མ་བ་གཅིན་དང་བཅས་པ་འཐུངས་ན། མཛེ་ནད་ཤིན་ཏུ་མི་བཟད་པ་རྣམས་ཀྱང་འཇོམས་སོ། །ཚ་བ་གསུམ་དང༌། འབྲས་བུ་གསུམ་དང༌། ཏིལ་དང༌། གོ་བྱེ་དང༌། དེ་རྣམས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དང་ཁ་ར་དཀར་པོ་དང་སྦྱར་བའི་རི་ལུ་ནི། ཚ་བ་གསུམ་ལ་སོགས་པའི་ཆ་བདུན་པའི་རི་ལུ་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ན། མཛེ་ནད་ལས་རྒྱལ་ཞིང་བཅུད་ཀྱིས་ལེན་དུ་འགྱུར་ལ། བུད་མེད་ལ་ཉལ་ཕོད་པར་འགྱུར་རོ། །སོ་མ་ར་ཛ་དང༌། ཙི་ཏྲ་ཀ་དང༌། སྐྱེར་བ་དང༌། བྱི་དང་ག་དང༌། ཏུ་པ་རའི་རུས་པ་དང༌། གོ་བྱེ་དང༌། འབྲས་བུ་གསུམ་དང༌། དེ་རྣམས་ཀྱི་ཕྱེ་མ་བུ་རམ་དང་རི་ལུར་བྱས་ཏེ། རྟག་ཏུ་གོམས་པར་བྱས་ན་མཛེ་ནད་ཐམས་ཅད་སེལ་ཏོ། །བྱི་དང་ག་དང༌། གོ་བྱེ་དང༌། སོ་མ་ར་ཛ་དང༌། ཙི་ཏྲ་ཀ་དང༌། བ་ར་ཧི་དང༌། ཨ་རུ་ར་དང༌། ལང་ག་ལི་དང༌། པི་པི་ལིང་དང༌། ཏིལ་ནག་པོ་དང༌། འདི་རྣམས་ཀྱི་
ཕྱེ་མ་བུ་རམ་དང་རི་ལུར་བྱས་ཏེ་ཟོས་ན་མཛེ་ནད་འཇོམས་སོ། །སོ་མ་ར་ཛ་དང༌། བྱི་དང་ཀའི་སྙིང་པོ་དང༌། པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་དང༌། ལྕགས་ཀྱི་ཕྱེ་མ་དང༌། སྐྱུ་རུ་ར་དང༌། དེ་རྣམས་ཀྱི་ཕྱེ་མ་ཏིལ་མར་དང་ལྡེ་གུར་བྱས་ཏེ་ཟོས་ན། མཛེ་ནད་གསོ་དཀའ་བ་ཡང་འཇོམས་སོ། །ཡང་ཨ་རུ་ར་དང༌། གོ་བྱེ་དང་ཏིལ་མར་དང་དེ་རྣམས་ཀྱི་ཕྱེ་མ་བུ་རམ་དང་རི་ལུར་བྱས་ཏེ་ཟོས་ན་མཛེ་ནད་ལས་རྒྱལ་བར་བྱེད་དོ། །འདིར་བུ་རམ་དང༌། སྨན་གྱི་ཚད་མ་སྨོས་པ་རྣམས་ནི་སྨན་སྤྱིའི་ཉེས་འགྱུར་གྱི་བུ་རམ་དང་སྦྱོར་ཅིག །ཡང་ན་གོ་བྱེ་དང༌། བྱི་དང་ག་དང༌། སོ་མ་ར་ཛ་རྣམས་ཀྱི་ཕྱེ་མ་བུ་རམ་དང༌། རི་ལུར་བྱས་ཏེ་ཟོས་ན་ཕན་ཡོན་ཡང་དེ་དང་འདྲའོ། །ཡང་ན་བྱི་དང་ག་དང༌། སེང་ལྡེང་དང༌། བྲག་ཞུན་གྱི་ཕྱེ་མ་ལས་རན་པར་ཟོས་ན་འབྲུམ་བུ་ཕྲ་མོ་དང༌། ཤ་གཟི་གུ་དང༌། ཤུ་བ་རྣམས་འཇོམས་སོ། །བྱི་དང་ག་དང༌། ཙི་ཏྲ་ཀ་དང༌། སྐྱུ་རུ་ར་དང༌། ལྕགས་ཀྱི་ཕྱེ་མ་དང༌། པི་པི་ལིང་དང༌། ཁ་ར་རྣམས་བཏགས་པའི་ཕྱེ་མ་ཏིལ་མར་དང་བཏགས་པའི་ལྡེ་གུ་བལྡགས་ན། མཛེ་ནད་གསོ་དཀའ་བ་ལས་རྒྱལ་བར་བྱེད་དོ། །གླ་སྒང་དང༌། ཚ་བ་གསུམ་དང༌། འབྲས་བུ་གསུམ་དང༌། བཙོད་དང༌། ཐང་ཤིང་དང༌། རྩ་བ་ལྔ་པ་རྣམ་གཉིས་དང༌། ལོ་མ་བདུན་པ་དང༌། ནིམ་པ་དང༌། ཤིང་ཚ་དང༌། བི་ཤལ་དང༌། ཙི་ཏྲ་ཀ་དང༌། མུར་བ་རྣམས་བཏགས་པའི་ཕྱེ་མ་དང༌། སྨན་སྣ་གཅིག་གི་དགུ་འགྱུར་གྱི་ནས་ཕྱེ་དང༌། སྦྲང་རྩི་ཆ་གཅིག་དང༌། མཛེ་འཇོམས་པའི་སྨན་རྣམས་བསྐོལ་བའི་ཁུ་བ་དང་བསྐྱོས་ཏེ་རྟག་ཏུ་འཐུངས་ན་མཛེ་ནད་ཟློག་པར་བྱེད་དོ། །དེ་བཞིན་དུ་འོར་ནད་དང༌། སྐྱ་རྦབ་ཀྱི་ནད་དང༌། ཤ་བཀྲ་དང༌། ཕོ་བའི་ནད་དང༌། གཞང་འབྲུམ་དང༌། རླིག་རླུགས་དང༌། མཚན་བར་རྡོལ་བ་དང༌། འབྲུམ་བུ་ཕྲ་མོ་དང༌། འབྲུམ་བུ་དང༌། འབྲུམ་ཆེན་གྱི་ནད་འཇོམས་སོ། །ཏུ་པར་ཞེས་བྱ་བ་ཨ་ཏ་ཀའི་རུས་པ་དང༌། གོ་བྱེ་དང༌། སོ་མ་ར་ཛ་དང༌། ཙི་ཏྲ་ཀའི་རྩ་བ་དང༌། འདི་རྣམས་རེ་རེ་ཡང་བཅུད་ཀྱིས་ལེན་གྱི་སྦྱོར་བ་བཞིན་དུ་སྦྱར་ཏེ་བསྟེན་པར་བྱའོ། །གོང་མའི་སྨན་གྱི་སྦྱོར་བ་
གོང་དུ་བསྟན་པ་དེ་དག་གིས་ཁོང་བའི་ནང་གི་མཛེ་ནད་དག་སྟེ། པགས་པའི་ཕྱི་རོལ་དུ་བྱུང་བ་ལ་ནི་སྨན་གྱིས་བྱུགས་པ་ཕན་ཏེ། ལུས་དྲི་མ་དང་བཅས་པ་ལ་སྨན་རྣོན་པོའི་བྱུག་པ་བསྐུས་པས་མཛེ་ནད་ཚབས་ཆེར་ཐུ་བར་སྣང་སྟེ། མཛེ་ནད་འཁོར་ལིང་ཅན་དང་གཏིང་ཟུག་པ་དང༌། སྲ་བ་རྣམས་ལ་ནི་འབྲུའི་ཐུམ་བུ་ལ་སོགས་པས་དུགས་བྱས་ཏེ། སྙི་ཞིང་མཐོན་པོར་གྱུར་པ་དང༌། མཚོན་གྱིས་ཞལ་ཞལ་བྱ་ཞིང་ཕྱི་སྟེ། དེའི་འོག་ཏུ་སྨན་གྱིས་བྱུག་པར་བྱའོ། །མཛེ་ནད་གང་ལུས་ཀྱི་དབང་པོ་རྣམས་ཉམས་ཤིང་པགས་པ་མཚོན་གྱིས་ཞལ་ཞལ་བྱར་མི་རུང་བ་དེ་ལ་ནི་དང་པོ་ཁྲག་ཕྱུང་སྟེ། དེའི་འོག་ཏུ་ཐལ་སྨན་རྣོན་པོས་བསྲེག་པར་བྱའོ། །མཛེ་ནད་སྲ་བ་དང༌། རྩུབ་པ་དང༌། བེམ་བེམ་པོར་མི་ཚོར་བར་འདུག་པ་དང༌། ཡུན་རིང་དུ་ལོན་པ་དང༌། བརྟན་པ་རྣམས་ལ་ནི་མཛེ་ནད་འཇོམས་པའི་སྨན་གྱི་བྱུག་པ་དང་བཏུང་བར་བླུད་དོ། །དེའི་འོག་ཏུ་དུག་འཇོམས་པའི་སྨན་དང་དུག་སྔགས་ཀྱིས་བཏབ་པ་བསྲེས་ཏེ་སྦྱིན་ནོ། །མཛེ་ནད་གང་ལུས་རེངས་ཤིང་གྱོང་པ་དང༌། ཚོར་བག་མེད་པ་དང༌། རྡུལ་མི་འབྱུང་བ་དང༌། ཤིན་ཏུ་གཡའ་བ་རྣམས་ལ་ནི་བ་ལང་གི་ལྕི་བསྐམ་པོ་དང༌། རྒྱ་མཚོའི་དབུ་བ་འམ། མཚོན་གང་ཡང་རུང་པས་བཞར་ཏེ། དེའི་འོག་ཏུ་སྨན་གྱིས་བྱུག་པར་བྱའོ། །གླ་སྒང་དང༌། འབྲས་བུ་གསུམ་དང༌། བོ་སོན་ཆ་དང༌། ཀ་རཉྫ་དང༌། དོང་ག་དང༌། དུག་མོ་ཡུངས་དང༌། ལོ་མ་བདུན་པ་དང༌། རུ་རྟ་དང༌། པྲི་ཡང་ཀུ་དང༌། སྐྱེར་པ་དང༌། ཡུངས་ཀར་དང༌། འདི་རྣམས་ཚུལ་བཞིན་བསྐོལ་བ་ནི་ཡུངས་ཀར་གྱི་སྦྱོར་བ་ཞེས་བྱ་སྟེ། ལུས་བཀྲུ་བ་དང༌། བྱུག་པ་དང༌། དེས་བཞར་བ་དང༌། སློན་ཁྲུས་ཀྱང་བྱས་ན། པགས་པའི་ནད་དང༌། མཛེ་དང༌། སྐྲང་པ་དང༌། སྐྱ་རྦབ་ཀྱི་ནད་རྣམས་ཀྱང་འཇོམས་སོ། །ཀ་ར་བཱི་ར་དང༌། ནིམ་པ་དང༌། དུག་མོ་ཡུངས་དང༌། དོང་ག་དང༌། ཙི་ཏྲ་ཀ་དང༌། འདི་རྣམས་ཀྱི་རྩ་བ་བ་གཅིན་དང་ལྷན་ཅིག་བསྐོལ་ཏེ། དྲིལ་དུ་བཏུབ་པ་ཙམ་ཕྱུང་སྟེ། དེའི་ལྡེ་གུས་བསྐུས་ན་མཛེ་ནད་འཇོམས་སོ། །ཀ་ར་བཱི་ར་དཀར་པོའི་རྩ་བ་དང༌། དུག་མོ་
ཡུངས་དང༌། ཀ་ར་ཉྫའི་འབྲས་བུ་དང༌། སྐྱེར་བའི་ཤུན་པ་དང༌། སུ་མ་ནའི་ལོ་མ་དང༌། འདི་རྣམས་ཀྱི་ཕྱེ་མ་ལྡེ་གུར་བྱས་པས་བསྐུས་ན་ཡང་མཛེ་ནད་འཇོམས་པར་ཀུན་གྱིས་མངོན་སུམ་དུ་མཐོང་ཞིང་གྲགས་པ་ཡིན་ནོ། །ཤྲི་ཤའི་ཤུན་པ་དང༌། རས་བལ་གྱི་མེ་ཏོག་དང༌། དོང་གའི་ལོ་མ་དང༌། མོན་སྲན་སྡེའུ་དམེ་རུའི་རྩ་བ་དང༌། ལོ་མར་བཅས་པ་དང༌། འདི་བཞི་བཏགས་པའི་ཕྱེ་མའི་ལྡེ་གུས་བསྐུས་ན་ཡང་ཕན་ནོ། །ནིམ་པ་དང༌། སེར་པོ་རྣམ་གཉིས་དང༌། བྱེའུ་རུག་པ་དང༌། པ་ཏོ་ལ་དང༌། རུ་རྟ་དང༌། ཨ་ཤྭ་གནྡྷ་དང༌། ཐང་ཤིང་དང༌། ཤི་ཀྲུ་དང༌། ཡུངས་ཀ་ར་དང༌། གཡེར་མ་དང༌། འུ་སུ་དང༌། བླ་བ་ཞེས་བྱ་བ་ཀུ་ཊན་ན་ཊ་དང༌། ཙནྡན་དང་འདི་རྣམས་ཆ་སྙོམས་པའི་ཕྱེ་མ་དར་བ་དང་བཏགས་ཏེ། ཐོག་མར་ཏིལ་མར་གྱིས་ལུས་བྱུགས་ལ། དེ་ནས་ལྡེ་གུ་དྲིལ་བ་བྱས་ན་མཛེ་ནད་གཡའ་བ་དང༌། འབྲུམ་བུ་དང། འབྲུམ་བུ་ཕྲ་མོ་དང༌། མཛེ་དང་སྐྲངས་པ་རྣམས་ཞི་བར་འགྱུར་རོ། །ཡང་ན་གླ་སྒང་དང༌། སྐྱེར་ཁཎྜ་སྐམ་པོ་དང༌། སྐྱེར་པ་དང༌། ནག་ཚུར་དང༌། ཀམ་པི་ལྱ་དང༌། རུ་རྟ་དང༌། སེང་ཕྲོམ་དང༌། མུ་ཟི་དང༌། སྲ་རྩི་པོག་དང༌། བྱི་དང་ག་དང༌། ལྡོང་རོས་དང༌། བ་བླ་དང༌། ཀ་ར་བཱི་རའི་ཤུན་པ་དང༌། འདི་རྣམས་ཕྱེ་མར་བྱས་ལ་སྔར་ཏིལ་མར་གྱིས་ལུས་བསྐུས་པའི་སྟེང་དུ་བཏབ་ན། ཤུ་བ་དང༌། གཡན་པ་དང༌། འབྲུམ་བུ་ཕྲ་མོ་དང༌། ཁྱི་རྔོ་དང་རྐང་ཤུ་ལ་སོགས་པའི་འདུས་པའི་ནད་སེལ་བར་བྱེད་དོ། །ཤྲི་ཁཎྜའི་ཤིང་གི་སྡོང་བུའི་ནང་དུ་ཡུངས་ཀར་བཏགས་པ་བཅུག་སྟེ། རྫ་སླང་གི་ནང་དུ་མེ་མི་ཆེ་བ་ལ་བཙོས་ལ། དེ་ལས་ལྡེ་གུར་བྱས་པས་བསྐུས་ན་རྐང་ཤུ་སེལ་བར་བྱེད་དོ། །ཇི་ལྟར་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པ་དག་ངོ་ཚ་སྤངས་པ་བཞིན་ནོ། །ལྡོང་རོས་དང༌། བ་བླ་དང༌། ན་ལེ་ཤམ་དང༌། དེ་རྣམས་ཏིལ་མར་དང༌། ཤིང་ཨ་རྐའི་འོ་མ་དང་སྦྱར་བ་བསྐུས་ན། མཛེ་འཕྲོག་པར་བྱེད་དོ། །དེ་བཞིན་དུ་ཀ་རཉྫ་དང༌། ཙཀྲ་མར་ད་དང༌། རུ་རྟ་དང༌། དེ་རྣམས་བ་གཅིན་དང་བཏགས་པ་འཐུངས་ན་ཡང་
ཕན་ནོ། །ཡང་ན་གུ་གུལ་དང༌། ན་ལེ་ཤམ་དང༌། བྱི་དང་ག་དང༌། ཡུངས་ཀར་དང༌། ནག་ཚུར་དང༌། སྲ་རྩི་བོག་དང༌། གླ་སྒང་དང༌། ཀོ་ཉོན་ཙིའི་ཐང་ཆུ་དང༌། བ་བླ་དང༌། མུ་ཟི་དང༌། ལྡོང་རོས་དང༌། རུ་རྟ་དང༌། ཀམ་པི་ལྱ་དང༌། སེར་པོ་གཉིས་དང༌། དེ་རྣམས་ཀྱི་ཕྱེ་མ་ཙ་ཀྲ་མར་དའི་མར་དང་བསྲེས་པའི་ལྡེ་གུར་བྱས་ལ། ཐོག་མར་མཚོན་གྱིས་བཞར་ལ། དེའི་སྟེང་དུ་བསྐུས་པ་ཉི་མ་ལ་བཞག་སྟེ་འདུག་ན་མཛེ་ནད་གཏན་དུ་ཞི་བར་བྱེད་དོ། །ཡང་ན་ན་ལེ་ཤམ་དང༌། ཤིང་ཏ་ལའི་ལོ་མ་དང༌། རུ་རྟ་དང༌། ལྡོང་རོས་དང༌། ནག་ཚུར་དང༌། འདི་རྣམས་ཏིལ་མར་དང་སྦྱར་བ་ཟངས་མའི་སྣོད་ལ་ཞག་བདུན་བཞག་སྟེ་དེས་ཞག་བདུན་གྱི་བར་དུ་ཉི་མ་ཚ་བ་ལ་བསྐུ་ཞིང་བསྟེན་ན་ཤ་བཀྲ་འཇོམས་སོ། །ཤ་བཀྲ་གསར་བ་ལ་ནི་ལུས་ཀྱི་ཕྱི་ཁྲུས་མི་བྱ་བར་སློན་ཁྲུས་བྱས་ལ་དེའི་སྦྱོར་བ་གོང་མ་ཟླ་བ་གཅིག་བསྟེན་ན་ཕན་ནོ། །ཨ་པ་མརྒ་བསྲེགས་པའི་ཐལ་བ་ཆུ་ནང་དུ་བསྐྱོས་ཏེ། ལན་བདུན་བཙགས་ལ་པྲི་ཡང་ཀུའི་མར་དང་སྦྱར་ལ་བསྐོལ་བས་ལུས་བསྐུ་བྱུག་བྱས་ན་ཤ་བཀྲ་སེལ་ཏོ། །ཀ་ཀ་ཛང་གའི་རྩ་བ་དང༌། རས་བལ་གྱི་འདབ་མ་དང༌། ལ་ཕུག་གི་ས་བོན་དང༌། དེ་རྣམས་དར་བ་དང་བཏགས་ཏེ་སྦྱར་བ། གཟའ་མིག་དམར་ལ་བབ་པའི་དུས་སུ་བསྐུས་ན། ཤ་བཀྲ་སེལ་བར་གྲགས་པ་ཡིན་ནོ། །ཛི་བན་ཏི་དང༌། བཙོད་དང༌། སྐྱེར་པ་དང༌། ཀམ་པི་ལྱ་དང༌། སྤངས་མ་དང༌། དེ་རྣམས་ཆམ་ཆོམ་བརྡུངས་ཏེ་མར་དང་ཏིལ་མར་དང༌། མར་གྱི་བཞི་འགྱུར་གྱི་འོ་མ་དང་བསྐོལ་བའི་ནང་དུ་སྲ་རྩི་པོག་དང༌། སྤྲ་ཚིལ་གྱིས་བཏགས་པ་བསྐུས་ན་འབྲས་བྱེར་བ་འཇིག་པར་འགྱུར་ཏེ། དེ་བཞིན་དུ་པགས་པ་གཅིག་པའི་མཛེ་དང༌། འབྲུམ་བུ་ཕྲ་མོའི་མཛེ་ནད་དང༌། འབྲས་མི་འབྱོར་བ་རྣམས་ཀྱང་ཞི་བར་བྱེད་དོ། །ལོ་མ་བདུན་པའི་རྩ་བ་དང༌། ཤྲི་ཤའི་ཤུན་ཕྲག་དང༌། ཨ་ཤྭ་མར་དང༌། ཨ་རྐ་དང༌། སུ་མ་ན་དང༌། ཙི་ཏྲ་ཀ་དང༌། ཐལ་ཏྲེས་དང༌། ནིམ་པ་དང༌། འདི་རྣམས་ཀྱི་ཤུན་ཕྲགས་དང༌། ཀ་རཉྫའི་འབྲུ་དང༌། ཡུངས་ཀར་དང༌། ཙཀྲ་མར་ད་དང༌། འབྲས་བུ་གསུམ་དང༌། བྱི་དང་ག་དང༌། ཚ་བ་
གསུམ་དང༌། སེར་པོ་རྣམ་གཉིས་དང༌། འདི་རྣམས་ཕྱེ་མར་བྱས་ལ་ཏིལ་མར་དང༌། དེའི་བཞི་འགྱུར་གྱི་བ་གཅིན་དང་བསྐོལ་ཏེ། མར་འབའ་ཞིག་ལུས་པ་ནི་རྡོ་རྗེ་ཅན་ཞེས་བྱ་བ་རྡོ་རྗེ་དང་མཉམ་པའི་ལྡེ་གུ་ཡིན་ཏེ། དེ་ལས་བསྐུ་བྱུག་བྱས་ན། པགས་པའི་ནད་ཐམས་ཅད་དང༌། རྨ་འགྲམས་པ་དང༌། རླུང་དང་བད་ཀན་ལས་གྱུར་པའི་མཛེ་ནད་སེལ་ཏོ། །ཨེརཎྜ་དང༌། སྐྱེར་ཁཎྜ་དང༌། ག་པུར་དང༌། ཤིང་ནིམ་པ་དང༌། ཀ་ཏཾ་པ་དང༌། ག་བའི་རྩ་བ་དང༌། ཀམ་པི་ལྱ་དང༌། བྱི་དང་ག་དང༌། ཨིན་དྲ་བ་རུ་ཎི་དང༌། ནིར་གུན་ཐི་དང༌། གོ་བྱེ་དང༌། ཐང་ཤིང་དང༌། ཁྲོན་བུ་དང༌། ཤིང་ཀོ་ཉོན་ཙེའི་ཐང་ཆུ་དང༌། གུ་གུལ་དང༌། ལྡོང་རོས་དང༌། ལན་ཚྭ་དང༌། ཤིང་ཏ་ལ་དང༌། བཅའ་སྒ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་དང༌། ཏིལ་མར་བསྐོལ་བའི་ནང་དུ་སུ་དྷཱ་ཀྵི་ར་ཞེས་བྱ་བ་ཤི་རི་ཁཎྜའི་ལོ་མ་དང༌། ཨ་རྐའི་ལོ་མ་ཆ་མཉམ་པ་དང་ལྷན་ཅིག་ལྡེ་གུར་བྱས་པ་ནི། རྡོ་རྗེ་ཆེན་པོའི་ལྡེ་གུ་ཞེས་བྱ་སྟེ། དེས་བསྐུས་ན་ཕན་ཡོན་རྡོ་རྗེ་ཅན་དང་འདྲ་སྟེ། ལྷག་པར་ཡང་འདིས་ནི་ཤ་བཀྲ་དང༌། འབྲས་ཀྱི་ཕྲེང་བ་དང༌། གཞང་འབྲུམ་རྣམས་འཇོམས་སོ། །རུ་རྟ་དང༌། ཨ་ཤོ་མར་ཞེས་བྱ་བ་ཏེ་ཛོ་བ་ཏི་དང༌། སུ་དྷཱ་ཀྵི་ར་དང༌། རྒྱམ་ཚ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་བ་གཅིན་དང༌། ཏིལ་མར་དང་སྦྱར་བའི་ནང་དུ་ཅུང་ཞིག་བཏབ་སྟེ་འཐུངས་ན་མཛེ་ནད་ལས་རྒྱལ་བའི་མཆོག་ཡིན་ནོ། །ཡུངས་ཀར་གྱི་མར་སྤྲ་ཚིལ་དང༌། ཤི་ཀྲུ་དང༌། གུ་གུལ་དང༌། སྤངས་མ་དང༌། སྐྱེར་ཁཎྜ་དང༌། འདི་རྣམས་བསྐོལ་བའི་མར་གྱིས་བསྐུས་ན་མཆན་ཁུང་གི་ནད་དང༌། རྐང་ཤུ་རྣམས་མྱུར་དུ་ཟློག་པར་བྱེད་དོ། །རྒྱ་སྐྱེགས་དང༌། ཚ་བ་གསུམ་དང༌། ཙཀྲ་མར་ད་དང༌། ཀོ་ཉོན་ཙེའི་ཐང་ཆུ་དང༌། རུ་རྟ་དང༌། ཡུངས་ཀར་དང༌། ལ་ཕུག་གི་ས་བོན་དང༌། སེར་པོ་རྣམ་གཉིས་དང༌། འདི་རྣམས་ཀྱི་ཕྱེ་མ་དར་བ་དང་སྦྱར་བའི་ལྡེ་གུས་བསྐུས་ན། ཤུ་བ་ཐམས་ཅད་ལ་ཕན་ནོ། །ཞེས་དྲང་སྲོང་རྣམས་ཀྱིས་གསུངས་སོ། །ཙི་ཏྲ་ཀ་དང༌། ཤི་ཀྲུ་དང་སྦྱར་བ་འམ། ཡང་ན་སླེ་ཏྲེས་དང༌། ཨ་
བ་མ་རྒ་དང༌། ཐང་ཤིང་ཞོ་ག་ཆུ་དང་སྦྱར་བའམ། ཡང་ན་སེང་ལྡེང་དང༌། ཤིང་དྭ་བ་འམ། ཡང་ན་དན་ཏི་དང༌། དྲ་བན་ཏི་འམ། ཡང་ན་རྒྱ་སྐྱེགས་དང༌། སྐྱེར་ཁཎྜ་འམ། ཡང་ན་སུག་སྨེལ་དང༌། པུ་རྣ་བ་འམ། སྦྱོར་བ་དྲུག་པོ་དེ་རྣམས་ལས་གང་ཡང་རུང་བའི་ཕྱེ་མ་ཞོ་ག་ཆུ་དང་སྦྱར་བ་བསྐུས་ན། རླུང་དང་བད་ཀན་ལས་གྱུར་པའི་མཛེ་ནད་སེལ་ཏོ། །ཛ་ལ་ཞེས་བྱ་བ་བཱ་ལུ་ཀ་དང༌། བྷ་བྱ་ཞེས་བྱ་བ་རུ་རྟ་དང༌། ནཱ་ག་གེ་སར་དང༌། གནྡྷ་བྷ་དྲ་དང༌། ཙནད་ན་དང༌། ཨུ་ཤི་ར་དང༌། དེ་རྣམས་གོང་མའི་ཆ་རེས་བསྐྱེད་པའི་ཕྱེ་མ་ལྡེ་གུར་བྱས་ཏེ་བསྐུས་ན། བད་ཀན་དང་མཁྲིས་པ་ལས་གྱུར་པའི་མཛེ་ནད་སེལ་ཏོ། །མཛེ་ནད་ལུས་ཚབ་དང་བཅས་པ་ལ་ནི། གོང་དུ་སྨོས་པའི་ཏིག་ཏའི་སྨན་མར་དང༌། མར་ལན་བརྒྱར་བཀྲུས་པ་དང༌། ཏིལ་མར་དང་ཙནྡན་དང༌། ཤིང་མངར་དང༌། པྲ་པུཎྜ་རཱིཀ་དང༌། ཨུཏྤལ་དང༌། ཚུལ་བཞིན་བསྐོལ་བ་འམ། འདི་རྣམས་གང་ཡང་རུང་བས་བསྐུས་ན་ཕན་ནོ། །གང་གི་ལུས་འདྲུལ་ཞིང་ཡན་ལག་ཆད་པ་དང༌། ལུས་ཚ་བ་དང༌། འབྲུམ་བུ་བྱུང་བ་དང༌། པགས་པ་མྱགས་པ་དང་བཅས་པ་ལ་ནི་བསིལ་བའི་བྱུག་པ་དང༌། བླུགས་པ་དང༌། གཏར་ག་དང༌། བཀྲུ་སྨན་དང༌། ཏིག་ཏའི་སྨན་མར་རྣམས་བྱིན་ན་ཕན་ནོ། །སེང་ལྡེང་དང༌། བ་ཤ་ཀ་དང༌། ནིམ་པ་དང༌། དུག་མོ་ཡུངས་དང༌། འབྲས་བུ་གསུམ་དང༌། བྱི་དང་ག་དང༌། སླེ་ཏྲེས་དང༌། འདི་རྣམས་བ་གཅིན་དང་སྦྱར་བས་ནང་དང་ཕྱི་རོལ་ནས་བཏུང་བ་དང༌། བླུགས་པ་ལ་སོགས་པ་བྱས་ན། སྲིན་བུ་ལས་གྱུར་པའི་མཛེ་ནད་འཇོམས་སོ། །དེ་ལ་རླུང་ཤས་ཆེ་བའི་མཛེ་ནད་ལ་ནི་ཐོག་མར་སྨན་མར་བྱའོ། །བད་ཀན་ལས་གྱུར་པའི་མཛེ་ནད་ལ་ནི་ཐོག་མར་སྐྱུག་སྨན་གཏང་ངོ༌། །མཁྲིས་པ་ལས་གྱུར་པ་ལ་ནི། དང་པོ་གཏར་གས་ཁྲག་དབྱུང་བ་དང་བཀྲུ་སྨན་རྣམས་བྱའོ། །དེ་ལ་མཛེ་ནད་ཐམས་ཅད་ལ་ཁྲག་གི་ཉེས་པ་མེད་ཅིང༌། སློན་ཁྲུས་ཀྱིས་ཁོང་དག་ན་ནི། གོང་དུ་སྨོས་པའི་བསྐུ་བྱུག་ལ་སོགས་པའི་སྨན་བྱས་ན། དེ་མ་ཐག་ཕན་པར་འགྱུར་གྱི་ཁྲག་གི་ཉེས་པ་དང་བཅས་ཤིང་ཁོང་མ་དག་ན་ནི་དེ་ལྟར་མ་ཡིན་ནོ། །དེ་ལྟར་
ཁྲག་གི་ཉེས་པ་ཡང་མེད། ཁོང་བ་ཡང་དག་པར་བྱས་གོང་དུ་སྨོས་པའི་སྣུམ་ལ་སོགས་པའི་སྨན་དུས་དང་མཐུན་པར་སྦྱར་ན། མཛེ་ནད་ཐམས་ཅད་ངེས་པར་བཟློག་སྟེ་གསོ་སླའོ། །དེ་ལ་ནད་གཞི་མང་པོ་འདུས་པའི་མཛེ་ཚབས་ཆེ་བ་ལ་ནི་སློན་ཁྲུས་ལ་སོགས་པས་ཁོང་པ་ཡང་དང་ཡང་དུ་སྦྱང་བར་བྱའོ། །དེ་ལྟར་སྦྱང་བ་བྱས་པས་ནད་པ་ཉམས་སྟོབས་ཆུང་ཞིང་རླུང་གིས་ཉམ་ཐག་པར་གྱུར་ན། སྲོག་མྱུར་དུ་འཇིག་པར་འགྱུར་བས་དེ་བས་ན་སྨན་པས་སྲོག་བསྲུང་བ་ལ་འབད་དོ། །དེ་ལྟར་གསོ་བ་ཐམས་ཅད་ཀྱིས་མཛེ་ནད་སོས་པར་གྱུར་ན། ཕྱིས་མི་འབྱུང་བར་བྱ་བའི་ཕྱིར་ལུས་ཀྱི་རོ་སྟོད་དག་པའི་ཆེད་དུ་ཟླ་བ་ཕྱེད་ཕྱེད་ཅིང་སློན་སྨན་བྱའོ། །ལུས་ཀྱི་རྨ་དག་པར་བྱ་བའི་ཕྱིར་ཟླ་བ་རེ་རེ་ཞིང་བཀྲུ་སྨན་བྱའོ། །མགོ་བོ་དག་པར་བྱ་བའི་ཕྱིར་ཞག་གསུམ་ཞིང་མགོ་བོའི་བཀྲུ་སྨན་བྱའོ། །དེ་བཞིན་དུ་ཟླ་བ་དྲུག་ཅིང་གཏར་ག་བྱ་སྟེ་ཁྲག་དབྱུང་བར་བྱའོ། །གལ་ཏེ་མཛེ་ནད་ལས་སློན་ཁྲུས་མ་ལེགས་ཤིང་ཁོང་དག་པར་མ་གྱུར་ན་ཕྱིར་ནད་གཞི་ཆེར་འཁྲུགས་ཏེ། ནད་སླར་སྐྱེ་ཞིང་གསོར་མི་རུང་བར་འགྱུར་བས་དེ་བས་ན་མཛེའི་ནད་གཞི་མ་ལུས་པར་རྩད་བཅད་ཅིང་དྲུངས་དབྱུང་བར་བྱའོ། །གསོ་བའི་གནས་ལས་མཛེ་ནད་གསོ་བའི་ལེའུ་བཅུ་དགུ་པ་རྫོགས་སོ།། །།དེ་ནས་ཤ་བཀྲ་དང་སྲིན་བུའི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ཤ་བཀྲའི་ནད་ནི། མཛེ་ནད་པས་ཀྱང་ཤིན་ཏུ་སྨད་པ་ཡིན་ནོ། །དེ་བས་ན་མྱུར་དུ་གསོ་བའི་ཆོ་ག་ལ་འབད་དེ་མ་བྱས་ན་གསོར་མི་རུང་བར་འགྱུར་ཏེ་མེ་ཉུང་དུ་ལས་འབར་བས་ཁྱིམ་ཚིག་པ་དང་འདྲའོ། །དེ་བས་ཁྱད་པར་དུ་ལུས་ཀྱི་ཤ་བཀྲ་ལ་ཐོག་མར་སློན་ཁྲུས་ཀྱིས་ལུས་དག་པར་བྱའོ། །ཤ་བཀྲ་ལ་ནི་ཤྲི་ཁཎྜ་དང༌། སོ་མར་ཛ་བསྐོལ་བའི་ཁུ་བ་འམ། ཡང་ན་རང་གི་ཁུ་བ་བུ་རམ་དང་བཅས་པ་བླུད་ནས། དེའི་འོག་ཏུ་ཉམས་སྟོབས་ཇི་ལྟ་བ་བཞིན་དུ་བསྐུ་བྱུག་བྱས་ལ། ཉི་མ་ལ་ཇི་སྲིད་བཟོད་ཀྱི་བར་དུ་གཞག་པར་བྱའོ། །སྦྱོར་བ་དེ་དག་ཞག་གསུམ་གྱི་བར་དུ་བསྟེན་ལ། སྐོམ་དད་སྐྱེས་པར་གྱུར་ན་ཐུག་པ་བླུད་དོ། །དེ་ལྟར་ཉི་མ་ལ་ཞག་གསུམ་བཞག་པས་ཆུ་སྐྱེས་
བལ་ནི་ཚེར་མས་བརྟོལ་ལ་གཟག་པར་བྱའོ། །དེ་ནས་སོ་མ་ར་ཛ་དང༌། ཨ་ས་ན་དང༌། པྲི་ཡང་ཀུ་དང༌། ཤུ་ཏི་དང༌། འདི་རྣམས་ཆོ་ག་བཞིན་དུ་ནང་རེ་ནང་རེ་བཞིན་ཟླ་བ་ཕྱེད་ཀྱི་བར་དུ་གཏང་ངོ༌། །ཡང་ན་རྒྱ་སྐྱེགས་ཤིང་གི་བུ་བ་དང༌། ཧྭགས་དང་སྦྱར་བའི་ཆུ་གོང་མ་ལྟར་ཉམས་སྟོབས་དང་སྦྱར་ཏེ་གཏོང་ངོ༌། །ཤིང་ཕལ་གུ་དང༌། སྐྱུ་རུ་རའི་ཤིང་དང༌། དུག་མོ་ཡུངས་ཀྱི་ཤིང་གི་ཤུན་པ་བཏགས་པ་སོ་མ་ར་ཛའི་ཁུ་བའི་ནང་དུ་བཏབ་པ་འཐུངས་པ་དང༌། ལུས་དྲོ་བར་འགྱུར་ཏེ་ཆུ་བུར་བྱུང་ན་ཚ་བ་མེད་པའི་ཟས་དར་བ་དང་ལྷན་ཅིག་བཟའོ། །ཡང་ན་བ་གཅིན་གྱི་ནང་དུ་ཙི་ཏྲ་ཀ་དང༌། ཚ་བ་གསུམ་གྱི་ཕྱེ་མ་དང༌། སྦྲང་རྩི་དང་སྦྱར་བ་སྣོད་སྣུམ་ཅན་གྱི་ནང་དུ་བཅུག་པ་ཟླ་བ་ཕྱེད་ཀྱི་བར་དུ་བཞག་ལ་དེ་ལས་རན་པར་བཏུང་ངོ༌། །གཞན་ཡང་བཏུང་བ་ལ་སོགས་པའི་བྱ་བ་ཐམས་ཅད་མཛེ་ནད་ཀྱི་ཆོ་ག་ལྟར་བྱའོ། །ཡང་ན་བྲིང་གར་ཛ་ཏིལ་མར་དང་བརྔོས་ཏེ། ལྕགས་སྣོད་ཀྱི་ནང་དུ་བཅུག་པ་བཟའ་ཞིང་ཨ་ས་ནའི་ས་བོན་འོ་མ་དང་བསྐོལ་བ་འཐུངས་ན་ཤ་བཀྲ་འཇོམས་སོ། །ཡང་ན་པུ་ཏི་ཀ་རཉྫ་དང༌། དོང་ག་དང༌། ཨརྐ་དང༌། ཤྲི་ཁཎྜའི་ཤིང་དང༌། ཛཱ་ཏི་དང༌། དེ་རྣམས་ཀྱི་ཤུན་པ་བཏགས་པ་བ་གཅིན་དང་སྦྱར་བའི་ལྡེ་གུས་བསྐུས་ན། ཤ་བཀྲ་དང༌། གཞང་འབྲུམ་དང༌། ཤུ་བ་དང༌། གཡན་པ་དང༌། འབྲུམ་བུ་དང༌། རྨ་འགྲམས་པ་རྣམས་འཇོམས་སོ། །ཡང་ན་ཙི་ཏྲ་ཀ་དང༌། གླང་པོ་ཆེའི་པགས་པ་བསྲེགས་པའི་ཐལ་བ་ཏིལ་མར་དང་སྦྱར་བས་བསྐུས་ན་ཡང་ཤ་བཀྲ་སེལ་བའི་མཆོག་ཡིན་ནོ། །ཡང་ན་སྤུར་བ་ནག་པོའི་ཤ་དང་དོང་གའི་ལོ་མ་དང་ལྡེ་གུར་བྱས་ཏེ་བསྐུས་ན། དེ་གཅིག་པུས་ཀྱང་ཤ་བཀྲ་འཇིག་པར་བྱེད་དོ། །ཆུ་བུར་ཕྱིར་དབྱུང་བའི་ཕྱིར་བ་གཅིན་དང་ནུབ་གཅིག་སྤངས་ཏེ། གྲིབ་མ་ལ་སྐམས་པ་དེ་བཞིན་དུ་ལན་གསུམ་བྱས་ལ། དེའི་འོག་ཏུ་ཞིབ་ཏུ་བཏགས་ཏེ་ཤྲི་ཁཎྜའི་འོ་མ་དང་སྦྱར་བས་བསྐུས་ན་ཤ་བཀྲ་འཇོམས་སོ། །སྦྲུལ་ནག་པོའི་ཤ་རྫེའུ་ཁ་སྦྱར་གྱི་ནང་དུ་དུད་པ་མ་ཤོར་བར་བསྲེགས་ཏེ། སྣག་ཆེ་འདྲ་བར་སོང་བའི་ཐལ་བ་བ་རུ་རའི་མར་དང་སྦྱར་བས་བསྐུས་ན་ཡང་
ཤ་བཀྲ་འཇོམས་སོ། །དེ་བཞིན་དུ་རྨ་བྱའི་མཁྲིས་པ་ཉི་ཚེ་འམ། ཡང་ན་བ་ལ་ཀ་བསྲེགས་པའི་ཐལ་བ་རྨ་བྱའི་མཁྲིས་པ་དང་བསྲེས་པས་བསྐུས་ན་ཤ་བཀྲ་སེལ་ཏོ། །སོམ་ར་ཛ་སྲང་བཞི་དང༌། བ་ལ་སྲང་གཅིག་བཏགས་བ་བ་གཅིན་དང་སྦྱར་བས་བསྐུས་ན་ཡང་ཤ་བཀྲའི་མདོག་བསྒྱུར་ཅིང་པགས་པའི་མདོག་ཐ་མལ་པར་སྐྱེད་པའི་མཆོག་ཡིན་ནོ། །གླང་པོ་ཆེའི་རྟུག་པ་ལེགས་པར་བསྲེགས་ཏེ་ཐལ་བར་གྱུར་པ་དང༌། གླང་པོ་ཆེའི་གཅིན་དང་བསྐྱོས་ཏེ་བཙགས་པ་སྲང་བརྒྱ་རྩ་བཅུ་གཉིས་དང༌། དེའི་བཅུ་ཆ་གཅིག་གི་སོ་མ་ར་ཛའི་ཕྱེ་མ་བཏབ་སྟེ་བསྐོལ་ལ་སྐ་བར་གྱུར་བ་དང༌། ཤ་བཀྲའི་པགས་པའི་ཕྱི་རོལ་བཞར་བའི་སྟེང་དུ་བསྐུས་ན་ཤ་བཀྲ་འཇོམས་སོ། །མདོར་ན་མཛེ་དང་པགས་པའི་མདོག་ནག་པོ་སྣག་ཚ་འདྲ་བ་དང༌། ཐིག་ལེ་ལྟ་བུར་ཆགས་པ་དང་རྨའི་ཤ་རྙིང་པ་ཕྱིར་འབུར་བ་དང༌། དེ་རྣམས་ལ་ཐོག་མར་བཞར་ལ་དེའི་འོག་ཏུ་བསྐུ་བྱུག་བྱས་ན། ཤ་བཀྲ་ལ་སོགས་པ་འཇོམས་སོ། །གོ་བྱེ་དང༌། ཙི་ཏྲ་ཀ་དང༌། ཤིང་སུ་དྷཱ་ཀྵི་ར་དང༌། ཨརྐའི་རྩ་བ་དང༌། འོལ་མ་སེ་དང༌། ཚ་བ་གསུམ་དང༌། དུང་དང༌། སྤངས་མ་དང༌། རུ་རྟ་དང༌། ལན་ཚྭ་རྣམ་ལྔ་དང༌། ཐལ་བ་རྣམ་གཉིས་དང༌། ལང་ག་ལི་དང༌། འདི་རྣམས་བཏགས་པའི་ཕྱེ་མ་སུ་དྷཱ་ཀྵི་ར་དང༌། ཨ་རྒའི་འོ་མ་དང་བསྐོལ་ཏེ། སྐ་བར་གྱུར་པ་དང༌། ལྕགས་སྣོད་ཀྱི་ནང་དུ་བཅུག་སྟེ། དེ་ལས་ཐུར་མས་བསྐུས་ན་མཛེ་དང༌། ཤ་བཀྲ་དང༌། སྨེ་བ་དང༌། པགས་པའི་མདོག་སྣག་ཚ་འདྲ་བར་གྱུར་པ་དང༌། གཞང་འབྲུམ་དང༌། པགས་པའི་ཤ་མཛེར་དང་དེ་རྣམས་འཇོམས་པར་བྱེད་དོ། །མདོར་ན་ཤ་བཀྲ་ཡོད་པའི་ནད་པ་ལ་ནི་སློན་ཁྲུས་ཀྱིས་ལུས་དག་པར་བྱ་བ་དང༌། གཏར་གས་ཁྲག་དབྱུང་བ་དང༌། ཁ་བ་དང༌། བསྐ་བའི་ཟས་ཀྱིས་ལུས་རྩུབ་པར་བྱ་བ་དང༌། ཕྱེའི་ཟས་རྣམས་བསྟེན་ཏོ། །གལ་ཏེ་དེ་དག་སྡིག་པ་ཟད་པ་ལྟ་ན་སོས་པ་སྲིད་ཀྱི་དེ་ལྟ་མ་ཡིན་ན་ནི་གསོ་དཀའོ། །དེ་ནས་སྲིན་བུ་གསོ་བ་བཤད་དེ། །དེ་ལ་ཁོང་པའི་སྲིན་བུ་བད་ཀན་ལས་གྱུར་པ་ལ་ནི་ཐོག་མར་སྣུམ་ཆོས་དང་དུགས་བྱས་ལ། བུ་རམ་དང་འོ་
མ་དང་སྦྱར་བ་བཏུང་བ་འམ། ཡང་ན་ཉ་ཤལ་སོགས་པ་བཟའ་སྟེ། ནུབ་མོ་བདེ་བར་བསྙལ་ལ་སྲིན་བུ་ཀུན་རང་གི་གནས་ལས་བྱུང་ནས། ཟས་མངར་བག་ཅན་ལ་འདུ་བར་འགྱུར་རོ། །དེའི་འོག་ཏུ་བྱེའུ་རུག་པའི་སྡེ་ཚན་བ་གཅིན་དང་ཆུ་དང་བསྐོལ་ལ་དེའི་ནང་དུ་པི་པི་ལིང་དང༌། པོ་སོན་ཆ་དང༌། བྱི་དང་ག་དང༌། སྭ་རྩི་ཀའི་ཐལ་བ་དང༌། འདི་རྣམས་ཕྱེ་མར་བྱས་ལ་ཏིལ་མར་དང་སྦྱར་ནས་བཀྲུ་སྨན་དྲག་པོ་མས་གཏོང་བར་བྱའོ། །དེ་ལྟར་ནི་རུ་ཧ་མས་གཏོང་བའི་རྗེས་ལ་བཀྲུ་སྨན་གཏང་བར་བྱ་སྟེ། ཏྲི་བི་ཏ་དང༌། པོ་སོན་ཆ་དང༌། པི་པི་ལིང་དང༌། འདི་གསུམ་གྱི་ཕྱེ་མ་བྱེའུ་རུག་པའི་སྡེ་ཚན་བསྐོལ་བའི་ནང་དུ་བཏབ་ལ་བླུད་དོ། །ཁོང་པའི་ནང་དག་པར་བྱའོ། །དེ་ལྟར་སློན་ཁྲུས་བྱས་པའི་རྗེས་ལ་ཚ་བ་ལྡས་བཏབ་པའི་འབྲས་ཐུག་སྦྱིན་པར་བྱའོ། །དེ་ནས་སྨན་ཚ་བ་དང་ཁ་བ་བསྐོལ་བའི་ཆུས་ལུས་ལ་བླུགས་པར་བྱའོ། །སློན་ཁྲུས་ཀྱིས་ལུས་དག་པར་བྱས་ནས། བྱི་དང་ཀའི་མར་གྱི་འཇམ་རྩི་མས་གཏོང་བར་བྱའོ། །མགོ་བོའི་སྲིན་བུ་ལ་ནི་མགོ་ཁྲུས་ཀྱི་སྨན་དུ་བཤད་པ་གཏང་བར་བྱའོ། །བཟའ་བ་ནི་ཤིན་ཏུ་ཚ་བ་དང༌། ཁ་བ་དང་སྣུམ་ཅུང་ཟད་དང་བཅས་པ་སྦྱིན་ནོ། །དེ་ནས་དར་བ་ལས་གཞི་བླངས་པའི་ཐུག་པའི་སྟེང་དུ། བྱི་དང་ག་དང༌། པི་པི་ལིང་དང༌། ན་ལེ་ཤམ་དང༌། པི་པི་ལིང་གི་རྩ་བ་དང༌། ན་ལེ་ཤམ་དཀར་པོ་དང༌། སྭ་རྩི་ཀའི་ཐལ་བ་རྣམས་ཀྱི་ཕྱེ་མས་བཏབ་པ་བླུད་པར་བྱའོ། །ཡང་ན་ཤྲི་ཤ་ཀ་དང༌། གི་རི་ཀརྞི་དང༌། པ་རི་བྲ་ཏ་ཀ་དང༌། ཀ་བྷུ་ཀ་དང༌། པ་ལ་ཤའི་ས་བོན་དང༌། མན་དུ་ར་དང༌། པུ་ཏི་ཀ་དང༌། འདི་རྣམས་གང་ཡང་རུང་བ་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་དང་སྦྱར་བ་བླུད་དོ། །ཡང་ན་བྱེའུ་རུག་པའི་སྡེ་ཚན་ལས་སྨན་གང་ཡང་རུང་བ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བལྡག་པར་བྱའོ། །ཡང་ན་བྱེའུ་རུག་པའི་སྡེ་ཚན་དང༌། ཏྲི་བི་ཙའི་ཕྱེ་མ་དང་བྱི་དང་ག་དང་ཆུ་དང་བསྐོལ་བའི་ནང་དུ་བཏབ་པ་བླུད་དོ། །སྲིན་བུ་ཅན་ལ་གོང་གི་སྡེ་ཚན་གྱི་སྨན་དང༌། ཏྲི་བི་ཙའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་བལྡག་ས་པ་འམ། ཡང་ན་འབྲས་བུ་གསུམ་གྱི་ཁུ་བའི་ནང་དུ་བྱེའུ་རུག་པའི་སྡེ་ཚན་དང༌། ཏྲི་བི་ཏ་བཏགས་པའི་ཕྱེ་མས་
བཏབ་བ་བླུད་དོ། །མགོ་བོའི་སྲིན་བུ་ལ་ནི་རྟ་རྟུག་བཙིར་བའི་ཁུ་བ་དང༌། བྱིའུ་རུག་པའི་སྡེ་ཚན་ལས་སྨན་གང་ཡང་རུང་བ་དང༌། ཏྲི་བི་ཏའི་ཕྱེ་མས་བཏབ་པའི་ལྡེ་གུས་བསྐུ་བར་བྱའོ། །གཞན་ཡང་སྲིན་བུའི་ནད་ཀུན་ལ་དྲ་བན་ཏིའི་གེ་སར་ལེགས་པར་བཏགས་ལ་བག་ཕྱེ་དང་བསྲེས་ལ་བཙོས་པའི་སྣུམ་ཁུར་བཟའ་བར་བྱའོ། །དེ་ནས་འབྲས་ཀྱི་སྐྱུར་པོ་འམ་ཚ་བླུད་དོ། །ཡང་ན་ཆ་བ་ལྔ་དང༌། ལན་ཚྭ་བཏབ་པའི་དར་བ་ཡང་སླ་ཙམ་སྦྱིན་ནོ། །ཡང་ན་སྨན་ཨ་པ་མརྒ་དང༌། ནི་རྒུན་ཐིའི་ལོ་མ་བཏགས་ལ་བག་ཕྱེ་དང་བསྲེས་ལ་བཙོས་པའི་སྣུམ་ཁུར་བཟའ་བར་བྱའོ། །བཏུང་བ་ནི་གོང་མ་དང་འདྲ། ཡང་ན་བྱི་དང་གའི་ཕྱེ་མ་དང༌། བག་ཕྱེ་བསྲེས་པའི་སྣུམ་ཁུར་བཟའོ། །ཡང་ན་བྱི་དང་ག་ཤུན་བ་བོར་བའི་ནང་གི་འབྲུ་བཏགས་ལ། བ་ལ་ཏ་གའི་མར་དང་ཆ་སྙོམས་ཏེ་བསྲེས་ལ་ཕྱེད་ནི་ཁ་ནས་བཏུང༌། ཕྱེད་འཇམ་རྩི་ཐབས་སུ་མས་བཏང་ལ་ཉི་མ་ཚ་བ་ལ་འདེར་གཞུག་གོ །ཡང་ན་ས་ར་ལ་དང༌། ཐང་ཤིང་གི་མར་ཆ་སྙོམས་ལ་བསྲེས་ཏེ། གོང་མའི་ཆོ་ག་བཞིན་བྱའོ། །བཤང་བའམ་མི་གཙང་བའི་ནང་དུ་སྐྱེས་པའི་སྲིན་བུ་ལ་ནི་ཁྲུས་དང་འཇམ་རྩི་བཏང་བ་ལས་འདའ་བ་མེད་དོ། །ངེས་པར་གཏང་བར་བྱའོ། །བད་ཀན་ལས་གྱུར་པའི་སྲིན་བུ་ལ་ནི་མགོ་བཀྲུ་བའི་སྨན་དང༌། སློན་དང༌། ཁོང་དུ་ཞི་བའི་སྨན་གཏང་ངོ༌། །ཁྲག་ལས་གྱུར་པའི་སྲིན་བུ་ལ་ནི་མཛེ་ནད་གསོ་བའི་ཆོ་ག་ལྟར་བྱའོ། །ཁྲག་ལས་གྱུར་པའི་སྲིན་བུ་དང༌། སྐྲ་རྩ་ཟ་བར་བྱེད་པའི་སྲིན་བུ་ནི། ཨིན་དྲ་ལུབ་ཏ་ཞེས་བྱ་བ་མགོ་གསོ་བའི་ཆོ་ག་འོག་ནས་འབྱུང་བ་བཞིན་གསོའོ། །རྣག་ལས་སྐྱེས་པའི་སྲིན་བུ་ལ་ནི་རྨ་འགྲམས་པའི་དཔྱད་འོག་ནས་འབྱུང་བ་བཞིན་བྱའོ། །སྲིན་བུ་ཡོད་པ་རྣམས་ཀྱིས་ཁ་ཟས་འདི་དག་སྤང་བར་བྱ་སྟེ། འོ་མ་དང༌། ཤ་དང༌། མར་དང༌། བུ་རམ་དང༌། ཞོ་དང༌། སྔོ་རྔད་ཀྱི་ཚོད་མ་དང་འདི་རྣམས་མི་བཟའ་སྟེ། མདོར་ན་མངར་བ་དང༌། སྐྱུར་བ་རྣམས་སྤང་བར་བྱའོ། །གསོ་བའི་གནས་ལས་ཤ་བཀྲ་དང་སྲིན་བུའི་ནད་གསོ་བའི་ལེའུ་ཉི་ཤུ་པ་རྫོགས་སོ།། །།དེ་ནས་རླུང་ནད་གསོ་
བའི་ལེའུ་བཤད་པར་བྱའོ། །དེ་ལ་རླུང་རླུང་ནད་འབའ་ཞིག་བད་ཀན་དང༌། མཁྲིས་པ་མ་འདྲེས་པ་ལ་ནི་ཚིལ་དང༌། མར་དང༌། རྐང་དང་ཏིལ་མར་ཏེ་བཞི་པོ་དེ་དག་ལས་བཏུང་བ་ལ་སོགས་པའི་སྣུམ་ཆོས་སྦྱར་རོ། །དེ་ནས་རླུང་ནད་ཅན་གྱི་ནད་པ་དེ་ཁོང་སྣུམ་གྱིས་ཞེན་པར་གྱུར་ནས་བར་དེར་ངལ་བསོས་ལ་དེའི་འོག་ཏུ་སྣུམ་ཆེན་པོ་བཞི་འོ་མ་དང་ལྷན་ཅིག་ཏུ་སྦྱར་ཏེ་སྣུམ་ཆོས་སུ་བྱ་བ་དང༌། དེ་བཞིན་དུ་གྲོང་དང༌། ཐང་དང༌། ཆུ་ལ་གནས་པའི་སྲོག་ཆགས་ཀྱི་ཤ་ཁུ་གང་ཡང་རུང་བ་སྣུམ་ཆེན་པོ་བཞི་དང་སྦྱར་བ་བཏང་བ་དང༌། གཞན་ཡང་འབྲས་ཀྱི་འོ་ཐུག་དང༌། ཀྲི་ས་ར་སྐྱུར་དང༌། ལན་ཚྭ་དང་ལྡན་བར་བཏུང་ཞིང་དེའི་འོག་ཏུ་སྣུམ་དང་ལྡན་པའི་འཇམ་རྩི་མས་གཏོང་ངོ༌། །སྣ་སྨན་དང་སྐྱོ་མ་དང༌། ཁ་ཟས་རྣམས་ཀྱང་སྣུམ་དང་སྦྱར་བ་སྦྱིན་ནོ། །དེ་ལྟར་ཁོང་སྣུམ་གྱིས་ཞེན་པར་གྱུར་ན། སྣུམ་ཆེན་པོ་བཞི་བཏང་ཞིང་གདིང་བའི་དུགས་ལ་སོགས་པ་ཡན་ལག་བརྒྱད་པ་བསྡུས་པ་ལས་འབྱུང་བ་རྣམས་འདིར་སྦྱར་རོ། །རླུང་ནད་ཀྱིས་ལུས་ཡང་ཡང་པོར་གྱུར་པ་དང༌། རེངས་པ་དང༌། ནད་དང་བཅས་ཤིང་ཟུག་པ་ལ་ཡང་སྣུམ་དང་བཅས་པའི་དུགས་བྱས་ན་ཇི་ལྟར་འདོད་པ་བཞིན་དུ་ལུས་ཀྱི་བྱ་བ་ནུས་པར་འགྱུར་ཏེ། ཇི་ལྟར་ཤིང་སྐམ་པོ་ཡང་དུགས་དང་སྣུམ་ལ་སོགས་པའི་ཆོ་ག་བྱས་ན། ཅི་དགར་མདའ་ལ་སོགས་པ་བྱར་ཡོད་ན། ལུས་ཅན་རྣམས་ལ་སྨོས་ཀྱང་ཅི་དགོས། དེ་ལྟར་དུགས་བྱས་པའི་ཡོན་ཏན་ནི་བ་སྤུ་ལངས་པ་དང༌། ན་བ་དང༌། ཟུག་གཟེར་ཆེ་བ་དང༌། རྩོལ་བ་མང་བ་དང༌། ལུས་སྐེམ་པ་དང༌། རེངས་པ་ལ་སོགས་པ་མྱུར་དུ་ཞི་བར་འགྱུར་ཞིང་ལུས་ཀྱི་ཤ་མཉེན་པར་འགྱུར། རླུང་ན་བའི་ནད་པ་ལ་སྣུམ་ཆོས་སྦྱར་བའི་ཡོན་ཏན་ནི། དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་མྱུར་དུ་འཕེལ་ཞིང་ལུས་ཀྱི་ཉམས་སྟོབས་དང༌། མེའི་དྲོད་འཕེལ་ཞིང་འཚོ་བ་ཡང་ཡུན་རིང་དུ་གནས་པར་བྱེད་དོ། །དེ་ལྟར་རླུང་ནད་ཅན་གྱི་སྐྱེས་བུ་ལ་ལན་ཅིག་མ་ཡིན་པར་ཕོག་མང་དུ་སྣུམ་ཆོས་དང་དུགས་ཡང་དང་ཡང་བྱས་ན། ཁོང་སྣུམ་ཞིང་འཇམ་པར་འགྱུར་ཏེ། རླུང་ནད་གནས་པར་མི་འགྱུར་རོ། །གལ་ཏེ་
སྣུམ་ལ་སོགས་པ་གོང་མའི་སྦྱོར་བ་དེ་དག་གིས་མ་ཞི་ན་ནི་ངེས་པར་ནད་གཞན་དང་འདྲེས་པ་ཡིན་ཏེ། དེ་ནས་བཀྲུ་སྨན་འཇམ་པོ་སྣུམ་དང་བཅས་པ་བཏང་སྟེ། དེ་ཡང་སེང་ཕྲོམ་དང༌། ས་ཏ་ལ་གང་ཡང་རུང་བ་མར་དང་བསྐོལ་བ་བླུད་པ་འམ། ཡང་ན་ཨེ་རཎྜའི་མར་འོ་མ་དང་བསྐོལ་བ་བླུད་ན། ནད་འཕྲོག་ཅིང་ཞི་བར་འགྱུར་རོ། །སྣུམ་པ་དང༌། སྐྱུར་བ་དང༌། གྲོ་བ་དང༌། ལན་ཚྭ་ལ་སོགས་པས་དྲི་མ་སོགས་ཤིང་རྩ་རྒྱུན་འགགས་ཏེ་རླུང་ཚུལ་བཞིན་མི་འབྱུང་བ་ལ་ནི་བཀྲུ་སྨན་བཏང་ན། རླུང་ལུགས་བཞིན་དུ་འབྱུང་ངོ༌། །སྐྱེས་བུ་རླུང་ནད་ཅན་ཉམས་སྟོབས་ཆུང་ཞིང་བཀྲུ་སྨན་བཏང་བར་མ་འོས་པ་ལ་ནི་དྲོད་སྐྱེད་པ་དང༌། སྨིན་པའི་ཟས་དང་བཅས་པའི་ནི་རུ་ཧ་མས་གཏོང་བའམ། ཡང་ན་དྲོད་སྐྱེད་པ་དང༌། སྨིན་པའི་སྨན་དང༌། ཟས་ལྷན་ཅིག་གཏང་ངོ༌། །དེ་ལྟར་སློན་ཁྲུས་བྱས་པའི་འོག་ཏུ་མེ་དྲོད་ཚབས་ཆེར་སྐྱེས་པར་གྱུར་པ་ལ་ཡང་སྣུམ་ཆོས་དང་དུགས་བྱའོ། །སྐྱུག་སྨན་བྱས་པའི་འོག་ཏུ་ཐུག་པ་ལ་སོགས་པའི་རིམ་པ་མ་བྱས་པར་ཁ་ཟས་རན་བར་ཟོས་པས་ཕོ་བའི་ནང་དུ་རླུང་ཞུགས་པ་ལ་ནི་མཛེ་ནད་ཀྱི་སྐབས་སུ་བཤད་པའི་སྨན་དྲུག་པའི་ཕྱེ་མ་འམ། ཡང་ན་ཤུ་དག་གི་སྡེ་ཚན་གྱི་ཕྱེ་མ་གང་ཡང་རུང་བ་ཆུ་དྲོ་འཇམ་ཙམ་དང་སྦྱར་བ་བླུད་དོ། །བྱུག་པ་ལ་སོགས་པའི་རིམ་པ་བྱས་པས་མེ་དྲོད་ཤས་ཆེར་སྐྱེས་པ་ལ་ནི་རླུང་ནད་ཉི་ཚེའི་ཆོ་ག་བཞིན་བྱའོ། །ལྟེ་བའི་ཕྱོགས་སུ་རླུང་ཞུགས་པ་ལ་ནི་བིལ་བ་གཞོན་ནུ་དང༌། ཉ་ཤ་གཡོས་སུ་བྱས་པ་བྱིན་ནོ། །ལྟེ་བའི་འོག་ཏུ་ཞུ་བའི་གནས་སུ་རླུང་ཞུགས་པ་ལ་ནི། འཇམ་རྩིའི་ལས་བྱས་ན་རབ་ཏུ་བསྔགས་སོ། །ཡང་ན་དང་པོ་མར་རམ་ཏིལ་མར་འཐུངས་ལ། དེའི་འོག་ཏུ་ཟས་ཟོས་ན་ཕན་ནོ། །ཁོང་པའི་ནང་དུ་རླུང་ཞུགས་པ་ལ་ནི་ཐལ་སྨན་དང་ཕྱེ་མ་ལ་སོགས་པ་དྲོད་སྐྱེད་ཅིང་སྨིན་པར་བྱེད་པའི་སྨན་བསྟེན་ན་ཕན་ནོ། །སྙིང་གི་ནང་དུ་རླུང་ཞུགས་པ་ལ་ནི་ས་ལ་པརྞི་འོ་མ་དང་སྦྱར་བ་བླུད་དོ། །མགོ་བོའི་ནང་དུ་རླུང་ཞུགས་པ་ལ་ནི་སྣ་ནས་སྨན་མར་གཏང་ངོ༌། །དེ་བཞིན་དུ་སྣུམ་དང་བཅས་པའི་སྣ་སྨན་དང༌། དུད་པ་བརྔུབ་པ་ལ་
སོགས་པ་བྱའོ། །རྣབ་ལ་སོགས་པ་གཞན་རྣམས་ལ་རླུང་ཞུགས་ན་ཡང་སོ་སོ་དང་མཐུན་པའི་སྨན་སྦྱར་ན་ཕན་ནོ། །རླུང་ནད་པགས་པ་ལ་བརྟེན་བ་ལ་ནི་དུགས་དང་བསྐུ་བྱུག་དང་རླུང་མེད་པའི་གནས་སུ་འདུག་པ་དང༌། ཟས་ཡི་གར་འོང་བ་བསྟེན་ན་ཕན་ནོ། །རླུང་ནད་ཁྲག་ལ་གནས་པ་ལ་ནི་བསིལ་བའི་བྱུག་པས་བྱུགས་པ་དང༌། བཀྲུ་སྨན་དང་ཁྲག་དབྱུང་བ་རྣམས་བྱས་ན་ཕན་ནོ། །རླུང་ཤ་དང་ཚིལ་ལ་བརྟེན་པ་ལ་ནི་བཀྲུ་སྨན་བྱས་ན་ཕན་ཏེ། དེ་བཞིན་དུ་ནི་རུ་ཧ་དང་ཞི་བའི་སྨན་རྣམས་བྱས་ན་ཕན་ནོ། །རླུང་རུས་པ་དང་རྐང་ལ་གནས་པ་ལ་ནི་ཕྱི་ནང་གཉིས་ཀ་ལ་སྣུམ་ཆོས་བྱས་ན་རྒྱལ་བར་བྱེད་དོ། །རླུང་ཁུ་ཆུ་ལ་གནས་པ་ལ་ནི་སེམས་དགའ་བར་བྱ་བ་དང༌། ཉམས་སྟོབས་སྐྱེད་ཅིང་ཁུ་ཆུ་འཕེལ་བར་བྱ་བའི་ཟས་བསྟེན་ན་ཕན་ནོ། །རླུང་གིས་ཁུ་ཆུ་འགགས་ཏེ་འབྱུང་དུ་མི་སྟེར་བ་ལྟ་ན་ནི་བཀྲུ་སྨན་བྱིན་ན་ཕན་ནོ། །དེའི་འོག་ཏུ་བཟའ་བ་ལ་སོགས་པའི་རིམ་པ་གོང་དུ་སྨོས་པ་ལྟར་བྱས་ན་ཕན་ནོ། །རླུང་ཁུ་ཆུ་ལ་གནས་པར་གྱུར་ན། བུ་ཚ་ཡང་ཤ་སྐེམ་པར་འགྱུར་རོ། །དེ་ཤ་སྐེམ་པའི་བུ་ལ་ནི་ཁ་ར་དཀར་པོ་དང༌། ཏང་པལ་དང༌། ཤིང་མངར་རྣམས་འོ་མ་དང་སྦྱར་བ་བླུད་ན་ཤ་སྐྱེ་བར་འགྱུར་རོ། །རླུང་རྒྱུས་པ་དང་ཚིགས་དང་རྩ་རྣམས་སུ་ཞུགས་པ་ལ་ནི་སྣུམ་པ་དང་ཚ་བའི་སྨན་བསྟེན་པ་དང༌། ཆུ་ལུམས་ཀྱི་དུགས་བྱའོ། །རླུང་གིས་ཡན་ལག་འཁུམས་པ་ལ་ནི་མོན་སྲན་གྲེའུ་དང༌། རྒྱམ་ཚ་ཏིལ་མར་དང་སྦྱར་བས་བསྐུས་ན་ཕན་ནོ། །ཁྲག་ཕྱུང་བས་ལུས་སྐྱེས་ཏེ་ལུས་བེམ་བེམ་པོར་གྱུར་ཅིང་ཚོར་བ་མེད་པ་ལ་ནི། ཁྱིམ་གྱི་དུད་པ་དང༌། ལན་ཚྭ་དང༌། ཏིལ་མར་དང་སྦྱར་བས་བསྐུས་ན་ཕན་ནོ། །ཚོར་བ་དང་བཅས་པ་ཡིན་ན་ནི་ཆུ་ལུམས་ཀྱིས་དུགས་བྱའོ། །ཨ་བ་ཏ་ན་རང་དབང་ཅན་ཞེས་བྱ་བའི་རླུང་ནད་ཡོད་དེ། དེའི་མཚན་ཉིད་ནི་མིག་འགུལ་མི་ཤེས་བསྐྱོད་མི་ནུས་ཤིང་འདོད་པའི་རྩོལ་བ་མི་ཤེས་ལ་ཁུ་ཆུ་མི་འབྱུང་བ་རྣམས་ཡིན་ཏེ། དེ་ལ་ནི་མྱུར་དུ་གསོ་བར་བྱ་སྟེ། ཐོག་མར་དུགས་དང་སྣུམ་ཆོས་བྱས་ལ། དེའི་འོག་ཏུ་མགོ་ཁྲུས་ཀྱི་སྣ་སྨན་རྣོན་པོ་གཏང་ངོ༌། །
དེ་ནས་བི་ད་རིའི་སྡེ་ཚན་བསྐོལ་བ་དང༌། ཞོ་དང་འོ་མ་དང་ཤ་ཁུ་དང་མར་ཆ་སྙོམས་ཏེ་བསྐོལ་ལ་མར་ལུས་ཏེ་འདུག་པ་བླུད་དོ། །དེ་ནས་ཐུག་པ་རྐྱང་རྐྱང་པོ་ལ་སོགས་པ་རིམ་གྱིས་བྱིན་ན། རླུང་གིས་ཁྱབ་པར་འགྱུར་ཏེ། དེ་མ་ཐག་ཕན་ནོ། །རྒྱ་སྲན་དང་ནས་དང༌། རྒྱ་ཤུག་དང༌། རླུང་འཇོམས་པའི་སྨན་ཐང་ཤིང་གི་སྡེ་ཚན་ལ་སོགས་པ་དང་སྐོམ་གཤེར་གཉི་ག་ན་གནས་པའི་ཤ་དང་ལྷན་ཅིག་བསྐོལ་ཏེ་བཞི་ཆ་ལུས་པའི་ནང་དུ་རང་སྐྱུར་དང༌། འོ་མ་དང་མངར་བའི་སྡེ་ཚན་གྱི་ཕྱེ་མ་དང༌། སྣུམ་ཆེན་པོ་བཞི་བཅུག་སྟེ་བསྐོལ་ལ་སྣུམ་ལུས་པ་དང༌། དེ་ལས་བླུགས་པ་དང༌། བསྐུ་བྱུག་དང་ལུས་གཞུག་པ་དང་བཟའ་བ་དང་བཏུང་བ་དང༌། སྣར་བླུགས་པ་དང་འཇམ་རྩི་ལ་སོགས་པ་བྱས་ན། རླུང་ནད་འཇོམས་པར་བྱེད་དོ། །དེ་དག་ལ་སོགས་པ་སྣུམ་ཆོས་དང་དུགས་ཀྱི་ཆོ་གའི་ནང་ནས་འབྱུང་བའི་རླུང་ལ་ཕན་པ་རྣམས་འདིར་སྦྱར་རོ། །དེ་ལ་ཨ་པ་ཏ་ན་ཀ་ཞེས་བྱ་བ་རླུང་ནད་ཀྱིས་ཉམ་ཐག་པའི་སྐྱེས་བུ་ལ་ནི་མགོ་ཁྲུས་ཀྱི་སྣ་སྨན་ལན་མང་དུ་ཡང་དང་ཡང་དུ་བྱ་སྟེ། དེ་ཡང་བད་ཀན་སེལ་ཅིང་རྣོ་བའི་སྨན་གྱིས་སྤུ་གུ་ནས་འབུད་པ་འམ་ཡང་ན་སྨན་གྱི་ཕུར་མ་སྣ་སྒོ་ནས་བཙིར་ཞིང་བླུགས་ན། རླུང་ལེགས་པར་སྦུབས་སུ་རྒྱུ་ཞིང་དེ་བཞིན་དུ་འདུ་ཤེས་རྙེད་པར་འགྱུར་རོ། །ཁ་རུ་ཚ་དང༌། ཨ་རུ་ར་དང༌། ཚ་བ་གསུམ་མར་དང་བསྐོལ་ཏེ་བྱིན་ན་རླུང་ཤས་ཆེ་བ་ལ་ཕན་ནོ། །ཡང་སེང་ཕྲོམ་དང༌། འབྲས་བུ་གསུམ་སྲང་བརྒྱད་དང༌། རྩ་བ་ཆེན་པོ་ལྔ་སྲང་སུམ་ཅུ་རྩ་གཉིས་དང༌། ཨེ་རཎྜ་དང༌། བྲི་ཧ་ཏི་དང༌། དུར་བྱིད་སྲང་རེ་རེ་དང༌། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་བསྐོལ་ཏེ། བཞི་ཆ་ལུས་པའི་ནང་དུ་ཞོ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། བིལ་བ་སྲང་གསུམ་དང་མར་སྲང་སུམ་ཅུ་རྩ་གཉིས་དང་ཡང་བསྐོལ་ཏེ། མར་འབའ་ཞིག་ལུས་པ་ལས་རན་པར་བསྟེན་ན། རླུང་ནད་མ་རུངས་པ་དང༌། ཡན་ལག་ཐམས་ཅད་ལ་གནས་པ་དང༌། མོ་མཚན་གྱི་ནད་དང༌། རྒྱུ་རླུགས་ཀྱི་ནད་དང་སྐྲན་དང༌། དམུ་རྫིང་རྣམས་སེལ་བར་བྱེད་དོ། །གོང་དུ་སེང་ཕྲོམ་གྱི་ཆོ་ག་ཇི་ལྟ་བ་བཞིན་དུ་རམ་མྱ་ཀ་དང༌། ཨ་ཤོ་ཀ་ཡང་བཀྲུ་སྨན་
གྱི་དོན་དུ་འདིར་སྦྱར་རོ། །གསོ་བ་དེ་དག་ནི་རླུང་ནད་ཨ་བ་ཏ་ན་ཀ་གཞན་དབང་ཅན་ཉི་ཚེ་ལ་སྦྱོར་བ་ཡིན་ནོ། །ཨ་པ་ཏ་ན་ཀ་ཞེས་བྱ་བའི་རླུང་ནད་བད་ཀན་དང་མ་ཞུ་བ་དང་མཁྲིས་པ་དང་འདྲེས་པ་ཡིན་ན་ཡང་གསོ་བ་དེ་ལྟར་བྱ་སྟེ། དེ་ཡང་རླུང་དེ་བད་ཀན་དང་བཅས་ཤིང་སྙིང་དང་རྩི་བ་ལོགས་ན་བར་གྱུར་པ་ལ་ནི་གཡེར་མ་དང༌། ཨ་རུ་ར་དང༌། ཤིང་ཀུན་དང༌། མ་ནུ་དང༌། ལན་ཚྭ་རྣམ་གསུམ་བཏགས་པའི་ཕྱེ་མ་ནས་བསྐོལ་བའི་ཁུ་བ་དང་སྦྱར་བ་བཏུང་བ་འམ། ཡང་ན་ཤིང་ཀུན་དང༌། བཅའ་སྒ་དང༌། ཁ་རུ་ཚ་དང༌། སེའུ་འབྲུ་དང༌། སྟར་བུ་དང༌། འདི་རྣམས་ཀྱི་ཕྱེ་མ་ནས་དང་བསྐོལ་བའི་ཁུ་བ་དང་སྦྱར་བ་འཐུངས་ན་ཕན་ནོ། །བད་ཀན་དང་རླུང་འཇོམས་བའི་གསོ་བ་སྙིང་ནད་ཀྱི་སྐབས་སུ་བཤད་པ་འདིར་སྦྱར་ན་རབ་ཏུ་བསྔགས་སོ། །ད་རྒན་ཞེས་བྱ་བའི་རླུང་ནད་ལུས་ནང་དུ་གུག་པ་དང༌། ཕྱིར་དགྱེ་བ་རྣམ་པ་གཉིས་ཡོད་དེ། དེ་ལ་ནི་ཀླད་པ་གཞོགས་ཕྱེད་ན་བའི་གསོ་བ་ཇི་ལྟ་བ་བཞིན་དུ་བྱ་སྟེ། དེ་བཞིན་དུ་ཤིང་སྒྲོམ་བུ་རམ་གྱིས་བཀང་སྟེ་ལུས་བཅིང་བར་བྱའོ། །ད་རྒན་གྱི་རླུང་ནད་ནང་དུ་ཞུགས་པ་ནི་གསོ་དཀའོ། །གཞུ་ལྟར་རེངས་པའི་ད་རྒན་ཞེས་བྱ་བའི་རླུང་ནད་ཡོད་དོ་དེའི་མཚན་ཉིད་ནི་སོ་སོའི་མདོག་འགྱུར་ཞིང་གདོང་དང་ཡན་ལག་རྣམས་ཞིག་པ་དང༌། དྲན་པ་ཉམས་པ་དང༌། རྡུལ་རྟག་ཏུ་འབྱུང་བ་ཡིན་ཏེ། དེ་ནི་ཞག་བཅུ་ལས་མི་འཚོ་སྟེ། གཞན་དུ་ན་ཤུགས་ཞན་ཅིང་འཚོ་བ་ལྟ་ན་ཡང་ལུས་གཞུ་ལྟར་སྒུར་བ་དང༌། གླེན་པ་དང༌། འཐེང་བ་དང༌། ལག་པ་ཞ་བ་དང༌། གཞོགས་ཕྱེད་ན་བ་དང༌། འཕྱེ་བོ་དང༌། དབང་པོ་མ་ཚང་བ་ལ་སོགས་པ་རྣམས་སུ་འགྱུར་རོ། །འགྲམ་པ་རང་གི་གནས་ནས་ཉམས་པ་ཞེས་བྱ་བའི་རླུང་ནད་ཡོད་དེ། དེ་ལ་ནི་སྣུམ་ཆོས་དང་དུགས་བྱ་སྟེ། དེའི་འོག་ཏུ་སྣུམ་སྨན་པ་མཁས་པས་གཞུག་པར་བྱའོ། །ཀོ་སྐོ་ཕྱིར་འབྱུང་བ་འམ་ནང་དུ་ཞུགས་པར་གྱུར་ན་ཡང་དེ་ཚུལ་བཞིན་དུ་ཆུད་པར་གཞུག་གོ །རླུང་ནད་ཀྱིས་ལྕེ་ལྡིབས་ཏེ་སྨྲ་མི་ནུས་པ་ལ་ནི་རླུང་ནད་ཀྱི་གསོ་བ་བྱས་པ་བཞིན་དུ་བྱའོ། །རླུང་ནད་ཀླད་པ་གཞོགས་ཕྱེད་ན་བ་ལ་ནི་མགོ་ཏིལ་མར་གྱིས་བསྐུ་ཞིང་རྣ་བ་དང་མིག་བརྟ་བར་བྱའོ། །
ཀླད་པ་གཞོགས་ཕྱེད་སྐྲངས་པ་ཡིན་ན་ནི་སྐྱུག་སྨན་གཏང་ངོ༌། །ཚ་བ་ཆེ་ཞིང་དམར་ལ་ཉམས་སྟོབས་ཡོད་ན་ནི་གཏར་གས་ཁྲག་དབྱུང་ངོ༌། །རླུང་གཞོགས་ཕྱེད་ན་བ་ཞེས་བྱ་བའི་ནད་ཡོད་དེ། དེ་ལ་ནི་ཐོག་མར་སྣུམ་ཆོས་བྱ་སྟེ་སྣུམ་དང་ལྡན་པའི་བཀྲུ་སྨན་བྱའོ། །དཔུང་པ་འཇས་པ་ཞེས་བྱ་བའི་རླུང་ནད་ལ་ནི་སྣ་སྨན་བཏང་ཞིང་མ་ཞུ་བ་མེད་པ་ཡིན་ན་ཟས་ཀྱི་ཁོང་དུ་སྣུམ་བག་སྦྱིན་ནོ། །བརླ་རེངས་པར་བྱེད་པ་ཞེས་བྱ་བའི་རླུང་ནད་ལ་ནི། སྣུམ་ཆོས་དང༌། སློན་ཁྲུས་དང་ལུས་དག་པར་བྱ་བའི་ཆོ་ག་མི་ཕན་ཏེ། ཕལ་ཆེར་བད་ཀན་དང་ཚིལ་དང་མ་ཞུ་བ་ལས་གྱུར་པ་ཡིན་ཏེ། དེ་ལ་ནི་རྩུབ་པ་དང་ལྡན་པའི་ཆོ་གས་བད་ཀན་ཟད་པར་བྱ་སྟེ། དེ་ཡང་བཟའ་བ་ནི་ནས་དང༌། ཁྲེ་དང༌། ཁྲེ་རྒོད་རྣམས་བསྔགས་སོ། །ཚོད་མ་ནི་ལན་ཚྭ་དང་འབྲུ་མར་ཉུང་ཟད་དང་བཅས་པ་འམ། ཡང་ན་སྲོག་ཆགས་ཐང་ལས་སྐྱེས་བའི་ཤ་ཁུ་མར་དང་མི་ལྡན་པའི་ཚོད་མ་འང་མིའི་ཟས་དང་ལྷན་ཅིག་ཟོས་ན་རབ་ཏུ་བསྔགས་སོ། །རླུང་ནད་བརླ་རེངས་པ་ཞེས་བྱ་བ་ཕྱུག་པོའི་ནད་ལ་ནི་དུག་མོ་ཡུངས་ཀྱི་སྡེ་ཚན་ནམ། ཤུ་དག་གི་སྡེ་ཚན་གང་ཡང་རུང་བ་བསྐོལ་བ་ལན་ཚྭ་དང་བཅས་པ་དོ་འཇམ་ཙམ་ཉི་ཚེ་བླུད་པ་འམ། ཡང་ན་མཛེ་ནད་ཀྱི་སྐབས་སུ་བཤད་པའི་སྨན་དྲུག་པའི་ཕྱེ་མས་བཏབ་པ་བླུད་དོ། །ཡང་ན་འབྲས་བུ་གསུམ་དང་དབྱི་མོ་དང༌། པུ་ཙེ་ཤེལ་དང༌། པི་པི་ལིང་དང༌། འདི་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་འམ། ཡང་ན་དབྱི་མོ་དང༌། ཨ་རུ་ར་དང༌། ཙི་ཏྲ་ཀ་དང༌། ཐང་ཤིང་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་བལྡག་པར་བྱའོ། །ཨ་རུ་ར་དང༌། གུ་གུལ་དང༌། བྲག་ཞུན་གང་ཡང་རུང་བ་བ་གཅིན་དང་སྦྱར་བ་བཏུང་བར་བསྟེན་ཏོ། །ཚ་བ་གསུམ་དང༌། ཙི་ཏྲ་ཀ་དང༌། གླ་སྒང་དང༌། འབྲས་བུ་གསུམ་དང༌། པི་པི་ལིང་དང༌། བྱི་དང་ག་དང༌། དགུ་པོ་དེ་སྤྱི་དང་མཉམ་པའི་གུ་གུལ་རྣམས་ལྷན་ཅིག་བཏགས་པའི་ཕྱེ་མ་ཟོས་ན། བརླ་རེངས་པའི་ནད་ཚིལ་དང་བད་ཀན་མ་ཞུ་བ་ལས་གྱུར་པ་དང༌། རླུང་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །གོང་དུ་སྨོས་པའི་སྦྱོར་བ་དེ་དག་གིས་བད་ཀན་དང་ཚིལ་དུ་བཅས་
པའི་རླུང་ནད་ཐམས་ཅད་ཞི་བར་བྱེད་པ་ཡིན་ནོ། །བརླ་རེངས་པའི་ནད་ལ་ནི། ཐལ་སྨན་བ་གཅིན་དང་སྦྱར་བས་དུགས་དང་བླུགས་པ་དང་དྲིལ་བ་རྣམས་བྱའོ། །བད་ཀན་པགས་པའི་ཕྱིར་བྱུང་བ་ལ་ནི་ཡུངས་ཀར་དང་ཀ་རཉྫའི་འབྲས་བུ་བ་གཅིན་དང་སྦྱར་བས་བསྐུས་ན་ཕན་ནོ། །ཨརྐ་དང༌། ཨག་ནི་མནྠ་དང༌། ནིམ་པ་དང༌། དེ་རྣམས་ཀྱི་རྩ་བ་དང༌། ཐང་ཤིང་དང༌། ཡུངས་ཀར་དང༌། བོང་བ་བསྲེགས་པ་དང༌། གྲོག་མོའི་ས་ཕུང་དང༌། འདི་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་བསྐུས་ན་ཕན་ནོ། །བརླ་རེངས་པའི་ནད་ཀྱིས་བཏབ་པའི་ནད་པ་དེས་བད་ཀན་ཟད་པར་བྱ་བའི་ཕྱིར་ལུས་ཀྱི་རྩོལ་བ་དང་ངལ་བའི་ལས་བསྟེན་ཏོ། །དེ་བཞིན་དུ་ཐང་ལ་མཆོད་བ་དང༌། ཅི་ནུས་ཀྱིས་བུད་མེད་ལ་ཉལ་པོ་བསྟེན་པར་བྱའོ། །དེ་བཞིན་དུ་མཚོ་མི་གཡོ་བ་ལ་བདེ་བར་འཇུག་པ་དང༌། ཆུ་བོ་རྒྱུན་ལས་བཟློག་སྟེ་བརྒལ་དུ་གཞུག་གོ །དེ་ལྟར་སྦྱོར་བ་དེ་དག་གིས་བད་ཀན་དང་ཚིལ་ཟད་པར་བྱས་པའི་འོག་ཏུ། རླུང་ལ་ཕན་པའི་སྨན་སྣུམ་ལ་སོགས་པ་སྦྱར་བར་བྱའོ། །རླུང་ནད་ལྷག་མ་གྲི་ཏ་ལ་སོགས་པ་རྐང་པ་ཡན་ཆད་ལ་གནས་པ་ལ་ཡང་ཉམས་སྟོབས་དང༌། དུས་ཀྱི་བྱེ་བྲག་དང༌། གང་ན་ཡོད་པ་བརྟགས་ཏེ། གོང་དུ་སྨོས་པའི་གསོ་བ་བཞིན་དུ་བྱའོ། །ས་ཧ་ར་ཙ་དང༌། ཐང་ཤིང་དང༌། དོང་གྲ་དང༌། དེ་རྣམས་ཀྱི་ཕྱེ་མར་བྱས་པ་ཏིལ་མར་དང་སྦྱར་བ་འཐུངས་ན། རླུང་གིས་ལུས་གཟིར་ཏེ་འགྲོ་མི་ནུས་པ་ཡང་དེ་མ་ཐག་ཐོགས་པ་མེད་པར་འགྲོ་ནུས་པར་འགྱུར་རོ། །ར་སྣ་དང༌། དོང་གྲ་དང༌། ཙི་ཏྲ་ཀ་དང༌། པི་པི་ལིང་དང༌། ཟུར་བ་དང༌། མ་ནུ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་མར་དང་སྦྱར་བ་འཐུངས་ན་རླུང་ནད་འཇོམས་པའི་མཆོག་ཡིན་ནོ། །ནིམ་པ་དང༌། སླེ་ཏྲེས་དང༌། བ་ཤ་ཀ་དང༌། པ་ཏོ་ལ་དང༌། ཀཎྜ་ཀ་རི་འདི་རྣམས་སྲང་བཅུ་བཅུ་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་བསྐོལ་ཏེ། ཁུ་བ་བརྒྱད་ཆ་ལུས་པའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང༌། པ་ཐ་དང༌། བྱི་དང་ག་དང༌། ཐང་ཤིང་དང༌། ཧསྟི་པི་པི་ལིང་དང༌། དོང་གྲ་དང༌། སྐྱེར་པ་དང༌། ཤུ་ཏི་དང༌། དབྱི་མོ་དང༌། རུ་རྟ་དང༌། ཏེ་ཛོ་བ་ཏི་དང༌། ན་ལེ་ཤམ་དང༌།
དུག་མོ་ཡུངས་དང༌། ཏི་མུ་ས་དང༌། ཀྲུ་ཏྲུག་ཏྲེས་དང༌། པུ་ཙེ་ཤེལ་དང༌། གོ་བྱེ་དང༌། ཤུ་དག་དང༌། པི་པི་ལིང་གི་རྩ་བ་དང༌། བཙོད་དང༌། བོང་ང་དཀར་པོ་དང༌། བོང་ང་སེར་པོ་དང༌། ལ་ལ་ཕུད་དང༌། སྨན་འདི་རྣམས་ཞོ་གཉིས་གཉིས་དང༌། ཡུངས་མའི་ས་བོན་ཕུབ་མ་དང་ཕྲལ་བ་སྲང་ལྔ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་བཏབ་སྟེ་ཡང་བསྐོལ་ལ་མར་འབའ་ཞིག་ལུས་པ་ལས་རན་པར་འཐུངས་ན། རླུང་ནད་ཆེན་པོ་རུས་ཚིགས་དང་རྐང་རྣམས་སུ་ཞུགས་པ་ཡང་ཟློག་པར་བྱེད་དོ། །དེ་བཞིན་དུ་མཛེ་ནད་རུས་པ་དང༌། རྐང་རྣམས་སུ་ཞུགས་པ་ལ་ཡང་ཕན་ནོ། །གཞན་ཡང་རྨའི་སྦུབས་འགྲམས་པ་དང༌། ལྦ་བ་དང༌། མཚན་པར་རྡོལ་བ་དང༌། འབྲས་ཀྱི་ཕྲེང་བ་དང༌། ནམ་ཚོང་ཡན་ཆད་ཀྱི་ནད་ཐམས་ཅད་དང༌། སྐྲན་དང༌། གཞང་འབྲུམ་དང༌། གཅིན་ནད་དང༌། གཅོང་ཆེན་པོ་དང༌། དབུགས་མི་བདེ་པ་དང༌། ཡི་ག་འཆུས་པ་དང༌། སྣ་ཆུ་འཛག་པ་དང༌། ལུད་པ་དང༌། སྐྲངས་པ་དང༌། སྙིང་ནད་དང༌། སྐྱ་རྦབ་དང༌། མྱོས་པ་དང༌། ཁོང་འབྲས་དང༌། རླུང་ནད་དང་ཁྲག་ནད་རྣམས་སེལ་ཏེ། རླུང་མགོར་ཞུགས་པ་ལ་ནི་བིལ་བ་གཞོན་ནུ་དང༌། འོ་མ་བསྐོལ་བའི་ཁུ་བ་མར་གྱི་སྙིང་ཁུ་དང་ཡང་བསྐོལ་བའི་མར་ལས་སྲང་ཕྱེད་ཙམ་སྣར་བླུགས་ན་ཕན་ནོ། །ཡང་ན་བིལ་བ་གཞོན་ནུ་དང༌། འོ་མ་བསྐོལ་བའི་ནང་དུ་ཆུ་སྲིན་ན་ཀྲ་དང༌། ཉ་དང་རུས་སྦལ་དང༌། འུག་པ་དང༌། དེ་རྣམས་གང་ཡང་རུང་བའི་ཞག་དང་ཡང་བསྐོལ་ལ། ཞག་ལུས་པ་ལས་སྲང་ཕྱེད་དམ་སྲང་གཅིག་སྣར་བླུགས་ན་ཁྱད་པར་དུ་རླུང་ཉི་ཚེ་སེལ་བར་བྱེད་དོ། །ཏིལ་གྱི་ཚིགས་མ་རྙིང་པ་དང་རྩ་བ་ཆེན་པོ་ལྔ་སོ་སོར་བསྐོལ་ལ། དེ་ནས་གཅིག་ཏུ་བསྲེས་པའི་ནང་དུ་འབྲུ་མར་དང༌། དེའི་བརྒྱད་འགྱུར་གྱི་འོ་མ་དང་ཡང་བསྐོལ་ཏེ། མར་འབའ་ཞིག་ལུས་པ་ལས་རན་པར་འཐུངས་ན། ཁྱད་པར་དུ་རླུང་ནད་དང་བད་ཀན་དང་བཅས་པ་འཇོམས་སོ། །སྨན་པྲ་ས་ར་སྲང་བརྒྱ་བསྐོལ་བའི་ཁུ་བའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང༌། འོ་མ་དེ་དང་མཉམ་པ་དང༌། མེ་ད་རྣམ་གཉིས་དང༌། ཤ་ཏ་
པུཥྤ་དང༌། བཙོད་དང༌། རུ་རྟ་དང༌། ར་སྣ་དང༌། ཙནྡན་དམར་པོ་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། རམ་ཉེ་བ་རྣམ་གཉིས་དང༌། ཐང་ཤིང་དང༌། སྨན་འདི་རྣམས་བཏགས་པའི་ཕྱེ་མ་བཏབ་སྟེ་ཡང་བསྐོལ་ཏེ། མར་ལུས་པ་ལས་རན་པར་འཐུངས་ན་རླུང་ནད་ཐམས་ཅད་འཇིག་པར་བྱེད་དོ། །ས་ཧ་ཙ་རའི་རྩ་བ་དང་ཡལ་ག་དང་བཅས་པ་སྲང་བརྒྱ་དང༌། དེ་དང་མཉམ་པའི་རྩ་བ་བཅུ་པ་དང༌། ཉེའུ་ཤིང་སྲང་ལྔ་བཅུ་ཐམ་པ་དང༌། ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་བསྐོལ་ཏེ། བཞི་ཆ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ལུས་པའི་ནང་དུ་དབྱི་མོ་དང༌། ཆུ་སྲིན་སེན་མོ་དང༌། རུ་རྟ་དང༌། ཙནྡན་དང༌། སུག་སྨེལ་དང༌། གུར་ཀུམ་དང༌། པྲི་ཡང་ཀུ་དང༌། ན་ལི་ཀ་དང༌། བ་ལི་ཀ་དང༌། རྡོ་དྲེག་དང༌། བཙོད་དང༌། སྤང་སྤོས་དང༌། ཨ་ཀ་རུ་དང༌། ཐང་ཤིང་དང༌། ཙ་རོང་དང༌། ཤུ་ཏི་དང༌། དུ་རུ་སྐ་དང༌། རྒྱ་སྤོས་དང༌། འདི་རྣམས་སྲང་རེ་རེ་བཏགས་པའི་ཕྱེ་མ་དང༌། གོང་གི་སྨན་ཁུ་དང་མཉམ་པའི་རའི་འོ་མ་དང༌། ཏིལ་མར་དེ་དང་མཉམ་པ་རྣམས་ལྷན་ཅིག་བསྐོལ་ཏེ། མར་འབའ་ཞིག་ལུས་པ་ལས་རན་པར་འཐུངས་ན་རླུང་ནད་གསོ་དཀའ་བ་ཡང་འཇིག་པར་བྱེད་དེ་གཞན་ཡང་རླུང་གིས་འདར་བ་དང༌། ཤ་འགུལ་བ་དང་ལུས་རེངས་པ་དང༌། སྐེམ་བྱེད་ལ་སོགས་པ་དང་བཅས་པའི་རླུང་ནད་དང༌། སྐྲན་དང༌། སྨྱོ་བྱེད་དང༌། ཆམ་པས་བཏབ་པ་དང༌། མོ་མཚན་གྱི་ནད་རྣམས་འཇོམས་པར་བྱེད་དོ། །ས་ཧ་ཙ་ར་སྲང་བརྒྱ་བསྐོལ་བའི་ཁུ་བའི་ནང་དུ་ཏིལ་མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང༌། འོ་མ་ཏིལ་མར་གྱི་བཞི་འགྱུར་དང༌། ས་ཧ་ཙ་རའི་རྩ་བ་སྲང་བཅུའི་ཕྱེ་མ་འམ། ཡང་ན་ས་ཧ་ཙ་ར་མེད་ན་རྒྱ་སྤོས་དང༌། ཤུ་དག་དང༌། ས་ལ་པརྞི་དང༌། རུ་རྟ་དང༌། ཐང་ཤིང་དང༌། སུག་སྨེལ་དང༌། རྡོ་དྲེག་དང༌། སྤང་སྤོས་དང༌། ཤུ་ཏི་དང༌། ཙནྡན་དམར་པོ་དང་འདི་རྣམས་སྲང་རེ་རེའི་ཕྱེ་མ་བཏབ་སྟེ་བསྐོལ་བའི་ནང་དུ་ཤ་ཁ་ར་སྲང་བཅོ་བརྒྱད་བཅུག་པ་ནི་དྲང་སྲོང་གཟིངས་ཅན་གྱི་སྨན་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་རླུང་ནད་གསོ་དཀའ་བ་དང༌། རླུང་ནད་ཁོང་དུ་འཁྱིལ་པ་དང༌། སྨྱོ་བྱེད་དང༌། སྐྲན་དང༌། རླིག་རླུགས་ལས་རྒྱལ་བར་བྱེད་དོ། །བ་ལ་སྲང་བརྒྱ་དང༌། སླེ་ཏྲེས་སྲང་ཉི་ཤུ་རྩ་ལྔ་དང༌།
ར་སྣ་སྲང་ཕྱེད་དང་བཅུ་གསུམ་ཆུ་སྲང་ཁྲི་ཉིས་སྟོང་བརྒྱད་བརྒྱ་དང་བསྐོལ་ཏེ། བརྒྱད་ཆ་གཅིག་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པའི་ནང་དུ་ཞོ་དང༌། ཞོ་ག་ཆུ་དང༌། བུ་རམ་ཤིང་གི་ཁུ་བ་དང༌། ཚྭ་དང༌། ཏིལ་མར་དང་དེ་རྣམས་རེ་རེ་ཡང་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་བརྒྱད་དང༌། རའི་འོ་མ་སྲང་དྲུག་ཅུ་རྩ་བཞི་དང༌། ཟུར་པ་དཀར་པོ་དང༌། ཀོ་ཉོན་ཙེ་དང༌། སྐྱེར་པ་དང༌། སུག་སྨེལ་དང༌། བཙོད་དང༌། ཨ་ག་རུ་དང༌། ཙནྡན་དང༌། ཤུག་པ་དང༌། ཨ་ཏི་བ་ལ་དང༌། གླ་སྒང་དང༌། མུངྒའི་ལོ་མ་དང༌། ཧེ་རུ་ཎུ་ཀ་དང༌། ཤིང་མངར་དང༌། བྱེའུ་རུག་པ་དང༌། བྱ་ཁྲན་ཁ་ཞེས་བྱ་བ་རྒྱ་མཚོ་ནས་བྱུང་བའི་ཆུ་སྲིན་སེན་མོ་དང༌། ཟངས་རྩི་བ་དང༌། ཛི་བ་ཀ་དང༌། རྒྱ་སྐྱེགས་ཤིང་དང༌། བོ་ལ་དང༌། གླ་རྩི་དང༌། ན་ལི་ཀ་ཞེས་བྱ་བ་ཀ་པོ་ཏ་ཙ་ར་ན་དང༌། ཛཱ་ཏི་བྷ་དྲ་དང༌། འབུ་སུ་ཧང་དང༌། གུར་ཀུམ་དང༌། རྡོ་དྲེག་དང༌། ཛཱ་ཏི་ཕ་ལ་དང༌། ཀད་པ་ལ་དང༌། བ་ལ་དང༌། ཤིང་ཚ་དང༌། པོག་དཀར་པོ་དང༌། ག་ཕུར་དང༌། ཏུ་རུསྐ་དང༌། ཤི་ནི་བས་ཀ་དང༌། ལི་ཤི་དང༌། ཆུ་སྲིན་སེན་མོ་དང༌། ཀ་ཀོ་ལ་དང༌། རུ་རྟ་དང༌། སྤང་སྤོས་དང༌། པྲི་ཡང་ཀུ་དང༌། སྟོ་ནི་ཡ་དང༌། རྒྱ་སྤོས་དང༌། བྱ་མ་ཀ་དང༌། ཤུ་དག་དང༌། མ་དེ་ན་ག་དང༌། བླ་བ་ཞེས་བྱ་བ་ཀུ་ཏ་ན་ན་ཊ་དང༌། ནཱ་ག་གེ་སར་དང༌། འདི་རྣམས་སྲང་རེ་རེ་བཏགས་ལ་བཏབ་སྟེ་ཡང་བསྐོལ་ལ་ཕྱིར་ཕྱུང་སྟེ་ཚིགས་མ་བོར་བའི་ནང་དུ་གནྡྷ་བྷ་དྲ་བཏགས་པའི་ཕྱེ་མ་བཏབ་སྟེ་ཆོ་ག་བཞིན་སྦྱར་ཏེ་བྱིན་ན། ལུད་པ་དང༌། དབུགས་མི་བདེ་བ་དང༌། རིམས་དང༌། བརྒྱལ་བ་དང༌། སྐྱུགས་པ་དང༌། སྐྲན་དང༌། ཟད་བྱེད་དང༌། གློ་འགྲམས་པ་དང༌། མཆེར་པ་ན་བ་དང༌། སྐེམ་བྱེད་དང༌། བརྗེད་བྱེད་དང༌། བཀྲ་མི་ཤིས་པ་རྣམས་འཇིག་པར་བྱེད་དེ། འདི་ནི་བ་ལའི་ཏིལ་མར་བཟང་པོ་ཞེས་བྱ་བ་ཡིན་ཏེ། རླུང་ནད་འཇོམས་པར་བྱེད་དོ། །གོང་དུ་བསྟན་པའི་སྨན་མར་དེ་དག་གི་བཏུང་བ་དང༌། སྣ་སྨན་དང༌། བསྐུ་བྱུག་རྣམས་དུས་སུ་ལེགས་པར་སྣུམ་ཆོས་བྱས་ན། རླུང་ནད་མ་རུངས་པ་རྣམས་མྱུར་དུ་ཞི་བར་བྱེད་ཅིང་བུད་མེད་བུ་མེད་པ་ཡང་བུ་སྐྱེད་པར་བྱེད་དོ། །གང་གི་ཚེ་བད་ཀན་དང༌། མཁྲིས་
པ་སྨིན་པའི་གནས་ན་འདུག་པ་ལས་གོང་གི་སྣུམ་ཆོས་དང༌། དུགས་ལ་སོགས་པ་བྱས་པས་ཅུང་ཞིག་སྙི་བ་འམ་སླ་བར་གྱུར་པ་ལྟ་ན་ཡང་འཇམ་རྩིས་ཞི་བར་བྱའོ། །གསོ་བའི་གནས་ལས་རླུང་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པ་རྫོགས་སོ།། །།དེ་ནས་དྲེག་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་དྲེག་ནད་ཅན་གྱི་ནད་པས་ཐོག་མར་སྣུམ་ཆོས་བྱས་ལ་རླུང་བསྲུང་ཞིང་ཁྲག་ཉུང་དུ་ཉུང་དུ་དབྱུང་ངོ༌། །གཞན་དུ་ན་ནད་གཞིའི་སྟོབས་དང༌། ཉམས་སྟོབས་ཆེ་ཆུང་བརྟགས་ཏེ་ལན་མང་དུ་དབྱུང་ངོ༌། །དེ་ལ་དྲེག་ནད་ན་ཞིང་གཟེར་ལ་ཚ་ཞིང་མདོག་དམར་བ་ལ་ནི། སྲིན་བུ་པད་པས་ཁྲག་དབྱུང་ངོ༌། །དྲེག་ནད་ཅན་གྱི་ལུས་བེམ་བེམ་པོར་སོང་ཞིང་ལུས་གཡའ་བ་དང༌། ན་ཞིང་ཚ་བ་ཆེ་བ་ལ་ནི། རྭ་དང་ཀུ་བས་ཁྲག་དབྱུང་བར་བྱའོ། །ཕྱོགས་ཀུན་ཏུ་གནས་འཕོ་ཞིང་ན་བ་ལ་ནི་རྩ་ནས་ཁྲག་གཏར་བ་དང༌། ཞལ་ཞལ་ཐབས་སུ་ཁྲག་དབྱུང་བར་བྱའོ། །ལུས་ན་ཞིང་རླུང་ཤས་ཆེ་སྟེ་ལུས་རྩུབ་པ་ལ་ནི་ཁྲག་དབྱུང་དུ་མི་རུང་ངོ༌། །གལ་ཏེ་དེ་ལྟ་བུ་ལ་གཏར་ག་བྱས་ན། ཁྲག་ཟད་དེ་རླུང་འཁྲུགས་ནས་ཟབ་ཏུ་སྐྲང་པ་དང༌། ལུས་རེངས་པ་དང༌། འདར་བུ་དང༌། ཆུ་བ་དང་རྩ་རྣམས་ལ་ནད་འབྱུང་ཞིང་ལུས་དྲི་མ་དང་བཅས་ལ་ནད་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ། །དེ་ལ་ཐོག་མར་སྣུམ་ཆོས་བྱ་སྟེ་དེའི་འོག་ཏུ་སྣུམ་དང་ལྡན་པའི་ཁྲུས་བྱའོ། །རླུང་ཤས་ཆེ་བའི་དྲེག་ནད་ལ་ནི་མར་རྙིང་པ་གཏང་ངོ༌། །སྲ་བ་ཞེས་བྱ་བ་ཤིང་ཤར་ཀ་དང༌། ཀྵི་ར་ཀ་ཀོ་ལ་དང༌། པ་ཡ་སྱ་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། འདི་རྣམས་ཆ་སྙོམས་ཏེ་བཏགས་པའི་ཕྱེ་མ་མར་དང་འོ་མ་དང་ལྷན་ཅིག་བསྐོལ་ཏེ། དེ་ལས་རན་པར་འཐུངས་ན་དྲེག་ནད་ཐམས་ཅད་འཇོམས་སོ། །རྒུན་འབྲུམ་དང་མ་དུ་ཀ་བསྐོལ་པའི་ཁུ་བའི་ནང་དུ་མར་དང༌། ཁར་དཀར་པོ་བཏབ་སྟེ་བསྐོལ་བའི་མར་བཏུང་བ་འམ། དེ་བཞིན་དུ་འོ་མ་དང་སླེ་ཏྲེས་ཀྱི་ཁུ་བའི་ནང་དུ་མར་དང༌། ཤ་ཁ་རས་བཏབ་སྟེ་བསྐོལ་བའི་མར་ཡང་བཏུང་ངོ༌། །ཡང་ན་ཏིལ་མར་དང༌། ལི་ཁ་ར་བསྲེས་པ་བླུད་དོ། །བ་ལ་དང་ཉེའུ་ཤིང་དང་ར་སྣ་དང༌། པི་ལུ་དང་རྩ་བ་བཅུ་པ་དང༌། དུར་བྱིད་དང༌། ཨེ་རཎྜ་དང་དེ་རྣམས་
འོ་མ་དང་ཚུལ་བཞིན་བསྐོལ་བ་བླུད་ན། རླུང་གིས་ཉམ་ཐག་པ་འཇོམས་སོ། །ཡང་ན་འོ་མ་བཞོས་མ་ཐག་པ་དྲོན་པོ་བ་གཅིན་དང་བསྲེས་པ་བླུད་ན་ནད་གཞིའི་ལུགས་བཞིན་འབྱུང་བར་འགྱུར་རོ། །མཁྲིས་པ་ཤས་ཆེ་བའི་དྲེག་ནད་ལ་ནི་ཉེའུ་ཤིང་དང༌། པུ་ཙེ་ཤེལ་དང༌། པ་ཏོ་ལའི་རྩ་བ་དང༌། འབྲས་བུ་གསུམ་དང༌། སླེ་ཏྲེས་དང་འདི་རྣམས་སམ་ཡང་ན་སྨན་ཁ་བ་དང་མངར་བ་རྣམས་དང་འདི་རྣམས་གང་ཡང་རུང་བ་མར་རམ་འོ་མ་གང་འབྱོར་པ་དང་བསྐོལ་བ་འཐུངས་ན་ཕན་ནོ། །དྲེག་ནད་གཞི་ཤས་ཆེ་བ་ལ་ནི་འོ་མ་དང་ཨེ་རཎྜ་སྦྱར་བའི་བཀྲུ་སྨན་བཏང་ངོ༌། །དེ་ཞུ་བའི་ཚོད་ཙམ་ན་འབྲས་དང་འོ་མ་ལྷན་ཅིག་བཟའོ། །ཡང་ན་ཨ་རུ་ར་བསྐོལ་ཏེ་མར་དང་བརྔོས་པ་བཏུང་ངོ༌། །ཡང་ན་ཏྲི་བྱིད་ཀྱི་ཕྱེ་མ་རྒུན་ཆུ་འམ་འོ་མ་གང་ཡང་རུང་བ་དང་སྦྱར་བ་བླུད་དོ། །ཡང་ན་དྲེག་ནད་ཅན་གྱི་ནད་པ་ལ་ནི་འོ་མའི་འཇམ་རྩི་མར་དང་བཅས་པ་བཏང་སྟེ་དྲི་མ་སྦྱང་བར་བྱའོ། །གང་གི་ཕྱིར་དྲེག་ནད་ལ་ནི་འཇམ་རྩི་མས་གཏོང་བ་ལས་ལྷག་པ་མེད་དེ་ཁྱད་པར་དུ་གཞང་དང་རྩིབ་ལོགས་དང༌། རུས་ཚིགས་དང་དམུ་རྫིང་གིས་ཉམ་ཐག་པ་རྣམས་ལ་ཕན་ནོ། །བད་ཀན་ཤས་ཆེ་བའི་དྲེག་ནད་ལ་ནི་གླ་སྒང་དང༌། རྒུན་འབྲུམ་དང༌། སྐྱེར་པ་དང༌། འདི་རྣམས་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་འབྲས་བུ་གསུམ་བསྐོལ་བའི་ཁུ་བ་འམ། ཡང་ན་སླེ་ཏྲེས་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་བླུད་ན་ཕན་ནོ། །བད་ཀན་གྱི་དྲེག་ནད་ཆན་ལ་ནི་ཐོག་མར་ཇི་ལྟར་འོས་པར་སྣུམ་ཆོས་བྱས་ལ་སྐྱུག་སྨན་བཏང་སྟེ། དེའི་འོག་ཏུ་འཇམ་ཆོས་དང་རྩུབ་ཆོས་གང་རིགས་བྱའོ། །འབྲས་བུ་གསུམ་དང་ཚ་བ་གསུམ་དང་པ་ཏོ་ལ་དང༌། ཤིང་ཚ་དང༌། ཅུང་ཧང་དང་ཙི་ཏྲ་ཀ་དང་ཤུ་དག་དང༌། བྱི་དང་ག་དང༌། པི་པི་ལིང་གི་རྩ་བ་དང༌། སྤང་སྤོས་དང༌། བ་ཤ་ཀའི་ཤུན་ཕྲག་དང༌། རི་དྷི་དང༌། ལང་ག་ལི་དང༌། དབྱི་མོ་དང༌། འདི་རྣམས་ཆ་སྙོམས་པའི་ཕྱེ་མ་དང་ལྡེ་གུར་བྱས་ཏེ་ལྕགས་སྣོད་ཀྱི་ནང་དུ་བཅུག་ལ་ནུབ་གཅིག་བཞག་སྟེ། ཕྱི་དེ་ཉི་མ་ཕྱེད་ཙམ་ན་དེ་ལས་རན་པར་
ཟོས་ན་དྲེག་ནད་ནད་གཞི་གསུམ་ལས་གྱུར་པ་དང༌། ཟུག་གཟེར་ཤིན་ཏུ་ཚབས་ཆེ་བ་ལ་ཕན་ནོ། །ཀོ་ཀི་ལ་ཀཥི་ཞེས་བྱ་བ་བསྐོལ་བའི་ཁུ་བ་བཏུང་ཞིང་དེ་ཉིད་ཀྱི་ཚོད་མ་དང་ལྷན་ཅིག་ཟས་ཟོས་ན་དྲེག་ནད་འཇིལ་བར་བྱེད་དེ། ཇི་ལྟར་སྙིང་རྗེ་ལ་གོམས་པས་ཁྲོ་བ་སེལ་བ་བཞིན་ནོ། །རྩ་བ་ཆེན་པོ་ལྔ་དང༌། སྐྱུ་རུ་རའི་ཁུ་བ་ལེ་ལི་ཏ་ཀའི་ཞག་དང༌། ལྷན་ཅིག་འཐུང་ཞིང་ཚངས་པར་སྤྱོད་ན། ལུས་ལ་དྲེག་ནད་གཏིང་ཟུག་པ་ལས་རྒྱལ་བར་བྱེད་དོ། །གོང་དུ་བསྟན་པ་དེ་དག་ནི་ནང་གི་གསོ་བ་བསྟན་པ་ཡིན་ལ། ད་ནི་ཕྱི་རོལ་གྱི་དྲེག་གི་གསོ་བ་བཤད་པར་བྱ་སྟེ། དེ་ཡང་སྐྱུར་རྩབས་བརྒྱ་ཉི་ཤུ་རྩ་བརྒྱད་དང༌། ཏིལ་མར་དང༌། དེའི་བཞི་ཆའི་སྲ་རྩི་པོག་དང་ཆུ་མང་དུ་བསྐོལ་ཏེ་དེ་ལས་རན་པར་འཐུངས་ན་རིམས་དང་ཚ་བས་ཉམ་ཐག་པ་རྣམས་འཇིག་པར་བྱེད་པའི་མཆོག་ཡིན་ནོ། །ཡང་ན་ཏིལ་མར་བཙོད་དང་སྤྲ་ཚིལ་དང་བཅས་པ་གོང་བུར་བྱས་པ་འམ། སྲ་རྩི་པོག་དང་ཐལ་ཏྲེས་དང་ཏིལ་མར་དང་གོང་བུར་བྱས་པས་ལུས་ལ་བསྐུས་ན་དྲེག་ནད་འཇོམས་སོ། །རྩ་བ་བཅུ་པ་དང་འོ་མ་ལྷན་ཅིག་བསྐོལ་བ་འམ། ཡང་ན་མར་དང་ཆུ་དྲོན་པོ་ལྷན་ཅིག་སྦྱར་ཏེ་བླུགས་པ་བྱས་ན་རླུང་ཤས་ཆེ་བའི་དྲེག་ནད་དེ་མ་ཐག་འཇོམས་པར་བྱེད་དོ། །ལུས་རེངས་པ་དང་བརྐྱང་བསྐུམ་བྱེད་འདོད་པ་དང་ན་བས་ཉམ་ཐག་པ་ལ་ནི་སྣུམ་བཞི་པོ་སྨན་མངར་བ་དང་སྦྱར་ཏེ་བླུགས་པ་བྱས་ན་ཕན་ནོ། །ལུས་ཚ་ན་ནི་གྲང་མོའི་རྒྱུན་བླུགས་སོ། །བའི་འོ་མ་དང་ལུག་གི་འོ་མ་དང་རའི་འོ་མ་ཏིལ་དང་བསྲེས་པ་འམ། ཡང་ན་འཚོ་བྱེད་སྡེ་བཅུ་བསྐོལ་བ་འམ། རྩ་བ་ཆུང་ངུ་ལྔ་བསྐོལ་བའི་བླུགས་པ་ཡང་རབ་ཏུ་ཕན་ནོ། །བླུགས་པའི་ཆེད་དུ་རྒུན་ཆུ་དང༌། བུ་རམ་ཤིང་གི་ཁུ་བ་དང༌། ཆང་དང༌། ཞོ་ག་ཆུ་དང་རྩབ་མོ་སྐྱུར་པོ་དང༌། འབྲས་བཀྲུས་པའི་ཆུ་དང༌། སྦྲང་རྩིའི་ཆུ་དང༌། ཤ་ཁ་རའི་ཆུ་འདི་གང་ཡང་རུང་བ་བླུགས་ན། དྲེག་ནད་ཚ་བ་ཆེ་བ་ལ་ནི་བསྔགས་སོ། །བུད་མེད་སྙིང་དུ་སྡུག་ཅིང་སྙན་པར་སྨྲ་བ་ལག་པ་དང་ནུ་མ་ཙནྡན་གྱི་ལྡེ་གུ་བསྐུས་བས་མཐང་སྦྱར་ན་ལུས་ཚ་ཞིང་ན་
བ་དང་དུབ་པ་སེལ་ཏེ་བསིལ་ཞིང་བདེ་བར་འགྱུར་རོ། །དྲེག་མདོག་དམར་ཞིང་ནད་དང་བཅས་ལ་ཚ་བ་དང་ལྡན་པ་ལ་ནི། ཁྲག་ཕྱུང་ལ་ལྡེ་གུས་བསྐུས་ཏེ་དེ་ཡང་པྲ་པུཎྜ་རཱི་ཀ་དང༌། བཙོད་དང༌། ཤིང་མངར་དང༌། སྐྱེར་པ་དང༌། ཙནྡན་དང་ཁར་དཀར་པོ་དང༌། ཨེ་ར་ཀའི་ཕྱེ་མ་དང༌། སྲན་ཆུང་དང༌། པུ་ཤེལ་ཙེ་དང༌། ཤུག་པ་དང་འདི་རྣམས་ཀྱི་ལྡེ་གུས་བསྐུས་ན་ཚ་ཞིང་ན་བ་དང༌། ཤུ་བ་མཆེད་པ་དང་སྐྲངས་པ་རྣམས་ཟློག་པར་བྱེད་དོ། །ཀྲི་ས་ར་ཏི་ལ་དང༌། མུངྒ་ར་ཏིལ་དང༌། མུངྒ་ལ་སོགས་པ་ལས་བྱས་པ་རླུང་འཇོམས་པའི་སྨན་དང་ལྷན་ཅིག་བསྐོལ་བའི་སྣུམ་གྱིས་གླ་ནན་ཟུག་གཟེར་འཇོམས་སོ། །དེ་བཞིན་དུ་མུངྒ་དང༌། འོ་མ་རླུང་ལ་ཕན་པའི་སྨན་དང་སྣུམ་དུ་སྦྱར་བས་བསྐུ་བ་འམ། ཡང་ན་ཏིལ་དང་ཡུངས་ཀར་སྣུམ་དང་བཅས་པའི་ཟན་གྱིས་གླན་ན་ཡང་ཟུག་གཟེར་འཇོམས་སོ། །སྲོག་ཆགས་ཆུ་ལས་སྐྱེས་པ་དང༌། མཐུ་རྩལ་གྱིས་བཟས་ཚོལ་བའི་ཤ་དང༌། ཆུ་འགྲམ་ན་གནས་པའི་ཤ་ཞིབ་མོར་གཏུབས་པ་ལན་ཚྭ་དང་ལེགས་པར་སྦྱར་བ་འཚོ་བྱེད་སྡེ་བཅུའི་སྨན་དང་སྣུམ་དང་བཅས་པས་གླན་པ་བྱས་ན་རེངས་པ་དང༌། ཟུག་ཅིང་ན་བ་དང༌། སྐྲངས་པ་དང་བྱ་རྨྱང་དང་ཡན་ལག་འཁུམས་པ་རྣམས་མྱུར་དུ་འཇོམས་སོ། །འཚོ་བྱེད་སྡེ་བཅུའི་སྨན་འོ་མ་དང་ཞག་དང་བཙོས་ཏེ་བསྐུས་ན་ཕན་ཡོན་དེ་དང་འདྲའོ། །ཡང་ན་ས་ཧ་ཙ་རའི་རྩ་བ་དང༌། ཛི་བན་ཏི་དང་མར་དང་རའི་འོ་མ་དང༌། ལྡེ་གུས་གླན་པ་འམ། དེ་བཞིན་དུ་ཏིལ་འོ་མས་བྲན་ཏེ་བསྐམས་ལ་བརྔོས་ནས་བཏགས་པའི་འོ་མ་དང་སྦྱར་བའི་ལྡེ་གུས་བསྐུ་བའམ། ཡང་ན་ཟར་མ་བཏགས་ཏེ་འོ་མ་དང་སྦྱར་བ་འམ། ཡང་ན་ཉེའུ་ཤིང་གི་ཕྱེ་མ་འོ་མ་དང་སྦྱར་བ་དེ་དག་གང་ཡང་རུང་བས་གླན་ན། རླུང་ཤས་ཆེ་ཞིང་ཟུག་གཟེར་དང་བཅས་པ་འཇོམས་སོ། །ཡང་ན་བ་གཅིན་དང་ཐལ་སྨན་དང་ཆང་དང་མར་རྣམས་བསྐོལ་བས་བྱུག་པ་བྱས་ན། ཟུག་གཟེར་དང་བཅས་པ་སེལ་ཏོ། །མར་དང༌། རྒུ་ན་ཚ་དང་ལྷན་ཅིག་བསྐོལ་བས་བླུགས་པ་དང་བསྐུ་བྱུག་བྱས་ན་བད་ཀན་ཤས་ཆེ་བའི་དྲེག་ནད་ལ་
ཕན་ནོ། །ཁྱིམ་གྱི་དུད་པ་དང༌། ཤུ་དག་དང༌། རུ་རྟ་དང་ཉེའུ་ཤིང་དང༌། སེར་པོ་རྣམ་གཉིས་དང་དེ་རྣམས་ཀྱི་བསྐུ་བ་སྦྱར་ན་རླུང་དང་བད་ཀན་ཤས་ཆེ་བ་སེལ་ཏོ། །ཤི་ཀྲུ་དམར་པོའི་ས་བོན་བཏགས་པའི་ཕྱེ་མ་འབྲས་ཀྱི་རང་སྐྱུར་དང་ལྡན་པའི་ལྡེ་གུས་ཡང་དང་ཡང་བསྐུ་ཞིང་ཚྭ་ལ་སོགས་པས་བླུགས་པ་བྱས་ན་རླུང་དང་བད་ཀན་ཤས་ཆེ་བའི་དྲེག་ནད་ལ་ཕན་ནོ། །རྟོགས་པར་སླ་བའི་དྲེག་ནད་ལ་ནི་བྱུག་པ་དང་བསྐུ་བ་དང་བླུགས་པ་དང་ཆུ་ནང་དུ་འདུག་པ་རྣམས་སྦྱར་བར་བྱ་ལ། རྟོགས་པར་དཀའ་བའི་དྲེག་ནད་ལ་ནི་བཀྲུ་སྨན་དང༌། བཀྲུ་སྨན་དྲག་པོ་དང་སྣུམ་གྱི་བཏུང་བ་རྣམས་སྦྱར་རོ། །རླུང་དང་བད་ཀན་ཤས་ཆེ་བའི་དྲེག་ནད་ལ་ནི་བྱུག་པ་དྲོན་པོ་བཏང་ངོ༌། །གལ་ཏེ་གྲང་མོ་བྱས་ན་ནི་ལུས་ཚ་བ་དང༌། སྐྲང་བ་དང༌། ན་བ་དང༌། གཡའ་བ་དང༌། རེངས་པར་འགྱུར་རོ། །ཁྲག་དང་མཁྲིས་པ་ཤས་ཆེ་བའི་དྲེག་ནད་ལ་ནི་བྱུག་པ་ལ་སོགས་པས་བསིལ་བར་བྱ་སྟེ། གལ་ཏེ་དྲོ་བ་བྱས་ན་ནི་སྐེམ་བྱེད་དང༌། མདོག་དམར་བ་དང་རྡུལ་འབྱུང་བ་དང་ལུས་གས་པར་འགྱུར་རོ། །ཤིང་མངར་སྲང་བརྒྱ་ཚུལ་བཞིན་བསྐོལ་ཏེ་བཞི་ཆ་ལུས་པ་དང༌། དེའི་ནང་དུ་ཏིལ་མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང༌། ཏིལ་མར་དང་མཉམ་པའི་འོ་མ་དང་བསྲེས་པའི་ནང་དུ་སྟི་ར་དང༌། བཅའ་བའི་འབྲས་བུ་དང༌། མུར་བ་དང༌། པ་ཡ་སྱ་དང༌། ཉེའུ་ཤིང་དང༌། ཨ་ཀ་རུ་དང༌། ཙནྡན་དང༌། ཧན་ས་པ་ཏི་དང༌། སྤང་སྤོས་དང༌། མེ་ད་རྣམ་གཉིས་དང༌། སླེ་ཏྲེས་དང༌། རམ་ཉེ་བ་རྣམ་གཉིས་དང༌། འཚོ་བྱེད་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། ཤིང་ཚ་དང༌། གནྡྷ་བྷ་དྲ་དང༌། ཆུ་སྲིན་སེན་མོ་དང༌། བ་ལ་ཀ་དང༌། པྲ་པུཎྜ་རཱི་ཀ་དང༌། བཙོད་དང༌། ཐལ་ཏྲེས་དང༌། ཨིན་དྲ་བ་རུ་ནི་དང༌། ཀུ་ཏན་ན་ཏ་དང༌། འདི་རྣམས་སྲང་རེ་རེ་བཏགས་པའི་ཕྱེ་མ་བཏབ་སྟེ་བསྐོལ་ལ་མར་འབའ་ཞིག་ལུས་པ་ལས་སྦྱོར་བ་རྣམ་པ་བཞི་པོ་བཏུང་བ་དང་སྣར་བླུགས་པ་དང༌། བསྐུ་བྱུག་དང༌། འཇམ་རྩི་མས་གཏོང་བ་རྣམས་བྱས་ན། མཁྲིས་པ་དང་ཚ་བ་དང་རིམས་ཀྱིས་ཉམ་ཐག་པ་ལ་ཕན་ནོ། །ཡང་
ན་སྨན་བསྐོལ་བའི་ཁུ་བའི་ནང་དུ་བ་ལའི་ཕྱེ་མ་དང་ཏིལ་མར་དང་དེ་དང་མཉམ་པའི་འོ་མ་དང་ཡང་བསྐོལ་ལ། དེ་བཞིན་དུ་ཏིལ་མར་དེ་འོ་མ་དང་ལན་བརྒྱ་སྟོང་གི་བར་དུ་བསྐོལ་ཏེ། དེ་ལས་རན་པར་འཐུངས་ན་དྲེག་དང་རླུང་ཞི་བར་བྱེད་དེ། ཁྱད་པར་དུ་བཅུད་ཀྱིས་ལེན་གྱི་མཆོག་ཏུ་འགྱུར་ཞིང་དབང་པོ་རྣམས་གསལ་བར་བྱེད་དེ། ཚེ་དང་ལུས་འཕེལ་ཞིང་རྒྱས་པ་དང༌། སྐད་སྙན་པ་དང༌། ཁུ་ཆུ་དང༌། ཁྲག་གི་ནད་རྣམས་འཇོམས་པར་བྱེད་དོ། །རླུང་འཁྲུགས་ཤིང་ཚིལ་དང་བད་ཀན་ལྷག་པར་སྐྱེས་པས་རྩའི་ནང་དུ་རྒྱུར་མི་སྟེར་ཏེ་འགགས་ན་ཐོག་མར་སྣུམ་བསྟེན་ཅིང་ཉམས་བརྟ་བའི་ཆོ་ག་མི་བསྔགས་སོ། །དེ་ལ་ནི་དང་པོ་བརླ་རེངས་པའི་ཆོ་གར་བཤད་པ་རྣམས་བྱ་སྟེ། དེའི་འོག་ཏུ་སྨན་སྣུམ་དང་ལྡན་པར་སྦྱར་རོ། །ཇི་ལྟར་ཁྲག་གི་སྐྱོན་མེད་པར་འགྱུར་བའི་བྱ་བའི་ཆོ་ག་ཐམས་ཅད་བྱའོ། །དེ་ལ་སྲོག་ཅེས་བྱ་བའི་རླུང་ལ་སོགས་པ་རྣམ་ལྔ་འཁྲུགས་པར་སྣང་ན། མ་ནོར་བར་རླུང་ནད་གསོ་བའི་སྐབས་སུ་བཤད་པའི་གསོ་བའི་རིམ་པ་དང༌། རླུང་ལྔ་པོ་རེ་རེ་གང་འཁྲུགས་པ་བརྟགས་ཏེ་དེ་ཉིད་ཀྱི་སྟོབས་ཆེ་ཆུང་ལས་གསོ་བར་བྱའོ། །རླུང་ནད་མ་ཞི་བ་དང་བཅས་པ་ལ་ནི་ཐོག་མར་དུགས་དང༌། སྨྱུང་བ་དང༌། སྨིན་པར་བྱ་བ་དང༌། རྩུབ་པའི་སྨན་དུ་བྱུག་པ་དང༌། བླུགས་པ་ལ་སོགས་པ་མ་ཞུ་བ་མེད་པར་བྱས་ལ་དེའི་འོག་ཏུ་རླུང་ཉི་ཚེའི་གསོ་བ་བྱའོ། །སྐེམ་བྱེད་དང༌། བྱ་རྨྱང་དང་རྐང་ལག་འཁུམས་པ་དང༌། རེངས་པ་དང༌། ཚོར་བ་མེད་པ་དང༌། འདར་བུ་དང༌། འགྲམ་པའི་ཚིགས་བྱོར་བ་དང༌། ཁ་ཡོ་བ་དང༌། འཐེང་བ་དང༌། ཞ་བ་དང༌། དྲེག་ནད་དང༌། ཚིགས་འཁྲུལ་བ་དང༌། གཞོགས་ཕྱེད་ན་བ་དང༌། གཞན་ཡང་ཚིལ་དང༌། རྐང་དང༌། རུས་པའི་ནང་དུ་ཞུགས་པའི་ནད་འདི་རྣམས་ཚབས་ཆེར་ན་བ་ཡིན་པས་ཡུན་མི་རིང་ན་ནི་འབད་པ་དང་བཅས་པས་གསོར་རུང་སྟེ། དེ་བས་ན་ནད་གསར་ཞིང་ནད་པ་ཉམས་སྟོབས་དང་ལྡན་བ་ཞིག་ན་མྱུར་དུ་གསོ་བར་བྱའོ། །རླུང་ནད་མཁྲིས་པ་དང་བཅས་པ་ཡིན་ན་ནི་རེས་ཀྱིས་
དྲོ་བ་དང་གྲང་བའི་གསོ་བ་ལན་མང་དུ་བྱའོ། །ཡང་ན་འཚོ་བྱེད་སྡེ་བཅུ་དང་མར་བསྐོལ་བ་བླུད་དོ། །རླུང་ནད་མཁྲིས་པ་དང་ལྡན་པ་ལ་ནི་སྲོག་ཆགས་ཐང་ལས་སྐྱེས་པའི་ཤ་དང༌། ནས་དང༌། འབྲས་སཱ་ལུའི་ཟན་བྱིན་ཏེ། འོ་མ་དང་ལྡན་པའི་བཀྲུ་སྨན་འཇམ་པོ་ཡང་བཏང་ངོ༌། །རྩ་བ་ཆེན་པོ་ལྔ་དང་བ་ལ་བསྐོལ་བ་འོ་མ་དང་ལྡན་པའི་འཇམ་རྩི་མས་གཏོང་ངོ༌། །ཏིལ་མར་སྨན་མངར་བ་དང་སྦྱར་བའི་འཇམ་རྩི་དུས་སུ་བཏང་ན་ཕན་ནོ། །ཡང་ན་ཤིང་མངར་དང་ཏིལ་མར་རམ། ཡང་ན་མར་རམ་འོ་མ་འམ་ཡང་ན་རྩ་བ་ལྔ་པ་བསྐོལ་བའི་ཁུ་བ་འམ། ཡང་ན་ཆུ་གྲང་མོ་དང་དེ་རྣམས་གང་ཡང་རུང་བས་བླུགས་པ་བྱས་ན་མཁྲིས་པ་དང་ལྡན་པའི་རླུང་ནད་ལ་ཕན་ནོ། །བད་ཀན་དང་ལྡན་པའི་རླུང་ནད་ལ་ནི་ནས་ཀྱི་ཟན་དང༌། སྐམ་ན་གནས་པའི་རི་དགས་དང༌། བྱའི་ཤ་དང༌། དུགས་དང༌། བཀྲུ་སྨན་དྲག་པོ་རྣོན་པོ་དང༌། སློན་ཁྲུས་ཀྱང་ཕན་ཏེ། མར་རྙིང་པ་དང༌། ཏིལ་དང༌། ཡུངས་ཀར་གྱི་འབྲུ་མར་རྣམས་སྦྱར་ན་ཕན་ནོ། །རླུང་བད་ཀན་དང་མཁྲིས་པར་ལྡན་པ་ལ་ནི་དང་པོ་མཁྲིས་པ་གསོ་ཞིང་དེ་ནས་བད་ཀན་རིམ་གྱིས་གསོའོ། །རླུང་དང་ཁྲག་འདྲེས་པ་ལ་ནི་དྲེག་ནད་ཀྱི་གསོ་བ་ཇི་སྐད་བཤད་པ་རྣམས་བྱའོ། །རླུང་ཤས་རྒྱས་པ་དང་བཅས་པ་ལ་ནི་དུགས་དང་བསྐུ་བྱུག་དང༌། ཤ་ཁུ་དང༌། འོ་མ་དང་སྣུམ་རྣམས་སྦྱོར་བ་བཞིན་བྱས་ན་ཕན་ནོ། །རླུང་ནད་བརླ་རེངས་པ་དང་བཅས་པ་ལ་ནི་གཅིན་ནད་དང༌། ཚིལ་རྒྱས་པ་དང༌། རླུང་ནད་བརླ་གསོ་བ་རྣམས་འདིར་སྦྱར་རོ། །རླུང་ནད་རུས་པ་དང༌། རྐང་ལ་གནས་པ་ལ་ནི་སྣུམ་ཆེན་པོ་རྣམས་སྦྱར་རོ། །རླུང་ཁུ་ཆུ་ལ་གནས་པ་ལ་ནི་གོང་དུ་བཤད་པའི་ཆོ་ག་བྱས་ན་ཕན་ནོ། །རླུང་ཕོ་བའི་ནང་དུ་བྱུང་བ་ལ་ནི་ཟས་འཇུ་བར་བྱེད་པ་དང༌། མེ་དྲོད་སྐྱེ་སྐྱེད་པའི་སྨན་དང་སྐྱུག་སྨན་དང༌། ཁ་ཟས་ཡང་པ་ཚོད་ཟིན་པར་བྱས་ན་ཕན་ནོ། །རླུང་གཅིན་གྱི་གནས་སུ་བྱུང་བ་ལ་ནི་གཅིན་འཕེལ་བའི་སྨན་དང་དུགས་དང༌། ཕོ་མཚན་ནས་སྨན་མས་གཏོང་ན་ཕན་ནོ། །རླུང་བཤང་བ་ལ་གནས་པ་ལ་ནི་ཨེ་རཎྜའི་མར་ཕན་ཏེ། དེ་བཞིན་དུ་སྣུམ་དང་ལྡན་པའི་བཀྲུ་
སྨན་དང་འཇམ་རྩི་ཕན་ནོ། །ལུས་ཟུངས་ཀུན་ཏུ་རླུང་གིས་ཁྱབ་པ་ལ་ནི་བད་ཀན་དང་རླུང་མི་འཁྲུག་ཅིང༌། རླུང་དང་རྗེས་སུ་མཐུན་པའི་སྨན་མྱུར་དུ་བྱས་ན་ཕན་ནོ། །ཡང་ན་དེ་ལ་ནི་གང་ཐུར་དུ་འཁྲུ་བར་མི་འགྱུར་བ་དང༌། སྣུམ་པ་དང༌། རྩ་རྒྱུན་དག་པའི་སྨན་དང་དེ་དག་གང་ཡང་རུང་བ་བཟའ་བཏུང་ཀུན་ལ་སྦྱར་རོ། །ཕལ་ཆེར་ལྒང་པ་ནས་སྨན་མས་གཏོང་སྟེ། དེ་ཡང་མངར་བ་དང༌། སྣུམ་པའི་འཇམ་རྩི་མས་གཏོང་ངོ༌། །དེ་ནས་ལུས་ཀྱི་ཉམས་སྟོབས་བརྟགས་ཏེ། སྟོབས་དང་ལྡན་པ་ཡིན་ན་ནི་བཀྲུ་སྨན་འཇམ་པོ་གཏང་ངོ༌། །དེ་བཞིན་དུ་བཅུད་ཀྱིས་ལེན་གྱི་སྦྱོར་བ་ཇི་སྙེད་པ་བྱས་ན་ཡང་རབ་ཏུ་བསྔགས་ཏེ་ཁྱད་པར་དུ་བྲག་ཞུན་དང༌། འོ་མའི་སྦྱོར་བ་དང༌། དེ་བཞིན་དུ་གུ་གུལ་ཉི་ཚེ་དང་བྷར་ག་པས་བཤད་པའི་ཚངས་པའི་བཅུད་ཀྱིས་ལེན་ཞེས་བྱ་བའི་ནང་དུ་ཁ་ར་དཀར་པོ་སྲང་སྟོང་ཆིག་བརྒྱ་དང་སྦྱར་བའི་ལྡེ་གུ་ཡང་རབ་ཏུ་ཕན་ནོ། །གཞང་ཁའི་ནང་དུ་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་ཡོད་དེ། དེ་ནད་གཞི་གང་ཡང་རུང་བ་དང་འབྲེལ་ཅིང་ན་བ་ལ་ནི་མེ་དྲོད་སྐྱེད་པ་དང༌། ཕྱི་ས་སྐ་བར་འགྱུར་བ་དང༌། རླུང་བདེ་བར་འབྱུང་བར་བྱ་ཞིང་གཅིན་སྦྱང་བའི་ཕྱིར་ཡང་སྦྱོར་བ་དེ་དག་བྱའོ། །དེ་དག་ནི་རླུང་དང་ལྡན་པའི་ནད་ཀྱི་གསོ་བ་མདོར་བསྟན་པ་ཡིན་ཏེ། སྲོག་ཅེས་བྱ་བའི་རླུང་ལ་སོགས་པ་རླུང་ནད་རྣམ་པ་ལྔ་པོ་ཡང་སྨན་པས་གང་དང་ལྡན་པ་བརྟགས་ཏེ་སོ་སོའི་གསོ་བ་བཞིན་དུ་བྱའོ། །དེ་ལ་སྟོད་དུ་རྒྱུ་བའི་རླུང་ནི་སྨན་པས་སྟོད་དུ་དྲང་ཞིང་གསོའོ། །ཐུར་དུ་སེལ་བའི་རླུང་ནི་སྨད་དུ་དྲང་ཞིང་གསོའོ། །མེ་དང་མཉམ་དུ་གནས་པའི་རླུང་ནི་མཉམ་པ་ཉིད་དུ་གསོ་ཞིང་གཞུག་གོ །ཁྱབ་བྱེད་ཀྱི་རླུང་ནད་ནི་གསུམ་ཀའི་སྦྱོར་བ་བྱའོ། །བཞི་པོ་དེ་དག་པས་ཀྱང་སྲོག་ཅེས་བྱ་བའི་རླུང་ཁྱད་པར་དུ་བསྲུང་བར་བྱ་སྟེ། རླུང་དེ་དག་གནས་ན་ལུས་གནས་པའི་ཕྱིར་རོ། །དེ་ལྟར་ནད་གཞི་དེ་དག་རང་གི་གནས་སྤངས་ཏེ་ལམ་གཞན་དུ་ཞུགས་པར་གྱུར་ན། དེ་ལས་སློན་ཏེ་སོ་སོའི་གནས་སུ་བཞག་སྟེ་གསོའོ། །རླུང་ནད་ཁྲག་མཁྲིས་དང་ལྡན་པ་མ་
གཏོགས་པ་ལྷག་མའི་ནད་གཞི་གང་དང་ལྡན་ཡང་བཅུད་ཀྱིས་ལེན་གྱི་ཆོ་ག་བཞིན་དུ་སྒོག་པ་བསྟེན་ན་ཕན་ནོ། །སྟོད་དུ་རྒྱུ་བའི་རླུང་ལ་སོགས་པ་མཁྲིས་པར་ལྡན་པ་ཡིན་ན་ནི་ཐོག་མར་མཁྲིས་པ་གསོས་ལ་དེའི་འོག་ཏུ་རླུང་གསོ་བར་བྱའོ། །དེ་བཞིན་དུ་ཁྲག་དང་ལྡན་པ་ཡིན་ན་ཡང་ཐོག་མར་ཁྲག་དང་དྲེག་ནད་ཀྱི་གསོ་བ་བྱ་ཞིང༌། དེའི་འོག་ཏུ་རླུང་གསོའོ། །ཁྲག་མཁྲིས་དང་རླུང་འདྲེས་པའི་ནད་ལ་ཡང་བཅུད་ཀྱིས་ལེན་གྱི་ཆོ་ག་སྣ་ཚོགས་བརྟགས་ཏེ་འདིར་སྦྱར་རོ། །ནད་གཞི་ཇི་ལྟ་བ་བཞིན་དུ་གསོ་བ་ཡང་མ་ནོར་བར་བསྟེན་པ་ཡིན་ཏེ། ཚེའི་རིག་བྱེད་ཀྱི་འབྲས་བུ་ནི་གསོ་བའི་གནས་ཡིན་ཏེ། ནད་རྣམས་ཀྱིས་ཉམ་ཐག་པ་འཕྲལ་དུ་འཇིག་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་གསོ་བ་ཞེས་ཀྱང་བྱ། ཕན་པ་ཞེས་ཀྱང་བྱ། སྦྱོར་བ་ཞེས་ཀྱང་བྱ། སྨན་པ་ཞེས་ཀྱང་བྱ། སྨན་ཞེས་ཀྱང་བྱ། ཞི་བར་བྱེད་པ་ཞེས་ཀྱང་བྱ། བསྔགས་པ་ཞེས་ཀྱང་བྱ་སྟེ། དེ་དག་ནི་མིང་གི་རྣམ་གྲངས་ཡིན་ནོ། །གསོ་བའི་གནས་ལས་དྲེག་ནད་གསོ་བའི་ལེའུ་ཉི་ཤུ་རྩ་གཉིས་པ་སྟེ་ཐ་མ་རྫོགས་སོ།། །།སྨན་པའི་བདག་པོ་སེང་གེ་སྦས་པ་ཞེས་བྱ་བའི་བུ། སྨན་པ་ཆེན་པོ་ཕ་གོལ་ཞེས་བྱ་བས། ཡན་ལག་བརྒྱད་པའི་སྙིང་པོ་མཛད་པ་ལས། གསོ་བའི་གནས་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་གཉིས་པ་རྫོགས་ཤོ།། །།ཡན་ལག་བརྒྱད་པའི་སྙིང་པོ་གནས་བཞི་པའོ།། །།སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་ལས། ཆོ་ག་གྲུབ་པ་རྣམ་པ་དྲུག །ཅེས་བྱ་བ་ཆོ་ག་གྲུབ་པའི་གནས་ལྔ་པ་བརྗོད་པར་བྱ་སྟེ། དེ་ལ་གསོ་བའི་གནས་དེ་ཡང་ཆོ་ག་གྲུབ་པ་ལ་ལྟོས་དགོས་པ་ཡིན་པས། གསོ་བའི་འོག་ཏུ་ཆོ་གའི་གནས་བཤད་པར་རིགས་སོ། །དེ་ལ་ཐོག་མར་སྐྱུག་སྨན་གཏང་བའི་ཆོ་ག་བཤད་པར་བྱ་སྟེ། དེ་ཡང་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་བཤད་པ་ན་རེ། དེ་ལ་པོ་སོན་ཆ་དང༌། དུར་བྱིད་གཉིས་ནི་སློན་དང་ཁྲུས་ཀྱིས་ནད་ཐམས་ཅད་ལ་ཕན་པའི་མཆོག་ཡིན་ཏེ། ནད་ཀྱི་བྱེ་བྲག་རེ་རེ་ལ། བཟང་བ་ཛི་མུ་
ཏ་ལ་སོགས་པ་གཞན་ནི་ཡོད་ན་ཐམས་ཅད་ལ་ཁྱབ་པར་བསྔགས་པ་ནི། དེ་གཉིས་ལས་ལྷག་པ་མེད་དོ། །དེ་ལ་སྐྱུག་སྨན་གཏང་བའི་དུས་ནི། དཔྱིད་དང་སོས་ཀའི་མཚམས་ཀྱི་ཟླ་བ་དང༌། ཚེས་གྲངས་དང༌། ཉི་མ་ཤིས་པ་ལ་གཏང་ངོ༌། །དེ་ལ་སྐྱུག་སྨན་པོ་སོན་ཆ་བཏང་བ་ནི་སོན་ཆའི་འབྲས་བུ་དེ། ཧ་ཅང་མདོག་སེར་པོ་ཡང་མ་ཡིན་ཞིང་སྐྱ་བོར་སོང་བ་ནི་སྨིན་པའི་ཚད་ཡིན་ཏེ། དེ་བླངས་ལ་ཕྱིས་ནས་རྩ་ཀུ་ཤ་ལས་སྣོད་དུ་བྱས་པའི་ནང་དུ་བཅུག་སྟེ་ཐེ་གུས་བཅིངས་ནས་བ་ལང་གི་ལྕིབས་ཕྱི་རོལ་ནས་བྱུག་སྟེ། དེ་ནས་འབྲུའི་ཕུང་པོའི་ནང་དུ་ཞག་བརྒྱད་ཀྱི་བར་དུ་བཞག་སྟེ། དེ་ཡང་ཀུ་ཤས་དཀྲིས་པའི་ཡོན་ཏན་ནི། འཇམ་ཞིང་མངར་ལ་དྲི་ཞིམ་པར་འགྱུར་རོ། །དེ་ལྟར་ཞག་བརྒྱད་ལོན་པ་དང་ཕྱུང་ལ་ཉི་མ་ལ་བསྐམས་པ་དང༌། པི་པི་ལིང་ཡང་དེ་ལྟར་བྱས་ཏེ་བསྐམས་ལ། ཏིལ་གྱི་ཚིགས་མ་བཏགས་པའི་ཕྱེ་མ་ཞོ་དང་མར་དང༌། སྦྲང་རྩི་དང་སྦྱར་བས་བསྐུས་ཏེ་དེ་བསྐམས་པ་དང༌། བུམ་པའི་ནང་དུ་བཅུག་སྟེ་ཇི་ཙམ་ན་དགོས་པའི་དུས་སུ་སྦྱར་རོ། །དེ་ནས་པོ་སོན་ཆ་དང་པི་པི་ལིང་གི་སྦྱོར་བ་དེ་མཐེ་བོང་ནང་དུ་བཅུག་པའི་ཆང་པ་གང་ཙམ་ཕྱེ་མར་བྱས་ལ་ཤིང་མངར་དང༌། ཀོ་བི་ད་ར་དང༌། ཀར་བུ་ད་རི་ཞེས་བྱ་བ་སླེ་སྨན་ཏ་ཀ་དང༌། བིམ་པ་དང༌། ནིམ་པ་དང༌། ལྕང་མ་དང༌། ཤ་ན་པུས་ཤི་ཤུ་ཞེས་བྱ་བ་དང༌། ས་ད་པུཥྤ་ཞེས་བྱ་བ་ཨརྒ་དང༌། ཨ་པ་མརྒ་དང༌། འདི་རྣམས་གང་ཡང་རུང་བ་ཞིག་ཆམ་ཆོམ་བརྡུངས་ཏེ། ནུབ་གཅིག་སྤངས་ལ་བསྐོལ་བའི་ཁུ་བ་སྙིམ་པ་གང་གི་ནང་དུ་བཏབ་སྟེ་བསྐོལ་ལ་སྔ་དྲོ་བླུད་དོ། །མདོའི་གནས་སུ་བསྟན་པའི་ཆོ་ག་བཞིན་དུ་ལེགས་པར་སྐྱུག་ཏུ་གྮུགོ །ཁྱད་པར་དུ་བད་ཀན་གྱི་རིམས་དང་ཆམ་པས་བཏབ་པ་དང༌། སྐྲན་དང་ཁོང་འབྲས་རྣམས་ལ་སྐྱུག་སྨན་བྱ་སྟེ། མཁྲིས་པ་བྱུང་ན་བཅད་དོ། །པི་པི་ལིང་དང༌། པོ་སོན་ཆ་བསྐོལ་བའི་ཁུ་བ་འམ། ཡང་ན་ཀོ་པི་ད་ར་འི་ཁུ་བ་གང་ཡང་རུང་བའི་ནང་དུ་པི་པི་ལིང་དང༌། པོ་སོན་ཆའི་ཕྱེ་མའི་སྦྱོར་བ་དང༌། ཕྱེ་མ་དེའི་སུམ་ཆའི་འབྲས་བུ་གསུམ་གྱི་ཕྱེ་མ་བཏབ་སྟེ་བླུད་ན་རིམས་དང༌། ཡི་ག་
འཆུས་པ་དང༌། ལྦ་བ་དང༌། ཐོར་བུ་དང༌། འབྲུམ་ཆེན་དང༌། དམུ་རྫིང་རྣམས་ལ་ཕན་ནོ། །གལ་ཏེ་མཁྲིས་པ་བད་ཀན་གྱི་གནས་སུ་ཞུགས་པ་ལ་ནི། ཛི་མུ་ཏ་དང༌། ཀོ་ཤ་ཏ་ཀི་རྣམ་གཉིས་དང༌། དུག་མོ་ཡུངས་དང༌། འདི་རྣམས་གང་ཡང་རུང་བ་ཞིག་བསྐོལ་བའི་ཁུ་བའི་ནང་དུ་གོང་གི་པོ་སོན་ཆ་དང༌། པི་པི་ལིང་གི་སྦྱོར་བའི་ཕྱེ་མ་བཏབ་སྟེ་བླུད་དོ། །སྙིང་ཚ་བ་དང་ཁྲག་མཁྲིས་རྒྱས་པ་ལ་ནི། པི་པི་ལིང་བརྒྱ་འོ་མ་དང་བསྐོལ་བའི་ནང་དུ་པོ་སོན་ཆའི་སྦྱོར་བ་བཏབ་སྟེ་བླུད་དོ། །ཡང་ན་པོ་སོན་ཆའི་སྦྱོར་བ་གོང་མའི་ཕྱེ་མ་འོ་མ་དང་བསྐོལ་ཏེ་ཞོར་གྱུར་པ་དང༌། དེའི་ཞོ་འམ་ཞོའི་སྤྲིས་མ་འཐུངས་ན་བད་ཀན་ལས་གྱུར་པའི་སྐྱུགས་པ་དང༌། ཆམ་པས་བཏབ་པ་དང༌། མུན་ཐིབས་ཞེས་བྱེད་པ་ལ་ཕན་ནོ། །ལུས་སྐེམ་ཞིང་མེ་དྲོད་ཀྱིས་ཉམ་ཐག་པ་ལ་ནི་པོ་སོན་ཆ་དང༌། དེ་བ་ཏི་ལ། ཀོ་ཤ་ད་ཀི་དང༌། དུག་མོ་ཡུངས་དང༌། ཀུ་བ་ཁ་བོ་དང༌། འདི་རྣམས་འོ་མ་དང་ཚུལ་བཞིན་བསྐོལ་བའི་ནང་དུ་གོང་དུ་སྨོས་པའི་སྨན་གྱི་ཕྱེ་མ་དང༌། པོ་སོན་ཆ་དང༌། པི་པི་ལིང་གི་སྦྱོར་བའི་ཕྱེ་མ་བཏབ་སྟེ། འོ་མ་དང་ཡང་བསྐོལ་ལ། དེ་ལས་བྱུང་བའི་མར་བླུད་དོ། །ཡང་ན་པི་པི་ལིང་དང༌། པོ་སོན་ཆའི་འབྲས་བུའི་ཁུ་བ་གོ་བྱེའི་ཆོ་ག་བཞིན་དུ་བྱ་སྟེ། ལྡེ་གུ་སྐྱ་བ་ལ་དྲིལ་དུ་བཏུབ་པ་ཙམ་གྱི་ཆོད་བྱིན་ལ་བདེ་བར་སྐྱུག་ཏུ་གཞུག་གོ །ཡང་ན་ལྡེ་གུ་དེ་ཉིད་བཟའ་བ་དང་བཏུང་བའི་ནང་དུ་བཏབ་སྟེ་བཟའ་བའམ། ཡང་ན་གོང་གི་པི་པི་ལིང་དང༌། པོ་སོན་ཆའི་སྦྱོར་བ་བསྐོལ་བ་དང་ལྷན་ཅིག་གཏང་ངོ༌། །ཡང་ན་བོ་སོན་ཆ་དང༌། པི་པི་ལིང་དང༌། ནིམ་པ་དང༌། ཨརྐ་དང༌། དེ་དག་གང་ཡང་རུང་བ་བསྐོལ་བའི་ནང་དུ་དུག་མོ་ཡུངས་ཀྱི་སྡེ་ཚན་བཏགས་པའི་ཕྱེ་མ་བཏབ་སྟེ་བླུད་ན། ཉམས་བརྟས་པ་ལས་གྱུར་པའི་ནད་གཏིང་ཟུག་པ་ཡང་ཞི་བར་བྱེད་དོ། །བྱིས་པ་གཞོན་ནུ་བད་ཀན་དང་མཁྲིས་པ་ཡོད་ཅིང་སྐྱུག་སྨན་བཏང་མི་བཟོད་པ་ལ་ནི་ཐོག་མར་འགྲངས་པར་བྱས་ནས། དེའི་འོག་ཏུ་པོ་སོན་ཆའི་མེ་ཏོག་གམ་འབྲས་བུ་གང་ཡང་རུང་བ་ལེགས་པར་བཏགས་ལ་མེ་ཏོག་གི་ཕྲེང་བ་ལ་ཕྱེ་མས་བསྒོས་ཏེ་སྣ་སྒོར་
མནམ་ན་བདེ་བར་སྐྱུག་པར་འགྱུར་རོ། །ཡང་ན་ཐུག་པ་འམ། ཤ་ཁུ་འམ། ཀྲི་ས་ར་ལ་སོགས་པའི་ནང་དུ་པོ་སོན་ཆའི་ཕྱེ་མས་བཏབ་སྟེ་བླུད་ན་ཡང་སྐྱུག་པར་འགྱུར་རོ། །ཡང་ན་ཛི་མུ་ཏ་ལ་སོགས་པའི་གོང་དུ་སྨོས་པའི་སྨན་དྲུག་པོ་ཡང་པོ་སོན་ཆའི་སྦྱོར་བ་བཞིན་དུ་བྱས་ལ་ཁྱད་པར་དུ་ཛི་མུ་ཏའི་སྦྱོར་བས་ནི་རིམས་དང༌། དབུགས་མི་བདེ་བ་དང་ལུད་པ་དང༌། སྐྱིགས་བུ་ལ་སོགས་པའི་ནད་ལ་ཡང་སྦྱར་རོ། །ཡང་ན་ཛི་མུ་ཏའི་མེ་ཏོག་གམ་མེད་ན་འབྲས་བུ་འམ། ཡང་ན་འབྲས་བུ་སྤུ་དང་བཅས་པ་འམ། དེ་དག་གང་རྙེད་ཀྱང་རུང་སྟེ། འོ་མ་བསྐོལ་བ་དང་སྦྱར་ལ་སྐྱུག་སྨན་གྱི་དོན་དུ་བཏང་བ་འམ། ཡང་ན་ཛི་མུ་ཏའི་འབྲས་བུ་མ་སྨིན་པ་དང་ཞོའི་སྤྲིས་མ་ལ་སྦྱར་བ་བྱིན་ན་སྐྱུག་པར་འགྱུར་རོ། །ཡང་ན་ཛི་མུ་ཏའི་འབྲས་བུ་སེར་སྐྱར་སོང་བའི་ཕྱེ་མ་འོ་མར་བསྐོལ་ལ་ཞོ་སྐྱུར་པོར་གྱུར་པ་ལ་བཏབ་ན་སྐྱུག་པར་འགྱུར་རོ། །ཨ་ས་བའི་ཆང་གི་དངས་མའི་ནང་དུ་ཛི་མུ་ཏའི་རྩ་བ་མཉེས་ཏེ་བླུད་དོ། །ཛི་མུ་ཏའི་སྦྱོར་བ་དེ་དག་གིས་བད་ཀན་དང༌། ཡི་ག་འཆུས་པ་དང༌། ལུད་པ་ལུ་བ་དང༌། སྐྱ་རྦབ་དང༌། གཅོད་ཆེན་པོ་རྣམས་ལ་སྦྱོར་བ་འདི་བཏང་ན་ཕན་ནོ། །ཀུ་བ་དང་ཀོ་ཤ་ཏ་ཀི་རྣམ་གཉིས་དང་སྦྱོར་བ་གོང་མ་བཞིན་འོ་མ་དང་མེ་ཏོག་དང་འབྲས་བུའི་ཆོ་ག་ཇི་ལྟ་བ་བཞིན་བྱའོ། །ཡང་ན་དེ་གསུམ་ལེགས་པར་སྨིན་པ་བླངས་ཏེ་སྐམ་པོ་བཏགས་པའི་ཕྱེ་མ་བཙགས་པ་སྲང་ཕྱེད་འོ་མའི་ནང་དུ་བསྐྱོས་པ་བླུད་ན་རླུང་དང་མཁྲིས་པ་ལ་ཕན་ནོ། །པ་ཏོ་ལའི་རྩ་བ་བསྐོལ་བའི་ཁུ་བ་འམ། ཡང་ན་དོང་གའི་སྡེ་ཚན་ལས་པ་ཐ་ཡན་ཆད་སྨན་དགུ་ལས་གང་ཡང་རུང་བའི་ཁུ་བའི་ནང་དུ་ཛི་མུ་ཏའི་འབྲས་བུ་གཉིས་སམ་གསུམ་ཆམ་ཆོམ་བརྡུངས་ཏེ་འཐུངས་ན་མཁྲིས་པ་དང་བད་ཀན་གྱི་རིམས་ནད་ཅན་ལ་ཕན་ནོ། །ཡང་ན་ཛི་མུ་ཏ་བཏགས་པའི་ཕྱེ་མ་མཁྲིས་པའི་རིམས་ལ་ནི་ཆུ་གྲང་མོ་དང་སྦྱར་ཏེ་གཏང་ངོ༌། །བད་ཀན་དང་རླུང་འདྲེས་པའི་རིམས་ལ་ནི་ཆུ་དྲོ་འཇམ་ཙམ་དང་སྦྱར་བ་བྱིན་ནོ། །ལུད་
པ་དང་དབུགས་མི་བདེ་བ་དང༌། དུག་དང༌། སྐྱུགས་པ་དང༌། རིམས་དང༌། བད་ཀན་ཤས་ཆེ་བ་དང༌། མུན་ཐིབས་ཞེས་བྱེད་པའི་ནད་དང༌། དེ་རྣམས་དང་ལྡན་པའི་སྐྱེས་བུ་ལ་ནི་ཀུ་བ་ཁ་བོའི་སྐྱུག་སྨན་རབ་ཏུ་བསྔགས་སོ། །ཀུ་བ་ཁ་བོའི་འབྲས་བུ་དང༌། མེ་ཏོག་དང༌། མེ་ཏོག་མེད་པའི་དུས་སུ་ནི་མྱུ་གུ་དང༌། ལོ་མ་གསར་པ་འོ་མ་དང་བསྐོལ་བ་མཁྲིས་པ་དང༌། བད་ཀན་དུ་ལྡན་པའི་རིམས་མཁྲིས་པ་ཤས་ཆེ་བ་ལ་གཏང་ངོ༌། །ཀུ་བ་ཁ་བོ་ལེགས་པར་སྨིན་པའི་ནང་གི་འབྲས་བུ་ཕྱུང་སྟེ། འོ་མའི་ནང་དུ་བཅུག་སྟེ་ཞོར་གྱུར་པ་དང༌། བད་ཀན་ལས་གྱུར་པའི་ལུད་པ་དང༌། དབུགས་མི་བདེ་བ་དང༌། སྐྱུག་སྨན་གྱི་དོན་དུ་བླུད་དོ། །ཡང་ན་སྐྱ་རྦབ་དང༌། མཛེ་དང༌། དུག་གིས་ཉམ་ཐག་པ་ལ་ནི་ཀུ་བ་ཁ་བོའི་ས་བོན་ཞོག་ཆུ་དང་སྦྱར་བ་སྦྱིན་ནོ། །ཡང་ན་ཀུ་བ་ཁ་བོའི་ས་བོན་དར་བ་བསྐོལ་བའི་ནང་དུ་བཏབ་སྟེ། རྒྱམ་ཚ་དང༌། སྦྲང་རྩི་དང་བཅས་པ་བླུད་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་ཀུ་བ་ཁ་བོའི་ས་བོན་རའི་འོ་མའི་ནང་དུ་བྲན་ཏེ་རའི་འོ་མ་དེ་ཉིད་དང་བཅས་པ་འཐུངས་ན་དུག་དང༌། སྐྲན་དང༌། དམུ་རྫིང་དང༌། ཐོར་བུ་དང༌། འབྲས་དང༌། རྐང་བམ་རྣམས་ལ་ཕན་ནོ། །ནས་ཕྱེ་འམ་ཡང་ན་ཀུ་བ་ཁ་བོའི་ས་བོན་གང་ཡང་རུང་བའི་ཀུ་བའི་རང་ཁུས་བསྒོས་ཏེ་སྐྱོ་མར་བྱས་པ་བླུད་ན་བད་ཀན་ལས་གྱུར་པའི་རིམས་དང༌། ལུད་པ་དང༌། ལྐོག་མའི་ནད་དང༌། མ་ཞུ་བ་རྣམས་ལ་ཕན་ནོ། །སྐྲན་དང་རིམས་རྙིང་པ་ལ་ནི་ཀུ་བ་ཁ་བོའི་ཕྱེ་མ་ཤ་ཁུ་དང་ལྷན་ཅིག་བླུད་ན་ལེགས་པར་སྐྱུག་ཅིང་ཉམ་ཆུང་བར་ཡང་མི་འགྱུར་རོ། །ཀུ་བ་ཁ་བའི་འབྲས་བུ་དང༌། མེ་ཏོག་རང་གི་ཁུ་བ་བསྐམས་ཏེ་བཏགས་པའི་ཕྱེ་མ་མེ་ཏོག་གི་ཕྲེང་བ་ལ་བསྒོས་ཏེ་མན་མན་བདེ་བར་སྐྱུག་པར་བྱེད་དོ། །སྐྱིད་དེ་བའི་སྐྱུག་སྨན་དུ་སྦྱར་རོ། །ལུད་པ་དང༌། སྐྲན་དང༌། །དམུ་རྫིང་
དང། ལྐོག་མའི་ནད་དང༌། དེ་བཞིན་དུ་རླུང་བད་ཀན་གྱི་གནས་སུ་ཞུགས་པ་དང༌། ཁ་དང་མགྲིན་པར་བད་ཀན་གནས་པ་དང༌། བད་ཀན་སོགས་ཤིང་བརྟན་པའི་ནད་རྣམས་ལ་སྨན་དྷ་མར་ཀའི་སྐྱུག་སྨན་འདོད་པ་ཡིན་ཏེ། ཟངས་རྩི་བ་དང༌། ཁ་སྲལ་ཕྲེའུ་དང༌། ཉེའུ་ཤིང་དང༌། རམ་ཉེ་བ་རྣམ་གཉིས་དང༌། ཤྲ་བ་ནི་དང༌། མེ་ད་རྣམ་གཉིས་དང༌། མ་དུ་ལི་ཀ་དང༌། འདི་རྣམས་གང་ཡང་རུང་བའི་ཕྱེ་མ་དང༌། ར་ཛཱ་ཀོ་ཤ་ཏ་ཀི་ཞེས་བྱ་བ་དྷ་མར་ཀའི་ཕྱེ་མ་དང་བཅས་པ་སྦྲང་རྩི་དང་ཤ་ཁ་ར་དང་སྦྱར་བའི་ལྡེ་གུ་ཟོས་ན་ལུང་པ་དང་སྙིང་ཚ་བ་ལ་རབ་ཏུ་བསྔགས་སོ། །མཁྲིས་པ་ཚ་བ་དང་བད་ཀན་དང་ལྡན་པ་ལ་ཡང་གོང་གི་སྦྱོར་བ་གང་ཡང་རུང་བ་ཆུ་དྲོ་འཇམ་ཙམ་དང་སྦྱར་བ་གཏང་ངོ༌། །འུ་སུ་དང་གཡེར་མ་བསྐོལ་བའི་ཁུ་བའི་ནང་དུ་དྷ་མར་ཀའི་ཕྱེ་མ་བཏབ་སྟེ་བླུད་ན་དུག་ནད་འཇོམས་སོ། །བིམ་པ་དང༌། བ་སྤྲུ་བ་དང༌། ཀ་ས་མར་དྷ་ཀ་གང་ཡང་རུང་བ་བསྐོལ་བའི་ཁུ་བའི་ནང་དུ་དྷ་མར་ཀའི་འབྲས་བུ་གཅིག་གམ་གཉིས་མཉེས་ལ་ཚིགས་མ་བོར་ཏེ་དངས་མ་བླུད་ན་སྙིང་ནད་ལ་ཕན་ནོ། །དྷ་མར་ཀའི་འབྲས་བུ་འོ་མ་དང་ལྷན་ཅིག་བསྐོལ་ཏེ། དེ་ལས་བྱུང་བའི་མར་བཏུང་བ་འམ། ཡང་ན་པོ་སོན་ཆ་དང༌། དུག་མོ་ཡུངས་དང༌། ཛི་མུ་ཏའི་འབྲས་བུ་དང༌། ཀྲི་ཏ་བེ་ཏ་ན་དང༌། འདི་རྣམས་རེ་རེ་ནས་སྦྱོར་བ་དེ་ལྟར་བྱས་ན་སྐྱུག་སྨན་དུ་བཟང་ངོ༌། །མཛེ་དང༌། སྐྱ་རྦབ་ཀྱི་ནང་དང༌། མཆེར་པའི་ནད་དང༌། སྐྲང་པ་དང༌། སྐྲན་དང༌། སྦྱར་བའི་དུག་དང༌། འདི་རྣམས་ལ་ནི་ཚ་བ་དང༌། རྣོ་བ་དང༌། དྲོ་བའི་སྐྱུག་སྨན་བསྔགས་སོ། །པོ་སོན་ཆ་དང༌། ཀུ་བ་ཁ་བོ་དང༌། དྷ་མར་ཀ་དང༌། དུག་མོ་ཡུངས་དང༌། ཛི་མུ་ཏ་དང༌། ཀྲི་ཏ་བེ་དྷ་ཀ་དེ་རྣམས་གང་ཡང་རུང་བ་གཅིག་དང༌། ཀོ་ཤ་ཏ་ཀི་
ཆ་སྙོམས་ཏེ་བསྐོལ་བའི་ཁུ་བ་དང༌། ཡུལ་སེར་ཆེ་བ་ནས་བྱུང་བའི་ཤ་ཁུ་དང་ལྷན་ཅིག་བསྐོལ་ཏེ། ལན་ཚྭ་དང་བཅས་པ་བླུད་དོ། །ཡང་ན་པོ་སོན་ཆ་ལ་སོགས་པའི་འབྲས་བུ་གང་ཡང་རུང་བ་ཅིག་དང༌། པི་པི་ལིང་ཆ་མཉམ་པ་ཀོ་ཤ་ཏ་ཀའི་ཁུ་བ་དང་སྦྱར་བ་འམ་ཡང་ན་ཀོ་ཤ་ཏ་ཀི་བསྐོལ་བའི་ཁུ་བ་དང་སྦྱར་བ་བླུད་དོ། །དུག་མོ་ཡུངས་ཀྱི་སྦྱོར་བའི་སྐྱུག་སྨན་ནི་བྱིས་པ་ཤིན་ཏུ་གཞོན་ནུ་ལ་གཏང་བ་ཡིན་ཏེ། དེ་བཞིན་དུ་བད་ཀན་དང་ཁྲག་མཁྲིས་དང་བཅས་པ་དང༌། རིམས་དང༌། ཤུ་བ་མཆེད་པ་དང༌། སྙིང་ནད་དང༌། དྲེག་ནད་དང༌། མཛེ་དང༌། འདི་རྣམས་ལ་རབ་ཏུ་བསྔགས་སོ། །ཡུངས་ཀར་དང༌། མ་དུ་ཀ་དང༌། རྒྱམ་ཚ་དང༌། དེ་རྣམས་གང་ཡང་རུང་བ་བསྐོལ་བའི་ཁུ་བ་འམ། ཡང་ན་དུག་མོ་ཡུངས་ཀྱི་ས་བོན་ཀྲི་ས་ར་དང་ལྡན་པ་སྐྱུག་སྨན་གྱི་དོན་དུ་བླུད་དོ། །དུག་མོ་ཡུངས་ཀྱི་ས་བོན་ཨརྐའི་འོ་མའི་ནང་དུ་ཞག་བདུན་གྱི་བར་དུ་བསྒོས་ཤིང་བྲན་ཏེ། བསྐམས་ལ་བཏགས་པའི་ཕྱེ་མ་པོ་སོན་ཆ་དང༌། ཛི་མུ་ཏ་དང༌། ཀུ་བ་ཁ་བོ་དང༌། ཛི་བན་ཏི་དང༌། ཛི་བ་ཀ་དང༌། དེ་རྣམས་གང་ཡང་རུང་བ་ཅིག་བསྐོལ་བའི་ཁུ་བའི་ནང་དུ་བཏབ་སྟེ་བླུད་དོ། །སློན་སྨན་གྱི་སྦྱོར་བ་པོ་སོན་ཆ་ལ་སོགས་པ་འདི་དག་ནི་གཙོར་སྨོས་པ་ཙམ་དུ་ཟད་ཀྱི། སྐྱེས་བུ་བློ་དང་ལྡན་པ་རྣམས་ཀྱིས་གཞུང་གཞན་ལས་འབྱུང་བ་རྣམས་ཀྱང་ཅི་རིགས་སུ་སྦྱོར་ཅིག །ཆོ་ག་གྲུབ་པའི་གནས་ལས་ལེའུ་དང་པོ་རྫོགས་སོ།། །།དེ་ནས་བཀྲུ་སྨན་གཏང་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། དེ་ལ་དུར་བྱིད་དང་པོ་ཟོས་ཤིང་མ་ཞུ་བའི་ཚེ་ན་ནི་རོ་བསྐལ་མངར་ཞིང་རྩུབ་པ་ཡིན་ཏེ། ཞུ་ནས་ནི་རོ་ཚ་བ་ཡིན་ལ་བད་ཀན་དང་མཁྲིས་པ་འཇོམས་ཤིང་རྩུབ་པས་ནི་རླུང་འཁྲུག་པར་བྱེད་དོ། །དུར་བྱིད་དེ་སྨན་དང་སྦྱར་ན་ནི་རླུང་དང་
མཁྲིས་པ་དང་བད་ཀན་གསུམ་འཇོམས་ཏེ། ཁྱད་པར་དུ་ཆོ་ག་བཞི་ལྡན་པར་བྱས་ན་ནད་གཞི་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །དུར་བྱིད་དེ་ཡང་རྣམ་པ་གཉིས་ཏེ། རྩ་བ་སྨུག་ནག་ཏུ་འདུག་པ་དང༌། དུར་བྱིད་དཀར་པོ་དང་གཉིས་སུ་བཤད་དོ། །དེ་གཉིས་ལས་དུར་བྱིད་དཀར་པོ་ནི་མཆོག་ཏུ་བསྔགས་ཏེ། ཆོ་ག་བསྲུང་མི་དགོས་ཤིང་བཀྲུ་སྨན་འཇམ་པོ་ཡིན་ཏེ། སྐྱིད་དེ་བ་སྡུག་མ་མྱོང་བ་རྒན་པོ་དང་རྒྱུ་སྙི་བ་རྣམས་ལ་གཏང་བ་ཡིན་ནོ། །དུར་བྱིད་སྨུག་ནག་ནི་བརྒྱལ་ཞིང་རྨོངས་བག་ཏུ་བྱེད་ལ། མགྲིན་པ་གྲ་མས་གང་ཞིང་བྲུད་པ་ལྟར་བྱེད་ལ། རྣོ་ཞིང་མྱུར་དུ་འཁྲུ་བའི་བདག་ཉིད་ཡིན་པས་ལྟོ་ཤིན་ཏུ་སྲ་བ་དང༌། ནད་གཞི་མང་པོས་ཉམ་ཐག་སྟེ་ལུས་ཤིན་ཏུ་ཟད་པ་ལ་བསྔགས་སོ། །དུར་བྱིད་དེ་བཏུང་བའི་དུས་སུ་ཡང་རྩ་བ་གཡས་གཡོན་དུ་མ་འཕྲོས་ཤིང་ཟབས་སུ་དྲང་པོར་འདུག་པ་དེ་ཕྱུང་ལ་དབུས་ཀྱི་སྙིང་པོ་བོར་ཏེ་ཤུན་པ་བསྐམས་ལ་སྦས་ནས་སྣོད་དུ་གཞུག་གོ །དེ་ནས་བཀྲུ་སྨན་དུ་སྦྱར་བ་ནི་རླུང་ནད་ཅན་ལ་ནི་དུར་བྱིད་ཕྱེ་མར་བྱ་སྟེ། རྒྱམ་ཚ་དང༌། བཅའ་སྒ་ཉུང་ཟད་དང༌། སྐྱུར་དང་སྦྱར་ཏེ་བླུད་དོ། །མཁྲིས་པ་ལས་གྱུར་པའི་ནད་ལ་ནི་དུར་བྱིད་མར་དང༌། སྦྲང་རྩི་དང་ཁ་ར་དང་བཅས་པ་འོ་མ་དང་རྒུན་ཆུ་དང་བུ་རམ་ཤིང་གི་ཁུ་བ་དང་ཏང་པལ་དང་སྨན་མངར་བའི་སྡེ་ཚན་དང༌། འབྲས་བུ་གསུམ་དང༌། དེ་རྣམས་ཀྱི་ཁུ་བ་གང་ཡང་རུང་བ་དང་སྦྱར་བ་བླུད་དོ། །བད་ཀན་ལས་གྱུར་པའི་ནད་ལ་ནི་སཱ་ལུའི་ཁུ་བ་དང༌། བ་གཅིན་དང༌། རྩབས་སྐྱུར་པོ་དང༌། ཚ་བ་རྣམ་ལྔའི་ཁུ་བ་དང་བད་ཀན་འཇོམས་པའི་སྨན་ཉུང་ཤས་དུར་བྱིད་ཀྱི་ཕྱེ་མ་དང་སྦྱར་བ་བླུད་དོ། །དུར་བྱིད་བསྐོལ་བའི་ཁུ་བ་གྲང་མོའི་ནང་དུ་ཁ་ར་དང༌། སྦྲང་རྩི་དང༌། དྲི་སྣ་གསུམ་དང་སྦྱར་བ་བླུད་པ་འམ། ཡང་ན་དུར་བྱིད་ཀྱི་ཕྱེ་མ་ཁ་ར་དང་སྦྲང་རྩི་དང་སྦྱར་བའི་ལྔ་གུ་བལྡགས་ན་བཀྲུ་སྨན་ཡིད་དུ་འོང་བ་ཡིན་ནོ། །ཨ་ཛཱ་གན་དྷ་དང༌། སྨྱིག་རྐང་དང༌། བི་ད་རི་དང༌། ཤ་ཁ་ར་དང༌། འདི་རྣམས་དང་དུར་
བྱིད་ཀྱི་ཕྱེ་མ་སྦྲང་རྩི་དང་མར་སྦྱར་བའི་ལྡེ་གུ་བལྡགས་ན་འདུས་པ་དང༌། རིམས་དང༌། ལུས་རེངས་པ་དང༌། ལུས་ཚ་བ་དང༌། སྐོམ་དད་ཀྱིས་གཟིར་བ་ལེགས་པར་འཁྲུ་བར་བྱེད་དོ། །ཡང་ན་བུ་རམ་ཤིང་གི་སྡོང་བུ་བཀས་ཏེ། དུམ་བུ་གཉིས་སུ་བྱས་པའི་ནང་ངོས་དུར་བྱིད་ཀྱི་ཕྱེ་མ་ལྡེ་གུར་བྱས་ཏེ། བསྐུས་ཏེ་སླར་སྦྱར་བས་སྣོད་ཁ་སྦྱར་གྱི་ནང་དུ་ཆོ་ག་བཞིན་དུ་ཚོས་པར་བྱས་ནས་ཟོས་པ་ན་འདུས་པ་ལས་གྱུར་པའི་ནད་ལེགས་པར་འཁྲུ་བར་འགྱུར་རོ། །ཤིང་ཚ་དང་སུག་སྨེལ་མཉམ་པ་དང༌། དེ་གཉིས་དང་མཉམ་པའི་ནི་ལི་ནི་དང༌། སྨན་གསུམ་པོ་དེ་དག་དང་མཉམ་པའི་དུར་བྱིད་དང༌། སྨན་དེ་བཞི་དང་མཉམ་པའི་ཤ་ཁ་ར་དང༌། འདི་རྣམས་ཀྱི་ཕྱེ་མ་རྒུན་འབྲུའི་ཁུ་བའི་ནང་དུ་སྦྲང་རྩི་དང་ཕྱེས་བཏབ་པའི་སྐྱོ་མ་འཐུངས་ན་རླུང་དང༌། མཁྲིས་པ་དང༌། བད་ཀན་ལས་གྱུར་པའི་ནད་དང༌། མེའི་དྲོད་ཆུང་བ་དང༌། སྐྱེས་བུ་སྐྱིད་དེ་བ་དང༌། ཤིན་ཏུ་གཞོན་པ་རྣམས་ལ་ཆོ་ག་བསྲུང་མི་དགོས་པར་འཁྲུ་བར་བྱེད་དོ། །བྱི་དང་ག་ཕུབ་མ་མེད་པ་དང༌། འབྲས་བུ་གསུམ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། པི་པི་ལིང་དང༌། སྨན་སྣ་གཅིག་གི་སུམ་འགྱུར་གྱི་དྲི་བི་ཙ་དང༌། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་འམ། མར་རམ་བུ་རམ་དེ་རྣམས་གང་ཡང་རུང་བའི་ལྡེ་གུ་བལྡགས་ན་ཡི་ག་འཆུས་པ་དང། སྐྲན་དང་མཆེར་པ་དང༌། དམུ་རྫིང་དང༌། ལུད་པ་དང༌། ནད་ཧ་ལི་མི་ཀ་དང༌། གཞན་ཡང་བད་ཀན་དང༌། རླུང་ལས་གྱུར་པའི་ནད་མྱུར་དུ་སྦྱོང་བར་བྱེད་དོ། །བྱི་དང་ག་དང༌། པི་པི་ལིང་མུངྒ་ལ་དང༌། འབྲས་བུ་གསུམ་དང༌། འུ་སུ་དང༌། ཙི་ཏྲ་ཀ་དང༌། ན་ལེ་ཤམ་དང༌། དུག་མོ་ཉུང་དང༌། ཟི་ར་དང༌། པི་པི་ལིང་དང༌། ཧསྟི་པི་པི་ལིང་དང༌། ཏི་མུ་ས་དང༌། ལན་ཚྭ་རྣམ་ལྔ་དང༌། འདི་རྣམས་ཞོ་གཉིས་གཉིས་ཕྱེ་མར་བྱས་པ་དང༌། ཏྲི་བི་ཙ་སྲང་བརྒྱད་ཀྱི་ཕྱེ་མ་དང༌། ཏིལ་མར་སྲང་བརྒྱད་དང༌། སྐྱུ་རུ་རའི་འབྲས་བུའི་ཁུ་བ་སྲང་སུམ་ཅུ་རྩ་གཉིས་དང༌། བུ་རམ་སྲང་སུམ་བརྒྱ་ལྔ་བཅུ་དང༌། དེ་རྣམས་ལྷན་ཅིག་མེ་མི་ཆེ་བ་དང་བསྐོལ་བ་ནི་དགེ་བའི་བུ་རམ་ཞེས་བྱ་བའི་སྦྱོར་བ་ཡིན་ཏེ། དུས་ཐམས་ཅད་དུ་སྦྱོར་བ་འདི་བྱར་ཡང་རུང་སྟེ། ཆོ་ག་བསྲུང་མི་དགོས་པར་འདི་ལས་རན་པར་འཐུངས་ན་མཛེ་དང༌། གཞང་འབྲུམ་དང༌། མིག་སེར་དང༌། གཅིན་ནད་དང༌། སྐྲན་དང༌། དམུ་རྫིང་དང༌། མཚན་
བར་རྡོལ་བ་དང༌། ཕོ་བའི་ནད་དང༌། སྐྱ་རྦབ་ཀྱི་ནད་རྣམས་འཇོམས་ཤིང་བུད་མེད་བུ་མེད་པ་ལ་བུ་ཡང་སྐྱེ་བར་བྱེད་དོ། །ཚ་བ་གསུམ་དང༌། དྲི་སྣ་གསུམ་དང༌། གླ་སྒང་དང༌། བྱི་དང་ག་དང༌། སྐྱུ་རུ་ར་དང༌། དེ་སྤྱི་དང་མཉམ་པའི་དུར་བྱིད་དང༌། དེ་དང་མཉམ་པའི་ཁ་ར་དཀར་པོ་བཏགས་པའི་ཕྱེ་མ་སྦྲང་རྩི་དང་རི་ལུར་བྱས་པ་ཟོས་ན་གཅིན་སྲི་བ་དང༌། རིམས་དང༌། སྐྱུག་པའི་ནད་དང༌། ལུད་པ་དང༌། སྐེམ་བྱེད་དང༌། མགོ་འཁོར་བ་དང༌། ཟད་བྱེད་ཀྱི་ནད་དང༌། ལུས་ཚ་བ་དང༌། སྐྱ་རྦབ་ཀྱི་ནད་དང༌། མེ་དྲོད་ཆུང་བ་དང༌། དུག་ཐམས་ཅད་ལ་རབ་ཏུ་བསྔགས་སོ། །དུར་བྱིད་དང༌། དུག་མོ་ཡུངས་དང༌། པི་པི་ལིང་དང༌། བཅའ་སྒ་འདི་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་རྒུན་འབྲུའི་ཁུ་བ་དང་སྦྱར་ཏེ། དབྱར་གྱི་དུས་སུ་བཀྲུ་སྨན་བཏང་བར་བཟང་ངོ༌། །དུར་བྱིད་དང༌། བྱི་ཚེར་བ་དང༌། གླ་སྒང་དང༌། ཁ་ར་དང༌། བ་ལ་ཀ་དང༌། ཙན་དན་དང༌། ཤིང་མངར་དང༌། སཱ་ཧ་ལ་དང༌། འདི་རྣམས་ཀྱི་ཕྱེ་མ་རྒུན་ཆུ་དང་སྦྱར་བ་སྟོན་གྱི་དུས་སུ་བཀྲུ་སྨན་བཟང་ངོ༌། །ཏྲི་བི་ཏ་དང༌། ཙི་ཏྲ་ཀ་དང༌། པ་ཐ་དང༌། ཟི་ར་དང༌། ས་ར་ལ་དང༌། ཤུ་དག་དང༌། རྩ་སྨན་ཁྲོན་བུ་དང༌། འདི་རྣམས་ཀྱི་ཕྱེ་མ་ཆུ་དྲོན་དང་སྦྱར་བ་དགུན་གྱི་དུས་སུ་བཀྲུ་སྨན་བཟང་ངོ༌། །དུར་བྱིད་དང་ཁ་ར་ཆ་མཉམ་པ་ནི་སོ་གའི་བཀྲུ་སྨན་བཟང་ངོ༌། །དུར་བྱིད་དང༌། ཀྱི་ལྕེ་དང༌། སྤ་མའི་འབྲས་བུ་དང༌། པུ་ཙེ་ཤེལ་དང༌། ཁྲོན་བུ་དང་འདི་རྣམས་ཀྱི་ཕྱེ་མ་ཞག་གསུམ་གྱི་བར་དུ་གཅིན་གྱི་ནང་དུ་སྤངས་ཤིང་སྣུམ་ཆོས་བྱས་པའི་མོད་ལ་བཏང་ན་དྲི་མ་ཐམས་ཅད་འབྱིན་པར་བྱེད་དོ། །ཤ་མ་དུར་བྱིད་དང༌། བྱི་ཚེར་བ་དང༌། ཧ་ཏི་པི་པི་ལིང་དང༌། དུག་མོ་ཡུངས་དང༌། ནི་ལི་ནི་དང༌། པུ་ཙེ་ཤེལ་དང༌། གླ་སྒང་དང༌། འབྲས་བུ་གསུམ་དང་འདི་རྣམས་ཀྱི་ཕྱེ་མ་ཤ་ཁུ་དང་མར་དང༌། ཆུ་དྲོན་གང་ཡང་རུང་བ་ལས་དུས་ཐམས་ཅད་དུ་བཏང་ན་ཁོང་རྩུབ་པ་ལ་རབ་ཏུ་བསྔགས་སོ། །བཀྲུ་སྨན་དོང་ག་ནི་བཀྲུ་སྨན་འཇམ་ཞིང་རོ་མངར་བ་ལ་བསིལ་བའི་ནུས་པ་དང་ལྡན་པ་ཡིན་པས་རིམས་དང༌། སྙིང་ནད་དང་དྲེག་ནད་དང༌། ཕྱི་ས་འགགས་པ་ལ་སོགས་པའི་ནད་ལ་རབ་ཏུ་ཕན་ནོ། །དོང་ག་ནི་འཇམ་ཞིང་ཉེན་མེད་པའི་བཀྲུ་སྨན་གྱི་མཆོག་ཡིན་ཏེ། བྱིས་པ་དང་རྒན་པོ་དང་ལུས་སྐེམ་ཞིང་ཟད་པ་དང༌། ཤིན་ཏུ་གཞོན་པ་ལ་ཡང་སྦྱར་རོ། །
དེ་ཡང་དོང་གའི་འབྲས་བུ་ལེགས་པར་སྨིན་པའི་དུས་སུ་བླངས་ན་དོང་ག་དེ་ཡང་སྐྱོན་མེད་ཅིང་སྲིན་བུས་མ་ཟོས་པ་ཁུར་གཅིག་ཙམ་བླངས་ཏེ་ཕྱེ་མའི་ནང་དུ་གཞུག་གོ །ནུབ་བདུན་ལོན་པ་དང་ཕྱུང་ལ་ཉི་མ་ལ་བསྐམ་པར་བྱའོ། །དེ་ནས་ཤུན་པ་དང་འབྲས་བུ་བསལ་ཏེ་སྙིང་པོ་སྣོད་གཙང་མའི་ནང་དུ་གཞག་གོ །བྱིས་པ་ལོ་བཞི་ནས་བཅུ་གཉིས་ཀྱི་བར་དུ་ལོན་པ་དང༌། མི་སྐྱིད་དེ་བ་ལུས་ཚ་བས་གདུངས་ཤིང་རྟུག་སྐམ་གྱིས་བཏབ་པ་ལ་ནི་དོང་གའི་སྙིང་པོ་རྒུན་ཆུ་དང་སྦྱར་ལ་བཏང་ངོ༌། །དོང་གའི་སྙིང་པོ་བསྐོལ་བ་གྲང་མོ་ཆང་གི་དངས་མ་འམ། ཞོ་ག་ཆུ་འམ། སྐྱུ་རུ་རའི་འབྲས་བུ་འམ། སྐྱུར་པོ་གང་ཡང་རུང་བ་དང་ལྷན་ཅིག་སྦྱར་བའི་ནང་དུ་ཏྲི་བིད་ཀྱི་ཕྱེ་མས་བཏབ་པ་བླུད་དོ། །དན་ད་བསྐོལ་བའི་ཁུ་བའི་ནང་དུ་དོང་གའི་སྙིང་པོ་དང་བུ་རམ་བཅུག་སྟེ་ཟླ་བ་ཕྱེད་དམ་གཅིག་གི་བར་དུ་བཞག་པའི་ཆང་བཏུང་བར་བྱའོ། །སེང་ཕྲོམ་གྱི་རྩ་བའི་ནང་ཤུན་བོར་ཏེ་ཕྱི་ཤུན་བླངས་ཏེ་བསྐམས་ལ་ཕྱེ་མར་བྱ་སྟེ། དེའི་ཕྱེ་མའི་སུམ་ཆ་གཉིས་ནི་སེང་ཕྲོམ་བསྐོལ་བའི་ནང་དུ་སྦངས་ཏེ། ཁ་ཅིག་ནི་རྩ་བ་བཅུ་པ་བསྐོལ་བའི་ཁུ་བའི་ནང་དུ་སྦངས་པ་ཡང་བསྐམས་ཏེ། ཡང་ཕྱེ་མར་བྱས་པའི་ཞོ་ག་ཆུ་དང༌། བ་གཅིན་དང༌། ཆང་གི་སྙིང་པོ་དང༌། རྒྱ་ཤུག་དང༌། སྐྱུ་རུ་རའི་ཁུ་བ་རྣམས་ལས་གང་ཡང་རུང་བ་དང་སྦྱར་ཏེ་ལག་མཐིལ་དུ་བཞག་ལ་བཏུང་ངོ༌། །ཡང་ན་ནས་བསྐོལ་བའི་ཁུ་བའི་ནང་དུ་དེ་ཉིད་ཀྱི་ཕྱེ་མ་དང༌། ཤ་ཁ་ར་དང༌། མར་དང་སྦྱར་བའི་ལྡེ་གུ་དེ་ཡང་བཀྲུ་སྨན་གྱི་དམ་པ་ཡིན་ནོ། །དེ་ལ་སུ་དྷཱ་ཀྵི་ར་ནི་ནད་གཞི་ཤས་ཆེར་སྩོགས་ཤིང་གསོ་དཀའ་བ་ཡང་མྱུར་དུ་འཇིག་པར་བྱེད་ལ། ཤིན་ཏུ་དྲག་ཅིང་རྩུབ་པ་ཡིན་པས་ལྟོ་སྙི་བ་དང༌། བྱིས་པ་དང༌། རྒན་པོ་དང༌། ནད་རྙིང་ཅན་ཉམ་ཆུང་བ་ལ་བཏང་དུ་མི་རུང་ངོ༌། །སུ་དྷ་ཀྵི་ར་སྟེ་སྐྲན་དང༌། དམུ་རྫིང་དང༌། སྦྱར་བའི་དུག་དང༌། པགས་པའི་ནད་དང༌། གཅིན་སྦྲང་རྩི་ལྟ་བུ་བྱུང་བའི་ནད་དང༌། སྐྱ་རྦབ་དང༌། དུག་འཇོམས་པ་དང། སྐྲང་བ་དང༌། ནད་གཞིས་སེམས་མི་དྲན་པ་ལ་ཡང་སུ་དྷཱ་ཀྵི་ར་ཞེས་བྱ་བ་སྣུ་ཧི་སྦྱར་ན་ཕན་ནོ། །སུ་དྷཱ་ཀྵི་ར་ཤིང་དེ་ཡང་ཚེར་མ་རྣོ་བ་མང་པོས་ཁྱབ་པ་རབ་ཏུ་བཟང་ངོ༌། །ཤིང་དེ་ཡང་ལོ་གཉིས་སམ་གསུམ་ལོན་པ་དཔྱིད་ཀྱི་དུས་སུ་མཚོན་གྱིས་དྲལ་ཏེ་ལོ་མ་དབྱུང་བར་བྱའོ། །བིལ་བ་
ལ་སོགས་པ་རྩ་བ་ཆེན་པོ་ལྔ་དང༌། བྲི་ཧ་ཏི་རྣམ་གཉིས་དང༌། དེ་དག་གང་ཡང་རུང་བ་རེ་རེ་བསྐོལ་བའི་ཁུ་བ་དང་མཉམ་པའི་སུ་དྷཱ་ཀྵི་ར་དང་བསྲེས་ཏེ། མེའི་མདག་མ་ལ་མ་རེག་པ་ཙམ་དུ་བསྐམས་ལ་རི་ལུར་བྱས་ལ་ཞོ་ག་ཆུ་དང༌། བ་གཅིན་དང༌། ཆང་གང་ཡང་རུང་བ་དང་སྦྱར་ཏེ་བླུད་དོ། །དུར་བྱིད་དང༌། དོང་ག་དང༌། ཤང་ཀི་ནི་དང༌། དན་ཏི་དང༌། དྲ་བན་ཏི་དང༌། ས་ཏ་ལ་དང༌། འབྲས་བུ་གསུམ་དང༌། ཁྲོན་བུ་དང༌། དེ་རྣམས་གང་ཡང་རུང་བ་གཅིག་གི་ཕྱེ་མ་སུ་དྷཱ་ཀྵི་རའི་འོ་མའི་ནང་དུ་སྤངས་ཤིང་བསྐམ་པར་བྱ་སྟེ། དེའི་འོག་ཏུ་ཤ་ཁུའམ་མར་གང་ཡང་རུང་བ་སྦྱར་ཏེ་བླུད་དོ། །དེ་བཞིན་དུ་ཚ་བ་གསུམ་དང༌། འབྲས་བུ་གསུམ་དང༌། ཏྲི་བི་ཙ་དང༌། དན་ཏི་དང༌། ཀྲུ་ཏྲུག་ཏྲེས་དང༌། དེ་རྣམས་ཀྱང་རེ་རེ་ནས་སུ་དྷ་ཀྵི་རའི་འོ་མ་དང༌། གོང་མ་བཞིན་དུ་བྱས་པ་བུ་རམ་དང༌། ཆུ་སྦྱར་ཏེ་བཏང་ངོ༌། །སྨན་ཤང་ཁི་ནིའི་འབྲས་བུ་ཡ་བ་ཏིག་ཏ་ཞེས་བྱ་བ་ཧ་ཅང་མི་སྐམ་པ་བླངས་ཏེ་ཕུབ་མ་མེད་པར་བྱས་པ་དང༌། ས་ཏ་ལའི་རྩ་བ་ཡང་དེ་ལྟར་བྱས་ལ་དེ་གཉི་ག་ཡང་རྣོ་བར་འཁྲུ་བར་བྱེད་པ་ཡིན་ཏེ། བད་ཀན་གྱི་ནད་དང༌། དམུ་རྫིང་དང༌། སྦྱར་དུག་དང༌། སྐྲང་པ་ལ་སོགས་པ་ལ་སྦྱར་བར་བར་བྱའོ། །སྙིང་ནད་དང༌། བད་ཀན་དང་རླུང་ལས་གྱུར་བའི་ནད་དང༌། དོ་བཞིན་དུ་ཁྲག་ལ་ཡང་ཤ་ཁི་ན་དང༌། ས་ཏ་ལ་གཉིས་ཆང་དང་ལན་ཚྭ་དང་བཅས་པ་ཞོ་གཉིས་ཙམ་གྱི་རི་ལུར་བྱས་ཏེ་སྦྱར་བར་བྱའོ། །དན་ཏིའི་རྩ་བ་གླང་པོ་དྷེའི་ཤ་ལྟར་བརྟན་ཞིང་སྤོམ་པ་དང༌། དྲ་བན་ཏིའི་རྩ་བ་དམར་ལ་ཅུང་ཟད་གནག་པར་འདུག་པ་དང༌། གཉིས་ནི་རྣོ་བ་དང༌། དྲོད་ཆེ་བ་མྱུར་དུ་འཁྲུ་བར་བྱེད་ལ། མཁྲིས་པ་དང་བད་ཀན་ནི་འཇུ་བར་བྱེད་དོ། །དན་ཏིའི་རྩ་བ་གླང་པོ་ཆེའི་སོ་ལྟར་བརྟན་ཞིང་སྦོམ་པ་དང༌། དྲ་བན་ཏིའི་རྩ་བ་དམར་ལ་ཅུང་ཟད་གནག་པར་འདུག་པ་དང་གཉིས་ནི་རྣོ་བ་དང༌། དྲོད་ཆེ་ལ་མྱུར་དུ་འཁྲུ་བར་བྱེད་པ་ཡིན་པས། རླུང་ལྕི་བ་ནི་འཁྲུ་བར་བྱེད་ལ་མཁྲིས་པ་དང༌། བད་ཀན་ནི་འཇུ་བར་བྱེད་དོ། །དན་ཏི་དང༌། དྲ་བན་ཏིའི་རྩ་བ་དེ་གཉིས་སྦྲང་རྩི་དང་པི་པི་ལིང་གི་ལྡེ་གུས་ཕྱི་རོལ་ནས་བྱུགས་ལ་རྩ་དཱུར་བས་དཀྲིས་ཏེ། དེའི་ཕྱི་རོལ་ནས་འཇིམ་པས་བསྐུས་ནས་མེ་ཆུང་ངུ་འམ་ཉི་མ་ལ་སྐམ་མོ། །དེ་ལྟར་བྱ་བ་ནི་ལུས་ཟུངས་ཟད་
པའི་ནུས་པ་གཞིལ་བར་བྱ་བའི་ཕྱིར་བྱ་བ་ཡིན་ནོ། །དེ་ལྟར་བསྐམས་པ་དང༌། ཞོ་ག་ཆུ་དང༌། ཆང་དང་དར་བ་དང༌། ཨ་ས་བའི་ཆང་དང༌། པི་ལུའི་ཁུ་བ་གང་ཡང་རུང་བ་དང་ལྷན་ཅིག་སྦྱར་ཏེ་བཏང་ན་སྐྲན་དང༌། གཅིན་ནད་དང༌། དམུ་རྫིང་དང༌། སྦྱར་བའི་དུག་གིས་ལུས་ཉམ་ཐོག་པ་ལ་ཕན་ནོ། །ཡང་ན་དེ་གཉིས་ཀྱི་ཕྱེ་མ་དང༌། རི་དགས་དང༌། རའི་ཤ་ཁུ་དང་སྦྱར་ཏེ་བཏང་ན་སྐྱ་རྦབ་དང༌། ལྟོ་བའི་སྲིན་བུ་དང༌། མཚན་བར་རྡོལ་བ་ལ་ཕན་ནོ། །རྩ་བ་བཅུ་པ་དང༌། དན་ཏི་དང༌། དྲ་བན་ཏི་གཉིས་ཀྱི་ཕྱེ་མ་ཆོག་བཞིན་ཡང་བསྐོལ་ལ་མར་ལྷག་མ་ལུས་པ་ལས་འཐུངས་ན་མེ་དབལ་དང༌། མེ་དབལ་ཕྲ་མོ་དང༌། ཁོང་འབྲས་དང༌། མཆན་ཁུང་ཚ་བ་དང༌། འདི་རྣམས་ལས་རྒྱལ་བར་བྱེད་དོ། །ཆོ་ག་དེ་བཞིན་དུ་ཏིལ་མར་བསྐོལ་བ་དང་སྦྱར་ན་ཡང༌། གཅིན་ནད་དང༌། སྐྲན་དང༌། གཞང་འབྲུམ་དང༌། རྟུག་པ་འགགས་པ་དང༌། བད་ཀན་དང༌། རླུང་ལས་རྒྱལ་བར་བྱེད་དོ། །དེ་བཞིན་དུ་སྣུམ་ཆེན་པོ་བཞི་ཆོ་ག་དེ་ལྟར་བྱས་ནས་འཐུངས་ན། རྟུག་པ་དང་རླུང་འགགས་པ་དང༌། དེ་བཞིན་དུ་རླུང་གིས་གནོད་པར་གྱུར་པ་ལ་ཡང་ཕན་ནོ། །དུར་བྱིད་ལ་སོགས་པ་སྨན་གོང་དུ་བསྟན་པ་དགུ་པོ་དེ་དག་ནི་བཀྲུ་སྨན་གྱི་ནང་ནས་མཆོག་ཏུ་བཤད་དོ། །ཨ་རུ་ར་ཡང་དུར་བྱིད་ཀྱི་ཆོ་ག་ཇི་ལྟ་བ་བཞིན་དུ་ཉེ་བར་བརྟག་ཅིང་དཔྱད་པར་བྱའོ། །བུ་རམ་སྲང་བརྒྱད་དང༌། ཨ་རུ་ར་རྡོག་མ་ཉི་ཤུ་དང༌། དན་ཏི་དང༌། ཙི་ཏྲ་ཀ་སྲང་རེ་རེ་དང༌། པི་པི་ལིང་དང༌། དུར་བྱིད་ཞོ་གཉིས་དང༌། འདི་རྣམས་ལྷན་ཅིག་སྦྱར་ཏེ། རི་ལུ་བཅུར་བྱས་ལ་ཞག་བཅུ་བཅུ་ཞིང་རི་ལུ་རེ་རེ་ཟོས་ཏེ། དེའི་རྗེས་ལ་ཆུ་དྲོན་པོ་འཐུང་ཞིང་རི་ལུ་བཅུ་པོ་ཟད་ཀྱི་བར་ལ་ཐབས་དེ་ལྟར་བྱས་ན། ཆོ་ག་བསྲུང་མི་དགོས་པར་ནད་ཐམས་ཅད་ཟློག་པར་བྱེད་དོ། །ཁྱད་པར་དུ་ཕོ་བའི་ནད་དང༌། སྐྱ་རྦབ་དང༌། མཛེ་ནད་ཐིག་ལེ་དམར་པོ་ཅན་དང༌། གཞང་འབྲུམ་དང་གཡའ་བ་དང་འདི་རྣམས་ལ་ཕན་ནོ། །སྨན་གྱི་དངོས་པོ་ནུས་པ་ཆུང་བ་ཡིན་ན་སྨན་རྣོན་པོ་དང་སྦྱར་ན་ལས་ཆེན་པོ་བྱེད་དོ། །སྨན་ཐུན་ཆེ་བ་ཡིན་ན་ཡང་སྨན་རྣོ་བ་དང་མ་སྦྱར་ན་ནི་ལས་ཉུང་དུ་བྱེད་པ་ཡིན་ནོ། །དུས་ཀྱི་བྱེ་བྲག་ལས་བརྟགས་ཏེ་རྣོ་བ་དང་འཇམ་པའི་སྨན་ལེགས་པར་སྦྱར་ཏེ་གཏང་
ངོ། །དེ་ལྟར་ལེགས་པར་སྦྱར་བས་ནི་སྨན་རྣོ་བ་ཡང་འཇམ་པོར་འགྱུར་ལ། འཇམ་པོ་ཡང་རྣོ་བར་འགྱུར་རོ། །དེ་ལྟར་གོང་དུ་བཤད་པའི་བཀྲུ་སྨན་དེ་དག་ཀྱང་ཡིད་དང་རྗེས་སུ་མཐུན་པའི་སྨན་ཤིང་ཚ་དང༌། ནཱ་ག་གེ་སར་དང༌། ཨ་མྲ་ཏ་ཀ་དང༌། སེའུ་འབྲུ་དང༌། སུག་སྨེལ་དང༌། ཁ་ར་དཀར་པོ་དང༌། སྦྲང་རྩི་དང༌། ཁ་ལུང་དང་ཆང་ལ་སོགས་པ་དྲི་ཞིམ་པོས་བསྒོས་ཤིང་བཏབ་ལ་ལྡན་པར་བྱས་ལ་བླུད་པར་བྱའོ། །ཆོ་ག་གྲུབ་པའི་གནས་ལས་བཀྲུ་སྨན་བཏང་བའི་ལེའུ་གཉིས་པ་རྫོགས་སོ།། །།དེ་ནས་སྐྱུག་སྨན་དང་བཀྲུ་སྨན་དང་དེ་གྲུབ་པར་བྱ་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། གལ་ཏེ་སྐྱུག་སྨན་དེ་ལྟོ་སྙི་བ་དང༌། ཤིན་དུ་ལྟོགས་པ་དང༌། བད་ཀན་ཆུང་བ་ལ་གཏང་ངམ། ཡང་ན་སྨན་ཤིན་ཏུ་རྣོ་བ་འམ། གྲང་ཆེས་པ་འམ། ཐུན་ཆུང་བ་འམ། ཟས་མ་ཞུ་བ་འམ། ཉམ་ཆུང་ཆེས་པ་ལ་བླུད་ན། སློན་གྱེན་དུ་མི་འབྱུང་བར་ཐུར་དུ་འགྲོ་བར་འགྱུར་ཏེ། ཉེས་པ་ཕྱིར་སོགས་པར་འགྱུར་བས། དེ་བས་ན་དེ་ལ་ནི་ཡང་སྣུམ་ལ་སོགས་པ་གོང་མའི་རིམ་པ་བྱས་ནས་སྨན་ཡང་གཏོང་ངོ༌། །བཀྲུ་སྨན་ཡང་ཟས་མ་ཞུ་བ་དང༌། བད་ཀན་དང་ལྡན་པ་ལ་གཏང་ངམ། ཡང་ན་བཀྲུ་སྨན་དེ་ཉིད་ཤིན་ཏུ་རྣོ་བ་དང། དྲོ་ཆེས་པ་དང༌། ལན་ཚྭ་མང་ཞིང་སྨན་ཐུན་ཆེས་པ་དང༌། ཡི་གར་མི་འོང་བཞིན་དུ་བྱིན་ན་སླར་སྟོད་དུ་འབྱུང་བར་འགྱུར་ཏེ། དེ་ལ་ནི་གོང་དུ་བཤད་པའི་ཆོ་ག་བཞིན་དུ་བཀྲུ་སྨན་ཡང་བྱའོ། །བཀྲུ་སྨན་དེ་བཏང་ཡང་ལེགས་པར་མ་གྱུར་ཏེ། ཕོ་བ་ལ་བརྟེན་ཞིང་འཁྲུར་མི་བཏུབ་པ་ལ་ནི་གོམས་ཤིང་ཡི་གར་འོང་བ་སྤངས་ལ། གང་གནོད་པ་མི་སྐྱེད་པའི་བཀྲུ་སྨན་གྱིས་བསྣན་ནོ། །སྐྱེས་བུ་གང་གི་ལུས་སྣུམ་ཆོས་དང་དུགས་ཀྱིས་ཞེན་པར་བྱས་པ་ལ་སྨན་རྙིང་པ་རྩུབ་པའི་བཀྲུ་སྨན་བཏང་བས་ནད་རང་གི་གནས་ནས་བསྐྱོད་ཅིང་འཁྲུ་མ་ནུས་པས་མགོ་འཁོར་བ་དང༌། སྐྲང་བ་དང། སྐྱིགས་བུ་དང༌། མུན་པར་མཐོང་བ་དང༌། སྐོམ་དད་ཆེ་བ་དང༌། བྱིན་པའི་ཉན་བ་དང༌། ལུས་གཡའ་བ་དང༌། མགོ་བོ་ཚ་བ་ཆེ་ཞིང་མདོག་འགྱུར་བ་ལ་སོགས་པའི་ནད་དེ་རྣམས་སྐྱེད་པར་བྱེད་དོ། །ནད་པ་དེ་སྣུམ་དང་དུགས་ཀྱིས་ལེགས་པར་བྱས་ཀྱང་མེ་དྲོད་ཆེ་བ་ལ་སྨན་རྙིང་པ་ཐུན་ཆུང་
དུ་གཏང་བའམ། ཡང་ན་གྲང་བ་དང༌། མ་ཞུ་བས་ཁོང་འཁྱིལ་ལ་གཏམས་ཤིང་དྲི་མ་འབྱུང་མི་ནུས་ཏེ། སྦྱོར་བ་ལ་སོགས་པས་གོང་གི་ནད་དེ་དག་འབྱུང་བར་འགྱུར་ཏེ། དེ་ལ་ནི་ཏིལ་མར་དང༌། ལན་ཚྭས་ལུས་བསྐུ་བྱུག་བྱས་ལ་གདིང་བའི་དུགས་དང་ཤ་ཁ་ར་ཞེས་བྱ་བའི་དུགས་བྱ་སྟེ། དེའི་འོག་ཏུ་ནི་རུ་ཧ་གཏོང་ཞིང་ཟས་སུ་སྲོག་ཆགས་ཐང་ལས་སྐྱེས་པའི་ཤ་ཁུ་སྦྱིན་ནོ། །དེའི་འོག་ཏུ་པོ་སོན་ཆ་དང༌། པི་པི་ལིང་དང༌། ཐང་ཤིང་དང༌། ཏིལ་མར་སྦྱར་བའི་འཇམ་རྩི་གཏང་ངོ༌། །དེ་ནས་རླུང་འཇོམས་པའི་སྨན་གྱིས་སྣུམ་ཆོས་བྱས་ལ། བཀྲུ་སྨན་རྣོན་པོ་གཏང་ངོ༌། །ནད་གཞི་སྟོབས་ཆེ་ཞིང་ཁོང་རྩུབ་ལ་མེ་དྲོད་ཆེ་བ་ལ་སྨན་ཐུན་ཉུང་དུ་བཏང་བས་ནད་གློངས་ལ་ཁོང་དུ་འཁྱིལ་ཞིང་ནད་གཞིས་ལམ་བཀག་ནས་ལྟེ་བའི་ཕྱོགས་སུ་ཤས་ཆེར་སྦོ་ཞིང༌། རྒྱབ་དང༌། རྩིབ་ལོགས་དང༌། མགོ་བོ་རྣམས་སུ་ཟུག་པ་དང༌། དབུགས་མི་བདེ་བ་དང༌། ཕྱི་ས་དང༌། གཅིན་དང། རླུང་རྣམས་མི་བཟད་པར་འགག་པར་བྱེད་དེ། དེ་ལ་ནི་བསྐུ་བྱུག་དང༌། དུགས་དང༌། རེངས་བུ་མས་གཏོང་བ་དང༌། བཀྲུ་སྨན་དྲག་པོ་དང་འཇམ་རྩི་མས་གཏོང་བ་རྣམས་བྱའོ། །ཡང་ན་གཞང་འབྲུམ་གྱི་སྐབས་སུ་བཤད་པའི་རྟུག་སྐམ་གསོ་བའི་ཆོ་ག་བྱས་ན་རབ་ཏུ་བསྔགས་སོ། །རྩ་བ་ལྔ་པ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། ཤུ་དག་དང༌། པུ་ཏི་ཀ་རཉྫ་དང༌། ལྕེ་མྱང་ཚྭ་དང༌། འདི་རྣམས་ནས་ཀྱི་ཐུག་པ་དང་ལེགས་པར་སྦྱར་བ་འཐུངས་ན་ཟུག་གཟེར་དང༌། རྟུག་པ་འགགས་པ་དང༌། ལྟོ་སྦོ་བ་རྣམས་འཇོམས་སོ། །པི་པི་ལིང་དང༌། སེའུ་འབྲུ་དང༌། ཐལ་སྨན་དང༌། ཤིང་ཀུན་དང༌། བཅའ་སྒ་དང༌། སྟར་བུ་དང༌། ལྕེ་མྱང་ཚྭ་དང་འདི་རྣམས་ཆང་ངམ་མར་རམ་ཆུ་དྲོན་པོ་གང་ཡང་རུང་བ་དང་སྦྱར་བ་བཏང་ན། ཚད་པ་དང་བད་ཀན་དུ་འཁྲུ་བ་དང༌། རྟག་ཏུ་འཛག་པ་དང༌། ཟུག་ཅིང་ན་བ་དང༌། མཁྲེགས་པ་རྣམས་ལ་ཕན་ནོ། །སྨན་འཐུངས་ནས་དྲི་མ་ཅི་བདེར་མ་བཏང་སྟེ་འགགས་ན། ནད་གཞི་གསུམ་འཁྲུགས་ཏེ་སྙིང་གི་ཕྱོགས་སུ་ནད་ལོག་ནས་རོ་སྟོད་ཤིན་ཏུ་མི་བཟད་པར་འཛིངས་པར་འགྱུར་ཏེ། དེ་བཞིན་དུ་རྩིབ་ལོགས་སུ་ཟུག་པ་དང༌། སྐྱིགས་བུ་དང༌། ལུད་པ་དང༌། ཉམ་ཆུང་བ་དང༌། ཁ་ཆུ་འཛགས་
པ་དང། མིག་མི་བརྟན་པར་འགུལ་བ་དང༌། ལྕེ་འཆའ་བ་དང༌། དྲན་པ་ཉམས་པ་དང༌། སོ་ཀྲིག་ཀྲིག་བདར་བར་འགྱུར་ཏེ། དེ་ལ་ནི་སྨན་པ་རྨོངས་པ་མེད་པར་བྱས་ཏེ། ནད་མཁྲིས་པ་ཡིན་པ་ལྟ་ན་ནི་སྨན་མངར་བ་དང་སྦྱར་བའི་སྐྱུག་སྨན་གཏང་ངོ༌། །བད་ཀན་ལྟར་སྣང་ན་ནི་སྨན་ཚ་བ་དང་ལྷན་ཅིག་སྐྱུག་སྨན་གཏང་ངོ༌། །དེ་ནས་ཉེས་པའི་ལྷག་མ་ལུས་པ་ལྟ་ན་ནི། དྲོད་སྐྱེད་པའི་སྨན་བཏང་ལ་ནད་སྨིན་པར་བྱའོ། །དེའི་འོག་ཏུ་ནད་པ་དེའི་མེ་དྲོད་དང་ཉམས་སྟོབས་བསྐྱེད་པའི་ཕྱིར་སྨན་དང་བཏུང་བ་རྣམས་བྱའོ། །སྨན་གྱི་སྦྱོར་བ་དྲགས་ཏེ་ཤས་ཆེར་སྐྱུགས་པ་ལ་ནི་རླུང་གིས་སྙིང་གཟིར་ཞིང་ན་བར་འགྱུར་རོ། །དེ་ལ་ནི་སྣུམ་པ་དང༌། སྐྱུར་བ་དང༌། ལན་ཚྭ་སྦྱིན་ནོ། །མཁྲིས་པ་དང་བད་ཀན་གྱིས་སྙིང་ན་བ་ལ་ནི་རང་རང་གི་སྨན་སྦྱར་བ་གཏང་ངོ༌། །དེ་ལ་སྨན་འཐུངས་ནས་བད་ཀན་གྱིས་རླུང་བཀག་སྟེ་འབྱུང་དུ་མི་སྟེར་བ་འམ། ཡང་ནད་ཚབས་ཆེར་འབྱུང་སྟེ་རླུང་འཁྲུགས་ནས་ཡན་ལག་འཁུམས་པ་དང༌། རེངས་པ་དང༌། འདར་བ་དང༌། ཟུག་གཟེར་བྱེད་པ་དང༌། ལུས་ཞིག་པ་དང༌། ལུས་བརྡུང་བསྙམ་བྱེད་པ་དང༌། ཟུག་པར་འགྱུར་ཏེ། དེ་ལ་ནི་རླུང་འཇོམས་པའི་སྨན་ཐམས་ཅད་དང་སྣུམ་ཆོས་དང༌། དུགས་དང་འཇམ་རྩི་མས་གཏོང་བ་དང༌། བསྐུ་བྱུག་དང༌། ཆུ་ལུམས་ལ་སོགས་པ་བྱས་ན་རབ་ཏུ་བསྔགས་སོ། །ལྟོ་སྙི་ཞིང་ཤིན་ཏུ་བཀྲེས་པ་ལས་བཀྲུ་སྨན་ཐུན་ཆེ་ཞིང་རྣོ་བ་བྱིན་ན། མྱུར་དུ་བད་ཀན་དང་མཁྲིས་པ་ཡང་འདྲེན་ཞིང་ལུས་ཟུངས་རྣམས་འབྱིན་ཞིང་ཟད་པར་བྱེད་དོ། །དེ་ལྟར་བཀྲུ་སྨན་ཀྱི་སྦྱོར་བ་དྲགས་པ་དེ་ལ་ནི་སྨན་གྱི་ལྷག་མ་ཁོང་ན་འདུག་པ་དེ་སྐྱུག་སྨན་གྱིས་ཡང་དྲང་བར་བྱའོ། །སྐྱུག་སྨན་གྱི་སྦྱོར་བ་དྲགས་པས་མང་དུ་སྐྱུགས་པ་ལ་ནི་བཀྲུ་སྨན་འཇམ་པོ་གཏང་ངོ༌། །གཞན་ཡང་སྦྱོར་བ་དྲགས་པ་དེ་ལ་ནི། ལུས་ལ་བླུགས་པ་གྲང་མོ་དང༌། ཆུ་གྲང་གི་ནང་དུ་ལུས་གཞུག་པ་དང། བཟའ་བ་དང་བཏུང་བ་ལ་སོགས་པ་ཡང་ཤིན་ཏུ་གྲང་མོ་སྦྱར་ན་ཆད་པར་འགྱུར་རོ། །ཙན་དན་དཀར་པོ་དང༌། སྟང་ཟིལ་དང༌། པུ་ཙེ་ཤེལ་དང༌། དེ་རྣམས་ཀྱི་ཕྱེ་མ་དང༌། རའི་ཁྲག་དང༌། ཤ་ཁ་རའི་ཆུའི་ནང་དུ་འབྲས་ཡོས་ཀྱི་ཕྱེ་མ་བཏབ་པའི་སྐྱོ་མ་འཐུངས་ན། འཁྲུ་བའི་
སྦྱོར་བ་དྲགས་པ་གཅོད་ཅིང་ཕན་པའི་མཆོག་ཡིན་ནོ། །སློན་སྨན་གྱི་སྦྱོར་བ་དྲགས་པ་ལ་ནི་ཆུ་གྲང་མོས་བླུགས་པ་དང༌། རྒུན་འབྲུ་ལ་སོགས་པའི་ཁུ་བ་མར་དང་སྦྲང་རྩི་དང་ཁ་ར་དང་ལྡན་པའི་སྐྱོ་མ་བླུད་དོ། །སྒྲེགས་པ་དང་བཅས་པའི་སློན་ཚབས་ཆེར་འབྱུང་བ་ལ་ནི་མུར་བ་དང༌། འུ་སུ་དང༌། གླ་སྒང་དང༌། མ་དུ་ཀ་དང༌། སྟང་ཟིལ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་ལྡེ་གུར་སྦྱར་བ་སྦྱིན་ནོ། །སྐྱུགས་བཞིན་དུ་ལྕེ་ནང་དུ་འཁུམས་པ་ལ་ནི་སྣུམ་པ་དང༌། སྐྱུར་བ་དང༌། ལན་ཚྭ་དང་ལྡན་པ་ཡིད་དུ་འོང་བའི་སྨན་མཁུར་བར་བཅང་བ་དང༌། དེ་བཞིན་དུ་ཡིད་དུ་འོང་བའི་མུངྒ་ལ་སོགས་པའི་ཁུ་བཅུད་དང་ཤ་ཁུ་ཕན་ནོ། །ལྕེ་ནང་དུ་འཁུམས་པའི་ནད་པའི་དྲུང་དུ་སྐྱེས་བུ་གཞན་ཞིག་ཤིང་ཏོག་སྐྱུར་བ་ཟར་བཅུག་ན་ཕན་ནོ། །ལྕེ་ཕྱིར་ཕྱུང་སྟེ་སྡུད་མི་ནུས་པ་ལ་ནི་ཏིལ་དང་རྒུན་འབྲུམ་བཏགས་པའི་ལྡེ་གུས་བསྐུས་ཏེ་སླར་གཞུག་པར་བྱའོ། །སྐད་འགགས་ཤིང་རླུང་ནད་སྐྱེས་པ་ལ་ནི་དུས་ཤེས་པའི་སྨན་པས་ནས་ཐུག་མར་དང་ཤ་ཁུ་ལས་གཞི་བླངས་པའི་ཐུག་པ་སླ་མོ་བྱིན་ཏེ། དེ་བཞིན་དུ་སྣུམ་ཆོས་དང་དུགས་སྦྱོར་བར་བྱའོ། །དེ་ལ་སྨན་གྱི་སྦྱོར་བ་ཐུན་ཆེས་ཏེ་དྲགས་པས་ཁྲག་འབྱུང་སྟེ། དེའི་མིང་ནི་སྲོག་སྟོང་པ་ཞེས་བྱ་བར་བཤད་དེ། འདི་ནི་སྲོག་དང་བཅས་པར་འབྱུང་བ་ཡིན་ནོ། །དེ་ལྟར་འབྱུང་བའི་ཁྲག་དང་ཟས་སུ་བསྲེས་ཏེ་ཁྱི་འམ་བྱ་རོག་ལ་བྱིན་ལ་དེས་ཟོས་པར་གྱུར་ན་ནད་པ་འཚོ་བ་ཡིན་ལ། མ་ཟོས་ན་ནི་མཁྲིས་པ་སྲོག་ཅེས་བྱ་བ་འབྱུང་བ་ཡིན་པས་འཆི་བར་སྟོན་ཏོ། །ཡང་ན་རས་དཀར་པོ་ལ་ཁྲག་གིས་བསྒོས་ཏེ་བསྐམས་ལ་དེའི་འོག་ཏུ་ཆུ་དྲོན་གྱིས་བཀྲུས་ན། མདོག་གྱུར་པ་ཙམ་ལས་མ་དག་པར་གྱུར་ན་སྲོག་ཅེས་བྱ་བ་མཁྲིས་པ་བྱུང་བ་ཡིན་པས་འཆི་བ་ཡིན་ལ། དག་ཅིང་རྗེས་མེད་པ་ཡིན་ན་ནི་ཁྲག་ཡིན་ཏེ་འཚོ་བར་བསྟན་ནོ། །སྦྱོར་བ་དྲགས་པ་ལས་སྐོམ་དད་ཆེ་བ་དང༌། བརྒྱལ་བ་དང༌། མ་ཞུ་བས་ཉམ་ཐག་པར་འགྱུར་ཏེ། དེ་ལ་ནི་མི་འཆི་བར་བྱ་བའི་གསོ་བ་མྱུར་དུ་ཁྲག་དང་མཁྲིས་པའི་འཁྲུ་བ་གཅོད་པའི་སྨན་གྱིས་སྲོག་བསྲུང་བར་བྱའོ། །རི་དགས་དང༌། བ་ལང་དང༌། མ་ཧེ་དང༌། ར་དང་འདི་རྣམས་གསོན་པའི་ཁྲག་ཕྱུང་མ་ཐག་བླུད་ན་སྲོག་སླར་རྙེད་དེ་བརྟན་པར་འཛིན་པར་འགྱུར་རོ། །དེ་བས་ན་ཁྲག་དེ་སྲོག་ཅེས་
བྱ་བའི་མཁྲིས་པའི་གནས་སུ་སོང་སྟེ་བརྟས་པར་བྱེད་དོ། །རི་དགས་ལ་སོགས་པའི་ཁྲག་དེ་ཉིད་དཀྲུགས་ཏེ་ཁྲག་གིས་འཇམ་རྩི་མས་གཏོང་བར་ཡང་བྱའོ། །ཡང་ན་པི་པི་ལིང་དང༌། ཏང་བ་ལ་དང༌། ཤིང་མངར་དང༌། དཱུར་བ་དང༌། པུ་ཙེ་ཤེལ་དང༌། འདི་རྣམས་འོ་མ་དང་ལྷན་ཅིག་བསྐོལ་བའི་ནང་དུ་མར་གྱི་ཉིང་ཁུ་དང་སྟང་ཟིལ་དང་བཅས་པ་གྲང་མོའི་འཇམ་རྩི་མས་གཏོང་བར་བྱའོ། །ཡང་ན་འཁྲུ་བ་གསོ་བའི་སྐབས་སུ་བཤད་པའི་པིད་ཙའི་འཇམ་རྩི་ཤིན་ཏུ་གྲང་བ་འམ། །ཡང་ན་མར་གྱི་ཉིང་ཁུའི་འཇམ་རྩི་མས་གཏོང་བར་བྱའོ། །གཞང་ཕྱིར་བྱུང་བའི་ནད་ལ་ནི་དང་པོར་སྨན་བསྐོལ་བའི་ཁུ་བས་འཁྲུ་བ་བཅད་ལ་དེ་ནས་སླར་གཞུག་གོ །དྲན་པ་ཉམས་པ་ལ་ནི་སྙན་ཚིག་གི་རིག་བྱེད་དང༌། གླིང་བུ་དང༌། གླུ་དབྱངས་ལ་སོགས་པ་སྙན་པའི་སྒྲ་ཐོས་པར་བྱས་ན་དྲན་པ་རྙེད་པར་འགྱུར་རོ། །སྐྱུག་སྨན་དང་བཀྲུ་སྨན་དེ་གྲུབ་པར་བྱ་བའི་ཆོ་གའི་ལེའུ་གསུམ་པ་རྫོགས་སོ།། །།དེ་ནས་སྨན་མས་གཏོང་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། བ་ལ་དང༌། སླེ་ཏྲེས་དང༌། འབྲས་བུ་གསུམ་དང༌། ར་སྣ་དང༌། རྩ་བ་བཅུ་པ་དང༌། འདི་རྣམས་སྲང་རེ་རེ་དང༌། པོ་སོན་ཆའི་རྡོག་མ་བརྒྱད་དང༌། རའི་ཤ་སྲང་ལྔ་བཅུ་དང༌། སྨན་དེ་རྣམས་ཀྱི་བཅུ་དྲུག་འགྱུར་གྱི་ཆུ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང་བསྐོལ་ཏེ་བཙགས་ལ། ཚིགས་མ་བོར་ཏེ་བཞི་ཆ་སྲང་དྲུག་ཅུ་རྩ་བཞི་ལུས་པའི་ནང་དུ། ལ་ལ་ཕུད་དང༌། པོ་སོན་ཆ་དང༌། བིལ་བ་དང༌། རུ་རྟ་དང༌། ཤ་ཏ་པུཥྤ་དང༌། ཤུ་དག་དང༌། གླ་སྒང་དང། པི་པི་ལིང་དང༌། འདི་རྣམས་ཀྱི་ཕྱེ་མ་དང༌། བུ་རམ་དང༌། སྦྲང་རྩི་དང༌། མར་དང༌། ཏིལ་དང༌། ལན་ཚྭ་དང་ལྡན་པར་བྱ་སྟེ། དྲོ་འཇམ་ཙམ་ལས་ཆོ་ག་བཞིན་དུ་འཇམ་རྩི་མས་བཏང་ན་མཆོག་ཡིན་ཏེ། ནད་ཐམས་ཅད་འཇོམས་པར་བྱེད་དེ། ནད་མེད་པ་ལ་བཏང་ན་ཡང་ཚེ་རིང་བ་དང་ལུས་བརྟ་བར་བྱེད་དོ། །ཕྱེ་མ་དང་བསྐོལ་བའི་ཚད་ནི་སྨན་བསྐོལ་བའི་ཁུ་བའི་བརྒྱད་ཆའི་ཕྱེ་མ་དང༌། བུ་རམ་སྲང་གཅིག་དང༌། མར་དང༌། སྦྲང་རྩི་བཞི་ཆ་དང༌། ལན་ཚྭ་ཙི་རན་ཙམ་བཏབ་སྟེ་བསྐོལ་ལ་གཏང་ངོ༌། །འཇམ་རྩི་སྦྱར་བའི་ཚད་གཞན་དུ་མ་སྨོས་པ་རྣམས་
ཀྱང་ཐབས་འདི་བཞིན་དུ་སྦྱར་བར་བྱའོ། །རྩ་བ་བཅུ་པ་དང༌། ར་ཤ་ལྷན་ཅིག་ཆོ་ག་བཞིན་དུ་བསྐོལ་བའི་ནང་དུ་ཏིལ་མར་དང༌། མར་དང༌། ཞག་དང༌། སྣུམ་པོ་གསུམ་བཏབ་སྟེ། མས་བཏང་ན་ནི་རུ་ཧའི་མཆོག་ཏུ་དྲང་སྲོང་རྣམས་ཀྱིས་བཤད་དེ། རླུང་ནད་ཐམས་ཅད་འཕྲོག་གོ་བ་ལ་དང༌། པ་ཏོ་ལ་དང༌། རྩ་བ་ཆུང་ངུ་དང༌། ཀྱི་ལྕེབ་དང༌། ཨེ་རཎྜ་དང༌། ནས་དང༌། སྨན་དེ་རྣམས་ཚུལ་བཞིན་དུ་བསྐོལ་བའི་ཁུ་བ་སྲང་སུམ་ཅུ་རྩ་གཉིས་ཀྱི་ནང་དུ་རའི་ཤ་ཁུ་སྲང་སུམ་ཅུ་རྩ་གཉིས་བཅུག་ལ་ཡང་བསྐོལ་ཏེ་ཁུ་བ་སྲང་སུམ་ཅུ་རྩ་གཉིས་ལུས་པའི་ནང་དུ་བྲི་ཡང་ཀུ་དང༌། པི་པི་ལིང་དང། གླ་སྒང་གསུམ་གྱི་ཕྱེ་མས་སྨན་ཁུའི་བརྒྱད་ཆ་དང༌། ཏིལ་མར་དང༌། མར་དང༌། སྦྲང་རྩི་དང༌། རྒྱམ་ཚྭ་རྣམས་ལྷན་ཅིག་བསྐོལ་ཏེ་འཇམ་རྩི་མས་བཏང་ན་དེ་མ་ཐག་མེ་དྲོད་དང་ཉམས་སྟོབས་དང༌། ཤ་སྐྱེ་བར་བྱེད་ཅིང་མིག་གསལ་བར་འགྱུར་རོ། །ཨེ་རཎྜའི་རྩ་བ་སྲང་གསུམ་དང༌། བ་ལ་ཤ་སྲང་གསུམ་དང༌། རྩ་བ་ལྔ་ཆུང་ངུ་དང༌། ར་སྣ་དང༌། བ་ལ་དང༌། སླེ་ཏྲེས་དང༌། ཨ་ཤྭ་གན་དྷ་དང༌། བ་སྤྲུ་བ་དང༌། དོང་གྲ་དང༌། ཐང་ཤིང་དང༌། དེ་རྣམས་སྲང་རེ་རེ་དང༌། པོ་སོན་ཆ་རྡོག་མ་བརྒྱད་དང༌། དེ་རྣམས་ཆུ་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང་བསྐོལ་ཏེ་བརྒྱད་ཆ་ལུས་པའི་ནང་དུ་ཤུ་དག་དང༌། ཤུ་ཏི་དང༌། སྤ་མའི་འབྲས་བུ་དང༌། པྲི་ཡང་ཀུ་དང༌། ཤིང་མངར་དང༌། པི་པི་ལིང་དང༌། དུག་མོ་ཡུངས་ཀྱི་ས་བོན་དང༌། གླ་སྒང་དང༌། སྐྱེར་ཁཎྜ་དང༌། འདི་རྣམས་ཞོ་གཉིས་གཉིས་ཞིབ་ཏུ་བཏགས་པ་དང༌། ལན་ཚྭ་ཅི་རན་ཙམ་དང༌། སྦྲང་རྩི་དང༌། ཏིལ་མར་དང༌། བ་གཅིན་དང༌། འདི་རྣམས་དང་སྦྱར་བའི་འཇམ་རྩི་མས་བཏང་ན་སྟོད་དུ་སྐྱུགས་པ་དང༌། མེ་དྲོད་སྐྱེད་པ་དང༌། བྱིན་པ་དང༌། བརླ་དང༌། རྐང་པ་དང༌། མཇུག་དོ་དང༌། རྒྱབ་དང༌། ལྟོ་བ་དང༌། སྙིང་དང༌། ཕོ་མཚན་རྣམས་སུ་ཟུག་པ་དང༌། ལུས་ལྕི་པ་དང༌། རླུང་དང་བཤང་གཅི་འགགས་པ་དང༌། སྐྲན་དང༌། རྡེའུ་ཆགས་པ་དང༌། རླིག་རླུགས་དང༌། ཕོ་བའི་ནད་དང༌། གཞང་འབྲུམ་དང༌། དེ་དང་དེ་ལ་སོགས་པ་བད་ཀན་དང༌། རླུང་ལས་གྱུར་པའི་ནད་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །ཤིང་མངར་དང༌། སེང་ཕྲོམ་དང༌། ཨ་རུ་ར་དང༌། ཙན་དན་དང༌། པདྨ་དང༌། ཨུཏྤ་ལ་དང༌། འདི་རྣམས་
འོ་མའི་མཆོག་བའི་འོ་མ་དང་ཚུལ་བཞིན་བསྐོལ་ཏེ་བསྒྲངས་པའི་ནང་དུ་འཚོ་བྱེད་སྡེ་བཅུའི་ཕྱེ་མ་དང༌། ཁ་ར་དང༌། སྦྲང་རྩི་དང༌། མར་དང་སྦྱར་བའི་འཇམ་རྩི་མས་གཏོང་ན་མཁྲིས་པ་ལས་གྱུར་པའི་ནད་ལ་ཕན་ནོ། །ར་སྣ་དང༌། བ་ཤ་ཀ་དང༌། བཙོད་དང༌། བྱི་ཚེར་བ་དང༌། བ་ལ་དང། །རྩྭའི་རྩ་བ་ལྔ་ཞེས་བྱ་བ་དུར་བྱིད་དང༌། ཀུ་ཤ་དང༌། བུ་རམ་ཤིང་དང༌། འདམ་བུ་དང༌། འབྲས་སཱ་ལུ་དང༌། འདི་རྣམས་ཀྱི་རྩ་བ་དང༌། རྩ་བ་ལྔ་ཆུང་དུ་དང༌། ཐལ་ཏྲེས་དང༌། ཙན་དན་དང༌། ཤུག་པ་རྣམ་གཉིས་དང༌། ཤིང་མངར་དང༌། སེང་ཕྲོམ་རྣམ་གཉིས་དང༌། འདི་རྣམས་སྲང་ཕྱེད་ཕྱེད་ཆུ་དང་ཚུལ་བཞིན་བསྐོལ་བའི་ཁུ་བ་དང༌། འོ་མ་སྲང་དྲུག་ཅུ་རྩ་བཞི་དང་ཡང་བསྐོལ་ཏེ་འོ་མ་ཉི་ཚེ་ལུས་པ་དང༌། དེའི་ནང་དུ་ཛི་བན་ཏི་དང༌། མེ་ད་རྣམ་གཉིས་དང༌། ཉེའུ་ཤིང་དང༌། བི་ད་རི་དང༌། རམ་ཉེ་བ་རྣམ་གཉིས་དང༌། རྒུན་འབྲུ་དང༌། ཁ་ར་དཀར་པོ་དང༌། ཛི་བ་ཀ་དང། པདྨ་གེ་སར་དང༌། པྲ་པུཎྜ་རཱི་ཀ་དང༌། ཨུཏྤ་ལ་དང༌། པུཎྜ་རཱི་ཀ་དང༌། སེང་ཕྲོམ་དང༌། ཁ་སྲལ་ཕྲེའུ་དང༌། ཤིང་མངར་དང༌། ནཱ་ག་གེ་སར་དང༌། མུན་ཛ་ཏ་ཀ་དང༌། ཙནྡན་རྣམ་གཉིས་དང༌། འདི་རྣམས་ཀྱི་ཕྱེ་མ་བཏགས་པ་དང༌། མར་དང་སྦྲང་རྩི་དང་རྒྱམ་ཚྭ་དང་ལྡན་པར་བྱ་སྟེ། བསྒྲངས་པའི་ནི་རུ་ཧ་མས་གཏང་ངོ༌། །ནི་རུ་ཧ་བཏང་ནས་སླར་བྱུང་བ་ལྟ་ན་སྲོག་ཆགས་ཐང་ལ་གནས་པའི་ཤ་ཁུ་འམ། ཡང་ན་འོ་མ་དང་ལྷན་ཅིག་འབྲས་ཆན་བྱིན་ལ། དེའི་འོག་ཏུ་ལུས་ཁྲུས་བྱས་ན་ལུས་ཚ་བ་དང༌། འཁྲུ་བའི་ནད་དང༌། ཁྲག་དང་མཁྲིས་པ་རྒྱས་པ་དང༌། སྙིང་ནད་དང༌། སྐྱ་རྦབ་ཀྱི་ནད་དང༌། རིམས་མི་བཟད་པ་རྣམས་དང༌། སྐྲན་དང༌། གཅིན་འགགས་པ་དང༌། མིག་སེར་ལ་སོགས་པ་མཁྲིས་པ་ལས་གྱུར་པའི་ནད་དོ་ཅོག་སེལ་ཏོ། །ཀོ་ཤ་ཏ་ཀི་དང༌། དོང་ག་དང༌། ཐང་ཤིང་དང༌། མུར་བ་དང༌། གཟེ་མ་དང། དུག་མོ་ཡུངས་དང༌། ཨརྐ་དང༌། པ་ཐ་དང༌། རྒྱ་སྲན་དང༌། བྲི་ཧ་ཏི་དང༌། འདི་རྣམས་སྲང་ལྔ་དེ་དྲུག་འགྱུར་གྱི་ཆུ་སྲང་བརྒྱད་ཅུ་དང་བསྐོལ་ལ། བཞི་ཆ་སྲང་ཉི་ཤུ་ལུས་པ་དང༌། དེའི་ནང་དུ་ཡུངས་ཀར་དང༌། སུག་སྨེལ་དང༌། པོ་སོན་ཆ་དང༌། རུ་རྟ་དང༌། འདི་རྣམས་ཀྱི་ཕྱེ་མ་
ཞོ་གཉིས་གཉིས་དང༌། སྦྲང་རྩི་དང༌། པོ་སོན་ཆའི་མར་དང༌། ཐལ་སྨན་དང༌། ཡུངས་ཀར་གྱི་མར་དེ་རྣམས་སྲང་གཉིས་གཉིས་དང་ལྡན་པའི་ནི་རུ་ཧ་མས་གཏོང་ན་མེ་དྲོད་ཆུང་བ་དང༌། ཟས་ཡི་གར་མི་འོང་བ་དང༌། བད་ཀན་ལས་གྱུར་པའི་ནད་ཐམས་ཅད་འཇོམས་སོ། །དེ་ནས་ཤིན་ཏུ་གཞོན་པ་འམ་སྐྱིད་དེ་བའི་མི་ལ་ནི་སྣུམ་ཞིང་འཇམ་པའི་སྨན་སྲང་གཉིས་གཉིས་ཙམ་གྱི་ཚད་ཙམ་གཏང་བར་བྱ་སྟེ། དེ་ཡང་འོ་མ་སྲང་བཞི་དང༌། སྦྲང་རྩི་དང༌། ཏིལ་མར་དང༌། མར་སྲང་གཉིས་གཉིས་དང༌། འདི་རྣམས་ཁ་གཟར་དང༌། དཀྲུགས་ཏེ་འཇམ་རྩི་མས་གཏོང་ན་རླུང་ནད་འཇོམས་སོ། སྟོབས་འཕེལ་ཞིང་མདོག་གསལ་བར་བྱེད་དོ། །ཏིལ་མར་དང༌། ཆང་གི་དངས་མ་དང༌། སྦྲང་རྩི་དང༌། མར་དང༌། དེ་དག་ཁྱོར་རེ་རེ་དང༌། བིལ་བ་ལ་སོགས་པ་རྩ་བ་ཆེན་པོ་བསྐོལ་བའི་ཁུ་བ་སྲང་བཞི་དང༌། འདི་རྣམས་མས་གཏོང་ན་རླུང་ནད་རྣམས་ལས་རྒྱལ་བར་བྱེད་དོ། །པ་ཏོ་ལ་དང༌། ནིམ་པ་དང། བུ་ཏི་ཀ་དང༌། ར་སྣ་དང༌། ལོ་མ་བདུན་པ་དང༌། འདི་རྣམས་སྲང་རེ་རེ་བསྐོལ་བའི་ཁུ་བསྲང་གཉིས་གཉིས་དང༌། མར་སྲང་གཉིས་ཀྱི་ནང་དུ་ཡུངས་ཀར་གྱི་ཕྱེ་མ་བཏགས་པའི་ཁུ་བ་ལྔ་ཞེས་བྱ་བ་ཡིན་ཏེ། མས་གཏོང་ན་མིག་ནད་དང༌། སྲིན་ནད་དང༌། མཛེ་ནད་དང༌། གཅིན་ནད་རྣམས་འཇོམས་སོ། །ཏིལ་མར་དང༌། བ་གཅིན་དང༌། ཞོག་ཆུ་དང༌། རྩབས་སྐྱུར་པོ་དེ་རྣམས་སྲང་གཉིས་གཉིས་ཡུངས་ཀར་བཏགས་པའི་ཕྱེ་མ་དང༌། སྦྲང་རྩི་དང་སྦྱར་བའི་འཇམ་རྩི་བྱས་ན་བུད་མེད་ལ་ཕོད་པར་འགྱུར་རོ། །དེ་ནས་དེའི་འོག་ཏུ་སྦྱོར་བ་མས་གཏོང་ན་རྟུག་པ་འགགས་པ་དང༌། ལྟོ་སྦོ་བ་འཇིག་པར་བྱེད་དོ། །པ་ཡ་སྱ་དང༌། བུ་རམ་ཤིང་དང༌། ས་ལ་པརྞི་དང༌། ར་སྣ་དང་འདི་རྣམས་གང་ཡང་རུང་བ་བསྐོལ་བའི་ནང་དུ་པི་པི་ལིང་བཏགས་པའི་ཕྱེ་མ་དང༌། སྦྲང་རྩི་དང་མར་དང་བསྲེས་པའི་འཇམ་རྩི་བྱས་ན་བུད་མེད་ལ་ཕོད་པར་འགྱུར་རོ། །དེ་ནས་དེའི་འོག་ཏུ་ཀུན་ལ་འབྲས་བུ་མངོན་དུ་གྲུབ་ཅིང་གནོད་པ་མེད་ལ་སྟོབས་དང་ལུས་འཕེལ་ཤིང་རྒྱས་པ་དང༌། བདེ་བར་བྱེད་པའི་འཇམ་རྩི་དུས་ཐམས་ཅད་དུ་སྦྱར་བར་བྱ་བ་བཤད་པར་བྱ་སྟེ། དེ་ཡང་སྦྲང་རྩི་དང༌། ཏིལ་མར་ཆ་མཉམ་པ་དང༌། རྒྱམ་ཚྭ་ཞོ་གཉིས་དང༌། ཤུ་ཏི་ཞོ་བཞི་དང༌། འདི་རྣམས་བཏགས་པའི་ཕྱེ་མ་ཨེ་
རཎྜའི་རྩ་བ་བསྐོལ་བའི་ཁུ་བའི་ནང་དུ་སྦྱར་བ་ནི། སྦྲང་རྩི་དང་ཏིལ་མར་ཆ་མཉམ་པ་ཞེས་བྱ་བ་ཡིན་ཏེ། དེ་ལ་ནི་རུ་ཧ་མས་གཏོང་ན་བཅུད་ཀྱིས་ལེན་དུ་འགྱུར་ཏེ། གཅིན་ནད་དང༌། གཞང་འབྲུམ་དང༌། སྲིན་བུའི་ནད་དང༌། སྐྲན་དང༌། རྒྱུ་ཆེར་སྐྱེས་པའི་ནད་རྣམས་སེལ་ཏོ། །སྦྱོར་བ་གོང་མའི་ནང་དུ་ཤིང་མངར་གྱི་ཕྱེ་མས་བསྲེས་ན་མིག་ལ་ཕན་ཏེ་ཁྲག་དང་མཁྲིས་པ་ལ་ཡང་ཕན་ནོ། །གླ་སྒང་བཏགས་པའི་ཕྱེ་མ་སྦྲང་རྩི་དང་ཏིལ་མར་དང༌། ཤ་ཁུ་དང་མར་དང་སྦྱར་བ་ནི་ཡ་བ་ན་ཞེས་བྱ་སྟེ། དེས་འཇམ་རྩི་བྱས་ན་གཞང་འབྲུམ་དང༌། བརླ་དང༌། རླིག་པ་དང༌། ཕོ་མཚན་རྣམས་སུ་ཟུག་པ་ལས་རྒྱལ་བར་བྱེད་དོ། །ཡང་ན་སྦྲང་རྩི་དང༌། མར་དང༌། ཞག་དང༌། ཏིལ་མར་སྲང་གཉིས་གཉིས་ཀྱི་ནང་དུ་རྒྱམ་ཚྭ་ཞོ་གཅིག་དང༌། སྤ་མའི་འབྲས་བུ་སྲང་ཕྱེད་ཀྱི་ཕྱེ་མ་དང་སྦྱར་བ་ནི་དེ་ཡང་ཡ་བ་ས་ཞེས་བྱ་སྟེ། འཇམ་རྩི་མས་གཏོང་ན་ཕན་ཡོན་གོང་མ་དང་འདྲའོ། །ཡང་ན་ཨེ་རཎྜའི་རྩ་བ་བསྐོལ་བའི་ཁུ་བའི་ནང་དུ་ཤུ་དག་དང༌། པི་པི་ལིང་དང༌། པོ་སོན་ཆ་གསུམ་པའི་ཕྱེ་མ་དང༌། སྦྲང་རྩི་དང༌། ཏིལ་མར་དང༌། རྒྱམ་ཚྭ་ཅི་རན་ཙམ་བཏབ་པ་ནི་ཡུག་ཏི་ར་ཋ་ཞེས་བྱ་སྟེ། དེའི་འཇམ་རྩི་མས་གཏོང་བར་བྱའོ། །ཡང་ན་ཨེ་རཎྜའི་རྩ་བ་བསྐོལ་བའི་ནང་དུ་ཤུ་དག་དང༌། ཤུ་ཏི་དང༌། ཤིང་ཀུན་དང༌། རྒྱམ་ཚྭ་དང༌། ཐང་ཤིང་དང༌། ར་སྣ་དང༌། དེ་རྣམས་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་ནི་ཉེས་པ་འཕྲོག་པ་ཞེས་བྱ་བའི་འཇམ་རྩི་ཡིན་ཏེ། འཇམ་རྩི་མས་གཏོང་ན་དགེ་བར་འགྱུར་རོ། །ཡང་ན་རྩ་བ་ལྔ་བསྐོལ་བའི་ཁུ་བའི་ནང་དུ་པི་པི་ལིང་དང༌། རྒྱམ་ཚྭ་དང༌། ཤིང་མངར་དང༌། དེ་རྣམས་བཏགས་པའི་ཕྱེ་མ་དང༌། སྦྲང་རྩི་དང་ཏིལ་མར་བཏབ་པ་ནི་གྲུབ་པའི་འཇམ་རྩི་ཞེས་བྱ་བ་ཡིན་པར་ཤེས་པར་བྱའོ། །ཡང་ན་རྩ་བ་བཅུ་པ་དང༌། འབྲས་བུ་གསུམ་དང༌། པོ་སོན་ཆ་དང༌། བིལ་བ་དང༌། དེ་རྣམས་བ་གཅིན་དང་ཚུལ་བཞིན་བསྐོལ་བའི་ནང་དུ་པ་ཐ་དང༌། དུག་མོ་ཡུངས་དང༌། གླ་སྒང་དང༌། པོ་སོན་ཆ་དང༌། ལན་ཚྭ་དང་དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང༌། ཏིལ་མར་དང༌། མར་དང་ཐལ་སྨན་བཏབ་པ་ནི་ཡུག་ཏི་ར་ཐ་ཞེས་བྱ་སྟེ་དེ་ལས་རན་པར་མས་གཏོང་ན། བད་ཀན་གྱི་ནད་དང༌། སྐྱ་རྦབ་དང༌།
གསུད་པ་དང༌། ཁུ་ཆུ་དང༌། རླུང་འགགས་པ་དང༌། ཁོང་འཁྲུགས་པ་རྣམས་ལ་རབ་ཏུ་བསྔགས་སོ། །གླ་སྐང་དང༌། པ་ཐ་དང༌། སླེ་ཏྲེས་དང༌། ཨེ་རཎྜ་དང༌། བ་ལ་དང༌། ར་སྣ་དང༌། བ་སྤྲུ་བ་དང༌། བཙོད་དང༌། དོང་ག་དང༌། པུ་ཙེ་ཤེལ་དང༌། ཀྱི་ལྕེ་བ་དང༌། བ་རུ་ར་དང༌། རྩ་བ་ལྔ་པ་ཆུང་ངུ་དང༌། དེ་རྣམས་སྲང་རེ་རེ་དང༌། དེ་རྣམས་ཆུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་ཚུལ་བཞིན་བསྐོལ་ཏེ་བཞི་ཆ་ལུས་པ་དང་བཙགས་ཏེ་ཚིགས་མ་བོར་བའི་དངས་མ་འོ་མ་སྲང་དྲུག་ཅུ་རྩ་བཞི་དང་ཡང་བསྐོལ་ཏེ། འོ་མ་ལུས་པ་དང༌། འོ་མའི་བཞི་ཆའི་སྲོག་ཆགས་ཐང་ལ་གནས་པའི་ཤ་ཁུ་དང་མར་དང༌། སྦྲང་རྩི་དང༌། རྒྱམ་ཚྭ་དང༌། ཤིང་མངར་དང༌། ཤུ་ཏི་དང༌། པི་པི་ལིང་དང༌། དུག་མོ་ཡུངས་དང༌། སྐྱེར་ཁཎྜ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་བཏབ་སྟེ་བསྲེས་པའི་འཇམ་རྩི་དྲོ་འཇམ་ཙམ་མས་གཏོང་ན། ལུས་ཀྱི་ཤ་དང་མེ་དྲོད་དང༌། སྟོབས་དང༌། ཁུ་ཆུ་རྣམས་འཕེལ་ཞིང་དྲེག་ནད་དང༌། རྨོངས་བག་ཏུ་འདུག་པ་དང༌། གཅིན་ནད་དང༌། གཞང་འབྲུམ་དང༌། སྐྲན་དང༌། བཤང་ཅི་འགགས་པ་དང༌། རིམས་མི་བཟད་པ་དང༌། ཤུ་བ་མཆེད་པ་དང༌། རྒྱུ་རླུགས་དང༌། བད་ཀན་ཚད་པར་འཁྲུ་བ་རྣམས་འཇོམས་ཏེ། དེ་བཞིན་དུ་བརླ་ཕྲག་དང༌། བརླ་དང། རྐེད་པ་དང༌། དཀུ་དང༌། གཉའ་རེངས་དང༌། རྣ་བ་དང༌། མགོ་བོ་རྣམས་སུ་ན་ཞིང་ཟུག་པ་དང༌། ཟླ་མཚན་གྱི་ནད་དང༌། སྨྱོ་བྱེད་དང༌། སྐྲང་བ་དང༌། ལུད་པ་དང༌། རྡེའུ་ཆགས་པ་དང༌། རླུང་འཁྱིལ་བ་རྣམས་སེལ་ཏོ། །གཞན་ཡང་མིག་ལ་ཕན་ཞིང་བུ་སྐྱེ་བར་བྱེད་དེ། ཡ་བ་ན་ཞེས་བྱ་བའི་འཇམ་རྩིའི་མཆོག་ཡིན་ཏེ། བཅུད་ཀྱིས་ལེན་དུ་འགྱུར་རོ། །རི་དགས་གདོང་ཆུང་བ་རི་བོང་དང༌། ཕག་ལ་སོགས་པའི་ཤ་རྩ་བ་བཅུ་པ་དང་ལྷན་ཅིག་བསྐོལ་བའི་ཁུ་བའི་ནང་དུ་སྤ་མའི་འབྲས་བུ་དང༌། ཤུ་ཏི་དང༌། གླ་སྒང་བཏགས་པའི་ཕྱེ་མ་དང༌། སྣུམ་ཆེན་པོ་བཞི་དང་ལྡན་པའི་ནི་རུ་ཧ་མས་གཏོང་ན། རླུང་འཕྲོག་པའི་མཆོག་ཡིན་ཏེ། ཤིན་ཏུ་བུད་མེད་ལ་ཉལ་ཕོད་པར་འགྱུར་རོ། །རྨ་བྱའི་གཤོག་པ་དང༌། མཁྲིས་པ་དང༌། རྒྱུ་མ་དང༌། རྐང་པ་དང༌། མཆུ་དང༌། རྟུག་པ་རྣམས་བོར་བའི་ཤ་འབའ་ཞིག་དང༌། རྩ་བ་ཆུང་དུ་ལྔ་སྲང་རེ་རེ་དང༌། སྨན་གྱི་
བརྒྱད་འགྱུར་གྱི་ཆུ་དང་འོ་མ་ལྷན་ཅིག་བསྐོལ་ཏེ་འོ་མ་ལུས་པའི་ནང་དུ། བི་ད་རི་དང༌། པི་པི་ལིང་དང༌། ཤིང་མངར་དང༌། ཤུ་ཏི་དང༌། པོ་སོན་ཆ་བཏགས་པའི་ཕྱེ་མ་དང༌། མར་དང༌། སྦྲང་རྩི་དང༌། ལན་ཚྭ་ཅུང་ཟད་བཏབ་སྟེ། དེ་ལས་འཇམ་རྩི་མས་གཏོང་ན་ལུས་ཀྱི་སྟོབས་དང་ཁུ་ཆུ་འཕེལ་བར་བྱེད་པའི་མཆོག་ཡིན་ཏེ། རྨ་བྱའི་ཆོག་ཇི་ལྟ་བ་བཞིན་དུ་སྲེག་པ་ལ་སོགས་པ་ཁྲོན་རྐོ་བས་ཁ་ཟས་ཚོལ་བ་ཐམས་ཅད་དང༌། བྱེའུ་ལ་སོགས་པ་མཆུས་ཟས་ཐུ་བ་ཐམས་ཅད་དང༌། སེང་གེ་ལ་སོགས་པ་མཐུ་རྩལ་གྱིས་ཟས་ཚོལ་བ་ཐམས་ཅད་ཀྱི་ཤ་རེ་རེ་ལ་ཡང་ཆོ་ག་དེ་ལྟར་བྱ་སྟེ། དེ་བཞིན་དུ་ཆུ་ལ་གནས་པ་ངང་པ་དང༌། རོ་ཧི་ཏ་ལ་སོགས་པའི་ཤ་རྣམས་རྨ་བྱའི་ཆོ་ག་ལྟར་བྱ་སྟེ། ཉ་ཤ་ལ་ནི་འོ་མ་སྤང་ངོ༌། །སྲོག་ཆགས་གོ་ད་དང༌། སྲེ་མོ་དང༌། བྱི་ལ་དང༌། ཤ་ལྱ་ཀ་དང༌། བྱི་བ་དང༌། དེ་རྣམས་ཀྱི་ཤ་སྲང་བཅུ་བཅུ་དང༌། རྩ་བ་ལྔ་པ་དེ་དང་མཉམ་པ་དང། སྨན་གྱི་བརྒྱད་འགྱུར་གྱི་འོ་མ་དང་ཚུལ་བཞིན་བསྐོལ་ལ་འོ་མ་ལུས་པའི་ནང་དུ། པོ་སོན་ཆ་དང༌། པི་པི་ལིང་དང༌། ལན་ཚྭ་རྣམ་གཉིས་ཀྱི་ཕྱེ་མ་དང༌། ཁ་ར་དང༌། ཏིལ་མར་དང༌། སྦྲང་རྩི་དང༌། མར་དང་ལྡན་པའི་འཇམ་རྩི་སྦྱར་ཏེ་བཏང་ན་བཅུད་ཀྱིས་ལེན་དུ་འགྱུར་ཏེ། ལུས་ཀྱི་རྩོལ་བས་གློ་འགྲམས་པ་དང༌། དབང་པོ་རྣམས་མི་གསལ་བ་དང༌། སྟོབས་དང་གཟི་མདངས་ཉམས་པ་དང༌། ཁུ་ཆུ་དང་བཤང་གཅི་འགགས་པ་དང་དྲེག་ནད་ལ་ཕན་ཞིང་དེ་བཞིན་དུ་རྟ་དང་གླང་པོ་ཆེ་དང༌། ཤིང་རྟ་ལ་སོགས་པ་ལས་ལྷུང་ཞིང་རྐང་ལག་ཆག་ཅིང་གྲུགས་པ་རྣམས་ལ་འཇམ་རྩི་བཏང་ན་སླར་འཚོ་བར་འགྱུར་ཏེ། རོ་ཙ་བར་བྱེད་པའི་ཡུལ་ཡིན་ནོ། །བཟའ་བ་ནི་ཁ་སྲལ་དང༌། བྱི་ཚེར་བ་ལས་གཞི་བླངས་པའི་འོ་ཐུག་སྦྱིན་ནོ། །ཨེ་རཎྜ་ལ་སོགས་པའི་འཇམ་རྩི་མས་གཏོང་བའི་སྦྱོར་བ་དེ་དག་ནི་ཆོ་ག་བསྲུང་མི་དགོས་པར་གྲུབ་པའི་སྨན་དུ་བཤད་པ་ཡིན་ནོ། །ད་ནི་རླུང་ནད་འཇོམས་ཤིང་བསྲུང་བ་དང་བཅས་པའི་འཇམ་རྩི་མས་གཏོང་བ་བརྗོད་པར་བྱ་སྟེ། དེ་ཡང་རྩ་བ་བཅུ་པ་དང༌། བ་ལ་དང༌། ར་སྣ་དང༌། ཨ་ཤྭ་གན་དྷ་དང༌། བ་སྤྲུ་བ་དང༌། སླེ་ཏྲེས་དང༌། ཨེ་རཎྜ་དང༌། ཏིག་ཏ་དང༌། ག་བྲའི་རྩ་བ་དང༌། བ་ཤ་ཀ་དང༌། བྷུ་ཏི་ཀ་དང༌། ཉེའུ་ཤིང་དང༌།
ས་ཧ་ཙ་ར་དང༌། ཀ་ཀ་ན་སེ་དང༌། དེ་རྣམས་སྲང་རེ་རེ་དང༌། ནས་དང༌། མོན་སྲན་གྲེའུ་དང༌། ཟར་མ་དང༌། རྒྱ་ཤུག་དང་རྒྱ་སྲན་དང༌། འདི་རྣམས་སྲང་གཉིས་གཉིས་ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་དང་ཚུལ་བཞིན་བསྐོལ་ཏེ། བཞི་ཆ་ཁུ་བ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ལུས་པའི་ནང་དུ་ཨ་རུ་ར་དང། འཚོ་བྱེད་སྡེ་བཅུ་རེ་རེའི་ཕྱེ་མ་དང༌། ཏིལ་མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་ལྷན་ཅིག་བསྐོལ་ཏེ། འཇམ་རྩི་མས་གཏོང་ན་རླུང་ནད་ཐམས་ཅད་སེལ་བར་བྱེད་དོ། །ཡང་ན་ཐང་ལ་གནས་པའི་སྲོག་ཆགས་ཀྱི་ཞག་འཚོ་བྱེད་སྡེ་བཅུ་དང༌། གོང་མ་བཞིན་བྱས་པའི་འཇམ་རྩི་བཏང་ན་རླུང་ནད་ཐམས་ཅད་སེལ་ཏོ། །ཡང་ན་ཤུ་ཏི་དང༌། ནས་དང༌། བིལ་བ་དང༌། རང་སྐྱུར་དང༌། ཏིལ་མར་དེ་རྣམས་ཚུལ་བཞིན་བསྐོལ་བའི་ཏིལ་མར་ནི་རླུང་ནད་ཅན་ལ་སྦྱར་རོ། །ཡང་ན་རྒྱམ་ཚོ་མེའི་ནང་དུ་བསྲེགས་ཏེ་དམར་པོར་གྱུར་པ་དང༌། མར་གྱི་ནང་དུ་སྨྱུགས་ཏེ། དེ་བཞིན་དུ་ཡང་དང་ཡང་བྱས་པའི་མར་གྱི་འཇམ་རྩི་མས་གཏོང་ན་རླུང་ནད་ལས་རྒྱལ་བར་བྱེད་དོ། །ཛི་བན་ཏི་དང༌། པོ་སོན་ཆ་དང༌། མེད་རྣམ་གཉིས་དང༌། སྲ་བ་ནི་དང༌། ཤིང་མངར་དང༌། བ་ལ་དང༌། ཤུ་ཏི་དང༌། ཟངས་རྩི་བ་དང༌། པི་པི་ལིང་དང༌། ཀ་ཀ་ན་སི་དང༌། ཉེའུ་ཤིང་དང༌། ཁ་སྲལ་བ་དང༌། རམ་ཉེ་བ་འོ་མ་ཅན་དང། ཀ་ར་ཀ་ཏ་ཤྲིང་གི་དང༌། ཟུར་པ་དང༌། ཤུ་དག་དང༌། འདི་རྣམས་བཏགས་པའི་ཕྱེ་མ་དང་མར་དང༌། ཏིལ་མར་དང༌། དེའི་བཞི་འགྱུར་གྱི་འོ་མ་དང་སྦྱར་ཏེ་འཇམ་རྩི་མས་གཏོང་ན། ཉམས་བརྟ་བ་དང༌། རླུང་དང་མཁྲིས་པ་འཇོམས་ཤིང་ཉམས་སྟོབས་དང་མེ་དྲོད་དང་ཁུ་ཆུ་འཕེལ་བར་བྱེད་དེ། ཁྲག་དང་ཁུ་བའི་ནད་འཕྲོག་ཅིང་བུ་སྐྱེད་པར་བྱེད་དོ། །ཡང་ན་རྒྱམ་ཚ་དང༌། པོ་སོན་ཆ་དང༌། རུ་རྟ་དང༌། ཤུ་ཏི་དང༌། ལྕང་མ་དང༌། ཤུ་དག་དང༌། བ་ལ་ཀ་དང༌། ཤིང་མངར་དང༌། ག་བྲའི་རྩ་བ་དང༌། ཐང་ཤིང་དང༌། ཀད་པ་ལ་དང༌། དོང་གྲ་དང༌། མ་ནུ་དང༌། མེད་དང། དབྱི་མོ་དང༌། ཙི་ཏྲ་ཀ་དང༌། ཟུར་པ་དང༌། བྱི་དང་ག་དང༌། བོང་ང་དཀར་པོ་དང༌། ཏྲི་བི་ཙ་དང༌། ཧ་རེ་ཎུ་ཀ་དང༌། ནི་ལི་ནི་དང༌། ཐི་ར་དང༌། བིལ་བ་དང༌། ཏི་མུ་ས་དང༌། པི་པི་ལིང་དང༌། དན་ཏི་དང༌། ར་སྣ་དང༌། འདི་རྣམས་ཆ་མཉམ་སྟེ་ཨེ་རཎྜའི་མར་རམ། ཏིལ་མར་དང༌།
བསྐོལ་བ་ལས་འཇམ་རྩི་བྱས་ན། བད་ཀན་ལས་གྱུར་བའི་ནད་ཐམས་ཅད་འཇོམས་ཏེ། དེ་བཞིན་དུ་རླིག་རླུགས་དང༌། ཕྱི་ས་འཁྱིལ་བ་དང༌། སྐྲན་དང༌། གཞང་འབྲུམ་དང༌། མཆེར་པ་ན་བ་དང༌། གཅིན་ནད་དང༌། བརླ་རེངས་པའི་ནད་དང༌། ལྟོ་སྦོ་བ་དང༌། རྡེའུ་ཆགས་པ་རྣམས་མྱུར་དུ་སེལ་བར་བྱེད་དོ། །ཡང་ན་བིལ་བ་ལ་སོགས་པའི་རྩ་བ་ལྔ་ཏིལ་མར་དང་བསྐོལ་བའི་འཇམ་རྩི་མས་གཏོང་ན། རླུང་ནད་དང་བད་ཀན་གྱི་ནད་འཇོམས་སོ། །ཡང་ན་བད་ཀན་ལ་ཕན་པའི་སྨན་ཚ་བ་ལྔ་ལ་སོགས་པ་དང་ཏིལ་མར་ལྷན་ཅིག་བསྐོལ་ཏེ་འཇམ་རྩི་བྱས་ན་ཡང་ཕན་ནོ། །ཡང་ན་ཏིལ་མར་དང་དེའི་བརྒྱད་འགྱུར་གྱི་རང་སྐྱུར་དང་ལྷན་ཅིག་བསྐོལ་བའི་ནང་དུ། པོ་སོན་ཆའི་ཕྱེ་མས་བཏབ་པའི་འཇམ་རྩི་བད་ཀན་ཅན་ལ་གཏོང་ངོ༌། །རྨོངས་བག་ཏུ་གྱུར་པ་ལ་ནི་མས་གཏོང་བ་རྣོ་བ་འཇམ་པོ་འདོད་དེ། དེ་རྣོ་བ་བཏབ་པའི་རྗེས་ལ་ནི། འཇམ་པའི་སྨན་བཏང་སྟེ། དེ་ཡང་འཇམ་པ་ནི། སྣུམ་པ་དང་མངར་བ་དང༌། བསིལ་བ་རྣམས་སོ། །འཇམ་པའི་རྗེས་ལ་ནི་རྣོན་པོ་བཏང་སྟེ། དེ་ལ་རྣོ་བའི་སྨན་ནི་པ་གཅིན་དང༌། པི་ལུ་དང༌། ཀྲུ་ཏྲུག་ཏྲེས་དང༌། ལན་ཚྭ་དང༌། ཐལ་སྨན་དང༌། ཡུངས་ཀར་རྣམས་སོ། །དེ་ཡང་དུས་དང་གནས་སྐབས་ཤེས་པར་བྱས་ནས་འོ་མ་དང་མར་ལ་སོགས་པ་ནི་འཇམ་པ་ལ་སྦྱར་རོ། །ཐོག་མར་སྨན་པ་བློ་དང་ལྡན་པས་ནད་པའི་ཉམས་སྟོབས་དང་དུས་ཀྱི་བྱེ་བྲག་དང༌། ནད་གཞི་དང༌། རང་བཞིན་གྱི་བྱེ་བྲག་ཤེས་པར་བྱས་ནས་ནད་གཞི་སོ་སོ་དང་མཐུན་པའི་སྨན་གྱི་སྡེ་ཚན་གང་ཡིན་པ་དང་སྦྱར་བའི་འཇམ་རྩི་མས་གཏོང་བར་བྱའོ། །ནད་པ་ཚ་བས་ཉམ་ཐག་པ་ལ་ནི་བསིལ་བའི་འཇམ་རྩི་གཏང་ཞིང་ཉམས་བརྟ་བའི་ཁ་ཟས་ལ་སོགས་པ་ཡང་བསིལ་བག་སྦྱར་རོ། །གྲང་བས་ཉམ་ཐག་པ་ལ་ནི་སྨན་དང་ལྡན་པའི་འཇམ་རྩི་ཁ་ཟས་ལ་སོགས་པ་དྲོད་བག་སྦྱར་རོ། །སྐྱེས་བུ་གང་གི་མཛེ་ནད་དང། ཚིལ་རྒྱས་པའི་ནད་དང༌། གཅིན་ནང་རྣམས་ལ་ནི་བཀྲུ་སྨན་སྦྱར་བར་རིགས་ཀྱི་ཉམས་བརྟ་བའི་འཇམ་རྩི་མི་བྱའོ། །ལུས་ཟད་པ་དང༌། གློ་འགྲམས་པ་དང༌། ཉམ་ཆུང་བ་དང༌། བརྒྱལ་བ་དང༌། ལུས་རྗུད་པ་དང༌། ལུས་སྐེམ་པ་དང༌། སློན་ཁྲུས་ཀྱིས་ལུས་དག་ཟིན་པ་རྣམས་
ལ་ནི། སྐྱུག་སྨན་དང༌། བཀྲུ་སྨན་མི་བྱའོ། །དེ་བཞིན་དུ་གང་གི་སྲོག་ཟུངས་ཕྱི་ས་བརྟན་པར་འཛིན་པ་ལ་ཡང་བཀྲུ་སྨན་མི་བཏང་ངོ༌། །ཆོག་གྲུབ་པའི་གནས་ལས་སྨན་མས་གཏོང་བའི་ཆོ་གའི་ལེའུ་སྟེ་བཞི་པ་རྫོགས་སོ།། །།དེ་ནས་སྨན་མས་གཏོང་བའི་ཆོགས་ནད་ཕྱིན་ཏེ་སོས་པར་བྱ་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ནད་པ་སྣུམ་དང་དུགས་མ་བྱས་པ་དང་ལྟོ་ཤིན་ཏུ་ལྕི་བ་ལམས་གཏོང་བའི་སྨན་གྲང་མོ་དང༌། སྣུམ་དང༌། ལན་ཚྭ་ཉུང་བ་དང༌། སྨན་ཐུན་ཚད་ཆུང་བ་དང༌། ཡང་ན་བསྐབ་མས་གཏོང་ན་སྨན་གྱི་སྟོབས་ཆུང་བས་ནད་གཞི་འཁྲུགས་ནས་མི་འབྱུང་སྟེ་སྦྱོར་བ་ལོག་པ་དེས་ནི་རླུང་དང་ཕྱི་ས་དང་གཅིན་འགགས་ཤིང་ཆུ་སོ་དང་ལྟེ་བ་རྣམས་སུ་ན་བ་དང༌། ལུས་ཚ་ཞིང་དང་ཀ་མེར་མེར་པོར་བྱེད་པ་དང༌། གཞང་སྐྲང་བ་དང༌། གཡའ་བ་དང༌། འབྲས་བྱུང་བ་དང༌། མདོག་འགྱུར་བ་དང༌། གནས་ལ་མི་དགའ་བ་དང༌། མེ་དྲོད་ཆུང་བར་འགྱུར་ཏེ། དེ་ལ་ནི་འཁྲུ་བ་གསོ་བའི་ལེའུ་ལས་འབྱུང་བའི་སྨན་བུ་ཏི་ཀ་དང༌། པི་པི་ལིང་དང༌། བཅའ་སྒ་དང༌། ཤུ་དག་དང༌། འུ་སུ་དང༌། ཨ་རུ་ར་བསྐོལ་བ་འམ། ཡང་ན་བིལ་བ་དང༌། འུ་སུ་དང༌། གླ་སྒང་དང༌། བཅའ་སྒ་དང༌། བལ་དང༌། དེ་རྣམས་བསྐོལ་བ་འམ། སྦྱོར་བ་དེ་གཉིས་གང་ཡང་རུང་བ་དྲོན་པོ་འཐུངས་ན་རབ་ཏུ་བསྔགས་སོ། །ཡང་ན་རྟུག་པ་འགགས་ཏེ་ཟུག་གཟེར་ཆེ་བ་ལ་ནི་པོ་སོན་ཆའི་རེང་བུ་བཏང་ཞིང་དུགས་བྱ་བ་དང༌། དུས་ཚོད་ཤེས་པར་བྱས་ལ་བཀྲུ་སྨན་ཡང་བཏང་སྟེ། བིལ་བའི་རྩ་བ་དང༌། དུར་བྱིད་དང༌། ཐང་ཤིང་དང༌། ནས་དང། རྒྱ་ཤུག་དང༌། རྒྱ་སྲན་དང༌། འདི་རྣམས་བཏགས་བའི་ཆང་དང༌། བ་གཅིན་དང་ལྷན་ཅིག་མས་གཏོང་ན་ཕྱི་ས་འགགས་པ་སེལ་པར་འགྱུར་རོ། །དེ་ལ་ནད་གཞི་སྟོབས་ཆེ་བ་འམ། ཁོང་དུ་རྩུབ་པའམ། ལྟོ་སྲ་བ་ལ་སྨན་ཐུན་ཆུང་བ་དང༌། ནུས་པ་ཆུང་བའི་སྨན་མས་གཏོང་ན། ནད་གཞི་རྣམས་སློང་སྟེ། རླུང་རྒྱུ་བའི་རྒྱུ་སྲང་འགགས་ནས། རླུང་ལམ་ལོག་པར་སོང་སྟེ། ལྟོ་སྦོས་ཤིང་གནད་རྣམས་ཀྱང་ཤིན་ཏུ་གཟིར་ཞིང་ན་བར་འགྱུར་རོ། །དེ་བཞིན་དུ་ལུས་ཚ་བ་དང༌། གཞང་དང༌། ལྟོ་བ་དང༌། རླིག་པ་དང༌། ཆུ་སོ་རྣམས་སུ་ཟུག་ཅིང་ན་
བ་དང། རླུང་དེ་སྙིང་ལ་བརྟེན་ཅིང་ལུས་ཐམས་ཅད་དུ་འཕོ་སྟེ་ན་བར་འགྱུར་རོ། །དེ་ནི་བསྐུ་བྱུག་དང་དུགས་བྱ་སྟེ། པོ་སོན་ཆའི་རེང་བུ་སྦྱར་བར་བྱའོ། །ཡང་ན་བིལ་བ་ལ་སོགས་པ་གོང་དུ་སྨོས་པའི་སྨན་བསྐོལ་བའི་ནང་དུ་པི་ལུའི་འབྲས་བུ་དང༌། དུག་མོ་ཡུངས་ཀྱི་ཕྱེ་མ་དང༌། བ་གཅིན་དུ་སྦྱར་བ་ནི་རུ་ཧ་མས་གཏོང་ན་ཕན་ནོ། །ཡང་ན་ཀོ་ཉོན་ཙེ་དང༌། ཐང་ཤིང་དང༌། ཏིལ་མར་དང་སྦྱར་བའི་འཇམ་རྩི་མས་གཏོང་བར་བྱའོ། །མས་གཏོང་བ་དེ་བར་དུ་བཅད་ཅིང་བཏང་བའམ། ཡང་ན་བཙིར་དྲགས་པའམ། ཐུན་ཆེས་པ་འམ། ལན་ཚྭ་དང་སྣུམ་མེད་པ་འམ། གྲང་བ་འམ། སྨན་ཉུང་བ་འམ་འཇམ་པོ་བཏང་བར་གྱུར་ན་ནི་རླུང་གིས་གྱེན་དུ་ཕུལ་ཏེ་ཁ་འམ། སྣ་ནས་འབྱུང་པར་འགྱུར་ལ། དེའི་དབང་གིས་བརྒྱལ་བ་དང༌། བྲང་ཚ་ཞིང་ཁ་ནས་ཆུ་འབྱུང་བ་དང༌། སྐོམ་དད་ཆེ་བ་དང༌། ལུས་ཚ་བ་ལ་སོགས་པ་སྐྱེ་བར་འགྱུར་རོ། །དེ་ལྟར་བརྒྱལ་བ་ལ་སོགས་པར་གྱུར་ན། དེ་མ་ཐག་ཏུ་ཆུ་གྲང་མོས་གདོང་ལ་གཏོར་རོ། །བརྒྱལ་བ་དེས་དུབ་པར་གྱུར་པ་ལ་ནི། རླུང་ཡབ་ཀྱིས་གཡབ་ཅིང་དབུགས་བསྡམས་ཏེ་བརྔུབ་ཏུ་གཞུག་གོ །དེ་ནས་ནད་པ་དེ་ཁ་བུབ་ཏུ་བཞག་སྟེ། རྒྱབ་དང་རྩིབ་ལོགས་དང་ལྟོ་བ་རྣམས་སུ་ལག་པ་ལ་སོགས་པ་དྲོན་པོས་མཉེ་ཞིང་དུགས་བྱའོ། །དེ་ནས་རྒྱལ་བུའི་སྐྱེས་བུས་ཚིག་སྤྱོ་བ་དང་བཅས་པས་སྐྲ་ལས་དྲངས་ཤིང་དྲུད་པ་དང༌། མཚོན་དང་མེ་མཆེད་པ་དང༌། སྦྲུལ་དང༌། མཆེ་བ་ཅན་ལ་སོགས་པས་འཇིགས་པར་བྱས་ན། མས་གཏོང་བ་དེ་ཚུལ་བཞིན་དུ་འབྱུང་བར་འགྱུར་རོ། །དེས་ཀྱང་མ་ཐུབ་ན་ཇི་ལྟར་ཡང་མི་འཆི་བའི་ཐབས་བྱ་སྟེ། ལག་པ་གཉིས་སམ་རས་ཀྱིས་མགུལ་པ་དམ་དུ་བཅིངས་ན་སྲོག་ཅེས་བྱ་བ་དང༌། གྱེན་དུ་རྒྱུ་བའི་རླུང་གི་ལམ་འགགས་ཏེ། ཐུར་དུ་སེལ་བའི་རླུང་ཞེས་བྱ་བ་དེས་རང་གི་གནས་སུ་འོག་ཏུ་མྱུར་དུ་འདྲེན་པར་བྱེད་དོ། །ཡང་ན་རུ་རྟ་དང་སེང་ཕྲོམ་གཉིས་ཀྱི་ཕྱེ་མ་རང་སྐྱུར་དང་བསྐོལ་ཏེ་བླུད་ན་དྲོ་བ་དང༌། རྣོ་བ་དང༌། འཁྲུ་བའི་རང་བཞིན་ཡིན་པས། མས་གཏོང་བའི་སྨན་དེ་ལུགས་བཞིན་འབྱུང་ངོ༌། །ཡང་ན་དུར་བྱིད་དང༌། ཨ་རུ་རའི་ཕྱེ་མ་བག་ཅིན་དང་བསྐྱོས་པ་འཐུངས་ན་ཐུར་དུ་འབྱུང་བར་འགྱུར་རོ། །ཞུ་བའི་གནས་སུ་མས་གཏོང་བའི་སྨན་འདུག་པ་ལ་ནི་ཐོག་མར་དུགས་བྱས་ལ། དེའི་འོག་ཏུ་
རྩ་བ་བཅུ་པ་དང༌། ནས་དང་རྒྱ་ཤུག་དང་རྒྱ་སྲན་རྣམས་བ་གཅིན་དང་ལྷན་ཅིག་བསྐོལ་ཏེ་ནི་རུ་ཧ་མས་གཏོང་ངོ༌། །ཡང་ན་སླེ་ཏྲེས་དང༌། སྨྱུག་མའི་ལོ་མ་དང༌། བུ་ཏ་ཀ་རཉྫའི་ཤུན་པ་དང༌། ལོ་མ་དང༌། ཟུར་བ་དང༌། ཐང་ཤིང་དང༌། བྷུ་དྷི་ཀ་དང༌། འདི་རྣམས་བ་གཅིན་དང་བསྐོལ་ལ། ཏིལ་མར་དང་བུ་རམ་དང༌། རྒྱམ་ཚ་དང་བཅས་པའི་ནང་དུ་བཀྲུ་སྨན་གྱི་ཕྱེ་མས་བཏབ་པ་མས་གཏང་ངོ༌། །མས་གཏོང་བའི་སྨན་དེ་བྲང་གི་ནང་དུ་བྱུང་བ་ལ་ནི་བིལ་བ་ལ་སོགས་པ་རྩ་བ་ལྔ་བསྐོལ་བ་མས་གཏོང་ངོ༌། །མགོ་བོར་བྱུང་བ་ནི་སྣར་བླུགས་པའི་སྨན་དང་དུད་པ་བཏང་བ་དང༌། ཡུངས་མར་གྱི་ལྡེ་གུས་མགོ་བོ་བསྐུའོ། །མས་གཏོང་བའི་སྦྱོར་བ་དྲོད་ཆེས་པ་དང༌། རྣོ་ཆེས་པ་དང༌། སྐྱུར་དྲགས་པ་དང༌། བསྐ་ཆེས་པའི་སྨན་ནད་པ་དུགས་མ་བྱས་པ་དང༌། ནད་གཞི་ཆུང་བ་དང༌། རྒྱུ་སྙི་བ་ལ་གཏོང་བ་འམ། ཡང་དང་ཡང་བཏང་ན་ནི་སྦྱོར་བ་དྲགས་པ་ཡིན་ཏེ། ཁོང་པའི་ནང་དུ་ནད་སྐྱེད་པར་བྱེད་དོ། །མས་གཏོང་བའི་སྦྱོར་བ་དྲགས་ཏེ་མང་དུ་འཁྲུ་ན་བཀྲུ་སྨན་དྲགས་པའི་གསོ་བ་ཇི་ལྟ་བ་བཞིན་དུ་བྱའོ། །ཡང་ན་མས་གཏོང་བའི་སྨན་དང༌། ཐལ་སྨན་དང༌། སྐྱུར་བ་དང༌། དྲོ་བ་དང༌། རྣོ་བ་དང་ལན་ཚྭ་རྣམས་མཁྲིས་པའི་རང་བཞིན་ཅན་ལ་སྦྱར་ལ། གཞང་གི་ནང་དུ་ཚ་བ་སྐྱེས་ཏེ་བྲུས་པ་སྙམ་བྱེད་ཅིང་གནོད་པ་དང་བཅས་པར་འཁྲུ་བར་བྱེད་དེ། འཁྲུ་བ་དེ་ཡང་ཁྲག་བཙོས་པ་ལྟ་བུ་འབྱུང་ལ་མཁྲིས་པ་ཡང་ཤུགས་དྲག་པོས་ཤས་ཆེར་འབྱུང་སྟེ། ཡང་ནས་ཡང་དུ་དྲན་པ་སྟོར་བར་འགྱུར་རོ། །དེ་ལ་ནི་ཁྲག་དང་མཁྲིས་པའི་འཁྲུ་བའི་གསོ་བ་རབ་ཏུ་བསྔགས་སོ། །དེ་བཞིན་དུ་གཞང་ཚ་བ་ལ་སོགས་པའི་ནད་དེ་ལ་ནི། དུར་བྱིད་ཀྱི་ཕྱེ་མ་རྒུན་ཆུའི་ནང་དུ་བསྐྱོས་པ་བླུད་དོ། །ཇི་ལྟར་མཁྲིས་པའི་འཁྲུ་བ་གསོ་བ་བཞིན་དུ། རླུང་དང་མཁྲིས་པ་གསོ་བའི་ཆོ་ག་བྱས་ན་ཡང་གནོད་པ་སེལ་བར་བྱེད་དོ། །དེ་ལྟར་སྐྱེས་བུ་དེའི་ཁོང་དག་པ་ལྟ་ན། ཐུག་པ་གྲང་མོ་ཁར་དང་བཅས་པ་བླུད་དོ། །དེ་ལྟར་འཁྲུ་བའི་འོག་ཏུ་བཤད་བ་ཟད་པར་འགྱུར་བ་དང༌། བཟའ་བར་ནི་མོན་སྲན་གྲེའུའི་ཁུ་བཅུད་དང༌། མོན་སྲན་རྡེའུ་ལ་སོགས་པའི་ཆན་དང་ལྷན་ཅིག་སྦྱིན་ནོ། །བཏུང་བར་ནི་ཞོ་དང་ཆང་བླུད་དོ། །དེ་རྩུབ་པོར་གྱུར་བའི་སྦྱོར་བས་ནད་ཕྱིན་ཏེ་སོས་
པར་བྱ་བ་བསྟན་ཏོ། །ད་ནི་སྣུམ་ཆོས་ཀྱི་འཇམ་རྩི་མས་བཏང་བས་ནད་ཕྱིན་ཏེ་སོས་པར་བྱ་བ་བཤད་པར་བྱ་སྟེ། དེ་ཡང་རླུང་ལས་གྱུར་པའི་ནད་ལ་འཇམ་རྩི་གྲང་བ་འམ། ཉུང་བ་བཏང་བ་དང༌། མཁྲིས་པ་ལས་གྱུར་པ་ལ་ནི་ཤིན་ཏུ་རྣོ་ཆེས་པ་བཏང་བ་དང༌། བད་ཀན་ལས་གྱུར་པ་ལ་འཇམ་པ་དང༌། དེ་བཞིན་དུ་གྲང་ཆེས་པ་ལ་འཇམ་རྩི་འཇུ་དཀའ་བ་དང༌། དྲི་མ་མང་དུ་སྩོགས་པ་ལ་སྨན་ནུས་སྟོབས་ཆུང་བ་བཏང་ན། སྣུམ་རླུང་ལ་སོགས་པའི་ནད་གཞི་དང་འདྲེས་ནས་ནང་དུ་འཁྱིལ་ཏེ་སླར་འབྱུང་བར་མི་འགྱུར་ཏེ། དེ་ལྟར་རླུང་དང་འདྲེས་ཏེ་ཕྱིར་མི་འབྱུང་བ་དེས་ནི། རེངས་པ་དང། མཁྲིས་པ་ལས་གྱུར་པ་ལ་ནི། བརླ་སྟོབས་ཞེན་པ་དང༌། སྐྱིགས་བུ་དང༌། རིམས་དང༌། གཟིར་བ་དང༌། ཡན་ལག་བརྡུང་བརྡུང་བ་སྙམ་བྱེད་པ་དང༌། རྩི་བ་ལོགས་ན་བ་དང༌། འདར་བུ་རྣམས་འབྱུང་བར་ཤེས་པར་བྱའོ། །དེ་ལྟ་བུ་ལ་ནི་སྣུམ་པ་དང༌། ལན་ཚྭ་དང༌། དྲོ་བ་དང༌། རྣོ་བའི་སྨན་ཀོ་ཉོན་ཙེའི་མར་དང༌། ར་སྣ་དང༌། རང་སྐྱུར་དང༌། ཆང་དང༌། རྒྱ་ཤུག་དང༌། རྒྱ་སྲན་དང༌། ནས་རྣམས་བསྐོལ་བ་འམ་ཡང་ན་ནི་རུ་ཧ་མས་གཏོང་ན་སེལ་བར་བྱེད་དོ། །དེ་ནས་ཟས་ཟོས་ལ་གོང་གི་ནི་རུ་ཧའི་སྨན་གྱི་སྦྱོར་བ་གཉིས་པོ་གང་ཡང་རུང་བ་ཏིལ་མར་དང་སྦྱར་བའི་འཇམ་རྩི་ཉི་མ་ཕྱེད་ཕྱེད་ཙམ་ན་གཏོང་ངོ༌། །འཇམ་རྩི་མས་གཏོང་བ་དེ་ནང་དུ་མཁྲིས་པ་དང་འདྲེས་ནས་ཕྱིར་མི་འབྱུང་བའི་མཚན་མ་ནི་སྐོམ་དད་ཆེ་བ་དང༌། ཚ་བ་ཆེ་བ་དང༌། མདོག་དམར་བ་དང༌། རྨོངས་བག་ཏུ་འདུག་པ་དང༌། མདོག་འགྱུར་བ་དང༌། མུན་པར་མཐོང་བ་དང༌། རིམས་ཀྱིས་འདེབས་པ་རྣམས་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་ནི་ཁ་བ་དང་མངར་བའི་སྨན་རྣམས་སྦྱར་བའི་ནི་རུ་ཧ་མས་གཏོང་བར་བྱའོ། །འཇམ་རྩི་མས་གཏོང་བ་དེ་བད་ཀན་གྱི་ནང་དུ་འཁྱིལ་ཏེ་ཕྱིར་མ་བྱུང་བའི་མཚན་མ་ནི་སྙོམ་པ་དང༌། རིམས་གྲང་མོས་ཐེབས་པ་དང༌། སྒྱིད་ཞན་པ་དང༌། ཆམ་པས་བཏབ་པ་དང༌། ཡི་ག་འཆུས་པ་དང༌། ལུས་ལྕི་བ་དང༌། བརྒྱལ་བ་དང༌། རབ་ཏུ་ན་བ་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་ནི་བསྐ་བ་དང༌། ཁ་བ་དང༌། ཚ་བའི་སྨན་དང༌། བ་གཅིན་ལས་གཞི་བླངས་ལ། པོ་སོན་ཆ་དང༌། སྐྱུར་དང༌། ཏིལ་མར་དང་བཅས་པའི་ནི་རུ་ཧ་མས་བཏང་བས་ཞི་བར་བྱའོ། །
འགྲངས་ཆེས་པ་ལ་འཇམ་རྩི་མས་བཏང་ནས་ཕྱིར་མ་བྱུང་བའི་མཚན་མ་ནི། སྐྱུག་བྲོ་བ་དང༌། བརྒྱལ་བ་དང༌། ཡི་ག་འཆུས་པ་དང༌། སྙོམ་པ་དང༌། གཟེར་བ་དང༌། རྨྱ་བ་དང༌། ཡན་ལག་བརྡུང་བརྡུང་བ་སྙམ་བྱེད་པ་དང༌། གཞན་ཡང་མ་ཞུ་བའི་མཚན་མ་རྣམས་འབྱུང་ཞིང་ལུས་ཚ་བར་བྱེད་དེ། དེ་ལ་ནི་སྨན་རྣོ་བ་བསྐོལ་བའི་ནང་དུ་ལན་ཚྭའི་ཕྱེ་མ་བཏབ་པ་བླུད་དེ་ཞུ་བར་གྱུར་པ་དང༌། བཀྲུ་སྨན་འཇམ་པོ་བཏང་ལ་དར་བ་ལས་གཞི་བླངས་པའི་བཟའ་བ་དང་བཏུང་བ་ཕན་ནོ། །འཇམ་རྩི་མས་གཏོང་བ་དེ་ཕྱིས་དང་གཉིས་འདྲེས་ནས་ནང་དུ་སོགས་ཤིང་ཕྱིར་འབྱུང་དུ་མི་འདོད་པའི་མཚན་མ་ནི་ཕྱིས་དང་གཅིན་དང༌། རླུང་འགགས་པས་ཉམ་ཐག་པ་དང༌། ལུས་ལྕི་བ་དང༌། ལྟོ་སྦོ་བ་དང༌། རོ་སྟོད་འཛིངས་པ་རྣམས་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་ནི་སྣུམ་པ་དང་དུགས་དང༌། རེང་བུམས་གཏོང་བ་དང༌། དུར་བྱིད་དང༌། བིལ་བ་ལ་སོགས་པ་གོང་དུ་སྨོས་པའི་སྦྱོར་བས་ནི་རུ་ཧ་དང༌། ཨ་ནུ་བ་ས་ན་མས་གཏང་ངོ༌། །ཡང་ན་རྟུག་པ་འགགས་པའི་ཆོ་གར་བཤད་པ་བཞིན་བྱ་སྟེ་ཞི་བར་བྱའོ། །ཁ་ཟས་མ་ཟོས་ཏེ་ལྟོགས་པ་དང༌། གཞང་ཚོ་སྟེ་ལྟོགས་པ་དང༌། ཐུག་པ་འམ་ཡང་ན་ཉུང་དུ་འཐུང་བ་ལ་འཇམ་རྩི་ཤུགས་དྲག་པོས་མས་གཏང་བར་བྱས་ན་རོ་སྟོད་དུ་འབྱུང་ཞིང་དེ་ནས་མགྲིན་པར་འབྱུང་སྟེ། མགོ་བོའི་བུག་སྣ་ཚོགས་སུ་འབྱུང་བར་འགྱུར་རོ། །དེ་ལྟར་བྱུང་བ་ནི་ནས་དང༌། དུར་བྱིད་དང༌། རྒྱ་ཤུག་དང༌། རྒྱ་སྲན་དང༌། འདི་རྣམས་བ་གཅིན་དང༌། ཏིལ་མར་དང༌། ཚུལ་བཞིན་དུ་བསྒྲུབས་པ་ལ་ནི་རུ་ཧ་དང༌། འཇམ་རྩི་མས་གཏང་བར་བྱའོ། །འཇམ་རྩི་མས་གཏོང་བ་དེ་མགུལ་བར་བྱུང་བ་ལ་ནི་མགུལ་བ་བསྡམས་པ་དང༌། བཅིང་བ་དང༌། བཀྲུ་སྨན་གཏང་བ་དང༌། སྐྱུག་པ་འཇོམས་ཤིང་སྨན་གྱིས་བཟློག་པར་བྱའོ། །འཇམ་རྩི་དེ་མ་ཚོས་པར་བཏང་ནི་ན་གཞང་གི་ནང་དུ་ཡོག་པ་ལྟར་འདུག་ཅིང༌། རྒྱུ་སྲང་རྣམས་སུ་ཚུལ་བཞིན་མི་འགྲོ་སྟེ། དེ་ཡང་ཟུག་གཟེར་ཆེ་ལ་རྨོངས་བག་ཏུ་འདུག་ཅིང་གཡའ་བ་དང༌། སྐྲང་བར་བྱེད་དོ། །དེ་ལ་ནི་སྨན་རྣོ་བ་མས་གཏོང་བ་འམ། དེ་བཞིན་དུ་ཨརྐའི་ལོ་མ་བསྐོལ་བའི་ཏིལ་མར་དང་བསྒྲུབས་པས་མས་གཏོང་ངོ༌། །འཇམ་རྩི་ནང་དུ་གཏོང་ཁར་རླུང་ལེགས་པར་མ་བྱུང་སྟེ། སྦུ་བུའི་
ཁ་ནས་སྔོན་དུ་རླུང་སོང་ངམ། ཡང་ན་རྒྱུ་སྲང་རྣམས་འགགས་ཏེ་འགྲོར་མ་འདོད་པ་འམ། ཡང་ན་སྨན་ལྷག་མ་མ་ལུས་པར་བཏང་སྟེ། དེའི་རྗེས་ལ་སྦུབས་སུ་ཞུགས་ནས་རླུང་འཁྲུགས་པར་འགྱུར་ཏེ། ན་ཞིང་ཟུག་པར་གྱུར་པ་དེ་ལ་ནི་བསྐུ་བྱུག་དང༌། གཞང་གི་ཕྱོགས་སུ་དུགས་བྱ་བ་དང༌། རླུང་འཇོམས་པའི་སྨན་རྣམས་སྦྱར་རོ། །འཇམ་རྩི་ནང་དུ་བརྟད་ཐབས་སུ་བཅུག་སྟེ། ཕྱུང་བའི་དུས་སུ་ཡང་རིང་ཐབས་སུ་ཕྱུང་ངམ། སྦུ་བུ་ཡོན་པར་གཏོང་ངམ། གཏོང་ཞིང་ནད་པས་ལུས་འགུལ་བསྐྱོད་བྱས་ན། རྐེད་པ་དང༌། གཞང་དང༌། རྗེ་ངར་དང༌། བརླ་དང་ཆུ་སོ་རྣམས་སུ་རེངས་ཤིང་ནད་ཀྱིས་ཉམ་ཐག་པར་འགྱུར་ཏེ། དེ་ནི་རླུང་འཇོམས་པའི་བཟའ་བ་དང༌། དུགས་དང༌། བསྐུ་བྱུག་དང༌། མས་གཏོང་བ་རྣམས་ཀྱང་རླུང་ལ་ཕན་པའི་སྨན་དང་སྦྱར་བ་བཏང་ན་ཕན་ནོ། །འཇམ་རྩི་གཏོང་བཞིན་དུ་བཅིང་བ་ལྷོད་དམ་གྲོལ་ཏེ་མར་ཕྱིར་བོར་ཏེ། རླུང་ནང་དུ་ཞུགས་ནས་བྲང་དང་མགོ་བོར་ཟུག་གཟེར་སྐྱེ་ཞིང་རླུང་གི་སྟོབས་ཆེ་ན་ནི་གོང་མའི་གནོད་པ་རྣམས་ཀྱང་སྐྱེད་པར་འགྱུར་ཏེ། དེ་བས་ན་དེ་ལ་ནི་བིལ་བ་ལ་སོགས་པ་རྩ་བ་ལྔ་འམ། ཡང་ན་པོ་སོན་ཆ་ལ་སོགས་པ་འམ། ཤམ་དུར་བྱིད་ལ་སོགས་པ་སྦྱར་ཏེ་དེ་གསུམ་གང་ཡང་རུང་བ་བ་གཅིན་དང་སྦྱར་བ་མས་གཏང་ངོ། །འཇམ་རྩི་མས་གཏོང་བ་དེ་བཙིར་དྲགས་ན་ནི་ཁོང་པ་དང༌། མགུལ་བར་འགྲོ་བར་འགྱུར་ཏེ། དེ་ལ་ནི་སྨན་མས་གཏོང་བ་དང༌། བཀྲུ་སྨན་གཏོང་བ་དང༌། མགུལ་བ་བསྡམས་པའི་ལས་རྣམས་བྱའོ། །དེ་ལྟར་སློན་ཁྲུས་ལ་སོགས་པས་ལུས་དག་པར་བྱས་ནས། དེའི་འོག་ཏུ་སྨན་པས་ལུས་ཀྱི་ཉམས་སྟོབས་དང་མེའི་དྲོད་ཆུང་བ་ལ་བཟའ་བ་དང་བཏུང་བ་མི་མཐུན་པ་རྣམས་བསྒྲིམས་ནས་བསྲུང་བར་བྱ་སྟེ། ཇི་ལྟར་སྒོང་གཞོན་ནུ་འམ་འབྲུ་མར་གྱིས་གང་བའི་སྣོད་བཞིན་བསྲུང་བར་བྱའོ། །དེ་ལྟར་སློན་ཁྲུས་ཀྱིས་ལུས་ངག་པའི་ནད་པ་དེ་ལ་ནི་ཐོག་མར་ཁ་ཟས་མངར་བ་དང་ཡི་གར་འོང་བ་སྦྱིན་ནོ། །དེའི་འོག་ཏུ་སྐྱུར་བ་དང་ལན་ཚྭར་བཅས་པ་སྦྱིན་ནོ། །དེའི་འོག་ཏུ་མངར་བ་དང་ཁ་བ་སྦྱིན་ནོ། །དེའི་འོག་ཏུ་བསྐ་བ་དང་ཚ་བ་སྦྱིན་ནོ། །དེ་ལྟར་རོ་རྣམས་གཅིག་ལ་གཅིག་མི་མཐུན་པ་སྦྱིན་ནོ། །ཇི་ལྟར་སྣུན་པ་དང་རྩུབ་པ་བཞིན་ནོ། །རིམ་པ་དེ་ལྟར་བྱས་པའི་སྦྱོར་བས་ལུས་ཉམས་ཐ་
མལ་པར་སྦྱར་བར་བྱའོ། །ལུས་ཀྱི་ཉམས་ཐ་མལ་པ་ཞེས་བྱ་བ་ནི་ལུས་ཐམས་ཅད་ནུས་ཤིང་ཉམས་སྟོབས་བརྟན་པ་ཡིན་ཏེ། རང་བཞིན་གྱི་ལུས་ཞེས་བྱའོ། །ཆོ་ག་གྲུབ་པའི་གནས་ལས་སྨན་མས་གཏོང་བའི་ཆོ་གས་ནད་ཕྱིན་ཏེ་སོས་པར་བྱ་བའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།དེ་ནས་སྨན་གྱི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ཐོག་མར་སྨན་པས་ཡུལ་ཇི་ལྟ་བུ་ལས་བཏུ་བར་བྱ་ཞེ་ན། དྲོ་གྲང་མཉམ་པའི་ཡུལ་དང་ཐང་མཉམ་པ་དང༌། ས་མདོག་སྣུམ་པ་དང༌། གནག་པ་དང་གསེར་གྱི་མདོག་ལྟར་འདུག་པ་དང༌། དེ་དག་ཀྱང་ས་ཕྱོགས་གང་གཙང་ཞིང་སྙི་བ་དང། ཆུ་གཡས་ཕྱོགས་སུ་འབབ་ཅིང་རྩྭ་ཀུ་ཤ་དང༌། བྷུ་ཏི་ཀ་ལ་སོགས་པ་ཡོད་པའི་ས་དང༌། གཤོལ་ལ་སོགས་པས་རྨོས་པའི་ས་ལས་སྐྱེས་པ་བླངས་ལ། ཤིང་ཆེན་པོའི་གྲིབ་མ་ལ་སོགས་པས་གནོད་པ་བྱས་པ་དང༌། དེ་བཞིན་དུ་དུར་ཁྲོད་དང༌། མཆོད་རྟེན་དང༌། ལྷ་ཁང་དང༌། མཆོད་རྟེན་རྙིང་པའི་དྲུང་དུ་སྐྱེས་པ་དང༌། གྲོག་མའི་གནས་སུ་སྐྱེས་པའི་སྨན་རྣམས་སྤང་སྟེ། དེ་བཞིན་དུ་སྲིན་བུ་ལ་སོགས་པས་ཟོས་པ་དང༌། ཉི་མས་ཚིག་པ་དང༌། ནགས་ཚིག་པའི་ནང་དུ་སྐྱེས་པ་དང༌། འབྱུང་པོ་གནས་པའི་ཤིང་དྲུང་དུ་སྐྱེས་པ་དང༌། ཤིང་ཆེན་པོའི་ལོ་མ་དང༌། ཡལ་ག་ལ་སོགས་པ་ལས་འབབ་པའི་ཆུ་ཕོག་པ་དང༌། ཤིང་གི་ལོ་མ་ལས་ཉི་མ་འབབ་པའི་དུག་ཀྱིས་ཕོག་པའི་སྨན་དང༌། འདི་རྣམས་ལྟ་བུ་སྤང་སྟེ། རྩ་བ་ཆེན་པོ་བྱང་ཕྱོགས་སུ་བསྟན་ཏེ་ཟུག་པའི་སྨན་རྣམས་དུས་ཇི་ལྟ་བ་བཞིན་དུ་བརྡས་པ་དང༌། མདོག་དང་དྲི་ལ་སོགས་པ་དང་ལྡན་པ་རྣམས་བླངས་ན་རབ་ཏུ་བསྔགས་སོ། །དེ་ནས་སྨན་པ་བདག་ཉིད་ལུས་ཁྲུས་དང་གཙང་སྤྲ་དང་སྨྱུང་བ་བྱས་ལ་བཀྲ་ཤིས་པའི་ཆོ་ག་འདོན་ཅིང་ཤིན་ཏུ་གུས་པ་དང་བཅས་པས་གནས་དགེ་ཞིང་ཤིས་པ་ལས་སྐྱེས་པའི་སྨན་རྣམས་བཅུད་དང༌། ཡོན་ཏན་དང་དུས་ཀྱི་བྱེ་བྲག་ཤེས་པར་བྱ་སྟེ་ལོ་གཅིག་ཚུན་ཆད་ཀྱི་སྨན་སར་པ་བཏུ་ཞིང་སྤྱད་པར་བཟང་ངོ༌། །བུ་རམ་དང༌། མར་དང༌། སྦྲང་རྩི་དང༌། འབྲུ་ཐམས་ཅད་དང༌། པི་པི་ལིང་དང༌། བྱི་དང་ག་དང༌། མིང་དུ་སྨོས་པ་དེ་དག་ནི་བརླིང་པ་བཟང་ངོ༌། །དེ་ལ་བ་ལང་ལ་སོགས་པའི་འོ་མ་ཐམས་ཅད་སྤྱད་པའི་ཚུལ་ནི་བ་གཞོན་ཞིང་ཉམས་སྟོབས་དང་ལྡན་པ་ཁྲག་ལ་སོགས་པའི་ལུས་
ཟུངས་མ་ཉམས་པ་དང༌། སྤུ་དང༌། རྭ་དང་རྨིག་པ་ལ་སོགས་པས་བརྒྱན་པ། ནད་མེད་ཅིང་བེའུ་བཙས་ནས་ཡུན་རིང་དུ་ལོན་པའི་འོ་མ་དང༌། གཅིན་དང་ལྕི་བ་ལ་སོགས་པ་བླང་ངོ༌། །ལན་ཚྭམ་གཏོགས་པ་སྨན་ཐམས་ཅད་ཁུ་བ་དང་ཕྱེ་མ་དང༌། བསྐོལ་བ་དང༌། སྦངས་པ་གྲང་མོ་དང། ཕན་ཊ་དང༌། དེ་དག་འདི་ལྟར་བཏགས་པར་བྱ་སྟེ། སྦྱོར་བ་ལྔ་པོ་ད་དག་ཀྱང་གོང་མ་བཞིན་དུ་ནུས་པ་ཆེ་བ་ཡིན་ནོ། །དེ་ལ་རང་གི་ཁུ་བ་ཞེས་བྱ་བ་ནི་སྨན་དེ་མ་ཐག་བཏུས་ལ་བརྡུངས་ཏེ་ཚགས་ཀྱིས་བཙགས་པའི་རང་གི་ཁུ་བའོ། །ཕྱེ་མ་ཞེས་བྱ་བ་ནི་སྨན་བཏགས་པའི་ཕྱེ་མ་གཞན་ལ་གདབ་པའི་ཆེད་དུ་བྱས་པའོ། །ཡང་ན་སྨན་སྐམ་པོ་བཏགས་པའི་ཕྱེ་མ་ལ་ཡང་བྱའོ། །བསྐོལ་བ་ཞེས་བྱ་བ་ནི་སྨན་ཐམས་ཅད་པ་འམ། ཆམ་ཆོམ་བརྡུངས་པ་ཆོ་ག་བཞིན་དུ་ཆུ་དང་ལྷན་ཅིག་བསྐོལ་བ་ལ་བྱའོ། །སྦངས་པའི་གྲང་མོ་ཞེས་བྱ་བ་ནི་སྨན་རྣམས་ཆུ་གྲང་གི་ནང་དུ་བཅུག་ལ་བསིལ་བའི་སར་ནུབ་གཅིག་བཞག་སྟེ་ཐོ་རངས་བཏུང་བའོ། །ཕན་ཊ་ཞེས་བྱ་བ་ནི་ཆུ་བསྐོལ་བ་དྲོན་པོའི་ནང་དུ་སྨན་བཅུག་ལ་བརྡུངས་ཏེ་མཉེས་ལ་བསྲོས་ཏེ་བཙགས་ཏེ་བཏུང་བའོ། །རང་གི་ཁུ་བ་ལ་སོགས་པ་དེ་དག་ཀྱང་ནད་ཀྱི་སྟོབས་ཆེ་ཆུང་ལ་བརྟགས་ཏེ་ཆོ་ག་བཞིན་དུ་རན་པར་གཏང་ངོ༌། །དེ་ཡང་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུས་བཤད་པ་ན་རེ་སྨན་གྱི་ཚད་རན་པ་ཞེས་བྱ་བ་ནི་ངེས་པ་མེད་དེ། ནད་ཀྱི་བྱེ་བྲག་དང་ལྟོ་སྲ་སྙི་དང༌། ཉམས་སྟོབས་ཆེ་ཆུང་དང༌། དུས་དང་ཡུལ་གྱི་བྱེ་བྲག་ཤེས་པར་བྱས་ནས་སྨན་ཡང་དེ་བཞིན་དུ་བརྟག་པར་བྱའོ། །འོན་ཀྱང་རང་གི་ཁུ་བ་བཏུང་བའི་འབྲིང་ཚད་ནི་སྲང་བཞིའི་ཚད་ཙམ་ནི་རན་པ་ཡིན་ནོ་ཞེས་བཤད་དོ། །ཕྱེ་མ་བསྐོལ་བའི་ཚད་ནི་སྨན་གཅིག་ཆུ་སྲང་བཅུ་དྲུག་དང་བསྐོལ་ཏེ། བཞི་ཆ་གཅིག་ལུས་པ་བཏུང་བའོ། །སྨན་བསྐོལ་ཏེ་བསྒྲངས་པའི་སྨན་བསྐོལ་བའི་ཁུ་བ་སྲང་དྲུག་གི་ནང་དུ་སྨན་གཅིག་བཅུག་ནས་ནུབ་གཅིག་སྦངས་པ་བླུད་དོ། །ཕན་ཊ་ནི་ཆུ་སྲང་བཞིའི་ནང་དུ་སྨན་སྲང་གཅིག་བཅུག་ལ་ནུབ་གཅིག་སྦངས་པའོ། །མར་བསྐོལ་བའི་ཚད་མ་སྨོས་པ་རྣམས་ནི་སྨན་གྱི་ཕྱེ་མའི་བཞི་འགྱུར་གྱི་འོ་མ་དང༌། དེའི་བཞི་འགྱུར་གྱི་ཆུ་དང་བསྐོལ་ལོ། །ཆུ་ཉི་ཚེ་དང་བསྐོལ་བ་ཡིན་ན་ནི་མར་ཅི་ཙམ་པའི་བཞི་ཆའི་ཕྱེ་མ་དང༌།
དེའི་བཅུ་དྲུག་འགྱུར་གྱི་ཆུ་དང་བསྐོལ་བའོ། །སྨན་བསྐོལ་བའི་ཁུ་བ་དང་སྦྱོར་བ་ཡིན་ན་ནི་མར་གྱི་བརྒྱད་ཆའི་ཕྱེ་མ་དང་ལྷན་ཅིག་བསྐོལ་བའོ་ཞེས་ཟེར་རོ། །བསྐོལ་ཏེ་ཚོས་པའི་ཚད་ནི་སྨན་གྱི་ཚིགས་མ་ལག་པར་མི་འབྱར་ཏེ་དྲིལ་ཏུ་བཏུབ་པ་འམ། ཡང་ན་མེར་བཅུག་སྟེ་སྒྲ་མེད་པ་དང༌། གང་གི་ཚེ་མདོག་དང་དྲི་དང་རོ་རྣམས་མ་འགྱུར་ཏེ་ལྡན་པའི་ཚེ་ན་ནི་ཚོས་པའི་ཚད་ཡིན་ཏེ་དེ་མ་ཐག་ཕྱུང་ངོ༌། །མར་ཚོས་བའི་ཚད་ནི་ལྦུ་བ་ཞི་བའོ། །ཏིལ་མར་ཚོས་པའི་ཚད་ནི་ལྦུ་བ་བྱུང་བའོ། །ལྡེ་གུའི་ཚད་ནི་གང་དུ་བཏུབ་ཅིང་ཆུ་ནང་དུ་བཅུག་ན་ནང་དུ་འབྱིད་བའོ། །ཚོས་པའི་ཚད་ཀྱང་རྣམ་པ་གསུམ་སྟེ། ཚོས་པ་དང་པོ་ཚིགས་མ་དང་དངས་མ་འདྲེས་པའོ། །ཚོས་པ་རན་པའི་ཚད་ནི་དངས་སྙིགས་ཕྱེད་པའོ། །རབ་ཏུ་ཚོས་པ་ནི་སྙིགས་མ་ཅུང་ཟད་ཅིག་མདོག་ནག་པོར་གྱུར་ལ། དེ་ཡང་དྲིལ་དུ་བཏུབ་པའི་ཚད་དོ། །རབ་ཏུ་ཚོས་པ་དེ་ནི་སྣུམ་ཤས་ཆུང་ཞིང་ནུས་པ་ཞན་པ་ཡིན་ནོ། །ཚོས་པ་དང་པོ་ནི་དྲོད་ཉམས་པར་བྱེད་དོ། །ཚོས་པ་རན་པ་ནི་སྣར་བླུགས་པ་ལ་སྦྱར་རོ། །རབ་ཏུ་ཚོས་པ་ནི་ལུས་བསྐུ་བ་ལ་སྦྱར་རོ། །ཚོས་པ་རན་པ་ནི་བཏུང་བ་དང་མས་གཏོང་བ་གཉིས་ལ་སྦྱར་རོ། །མ་ཤ་དྲུག་ལ་ཤ་ན་གཅིག །ཤ་ན་བཞི་ལ་ཞོ་གཉིས། དེ་བཞི་ལ་སྲང་གཅིག །དེའི་བཞི་འགྱུར་ནི་ཀུ་དྷ་བ་ཞེས་བྱ་སྟེ་སྲང་བཞིའོ། །དེའི་བཞི་འགྱུར་ལ་བྲེའུ་ཆུང་གང་ངོ༌། །བྲེའུ་ཆུང་བཞི་ལ་ཨ་དྷ་ཀ་སྟེ་བྲེ་འབྲིང་ངོ༌། །བྲེ་འབྲིང་བཞི་ལ་བྲེ་བོ་ཆེ་གཅིག་གོ །བྲེ་བོ་ཆེ་བཞི་ལ་བ་ཧ་ཞེས་བྱ་བའི་ཚད་དོ། །ཀུ་དྷ་བ་ལ་སོགས་པའི་ཚད་བསྟན་པ་དེ་དག་ནི་ཕྱེ་མ་དང་སྨན་བསྐོལ་བའི་ནང་དུ་གདབ་པ་སྐམ་པོའི་ཚད་བསྟན་པ་ཡིན་གྱི། གལ་ཏེ་སྨན་རློན་པ་འམ། སྨན་ཁུ་ལྟ་བུ་ནི་ཉིས་འགྱུར་དུ་སྐྱེད་དེ་སྦྱར་རོ། །གོང་དུ་སྨན་གྱི་སྲང་ཚད་ངེས་པར་མ་སྨོས་པ་རྣམས་ནི་ཆ་སྙོམས་ཏེ་སྦྱར་རོ། །ཤ་ན་གཉིས་ལ་ཞོ་གཅིག་ཡིན་ཏེ་དེའི་མིང་གི་རྣམ་གྲངས་ནི་བཱ་ཏ་ཀ་དང༌། ཀོ་ལ་དང༌། བ་ཌ་ར་དང༌། ཏྲ་ཀྵུ་མ་སྟེ་དེ་དག་ནི་མིང་གི་རྣམ་གྲངས་སོ། །ཞོ་གཉིས་ལ་ཀར་ཤ་གཅིག་ཡིན་ཏེ། དེའི་མིང་ནི་ཨཀྵ་དང༌། པི་ཙུ་དང༌། པ་ནི་ཏ་ལ་དང༌། སུ་བརྞ་དང༌། ཀ་བ་ལ་གྲ་ཧ་དང༌། ཀར་ཤ་དང༌། བི་དྷ་པ་ད་དང༌། ཏི་ན་ཏུ་ཀ་དང༌། པ་ཎི་དང༌། མ་ཎི་ཀ་དང༌། དེ་དག་ནི་ཀཪྴའི་མིང་གི་རྣམ་གྲངས་སོ། །ཀར་ཤ་
གཉིས་ལ་ཤུ་ཏི་ཞེས་བྱ་བ་ཡིན་ཏེ། དེའི་མིང་ནི་ཨཏྠ་མྱི་ཀ་དང་པི་ཙུ་ཞེས་བྱ་སྟེ་མིང་གི་རྣམ་གྲངས་སོ། །ཀར་ཤ་བཞི་ལ་སྲང་གཅིག་སྟེ་དེའི་མིང་ལ་པ་ལ་དང༌། པྲ་པུན་ཙ་དང༌། བིལ་བ་དང༌། མུཥྚི་དང༌། ཨ་སྲ་དང༌། ཙ་ཏུར་ཏི་ཀ་དང༌། དེ་དག་ནི་སྲང་གཅིག་གི་མིང་གི་རྣམ་གྲངས་སོ། །སྲང་གཉིས་ལ་ཁྱོར་གང༌། ཁྱོར་དོ་ལ་སྙིམ་གང༌། སྙིམ་བ་དོ་ལ་ཕུལ་གང༌། ཨ་ད་ཀ་ཞེས་བྱ་བ་བྲེ་འབྲིང་གི་མིང་གི་རྣམ་གྲངས་ལ། ཨཱ་དྷཀ་མ་དང༌། བྷ་ཛཱ་དང༌། ཀ་ན་སྟེ་དེ་དག་ནི་བྲེ་འབྲིང་གི་མིང་གི་རྣམ་གྲངས་སོ། །དྲོ་ན་སྟེ་བྲེ་བོའི་མིང་གི་ཀུམ་བ་དང༌། གྷ་དྷ་དང༌། མ་ན་སྟེ་དེ་དག་ནི་མིང་གི་རྣམ་གྲངས་སོ། །སྲང་བརྒྱ་ལ་ཏུ་ལ་ཞེས་བྱ་སྟེ། དེའི་ཉིས་འགྱུར་ལ་ཁུར་གཅིག་ཅེས་བརྗོད་དོ། །རི་གངས་ཅན་དང༌། རི་འབིགས་བྱེད་རི་བྲན་སྣ་ཚོགས་ཀྱིས་བསྐོར་བ་ནི་སྨན་སྣ་ཚོགས་པའི་གཞི་ཡིན་ཏེ། དེ་ཡང་རི་གངས་ཅན་ནི་བྱང་ཕྱོགས་ན་གནས་ཏེ་དེ་ལ་ནི་བསིལ་བའི་ནུས་པ་དང་ལྡན་པའི་སྨན་སྣ་ཚོགས་སྐྱེའོ། །རི་འབིགས་བྱེད་ནི་ལྷོ་ཕྱོགས་ན་གནས་ཏེ། དེ་ལ་ནི་དྲོ་བའི་ནུས་པ་དང་ལྡན་པ་སྣ་ཚོགས་སྐྱེའོ། །ཆོ་ག་གྲུབ་པའི་གནས་ལས་སྨན་གྱི་ཆོ་ག་བསྟན་པའི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།སྨན་པའི་བདག་པོ་སེང་གེ་སྦས་པ་ཞེས་བྱ་བའི་བུ་སྨན་པ་ཆེན་པོ་ཕ་ཁོལ་ཞེས་བྱ་བས་ཡན་ལག་བརྒྱད་པའི་སྙིང་པོ་མཛད་པ་ལས། ཡན་ལག་བརྒྱད་པའི་སྙིང་པོའི་གནས་ལྔ་པའོ།། །།སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་ལས་མཆོག་བཞི་བཅུ་པའི་ཆོ་གའི་ལེའུ་བརྗོད་པར་བྱ་སྟེ། དེ་ཡང་ཐོག་མར་བྱིས་པ་གསོ་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །དང་པོར་བྱིས་པ་བཙས་མ་ཐག་ཏུ་མར་དང་རྒྱམ་ཚ་དང་ལྡན་པའི་ཆུས་ལུས་བཀྲུ་བར་བྱའོ། །དེ་ནས་མངལ་ནས་བྱུང་བའི་སྡུག་བསྔལ་གྱིས་ཉོན་མོངས་པ་ལ། བ་ལ་དང་འབྲུ་མར་གྱིས་བཀྲུའོ། །དེའི་འོག་ཏུ་བྱིས་པའི་རྣ་བའི་དྲུང་དུ་རྡོ་གཉིས་བརྡུངས་པའི་སྒྲ་བསྒྲག་གོ །དེ་ནས་བྱིས་པའི་གཡོན་ཕྱོགས་ནས་སྔགས་འདི་བརྗོད་དོ། །ཨཱང་གད་ཨཱང་གད་སམ་བྷ་བ་སི། ཧྲྀ་ད་ཡཱད་ཨ་བྱིད་ཛ་ཡ་སོ། ཨཱད་མ་བེ་སུ་ཏྲ་ན་མཱ་སི། ས་ཛ་བ་ཤ་ར་ད་ན་ཤ་ཏམ། ཤ་ཏཱ་པུ་ཤ་ཏ་བར་ཤོས། དྷིར་གྷམ་ཡུ་ར་བ་ས་ནུ་ཧི། ན་ཀྵ་ཏྲ་ཎི་ཏྲི་ཤོ་རཱ་ཏི། ར་ཧཤྴ་ད་ཏྭཱ་བི་རཀྵ་ཏུ། དེ་ནས་བྱིས་པ་དེ་ནད་མེད་
ཅིང་བདེ་བར་འགྱུར་བ་དང༌། ལྟེ་བའི་རྩ་བ་སོར་གཅིག་ལ་ཐེ་གུས་བཅིངས་ཏེ། དེ་ནས་སོར་བཞི་ལུས་པ་དང་བཅད་ལ། ཐེ་གུ་གོང་དུ་སྐོ་བ་ལ་བསྟོད་དེ་བཞག་ལ་སྐམ་མོ། །དེའི་འོག་ཏུ་ལྟེ་བ་ལ་རུ་རྟ་ཏིལ་མར་དང་ལྡན་པས་བསྐུའོ། །དེའི་འོག་ཏུ་ཤིང་འོ་མ་ཅན་རྣམས་སམ། ཡང་ན་སྨན་དྲི་ཞིམ་པོ་རྣམས་ཆུ་དང་བསྐོལ་བ། དྲོ་འཇམ་ཙམ་གྱི་ནང་དུ་གསེར་དང་དངུལ་བསྲེགས་ཏེ་ནང་དུ་སྨྱུགས་ལ་དེས་ལྟེ་བ་བཀྲུའོ། །དེ་ལ་ལག་པ་གཡས་པའི་མཛུབ་མོས་བྱིས་པའི་མཚོག་མའི་སྟེང་དུ་རས་བལ་སྣུམ་ཅན་གྱིས་ལན་གཉིས་ལན་གསུམ་ཅུང་ཞིག་མནན་ཏེ་བཞག་སྟེ། མགོ་བོར་དས་དཀྲིས་ཏེ་གཞག་གོ །དེ་ནས་བློ་དང་ཚེ་དང་ཉམས་སྟོབས་སྐྱེད་པའི་ཕྱིར། བི་ཤ་ལ་དང༌། བྲཧྨི་དང༌། ཤུ་དག་དང༌། ཤང་ཀ་པུཥྤ་དང༌། དེ་རྣམས་བཏགས་པའི་ཕྱེ་མ་མར་དང་སྦྲང་རྩི་དང་ལྡེ་གུར་བྱས་ཏེ། ཐུན་ཚད་ཧ་རེ་ཎུ་ཀའི་ཚད་ཙམ་བྱའོ། །ཡང་ན་གསེར་དང༌། ཤུ་དག་དང༌། མུ་མེན་དང༌། ཨ་རུ་ར་དང༌། འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་གསེར་དང་སྐྱུ་རུ་རའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་གཏང་ངོ༌། །མངལ་གྱི་མི་གཙང་བའི་དྲི་མ་དག་པར་བྱ་བའི་ཕྱིར་ཤུ་དག་དང་རྒྱམ་ཚ་མར་དང་སྦྱར་བས་སློན་བྱའོ། །བྱིས་པ་བཙས་པའི་ལས་དང་ཆོ་ག་ལྷག་མ་རྣམས་ནི་སྐྱེ་དགུའི་བདག་གིས་བཤད་པ་བཞིན་དུ་བྱས་ན་སྙིང་ལ་གནས་པའི་རྩ་རྣམས་འཕེལ་ཞིང་རྒྱས་པར་འགྱུར་རོ། །དེ་ནས་ཞག་གསུམ་པ་འམ་བཞི་པ་ནས་བུད་མེད་ཀྱི་འོ་མ་འབྱུང་བར་འགྱུར་རོ། །འོ་མ་མི་འབྱུང་བའི་ཞག་དང་པོ་ལ་ནི་མར་དང་སྦྲང་རྩི་དང་སྨན་ཨ་ནན་ཏ་བསྲེས་ཏེ་སྦྱར་བ་ལ་སྔགས་ཀྱིས་བཏབ་སྟེ་བྱིས་པ་ལ་དུས་གསུམ་དུ་སྦྱིན་ནོ། །ཞག་གཉིས་པ་ལ་ནི་སྨན་ལག་ཤྨ་ན་དང་མར་སྦྱར་བ་སྦྱིན་ནོ། །ཞག་གསུམ་པ་ལ་ནི་ཞུན་མར་ཉི་ཚེ་བླུད་དོ། །ནམ་གྱི་མཚན་སྟོད་ལ་ནི་ཞུན་མར་རམ་མའི་ནུ་ཞོ་ལག་མཐིལ་གང་ཙམ་སྦྱིན་ནོ། །འོ་མ་འམ་མར་སར་ནི་དུས་གཉིས་སུ་བླུད་དོ། །ནུ་ཞོ་ནི་མ་ཉིད་ཀྱིས་བླུད་ན་ཉམས་སྟོབས་འཕེལ་བར་འགྱུར་རོ། །འོ་མ་མང་བ་དང་བུ་ལ་མཉེས་གཤིན་ཅིང་བརྩེ་བའི་ནུ་མ་བསྣུན་པའི་མ་མ་གཉིས་བྱ་སྟེ། དེ་ཡང་ཡན་ལག་ལྷག་ཆད་མེད་ཅིང་སྨད་པ་མ་ཡིན་པ་དང༌། ཚངས་པར་སྤྱོད་པ་དང་རིགས་མཉམ་པ་དང༌།
ནད་མེད་ཅིང་རང་བཞིན་དུ་གནས་པ་དང༌། དར་ལ་བབ་པ་དང༌། བདག་ཉིད་ཀྱི་བུ་ཚ་སྔར་སྐྱེས་པ་ཤི་མ་མྱོང་བ་དང༌། ལྟོ་འདུན་ཆུང་བ་རྣམས་ལས་བྱ་སྟེ། མ་མ་དེ་གཉིས་ཀྱང་བཟའ་བ་དང་བཏུང་བ་ཕན་པ་བསྟེན་པར་བྱའོ། །དེ་ལ་ནུ་ཞོ་ཉམས་པའི་རྒྱུ་ནི་བཀྲེས་པ་དང་ཁྲོ་བ་དང་སྨྱུང་བར་འདུག་པ་དང༌། ལུས་ཀྱི་རྩོལ་བ་དྲགས་པ་རྣམས་ཡིན་ནོ། །ནུ་ཞོ་སྐྱེད་པའི་ཕྱིར་བུ་རམ་ཆང་མ་གཏོགས་པའི་ཆང་དང་སྲོག་ཆགས་གཤེར་ས་ན་འདུག་པའི་ཤ་ཁུ་དང་གང་ཡང་འོ་མ་འཕེལ་བར་བྱེད་པའི་སྨན་བསྟེན་པར་བྱའོ། །མྱ་ངན་ལ་སོགས་པ་ནི་འོ་མ་བྲི་བར་བྱེད་པའི་རྒྱུ་ཡིན་ནོ། །ཁ་ཟས་མི་མཐུན་པ་རྣམས་བསྟེན་པ་དང༌། བཀྲེས་པར་འདུག་པ་དང༌། སེམས་གཞན་དུ་གྱུར་པ་དང༌། སྦྲུམ་པའི་དུས་སུ་ལུས་ཟུངས་རྣམས་ཉམས་པར་གྱུར་ཏེ། དེས་ནུ་ཞོ་མ་རུངས་པར་བྱས་ཏེ་བྱིས་པའི་ནད་སྐྱེད་པར་བྱེད་དོ། །བུད་མེད་ནུ་ཞོ་སྐམས་ཤིང་མེད་པར་གྱུར་ན་ནི་རའམ་བའི་འོ་མ་ཡང་ཡོན་ཏན་དེ་དང་འདྲ་བས་བླུད་པར་བྱའོ། །ཡང་ན་བྲི་ཧ་ཏི་ལ་སོགས་པ་རྩ་བ་ཆུང་དུ་ལྔ་གོང་མའི་འོ་མ་དང་བསྒྲུབས་པ་འམ། ཡང་ན་ཐི་ར་རྣམ་གཉིས་ལི་ཁ་ར་དང་ལྡན་པ་བླུད་པར་བྱའོ། །ཁྱད་པར་དུ་ཞག་དྲུག་གི་བར་དུ་བསྲུང་བ་དང་གཏོར་མ་ཡང་བྱ་སྟེ། དེ་བཞིན་དུ་དེའི་ཉེ་དུ་རྣམས་ཀྱིས་ཀྱང་གཉིད་མི་ལོག་པར་དགའ་བ་དང་མཆོག་ཏུ་དགའ་བ་བསྐྱེད་པར་བྱའོ། །དེ་ནས་ཞག་བཅུ་ཚང་བ་དང༌། རང་རང་གི་རིགས་དང་མཐུན་པའི་ཆོ་ག་བྱས་ཏེ། བཙས་པའི་མལ་ལས་བླང་བར་བྱའོ། །དེ་ནས་ལྷ་ལ་མཆོད་པ་ལ་སོགས་པ་བྱས་ནས་བྱིས་པའི་མིང་གདགས་སོ། །ལུས་མདོག་མཛེས་པར་བྱ་བའི་ཕྱིར་ལྡོང་རོས་དང༌། བ་བླ་དང༌། གི་ཝང་དང༌། ཨ་ཀ་རུ་དང༌། ཙནྡན་རྣམས་ཀྱི་བྱུག་པས་ལུས་བསྐུའོ། །མིང་བཏགས་པ་ཡང་རྒྱུ་སྐར་དང༌། རང་ལྷ་དང༌། ཉེ་དུ་རྣམས་གང་ཡང་རུང་བ་ལས་ཆ་དྲས་ཏེ་འམ། ཡང་ན་ཡི་གེ་མཉམ་པ་ལས་མིང་གདགས་སོ། །དེ་ནས་གཟུགས་ཀྱི་བྱེ་བྲག་བཤད་པ་ལ་བརྟེན་ནས་ཚེ་བརྟག་པར་བྱའོ། །བྱིས་པ་གསོ་ཤེས་པའི་སྨན་བས་ཤར་རམ། བྱང་དུ་མགོ་བསྟན་པར་བྱའོ། །གོས་བཀྲུས་པ་གཙང་ལ་གཉེར་མ་མེད་ཅིང་འཇམ་པས་བསྐོན་ཏེ་རྩྭའི་མལ་སྟན་ལ་བཞག་སྟེ། གོས་
དང་སྟན་རྣམས་ལ་གདོན་འཇོམས་པའི་སྨན་གྱི་བདུག་པས་བདུགས་ཏེ། དེ་ཡང་བྱ་རོག་གི་དུག་དང༌། དུར་བྱིད་སྦྱར་བས་བདུགས་ན་རབ་ཏུ་བསྔགས་སོ། །ཤང་ཤང་ཏེའུ་དང༌། བསེ་རྭ་གཅིག་ལ་སོགས་པའི་རྭ་ན་ཡོད་པའི་ནོར་བུས་བྱིས་པ་བསྲུང་བའི་ཆེད་དུ་རྟག་ཏུ་གདགས་སོ། །སྨན་བྲ་ཧྨི་དང། ཨིན་ཏྲི་ཞེས་བྱ་བ་ཤ་ལ་དང༌། ཛི་བ་ཀ་ལ་སོགས་པའི་སྨན་དེ་རྣམས་གང་ལ་དགའ་བའི་སྨན་གྱིས་ལག་པ་གཉིས་དང་མགུལ་བ་དང༌། སྤྱི་བོ་རྣམས་སུ་གདགས་སོ། །ཁྱད་པར་དུ་ཤུ་དག་དུས་སུ་རྟག་ཏུ་དྲུང་དུ་བརྟེན་ན་ཚེ་རིང་བ་དང༌། ཡིད་གཞུངས་པ་དང༌། དྲན་པ་དང༌། བདེ་ལེགས་སུ་བྱེད་ཅིང་གདོན་རྣམས་ལས་སྲུང་བར་བྱེད་དོ། །དེ་ནས་བྱིས་པ་ནད་མེད་ཅིང་ཟླ་བ་དྲུག་གམ་བདུན་ནམ་བརྒྱད་ལོན་པ་དང་དགུན་གྱི་དུས་སུ་ཉིན་ཞག་དགེ་བ་ལ་མ་མའི་སར་བཞག་ནས་དབུགས་དབྱུང་ཞིང་སྤྲོ་བ་སྐྱེད་ཅིང༌། རྣ་བ་གཉིས་དབུག་པར་བྱ་སྟེ། སྨན་པས་ཁྱེའུའི་རྣ་བ་གཡས་པ་ཐོག་མར་ཕུག་ལ། བུ་མོའི་ནི་གཡོན་པ་དང་པོར་དབུག་གོ །དེ་ཡང་སྨན་པའི་ལག་པ་གཡས་པས་ཁབ་བླངས་ཏེ། ལག་པ་གཡོན་པས་རྣ་ཤལ་བཟུང་ལ་དེའི་དབུས་སུ་མཁུར་ཚོས་དང་ཅུང་ཞིག་ཉེ་བར་ཉི་མའི་ངོས་སུ་བསྟན་ན། ཤམ་བཞིན་དུ་ཤིན་དུ་སྲབ་པར་སྣང་བ་དེ་ན་ལྷའི་བུག་པ་ཞེས་བྱ་བ་ཡོད་དེ། དེར་ལེ་བརྒན་རྩིའི་ཐིག་ལེའི་མཚན་མ་བཏབ་སྟེ། ལག་པ་གཅིག་གིས་དལ་གྱིས་ལན་ཅིག་དབུག་སྟེ་གོང་འོག་དང་ངོས་གཉིས་སུ་མི་ཡོ་བར་བྱའོ། །གལ་ཏེ་ཡོ་བ་ལྟ་ན་ནི་དེ་དག་ཏུ་ཀ་ལི་ཀ་ཞེས་བྱ་བ་དང༌། མར་དྷ་ནི་ཞེས་བྱ་བ་དང༌། རག་ཀ་ཏ་ཞེས་བྱ་བའི་རྩ་རྣམས་ཡོད་དོ། །དེ་དག་ཏུ་ཕོག་ན་མདོག་དམར་བ་དང༌། ན་བ་དང༌། ཚ་བ་དང༌། སྐྲང་བ་དང༌། ཚ་བ་འུར་འུར་པོར་འདུག་པ་དང༌། དྲག་ཏུ་ན་བ་དང༌། གཉའ་བ་རེངས་པ་དང༌། པ་ཏ་ན་ཀ་ཞེས་བྱ་བའི་རླུང་ནད་དུ་འགྱུར་རོ། །གལ་ཏེ་ནད་དེ་དག་ཏུ་གྱུར་ན་ནི་དེ་དག་གི་བྱེ་བྲག་ཤེས་པར་བྱས་ནས་མྱུར་དུ་གསོ་བར་བྱའོ། །གནས་མ་ནོར་བར་ཕུག་ན་ནི་ཁྲག་མི་འབྱུང་ལ་ནད་མེད་ཅིང་དམར་བ་ལ་སོགས་པའི་སྐྱོན་ཡང་མེད་ངོ༌། །དབུག་པའི་ཁབ་དེ་ཡང་སྐུད་པས་བཏགས་ལ་མར་གྱིས་བསྐུས་ཏེ་ཕུག་ལ་སྐུད་པ་དྲང་བར་བྱ་སྟེ། དེ་ནས་ཡང་ཏིལ་མར་ཚོས་པའི་རྒྱུན་གྱིས་བུ་གར་བླུགས་
སོ། །དེ་ལྟར་རྣ་ཤལ་ཕུག་ཟིན་པའི་འོག་ཏུ་ཕན་པའི་ཟས་སྦྱིན་ནོ། །དེ་ནས་རས་བལ་གྱི་འདའ་བས་རྣ་བ་གཡོན་གྱི་བུ་གར་གླན་ལ་ཞག་གསུམ་གྱི་བར་དུ་གཞག་གོ །རྨ་འཚོ་བ་དང་རིམ་གྱིས་དལ་བུས་བུག་བསྐྱེད་པར་བྱའོ། །དེ་ནས་བྱིས་པ་དེའི་སོ་སྐྱེད་པ་དང༌། རིམ་གྱིས་ནུ་ཞོ་དེ་ལས་བཟློག་པར་བྱའོ། །འོ་མ་ནི་གོང་དུ་སྨོས་པ་བཞིན་སྦྱར་རོ། །ཁ་ཟས་ཀྱང་ཡང་ཞིང་ཉམས་བརྟ་བ་རྣམས་སྦྱིན་ནོ། །བྱིས་པ་ནུ་ཞོ་མི་འཐུང་བ་ལ་ནི་ཤིང་པི་ཡ་ལའི་རྐང་དང༌། མ་དུ་ཀའི་མེ་ཏོག་དང༌། སྦྲང་རྩི་དང༌། འབྲས་ཡོས་དང༌། ཁར་དཀར་བོ་དང༌། འདི་རྣམས་ལ་ནན་ཏུར་བྱས་ཏེ་བྱིས་པ་ལ་བྱིན་ན་ཚིམ་ཞིང་ཉམས་སྟོབས་སྐྱེད་དོ། །བིལ་བ་གཞོན་ནུ་དང༌། ཤ་ཁ་ར་དང༌། སུ་ག་སྨེལ་དང༌། འབྲས་ཡོས་ཀྱི་ཕྱེ་མ་དང༌། དེ་རྣམས་ཀྱི་སྐྱོ་མ་བླུད་ན་མེ་དྲོད་སྐྱེད་དོ། །ད་ཏའི་མེ་ཏོག་དང༌། ཤ་ཁ་ར་དང༌། འབྲས་ཡོས་ཀྱི་ཕྱེ་མ་དང༌། སྐྱོ་མ་བླུད་ན་གླད་ཚ་སྐ་སླ་རན་པར་འབྱུང་ངོ༌། །གལ་ཏེ་བྱིས་བ་དེ་ནད་བྱུང་ན་གནོད་པར་མི་འགྱུར་བའི་སྨན་འཇམ་པོ་སྦྱིན་ནོ། །ནད་གཞན་གྱི་བླ་བརྣན་གྱིས་འདྲེས་པ་ལས་ཡང་བཀྲུ་སྨན་གྱིས་ཞི་བར་བྱའོ། །ཇི་ལྟར་བྱིས་པའི་བློ་གཞན་དུ་གྱུར་པ་ན་ཡང༌། སྡངས་པར་འགྱུར་བའི་བག་མི་བྱ་སྟེ། གལ་ཏེ་སྡངས་པར་གྱུར་ན་ནི་གདོན་གྱིས་ཟིན་པའི་རྒྱུར་འགྱུར་རོ། །བྱིས་པ་དེ་གོས་ཀྱི་རླུང་ཡབ་ཀྱིས་གཡབ་པ་དང༌། གཞན་གྱིས་བགོམ་ཞིང་རེག་པ་ལས་ཀྱང་བསྲུང་བར་བྱའོ། །བྲ་ཧྨི་དང༌། ཡུངས་ཀར་དང༌། ཤུ་དག་དང༌། ཐལ་ཏྲེས་དང༌། རུ་རྟ་དང༌། རྒྱམ་ཚ་དང༌། པི་པི་ལིང་དང༌། འདི་རྣམས་དང་ཚུལ་བཞིན་བསྐོལ་བའི་སྨན་མར་བླུད་ན། སྐད་གསལ་བ་དང༌། ཡིད་གཞུངས་པ་དང༌། དྲན་པ་མྱུར་བར་བྱེད་དོ། །དེ་བཞིན་དུ་ཚེ་རིང་བ་དང༌། སྡིག་པ་ཞི་བར་བྱེད་པ་དང༌། གདོན་འཇོམས་པ་དང༌། འབྱུང་པོ་དང༌། སྨྱོ་བྱེད་རྣམས་ལས་ཟློག་བར་བྱེད་དོ། །ཤུ་དག་དང༌། སོ་མ་ར་ཛ་དང། མན་དུ་ཀ་པ་རིན་དང༌། ཤང་ཀ་པུཥྤ་དང༌། ཉེའུ་ཤིང་དང༌། བྲ་ཧྨི་སོ་མ་ཞེས་བྱ་བ་ནི་ནཱ་དང༌། སླེ་ཏྲེས་དང༌། བྲ་ཧྨི་དང༌། འདི་རྣམས་སྲང་རེ་རེ་ཆམ་ཆོམ་བརྡུངས་ཏེ། མར་སྲང་སུམ་ཅུ་རྩ་གཉིས་དང༌། འོ་མ་མར་གྱི་བཞི་འགྱུར་དང༌། ཚུལ་བཞིན་བསྐོལ་ཏེ་མར་ལུས་བ་ནི་ཡན་
ལག་བརྒྱད་པའི་མར་ཞེས་བྱ་སྟེ། དེ་ལས་རན་པར་བླུད་ན་སྐལ་བ་ལྡན་པ་དང༌། ཚེ་རིང་བ་དང༌། ཚིག་གསལ་བ་དང༌། ཡིད་གཞུངས་པ་དང༌། དྲན་བ་གསལ་བར་བྱེད་པའི་མཆོག་ཡིན་ནོ། །རའི་འོ་མ་དང༌། ཨ་རུ་ར་དང༌། ཚ་བ་གསུམ་དང༌། བ་ཏ་དང༌། ཤུ་དག་དང༌། ཤི་ཀྲུ་དང༌། རྒྱམ་ཚ་དང༌། དེ་རྣམས་མར་དང་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ནི་དབྱངས་ཅན་ཞེས་བྱ་བའི་མར་ཡིན་ཏེ། དེ་ལས་རན་པར་འཐུངས་ན་སྐད་གསལ་བ་དང༌། ཡིད་གཞུངས་པ་དང༌། དྲན་པ་མྱུར་བ་དང༌། མེ་དྲོད་སྐྱེད་པར་བྱེད་དོ། །ཤུ་དག་དང༌། སླེ་ཏྲེས་དང༌། ཉེའུ་ཤིང་དང༌། ཨ་རུ་ར་དང། ཤིང་གི་ནི་དང༌། བྱི་དང་ག་དང༌། བཅའ་སྒ་དང༌། ཨ་པ་མརྒ་དང༌། འདི་རྣམས་མར་དང་ལྷན་ཅིག་བསྐོལ་ཏེ་འཐུངས་ན་ཡང་ཕན་ཡོན་གོང་མ་དང་འདྲའོ། །གསེར་དང༌། གི་རི་ཀརྞི་ཀ་དང༌། ཤུ་དག་དང༌། རུ་རྟ་རྣམས་ལྷན་ཅིག་སྦྱར་བ་འམ། ཀྵ་རི་ཀི་དང༌། གསེར་ལྷན་ཅིག་སྦྱར་བ་འམ། གསེར་དང་མད་ཚ་ཨཀྵ་ཞེས་བྱ་བ་གན་ད་དུར་བ་དང༌། ཤང་ཀ་པུཥྤ་དང༌། དེ་རྣམས་ལྷན་ཅིག་སྦྱར་བའམ། ཡང་ན་གི་རི་ཀརྞི་ཀ་དཀར་པོ་དང༌། གསེར་དང༌། ཤུ་དག་དང༌། དེ་རྣམས་ལྷན་ཅིག་སྦྱར་བ་འམ། སྦྱོར་བ་བཞི་པོ་དེ་དག་གང་ཡང་རུང་བ་སྦྲང་རྩི་དང༌། མར་དང་སྦྱར་བའི་ལྡེ་གུས་བྱིས་པ་དེ་ལོ་གཅིག་གི་བར་དུ་བལྡག་ཏུ་བཅུག་ན་ལུས་ཀྱི་ཉམས་སྟོབས་དང༌། མདོག་དང༌། བློ་གསལ་བར་བྱེད་པའི་མཆོག་ཡིན་ནོ། །ཤུ་དག་དང༌། ཤིང་མངར་དང༌། རྒྱམ་ཚ་དང༌། ཨ་རུ་ར་དང༌། དོང་གྲ་དང༌། ཏི་མུ་ས་དང༌། རུ་རྟ་དང༌། པི་པི་ལིང་དང། ཟི་ཟ་དང༌། དེ་རྣམས་ཀྱི་ལྡེ་གུ་བྱིན་ན་ཡང་ཚིག་གསལ་བར་བྱེད་བའི་མཆོག་ཡིན་ནོ། །བྱིས་པ་གསོ་བའི་ཆོ་གའི་ལེའུ་དང་པོ་རྫོགས་སོ།། །།དེ་ནས་བྱིས་པའི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་བྱིས་པ་གསོ་བ་ནི་རྣམ་པ་གསུམ་དུ་བཤད་དེ། འོ་མ་དང༌། ཟས་དང༌། དེ་གཉིས་ཀའོ། །དེ་གཉིས་ལ་སྐྱོན་མེད་ན་ནི་ཐ་མལ་པར་གནས་ཤིང་ནད་མེད་པ་ཡིན་ལ་དེ་གཉིས་སྐྱོན་དང་བཅས་ན་ནི་ནད་འབྱུང་བ་ཡིན་ནོ། །འོ་ན་སྐྱོན་མེད་པ་ནི་ཆུའི་ནང་དུ་བཅུག་ན་ཆུ་དང་ལྷན་ཅིག་ཏུ་འགྱུར་བ་ནི་སྐྱོན་མེད་ཅིང་དག་པ་ཡིན་ནོ། །
དེ་ལ་མའི་ནུ་ཞོ་རླུང་གིས་མ་རུངས་ན་ནི་འོ་མ་ཆུའི་ནང་དུ་བླུགས་ན་སྟེང་དུ་འབྱུང་ཞིང་རོ་བསྐ་བ་དང༌། ལྦུ་བ་དང་བཅས་པ་དང༌། རྩུབ་པ་དང་བྱིས་པའི་བཤང་གཅི་སྲ་ཞིང་འགག་པར་བྱེད་དོ། །མཁྲིས་པས་མ་རུངས་པའི་རྟགས་ནི་འོ་མ་བསྲེགས་ན་དྲོ་ཞིང་རོ་སྐྱུར་བ་འམ། ཚ་བ་དང་ཆུར་བླུགས་ན་སེར་པོ་ཤར་ཤར་པོ་སྣང་བ་དང་བྱིས་པས་འཐུངས་ན་ལུས་ཚ་བསྐྱེད་དོ། །བད་ཀན་གྱིས་མ་རུངས་པའི་རྟགས་ནི། འོ་མའི་རོ་ལན་ཚྭ་བྲོ་ཞིང་བསྐ་བ་དང༌། ཆུར་བླུགས་ན་འོག་ན་འབྱིང་བ་དང༌། སྦྱིན་བག་ནལ་ནལ་པོར་འདུག་པ་ཡིན་ནོ། །ནད་གཉིས་འདྲེས་པ་ནི་ལྡན་པ་ཞེས་བྱའོ། །གསུམ་འདྲེས་པ་ནི་འདུས་པ་ཞེས་བྱའོ། །འོ་མའི་རང་གི་ཉེས་པ་ཇི་ལྟ་བ་བཞིན་བའི་འོ་མ་བླུད་ན་བྱིས་པ་ལ་ཡང་ནད་དེ་དག་སྐྱེད་པར་བྱེད་དོ། །དེ་ལ་བྱིས་པ་ཆུང་དུན་བའི་མཚན་མ་ནི་ཡང་དང་ཡང་དུ་དྲག་ཏུ་དུ་བ་དང༌། ཡང་ན་བྱིས་པ་རང་ཉིད་ཀྱི་ལག་པས་ལུས་ལ་ལྷག་པར་ཉུག་པ་འམ། ཡང་ན་གང་དུ་རེག་པར་མི་བཟོད་པ་དེར་ན་བ་ཡིན་ནོ། །གལ་ཏེ་མགོ་བོན་ན་ནི་མིག་འཛུམས་པར་བྱེད་པ་ཡིན་ནོ། །སྙིང་མི་བདེ་ན་ནི་ལྕེ་དང་མཆུ་སོས་གནོན་ཞིང་དབུགས་མི་བདེ་ལ་ཁུ་ཚུར་འཆང་བར་བྱེད་པ་ཡིན་ནོ། །ཁོང་པ་མི་བདེན་བཤད་གཅི་འགག །སྟོད་དུ་སྐྱུག །ནུ་ཞོ་མི་འདོད། རྒྱུ་མ་ཁྲུ་ལུ་ལུ་ཟེར། ལྟོ་སྦོ། རོ་སྟོད་སྒུ། གསུས་པ་མཐོ་བར་འདུག་པ་རྣམས་ཡིན་ནོ། །ཆུ་སོ་དང་ཕོ་མཚན་དུ་མི་བདེ་ན་ནི་བཤང་གཅི་འགག །སྡངས་ཤིང་ཕྱོགས་ཀུན་ཏུ་ལྟ་བ་ཡིན་ནོ། །དེ་ལྟར་མི་བདེན་ནུ་ཞོ་བསྣུན་པའི་མ་མ་ལ་ནད་གཞི་ཇི་ལྟ་བ་བཞིན་དུ་གོས་བ་བྱ་སྟེ། རླུང་གི་བདག་ཉིད་ཀྱིས་ནུ་ཞོ་མ་རུངས་པར་གྱུར་པ་ལན་རྩི་བ་བཅུ་པ་བསྐོལ་བའི་ཁུ་བ་ཞག་གསུམ་བླུད་དོ། །ཡང་ཙི་ཏྲ་ཀ་དང༌། ཤུ་དག་དང༌། བ་ཐ་དང༌། པུ་ཙེ་ཤེལ་དང༌། རུ་རྟ་དང༌། ལ་ལ་ཕུད་དང༌། ཐང་ཤིང་དང༌། ཀོ་ཉོན་ཙེ་དང༌། བྲིཤྩི་ཀ་ལ་དང༌། པི་པི་ལིང་དང༌། བཅའ་སྒ་དང༌། དེ་རྣམས་བསྐོལ་བའི་ཁུ་བ་བླུད་དོ། །དོན་ས་རླུང་འཇོམས་པའི་སྨན་མར་བླུད་དེ། །བཏུང་བར་ནི་ཆང་གི་དངས་མ་བླུད་དོ། །དེའི་འོག་ཏུ་སྣུམ་དང་ལྡན་པའི་བཀྲུ་སྨན་གཏང་ངོ༌། །དེ་ནས་སྨན་མས་གཏོང་བའི་ལས་བྱ་སྟེ། དུགས་ལ་སོགས་པ་རླུང་འཇོམས་པའི་སྨན་ཡང་གཏང་ངོ༌། །ར་སྣ་དང༌། ཏི་མུ་ས་དང༌། ཀོ་ཉོན་ཙེ་དང༌།
ཐང་ཤིང་དང་དེ་རྣམས་ཕྱེ་མར་བྱས་ཏེ་མར་དང་སྦྱར་བའི་ལྡེ་གུ་བྱས་ཏེ་སྦྱིན་པའམ། ཡང་ན་སྨན་དེ་རྣམས་ཚུལ་བཞིན་བསྐོལ་ཏེ་ཁར་དཀར་པོ་དང་སྦྱར་བ་བླུད་དོ། །མཁྲིས་པས་ནུ་ཞོ་མ་རུངས་པར་གྱུར་པ་ལ་ནི། སླེ་ཏྲེས་དང༌། ཉེའུ་ཤིང་དང༌། པ་ཏོ་ལ་དང༌། ནིམ་པ་དང༌། ཙནྡན་དང༌། ཐལ་ཏྲེས་དང། དེ་རྣམས་བསྐོལ་བའི་ཁུ་བམ་མ་དང་བྱིས་པ་གཉི་གལ་བླུད་དོ། །ཡང་ན་འབྲས་བུ་གསུམ་དང༌། འབྲས་གང་དང༌། ཏིག་ཏ་དང༌། པུ་ཙེ་ཤེལ་དང༌། ཐལ་ཏྲེས་ལ་སོགས་པའི་སྡེ་ཚན་དང༌། པ་ཏོ་ལ་ལ་སོགས་པའི་སྡེ་ཚན་དང༌། ཤུག་པའི་སྡེ་ཚན་དང༌། སྡེ་ཚན་གྱི་སྦྱོར་བ་དེ་དག་གང་ཡང་རུང་བ་མར་དང་ལྷན་ཅིག་བསྐོལ་བའི་སྨན་མར་བླུད་ནས་དེའི་འོག་ཏུ་མཁྲིས་པ་ལ་ཕན་པའི་བཀྲུ་སྨན་གཏང་ངོ༌། །སྨན་བསིལ་བས་བསྐུ་བ་དང་བྱུག་པ་ལ་སོགས་པ་ཡང་སྦྱར་རོ། །བད་ཀན་གྱིས་ནུ་ཞོམ་རུངས་པར་གྱུར་པ་ཡང་ཤིང་མངར་དང་ལྕེ་མྱང་ཚ་དང་ལྡན་པའི་མར་གྱིས་བྱིས་པ་ལ་བླུད་དོ། །དེའི་འོག་ཏུ་རྒྱམ་ཚ་དང་ཤིང་མངར་དང༌། པི་པི་ལིང་རྣམས་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་སློན་བྱའོ། །ཡང་ན་བོ་སོན་ཆའི་མེ་ཏོག་གི་ལྡེ་གུས་མའི་ནུ་མ་དང༌། བྱིས་པའི་སོ་དང༌། མཆུ་ལ་བསྐུས་ན་བྱིས་པ་བདེ་བར་སྐྱུག་པར་འགྱུར་རོ། །མ་ལ་ནི་སྐྱུག་སྨན་དྲག་པོས་སློན་དུ་གཞུག་གོ །ལྡན་པའི་ནད་ལ་ནི་གླ་སྒང་ལ་སོགས་པ་བསྐོལ་བ་བླུད་དོ། །དེ་བཞིན་དུ་རྒྱ་སྤོས་དང༌། སྲི་ཐཱི་ཀ་དང༌། སྒྲོན་ཤིང་དང༌། དུག་མོ་ཡུངས་དང༌། དེ་རྣམས་བསྐོལ་བ་ཡང་བླུད་དོ། །ཡང་ན་བོང་ང་དཀར་པོ་དང༌། གླ་སྒང་དང༌། ཤུ་དག་དང༌། ཚ་བ་ལྔ་དང་དེ་རྣམས་བསྐོལ་བ་བླུད་དོ། །ནུ་མའི་ཞོ་ལ་ནད་གཞི་གསུམ་གྱི་མཚན་མ་ནི་མ་ཞུ་བ་བེའུ་སྣབས་འབྱུང་ཞིང་དྲི་ང་ལ་ཆུ་དང་འདྲ་བར་སླན་ཏེར་འབྱུང་བ་དང༌། ཕྱི་ས་སྲི་བ་དང༌། མར་ཡང་དང་ཡང་རྒྱུན་མི་འཆད་པར་འབྱུང་བ་དང༌། ལྦུ་བ་དང་བཅས་ཤིང་ནད་མདོག་སྣ་ཆོགས་སུ་འབྱུང་སྟེ། གཅིན་མདོག་ཀྱང་སེར་པ་དང༌། བསྐ་བར་འབྱུང་བ་དང༌། རིམས་ཀྱིས་འདེབས་པ་དང༌། ཁ་ཟས་ཡི་གར་མི་འོང་བ་དང༌། སྐོམ་དད་ཆེ་བ་དང༌། སྐྱུག་བྲོ་བ་དང༌། སྒྲེགས་པ་སྐྱུར་པོར་འབྱུང་བ་དང༌། བྱ་རྨྱང་བྱེད་པ་དང༌། ཡན་ལག་ཆག་བ་སྙམ་བྱེད་པ་དང༌། ཡན་ལག་བསྐྱོད་ཅིང་འདེགས་པ་
དང། འཁུན་པ་དང༌། ལུས་འདར་བ་དང༌། མགོ་འཁོར་བ་དང༌། སྣ་དང༌། མིག་དང༌། གདོང་ཚོས་པ་ལ་སོགས་པའི་ནད་སྐྱེ་བར་འགྱུར་ཏེ། གཞན་ཡང་དེ་དང་འདྲ་བའི་ནད་མང་དུ་འབྱུང་སྟེ། དེའི་མིང་ནི་ནད་ཤིན་དུ་མི་བཟད་པ་ཀྵི་ར་ས་ཀ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་ནད་པ་ལ་ནི་མ་བུ་གཉིས་ཀ་ལ་སྐྱུག་སྨན་བྱ་སྟེ། ཐུག་པ་རྐྱང་རྐྱང་པོ་ལ་སོགས་པའི་རིམ་པ་ཡང་སྦྱར་ཏེ། ཤུ་དག་ལ་སོགས་པའི་སྡེ་ཚན་ཡང་སྦྱར་རོ། །ཡང་ན་སེར་པོ་རྣམ་གཉིས་ལ་སོགས་པ་འམ་ཡང་ན་བོང་ང་དཀར་པོ་དང༌། པ་ཐ་དང༌། པི་པི་ལིང་དང༌། པུ་ཚེ་ཤེལ་དང༌། གླ་སྒང་དང་དེ་རྣམས་བསྐོལ་བའམ། ཡང་ན་པ་ཐ་དང༌། བཅའ་སྒ་དང༌། སླེ་ཏྲེས་དང༌། པུ་ཙེ་ཤེལ་དང༌། ཏེ་ཛོ་པ་ཏི་དང༌། ཐང་ཤིང་དང༌། ཐལ་ཏྲེས་དང༌། གླ་སྒང་དང༌། མུར་བ་དང༌། དུག་མོ་ཡུངས་དང༌། དེ་རྣམས་བསྐོལ་བའི་ཁུ་བ་བླུད་ན་ཡང་ནུ་ཞོའི་སྐྱོན་སེལ་བའི་མཆོག་ཡིན་ནོ། །དུས་ལ་མཁས་པའི་སྨན་པས་ནད་གཞི་ཇི་ལྟ་བུའི་རྗེས་སུ་འབྲེལ་པའི་ནད་ཀྱི་གསོ་བ་ལ་ཡང་ཅི་རིགས་པར་བྱའོ། །བྱིས་པ་དེ་ཐོག་མ་སོ་སྐྱེས་པའི་དུས་སུ་ནད་ཐམས་ཅད་སློང་བར་བྱེད་དོ། །ཁྱད་པར་དུ་རིམས་དང༌། ཁོང་འཁྲུ་བ་དང༌། ལུད་པ་ལུ་བ་དང༌། སྐྱུག་པ་དང༌། མགོན་བ་དང༌། མིག་རྣག་འཛག་པ་དང། མིག་མཆུའི་ཤ་སྐྱེས་པ་དང༌། མེ་དཔལ་ལ་སོགས་པ་སྐྱེ་བར་འགྱུར་ཏེ། ཇི་ལྟར་བྱི་ལ་སྒལ་ཚིགས་བྱེ་བའི་དུས་དང༌། རྨ་བྱ་ཅོད་པན་སྐྱེས་པའི་དུས་དང༌། བྱིས་པ་སོ་སྐྱེས་པའི་དུས་དེ་ནི་ནད་མ་རུངས་པ་ཐམས་ཅད་སློང་བར་བྱེད་དོ། །སྐྱོན་གྱི་རང་བཞིན་ལས་ནད་ཇི་ལྟར་འབྱུང་བ་དང༌། ནད་ཇི་ལྟར་ཤས་ཆེ་ཞིང་སྟོབས་ཆེ་བ་དང༌། དུས་དང་ཡུལ་ལ་སོགས་པ་རྣམས་བརྟགས་ནས་སྨན་པས་སྨན་སྦྱར་བར་བྱའོ། །ནད་གཞི་འཁྲུགས་ཏེ་རིམས་ལ་སོགས་པ་རྣམས་སུ་གྱུར་པ་ནི། སྨན་ཡང་དེ་དག་ཉིད་ཀྱིས་གསོ་བར་བྱ་སྟེ། སྨན་གྱི་ཐུན་ཚད་ཆུང་ཚད་དུ་གཏང་ངོ༌། །ལུས་ཆུང་བ་དང༌། སྡུག་མ་མྱོང་བ་དང། ཟས་ཐམས་ཅད་ལ་བརྟེན་ཏེ་རྟག་ཏུ་འོ་མ་དང་མར་ལས་གོམས་པར་བྱས་པའི་བྱིས་པའི་ལུས་ནི་སྣུམ་པ་ཡིན་ཏེ། དེ་བས་ན་འཕྲལ་སྨན་འཇམ་པོའི་སློན་སྨན་བཏང་སྟེ། དེ་ཡང་ནུ་ཞོ་ངོམས་བར་འཐུང་དུ་བཅུག་ན་སྐྱུག་པར་འགྱུར་རོ། །འོ་མ་དང་ཁ་ཟས་གཉིས་ཀྱིས་འཚོ་བའི་བྱིས་
པ་ལ་ནི་སྐྱུག་སྨན་ཐུག་པ་སླ་བ་དང་བསྲེས་པ་བླུད་པ་སྐྱུག་ཏུ་གཞུག་གོ །ཟས་ཉི་ཚེས་འཚོ་བའི་བྱིས་པ་ལ་ནི་སྐྱུག་སྨན་མར་དང་སྦྱར་བ་གཏང་ངོ༌། །གལ་ཏེ་མས་གཏོང་བའི་སྨན་ཟོས་པ་ཡིན་ན་ནི་མས་གཏོང་བའི་བཀྲུ་སྨན་བྱའོ། །སྣ་སྨན་རྔུབ་པའི་སྨན་དང༌། སྣའི་བཀྲུ་སྨན་ཡང་བྱའོ། །བཀྲུ་སྨན་ལ་སོགས་པ་གོང་དུ་བཤད་པ་དེ་དག་མ་མ་ལ་ཡང་སྦྱར་རོ། །མུར་བ་དང༌། ཚ་བ་གསུམ་དང༌། འབྲས་བུ་གསུམ་དང༌། རྒྱ་ཤུག་གི་འབྲས་བུ་དང༌། འཛམ་བུའི་ཤུན་པ་དང༌། ཐང་ཤིང་དང༌། ཡུངས་ཀར་དང༌། པ་ཐ་དང༌། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་ལྡེ་གུར་བྱས་ཏེ་བལྡག་ཏུ་བཅུག་ན་ནུ་ཞོའི་སྐྱོན་སེལ་བའི་མཆོག་ཡིན་ནོ། །པི་པི་ལིང་དང༌། དན་ད་ཀའི་མེ་ཏོག་དང༌། སྐྱུ་རུ་རའི་འབྲས་བུ་དང༌། དེ་རྣམས་ཀྱི་ཕྱེ་མ་དང༌། སྦྲང་རྩི་དང་སྦྱར་བས་སོ་རྩི་བསྐུས་པའམ། ཡང་ན་བྱ་ལཱ་བི་དང༌། སྲེག་པའི་ཤ་སྐམ་ཞིབ་ཏུ་བཏགས་པ་སྦྲང་རྩི་དང་སྦྱར་བས་སོ་རྩི་བསྐུས་ན་བྱིས་པའི་སོ་རྩ་མྱུར་དུ་བདེ་བར་སྐྱེའོ། །ཤུ་དག་དང༌། བྲི་ཧ་ཏི་རྣམ་གཉིས་དང༌། པ་ཐ་དང༌། ཚ་བ་གསུམ་དང༌། བོང་ང་དཀར་པོ་དང༌། གླ་སྒང་དང༌། སྨན་མངར་བའི་སྡེ་ཚན་དང༌། དེ་རྣམས་མར་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པས་སོ་རྩ་བསྐུས་ན་སོ་བདེ་བར་སྐྱེད་དོ། །སྐྱེར་པ་དང། སྲེ་ཡ་ནི་དང། བྲི་ཧ་ཏི་དང༌། ཀྲྀཥྞ་པརྞི་དང༌། ཤུ་ཏི་དང༌། དེ་རྣམས་སྦྲང་རྩི་དང་མར་དང་ལྷན་ཅིག་ལྡེ་གུར་བྱས་ཏེ་བལྡག་ཏུ་བཅུག་ན། ཕོ་བའི་མེ་དྲོད་སྐྱེད་པའི་མཆོག་ཡིན་ཏེ། རླུང་ནད་ལུགས་བཞིན་འབྱུང་ཞིང་ཚད་པར་འཁྲུ་བ་དང༌། རིམས་དང༌། དབུགས་མི་བདེ་བ་དང༌། མིག་སེར་དང༌། སྐྱ་རྦབ་དང༌། ལུད་པ་ལས་རྒྱལ་བར་བྱེད་དོ། །ཁྱད་པར་དུ་བྱིས་པའི་ནད་ཐམས་ཅད་ལ་བསྔགས་ཏེ། ཉམས་སྟོབས་དང་མདོག་གསལ་བར་བྱེད་དོ། །བཙོད་དང༌། ད་ཏ་ཀི་དང༌། སེང་ཕྲོམ་དང༌། ཀུ་ཊན་ན་ཊ་དང༌། མུངྒ་པརྞི་དང༌། བ་ཤ་པརྞི་དང༌། མུངྒའི་འབྲས་བུ་དང༌། བིལ་བ་གཞོན་ནུ་དང༌། རས་བལ་གྱིས་བོན་དང༌། འདི་རྣམས་ཆུ་དང་ལྷན་ཅིག་བསྐོལ་བའི་ཁུ་བའི་ནང་དུ་མར་དང་ཐལ་སྨན་གྱི་ཁུ་བ་དང༌། ཞོ་ག་ཆུ་དང་ལྡན་བར་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་རན་པར་བླུད་ན། སོ་ལས་གྱུར་པའི་ནད་མྱུར་
དུ་འཇིག་པར་བྱེད་དོ། །དེ་བཞིན་དུ་ནད་རྣམ་པ་སྣ་ཚོགས་པ་ཡང་སེལ་བར་བྱེད་དོ། །ཞེས་དྲང་སྲོང་འདྲོབ་སྐྱོང་གིས་བཤད་དོ། །སོ་ལས་གྱུར་བའི་བྱིས་པའི་ནད་ལ་ནི་ཧ་ཅང་གསོ་བ་མི་བྱ་སྟེ། སོ་སྐྱེས་པའི་ནད་ནི་རང་ཉིད་ཞི་བར་འགྱུར་རོ། །བྱིས་པ་དེ་ཉིན་པར་ལྷག་པར་གཉིད་ལོག་པ་དང༌། ཆུ་གྲང་འཐུངས་པ་དང༌། བད་ཀན་སྐྱེས་པའི་ནུ་ཞོ་བསྟེན་པའི་རྒྱུས་བཅུད་དངས་མ་རྒྱུ་བའི་སྤུ་གུ་རྣམས་བད་ཀན་གྱིས་འགགས་ཏེ། དེ་ལས་ཁ་ཟས་ཡི་གར་མི་འོང་བ་དང༌། ཆམ་པས་འདེབས་ཤིང་སྣ་ཆུ་འཛག་པ་དང༌། རིམས་ཀྱིས་འདེབས་པ་དང།ལུད་པ་རྣམས་སྐྱེ་བར་འགྱུར་ཏེ། དེས་ན་བྱིས་པའི་ལུས་སྐམ་པར་འགྱུར་ཞིང་ཟད་པ་དང༌། ལུས་སྣུམ་ཞིང་མིག་དང་གདོང་དཀར་པོར་འགྱུར་ཏེ། དེ་ལ་རྒྱམ་ཚ་དང༌། ཚ་བ་གསུམ་དང༌། ཤ་རང་ག་ཤ་དང༌། པ་ཐ་དང༌། གི་རི་གདམ་པ་ཀ་དང༌། དེ་རྣམས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བས་ཁ་ཟས་ཡི་གར་མི་འོང་བ་དང༌། ལུས་སྐེམ་པ་ལ་སྦྱར་རོ། །ཤིང་ཨ་ཤྭ་ཀ་དང༌། པུ་ཙེ་ཤེལ་དང༌། ཚ་བ་རྣམ་ལྔ་དང་དེ་རྣམས་ཀྱི་ཕྱེ་མ་འམ། ཡང་ན་རྒྱ་ཤུག་དང༌། ད་ཏ་ཀི་དྲང༌། སྐྱུ་རུ་ར་དང༌། དེ་རྣམས་ཀྱི་ཕྱེ་མ་དང༌། ཕྱེ་མ་དེ་གཉིས་གང་ཡང་རུང་བ་མར་དང་སྦྱར་བ་བྱིན་ན་ཕན་ནོ། །སྟི་ར་དང༌། ཤུ་དག་དང༌། བྲི་ཧ་ཏི་རྣམ་གཉིས་དང༌། བུ་ཚང་རྡོ་དང༌། པི་པི་ལིང་དང༌། རྒྱ་སྤོས་དང༌། ལྕང་མ་དང༌། ཨུཏྤ་ལ་དང༌། བ་སྤྲུ་བ་དང༌། ག་བྲའི་རྩབ་དང༌། གླ་སྒང་དང༌། དེ་རྣམས་ཞོ་གཉིས་དང༌། མར་སྲང་བཅུ་དྲུག་དང༌། ལྷན་ཅིག་བསྐོལ་ཏེ་བསྒྲུབས་པ་ལས་རན་པར་བླུད་ན་རྒྱུ་སྲང་དག་པར་བྱེད་པའི་མཆོག་ཡིན་ནོ། །ཡང་ན་བྲི་ཧ་ཏི་དང༌། ཨ་ཤྭ་གན་དྷ་དང༌། བྱེའུ་རུག་པ་དང༌། པི་པི་ལིང་དང༌། དེ་རྣམས་ཀྱི་ཕྱེ་མའི་སྦྱོར་བའི་སྨན་བསྐོལ་བའི་ནང་དུ་བཏབ་སྟེ། མར་དང་ཡང་བསྐོལ་ལ་མར་ལུས་པ་ལས་རན་པར་བླུད་ན་ཡང་ཕན་ཡོན་གོང་མ་དང་འདྲའོ། །ཤིང་མངར་དང༌། པི་པི་ལིང་དང༌། སེང་ཕྲོམ་དང༌། དུག་མོ་ཡུངས་དང༌། ཨུཏྤ་ལ་དང༌། ཙནྡན་དང༌། བལ་བུ་དང༌། ཐལ་ཏྲེས་རྣམ་གཉིས་དང་དེ་རྣམས་མར་དང་ཚུལ་བཞིན་བསྐོལ་ཏེ་མར་ལུས་བ་ལས་རན་པར་འཐུངས་ན་ལུས་སྐེམ་པ་ལས་རྒྱལ་བར་བྱེད་དོ། །བུ་རམ་ཤིང་དང་
ཚུ་ནས་སྐྱེས་པའི་ཤིང་མངར་དང༌། ག་བྲའི་རྩ་བ་དང༌། པི་པི་ལིང་དང༌། ཐང་ཤིང་དང༌། ཨ་ཤྭ་གན་དྷ་དང༌། རམ་ཉེ་བ་རྣམ་གཉིས་དང༌། ར་སྣ་དང༌། ཟངས་རྩི་བ་དང༌། ཛི་བ་ཀ་དང༌། འདམ་པ་གཉིས་དང༌། བྱི་དང་ག་དང༌། དེ་རྣམས་ཆམ་ཆོམ་བརྡུངས་ཏེ་མར་དང་རི་བོང་གི་མགོ་བོ་བསྐོལ་བའི་ཁུ་བ་དང༌། ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ལས་རན་པར་འཐུངས་ན། ལུས་སྐེམ་པ་ལས་འཕེལ་ཞིང་བརྟས་པར་བྱེད་པའི་མཆོག་ཡིན་ནོ། །ཤུ་དག་དང༌། སྐྱུ་རུ་ར་དང༌། རྒྱ་སྤོས་དང༌། ཨ་རུ་ར་དང༌། ཙ་རོང་དང་དེ་རྣམས་ར་ཐུག་གི་གཅིན་དང་ཆང་དང༌། འབྲུ་མར་དང་དེ་རྣམས་ལྷན་ཅིག་བསྐོལ་བའི་མར་གྱིས་བསྐུས་ན་ཕན་ནོ། །རྒྱ་སྐྱེགས་ཀྱི་ཁུ་བ་བྲེ་གང་དང༌། དེ་དང་མཉམ་པའི་ཏིལ་མར་དང༌། དེའི་བཞི་འགྱུར་གྱི་ཞོ་ག་ཆུ་དང༌། ཨ་ཤྭ་གན་དྷ་དང༌། སྐྱེར་པ་དང༌། ཐང་ཤིང་དང༌། རུ་རྟ་དང༌། གླ་སྒང་དང༌། ཙནྡན་དཀར་པོ་དང༌། མུར་བ་དང༌། པུ་ཙེ་ཤེལ་དང། ཤུ་ཏི་དང༌། ར་སྣ་དང༌། ཤིང་མངར་དང༌། དེ་རྣམས་ཆ་མཉམ་སྟེ་ཆམ་ཆོམ་བརྡུངས་པ་དང་ལྷན་ཅིག་བསྐོལ་ཏེ་ཏིལ་མར་ལུས་པ་ནི་རྒྱ་སྐྱེགས་ལ་སོགས་པའི་ཏིལ་མར་ཞེས་བྱ་སྟེ། དེས་བསྐུ་བྱུག་བྱས་ན་ཉམས་སྟོབས་དང༌། རིམས་དང༌། གློ་གཅོད་ཟད་བྱེད་དང༌། སྨྱོ་བྱེད་དང༌། དབུགས་མི་བདེ་བ་དང༌། བརྗེད་བྱེད་དང༌། རླུང་སེལ་བར་བྱེད་དེ། གནོད་སྦྱིན་དང༌། སྲིན་པོ་དང༌། འབྱུང་པོ་རྣམས་འཇོམས་ཏེ་བུད་མེད་སྦྲུམ་མ་ལ་ཡང་བསྔགས་སོ། །བོང་ང་དཀར་པོ་དང༌། ཀར་ཏ་སྲིང་གི་དང༌། པི་པི་ལིང་དང༌། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་ལྡེ་གུར་བྱས་ཏེ་བལྡག་གོ །བོང་དཀར་པོ་སྦྲང་རྩི་དང་སྦྱར་བ་གཅིག་པུས་ཀྱང་ལུད་པ་དང༌། རིམས་དང༌། སྐྱུག་བྲོ་བ་དང༌། བླ་བརྣན་གྱི་ནད་རྣམས་ལ་ཕན་ནོ། །བྱིས་པ་གང་དུ་ཞོ་འཐུངས་པ་ལ་ཡང་དང་ཡང་སློན་པ་ལ་ནི་བྲི་ཧ་ཏི་རྣམ་གཉིས་ཀྱི་འབྲས་བུའི་ཁུ་བའམ། ཚ་བ་རྣམ་ལྡའི་ཕྱེ་མ་དང༌། མར་དང་སྦྲང་རྩི་དེ་རྣམས་ལྡེ་གུར་བྱས་ཏེ་སྦྱིན་ནོ། །པི་པི་ལིང་དང༌། ལན་ཚྭ་རྣམ་ལྔ་དང༌། བྱི་དང་ག་དང༌། མན་དར་ཞེས་བྱ་བ་ན་རི་བྷ་ཏྲ་ཀ་དང་དེ་རྣམས་མར་དང་སྤྲང་རྩི་དང་སྦྱར་བའི་ལྡེ་གུའམ། ཡང་ན་ཚ་བ་གསུམ་དང༌། སྲོག་ཆགས་ཤ་ལ་ལྱ་ཀ་དང༌། གོ་ད་དང༌། ཤྭ་བྱིད་དང༌། རྨ་བྱ་དང་དེ་རྣམས་
གང་རྙེད་པ་བསྲེགས་ཏེ་སྣག་ཚར་བྱས་པ་ལས་མར་དང་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་སེང་ལྡེང་དང་ཀ་གུ་བ་དང༌། བལ་བུ་དང༌། རུ་རྟ་དང༌། ཙནྡན་དཀར་པོ་དང༌། དེ་རྣམས་ཀྱི་ཕྱེ་མ་འོ་མ་དང་མར་དང་ལྷན་ཅིག་བསྐོལ་ཏེ། མར་ལུས་བ་འཐུངས་ན་བྱིས་པའི་ནད་སྐྱུ་པ་སེལ་བར་བྱེད་དོ། །གལ་ཏེ་བྱིས་བདེ་མའི་ཁོང་ནས་སོ་སྐྱེས་པ་བྱུང་ངམ་ཡ་སོ་དང་པོ་སྐྱེས་པ་བྱུང་ན་མི་དགེ་བ་ཡིན་ཏེ། དེ་ལ་ནི་བྲམ་ཟེ་ལས་ཞི་བའི་ཆོ་ག་བྱའོ། །བྱིས་པའི་བད་ཀན་འཁྲུགས་ཏེ་རྐན་ལས་ཤ་མཛེར་འབྱུང་ཞིང་སྐྲང་ཞིང་འོག་ཏུ་འབབ་པར་གྱུར་ན། ནུ་ཞོ་མི་འདོད་ཅིང༌། གཅིན་སྲི་བ་དང༌། ལྟོ་སྦོ་བ་དང༌། ཁོང་འཁྲུགས་པ་དང༌། སྐོམ་དད་ཆེ་བ་དང༌། ཁ་དང༌། ལྐོག་མ་དང༌། མིག་ན་བ་དང༌། གཉའ་བ་འདེགས་མི་ནུས་པ་དང༌། སྐྱུག་པ་ཡིན་ཏེ་དེ་ལ་ནི་ནས་ཚིག་འཁུས་པའི་ཐལ་བ་དང༌། སྤྲང་རྩི་དང་སྦྱར་ཏེ་སྐྲངས་པར་བསྐུ་ཞིང་འབབ་པ་བཏེག་པར་བྱའོ། །རྐན་བསྐམས་པ་ལ་ནི་པི་པི་ལིང་དང༌། བཅའ་སྒ་དང༌། བའི་གཅིན་ཁུ་དང༌། རྒྱམ་ཚ་དང་དེ་རྣམས་ལྷན་ཅིག་སྦྱར་བ་འམ། ཡང་ན་བཅའ་སྒ་དང༌། སྐྱེར་པ་དང༌། བྲིང་ག་ར་ཛ་དང༌། ནྱ་གྲོ་དྷའི་ལོ་མ་དང་དེ་རྣམས་ཀྱི་ཕྱེ་མ་དོག་ལེའི་ནང་དུ་བ་ལང་གི་ལྕི་བའི་ཁུ་བ་དང་བསྲེས་པ་བླུགས་ལ་བསྲེས་ཏེ། དེས་ནྱ་གྲོ་དྷའི་ལོ་མ་དང་བསྒོས་ཏེ་སྤྱི་བོའི་སྟེང་དུ་བཀབ་ལ་བཅིངས་ཏེ་གཞག་གོ །དོག་ལེའི་ནང་དུ་བ་ལང་གི་ལྕི་ཁུ་དང་སྨན་མར་སྦྱར་བས་དར་ལ་བསྒོས་ཏེ་རྐན་དང་ཁལ་བསྐུ་ཞིང་གླན་པར་བྱའོ། །ཨ་རུ་ར་དང༌། ཤུ་དག་དང༌། རུ་རྟ་དང༌། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་བཅས་པ། ནུ་ཞོ་དང་བཅས་པ་ལྷན་ཅིག་བྱིས་པ་ལ་བླུད་ན་རྐན་འབབ་སྟེ་སྐྲངས་ཤིང་ཤ་མཛེར་འབྱུང་བ་ལས་གྲོལ་བར་བྱེད་དོ། །བྱིས་པའི་ལུས་དྲི་མས་ཡོགས་པ་འམ། ལུས་རབ་ཏུ་རྡུལ་བའི་དབང་གིས་གཞང་གི་ནང་དུ་ཁྲག་དང་བད་ཀན་ལས་གྱུར་པའི་རྨ་ཟངས་མའི་མདོག་ལྟ་བུ་ཤིན་དུ་གཡའ་བ་དང་བཅས་པ་འབྱུང་སྟེ། དེའི་རྒྱུས་བླ་བརྣན་གཞན་གྱི་ནད་མང་དུ་འབྱུང་བར་འགྱུར་ཏེ། དེ་ལ་ཁ་ཅིག་ན་རེ་མ་ཏྲི་ཛ་ཞེས་བྱ་བའི་བྱིས་པའི་གདོན་ཡིན་ནོ། །ཞེས་སྨྲའོ། །གཞན་དག་ནི་སྲུལ་པོའི་གདོན་ཡིན་ནོ་ཞེས་ཀྱང་ཟེར་རོ། །བྱིས་པའི་རྒྱབ་དང༌། བྲང་དང༌། གཞང་དང་རྐེད་བར་གོང་
མའི་ནད་དེ་འབྱུང་བ་ཡོད་དེ། དེ་ནི་མིང་མེད་ཅིང་སྨད་པ་ཡིན་ནོ་ཞེས་ཁ་ཅིག་སྨྲ་སྟེ་དེ་ལྟ་བུའི་ནད་ལ་ནི་སྐྱུ་རུ་ར་དང༌། འོ་མ་དང་སྦྱར་བས་བཀྲུས་ལ་དག་པར་བྱའོ། །དེ་བཞིན་དུ་མཁྲིས་པ་དང་བད་ཀན་འཇོམས་པའི་སྨན་གྱིས་ཡང་དག་པར་བྱའོ། །ཡང་ན་ཙནྡན་དང་ཁར་དཀར་པོ་དང་བཅས་པའི་ཆུ་གྲང་མོས་ཁོང་བ་ནས་བཏུང་བར་བླུད་དོ། །སྐྱེར་ཁཎྜ་དང་སྦྲང་རྩི་སྦྱར་བས་རྨ་ལ་བྱུག་གོ །བི་ད་རི་དང་འབྲས་བུ་གསུམ་དང༌། རྒྱ་ཤུག་དང༌། ཤིང་བླག་ཤ་བསྐོལ་བའི་ཁུ་བས་བླུགས་པར་བྱའོ། །ནག་ཚུར་དང༌། གིའུ་ཝང་དང༌། སྤངས་མ་དང༌། ལྡོང་རོས་དང༌། བ་བླ་དང། སྐྱེར་ཁཎྜ་དང༌། དེ་རྣམས་བཏགས་པའི་ཕྱེ་མས་རྨ་ལ་གདབ་པ་འམ། ཡང་སྨན་ཉིད་སྐྱུར་དང་བཏགས་པའི་ལྡེ་གུས་བསྐུ་བར་བྱའོ། །ཡང་ན་ཤིང་མངར་དང༌། དུང་དང༌། སྟད་ཟིལ་ཞིབ་ཏུ་བཏགས་པའམ། ཡང་ན་ཐལ་ཏྲེས་དང༌། དུང་གི་སྙིང་པོ་དང་དེ་གཉིས་ཀྱི་ཕྱེ་མའམ། ཡང་ན་ཨ་ས་ནའི་ཤུན་ཕྲགས་ཞིབ་ཏུ་བཏགས་པའི་ཕྱེ་མའམ། སྦྱོར་བ་དེ་དག་གང་ཡང་རུང་བ་རྨ་ལ་གདབ་བོ། །གང་དུ་དམར་ཞིང་སྐྲང་བའི་ཤས་ཆེ་བ་དེར་ནི་སྲིན་བུ་པད་པས་ཁྲག་འཇིབ་ཏུ་གཞུག་གོ །གཞང་གི་ནང་དུ་བྱུང་བའི་སྨད་པའི་ནད་ཀུ་ཊ་ཀ་ཞེས་བྱ་བ་དེ་ལ་ནི་མཁྲིས་པའི་རྨ་གསོ་བའི་སྨན་ཐམས་ཅད་རབ་ཏུ་བསྔགས་སོ། །པ་ཐ་དང༌། བྱི་དང་ག་དང༌། སེར་པོ་རྣམ་གཉིས་དང༌། གླ་སྒང་དང༌། ག་བྲའི་རྩ་བ་དང༌། བ་སྤྲུ་བའི་རྩ་བ་དང༌། བིལ་པ་དང༌། ཚ་བ་གསུམ་དང༌། བྲི་ལྕི་ཀ་ལི་དང༌། དེ་རྣམས་མར་དང་ལྷན་ཅིག་བསྐོལ་ཏེ་ལྡེ་གུར་བྱས་ལ་ཟོས་ན་བྱིས་པའི་ནད་མ་ཏྲི་ཛ་ཞེས་བྱ་བ་དང༌། ས་ཟོས་ཏེ་ནད་དུ་གྱུར་པ་ལས་གྲོལ་བར་བྱེད་དོ། །ནད་ལ་ཕན་པའི་སྨན་གང་ཡང་རུང་ནུ་མ་ལ་བྱུགས་ཏེ་བྱིས་པས་འཐུང་དུ་བཅུག་ན་ནད་ལས་རྒྱལ་བར་བྱེད་དོ། །དེ་ནས་ཅུང་ཟད་ན་བཀྲུ་བར་བྱའོ། །བྱིས་པའི་ནད་གསོ་བའི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།དེ་ནས་གྱིས་པ་གདོན་གྱིས་ཟིན་པ་གསོ་བའི་ལེའུ་བཤད་པར་བྱ་སྟེ། སྔོན་ལྷ་ཆེན་པོ་མ་ཧཱ་དེ་བས་རང་གི་བུ་གཞོན་ནུ་གདོང་དྲུག་བསྲུང་བར་བྱ་བའི་ཆེད་དུ་སྐྱེས་པའི་གཟུགས་ཅན་ལྔ་དང༌། བུད་མེད་ཀྱི་གཟུགས་ཅན་བདུན་ཏེ་དེ་ལྟར་གདོན་གྱི་ལུས་བཅུ་གཉིས་སྤྲུལ་བར་གྱུར་ཏོ། །དེ་ལ་སྐྱེས་བའི་
གདོན་རྣམ་པ་ལྔ་ནི། སྐེམ་བྱེད་ཀྱི་གདོན་དང༌། བྱི་ཤ་ཀ་ཞེས་བྱ་བ་དང༌། ལུག་མགོ་ཅན་གྱི་གདོན་དང༌། ཁྱིའི་གདོན་དང༌། ཡི་དྭགས་ཀྱི་གདོན་ནི་ལྔ་པོ་དེ་དག་གོ །བུད་མེད་ཀྱི་གཟུགས་ཅན་གྱི་གདོན་ནི་བྱའི་གདོན་དང༌། སྲུལ་པོའི་གདོན་དང༌། སྲུལ་བོ་བསིལ་བྱེད་ཀྱི་གདོན་དང། སྲུལ་པོ་མཐོང་བྱེད་ཅེས་བྱ་བའི་གདོན་དང༌། གདོང་འཁུར་བ་ལྟ་བུའི་གདོན་དང༌། ནམ་གྲུའི་གདོན་དང༌། ནམ་གྲུ་སྐེམ་པའི་གདོན་དང༌། བདུན་པོ་དེ་དག་གོ །གདོན་དེ་རྣམས་ཀྱིས་ཐོག་མར་ཟིན་པའི་སྤྱིའི་རྟགས་ནི་རྟག་ཏུ་དུ་བ་དང༌། རིམས་ཀྱིས་འདེབས་པ་དང༌། སྔང་བ་དང༌། གླལ་བ་དང༌། སྨིན་མ་འདེགས་པ་དང༌། དམན་བར་འདུག་བ་དང༌། ཁ་ནས་ལྦུ་བ་འཛག་པ་དང༌། གྱེན་དུ་ལྟ་བ་དང༌། མཆུ་ལ་སོས་འདེབས་པ་དང༌། མཚན་མོ་གཉིད་མི་ལོག་ཅིང་དུ་བ་དང༌། འཁུན་པ་དང༌། ནུ་ཞོ་མི་འདོད་པ་དང༌། སྐད་འགྱུར་བ་དང༌། རང་གི་མ་མའི་ལུས་ལ་གློ་བུར་སེན་མོས་འབྲད་པ་རྣམས་ཏེ་དེ་དག་ནི་གདོན་སྤྱིའི་མཚན་མ་ཡིན་ནོ། །དེ་ལ་སྐེམ་བྱེད་ཀྱི་གདོན་གྱིས་ཟིན་བའི་རྟགས་ནི་མིག་ཡ་གཅིག་མཆི་མ་འཛག་ཅིང་ཡང་དང་ཡང་མགོ་སྤྲུགས་པ་དང༌། ལུས་ཀྱི་གཞོགས་ཕྱེད་ཉམས་པ་དང༌། ལུས་ཀྱི་ཁོང་རེངས་པ་དང༌། རྡུལ་བ་དང༌། གཉའ་བ་མཐོན་པོར་འདེགས་པ་དང༌། སོ་འཁྲིགས་པ་དང༌། ནུ་ཞོ་མི་འདོད་པ་དང༌། སྡང་བཞིན་དུ་དུ་བ་དང༌། སྐད་འགགས་པ་དང༌། ཁ་ཡོ་བར་འགྱུར་བ་དང༌། ཁ་ཆུ་འཛག་པ་དང༌། ཤས་ཆེར་བར་སྣང་ལ་ཁ་ལྟ་བ་དང༌། ཁྲག་དང་ཞག་གི་དྲི་གྲོ་བ་དང༌། རྟག་ཏུ་སྐྱོ་ཞིང་ཡིད་མི་བདེ་བ་དང༌། བྱིས་པ་དེ་ཡང་དང་ཡང་ཁུ་ཚུར་འཆང་བ་དང༌། མིག་དང་ཟ་འགྲམ་དང༌། སྨིན་མ་ཡ་གཅིག་འགུལ་བ་དང་མིག་གཉིས་ཀ་དམར་བ་རྣམས་ཡིན་ཏེ། དེས་ཟིན་ན་ནི་ངེས་པར་ལུས་ཉམས་པ་འམ་འཆི་བར་འགྱུར་རོ། །དེ་ལ་བྱི་ཤཀའི་གདོན་གྱིས་ཟིན་པའི་རྟགས་ནི་འདུ་ཤེས་ཉམས་པ་དང༌། སྐྲ་ཡང་དང་ཡང་འབལ་བ་དང༌། མགོ་འདུད་ཅིང་གཉའ་བ་གུག་པ་དང༌། གླལ་ཞིང་རྐྱོད་བར་བྱེད་པ་དང༌། བཤད་གཅི་འབྱུང་བ་དང༌། དབུ་བས་སློན་པ་དང༌། ནམ་མཁའ་ལ་ལྟ་བ་དང༌། ལག་པ་དང༌། སྨིན་མ་དང་རྐང་བ་རྣམས་ཀྱིས་གར་བྱེད་པ་དང༌། རང་གི་ལྕེ་དང་ནུ་མ་ལ་སོས་འདེབས་
པ་དང༌། རིམས་དྲག་པོས་འདེབས་པ་དང༌། མཚན་མོ་གཉིད་མི་འོང་བ་དང༌། རྣག་དང་ཁྲག་གི་དྲི་བྲོ་བ་རྣམས་ཡིན་ནོ། །དེ་ལ་ལུག་མགོ་ཅན་གྱི་གདོན་གྱིས་ཟིན་པའི་རྟགས་ནི། སྦོ་བ་དང༌། ལག་པ་དང་རྐང་པ་གཉིས་འགུལ་བ་དང༌། ལྦུ་བ་སྐྱུག་པ་དང༌། སྐོམ་དད་ཆེ་བ་དང༌། ཁུ་ཚུར་འཆའ་བ་དང༌། སྐད་གསང་དམའ་བ་དང༌། མདོག་འགྱུར་བ་དང༌། འཁུན་པ་དང༌། ཚད་པ་བད་ཀན་དུ་འཁྲུ་བ་དང༌། སྐྱུག་པ་དང༌། ལུད་པ་ལུ་བ་དང༌། སྐྱིགས་བུ་འབྱུང་བ་དང༌། ནུབ་མོ་གཉིད་མི་ལོག་པ་དང༌། མཆུ་ལ་སོས་གནོན་པ་དང༌། ལུས་འཁུམས་པ་དང༌། ཁོང་རེངས་པ་དང༌། ར་ཐུག་གི་དྲི་བྲོ་བ་དང༌། བར་སྣང་ལ་ལྟ་ཞིང་དགོད་པ་དང༌། རྐང་ལག་རྐྱོང་བ་དང༌། རིམས་ཀྱིས་འདེབས་པ་དང༌། བརྒྱལ་བ་དང༌། མིག་ཡ་གཅིག་སྐྲང་བ་ལ་སོགས་པའི་ནད་རྣམས་དང་ལྡན་པ་ཡིན་ནོ། །ཁྱིའི་གདོན་གྱིས་ཟིན་པའི་རྟགས་ནི་ལུས་འདར་བ་དང༌། བ་སྤུ་ལངས་པ་དང༌། ལུས་རྡུལ་བ་དང༌། མིག་འཛུམས་པ་དང༌། ལྕེ་ཕྱིར་འབྱིན་ཅིང་སོས་གནོན་པ་དང༌། སྐད་འཛེར་བ་དང༌། སྐྱུག་པ་དང༌། བཤད་པའི་དྲི་བྲོ་བ་དང༌། ཁྱི་བཞིན་དུ་ཟུག་པ་རྣམས་ཡིན་ནོ། །དེ་ལ་ཡི་དྭགས་ཀྱི་གདོན་གྱིས་ཟིན་པའི་རྟགས་ནི་བ་སྤུ་ལྡང་བ་དང༌། ཡང་དང་ཡང་ལྡང་བ་དང༌། བབ་བབ་དུ་དུ་ཞིང་ལུས་ཚ་བ་དང༌། ལུད་པ་ལུ་བ་དང༌། ཚད་པར་འཁྲུ་བ་དང༌། སྐྱུག་པ་དང༌། གླལ་བ་དང༌། སྐོམ་དད་ཆེ་བ་དང༌། བརྐྱང་བསྐུམ་བྱེད་པ་དང༌། ལུས་བསྐམས་པ་དང༌། ཁོང་རེངས་པ་དང༌། མདོག་འགྱུར་བ་དང༌། ཁུ་ཚུར་འཆའ་བ་དང༌། མཆི་མ་འཛག་པ་དང༌། མཚན་མ་དེ་དག་དང་ལྡན་ན་བྱིས་པ་གདོན་གྱིས་ཟིན་པ་ཡིན་ནོ། །དེ་ལ་བྱའི་གདོན་གྱིས་ཟིན་པའི་རྟགས་ནི། རྐང་ལག་གནས་ནས་ཉམས་པ་དང༌། ཚད་པར་འཁྲུ་བ་དང༌། ལྕེ་དང་རྐན་དང་ལྐོག་མར་རྨ་བྱུང་བ་དང༌། ཚིགས་སུ་འབྲུམ་བུ་བྱུང་ཞིང་ཚ་བ་དང༌། ན་བ་དང༌། སྨིན་པ་དང༌། དེ་ཡང་ཚིགས་རྣམས་སུ་ཡང་དང་ཡང་འཕོ་བ་དང༌། ཉིན་མཚན་དུ་འབྲུམ་བུ་དེས་ཆུ་སེར་འཛག་པ་ཡིན་ཏེ། ཁྱད་པར་དུ་ཁ་དང་རྐུབ་ཏུ་ཡང་སྨིན་པ་དང༌། འཇིགས་པ་དང༌། བྱའི་དྲི་བྲོ་བ་དང༌། རིམས་ཀྱིས་འདེབས་པ་རྣམས་ཡིན་ནོ། །སྲུལ་པོའི་གདོན་གྱིས་ཟིན་པའི་རྟགས་ནི། སྐྱུག་པ་དང༌། ལུས་འདར་བ་དང༌། སྐོམ་བ་དང༌། མཚན་མོ་གཉིད་མི་འོང་བ་
དང། སྐྱིགས་བུ་དང༌། ལྟོ་སྦོ་བ་དང༌། ཁོང་འཁྲུ་ཞིང་ཕྱི་ས་སླ་བ་དང༌། སྐོམ་དད་ཆེ་བ་དང༌། གཅིན་འགགས་པ་དང༌། ཡན་ལག་གནས་ནས་ཉམས་པ་དང༌། སྤུ་ཟིང་ཞེས་བྱེད་པ་དང༌། བྱ་རོག་ལྟ་རེ་ལུས་རྡུལ་བྲོ་བ་རྣམས་ཡིན་ནོ། །སྲུལ་བ་བསིལ་བྱེད་ཀྱི་གདོན་གྱིས་ཟེན་པའི་རྟགས་ནི། ལུས་འདར་བ་དང༌། དུ་བ་དང༌། འཕྲེད་མིག་ཏུ་ལྟ་བ་དང༌། སྐོམ་དད་ཆེ་བ་དང༌། རྒྱུ་མ་འཁྲུ་བ་དང༌། ཞག་དང་རྣག་གི་དྲི་བྲོ་བ་དང༌། རྩི་བ་ལོགས་ཡ་གཅིག་གྲང་ཞིང་ཡ་གཅིག་དྲོ་བ་རྣམས་ཡིན་ནོ། །དེ་ལ་སྲུལ་པོ་མཐོང་བྱེད་ཀྱི་གདོན་གྱིས་ཟིན་པའི་རྟགས་ནི་སྐྱུག་པ་དང༌། ལུས་ཚ་བ་དང༌། ལུད་པ་ལུ་བ་དང༌། གཉིད་ཆུང་བ་དང༌། ཁོང་འཁྲུ་བ་དང༌། ཕྱི་སའི་མདོག་འགྱུར་བ་དང༌། དྲིང་བ་དང༌། ཤས་ཆེར་ལུས་སྐེམ་པ་དང༌། མཐོང་བ་ཞན་པ་དང༌། མིག་ན་བ་དང༌། གཡའ་བ་དང༌། མིག་མཆུའི་ཤ་སྐྱེས་པའི་མིག་ནད་འབྱུང་ཞིང་སྐྲང་བ་དང༌། སྐྱིགས་བུ་དང༌། ཡིད་མི་བདེ་བ་དང༌། ནུ་ཞོ་མི་འདོད་པ་དང༌། ལུས་མདོག་འགྱུར་བ་དང༌། སྐད་དྲག་ཏུ་འདོན་པ་དང༌། འདར་བ་དང༌། ཉ་འམ་སྐྱུར་བའི་དྲི་བྲོ་བ་རྣམས་ཡིན་ནོ། །ཁུར་བ་ལྟ་བུའི་གདོང་ཅན་གྱི་གདོན་གྱིས་ཟིན་པའི་རྟགས་ནི་ལག་པ་དང་རྐང་པ་དང་གདོང་རྣམས་མི་མཛེས་ཤིང་མི་སྡུག་པར་འགྱུར་བ་དང། དྲག་ཏུ་འདོན་པ་དང༌། ལྟོ་བའི་སྟེང་གི་རྩ་རྣམས་ནག་པོར་འགྱུར་ཞིང་མདོག་ནག་པོས་ཁྱབ་པར་འདུག་པ་དང༌། ལུས་ཆ་བ་དང༌། ཟས་ཡི་གར་མི་འོང་བ་དང༌། རྐང་ལག་མི་བདེ་བ་དང༌། ང་གཅིན་གྱི་དྲི་བྲོ་བ་རྣམས་ཡིན་ནོ། །ནམ་གྲུའི་གདོན་གྱིས་ཟིན་པའི་རྟགས་ནི། མདོག་སྔོ་བསངས་སུ་འདུག་པ་དང༌། རྣ་བ་དང་མིག་ཉེད་པ་དང༌། ལུད་པ་ལུ་ཞིང་དབུགས་མི་བདེ་བ་དང༌། མིག་ཕན་ཚུན་འགུལ་བ་དང༌། ཁ་ཡོ་ཞིང་དམར་བ་དང༌། ར་ཐུག་གི་དྲི་བྲོ་བ་དང༌། ལུས་ཚ་བ་དང༌། སྐེམ་པ་དང༌། ཕྱི་ས་སེར་པོར་འབྱུང་ཞིང་སླ་བ་རྣམས་ཡིན་ནོ། །དེ་ལ་ན་མ་གྲུ་སྐེམ་བྱེད་ཀྱི་གདོན་གྱིས་ཟིན་པའི་རྟགས་ནི། རིམས་ཀྱིས་ལུས་ཟད་པ་དང༌། སྐྲ་འབལ་བ་དང༌། ཟས་མི་འདོད་པ་དང༌། སྐད་གསང་དམའ་བ་དང༌། མདོག་འགྱུར་བ་དང༌། ཕྱི་སའི་མདོག་སྣ་ཚོགས་སུ་འདུག་པ་དང༌། ལྟོ་བ་ལ་ཐོར་བུ་འབྱུང་ཞིང་སྲ་བ་དང༌། དུ་བ་དང༌། བྱ་རྒོད་ཀྱི་དྲི་བྲོ་བ་དང༌། ཡུན་
རིང་དུ་ན་བ་དང༌། ལྟོའི་ཐོར་བུ་དེ་ཡང་ཟླུམ་བོར་འདུག་པ་དང༌། བཤང་གཅི་སྣ་ཚོགས་སྣང་བ་དང༌། ལྕེའི་དབུས་དམར་ཞིང་དཀར་མདོག་སྔོ་བསངས་སུ་འདུག་པ་དེ་ནི་སྤང་བར་བྱ་སྟེ། ཁ་ཟས་མང་དུ་ཟོས་ཀྱང་ཉམས་སྟོབས་ཡོངས་སུ་ཟད་ཅིང་སྐོམ་དད་ཀྱིས་ཟིན་ཏེ། མིག་ཀོང་དུ་བྲོས་པ་ནི་ནམ་གྲུ་སྐེམ་བྱེད་ཀྱིས་ཁྱེར་བ་ཡིན་པར་ཤེས་པར་བྱ་སྟེ། དེ་དག་ནི་བུད་མེད་ཀྱི་གཟུགས་ཅན་གྱི་གདོན་བདུན་ཡིན་ནོ། །གདོན་དེ་དག་ནི་མི་ལ་ཅིའི་ཕྱིར་འཚེ་ཞིང་འཇུག་ཅེ་ན། མཆོད་པ་འདོད་པའི་ཕྱིར་འཇུག་པ་ཡིན་ནོ། །དེ་ལ་འཚེ་བའི་བདག་ཉིད་ཅེས་བྱ་བའི་གདོན་གྱིས་ཟིན་པའི་མཚན་མ་ནི་བྱིས་པའི་སྣ་ཆུ་འཛག་པ་དང༌། ལྕེ་འགགས་པ་དང༌། སྦྲིད་པ་རྟག་ཏུ་འབྱུང་བ་དང༌། ལུས་མི་བདེ་བ་དང༌། མཆི་མ་འཛག་པ་དང༌། མདོག་སྡུག་པ་དང༌། སྐད་གསང་དམའ་བ་དང༌། དྲི་ང་འབྱུང་བ་དང༌། ལུས་ཟུངས་ཟད་པ་དང༌། རང་གི་བཤད་གཅི་མི་སྤེད་པར་ཉེད་པ་དང༌། ལག་པ་གཉིས་བསྐོར་ཞིང་བདག་གམ་གཞན་ལ་རྡེག་པ་དང༌། དེ་བཞིན་དུ་མཚོན་དང་ཤིང་ལ་སོགས་པས་ཀྱང་དེ་ལྟར་རྡེག་པ་དང༌། མེ་འབར་བའི་ནང་དུ་འཇུག་པ་དང༌། ཆུའི་ནང་དུ་མཆོང་བ་དང༌། ཁྲོན་པའི་ནང་དུ་བབ་ཆོལ་དུ་འཇུག་པ་དང༌། གཞན་ཡང་དེ་དང་འདྲ་བའི་རྣམ་པ་བྱེད་པ་དང༌། སྐོམ་དད་ཆེ་བ་དང༌། ལུས་ཚ་བ་དང༌། རྨོངས་བག་ཏུ་འདུག་པ་དང༌། ཁ་ནས་རུལ་དྲི་བྲོ་བ་དང༌། རྟག་ཏུ་སྐྱུག་པ་དང༌། བུ་གའི་སྒོ་ཀུན་ནས་ཁྲག་འཛག་པ་དང༌། འཆི་ལྟས་འབྱུང་བ་དེ་དག་དང་ལྡན་པ་དེ་ནི་ཡོངས་སུ་སྤང་བར་བྱའོ། །འདོད་པ་ལ་དགའ་བ་ཞེས་བྱ་བའི་གདོན་གྱིས་ཟིན་པའི་རྟགས་ནི། བུད་མེད་དང་དབེན་པར་འདོད་པ་དང་ལྡན་པའི་ཚིག་སྨྲ་བ་དང༌། དྲི་ཞིམ་པོ་དང༌། ཕྲེང་བ་དར། རྒྱན་ལ་དགའ་བ་དང༌། སྙིང་དགའ་བ་དང༌། སེམས་ཞི་བར་གནས་པ་ཡིན་ཏེ། དེས་ཟིན་ན་ནི་གསོ་དཀའ་བ་ཡིན་ནོ། །གཏོར་མ་འདོད་པ་ཞེས་བྱ་བའི་གདོན་གྱིས་ཟིན་པའི་མཚན་མ་ནི། སྒྱིད་ཞན་པ་དང། ཁ་མྱང་ཞིང་ལྡག་པར་བྱེད་པ་དང༌། མཆུ་དང༌། ལྐོག་མ་དང༌། རྐན་སྐམ་པ་དང༌། ལྟོགས་པའི་ཚུལ་དུ་ལྟ་བ་དང༌། དུ་བ་དང༌། དམན་པའི་སེམས་ཀྱིས་རྒྱུག་པ་དང༌། ཁ་ཟས་སློང་ཞིང་བྱིན་ན་འགྲངས་ཤིང་ངོམས་པར་མི་འགྱུར་ཏེ། དེ་ནི་གསོ་སླ་པ་ཡིན་པ་ཞེས་བྱའོ། །
དེ་ལ་འཚེ་བའི་བདག་ཉིད་ཅན་གྱི་གདོན་ལ་ནི་དུད་པས་བདུག་པ་དང༌། གྲུབ་པའི་སྔགས་ཡང་དང་ཡང་བཟླས་པས་ཞི་བར་བྱའོ། །འདོད་པ་ལ་དགའ་བ་དང༌། གཏོར་མ་འདོད་པ་ལ་ནི་ཇི་ལྟར་འདོད་པ་བཞིན་དུ་གཏོར་མ་སྦྱིན་ནོ། །དེ་ལ་གསོར་རུང་བའི་གདོན་ལ་ནི་ཁང་ཐོག་དབེན་པར་ཆག་ཆག་དང༌། སྐྱོང་ནུལ་བྱས་པའི་སྟེང་དུ་བྱིས་པ་བཞག་ལ་ཞག་གསུམ་གྱི་བར་དུ་མེམ་ཤི་བར་བཞག་སྟེ་ཐལ་བས་བྱིས་པའི་མཐའ་ནས་བསྐོར་བས་མེ་ཏོག་དང་ལོ་མ་དང་འབྲས་བུ་དང༌། ཁ་ཟས་དང་ཡུངས་ཀར་གྱིས་ཆལ་པར་བཀྲམ་ལ་གདོན་འཇོམས་པའི་ཡུངས་ཀར་དང་སྐེ་ཚེའི་འབྲུ་མར་གྱི་མེ་མར་སྦར་ན་སྡིག་པ་སེལ་བར་བྱེད་དོ། །ལས་བྱེད་པའི་གཡོག་ཀྱང་འཁྲིག་པ་དང༌། ཤ་དང་ཆང་ལས་ལྡོག་པར་བྱའོ། །དེ་ནས་བྱིས་པ་མར་རྙིང་པས་བསྐུ་བྱུག་བྱས་ལ། ཆུ་དྲོ་འཇམ་ཙམ་གྱིས་ཁྲུས་བྱས་ཏེ། དེའི་འོག་ཏུ་བ་བླ་དང༌། ནིམ་པ་དང༌། ཨག་ནི་མེན་ཐ་དང༌། དོང་ག་དང༌། པ་རི་བྷ་ཏྲ་ཞེས་བྱ་བ་མནད་ར་དང༌། ཀ་ཊ་ཀ་དང༌། འཛམ་བུ་དང༌། ཏ་མ་ལ་དང༌། བུ་དི་ཀ་དང༌། ལྕམ་པ་དང༌། ཨ་པ་མརྒ་དང༌། པི་པི་ལིང་དང༌། ཤི་ཀྲུ་མངར་པོ་དང༌། ཀ་ཀ་ཛང་ག་དང༌། གེ་རི་ཀར་ནི་ཀ་དཀར་པོ་དང༌། ཀ་པིད་ཐ་དང༌། འོ་མ་ཅན་གྱི་ཤིང་ལྔ་དང༌། ཀ་རཉྫ་དང༌། ཀ་དམ་པ་དང༌། དེ་རྣམས་སྦྱར་བའི་དུད་པས་བདུག་གོ །ཡང་ན་གུང་དང༌། སྟག་དང༌། སྦྲུལ་དང༌། སེང་གེ་དང༌། དྲེད་དང་དེ་རྣམས་ཀྱི་པགས་པ་མར་དང་བསྲེས་པའི་དུད་པས་བདུག་པ་འམ། ཡང་ན་པུ་ཏི་ཀ་རཉྫའི་རྩ་བ་ལ་སོགས་པའི་ཡན་ལག་བཅུ་པ་དང༌། ཡུངས་ཀར་དང༌། ཤུ་དག་དང༌། གོ་བྱེ་དང༌། ཏི་མུ་ས་དང༌། རུ་རྟ་དང༌། དེ་རྣམས་མར་དང་སྦྱར་བའི་དུད་པས་བདུགས་ན་ཡང་གདོན་ཐམས་ཅད་ལས་རྣམ་པར་གྲོལ་བར་བྱེད་དོ། །ཡང་ན་ཡུངས་ཀར་དང༌། ནིམ་པའི་ལོ་མ་དང༌། ཨ་ཤ་ཁུ་རའི་རྩ་བ་དང༌། ཤུ་དག་དང༌། སྟག་པའི་ལོ་མ་དང༌། དེ་རྣམས་མར་དང་སྦྱར་བའི་དུད་པས་བདུགས་ན་ཡང་གདོན་ཐམས་ཅད་སེལ་ལོ། །ཡང་ན་གླང་གི་རྭ་དང་སྤུ་དང༌། རུས་པ་དང༌། པགས་པ་དང༌། བྱི་ལའི་རྟུག་པ་དང༌། ནིམ་པའི་ལོ་མ་དང༌། ནིམ་པའི་ཐང་ཆུ་དང༌། པུ་ཙེ་ཤེལ་དང༌། སྤྲ་ཚིལ་དང༌། བྲི་ཧ་ཏི་རྣམ་གཉིས་
དང། རས་བལ་གྱི་ས་བོན་གྱི་རུས་པ་དང༌། ནས་སོ་བ་དང༌། རའི་སྤུ་དང༌། ཐང་ཤིང་དང༌། ཡུངས་ཀར་དང༌། རྨ་བྱའི་སྒྲོ་དང༌། ཤྲི་བི་ས་ཞེས་བྱ་བ་ཀོ་ཉོན་ཙེའི་ཐང་ཆུ་དང༌། ཕུབ་མ་དང༌། མིའི་སྐྲ་དང༌། ཤིང་ཀུན་དང་དེ་རྣམས་ཀྱི་ཕྱེ་མ་རས་མའི་སྣོད་ཀྱི་ནད་དུར་གཅིན་དང་སྦངས་ཏེ། དུད་པས་བདུགས་ན་གདོན་ཐམས་ཅད་དང་རིམས་མི་བཟད་པ་རྣམས་ལ་ཕན་ནོ། །ཡང་ན་དཱུར་བ་དང༌། ཨ་མྲའི་ཚི་གུ་དང༌། རྒྱ་སྤོས་དང༌། ན་ལེ་ཤམ་དང༌། སྦྲང་རྩི་དང༌། དོང་གྲ་དང༌། ཀྲྀཥྞ་པརྞི་དང༌། གླ་སྒང་དང་དེ་རྣམས་བཏགས་པའི་ཕྱེ་མ་མར་དང་རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་འོ་མ་དང་ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ལས་རན་པར་བླུད་ན་གདོན་ལས་རྒྱལ་བར་བྱེད་པའི་མཆོག་ཡིན་ནོ། །ར་སྣ་དང༌། ཨ་ཤུ་མ་ཏིའི་ལོ་མ་དང༌། རྩ་བ་ལྔ་པ་དང༌། བ་ལ་དང༌། གླ་སྒང་དང༌། དེ་རྣམས་བསྐོལ་བའི་ཁུ་བའི་ནང་དུ། ཐལ་ཏྲེས་དང༌། ཚ་བ་གསུམ་དང༌། ཙི་ཏྲ་ཀ་དང༌། པ་ཐ་དང༌། བྱི་དང་ག་དང༌། ཤིང་མངར་དང༌། པ་ཡ་སྱ་དང༌། ཤིང་ཀུན་དང༌། ཐང་ཤིང་དང༌། པི་པི་ལིང་མཱུ་ལ་དང༌། དུག་མོ་ཡུངས་དང༌། དེ་རྣམས་བཏགས་པའི་ཕྱེ་མ་དང༌། མར་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ལས་རན་པར་བླུད་ན་བྱིས་པ་ལ་རྟག་ཏུ་ཕན་པ་ཡིན་ཏེ། ནད་ཐམས་ཅད་དང་གདོན་འཕྲོག་ཅིང་མེ་དྲོད་སྐྱེད་པ་དང་སྟོབས་དང་མདོག་སྟེར་བར་བྱེད་དོ། །ཐལ་ཏྲེས་དང༌། མུ་ར་དང༌། བྲ་ཧྨི་དང༌། ཤང་ཁི་ནི་དང༌། རུ་རྟ་དང༌། ཤུ་དག་དང༌། ཡུངས་ཀར་དང༌། ཨ་ཤྭ་གན་དྷ་དང༌། བྱིའུ་རུག་པ་དང༌། དེ་རྣམས་མར་དང་ལྷན་ཅིག་བསྐོལ་བའི་མར་ལུས་པ་དེ་ལས་བཏུང་བ་དང་བྱུག་པ་བྱས་ན་གདོན་ཐམས་ཅད་འཇིག་པར་བྱེད་དོ། །གང་ཡང་འབྱུང་པོའི་རིག་སྔགས་ཀྱིས་སྨན་མར་ལ་བཟླས་པར་བྱའོ། །ས་གཙང་མར་དཀྱིལ་འཁོར་ཁྲུ་གང་པར་བྱས་ཏེ་བ་ལང་གི་ལྕི་བས་བྱུགས་ནས་འབྲས་གྲུས་པ་དཀར་པོ་ཆག་གྲུམ་མེད་པའི་སྣོད་ཀྱི་ནང་དུ་བཀང་ལ་ཡོན་དང་བཅས་པ་དེར་གཞག་གོ །དུ་བ་མེད་པའི་མེ་སྣོད་དང་བཅས་པ་དང༌། ཆུ་སྣོད་དང་བཅས་པ་དང༌། གུ་གུལ་དང༌། མར་དང༌། མེ་ཏོག་དཀར་པོ་དང༌། གཏོར་མ་དང༌། སྤོས་དང༌། དཱུར་བ་དཀར་པོ་དང༌། ཡུངས་ཀར་དང༌། བསྲེག་བླུགས་ཀྱི་རྫས་དེ་དག་ཀྱང་
བཞག་ལ། དེ་ནས་སྨན་པ་གོས་གཙང་མ་ཁ་དོག་གསུམ་དང་ལྡན་པ་འམ། ཡང་ན་གོས་དཀར་པོ་གྱོན་ཏེ་ཁ་ཤར་དུ་བལྟས་ནས་དཀྱིལ་འཁོར་གྱི་སར་འཇུག་པར་བྱ་སྟེ། གྲོ་བའི་དུམ་བུ་བླངས་ནས་གྲོ་བ་ལ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་རིག་སྔགས་གི་ཝང་གིས་བྲིས་པས་དཀྲིས་ལ་ཆོ་ག་བཞིན་དུ་བསྒྲུབ་ན་འབྱུང་པོ་དང་གདོན་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །ལག་ཤྨན་དང༌། ས་ཧ་དེ་བ་དང༌། ནཱ་ག་དན་ཏི་དང༌། ཀ་དམ་བ་ར་དང༌། ཁ་སྲལ་དང༌། ཀར་ཀ་ཏི་ཤྲིང་ག་དང༌། ཀུ་བ་ཁ་བོ་དང༌། བྷི་ཧ་ཧ་ཏི་དང༌། ཁར་ན་ས་དང༌། བེ་ཤ་ལ་དང༌། མ་ཧ་ཀི་ཤ་དང༌། ཉེའུ་ཤིང་བ་དང༌། དེ་རྣམས་བཏགས་ཏེ་རིག་སྔགས་ཀྱིས་བཏབ་ནས་གྲོ་བའི་ནང་དུ་བཅུག་སྟེ། བྱིས་པ་བྱང་ཕྱོགས་སུ་ཁ་ལྟར་བཅུག་ལ་མགུལ་དུ་གདགས་སོ། །དེ་དག་མ་འབྱོར་ན་ཟར་མའི་སྐུད་པ་སྲ་བ་ལ་མདུད་པ་བོར་ཏེ་སྔགས་བཟླས་པར་བྱའོ། །བྱིས་པ་བསྲུང་བའི་ཕྱིར་དང་པོར་རང་བྱུང་ཆེན་པོ་ལ་ཕྱག་བྱ་སྟེ། སྔོན་གྱི་དྲང་སྲོང་ཆེན་པོ་རྣམས་ཀྱིས་ཞི་བར་བྱས་པ་ཡིན་པས་གདུ་བུའི་སྲུང་བའི་སྐུད་པ་གདགས་པར་བྱའོ། །ཨིན་དྲ་པྲ་ཏི་ས་རམ་དུ་བྷྱ། ཡེ་ཙ་ཏ་ས་ནུ་ཙ་རི་ཎ། བཛྲ་རཱ་ཤ་ནི་དྷ་ར་བྷཱུ་ཏ་མེ་གྷ་བིན་དཱ་ནུ་སྭ་རི་ཎ་ཨཻ་ར་པ་ཎ། སྐན་དྷ་ག་ཏམ། ཡེ་ན་ཡ་ཏི་པཱུ་ར་ཎ་ད་རམ། ཡ་མ་བྷི་བ་ས་ཏོ་རཱ་ཛ་ཡེ་ཛ་ཏ་སྱཱ་ནུ་ཙ་རི་ཎི། མེ་ཙ་སུཾ་ཀ་རི་སྲིང་ཧོཥྞ། ག་ཛ་བ་ཛི་སཱ་མཱ་ནཱ་ནཱ། ཀཱ་ལཀྵ་ཀཱ་ལ་ཡ་སཻ་པཱ་ཤཻ་སྟམ་དཀྵ། བྷྲྀ་ཀུ་ཊི་མུ་ཁ་ཤག་ཏི་མུངྒ་ར། ཧ་སྟེ་ཙ་ཁ་ད་ག་པྲ་སཱ་དྷཱ་ར་ཤུ་ཡེ། པཱ་ཤ་རཏྣ་ཀ་རོ་རཱ་ཛ། ཏོ་བྲིད་སཱ་ག་རཱ་ལ་ཡ། ཤ་རད་པྲ་ག་ཎ་ཀ་ར། ཡོ་ཙ་ཏ་སྱན་ནུ་ཙཱ་རེ་ཎ། མ་ཧོ་ར་ནྱི་མན་ཏམ་བེ་གེ་ན། ཀྵོ་བ་ཡན་ཏི། སེ་རམ་པ་ཧི་དཱ་ནཱ་དྷཱི་པོ་བྷེ་ཤ་བྷ་ན་སརྦྦ་ཡཀྵ་དི་བོ། བཱུ་བི་ནཱ་ནཱ། ཀ་རཤྩ་ཡེ། བྷཱུ་ཏ་སྐྱེ་བ་ནུ་ཙཱ་རཱ་སཱ་དཱ། ཨཱི་དིཏྟྱ་བྷ་སཱ་བྷོ་རུ། དྲ་མ་ཏུ་ཏྲཤྩ་ཤི་ནཱ་བཱ་པཻ་ཏེ། སརྦན་མ་སཱ་ཏམ། ཨི་མམ་པྲ་ཏི་ས་ཀྲི་ཡམ། དཱིར་གཱ་མཱ་ཡཱ། ར་རོ་གན་ཙཱ། ད་བཱ་དཱ་སན་ཏུ། སན་ཏི་དེ་བྷ་ག་བཱན་བྲ་ཧྨ་སྭསྟི་ན་རཏྟ། པ་ར་བྷ་ཨུ་སྭསྟི་བེ་དཾཤྩ་ཡག་ནྱ་ཤཱ་ཨིག་ནི་ཤ་མ་ཨུ་ཙ། སྭསྟི་ཏི་ཤྲི་ཌི་ཏེ་བྷི་ར་ཧི་ལ། ཤྨི་མེ་དྷ་ཀྟ་མ་ཏྱ་ཏི། སྭསྟི་དུཥྚ་ཤྩ། བ་སུ་ཧྲཱི་བྷུད་དྷི་རེ་བ་ཙ། སྭ་སྟི་རུ་ཏྲི་བ་ཤ་བ་ཀཱ་ཤུ། སྐན་དྷ་ཤཀ་ཏི་དྷ་ར་བྷཱུ་
ཏི། སྭསྟི་དཱ་ཏ་ཙ། སུ་བརྞ་ཤྩ་མ་ཧཱ་ལ། སྭསྟི་དེ་བཱཤྩ་རཀྵཤྩ། མ་ཙཱ་དེ་བ་པཱ་མ་ག་མ། དུར་བྱ་ཧྲིད་ནི། དུཿསྭབ་ན་མ་ན་ཙི་ན་ཏི་ཏ་ན་ཙི། དུཥྚ་དྷིན་མ་བྷ་ཡཾ་ཀྲི་ཏོ། བཱ་ཙ་པྲ་ཏི་ཧི། ཏེ་མ་ཡ། རཀྵ་པྲ་ཏི་ས་རཱ། ཏྱུ་བྷྱམ། བྷ་དེ་ཡམ་བ་པཱ་གཱ་ཏེ་ནི། ནིར་བྲིད་ཏ་མ་ནི་རུ་དེ་གོ །ཛཱི་བ་བཪྵེ་ཤ་ཏམ་སུ་ཁི། སྣུམ་ཁུར་དང༌། ནས་ཀྱི་ཁུར་བ་དང༌། ཚོད་མ་དང༌། སྭསྟི་ཀ་དང༌། ཨུ་ལོ་པི་ལ་སོགས་པ་དང༌། མི་སྲི་ཀ་དང༌། ཀུར་མ་དང༌། བུ་ད་བུ་ད་དང༌། ཡུང་བ་དང༌། ཀྲི་ས་ར་དང༌། ཡ་བ་ཀ་དང༌། སྦྲང་རྩི་དང༌། ཏིལ་བཏགས་པའི་ཕྱེ་མ་དང༌། ལན་ཚྭ་དང། ཞོ་དང༌། ཟན་དྲོན་དང༌། ནིས་པ་པ་དང༌། འབྱུང་པོའི་ཟས་ཅན་དང༌། འོ་མ་དང༌། ཤ་ཁྲག་རྗེན་པ་དང༌། བཙོས་པ་དང༌། ཉ་དང༌། ཕྱེ་དང༌། ཆང་དང༌། ཨ་ས་བའི་ཆང་དང༌། དྲི་དང༌། ཕྲེང་བ་དང༌། འབྲས་བུ་དང༌། གསེར་དང༌། གུ་གུལ་དང༌། པོག་དཀར་པོའི་བདུག་པ་དང༌། བྱེའུ་རུག་པ་དང༌། ཞིམ་ཐིག་ལེ་དང༌། ནི་རྒུན་ཐི་དང༌། མེ་ཏོག་ལོ་མ་དང་བཅས་པ་དང༌། དེ་རྣམས་སྤགས་དང་བཅས་པའི་གཏོར་མ་བྱས་ལ། བྱིས་པའི་ཁྱིམ་དེ་ཉིད་ཀྱི་ཕྱོགས་བཞི་ནས་སྦྱིན་པར་བྱ་སྟེ། དེ་བཞིན་དུ་བཞི་མདོ་དང༌། སུམ་མདོ་དང༌། ལྷའི་གནས་དང༌། བ་ལང་གི་ལྷ་ས་དང༌། ཤིང་གཅིག་གི་དྲུང་དང༌། ཆུ་མིག་དང་དེ་རྣམས་ལས་ནམ་སྲོས་པའི་དུས་སུ་མར་མེ་དང་བཅས་པར་གཏང་ངོ༌། །དེ་ནས་དཀྱིལ་འཁོར་ཟླུམ་པོ་འམ། གྲུ་བཞིར་བྱས་ཏེ་བ་ལང་གི་ལྕི་བས་ལ་མ་ལྷུང་བས་བྱུགས་ལ་རྩྭ་དར་བ་དང༌། མེ་ཏོག་ཡིད་དུ་འོང་བས་བརྒྱན་ཏེ། དེའི་སྟེང་དུ་འབྱུང་པོའི་བདག་པོ་འཁོར་དང་བཅས་པ་བཀོད་ལ། འབྱུང་པོའི་ཕྱོགས་སུ་ཁ་ཤར་དུ་བདག་བལྟས་ལ། རིག་སྔགས་འདི་བརྗོད་དེ་གཏོར་མ་སྦྱིན་ནོ། །དེ་ལ་སྔགས་ནི། ཨོཾ་ན་མཿཨ་བི་བ་ར་ཀས། ན་མཿཀུ་རུང་བྷ་ཡ། ན་མ་ས་བ་ཏ་ནམ་མ་ཏྲི་ནམ་ན་མཿསྐན་ཧ་ཡ། ཧི་ལི་ཏི། མི་དྷི་ལི་ཏི། ཧི་ལིད་ཏཱ། པ་ལི་ནི་སྭཱ་ཧཱ། དེ་ནི་བཞུགས་སུ་གསོལ་བ་དང༌། བུད་མེད་ཀྱི་གཟུགས་ཅན་གྱི་གདོན་སྤྱན་དྲངས་པ་ཡང་ཡིན་ནོ། །སྔགས་དེས་ཁྱོར་བ་གང་གི་ཆུ་ལ་ལན་བདུན་བཟླས་བརྗོད་བྱ་སྟེ། བདག་གི་ལུས་ལ་གཏོར་ན་བདག་ཉིད་
བསྲུང་བ་བྱས་པར་འགྱུར་རོ། །གདོན་དེ་རྣམས་འདུས་པ་དང་གཏོར་མ་ལ་སོ་སོའི་བདེན་པའི་དམོད་པ་དང་ལྡན་པའི་སྔགས་འདི་བརྗོད་པར་བྱ་སྟེ། པྲ་ཛ་བ་ཏོ་ཙ་ཡ་སྱ་ཏྱམ། ཨ་མི་རི་ཤཱ་རི། དྷརྨ་རཱ་ཛཱ་ཡ་སྱ་ཏྱམ། ཡ་ཙ་སྱ་ཏྱམ། ཏ་པ་སི་ཤུ། དྷཱ་ནཱ་དྷཱི་པ་ཏི་ཡ་ཚ་ཏྱམ། ཛཱ་ལཱ་དྷཱི་པེ། ཡ་སྱ་ཏྱམ། ཨག་ནི་ཧོ་ཏྲེ་ཤུ། སྱ་ཏྱམ་ཡཾ་ཤྲཱི་ཏི་ཡེ་ཤུད་ཙ། པ་ཧི་བྲ་ཧ། སུ་ཡཾ་སྱ་ཏྱམ། ཨི་ཤཱི་རི་ཙ་མ་ཧཱདྨ་ནི། ཨ་ཏེ་ཏུ་སྱ་ཏྱམ་སྱད་ཏྱ་བས་མ་ཡེ་གྷུ་ཧེ་ཀ་སེཏྱ་ཏི་ན། དར་ཤ་ཡ་དྲ་མ་སྭ་རུ་པཱ་ཎི། སྱ་ཏྱམ་རཀྵ་ཏེ་སརྦ་ཤི། ཨ་མན་ཏྲི་ཏྲ་མ་ཡ་སྱོ་མྱ། སྱ་མྱ་རུ་པ་པྲ་ཏཱིཙྪ་ད། བ་ལཱི་ཚ་སུ་པ་ཧྲི་ཏྲམ་སརྦ་སརྦ་ཀོ་མ་ཀ་གྲ་ཧེ། དར་ཤ་ཡ་དྭ་མསྭ་རུ་པཱ་ཎི། བ་ལན་ཙ་པྲི་ཏི་གྲ་ཡ་སྟམ། དེ་ནས་དེའི་འོག་ཏུ་མཉམ་པར་བཞག་སྟེ། རིགས་ཀྱི་གསང་སྔགས་འདི་བརྗོད་དོ། །ཨོཾ་ལ་ནི་ལཱ། ཁཱ་ལཱ་ཁཱ་ལཱ། ན་གུ་ལ་གྲ་ཧ་ཀཱ་རི་ཀ་སེ་ནཱ་ནུ་སེ་ན། མཱ་ཏཱ་ཙ་མ་ཧཱ་སེ་ན་ཡ་ཤ་སྭ་ནི། ཀྲི་ཏ་མཱ་ལཱ་ཀྵ་ཏ་ཤར། ཨེ་ཏཱ་སྟུ་གྲ་ཧ་མ་ཏ་ར། ཀུ་མཱ་ར་བ་ཙ་ནཱ་ཤྲི་གྲམ་པྲ་མུན་ཙན་དུ་ཤི། ཤུ་མ་ཏི་མཱ་མ། ཀ་ལ་ཀ་ལ་པོ་ཛ་ལ་ཤ་ཀ་ཏི། ཀིང་ཀི་ནི་ཛྭ་ལ་བྷུ་ཤི་ཏ། ཀུ་མཱ་ར་བཱ་ཙ་ནཱ། ཧུ་ཏི་མ། སཾ་བྲ་ཏ་མུ་ཙ་ཏམ་ཤི་ཤུ། པ་ཏ་ཀ་ཀུར་ཀུ་ཊ་ཚ་ཊམ། གན་དྷ་བ་ར་ཧྲི་ད་ར་ཤི་ཁཱི་ཤ་ར་སྟམ་བཤྩ་ཏེ། མུ་ཏྲ་མུད་ཙ་ཏ་མཱ་ཏུ་ར་ཤི་ཤུ་གན་ད་དྷུ་པ་མཱ་ལྱཾཙྪ། ཀུ་མཱ་ར་ཏེ་པྲ་ཡཙྪ་ཏྲི། ནསྠ་ཏ་བྱམ་ཏད་གྲ་ཡ། སྭཾ་གཱ་ཏི་མ་གྷ་ཙ་མ་ཙི་རམ། ད་ཏྲ་སརྦ་ཀུ་མཱ་ར་ནམ་སཾ་ག་ཏ་གན་མཱ་ད་ནེ། རཀ་ཏེརྦ་ཙ་པ་ཏ་རཀྟ་ཤུ་ག་ནི་བ་ས་ནི། ཀུ་མཱ་ར་སྱ་ཁ་ཡམ་ཏ་ཏྲི། ཡཱ་ཏ་བ་ལམ་བི་མུན་ཙ་ཏ་ཤན་མུ་ཁདྷ་ཤ་ཀྵོ། བེ་ཏྲ་སི་ཀ་ལེ་དོ་བར། བི་ར་ཀུ་མཱ་རི་དི་བ་ཏི། སྟེ་བ་པུསྟོ་བི་ཤི་དྱ་ཏྱམ་བྲ་ཧ་མ་ནོ་བྲ་ཧྨ་ནོ་བྲ་ཧྨ་ན་ནན་ཏྲུ། སརྦ་བེ་དི་བ་ད་མཱ་པར། ཡཀྵ་རཱཀྵ་ས་ནཱ་གཱ་ནཱཾ་གན་དྷ་ར་བཱ་ཨ་སུ་ར་ཡོ་ར་པི། པི་ཤཱ་ཙ་བྷཱུ་ཏ་སཾ་ག་ནཱ་མ། བྱ་ད་མི། ཙཱ་མཱ་རི་ཤཱ་རཱ། ཨག་ནྱ་པ་ཡ་ཏི་སྐན་དྷོ། ག་མྱ་ཏྲཱ་མཱ་ག་ན་ད་མ་ད་ནཱམ། གྲོ་ཧོ་ཡ་ཀོ་པ་ཡོད་ད་ཉམ། ཀུ་མཱ་ར་སྭ་ཡ་ཤསྦི་ནི། རྟ་ན་ཙུ་ཏ་ས་བྲེཀྵ་བྲི་མ་བྷ་ཡ་པ་རི་ཤ་དྷོ་བྷ་བེད། །དེ་ལྟར་གཏོར་མ་བཏང་བའི་འོག་ཏུ་མེ་ལ་སྦྱིན་སྲེག་གིས་མཆོད་པར་བྱ་སྟེ། དེ་ཡང་བཅའ་བ་དང༌། བཟའ་བ་དང༌། མེ་ཏོག་ལ་སོགས་པ་སེར་སྐྱ་དང༌། དམར་པོ་ལ་སོགས་
པ་རྣམ་པ་སྣ་ཚོགས་དང༌། དྲི་རྣམ་པ་སྣ་ཚོགས་དང༌། གུ་གུལ་གྱི་བདུག་པ་དང༌། སེང་ལྡེང་ལ་སོགས་པའི་ཡམ་ཤིང་བྱའོ། །ཡང་ན་ཙན་དན་གྱི་ཤིང་གིས་བྱ་སྟེ། དེ་ཡང་གྲངས་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། །གདོན་ཐམས་ཅད་ལས་གྲོལ་བར་བྱེད་པའི་མེ་དབྱུག་པ་ལྟ་བུ་ཞེས་བྱ་བའི་རིག་སྔགས་བརྗོད་པར་བྱ་སྟེ། ཨོཾ་བྲ་ཧྨ་བྱ་ཏ་ན་ལམ་དེ་བམ། ཧ་སྱག་བྱ་པ་ཏི་ཙམ་ཀམ། དེ་བ་ན་ས་པྲ་མུ་ཁ་མ་སྭ་ཏི་སྭཱ་ཧཱ། ཨ་བ་ཧཱ་ར་ཧཱུ་ཛམ། ས་ཧི་བད་ཏྱམ་ཧ་ན་ཏན་སི། པཱ་དཱ་ཀ་ས་བཀྵ་ན། ཏྭམ་ཡག་ཉཤྩ། ཡུ་པཤྩ། ཏྭ་མ་ཧི་དྷ་ར་མ་བ་ཏང༌། ག་ཏི་ཧི་རན་ནྱ་རཱ་ཏཱ་དེ་བསྟཱམ། ཏྭམ་ཧི་བེ་དང་བི་དང་ག་ཏི། དུར་ཁྲི་ཏཱ་ནཱ་མ། བི་ནཱ་ཡ་ཤ་ཡཱ་ཏྭམ། ཧི་ཨུད་པ་ད་ཏི་སུ་རེ། ད་ཧ་ས་གྲ་ཧ་དེ་བ་ཏྭམ། ཨི་དམ་དུཥྚ་ས་བྲི་གྲ་ཧ། ཨག་ན་ཡེ་སྭཱ་ཧཱ། ཏྭམ་ཏི་ཤཱན་ཏི་ཀ་རོ་བན་ནི། སྟམ་མ་རུ་ཏ་རོ་དན། ཧ་རི་པྲ་དཱ་ན་གྷ་དི་རི་ཤི་།དཱི་མཱ་མ་ནི་གྲི་ཧྱ་གུ་ཧྱམ་ཀམ། ཨུད་མ་ད་ཡ་ཏི། ཏེ་ཛ་སྭ་ཙཱ། ན་མཿཤ་མ་ཙཱི་ཏིང་ཀུ་རུ། དུཥྚི་གྷཱ་བྷ་རསྣ་སྟམ། སྭམ་སྭརྦོ་པ་དྲ་བེ་ཤུ་ཙ། ཡཱ་ཀྲི་ཏྲི་ན་ཧོ་མྱེ་ན་ཤི་གྷྲ་མ་ཤཱན་ཏི་པྲཛྙཱ་ཡ་དེ་ཨ་ཧི་བྷན་ཏི་དེ་བ་ནཱ་མ། ཏྭམ་ཧི་བག་ཏྲམ་པུ་ར་ཏ་ནཱམ། ཏེ་ན་ས་ཡ་ཏེ་ན་དེ་བཱ་ཤང༌། ཨི་མ་སཱ་དྷ་ཡ། མེ་གྲ་ཧམ། ན་མསྟུ་ཏེ་བྱ་བཱ་ཧ་དན་དི། ད་ཧ་ད་ཧ། དར་ཤ་ཡ་དར་ཤ་ཡ་ཏེ་ཛ་ཏེ་ཛ་མོ་ཊ་ཡ་མོ་ཊ་ཡ། ཨ་པསྨ་ར་མུད་གྷ་ཊ་ཡ། ཀུ་མཱ་ར་བི་ཤཱ་ཙ། རི་བ་ཏི་རོ་ད་ན་ཏྲཱ་ས་ན། ཀམ་པ་ན། ཨུད་ཀམ་པ་ན། པཱི་ཛྲ་བད་དེ་བ་ཡཀྵ་གན་དྷར་བ། བྷུ་ཏཱ་ནཱམ། ནཱ་ག་རཀྵ་ས། སན་དར་ཛ་ན། བྷཎྜ་ན། བི་དྷུ་གྲ་སར་ཡ། བྷ་ན་བྷ་ནཱ། ཨག་ནི་དྷནྟྲ། ཨག་ནི་བཱིཏྱ་ན་མ་ཏེ། ཛྲ་ས་སྭ་ན། ཨུན་མཱན་ད་ཡ་སྭཱ་ཧཱ། བྷུར་བྷུ་ཝཱ་ཡ་སྭཱ་ཧཱ། དི་བ་ཏ་ཏེ་ཛ་ས་སྭཱ་ཧཱ། ཧ་བྱ་བཱ་ཧ་ན་ཡ་སྭཱ་ཧཱ། ཡ་མ་ཡེ་སྭཱ་ཧཱ། སྦྱིན་སྲེག་འདིས་ནི་བྱིས་པའི་གདོན་མཐའ་དག་འཇིག་པར་བྱེད་དོ། །དེ་བཞིན་དུ་གཏོར་མ་དང༌། སྦྱིན་སྲེག་དང༌། བདུག་པ་དང༌། ཁྲུས་ཀྱི་ཚུལ་སྔགས་ཀྱི་རྒྱུད་རིག་སྦྱར་བར་བྱའོ། །བུ་ཏི་ཀ་རཉྫའི་ཤུན་པ་དང༌། འོ་མ་ཅན་གྱི་ཤིང་གི་ཤུན་པ་དང༌། ལོ་མ་དང༌། ཀུ་བ་དང༌། བི་ལ་ཤ་དང༌། སྱོ་ན་ཀ་དང༌། བིལ་བ་དང༌། ཀ་པིད་ཐ་དང༌། དེ་རྣམས་ཆ་མཉམ་སྟེ་ནུབ་མོ་བསྐོལ་ལ་བྱིས་པ་རྣམས་ལ་ནུབ་མོ་ཁྲུས་བྱས་ན་
ཤིས་པ་ཡིན་ནོ། །གཞན་དུ་ན་གདོན་གྱིས་ཟིན་པ་ལས་བླ་བརྣན་གྱི་ནད་ལྡན་པ་ལྟ་བུའི་ནད་གསོ་བ་བྱུང་ན་ནི། བྱིས་པའི་ནད་གསོ་བ་ལས་བཤད་པའི་སྨན་གྱི་སྦྱོར་བ་རྣམས་བྱའོ། །བྱིས་པ་གདོན་གྱིས་ཟིན་པ་གསོ་བའི་ལེའུ་གསུམ་པ་རྫོགས་སོ།། །།དེ་ནས་གདོན་གྱི་དམིགས་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་སྟེ། ཐོག་མར་སྨན་པས་ནད་པའི་ཤེས་པ་དང༌། སྨྲ་བ་དང༌། སྤྱོད་པ་དང་སྟོབས་ཅི་འདྲ་བ་ལས་གདོན་གྱི་རྟགས་ཤེས་པར་བྱ་སྟེ་བརྗོད་པར་བྱའོ། །དེ་ཡང་སྐྱེས་བུ་གང་གིས་སྤྱོད་ཚུལ་དང༌། རང་བཞིན་དང༌། འགྲོ་བ་དང། བྱེད་པ་རྣམས་ལྷ་དང༌། ལྷ་མ་ཡིན་དང༌། དྲི་ཟ་ལ་སོགས་པ་གང་གི་རྟགས་དང༌། མཐུན་པར་བྱེད་པ་དེའི་མཚན་ཉིད་ཤེས་པར་བྱ་སྟེ་བརྟག་གོ །དེ་ལ་ལྷ་དང་ལྷ་མ་ཡིན་ལ་སོགས་པ་གདོན་གྱི་རིགས་རྣམ་པ་བཅྭ་བརྒྱད་ཡོད་དོ། །དེ་དག་ཀྱང་རྒྱུ་མེད་པར་ནི་གདོན་འཇུག་མི་ནུས་ཏེ། རྒྱུ་དེ་ཡང་གང་ཞེ་ན། འཕྲལ་གྱི་རྐྱེན་དང༌། སྔོན་གྱི་ལས་ལས་གྱུར་པ་ཡིན་ཏེ། དེ་ཡང་ཤེས་རབ་ཉམས་པས་ཆགས་པ་དང༌། ཞེ་སྡང་དང༌། གཏི་མུག་ལ་སོགས་པ་ཤས་ཆེར་སྐྱེས་པ་དང༌། ཆོས་ལུགས་ཉམས་པར་བྱས་པ་དང༌། བརྟུལ་ཞུགས་ཉམས་པ་དང༌། སྤྱོད་ལམ་ལོག་པར་བྱེད་པ་དང༌། བླ་མ་ལ་སོགས་པ་མཆོད་པར་འོས་པ་ལ་མི་མཆོད་པ་དང༌། བདག་ཉིད་ཀྱི་གཞུང་ལུགས་ཉམས་པར་བྱས་པ་དང༌། བདག་ཉིད་གསོད་པར་བྱེད་པ་དང༌། རྒྱུ་དེ་དག་བྱས་པས་གདོན་གྱིས་གླགས་རྙེད་དེ་སྐྱེས་བུའི་ལུས་ལ་འཇུག་ཅིང་གནོད་པར་བྱེད་དོ། །གཞན་ཡང་གདོན་གྱིས་གླགས་རྙེད་པར་བྱེད་པའི་རྒྱུ་ནི་སྡིག་པའི་ལས་རྩོམ་པ་དང༌། སྔོན་མི་དགེ་བའི་ལས་བྱས་པ་དང༌། བདག་ཉིད་གཅིག་པུར་གྲོགས་མེད་པར་ཁང་སྟོང་དང༌། དུར་ཁྲོད་དང༌། བཞི་མདོ་དང༌། མཆོད་རྟེན་ལ་སོགས་པའི་དྲུང་དུ་མཚན་མོ་བརྟེན་ཅིང་གནས་པ་དང༌། མཚན་མོ་གཅེར་བུར་རྒྱུ་བ་དང༌། དེ་བཞིན་དུ་བླ་མ་མཆོད་པར་འོས་པ་སྨོད་པ་དང༌། དུས་དང་ཆོ་ག་མ་ཡིན་པར་འཁྲིག་པ་སྤྱོད་པ་དང༌། མི་གཙང་བས་ལྷ་མི་མཉེས་པར་བྱེད་པ་དང༌། གཞན་གྱི་བུད་མེད་བུ་བཙས་མ་ཐག་པ་ལ་འདྲེས་པར་སྤྱོད་པ་དང༌། སྦྱིན་སྲེག་དང༌། སྔགས་
དང། གཏོར་མ་དང༌། མཆོད་པ་ལ་སོགས་པ་ལ་ཡོ་བྱད་མི་འབྱོར་བ་དང༌། མདོར་ན་མདོའི་གནས་སུ་ཉིན་པར་གྱི་སྤྱོད་ལམ་བསྟན་པ་ལོག་པར་བྱེད་པ་ལས་གདོན་འཇུག་ཅིང་གནོད་པར་བྱེད་པ་ཡིན་ནོ། །དེ་ལ་ལྷའི་གདོན་ནི་ཟླ་བ་ཡར་ངོའི་ཚེས་གཅིག་དང༌། ཚེས་བཅུ་གསུམ་ལ་མི་ལ་འཇུག་པར་འགྱུར་རོ། །ལྷ་མ་ཡིན་གྱི་གདོན་ནི་ཡར་ངོའི་ཚེས་བཅུ་གསུམ་དང་མར་ངོའི་བཅུ་གཉིས་ལ་འཇུག་པར་འགྱུར་རོ། །དྲི་ཟའི་གདོན་ནི་ཚེས་བཅུ་བཞི་དང་བཅུ་གཉིས་ལ་འཇུག་གོ །ཀླུའི་གདོན་ནི་ཚེས་ལྔ་ལ་འཇུག་པར་འགྱུར་རོ། །གནོད་སྦྱིན་གྱི་གདོན་ནི་ཟླ་བ་ཡར་ངོའི་ཚེས་བདུན་དང་བཅུ་གཅིག་ལ་འཇུག་པར་འགྱུར་རོ། །ཚངས་པའི་སྲིན་པོའི་གདོན་ནི་ཡར་ངོའི་ཚེས་ལྔ་དང༌། ཚེས་བརྒྱད་དང༌། བཅོ་ལྔ་ལ་འཇུག་པར་འགྱུར་རོ། །སྲིན་པོ་དང་ཤ་ཟའི་གདོན་ནི་ཟླ་བ་མར་ངོའི་ཚེས་གཅིག་དང་དགུ་དང་བཅུ་གཉིས་ལ་འཇུག་པར་འགྱུར་རོ། །ཡི་དྭགས་ཀྱི་གདོན་ནི་གནམ་སྟོང་དང་ཚེས་བཅུ་ལ་འཇུག་པ་ཡིན་ནོ། །བླ་མ་རྒན་པ་ལ་སོགས་པས་སྨོན་པ་བྱས་པ་ལས་བྱུང་བའི་གདོན་ནི་ཕལ་ཆེར་ཚེས་བརྒྱད་དང་དགུ་ལ་འཇུག་གོ །གདོན་དེ་དག་ཀྱང་ཕལ་ཆེར་ནམ་སྲོས་པའི་དུས་སུ་འཇུག་པ་ཡིན་ནོ། །དེ་ལ་སྐྱེས་བུའི་ལྷའི་གདོན་གྱིས་ཟིན་པའི་རྟགས་ནི་བཞིན་མདངས་པད་མ་ཁ་བྱེ་བ་ལྟ་བུར་འདུག་པ་དང། ཞི་བའི་མིག་ཏུ་ལྟ་བ་དང༌། མི་ཁྲོ་བ་དང༌། སྨྲ་བ་ཉུང་བ་དང༌། རྡུལ་དང་བཤང་གཅི་འབྱུང་བ་དང༌། ཟས་མི་འདོད་པ་དང༌། ལྷ་དང་བྲམ་ཟེ་ལ་མཆོག་ཏུ་འཛིན་པ་དང༌། གཙང་སྦྲ་ཆེ་བ་དང༌། སཾ་སྐྲྀ་ཏའི་སྐད་དུ་སྨྲ་བ་དང༌། ཡུན་རིང་པོ་ནས་མིག་འབྱེད་པ་དང༌། ལུས་དྲི་ཞིམ་པ་དང༌། གཞན་ལ་མཆོག་སྟེར་ཞིང་བཀྲ་ཤིས་པ་ལ་སོགས་པའི་ཚིག་སྦྱིན་པ་དང༌། ཕྲེང་བ་དང༌། གོས་དཀར་པོ་དང༌། འབབ་ཆུ་དང༌། རི་བོ་དང༌། ཁང་པ་མཐོན་པོ་ལ་དགའ་བ་དང༌། གཉིད་མེད་པ་དང༌། གཞན་ལ་གནོད་པ་མི་བྱེད་པ་དང༌། མཚན་མ་དེ་དག་དང་ལྡན་ན་ལྷས་དབང་དུ་བྱས་པ་ཡིན་ནོ། །དེ་ལ་ལྷ་མ་ཡིན་གྱི་གདོན་གྱིས་ཐེབས་པའི་རྟགས་ནི། མིག་ཡོན་པོར་ལྟ་བ་དང༌། རང་བཞིན་མ་རུངས་པ་དང༌། ལྷ་དང༌། བླ་མ་དང༌། བྲམ་ཟེ་རྣམས་ལ་ཞེ་སྡང་བ་དང༌། འཇིགས་པ་མེད་པ་དང༌། རིམས་ཀྱིས་སྙེམས་པ་དང༌། དཔའ་ཞིང་བརྟན་པ་དང༌། ཁྲོ་བ་ཅན་དང༌། རྩོལ་བ་ཞེན་པ་དང༌། དྲག་
པོ་དང། སྐེམ་བྱེད་དང༌། ཁྱབ་འཇུག་དང༌། དབང་པོ་ཡང་བདག་ཡིན་ནོ། །ཞེས་སྨྲ་བ་དང༌། ཤ་དང་ཆང་ལ་དང་ཅིང་དགའ་བ་ནི་ལྷ་མ་ཡིན་གྱི་གདོན་ཡིན་ནོ། །དྲི་ཟའི་གདོན་གྱིས་ཐེབས་པའི་རྟགས་ནི། རང་གི་སྤྱོད་པ་ལ་དགའ་ཞིང་ལུས་དྲི་ཞིམ་པ་དང༌། རྟག་ཏུ་སྙིང་དགའ་ཞིང་གླུ་གར་ལ་དགའ་བ་དང༌། དེ་བཞིན་དུ་ཁྲུས་དང༌། སྐྱེད་མོས་ཚལ་དང༌། གོས་དང་ཕྲེང་བ་ལ་དགའ་ཞིང་བྱུག་པ་དམར་པོ་ལ་མོས་པ་དང༌། སྒེག་པ་དང༌། འགྱིང་བ་འདོད་པ་ནི་དྲི་ཟའི་གདོན་གྱིས་ཟིན་པའི་རྟགས་སོ། །ཀླུའི་གདོན་གྱིས་ཟིན་པའི་རྟགས་ནི། མིག་དམར་བ་དང༌། ཁྲོ་བའི་ངང་ཚུལ་དང༌། མིག་ཧར་ཧར་པོར་བགྲད་པ་དང༌། ཡོན་པོར་འགྲོ་བ་དང༌། མི་བརྟན་ཞིང་འགུལ་བ་དང༌། རྒྱུན་དུ་དབུགས་རྒོད་པ་དང༌། ལྕེ་ཡང་ནས་ཡང་དུ་འབྱིན་པ་དང༌། ཁའི་གྲ་ལ་ལྕེས་བྱུག་པ་དང༌། འོ་མ་དང༌། བུ་རམ་དང༌། ཁྲུས་ལ་དགའ་བ་དང༌། ཁ་བུབ་ཏུ་ཉལ་བ་དང༌། གདུགས་མཐོང་ན་འཇིགས་པ་སྟེ་དེ་ནི་ཀླུའི་གདོན་གྱིས་ཟིན་པའི་དབང་དུ་བྱས་པའོ། །གནོད་སྦྱིན་གྱི་གདོན་གྱིས་ཟིན་པའི་རྟགས་ནི། མིག་བགྲད་ཅིང་དམར་ལ་འབུར་བ་དང༌། ལུས་དྲི་ཞིམ་པ་དང༌། གཟི་མདངས་ཤིན་ཏུ་བཟང་བ་དང༌། གར་དང༌། གཏམ་དང༌། གླུ་དང༌། ཁྲུས་དང༌། ཕྲེང་བ་དང༌། བྱུག་པ་ལ་དགའ་བ་དང༌། ཉ་དང་ཤ་ལ་སྲེད་པ་དང༌། སྤྲོ་བ་དང༌། དགའ་བ་ཆེ་བ་དང༌། སྟོབས་ཆེ་བ་དང༌། ནད་མེད་པ་དང༌། ལག་པའི་རྩེ་མོ་འགུལ་ཞིང་ཁྱེད་ཅག་རྣམས་ལ་ནོར་ལ་སོགས་པ་ཅི་ཞིག་སྦྱིན་ཞེས་སྨྲ་བ་དང༌། གསང་བའི་ཚིག་མི་ཐུབ་པ་དང༌། སྨན་པ་དང༌། བྲམ་ཟེ་ལ་སྤྱོད་པ་དང༌། ཁྲོ་བག་ཆུང་བ་དང༌། འགྲོས་མྱུར་བ་དང༌། འདི་དག་ནི་གནོད་སྦྱིན་གྱི་གདོན་གྱིས་ཟིན་པའི་རྟགས་སོ། །ཚངས་པ་སྲིན་པོའི་གདོན་གྱིས་ཟིན་པའི་རྟགས་ནི། དགོད་ཅིང་གར་ལ་དགའ་བ་དང༌། ལས་དྲག་པོ་བྱེད་པ་དང༌། རྒྱུ་མེད་པར་རྡེག་པ་དང༌། དམོད་པ་དང་བཅས་པའི་ཚིག་ངན་པ་སྨྲ་བ་དང༌། འགྲོས་མྱུར་བ་དང༌། ལྷ་དང༌། བྲམ་ཟེ་དང༌། སྨན་པ་ལ་སྡང་བ་དང༌། ཤིང་ངམ་མཚོན་ལ་སོགས་པས་བདག་ཉིད་ལ་བསྣུན་པ་དང༌། ཀྭ་ཡེ་ཀྭ་ཡེ་ཞེས་བོད་བར་སྨྲ་པ་དང༌། བསྟན་བཅོས་དང་རིག་བྱེད་
སྔོན་ཐོས་པ་འདོན་པ་དང༌། དེ་དག་ནི་ཚངས་པའི་སྲིན་པོའི་གདོན་གྱིས་ཟིན་པའི་མཚན་མའོ། །སིན་པོའི་གདོན་གྱིས་ཟིན་པའི་རྟགས་ནི་ཁྲོ་མིག་ཏུ་ལྟ་བ་དང༌། ཁྲོ་གཉེར་དང་ལྡན་པ་དང༌། རྟབ་བག་ཏུ་བྱེད་པ་དང༌། གཞན་ལ་རྡེག་པ་དང༌། རྒྱུག་ཅིང་འགྲོ་བ་དང༌། སྐད་ཀྱི་བོར་འདོན་པ་དང༌། གདོང་འཇིགས་སུ་རུང་བ་སྟོན་པ་དང༌། ཁ་ཟས་མ་ཟོས་ཀྱང་སྟོབས་དང་ལྡན་པ་དང༌། གཉིད་མེད་པ་དང༌། མཚན་མོ་རྒྱུ་བ་དང༌། ངོ་ཚ་མི་ཤེས་པ་དང༌། གཙང་སྦྲ་མེད་པ་དང༌། དཔའ་བ་དང༌། མ་རུངས་པའི་ལས་བྱེད་པ་དང༌། ཚིག་རྩུབ་པོ་སྨྲ་བ་དང༌། ཁྲོ་བ་དང༌། ཁྲག་དང༌། ཕྲེང་བ་དམར་པོ་དང། བུད་མེད་དང༌། ཤ་དང་ཆང་ལ་དགའ་བ་དང༌། ཁྲག་གམ་ཤ་མཐོང་ན་རྐན་གཏོག་ཅིང་མཆུ་བལྡག་པ་དང༌། ཁ་ཟས་ཟ་བའི་དུས་སུ་དགོད་པ་དང༌། འདི་དག་ནི་སྲིན་པོའི་གདོན་གྱི་མཚན་མའོ། །ཤ་ཟའི་གདོན་གྱིས་ཟིན་པའི་རྟགས་ནི། སེམས་ཐ་མལ་པར་མི་འདུག་པ་དང༌། ས་གཅིག་ལ་མི་གནས་པ་དང༌། ཀུན་ཏུ་རྒྱུག་པ་དང༌། ཟས་ཀྱི་ལྷག་མ་དང༌། གླུ་དང༌། གར་དང༌། ཤ་དང་ཆང་རྣམས་ལ་དགའ་བ་དང༌། དམོད་མོ་དང་བཅས་པའི་ཚིག་ངན་པ་སྨྲ་བ་དང༌། བཞིན་མདོག་ཞན་པ་དང༌། རྒྱུ་མེད་པར་དུད་མོ་འདེབས་ཤིང་སེན་མོས་ལུས་འབྲུད་པ་དང༌། ལུས་རྩུབ་པ་དང༌། སྐད་ཉམས་པ་དང༌། བདག་སྡུག་གོ་ཞེས་སྨྲེ་སྔགས་འདོན་པ་དང༌། འབྲེལ་པ་དང་མི་འབྲེལ་བའི་ཚིག་ཏུ་སྨྲ་བ་དང༌། དྲན་པ་ཉམས་པ་དང༌། གནས་ལ་དགའ་བ་དང༌། མི་བརྟན་པ་དང༌། གཅེར་བུར་བྱུང་བ་དང༌། དྲི་མ་ཅན་དང༌། སྲང་ཁན་འདུག་པའི་གོས་ཅི་སྙེད་པ་གོན་པ་དང༌། རྩྭ་ཕྲེང་བར་བྱས་ནས་ལུས་ལ་བརྒྱན་པ་དང༌། ཤིང་ལ་རྟ་ཟེར་ཏེ་བཞོན་པ་དང༌། མི་གཙང་བ་ལུད་ཕུང་གི་སྟེང་དུ་འདུག་པ་དང༌། ཟས་མང་དུ་ཟ་སྟེ་འདི་ནི་ཤ་ཟའི་གདོན་གྱིས་ཟིན་པའི་མཚན་མའོ། །ཡི་དྭགས་ཀྱི་གདོན་གྱིས་ཟིན་པའི་རྟགས་ནི། གཟུགས་དང་བྱ་བ་དང་དྲི་ཡི་དྭགས་དང་འདྲ་ཞིང་འཇིགས་སྐྱེན་པ་དང༌། ཟས་མི་འདོད་པ་དང༌། རྟག་ཏུ་རྩྭ་གཅོད་པ་སྟེ། འདི་དག་ནི་ཡི་དྭགས་ཀྱི་གདོན་གྱིས་ཟིན་པའི་མཚན་མའོ། །གྲུལ་བུམ་གྱི་གདོན་གྱིས་ཟིན་པའི་རྟགས་ནི། ཚིག་མང་པོ་སྨྲ་ཞིང་གླལ་བ་དང༌། གདོང་ནག་བ་དང༌། མི་སྡོད་པར་འགྲོ་བ་དང༌།
རང་གི་རླིག་པ་ཆེར་སྐྲངས་ཤིང་འཕྱང་བ་ནི་གྲུལ་བུམ་གྱི་གདོན་གྱི་མཚན་མའོ། །བྱད་སྟེམས་ཀྱི་གདོན་གྱིས་ཟིན་པའི་རྟགས་ནི། ཤིང་དང་བོང་བ་ཐོགས་ཤིང་འགྲོ་བ་དང༌། སྲང་ཁའི་ཕྱག་དར་གྱི་དུམ་བུ་གྱོན་པ་དང༌། གཅེར་བུར་རྒྱུག་པ་དང༌། ལྷག་མིག་ཏུ་ལྟ་བ་དང༌། རྩྭའི་རྒྱན་བྱེད་པ་དང༌། དུར་ཁྲོད་དང༌། གནས་སྟོང་པ་དང༌། སྲང་དང༌། ཤིང་གཅིག་གི་དྲུང་དུ་བརྟེན་པ་དང༌། ཏིལ་གྱི་ཟས་དང༌། ཤ་དང་ཆང་ལ་ཆགས་པ་སྟེ་འདི་ནི་བྱད་སྟེམས་ཀྱི་གདོན་གྱིས་ཟིན་པ་ཡིན་ནོ། །གཡེངས་བྱེད་ཀྱི་གདོན་གྱིས་ཟིན་པའི་རྟགས་ནི། ཚིག་རྩུབ་པ་སྨྲ་བ་དང༌། ཟས་མི་འདོད་ཅིང་ཆུ་ཉེ་ཚེ་སློང་བ་དང༌། སྡངས་ཤིང་མིག་དམར་བས་ལྟ་བ་དང༌། ཚིག་དྲག་པ་སྟེ། འདི་ནི་ཨཽ་ཀི་ར་ཎ་ཞེས་བྱ་བའི་གདོན་གྱིས་ཟིན་པའི་མཚན་མའོ། །རོ་ལངས་ཀྱི་གདོན་གྱིས་ཟིན་པའི་རྟགས་ནི། དྲི་དང་ཕྲེང་བ་ལ་དགའ་བ་དང༌། ཚིག་བདེན་པར་སྨྲ་བ་དང༌། ཚིག་ཡོངས་སུ་འདར་བ་དང༌། གཉིད་ཆེ་བ་ནི་རོ་ལངས་ཀྱི་གདོན་གྱིས་ཟིན་པ་ཡིན་ནོ། །སྔོན་གཉེན་ཤི་བ་འདྲེར་གྱུར་པའི་གདོན་གྱིས་ཟིན་པའི་རྟགས་ནི། མཐོང་བ་མི་གསལ་བ་དང༌། བཞིན་ཞན་པ་དང༌། རྐན་བསྐམས་པ་དང༌། མིག་དང་རྫི་མ་འགུལ་བ་དང༌། གཉིད་ཆེ་བ་དང༌། མེའི་དྲོད་ཆུང་བ་དང༌། གཡོན་ཕྱོགས་སུ་གོས་གྱོན་པ་དང༌། ཏིལ་དང༌། ཤ་དང༌། བུ་རམ་ལ་དགའ་བ་དང༌། ཚིག་འཁྲུལ་བ་དང༌། འདི་ནི་སྔོན་གྱི་གཉེན་ཤི་བའི་གདོན་གྱིས་ཟིན་པའི་མཚན་མའོ། །བླ་མ་དང་རྒན་པ་དང་གྲུབ་པ་རྣམས་ཀྱི་དམོད་པ་ལས་བྱུང་བའི་གདོན་གྱིས་ཟིན་པའི་རྟགས་ནི། སྤྱོད་ལམ་དང་ཟས་ལ་སོགས་པ་གདོན་སོ་སོའི་རྟགས་དང༌། ཇི་ལྟར་མཐུན་པ་ཡིན་པ་དེ་ལྟར་ངོས་གཟུང་བར་བྱའོ། །མདོར་ན་བྱིས་པའི་ཚོགས་ཀྱི་རྗེས་སུ་འབྲང་བའི་གདོན་དང་གཅེར་བུར་འདུག་ཅིང་སྐྲ་གྱིན་དུ་བརྫེས་པ་དང༌། སེམས་སྡུག་བསྔལ་གྱིས་གདུངས་པ་དང༌། ཡུན་རིང་པོར་གདོན་གྱིས་ཟིན་པ་ནི་སྤང་བར་བྱའོ། །གདོན་གྱི་དམིགས་བསྟན་པའི་ལེའུ་སྟེ་བཞི་པ་རྫོགས་སོ།། །།དེ་ནས་གདོན་ནད་དེ་དག་གསོ་བའི་ལེའུ་བརྗོད་པར་བྱ་སྟེ། གང་གིས་ལུས་ལ་འཁྲིག་པ་དང་གཏོར་མ་ལ་སོགས་པ་འདོད་པའི་གདོན་རྣམས་ཀྱིས་མི་གཙེ་བར་འདོད་པ་རྣམས་ཀྱིས་བཟླས་བརྗོད་དང༌། སྦྱིན་སྲེག་དང༌།
གཏོར་མ་དང༌། བརྟུལ་ཞུགས་དང༌། དཀའ་ཐུབ་དང༌། ཚུལ་ཁྲིམས་དང༌། བསམ་གཏན་དང༌། སྦྱིན་པ་དང༌། ཤེས་རབ་དང༌། སྙིང་རྗེ་ལ་སོགས་པ་རྣམས་བསྟེན་ན་རྒྱལ་བར་བྱེད་དོ། །གདོན་གྱིས་མི་བརྫིའོ། །ཤིང་ཀུན་དང༌། ཚ་བ་གསུམ་དང༌། བ་བླ་དང༌། གླ་རྩི་དང༌། སྒོག་པ་དང༌། ཨརྐའི་རྩ་བ་དང༌། སྤང་སྤོས་དང༌། ཨ་ཛ་ལོ་མི་དང༌། གོ་ལི་མི་དང༌། འབམ་པོ་དང༌། ཤུ་དག་དང༌། གན་དྷ་པྲི་ཡང་ཀུ་དང༌། ཀུ་ཀཱུ་ཏི་དང༌། སརྦ་གན་དྷ་ཞེས་བྱ་བ་གན་དྷ་ཀུ་ལི་དང༌། ཀ་ན་ཞེས་བྱ་བ་ཀ་ཀ་ད་དང༌། ལ་བ་ཀ་དང༌། རམ་ཉེ་འོ་མ་ཅན་དང༌། བཛྲ་ཀྲོ་དྷ་དང༌། སླེ་ཏྲེས་དང༌། ཀར་ཀ་ཏ་ཤྲིང་གི་དང༌། མོ་ཧ་ན་བལ་ལི་དང༌། ལིག་བུ་མིག་དང༌། ཡུངས་ཀར་དང༌། གཞན་ཡང་གདོན་འཇོམས་པའི་སྨན་ཇི་སྙེད་པ་དང༌། བོང་བུ་དང༌། རྟ་དང༌། ཁྱི་དང༌། ལུག་དང༌། རྔ་མོ་དང༌། རཀྵི་དང༌། གོ་དྷ་དང༌། སྲེ་མོ་དང༌། རེག་འབྱམ་དང༌། གུང་དང༌། བྱི་ལ་དང༌། བ་ལང་དང༌། སེང་གེ་དང༌། སྟག་དང༌། རྒྱ་མཚོ་ན་གནས་པའི་སྲོག་ཆགས་ཀྱི་པགས་པ་དང༌། མཁྲིས་པ་དང༌། སོ་དང༌། སེན་མོ་དང༌། དེ་རྣམས་མར་རྙིང་པ་འམ། སར་པ་འམ། ཏིལ་མར་རམ། གང་ཡང་རུང་བ་དང་ལྷན་ཅིག་བསྒྲུབས་ཏེ། དེས་བཏུང་བ་དང༌། སྣར་བླུགས་པ་དང༌། བསྐུ་མཉེ་དང༌། ཕྱེ་མའི་དུད་པས་བདུག་པ་དང༌། རི་ལུར་བྱས་ཏེ། དེ་ལ་མིག་སྨན་དང༌། སྣར་ཕྱེ་མས་བུད་པ་དང༌། བསྐུ་བ་དང༌། བསྐོལ་བའི་ཁུ་བས་བླུགས་པ་ལ་སོགས་པ་ཅི་རིགས་པར་བྱས་ནས་གདོན་སྨྱོ་བྱེད་དང༌། བརྗེད་བྱེད་དང་བཅས་པ་ཞི་བར་བྱའོ། །ཧ་ཏི་པི་པི་ལིང་དང༌། པི་པི་ལིང་གི་རྩ་བ་དང༌། ཚ་བ་གསུམ་དང༌། སྐྱུ་རུ་ར་དང༌། ཡུངས་ཀར་དང༌། སྲོག་ཆགས་གོ་དྷ་དང༌། སྲེ་མོ་དང༌། བྱི་ལ་དང༌། ཛ་ཤ་དང༌། དེ་རྣམས་ཀྱི་མཁྲིས་པ་ལྷན་ཅིག་བཏགས་པའི་ཕྱེ་མ་སྣ་ནས་གཏོང་བ་དང༌། བསྐུ་བྱུག་དང༌། བླུགས་པ་ལ་སོགས་པ་བྱས་ན་གདོན་འཇོམས་སོ། །ཡུངས་ཀར་དང༌། ཤུ་དག་དང༌། ཤིང་ཀུན་དང༌། པྲི་ཡང་ཀུ་དང༌། སེར་པོ་རྣམ་གཉིས་དང༌། བཙོད་དང་ཀ་ནི་དཀར་པོ་དང༌། འབྲས་བུ་གསུམ་དང༌། ཤི་ཏ་ཀ་ཊ་བི་དང༌། ནིམ་པའི་ལོ་མ་དང༌། ཀ་རཉྫ་ཀ་དང༌། ཤྲི་ཡའི་ས་བོན་དང༌། ཐང་ཤིང་དང༌། ཚ་བ་
གསུམ་དང༌། དེ་རྣམས་བཏགས་པའི་ཕྱེ་མ་དང༌། མར་ཅི་ཙམ་པའི་བཞི་འགྱུར་གྱི་བ་གཅིན་དང༌། བསྐོལ་བའི་སྨན་མར་ནི་དོན་གྲུབ་ཀྱི་སྨན་མར་ཞེས་བྱ་སྟེ། དེ་ལས་རན་པར་བཏུང་བ་དང་སྣར་བླུགས་པ་བྱས་ན། གདོན་ཐམས་ཅད་འཇོམས་པར་བྱས་ཤིང་ཁྱད་པར་དུ་ལྷ་མ་ཡིན་གྱི་གདོན་སེལ་ཏེ། གཤེད་བྱེད་དང༌། བཀྲ་མི་ཤིས་པ་དང༌། དུག་དང༌། སྨྱོ་བྱེད་དང༌། རིམས་དང༌། བརྗེད་བྱེད་དང༌། སྡིག་པ་རྣམས་འཇོམས་སོ། །སྨན་དེ་ཉིད་ཀྱི་ཕྱེ་མར་གཅིན་དང་སྦྱར་ཏེ་བཏུང་བ་འམ། སྣར་བླུགས་པ་དང༌། བྱུག་པ་དང༌། ཁྲུས་དང༌། དྲིལ་བ་རྣམས་བྱས་ན་གོང་དུ་བསྟན་པའི་ཡོན་ཏན་ཐམས་ཅད་དང་ཁྱད་པར་དུ་རྒྱལ་པོའི་སྒོར་ཡང་དགོས་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཡུངས་ཀར་དང༌། ཚ་བ་གསུམ་དང༌། ཤུ་དག་དང༌། ཨ་ཤྭ་གན་དྷ་དང༌། སེར་པོ་རྣམ་གཉིས་དང༌། ཤིང་ཀུན་དང༌། ཀུན་དོང་གི་རྩ་བ་དང༌། ཀ་རཉྫའི་ས་བོན་དང༌། ཤིར་ཤའི་མེ་ཏོག་དང༌། ཀ་པིད་ཏའི་འབྲས་བུ་དང༌། ཤུན་ཕྲགས་དང༌། རྒྱམ་ཚ་དང༌། ཏ་ག་རུ་དང༌། རུ་རྟ་དང༌། སོན་ཀའི་རྩ་བ་དང༌། གེ་རི་ཀར་ནི་དཀར་པོ་དང༌། དེ་རྣམས་བཏགས་ལ་ར་གཅིན་དང༌། ལེགས་པར་བསྒོས་ཏེ་བ་ལང་གི་མཁྲིས་པ་དང་བསྲེས་ཏེ་རི་ལུར་བྱས་ལ་སྦྱིན་ན། རྨ་རེད་པ་དང༌། སྨྱོ་བྱེད་དང༌། མུན་ཐིབས་ཞེས་བྱེད་པ་དང༌། མཚན་མོ་མི་མཐོང་བ་དང༌། དྲན་པ་སྟོར་བ་དང༌། ཆུས་ཁྱེར་ཏེ་བརྒྱལ་བ་དང༌། དུག་མདའ་ལ་སོགས་པས་ཕོག་པ་དང༌། སྦྲུལ་གྱི་མཆེ་བས་ཟིན་ཏེ་བརྒྱལ་བ་དང༌། དེ་རྣམས་ལ་མིག་ཏུ་བསྐུ་བ་དང༌། སྣར་བླུགས་པ་དང༌། བསྐུ་བ་བྱས་ན་ཞི་བར་བྱེད་དོ། །རས་བལ་གྱི་ས་བོན་དང༌། རྨ་བྱའི་སྒྲོ་དང༌། བྲི་ཧ་ཏི་དང༌། མ་ཧཱ་དེ་བ་ལ་ཕུལ་བའི་མེ་ཏོག་རྙིང་པ་དང༌། པོ་སོན་ཆ་དང༌། ཤིང་ཚ་དང༌། སྤང་སྤོས་དང༌། བྱི་ལའི་རྟུག་པ་དང༌། འབྲས་ཀྱི་ཕུབ་མ་དང། ཤུ་དག་དང༌། མིའི་སྐྲ་དང༌། སྦྲུལ་གྱི་པགས་པ་བརྗེས་པ་དང༌། གླང་པོ་ཆེའི་སོ་དང༌། གླང་གི་རྭ་དང༌། ཤིང་ཀུན་དང༌། ན་ལེ་ཤམ་དང༌། འདི་རྣམས་ཆ་མཉམ་སྟེ་བཏགས་པ་བསྲེགས་པའི་དུད་པས་བདུགས་ན་སྐེམ་བྱེད་ཀྱི་གདོན་དང༌། སྨྱོ་བ་དང༌། ཤ་ཟ་དང༌། ལྷའི་
གདོན་གྱིས་ཐེབས་པ་རྣམས་སེལ་བའི་མཆོག་ཡིན་ནོ། །ཡང་ན་བཅའ་སྒ་དང༌། པི་པི་ལིང་དང༌། ན་ལེ་ཤམ་དང༌། གནྡྷ་བྷ་དྲ་དང༌། གུར་གུམ་དང༌། པི་པི་ལིང་གི་རྩ་བ་དང༌། ཀཎྜ་ཀ་རི་དང༌། ཡུང་བ་དང༌། སྐྱེར་པའི་རྩ་བ་དང༌། རུ་རྟ་དང༌། ཡུངས་ཀར་དང༌། ཡུངས་ནག་དང༌། བ་ལ་ཀ་དང༌། དུག་མོ་ཡུངས་དང༌། ཙནྡན་དཀར་པོ་དང༌། སྒོག་སྐྱ་དང༌། ཨ་རུ་ར་དང༌། བ་རུ་ར་དང༌། པུ་ཤེལ་ཙི་དང༌། པུ་ཙེ་ཤེལ་དང༌། ཤུ་དག་དང༌། སྤངས་མ་དང༌། ཤིང་མངར་དང༌། བ་བླ་དང༌། ཙནྡན་དམར་པོ་དང༌། སུག་སྨེལ་དང༌། ལྡོང་རོས་དང༌། ཤུག་པ་དང༌། པོག་དཀར་པོ་དང༌། རྒྱ་སྤོས་དང༌། མེ་ཏོག་མ་དུ་ཀའི་ཤིང་དང༌། པྲི་ཡང་ཀུ་དང༌། བོང་ང་དཀར་པོ་དང༌། སྐྱེར་ཁཎྜ་དང༌། དབྱི་མོ་རྣམས་ཆ་མཉམ་སྟེ། ཞིབ་ཏུ་བཏགས་ལ་དེ་རྣམས་སྤྱིར་བསྡོམས་པའི་བཞི་འགྱུར་གྱི་མར་རྙིང་པ་དང༌། གཅིན་གྱི་སྡེ་ཚན་མདོའི་གནས་སུ་བསྟན་པ་ལས་གཅིན་མར་དང་ཆ་སྙོམས་ཏེ་རེ་རེ་ནས་བསྐོལ་ལ་གཅིན་དང་མར་ལུས་པ་བཙགས་པ་ནི་གདོན་ཁུས་འདེབས་པའི་མར་ཡིན་ནོ། །ཞེས་སྔོན་གྱི་མཁས་པ་དག་འདོད་དེ། དེ་ལས་རན་པར་འཐུངས་ན་གདོན་སེལ་བའི་མཆོག་ཡིན་ནོ། །ཡང་ན་སྤོས་དང༌། ཤིང་མངར་དང༌། ཀ་རཉྫ་དང༌། རྒྱ་སྐྱེགས་དང༌། པ་ཏོ་ལའི་རྩ་བ་དང༌། བཙོད་དང༌། ཤུ་དག་དང༌། པ་ཏོ་ལ་དང༌། ཤིང་ཀུན་དང༌། ཡུངས་ཀར་དང༌། ཀཎྜ་ཀ་རི་དང༌། སེར་པོ་རྣམ་པ་གཉིས་དང༌། གན་དྷ་པྲི་ཡང་ཀུ་དང༌། པུ་ཙེ་ཤེལ་དང༌། རྒྱ་ཤུག་གི་འབྲས་བུ་དང༌། ཚ་བ་གསུམ་དང། འབྲས་བུ་གསུམ་དང༌། གཙོ་འབྲས་དང༌། ཐང་ཤིང་དང༌། བྱི་དང་ག་དང༌། ཨཉྫ་གན་དྷ་དང༌། སླེ་ཏྲེས་དང༌། ཨད་ཀོ་ལ་དང༌། ཀོ་ཤ་ཏ་ཀི་དང༌། ཤི་ཀྲུ་དང༌། ནིམ་པ་དང༌། གླ་སྒང་དང༌། དུག་མོ་ཡུངས་དང༌། རུ་རྟ་དང༌། ཤི་རི་ཤའི་མེ་ཏོག་དང༌། ས་བོན་དང༌། གི་རི་ཀརྞི་དང༌། དན་ཏི་དང༌། ཀྲུ་ཏྲུག་ཏྲེས་དང༌། བིལ་བ་རྣམས་ཆ་སྙོམས་ཏེ་ཞིབ་ཏུ་བཏགས་ལ་དེ་རྣམས་སྤྱིར་བསྡོམས་པའི་བཞི་འགྱུར་གྱི་མར་རྙིང་པ་དང༌། གཅིན་ནམ་བརྒྱད་དང༌། དེ་རེ་རེ་ནས་གོང་མ་བཞིན་དུ་བསྐོལ་ལ། གཅིན་དང་མར་ཉི་ཚེ་ལུས་པ་བཙགས་པའི་མིང་ནི་གདོན་ཁུས་
འདེབས་པའི་མར་ཆེན་པོ་ཞེས་བྱ་སྟེ། ཆོ་ག་བཞིན་དུ་ལེགས་པར་སྦས་ལ། དེ་ལས་བཏུང་བ་དང༌། མིག་ལ་བསྐུ་བ་དང༌། སྣར་བླུགས་པ་དང༌། ལུས་བསྐུ་བ་བྱས་ན་གདོན་ཡིན་ནོ་ཅོག་ཐམས་ཅད་དང༌། སྨྱོ་བྱེད་དང༌། མཛེ་དང༌། རིམས་རྣམས་སེལ་བར་བྱེད་དོ། །དུས་གང་དང་གང་གི་ཉིན་ཞག་ལ་གདོན་གྱིས་ཟིན་པའི་ཉིན་ཞག་དེ་དང་དེའི་དུས་སུ། ལྷག་པར་གཏོར་མ་དང༌། སྦྱིན་སྲེག་ལ་སོགས་པ་སྨན་པས་ཇི་ལྟ་ཇི་ལྟར་རིགས་པ་བཞིན་སྦྱར་རོ། །གཞན་ཡང་ཁྲུས་དང༌། གོས་དང༌། ཤ་དང༌། ཚིལ་དང༌། ཆང་དང༌། འོ་མ་དང༌། བུ་རམ་ལ་སོགས་པ་གདོན་གང་ལ་དད་ཅིང་སྲེད་པ་དེའི་ཚེ་དེ་ལ་སྦྱིན་ནོ། །གདོན་ཐམས་ཅད་ལ་ནི་རིན་པོ་ཆེ་རྡོ་རྗེ་དང༌། བཻ་ཌཱུཪྻ་དང༌། མརྒད་ལ་སོགས་པ་དང༌། སུ་མན་ལ་སོགས་པའི་མེ་ཏོག་དྲི་ཞིམ་པའི་ཕྲེང་བའམ། ཡང་ན་སྨན་གྱི་རིགས་དྲི་ཞིམ་པ་དང༌། ཕྲེང་བ་དང༌། མོན་སྲན་སྡེའུ་དང༌། མོ་སྲན་ན་གུལ་ལ་སོགས་པའི་འབྲུ་དང༌། སྦྲང་རྩི་དང༌། ཞུན་མར་དང༌། ཁུར་བ་དང༌། ལ་དུ་ལ་སོགས་པ་སྦྱིན་ཏེ་སྦྱོར་བ་དེ་དག་ནི་གདོན་གྱི་ཆོ་ག་སྤྱིར་བསྟན་པ་ཡིན་ནོ། །དེ་ལ་ལྷའི་གདོན་དང༌། དྲང་སྲོང་དང༌། རྒན་པོ་དང༌། གྲུབ་པ་དང༌། བླ་མ་དང༌། གདོན་ལྔ་པོ་དེ་དག་ལ་ནི་ལྷ་ཁང་ནས་གཏོར་མ་སྦྱིན་ནོ། །དེ་ལས་ཀྱང་ལྷའི་གདོན་ལ་ནི་བྱང་ཕྱོགས་སུ་བལྟས་ཏེ་སྦྱིན་ནོ། །ལྷ་མ་ཡིན་གྱི་གདོན་ལ་ནི་དུས་ཇི་ལྟ་བ་བཞིན་དུ་ནུབ་ཕྱོགས་སུ་ཁ་བལྟས་ཏེ་བཞི་མདོ་ནས་གཏོར་མ་སྦྱིན་ནོ། །དྲི་ཟའི་གདོན་ལ་ནི་བ་ལང་གི་ལམ་ནས་གོས་དང་རྒྱན་དང་ཆས་པའི་གཏོར་མ་སྦྱིན་ནོ། །སྔོན་གཉེན་ཤི་བ་འདྲེར་གྱུར་པའི་གདོན་དང༌། ཀླུའི་གདོན་ལ་ནི་འབབ་ཆུའི་ངོས་ནས་གཏོར་མ་བཏང་སྟེ། དེ་ལས་ཀྱང་ཀླུའི་གདོན་ལ་ནི་ཁྱད་པར་དུ་ཤར་ལྷོའི་མཚམས་སུ་ཁ་བལྟས་ཏེ་གཏོར་མ་གཏང་ངོ༌། །གནོད་སྦྱིན་གྱི་གདོན་ལ་ནི་གནོད་སྦྱིན་གྱི་གནས་སམ། ཡང་ན་ཆུ་བོ་གཉིས་འདོམ་པའི་མདོ་ལས་གཏང་ངོ༌། །སྲིན་པོའི་གདོན་དང༌། ཚངས་པ་སྲིན་བུའི་གདོན་ལ་ནི་ལམ་གྱི་བཞི་མདོ་དང༌། ནགས་ཚང་ཚིང་འཇིགས་སུ་རུང་བ་ལས་ལྷོ་ཕྱོགས་སུ་ཁ་བལྟས་ཏེ་གཏོར་མ་སྦྱིན་ནོ། །ཚངས་པ་སྲིན་པོའི་གདོན་ལ་ནི་ཤར་ཕྱོགས་སུ་ཁ་བལྟས་ཏེ་སྦྱིན་ནོ། །
ཤ་ཟའི་གདོན་ལ་ནི་གནས་སྟོང་པ་ནས་ནུབ་ཕྱོགས་སུ་ཁ་བལྟས་ཏེ་གཏོར་མ་སྦྱིན་ནོ། །དེ་ལ་ལྷའི་གདོན་ལ་ནི་གཏོར་མ་ཤིན་ཏུ་གཙང་ཞིང་དགེ་བར་བཤམས་ལ། དེ་ཡང་མེ་ཏོག་དཀར་པོ་ལས་བྱས་པའི་ཕྲེང་བ་དང༌། ཨ་ཀ་རུ་ལ་སོགས་པ་དྲི་ཞིམ་པོ་དང༌། འབྲས་ཀྱི་འོ་ཐུག་དང༌། འབྲས་ཆན་དང༌། ཞོ་དང༌། གདུགས་དཀར་པོ་དང་བཅས་པ་འདོད་པ་ཡིན་ནོ། །ཤིང་ཀུན་དང༌། ཡུངས་ཀར་དང༌། ཤུ་དག་དང༌། ཚ་བ་གསུམ་དང༌། འདི་རྣམས་སྲང་ཕྱེད་ཕྱེད་བཏགས་པའི་ཕྱེ་མ་མར་སྲང་སུམ་ཅུ་རྩ་གཉིས་དང༌། མར་བཞི་འགྱུར་གྱི་བ་གཅིན་དང་ལྷན་ཅིག་བསྐོལ་ཏེ་མར་འབའ་ཞིག་ལུས་པ་ལས་བཏུང་བ་དང༌། སྣར་བླུགས་པ་དང༌། བསྐུ་བ་བྱས་ན་ལྷའི་གདོན་ལས་གྲོལ་བར་འགྱུར་རོ། །དེ་བཞིན་དུ་ཤུ་དག་དང༌། ཤིང་ཀུན་དང༌། སྒོག་སྐྱ་དང༌། དེ་རྣམས་ཀྱི་ཕྱེ་མ་ར་གཅིན་དང་བཏགས་ཏེ། སྣར་བླུགས་པ་དང༌། མིག་ཏུ་བསྐུས་ན་ཡང་ལྷའི་གདོན་ལས་ཐར་རོ། །ལྷ་མ་ཡིན་གྱི་གདོན་ལ་ནི་ཤིང་ཏོག་ཇི་སྙེད་པ་དང༌། པུ་ཤེལ་ཙི་དང༌། པད་མ་དང༌། ཨུཏྤལ་དང་སྦྱར་བའི་གཏོར་མ་སྦྱིན་ནོ། །ཀླུའི་གདོན་ལ་ནི་སུམ་ན་ལ་སོགས་པའི་མེ་ཏོག་དང༌། འབྲས་ཡོས་དང༌། བུ་རམ་དང་སྦྱར་བའི་སྣུམ་ཁུར་དང༌། བུ་རམ་དང་སྦྱར་བའི་འབྲས་ཆན་དང༌། ཟས་མཆོག་ཅེས་བྱ་བའི་འོ་ཐུག་དང༌། སྦྲང་རྩི་དང༌། འོ་མ་དང༌། ས་ནག་པོ་དང༌། ནཱ་ག་གེ་སར་དང༌། ཤུ་དག་དང༌། པདྨ་དང༌། གུ་གུལ་དང༌། པུ་ཤེལ་ཙི་དང༌། ཨུཏྤ་ལ་དམར་པོའི་འདབ་མ་དང་ལྡན་པའི་གཏོར་མ་སྦྱིན་ནོ། །སེང་ཕྲོམ་དཀར་པོའི་ལོ་མ་དང༌། རྒྱ་སྤོས་དང༌། ནཱ་ག་གེ་སར་དང༌། ཡུངས་ཀར་དང་འདི་རྣམས་ཆུ་གྲང་མོ་དང་བཏགས་ཏེ། སྣར་བླུགས་པ་དང༌། མིག་ལ་བསྐུས་ན་ཀླུའི་གདོན་ལས་ཐར་རོ། །གནོད་སྦྱིན་གྱི་གདོན་ལ་ནི་འོ་མ་དང༌། ཞོ་དང༌། མར་དང༌། འབྲས་ཆན་བསྲེས་པའི་ཟས་དང༌། གུ་གུལ་དང༌། སྒྲོན་ཤིང་དང༌། པདྨ་དང། པུ་ཤེལ་ཙི་དང༌། གོས་དང༌། གསེར་རྒྱན་དུ་བྱས་པ་འམ། མ་བྱས་པའང་རུང་བའི་གཏོར་མ་སྦྱིན་ནོ། །མར་དང༌། འོ་མ་དང༌། བ་གཅིན་དང༌། ཆ་སྙོམས་ཏེ་བསྐོལ་བ་ལས་བཏུང་བ་དང༌། སྣར་བླུགས་པ་དང༌། བསྐུ་བྱུག་བྱས་ན་གནོད་སྦྱིན་གྱི་གདོན་ལ་ཕན་
ནོ། །ཨ་རུ་ར་དང༌། སེར་པོ་རྣམ་གཉིས་དང༌། སྒོག་སྐྱ་དང༌། ན་ལེ་ཤམ་དང༌། ཤུ་དག་དང༌། ནིམ་པའི་ལོ་མ་དང༌། འདི་རྣམས་བཏགས་པར་གཅིན་དང་སྦྱར་ཏེ། སྣར་བླུགས་པ་དང༌། མིག་ལ་བསྐུས་ན་ཡང་གནོད་སྦྱིན་གྱི་གདོན་ལས་གྲོལ་ལོ། །ཚངས་པའི་སྲིན་པོའི་གདོན་ལ་ནི་ནས་ཕྱེ་བྲེ་དོ་ལས་བྱས་པའི་སྣོད་བཀང་བ་དང༌། བུམ་པ་གང་བའི་ཆུ་དང༌། ཏིལ་བཏགས་པའི་ཕྱེ་དང༌། གདུགས་དང༌། གོས་དང༌། གུར་གུམ་ལ་སོགས་པའི་བྱུག་པ་དང་ལྡན་པའི་གཏོར་མ་སྦྱིན་ནོ། །སེང་ལྡེང་སྲང་ཉི་ཤུ་བསྐོལ་བའི་ཁུ་བའི་ནང་དུ་ཚ་བ་གསུམ་དང༌། འབྲས་བུ་གསུམ་དང༌། ཤིང་ཀུན་དང༌། ཤུ་དག་དང༌། ཤུ་ཏི་དང༌། ཡུངས་ཀར་དང༌། ནིམ་པའི་ལོ་མ་དང༌། སྒོག་སྐྱ་དང༌། དེ་རྣམས་ཀྱི་ཕྱེ་མ་མར་སྲང་ཉི་ཤུ་རྩ་བརྒྱད་དང༌། བ་གཅིན་མར་གྱི་སུམ་འགྱུར་དང་ལྷན་ཅིག་བསྐོལ་བ་དེ་ལས་ཡང་བཏུང་བ་དང༌། སྣར་བླུགས་པ་དང༌། བསྐུ་བྱུག་བྱས་ན་ཕན་ནོ། །སྲིན་པོའི་གདོན་ལ་ནི་ཏིལ་བཏགས་པའི་ཕྱེ་མ་དང༌། མེ་ཏོག་དཀར་པོ་དང༌། འབྲས་དང༌། མོ་སྲན་གྲེའུ་ལ་སོགས་པ་བསྲེས་པའི་ཆན་དང༌། ཤ་བཙོས་པ་དང༌། ཤ་རྗེན་པ་དང༌། ནིས་པ་པ་དང༌། ཁྲག་དང་བཅས་པའི་གཏོར་མ་སྦྱིན་ནོ། །ཀ་རཉྫ་དང༌། ཤྲི་ཤ་དང༌། པ་ཏྲ་ལ་ནག་པོ་གཉིས་ཀྱི་རྩ་བ་དང༌། ཤུན་ཕྲགས་དང༌། མེ་ཏོག་དང༌། འབྲས་བུ་དང༌། བིལ་བའི་རྩ་བ་དང༌། ཚ་བ་གསུམ་དང༌། ཤིང་ཀུན་དང༌། དུག་མོ་ཡུངས་དང༌། སྒོག་སྐྱ་དང༌། སྐྱུ་རུ་རའི་འབྲས་བུ་དང༌། འདི་རྣམས་ཀྱི་ཕྱེ་མ་བ་གཅིན་དང༌། ཧ་ཅང་མི་སླ་མི་སྐ་ཙམ་དུ་སྦྱར་ཏེ། སྣར་བླུགས་པ་དང༌། མིག་ཏུ་བསྐུས་ན་སྲིན་པོའི་གདོན་ལ་ཕན་ནོ། །ཡང་ན་སྨན་དེ་དག་ཉིད་མར་དང་བག་ཅིན་མར་གྱི་བཞི་འགྱུར་དང་ལྷན་ཅིག་སྦྲུས་ཏེ་བསྐོལ་ལ་ལྷག་མ་ལུས་པ་དང༌། བཏུང་བ་དང་སྣར་བླུགས་པ་དང་བསྐུ་བྱུག་བྱས་ན་སྲིན་པོའི་གདོན་ཟློག་པར་བྱེད་དོ། །ཤ་ཟའི་གདོན་ལ་ནི་བུ་རམ་ཆང་དང༌། ཏིལ་གྱི་ཚིགས་མ་དང༌། ཏིལ་གྱི་ཕྱེ་མ་དང༌། ཞོ་དང༌། ལ་ཕུག་དང༌། ལན་ཚྭ་དང༌། མར་དང༌། འབྱུང་པོའི་ཟས་འབྲས་དང༌། སྲན་མ་ཤ་ལ་སོགས་པ་བསྲེས་པའི་ཆན་དང༌། ཕྱེ་ལས་བྱས་པའི་ཟན་དང་བཅས་པའི་གཏོར་མ་སྦྱིན་ནོ། །སེར་
པོ་རྣམ་གཉིས་དང༌། བཙོད་དང༌། ཤུ་ཏི་དང༌། ལན་ཚྭ་དང༌། དོང་གྲ་དང༌། ཤིང་ཀུན་དང༌། པྲི་ཡང་ཀུ་དང༌། ཚ་བ་གསུམ་དང༌། སྒོག་སྐྱ་དང༌། འབྲས་བུ་གསུམ་དང༌། ཤུ་དག་དང༌། པ་ཊ་ལི་དང༌། གི་རི་གརྞི་ཀ་དཀར་པོ་དང༌། ཤྲི་ཤའི་མེ་ཏོག་དཀར་པོ་དང༌། འདི་རྣམས་བ་གཅིན་དང༌། དེའི་བཞི་ཆའི་མར་དང་ལྷན་ཅིག་བསྐོལ་ཏེ། དེ་ལས་བཏུང་བ་དང༌། བསྐུ་བྱུག་བྱས་ན་ཤ་ཟའི་གདོན་སེལ་ཏོ། །ཡང་ན་སྨན་དེ་ཉིད་རའི་གཅིན་དང་བཏགས་ཏེ་མིག་ཏུ་བསྐུ་བ་དང༌། སྣར་བླུགས་པ་ཡང་ཕན་ནོ། །ལྷའི་གདོན་དང༌། དྲང་སྲོང་གི་གདོན་དང༌། སྔོན་གྱི་གཉེན་ཤི་བ་འདྲེར་གྱུར་པའི་གདོན་དང༌། དྲི་ཟའི་གདོན་དང༌། དེ་དག་ལ་ནི་སྣ་སྨན་རྣོ་བ་གཏང་བར་བྱ་སྟེ། འཇམ་པའི་བག་སྨན་མར་ལ་སོགས་པ་སྤྱད་པར་བྱའོ། །ཤ་ཟའི་གདོན་མ་གཏོགས་པའི་གདོན་ཐམས་ཅད་ལ་མི་མཐུན་ཞིང་མི་འཕྲོད་པའི་ཟས་མི་སྦྱིན་ཏེ། གལ་ཏེ་མི་མཐུན་པར་བྱིན་པར་གྱུར་ན། གདོན་དེ་དག་ནི་མཐུ་སྟོབས་ཆེ་བ་ཡིན་པས་ཁྲོས་ཏེ་སྨན་པ་དང་ནད་པ་གཉིས་ཀ་གསོད་པར་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཇིག་རྟེན་མགོན་པོ་ཕྱག་བཅུ་གཉིས་པའི་གཟུངས་སྔགས་བཟླས་ན། ནད་ཐམས་ཅད་གསོ་བར་བྱེད་ཅིང་གདོན་ཐམས་ཅད་ལས་ཀྱང་རྒྱལ་བར་བྱེད་དོ། །དེ་བཞིན་དུ་སྨྱོ་བྱེད་དང༌། བརྗེད་བྱེད་ལ་སོགས་པ་མདོར་ན་སེམས་འཁྲུགས་པའི་གདོན་ཐམས་ཅད་ཟློག་པར་བྱེད་པའི་མཆོག་ཡིན་ནོ། །གཞན་ཡང་ནད་པ་དེས་ལུས་གཙང་སྦྲ་བྱས་ཏེ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་དུས་རྟག་ཏུ་མདུན་དུ་བཀླགས་ཏེ་ཉན་དུ་བཅུག་ན་ཡང་ཕན་ནོ། །གཞན་ཡང་གདོན་གྱི་མགོན་པོ་དཔལ་ལྡན་དབང་ཕྱུག་ཆེན་པོ་དང༌། དེའི་འཁོར་རྣམས་མཆོད་པ་བྱེད་པ་དང༌། དེ་བཞིན་དུ་གྲུབ་པའི་རིག་སྔགས་བཟླས་བརྗོད་བྱས་ན་ཡང་གདོན་ཐམས་ཅད་སེལ་བར་བྱེད་དོ། །གཞན་ཡང་འོག་ནས་སྨྱོ་བྱེད་ཀྱི་ཆོ་ག་ཐམས་ཅད་འདིར་བྱས་ན་ཕན་ནོ། །འདིར་བརྗོད་པ་ཐམས་ཅད་ཀྱང་སྨྱོ་བྱེད་ལ་ཕན་ཏེ། གཅིག་ལ་གཅིག་ཕན་ཚུན་ཕན་པ་ཡིན་པས་ཅི་རིགས་པར་སྦྱར་ན་ཞི་བར་འགྱུར་རོ། །གདོན་ནད་གསོ་བའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།
དེ་ནས་སྨྱོ་བྱེད་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་སྨྱོ་བྱེད་ཀྱི་ནད་ནི་ནད་གཞི་གསུམ་རེ་རེ་ལས་གྱུར་པ་དང༌། སེམས་གདུངས་པ་ལས་གྱུར་པ་དང༌། དུག་ལས་གྱུར་པ་སྟེ་དྲུག་ཡོད་དོ། །དེ་ལ་སྨྱོ་བྱེད་ཅེས་བྱ་བ་ནི་ལུས་དང་སེམས་ཀྱི་རྒྱུ་སྲང་ནད་གཞིས་ལོག་པར་བསྒྱུར་ཏེ། གནོད་པར་གྱུར་པ་ལ་སྨྱོ་བྱེད་ཅེས་བྱའོ། །དེ་ལ་སྨྱོ་བྱེད་ནི་བཟའ་བ་དང༌། བཏུང་བ་གནོད་པ་བསྟེན་པ་དང༌། བཟའ་བ་དང་བཏུང་བ་གཡོས་རྙིངས་པར་གྱུར་པའི་ཟས་དང༌། མི་འདོད་བཞིན་དུ་ཟོས་པ་དང༌། ཟས་སྒོམ་མི་གཙང་བ་ཟོས་པ་དང༌། ཁ་ཟས་མི་སྙོམས་པ་ཟོས་པ་དང༌། ཁ་ཟས་ཀྱི་སྦྱོར་བ་ལོག་པར་བྱས་པ་དང༌། སེམས་གདུངས་པ་དང༌། སྙིང་སྟོབས་ཆུང་བ་དང༌། ནད་ཀྱི་ཤུགས་ཀྱིས་དྲན་པ་ཉམས་པ་དང༌། གློ་གཅོང་ཟད་བྱེད་ཀྱི་ནད་ལ་མི་བཟད་པ་བསྟེན་པ་དང༌། མཆོད་པར་འོས་པའི་ལྷ་དང་བླ་མ་ལ་སོགས་པ་ལ་མཆོད་པ་མི་བྱེད་པ་དང༌། སྙིང་ན་བ་དང༌། སྙིང་མི་དྲན་པ་དང༌། དུག་དང༌། དབྱིག་དུག་དང༌། ཉེས་པའི་དུག་ལ་བསྟེན་པས་སྨྱོ་བྱེད་ཀྱི་ནད་འབྱུང་བ་ཡིན་ནོ། །རྒྱུ་གོང་མ་དེ་དག་གིས་སྐྱེས་བུ་སྙིང་སྟོབས་ཞན་པའི་སྙིང་གི་ནང་དུ་ནད་གཞི་རྣམས་ཀྱིས་གནོད་པར་བྱས་པས་བློ་དྲི་མ་དང་བཅས་པར་འགྱུར་ཏེ། ཡིད་རྒྱུ་བའི་སྦུ་བུ་རྣམས་བཀག་ནས་དེའི་འོག་ཏུ་སྨྱོ་བྱེད་དུ་འགྱུར་ཏེ། དེས་བློ་དང་རྣམ་པར་ཤེས་པ་དྲན་པ་རྣམས་འཁྲུགས་ཤིང་ལུས་ཀྱི་བདེ་བ་དང་སྡུག་བསྔལ་བ་ཡང་མི་ཚོར་ཏེ་ཉམས་ལ་ཤིང་རྟ་ཁ་ལོ་སྒྱུར་བ་དང་བྲལ་བ་བཞིན་དུ། རྩོམ་པ་ཐམས་ཅད་ཀྱང་མ་བསམས་བཞིན་དུ་གཏང་མེད་པར་འགྱུར་རོ། །དེ་ལ་རླུང་ལས་གྱུར་པའི་སྨྱོ་བྱེད་ཀྱི་མཚན་མ་ལ་ནི་ལུས་ཤ་ཟད་དེ་རིད་པར་གྱུར་པ་དང༌། གཞི་མེད་པར་ངུ་བ་དང༌། དམོད་པ་དམོད་པ་དང༌། དགོད་པ་དང༌། འཛུམ་པ་དང༌། གར་བྱེད་པ་དང༌། གླུ་ལེན་པ་དང༌། རོལ་མོ་བྱེད་པ་དང༌། ལུས་འགུལ་སྐྱོད་བྱེད་པ་དང༌། ཡན་ལག་གི་ཚོགས་ཉེད་ཅིང་ཚེག་སྒྲ་འདོན་པ་དང༌། གཞི་ཡོད་བཞིན་དུ་ཅིའང་མི་བྱེད་པ་དང༌། གླིང་བུ་དང༌། པི་ཝང་དང༌། རྗེས་སུ་མཐུན་པའི་སྒྲ་ཡང་དང་ཡང་དུ་འདོན་པ་དང༌། ཁ་ནས་ལྦུ་བ་རྒྱུན་དུ་འཛག་པ་དང༌། ཁ་ནས་ཚིག་ཅལ་ཅོལ་མང་དུ་སྨྲ་བ་དང༌། ལུས་ལ་རྒྱན་མེད་བཞིན་དུ་རྒྱན་
ཡོད་དོ་ཞེས་ཟེར་བ་དང༌། བཞོན་པ་མ་ཡིན་པ་ལ་ཞོན་པ་ཡིན་ནོ་ཞེས་ཟེར་ཞིང་ཞོན་པར་རྩོལ་བ་དང༌། ཟས་མེད་པ་ལ་ཟས་འདོད་པ་སྐད་ཟེར་བ་ལ་ཟས་རྙེད་ཅིང་མཐོང་ན་མི་འདོད་པ་དང༌། མིག་ཤིན་ཏུ་ཟླུམ་ཤིང་རྩ་དམར་བ་དང༌། ཁ་ཟས་ཞུ་བའི་འོག་ཏུ་ནད་ཆེ་བར་ལྡང་བ་ཡིན་ནོ། །མཁྲིས་པས་སྨྱོས་པའི་མཚན་མ་ནི་གཞན་ལ་སྡིགས་མཛུབ་བསྒྲེང་བ་དང༌། ཁྲོ་ཞིང་རྔམ་པ་དང༌། ཁུ་ཚུར་དང་བོང་པས་གཞན་ལ་བརྡེག་ཅིང་སྐྲོད་པ་དང༌། ཀྲང་བ་དང༌། གྲིབ་མ་དང༌། ཆུ་འདོད་པ་དང༌། གཅེར་བུར་འདུག་པ་དང༌། ལུས་ཀྱི་མདོག་སེར་བ་དང༌། མེ་མི་སྣང་བར་མེ་འབར་རོ་ཞེས་སྨྲ་བ་དང༌། ཉིན་པར་སྐར་མ་མཐོང་བ་དང༌། མར་མེ་མེད་པར་མར་མེ་མཐོང་བ་རྣམས་ཡིན་ནོ། །བད་ཀན་ལས་སྨྱོ་བྱེད་དུ་གྱུར་པའི་རྟགས་ནི་ཁ་ཟས་ཡི་གར་མི་འོང་བ་དང༌། སློན་དང་ཁ་ཟས་ཉུང་དུ་ཟ་ཞིང་སྨྲ་བ་ཉུང་བ་དང༌། བུད་མེད་ཤས་ཆེར་འདོད་པ་དང༌། གཅིག་པུ་དབེན་པ་ལ་དགའ་བ་དང༌། ཁ་ཆུ་དང་སྣབས་འཛག་པ་དང༌། འཇིགས་སྐྱེན་པ་དང༌། གཙང་བ་ལ་མི་དགའ་བ་དང༌། གཉིད་ཆེ་བ་དང༌། གདོང་སྐྲང་པ་དང༌། ནད་དེ་ཡང་ནུབ་མོ་ཆེར་ལྡང་ཞིང་ཟས་ཟོས་མ་ཐག་ཤས་ཆེར་ལྡང་བ་རྣམས་ཡིན་ནོ། །མཚན་མ་ཐམས་ཅད་དང་ལྡན་ན་ནི་འདུས་པ་ལས་གྱུར་པའི་སྨྱོ་བྱེད་ཀྱི་རྟགས་སུ་བལྟ་སྟེ། དེ་ནི་མི་བཟད་པ་ཡིན་པས་སྨན་པས་ཡོངས་སུ་སྤང་བར་བྱའོ། །སེམས་གདུངས་པ་ལས་སྨྱོ་བྱེད་དུ་གྱུར་པའི་མཚན་མ་ནི། ནོར་དང་སྙིང་དུ་སྡུག་པ་ལ་སོགས་པ་བྲལ་བར་དཀའ་བ་དང་བྲལ་ཏེ། དེའི་སྡུག་བསྔལ་གྱིས་ཟིལ་གྱིས་མནན་ནས་ལུས་ཀྱི་དབལ་སྐྱ་ཞིང་བཞིན་ཤིན་དུ་ཞན་པས་ངུ་ཞིང་ཀྱི་ཧུད་ཅེས་སྨྲེ་སྔགས་འདོན་ཞིང་ཡང་དང་ཡང་དུ་དྲན་པ་སྟོར་བར་གྱུར་པ་དང༌། གློ་བུར་དུ་བརྒྱལ་བར་གྱུར་ཏེ། ནོར་དང་སྙིང་དུ་སྡུག་པ་ལ་སོགས་པའི་ཡོན་ཏན་བརྗོད་ཅིང་མྱ་ངན་གྱིས་སེམས་ཉོན་མོངས་པ་དེ་ལ་རྩེ་གཅིག་ཏུ་མི་སེམས་པ་དང༌། མཚན་ཐོག་ཐག་ཏུ་མི་ཉལ་བར་སེམས་སྣ་ཚོགས་སུ་སེམས་པ་ཡིན་ནོ། །དུག་འཐུང་བ་ལས་སྨྱོ་བྱེད་དུ་གྱུར་པའི་རྟགས་ནི་གདོང་སྔོ་སྐྱར་འདུག་པ་དང༌། གཟི་མདང་ས་ཉམས་པ་དང༌། མིག་ལ་སོགས་པ་དབང་པོའི་སྟོབས་ཉམས་པ་དང༌། དུག་གི་མཐུས་འཇུ་བའི་དུས་ན་
ཡང་དྲན་པ་ཉམས་ཤིང་མིག་དམར་བར་གྱུར་པ་ལ་ནི་གསོ་བའི་ཆོ་ག་མེད་དེ་སྤང་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་སྨྱོ་བྱེད་དུ་གྱུར་པའི་ནད་ལ་ནི་ཐོག་མར་སྨན་མར་སྦྱར་ཏེ་བཏུང་བར་བྱའོ། །རླུང་དང་གཞན་འདྲེས་པ་ཡིན་ན་ནི། བཀྲུ་སྨན་དང་སློན་སྨན་འཇམ་པོ་སྣུམ་དང་བཅས་བར་གཏོང་ངོ༌། །བད་ཀན་དང་མཁྲིས་པ་ལས་གྱུར་པའི་སྨྱོ་བྱེད་ལ་ནི་དང་པོ་སྣུམ་དང་དུགས་བྱ་སྟེ། དེའི་འོག་ཏུ་སློན་དང་ཁྲུས་བྱས་ཏེ། དེ་ནས་དུགས་བྱས་ནས་མས་གཏོང་བ་དང་མགོ་ཁྲུས་ཀྱང་བྱའོ། །དེ་ལྟར་སློན་ཁྲུས་ལ་སོགས་པས་ལུས་དག་པར་བྱས་ནས་དྲན་པ་རྙེད་བར་འགྱུར་རོ། །དེ་ལྟར་བྱས་པའི་འོག་ཏུ་མིག་སྨན་དང༌། སྣ་སྨན་རྣོན་པོ་ཡང་སྦྱར་ལ་གཏང་ངོ༌། །དེ་བཞིན་དུ་སེམས་དགའ་བ་སྐྱེ་བ་དང༌། དབུགས་དབྱུང་བ་དང༌། སྡངས་སུ་གཞུག་པ་དང༌། འཇིགས་པར་བྱ་བ་དང༌། རྡེག་པ་དང༌། བརྡེག་པར་བྱ་བ་དང༌། དེ་བཞིན་དུ་བསྐུ་བྱུག་དང༌། དྲིལ་བ་དང༌། དུ་བ་རྔུབ་པ་དང༌། སྨན་མར་བཏུང་བ་ལ་སོགས་པ་སློན་ཁྲུས་ཀྱིས་ལུས་དག་པའི་འོག་ཏུ་སེམས་ཐ་མལ་པ་ལ་དེ་དག་སྦྱར་བར་བྱའོ། །ཤིང་ཀུན་དང༌། ཁ་རུ་ཚ་དང༌། ཚ་བ་གསུམ་དང་དེ་རྣམས་སྲང་གཉིས་གཉིས་བཏགས་པའི་ཕྱེ་མ་མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང༌། དེའི་བཞི་འགྱུར་གྱི་བ་གཅིན་དང་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་དེ་ལས་རན་པར་བསྟེན་ན། སྨྱོ་བྱེད་དང༌། འབྱུང་པོ་དང༌། བརྗེད་བྱེད་རྣམས་སེལ་བའི་མཆོག་ཡིན་ནོ། །བྲམྷི་རང་གི་ཁུ་བ་སྲང་དྲུག་ཅུ་རྩ་བཞི་དང༌། མར་སྲང་སུམ་ཅུ་རྩ་གཉིས་དང༌། ཚ་བ་གསུམ་དང༌། ཤ་མ་དུར་བྱིད་དང༌། བིམ་བི་ཏ་དང༌། ཤང་ཁ་པུཥྤ་དང༌། དོང་ག་དང༌། ས་བ་ཏ་ལ་དང༌། བྱི་དང་ག་དང༌། འདི་རྣམས་ཞོ་གཉིས་གཉིས་བཏགས་པའི་ཕྱེ་མ་དང་ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ནི་བྲམྷིའི་མར་ཞེས་བྱ་སྟེ། དེ་ལ་ཞག་རེ་སྲང་རེས་བསྐྱེད་དེ་སྲང་བཞིར་ཕྱིན་གྱི་བར་དུ་ཟོས་ན་སྨྱོ་བྱེད་དེ་འཕྲོག་པར་བྱེད་དོ། །བུད་མེད་བུ་མེད་པ་ལ་བུ་སྟེར་བར་བྱེད་ཅིང་སྐད་སྙན་པ་དང༌། ཚིག་གསལ་བ་དང་དྲན་པ་དང་ཡིད་གཞུངས་པར་བྱེད་ཅིང་དཔལ་སྐྱེད་པར་བྱེད་དོ། །འབྲས་བུ་གསུམ་དང༌། བི་ཤ་ལ་དང༌། ཧ་རེ་ཎུ་ཀ་དང༌། ཐང་ཤིད་དང༌། ཨེ་ལ་བ་ལུ་ཀ་དང༌། ཐལ་ཏྲེས་རྣམ་གཉིས་དང༌། སེར་པོ་རྣམ་གཉིས་དང༌། སྠི་ར་རྣམ་གཉིས་
དང། པྲི་ཡང་ཀུ་དང༌། རྒྱ་སྤོས་དང༌། བྲི་ཧ་ཏི་དང༌། རུ་རྟ་དང༌། བཙོད་དང༌། དོང་ག་དང༌། ནཱ་ག་གེ་སར་དང༌། སེའུ་འབྲུ་དང༌། བྱི་དང་ག་དང༌། བལ་བུའི་ལོ་མ་དང༌། སྣ་མའི་མེ་ཏོག་ཁ་མ་ཕྱེ་བ་དང༌། ཨུཏྤ་ལ་དང༌། དན་ཏི་དང༌། ཤུག་པ་དང༌། ཙནྡན་དཀར་པོ་དང༌། འདི་རྣམས་ཞོ་གཉིས་གཉིས་དང་བཏགས་ཏེ། མར་སྲང་སུམ་ཅུ་རྩ་གཉིས་དང་ཚུལ་བཞིན་བསྐོལ་བ་ནི་དགེ་བའི་སྨན་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་གདོན་གྱིས་ཟིན་པ་དང༌། སྨྱོ་བྱེད་དང༌། ལུད་པ་ལུ་བ་དང༌། བརྗེད་བྱེད་དང༌། སྡིག་པ་རྣམས་འཇོམས་པར་བྱེད་དེ། དེ་བཞིན་དུ་སྐྱ་རྦབ་དང༌། གཡན་པ་དང༌། དུག་དང། སྐེམ་བྱེད་དང༌། རྨོངས་བག་དང༌། གཅིན་ནད་དང༌། རིམས་ནད་དང༌། དབྱིག་དུག་དང༌། ཁུ་ཆུ་ཟད་པའི་ནད་དང༌། དྲན་པ་སྟོར་བ་དང༌། ལྐུགས་པ་དང༌། མེ་དྲོད་ཆུང་བ་རྣམས་ལ་ཕན་ཏེ། གཞན་ཡང་སྟོབས་སྐྱེད་པ་དང༌། ཡིད་གཞུངས་པ་དང༌། དྲན་པ་མྱུར་བ་དང། བཀྲ་ཤིས་པ་དང༌། ཚེ་རིང་བ་དང༌། ལུས་མཛེས་མདངས་དང་ལྡན་པ་དང༌། སྐལ་བ་དང་ལྡན་པ་དང༌། ལུས་བརྟས་པར་བྱེད་པ་དང༌། བུ་སྐྱེད་པར་བྱེད་པའི་མཆོག་ཡིན་ནོ། །ཡང་ན་གོང་མའི་སྨན་ལས་ཨེ་ལ་བ་ལུ་ཀ་ཡན་ཆད་བདུན་མ་གཏོགས་པ་ཐལ་ཏྲེས་རྣམ་གཉིས་ལ་སོགས་པ་སྨན་སྣ་ཉི་ཤུ་རྩ་གཅིག་རེ་རེ་ཡང་སྲང་ཕྱེད་དང་གཉིས་གཉིས་ཆམ་ཆོམ་བརྡུངས་ལ་སྲང་བརྒྱད་ལ་ཕུལ་གོང་དུ་བརྩིས་པའི་ཆུ་ཕུལ་དྲུག་ཅུ་རྩ་བཞི་དང་བསྐོལ་ཏེ། བཞི་ཆ་ལུས་པའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང༌། བ་བེའུ་མང་དུ་སྐྱེས་པའི་འོ་མ་མར་གྱི་བཞི་འགྱུར་དང༌། མེད་རྣམ་གཉིས་དང། རམ་ཉེ་བ་དང༌། བུང་ཚང་རྡོ་དང༌། ཁ་སྲལ་ཕྲེའུ་དང༌། བུ་རམ་ཤིང་དང༌། མུངྒ་པརྞི་དང༌། འདི་རྣམས་ཀྱི་ཕྱེ་མས་བཏབ་སྟེ་ཡང་བསྐོལ་ལ་མར་ལུས་པ་ནི་དགེ་བ་ཆེན་པོའི་སྨན་མར་ཞེས་བྱ་སྟེ། གོང་མའི་ཕན་ཡོན་པས་ལྷག་སྟེ་ལུས་ཉམས་བརྟ་བར་བྱེད་ཅིང་ནད་གཞི་སེལ་བའི་མཆོག་ཡིན་ནོ། །སྤང་སྤོས་རྣམ་གཉིས་དང༌། ཆུ་རྩ་དང༌། ཁ་སྲལ་ཕྲེའུ་དང༌། ཤུ་དག་དང༌། ཀྱི་ལྕེ་བ་དང༌། རམ་ཉེ་བ་དང༌། ཙ་རོང་དང༌། པུ་ཙེ་ཤེལ་དང༌། སླེ་ཏྲེས་དང༌། བར་ར་ཧེ་དང༌། ཚད་ཏྲ་དང༌། ཨ་ཏ་ཚིད་ཏྲ་དང༌། པ་ལང་ག་ཤ་དང༌། མ་ཧཱ་པུ་རུ་ཤན་དན་ཏ་དང༌། སྐྱུ་རུ་ར་དང༌།
ན་ཀུ་ལ་རྣམ་གཉིས་དང༌། ཀ་ཏམ་བྷ་ར་དང༌། བཱིཤྩི་ཀ་ལི་དང༌། ས་ལ་པརྞི་དང༌། འདི་རྣམས་ཆ་སྙོམས་ཏེ་མར་དང་ཚུལ་བཞིན་བསྐོལ་བ་ནི་ཤ་ཟ་ཆེན་པོའི་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན། ཉིན་བཞི་པའི་རིམས་དང༌། སྨྱོ་བྱེད་ཀྱི་གདོན་དང༌། བརྗེད་བྱེད་ཀྱི་གདོན་འཇོམས་ཏེ་བློ་གསལ་བ་དང༌། དྲན་པ་དང༌། ཡིད་གཞུངས་པ་དང༌། བྱིས་པ་རྣམས་ཀྱི་ལུས་བརྟ་ཞིང་འཕེལ་བར་བྱེད་པ་ནི་བདུད་རྩི་དང་འདྲའོ། །བྲ་ཧྨི་དང༌། ཨིནྡྲ་བཱ་རུ་ནི་དང༌། བྱི་དང་ག་དང༌། ཚ་བ་གསུམ་དང༌། ཤིང་ཀུན་དང༌། སྤང་སྤོས་དང༌། མུར་བ་དང༌། ར་སྣ་དང༌། བོང་ང་དཀར་པོ་དང༌། སྒོག་སྐྱ་དང༌། བི་ཤ་ལ་དང༌། བྱེའུ་རུག་པ་དང༌། ཤུ་དག་དང༌། ཁྲེ་དང༌། ནཱ་ག་དན་ཏྲ་དང༌། བྱི་ཚེར་བ་དང༌། ཨ་རུ་ར་དང༌། བིག་པན་འདི་རྣམས་གླང་པོ་ཆེའི་གཅིན་དང་བཏགས་ཏེ། ཆང་བུར་བྱས་ནས་གྲིབ་མ་ལ་བསྐམས་ཏེ། དེ་ནས་སྣར་བླུགས་པ་དང༌། མིག་ཏུ་བསྐུ་བ་དང༌། ལུས་ལ་བྱུག་པ་དང༌། དུད་པས་བདུགས་པ་བྱས་ན་སྨྱོ་བྱེད་སེལ་བར་བྱེད་དོ། །སྣར་རྔུབ་པའི་སྨན་སྣ་ཚོགས་ཡུངས་ཀར་གྱི་མར་དང་སྦྱར་བ་སྣར་བླུགས་པར་བྱའོ། །ཡུངས་ཀར་གྱི་མར་གྱིས་ལུས་བསྐུ་བྱུག་བྱས་ལ། ཡུངས་ཀར་དེ་ཉིད་ཀྱི་ཕྱེ་མ་སྣར་བླུག་གོ །ཡང་ན་མདོའི་གནས་སུ་བསྟན་པའི་དུད་པའི་སྨན་རྣོན་པོ་ཤིང་ཀུན་དང་སྦྱར་བའི་དུད་པས་བདུགས་ན་ཕན་ནོ། །ཝ་དང༌། ཤ་ལྱ་ཀ་དང༌། འུག་པ་དང༌། ཛ་དུ་ཀ་དང༌། བྱི་བ་དང༌། ར་ཐུག་དང༌། འདི་རྣམས་ཀྱི་གཅིན་དང༌། རྟུག་པ་དང༌། སྤུ་དང༌། པགས་པ་དང༌། མཁྲིས་པ་དང༌། སེན་མོ་དང༌། འདི་རྣམས་ཀྱི་དུད་པས་སྣ་དང་ལུས་ལ་བྱུག་པ་དང༌། མིག་ལ་བསྐུ་བ་དང༌། ལུས་བཀྲུ་བ་དང་བླུགས་པ་ལ་སོགས་པ་སྨྱོ་བྱེད་ཅན་ལ་སྤྱད་དོ། །རླུང་དང་བད་ཀན་གྱི་ཤས་ཆེ་བའི་སྨྱོ་བྱེད་ལ་ནི་ཁྱི་དང༌། བ་ལང་དང་ཉ་རྣམས་ཀྱི་ཤ་རུལ་པའི་དུད་པས་རྟག་ཏུ་བདུག་གོ །མཁྲིས་པ་ལས་གྱུར་པའི་སྨྱོ་བྱེད་ལ་ནི། ཏིག་ཏའི་མར་དང༌། སྨན་འཚོ་བྱེད་ཀྱི་མར་དང༌། སྣུམ་སྣ་གཉིས་དང༌། དེ་བཞིན་དུ་བཟའ་བཏུང་ཡང་བསིལ་བ་དང༌།
མངར་བ་དང༌། ཡང་བ་རྣམས་བསྔགས་སོ། །གཞན་ཡང་གཏར་ག་གདབ་པའི་ཆོ་ག་བཞིན་དུ་བྱས་ཏེ། བྲང་དང༌། མིག་འགྲམ་དང༌། དཔྲལ་བའི་དབྱེས་ལས་ཁྲག་གཏར་བ་དང༌། ཡང་ན་ཤ་གཙང་མ་ཚིམ་ཚད་དུ་བཟའ་བ་དང༌། རླུང་མེད་པའི་ཕྱོགས་སུ་མལ་བཅས་ཏེ་གཞག་པ་དང་ཡང་སེམས་རྨོངས་པའི་ནད་ལས་གྲོལ་བར་བྱེད་དོ། །ཡང་སྨྱོ་བྱེད་ཀྱི་ནད་ཀྱིས་ཟིན་པའི་ནད་པ་དེ་ཆུའི་ནང་དུ་བསྐྱུར་བ་དང༌། ཁྲོན་པའི་ནང་དུ་བཅུག་པ་དང་ཡང་ན་ལྟོགས་ལྟོགས་སུ་ལུས་དབྲི་བར་བྱའོ། །ཡང་ན་གྲོགས་པོ་སྙིང་དུ་སྡུག་པས་ཆོས་དང་དོན་དང་ལྡན་པའི་གཏམ་གྱིས་དབུགས་དབྱུང་ཞིང་དྲུང་དུ་བསྡད་དེ་སེམས་དགའ་བར་བྱའོ། །ཡང་ན་ཉེ་བ་སྡུག་པ་ཤི་བ་འམ། རྨད་དུ་བྱུང་བའི་གཏམ་རྣམས་བརྗོད་པར་བྱའོ། །ཡང་ན་རྐང་ལག་བཅིངས་ལ་ཡུངས་ཀར་གྱིས་བྱུགས་ཏེ་གན་རྐྱལ་དུ་ཉི་མ་དྲོན་པོ་ལ་གཞག་པར་བྱའོ། །ཡང་ན་ཁ་སྲལ་ཕྲེའུ་བཏགས་པའི་ལྡེ་གུས་བསྐུས་པ་འམ། ཡང་ན་ལྕགས་བསྲེགས་པ་འམ། ཆུ་བསྐོལ་བ་འམ། ཏིལ་ལམ་མར་གང་ཡང་རུང་བས་ལུས་བསྲེག་གོ །ཡང་ན་ལྕག་གིས་གཞུ་བ་འམ། ཡང་ན་ཐག་པས་བཏགས་ཏེ་གཡང་སར་བསྐྱུར་བ་འམ། ཡང་ན་མཚོན་དང་རྡོ་དང་མི་མེད་པའི་ཁང་པ་སྟོང་པ་གཅིག་པུར་གཞག་པར་བྱའོ། །ཡང་ན་སྦྲུལ་ཆེན་པོ་སྔོན་མེད་པ་བསྟན་ལ་འཇིགས་སུ་གཞུག་གོ །དེ་བཞིན་དུ་གླང་དང༌། སེང་གེ་དང༌། གླང་པོ་ཆེ་ལ་སོགས་པ་གང་ཡང་རུང་བས་འཇིགས་སུ་གཞུག་གོ །ཡང་ན་རྒྱལ་པོའི་སྐྱེས་བུས་ལེགས་པར་བཅིངས་ནས་རྒྱབ་ཏུ་ཕྱུང་ལ་གསད་སར་ཁྱེར་བ་ཡིན་ནོ། །ཞེས་སྨྲས་ན་སྡིགས་མཛུབ་ལ་སོགས་པས་བསྡིགས་ཏེ་འཇིགས་སུ་གཞུག་གོ །གང་གི་ཕྱིར་སྦྱོར་བ་དེ་དག་བྱས་ན། ལུས་ཀྱི་སྡུག་བསྔལ་དང་སྲོག་གི་འཇིགས་པས་དྲན་པ་རྙེད་པར་འགྱུར་རོ། །ཞེས་སྔོན་གྱི་སློབ་དཔོན་དག་བཞེད་དོ། །འོན་ཀྱང་སྦྱོར་བ་དེ་དག་ཐམས་ཅད་བྱས་ན་སྨྱོ་བྱེད་ཀྱི་ནད་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །གསོ་བ་གྲུབ་པ་དེ་དག་ཀྱང་ཡུལ་དང་དུས་ལ་སོགས་པ་ལ་བརྟག་ལེགས་པར་སྦྱར་བར་བྱའོ། །གང་ཞིག་གཉེན་སྡུག་པ་དང་ནོར་བཟང་པོ་དང་བྲལ་ཏེ་དྲན་པ་སྟོར་
བར་གྱུར་པ་ལ་ནི་ནོར་དང་གཉེན་སྡུག་བ་ལ་སོགས་པ་དེ་ཉིད་ཡོད་དོ་ཞེས་བརྗོད་ཅིང་དབུགས་དབྱུང་ངོ༌། །འདོད་པ་དང༌། མྱ་ངན་དང༌། འཇིགས་པ་དང༌། ཁྲོ་བ་དང༌། དགའ་བ་དང༌། ཕྲག་དོག་དང༌། ཆགས་པ་ལས་གྱུར་པའི་སྨྱོ་བྱེད་ལ་ནི་དེ་གཉིས་གཅིག་ལ་གཅིག་ཕན་ཚུན་གཉེན་པོར་བྱས་ཏེ་ཞི་བར་བྱའོ། །སྨྱོ་བྱེད་ཀྱི་ནད་དེ་ཡང་གདོན་དང་འབྲེལ་པ་ཡིན་ཏེ། གདོན་དང་སྨྱོ་བྱེད་གང་གི་ཤས་ཆེ་བའི་མཚན་མ་དང༌། རང་བཞིན་བརྟགས་ཏེ། དེའི་འོག་ཏུ་གདོན་ནད་དང་སྨྱོ་བྱེད་ཀྱི་སྨན་ཅི་རིགས་པར་སྦྱར་རོ། །གལ་ཏེ་གདོན་དང་འབྲེལ་པ་ཡིན་ན་ནི་གཏོར་མ་སྦྱིན་པར་བྱ་སྟེ། ཏིལ་གྱི་ཕྱེ་མ་དང༌། ནས་ཀྱི་ཕྱེ་མའི་ཟན་དང༌། ཆང་བུ་དང༌། ཟས་སྣུམ་ཞིང་མངར་བ་དང༌། འབྲས་ཆན་ཁྲག་གིས་བསྒོས་པ་དང༌། ཤ་རྗེན་པ་དང༌། བཙོས་པ་དང༌། འབྲུའི་ཆང་དང༌། སྦྱར་བའི་ཆང་དང༌། ཨ་སའི་ཆང་དང༌། མེ་ཏོག་ཨ་ཏི་མུག་ཏ་དང། སྲི་ཤིང་གི་མེ་ཏོག་དང༌། ས་ཧ་ཙ་རའི་མེ་ཏོག་དང་བཅས་པའི་གཏོར་མ་བ་ལང་གི་སྟེགས་དང་ཆུ་ཀླུང་དང་ཟམ་ངོགས་ལས་གཏང་བར་བྱའོ། །སྐྱེས་བུ་གང་ཤ་དང་ཆང་སྤངས་པ་དང༌། སྡོམ་པ་ལ་གནས་པ་དང༌། ལུས་ངག་ཡིད་གསུམ་གཙང་ཞིང་དག་པ་དང༌། སྙིང་སྟོབས་དང་ལྡན་པའི་བློ་ཅན་ལ་ནི་ལྷན་ཅིག་སྐྱེས་པ་དང༌། གློ་བུར་ལས་བྱུང་བའི་སྨྱོ་བྱེད་རྣམས་ཀྱིས་ནམ་ཡང་ཚུགས་པར་མི་འགྱུར་རོ། །དབང་པོ་རྣམས་ཀྱི་ཡུལ་ཇི་ལྟ་བ་བཞིན་དུ་གསལ་བར་བྱེད་ཅིང༌། དེ་བཞིན་དུ་ལུས་དང་སེམས་ཀྱང་དངས་ལ་ལུས་ཟུངས་རྣམས་རང་བཞིན་དུ་གནས་པར་གྱུར་ན་སྨྱོ་བྱེད་དང་བྲལ་བའི་མཚན་མ་ཡིན་ནོ། །སྨྱོ་བྱེད་ཀྱི་ནད་གསོ་བའི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།དེ་ནས་བརྗེད་བྱེད་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་བརྗེད་བྱེད་ཅེས་བྱ་བ་ནི་དྲན་པ་ཉམས་པའི་བདག་ཉིད་ཡིན་ཏེ། དེས་བློ་དང་སེམས་ཡོངས་སུ་འཁྲུགས་པ་ཡིན་ལ། དེ་ཡང་སེམས་ལས་དྲགས་པ་དང༌། མྱ་ངན་དང་འཇིགས་པ་ལ་སོགས་པ་འབྱུང་བ་ཡིན་ནོ། །ནད་གཞི་རྣམས་ནི་སྨྱོ་བྱེད་དང་འདྲ་སྟེ། ཉེས་པ་འཁྲུགས་ནས་ལུས་དང་སེམས་ལ་ཞུགས་ཏེ། སྙིང་ལ་གཡོགས་པས་
སེམས་ཀྱི་བདག་ཉིད་ཉམས་པར་བྱས་ཏེ། འདུ་ཤེས་རྒྱུ་བའི་རྒྱུན་རྣམས་བཀག་པས་མུན་པར་ཞུགས་པ་སྙམ་བྱེད་ཅིང་བློ་རྨོངས་པར་འགྱུར་ཏེ། ལས་ཀྱི་བྱ་བ་ཅི་བྱེད་ཀྱང་སྨད་ཅིང་འཇིགས་སུ་རུང་བའི་ལས་བྱེད་ཅིང་སོ་འཁྲིགས་པ་དང༌། ཁ་ནས་ལྦུ་བ་འབྱུང་བ་དང་ལག་པ་དང་རྐང་པ་འགུལ་ཞིང་བསྐྱོད་པ་དང༌། གཟུགས་མེད་པ་མཐོང་ཞིང་ཡོད་པ་མི་མཐོང་བ་དང༌། འདར་ཞིང་ས་ལ་འགྱེལ་བ་དང༌། མིག་དང་སྨིན་མ་ཡོ་བར་གྱུར་པ་དང༌། ནད་སྟོབས་དང་བྲལ་ནས་བཟོད་ཟད་པ་ཡིན་ནོ། །དེ་ཡང་བརྗེད་བྱེད་དེ་ཡུན་རིང་དུ་ལོན་པ་ནི་འགྱུར་བ་དེ་དག་ཚབས་ཆེ་བ་ཡིན་ནོ། །དེ་ལྟར་གྱུར་པའི་བརྗེད་བྱེད་དེ་ཡང་རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། འདུས་པ་དང་བཞིའོ། །དེ་ལ་བརྗེད་བྱེད་ཀྱིས་ཐོག་མར་ཟིན་པའི་ཚུལ་ནི་སྙིང་འདར་ཞིང་སྟོང་པ་སྙམ་བྱེད་པ་དང༌། མགོ་འཁོར་བ་དང་མུན་ཐིབས་ཞེས་བྱེད་ཅིང་མུན་པར་མཐོང་བ་དང༌། མིག་ཟམ་ཟིམ་དུ་འདུག་པ་དང༌། རྫི་མ་འཁྲུགས་པ་དང༌། མིག་གྱུར་པ་དང༌། སྒྲ་མི་གྲག་བཞིན་དུ་ཐོས་པ་དང༌། རྔུལ་འབྱུང་བ་དང༌། ཁ་ཆུ་དང་སྣབས་འཛག་པ་དང༌། ཁ་ཟས་མི་འཇུ་ཞིང་ཡི་གར་མི་འོང་བ་དང༌། ཁོང་པ་འཁྲུགས་ཤིང་ཁྲུ་ལུ་ལུ་ཟེར་བ་དང༌། ཉམས་འཚག་ཟད་པ་དང༌། གཉིད་མེད་པ་དང༌། ཡན་ལག་བརྡུང་བརྡུང་བ་སྙམ་བྱེད་པ་དང༌། སྐོམ་དད་ཆེ་བ་དང༌། དེ་རྨི་ལམ་ན་ཡང་གླུ་ལེན་པ་དང༌། གར་བྱེད་པ་དང༌། ཏིལ་མར་དང༌། ཆང་འཐུང་བ་དང༌། ཏིལ་མར་དང་ཆང་གི་གཅིན་འབྱུང་བར་རྨི་བ་རྣམས་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་བརྗེད་བྱེད་ཀྱི་མཚན་མ་ནི་བརླ་གཉིས་འགུལ་བ་དང༌། ཡང་དང་ཡང་ས་ལ་འགྱེལ་བ་དང༌། ཡང་དང་ཡང་དྲན་པ་སྟོར་ཞིང་རྙེད་པ་དང༌། ཚིག་མི་གསལ་བ་སྨྲ་བ་དང༌། མིག་ཟླུམ་ལ་ཕྱིར་འབུར་བ་དང༌། རྡམ་པ་དྲག་ཏུ་འདོན་ཅིང་དབུགས་མི་བདེ་བ་དང༌། ཁ་ནས་ལྦུ་བ་འབྱུང་བ་དང༌། མགོ་འགུལ་ཞིང་འདོམ་པ་དང༌། སོ་འཁྲིགས་པ་དང༌། གྲེ་བ་རླུང་གིས་གང་བ་དང༌། ཡན་ལག་ཕན་ཚུན་བརྡེག་པ་དང༌། ཁུ་ཚུར་བསྡམས་ནས་མཐེའུ་ཆུང་ནས་བཟུང་སྟེ། སོར་མོ་རྣམས་རིམ་གྱིས་རྐྱོང་བ་དང༌། ལུས་རྩུབ་པ་དང༌། མིག་དང༌། པགས་
པ་དང༌། སེན་མོ་རྣམས་རྩ་གནག་ཅིང་དངོས་པོ་རྣམས་ནག་པོར་མཐོང་བ་དང༌། རང་བཞིན་གྱིས་མིག་བསྟན་པ་དང༌། ལུས་རྩུབ་པ་རུད་རུད་པོར་འདུག་ཅིང་གཡོ་བ་དང༌། མདོག་མི་སྡུག་པ་དང༌། བཞིན་འགྱུར་བ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་བརྗེད་བྱེད་ཀྱི་རྟགས་ནི། དྲན་པ་ཡང་དང་ཡང་ཉམས་ཤིང་ཡང་དང་ཡང་འདུས་ཤིང་རྙེད་པ་དང༌། མིག་དང་གདོང་དང༌། པགས་པའི་མདོག་སེར་ཞིང་ལྦུ་བ་སེར་པོར་འབྱུང་བ་དང༌། ས་ལ་རྐང་ལག་གིས་བརྡེག་པ་དང༌། མིག་ལམ་དུ་འཇིགས་སུ་རུང་བ་དང༌། འཚེར་བ་དང༌། ཁྲོ་བོའི་གཟུགས་མཐོང་ཞིང་སྐོམ་དད་དང་བཅས་པ་ཡིན་ནོ། །བད་ཀན་ལས་བརྗེད་བྱེད་དུ་གྱུར་པའི་མཚན་མ་ནི་ཡུན་རིང་པོ་ནས་དྲན་པ་སྟོར་ཞིང་དྲན་པ་རྙེད་པ་ཡང་བུལ་བ་དང༌། ཁ་ཟས་ཉུང་ངུ་ཟ་ཞིང་བྱེད་སྤྱོད་ཉུང་བ་དང༌། ཁ་ཆུ་ཡང་དང་ཡང་དུ་འབྱུང་བ་དང༌། མིག་དང༌། སེན་མོ་དང༌། ཁའི་ནང་དཀར་བ་དང༌། གཟུགས་རྣམས་དཀར་པོར་མཐོང་བ་ཡིན་ནོ། །འདུས་པ་ལས་གྱུར་པའི་བརྗེད་བྱེད་ཀྱི་མཚན་མ་ཐམས་ཅད་དང་ལྡན་པ་ནི་སྤང་བར་བྱའོ། །དེ་ལ་གློ་དང་སྙིང་དང་དྲན་པའི་སྦུ་བུ་རྣམས་སུ་དྲི་མ་འགགས་པའི་བརྗེད་བྱེད་ལ་ནི་ཐོག་མར་དེ་དག་པར་བྱ་བའི་ཕྱིར་སྨན་རྣོན་པོ་དང་བཅས་པའི་སློན་ལ་སོགས་པའི་ལུམས་བྱའོ། །རླུང་ལས་གྱུར་པའི་བརྗེད་བྱེད་ལ་ནི་ཕལ་ཆེར་སྨན་མས་གཏོང་བ་རྣམས་བྱའོ། །མཁྲིས་པ་ལས་གྱུར་པ་ལ་ནི་ཕལ་ཆེར་བཀྲུ་སྨན་སྦྱར་རོ། །དེ་ལྟར་གོང་དུ་སློན་ཁྲུས་ཀྱིས་ལུས་དག་པར་བྱས་ནས་སྤྲོ་བ་བསྐྱེད་དོ། །དེའི་འོག་ཏུ་བརྗེད་བྱེད་ཀྱི་སྨན་བཤད་པར་བྱ་སྟེ། བའི་ལྕི་བའི་ཁུ་བ་དང༌། འོ་མ་དང༌། ཞོ་དང༌། གཅིན་དང༌། མར་དང༌། དེ་རྣམས་ཆ་སྙོམས་ཏེ་བསྐོལ་བ་བའི་རྣམ་ལྔའི་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན། བརྗེད་བྱེད་དང༌། རིམས་དང༌། སྨྱོ་བྱེད་དང༌། མིག་སེར་རྣམས་སེལ་ལོ། །རྩ་བ་རྣམ་པ་ལྔ་པ་གཉིས་དང༌། འབྲས་བུ་གསུམ་དང༌། སེར་པོ་རྣམ་གཉིས་དང༌། དུགས་མོ་ཡུངས་ཀྱི་ཤུན་ཕྲག་ས་དང༌། ལོ་མ་བདུན་པ་དང༌། ཨ་པ་མརྒ་དང༌། ནི་ལི་ནི་དང༌། པུ་ཙེ་ཤེལ་དང༌། དོང་ག་དང༌། མ་ནུ་དང༌།
ཤིང་ཕལ་གུའི་རྩ་བ་དང༌། བྱི་ཚེར་བ་དང༌། སྨན་དེ་རྣམས་ཆུ་སྲང་གཉིས་གཉིས་ཆུ་སྲང་བརྒྱད་ལ་ཆུ་ཕུལ་གང་དུ་བརྩིས་པའི་ཆུ་ཕུལ་དྲུག་ཅུ་རྩ་བཞི་དང་བསྐོལ་ཏེ། བཞི་ཆ་ལུས་པའི་ནང་དུ་ག་བྲའི་རྩ་བ་དང༌། པ་ཐ་དང༌། ཨ་ཏ་ཀ་ཞེས་བྱ་བ་རུ་བ་རི་དང༌། དན་ཏི་དང༌། དུར་བྱིད་དང༌། ཚ་བ་གསུམ་དང༌། རོ་ཧ་ཤ་དང༌། བྷུ་ཏི་ཀ་དང༌། མུར་པ་དང༌། ཅི་སྐྲིགས་དང༌། ཧ་ཏི་པི་པི་ལིང་དང༌། ཐལ་ཏྲེས་རྣམ་གཉིས་དང༌། མ་ནུ་ཡན་ཏི་ཞེས་བྱ་བ་སེན་རྩི་དང༌། ཙི་ཏྲ་ཀ་དང༌། ལྕང་མ་དང༌། འདི་རྣམས་ཞོ་གཉིས་དང༌། མར་སྲང་སུམ་ཅུ་རྩ་གཉིས་དང༌། བའི་རྣམ་ལྔ་རེ་རེ་ཡང་དེ་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ནི་བའི་རྣམ་ལྔ་ཆེན་པོའི་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན། བརྗེད་བྱེད་དང༌། རིམས་དང༌། དམུ་རྫིང་དང༌། མཚན་པར་རྡོལ་བ་འཕྲོག་པའི་མཆོག་ཡིན་ཏེ། སྐྲན་ནད་དང༌། གཞང་འབྲུམ་དང༌། མིག་སེར་དང༌། སྐྱ་རྦབ་དང༌། སྐྲན་དང༌། ལུད་པ་དང༌། གདོན་རྣམས་འཇོམས་པར་བྱེད་དོ། །ཤུ་དག་དང༌། རུ་རྟ་དང༌། ད་ཤང་ཁ་པུཥྤ་དང༌། མར་རྙིང་པ་དང༌། མར་གྱི་བཞི་འགྱུར་གྱི་སྨན་བྲམྷི་རང་གི་ཁུ་བ་དང༌། དེ་རྣམས་ལྷན་ཅིག་བསྐོལ་ཏེ། དེ་ལས་རན་པར་འཐུངས་ན། ཡིད་གཞུངས་ཤིང་སྨྱོ་བྱེད་དང༌། བཀྲ་མི་ཤིས་པ་རྣམས་དང༌། བརྗེད་བྱེད་དང་བསྡིགས་པ་རྣམས་ལས་རྒྱལ་བར་བྱེད་དོ། །ཡང་ན་འཚོ་བྱེད་སྡེ་བཅུ་སྲང་རེ་རེ་བཏགས་པའི་ཕྱེ་མ། ཏིལ་མར་དང༌། མར་སྲང་སུམ་ཅུ་སུམ་ཅུ་དང༌། འོ་མ་ཕུལ་དྲུག་ཅུ་རྩ་བཞི་དང་འདི་རྣམས་ཆུ་དང་ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ལས་རན་པར་འཐུངས་ན་བརྗེད་བྱེད་ལས་གྲོལ་བར་བྱེད་དོ། །ཡང་ན་འོ་མ་དང༌། བུ་རམ་ཤིང་གི་ཁུ་བ་སྲང་ཉི་ཤུ་རྩ་བརྒྱད་དང༌། མར་སྲང་སུམ་ཅུ་རྩ་གཉིས་དང༌། དེའི་བརྒྱད་འགྱུར་གྱི་ཏང་པལ་གྱི་ཁུ་བ་དང༌། འཚོ་བྱེད་སྡེ་བཅུ་ཞོ་གཉིས་གཉིས་ཀྱི་ཕྱེ་མ་ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ལས་རན་པར་འཐུངས་ན་རླུང་དང་མཁྲིས་པ་ལས་གྱུར་པའི་བརྗེད་བྱེད་མྱུར་དུ་འཇིག་པར་བྱེད་དོ། །ཡང་ན་རྩྭ་ཀ་ཤ་དང༌། ཀུ་ཤ་དང༌། བི་ད་རི་
དང། བུ་རམ་ཤིང་དང་དེ་རྣམས་འོ་མ་དང་ལྷན་ཅིག་བསྐོལ་ཏེ། འོ་མ་ལུས་པ་ལས་རན་པར་འཐུངས་ན་ཡང་ཕན་ཡོན་དེ་དང་འདྲ་སྟེ། ཤིང་མངར་གྱི་ཕྱེ་མ་དང༌། མར་དང༌། མར་གྱི་བཅོ་བརྒྱད་འགྱུར་གྱི་སྨན་དའི་ཁུ་བ་དང་ཚུལ་བཞིན་དུ་བསྐོལ་ཏེ་མར་ལུས་བ་ལས་རན་པར་འཐུངས་ན་བརྗེད་བྱེད་འཕྲོག་པར་བྱེད་དོ། །ཡང་ན་བ་སེར་སྐྱའི་སྣ་ནས་བླུགས་ན་བརྗེད་བྱེད་ལས་རྒྱལ་བའི་མཆོག་ཡིན་ནོ། །ཁྱི་དང༌། ཝ་དང༌། བྱི་ལ་དང༌། སེང་གེ་ལ་སོགས་པ་གང་ཡང་རུང་བའི་མཁྲིས་པ་གོང་མ་ལྟར་བཏང་ན་ཡང་བསྔགས་སོ། །སྲོག་ཆགས་གོ་དྷ་དང༌། སྲེ་མོ་དང༌། གླང་པོ་ཆེ་དང༌། ཁྱུ་མཆོག་དང༌། དྲེད་དང༌། བ་ལང་དང༌། དེ་རྣམས་ཀྱི་མཁྲིས་པ་གང་ཡང་རུང་བ་དང་ཏིལ་མར་བསྐོལ་ཏེ། ཏིལ་མར་ལུས་པ་ལས་བསྐུ་བ་དང༌། སྣ་ནས་བླུགས་པ་བྱས་ན་ཡང་བསྔགས་སོ། །འབྲས་བུ་གསུམ་དང༌། ཚ་བ་གསུམ་དང། ཀོ་ཉོན་ཙེ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། ཕ་ནིད་ཙ་དང༌། སུ་ཤཱ་ཧཱ་དང༌། ཨ་པ་མརྒ་དང༌། ཀ་རཉྫའི་ས་བོན་དང༌། འདི་རྣམས་ཏིལ་མར་ར་གཅིན་དང་བསྐོལ་ལ་མར་ལུས་པ་ལས་སྣར་བླུགས་པ་འམ། ཡང་ན་སྨན་དེ་རྣམས་ཀྱི་ཕྱེ་མ་སྦུ་གུ་ནས་སྨན་པས་སྣར་བུད་པར་བྱའོ། །ཡང་ན་སྲེ་མོ་དང༌། འུག་པ་དང༌། སྤྲེའུ་དང༌། བྱ་རྒོད་དང༌། སྦྲུལ་དང༌། བྱ་རོག་དང༌། སྲོག་ཆགས་ཀ་ཊི་ཀ་དང་དེ་རྣམས་གང་རྙེད་པའི་མཆུ་དང༌། སྒྲོ་དང༌། རྟུག་པ་རྣམས་ཀྱི་དུད་པས་བརྗེད་བྱེད་ཅན་ལ་བདུག་གོ །ཡང་ན་ཏིལ་མར་རམ། སྒོག་སྐྱ་འམ། འོ་མ་འམ་ཉེའུ་ཤིང་གང་ཡང་རུང་བ་བསྟེན་ན་ཕན་ནོ། །ཡང་ན་སྨན་བྲམྷི་དང༌། རུ་རྟ་དང༌། ཤུ་དག་གང་ཡང་རུང་བའི་ཁུ་བ་སྦྲང་རྩི་དང་ལྡན་བ་བསྟེན་ན་ཕན་ནོ། །ནད་གཞི་གསུམ་མཉམ་དུ་འཁྲུགས་ཏེ། གནད་ཆེན་པོ་སྙིང་དང་སེམས་ལ་བརྟེན་ནས་ལུས་དང་སེམས་ལ་གནོད་པར་བྱས་ཏེ། བརྗེད་བྱེད་ཀྱི་ནད་འབྱུང་ན་ནི་སྨན་གཞན་གྱིས་གསོ་བར་དཀའ་སྟེ། དེ་ལ་ནི་བཅུད་ཀྱི་ཆོ་གས་གསོ་བར་བྱའོ། །དེ་བས་ན་བརྗེད་བྱེད་ཀྱི་ནད་ཀྱིས་ཉམ་ཐག་པའི་ནད་པ་དེ་ལ་ནི། མེ་དང༌། ཆུ་དང༌། གཡང་ས་ལ་སོགས་པ་མི་བཟད་པ་རྣམས་ལས་དུས་ཐམས་ཅད་
དུ་བསྲུང་ཞིང་བསྐྱང་བར་བྱའོ། །དེ་ལྟར་སེམས་གྱུར་པའི་ནད་པ་དེ་བརྗེད་བྱེད་ཀྱིས་སེམས་གྱུར་པའི་ནད་ལས་གྲོལ་མ་ཐག་ནི་ཁྱོད་འདི་ལྟར་འབྱུང་པོས་ཟིན་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་ཚིག་བརྗོད་པར་མི་བྱ་སྟེ། ལུས་དང་སེམས་ཉོན་མོངས་པའི་སྐྱེས་བུ་དེ་ལ་ནི་ཡུལ་ཡིད་དུ་འོང་བ་ལ་སོགས་པས་སེམས་བརྟ་ཞིང་གསོ་བར་བྱའོ། །བརྗེད་བྱེད་ཀྱི་ནད་གསོ་བའི་ལེའུ་སྟེ་བདུན་པ་རྫོགས་སོ།། །།དེ་ནས་རྫི་མ་དང་མིག་མཆུའི་ནད་ངོ་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་མིག་ནད་དོ་ཅོག་སློང་བར་བྱེད་པའི་ཁ་ཟས་ལ་སོགས་པ་ཟོས་པ་དང༌། ཁྱད་པར་དུ་མིག་ལ་གནོད་པའི་ཟས་ཟོས་པ་དང༌། གཞན་ཡང་མིག་ནི་ཕལ་ཆེར་མཁྲིས་པ་འཁྲུགས་ན་མིག་ཀྱང་དེའི་རྗེས་སུ་ན་བར་བྱེད་པས་ན་ནད་གཞི་གང་ལས་གྱུར་ཀྱང་རུང་སྟེ། ཉེས་པའི་དྲི་མ་རྩའི་སྡུབས་ནས་གྱེན་དུ་འབྱུང་སྟེ། མིག་མཆུ་དང༌། མིག་གི་གྲྭ་མཚམས་དང༌། མིག་གི་འབྲས་བུ་དཀར་པོ་དང༌། ནག་པོ་དང༌། མཐོང་བའི་མིག་དང༌། དེ་དག་གང་ཡང་རུང་བའམ། ཡང་ན་ཐམས་ཅད་ལ་ཡང་རུང་སྟེ་བརྟེན་ནས་ནད་གཞི་ཇི་ལྟ་བ་བཞིན་དུ་ནད་སྐྱེད་དོ། །དེ་ལ་རླུང་ལས་གྱུར་པའི་མིག་ནད་ཀྱི་མཚན་མ་ནི་མིག་ཆུའི་རྩ་ལ་རླུང་ཞུགས་པར་གྱུར་ཏེ། དེ་ཡང་གཉིད་ལོག་པ་ལས་སད་ན་དབྱེར་མི་འདོད་ཅིང་ནད་དང་བཅས་པ་དང༌། མིག་བྱེ་མས་གང་བ་སྙམ་བྱེད་པ་དང༌། འབྱེད་པའི་དུས་སུ་ཡང་དཀའ་བས་འབྱེད་ཅིང་མཆི་མ་ཟག་པ་དང༌། མིག་མཉེས་ན་ཅུང་ཞིག་པན་པ་སྙམ་བྱེད་པ་དེ་ནི་མིག་ནད་འབྱེད་དཀའ་བ་ཡིན་ནོ། །ཞེས་སྔོན་གྱི་དྲང་སྲོང་དག་འཆད་དོ། །དེ་ལ་མིག་ནད་འཛུམས་པ་ཞེས་བྱ་བའི་མཚན་མ་ནི། རླུང་གིས་མཆུ་བསྐྱོད་དེ་ཡང་དང་ཡང་དུ་མིག་འབྱེད་ཅིང་འཛུམས་པ་སྟེ། དེ་ཡང་ནད་མེད་པའོ། །དེ་ལ་རླུང་གིས་མིག་ནད་ཉམས་པ་ཞེས་བྱ་བ་ནི་རླུང་གིས་མིག་གི་འགུལ་རྩ་ཉམས་པར་བྱས་པས་འབྱེད་འཛུམས་ཀྱི་རྩོལ་བ་མི་ཤེས་ཏེ། དེ་ཡང་མིག་མཆུ་འོག་མ་རྟག་ཏུ་ལྷོད་པར་བྱེད་པའོ། །དེ་ལ་མཁྲིས་པ་ལས་གྱུར་པའི་མིག་མཆུའི་ནད་ཀྱི་མཚན་མ་ནི། མིག་མཆུའི་ནད་དམ་ཕྱི་རོལ་གང་ཡང་རུང་བ་ཀུ་མུ་ཏའི་ས་བོན་གྱི་མདོག་
ལྟ་བུའི་འབྲུམ་བུ་ཕྲ་མོ་འབྱུང་ཞིང་དེ་ཡང་བརྟོལ་ན་ཡང་གང་བ་ནི་ཀུ་མུ་ཏའི་ས་བོན་ལྟ་བུའི་མིག་མཆུའི་ནད་ཅེས་བྱའོ། །དེ་ལ་མཁྲིས་པས་སློང་བ་ཞེས་བྱ་བའི་མིག་མཆུའི་ནད་ནི་མིག་མཆུ་རབ་ཏུ་ཚ་ཞིང་ཤིན་ཏུ་ན་ལ་མདོག་དམར་ཞིང་རེག་པར་མི་བཟོད་པ་ཡིན་ནོ། །གཞན་ཡང་མིག་མཆུའི་ནད་ནི་ནད་གཞི་རྫི་མའི་ནང་དུ་ཞུགས་ནས་གཡའ་ཞིང་ཚ་སྟེ། དེའི་འོག་ཏུ་རྫི་མ་བྱི་བར་བྱེད་དེ། དེའི་མིང་ནི་རྫི་མ་འབྱི་བ་ཞེས་བྱ་བའི་མིག་མཆུའི་ནད་ཡིན་ནོ། །བད་ཀན་ལས་གྱུར་པའི་མིག་མཆུའི་ནང་ནི་འབྲུམ་བུ་ཕྲ་མོ་དཀར་པོ་ཡུངས་ཀར་ཙམ་ལ་མཐུག་པར་འབྱུང་བ་དང༌། སྐྲང་པ་དང༌། མིག་རུས་ཁྱབ་པ་དང༌། ན་བ་དང༌། གཡའ་བ་དང༌། མཆི་མ་སྤྱི་བག་ཅན་དང་ལྡན་པ་དེ་ནི་མིག་མཆུའི་ནད་ཤ་སྐྱེས་པ་ཞེས་བྱ་བར་བཤད་དོ། །བད་ཀན་གྱིས་སློང་བ་ཞེས་བྱ་བའི་མིག་མཆུའི་ནད་ནི་འབྱེད་འཛུམས་མི་ཤེས་པ་དང༌། མིག་རྡུས་ཁྱབ་པར་འདུག་པ་ཡིན་ནོ། །གཞན་ཡང་བད་ཀན་ལས་གྱུར་པའི་མིག་མཆུའི་ནད་ནི་ཐོར་བུ་རྒྱ་ཤུག་ཙམ་མམ། དེ་བས་ཡིད་ཙམ་ཆུང་བར་འབྱུང་སྟེ། དེ་ཡང་དཀར་ལ་ན་ཞིང་སྨན་པ་དང༌། གཡའ་བ་དང༌། སྲ་བ་རྣམས་ཡིན་ཏེ། མིག་མཆུའི་ནད་དེ་ལ་ནི་ལག་གྷ་ན་ཞེས་བྱ་བ་ཡིན་ནོ། །ཁྲག་ལས་གྱུར་པའི་མིག་མཆུའི་ནད་ཀྱི་མཚན་མ་ནི་འབྲུམ་བུ་ཁྲག་འདྲ་བ་སྟུག་པོ་མང་དུ་འབྱུང་སྟེ། དེའི་མིང་ནི་མིག་མཆུ་ཁྱབ་པར་བྱེད་པ་ཞེས་བྱའོ། །གཞན་ཡང་དམར་པོ་ཤར་ཤར་པོ་ཁྲག་གི་མདོག་ཏུ་སྣང་ཞིང་དེ་ཡང་རེག་པར་མི་བཟོད་པ་ཡིན་ཏེ། དེ་ནི་ཁྲག་གིས་སློད་བའི་མིག་མཆུའི་ནང་ཅེས་བྱའོ། །མིག་མཆུའི་ནད་ཤ་ཆེ་བའི་འབྲུམ་བུ་སྲ་བ་དང༌། སྣུམ་པ་དང༌། ཚ་བ་དང༌། ན་བ་དང༌། མདོག་དམར་ཞིང་ཁྲག་གི་མདོག་ཏུ་གྱུར་ཞིང་ཁྲག་འཛག་ལ་བཅང་པ་བཞིན་དུ་འཕེལ་བ་ནི་ཁྲག་ལས་བྱུང་བ་ཡིན་ནོ། །དེའི་མིང་ནི་ཁྲག་གི་མིག་མཆུའི་ནད་ཅེས་བྱའོ། །ཡང་ན་ཁྲག་ལས་གྱུར་པའི་མིག་མཆུའི་ནད་ནི་མིག་མཆུའི་དཀྱིལ་ལམ། མིག་མཆུའི་མཐའ་མ་ལ་མོན་སྲན་སྡེའུ་ཙམ་གྱི་ཚད་ཙམ་ཟངས་མའི་མདོག་འདྲ་བར་འབྱུང་ཞིང་གཡའ་བ་དང༌། ཟུག་གཟེར་དང་བཅས་པ་ལ་བརྟེན་པར་གནས་པ་དེ་ནི་སྟང་
ཟིལ་ལྟ་བུའི་མིག་མཆུའི་ནད་ཅེས་བྱའོ། །དེ་ལ་འདུས་པ་ལས་གྱུར་པའི་མིག་མཆུའི་ནད་ནི་མིག་མཆུའི་ཕྱི་རོལ་སྐྲང་བ་ལྟར་འདུག་ལ་ནང་དུ་སྦུ་བུ་ཕྲ་མོས་ཁྱབ་པར་འདུག་སྟེ། ནང་ཆུས་ཁེངས་ཤིང་དེ་ཡང་འཛག་པ་དང༌། པད་མའི་རྩ་བ་དང་འདྲ་བ་ནི་པད་མའི་རྩ་བ་ལྟ་བུའི་མིག་མཆུའི་ནད་ཅེས་བྱའོ། །ཁྲག་གིས་ནད་གཞི་རྣམས་བསླངས་ཏེ་མིག་མཆུའི་ནད་དུ་གྱུར་པ་ནི་ནད་གཞི་རྣམས་ལྷན་ཅིག་འཁྲུགས་ཏེ། རྒྱུ་མེད་པར་རྣག་དང་ཆུ་སེར་རེས་འགའ་མི་འཛག་པ་དང༌། རེས་འགའ་འཛག་པ་ནི་མིག་མཆུའི་ནད་ཁྲག་གིས་སློང་བ་ཞེས་བྱའོ། །ནད་གཞི་གསུམ་ཁྲག་དང་བཅས་པའི་མིག་མཆུའི་ནད་ནི་སྡོ་བསངས་སུ་འདུག་པ་དང༌། ཟུག་གཟེར་བྱེད་པ་དང༌། རྣག་དང་བཅས་ཤིང་སྐྲང་པ་དང་ལྡན་པ་ནི་སྔོ་བསངས་ལྟ་བུའི་མིག་མཆུའི་ནད་ཅེས་བྱའོ། །ཁྲག་དང་ནད་གཞི་རྣམས་འདྲེས་པ་ལས་གྱུར་པའི་མིག་མཆུའི་ནད་ནི་མིག་མཆུ་གཉིས་འབྱར་བ་དང༌། གཡའ་བ་དང༌། མདོག་དམར་ཞིང་སྐྲང་པ་དང་བཅས་པ་ནི། མིག་མཆུའི་ནད་འབྱར་བག་ཅེས་བྱའོ། །མིག་མཆུའི་ནད་འབྲུམ་བུ་ཕྲ་མོ་བྱེ་མ་འདྲ་བས་ནང་དུ་ཁེངས་ཤིང་སྲ་བ་དང་རྩུབ་པ་དེ་ནི་མིག་མཆུའི་ནད་བྱེ་མ་ལྟ་བུ་ཞེས་བྱའོ། །གང་ཞིག་མཆུ་གནག་ཅིང་འདམ་ལྟར་འདུག་པ་དེ་ནི་མིག་མཆུའི་ནད་འདམ་ལྟ་བུ་ཞེས་བྱའོ། །སྐྱེས་བུ་གང་གི་མིག་མཆུའི་ཤ་ཆེར་སྐྱེས་ཞིང་མཐུག་ལ་མཐོན་དམན་མེད་ཅིང་རང་གི་མདོག་གཞན་དང་མ་འདྲེས་པར་འདུག་པ་དེ་ནི་མིག་མཆུའི་ནད་ཤས་ཆེ་བ་ཞེས་བྱའོ། །ཡང་ན་མིག་མཆུའི་ནད་ནི་བྱིས་པ་སོ་སྐྱེས་པའི་མཚན་མའི་རྟགས་སུ་འབྱུང་སྟེ། རྒྱུ་དེས་མིག་མཆུ་སྐྲང་ཞིང་མིག་དམར་བ་དང༌། བལྟར་མི་བཟོད་པ་དང༌། མིག་མཆུ་ཟུག་གཟེར་དང་བཅས་ཤིང་འབྱར་བར་འདུག་པ་དང༌། རྣ་བ་དང་སྣ་དང་མིག་རྣམས་ལག་པས་ཉེད་པ་ཡིན་ཏེ། དེ་ནི་མིག་མཆུའི་ནད་ཀུ་ཀུན་ཀ་ཞེས་བྱ་བ་ཡིན་ནོ། །མིག་མཆུའི་ནད་རྫི་མ་འཁྲུགས་ཏེ་མིག་མཆུའི་སྤུ་ཞུམ་པར་གྱུར་ནས། མིག་མཆུ་ལ་ནང་དུ་ལྟ་ཞིང་མིག་མཆུ་འདེབས་མི་ནུས་པ་དང༌། རྫི་མ་བཏོགས་ན་རེས་འགའ་ནད་ཞི་ལ་ཡང་སྤུ་སར་པ་སྐྱེས་པ་དང༌། ཚེར་མའི་རྩེ་མོ་བཞིན་
དུ་རྣོ་བ་དེས་མིག་ལ་ཟུག་པ་སྐྲང་བར་འགྱུར་ཏེ། དེ་ནི་མིག་མཆུའི་ནད་རྫི་མ་འཁྲུགས་པ་ཞེས་བྱའོ། །ཡང་མིག་མཆུའི་ནད་སྣ་གོང་ཕྱོགས་ཀྱི་མིག་གི་གྲྭ་མཚམས་ཀྱི་མིག་མཆུའི་ཕྱི་རོལ་དུ་ཐོར་བུ་འབྱུང་ཞིང་སྲ་ལ་མཐོན་པོར་འདུག་པ་དང༌། སྨིན་པའི་དུས་སུ་ཁྲག་དང་རྣག་འཛག་ཅིང་ཡང་དང་ཡང་དུ་རྣག་ཁྲག་གིས་ཁེངས་པ་དེ་ནི་མིག་མཆུའི་ནད་མེ་དབལ་ཆུང་ངུ་ཞེས་བྱའོ། །ནད་གཞི་གསུམ་དང་ཁྲག་ལས་གྱུར་པའི་ནད་ནི་མིག་མཆུའི་དབུས་སུ་ཤའི་མཛེར་པ་ལྟ་བུ་འབྱུང་ཞིང་མཁྲང་བ་དང༌། སྲ་བ་དང༌། ནད་མེད་ཅིང་རིང་པོར་འཕྱང་བ་དེ་ནི་མིག་མཆུའི་ནད་ཐོར་བུ་ལྟ་བུ་ཞེས་བྱའོ། །ཉི་ཤུ་རྩ་བཞི་པོ་དེ་དག་ནི་མིག་མཆུ་ལ་བརྟེན་པའི་ནད་དུ་བཤད་དོ། །དེ་རྣམས་ལས་དང་པོ་ནི་འབྱེད་དཀའ་ཞེས་བྱ་བའི་མིག་མཆུའི་ནད་ནི་སྨན་གྱིས་གསོ་བར་བྱ་བ་ཡིན་ནོ། །དེའི་འོག་མ་གཉིས་དང་མིག་ཏུ་འབྲུམ་བུ་བྱུང་བ་ནི་སྤང་བར་བྱའོ། །དེ་ལྟར་རྫི་མ་འཁྲུགས་པ་ཞེས་བྱ་བའི་ནད་ནི་ལན་འགའ་གསོར་རུང་ཞིང་རེས་འགའ་ཐུ་བར་བྱེད་པ་ནི། ཡུན་རིང་དུ་ན་བར་བྱེད་པ་ཡིན་ནོ། །ལྷག་མ་རྣམས་ནི་མཚོན་གྱི་ལས་ཀྱིས་གསོ་བར་བྱ་སྟེ། དེ་ཡང་རྫི་མ་འབྱི་བ་ཞེས་བྱ་བའི་མིག་མཆུའི་ནད་ནི་མཚོན་གྱིས་གཙགས་བར་བྱའོ། །མིག་མཆུའི་ནད་ཐོར་བུ་ནི་གཅད་པར་བྱའོ། །དེ་ལ་ལག་གྷ་ན་དང༌། ཀུ་མུ་ཏའི་ས་བོན་ལྟ་བུ་དང༌། པད་མའི་རྩ་བ་ལྟ་བུ་དང༌། ཨུད་ཙང་ག་ཞེས་བྱ་བ་ལྟ་བུ་དང༌། དངུལ་རྡོ་ལྟ་བུ་ཞེས་བྱ་བ་དང༌། མེ་དབལ་ཕྲ་མོ་ལྟ་བུ་རྣམས་ནི་མཚོན་གྱིས་དྲལ་བར་བྱའོ། །མིག་མཆུའི་ཤས་སྐྱེས་པ་དང༌། སྡོ་བསངས་དང༌། བྱེ་མ་ལྟ་བུ་དང༌། ཁྲག་གིས་ནད་གཞི་སློང་བར་བྱེད་པ་ཞེས་བྱ་བ་དང༌། འདམ་བུ་ལྟ་བུ་ཞེས་བྱ་བ་དང༌། ཤ་ཆེ་བ་ཞེས་བྱ་བ་དང༌། ཀུ་ཀུ་ན་ཞེས་བྱ་བ་དང༌། དེ་རྣམས་ནི་མཚོན་གྱིས་བཞར་བར་བྱའོ། །མིག་མཆུའི་ནད་དམིགས་བརྟག་པའི་ལེའུ་སྟེ་བརྒྱད་པ་རྫོགས་སོ།། །།དེ་ནས་མིག་མཆུའི་ནད་བསལ་བའི་ལེའུ་བཤད་པར་བྱའོ། །དེ་ལ་མིག་མཆུའི་ནད་འབྱེད་དཀའ་བ་ཞེས་བྱ་བ་ལ་ནི་མར་རྙིང་པ་དང༌། རྒུན་འབྲུ་དང༌། ཆུ་ཚུལ་བཞིན་བསྐོལ་ཏེ་ཁ་ར་བཏབ་པ་བཏུང་བར་བྱ་སྟེ།
དེ་བཞིན་དུ་སྣར་བླུགས་པ་དང༌། དུད་པ་དང༌། མིག་སྨན་སྣུམ་དང་སྦྱར་བ་གཏང་ངོ༌། །ཀུ་མུ་ཏའི་ས་བོན་ལྟ་བུའི་མིག་མཆུའི་ནད་ལ་ནི་མཚོན་གྱིས་གཙགས་ལ། དེའི་སྟེང་དུ་རྒྱམ་ཚའི་ཕྱེ་མས་གདབ་པར་བྱའོ། །ཤིང་མངར་དང༌། སྐྱུ་རུ་ར་དང༌། པ་ཏོ་ལ་རྣམས་བསྐོལ་བའི་ཆུས་ཀྱང་བླུགས་སོ། །དེ་ལ་མཚོན་གྱི་ལས་བྱ་དགོས་པའི་མིག་མཆུའི་ནད་ལ་ནི་ཐོག་མར་སློན་ཁྲུས་ཀྱིས་ལུས་དག་པར་བྱས་ལ། དེའི་འོག་ཏུ་ནད་པ་རླུང་མེད་པའི་གནས་སུ་གན་རྐྱལ་དུ་བཞག་ལ་ནད་གཡོག་གིས་མི་འགུལ་བར་བཟུང་ལ་རས་འཇམ་པོ་ཆུ་དྲོན་དུ་བཅུག་པས་མིག་མཆུའི་ཕྱི་རོལ་དུ་དུགས་བྱས་ལ། དེའི་འོག་ཏུ་ལག་པ་གཡོན་པའི་མཐེ་བོང་དང་མཛུབ་མོ་གཉིས་གོང་མའི་རས་ཀྱིས་དཀྲིས་ལ་དེས་མིག་མཆུ་གཉིས་ཕྱེ་ཞིང་ཕྱིར་བཟློག་པར་བྱའོ། །དེ་ལྟར་བྱས་ན་མི་འཇིལ་ཞིང་བརྟན་པར་བྱས་པའི་ཕྱིར་རོ། །དེ་ནས་མཚོན་རྩེ་མོ་དཀྱིལ་འཁོར་ལྟ་བུ་འམ། ཤ་ཁ་ཏྲ་འམ། ཤེ་ཕ་ལིའི་ལོ་མ་ལྟ་བུ་འམ། རྒྱ་མཚོའི་ལྦུ་བ་གང་ཡང་རུང་བའི་མཚོན་གྱིས་ཡིད་འཕྲེང་དུ་རྒྱ་གྲམ་དུ་གདབ་པོ། །དེ་ནས་ཁྲག་བྱུང་བ་དང༌། རས་བལ་གྱིས་ཕྱིའོ། །གལ་ཏེ་ཁྲག་མ་བྱུང་ན་ནི། ཡང་མཚོན་གྱིས་ལེགས་པར་དྲལ་ཏེ་ཕྱིས་ལ། དེའི་འོག་ཏུ་ནད་གཞི་རང་རང་དང་མཐུན་པའི་སྨན་སྦྲང་རྩི་དང་སྦྱར་བ་རྨར་གདབ་པོ། །དེའི་འོག་ཏུ་ཆུ་དྲོན་གྱིས་བཀྲུའོ། །དེ་ནས་མར་དང་སྦྲང་རྩི་དང་ནས་ཕྱེ་བསྲེས་ལ་ཟན་ཐབས་སུ་བྱས་པས་མིག་ལ་གླན་ལ། དེའི་སྟེང་དུ་རས་མར་གྱིས་བྱུགས་པས་དཀྲིས་ཏེ་རྣ་བའི་གོང་འོག་ཏུ་བརྟོད་ལ་བཞག་གོ །རས་དེ་ཡང་ཞག་རེར་བཀྲོལ་ཞིང་རང་རང་དང་མཐུན་པའི་སྨན་ཡང་བླུགས་སོ། །ཞག་བཞི་ལོན་ནས་སྣར་བླུགས་པ་ལ་སོགས་པ་ཡང་བྱའོ། །ཞག་ལྔ་པ་ལ་ནི་རས་བཀྲོལ་ལ་བཏང་སྟེ་གླན་མི་དགོས་སོ། །དེ་ལྟར་མཚོན་གྱིས་ལེགས་པར་བཞར་ལེགས་པའི་མཚན་མ་ནི། མིག་མཆུ་ནི་མཐོན་དམན་མེད་ཅིང་མཉམ་པ་དང༌། དམར་སྐྱར་འདུག་ཅིང་སེན་མོའི་མདོག་ཏུ་སྣང་བ་དང༌། སྐྲང་པ་དང༌། གཡའ་བ་དང༌། རེག་ཅིང་བསྒུལ་ན་ཡང་ན་བ་མེད་པར་རིག་པར་བྱའོ། །དེ་ལས་
བཟློག་པ་ནི་མ་ལེགས་པའི་མཚན་མ་ཡིན་ཏེ། དེ་ལ་ནི་ཡང་མཚོན་གྱིས་བཞར་ཏེ་བཟླ་བར་བྱའོ། །གལ་ཏེ་མཚོན་གྱིས་བཞར་དྲགས་ན་ནི་མིག་མཆུ་ན་ཞིང་ཟུག་པ་དང༌། རྫི་མ་འབྱི་བ་དང༌། འཛག་པ་མང་བར་འགྱུར་ཏེ། དེ་ལ་ནི་སྣུམ་ཆོས་དང༌། དུགས་ལ་སོགས་པ་རླུང་ལ་ཕན་པའི་སྦྱོར་བ་བྱས་ན་ཕན་ནོ་ཞེས་སྨན་པ་རྣམས་འདོད་དོ། །དེའི་འོག་ཏུ་སེང་ཕྲོམ་དཀར་པོ་མར་སར་གྱིས་བསྐུས་ཏེ། ཨེ་རཎྜའི་རྩ་བའི་ཕྱེ་མའི་ལྡེ་གུས་བྱུགས་པ་རྫེའུ་ཁ་སྦྱར་གྱི་ནང་དུ་བསྲེགས་ཏེ་ཚོས་པ་དང༌། ཆུས་བཀྲུས་ཏེ་སྐམས་ལ་བཏགས་པའི་ཕྱེ་མ་བུད་མེད་དང་རའི་འོ་མ་གང་ཡང་རུང་བ་དང་སྦྲུས་ལ་རས་ཀྱི་ནང་དུ་ཐུམ་བུར་བྱས་ཏེ་མིག་ལ་དུགས་བྱའོ། །ཡང་ན་སེང་ཕྲོམ་དཀར་པོ་ལ་འབྲས་ཐུག་པོ་ཆེའི་ཕྱེ་མའི་ལྡེ་གུས་ཆོ་ག་གོང་མ་ལྟར་བྱས་པ་ལས་དེའི་ཕྱེ་མ་ཞོག་ཆུ་དང་མཉེས་ཏེ། དུགས་བྱས་ན་མཚོན་གྱིས་བཞར་དྲགས་པ་ལ་ཕན་ནོ། །ཡང་ན་ཞོག་ཆུ་ཉི་ཚེས་བླུགས་པ་བྱ་ཞིང་སྲོག་ཆགས་སྐམ་ན་གནས་པའི་ཤ་དང་ལྷན་ཅིག་བཟའ་བར་བྱའོ། །མིག་མཆུ་ལ་འབྲུམ་བུ་ཕྲ་མོ་སྲ་ཞིང་མཐོན་པོ་བྱུང་བ་ལ་ནི་འབྲས་ཀྱི་སོ་འདྲ་བའི་མཚོན་གྱིས་དྲལ་ཏེ་དེ་བཙིར་ལ་སྨན་གྱིས་བཏབ་པ་དང༌། བསྐུ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །གོང་དུ་སྨོས་པའི་བཞར་བ་ལ་སོགས་པའི་དཔྱད་ཐམས་ཅད་ཀྱང་དྲལ་བ་འདིར་སྦྱར་བར་བྱའོ། །མཁྲིས་པ་དང་ཁྲག་ལས་གྱུར་པའི་མིག་མཆུའི་ནད་ལ་ནི། སྨན་མངར་བའི་སྡེ་ཚན་དང་མར་སྦྱར་བས་དང་པོ་བཏུང་བ་ལ་སོགས་པ་སྣུམ་ཆོས་དང་སྦྱར་ཏེ། དེའི་འོག་ཏུ་ཁྲག་གཏར་རོ། །དེ་ནས་ཤིང་ཉེ་རོང་གི་བཀྲུ་སྨན་གཏང་ངོ༌། །མིག་མཆུའི་ནད་མཚོན་གྱིས་བཞར་ཏེ་ཁྲག་བྱུང་བ་དང༌། ཤིང་མངར་བསྐོལ་བའི་ཆུས་བཀྲུས་ཏེ། ཙནྡན་དཀར་པོ་འོ་མ་དང་སྦྱར་བས་བླུགས་པ་བྱས་ན་ཕན་ནོ། །རྫི་མ་འབྱི་བའི་མིག་མཆུའི་ནད་ལ་ནི་སྤུ་ཐོག་མ་གང་ནས་འབྱི་བའི་སྤུའི་ཁུང་བུ་ཁབ་ཀྱིས་གཙགས་ཏེ་ཁྲག་དབྱུང་བ་འམ། ཡང་ན་སྲིན་བུ་པད་པས་ཁྲག་དབྱུང་བ་ཕན་ནོ། །ཡང་ན་རྫེ་མའི་ནད་ལ་འོ་མ་དང༌། བུ་རམ་ཤིང་གི་ཁུ་བ་དང་སྦྱར་བའི་མར་གྱིས་སློན་བྱ་བ་དང༌། མངར་
པ་དང༌། བསིལ་བའི་སྨན་དང་བསྐོལ་བའི་མར་གྱི་སྣ་སྨན་བཏང་ན་ཕན་ནོ། །ཡང་ན་ནག་ཚུར་དཀར་པོའི་ཕྱེ་མ་ཟངས་མའི་སྣོད་ཀྱི་ནང་དུ་བཅུག་ལ་བྱིའུ་རུག་པའི་སྨན་གྱི་ཁུ་བས་ཞག་བཅུའི་བར་དུ་བྲན་ཅིང་དེའི་འོག་ཏུ་བསྐམས་ལ་དེའི་འོག་ཏུ་མིག་ཏུ་བསྐུས་ན། རྫི་མ་འབྱེ་བའི་ནད་ལ་ཕན་པའི་མཆོག་ཡིན་ནོ། །མིག་མཆུའི་ནད་ཤ་སྐྱེས་པ་ལ་འབྲུམ་བུ་ཕྲ་མོ་འབྱུང་བའི་ནད་ལ་ནི་ཐོག་མར་མཚོན་གྱིས་བཞར་ལ་བཅའ་སྒ་དང༌། རྒྱམ་ཚ་གཉིས་ཀྱི་ཕྱེ་མ་བཏབ་སྟེ། དེའི་འོག་ཏུ་ཆུ་དྲོན་གྱིས་བཀྲུའོ། །སེང་ལྡེང་དང༌། ཨཊྚ་ཀ་ཞེས་བྱ་བ་ཏུ་བ་རི་དང༌། ན་ལེ་ཤམ་དཀར་པོ་ཆུ་དང་ལྷན་ཅིག་བསྐོལ་བའི་ཆུའམ། ཡང་ན་སེར་པོ་རྣམ་གཉིས་དང༌། འབྲས་བུ་གསུམ་དང༌། ཤིང་མངར་རྣམས་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བས་བླུགས་པར་བྱའོ། །བད་ཀན་ལས་གྱུར་པའི་མིག་མཆུའི་ནད་ལ་ནི་ནག་ཚུར་དང༌། རྒྱམ་ཚ་དང༌། ལྡོང་རོས་དང། པི་པི་ལིང་དང༌། སྐྱེར་ཁཎྜ་དང་འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་བླུགས་པར་བྱའོ། །གཞན་ཡང་བད་ཀན་ལ་ཕན་པའི་སྨན་སྐྱུག་སྨན་དང༌། མིག་སྨན་དང༌། སྣ་ནས་གཏོང་བ་ཐམས་ཅད་ཀྱང་འདིར་བྱའོ། །མིག་མཆུའི་ནད་གྷ་ན་ཞེས་བྱ་བ་ལ་ནི། བད་ཀན་ལས་གྱུར་པའི་མིག་མཆུའི་ནད་ལ་ཕན་པའི་སྨན་ཐམས་ཅད་འདི་ལ་ཡང་ཕན་ཏེ། གལ་ཏེ་དེས་མ་ཞི་ན་མེའི་ལས་ཐམས་ཅད་བྱའོ། །ཀུ་ཀུ་ན་ཀ་ཞེས་བྱ་བ་བྱིས་པའི་མིག་མཆུའི་ནད་ལ་ནི་སེང་ལྡེང་དང༌། འབྲས་བུ་གསུམ་དང༌། ནིམ་པའི་ལོ་མ་རྣམས་ལྷན་ཅིག་ཡུངས་ཀར་གྱི་མར་དང་སྦྱར་བས་བཏུང་བ་ལ་སོགས་པ་སྣུམ་ཆོས་བྱས་ཏེ། པི་པི་ལིང་དང༌། ཤིང་མངར་དང༌། རྒྱམ་ཚ་དང༌། ཞུན་མར་རྣམས་སྦྱར་བས་ནུ་མ་བསྣུན་པའི་མ་ལ་སློན་བྱའོ། །དེའི་འོག་ཏུ་ཨ་རུ་ར་དང༌། པི་པི་ལིང་དང༌། རྒུན་འབྲུ་བསྐོལ་བའི་བཀྲུ་སྨན་བྱས་ན་ཡང་ཕན་ནོ། །དེ་ནས་མ་མ་དེ་ལ་གླ་སྒང་དང༌། སེར་པོ་རྣམ་གཉིས་དང༌། པི་པི་ལིང་རྣམས་བཏགས་པའི་འདག་གུས་ནུ་མ་ལ་བྱུག་གོ །ཡུངས་ཀར་མར་དང་བསྲེས་པའི་དུད་པས་ནུ་མ་ལ་བདུག་གོ །དེ་ལྟར་ན་སློན་ཁྲུས་ལ་སོགས་པས་ནུ་མ་བསྣུན་པའི་མ་མའི་ལུས་དག་པ་དང༌། བ་
ཏོ་ལ་དང༌། གླ་སྒང་དང༌། རྒུན་འབྲུ་དང༌། སླེ་ཏྲེས་དང༌། འབྲས་བུ་གསུམ་དང༌། འདི་རྣམས་བསྐོལ་བའི་བཏུང་བ་བླུད་དོ། །དེའི་འོག་ཏུ་བྱིས་པའི་མིག་མཆུ་མཚོན་གྱིས་བཞར་བ་འམ། ཡང་ན་སྲིན་བུ་པད་པས་འཇིབ་ཏུ་གཞུག་སྟེ། དེ་ནས་སྐྱུ་རུ་ར་དང་ཨ་སྨན་ཏ་ག་དང༌། ཤིང་འཛམ་བུ་དང༌། དེ་རྣམས་ཀྱི་འོ་མ་བསྐོལ་བའི་ཁུ་བས་བླུགས་པར་བྱའོ། །ཡང་ན་བྱིས་པ་ལ་ནི་ཕལ་ཆེར་སྣུམ་དང་འོ་མས་བསྐྱེད་པ་ཡིན་པས་བད་ཀན་གྱི་ནད་འབྱུང་སྟེ། དེ་བས་ན་བྱིས་པའི་ནད་ཐམས་ཅད་ལ་ཐོག་མར་སློན་སྨན་བཏང་ན་མཆོག་ཏུ་བསྔགས་སོ། །དེ་ཡང་འོ་མ་ཉི་ཚེ་འཐུངས་པའི་བྱིས་པ་ལ་ནི། རྒྱམ་ཚ་དང༌། པི་པི་ལིང་དང༌། ཨ་པ་མརྒའི་འབྲས་བུ་དང༌། མར་དང་འོ་མ་དང༌། སྦྲང་རྩི་དང་ལྡན་པའི་སློན་སྨན་གཏང་ངོ༌། །འོ་མ་དང་ཟས་འདྲེས་མར་བསྟེན་པའི་བྱིས་པ་ལ་ནི་ཤུ་དག་གི་ཕྱེ་མ་སྦྲང་རྩི་དང་བཅས་པའི་སློན་སྨན་གཏང་ངོ༌། །ཟས་ཉི་ཚེ་བསྟེན་པའི་བྱིས་པ་ལ་ནི་པོ་སོན་ཆ་ཤིང་མངར་དང་སྦྱར་བ་གཏང་ངོ༌། །སྐྱུག་སྨན་དེ་དག་བྱིས་པའི་ནད་ཐམས་ཅད་ལ་ཕན་པའི་སྟེང་དུ་ཁྱད་པར་དུ་ཀུ་ཀུ་ན་ཀ་ཞེས་བྱ་བའི་བྱིས་པའི་ནད་ལ་ཕན་ནོ། །ཡང་ན་སྨན་སབ་ཏ་དང་མར་ལྷན་ཅིག་བསྐོལ་བའི་མར་བླུད་ན་གོང་འོག་གཉིས་ཀ་སྦྱོར་རུང་བར་བྱེད་དོ། །སེར་པོ་རྣམ་གཉིས་དང༌། སེང་ཕྲོམ་དང༌། ཤིང་མངར་དང༌། པུ་ཙེ་ཤེལ་དང༌། ནིམ་པའི་ལོ་མ་དང༌། འདི་རྣམས་སྦྲང་རྩི་དང་འོ་མ་དང་ལྡན་པའི་ཟངས་མའི་ཕྱེ་མ་འམ། ལྕགས་ཀྱི་ཕྱེ་མ་གང་ཡང་རུང་བ་དང་བསེས་པའི་རི་ལུ་བྱས་ཏེ་བཏང་ན་བྱིས་པའི་མིག་མཆུའི་ནད་ལ་ཕན་ནོ། །ཡང་ན་སུག་སྨེལ་དང༌། སྒོག་སྐྱ་དང༌། ཀ་ཏ་ཀ་དང༌། དུང་དང༌། ནལ་ཤམ་དང༌། ཕ་ནི་ཛ་ཀ་དང༌། འདི་རྣམས་ཆང་ལ་བདར་ལ་ཀད་ཕ་ལ་དང་བཅས་པའི་བདར་བུ་བྱས་ཏེ་བཏང་ན། ཀུ་ཀུ་ན་ཀ་ཞེས་བྱ་བའི་བྱིས་པའི་ནད་དང༌། ཤ་སྐྱེས་པ་ཞེས་བྱ་བའི་མིག་མཆུའི་ནད་ལ་ཕན་ནོ། །རྫི་མ་འཁྲུགས་པ་ཞེས་བྱ་བའི་ནད་ལ་ནི་ཐོག་མར་སློན་ཁྲུས་ཀྱིས་ལུས་དག་པར་བྱས་ཏེ། དེའི་འོག་ཏུ་མིག་གི་རྫི་མ་ཡར་བཏེག་ལ་རྫི་མ་ཆ་གསུམ་དུ་བགོས་པའི་ཆ་གཉིས་སྨིན་
མ་དང་སྦྱར། ཆ་གཅིག་ཙམ་བཞག་དེ་ནས་ནས་གང་ཙམ་ནས་ཀྱི་དབྱིབས་འདྲ་བར་འཕྲེད་དུ་མཚོན་གྱིས་དྲལ་ལ་ཁྲག་གཟགས་སོ། །ཁྲག་གི་ཤུགས་ཟད་པ་དང༌། འཕྲལ་བ་ལ་རས་ཀྱིས་དམ་དུ་དཀྲིས་ལ་རྫི་མ་ཚོམ་བུར་བྱས་ཏེ་དེའི་བར་མཚམས་མོན་སྲན་སྡེའུ་ཙམ་བཞག་ལ། གླད་པའི་རྫི་མའི་ཚོམ་བུ་འཕྲལ་བའི་རས་ལ་རྫི་མ་བརྟོད་དེ། བ་ལང་ངམ་རྟའི་སྤུ་འམ། ཟར་མའི་སྐུད་པས་བཙེམས་ཏེ། ཁབ་སྐུད་གཞུ་འདྲ་བས་དྲུབ་པོ། དེ་ཡང་ཧ་ཅང་དམ་ལྷོད་དུ་མ་སོང་བར་རན་པར་བྱའོ། །དེ་ནས་རས་འཇམ་པོ་མར་དང་སྦྲང་རྩི་བྱུགས་པས་བཅིང་བ་མེད་པར་སྟེང་ནས་གཡོགས་སོ། །གལ་ཏེ་ཟུག་གཟེར་ཡོད་ན་ནི་ནྱ་གྲོ་དྷའི་སྡེ་ཚན་བསྐོལ་བའི་ཁུ་བ་འོ་མ་དང་བཅས་པས་བླུགས་སོ། །དེ་ནས་བརྟན་པར་གྱུར་ཏེ་ཞག་ལྔ་ལོན་པ་དང་སྐུད་པ་བཀྲོལ་ཏེ་བཙག་ཡུག་སྣམ་གྱི་ཕྱེ་མས་གདབ་པོ། །དེའི་འོག་ཏུ་སྣ་སྨན་དང་མིག་སྨན་རྣོན་པོ་སྦྱར་རོ། །ཆོ་ག་དེ་དག་གིས་ཀྱང་རྫི་མ་འཁྲུགས་པའི་ནད་ཞིར་མ་འདོད་ན། རྫི་མ་གང་རིང་བ་སྐམ་པས་བཟུང་སྟེ། ཕྱུང་སྟེ་དེའི་བུ་གའི་རྗེས་ལ་ཐལ་སྨན་རྣོན་པོ་འམ། ཁབ་རྩེ་འདྲ་བའི་མཚོན་རྣོན་པོ་མེའི་མདོག་འདྲ་བར་བྱས་པས་བསྲེག་གོ །མིག་མཆུའི་ནད་མེ་དབལ་ལྟ་བུ་ལ་ཡང་དང་པོ་མཚོན་གྱིས་དྲལ་ལ། ཐལ་སྨན་རྣོན་པོ་འམ་མེས་བསྲེག་གོ །ཐོར་བུ་བྱུང་བ་ལ་ནི་ཐོར་བུ་བཅད་ལ། དེའི་འོག་ཏུ་ཐལ་སྨན་ནམ་མེས་བསྲེག་གོ །མིག་མཆུའི་ནད་གསོ་བའི་ལེའུ་སྟེ་དགུ་པ་རྫོགས་སོ།། །།དེ་ནས་མིག་གི་གྲྭ་མཚམས་དང༌། མིག་གི་འབྲས་བུ་དཀར་པོ་དང་ནག་པོའི་ནད་དམིགས་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་རླུང་ལས་གྱུར་པའི་མིག་གི་གྲྭ་མཚམས་ཀྱི་ནད་ཀྱི་མཚན་མ་ནི་རླུང་གིས་མཆི་མ་འབྱུང་བའི་རྒྱུན་བཀག་པས་མིག་མཆུའི་གྲྭ་མཚམས་དང༌། མིག་གི་འབྲས་བུ་དཀར་པོའི་མཚམས་སྣ་གོང་ཕྱོགས་ནས་ཆུ་དང་འདྲ་བའི་མཆི་མ་འབྱུང་ལ། དེ་ཡང་མིག་ནད་མེད་ཅིང་རྩ་དམར་ལ་སྐྲང་བ་ཡིན་ཏེ། དེ་ནི་མིག་ནད་ཀྱི་ཆུ་འཛག་པ་ཞེས་བྱའོ། །བད་ཀན་ལས་གྱུར་པའི་མིག་ནད་ཀྱི་མཚན་མ་ནི་མཆིལ་
མ་དང་འདྲ་བ་སྤྱི་བག་ཏུ་འདུག་པ་དང༌། མདོག་དཀར་བ་དང༌། འཛག་པ་དཀའ་བ་དང༌། མང་དུ་འཛག་པ་ཡིན་ཏེ། དེ་ནི་བད་ཀན་འཛག་པ་ཞེས་བྱ་བའི་ནད་ཡིན་ནོ། །ཡང་ན་བད་ཀན་ལས་གྱུར་པའི་རྟགས་ནི། མིག་གི་གྲྭ་མཚམས་སུ་མཐོན་པོ་ཙོག་ཙོག་པོར་སྐྲང་པ་དང༌། ཆུ་ལན་ཚྭ་ཅན་གྱི་ཆུ་བུར་འདྲ་བར་སྟེང་དུ་འབྱུང་ཞིང་ཆུ་བུར་དེ་ཡང་རྩ་བ་ཆེན་པོ་དང༌། སྣུམ་པ་དང༌། འགུལ་བ་དང༌། མདོག་དཀར་བ་དང༌། འཇམ་པ་དང༌། འབྱིལ་བག་ཏུ་འདུག་པ་དང༌། ཡུན་རིང་དུ་མི་ཤེས་པ་དང༌། གཡའ་བ་དང༌། ཟུག་གཟེར་བ་མེད་པ་དེ་ནི་ཨུ་པ་ན་ཧ་ཞེས་བྱ་བའི་མིག་གི་གྲྭ་མཚམས་ཀྱི་ནད་ཡིན་ནོ། །ཁྲག་ལས་གྱུར་པའི་མཚན་མ་ནི་མཆི་མ་མང་དུ་འཛག་ཅིང་ཚ་བ་དང༌། ཟངས་མའི་མདོག་འདྲ་བ་དམར་པོར་འབྱུང་བ་ཡིན་ཏེ། དེ་ནི་མིག་གི་ནད་དམར་པོར་འཛག་པ་ཞེས་བྱའོ། །མིག་མཆུའི་གྲྭ་མཚམས་དང༌། མིག་གི་འབྲས་བུ་དཀར་པོའི་མཚམས་ལ་བརྟེན་པའི་འབྲུམ་བུ་ཕྲ་མོ་ནི་སྲན་སྡེའུ་ཙམ་འབྱུང་སྟེ། དེ་ཡང་མདོག་ཟངས་མ་བཞིན་དུ་དམར་ལ་ཚ་ཞིང་ཟུག་གཟེར་དང་ལྡན་པ་དང༌། བརྟོལ་ན་ཁྲག་འཛག་པ་ཡིན་ཏེ། དེ་ནི་པར་པ་ནི་ཞེས་བྱ་བའི་མིག་ནད་ཡིན་ནོ། །ནད་གཞི་གསུམ་དང་ཁྲག་ལས་གྱུར་པའི་མིག་ནད་ཀྱི་རྟགས་ནི། མིག་གི་སྣ་ཕྱོགས་ནས་པགས་པ་དང༌། ཤ་སྨིན་པའི་དབང་གིས་མཆི་མ་རྣག་དང་བཅས་པ་ཡང་འཛག་སྟེ། དེའི་མིང་ནི་རྣག་འཛག་པའི་མིག་ནད་ཅེས་བྱའོ། །གཞན་ཡང་མིག་སྣ་ཕྱོགས་ཀྱི་གྲྭ་སྐྲང་པ་དང༌། ན་བ་དང༌། རྨ་ཕྲ་མོ་འབྱུང་བ་དང༌། ཡང་དང་ཡང་ཆུ་སེར་དང༌། རྣག་འཛག་པ་དང༌། ནད་དང་བཅས་པ་དེ་ནི་རྣག་གར་པོ་འཛག་པའི་མིག་ནད་ཅེས་བྱའོ། །སྣ་ཕྱོགས་ཀྱི་མིག་འགྲམ་གྱི་ནང་དུ་སྐྲང་པ་དང༌། ཟུག་གཟེར་ཆེ་བ་དང༌། ཚ་བ་འབྱུང་བའི་ནད་ནི་མེ་དབལ་ཕྲ་མོའི་ནད་ཅེས་བྱའོ། །མིག་ཟུར་གང་ཡང་རུང་བར་མིག་མཛེར་འབྱུང་སྟེ། དེ་ཡང་གཡའ་བ་དང༌། རྫི་མ་འབྱི་བ་དང༌། རྣག་འཛག་པ་དང༌། སྲིན་ཡོད་པ་དང༌། ནད་དང་བཅས་པ་དེ་ནི་མིག་མཛེར་གྱི་ནད་སྲིན་བུ་ཅན་ཞེས་བྱའོ། །དེ་ལ་མིག་གི་གྲྭ་མཚམས་ཀྱི་
ནད་དགུ་ལས། ཨུ་པན་ཧ་དང༌། མིག་མཛེར་གྱི་ནད་སྲིན་བུའི་ནད་དང༌། མཆི་མ་རྣག་གར་པོར་འཛག་པ་དང༌། པརྤ་ནི་དང༌། བཞི་པོ་དེ་དག་ནི་མཚོན་གྱི་ལས་ཀྱིས་གསོ་བར་བྱའོ། །ལྷག་མ་ལྔ་ལས་བཞི་ནི་སྨན་གྱིས་གསོ་བར་བྱའོ། །མེ་དབལ་ཕྲ་མོའི་མིག་ནད་ནི་སྤང་བར་བྱའོ། །ད་ནི་མིག་གི་འབྲས་བུ་དཀར་པོའི་ནད་དམིགས་བརྟག་པ་བཤད་དེ། དེ་ལ་མཁྲིས་པ་ལས་གྱུར་པའི་མིག་ནད་ནི་མིག་གི་འབྲས་བུ་དཀར་པོའི་སྟེང་དུ་ནག་པོ་འམ། སྔོ་བསངས་སམ་སེར་པོ་ལྟ་བུར་ཐིག་ལེ་བྱུང་བ་འམ། ཡང་ན་མེ་ལོང་གཡའ་དང་བཅས་པ་ལྟར་སྣང་ལ་ཚ་བ་དང༌། ནད་མེད་ཅིང་ཅུང་ཟད་འཁྲུ་བ་དང༌། སྐོམ་དད་ཆེ་བ་དང་བཅས་པ་ཡིན་ཏེ། དེའི་མིང་ནི་ཉ་ཕྱིས་ལྟ་བུའི་མིག་ནད་ཅེས་བྱའོ། །དེ་ལ་བད་ཀན་ལས་གྱུར་པའི་ནད་མིག་གི་འབྲས་བུ་དཀར་པོའི་སྟེང་དུ་ཤ་མདོག་དཀར་པོ་ཅུང་ཞིག་སྐྱེས་ཏེ། དེ་ཡང་རིམ་གྱིས་ཡུན་རིང་པོ་ནས་འཕེལ་བ་དེ་ནི་མིག་མཛེར་དཀར་བའི་ནད་ཅེས་བྱའོ། །ཡང་ན་མིག་གི་འབྲས་བུ་དཀར་པོ་ལ་ཆུའི་ཐིགས་པ་འདྲ་བའི་ནད་འབྱུང་སྟེ། དེ་ལ་སྐྲང་པ་དང༌། ཟུག་གཟེར་ཆུང་བ་དང༌། མདོག་དཀར་བ་དང༌། མཐུག་པ་དང༌། འཇམ་པ་དང༌། ལྕི་བ་དང༌། སྣུམ་པ་གང་ཡིན་པ་དེ་ནི་བད་ཀན་གྱིས་བསྒོངས་པའི་མིག་ནད་ཅེས་བྱའོ། །ཡང་མིག་གི་འབྲས་བུ་དཀར་པོའི་སྟེང་དུ་ཕྱེ་མ་ལྟ་བུའི་ཐིག་ལེ་འབྱུང་ཞིང་དེ་ཡང་མཐོན་པོར་འདུག་པ་ཡིན་ཏེ། དེ་ནི་འབྲས་ཕྱེའི་ཐིག་ལེ་ལྟ་བུ་ཞེས་བྱ་བའི་མིག་ནད་ཅེས་བྱའོ། །ཁྲག་ལས་གྱུར་པའི་མིག་གི་འབྲས་བུ་དཀར་པོའི་ནད་མདོག་དམར་པོ་ཤར་ཤར་པོར་འགྱུར་ཞིང་ཚ་འུར་འུར་པོར་འདུག་ལ་ན་བ་དང་བཅས་པ་དང༌། མཆི་མ་དང་སྐྲང་པ་མེད་པ་ཡིན་ཏེ། དེའི་མིང་ནི་མིག་རྩ་འགྱུར་བ་ཞེས་བྱའོ། །དེ་ཉིད་གསོ་བ་མ་བྱས་པར་བཞག་ན་ནི་ཁྲག་ཆེར་སྐྱེས་ཏེ་ཁྲག་དང་བཅས་པ་ནི་མིག་གི་རྩ་བ་བརྩེ་བ་ཞེས་བྱ་བའི་ནད་ཡིན་ཏེ། ལྟ་བ་ལ་སོགས་པའི་རྩོལ་བ་མི་ནུས་པར་འགྱུར་རོ། །མིག་གི་འབྲས་བུ་དཀར་པོའི་སྟེང་དུ་ཁྲག་གིས་གང་བའི་རྩའི་དྲ་བས་གཡོགས་ཏེ། དེ་ཡང་སྟུག་པ་དང་མཐོན་
པོར་འདུག་པ་དེ་ནི་རྩའི་དྲ་བ་ལྟ་བུའི་མིག་ནད་ཅེས་བྱའོ། །ཡང་མིག་གི་འབྲས་བུ་དཀར་པོའི་སྟེང་དུ་ཤ་མ་ཐུག་པོར་འབྱུང་ཞིང་དེ་མཐོ་དམན་མེད་པ་འཇམ་པ་པད་མ་འདྲ་བ་ཡིན་ཏེ། དེའི་མིང་ནི་ཁྲག་ལས་གྱུར་པའི་མིག་མཛེར་གྱི་ནད་ཅེས་བྱའོ། །ཡང་ན་མིག་གི་འབྲས་བུ་དཀར་པོའི་སྟེང་དུ་ཐིག་ལེ་དམར་པོ་རི་བོང་གི་ཁྲག་ལྟ་བུ་དམར་པོར་སྣང་ཞིང་ནད་མེད་པ་འཇམ་པོར་འདུག་པ་དེ་ནི་ལིང་ཏོག་དམར་པོ་ཞེས་བྱའོ། །མིག་གི་འབྲས་བུ་དཀར་པོའི་སྟེང་དུ་ནད་གཞི་གསུམ་ལས་གྱུར་པའི་མཛེར་མདོག་དམར་པོ་དང༌། སྡོ་བསངས་སུ་འདུག་པ་དང༌། འཇམ་པ་དང༌། མྱུར་དུ་མཆེད་པ་དང༌། ཤས་ཀུན་དུ་ཁྱབ་པ་ལ་དེ་ནི་ཁྱབ་བྱེད་ཀྱི་མིག་ནད་ཅེས་བྱའོ། །ཡང་མིག་འབྲས་དཀར་པོ་ལ་ནད་གཞི་འདུས་པ་དང༌། ཁྲག་ལས་གྱུར་པའི་ནང་རྒྱུས་པ་ལྟ་བུ་ནར་ནར་པོར་གྱུར་པ་ནི་རྒྱུས་པ་ལྟ་བུའི་མིག་མཛེར་གྱི་ནད་ཅེས་བྱའོ། །ཡང་ན་མིག་འབྲས་དཀར་པོའི་སྟེང་དུ་ཤའི་རིལ་རིལ་པོར་ཁྲག་སྐམ་གྱི་མདོག་ལྟར་སྔོ་བསངས་སུ་འདུག་ཅིང་མཐུག་ལ་རྒྱ་ཆེ་བར་སྣང་བ་དེ་ནི་ཤའི་མིག་མཛེར་ཅེས་བྱའོ། །ཡང་མིག་གི་འབྲས་བུ་དཀར་པོའི་སྟེང་དུ་འབྲས་བུ་ཕྲ་མོ་ཡུངས་ཀར་གྱི་འབྲུ་ཙམ་མདོག་གནག་པ་དང༌། ཚ་བ་དང། རེག་ན་རྩུབ་པ་དང༌། རྩ་མང་པོས་གཡོགས་པར་སྣང་བ་དེ་ནི་འབྲུམ་ཕྲན་རྩས་གཡོགས་པའི་མིག་ནད་ཅེས་བྱའོ། །དེ་དག་ལས་མིག་ནད་ཉ་ཕྱིས་ལྟ་བུ་དང༌། མིག་རྩ་བརྩེ་བའི་ནད་དང༌། མིག་རྩ་འགྱུར་བའི་ནད་དང༌། འབྲས་ཕྱེའི་ཐིག་ལེ་ལྟ་བུ་དང༌། བད་ཀན་གྱིས་བསྒོངས་པའི་མིག་ནད་དང༌། ལིང་ཐོག་དམར་པོ་དང་དྲུག་པོ་དེ་དག་ནི་སྨན་གྱིས་གསོ་བར་བྱའོ། །ལྷག་མ་བདུན་ནི་མཚོན་གྱི་ལས་ཀྱིས་གསོ་བར་བྱའོ། །བདུན་པོ་དེ་དག་སར་པའི་དུས་ན་ནི་སྨན་གྱིས་གསོའོ། །མིག་མཛེར་གྱི་ནད་རྣམ་པ་ལྔར་བཤད་པ་དེ་དག་མིག་གི་འབྲས་བུ་ནག་པོའི་སྟེང་དུ་འབྱུང་སྟེ། རྒྱུས་པ་དང་རྩས་གཡོགས་པར་སྣང་ན་དེ་ནི་མཚོན་གྱིས་གཅད་པར་བྱའོ། །མཐོང་མིག་གི་སྟེང་དུ་པགས་པ་ལ་ཤ་འབྱར་བ་ལྟ་བུ་མཐོན་པོར་ཕྱིན་པར་སྣང་ན་དེ་ནི་སྤང་བར་བྱའོ། །མིག་གི་འབྲས་བུ་ནག་པོ་འམ། མཐོང་གི་སྟེང་དུ་མཁྲིས་པ་ལས་
གྱུར་པའི་ལིང་ཏོག་འབྱུང་སྟེ། མིག་གི་པགས་པ་རྡོལ་ནས་ཟུག་གཟེར་དང་བཅས་ཤིང་མཆི་མ་འབྱུང་བ་དང༌། ན་བ་དང༌། དམར་བ་ཡིན་ཏེ། དེའང་འཛམ་བུའི་འབྲས་བུ་སྨིན་པ་དང་འདྲ་བར་སྣང་ཞིང་ཅུང་དམར་བར་འདུག་པ་དེ་ནི་ཟད་བྱེད་ཀྱི་ལིང་ཏོག་ཅེས་བྱ་སྟེ། གསོ་དཀའ་བ་ཡིན་ནོ། །ལིང་ཏོག་གི་ནད་དེ་ཆེར་སྐྱེས་ནས་ནི་ཆེར་ཟབས་སུ་པགས་པའི་རིམ་པ་གཉིས་ཕུག་ནས་འདུག་པ་ཡིན་ཏེ། དེའི་མཚན་མ་ནི་ན་པ་དང༌། གཟེར་བ་དང༌། མཆི་མ་ལ་སོགས་པ་ཤས་ཆེར་འབྱུང་བ་དང༌། ཁབ་ཀྱིས་ཕུག་པ་ལྟར་སྣང་བ་ཡིན་ཏེ། དེ་ནི་མི་ལ་བ་ཙམ་དུ་གསོར་རུང་ངོ༌། །ལིང་ཏོག་དེ་ཡང་སྔ་མ་བས་ཤས་ཆེར་སྐྱེས་ཏེ། པགས་པའི་རིམ་པ་གསུམ་ཕུག་ནས་རྨས་ཀུན་དུ་ཁྱབ་པར་སྣང་བ་ནི། གསོ་བར་མི་ནུས་སོ། །ཡང་མིག་གི་འབྲས་བུ་ནག་པོ་བད་ཀན་ལས་གྱུར་པའི་ལིང་ཏོག་ཧ་ཅང་མི་དཀར་བར་དུང་གི་མདོག་ལྟར་སྣང་བ་དེ་ནི། ལིང་ཏོག་མ་འདྲེས་པ་ཞེས་བྱ་སྟེ། གསོ་བར་སླ་པ་ཡིན་ནོ། །ཡང་མིག་གི་འབྲས་བུ་ནག་པོ་ལ་ཁྲག་ལས་གྱུར་པའི་ལིང་ཏོག་འབྲུམ་བུ་ཕྲ་མོ་ཟངས་མའི་མདོག་ལྟ་བུ་འབྱུང་བ་དང༌། མཆི་མའི་མདོག་ཀྱང་ཟངས་མའི་མདོག་ལྟར་དམར་ཞིང་འབྱར་བག་ཏུ་འབྱུང་བ་དང༌། རབ་ཏུ་ན་བ་དང༌། རའི་རིལ་མ་དང་འདྲ་བའི་འབྲུམ་བུ་ཕྱིར་འབུར་བར་བྱུང་ལ་ཅུང་ཟད་ནག་པ་དེ་ནི་རིལ་མ་ལྟ་བུ་ཞེས་བྱ་བའི་ལིང་ཏོག་ཡིན་ཏེ་སྤང་བར་བྱའོ། །ཡང་ན་ནད་གཞི་གསུམ་དང་ཁྲག་ལས་གྱུར་པའི་ལིང་ཏོག་འབྱུང་སྟེ། དེ་ཡང་ཚ་བ་དང༌། ན་བ་དང༌། ཟངས་མའི་མདོག་འདྲ་བའི་རྩས་གཡོགས་པར་འདུག་པ་དང༌། རྒྱུ་མེད་པར་མཆི་མ་གྲང་བ་དང་དྲོ་བ་རེས་ཀྱིས་འཛག་པ་དང༌། ཡང་ན་སྐ་བ་དང་སླ་བ་རེས་ཀྱིས་འཛག་པ་ཡིན་ཏེ། དེའི་མིང་ནི་ལིང་ཏོག་རྩས་གཡོགས་པ་ཞེས་བྱ་བ་ཡིན་ཏེ་སྤང་བར་བྱའོ། །ཡང་ན་ནད་གཞི་གསུམ་དང༌། ཁྲག་ལས་གྱུར་པའི་ལིང་ཏོག་མཐོང་བའི་མིག་སྟེང་དུ་འབྱུང་སྟེ། འབྲས་བུ་ནག་པོ་ཐམས་ཅད་དཀར་པོར་བསྒྱུར་ཏེ། མདོག་དཀར་པོ་སྤྲིན་ལྟ་བུས་ཡོགས་པ་འམ་ཡང་ན་འབྲས་ནིས་པ་བའི་ལོ་མ་ལྟ་བུས་ཡོགས་ལ་ཤིན་ཏུ་མི་བཟད་པར་ན་ཞིང་རྩ་དམར་བ་དང༌། ཚ་ཞིང་སྐྲང་པས་ཉེན་པ་ཡིན་ཏེ། དེའི་མིང་ནི་ལིང་
ཏོག་ཚོས་པ་ཞེས་བྱ་སྟེ། ཡོངས་སུ་སྤང་བར་བྱའོ། །གང་གི་མིག་གིས་མཐོང་བ་ཉམས་ཤིང་མིག་གི་མཐའ་སྔོ་བསངས་སུ་འདུག་པ་དང༌། ཡང་ན་དམར་བ་འམ། ཡང་ན་ཕྱིར་འབུར་བར་འདུག་པ་འམ། ཡང་ན་ཟབས་སུ་ཞུགས་པ་འམ། ཡང་ན་མཆི་མ་འཛག་ཅིང་རྨ་འཁྱིམས་པ་འམ། ཡང་ན་རྙིངས་པ་འམ། ཡང་ན་མཐོན་དམན་དུ་འདུག་སྟེ་མི་མཉམ་པ་དང༌། ཡང་ན་དབུས་སུ་ཆད་པ་ལྟར་སྣང་བ་འམ། མཚན་མ་དེ་དག་གང་ཡང་རུང་བ་དང་ལྡན་པའི་ལིང་ཏོག་ནི་ཡོངས་སུ་སྤང་བར་བྱའོ། །དེ་ལྟར་མིག་གི་འབྲས་བུ་ནག་པོའི་ནང་དུ་ནད་གསོར་རུང་བ་དང་མི་རུང་བ་རྣམ་པ་ལྔར་བཤད་པ་ཡིན་ནོ། །མིག་མཆུའི་ནད་དང༌། མིག་གི་འབྲས་བུ་དཀར་པོ་དང༌། མིག་གི་འབྲས་བུ་ནག་པོའི་ནད་དམིགས་ཤེས་པར་བྱ་བའི་ལེའུ་སྟེ་བཅུ་པ་རྫོགས་སོ།། །།དེ་ནས་མིག་ཟུར་གཉིས་དང༌། མིག་གི་འབྲས་བུ་དཀར་པོ་དང་ནག་པོ་རྣམས་ཀྱི་གསོ་བའི་ལེའུ་བཤད་པར་བྱའོ། །དེ་ལ་མུན་པ་ན་ཧ་ཞེས་བྱ་བའི་ནད་ལ་ནི་ཐོག་མར་སྨན་པས་དུགས་བྱས་ལ། དེའི་འོག་ཏུ་གཙགས་བུ་འབྲས་ཀྱི་རྩེ་མོ་འདྲ་བས་ཕུག་ལ། དེ་ནས་རྩེ་མོ་དཀྱིལ་འཁོར་འདྲ་བའི་མཚོན་གྱིས་བཞར་བར་བྱའོ། །དེའི་འོག་ཏུ་པི་པི་ལིང་དང༌། རྒྱམ་ཚྭ་གཉིས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་བསྐུས་ལ། མིག་མཆུའི་ཆོ་ག་བཞིན་དུ་རས་ཀྱིས་བཅིང་བ་ལ་སོགས་པ་བྱའོ། །དེ་ནས་པ་ཏོ་ལའི་ལོ་མ་དང༌། སྐྱུ་རུ་རའི་ལེ་མ་བསྐོལ་བས་བླུགས་སོ། །པར་པ་ནི་ཞེས་བྱ་བའི་ནད་ཀྱི་ཐུར་བུ་ནི་ལྕགས་ཀྱུ་གུག་པོས་ཆ་དང་པོ་ནས་བཟུང་སྟེ། འཕེལ་གཙགས་ཀྱིས་ཕྱེད་དུ་བཅད་དོ། །གཞན་ལྟར་བྱས་ན་ནི་མཆི་མ་རྒྱུ་བའི་སྦུ་གུ་ལ་གནོད་པར་འགྱུར་རོ། །དེ་ནས་སྦྲང་རྩི་དང་རྒྱམ་ཚྭ་སྦྱར་བས་གདབ་བོ། །གསོ་བ་ལྷག་མ་ནི་མིག་མཛེར་གྱི་ཆོ་ག་བཞིན་དུ་བྱའོ། །མཆི་མ་རྣག་གར་པོར་འཛག་པའི་ནད་ལ་ནི་ཐོག་མར་རྩ་གཏར་ཏེ་ཁྲག་ཕྱུང་ལ། དེའི་འོག་ཏུ་སྨན་གྱི་བྱུག་པས་བྱུག་གོ །དེའི་གསོ་བ་ནི་མིག་སྨིན་པའི་ཆོ་ག་མ་ནོར་བར་འདིར་བྱའོ། །དེ་བཞིན་དུ་རྒྱམ་ཚ་དང༌།
སྒེའུ་གཤེར་དང༌། ནག་ཚུར་དང༌། ལྕགས་དང་ཟངས་མ་ལེགས་པར་བཏགས་པའི་ཕྱེ་མས་བཏབ་པ་འམ་ཡང་ན་སྨན་དེ་རྣམས་སྦྲང་རྩི་དང་མིག་སྨན་དུ་སྦྱར་བས་གཏང་ངོ༌། །མིག་མཛེར་གྱི་ནད་སྲིན་བུ་ཅན་ལ་ཐོག་མར་བ་ལང་གི་ལྕི་བ་ལ་སོགས་པས་དུགས་བྱས་ལ། མཚོན་འབྲས་ཀྱི་རྩེ་མོ་འདྲ་བས་དབུག་ལ་མཚོན་རྩེ་དཀྱིལ་འཁོར་འདྲ་བས་ཕྱི་བར་བྱའོ། །འབྲས་བུ་གསུམ་དང༌། ནག་ཚུར་དང༌། རྒྱམ་ཚ་རྣམས་སྦྲང་རྩི་དང་སྦྱར་བས་གདབ་བོ། །ཉ་ཕྱིས་ལྟ་བུའི་མིག་ནད་ལ་ནི་བད་ཀན་འཛག་པ་ཞེས་བྱ་བའི་གསོ་བ་ཐམས་ཅད་འདིར་བྱའོ། །བད་ཀན་བསྒོངས་པ་ཞེས་བྱ་བའི་མིག་ནད་དང༌། འབྲས་ཀྱི་ཐིག་ལེ་ལྟ་བུ་ཞེས་བྱ་བའི་མིག་ནད་གཉིས་ནི་གཏར་ག་མ་གཏོགས་པ་ལྷག་མ་བད་ཀན་འཛག་པའི་ཆོ་ག་བཞིན་དུ་བྱའོ། །དེ་བཞིན་དུ་གཉིས་པོ་དེ་ལ་ནི་ཚ་བ་གསུམ་དང༌། ཀད་ཕ་ལ་དང་འདི་རྣམས་བཏགས་པའི་ཕྱེ་མ་ཁ་ལུང་གི་ཁུ་བས་བསྒོས་ཏེ། མིག་སྨན་དུ་གཏང་ངོ༌། །སྲི་ཤིང་གི་མེ་ཏོག་ཁ་མ་བྱེ་བ་དང༌། རྒྱམ་ཚ་དང༌། ཐང་ཤིང་དང༌། བཅའ་སྒ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་ཆང་གི་དངས་མ་དང་མིག་སྨན་དུ་སྦྱར་ན་སྐྲང་པ་དང༌། གཡའ་བ་སེལ་བར་བྱེད་དོ། །མིག་ནད་རྩ་འགྱུར་བ་དང༌། བརྩེ་བ་དང་རྩ་འདྲ་བས་གཡོགས་པ་དང༌། ལིང་ཏོག་དམར་པོ་དང༌། དྲ་བའི་དྲ་བ་ལྟ་བུ་སྟེ་བཞི་པོ་དེ་དག་ནི་ཁྲག་འཛག་པའི་ཆོ་ག་བཞིན་དུ་བྱའོ། །ཁྱད་པར་དུ་རྩ་འགྱུར་བའི་མིག་ནད་ལ་ནི་མར་དང་སྦྲང་རྩི་སྦྱར་བས་བསྐུའོ། །རྩ་བརྩེ་བ་ཞེས་བྱ་བའི་མིག་ནད་ལ་ནི་སྐྱེར་ཁཎྜ་ཞིབ་ཏུ་བདར་ལ་སྦྲང་རྩི་དང་སྦྱར་བས་མིག་ལ་བསྐུའོ། །ལིང་ཏོག་དམར་པོ་ལ་ནི་སྦྲང་རྩི་དང༌། ཁ་ར་དང་ཞོ་ག་ཆུ་དང་སྦྱར་བ་བླུགས་ན་ཕན་ནོ། །དེ་བཞིན་དུ་ལིང་ཏོག་དམར་པོ་ལ་ནི། ཤེལ་དང༌། དུང་དང༌། ཤིང་མངར་དང༌། གུར་ཀུམ་དང༌། འདི་རྣམས་སྦྲང་རྩི་དང་སྦྱར་བའི་མིག་སྨན་གཏང་ངོ༌། །ཡང་ན་ལིང་ཏོག་དམར་པོ་ལ་ནི། དུང་དང༌། སྦྲང་རྩི་སྦྱར་བ་འམ། ཡང་ན་ཁ་ར་དང་རྒྱ་མཚོའི་ལྦུ་བ་སྦྱར་བ་བླུགས་ན་ཕན་ནོ། །གོང་དུ་མིག་མཛེར་གྱི་ནད་རྣམ་པ་ལྔ་བཤད་པ་ལས། དུད་ཀ་ལྟ་བུ་དང༌། དམར་བ་དང༌། ཞོ་འདྲ་བའི་
ནད་གང་ཡིན་པ་དེ་དག་ནི་ལིང་ཏོག་གསོ་བའི་ཆོ་ག་བཞིན་དུ་བྱའོ། །མིག་མཛེར་ལྔ་པོ་གང་བྱུང་ཡང་རུང་སྟེ། ཐོག་མར་ནད་པ་གན་རྐྱལ་དུ་བཞག་ལ་དུགས་བྱ་སྟེ། ཁ་ལུང་དང༌། རྒྱམ་ཚྭ་སྦྱར་བས་མིག་བསྐུས་ལ་ལག་པས་མཉེ་བར་བྱའོ། །དེ་ལྟར་མིག་མཛེར་ཤས་ཆེར་བྱུང་སྟེ། རང་གི་གནས་ནས་བསྐྱོད་པ་དང༌། ནད་གཡོག་གིས་འདིར་ཁྱད་པར་དུ་མགོ་བོ་མི་འགུལ་བར་དམ་དུ་བཟུང་ལ་མིག་མཛེར་གང་ཕྱོགས་ན་ཆེར་ཡོད་པ་བརྟགས་ཏེ། མཐོང་བའི་མིག་བསྲུང་ཞིང་གང་དུ་ཆེར་སྐྱེས་པ་དེ་དང་དེར་མཚོན་ལྕགས་ཀྱུ་རབ་ཏུ་གུག་པ་འམ། མཚོན་མུ་ཙ་ཏྱ་ཞེས་བྱ་བ་དང༌། མཚོན་སེའུ་ཙི་ཙི་ཏྲ་ཞེས་བྱ་བ་གང་ཡང་རུང་བ་ལེགས་པར་བཟུང་ནས་རྨ་ཆེར་མི་གདོད་ཅིང་མཚོན་རྩེ་དཀྱིལ་འཁོར་ལྟ་བུས་བཅད་དེ། དེ་ཡང་སྣ་གོང་གཡས་ཀྱི་མིག་ཕུགས་ཀྱི་འགྲམ་ནས་ཆ་བཞིར་བགོས་ཏེ། ཆ་གཅིག་ལུས་པ་ཙམ་ནས་བཅད་དེ་སྣ་གོང་ཕྱོགས་ཀྱི་མིག་ཟུར་ནས་མཆི་མ་བྱུང་བའི་སྦུ་བུ་ཡོད་དེ། དེ་བསྲུང་བར་བྱའོ། །གལ་ཏེ་དེར་མཚོན་གྱིས་ཕོག་ན་ནི་རྟག་ཏུ་མཆི་མ་འཛག་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་མིག་གི་འགྲམ་ཕྱོགས་སུ་མིག་མཛེར་ཡོད་ན་ནི་ནད་པ་སྣ་གོང་ཕྱོགས་སུ་བལྟར་བཅུག་ནས་ཡང་ཆ་བཞིར་བགོས་ཏེ། ཆ་གཅིག་ལུས་པ་ཙམ་ནས་གཅད་པར་བྱ་སྟེ། དེར་ཡང་མཆི་མ་འཛག་པ་བསྲུང་བར་བྱའོ། །དེ་ལྟར་ན་མཚོན་གྱིས་ལེགས་པར་བཅད་པའི་འོག་ཏུ་ཚ་བ་གསུམ་དང༌། རྒྱམ་ཚྭ་དང༌། སྦྲང་རྩི་དང་སྦྱར་བས་བསྐུའོ། །དེའི་འོག་ཏུ་ཞུན་མར་དྲོན་པོས་བླུགས་སོ། །དེ་ནས་ཞུན་མར་སྦྲང་རྩི་དང་སྦྱར་བས་བསྐུའོ། །དེའི་འོག་ཏུ་རས་ཀྱིས་གོང་མ་ལྟར་ཆིངས་ཤིག །དེ་ནས་ཞག་གསུམ་པ་ལ་རས་བཀྲོལ་ནས་ཀ་རཉྫའོ་མ་དང་བསྒྲུབས་པ་བསྐོལ་ཏེ་བླུགས་པར་བྱའོ། །ཡང་ན་སེར་པོ་རྣམ་གཉིས་དང༌། པ་ཏོ་ལ་དང༌། ཤིང་མངར་དང༌། རྒྱ་སྐྱེགས་ཤིང་དང་འདི་རྣམས་བསྐོལ་བའི་ཁུ་བའི་ནང་དུ་ཀ་རཉྫའི་མེ་ཏོག་ཁ་མ་བྱེ་བ་དང༌། སྦྲང་རྩི་བཏབ་པས་བླུགས་པར་བྱའོ། །དེ་ནས་ཞག་ལྔ་འམ་བདུན་ནམ་མིག་གི་ནད་རུང་བ་འདྲ་ན་རས་དགྲོལ་བར་བྱའོ། །དེ་མཚོན་གྱིས་ལེགས་པར་
བཅད་ན་ནི་ནད་མེད་ཅིང་བདེ་བར་འགྱུར་རོ། །བཅད་མ་ལེགས་ན་ནི་ནད་འབྱུང་བར་འགྱུར་རོ། །དེ་ལ་ནི་སྨན་གྱིས་བླུགས་པ་དང༌། བསྐུ་བ་དང༌། བཞར་བ་དང་མིག་བརྟ་བའི་ཆོ་ག་རྣམས་ལེགས་པར་གྱིས་ཤིག །ཁ་ར་དཀར་པོ་དང༌། ལྡོང་རོས་དང༌། ཨེ་ལ་བ་ལུ་ཀ་དང༌། ཚ་མཆོག་རྒྱམ་ཚྭ་དང༌། བཅའ་སྒ་དང༌། དེ་རྣམས་ཞོ་རེ་རེ་དང༌། སྐྱེར་ཁཎྜ་སྲང་ཕྱེད་དང༌། འདི་རྣམས་སྦྲང་རྩི་དང་སྦྱར་བ་མིག་ཏུ་བསྐུས་ན། བད་ཀན་ལས་གྱུར་པའི་རབ་རིབ་དང༌། མིག་ཆུ་སེར་གྱིས་གང་བ་དང༌། ལིང་ཏོག་དང༌། མིག་མཛེར་བཅས་པའི་ལྷག་མ་ལུས་པ་ལ་ཕན་ནོ། །འབྲས་བུ་གསུམ་གྱི་ཤུན་པ་རེ་རེ་ནས་ཆུ་ཐགས་སུ་བྱས་ཏེ། ལྡེ་གུ་འདྲ་བར་གྱུར་པ་དང༌། རྫེའུ་ཁ་སྦྱར་གྱིས་བསྲེགས་པ་རང་གི་ཁུ་བ་དང་སྦྲུས་ཏེ་སྐམ། དེ་ནས་བཏགས་ཏེ་དེ་ལྟར་ཡང་དང་ཡང་བྱས་ན་སྣག་ཚ་འདྲ་བར་གྱུར་པ་དང༌། རྒྱམ་ཚྭ་ཉིས་འགྱུར་དང་སོ་སོར་བསྲེས་ལ་ཡང་བཏགས་ཏེ། ཕྱེ་མ་གསུམ་པོ་དེ་དག་ནི་བཞར་ཞིང་ཕྱི་བའི་འོག་ཏུ་བསྐུ་བའི་སྨན་གྱི་མཆོག་དྲང་སྲོང་ཆེན་པོ་མུ་ཁྱུད་ཀྱིས་བཤད་དོ། །རྩའི་དྲ་བས་གཡོགས་པ་ལྟ་བུ་ཞེས་བྱ་བའི་ནད་རྩ་རྣམས་ཤིན་ཏུ་སྲ་བར་འདུག་པ་ཡང་སྨན་གོང་མས་བསྐུའོ། །དེས་ཞིར་མ་འདོད་ན་ནི་མིག་མཛེར་དང་འབྲུམ་བུའི་ཆོ་ག་བཞིན་དུ་གསོ་བར་བྱའོ། །ལིང་ཏོག་ཐམས་ཅད་ལ་ནི་ཐོག་མར་ནད་གཞི་གང་ཡིན་པ་བརྟགས་ཏེ། སྣུམ་པ་འམ་རྩུབ་པ་གང་དང་སྦྱོར་བ་དང༌། འབྲས་བུ་གསུམ་དང་སྦྱར་བ་ཡིན་ནོ། །དེ་བཞིན་དུ་ཏིག་ཏ་ཆེན་པོའི་སྨན་མར་ཡང་བླུད་དེ་གཏར་ག་བྱའོ། །བཀྲུ་སྨན་དང་བླུགས་པ་ལ་སོགས་པ་ཡང་འདོད་པ་ཡིན་ནོ། །ལིང་ཏོག་ཟད་བྱེད་ལ་ནི་དེ་བཞིན་དུ་ཏིག་ཏ་ཆེན་པོའི་སྨན་མར་ཡང་བླུད་དེ་གཏར་ག་བྱའོ། །བཀྲུ་སྨན་དང་བླུགས་པ་ལ་སོགས་པ་ཡང་འདོད་པ་ཡིན་ན་དུར་བྱིད་དང་ལན་གསུམ་བསྐོལ་བའི་ཁུ་བ་མར་དང་ཡང་བསྐོལ་ཏེ། མར་ལུས་པ་ལས་རན་པར་བླུད་དོ། །དེའི་འོག་ཏུ་སྲིན་བུ་པད་པ་འམ། གཏར་གས་ཁྲག་དབྱུང་ངོ༌། །ཨུཏྤ་ལ་དང༌། རམ་ཉེ་བ་རྣམ་པ་གཉིས་དང༌། རྒུན་འབྲུ་དང༌། ཤིང་མངར་དང༌། བི་ད་རི་དང༌། འདི་
རྣམས་ཆུ་དང་བསྐོལ་བའི་ཁུ་བ་འམ། ཡང་ན་རའི་འོ་མ་དང་བསྐོལ་ཏེ། འོ་མ་ལུས་པ་གང་ཡང་རུང་བའི་ནང་དུ་ཁ་ར་དཀར་པོ་བཏབ་སྟེ་མིག་ཏུ་བླུགས་ན་ལིང་ཏོག་ཟད་བྱེད་སེལ་ཏོ། །གལ་ཏེ་མིག་དམར་ཞིང་མཆི་མ་འཛག་སྟེ་ནད་དང་བཅས་པ་ལ་ནི་དྲང་སྲོང་མུ་ཁྱུད་ཀྱི་མིག་སྨན་གྱིས་ཞི་བར་བྱའོ། །སྲིང་ཤིང་གི་མེ་ཏོག་དང༌། རྒྱ་སྐྱེགས་དང༌། བཙག་ཡུག་སྣམ་དང༌། ཙནྡན་དཀར་པོ་རྣམས་རི་ལུར་བྱས་ཏེ་བསྐུས་ན་ཁྲག་དང༌། མཁྲིས་པ་དག་པར་བྱེད་ཅིང་ཟད་བྱེད་ཀྱི་ལིང་ཏོག་འཇོམས་པར་འགྱུར་རོ། །ཡང་གླང་པོ་ཆེ་དང༌། ཕག་དང༌། རྔ་མོ་དང༌། པ་ལང་དང༌། རྟ་དང༌། ར་དང༌། བོང་བུ་དང༌། འདི་རྣམས་ཀྱི་སོ་དང༌། དུང་དང༌། མུ་ཏིག་དང༌། རྒྱ་མཚོའི་ལྦུ་བ་དང༌། དེ་རྣམས་ཆ་སྙོམས་ཏེ་སྨན་སྣ་གཅིག་གི་བཞི་ཆའི་ན་ལེ་ཤམ་རྣམས་ལྷན་ཅིག་རི་ལུར་བྱས་ཏེ་བསྐུས་ན། ལིང་ཏོག་ཟད་བྱེད་ཀྱིས་ཁྱབ་པར་གྱུར་པ་ལས་ཟློག་པར་བྱེད་དོ། །ཡང་ན་ཏ་མ་ལའི་ལོ་མ་དང༌། བ་ལང་གི་སོ་དང༌། དུང་དང༌། རྒྱ་མཚོའི་ལྦུ་བ་དང༌། བོང་བུའི་རུས་པ་དང༌། ཟང་མ་དེ་རྣམས་པ་གཅིན་དང་རི་ལུར་བྱས་ཏེ། མིག་ལ་བསྐུས་ན་ལིང་ཏོག་ཐམས་ཅད་སེལ་ཏོ། །ཡང་ན་མརྒད་ལ་སོགས་པ་རིན་པོ་ཆེ་དང༌། གླང་པོ་ཆེ་ལ་སོགས་པའི་སོ་དང༌། ཕྱུགས་ཀྱི་སོ་རྣམས་དང༌། གསེར་ལ་སོགས་པའི་འབྱུང་ཁུངས་ཀྱི་ནོར་བུ་དང༌། ཚ་བ་གསུམ་དང༌། སུག་སྨེལ་དང༌། ཀ་རཉྫའི་ས་བོན་དང༌། སྒོག་སྐྱ་དང༌། གང་ཡང་རྨ་འཚོ་བའི་སྨན་གྱི་རིགས་དང་འདི་རྣམས་རི་ལུར་བྱས་ཏེ་མིག་ལ་བསྐུས་ན་ལིང་ཏོག་རྨ་དང་བཅས་པ་དང༌། རྨ་ཟབ་པ་དང༌། མིག་སྤྲིན་གྱི་སྟེང་གི་ལིང་ཏོག་ཐམས་ཅད་འཇོམས་པར་བྱེད་དོ། །ལིང་ཏོག་པགས་པ་ཕུག་ནས་ཟབས་སུ་སོང་ཞིང་ནད་དང་བཅས་པ་ལ་སྣུམ་གྱི་བཏུང་བ་དང༌། སྣར་བླུགས་པ་དང༌། ཟས་བཅུད་ཅན་ཟོས་ཀྱང་བརྟ་སྟེ་འཚོ་བར་འགྱུར་རོ། །ནད་མེད་པ་ལ་སྨན་གྱི་ཕུར་མ་བསྲེག་ཅིང་བཙོས་པའི་ཁུ་བའི་ཐིགས་པ་མིག་ཏུ་བླུགས་ཤིང་ཚིམ་པར་བྱས་ན་ཕན་ནོ། །ལིང་ཏོག་ཉི་ཚེ་ལ་ནི་སྐྱེར་པ་དང༌། ཤིང་མངར་དང༌། ཐལ་ཏྲེས་དང༌། སེང་ཕྲོ་མ་ཤ་ར་བ་དང༌། དེ་རྣམས་བསྐོལ་བའི་ཁུ་བ་འམ་ཡང་ན་སེང་
ཕྲོམ་བཏགས་པའི་ཕྱེ་མ་ཆུ་དྲོན་གྱི་ནང་དུ་སྨྱུགས་ཤིང་དེའི་ཐིགས་པ་གང་ཡང་རུང་བ་བླུགས་ན་ཕན་ནོ། །ཡང་ན་བྲི་ཧ་ཏིའི་རྩ་བ་དང༌། ཤིང་མངར་དང༌། ཟངས་མའི་ཕྱེ་མ་དང༌། རྒྱམ་ཚྭ་དང༌། དོང་གྲ་དང༌། སྐྱུ་རུ་རའི་འབྲས་བུ་བསྐོལ་བ་དེ་རྣམས་ཆུ་ཐགས་སུ་བྱས་བའི་ལྡེ་གུས་ཟངས་མའི་སྣོད་ལ་བསྐུས་ཏེ། ནས་དང༌། སྐྱུ་རུ་རའི་ལོ་མ་དང༌། མར་གསུམ་བསྲེས་པའི་དུད་པས་ལན་མང་དུ་བདུགས་པའི་ཟངས་མའི་སྣོད་ཀྱི་སྨན་དང་བཅས་པའི་ནང་དུ་ཆུ་དང་སྦྲང་རྩི་བཅུག་ལ་མཉེས་ཏེ་རི་ལུར་བྱས་པ་དེ་ནི་མཐོན་ཁ་ཆེན་པོ་ལྟ་བུ་ཞེས་བྱ་སྟེ། ལིང་ཏོག་ཉི་ཚེ་སེལ་བར་བྱེད་པའི་མཆོག་ཡིན་ནོ། །ཡང་ལིང་ཏོག་མ་འདྲེས་པར་བརྟན་ཞིང་མཐུག་པར་སྣང་བ་དེ་ལ་ནི་ལན་མང་དུ་ཁྲག་གཏར་ཞིང་མགོ་དང་ལུས་ཀྱི་ཁྲུས་དང༌། སྨན་གྱི་ཕུར་མ་བཙོས་པའི་ཁུ་བའི་ཐིགས་པ་བླུགས་པ་ལན་མང་དུ་བྱའོ། །གཞན་ཡང་ན་ལེ་ཤམ་དང༌། པི་པི་ལིང་དང༌། ཤྲི་ཤའི་འབྲས་བུ་དང༌། རྒྱམ་ཚྭ་དང་དེ་རྣམས་ཀྱི་ཕྱེ་མ་འམ་ཡང་ན་འབྲས་བུ་གསུམ་བསྐོལ་བའི་ནང་དུ་རྒྱམ་ཚ་བཅུག་པས་བསྒོས་ན་གནས་ནས་སྐྱོད་པར་བྱེད་དོ། །ཡང་ན་དུང་དང༌། རྒྱ་ཤུག་ཚི་གུ་དང༌། ཀ་ཏ་ཀ་དང༌། རྒུན་འབྲུ་དང༌། ཤིང་མངར་དང༌། སྦྲང་རྩི་དང། དེ་རྣམས་སྦྱར་བ་བསྐུ་བ་འམ། ཡང་ན་སོ་དང༌། རྒྱ་མཚོའི་ལྦུ་བ་དང༌། ཤྲི་ཤའི་མེ་ཏོག་དེ་དག་ཆང་དང་སྦྱར་ཏེ་བསྐུས་ན་ཡང་ལིང་ཏོག་ཉི་ཚེ་གནས་ནས་སྐྱོད་པར་བྱེད་དོ། །ཡང་ན་སྐྱུ་རུ་ར་དང༌། ཕ་ནིད་ཛ་ཀའི་ཁུ་བའི་ནང་དུ་བ་ལང་གི་ལྕི་བ་ཐལ་བར་བྱས་པ་ནུབ་གཅིག་སྤངས་ཏེ་སྐམས་ལ་བཏགས་པའི་ཕྱེ་མས་བསྐུས་ན་ཡང་ལིང་ཏོག་ཉི་ཚེ་གནས་ནས་སྐྱོད་པར་བྱེད་དོ། །ཡང་ན་མོན་སྲན་སྡེའུ་ཕུབ་མ་དང་བྲལ་བ་དང༌། དུང་དང་ལྷན་ཅིག་བཏགས་ཏེ་སྦྲང་རྩི་དང་སྦྱར་བས་བསྐུས་ན་ཡང་ཕན་ནོ། །ཡང་ན་མ་དུ་ཀའི་སྙིང་པོ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་བ་རུ་རའི་ཚི་གུ་སྦྲང་རྩི་དང་སྦྱར་བས་བསྐུས་ན་ལིང་ཏོག་ཉི་ཚེ་གནས་ནས་སྐྱོད་པར་བྱེད་དོ། །ཡང་ན་བ་ལང་དང༌། བོང་བུ་དང༌། རྟ་དང༌། རྔ་མོ་དང༌། དེ་རྣམས་ཀྱི་སོ་དང༌། དུང་དང༌། རྒྱ་མཚོའི་ལྦུ་བ་དང༌། དེ་རྣམས་ཨརྫུ་ན་བསྐོལ་བའི་ཁུ་བ་དང༌། རི་ལུར་
བྱས་པས་མིག་ལ་བསྐུས་ན་ལིང་ཏོག་གནས་ནས་སྐྱོད་དེ་འཇིག་པར་བྱེད་དོ། །ལིང་ཏོག་མཐོན་པོར་འདུག་པ་འམ། མཐུག་པ་འམ། ཟུག་རྔུ་འདྲ་བ་འམ། དེ་གསུམ་གང་ལྟར་འདུག་ཀྱང་རྟ་རྔ་ལ་སོགས་པས་བཞར་བར་བྱའོ། །ལིང་ཏོག་རྩས་གཡོགས་པ་ཞེས་བྱ་བ་དེ་ནི་གལ་ཏེ་མཐོང་བ་མ་ཉམས་ན་མིག་རྨ་གསོ་བའི་ཆོ་ག་ལྟར་གྱིས་ཤིག །ཡང་ན་པྲ་པུཎྜ་རཱི་ཀ་དང༌། ཤིང་མངར་དང༌། བུང་ཚང་རྡོ་དང༌། བྲི་ཧ་ཏི་དང༌། ཨ་ཀ་རུ་དང༌། ལིག་བུ་མིག་དང་དེ་རྣམས་རའི་འོ་མ་དང་བཏགས་པའི་ལྡེ་གུ་སྦྱར་ལ་ཐོག་མ་ནས་མར་གྱི་དུད་པས་བདུག །དེའི་འོག་ཏུ་སྐྱུ་རུ་རའི་དུད་པས་ཡང་བདུགས་ལ། དེ་ནས་རི་ལུར་བྱས་ཏེ། མིག་ཏུ་བསྐུས་ན་ཕན་པར་བྱེད་པའི་མཆོག་ཡིན་ནོ། །སྦྱོར་བ་དེ་དག་གིས་ཀྱང་མ་ཞི་ན་མིག་མཆུའི་སྐབས་སུ་བཤད་བའི་མཚོན་གྱི་ལས་དང༌། རའི་རིལ་མ་ལྟ་བུའི་ལིང་ཏོག་གི་ཆོ་ག་བྱའོ། །རའི་རིལ་མ་ལྟ་བུའི་ལིང་ཏོག་དང༌། དེ་བཞིན་དུ་གསོར་མི་རུང་བའི་ལིང་ཏོག་གཞན་དག་གལ་ཏེ་ཟུག་གཟེར་དང་བཅས་པ་ཡིན་ན་ནི་དེ་ཞི་བར་བྱ་བའི་ཕྱིར་སྣུམ་གྱི་བཏུང་བ་དང༌། ཁྲག་དབྱུང་བ་ལ་སོགས་པས་ཞི་བར་བྱའོ། །དེ་བཞིན་དུ་ལིང་ཏོག་ཕྱིར་འབུར་ཞིང་མཐོན་པོར་སྣང་བ་ཡང་དབྲི་བར་བྱ་ཞིང་འཇོམས་པའི་སྨན་བྱའོ། །རྒྱ་སྟར་དང༌། གོ་བྱེ་དང༌། ཤིང་ཏ་ལ་དང༌། ཀ་རི་ར་དང༌། སྨྱིག་མ་དང་དེ་རྣམས་ཀྱི་རུས་པ་བསྲེགས་པའི་ཐལ་བ་བཙགས་པའི་ཐལ་ཁུའི་ནང་དུ་རྡ་མོའི་རུས་པ་བཏགས་པའི་ཕྱེ་མ་བཏབ་སྟེ་བསྐོལ་ལ། དེ་བཞིན་དུ་ཡང་དང་ཡང་དུ་བྱས་ལ་མིག་ཏུ་བསྐུས་ན། ལིང་ཏོག་གསོར་མི་རུང་ཞིང་མདོག་གྱུར་པ་ཡང་འཇོམས་སོ། །སྦྱོར་བ་དེ་དག་ནི་ལིང་ཏོག་གསོར་མི་རུང་བ་ཡང་འཇོམས་པར་བྱེད་ན་གསོར་རུང་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཡོན་ཏན་དཔག་ཏུ་མེད་དོ། །རའི་རིལ་མ་ལྟ་བུ་ཞེས་བྱ་བའི་ལིང་ཏོག་གསོར་མི་རུང་བ་དེ་ནི་ངོས་གཉིས་ནས་གཙགས་བུ་ཁབ་རྩེ་འདྲ་བས་དྲལ་ཏེ་མཐེ་བོང་གཉིས་ཀྱིས་བཙིར་ལ་ཆུ་སེར་གཟག་གོ །དེའི་རྨའི་ནང་དུ་བ་ལང་གི་ཤའི་ཕྱེ་མ་དང་ཚིལ་རློན་པས་རྨའི་ནང་དུ་བཅུག་སྟེ། དེའི་འོག་ཏུ་རས་ཀྱིས་དཀྲིས་ཏེ་བཅིང་
བ་དང༌། དགྲོལ་བར་ཡང་དང་ཡང་བྱའོ། །དེ་ནས་ཞག་བདུན་ལོན་ཏེ་རྨ་རུབ་ཅིང་མིག་གི་འབྲས་བུ་ནག་པོ་མི་མཉམ་པ་མེད་ཅིང་བརྟན་པར་གྱུར་པ་དང༌། སྣུམ་དང་བཅས་པའི་མིག་སྨན་བཏང་ཞིང་མར་དང་འོ་མར་སྦྱར་བའི་སྣ་སྨན་ཡང་བླུགས་སོ། །དེ་ལྟར་ཆོ་ག་བྱས་ཀྱང་ཆུས་ཡང་ཁེངས་པ་ལྟ་ན་དབུག་པ་དང༌། དྲལ་བ་ལ་སོགས་པའི་ཆོ་ག་ཅི་རིགས་པར་བྱ་སྟེ། ཅི་ནས་ཀྱང་གཅད་དྲགས་ཏེ། མཐོང་བའི་མིག་ནད་དུ་མ་ཞུགས་པའི་ཐབས་བྱའོ། །དེ་ལྟར་ལིང་ཏོག་ཐམས་ཅད་སོ་སོའི་ནད་དང་རྗེས་སུ་མཐུན་པའི་སྨན་དང་སྦྱར་བའི་མར་གྱིས་སྣར་བླུགས་པ་ལ་སོགས་པ་རྟག་ཏུ་བསྟེན་པར་བྱ་སྟེ། དེ་བཞིན་དུ་མཐོང་བའི་མིག་ཉམས་པར་མི་འགྱུར་ཞིང་ནད་ཀྱི་སྟོབས་མི་རྙེད་པར་བྱ་བའི་ཆེད་དུ། དུས་རྟག་ཏུ་མིག་སྨན་རྣོན་པོ་བསྟེན་པར་བྱའོ། །མིག་གི་འབྲས་བུ་དཀར་ནག་དང༌། མིག་གི་གྲ་མཚམས་ཀྱི་ནད་གསོ་བའི་ལེའུ་སྟེ་བཅུ་གཅིག་པ་རྫོགས་སོ།། །།དེ་ནས་མིག་རབ་རིབ་ཏུ་གྱུར་ཏེ་མི་མཐོང་བའི་ནད་དམིགས་བརྟགས་པའི་ལེའུ་བཤད་པར་བྱའོ། །དེ་ལ་ནད་གཞི་གང་ཡང་རུང་བ་རྩའི་ནང་དུ་ཞུགས་ཏེ། རབ་རིབ་ཀྱི་རིམ་པ་དེ་ལྟར་དང་པོས་ཁེབས་པའི་རྟགས་ནི་རྒྱུ་མེད་པར་དངོས་པོ་རྣམས་གསལ་བར་མི་མཐོང་བ་དང༌། ཡང་ན་དངོས་པོ་མེད་པ་གསལ་བར་མཐོང་བ་ཡིན་ནོ། །མཐོང་བའི་མིག་ལ་རབ་རིབ་རིམ་པ་གཉིས་ཀྱིས་ཁེབས་པའི་རྟགས་ནི་རྒྱུ་མེད་པར་དངོས་པོ་རྣམས་གསལ་བར་མི་མཐོང་བ་དང༌། དངོས་པོ་མི་སྣང་བ་ཐམས་ཅད་མཐོང་ལ། དྲུང་ན་འདུག་པའི་དངོས་པོ་གསལ་བ་ནི་རབ་ཏུ་བསྒྲིམས་ཏེ་བརྟགས་ན་གཟོད་མཐོང་བ་དང༌། ཐག་རིང་བ་དང༌། ཕྲ་བའི་དངོས་པོ་མི་མཐོང་བ་དང༌། རིང་བ་ནི་ཉི་བར་མཐོང་ལ་ཉེ་བ་ནི་རིང་བར་མཐོང་བ་ཡིན་ནོ། །དེ་བཞིན་དུ་ནང་གི་གནང་ཟླུམ་པོ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཕྱིའི་གཟུགས་ཀྱང་དེ་བཞིན་དུ་མཐོང་བ་དང༌། ཉེས་པ་དེ་མཐོང་བའི་མིག་གི་འབྲས་བུ་བརྟེན་པ་ཡིན་ན་ནི། དངོས་པོ་གཅིག་གཉིས་སུ་མཐོང་བ་དང༌། མང་པོ་གཅིག་ཏུ་མཐོང་བ་དང༌། ཉེས་པ་དེ་ལྟ་བུ་མིག་གི་ནང་དུ་ཞུགས་ན་ནི་དངོས་པོ་ཆེ་བ་ནི་ཆུང་བར་མཐོང་ལ། ཆུང་བ་ནི་
ཆེ་བར་མཐོང་བ་ཡིན་ནོ། །མཐོང་བའི་མིག་གི་འོག་ཕྱོགས་སུ་ཉེས་པ་བརྟེན་པ་ཡིན་ན་ནི་དྲུང་ན་འདུག་པ་མི་མཐོང་བ་ཡིན་ནོ། །ཉེས་པ་སྟེང་ཕྱོགས་སུ་བརྟེན་པ་ཡིན་ན་ནི་ཐག་རིང་བའི་དངོས་པོ་མཐོང་བ་ཡིན་ནོ། །མཐོང་བའི་མིག་གི་གཡས་གཡོན་གཉིས་ཀ་ལ་ཉེས་པ་བརྟེན་པ་ཡིན་ན་ནི་གཡས་གཡོན་གྱི་དངོས་པོ་རྣམས་མི་མཐོང་བ་ཡིན་ནོ། །མཐོང་མིག་ལ་སྤྲིས་གཡོགས་པའི་རིམ་པ་གསུམ་དུ་གཡོགས་པ་ལ་ནི། སྟེང་འོག་གཉིས་སུ་མི་མཐོང་ཞིང་མཐོང་བ་ཡང་རས་སྲབ་མོས་མིག་བཀབ་པ་ཙམ་དུ་མཐོང་བ་ཡིན་ནོ། །ཇི་ལྟར་སྐྱི་མདོག་འགྱུར་བ་བཞིན་དུ་མཐོང་བ་དེ་ཡང་དེ་ལྟར་འགེབས་པར་བྱེད་དོ། །གནས་སྐབས་རིམ་པ་དེ་དག་ཏུ་གསོ་བ་མ་བྱས་ན་ནི། གནས་སྐབས་བཞི་པ་ལ་ཉེས་པས་མཐོང་བའི་མིག་ཁྱབ་པར་འགེབས་ཏེ། གཏན་དུ་མི་མཐོང་བ་ཡིན་ཏེ། དེ་དག་ནི་རབ་རིབ་ཀྱི་མཚན་མ་སྤྱིར་བསྟན་པ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི་དངོས་པོ་རྣམས་འགྱུར་བར་མཐོང་བ་དང༌། དངོས་པོ་བརྟན་པ་འགུལ་བར་མཐོང་བ་དང༌། མི་གསལ་བར་མཐོང་བ་དང༌། འོད་རྩ་དམར་བར་མཐོང་བ་དང༌། རེས་འགའ་གསལ་བར་མཐོང་བ་དང༌། དེ་བཞིན་དུ་དྲ་བ་རིས་སུ་མཐོང་བ་དང༌། སྐྲ་ཤད་འཛིངས་པ་མཐོང་བ་དང༌། མེད་བཞིན་དུ་སྦྲང་བུ་དང༌། འོད་ཟེར་མཐོང་བ་རྣམས་ཡིན་ནོ། །དེ་ལྟར་རླུང་ལས་གྱུར་པའི་རབ་རིབ་ཀྱི་ནད་གསོ་བར་མ་བྱས་ཏེ། སྤྲིས་གཡོགས་པ་རིམ་པ་གསུམ་པར་གྱུར་ན་ནི་མིག་གི་འབྲས་བུ་རྩ་དམར་པོར་འགྱུར་ཞིང་བཞིན་གྱི་གདོང་ལ་སྣ་མེད་པར་མཐོང་བ་དང༌། ཟླ་བ་དང་མེ་ལ་སོགས་པ་གཅིག་ལ་དུ་མར་མཐོང་བ་དང༌། ཡོན་པོ་དྲང་པོར་མཐོང་ཞིང་དྲང་པོ་ཡོ་བར་མཐོང་བ་ཡིན་ནོ། །ནད་དེ་ཆེར་སྐྱེས་ཏེ་གནས་སྐབས་བཞི་པར་གྱུར་ན་རྡུལ་ལམ་དུ་བས་ཁེབས་པ་ལྟར་སྣང་བ་འམ། ཤིན་ཏུ་གསལ་བར་སྣང་བ་འམ། ཡང་ན་མཐོང་བའི་མིག་རྒྱ་ཆེ་བ་དང༌། ཡང་ན་མིག་འཛུམས་པའི་སྣང་བ་ནི། མཐོང་བ་ཉམས་ཤིང་ལོང་བ་ཞེས་བྱའོ། །ཡང་རླུང་གིས་མཐོང་བའི་མིག་གི་རྩ་འཁུམས་པར་བྱས་ནས་མཐོང་བའི་མིག་ཟབས་སུ་ཞུགས་ཏེ།
ཉེས་པ་དེས་མཐོང་བ་ཉམས་པ་ཡོད་དེ་དེ་ནི་ཟབས་སུ་ཞུགས་པའི་མིག་ནད་དུ་དྲང་སྲོང་རྣམས་ཀྱིས་བཤད་དོ། །མཁྲིས་པ་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི་གློག་དང༌། སྲིན་བུ་མེ་ཁྱེར་དང༌། མེ་སྒྲོན་གྱི་འོད་ལྟར་མཐོང་བ་དང༌། རྨ་བྱ་དང༌། སྲེག་པའི་སྒྲོ་ལྟར་ཚོན་སྣ་ཚོགས་སུ་མཐོང་བ་དང༌། དངོས་པོ་རྣམས་ཕལ་ཆེར་སྔོན་པོར་མཐོང་བ་ཡིན་ནོ། །མཁྲིས་པའི་རབ་རིབ་གསོ་བ་མ་བྱས་པ། སྤྲིས་གཡོགས་ཏེ་རིམ་པར་གྱུར་པ་ནི། མཐོང་བའི་མིག་གི་འབྲས་བུ་ཁར་བ་ཕྱིས་པ་ལྟར་སྔོན་པོར་སྣང་ཞིང་གཟུགས་ཀྱང་དེ་ལྟར་མཐོང་བ་དང༌། ཉི་མ་དང། ཟླ་བ་འཁྱིམས་པ་དང༌། མེ་དང༌། སྨིག་རྒྱུ་དང༌། འཇའ་ཚོན་རྣམས་མཐོང་བ་ཡིན་ནོ། །སྤྲིས་གཡོགས་པ་བཞི་པར་གྱུར་ན་ནི་མཐོང་བའི་མིག་བུང་བ་ལྟར་སྔོ་བ་དང༌། དངོས་པོ་རྣམས་མི་མཐོང་བ་དང༌། འབྲས་བུ་སྣུམ་པར་འདུག་པ་དེ་ནི་མཐོང་བ་ཉམས་པ་ཡིན་ཏེ། དེ་ཡང་མིག་གི་འབྲས་བུ་ཆུང་ངུར་འགྱུར་ཞིང་དངོས་པོ་རྣམས་ཆུང་ངུར་མཐོང་བ་ཡིན་ཏེ། དེ་ནི་ཆུང་དུ་མཐོང་བ་ཞེས་བྱའོ། །ཡང་མིག་སེར་པོར་འགྱུར་ཞིང་དངོས་པོ་རྣམས་ཀྱང་སེར་པོར་མཐོང་བ་དེ་ནི་མཁྲིས་པ་མ་རུང་བའི་ནད་ཅེས་བྱའོ། །བད་ཀན་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི་ཕལ་ཆེར་ཕྱི་རོལ་གྱི་དངོས་པོ་རྣམས་སྣུམ་པ་དང༌། དཀར་པོར་མཐོང་བ་དང༌། དེ་བཞིན་དུ་དུང་དང༌། ཟླ་བ་དང༌། མེ་ཏོག་ཀུན་ད་དང༌། ཀུ་མུ་ཏའི་མདོག་ལྟར་མཐོང་བ་ཡིན་ནོ། །དེ་བཞིན་དུ་གསོ་བ་མ་བྱས་ཏེ། སྤྲིས་གཡོགས་པ་གསུམ་པར་གྱུར་ན་ནི་ཟླ་བ་དང་ཉི་མའི་འོད་མེད་ཅིང་མེ་མར་ལ་སོགས་པས་བསྐོར་བ་ལྟ་བུར་མཐོང་ཞིང་མིག་འབྲས་དཀར་པོར་གྱུར་པ་ཡིན་ནོ། །དེ་ཉིད་གསོ་བ་མ་བྱས་པར་རིམ་པ་བཞི་པའི་སྤྲིས་གཡོགས་པར་གྱུར་ན་ནི་མཐོང་མིག་གི་སྟེང་དུ་བད་ཀན་མངོན་དུ་སྣང་ཞིང༌། དེ་ཡང་འཇམ་ལྟ་མཉམ་པ་ཉམས་བར་བྱས་པ་ཡིན་ཏེ། དེ་ཡང་པད་མའི་འདབ་མ་ཁ་བྱེ་བའི་སྟེང་དུ་ཆུའི་ཐིགས་པ་འདུག་པ་ལྟར་སྣང་བ་དང༌། གལ་ཏེ་དྲོས་ན་ནི་ཆུང་བར་འགྱུར་ལ་གྲིབ་མས་ཕོག་པ་འམ། གྲང་བས་ཉེན་ན་ནི་ཡོངས་སུ་ཁྱབ་པར་བྱེད། མདོག་ཀྱང་དུང་དང༌། ཟླ་བ་དང༌། མེ་ཏོག་ཀུན་
ད་དང༌། ཤེལ་ལྟར་དཀར་བ་ཡིན་ཏེ། དེ་ནི་མཐོང་བ་ཉམས་ཏེ་ལོང་བའི་རྟགས་སོ། །དེ་ལ་ཁྲག་ལས་གྱུར་པའི་རབ་རིབ་ཀྱི་མཚན་མ་ནི་མིག་གི་འབྲས་བུ་དམར་ཞིང་དངོས་པོ་རྣམས་མུན་པར་མཐོང་བ་ཡིན་ནོ། །དེ་ཉིད་གསོ་བ་མ་བྱས་ན་ནི་སྤྲིས་གཡོགས་པའི་ནད་རིམ་པ་གསུམ་པར་འགྱུར་ཏེ། མཐོང་མིག་དམར་བ་འམ་གནག་པར་འགྱུར་ཞིང་གཟུགས་ཀྱང་དེ་ལྟར་མཐོང་བ་ཡིན་ནོ། །དེ་ཉིད་ལ་ཡང་མ་གསོས་ན་སྤྲིས་གཡོགས་པ་རིམ་པ་བཞིར་གྱུར་ན་ཡང་མཐོང་མིག་དམར་བ་འམ་ནག་པོར་འགྱུར་ཏེ་འོད་མེད་ཅིང་ལོང་བའི་རྟགས་སོ། །ལྡན་པའི་ནད་དང་འདུས་པའི་རབ་རིབ་ཐམས་ཅད་ཀྱི་མཚན་མ་ཡང་འདྲེས་པའི་རྟགས་དང་ལྡན་པ་ཡིན་ཏེ། གློ་བུར་དུ་དངོས་པོ་རེས་འགའ་གསལ་བར་མཐོང༌། རེས་འགའ་མི་གསལ་བར་མཐོང་བ་ཡིན་ནོ། །ལྷག་མ་སྤྲིས་གཡོགས་པའི་རིམ་པ་གསུམ་པར་གྱུར་པ་ནི། མཐོང་བ་ཉམས་ཤིང་ལོང་བའི་མཚན་མ་ནི་ལྟ་བའི་མིག་ཚོན་སྣ་ཚོགས་སུ་སྣང་ཞིང་གཟུགས་ཀྱང་སྣ་ཚོགས་སུ་མཐོང་བ་ཡིན་ནོ། །གང་གིས་མཐོང་བའི་མིག་ལ་ནད་གཞི་རྣམས་འདུས་ཏེ་སྲེ་མོའི་མིག་འདྲ་བར་འགྱུར་ཞིང་ཉིན་པར་ཁ་དོག་སྣ་ཚོགས་སུ་མཐོང་ལ་མཚན་མོ་མི་མཐོང་བ་ཡིན་ཏེ། ནེའུ་ལེ་ལྟ་བུའི་མིག་ལོང་བ་ཞེས་བྱའོ། །ཡང་ན་ནད་གཞི་ཐམས་ཅད་ལས་གྱུར་བའི་མིག་ནད་ཉི་མ་ནུབ་ཕྱོགས་ཀྱི་རི་ལས་ནུབ་སྟེ་འོད་མི་སྣང་བ་ནི་མཐོང་བའི་མིག་ནད་བཞིས་ཁེབས་ཏེ་མི་མཐོང་ལ། ནང་པར་ཉི་མ་ཤར་ཏེ་འོད་ཀྱིས་ཕོག་ན་སྤྲིས་གཡོགས་པ་འཇུ་ཞིང་རྗེས་པར་འགྱུར་ཏེ། དེ་ནི་ཉིན་པར་གསལ་བར་མཐོང་ཞིང་མཚན་མོ་མི་མཐོང་བའི་ནད་ཅེས་བྱའོ། །ཡང་ལུས་ཚ་བས་གདུངས་པ་ལས་དེ་མ་ཐག་ཆུ་གྲང་གི་ནང་དུ་ཞུགས་པར་གྱུར་ན། དེའི་དབང་གིས་ནད་གཞི་གསུམ་འཁྲུགས་པར་བྱས་ཏེ། གྱེན་དུ་མིག་གཉིས་ལ་ཚ་བ་ཞུགས་ཏེ། དེས་མིག་མཆུ་ཅུང་ཟད་ཙམ་ཚ་བ་དང༌། མིག་གི་དཀར་པོ་ཅུང་ཟད་དྲི་མ་དང་བཅས་པར་སྣང་བ་དང༌། ཉིན་མོ་གསལ་པོར་མི་མཐོང་ལ་ནུབ་མོ་ལོང་བར་འགྱུར་ཏེ། དེ་ནི་ཚ་བས་མིག་མ་རུངས་པར་ཤེས་པར་བྱའོ། །ཡང་ཁ་ཟས་སྐྱུར་བ་ཤས་ཆེར་ཟོས་པས་ནད་གཞི་
གསུམ་ཁྲག་དང་བཅས་པས་མིག་ནད་ཁྱབ་པས། རྣག་དང་གཡའ་བ་དང༌། དྲི་མ་དང་བཅས་པ་དེ་དག་ནི་སྐྱུར་གྱིས་གནོད་པའི་མིག་ནད་དུ་མཁས་པ་དག་འདོད་དོ། །གཞན་ཡང་མྱ་ངན་དང༌། རིམས་དང༌། འགོ་བའི་ནད་ལ་སོགས་པས་རླུང་ལ་སོགས་པའི་ནད་གཞི་འཁྲུགས་ཏེ། མིག་གི་དཀྱིལ་འཁོར་ཐམས་ཅད་དུ་དཀར་འདུག་ཅིང་དངོས་པོ་རྣམས་ཀྱང་དུད་ཀར་མཐོང་བ་ཡིན་ནོ། །དེ་ནི་མིག་ནད་དུད་ཀ་ལྟ་བུ་ཞེས་བྱའོ། །ཡང་གང་ཞིག་སྙིང་སྟོབས་ཆུང་བ་དག་གློ་བུར་དུ་ཉི་མའི་འོད་ལ་སོགས་པའི་གཟུགས་རྨད་དུ་བྱུང་བ་མཐོང་ན། དེའི་རྒྱུས་མིག་ལ་བརྟེན་པའི་རླུང་གིས་ནད་གཞི་འཁྲུགས་ཏེ། མིག་གི་མདངས་བསྐམས་པར་བྱས་པས་ལྟ་བའི་མིག་གི་མཐོང་བ་ཉམ་ཆུང་བར་འགྱུར་ཏེ། མདོག་ཀྱང་བཻ་ཌཱུཪྻ་ལྟར་འདུག་ཅིང་མིག་ཧར་བག་ཏུ་འདུག་པ་དང༌། ནད་མེད་པ་དེ་ནི་རང་བཞིན་གྱི་མིག་ནད་མ་ཡིན་ཏེ། དེའི་མིང་ནི་འགོ་བའི་མིག་ནད་ཅེས་བྱའོ། །མཐོང་བའི་མིག་གི་ནད་དེ་དག་ལས་ཀྱང་བད་ཀན་ལས་གྱུར་པའི་མཐོང་བ་མ་གཏོགས་པ་རླུང་དང༌། མཁྲིས་པ་དང༌། ཁྲག་དང༌། འདུས་པ་དང་ལྡན་པ་དང༌། འགོ་བའི་ནད་དང༌། དེ་བཞིན་དུ་མིག་ཟབས་སུ་ཞུགས་པ་དང༌། མཐོང་བའི་མིག་ཞུམ་ཞིང་ཆུང་ངུར་སོང་བ་དང་དེ་རྣམས་ནི་སྤང་བར་བྱའོ། །རླུང་དང༌། མཁྲིས་པ་དང༌། བད་ཀན་དང་ལྡན་པ་དང༌། འདུས་པ་དང༌། ཁྲག་ལས་གྱུར་པ་དང༌། དེ་རྣམས་སྤྲིས་གཡོགས་པའི་ནད་རིམ་པ་གསུམ་དང༌། སྲེ་མོའི་མིག་ལྟ་བུའི་ནད་དང༌། བདུན་པོ་དེ་དག་ནི་མི་ལ་བ་ཙམ་དུ་གསོ་བར་ནུས་སོ། །ལྷག་མ་བཅུ་གཉིས་པོ་རླུང་དང༌། མཁྲིས་པ་དང༌། བད་ཀན་དང་ལྡན་པ་དང༌། འདུས་པ་ལས་གྱུར་པའི་རབ་རིབ་དྲུག་དང༌། མཁྲིས་པས་མ་རུངས་པར་གྱུར་པ་དང༌། བད་ཀན་གྱིས་མཐོང་བ་ཉམས་པ་དང༌། ནད་གཞིས་མ་རུངས་པ་དང༌། ཚ་བས་གནོད་པ་དང༌། སྐྱུར་གྱིས་མ་རུངས་པར་བྱས་པ་དང༌། དུད་ཀ་ལྟ་བུ་ཞེས་བྱ་བ་དང༌། དེ་རྣམས་ནི་མྱུར་དུ་གསོ་བར་བྱ་སྟེ། དེ་དག་ནི་མཐོང་བའི་མིག་གི་ནད་ཉི་ཤུ་རྩ་བདུན་དུ་དྲང་སྲོང་རྣམས་ཀྱིས་བཤད་པ་ཡིན་ནོ། །མིག་ནད་རབ་རིབ་ཀྱི་ནད་གཞི་བཤད་པའི་ལེའུ་སྟེ་
བཅུ་གཉིས་པ་རྫོགས་སོ།། །།དེ་ནས་མིག་ནད་རབ་རིབ་གསོ་བའི་ལེའུ་བཤད་པར་བྱ་སྟེ། གལ་ཏེ་རབ་རིབ་ཀྱི་ནད་དེ་གསོ་བར་མ་བྱས་ན་ནི་སྤྲིས་གཡོགས་པའི་ནད་གནས་སྐབས་གསུམ་པར་འགྱུར་ཏེ། དེ་ཡང་གསོ་བ་མ་བྱས་ན་མཐོང་བ་ཉམས་ཤིང་ལོང་བར་འགྱུར་རོ། །དེ་བས་ན་མིག་ནད་ཐམས་ཅད་ཀྱི་ནང་ནས་རབ་རིབ་ནི་ཤིན་ཏུ་མི་བཟད་པ་ཡིན་ཏེ། དེ་ལྟ་བས་ན་རབ་རིབ་བྱུང་མ་ཐག་གསོ་བའི་རིགས་སོ། །སྨན་འཚོ་བྱེད་སྲང་བརྒྱ། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ཏེ། བཞི་ཆ་ལུས་པ་དང༌། དེའི་ཉིས་འགྱུར་གྱི་འོ་མ་དང༌། མར་སྲང་སུམ་ཅུ་རྩ་གཉིས་དང༌། པུཎྜ་རཱི་ཀ་དང༌། རམ་ཉེ་བ་རྣམ་གཉིས་དང༌། པི་པི་ལིང་དང༌། སེང་ཕྲོམ་དང༌། རྒྱམ་ཚ་དང༌། ཤིང་མངར་དང༌། རྒུན་འབྲུ་དང༌། ཐང་ཤིང་དང༌། ཁ་ར་དཀར་པོ་དང༌། འབྲས་བུ་གསུམ་འདི་རྣམས་ཞོ་གཉིས་གཉིས་བཏབ་སྟེ་ལྷན་ཅིག་བསྐོལ་ལ་མར་འབའ་ཞིག་ལུས་པ་ལས་ཉལ་ཁར་རན་པར་འཐུངས་ན་རབ་རིབ་འཇོམས་པའི་མཆོག་ཡིན་ནོ། །ཡང་ན་རྒུན་འབྲུ་དང༌། ཙནྡན་དཀར་པོ་དང༌། བཙོད་དང༌། རམ་ཉེ་བ་རྣམ་གཉིས་དང༌། ཛི་བ་ཀ་རྣམ་གཉིས་དང༌། ཁ་ར་དཀར་པོ་དང༌། ཉེའུ་ཤིང་དང༌། མེ་ད་རྣམ་གཉིས་དང༌། པུཎྜ་རཱི་ཀ་དང༌། ཤིང་མངར་དང༌། ཨུཏྤལ་དང༌། འདི་རྣམས་ཀྱི་ཕྱེ་མ་དང༌། མར་རྙིང་པ་དང༌། འོ་མ་བྲེ་རེ་རེ་དང༌། ཆུ་དང་ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ནི་རྒུན་འབྲུའི་སྨན་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན། སྤྲིས་གཡོགས་པའི་རིམ་པ་དང༌། རབ་རིབ་དང་མིག་གི་རྩལ་ཁྲག་ཞུགས་ཏེ་དམར་པོ་ཤར་ཤར་པོར་སྣང་བའི་ནད་དང༌། འགོ་བའི་ནད་འཇོམས་སོ། །ཡང་ན་པ་ཏོ་ལ་དང༌། ནིམ་པ་དང༌། པུ་ཙེ་ཤེལ་དང༌། སྐྱེར་པ་དང༌། པུ་ཤེལ་ཙེ་དང༌། འབྲས་བུ་གསུམ་དང༌། བ་ཤ་ཀ་དང༌། བྱི་ཚེར་བ་དང༌། ཀྱི་ལྕེ་བ་དང༌། སྲོ་ལོ་དང༌། འདི་རྣམས་སྲང་རེ་རེ་དང༌། སྐྱུ་རུ་ར་སྲང་བཅུ་དྲུག་དང༌། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་ལྷན་ཅིག་བསྐོལ་ཏེ་བཞི་ཆ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པའི་ནང་དུ་གླ་སྒང་དང༌། ཏིག་ཏ་དང༌། ཤིང་མངར་དང༌།
དུག་མོ་ཡུངས་དང༌། བ་ལུ་དང༌། ཙནྡན་དང༌། པི་པི་ལིང་དང༌། འདི་རྣམས་སྲང་ཕྱེད་ཕྱེད་བཏགས་པའི་ཕྱེ་མ་དང༌། མར་སྲང་སུམ་ཅུ་རྩ་གཉིས་དང་ཚུལ་བཞིན་བསྐོལ་ཏེ། མར་འབའ་ཞིག་ལུས་པ་ནི་སྐྱུ་རུ་རའི་སྨན་མར་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན། མིག་དང། རྣ་བ་དང༌། སྣའི་ནད་ལས་རྒྱལ་བར་བྱེད་དོ། །དེ་བཞིན་དུ་ཁོང་འབྲས་དང༌། རིམས་དང༌། ཤུ་བ་མཆེད་པའི་ནད་མ་རུངས་པ་དང༌། འབྲུམ་བུ་དང༌། མཛེ་ནད་རྣམས་སེལ་ཏོ། །ཁྱད་པར་དུ་ལིང་ཏོག་དང༌། རབ་རིབ་དང༌། མཚན་མོ་མི་མཐོང་བ་དང༌། དྲོ་བ་དང༌། སྒྱིད་སྐྱུར་བ་དང༌། ལུས་ཚ་བ་རྣམས་འཇོམས་པར་བྱེད་དོ། །འབྲས་བུ་གསུམ་སྲང་བརྒྱད་དང༌། ཆུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་བསྐོལ་ཏེ་བཞི་ཆ་ལུས་པ་དང༌། དེ་དང་མཉམ་པའི་འོ་མ་དང༌། མར་སྲང་བཅུ་དྲུག་དང་ཡང་འབྲས་བུ་གསུམ་གྱི་ཕྱེ་མ་སྲང་གཅིག་བཏབ་སྟེ་ཡང་བསྐོལ་ལ། མར་ལུས་པ་ནི་འབྲས་བུ་གསུམ་གྱི་སྨན་མར་ཞེས་བྱ་སྟེ། ཁ་ར་འམ་སྦྲང་རྩི་དང་འབྲས་བུ་གསུམ་གྱི་ཁུ་བ་དང༌། དེ་གསུམ་གང་ཡང་རུང་བ་དང་ལྷན་ཅིག་འཐུངས་ན་རབ་རིབ་ཐམས་ཅད་འཇོམས་སོ། །ཡང་ན་ཤིང་མངར་དང༌། རམ་ཉེ་བ་རྣམ་གཉིས་དང༌། ཀཎྜ་ཀ་རི་དང། པི་པི་ལིང་དང༌། ཨ་རུ་ར་དང༌། ཨུཏྤ་ལ་དང༌། ཁ་ར་དཀར་པོ་དང༌། རྒུན་འབྲུ་དང༌། འདི་རྣམས་སྲང་རེ་རེ་དང༌། མར་དང་རའི་འོ་མ་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌། འབྲས་བུ་གསུམ་དང༌། བ་ཤ་ཀ་དང༌། བྲིང་ག་ར་ཛ་དང༌། དེ་གསུམ་གྱི་རང་གི་ཁུ་བ་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌། དེ་རྣམས་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ནི་འབྲས་བུ་གསུམ་གྱི་སྨན་མར་ཆེན་པོ་ཞེས་བྱ་སྟེ། དེ་ལས་རན་པར་འཐུངས་ན་ལིང་ཏོག་སེལ་བའི་དམ་པ་ཡིན་ནོ། །འབྲས་བུ་གསུམ་དང༌། ཤིང་མངར་བཏགས་པའི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་འབྲས་བུ་སུམ་མར་དང་སྦྱར་བའི་ལྡེ་གུ་ཟླ་བ་གཅིག་གི་བར་དུ་ཕན་པའི་ཟས་དང༌། ལྷན་ཅིག་ཉལ་ཁར་བསྟེན་ཅིང་སྐོམ་དུ་སྐྱུ་རུ་རའི་ཆུ་འཐུངས་ན་བྱ་འདབ་བཟངས་ཀྱི་མིག་བཞིན་དུ་རྣོ་བར་འགྱུར་རོ། །ཞེས་རྒྱལ་པོའི་དྲང་སྲོང་ཆེན་པོ་ལེགས་ལྡན་མུ་ཁྱུད་ཀྱིས་བཤད་དོ། །
དྲུབ་མར་ཅང་དང༌། ལྕགས་དང༌། གསེར་དང༌། ཤིང་མངར་དང༌། ཁ་ར་དཀར་པོ་དང༌། མར་རྙིང་པ་དང༌། སྦྲང་རྩི་དང༌། འདི་རྣམས་གང་རྙེད་པ་འབྲས་བུ་གསུམ་དང་སྦྱར་བ་ལས་ཅི་འདོད་པ་ཟོས་ན་རབ་རིབ་འཇོམས་པའི་གཙོ་བོ་ཡིན་ནོ། །ཡང་ན་འབྲས་བུ་གསུམ་བསྐོལ་བའི་ནང་དུ་ཞུན་མར་གྱིས་བཏབ་པ་འཐུངས་ན་རབ་རིབ་སེལ་ཏོ། །ཡང་ན་སྣུམ་ཁུར་རམ། སྲན་ཚོད་དང༌། ཕྱེ་མ་དང༌། ལྷན་ཅིག་འབྲས་བུ་གསུམ་དང་ཕྱེ་མ་བསྟེན་མིག་ནད་རབ་རིབ་སེལ་ཏོ། །ཡང་ན་འོ་ཐུག་གི་ནང་དུ་འབྲས་བུ་གསུམ་གྱི་ཕྱེ་མ་བཏབ་སྟེ་བསྒྲངས་པ་སྦྲང་རྩི་དང་ཤ་ཁ་རས་བཏབ་པ་འཐུངས་ན་རབ་རིབ་ལ་ཕན་ནོ། །ཡང་ན་རྒུན་འབྲུ་དང༌། ལི་ཁ་ར་དང༌། སྤྲང་རྩི་དང༌། དེ་གསུམ་གང་ཡང་རུང་བ་དང༌། ཨ་རུ་ར་དང་ལྷན་ཅིག་སྦྱར་ཏེ། རབ་རིབ་ཅན་གྱི་ནད་པས་ནང་པར་རམ་ཟས་ཀྱི་གོང་དུ་རྟག་ཏུ་བསྟེན་པར་བྱའོ། །ལིག་བུ་མིག་ཆ་དྲུག་ཅུ་རྩ་བཞི་དང༌། ཟངས་མ་དང༌། དངུལ་དང༌། གསེར་ཆ་རེ་རེ་དང༌། འདི་རྣམས་སྣོད་ཀྱི་ནང་དུ་བཞུ་སྟེ། གཅིག་ཏུ་གྱུར་པ་དང༌། རོ་རྣམ་དྲུག་གི་སྡེ་ཚན་གཅིག་གི་སྨན་ཁུའི་ནང་དུ་གསེར་ལ་སོགས་པའི་གོང་བུ་དེ་མེའི་ནང་དུ་བསྲོས་པ་བཅུག་ལ། དེ་བཞིན་དུ་ལན་བདུན་དེ་ལྟར་བྱས་ལ་རོ་ལྷག་མ་ལྔ་པོ་རེ་རེའི་ཁུ་བ་ཡང་གོང་མ་ལྟར་བྱས་ཏེ། བདུན་ཕྲག་དྲུག་པོ་བཞི་བཅུ་རྩ་གཉིས་ཀྱི་བར་དུ་གོང་བུ་དེ་སྨན་ཁུས་བསྒོས་པ་དེ་དང༌། བཻ་ཌཱུཪྻ་དང༌། མུ་ཏིག་དང། དུང་དང༌། དེ་གསུམ་ཆ་རེ་རེ་ལྷན་ཅིག་བཏགས་པའི་ཕྱེ་མ་ནི། ལིག་བུ་མིག་ལ་སོགས་པའི་མིག་སྨན་ཞེས་བྱ་སྟེ། ཕྱེ་མ་དེས་མིག་ཏུ་བཏབ་ན་རབ་རིབ་ཐམས་ཅད་སེལ་ཏོ། །རྒུན་འབྲུ་དང༌། པདྨའི་རྩ་ལག་གི་རང་གི་ཁུ་བ་དང༌། འོ་མ་དང། ཆང་དང༌། ཞག་དང༌། ཆར་པའི་ཆུ་དེ་རྣམས་རེ་རེའི་ནང་དུ་ཡང་གོང་མའི་ལིག་བུ་མིག་གི་གོང་བུ་ཡང་གོང་མ་ལྟར་བྱས་ཏེ་ལན་བདུན་བདུན་བསྒོས་ཏེ་ཕྱེ་མར་བྱས་པ་དུང་གི་སྣོད་ཀྱི་ནང་དུ་བཅུག་སྟེ་མིག་སྨན་དུ་བསྟེན་ན་མིག་གསལ་བར་བྱེད་དོ། །མིག་
ཐམས་ཅད་ལ་ཕན་པའི་མཆོག་ཡིན་ནོ། །ཞེས་ལུས་འཕགས་ཀྱི་བདག་པོ་ཛ་ན་ཀ་ཞེས་བྱ་བས་བཤད་དོ། །སྤངས་མ་སྲང་གཉིས་རྒྱ་ཤུག་གི་སོལ་བའི་ནང་དུ་བསྲེགས་པ་དེ་ལས་སྲང་གཉིས་ཙམ་བླངས་ལ། རའི་འོ་མ་དང་སྦྲང་རྩི་དང་གསུམ་པོ་རེ་རེའི་ནང་དུ་ཡང་གོང་མ་ལྟར་ལན་བདུན་བདུན་བྱས་པ་དེ་དང༌། དྲུབ་མར་ཅང་དང༌། ན་ལེ་ཤམ་དང༌། ལིག་བུ་མིག་དང༌། པུ་ཙེ་ཤེལ་དང༌། རྒྱ་སྤོས་དང༌། ལྕུམ་ཚ་དང༌། སེང་ཕྲོམ་དང༌། ལྡོང་རོས་དང༌། ཨ་རུ་ར་དང༌། པི་པི་ལིང་དང༌། སུག་སྨེལ་དང༌། རྒྱ་མཚོའི་ལྦུ་བ་དང༌། སྟང་ཟིལ་དང། འདི་གཉིས་ཞོ་གཉིས་གཉིས། ཤིང་མངར་སྲང་གཅིག་འདི་རྣམས་སྣོད་ཀྱི་ནང་དུ་བཞུས་ཏེ། དེ་རྣམས་བཏགས་པའི་ཕྱེ་མ་ནི་སྤངས་མའི་མིག་སྨན་ཞེས་བྱ་སྟེ། མིག་ནད་སྤྲིས་གཡོགས་པ་གསུམ་དང༌། མིག་མཛེར་དང༌། མཚན་མོ་མི་མཐོང་བ་དང༌། མིག་དམར་པོ་ཤར་ཤར་པོ་དང༌། དེ་རྣམས་འཇོམས་པར་བྱེད་དེ། ཁྱད་པར་དུ་ཕྱེ་མ་འདིས་ནི་རབ་རིབ་སེལ་ཏེ། ཇི་ལྟར་ཉི་མས་རབ་རིབ་ཀྱི་མུན་པ་སེལ་བ་བཞིན་ནོ། །སྤང་སྤོས་དང༌། དྲི་སྣ་གསུམ་དང༌། ལྕགས་དང༌། གུར་གུམ་དང༌། ནཱི་ལ་ཨུཏྤ་ལ་དང༌། ཨ་རུ་ར་དང༌། སྤངས་མ་དང༌། ཁ་ར་དཀར་པོ་དང༌། ནོར་བུ་དོན་ཟད་དང༌། དུང་དང༌། རྒྱ་མཚོའི་ལྦུ་བ་དང༌། ན་ལེ་ཤམ་དང༌། སྟང་ཟིལ་དང༌། པི་པི་ལིང་དང༌། ཤིང་མངར་དང༌། འདི་རྣམས་བཏགས་པའི་ཕྱེ་མ་རྒྱུ་སྐར་དང༌། ཟླ་བ་གཅིག་བྱུང་བའི་དུས་སུ་མིག་གཉིས་ལ་བསྐུས་ན། མིག་མཛེར་དང༌། རབ་རིབ་དང༌། མིག་དམར་པོ་ཤར་ཤར་པོ་འབྱུང་བ་དང༌། གཡའ་བ་དང༌། སྤྲིས་གཡོགས་པའི་རིམ་པ་གསུམ་ལ་སོགས་པ་ཞི་བར་འདོད་དོ། །ན་ལེ་ཤམ་དང༌། འབྲས་བུ་གསུམ་དང༌། དེ་རྣམས་ཆ་རེ་རེ་དང༌། པི་པི་ལིང་དང༌། རྒྱ་མཚོའི་ལྦུ་བ་ཆ་གཉིས་དང༌། སྟང་ཟིལ་ཆ་དགུ་དང༌། དེ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་རྒྱུ་སྐར་ནག་པ་ལ་བབ་པའི་ཚེ་མིག་སྨན་དུ་སྦྱར་ན། བད་ཀན་ལ་སོགས་པའི་རབ་རིབ་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །
ཡང་ན་བ་གཅིན་དང༌། བ་དང་ར་ལ་སོགས་པའི་ལྕི་བ་དང༌། རིལ་མའི་ཁུ་བ་དང༌། རྩ་བ་མོ་སྐྱུར་པོ་དང༌། བུད་མེད་ཀྱི་འོ་མ་དང༌། དུག་གི་ལོ་མ་དང༌། སྦྲང་རྩི་དང་དེ་རྣམས་རེ་རེ་ལ་ཡང་སྤངས་མ་བསྲེགས་ཏེ། འབར་བ་ལན་དུ་མར་བཅུག་སྟེ་དེའི་འོག་ཏུ་ཕྱེ་མར་བྱས་ཏེ། སྐྱེས་བུ་གང་གི་མིག་སྨན་དུ་སྦྱར་བར་བྱས་ན་ནམ་མཁའ་ལྡིང་གི་མིག་བཞིན་དུ་རྣོ་བར་འགྱུར་རོ། །ཞ་ཉེ་ཡང་དང་ཡང་དུ་བསྲེགས་ཏེ། འབྲས་བུ་གསུམ་དང༌། དུག་དང༌། བྲིངྒ་ར་ཛ་དང༌། ཤིང་མངར་དང༌། དེ་རྣམས་རེ་རེ་བསྐོལ་བའི་ཁུ་བ་སྣ་རེ་དང༌། མར་དང༌། རའི་འོ་མ་དང་འདི་རྣམས་རེ་རེ་ལ་ཡང་ལན་བདུན་བདུན་གོང་མ་ལྟར་བླུད་ལ་བསྒོས་ཏེ། དེའི་འོག་ཏུ་ཞ་ཉེ་དེ་མིག་སྨན་གྱི་ཐུར་མར་བྱས་ཏེ་སྨན་གྱིས་བསྒོས་སམ་མ་བསྒོས་སམ་མ་བསྒོས་པ་ཉི་ཚེས་ཀྱང་རུང་སྟེ། མིག་ཏུ་བྱུགས་ན་རབ་རིབ་དང༌། མིག་མཛེར་དང༌། རྣག་དང༌། ཆུ་སེར་འཛག་པ་དང༌། མིག་འབྱར་བག་དང༌། གཡའ་བ་དང༌། ཚོར་བ་མེད་པ་དང༌། དམར་པོ་ཤར་ཤར་པོར་སྣང་བ་འཇོམས་པར་བྱེད་དོ། །ཞ་ཉེ་བཞུས་པའི་དངས་མ་དང༌། དངུལ་ཆུ་ཆ་སྙོམས་ཏེ་དེ་གཉིས་སྤྱི་དང་མཉམ་པའི་ལིག་བུ་མིག་དང༌། ག་བུར་ཅུང་ཟད་བཏགས་པའི་ཕྱེ་མ་མིག་སྨན་དུ་སྦྱར་ན་རབ་རིབ་ཐམས་ཅད་འཇོམས་སོ། །བྱ་རྒོད་ལེགས་པར་ཤི་བའི་མགོ་བོ་ཉི་མ་འཆར་ཀའི་མདོག་ལྟར་དམར་བབ་ལང་གི་ལྕི་བས་བསྲེགས་པའི་ཐལ་བ་དང༌། ལིག་བུ་མིག་ཆ་སྙོམས་ཏེ་བསྲེགས་པའི་ཕྱེ་མ་འདི་ནི་བྱ་རྒོད་ཀྱི་མགོ་བོའི་ཕྱེ་མ་ཞེས་བྱ་སྟེ། འདིས་མིག་སྨན་གྱི་སྦྱོར་བ་བྱས་ན་བྱ་རྒོད་ཀྱི་མིག་བཞིན་དུ་རྣོ་བར་འགྱུར་ཏེ། མིག་གི་སྟོབས་བསྐྱེད་དོ། །ཡང་ན་སྦྲུལ་ནག་པོའི་མགོ་བོ་བཅད་དེ་མགོ་བོ་དེའི་ནང་དུ་ལིག་བུ་མིག་མར་དང་བསྲེས་པ་བཅུག་ལ་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་དུད་པ་མ་ཤོར་བར་བསྲེགས་ཏེ་ཚོས་པ་དང༌། སྤང་སྤོས་དང༌། གན་དྷ་བྷ་དྲ་དང་ལྷན་ཅིག་བཏགས་ཏེ་ཕྱེ་མར་བྱས་པ་དེ་མིག་སྨན་དུ་སྦྱར་ན་མིག་གི་འབྲས་བུ་རྡོལ་བ་ཡང་སྲུང་བར་བྱེད་དོ། །ཡང་ན་བུམ་པ་གང་གི་འོ་མའི་ནང་དུ་སྦྲུལ་ནག་པོ་ཤི་བའི་རོ་དང༌། སྡིག་པའི་ཁོག་པ་བཞི་བཅུག་སྟེ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བཞག་ལ་རུལ་བར་གྱུར་པ་དང་བསྲུབས་ལ། དེ་ལས་མར་བྱུང་བ་དེ་
ཁྱིམ་བྱ་ལ་བྱིན་ཏེ། ཁྱིམ་བྱའི་རྟུག་པ་དེས་མིག་སྨན་དུ་བསྐུས་ན་ལོང་བར་གྱུར་པ་ཡང་ངེས་པར་མཐོང་ནུས་པར་འགྱུར་རོ། །ཡང་ན་སྤྲུལ་ནག་པོའི་ཞག་དང༌། དུང་དང༌། ཀ་ཏ་ཀའི་འབྲས་བུ་དང༌། ལིག་བུ་མིག་དང༌། འདི་རྣམས་མིག་སྨན་དུ་སྦྱར་ན། ལོང་བར་གྱུར་པ་ཡང་རིང་པོ་མི་ཐོགས་པར་མཐོང་བ་བསྐྱེད་དོ། །ཡང་ན་ན་ལེ་ཤམ་རྡོག་མ་བཅུ་དང༌། དྲུབ་མར་ཅང་ཞོ་གཅིག་དང་སྤངས་མ་སྲང་གཅིག་དང༌། ཤིང་མངར་ཞོ་གཉིས་དང༌། དེ་རྣམས་འོ་མའི་ནང་དུ་སྤངས་ཤིང་བརླན་པར་བྱ་སྟེ། དུ་བ་མ་ཤོར་བར་བྱས་ནས་བསྲེགས་པའི་ཕྱེ་མས་མིག་ལ་བསྐུས་ན་གཞན་དང་མི་འདྲ་བར་ཁྱད་པར་དུ་རབ་རིབ་འཇོམས་པའི་མཆོག་ཡིན་ཏེ་ཟླ་མེད་དོ། །ཡང་ན་བ་རུ་རའི་ཚི་གུ་དང༌། ན་ལེ་ཤམ་དང༌། སྐྱུ་རུ་ར་དང༌། སྤངས་མ་དང༌། ཤིང་མངར་དང༌། དེ་རྣམས་ཆུ་ཐགས་སུ་བྱས་ཏེ། རི་ལུར་བྱས་ལ་གྲིབ་མ་ལ་བསྐམས་ཏེ་མིག་ཏུ་བསྐུས་ན། རིང་པོ་མི་ཐོགས་པར་རབ་རིབ་འཇོམས་པར་བྱེད་དོ། །ཡང་ནན་ལེ་ཤམ་དང༌། སྐྱུ་རུ་ར་དང༌། རྒྱ་མཚོའི་ལྦུ་བ་དང༌། སྤངས་མ་དང༌། ལིག་བུ་མིག་དང༌། དྲུབ་མར་ཅང་གི་རྡོ་དང༌། དེ་རྣམས་གོང་མའི་གོ་རིམས་བཞིན་དུ་ཆ་རེས་བསྐྱེད་དེ། མིག་སྨན་དུ་སྦྱར་བ་ནི་དྲུབ་མར་ཅང་ཆ་དྲུག་པ་ཞེས་བྱ་སྟེ། དེས་མིག་ཏུ་བསྐུས་ན་རབ་རིབ་དང༌། མིག་མཛེར་དང༌། རྣག་ཏུ་འཛག་པ་དང༌། སྤྲིས་གཡོགས་པ་དང༌། གཡའ་བ་རྣམས་འཕྲོག་གོ །ཡང་ན་ཨནད་རྙིལ་ལ་སོགས་པ་རིན་པོ་ཆེ་རྣམས་དང༌། དངུལ་དང༌། ཤེལ་དང། གསེར་དག །ལིག་བུ་མིག་དང༌། ཟངས་མ་དང༌། ལྕགས་དང༌། དུང་དང༌། ཙནྡན་དམར་པོ་དང༌། བཙག་དམར་པོ་དང༌། དེ་རྣམས་བཏགས་ཏེ་མིག་སྨན་དུ་སྦྱར་ན་མཐོང་བའི་མིག་ནད་ཐམས་ཅད་སེལ་བར་བྱེད་དོ། །ཡང་ན་ཏིལ་མར་དང༌། བ་རུ་རའི་མར་དང༌། བྲིང་ག་ར་ཛ་དང༌། ཨ་ས་ནའི་རང་གི་ཁུ་བ་དང༌། དེ་རྣམས་ལྕགས་སྣོད་དུ་བསྐོལ་ཏེ་སྣར་བླུགས་པ་བྱས་ན་མཐོང་བའི་མིག་གི་ཉམས་སྟོབས་སྐྱེད་བར་བྱེད་དོ། །ཡང་ན་ནད་ཀྱི་ཚུལ་དང་སྦྱར་ཏེ་སྨན་གཅིག་གིས་ནད་ཐམས་ཅད་སོས་པ་ནི་མ་ཡིན་ཏེ། སྣུམ་གྱི་བཏུང་བ་དང༌། ཁྲག་འཛག་པ་དང༌།
བཀྲུ་སྨན་དང༌། སྣ་སྨན་དང༌། མིག་སྨན་བསྐུ་བ་དང༌། མགོ་བོའི་བཀྲུ་སྨན་དང་སྨན་མས་གཏོང་བ་དང༌། ཉམས་བརྟ་བར་བྱ་བ་དང༌། བྱུགས་པ་དང༌། བླུགས་པ་ལ་སོགས་པ་ཅི་རིགས་པར་མིག་ནད་ཅན་ལ་སྦྱར་རོ། །དེ་ལྟར་བསྟན་པ་དེ་ནི་རབ་རིབ་ཀྱི་གསོ་བ་སྤྱིར་བསྟན་པ་ཡིན་ནོ། །ད་ནི་ནད་གཞི་རེ་རེའི་གསོ་བ་བཤད་ཀྱིས་ཉོན་ཅིག །དེ་ལ་རླུང་ལས་གྱུར་པའི་རབ་རིབ་ལ་ནི་རྩ་བ་བཅུ་པ་བསྐོལ་བའི་ཁུ་བའི་ནང་དུ་མར་དང༌། མར་གྱི་བཞི་འགྱུར་གྱི་འོ་མ་དང༌། འབྲས་བུ་གསུམ་གྱི་ཕྱེ་མ་བསྐོལ་ལ་མར་ལུས་པ་ལས་བཏུང་བ་ལ་སོགས་པ་སྣུམ་ཆོས་བྱས་ཏེ། དེའི་འོག་ཏུ་འབྲས་བུ་གསུམ་དང༌། རྩ་བ་ལྔ་བསྐོལ་བའི་ཁུ་བའི་ནང་དུ་འོ་མ་དང༌། ཨེ་རཎྜའི་མར་དང་བསྲེས་ཏེ་བཀྲུ་སྨན་དུ་སྦྱར་རོ། །ཡང་ན་ཛི་བན་ཏིའི་རྩ་བ་དང་ཡལ་ག་དང་བཅས་པ་སྲང་བརྒྱ་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང་བསྐོལ་ཏེ་བརྒྱད་ཆ་ལུས་པའི་ནང་དུ་ཏིལ་མར་དང༌། འོ་མ་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌། བ་ལ་རྣམ་གསུམ་དང༌། ཛི་བན་ཏི་དང༌། ཉེའུ་ཤིང་གཉིས་ཀྱི་རྩ་བ་སྲང་རེ་རེ་དང༌། ཤིང་མངར་རང་བཞི་དང༌། དེ་རྣམས་ལྕགས་སྣོད་ཀྱི་ནང་དུ་བསྐོལ་ཏེ་ལྕགས་སྣོད་དེ་ཉིད་ཀྱི་ནང་དུ་ཟླ་བ་གཅིག་གི་བར་དུ་བཞག་ལ། དེ་ནས་སྣ་སྨན་དུ་སྦྱར་ན་རླུང་དང་མཁྲིས་པ་ལས་གྱུར་པའི་ནམ་ཚོང་ཡན་ཆད་ཀྱི་ནད་འཇོམས་ཏེ། ཁྱད་པར་དུ་ལྟ་བའི་མིག་ལ་བརྟེན་པའི་ནད་སེལ་ཅིང༌། སྐྲ་སྐྱེ་ལ་གཉའ་བ་དང༌། ཕྲག་པ་དང༌། བཞིན་འཕེལ་ཞིང་རྒྱས་པར་བྱེད་པ་དང༌། གཞོན་ནུར་གྱུར་ཞིང་ལུས་ཤ་མཛེས་པར་བྱེད་དོ། །ཡང་ན་ཨེ་རཎྜ་དཀར་པོའི་རྩ་བ་དང༌། བྲི་ཧ་ཏིའི་འབྲས་བུ་དང༌། ཐང་ཤིང་དང༌། ཤུ་དག་དང༌། རྒྱ་སྤོས་དང༌། གོ་ཤ་ཡ་དང༌། བིལ་བའི་རྩ་བ་དང༌། ཏིལ་མར་དང༌། འོ་མ་དང༌། དེ་རྣམས་ཚུལ་བཞིན་དུ་བསྐོལ་ཏེ་མར་ལུས་པ་ལས་སྣར་བླུགས་ན་རླུང་དང་བད་ཀན་ལས་གྱུར་པའི་ནམ་ཚོང་ཡན་ཆད་ཀྱི་ནད་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །ཡང་ན་སྟག་དང༌། ཕག་དང༌། བྱ་རྒོད་དང༌། སྦྲུལ་དང༌། ཁྱིམ་བྱ་དང༌། དེ་རྣམས་གང་ཡང་རུང་བའི་ཚིལ་དང༌། སྦྲང་རྩི་དང་སྦྱར་ཏེ་མིག་ཏུ་བསྐུས་ལ་དེའི་
འོག་ཏུ་ལིག་བུ་མིག་ཤ་ཁུ་དང་འོ་མའི་ནང་དུ་གོང་མའི་ཆོ་ག་བཞིན་དུ་ལན་བདུན་སྨྱུགས་ཏེ་མིག་སྨན་སྦྱར་ན་རབ་རིབ་འཇོམས་པར་བྱེད་པའི་མཆོག་དམ་པ་ཡིན་ནོ། །དེ་ལྟར་བྱས་ཀྱང་རབ་རིབ་ཞིར་མ་འདོད་ན་མིག་བརྟ་བའི་ཆོ་ག་བྱ་སྟེ་ཤུ་ཏི་དང༌། རུ་རྟ་དང༌། སྤང་སྤོས་དང༌། རམ་ཉེ་བ་རྣམ་གཉིས་དང༌། ཤིང་མངར་དང༌། པྲ་པུཎྜ་རཱི་ཀ་དང༌། ཀོ་ཉོན་ཙེ་དང༌། པི་པི་ལིང་དང༌། ཐང་ཤིང་དང༌། མར་དང༌། དེའི་བརྒྱད་འགྱུར་གྱི་འོ་མ་དང༌། དེ་རྣམས་ལྷན་ཅིག་བསྐོལ་ཏེ་བཏང་ན་མིག་བརྟ་བའི་སྨན་གྱི་མཆོག་ཡིན་ནོ། །རི་དགས་ཨེ་ན་ཡའི་ཚིལ་དང༌། འོ་མ་དང༌། ཤིང་མངར་དང༌། པུ་ཤེལ་ཙི་དང༌། ཙནྡན་དཀར་པོ་རྣམས་ཆམ་ཆོམ་བརྡུངས་ཏེ་བསྐོལ་ལ་ཁ་གཟར་གྱིས་དཀྲུགས་ཏེ། ཚོས་པ་དང་སྙིགས་མ་བོར་ཏེ་ཉམས་བརྟ་བའི་སྨན་དུ་སྦྱར་ན་ཡང་ཕན་ཡོན་དེ་དང་འདྲའོ། །དེ་བཞིན་དུ་སྲོག་ཆགས་ཤ་བེ་ཏ་དང༌། རེག་འཇམ་དང། གོ་ད་དང༌། ཁྱིམ་བྱ་དང༌། སྲེག་པ་དང༌། རྨ་བྱ་དང་དེ་རྣམས་གང་ཡང་རུང་བའི་ཚིལ་དང༌། ཤིང་མངར་དང༌། པུ་ཤེལ་ཙེ་དང༌། ཙནྡན་དང༌། འོ་མ་དང༌། ཆོ་ག་གོང་ལྟར་སྦྱར་ན་ཡང་ཉམས་བརྟ་བར་འགྱུར་རོ། །ཡང་ན་སྣུམ་གྱིས་མིག་བརྟ་བ་དང༌། སྨན་གྱི་ཕུར་མ་བསྲེགས་ཤིང་བཙོས་པའི་ཁུ་བའི་ཐིགས་པ་མིག་ཏུ་བླུགས་ན་ཡང་མིག་གསལ་བར་བྱེད་དོ། །འདིར་རླུང་ལས་གྱུར་པའི་སྣ་ཆུ་འཛག་པའི་ཆོ་ག་ཐམས་ཅད་ཀྱང་བྱ་སྟེ། མས་གཏོང་བའི་ནི་རུ་ཧ་དང༌། འཇམ་རྩི་ཡང་སྦྱར་རོ། །མཁྲིས་པ་ལས་གྱུར་པའི་རབ་རིབ་ལ་ནི་འཚོ་བྱེད་སྡེ་བཅུ་དང༌། འབྲས་བུ་གསུམ་བཏགས་པའི་ཕྱེ་མ་དང༌། མར་བསྐོལ་བ་བླུད་དེ་སྣུམ་གྱིས་ཞེན་པ་དང༌། གཏར་ཀས་ཁྲག་དབྱུང་ངོ༌། །ཤ་ཁ་ར་དང༌། ཤིང་ཉེ་རོང་དང༌། སུག་སྨེལ་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་སྨན་གྱིས་ཁྲུས་བྱའོ། །དེ་བཞིན་དུ་བསིལ་བའི་བླུགས་པ་དང༌། བྱུག་པ་ལ་སོགས་པ་ཡང་སྦྱར་བར་བྱའོ། །ཡང་ན་ཐལ་ཏྲེས་དང༌། ཤུག་པ་དང༌། པུ་ཤེལ་ཙེ་དང༌། མུ་ཏིག་དང༌། སེང་ཕྲོམ་དང༌། ཙནྡན་དཀར་པོ་རྣམས་བཏགས་ཏེ་རི་ལུར་བྱས་ནས་མིག་ཏུ་བསྐུས་ན་ཡང་མཁྲིས་པ་ལས་གྱུར་པའི་རབ་རིབ་ལ་ཕན་ནོ། །ཡང་ན་
གན་དྷ་བྷ་དྲ་དང༌། ཨུཏྤ་ལ་དང༌། ནཱ་ག་པུཥྤ་དང༌། ག་པུར་དང༌། ཤིང་མངར་དང༌། བཙག་ཡུག་སྣ་མ་རྣམས་ཀྱི་ཕྱེ་མས་མིག་སྨན་བྱས་ན་ཕན་ནོ། །དངུལ་རྡོ་དང༌། སྤངས་མ་ཆ་ལྔ་ལྔ་དང༌། ཀར་ཀ་ཏ་སྲིང་གི་དང༌། སྐྱུ་རུ་རའི་འབྲས་བུ་ཆ་གསུམ་གསུམ་དང༌། ཤེལ་དང༌། ག་པུར་ཆ་རེ་རེ་དེ་རྣམས་ཀྱི་ཕྱེ་མས་བསྐུས་ན་རབ་རིབ་འཇོམས་སོ། །ཞུན་མར་དང༌། མར་གྱི་བཞི་འགྱུར་གྱི་འོ་མ་དང༌། འཚོ་བྱེད་སྡེ་བཅུ་དང༌། ཁ་ར་དཀར་པོ་དང༌། ཨུཏྤལ་སྔོན་པོ་ཞོ་གཉིས་གཉིས་བསྐོལ་བའི་མར་གྱིས་སྣར་བླུགས་པའི་སྨན་ཡང་བྱའོ། །བད་ཀན་ལས་གྱུར་པའི་རབ་རིབ་ཀྱི་སྨན་ལ་ནི་སླེ་ཏྲེས་བསྐོལ་བའི་ཁུ་བའི་ནང་དུ་འབྲས་བུ་གསུམ་དང༌། པི་པི་ལིང་དང༌། མར་ལྷན་ཅིག་བསྐོལ་བའི་མར་གྱིས་སྣུམ་ཆོས་བྱས་ལ། དེའི་འོག་ཏུ་གཏར་གས་ཁྲག་དབྱུང་ངོ༌། །དེ་ནས་དན་ཏི་དང༌། དུར་བྱིད་བསྐོལ་བའི་ནང་དུ་གླ་གོར་ཞོ་ཤ་དང། ཨ་རུ་ར་དང༌། བཅའ་སྒ་དང༌། པི་པི་ལིང་གི་ཕྱེ་མས་བཏབ་ལ་བཀྲུ་སྨན་དུ་བླུད་དོ། །རྩ་བ་བཅུ་བསྐོལ་བའི་ནང་དུ་ཧྲི་བེ་ར་དང༌། ཐང་ཤིང་དང༌། སེར་པོ་རྣམ་གཉིས་དང༌། པི་པི་ལིང་དང༌། དེ་རྣམས་འོ་མ་དང༌། ཏིལ་མར་དང་བསྐོལ་བའི་མར་གྱི་སྣ་སྨན་གཏང་ངོ༌། །ཡང་ན་དུང་དང༌། པྲི་ཡང་ཀུ་དང༌། ལྡོང་རོས་དང༌། ཚ་བ་གསུམ་དང༌། འབྲས་བུ་གསུམ་དང༌། དེ་རྣམས་ཀྱིས་རི་ལུར་བྱས་པ་ནི་དྲི་མ་མེད་པ་ཞེས་བྱ་བའི་རི་ལུ་ཡིན་ཏེ་མིག་ལ་བསྐུས་ན། མིག་དང་ཞིང་དྲི་མ་མེད་པར་འགྱུར་རོ། །ཡང་ན་ལྕགས་ནག་པོའི་ཕྱེ་མ་དང༌། ཚྭ་བ་གསུམ་དང༌། རྒྱམ་ཚ་དང༌། འབྲས་བུ་གསུམ་དང༌། དེ་རྣམས་རི་ལུར་བྱས་པ་ནི་ཁུ་བྱུག་ཅེས་བྱ་བའི་རི་ལུ་ཡིན་ཏེ། མིག་ལ་བསྐུས་ན་མིག་གསལ་བར་བྱེད་དོ། །ཡང་ན་རི་བོང་དང༌། བོང་བུ་དང༌། གླང་དང༌། སེང་གེ་དང༌། རྔ་མོ་དང༌། དེ་རྣམས་ཀྱི་སོ་དང༌། འཕྲལ་བའི་རུས་པ་དང༌། བ་ལང་དཀར་པོའི་སྤུ་དང༌། ན་ལེ་ཤམ་དང༌། དུང་དང༌། ཙནྡན་དཀར་པོ་དང༌། རྒྱ་མཚོའི་ལྦུ་བ་དང༌། དེ་རྣམས་བཏགས་པའི་ཕྱེ་མ་བུད་མེད་ཀྱི་ནུ་ཞོ་དང་སྦྱར་བའི་རི་ལུར་བྱས་ཏེ་མིག་ལ་བསྐུས་ན་རབ་རིབ་དང་ལིང་ཏོག་ལས་རྒྱལ་བར་བྱེད་དོ། །ཁྲག་ལས་གྱུར་པའི་རབ་རིབ་ལ་མཁྲིས་
པའི་རབ་རིབ་ཀྱི་གསོ་བ་ཇི་ལྟ་བ་བཞིན་དུ་བྱས་ཏེ། ཁྱད་པར་དུ་བཟའ་བ་དང༌། སྤྱོད་ལམ་ལ་སོགས་པ་ཤིན་ཏུ་བསིལ་བས་ཁྲག་གི་ཉེས་པ་སེལ་བར་བྱེད་དོ། །རྒུན་འབྲུ་དང༌། སྤང་སྤོས་དང༌། སེང་ཕྲོམ་དང༌། ཤིང་མངར་དང༌། དུང་དང༌། ཟངས་མ་དང༌། ཙནྡན་དང༌། པདྨ་དང༌། ཤུ་དག་དང༌། ཨུཏྤལ་དང༌། དེ་རྣམས་རའི་འོ་མ་དང་བཏགས་ཏེ། རི་ལུས་མིག་སྨན་བྱས་ན་ཁྲག་ལས་གྱུར་པའི་རབ་རིབ་མྱུར་དུ་འཇིག་པར་བྱེད་དོ། །ལྡན་པ་དང་འདུས་པ་ལས་གྱུར་པའི་རབ་རིབ་ལ་ནི་ནད་གཞི་གང་གི་ཤས་ཆེ་ཆུང་དང་སྦྱར་ཏེ། གོང་གི་གསོ་བདག་ལས་ཇི་ལྟར་མཐུན་པར་སྦྱར་རོ། །དེ་བཞིན་དུ་མ་ཀ་དང༌། བྱི་དང་ག་དང༌། སྒྲོན་ཤིང་དང༌། ན་ལེ་ཤམ་དང༌། འོ་མ་དང༌། ཏིལ་མར་རྣམས་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ལས་སྣ་སྨན་བཏང་བའམ། ཡང་ན་སྨན་དེ་ཉིད་འོ་མ་དང་སྦྱར་བའི་བྱུག་པས་གདོང་ལ་བསྐུས་ན་ཡང་ལྡན་པ་དང་འདུས་པའི་རབ་རིབ་འཇོམས་པར་བྱེད་དོ། །ཡང་ན་རྒྱ་སྤོས་དང༌། ཨུཏྤལ་སྔོན་པོ་དང༌། ཨ་ནན་ཏ་དང༌། ཤིང་མངར་དང༌། སུ་ནི་ཤ་དང༌། དེ་རྣམས་བཏགས་པའི་ཕྱེ་མ་ཏིལ་མར་གྱིས་བསྐོལ་བའི་མར་གྱིས་སྣ་སྨན་དུ་བཏང་བ་དང༌། མགོ་ལ་བསྐུ་བ་དང༌། མས་གཏོང་བ་བྱས་ན་རབ་ཏུ་བསྔགས་སོ། །ཡང་ན་པུ་ཤེལ་ཙེ་བསྐོལ་བའི་ཁུ་བའི་ནང་དུ་པི་པི་ལིང་དང༌། རྒྱམ་ཚྭ་བཏགས་པའི་ཕྱེ་མས་བཏབ་སྟེ་རས་ལ་བཙགས་པའི་དངས་མའི་ནང་དུ་མར་བཅུག་སྟེ། ཡང་བསྐོལ་ལ་སྐ་བར་གྱུར་པ་དང་བསྒྲངས་པའི་ནང་དུ་སྦྲང་རྩི་དང་སྦྱར་ཏེ་མིག་ཏུ་བསྐུས་ན་འདུས་པ་ལས་གྱུར་པའི་རབ་རིབ་ཐམས་ཅད་ལ་ཕན་ནོ། །ཡང་ན་འུག་པ་ལ་སོགས་པ་ནུབ་མོ་རྒྱུ་བའི་སེམས་ཅན་གྱི་རུས་པ་རྐང་གང་བ་ལིག་བུ་མིག་དང་བཅས་པ་འབབ་ཆུ་གླང་མོའི་ནང་དུ་ཞག་ཉི་ཤུའམ། ཟླ་བ་གཅིག་གི་བར་དུ་བཞག་སྟེ། དེའི་འོག་ཏུ་ཕྱུང་ལ་བསྐམས་ཏེ་མེ་ཏོག་ལུག་རུ་བ་དང༌། ཤིང་མངར་རྣམས་ཕྱེ་མར་བྱས་ཏེ་མིག་ཏུ་བསྐུས་ན་འདུས་པ་ལས་གྱུར་པའི་རབ་རིབ་སེལ་བའི་མཆོག་ཡིན་ནོ། །སྦྲིས་གཡོགས་པའི་མིག་ནད་རིམ་པ་གསུམ་པ་ལ་ནི་ཁྲག་གཏར་བ་མ་གཏོགས་པ་རིམ་གྱི་གསོ་བ་ཐམས་ཅད་བྱའོ། །གལ་ཏེ་གཏར་ག་བྱེད་ན་ནི་
རས་ཀྱིས་མགུལ་བ་བསྡམས་པས་ནད་གཞི་རྣམས་མྱུར་དུ་འདུས་ཏེ། ལོང་བར་གྱུར་པའི་སྐྱོན་ཡོད་པས་གཏར་བའི་དམིགས་ཡོད་ན་ཡང་སྲིན་བུ་པད་པས་ཁྲག་དབྱུང་ངོ༌། །བུ་རམ་དང༌། རྒྱ་མཚོའི་ལྦུ་བ་དང༌། པི་པི་ལིང་དང༌། ལིག་བུ་མིག་དང༌། ན་ལེ་ཤམ་དང༌། གུར་གུམ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་མིག་ལ་བསྐུས་ན་སྦྲིས་གཡོགས་པའི་ནད་ཡང་བ་སྦྱོང་ངོ༌། །སྲེ་མོའི་མིག་ལྟ་བུའི་མིག་ནད་ལ་ནི་མིག་འདུས་པ་ལས་གྱུར་པའི་གསོ་བ་ཐམས་ཅད་འདིར་སྦྱར་རོ། །མར་དང་སྦྲང་རྩི་དང་བ་ལང་གི་ལྕི་ཁུ་གསུམ་གྱི་ནང་དུ་སྐྱེར་ཁཎྜ་དང༌། བཙག་ཡུག་སྣམ་དང༌། བལ་བུ་དང༌། དེ་རྣམས་ཀྱི་ཕྱེ་མ་དང་སྦྱར་བའི་མིག་སྨན་གྱིས་བསྐུས་ན་མཚན་མོ་མི་མཐོང་བ་ལ་ཕན་ནོ། །ཡང་ན་ཞོའི་ནང་དུ་ན་ལེ་ཤམ་བདར་བས་མིག་ཏུ་བསྐུས་ན་ཡང་མཚན་མོ་མི་མཐོང་བ་ལ་ཕན་པའི་མཆོག་ཡིན་ནོ། །ཀ་རཉྫ་དང༌། ཨུཏྤ་ལ་དང༌། བཙག་ཡུག་སྣམ་དང༌། པདྨའི་གེ་སར་དང༌། དེ་རྣམས་བ་ལང་གི་ལྕི་ཁུའི་ནང་དུ་བཏགས་ཏེ་རི་ལུར་བྱས་པ་ནི་ནད་གཞི་ཐམས་ཅད་ལས་གྱུར་པའི་མིག་ནད་འཇོམས་སོ། །ཡང་ན་ཀོན་ཏི་ཞེས་བྱ་བ་ཧ་རེ་ཎུ་ཀ་དང༌། པི་པི་ལིང་དང༌། ལིག་བུ་མིག་དང༌། རྒྱམ་ཚ་རྣམས་བཏགས་པའི་ཕྱེ་མ་ར་གཅིན་དང་སྦྱར་བ་རི་ལུར་བྱས་ཏེ་མིག་ལ་བསྐུས་ན་ཕན་ཡོན་དེ་དང་འདྲའོ། །ཡང་ན་ཀ་ལ་ན་དང༌། ཚ་བ་གསུམ་དང༌། འབྲས་བུ་གསུམ་དང༌། ལྡོང་རོས་དང༌། བ་བླ་དང༌། རྒྱ་མཚོའི་ལྦུ་བ་དང༌། དེ་རྣམས་རའི་འོ་མ་དང་བཏགས་ཏེ་རི་ལུར་བྱས་ཏེ་མིག་ལ་བསྐུས་ན་ཕན་ཡོན་དེ་དང་འདྲའོ། །ཡང་ན་མཆིན་པའི་ནང་དུ་པི་པི་ལིང་བཅུག་སྟེ་མ་ཚིག་པར་བསྲེགས་ལ་ཚོས་པ་དང་ཕྱིར་ཕྱུང་ལ་མཉམ་སྟེ། དེའི་འོག་ཏུ་བཏགས་ལ་སྦྲང་རྩི་དང་སྦྱར་བས་མིག་ལ་བསྐུས་ན་མཚན་མོ་མི་མཐོང་བའི་ནད་སེལ་བའི་མཆོག་ཡིན་ནོ། །མཚན་མོ་མི་མཐོང་བའི་ནད་པས་བཟའ་བ་ནི་མ་ཧེའི་མཆིན་པ་དང༌། མཆེར་པ་ཏི་ལ་མར་དང་ལྷན་ཅིག་བཟའོ། །ཡང་ན་འཚོ་བྱེད་སྡེ་བཅུའི་འོ་མ་མར་དང་ལྷན་ཅིག་སྦྲུས་ཏེ་བཟའོ། །དེ་བཞིན་དུ་ཨ་ཏི་མུག་ཏ་དང༌། ཨེ་རཎྜ་དང༌། ལང་ག་ལི་དང༌། ཤུ་ཏི་དང༌། དེ་རྣམས་ཀྱི་
ལོ་མ་མར་དང་བརྔོས་ཏེ་བཟའ་བར་བྱའོ། །ཡང་ན་དྲོན་པུཥྤ་ཞེས་བྱ་བའི་ལོ་མ་མར་དང་བརྔོས་ཏེ་བཟའ་བཏུང་དུ་སྦྱར་ན་ཡང་རབ་ཏུ་བསྔགས་སོ། །མིག་ནད་དམར་པོ་ཤར་ཤར་པོར་འདུག་པ་དང༌། མཁྲིས་པས་སྐྱུར་པ་དང༌། དྲོ་བ་དང་ཚ་བ་དང་བཅས་པའི་མིག་ནད་ལ་ནི་མར་རྙིང་པའི་བཏུང་བ་ལ་སོགས་པས་སྣུམ་ཆོས་བྱ་སྟེ། བསིལ་བའི་ནུས་པ་དང་ལྡན་པའི་སྨན་གྱི་ཁྲུས་དང་བྱུག་པ་སྦྱར་རོ། །བ་ལང་གི་ལྕི་བའི་ཁུ་བ་དང༌། འོ་མ་དང༌། མར་དང༌། བཙག་ཡུག་སྣམ་དང༌། བལ་བུའི་ལོ་མ་རྣམས་བསྐོལ་ཏེ་མིག་ཏུ་བླུགས་པའམ། ཡང་ན་བཙག་ཡུག་སྣམ་དང༌། བལ་བུའི་ལོ་མའི་མིག་སྨན་དུ་བྱས་པ་ཡང་ཕན་ཡོན་གོང་མ་དང་འདྲའོ། །མེ་ད་རྣམ་གཉིས་དང༌། བཙོད་དང༌། སེང་ཕྲོམ་དང༌། ཨ་ནན་ཏ་དང༌། སྐྱེར་པ་དང༌། ཤིང་མངར་དང༌། འདི་རྣམས་མར་དང༌། ཏིལ་མར་དང༌། མར་གྱི་བརྒྱད་འགྱུར་གྱི་འོ་མ་དང་བསྐོལ་བའི་སྨན་མར་གྱི་སྣ་སྨན་བཏང་ན་ཕན་ནོ། དེ་བཞིན་དུ་འོ་མའི་མར་གྱིས་མིག་བརྟ་བར་བྱ་བའི་ཕྱིར་བླུགས་པར་བྱའོ། །དེས་ཀྱང་མ་ཞི་ན་ཁྲག་གཏར་བར་བྱའོ། །རྣམ་པ་གཞན་ཡང་སྣད་པ་དང༌། འཇིགས་ཤིང་སྡངས་པ་དང༌། མྱ་ངན་དང༌། ཁ་ཟས་རྩུབ་པ་ཟོས་པ་དང༌། སྟན་མེད་པར་ཉལ་བ་དང༌། དེ་བཞིན་དུ་སྐྱུག་སྨན་དང༌། བཀྲུ་སྨན་དང༌། སྣར་བླུགས་པ་མ་ལེགས་པ་དང༌། མིག་བརྟ་བའི་ཐལ་སྨན་གྱི་ཐིགས་པ་བླུགས་མ་ལེགས་པ་དང༌། སྐྱུགས་དྲགས་པ་དང༌། བཀྲེས་པ་དང༌། སྐོམ་དད་ཆེས་པ་བརྣགས་པ་དང༌། མིག་ནད་ཡལ་བར་པོར་ཏེ་ཡུན་རིངས་པ་དང༌། རྣམ་པ་དེ་དག་གིས་ཀྱང་རབ་རིབ་བཞིན་དུ་མཐོང་བའི་ནད་སྐྱེད་པར་བཤད་དེ། དེ་ལ་ནི་རླུང་ལ་སོགས་པའི་ནད་གཞི་གང་ཡིན་པ་བརྟགས་ཏེ་རང་རང་དང་མཐུན་པའི་སྨན་སྦྱར་རོ། །གཞན་ཡང་ཉི་མའི་ཟེར་དང༌། མིའི་འོད་དང༌། གློག་ལ་སོགས་པ་འཚེར་བ་ལ་རྣམ་པར་བལྟས་པས་མིག་ཉམས་པ་ལ་ནི་བསིལ་བའི་སྨན་དང་སྦྱར་བའི་མར་རམ། གསེར་ཞུན་མར་དང་སྦྱར་བས་སྨན་དུ་སྦྱར་རོ། །དེ་ལྟ་བས་ན་སྐྱེས་བུ་རྣམས་ཀྱིས་མིག་ནི་དུས་ཐམས་ཅད་དུ་བསྲུང་བར་བྱ་སྟེ། ཇི་སྲིད་དུ་འཚོ་
བ་གནས་པར་འདོད་པས་མཐུ་གཏུགས་ཏེ་གསོ་བར་བྱའོ། །ཅིའི་ཕྱིར་ཞེ་ན། གང་དག་མིག་དང་བྲལ་ན་མུན་པར་འགྱུར་ཏེ་ཉིན་མོ་དང་མཚན་མོ་ཡང་བྱེ་བྲག་མེད་ཅིང་ནོར་མང་པོ་འདོད་ན་ཡང་དོན་མེད་པ་ཡིན་ནོ། །དེ་ལ་དུས་རྟག་ཏུ་བསྟེན་པར་བྱ་བ་ནི་འབྲས་བུ་གསུམ་དང༌། དུས་དུས་སུ་ཁྲག་དབྱུང་བར་བྱ་བ་དང༌། སློན་ཁྲུས་ཀྱིས་ལུས་སྦྱང་བ་དང༌། སེམས་དགའ་བར་བྱ་བ་དང༌། ཡིད་བདེ་བར་བྱ་བ་དང༌། མིག་སྨན་གྱི་སྦྱོར་བ་བསྟེན་པ་དང༌། ཏིལ་མར་དང་མར་ལ་སོགས་པའི་སྣ་སྨན་བསྟེན་པ་དང༌། བྱ་ཤའི་བྱ་ན་བསྟེན་པ་དང་རྐང་པ་གཉིས་བཀྲུ་ཞིང་བྱི་དོར་བྱས་ཏེ་བཀྲུ་བ་དང༌། དྲིལ་བ་ལ་སོགས་པའི་རིམ་གྲོ་བྱ་བ་དང༌། རྟག་ཏུ་ཞུན་མར་བཏུང་བ་དང༌། ཁ་ཟས་གནོད་པ་རྣམས་སྤང་བ་དང༌། ཤིན་ཏུ་ཕྲ་བ་དང༌། གཡོ་བ་དང༌། འཚེར་བའི་དངོས་པོ་ལ་མི་ལྟ་བ་དང༌། དེ་དག་ནི་སྐྱེས་བུ་རྣམས་ཀྱིས་མིག་བསྲུང་བར་དྲང་སྲོང་ཆེན་པོ་མུ་ཁྱུད་ཀྱིས་བཤད་དོ། །རབ་རིབ་ཀྱི་ནད་གསོ་བའི་ལེའུ་སྟེ་བཅུ་གསུམ་པ་རྫོགས་སོ།། །།དེ་ནས་མིག་གི་མཐོང་བ་ཉམས་པ་གསོ་བའི་དཔྱད་ཀྱི་ལེའུ་བཤད་པར་བྱ་སྟེ། དེ་ལ་བད་ཀན་གྱིས་མཐོང་བ་ཉམས་པ་ལེགས་པར་སྨིན་པ་ལ་ནི་དབྱེ་བའི་དཔྱད་བྱའོ། །དེ་ཡང་སྨིན་པའི་མཚན་མ་ནི་ཤིན་ཏུ་དཀའ་བ་དེ། མཆིལ་མའི་ཐལ་བ་ལྟ་བུ་ཡིན་ཡང་དེ་ལ་ཐུར་མས་དབྱེའོ། །དེ་ལ་མ་སྨིན་པའི་མཚན་མ་ནི། ཞོ་ག་ཆུ་ལྟར་དང་ཞིང་སླ་བར་འདུག་པ་སྟེ། ཤིན་ཏུ་སྲབ་པའོ། །དེ་ལ་ནི་ཐུར་མས་ཕྱེ་ཡང་སླར་སྟེང་དུ་འགྲོ་སྟེ་ཚོར་བ་དྲག་པོ་ཡང་མྱོང་ལ་མཐོང་བ་ཡང་སླར་འགེབས་པར་བྱེད་དོ། །དེ་ལྟ་བས་ན་དཔྱད་བྱེད་པར་འདོད་པས་ཐོག་མར་སྨིན་པར་བྱ་བའི་ཆོ་ག་བྱ་སྟེ། ཁ་ཟས་དང་སྨན་གྱིས་བད་ཀན་སྐྱེད་པར་བྱེད་དོ། །རླུང་དང་མཁྲིས་པའི་ཤས་ཀྱིས་འདྲེས་ན་ནི་གསོ་བར་དཀའ་སྟེ། ཡུན་རིང་བར་འགྱུར་བས་རླུང་མཁྲིས་ནི་བསལ་བར་བྱའོ། །དེ་ལ་བད་ཀན་འབའ་ཞིག་གིས་ལོང་བའི་མཚན་མ་ནི་བད་ཀན་གྱིས་ལོང་བ་དེ་ལ་རླུང་དང་མཁྲིས་པས་ཟིལ་གྱིས་ནོན་ནི་མདོག་སྔོན་པོར་འགྱུར་ཏེ། དེ་བས་ན་རླུང་དང་མཁྲིས་པ་བསལ་བའི་ཆོ་ག་མང་དུ་བྱ་སྟེ།
སྔོན་པོ་ལས་དཀར་པོར་གྱུར་པ་ན་གཟོད་དབྱེའོ། །དེ་ལ་དབྱེར་མི་རུང་བ་དྲུག་ཡོད་དེ། འཁོར་བ་ལྟ་བུ་དང༌། ཁ་ར་ལྟ་བུ་དང༌། གྲ་མ་ལྟ་བུ་དང༌། གྲ་མ་མེས་བཅད་པ་ལྟ་བུ་དང༌། ཟླ་བ་ལྟ་བུ་དང༌། གདུགས་ལྟ་བུ་དང་དྲུག་གོ །དེ་ལ་འཁོར་བ་ཞེས་བྱ་བ་ནི་མིག་གི་འབྲས་བུ་འཁོར་བའི་ཚུལ་དུ་རྟག་ཏུ་འགུལ་བ་སྟེ། ཆུ་འཁྱིལ་བ་ལྟ་བུའོ། །མདོག་ནི་དཀར་ལ་ཅུང་ཟད་དམར་རོ། །ཁ་ར་ལྟ་བུ་ཞེས་བྱ་བ་ནི་དཔེར་ན་ཤ་ཁ་རའི་མདོག་ལྟ་བུ་འམ། ཤིང་ཨ་རྒའི་ལོ་མ་ལ་ལན་ཚྭས་བཏབ་པ་ལྟ་བུ་སྟེ། དཀར་ལ་ཅུང་ཟད་དམར་ཞིང་དེ་ཉིད་ཀྱང་ཤིན་ཏུ་བསྐ་བར་འདུག་པའོ། །གྲ་མ་ལྟ་བུ་ཞེས་བྱ་བ་ནི་མིག་གི་འབྲས་བུ་ལ་འབྲས་ཀྱི་གྲ་མ་ལྟ་བུའི་རི་མོ་སྣང་བའོ། །གྲ་མ་མེས་བཅད་པ་ལྟ་བུ་ནི་དཔེར་ན། འབྲས་ཀྱི་གྲ་མ་མེས་བཅད་ན་དུམ་བུར་སྣང་ཞིང་ཆད་འཕྲོ་གནག་པ་བཞིན་དུ་མིག་གི་འབྲས་བུ་ལ་ཡང་དེ་ལྟར་སྣང་ཞིང་དེ་ཡང་ནད་དང་བཅས་པའོ། །ཟླ་བ་ལྟ་བུ་ཞེས་བྱ་བ་ནི་དབྱིབས་ཟླ་བ་གང་བ་ལྟར་འདུག་ལ་དེ་ཡང་ཁ་རའི་མདོག་ལྟ་བུའོ། །གདུགས་ལྟ་བུ་ནི་གདུགས་ལྟར་ཟླུམ་ཞིང་ཁ་དོག་སྣ་ཚོགས་སུ་འདུག་པ་སྟེ། དྲུག་པོ་སྟེ་དེ་དག་གང་ཡང་རུང་བ་སྣང་ན་ནི་ལི་ཀ་ཞེས་བྱ་སྟེ་གསོར་མི་རུང་ངོ༌། །གཞན་ཡང་སྐྱོན་འདི་དག་ཡོད་ན་ཡང་དབྱེར་མི་རུང་སྟེ། གོང་དུ་མིག་གི་གཏར་ག་བསྟན་པའི་སྐབས་སུ་སྐོམ་པ་ལ་སོགས་པ་བསྲུང་བ་བཞིན་དུ་འདིར་དབྱེ་བའི་དུས་སུ་ཡང་བསྲུང་བར་འབྱུང་སྟེ། དེ་ཡང་སྐོམ་དད་ཆེ་བ་དང༌། ཆམ་པས་བཏབ་པ་དང༌། ལུད་པ་ལུ་བ་དང༌། དེ་བཞིན་དུ་དཔྱད་ཀྱིས་འཇིགས་པ་དང༌། རྟག་ཏུ་སྐྱུག་པ་དང༌། མགོ་བོ་དང༌། རྣ་བ་དང༌། མིག་འདི་རྣམས་མི་བདེ་ན་དཔྱད་མི་བྱའོ། །དེ་ནས་མི་དབྱེ་བའི་དུས་ཚིགས་བསྟན་པ་ནི་དཔྱིད་ཟླ་འབྲིང་པོ་དང༌། དབྱར་ཟླ་ཐ་ཆུངས་དང༌། སྟོན་ཟླ་ཐ་ཆུངས་ལ་བབ་པའི་ཚེ་སྣུམ་གྱི་ཆོ་ག་དང༌། དུགས་ཀྱི་ཆོ་ག་བྱས་ནས་སློན་ཁྲུས་ཀྱིས་ལུས་དག་པར་བྱའོ། །དེ་ནས་ཉམས་བརྟས་ནས་དེ་དང་མཐུན་པའི་ཟས་དང་སྐོམ་སྦྱིན་ནོ། །དེའི་འོག་ཏུ་ས་ཕྱོགས་གསལ་བར་ནད་པ་བཞག་ལ་སྔ་དྲོ་དང་པོར་དབྱེ་བར་བྱ་སྟེ། སྨན་པ་ཁྲི་པུས་མོ་ཙམ་མཐོ་བའི་སྟེང་དུ་
འདུག་ནས། ནད་པ་སྨན་པའི་མདུན་དྲང་པོར་ཁ་ཤར་ཕྱོགས་སུ་བསྟན་ཏེ། སྟན་འཇམ་པ་གང་ཡང་རུང་བ་ལ་བཞག་ནས་རྐང་པ་གཉིས་བརྐྱང་དུ་གཞུག །ནད་པའི་རྒྱབ་ཏུ་ནད་གཡོག་བཞག་ནས་ནད་གཡོག་གི་ལག་པ་གཉིས་ཀྱིས་ནད་པའི་མགོ་བོ་དམ་དུ་བཟུང་སྟེ། མི་འགྱུར་བར་བྱས་ནས་བག་ཡངས་སུ་གཞག་གོ །དེ་ནས་ནད་པའི་མིག་སྨན་པའི་ཁའི་དབུགས་དྲོན་པོས་དུགས་བྱས་ལ། སྨན་པའི་མཐེ་བོས་ནད་པའི་མིག་དལ་གྱིས་མཉེས་ནས་སྨན་པའི་མིག་ལ་དྲང་པོར་འབྲུ་ཚུགས་སུ་བལྟར་བཅུག་ལ། མིག་གི་ནད་ཀྱི་སྦྲི་འམ་དྲི་མ་སྔ་མའི་སོ་ལས་ཅུང་ཞིག་གཡོ་བར་སྣང་ན་ནད་པ་རང་གི་མིག་སྣ་གོང་དུ་བལྟར་བཅུག་ལ། ནད་གཡོག་གིས་མགོ་བོ་དམ་དུ་བཟུང་ལ་མི་འགུལ་བར་བྱས་ནས་ཐུར་མ་གཟུགས་པའི་ཚད་ནི་ནད་པའི་མིག་རང་གི་སྣ་གོང་དུ་བལྟས་པ་ལས་ནག་པོའི་མཐའ་ནས་བཟུང་སྟེ། དཀར་པོ་འབའ་ཞིག་ལ་ཆ་བཞིར་བགོས་ནས་ཆ་གསུམ་ནི་ནག་པོའི་ཕྱོགས་སུ་ལུས། ཆ་གཅིག་མུར་འགྲམ་ལོགས་སུ་ལུས་པའི་མཚམས་ན་ལྷའི་བུག་པ་ཞེས་བྱ་བ་ཡོད་དེ། དེར་མིག་གི་ཐུར་མ་མཛུབ་མོ་དང༌། གུང་མོ་དང༌། མཐེ་བོ་གསུམ་གྱིས་དམ་དུ་བཟུང་ལ། ལྟག་འོག་ཏུ་ཡ་ཡོར་མ་གྱུར་པར་འཕྲེད་དྲང་པོར་གཟུགས་ཏེ། མིག་གི་འབྲས་བུར་ཕྱིན་པར་བཏང༌། ནད་པའི་མིག་གཡོན་པ་ནི་སྨན་པའི་ལག་པ་གཡས་པས་དབུག །མིག་གཡས་པ་ནི་སྨན་པའི་ལག་པ་གཡོན་པས་དབུག་སྟེ། དེ་ལྟར་ནང་དུ་ཐུར་མས་ཕུག་པ་ལས་ལེགས་པའི་མཚན་མ་ནི་བུས་ཞེས་བྱ་བའི་སྒྲ་འབྱུང་ལ། དེ་ཡང་ནད་མེད་ཅིང་ཆུའི་ཐིགས་པ་འགའ་ཡང་འབྱུང་བའི་རིགས་སོ། །དེ་ནས་ནད་པ་སྐྱེད་དོ། །ཅི་སྟེ་མིག་ལས་མཆི་མ་འོང་ངམ་དམར་པོར་གྱུར་ན་འོ་མ་ཅུང་ཞིག་བླུགས་སོ། །ཐུར་མའི་རྩེ་མོ་ཡང་ཧ་ཅང་མི་རྣོ་བས་ནང་དུ་དལ་བུས་རིམ་གྱིས་ཕུལ་ཏེ། རྩེ་མོ་དབུས་སུ་ཕྱིན་ནས་སྣ་གོང་ཕྱོགས་སུ་ཕྱི་བ་ལྟར་བྱས་ལ་འོག་ཕྱོགས་སུ་གཏང་ངོ༌། །ཅི་སྟེ་འོག་ཏུ་བཏང་ཡང་ཕྱིར་ལོག་པ་ལྟར་བྱེད་ན་ནད་པ་རང་གིས་སྣ་བུད་པ་ལྟར་བྱས་ན་འོག་ཏུ་འགྲོ་བའི་རིགས་སོ། །གལ་ཏེ་ཐུར་མས་ཕྱིས་ཀྱང་མི་འགུལ་ན་ཡང་སྔ་མ་བཞིན་དུ་
དབུགས་དྲོན་པོས་མིག་ཏུ་དུགས་བྱས་ལ་ཐུར་མས་ཕྱིས་ན་འོག་ཏུ་འགྱུར་རོ། །དེ་ནས་གཟུགས་ཀྱི་རྣམ་པ་ཕྲ་རགས་མཐོང་ན་ཐུར་མ་རིམ་གྱིས་ཕྱིར་དབྱུང་ངོ༌། །དེ་ནས་རས་བལ་དྲོན་པོ་སྣུམ་ཅན་གྱིས་དུགས་བྱས་ལ་རས་ཀྱིས་དཀྲིས་ནས་གན་རྐྱལ་དུ་བསྙལ་ལ་གཞག་གོ །མིག་ཡ་གཅིག་ལ་ཆོ་ག་ཇི་ལྟར་བསྟན་པ་བཞིན་དུ་ཡ་གཅིག་ལ་ཡང་དེ་ལྟར་ཤེས་པར་བྱའོ། །དེ་ནས་རླུང་མེད་པའི་གནས་སུ་མགོ་བོ་དང་རྐང་པ་མར་གྱིས་བསྐུས་ཏེ་གཞག་ལ། ཕན་པའི་ཟས་དང་སྤྱོད་ལམ་ཞག་བདུན་གྱི་བར་དུ་བསྟེན་པར་བྱའོ། །དུས་དེའི་བར་དུ་བསྲུང་བར་བྱ་བ་ནི་ཆམ་པ་དང༌། ལུད་པ་དང༌། སྒྲེགས་པ་དང༌། མཆིལ་མ་འདི་རྣམས་ཅི་ནས་ཀྱང་དགག །ཆམ་པ་ལ་སོགས་པ་དང༌། བད་ཀན་སྐྱེ་བར་བྱེད་པའི་རྒྱུ་ནི་ཆུ་ཡིན་པས་ཆུ་བཏུང་བ་སྤང་བར་བྱའོ། །ཡང་ཆེར་སྐོམ་ན་ཆུ་བསྐོལ་བ་སྒ་བཏབ་པ་ཅུང་ཟད་བཏུང༌། གཞན་ཡང་ཁ་ཕུབ་ཏུ་འདུག་པ་དང༌། ཁྲུས་དང་སོ་ཤིང་བཅའ་བ་ཡང་མི་བྱ། ཅི་ནས་ཀྱང་བད་ཀན་སྐྱེ་བར་བྱེད་པའི་ཁ་ཟས་དང༌། བཏུང་བ་ཐམས་ཅད་སྤང་ངོ༌། །ནད་པ་དེས་སྤྲིད་པ་དང་ལམ་དུ་འགྲོ་བར་མི་བྱ། ཁ་ཟས་དང་བཏུང་བ་དྲོད་བག་བསྟེན་ཅིང་གྲང་བ་དང༌། བསིལ་བག་སྤང༌། ནད་པ་ཉམས་སྟོབས་དང་ལྡན་པ་ཞིག་ན་སྨྱུང་བར་བྱ། གལ་ཏེ་མི་བདེ་བ་འམ་རླུང་ལངས་པ་ལྟར་བྱེད་ན་བ་མར་དྲོན་པོས་བསྐུ། ཁ་ཟས་ནི་ནས་ཀྱི་ཟན་ཅུང་ཟད་སླ་བ་ཚ་བ་གསུམ་དང༌། སྐྱུ་རུ་ར་བཏབ་པ་སྦྱིན། ཡང་ན་གོང་མ་བས་སླ་བ་འདག་གུ་ཙམ་གྱི་ཟན་ལྷག་མའི་སྤོད་དང་སྣུམ་དང་བཅས་པར་བྱས་ལ་སྦྱིན་ནོ། །མིག་ཕྱི་ནས་ཞག་གསུམ་ལོན་པ་དང༌། བཅིངས་པ་བཀྲོལ་ཏེ། རླུང་ལ་ཕན་པའི་སྨན་སྣ་ཚོགས་བསྐོལ་བའི་སྨན་གྱི་ཁུ་བ་མིག་ཏུ་བླུགས་སོ། །དེ་བཞིན་དུ་ཞག་བདུན་པའི་བར་དུ་ཡང་ཐབས་དེ་ལྟར་བྱ། གལ་ཏེ་གསུམ་པ་ནས་དྲུག་པའི་བར་དུ་སྨན་མ་འབྱོར་ན་ཡང་བདུན་པ་ལ་མི་བླུགས་སུ་མི་རུང་ངོ༌། །ཇི་སྲིད་དུ་མིག་གི་མཐོང་བ་བརྟན་པོར་མ་གྱུར་གྱི་བར་དུ་ཆོ་ག་བསྲུང་བ་ལ་འབད་པར་བྱ་སྟེ། དེ་ཡང་གཟུགས་ཤིན་ཏུ་ཕྲ་བ་དང༌། སྲོག་ཆགས་ཕྲ་བ་དང༌། ཤིན་ཏུ་འཚེར་བ་གང་ཡང་རུང་བ་ལ་མི་ལྟ། མིག་གིས་ལྟ་བ་ཡང་རིམ་གྱིས་དལ་བུས་ལྟའི། ཅིག་ཆར་བབ་ཆོལ་དུ་མི་ལྟ།
གལ་ཏེ་མིག་སྐྲངས་ནས་དམར་པོར་གྱུར་ཏམ། མིག་ནད་གཞན་གང་ཡང་རུང་བ་བྱུང་ན། དེ་དང་པོར་ཐུར་མས་ཕུག་ཉེས་པའམ། ཁ་ཟས་མི་མཐུན་པ་ཅི་ལས་གྱུར་པ་བརྟགས་ནས་སྐྲངས་པ་ལ་སོགས་པ་སོ་སོའི་ནད་དང་མཐུན་པའི་སྨན་གྱིས་གསོའོ། །དེ་ཡང་མིག་སྐྲངས་པ་ལ་སོགས་པའི་ནད་གང་ཡང་རུང་བ་བྱུང་ན་རྩྭ་དཱུར་བ་དང༌། ནས་སོ་བ་དང༌། བཙག་ཡུག་སྣམ་དང༌། ཐལ་ཏྲེས་དང༌། འདི་རྣམས་ཆ་སྙོམས་ནས་མར་དང་ལྡན་པར་བྱས་ཏེ་ཆུ་འཐགས་སུ་བྱས་ནས་བསྐུས་ན་མིག་གི་སྐྱོན་སེལ་ལོ། །ཡང་ན་ཡུངས་ཀར་དང༌། ཏིལ་གཉིས་ཀྱི་ཕྱེ་མ་ཁ་ལུང་གི་ཁུ་བ་དང་སྦྱར་ཏེ་བསྐུས་ན་ཡང་སེལ་ཏོ། །ཡང་ན་པ་ཡ་སྱ་དང༌། ཐལ་ཏྲེས་ཀྱི་ལོ་མ་དང༌། བཙོད་དང༌། ཤིང་མངར་རྣམས་ཕྱེ་མར་བྱས་ལ་རའི་འོ་མ་དང་སྦྱར་བའི་འདག་གུ་དྲོ་འཇམ་ཙམ་གྱིས་བསྐུས་ན་ཡང་མིག་བདེ་བར་བྱེད་པའི་མཆོག་ཡིན་ནོ། །ཡང་ན་སེང་ཕྲོམ་དང༌། རྒྱམ་ཚ་དང༌། རྒུན་འབྲུ་དང༌། ཤིང་མངར་དང༌། འདི་རྣམས་རའི་འོ་མ་དང་སྦྱར་བ་བསྐོལ་བའི་ཁུ་བས་མིག་ཏུ་བླུགས་ན་མིག་ནད་འཇོམས་པར་བྱེད་དོ། །ཡང་ན་ཤིང་མངར་དང༌། ཨུཏྤ་ལ་དང༌། རུ་རྟ་འདི་རྣམས་རའི་འོ་མ་དང་བསྐོལ་བའི་ཁུ་བ་འམ། ཡང་ན་རྒུན་འབྲུ་དང༌། རྒྱ་སྐྱེགས་གཉིས་རའི་འོ་མ་དང་བསྐོལ་བའི་ཁུ་བ་བླུགས་ན་ཡང་མིག་ནད་སེལ་ཏོ། །ཡང་ན་རླུང་ལ་ཕན་པའི་སྨན་ཇི་སྙེད་པ་ཆམ་ཆོམ་བརྡུངས་ཏེ། རའི་འོ་མ་དང༌། འོ་མའི་བཞི་འགྱུར་གྱི་ཆུ་དང་བསྐོལ་ཏེ། ཆུ་དུ། འོ་མ་ལུས་པ་དང་ཕྱིར་ཕྱུང་སྟེ་བཙགས་པའི་ཁུ་བའི་ནང་དུ་འོ་མ་ཇི་ཙམ་པའི་མར་དང༌། ཤུག་པའི་སྡེ་ཚན་གྱི་སྨན་བཏགས་ལ་ཕྱེ་མར་བྱས་ལ། མར་དང༌། འོ་མ་དང༌། ལྷན་ཅིག་བསྐོལ་ནས་འོ་མ་ནི་དུ། མར་ལུས་པ་དང་དེས་བསྐུ་བ་ལ་སོགས་པ་བྱས་ན་ནི་མིག་ནད་ཀུན་ལ་ཕན་ཏེ། ལྷག་པར་ཡང་ཁྲག་ལས་གྱུར་པ་སྦྱོང་ངོ༌། །དེ་ལྟར་བྱས་ཀྱང་ཁྲག་ནད་མ་ཞི་ན་ནད་པ་དེ་ཡང་སྣུམ་ཆོས་བྱ་ཞིང་དུགས་བྱས་ལ་མིག་རྩ་ལ་གཏར་ག་བྱའོ། །ཇི་ལྟར་གཏར་བ་ནི་མིག་ནད་ཀྱི་གཏར་གའི་སྐབས་ལ་བལྟའོ། །དེ་ཇི་ལྟར་བྱ་བ་
ལེགས་པར་གྱུར་ན་ཚ་བ་དང་འཇམ་པའི་སྨན་བཏང་སྟེ། ཨརྒའི་རྩ་བ་དང༌། ན་ལེ་ཤམ་དང༌། བ་བླ་དང༌། སྐྱེར་ཁཎྜ་རྣམས་ཀྱི་ཕྱེ་མ་བུ་རམ་དང་རི་ལུར་བྱས་ལ་ཆར་པའི་ཆུ་དང་བདར་བས་མིག་ལ་བསྐུས་ན་ཡང་ཕན་ནོ། །ཡང་ན་ཛཱ་ཏི་དང༌། ཤྲི་ཤ་དང༌། ད་བ་དང༌། ཀར་ཀ་ཏ་ཤྲིང་གི་རྣམས་ཀྱི་མེ་ཏོག་དང༌། བཻ་ཌཱུཪྻ་དང༌། མུ་ཏིག་གི་འབྲས་བུ་དང་འདི་རྣམས་བཏགས་ཏེ་རའི་འོ་མ་དང་འདག་གུར་བྱ་སྟེ། ཟངས་མའི་སྣོད་ལ་བསྐུས་ནས་བསྐམས་པ་དང༌། ཕྱིར་བཀོག་ལ་ཡང་བཏགས་ཏེ། ཡང་རའི་འོ་མ་དང་ལྡེ་གུར་བྱས་ནས་ཡང་བསྐུ་བ་དང། སྐམ་པ་ཞག་བདུན་གྱི་བར་དུ་ཐབས་དེ་ལྟར་བྱས་ནས་ཐབས་ལ་རི་ལུར་བྱས་ནས་གྲིབ་སྐམས་སུ་བྱས་ཏེ། འོ་མ་དང་སྦྱར་བས་མིག་ལ་བསྐུས་ན་མཐོང་བ་དང་གསལ་བ་དང་སྟོབས་སྐྱེ་བར་འགྱུར་རོ། །ཡང་ན་ལིག་བུ་མིག་དང༌། བྱུ་རུ་དང༌། ལྡོང་རོས་དང༌། རྒྱ་མཚོའི་ལྦུ་བ་དང༌། ན་ལེ་ཤམ་རྣམས་ཀྱི་ཕྱེ་མ་རའི་འོ་མ་དང་འདག་གུར་བྱས་ལ། ཟངས་མའི་སྣོད་ལ་གོང་མ་ལྟར་བྱས་པས་མིག་ལ་བསྐུས་ན་ཡང་ཕན་ཡོན་གོང་མ་དང་འདྲ་བར་ཤེས་པར་བྱའོ། །མིག་གི་མཐོང་བ་ཉམས་པ་གསོ་བར་བྱ་བའི་ལེའུ་སྟེ་བཅུ་བཞི་པ་རྫོགས་སོ།། །།དེ་ནས་མིག་ནད་སྣ་ཚོགས་ཐམས་ཅད་ཀྱི་ནད་གཞི་བརྟག་པའི་ལེའུ་བཤད་པར་བྱ་སྟེ། དེ་ལ་རླུང་ལས་གྱུར་པའི་མིག་ནད་ཀྱི་མཚན་མ་ནི་མཆི་མ་མང་དུ་འཛག་པ་དང༌། སྣ་བུས་པ་ལྟར་རྒྱས་ཤིང་གང་བ་དང༌། སྐྲང་བའི་ཤས་ཆུང་བ་དང༌། མུར་འགྲམ་དང༌། འཕྲལ་བ་དང༌། སྨིན་མ་དང༌། མིག་དང༌། ཁ་དང་འདི་རྣམས་སུ་ཟུག་ཅིང་འཕར་བ་དང༌། རྔུ་མ་སྐམ་པོ་ཅུང་ཟད་ཡོད་པ་དང༌། མཆི་མ་གྲང་མོ་སླ་བ་འབྱུང་བ་དང༌། ལྡང་དུབ་ཏུ་ན་བ་དང༌། མིག་འབྱེད་འཛུམས་དཀའ་བ་དང༌། མིག་གི་ནང་དུ་སྲིན་བུ་རྒྱུ་བ་སྙམ་བྱེད་པ་དང༌། མིག་གང་ཞིང་བུས་པ་སྙམ་བྱེད་པ་དང༌། གྲ་མས་གང་བ་སྙམ་བྱེད་པ་དང༌། སྣུམ་གྱིས་བསྐུས་པས་དྲོ་བས་ཞི་བར་གྱུར་པ་དེ་ནི་རླུང་ལས་གྱུར་པ་ཡིན་ནོ། །རླུང་ནད་དེ་ཡལ་བར་བོར་ཏེ་གསོ་བ་མ་བྱས་པ་ལ་ནི་མིག་ནད་གདུང་བ་ཞེས་བྱ་བར་འགྱུར་ཏེ། དེའི་མཚན་མ་ནི་རྣ་བ་གཉིས་ལས་སྒྲ་འབྱུང་བ་དང༌། མགོ་འཁོར་
བ་དང། འཕྲལ་བ་དང༌། མིག་དང༌། སྨིན་མ་ལ་སོགས་པར་གཙུབ་ཤིང་གིས་གཙུབས་པ་སྙམ་སེམས་པ་ཡིན་ནོ། །དེ་ཡང་བག་མེད་པ་ལས་ཡལ་བར་བོར་ན་ནི་མིག་ཏུ་གདུང་བ་འཇོམས་བྱེད་ཅེས་བྱ་བར་འགྱུར་ཏེ། དེའི་རྟགས་ནི་ནད་ཀྱི་རྣམ་པ་སྣ་ཚོགས་འབྱུང་ཞིང་མཐོང་བའི་མིག་ལ་རྨ་འབྱུང་ཞིང་ཉམས་པར་འགྱུར་བ་ཡིན་ནོ། །ཡང་ན་མིག་གི་ནང་དུ་ནད་འཁྲུགས་ཏེ། མིག་སྟེང་གི་གནད་ཀྱི་རྩ་དང་མུར་འགྲམ་མམ། དེ་ལས་གཞན་དུ་ཡང་རུང་སྟེ། རླུང་ཞུགས་ནས་མི་བཟད་པར་ན་བ་དང༌། དབྱར་བག་ཏུ་འདུག་པ་དང༌། སྐྲང་བ་དང། མིག་འགྱུར་བ་དང༌། ཞུམ་པ་དང༌། མཆི་མ་འཛག་པ་དེ་ནི་རླུང་ནད་གཞན་དུ་ཞུགས་པའི་མིག་ནད་ཅེས་བྱའོ། །དེ་ལ་མིག་ནད་རླུང་གི་རྣམ་གྲངས་ཞེས་བྱ་བ་ཡོད་དེ། དེའི་མཚན་མ་ནི་མིག་ཡོ་བར་འགྱུར་བ་དང༌། མིག་སྔ་ན་བས་ཆུང་བར་འགྱུར་བ་དེ་ལྷག་མའི་མིག་ནད་ཀྱི་ཚུལ་ནི་གོང་མ་དང་འདྲའོ། །མཁྲིས་པས་འཛག་པའི་མིག་ནད་ཀྱི་མཚན་མ་ནི་མིག་ཚ་བ་དང༌། དུ་བ་འབྱུང་བ་སྙམ་སེམས་པ་དང༌། མིག་མཆུའི་ཕྱི་རོལ་སྐྲང་ཞིང་སྔོ་བསངས་སུ་འདུག་པ་དང༌། མིག་གི་ནང་གནག་པ་དང༌། མཆི་མ་ཚ་བ་དང་སེར་པོ་འབྱུང་བ་དང༌། མིག་གི་མདོག་དམར་བ་དང༌། དངོས་པོ་རྣམས་སེར་པོར་མཐོང་བ་དང༌། རྨ་ལན་ཚྭས་བཏབ་པ་སྙམ་བྱེད་པ་ཡིན་ནོ། །དེ་ཉིད་ཡལ་བར་བོར་ཏེ་གསོ་བ་མ་བྱས་པ་ནི་མིག་ནད་གདུང་བ་ཞེས་བྱ་བར་འགྱུར་ཏེ། དེའི་རྟགས་ནི་མེ་མདག་འབར་བ་ལྟར་འདུག་པ་དང༌། མཆི་མའི་མདོག་ལྟར་སྣང་བ་ཡིན་ནོ། །དེ་ལ་བད་ཀན་ལས་གྱུར་པའི་མིག་ནད་ཀྱི་མཚན་མ་ནི་མིག་ཚོར་བ་མེད་པ་དང༌། ཆེར་སྐྲང་བ་དང༌། ཆེར་གཡའ་བ་དང༌། གཉིད་ཆེ་བ་དང༌། ཟས་ལ་མི་དགའ་བ་དང༌། མིག་རྡུ་བ་དང༌། མཆི་མ་སྣུམ་པ་དང༌། མང་བ་དང༌། དཀར་བ་དང༌། སྤྱི་བག་ཏུ་སྣང་བ་ཡིན་ནོ། །དེ་ཉིད་གསོ་བ་མ་བྱས་ཏེ་ཡལ་བར་བོར་བ་ལས་ནི་ཡང་མིག་ནད་གདུང་བ་ཞེས་བྱ་བར་འགྱུར་ཏེ། དེའི་རྟགས་ནི་མིག་གི་འབྲས་བུ་ནག་པོ་དམར་པོར་འགྱུར་བ་དང༌། ཆམ་པས་འདེབས་པ་དང༌། སྣ་བུས་པ་ལྟར་གང་ཞིང་རྒྱས་པ་དང༌། མིག་བྱེ་མས་གང་བ་སྙམ་བྱེད་པ་ཡིན་ནོ། །
དེ་ལ་ཁྲག་ལས་གྱུར་པའི་མིག་ནད་ཀྱི་མཚན་མ་ནི་མཆི་མ་ཁྲག་ཏུ་འཛག་པ་དང༌། མིག་དམར་པོ་ཤར་ཤར་པོར་སྣང་བ་དང༌། རྡུ་མ་དམར་བ་དང༌། མིག་གི་འབྲས་བུ་དཀར་པོ་ཡང་དམར་བ་དང༌། དངོས་པོ་དམར་པོར་མཐོང་བ་དང༌། གཞན་ཡང་མཁྲིས་པའི་རྟགས་ཀྱང་འདིར་བལྟའོ། །དེ་ཉིད་ཡལ་བར་བོར་བ་ཡང་མིག་ནད་གདུང་བ་ཞེས་བྱ་བར་འགྱུར་ཏེ། དེའི་རྟགས་ནི་མིག་མཐའ་ཟངས་མའི་མདོག་ལྟར་འདུག་པ་དང༌། མིག་ཆུང་བ་སྙམ་སེམས་ཤིང་ན་བ་དང༌། མེ་ཏོག་བན་དུ་ཀ་ལྟར་དམར་བ་དང༌། ཏཱ་མྱ་ནི་ཞེས་བྱ་བ་དང༌། རེག་ན་མི་བཟོད་པ་དང༌། ཁྲག་གི་ནང་དུ་ནིམ་པའི་འབྲས་བུ་བཅུག་པ་བཞིན་དུ་མིག་གི་འབྲས་བུ་ལ་ཡང་དེ་ལྟར་སྣང་བ་དང༌། དངོས་པོ་རྣམས་མེ་འབར་བའི་མདོག་ཏུ་མཐོང་བ་ཡིན་ནོ། །དེ་ལ་འཛག་པའི་མིག་ནད་ལ་ཁྱད་པར་དུ་མིག་ནད་གདུང་བ་ཐམས་ཅད་ནི་རླུང་ལ་སོགས་པའི་ནད་གཞི་བྱེ་བྲག་གིས་ཚབས་ཆེ་བ་ཡིན་ཏེ། ཁྱད་པར་དུ་མུར་འགྲམ་དང༌། སོ་དང༌། མཁུར་ཚོས་དང༌། མགོ་བོ་རྣམས་སུ་ལྷག་པར་ན་བར་བྱེད་དོ། །རླུང་དང་མཁྲིས་པ་ལས་གྱུར་པའི་མིག་ནད་ཀྱི་མཚན་མ་ནི་མིག་གི་ནང་དུ་བྲུད་པ་སྙམ་སེམས་པ་དང༌། ན་ཞིང་རྡོལ་བ་སྙམ་སེམས་པ་དང༌། རྣག་གིས་གཡོགས་པ་ལྟར་འདུག་པ་དང༌། མིག་མཆུ་རྩུབ་ཅིང་རེག་མི་བཟོད་པ་དང༌། མིག་འབྱེད་འཛུམས་དཀའ་བ་དང༌། མིག་འཛག་པ་ཉུང་ཞིང་སྐམ་པ་དང༌། གྲང་བར་འདོད་པ་དང༌། ན་བ་དང༌། སྨིན་པ་དང་བཅས་པ་ཡིན་ཏེ། དེ་ནི་མིག་ནད་སྐམ་ཞིང་སྨིན་པ་ཞེས་བྱའོ། །ནད་གཞི་གསུམ་ཁྲག་དང་བཅས་པ་ལས་གྱུར་པའི་མིག་ནད་ཀྱི་མཚན་མ་ནི་སྐྲང་བ་དང༌། རབ་ཏུ་ན་བ་དང༌། ཚ་བ་དང༌། རྟག་ཏུ་འཛག་པ་དང༌། མིག་གི་འབྲས་བུ་དཀར་པོ་ལ་ཨུ་དུམ་བཱ་རའི་འབྲས་བུ་འདྲ་བར་སྣང་བ་དང༌། མཆི་མ་ཡང་གྲང་བ་དང༌། དྲོ་བ་དང༌། རྩུབ་པ་དང༌། སྤྱི་བག་དང༌། སླ་བ་དང༌། སྐ་བ་རིས་ཀྱིས་འབྱུང་བ་དེ་ནི་མིག་ནད་སྐྲང་བ་དང་སྨིན་པ་དང་བཅས་པ་ཞེས་བྱའོ། །ཅུང་ཟད་སྐྲང་བ་ཞེས་བྱ་བའི་མིག་ནད་ཀྱི་མཚན་མ་ནི་སྐྲང་བ་གོང་མ་བས་ཚབས་ཆེ་བ་ལ་སོགས་པ་རྟགས་ལྷག་མ་དེ་ཉིད་དང་འདྲའོ། །མིག་ནད་སྨིན་པ་ཞེས་བྱ་བའི་མཚན་མ་ནི་སྐྲང་བ་དང༌།
ས་མ་རམ་པ་དང༌། དྲི་མ་དང་བཅས་པའི་མཆི་མ་འཛག་པ་དང༌། མཐོང་བའི་མིག་ལ་ཁད་ཀྱིས་གཡོགས་པ་ལྟར་སྣང་བ་དང༌། མིག་འབྲས་དཀར་པོ་ལ་དམར་ཞིང་རྣག་དང་བཅས་པ་དང༌། ཚ་བ་དང༌། མི་མཐོང་བ་དང༌། ན་ཞིང་ཟུག་གཟེར་ཚབས་ཆེ་བ་ཡིན་ནོ། །ནད་གཞི་ཉེས་པ་རྣམས་འཁྲུགས་ཏེ། ཁྱད་པར་དུ་མཁྲིས་པ་དང༌། ཁྲག་ཤས་ཆེས་པས་ཟས་ཟོས་པའི་དངས་མ་སྐྱུར་པོར་གྱུར་པ་རླུང་ལ་སོགས་པས་མིག་ཏུ་སོན་པར་བྱས་ཏེ། མིག་རྩ་ལ་ཆགས་པ་ནས་མིག་གི་མདོག་ཀྱང་དམར་ནག་ཏུ་འགྱུར་བ་དང༌། དེ་བཞིན་དུ་སྐྲང་བ་དང༌། ཚ་བ་དང༌། སྨིན་པ་དང༌། མཆི་མ་འཛག་པ་དང༌། མཐོང་བ་མི་གསལ་བ་ཡིན་ཏེ། དེ་ནི་སྐྱུར་གྱིས་བསྐྱེད་པའི་མིག་ནད་ཅེས་བྱའོ། །དེ་ལྟར་མིག་ནད་སྣ་ཚོགས་ཀྱང་རྣམ་གྲངས་བཅུ་དྲུག་ཏུ་བཤད་དེ། དེས་ན་མིག་ནད་རྩུབ་པ་འཇོམས་བྱེད་དང༌། མིག་ནད་སྨིན་པ་ཞེས་བྱ་བ་གཉིས་ནི་ཡོངས་སུ་སྤང་བར་བྱའོ། །དེ་ལ་མིག་ནད་གདུང་བ་ཞེས་བྱ་བ་ལ་ཆོ་ག་ལེགས་པར་མ་སྤྱད་ན་ནི་ཤིན་ཏུ་ཉེན་ཆེ་སྟེ། དེ་ཡང་རླུང་ལས་གྱུར་པའི་མིག་ནད་གདུང་བ་ཆོ་ག་ཉེས་པར་བྱས་ན་ནི་ཞག་ལྔས་མཐོང་བ་ཉམས་པར་འགྱུར་རོ། །བད་ཀན་ལས་གྱུར་པའི་མིག་ནད་གདུང་བ་ལ་ཆོ་ག་ལོག་པར་སྤྱད་ན་ཞག་བདུན་གྱིས་མཐོང་བ་ཉམས་པར་འགྱུར་རོ། །ཁྲག་ལས་གྱུར་པའི་མིག་ནད་ལ་ཆོ་ག་ཉེས་པར་བྱས་ན་ཞག་གསུམ་གྱིས་མཐོང་བ་ཉམས་སོ། །མཁྲིས་པ་ལས་གྱུར་པའི་མིག་གདུང་བའི་ནད་ལ་ཆོ་ག་ལོག་པར་བྱས་ན་དེ་མ་ཐག་མཐོང་བ་ཉམས་པར་འགྱུར་རོ། །མིག་ནད་སྣ་ཚོགས་ཐམས་ཅད་ཀྱི་ནད་གཞི་བཤད་པའི་ལེའུ་སྟེ་བཅོ་ལྔ་པ་རྫོགས་སོ།། །།དེ་ནས་མིག་ནད་སྣ་ཚོགས་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་མིག་ནད་འཛག་པ་ཐམས་ཅད་ཐོག་མར་འབྱུང་བའི་ཚེ་ནི་སྨན་རྣོན་པོ་དང་སྦྱར་བའི་སྨན་མཁུར་བར་བཅང་བ་དང༌། སྣ་སྨན་གཏང་བ་དང༌། སྨྱུང་བ་བྱས་ཏེ་རླུང་ལས་གྱུར་པ་ནི་མ་གཏོགས་སོ། །མིག་ཚ་བ་དང་མིག་བད་ཀན་གྱིས་ཡོགས་པ་ལྟར་འདུག་པ་དང༌། མིག་མདོག་དམར་བ་དང༌། མཆི་མ་འཛག་པ་དང༌། སྐྲང་པ་ལ་སོགས་པའི་
མིག་ནད་ཐམས་ཅད་ལ་ནི་གན་དྷ་བྷ་དྲ་དང༌། སུག་སྨེལ་དང༌། ན་ལེ་ཤམ་དང༌། བཙག་ཡུག་སྣམ་དང༌། དེ་རྣམས་འདག་གུར་བྱས་པས་མིག་གི་ཕྱི་རོལ་ཏུ་བསྐུས་ན་ཞི་བར་འགྱུར་རོ། །རླུང་ལས་གྱུར་པའི་མིག་ནད་ལ་ནི་སྐྱེར་ཁཎྜ་དང༌། ཤིང་མངར་དང༌། རྒྱ་སྤོས་དང༌། ཙནྡན་དང། རྒྱམ་ཚ་རྣམས་སྦྱར་བ་འམ། ཡང་ན་རྒྱམ་ཚ་དང༌། བཅའ་སྒ་དང༌། སྐྱེར་ཁཎྜ་རྣམས་མར་གྱི་སྙིང་ཁུ་ལས་བཏགས་པའམ། ཡང་ན་སེང་ཕྲོམ་དཀར་པོ་མར་ལས་བརྡོས་ཏེ་འདག་གུར་བྱས་པ་འམ། སྦྱོར་བ་དེ་དག་གང་ཡང་རུང་བ་བསྐུས་ན་ཕན་ནོ། །མཁྲིས་པ་དང་ཁྲག་ལས་གྱུར་པའི་མིག་ནད་ལ་ཡང་སྤང་སྤོས་དང༌། ཤུག་པ་དང༌། བུང་ཚང་རྡོ་དང༌། ཤིང་མངར་དང༌། དེ་རྣམས་ཀྱི་འདག་གུས་བསྐུས་ན་ཕན་ནོ། །བད་ཀན་ལས་གྱུར་པའི་མིག་ནད་འཛག་པ་ལ་ནི་ལྡོང་རོས་དང༌། པྲི་ཡང་ཀུ་དང༌། སྦྲང་རྩི་དང་སྦྱར་བས་མིག་གི་ཕྱི་རོལ་པགས་པ་ལ་བསྐུས་ན་ཕན་ནོ། །འདུས་པ་ལས་གྱུར་པའི་མིག་ནད་འཛག་པ་ལ་ནི་མིག་སྨན་དེ་ཐམས་ཅད་སྦྱར་བ་བསྐུའོ། །ན་ལེ་ཤམ་དཀར་པོ་ཆ་གཅིག་དང༌། ལྡོང་རོས་ཆ་བཞི་དང༌། སེང་ཕྲོམ་དཀར་པོ་ཆ་བཅུ་དྲུག་དང༌། དེ་རྣམས་ཞིབ་ཏུ་བཏགས་ཏེ་རས་ཀྱི་ནང་དུ་ཕུར་མར་བྱས་ཏེ། ཟུག་གཟེར་བདོ་བའི་དུས་སུ་མིག་ལ་གླན་ནོ། །རྒྱ་སྲན་ཀུ་ལཏྠ་རས་ཀྱི་ནང་དུ་ཐུམ་བུ་བྱས་ཏེ། དགོན་པའི་བ་ལང་གི་ལྕི་བ་འམ། རའི་རིལ་མ་བསྐོལ་བའི་ཁུ་བའི་རླངས་པར་བཙོས་ཏེ་ཚོས་པ་དང་སེན་མོས་ཤུན་པ་བཤུས་ལ་བསྐམས་ཏེ་བཏགས་པའི་ཕྱེ་མས་ནུབ་མོ་ལན་ཅིག་བསྐུས་པ་ཙམ་གྱིས་ཀྱང་ནད་གཞི་འཁྲུགས་པ་དེ་མ་ཐག་ཞི་བར་བྱེད་དོ། །ཤུ་ཏི་དང༌། ཨ་རུ་ར་དང༌། སྤངས་མ་དང༌། ཤིང་མངར་དང༌། སེང་ཕྲོམ་དང༌། འདི་རྣམས་ཞིབ་ཏུ་བཏགས་ཏེ། རས་ཀྱི་ནང་དུ་ཕུར་མར་བྱས་ཏེ། ལྷོད་པར་བཅིངས་ནས། འབྲས་རྩ་བས་སྐྱུར་པོ་ཟངས་སྣོད་ཀྱི་ནང་དུ་བཅུག་སྟེ། ཕུར་མའི་ཐུམ་པོ་དེ་ཡང་དེའི་ནང་དུ་བཅུག་པ་དེས་མིག་ཏུ་བདུགས་ན་མིག་ནད་ཀྱི་རྣམ་གྲངས་སྣ་ཚོགས་སེལ་ཏོ། །སྐྱེར་པ་སྲང་གཅིག་ཆུ་སྲང་བཅུ་དྲུག་གི་ནང་དུ་བསྐོལ་ཏེ། བརྒྱད་ཆ་ལུས་པའི་ནང་དུ་སྦྲང་རྩི་བཏབ་པ་མིག་ཏུ་བླུགས་ན་ནད་གཞི་
ཐམས་ཅད་ལས་གྱུར་པའི་མིག་ནད་སེལ་ཏོ། །ཤི་ཀྲུའི་ལོ་མ་རང་གི་ཁུ་བ་སྦྲང་རྩི་དང་སྦྱར་བ་མིག་ཏུ་བླུགས་ན། རླུང་དང་མཁྲིས་པ་དང་བད་ཀན་ལ་སོགས་པ་ནད་ཀྱི་རྣམ་གྲངས་མང་པོ་ལས་ཀྱང་རྒྱལ་བར་བྱེད་དོ། །དེ་ལ་རླུང་ལས་གྱུར་པའི་མིག་ནད་འཛག་པ་ལ་ནི་ཨེ་རཎྜ་གཞོན་ནུའི་ལོ་མ་དང་རྩ་བ་ཆམ་ཆོམ་བརྡུངས་ལ་རའི་འོ་མ་དང་ཚུལ་བཞིན་བསྐོལ་ཏེ་མིག་ཏུ་བླུགས་ན། ཟུག་གཟེར་དེ་མ་ཐག་འཇོམས་པར་བྱེད་དོ། །ཡང་ན་ཕྱེ་ཟན་དྲོན་པོ་མིག་ཏུ་བདུགས་ན་ཡང་ཕན་ཡོན་དེ་དང་འདྲའོ། །ཡང་ན་རླུང་ལས་གྱུར་པའི་མིག་ནད་འཛག་པ་ལ་ནི་བིལ་བ་ལ་སོགས་པའི་རྩ་བ་ལྔ་དང༌། ཨེ་རཎྜའི་རྩ་བ་དང༌། བྲི་ཧ་ཏི་དང༌། མ་དུ་ཤི་ཀྲུ་དང་དེ་རྣམས་ཆམ་ཆོམ་བརྡུངས་ཏེ་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་བླུགས་ན་ཕན་ནོ། །ཡང་ན་བལ་ཀ་ཞེས་བྱ་བ་དེ་ནི་དྷི་བེ་ར་དང༌། རྒྱ་སྤོས་དང༌། ཤ་རང་གཥྚ་དང༌། ཨུ་དུམ་བཱ་རའི་ཤུན་པ་དང༌། བུ་རམ་ཤིང་དང༌། དེ་རྣམས་ཆུ་དང་འོ་མ་དང་ཚུལ་བཞིན་བསྐོལ་ཏེ་འོ་མ་ཉི་ཚེ་ལུས་པ་མིག་ཏུ་བླུགས་ན་མིག་ནད་རླུང་ལས་གྱུར་པ་ཟུག་གཟེར་དང་བཅས་པ་སེལ་བའི་མཆོག་ཡིན་ནོ། །དེ་ལ་མཁྲིས་པ་ལས་གྱུར་པའི་མིག་ནད་ལ་ནི་བཙོད་དང༌། སྐྱེར་བ་དང༌། རྒྱ་སྐྱེགས་དང༌། རྒུན་འབྲུ་དང༌། ཤིང་མངར་རྣམ་གཉིས་དང༌། ཨུཏྤ་ལ་དང༌། དེ་རྣམས་བསྐོལ་བའི་ཁུ་བའི་ནང་དུ་ཁ་ར་བཏབ་སྟེ་མིག་ཏུ་བླུགས་པ་བྱས་ན། ཁྲག་དང་མཁྲིས་པ་ལས་གྱུར་པའི་མིག་ནད་འཛག་པ་སེལ་ཏོ། །རྒུན་འབྲུ་དང༌། ཤིང་མངར་དང༌། འདི་གཉིས་ཞིབ་ཏུ་བཏགས་ཏེ་ཕྱེ་མ་རས་འཇམ་པོའི་ནང་དུ་ཕུར་མ་བྱས་ཏེ་ལྷོད་པར་བཅིངས་ནས་ཆར་པའི་ཆུའི་ནང་དུ་སྨྱུགས་ཏེ་མིག་ཏུ་བླུགས་ན་ཁྲག་དང་མཁྲིས་པ་ལས་གྱུར་པའི་མིག་ནད་འཛག་པ་སེལ་ཏོ། །ཡང་ན་པྲ་པུཎྜ་རཱི་ཀ་དང༌། ཤིང་མངར་དང༌། སྐྱེར་པ་དང༌། འདི་རྣམས་ཞིབ་ཏུ་བཏགས་ཏེ། རས་འཇམ་པོའི་ནང་དུ་ཐུམ་པོར་བྱས་ཏེ། ནུ་ཞོ་ཁ་ར་དང་བཅས་པ་འམ་རའི་འོ་མའི་ནང་དུ་སྦངས་ཏེ་མིག་ཏུ་བླུགས་ན། མིག་ཚ་བ་དང༌། ན་བ་དང༌། མདོག་དམར་བ་དང༌། མཆི་མ་འཛག་པ་རྣམས་སེལ་ཏོ། །སེང་ཕྲོམ་དཀར་པོ་དང༌། ཤིང་མངར་མར་གྱི་ནང་དུ་བརྔོས་
ཏེ་བཏགས་པའི་ཕྱེ་མ་རས་འཇམ་པོའི་ནང་དུ་ཐུམ་པོར་བྱས་ཏེ། བུད་མེད་ཀྱི་ནུ་ཞོའི་ནང་དུ་སྨྱུགས་ཏེ་མིག་གི་ནང་དུ་བླུགས་ན་ཁྲག་དང་མཁྲིས་པ་ལས་གྱུར་པའི་མིག་ནད་སྣད་པ་ལས་རྒྱལ་བར་བྱེད་དོ། །བད་ཀན་ལས་གྱུར་པའི་མིག་ནད་འཇོག་པ་ལ་ནི་དོང་གྲ་དང༌། འབྲས་བུ་གསུམ་དང༌། ནིམ་པ་དང༌། སེང་ཕྲོམ་དཀར་པོ་དང༌། འདི་རྣམས་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་བླུགས་ན་ཕན་ནོ། །འདུས་པ་ལས་གྱུར་པའི་མིག་ནད་འཛག་པ་ལ་ནི་སྨན་གྱི་སྦྱོར་བ་འདྲེས་པ་ཡང་བླུགས་པར་བྱའོ། །གཞན་ཡང་རླུང་ལས་གྱུར་པའི་མིག་ནད་འཛག་པ་ལ་ནི་མར་རྙིང་པ་བཏུང་ངོ༌། །མཁྲིས་པ་ལས་གྱུར་པའི་མིག་ནད་ལ་ནི་མར་རྙིང་པ་ཁར་དང་བཅས་པ་བླུད་དོ། །བད་ཀན་ལས་གྱུར་པ་ལ་ནི་མར་རྙིང་བ་ཚ་བ་གསུམ་དང་སྦྱར་བ་དེའི་ནང་དུ་ནས་ཚིག་འཁུས་པའི་ཐལ་བའི་ཕྱེ་མ་བཏབ་པ་བླུད་དོ། །དེ་ལྟར་སྣུམ་གྱིས་ཞེན་པ་དང༌། གཏར་ག་བྱས་ཏེ་ཁྲག་དབྱུང་ངོ༌། །དེའི་འོག་ཏུ་ཡང་སྣུམ་ཆོས་བྱས་ཏེ། དེ་ནས་ཡང་བཀྲུ་སྨན་གཏང་ངོ༌། །དེ་ལ་མིག་ནད་གདུང་བ་ལ་ནི་ཡུལ་གཤེར་ས་ན་གནས་པའི་སྲོག་ཆགས་ཀྱི་ཤ་གཡོས་སུ་ལེགས་པར་སྦྱར་བའི་བྱུག་པ་དྲོན་པོས་མགོ་དང་གདོང་ལ་བསྐུས་ན་ཟུག་གཟེར་ཞི་བར་བྱེད་དོ། །མིག་ནད་ཚ་བ་ལ་ནི་འོ་མ་དང་མར་སྨན་གྲང་མོ་དང་སྦྱར་བས་བྱུག་རྩི་བྱས་ཏེ་བསྐུའོ། །གསོ་བ་གཞན་ནི་རབ་རིབ་གསོ་བའི་ནད་གཞི་བརྟ་བ་བཞིན་འདིར་སྦྱར་རོ། །ཆོ་ག་དེ་དག་ནི་མིག་སྨན་ཐམས་ཅད་ལ་སྔ་མ་བཞིན་ནོ། །མིག་ནད་གདུང་བ་ལ་ཐབས་དེ་དག་གང་གིས་ཀྱང་མ་ཞི་ན། སྨིན་མའི་སྟེང་དུ་མེ་བཙའ་བཏབ་ན་ཕན་ནོ། །བའི་ཞོ་སྣུམ་མེད་པ་དངུལ་ལ་མ་ཟངས་མའི་སྣོད་ཀྱི་ནང་དུ་བླུགས་ཏེ། ཇི་སྲིད་དུ་སྔོན་པོར་གྱུར་པ་དང་བསྐམས་ཏེ། དེའི་ཕྱེ་མ་ཞོ་ག་ཆུ་དང་རི་ལུར་བྱས་ཏེ་མིག་ཏུ་བསྐུས་ན་རླུང་ལས་གྱུར་པའི་མིག་ནད་འཇོམས་པར་བྱེད་དོ། སྲིང་ཤིང་གི་མེ་ཏོག་ཁ་མ་བྱེ་བ་དང༌། དུང་དང༌། འབྲས་བུ་གསུམ་དང༌། ཤིང་མངར་དང༌། བ་བླ་དང༌། དེ་རྣམས་བཏགས་པའི་ཕྱེ་མ་ཆར་པའི་ཆུ་དང་རི་ལུར་བྱས་ཏེ་བསྐུས་ན། ཁྲག་དང་མཁྲིས་པ་ལས་གྱུར་པའི་མིག་ནད་སེལ་ཏོ། །རྒྱམ་ཚ་དང༌། འབྲས་བུ་གསུམ་དང༌། ཚ་བ་གསུམ་དང༌།
དུང་གི་སྙིང་པོ་དང༌། རྒྱ་མཚོའི་ལྦུ་བ་དང༌། ཨེ་ལ་བ་ལུ་ཀ་དང༌། སྲ་རྩི་པོག་དང་དེ་རྣམས་རི་ལུར་བྱས་པས་བསྐུས་ན། བད་ཀན་ལས་གྱུར་པའི་མིག་ནད་སེལ་ཏོ། །པྲ་པུཎྜ་རཱི་ཀ་དང༌། ཤིང་མངར་དང༌། སྐྱེར་པ་དང༌། དེ་གསུམ་སྲང་བརྒྱད་བརྒྱད་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་ཀྱི་ནང་དུ་བསྐོལ་ཏེ་བཞི་ཆ་ལུས་པ་དང༌། ཚིགས་མ་བོར་བའི་དངས་མ་དེ་ཡང་བསྐོལ་ཏེ། སྐ་བར་གྱུར་པའི་ནང་དུ་ར་གན་གྱི་དུད་པ་སྲང་བཅུ་དང༌། ན་ལེ་ཤམ་ཞོ་གཉིས་ཀྱི་ཕྱེ་མ་བཏབ་སྟེ། རི་ལུ་འམ་ཕྱེ་མས་ཀྱང་རུང་སྟེ་བསྐུས་ན་མིག་ནད་ཐམས་ཅད་ལས་གྱུར་པའི་མིག་ནད་འཛག་པ་དང༌། དམར་བ་དང༌། བྲུད་པ་སྙམ་བྱེད་པ་རྣམས་འཇོམས་ཏེ། དེ་མ་ཐག་གསལ་བར་འགྱུར་ཏེ། སྦྱོར་བ་འདི་ནི་ཕྱུགས་བདག་གི་མིང་དུ་བཤད་པའི་ནང་ན་གསང་བ་དམ་པའི་མིག་སྨན་གྱི་མཆོག་ཡིན་ནོ། །དེ་ལ་མིག་ནད་སྐམ་ཞིང་སྨིན་པ་ལ་ནི་སྨན་མར་བཏུང་བ་དང༌། འཚོ་བྱེད་སྡེ་བཅུ་དང་སྦྱར་བའི་མིག་བརྟ་བའི་སྨན་བླུགས་པ་དང༌། མར་དེ་ཉིད་ཀྱིས་སྣར་བླུགས་པའམ། ཡང་ན་ཏིལ་མར་སྣར་བླུགས་པ་རབ་ཏུ་ཕན་ནོ། །འདིར་བླུགས་པ་ནི་འོ་མ་དྲོ་འཇམ་ཙམ་རྒྱམ་ཚ་དང་བཅས་པ་བླུགས་ན་ཕན་ནོ། །ཡང་ན་བཅའ་སྒ་བུད་མེད་ཀྱི་ནུ་ཞོ་དང་བཏགས་ཏེ་མར་དང་སྦྱར་བས་མིག་ཏུ་བསྐུས་ན་ཕན་ནོ། །ཡང་ན་གཤེར་ས་ནས་སྐྱེས་པའི་སྲོག་ཆགས་ཀྱི་ཤའི་ཞག་བཅའ་སྒ་དང༌། རྒྱམ་ཚ་ཅུང་ཟད་དང་བཅས་པ་བླུགས་ན་ཕན་ནོ། །ཡང་ན་མིའི་སྐྲ་མར་གྱིས་སྦགས་ཏེ་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་དུད་པ་མ་ཤོར་བར་བསྲེགས་ཏེ། དེ་ལས་སྣག་ཚར་གྱུར་པ་དང་མར་གྱིས་བསྒོས་ཏེ་ལྕགས་སམ་མེ་ལོང་གི་སྟེང་དུ་བཏགས་ལ། དེའི་ཕྱེ་མས་བསྐུས་ན་མིག་སྨན་གྱི་མཆོག་ཏུ་བཤད་དོ། །དེ་ལ་མིག་ནད་ལས་སྐྲང་པ་སྨིན་པ་དང་བཅས་པ་དང༌། ཅུང་ཟད་སྐྲང་པའི་མིག་ནད་གཉིས་ལ་ནི་སྣུམ་ཆོས་བྱས་ཏེ། ཁྲག་གཏར་ལ་དེའི་འོག་ཏུ་ཡང་སྣུམ་ཆོས་བྱས་ཏེ། རྒུན་འབྲུ་དང༌། ཨ་རུ་ར་གཉིས་བསྐོལ་བའི་ནང་དུ་དུར་བྱིད་ཀྱི་ཕྱེ་མ་དང་མར་བཏབ་སྟེ་བཀྲུ་སྨན་གཏང་ངོ༌། །སེང་ཕྲོམ་དཀར་པོ་མར་གྱི་ནང་དུ་བརྡོས་ཏེ་ཕྱེ་མར་བྱས་པ་རས་ཀྱི་ནང་དུ་
ཕུར་མ་བྱས་ཏེ། ཆུ་དྲོན་དང་མཉེས་ལ་མིག་ཏུ་བླུགས་ན་ནི་མིག་གི་ཟུག་གཟེར་འཇོམས་པའི་མཆོག་ཡིན་ནོ། །ཡང་ན་སྐྱེར་པ་དང་པྲ་པུཎྜ་རཱི་ཀ་དང་གཉིས་བསྐོལ་བའི་ཁུ་བ་བླུགས་ན་ཡང་ཕན་ནོ། །མིག་བྲུད་པ་སྙམ་བྱེད་པ་དང༌། མིག་དམར་བ་དང་མཆི་མ་འཛག་པ་རྣམས་ལ་སཱན་དྷ་བ་ཞེས་བྱ་བའི་སྦྱོར་བ་བྱ་སྟེ། དེ་རྣམས་ཀྱང་ལྕགས་ཀྱི་གཞི་ལ་ཟངས་མ་བ་གཅིན་དང་བཏགས་ཏེ་མར་གྱི་དུད་པས་བདུགས་ལ་མིག་ཏུ་བླུགས་ན་མིག་གི་ཟུག་རྔུ་འཇོམས་སོ། །ཡང་ན་ཟངས་མའི་སྣོད་ཀྱི་ནང་དུ་བའི་ཞོའི་སྤྲིས་མ་བཅུག་སྟེ། པི་པི་ལིང་དང༌། རྒྱམ་ཚ་གཉིས་ཞིབ་ཏུ་བཏགས་ལ་མིག་སྨན་དུ་སྦྱར་ན། དེ་ཡང་སཱན་དྷ་བ་ཞེས་བྱ་བ་སྟེ་མིག་ཏུ་བླུགས་ན་ཕན་ནོ། །ཡང་ན་ཟངས་མའི་སྣོད་ཀྱི་ནང་དུ་བུད་མེད་ཀྱི་འོ་མ་དང་དུང་བདར་ཏེ་དོང་ག་འམ་ནས་གང་ཡང་རུང་བ་མར་གྱིས་བསྒོས་པའི་དུད་པས་བདུགས་ལ་མིག་ཏུ་བསྐུས་ན། མིག་བྲུད་པ་སྙམ་བྱེད་པ་ལ་སོགས་པའི་མིག་ནད་མི་བཟད་པ་ལས་གྲོལ་བར་བྱེད་དོ། །དེ་ཡང་སཱན་དྷ་བ་ཞེས་བྱ་བ་ཡིན་ནོ། །ཡང་ན་ཨུ་དུམ་བཱ་རའི་འབྲས་བུ་ལྕགས་སྣོད་ཀྱི་ནང་དུ་བུད་མེད་ཀྱི་ཞོ་དང་སྦྱར་ཏེ། ཤིང་ཤྱ་མའི་ལོ་མ་མར་གྱིས་བསྒོས་པའི་དུད་པས་བདུགས་ཏེ་མིག་ཏུ་བསྐུས་ན། མིག་ནད་ཚ་བ་དང། ཟུག་གཟེར་ཆེ་བ་དང༌། མདོག་དམར་བ་རྣམས་ལ་ཕན་ནོ། །ཡང་ན་ཤི་ཀྲུའི་ལོ་མ་རང་གི་ཁུ་བ་ཟངས་མ་གཉིས་ཀྱི་བར་དུ་བཏགས་ཏེ་མེ་མར་གྱི་དུད་པས་བདུགས་ན། དེ་ཡང་སཱན་དྷ་བ་ཞེས་བྱ་བ་སྟེ་དེས་མིག་ཏུ་བསྐུས་ན་མིག་ནད་སྐྲང་པ་དང༌། མཆི་མ་འཛག་པ་དང༌། ཟུག་གཟེར་དང་བཅས་པ་རྣམས་འཇིལ་བར་བྱེད་དོ། །ཡང་ན་ཁ་རའི་སྣོད་ཀྱི་གཞི་ལ་གྱོ་མོའི་དུམ་བུ་ཏིལ་གྱི་ཆུ་དང་བདར་ཏེ་ནིམ་པའི་ལོ་མ་མར་གྱིས་བསྒོས་པའི་དུད་པས་བདུགས་ལ་དེས་མིག་ཏུ་བསྐུས་ན། མིག་ནད་བྲུད་པ་སྙམ་བྱེད་པ་དང༌། མདོག་དམར་བ་དང༌། མཆི་མ་འཛག་པ་དང༌། ཟུར་གཟེར་ཆེ་བ་རྣམས་ལ་ཕན་ནོ། །དེ་ཡང་སཱན་དྷ་ཞེས་བྱའོ། །སྨན་གྱི་སྦྱོར་བ་སཱན་དྷ་ཞེས་བྱ་བ་དེས་མིག་ཟུག་གཟེར་དང་བྲལ་བ་ལྟ་ན། དེའི་འོག་ཏུ་བུད་མེད་ཀྱི་ནུ་ཞོ་ལན་གསུམ་གྱི་བར་དུ་བླུགས་པར་བྱའོ། །ཡང་ན་བལ་བུའི་ལོ་མ་དང༌། པི་པི་ལིང་དང༌། རྒྱ་སྦོས་དང༌།
ལྕགས་ཕྱེ་དང༌། སྟང་ཟིལ་དང༌། སྣ་མའི་མེ་ཏོག་དང༌། ནག་ཚུར་དང༌། རྒྱམ་ཚ་དང༌། དེ་རྣམས་བ་གཅིན་དང་བདར་བའི་འདག་གུས་ཟངས་མའི་སྣོད་ལ་བྱུགས་ཏེ། ཞག་བདུན་དུ་བཞག་སྟེ་དེ་ནས་ཡང་གཅིན་དང་བཏགས་པའི་རི་ལུ་བྱ་སྟེ་གྲིབ་མར་བསྐམས་ལ་བུད་མེད་ཀྱི་ནུ་ཞོ་དང་བདར་ནས་མིག་ཏུ་བསྐུས་ན། མིག་བྲུད་པ་སྙམ་བྱེད་པ་དང༌། མཆི་མ་འཛག་པ་དང་སྐྲང་བ་དང༌། གཡའ་བ་རྣམ་པར་འཇིག་གོ །ཡང་ན་ཀཎྜ་ཀ་རིའི་ཤུན་པ་དང༌། ཤིང་མངར་དང༌། ཟངས་མའི་ཕྱེ་མ་དང༌། དེ་དག་རའི་འོ་མ་དང་བཏགས་ཏེ་ཤྱ་མི་དང། སྐྱུ་རུ་རའི་ལོ་མ་མར་གྱིས་བསྒོས་པའི་དུད་པས་བདུག་པ་མིག་ལ་བསྐུས་ན། སྐྲང་པ་དང༌། ཟུག་གཟེར་ཆེ་བ་རྣམས་སེལ་ཏེ། དེ་ལ་སྐྱུར་གྱིས་སྐྱེད་པ་ཞེས་བྱ་བའི་མིག་ནད་ལ་ནི་མཁྲིས་པའི་མིག་ནད་ཀྱི་གསོ་བ་ཐམས་ཅད་བྱའོ། །བད་ཀན་དང་མཁྲིས་པ་དང་ཁྲག་དང་འདུས་པ་དང༌། འདི་རྣམས་རེ་རེས་བསླང་པའི་མིག་ནད་དང༌། ཀུ་ཀུན་ཞེས་བྱ་བའི་མིག་ནད་དང༌། རྫི་མའི་ནང་དུ་ཞུགས་པ་ཞེས་བྱ་བའི་མིག་ནད་དང༌། མིག་སྐམ་ཞིང་སྨིན་པ་ཞེས་བྱ་བ་དང༌། པད་མའི་རྩ་བ་ལྟ་བུ་ཞེས་བྱ་བའི་མིག་ནད་དང༌། སྐྲང་བ་ཆུང་བ་ཞེས་བྱ་བའི་མིག་ནད་དང༌། གཞན་ཡང་བད་ཀན་དང་ཁྲག་དང༌། མཁྲིས་པ་དང་འདི་རྣམས་རེ་རེ་འཛག་པའི་མིག་ནད་དང༌། དེ་གསུམ་ལས་གྱུར་པ་བཏུང་བའི་ནད་སྣ་རེ་དང༌། རླུང་ནད་མ་གཏོགས་པ་མིག་ནད་བཅོ་བརྒྱད་པོ་དེ་དག་ནི་མིག་ཚག་པ་ཞེས་བྱ་བ་སྟེ། དེ་དག་ནི་ཉེ་བར་འཚོ་བ་ཡིན་ཏེ་གསོ་བར་བྱའོ། །དེ་དག་རང་རང་གི་གསོ་བའི་ནད་སོ་སོའི་ལེའུར་བཤད་ཟིན་ཏོ། །གལ་ཏེ་དེ་ལས་མིག་ཚག་པ་ཞེས་བྱ་བའི་ནད་དུ་གྱུར་ན་ནི་དེའི་གསོ་བ་སྤྱིར་བརྗོད་པར་བྱ་སྟེ། དེ་ལ་ཐོག་མར་སྣུམ་ཆོས་བྱས་ཏེ་སློན་བྱའོ། །དེ་ནས་གཏར་ག་བྱ་སྟེ་ཁྲག་དབྱུང་ངོ༌། །དེ་ནས་བཀྲུ་སྨན་བཏང་སྟེ། མིག་མཆུ་མཚོན་གྱིས་བཞར་བ་བྱས་ན་མིག་ནད་ཐམས་ཅད་དག་པར་འགྱུར་རོ། །སྤངས་མ་སྲང་གཅིག་དང༌། ན་ལེ་ཤམ་དཀར་པོ་སྲང་ཉི་ཤུ་རྩ་བ་མོ་སྲང་སུམ་ཅུའི་ནང་དུ་བཏགས་ཏེ། ཟངས་མའི་སྣོད་ཀྱི་ནང་དུ་བཅུག་སྟེ་བླུགས་ན། མིག་ཚག་པའི་ནད་ལོ་དུ་མ་ལོན་པ་ཡང་ཞི་བར་
བྱེད་དོ། །དེ་བཞིན་དུ་མིག་ནད་གཡོགས་པ་སྙམ་བྱེད་པ་དང༌། ཚ་བ་དང༌། མཆི་མ་འཛག་པ་དང༌། གཡའ་བ་དང༌། སྐྲངས་པ་རྣམས་འཇོམས་པར་བྱེད་དོ། །ཀ་རཉྫའི་ས་བོན་དང༌། བྱེའུ་རུག་པ་དང༌། སྣ་མའི་མེ་ཏོག་ཁ་མ་བྱེ་བ་འདི་རྣམས་ཆམ་ཆོམ་བརྡུངས་ཏེ་བསྐོལ་བའི་ཚིགས་མ་བོར་ཏེ་ཡང་བསྐོལ་ལ་སྟང་ཟིལ་དང་ལྷན་ཅིག་མིག་སྨན་དུ་བླུགས་ན། མིག་ཚག་པའི་ནད་ལ་ཕན་ཏེ། ཁྱད་པར་དུ་མིག་གཡའ་བ་དང༌། རྣག་འཛག་པ་དང་གཡའ་བ་འཇོམས་པའི་མཆོག་ཡིན་ནོ། །སྐྱེར་ཁཎྜ་དང༌། སྲ་རྩི་ཕོག་དང༌། ར་གན་གྱི་དུད་པ་དང༌། ལྡོང་རོས་དང། རྒྱ་མཚོའི་ལྦུ་བ་དང༌། རྒྱམ་ཚ་དང༌། བཙག་ཡུག་སྣམ་དང༌། ན་ལེ་ཤམ་དང༌། འདི་རྣམས་སྦྲང་རྩི་ལས་བཏགས་པ་མིག་སྨན་དུ་བསྐུས་ན། རྣག་འཛག་པ་དང་གཡའ་བ་འཇོམས་པའི་མཆོག་ཡིན་ནོ། །ཡང་ན་རྒྱ་སྤོས་ཨ་རུ་རའི་ཁུ་བའི་ནང་དུ་བཏགས་པས་མིག་ཚག་པ་ལ་བསྐུས་ན་ཕན་ནོ། །ཐང་ཤིང་ར་གཅིན་གྱི་ནང་དུ་སྣུམ་དང་བཅས་པས་བསྐུས་ན་མིག་ནད་འཛག་པ་ཚག་པ་འཇོམས་སོ། །ཡང་ན་རྒྱམ་ཚ་དང༌། འབྲས་བུ་གསུམ་དང༌། པི་པི་ལིང་དང༌། པུ་ཙེ་ཤེལ་དང༌། དུག་གི་སྙིང་པོ་དང༌། ཟངས་མའི་ཕྱེ་མ་དང། དེ་རྣམས་སྦྱར་བའི་མིག་སྨན་གྱིས་བསྐུས་ན་མིག་ཚག་པ་དང་ལིང་ཏོག་རྣམས་འཇོམས་སོ། །ནག་ཚུར་བྱ་བལ་མའི་ཕྱེ་མ་བྱེའུ་རུག་པའི་ཁུ་བས་བསྐོལ་ཏེ། ཟངས་མའི་སྣོད་ཀྱི་ནང་དུ་ཞག་བཅུ་བཞིའི་བར་དུ་བཞག་ལ་མིག་ཏུ་བསྐུས་ན་མིག་ཆུ་སེར་གྱིས་གང་བ་དང། རྫི་མ་བྱི་བའི་ནད་ལས་རྒྱལ་བར་བྱེད་དོ། །བ་བླ་དང༌། སོ་བའི་ལ་ཞེས་བྱ་བ་སྟང་ཟིལ་དང་མཉམ་པའི་ཟངས་མའི་ཕྱེ་མ་ཞིབ་ཏུ་བཏགས་པས་མིག་སྨན་དུ་སྦྱར་ན། ཐུར་མ་གཅིག་གིས་ཀྱང་རྫི་མ་སྐྱེད་ཅིང་མིག་ཚག་པའི་ནད་སེལ་ཏོ། །ཡང་ན་རྒྱ་སྐྱེགས་དང༌། ནིར་གུན་ཐི་དང༌། བྲེང་ག་ར་ཛ་དང༌། སྐྱེར་པ་དང་འདི་རྣམས་ཀྱི་ཁུ་བའི་ནང་དུ་རས་ཀྱི་དུམ་བུ་ཞག་བདུན་གྱི་བར་དུ་སྦངས་ཏེ། དེ་ནས་ཕྱུང་ལ་རས་དེ་སྡོང་བུར་བྱས་ལ་མར་མེར་བསྲེགས་ཏེ། དུད་པ་ཆགས་པའི་སྣག་ཚས་བསྐུས་ན་ཕན་ནོ། །མིག་ཆུ་སེར་གྱིས་གང་བའི་ནད་པ་ལ་
དུས་རྟག་ཏུ་མིག་མཆུ་མཚོན་གྱིས་བཞར་བ་དང༌། ཁྲག་དབྱུང་བ་དང་ཡང་དང་ཡང་བཀྲུ་སྨན་བསྟེན་པར་བྱའོ། །མིག་ཚག་པ་ཞེས་བྱ་བའི་མིག་ནད་ཆུ་སེར་རྣག་ཏུ་འཛག་པ་སྦྱོར་བ་དེ་དག་གིས་ཞི་བར་མ་འདོད་ན་ནི་མིག་ཐུར་ཕྲ་མོ་མེ་ལ་བསྲེགས་པས་བསྲུང་ངོ༌། །དེ་ལྟར་མིག་ནད་དགུ་བཅུ་རྩ་བཞི་པོ་དེ་དག་གི་རྒྱུ་དང་མཚན་ཉིད་དང་གསོ་བ་གཅིག་ལ་གཅིག་མ་འདྲེས་པར་ཐམས་ཅད་བཤད་པ་ཡིན་ནོ། །དེ་ལ་སྐྱེས་བུ་རྣམས་ཀྱི་མིག་ལ་ནད་མེད་ཅིང་ཐ་མལ་པར་འདུག་པ་ཡིན་ན་ཡང་མིག་ལ་གཅེས་པར་འཛིན་པ་རྣམས་ཀྱིས་ནི་དུས་ཐམས་ཅད་དུ་ནས་དང༌། གྲོ་དང། འབྲས་དྲུག་ཅུ་པ་དང༌། ཁྲེ་རྒོད་དང༌། མོན་སྲན་སྡེའུ་ལ་སོགས་པ་དེ་དག་ཀྱང་རྙིང་པ་དང་གང་ཡང་བད་ཀན་དང༌། མཁྲིས་པ་འཇོམས་པའི་སྨན་ཞུན་མར་མང་དུ་བཏབ་པའི་ཟས་དང༌། ཚོད་མ་ཡང་དེ་བཞིན་དུ་ཆོ་ག་བཞིན་དུ་བྱའོ། །བྱ་ན་ཡང་སྲོག་ཆགས་ཐང་ལ་གནས་པའི་ཤ་དང༌། སེའུ་འབྲུ་དང༌། ཁ་ར་དཀར་པོ་དང༌། རྒྱམ་ཚ་དང༌། འབྲས་བུ་གསུམ་དང༌། སྦྲང་རྩི་རྣམས་བསྟེན་ནོ། །བཏུང་བར་ནི་ཆར་པའི་ཆུ་སྦྱར་རོ། །དེ་བཞིན་དུ་གདུགས་དང༌། ལྷམ་དང་བཅས་ཤིང་འགྲོ་བར་བྱ་སྟེ། ཆོ་ག་ཇི་ལྟ་བ་བཞིན་དུ་ལུས་སྦྱང་བར་བྱའོ། །དེ་བཞིན་དུ་ནད་མེད་པ་ཐ་མལ་པར་འདུག་པ་རྣམས་ཀྱིས་ཀྱང་འདི་དག་སྤང་བར་བྱ་སྟེ། འབྱུང་བ་རྣམས་ཀྱི་ཤུགས་མི་དགག་པ་དང༌། མ་ཞུ་བའི་ཟས་ཆེར་མི་བཟའ་བ་དང༌། གང་ཡང་ཟས་ཚ་བ་དང༌། སྨན་ཚ་བ་དང༌། ཕྱི་ས་འགག་པར་འགྱུར་བའི་ཟས་དང༌། སྨན་དང་ཐམས་ཅད་སྤང་བར་བྱའོ། །རྐང་པ་གཉིས་ཀྱི་དབུས་ན་རྩ་ཆེ་ཞིང་སྦོམ་པོའི་རྩ་གནས་ཏེ། དེ་ལས་མིག་ཏུ་གྱེས་པའི་རྩ་དུ་མ་ཡོད་པས་ལྷག་པར་ཡང་རྐང་པ་ལ་ཡང་བསྐུ་བ་དང་བྱུག་པ་དང༌། དྲིལ་བ་ལ་སོགས་པ་བྱས་ན་མིག་ལ་ཕན་ནོ། །གལ་ཏེ་རྐང་པ་ལ་དྲི་མ་དང༌། ཚ་བ་དང༌། སྣད་པ་ལ་སོགས་པས་གནོད་པར་གྱུར་ན་ནི་མིག་ཀྱང་མ་རུང་བར་འགྱུར་རོ། །དེ་ལྟ་བས་ན་མིག་ལ་ཕན་པར་འདོད་པ་རྣམས་ཀྱིས་རྐང་པ་བསྐུ་བ་དང༌། དྲིལ་བ་དང༌། བྱུག་པ་དང༌། ལྷམ་གྱོན་པ་ལ་སོགས་པ་རྟག་ཏུ་བསྟེན་པར་བྱའོ། །མིག་ནད་སྣ་ཚོགས་གསོ་བའི་ལེའུ་སྟེ་བཅུ་
དྲུག་པ་རྫོགས་སོ།། །།དེ་ནས་རྣ་བའི་ནད་གཞི་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་རླུང་ལས་གྱུར་པའི་རྣ་བའི་ནད་ཀྱི་མཚན་མ་ནི་ཆམ་པས་བཏབ་པ་སྟེ་གསོ་བ་མ་བྱས་པ་དང༌། ཆུ་ལ་རྐྱལ་ནས་རྣ་བའི་ནང་དུ་ཆུ་ཞུགས་ཏེ་ལེགས་པར་མ་ཕྱིན་པ་དང༌། རྣ་བ་གཡའ་སྟེ་བྲུད་པ་ལས་བྲུད་ཉེས་ཏེ། རླུང་འཁྲུགས་ནས་ནད་དུ་གྱུར་པ་དང༌། གཞན་ཡང་རྣ་བ་འཁྲུགས་པར་གྱུར་པའི་རྒྱུ་བཟའ་བ་དང༌། སྤྱོད་ལམ་ལོག་པར་བསྟེན་པ་དང༌། སྒྲ་མི་སྙན་པས་རྣ་བའི་ཐོས་པར་བྱེད་པའི་རྩ་སྦུབས་ཀྱི་ནང་དུ་རླུང་ཞུགས་ཏེ། ཤིན་ཏུ་ཟུག་ཅིང་ཤུགས་དྲག་པར་ན་བ་དང༌། ཀླད་པའི་ཕྱེད་ན་ཞིང་རེངས་པར་བྱེད་པ་དང༌། གྲང་ཞིང་བསིལ་བ་ལ་མངོན་པར་མི་དགའ་བ་དང༌། གལ་ཏེ་ནད་དེ་སྨིན་ན་ཡང་ཡུན་རིང་ནས་གཟོད་སྨིན་ལ། ཆུ་སེར་སླ་མོ་ཅུང་ཟད་འཛག་པ་དང༌། གློ་བུར་དུ་རྣ་བ་སྟོང་པ་སྙམ་དུ་སེམས་པ་དང༌། རྣ་བའི་ནང་རེས་ཞུམ་པར་འགྱུར་ཞིང་རེས་ཡངས་པར་འགྱུར་བ་ཡིན་ན། །མཁྲིས་པ་ལས་གྱུར་པའི་རྣ་བའི་ནད་ཀྱི་མཚན་མ་ནི་ན་ཞིང་ཚབ་དང་བཅས་པ་དང༌། གྲང་པ་འདོད་པ་དང༌། སྐྲང་པ་དང༌། རིམས་ཀྱིས་འདེབས་པ་དང༌། མྱུར་དུ་སྨིན་ཅིང་རྣགས་པ་དང༌། རབ་ཏུ་སྨིན་ནས་ཀྱང་རང་གི་མདོག་ཆུ་སེར་སེར་པོར་འཛག་པ་དང༌། གང་དང་གང་དུ་ཆུ་སེར་དེས་རེག་པ་དེ་དང་དེར་སྨིན་ཅིང་རྣག་པར་འགྱུར་རོ། །བད་ཀན་ལས་གྱུར་པའི་རྣ་བའི་ནད་ཀྱི་རྟགས་ནི་མྱུར་དུ་སྨིན་པ་དང༌། འགྲམ་པ་དང༌། མགྲིན་པ་ལྕི་བ་དང༌། ཟུག་གཟེར་མི་དྲག་པ་དང༌། གཡའ་བ་དང༌། སྐྲང་པ་དང༌། དྲོ་བག་འདོད་པ་དང༌། སྨིན་ནས་ནི་དཀར་བ་དང༌། སྐ་བ་འཛག་པར་འགྱུར་བ་ཡིན་ནོ། །གློ་བུར་དུ་སྣད་པ་ལ་སོགས་པས་ཁྲག་འཁྲུགས་པའི་རྣ་བའི་ནད་ཀྱི་མཚན་མ་ནི་རྣ་བ་ཤིན་ཏུ་ཟུག་ཅིང་ན་སྟེ། ཁྲག་འཁྲུགས་པ་དེ་ཡང་མཁྲིས་པ་དང་ལྷན་ཅིག་འཁྲུགས་ཤིང་ན་སྟེ། དེ་ཡང་མཁྲིས་པའི་མཚན་ཉིད་ཅུང་ཟད་ཙམ་དང་ལྡན་པའམ། ཡང་ན་ཤས་ཆེ་བ་དང་ལྡན་པ་ཡིན་ནོ། །འདུས་པ་ལས་གྱུར་པའི་རྣ་བའི་ནད་ཀྱི་མཚན་མ་ནི་གཟེར་བ་དང༌། སྐྲང་བ་དང༌། རིམས་ཀྱིས་འདེབས་པ་དང༌། མི་བཟད་པར་ན་བ་དང༌། གྲང་
བ་དང། དྲོ་བ་རེས་ཀྱིས་འདོད་པ་དང༌། རྣ་བས་སྒྲ་མི་ཐོས་པ་དང༌། ནད་སྨིན་ནས་ནི་རྣག་དང་ཆུ་སེར་དཀར་བ་དང༌། གནག་པ་དང༌། དམར་བ་དང༌། སྐ་བ་རེས་ཀྱིས་འཛག་པ་ཡིན་ནོ། །རྣ་བའི་ནང་གི་རྩ་སྒྲ་ཐོས་པར་བྱེད་པའི་རྩ་རྒྱུན་ཡོད་དེ། དེར་རླུང་ཞུགས་ནས་རྒྱུ་མེད་པར་སྒྲ་སྣ་ཚོགས་ཡང་ནས་ཡང་དུ་ཐོས་པ་དེ་ནི་རླུང་ནད་སྒྲ་ཅན་ཞེས་བྱ་བའོ། །ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །བད་ཀན་དང་རླུང་ལྡན་པ་ལས་གྱུར་པའི་རྣ་བའི་ནད་གསོ་བ་མ་བྱས་ཏེ་ཡལ་བར་བོར་བ་ལས་ནི་ཐོག་མར་སྐད་གསང་མཐོན་པོས་སྨྲས་ན་ཐོས་པར་འགྱུར་ཏེ། དེའི་འོག་ཏུ་རིམ་གྱིས་འོན་པར་འགྱུར་རོ། །རླུང་གིས་བད་ཀན་བསྐམས་ཏེ་རྣ་བའི་རྒྱུན་སྲང་བཀག་པ་ལས་ན་བ་ཡིན་ཏེ། དེ་ནི་པྲ་ཏེ་ཧ་ན་ཞེས་བྱ་བའི་རྣ་བའི་ནད་དུ་བཤད་དོ། །བད་ཀན་རྣ་བ་ལ་བརྟེན་པར་གྱུར་ན་རྣ་བ་གཡའ་བ་དང༌། སྐྲང་པར་འགྱུར་བ་ནི་སྐྲང་པ་དང་གཡའ་བའི་རྣ་བའི་ནད་ཅེས་བྱའོ། །མཁྲིས་པས་བད་ཀན་ཚོས་པར་བྱས་ཏེ་ནད་དང་བཅས་པ་འམ། ནད་མེད་ཀྱང་རུང་སྟེ་རྣག་སྐ་བ་མང་དུ་འཛག་པ་ནི་རྣ་ནད་རྣགས་པ་ཞེས་བྱའོ། །རླུང་ལ་སོགས་པའི་ཉེས་པས་རྣ་བའི་ཤ་དང་ཁྲག་རུལ་པར་བྱས་ནས། དེ་ལས་སྲིན་བུ་སྐྱེས་ཏེ་དེས་ཟོས་པ་ལས་མི་འཛག་པར་ན་བ་དེ་ནི་རྣ་བའི་ནད་སྲིན་བུ་ཅན་ཞེས་བྱའོ། །རྣ་བའི་ནད་གཡའ་ཞིང་ཕྲུགས་པ་ལས་རྨ་འབྱུང་སྟེ་འབྲས་བུར་གྱུར་པ་ནི་གོང་དུ་ཁོང་འབྲས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་དུ་རྣ་བ་སྐྲང་པ་ལ་གསོ་བ་མ་བྱས་ཏེ་ཡལ་བར་བོར་ན། ནད་གཞི་ཇི་ལྟ་བ་བཞིན་དུ་ཐོར་བུ་དང་འབྲུམ་བུ་འབྱུང་སྟེ། དེ་ཡང་རབ་ཏུ་ན་བ་དང༌། རྣག་གིས་གང་བ་དང༌། འོན་པར་འགྱུར་རོ། །མའི་མངལ་དུ་རླུང་གིས་རྣ་བ་བསྐུམས་ཏེ་བསྡུས་པ་ནི། རྣ་ནད་ཞུམ་པ་ཞེས་བྱའོ། །ཡང་ན་མའི་མངལ་གྱི་ནང་དུ་རྣ་བ་ཤའི་ཐོར་བུ་ཤིན་ཏུ་སྲ་བ་གཅིག་གམ་མང་དུ་ཡང་རུང་སྟེ། པི་པི་ལིང་གི་ཚད་ཙམ་འབྱུང་བ་དེ་ནི་རྣ་ནད་པི་པི་ལིང་ལྟ་བུ་ཞེས་བྱའོ། །འདུས་པ་ལས་གྱུར་པའི་རྣ་བའི་ནད་ནི་ནད་གཞི་རང་དང་མཐུན་པའི་མདོག་ཏུ་སྣང་ཞིང་རབ་ཏུ་ན་བ་དང༌། རེངས་པ་དང༌། སྐྲང་
པར་འགྱུར་ཏེ་དེ་ལ་ཡལ་བར་བོར་ཏེ་གསོ་བ་མ་བྱས་པ་ལས་ནི་ནད་སྨིན་ཏེ་འཛག་པ་ཡང་ཡུངས་མར་ལྟ་བུར་འབྱུང་ཞིང་རྨ་འཚོ་དཀའ་བའམ། རྨ་འདྲུབ་ན་ཡང་ངེས་པར་རྣ་དྲུང་འཁུམས་ཤིང་ཞུམ་པར་འགྱུར་ཏེ། དེའི་མིང་ནི་རྣ་ནད་བིད་རི་ཀ་ཞེས་བྱའོ། །རྣ་བའི་རྩའི་ནང་དུ་རླུང་ནད་ཞུགས་ཏེ། རྣ་བའི་དྲུང་སྐེམ་པ་ཡོད་དེ། དེའི་མིང་ནི་རྣ་དྲུང་གི་ནད་སྐེམ་བྱེད་ཅེས་བྱའོ། །རྣ་ཤལ་རླུང་གིས་བསྐམས་ཏེ་སྲབ་མོར་སོང་ཞིང་པི་ཝང་གི་རྒྱུད་བཞིན་དུ་ཐང་ཆད་པ་ནི་རྣ་ཤལ་གྱི་ནད་རྒྱུད་ཅན་ཞེས་བྱའོ། །སྐྱིད་པ་འམ་སྡུག་མ་མྱོང་བའི་རྣ་ཤལ་ཕུག་སྟེ་སྐྲངས་པ་ལས་མ་གསོས་ན་དེ་མ་ཐག་ཤས་ཆེར་སྐྲང་ཞིང་འཕེལ་བར་འགྱུར་བ་དང༌། ནད་དང་བཅས་པ་དང༌། མེ་ཏོག་པ་རི་པོ་ཊ་ལྟར་རྩ་དམར་བ་ཡིན་ཏེ། དེ་ནི་པ་རི་བོ་ཊ་ན་ཞེས་བྱ་བའི་རྣ་ཤལ་གྱི་ནད་ཅེས་བྱའོ། །རྣ་ཆ་ཤིན་ཏུ་ལྕི་བས་རྣ་བ་གྲང་སྟེ་ཁྲག་དང་མཁྲིས་པ་སྐྱེད་དེ་མདོག་དམར་བ་དང༌། སྔོ་བསངས་སུ་འདུག་པ་དང༌། ན་བ་དང༌། ཚ་འུར་འུར་པོ་དང༌། མྱུར་དུ་སྨིན་པ་དང༌། སྐྲང་པ་དང༌། འབྲུམ་བུ་དང༌། འབྲུམ་བུ་ཕྲ་མོ་དང༌། རྣག་དང་ལྡན་པ་དེ་ནི་ཨུད་པ་ད་ཞེས་བྱ་བའི་རྣ་བའི་ནད་ཡིན་ནོ། །རླུང་དང་བད་ཀན་ལས་གྱུར་པའི་རྣ་ཤལ་གྱི་ནད་ཀྱི་རྟགས་ནི་སྐྲང་ཞིང་ནད་མེད་པ་དང༌། སྲ་ཞིང་གྱོང་བ་དང༌། ནད་གཞི་རང་གི་མདོག་ཏུ་སྣང་བ་དེ་ནི་ཨུ་མན་ཐ་ཞེས་བྱ་བའི་རྣ་ཤལ་གྱི་ནད་ཅེས་བྱའོ། །རྣ་ཤལ་ཕུག་ཉེས་ཏེ་བརྒྱངས་པ་ལས་འདུས་པའི་ནད་འབྱུང་སྟེ་དེ་ཡང་གཡའ་བ་དང༌། ཚ་བ་དང༌། སྐྲང་བ་དང༌། མྱུར་དུ་སྨིན་པ་དེ་ནི་སྡུག་བསྔལ་སྐྱེད་པ་ཞེས་བྱ་བའི་རྣ་ཤལ་གྱི་ནད་ཅེས་བྱའོ། །དེ་ལྟར་རྣ་ཤལ་གྱི་ནད་དེ་གསོ་བ་མ་བྱས་ཏེ། ཡལ་བར་བོར་ན་ནི་བད་ཀན་དང་ཁྲག་ལས་གྱུར་བའི་འབྲུམ་བུ་ཕྲ་མོ་འབྱུང་ཞིང་དེ་ཡང་རྣགས་པ་དང༌། གཡའ་བ་དང༌། ནད་དང་བཅས་ཏེ་སྲོག་ཆགས་ཕྲ་མོ་སྐྱེ་ཞིང་རྣག་ལྡག་ཅིང་བཟའ་བ་ཡིན་ཏེ། དེ་ནི་རྣ་ཤལ་གྱི་ནང་སྲོག་ཆགས་ཕྲ་མོས་ཟོས་པའི་རྣ་ནད་ཅེས་བྱའོ། །དེ་ལྟར་རྣ་བའི་ནད་ཀྱི་བྱེ་བྲག་ཉི་ཤུ་རྩ་ལྔ་བཤད་པ་ལས་འདུས་པ་ལས་གྱུར་པའི་རྣ་བའི་ནད་པི་པི་ལིང་ལྟ་བུ་ཞེས་བྱ་བ་དང༌། བི་ད་རི་ཞེས་བྱ་བ་དང༌། འཁུམས་ཤིང་ཞུམ་པ་ཞེས་
བྱ་བ་དང༌། བཞི་པོ་འདི་དག་ནི་གསོར་མི་རུང་ངོ༌། །པི་ཝང་གི་རྒྱུད་ལྟ་བུ་ཞེས་བྱ་བའི་རྣ་ནད་ནི་མི་ལ་བ་ཙམ་དུ་གསོར་རུང་ངོ༌། །ལྷག་མ་རྣམས་ནི་ཅི་རིགས་པར་སྨན་གྱིས་གསོ་བར་བྱའོ། །རྣ་ནད་ཀྱི་དམིགས་བརྟགས་པའི་ལེའུ་སྟེ་བཅུ་བདུན་པ་རྫོགས་སོ།། །།དེ་ནས་རྣ་བའི་ནད་གསོ་བར་བྱ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་རླུང་ལས་གྱུར་པའི་རྣ་བའི་ནད་ལ་ནི་ཐོག་མར་ཤ་ཁུ་བླུད་ལ་དེའི་ནུབ་མོ་རླུང་འཇོམས་པའི་སྨན་དང་སྦྱར་བའི་མར་བླུད་དོ། །དེ་ནས་དུགས་བྱས་ལ་དེའི་འོག་ཏུ་ཨ་ཤྭདྠ་དང༌། བིལ་བ་དང༌། ཨརྐ་དང༌། ཨེ་རཎྜ་དང། དེ་རྣམས་ཀྱི་འོ་མ་གང་ཡང་རུང་བའམ། ཡང་ན་ལ་ཕུག་དང༌། གུ་གུལ་གང་ཡང་རུང་བ་འབྲུ་དང༌། རྒྱམ་ཚྭ་དང་བསྒོས་ཏེ། ཁམ་ཕོར་ཁ་སྦྱར་གྱི་ནང་དུ་ཆོ་ག་བཞིན་དུ་བཙོས་ལ། ཚོས་པ་དང་ཕྱུང་ལ་བཙིར་བའི་ཁུ་བ་དྲོ་འཇམ་གྱིས་རྣ་བ་དགང་ངོ༌། །ཡང་ན་དར་བ་ལ་སོགས་པ་རླུང་འཇོམས་པའི་སྨན་གྱི་སྡེ་ཚན་དར་བ་སྐྱུར་པོ་དང༌། ཞོ་ག་ཆུ་དང༌། རྩབ་མོ་ལ་སོགས་པའི་སྐྱུར་དང༌། བ་དང༌། མ་ཧེ་ལ་སོགས་པའི་གཅིན་དང༌། སྣུམ་ཆེན་པོ་བཞི་དང༌། དེ་རྣམས་དང་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ལས་རྣ་བར་བླུགས་ན་རྣ་བའི་ཟུག་གཟེར་ཤིན་ཏུ་མི་བཟད་པ་ཡང་སེལ་ཏོ། །ཡང་ན་རྩ་བ་ཆེན་པོ་ལྔ་གང་ཡང་རུང་བའི་ཤིང་གི་ཐོར་ཏོ་སྲོ་མའི་རས་ཀྱིས་དཀྲིས་ལ་ཏིལ་མར་གྱིས་བསྐུས་ཏེ། མེའི་ནང་དུ་བསྲེགས་པའི་སྣུམ་གྱི་ཐིགས་པ་བླུགས་ན་དེ་མ་ཐག་རྣ་བའི་ཟུག་གཟེར་འཇོམས་སོ། །ཡང་ན་ཐང་ཤིང་དང། རུ་རྟ་རྣམས་ལས་གང་ཡང་རུང་བའི་ཆ་ག་གོང་མ་བཞིན་དུ་བྱས་ན་ཡང་ཕན་ཡོན་དེ་དང་འདྲའོ། །རླུང་ནད་དང་རླུང་གི་ཆོམ་པ་གསོ་བ་ཐམས་ཅད་ཀྱང་འདིར་བྱས་ན་ཕན་ནོ། །དེ་ལ་རླུང་གི་རྣ་ནད་ཅན་གྱིས་ཆུ་ལ་སོགས་པས་མགོ་བསྐྲུ་བ་དང༌། ཆུ་གྲང་མོའི་བཏུང་བ་ཉིན་པར་ཡང་སྦང་བར་བྱའོ། །མཁྲིས་པ་ལས་གྱུར་པའི་རྣ་བའི་ནད་ལ་ནི་ཁ་ར་དཀར་པོ་དང་བཅས་པའི་མར་གྱིས་སྣུམ་ཆོས་བྱས་ལ། མཁྲིས་པ་ལ་ཕན་པའི་བཀྲུ་སྨན་གཏང་ངོ༌། །རྒུན་འབྲུ་དང༌། ཤིང་མངར་འོ་མ་དང་ལྷན་ཅིག་བསྐོལ་ཏེ་རྣ་བར་བླུགས་ན་རབ་ཏུ་བསྔགས་སོ། །
ཤིང་མངར་དང༌། དཱུར་བ་དཀར་པོ་དང༌། ཙནྡན་དཀར་པོ་དང༌། པུ་ཤེལ་ཙི་དང༌། བུང་ཆང་རྡོ་དང༌། སེང་ཕྲོམ་དང༌། ཛི་བ་ཀ་དང༌། པདྨའི་རྩ་ལག་དང༌། པདྨ་དང༌། བཙོད་དང༌། ཐལ་ཏྲེས་དང༌། འདི་རྣམས་ཤིང་མངར་བསྐོལ་བའི་ཁུ་བ་སྲང་སུམ་ཅུ་རྩ་གཉིས་དང། དེའི་ཉིས་འགྱུར་གྱི་འོ་མ་དང༌། ཏིལ་མར་སྲང་བརྒྱད་དང་དེ་རྣམས་ཚུལ་བཞིན་དུ་བསྐོལ་ཏེ། མར་ལུས་པ་ལས་རྣར་བླུགས་པ་དང༌། རྣ་བར་དགང་བ་དང༌། བསྐུ་བྱུག་ཏུ་སྦྱར་ན་རྣ་བའི་ཟུག་གཟེར་དང་ཚ་བ་སེལ་བར་བྱེད་དོ། །ཡང་ན་སྦྲང་རྩི་ཉི་ཚེའི་ཆོ་ག་དེ་ལྟར་བྱས་ན་ཡང་ཕན་ཡོན་དེ་དང་འདྲའོ། །ཡང་ན་གོང་གི་སྦྱོར་བའི་སྨན་ཤིང་མངར་ལ་སོགས་པ་མར་དང་ལྡེ་གུར་བྱས་ཏེ། རྣ་བའི་ཕྱི་ནང་དུ་བྱུགས་ན་ཡང་ཕན་ནོ། །བད་ཀན་ལས་གྱུར་པའི་ནད་ལ་ནི་པི་པི་ལིང་མར་དང་ལྷན་ཅིག་བསྐོལ་བ་བླུགས་ལ་ཐོག་མར་སློན་སྨན་བྱའོ། །གང་ཡང་བད་ཀན་ལ་ཕན་པའི་དུད་པས་བཏང་བ་དང༌། སྣ་སྨན་བཏང་བ་དང༌། མཁུར་བར་བཅང་བ་དང༌། དུགས་བྱ་བ་ལ་སོགས་པ་ཡང་སྦྱར་རོ། །སྒོག་སྐྱ་དང༌། སྒེའུ་གཤེར་དང༌། ན་ལེ་ཤམ་དཀར་པོ་དང༌། མུ་རང་ག་དང༌། ལ་ཕུག་དང༌། ཆུ་ཤིང་དང་དེ་རྣམས་གང་ཡང་རུང་བའི་ཁུ་བ་དྲོ་འཇམ་ཙམ་དང་སྦྱར་བ་རྣ་བར་བླུགས་པ་ཐག་གི་ཟད་ནས་ཕྱིར་ཕོ་བ་ན་རྣ་བའི་ནད་སེལ་ཏོ། །ཡང་ན་ཨརྐའི་མྱུ་གུ་སྐྱུར་བ་གང་ཡང་རུང་བ་དང་བཏགས་ཏེ། འབྲུ་མར་དང༌། རྒྱམ་ཚ་དང་ལྡན་པའི་ནང་དུ་ཤྲི་ཁཎྜའི་སྡོང་བུའི་དབུས་སུ་ཕུག་སྟེ། ཨརྐའི་ལོ་མས་གཡོགས་ལ་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་བཅུག་སྟེ་མེ་ལ་བཙོས་ཏེ་ཁུ་བ་བཙིར་བས་རྣ་བར་བླུགས་ན། རྣ་བའི་ཟུག་གཟེར་འཇོམས་པའི་མཆོག་ཡིན་ནོ། །ཡང་ན་མ་དུ་ལུང་ག་དང་ཀ་པིད་ཐ་གང་ཡང་རུང་བའི་ཁུ་བས་རྣ་བ་བཀང་ན་ཡང་ཕན་ནོ། །ཡང་ན་ཚྭས་རྣ་བ་བཀང་ལ་རྒྱ་མཚོའི་ལྦུ་བའི་ཕྱེ་མས་གདབ་པ་བྱས་ན་ཡང་ཕན་ནོ། །ཡང་ན་ར་དང་ལུག་གི་གཅིན་དང་འོད་མའི་ཤུན་ལྤགས་ཏིལ་མར་དང་ལྷན་ཅིག་བསྐོལ་ལ་བླུགས་པ་འམ། ཡང་ན་ཡུངས་མར་ཤིང་ཀུན་དང༌། གཡེར་མ་དང༌། དོང་གྲ་རྣམས་ལྷན་ཅིག་བསྐོལ་
ལ་བླུགས་པ་དང༌། སྦྱོར་བ་དེ་དག་གང་ཡང་རུང་བ་བྱས་ན་ཡང་ཕན་ནོ། །དེ་ལ་ཁྲག་ལས་གྱུར་པའི་རྣ་བའི་ནད་ལ་ནི་མཁྲིས་པ་གསོ་བ་ཐམས་ཅད་བྱ་སྟེ། ཁྱད་པར་དུ་གཏར་ག་བྱས་ན་ཕན་ནོ། །རྣ་བའི་ཟུག་གཟེར་ནད་སྨིན་ཏེ་རྣག་འཛག་པ་ལ་ནི་དུད་པས་བདུག་པ་དང༌། སྨན་མཁུར་བར་བཅང་བ་དང༌། སྣ་སྨན་རྣམས་སྦྱར་རོ། །དེ་བཞིན་དུ་གང་ཡང་རྨ་འཁྱིམས་པ་དང༌། རེད་པའི་ཆོ་ག་ཐམས་ཅད་ཀྱང་འདིར་སྦྱར་རོ། །སྨན་གྱི་ལྡེ་གུས་རྣ་བར་བྱུགས་ལ་རས་བལ་གྱི་ཡེ་འུས་ཉིན་རེ་ལན་གཉིས་སུ་ཕྱི་ཞིང་དག་པ་དང༌། གུ་གུལ་གྱི་དུད་པས་བདུགས་ལ་སྦྲང་རྩིས་རྣ་བ་དགང་བར་བྱའོ། །ཡང་ན་བྱེའུ་རུག་པའི་སྡེ་ཚན་བསྐོལ་བའི་ཁུ་བ་རས་བལ་གྱི་ཡེའུ་ལས་བསྒོས་ལ་རྣ་བའི་ནང་དུ་ཆུབ་པར་བསྐུལ་ཞིང་བྱེའུ་རུག་པའི་སྡེ་ཚན་གྱི་ཕྱེ་མས་གདབ་པོ། །གང་གིས་རྣ་བ་ལ་ཟུག་གཟེར་དང༌། རྣག་དང༌། ལྕི་བ་ཡོད་པ་དེ་ལ་སྡེ་ཚན་གྱི་ཆོ་ག་དེ་དག་གིས་ཞི་བར་བྱེད་དོ་ཞེས་དྲང་སྲོང་རྣམས་ཀྱིས་བཤད་དོ། །པྲི་ཡང་ཀུ་དང༌། ཤིང་མངར་དང༌། ཨམ་པསྠ་དང༌། ད་ཏ་ཀི་དང༌། ཨུཏྤ་ལ་དང༌། འདབ་མ་རྣམ་བཞི་དང༌། བཙོད་དང༌། སེང་ཕྲོམ་དང༌། རྒྱ་སྐྱེགས་དང༌། དེ་རྣམས་ཀ་པིད་ཏའི་རང་གི་ཁུ་བ་དང༌། ཏིལ་མར་ལྷན་ཅིག་བསྐོལ་ཏེ་རྣ་བར་བླུགས་ན་རྣག་ཁྲག་ཟག་པ་ཞི་བར་བྱེད་དོ། །རྣ་བའི་ནད་སྒྲ་ཅན་དང༌། འོན་པར་གྱུར་པ་གཉིས་ལ་ནི་ཆུ་ལས་གྱུར་པའི་རྣ་ནད་ཀྱི་གསོ་བ་ཐམས་ཅད་འདི་ལ་སྦྱར་རོ། །རྣ་བའི་ནད་སྒྲ་ཅན་དང་འོན་པ་གཉིས་བད་ཀན་དང་བཅས་པ་ཡིན་ན་ནི་དང་པོ་སློན་ལ་སོགས་པས་བད་ཀན་སྦྱངས་ལ་དེའི་འོག་ཏུ་ཨེ་རཎྜ་དང༌། ཤི་ཀྲུ་དང༌། ལ་ཕུག་གཞོན་ནུ་དང༌། དེ་རྣམས་ཀྱི་ལོ་མ་བསྐོལ་བའི་ཁུ་བ་དང༌། དེའི་བཞི་འགྱུར་གྱི་ཏིལ་མར་དང༌། དེའི་བརྒྱད་འགྱུར་གྱི་འོ་མ་དང༌། ཤིང་མངར་དང༌། རམ་ཉེ་བའི་ཕྱེ་མ་དང་དེ་རྣམས་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་རྣར་བླུགས་པ་དང༌། བསྐུ་བྱུག་དང༌། རྣ་བ་བཀང་བ་ལ་སོགས་པ་བྱས་ན་རྣ་བ་སྒྲ་དང་བཅས་པ་དང༌། འོན་པ་དང༌། ཟུག་གཟེར་རྣམས་ངེས་པར་འཇོམས་སོ། །ཡང་ན་བོང་ང་དཀར་པོ་དང༌། ཤིང་
ཀུན་དང༌། ཤུ་ཏི་དང༌། སྐྱེར་པའི་ཤུན་པ་དང༌། སྭ་རྫི་ཀའི་ཐལ་བ་དང༌། ཚ་བ་གསུམ་དང༌། ཏིལ་མར་དང༌། ཏིལ་མར་གྱི་བཞི་འགྱུར་གྱི་ཚྭ་དང་དེ་རྣམས་ལྷན་ཅིག་བསྐོལ་ཏེ་མར་འབའ་ཞིག་ལུས་པ་ལས་རྣ་བར་བླུགས་ན་རྣ་བ་ཟུག་པ་དང༌། ཆུ་སེར་འཛག་པ་དང༌། རྣ་བ་འོན་པ་དང། སྒྲ་དང་བཅས་པ་སེལ་ཏོ། །རྣ་བ་སྒྲ་ཟ་ཟི་ཟེར་བ་ལ་ནི་ཡུངས་མར་གྱིས་རྣ་བ་བཀང་ན་ཕན་ནོ། །ལ་ཕུག་སྐམ་པོ་དང༌། བཅའ་སྒ་བསྲེགས་པའི་ཐལ་བ་དང༌། ཤིང་ཀུན་དང༌། བཅའ་སྒ་དང༌། ཤུ་ཏི་དང༌། ཤུ་དག་དང༌། རུ་རྟ་དང༌། སྐྱེར་པ་དང༌། ཤི་ཀྲུ་དང༌། སྐྱེར་ཁཎྜ་དང༌། ཁ་རུ་ཚ་དང༌། ཡ་བཀྵ་ར་དང༌། སརྫི་ཀའི་ཐལ་བ་དང༌། ལན་ཚྭ་ཁྲོལ་བུ་དང༌། རྒྱམ་ཚ་དང༌། གྲོ་བའི་དུད་པ་དང༌། རྩལ་རུ་ཚ་དང༌། གླ་སྒང་དང༌། དེ་རྣམས་ཏིལ་མར་དང༌། དེའི་བཞི་འགྱུར་གྱི་དགུན་ཚྭ་དང༌། ཁ་ལུང་གི་ཁུ་བ་ཚ་དང་མཉམ་པ་དང་དེ་དང་མཉམ་པའི་ཆུ་ཤིང་གི་ཁུ་བ་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་རྣ་བར་བླུགས་པ་བྱས་ན་རྣ་བ་གཡའ་བ་དང༌། སྒྲ་དང་བཅས་པ་དང༌། རྣ་བ་འོན་པ་དང༌། རྣ་བ་འཛག་པ་དང༌། ཟུག་གཟེར་ཆེ་བ་དང༌། སྲིན་བུ་ཡོད་པ་དེ་རྣམས་གསོ་དཀའ་བ་ཡང་ཐལ་སྨན་གྱི་ཏིལ་མར་ཞེས་བྱ་བ་འདིས་མྱུར་དུ་འཇོམས་པར་བྱའོ། །མཆོག་ཏུ་ཁ་དང་སོའི་ནད་ལ་བསྔགས་ཏེ། རྣ་བ་ཕུག་སྟེ་ཚོར་བ་མེད་པ་ལ་ནི་རྣ་བའི་ཉེ་འཁོར་ལས་གཏར་ག་བྱའོ། །རྣ་བ་སྐྲང་ཞིང་རྣག་དང་བཅས་ཏེ་གསལ་པོར་མི་ཐོས་པ་ལ་ནི་སྐྱུག་སྨན་བྱས་ན་ཕན་ནོ། །བྱིས་པ་དང་རྒན་པོ་འོན་ཏེ་ལོ་གྲངས་དུ་མ་ལོན་པ་ལ་ནི་སྤང་བར་བྱའོ། །རྣ་བ་ཐོག་མ་སྨིན་ཅིང་འཇམ་པར་བྱ་བའི་ཕྱིར་སྣུམ་དང་དུགས་རེས་ཀྱིས་བྱ་སྟེ། དེའི་འོག་ཏུ་རས་ཀྱིས་རྣ་བའི་ནད་དག་པར་བྱའོ། །དེ་ནས་འབྲུ་མར་གྱིས་རྣ་བ་གང་བར་བྱས་ན་ཕན་ནོ། །སྦྱོར་བ་དེ་དག་ནི་རྣ་སྦབས་ཀྱིས་གང་བ་དང༌། བད་ཀན་ཅན་ལ་སྦྱར་བ་ཡིན་ནོ། །རྣ་བ་སྐྲང་བ་ནི་རྣར་བླུགས་པའི་སྨན་དང༌། མཁུར་བར་བཅང་བ་དང༌། དུ་བ་བརྔུབ་པ་དང༌། གང་ཡང་བད་ཀན་འཇོམས་པའི་སྨན་ཚབ་དང༌། དྲོ་བའི་བྱུག་པ་ལ་སོགས་པ་ཐམས་
ཅད་བྱས་ན་ཕན་ནོ། །རྣ་བ་རྣག་འཛག་པ་དང༌། སྲིན་བུ་ཅན་གཉིས་ལ་ནི་རྣ་བ་རྣག་འཛག་པའི་སྦྱོར་བ་ཐམས་ཅད་སྦྱར་རོ། །རྣ་ནད་སྲིན་བུ་ཅན་གཉིས་ལ་ནི་ཁྱད་པར་དུ་ཡུངས་མར་ཚ་བས་བླུགས་ན་ཕན་ནོ། །རྣ་བའི་ནང་ནས་འབྲས་བྱུང་བ་ལ་ནི་དང་པོ་སློན་བྱས་ལ། དེའི་འོག་ཏུ་གསོ་བ་ནི་ཁོང་འབྲས་ཀྱི་གསོ་བ་ཇི་ལྟ་བ་བཞིན་དུ་མཁྲིས་པའི་རྣ་ནད་ཀྱི་གསོ་བ་ཡང་དེ་དང་སྦྱར་རོ། །རྣ་བའི་ནད་ཐོར་བུ་དང་འབྲུམ་བུ་བྱུང་བ་ལ་ནི་སྣའི་འབྲུམ་བུའི་གསོ་བ་ཐམས་ཅད་བྱའོ། །རྣ་ནད་བི་ད་རི་ཀ་ཞེས་བྱ་བ་དེ་སྨིན་ཀྱང་རུང་མ་སྨིན་ཀྱང་རུང་སྟེ་ནད་གཞི་ཇི་ལྟ་བ་བཞིན་དུ་བརྟགས་ཏེ་རྣ་བའི་འབྲས་ནད་ཀྱི་གསོ་བ་ཡང་ཐམས་ཅད་བྱའོ། །རྣ་ཤལ་སྐམ་པའི་ནད་ལ་ནི་རླུང་གི་ནད་ཀྱི་གསོ་བ་ཇི་ལྟ་བ་བཞིན་དུ་རྣར་བླུགས་པ་དང༌། བྱུག་པ་ལ་སོགས་པ་ཅི་རིགས་སུ་སྦྱར་རོ། །དེ་ལྟར་བྱས་ལ་ལེགས་པར་ཞེན་པ་དང༌། རྣ་ཤལ་ཏིལ་མར་གྱིས་བསྐུས་ལ། པི་ཡ་ལའི་ས་བོན་དང༌། ཤིང་མངར་དང༌། ཨ་ཤྭ་གན་དྷ་དང༌། ནས་དང་དེ་རྣམས་ཀྱི་རྣ་དྲུང་དང༌། རྣ་ཤལ་ལ་བསྐུ་ཞིང་དྲིལ་ལོ། །དེའི་འོག་ཏུ་ཤ་རྒྱས་ཤིང་འཕེལ་བར་བྱ་བའི་ཕྱིར་བསྐུ་བྱུག་རྟག་ཏུ་བྱའོ། །ཉེའུ་ཤིང་དང༌། ཨ་ཤྭ་གན་དྷ་དང༌། པ་ཡ་སྱ་དང༌། ཨེ་རཎྜ་དང༌། ཛི་བ་ཀ་དང་དེ་རྣམས་འབྲུ་མར་དང་འོ་མ་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་རན་པར་འཐུངས་ན། རྣ་བའི་རྣ་ཤལ་འཕེལ་ཞིང་རྒྱས་པར་འགྱུར་བའི་མཆོག་ཡིན་ནོ། །ཡང་ན་འཚོ་བྱེད་ཀྱི་འབྲུ་མར་དང༌། འོ་མ་དང༌། ཡུལ་སེར་ཆེ་བ་ལ་གནས་པའི་སྲོག་ཆགས་ཀྱི་ཤ་བསྐོལ་བས་བསྐུས་ན་རྣ་དྲུད་རྣ་ཤལ་ཤ་སྐྱེ་བར་འགྱུར་བའི་མཆོག་ཡིན་ནོ། །རྣ་ཆ་ལྕི་བས་བུ་ག་འོལ་དུ་ཆ་བ་ལ་ནི་མཚོན་གྱིས་བཅད་དེ་རྨ་སྦྱར་ལ་ཡང་ཤ་སྐྱེ་བའི་གསོ་བ་བྱའོ། །པི་ཝང་གི་རྒྱུད་ལྟ་བུའི་རྣ་ནད་ལ་ཡང༌། མི་ལ་བ་ཙམ་དུ་གསོར་རུང་བའི་ཆོ་ག་བྱའོ། །མེ་ཏོག་པ་རི་པོ་ཊ་ཞེས་བྱ་བའི་རྣ་ནད་ཀྱི་གསོ་བ་ཡང་དེ་ལྟར་བྱའོ། །ཨུཏྤ་ད་ཞེས་བྱ་བའི་རྣ་བའི་ནད་ལ་ནི་སྲིན་བུ་པད་པས་ཁྲག་འཇིབ་ཏུ་གཞུག་ཅིང་བསིལ་བའི་ནུས་པ་
དང་ལྡན་པའི་སྨན་གྱིས་བྱུག་པར་བྱའོ། །ཤིང་འཛམ་བུ་དང༌། ཨ་མྲའི་ལོ་མ་དང༌། བ་བླ་དང༌། ཤིང་མངར་དང༌། སེང་ཕྲོམ་དང༌། ཏིལ་དང༌། བཙོད་དང༌། ཨུཏྤ་ལ་དང༌། ཀ་ཏམ་པ་དང༌། ཐལ་ཏྲེས་དང༌། དེ་རྣམས་ཏིལ་མར་དང༌། ཏིལ་མར་གྱི་བཞི་འགྱུར་གྱི་རྩབས་སྐྱུར་པོ་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་བསྐུ་བྱུག་བྱ་བ་འམ། ཡང་ན་མེ་དབལ་གསོ་བའི་སྐབས་ནས་འབྱུང་བས་བསྐུ་བྱུག་བྱའོ། །ཨུན་མན་ཐ་ཞེས་བྱ་བའི་རྣ་བའི་ནད་ལ་ནི་སྲོག་ཆགས་གོ་དྷ་དང༌། ཀར་ཀ་ཊ་དང༌། དེ་གཉིས་ཀྱི་ཞག་དང༌། ཏ་ལའི་ལོ་མ་དང༌། ཨ་ཤྭ་གན་དྷ་དང༌། ཨརྐ་དང༌། སོ་མ་ར་ཙའི་ས་བོན་དང༌། རྒྱམ་ཚྭ་དང༌། བྱེའུ་རུག་པ་དང༌། ལང་ག་ལི་དང༌། ཏིལ་མར་རྣམས་ལྷན་ཅིག་བསྐོལ་བ་ལས་མར་ལུས་པས་བསྐུ་བྱུག་དང་སྣ་སྨན་རྣོན་པོ་ཡང་གཏང་ངོ༌། །རྣ་ཤལ་ཕུག་ཉེས་པའི་རྣ་བའི་ནད་ལ་ནི་ཨ་སྨན་ཏ་དང༌། འཛམ་བུ་དང༌། ཨ་མྲ་གསུམ་གྱི་ལོ་མ་བསྐོལ་བའི་ཁུ་བ་བླུགས་པར་བྱ་སྟེ་དེའི་འོག་ཏུ་ཏིལ་མར་གྱིས་བསྐུས་ལ། ཤིང་མངར་དང༌། བཙོད་དང༌། པྲ་པུཎྜ་རཱི་ཀ་དང༌། ཡུང་བ་དང༌། འདི་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མས་གདབ་པོ། ཡང་ན་རྒྱ་སྐྱེགས་དང༌། ཏིལ་མར་སྦྱར་བས་བསྐུ་བྱུག་བྱས་ན་ཕན་ནོ། །སྲོག་ཆགས་སྲིན་བུས་ཟོས་པའི་རྣ་ནད་ལ་ནི་བ་ལང་གི་ལྕི་བའི་དུགས་མང་དུ་བྱས་ལ། བྱི་དང་གའི་སྙིང་པོ་བཏགས་པའི་ཕྱེ་མ་བེའུ་མང་དུ་བཙས་པའི་གཅིན་དང་སྦྱར་ཏེ་བསྐུ་བྱུག་མང་དུ་བྱའོ། །ཡང་ན་དུག་མོ་ཡུངས་དང༌། ཤིང་ཨིང་ཀུ་ཏ་དང༌། ཀ་རཉྫའི་ས་བོན་དང༌། དོང་གའི་ཤུན་པ་དང༌། དེ་རྣམས་ཀྱི་ཕྱེ་མ་བ་གཅིན་དང་ལྡེ་གུར་བྱས་ཏེ་བྱུག་གོ །ཡང་ན་སྨན་གོང་མ་དེ་ཉིད་ཀྱི་སྟེང་དུ་ནིམ་པའི་ལོ་མ་དང༌། ན་ལེ་ཤམ་དང༌། སྦྲང་རྩིའི་ཚིགས་མ་དང༌། དེ་རྣམས་ཡུངས་མར་དང་ལྷན་ཅིག་བསྐོལ་བས་རྨ་བྱུང་བ་ལ་བསྐུ་བྱུག་བྱའོ། །རྣ་བ་སྟོབས་ཀྱིས་དྲངས་ཏེ་འོལ་བ་ལ་ནི་ཐོག་མར་ལུས་དག་པར་བྱ་སྟེ། ཇི་ལྟར་སྦྱོར་བའི་ཐབས་སུ་མཚམས་སྦྱར་རོ། །རྣ་བ་འོལ་མ་ཐག་པ་ལ་ནི་ཁྲག་དག་པ་དེས་དེ་མ་ཐག་སྦྱར་ལ་དེ་ནས་སློན་ཁྲུས་ཀྱིས་ལུས་དག་པར་བྱའོ། །དེའི་འོག་ཏུ་རྣ་དྲུང་གི་སྐྲ་
ཚོམས་ནས་བཅིངས་ཏེ། དེ་ནས་མཚོན་གྱིས་རྣ་ཤལ་བཅད་པ་དང༌། བཞར་ལ་ཅི་རིགས་པར་མཐོན་དམན་མེད་པར་ལེགས་པར་སྦྱར་ལ། ཞུན་མར་དང་སྦྲང་རྩིས་བྱུགས་ལ་རས་བལ་གྱིས་གླན་ཏེ། སྐུད་པས་མི་དམ་མི་ལྷོད་པར་བཅིང་ངོ༌། །དེ་ནས་གཏར་གའི་ཆོ་ག་བཞིན་དུ་ཁྲག་དབྱུང་སྟེ། རྨ་ལ་ཕན་པའི་སྨན་གྱི་ཕྱེ་མ་ཡང་གདབ་པར་བྱའོ། །གསོ་བ་གཞན་དག་ནི་རྨ་གསོ་བའི་ཆོ་ག་ལྟར་བྱའོ། །དེ་ནས་ཞག་བདུན་ལོན་པ་དང༌། འབྲུ་མར་མ་ཆོས་པས་བསྐུས་ལ་རས་བལ་གྱིས་གླན་པ་དལ་བུས་བཀྲོལ་ལོ། །དེ་ནས་རྨ་འདྲུབས་ཏེ་མཐོན་དམན་མེད་ཅིང་བརྟན་ལ་སྔ་མ་ལྟར་སོར་ཆུད་ཅིང་ནད་མེད་པ་ལྟ་ན་བུ་ག་ཡང་རིམ་གྱིས་བརྒྱང་ངོ༌། །ཉ་ལྕིབས་དང༌། ཁ་སྲལ་ཕྲེའུ་དང༌། སེར་པོ་རྣམ་གཉིས་དང༌། བྲི་ཧ་ཏིའི་འབྲས་བུ་དང༌། ཨ་ཤྭ་གན་དྷ་དང༌། བ་ལ་དང༌། ཧསྟི་པི་པི་ལིང་དང༌། ཡུངས་ཀར་སེར་པོ་དང༌། ཀ་ཤ་ཏ་ཀི་དང༌། ཨ་ཤྭ་མ་ར་དང༌། རུ་ཤི་དང༌། ཤིང་ལོ་མ་བདུན་པ་དང༌། འདི་རྣམས་ཀྱི་རྩ་བ་དང༌། ཚུད་ཙུན་དྷ་རི་ཞེས་བྱ་བ་ན་ད་མུ་ཤི་དང༌། ས་ནག་པོ་དང༌། སྦྲང་མའི་མཁར་དང༌། བྱེའུ་དང༌། ཆུ་ལས་སྐྱེས་པའི་སྲིན་བུ་པདྨའི་ཤ་དང༌། སེང་ཕྲོམ་དཀར་པོའི་རྩ་བ་དང༌། འདི་རྣམས་ཆམ་ཆོམ་དུ་བརྡུངས་ཏེ། ཏིལ་མར་དང༌། མ་ཧེའི་མར་དང༌། རྟ་དང༌། གླང་པོ་ཆེའི་གཅིན་དང་ཆེས་རབ་ཏུ་བསྐོལ་ཏེ་མར་ལུས་པ་ལས་རྣ་བར་བསྐུས་ན། རྣ་བའི་བུ་ག་སྐྱེད་ཅིང་འབྱོར་པའི་མཆོག་ཡིན་ནོ། །དེ་ལ་སྐྱེས་བུ་ན་ཚོད་ལ་གནས་པ་གང་ཞིག་གི་རྣ་བ་ཆད་པར་གྱུར་ན་ཐོག་མར་ལུས་དག་པར་བྱས་ལ། དེའི་འོག་ཏུ་གསོ་བར་བྱ་སྟེ། རྣ་བའི་རྨ་ཅི་ཙམ་པའི་བདག་ཉིད་མཁུར་ཚོས་ཀྱི་པགས་པ་ཤིང་ཤུན་བཤུས་པ་བཞིན་དུ་བཤུས་ལ་ཤ་མ་སྣད་པར་བྱ་སྟེ། རྣ་བའི་ཕྱོགས་ཀྱི་པགས་པའི་ཟུར་མི་བཅད་པར་རྣ་བའི་རྨ་ལ་བསྐུས་ཏེ། དེ་ནས་རྣ་བའི་རྨ་ལེགས་པར་བཞར་ལ་མཁུར་ཚོས་ཀྱི་པགས་པ་བཤུས་མ་ཐག་པ་གསར་པས་གླན་ཏེ། རས་སྐུད་ཕྲ་མོས་ལེགས་པར་བཙེམས་ལ་རས་ཀྱིས་དཀྲིས་ལ་གཞག་གོ །དབུགས་བདེ་བར་འབྱུང་བར་བྱ་བའི་ཕྱིར་ཤིང་བུ་སྦུ་གུ་ཅན་གཉིས་ཀྱི་ཐམ་བུ་བཅུག་ལ་
གཞུག་གོ །དེའི་འོག་ཏུ་ཏིལ་མར་ཚོས་པས་བསྐུས་ལ། དེ་ནས་རྨ་ཤིང་དང༌། ཤིང་མངར་དང༌། སྟང་ཟིལ་དང༌། གཞན་ཡང་གཏར་གའི་གསོ་བའི་སྨན་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མས་གདབ་པོ། །བཅིངས་པའི་སྟེང་ནས་སྦྲང་རྩི་དང་མར་སྦྱར་བས་བསྐུའོ། །ཉེ་བར་སྤྱད་པ་ཐམས་ཅད་ཀྱང་ཆུ་དྲོན་པོས་བྱའོ། །གསོ་བ་གཞན་རྣམས་ནད་གཞིའི་བྱེ་བྲག་ཤེས་པར་བྱ་སྟེ། དེ་དང་མཐུན་པར་རྨ་གསར་པ་གསོ་བའི་ཆོ་ག་ཐམས་ཅད་འདིར་བྱའོ། །དེ་ལྟར་རྨ་ལེགས་པར་འདྲུབས་ནས་རྣ་བའི་ཉེ་འཁོར་གྱི་ཤ་འཕྱང་བ་དང༌། ལྷག་པ་ལྟར་སྣང་ཡང་ལེགས་པར་བཅད་དེ་ཡང་མཚམས་ཞིབ་ཏུ་བཙེམ་མོ། །གང་དུ་དམའ་འམ་བཤོར་བ་ལྟར་སྣང་ན་ནི་སྐྱེད་དེ། རྣ་བའི་དབྱིབས་ཅི་རིགས་པར་ལེགས་པར་སྦྱར་རོ། །རྣ་བ་དེ་མ་ཐག་གསར་དུ་ཆད་པ་ཡིན་ན་ཡང་ཆོ་ག་དེ་ལྟར་བྱའོ། །རྣ་བའི་ཐམ་བུའི་ཤིང་གཉིས་ཀྱང་མཆུའི་དྲང་ཐད་ནས་རྣ་བའི་དབྱིབས་མི་ཉམས་པའི་ཕྱིར་དྲང་པོར་ལེགས་པར་གཞག་གོ །རྣ་བའི་ནད་གསོ་བའི་ལེའུ་སྟེ་བཅོ་བརྒྱད་པ་རྫོགས་སོ།། །།དེ་ནས་སྣ་ནད་ཀྱི་དམིགས་བརྟགས་པའི་ལེའུ་བཤད་པར་བྱ་སྟེ། དེ་ལ་སྣ་ནད་ཆམ་པ་ཞེས་བྱ་བའི་རྒྱུ་ནི་ཁ་སྦུབ་ཏུ་ཉལ་བ་དང༌། སྣའི་ནང་དུ་རྡུལ་ཞུགས་པ་དང༌། དྲག་ཏུ་སྨྲ་བ་དང༌། ཉིན་པར་གཉིད་ལོག་པ་དང༌། ནུབ་མོ་གཉིད་མ་ལོག་པ་དང༌། གོས་ངན་པ་དང༌། ཡང་ན་གོས་ལྕི་བ་གྱོན་པ་དང༌། དྲོ་བའི་རྗེས་ལ་ཆུ་གྲང་འཐུང་བ་དང༌། ཉལ་པོ་དང༌། ལམ་གྱིས་དུབ་པའི་འོག་ཏུ་ཆུ་མང་དུ་འཐུང་བ་དང༌། སྐྱུག་པ་དང༌། མཆི་མ་འབྱུང་བ་བཀག་པའི་རྒྱུས་རླུང་ནད་ཤས་ཆེར་འཁྲུགས་པར་འགྱུར་ཏེ། སྣ་ཆུ་འཛག་ཅིང་ཆམ་པ་སྐྱེད་པ་ཡིན་ནོ། །དེ་གསོ་བར་མ་བྱས་ན་ཀླད་པ་ཟད་པར་བྱེད་དོ། །དེ་ལ་རླུང་ལས་གྱུར་པའི་སྣ་ནད་ཆམ་པའི་མཚན་མ་ནི་གདོང་སྐེམ་པ་དང༌། སྦྲིད་པ་དྲག་ཏུ་འབྱུང་བ་དང༌། སྣ་སུབས་ཤིང་ན་བ་དང༌། སོ་དང་མུར་འགྲམ་དང༌། ཀླད་པ་ན་བ་དང༌། སྨིན་མའི་སྟེར་དུ་གྲོག་མ་རྒྱུ་བ་སྙམ་བྱེད་པ་དང༌། སྐད་ཞེན་པ་དང༌། མྱུར་དུ་མ་སྨིན་པ་དང༌། སྣ་ནད་མཆིལ་མ་དང་སྣབས་བསིལ་བར་འཛག་པ་ཡིན་ནོ། །དེ་ལ་ཁྲག་དང་མཁྲིས་
པ་ལས་གྱུར་པའི་མཚན་མ་ནི། སྐོམ་དད་ཆེ་བ་དང༌། ལུས་ཚ་བ་དང༌། སྣའི་ཕྱི་ནང་དུ་འབྲུམ་བུ་ཕྲ་མོ་འབྱུང་བ་དང༌། སྣའི་རྩེ་མོ་བཙེས་པ་འདྲ་བ་དང༌། མགོ་འཁོར་བ་དང༌། འཛག་པ་ཡང་མདོག་དམར་བ་དང༌། སེར་བ་ཡང་ཡིན་ནོ། །བད་ཀན་ལས་གྱུར་པའི་སྣ་ནད་ཀྱི་མཚན་མ་ནི་ཁ་ཟས་ཡི་གར་མི་འོང་བ་དང༌། དབུགས་མི་བདེ་བ་དང༌། ལུས་ལྕི་བ་དང༌། སྐྱུག་པ་དང༌། ཁ་མངར་མི་བྲོ་བ་དང༌། གཡའ་བ་དང༌། སྣུམ་པ་དང༌། འཛག་པ་དཀར་ཞིང་སྐ་བ་རྣམས་ཡིན་ནོ། །འདུས་པ་ལས་གྱུར་པའི་སྣ་ནད་ཀྱི་མཚན་མ་ནི་ནད་ལྡང་དུབ་ཏུ་བྱེད་པ་རྣམས་ཡིན་ནོ། །ཁྲག་མ་རུང་བར་སྣའི་རྩ་སླུབས་ཀྱི་ནང་དུ་ཞུགས་ནས་ཆམ་པར་གྱུར་པའི་མཚན་མ་ནི་བྲང་གི་ནང་བེམ་བེམ་པོར་གྱུར་པ་དང༌། མིག་དམར་བ་དང༌། དབུགས་དྲི་མི་ཞིམ་པ་དང༌། སྣ་གཡའ་བ་དང༌། མཆི་མ་དང་སྣ་ཆུ་འཛག་པ་དང་གཞན་ཡང་མཁྲིས་པའི་མཚན་ཉིད་ཀྱང་འདིར་ལྟའོ། །སྣ་ནད་ཆམ་པ་དེ་དག་ཀུན་ཡལ་བར་བོར་ཏེ་གསོ་བར་མ་བྱས་ན་ནི་ཤས་ཆེར་འཕེལ་བར་འགྱུར་ཏེ། གོང་དུ་བཤད་པའི་ནད་དེ་དག་པས་ཚབས་ཆེར་སྐྱེས་ནས་དབང་པོ་རྣམས་གཟིར་བར་འགྱུར་ཏེ་མེ་དྲོད་ཉམས་པ་དང༌། ཚ་བ་ཆེ་བ་དང༌། དབུགས་མི་བདེ་བ་དང༌། ལུད་པ་དང༌། བྲང་དང༌། རྩིབ་ལོགས་སུ་ཟུག་ཅིང་ན་བ་དང༌། གློ་བུར་དུ་ནད་མང་དུ་འཁྲུག་ཅིང་ཁ་དྲི་མི་ཞིམ་ཞིང་སྐམ་པ་དང༌། སྣའི་ནང་རུལ་བ་དང༌། སྐེམ་པ་དང༌། སྣབས་བཙིར་ན་འགག་ཅིང་མི་ཕྱིན་པ་དང༌། འཛག་པ་ཡང་རིལ་རིལ་པོར་རྣག་འདྲ་བར་འབྱུང་ཞིང་དེ་ཡང་དཀར་བ་དང༌། གནག་པའི་མདོག་ཏུ་སྲིན་བུ་དང་བཅས་པ་འབྱུང་ཞིང༌། སྲིན་བུ་དེ་ཡང་སྣུམ་ཞིང་རིང་བ་དང་དཀར་ཞིང་ཕྲ་བ་རྣམས་ཡིན་ཏེ། དེ་ཉིད་སྨིན་པའི་མཚན་མ་ནི་ལུས་ཡང་བ་དང༌། སྦྲིད་པ་ཞི་བ་དང་འཛག་པ་ཡང་འཇམ་ཞིང་སེར་བ་དང༌། དྲི་དང་རོ་མི་ཚོར་བ་རྣམས་ཡིན་ནོ། །དེ་ལ་དུད་པ་རྣོན་པོ་བརྔུབས་པ་དང༌། ཉི་མའི་འོད་ཀྱིས་ཤས་ཆེར་ཕོག་པ་དང༌། སྐུད་པ་དང་རྩ་ལ་སོགས་པས་སྣད་པས་སྣའི་རྨེན་བུ་རྙི་མ་མ་རུང་བར་བྱས་པས་རླུང་འཁྲུགས་ཏེ་རྩ་སྒོ་འགགས་ཤིང༌། སྣའི་སུམ་མདོར་རླུང་
ཞུགས་ཏེ་དྲག་ཏུ་སྦྲིད་པ་འོང་ཞིང་སྣ་ཆུ་འཛག་པ་ཡང་ཡོད་དོ། །སྣའི་སྦུབས་སུ་འཛག་པ་རླུང་གིས་བསྐམས་ཏེ། ནང་དུ་གྲ་མས་གང་བ་སྙམ་སེམས་ཤིང་དབུགས་བདེ་བར་མི་ཕྱིན་ཏེ་འབྱུང་དཀའ་བ་དང༌། སྣ་བུས་པ་བཞིན་དུ་གང་བར་འགྱུར་ཏེ། དེ་ནི་སྣ་ནད་སྐམ་པ་ཞེས་བྱའོ། །སྣའི་ནང་དུ་བད་ཀན་གྱིས་རླུང་བཀག་སྟེ་རེང་བུ་སྲ་བས་གང་བ་སྙམ་སེམས་ཤིང༌། དབུགས་ཀྱི་འབྱུང་རྔུབ་བཀག་ནས་རྒྱུན་སྲང་རྣམས་ དོགས་པར་གྱུར་པའི་ནད་ཀྱང་ཡོད་དོ། །མཁྲིས་པས་སྣ་ནད་སྨིན་ཏེ་ཤ་དང༌། པགས་པ ་ཟུག་གཟེར་དང་བཅས་ཤིང་འཛག་པ་ཆུ་དང་འདྲ་བ་སླ་བར་འབྱུང་སྟེ། ཁྱད་པར་དུ་ནུབ་མོ་འཛག་པ་དེ་ནི་སྣ་ནད་སྨིན་པ་འཛག་པ་ཞེས་བྱའོ། །བད་ཀན་ཤས་ཆེ་བའི་སྣ་ནད་ཀྱི་རྟགས་ནི་སྣའི་རྩ་རྒྱུན་འགགས་པ་དང༌། དབུགས་སྒྲ་དང་བཅས་པར་འབྱུང་བ་དང༌། སྔ་མ་བས་ཆེས་སྣ་ཆུ་འཛག་པ་དང༌། ནད་སྨིན་པ་དང༌། སྣ་སྦུབས་ནས་རྣག་སྐ་བ་དང༌། སེར་བ་མཆི་མ་འཛག་པ་བཞིན་དུ་རྒྱུན་དུ་འབྱུང་སྟེ། དེ་ཡང་སྤྱི་བག་ཏུ་འབྱུང་ཞིང་འདུག་པ་ཡིན་ནོ། །ཁྲག་མ་རུང་བའི་སྣ་ནད་སྐྱེས་པའི་རྟགས་ནི་སྣའི་ཕྱི་ནང་རབ་ཏུ་ཚ་བ་དང༌། རེག་ན་མི་བཟོད་པ་དང༌། དབུགས་འབྱུང་བ་ཡང་ཚ་ཞིང་དཀུ་བ་འབྱུང་བ་ཡང་ཡིན་ནོ། །རྐན་ཕུགས་སུ་ནད་གཞི་འཁྲུགས་ཏེ། རླུང་དང་བད་ཀན་དང་བཅས་པའི་རྣག་སྣ་དང་ཁ་ནས་འཛག་ཅིང་འབྱུང་བར་འགྱུར་ཏེ། དེ་ནི་སྣ་ནད་རྣག་ཅན་ཞེས་བྱའོ། །འདུས་པ་ལས་གྱུར་པ་འམ། གློ་བུར་དུ་སྣད་པ་ལས་གྱུར་ཀྱང་རུང༌། ནག་དང་ཁྲག་སྣའི་སྒོ་ནས་འཛག་ཅིང་སྤྱི་བོ་ཚ་བ་དེ་ནི་སྣ་ནད་རྣག་ཁྲག་ཅན་ཞེས་བྱའོ། །མཁྲིས་པ་དང་བད་ཀན་གྱི་རྒྱུན་སྲང་རླུང་གིས་འགགས་ཏེ། སྣ་ནང་གི་འཛག་པ་རྣམས་བསྐམས་ནས་བསྒོངས་པ་སྐམ་པོ་དེ་ནི་བད་ཀན་བསྒོངས་པ་ཞེས་བྱའོ། །སྣ་ནད་ཐོར་བུ་དང་འབྲུམ་བུ་ཅན་ཞེས་བྱ་བ་ནི། ནད་གཞི་དང་མཐུན་པའི་མདོག་ཏུ་སྣང་བའི་འབྲུམ་བུ་འབྱུང་ལ། དེ་ཐམས་ཅད་དབུགས་འབྱུང་དཀའ་ཞིང་སྣ་ཆུ་འཛག་པ་དང༌། སྦྲིད་པ་རྟག་ཏུ་འབྱུང་བ་དང༌། སྣ་སྐད་དུ་སུབས་པར་སྨྲ་བ་དང༌། རྣག་འཛག་པ་དང་ཀླད་པ་ན་བ་རྣམས་ཡིན་ནོ། །དེ་རྣམས་ནི་རྣམ་པ་བཅོ་བརྒྱད་དེ། དེ་ལས་གང་
ཡང་རུང་བའི་གསོ་བ་མ་བྱས་ན་ནི་ནད་འཕེལ་ཞིང་ཐུ་བར་འགྱུར་རོ། །སྣ་ནད་ཀྱི་དམིགས་བརྟག་པའི་ལེའུ་སྟེ་བཅུ་དགུ་པ་རྫོགས་སོ།། །།དེ་ནས་སྣ་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་སྣ་ནད་ཆམ་བ་ཐམས་ཅད་ལ། ཐོག་མར་ནད་པ་རླུང་མེད་པའི་ཁང་པར་བཞག་སྟེ། སྣུམ་ཆོས་དང༌། དུགས་དང༌། སློན་དང༌། དུ་བ་བརྔུབ་པ་དང༌། མཁུར་བར་བཅད་བ་དེ་རྣམས་བསྟེན་ལ། གོས་ཀྱང་ལྕི་ཞིང་དྲོ་བ་དང༌། མགོ་ལ་ཐོད་ཆེན་པོ་བཅིང་བ་དང༌། ཁ་ཟས་ཡང་བ་དང༌། སྐྱུར་བ་དང༌། ལན་ཚྭ་དང༌། སྣུམ་པ་དང༌། དྲོ་བག་དང༌། མི་སླ་བ་དང༌། སྐམ་སའི་ཤ་དང༌། བུ་རམ་དང༌། འོ་མ་དང༌། མོན་སྲན་ཙ་ན་ཀ་དང༌། ཞོ་དང་སེའུ་འབྲུ་དང༌། ཚ་བ་གསུམ་ཤས་ཆེ་བའི་གཡོས་སུ་སྦྱར་བ་དང༌། ནས་དང༌། གྲོ་ཤས་ཆེ་བའི་གཡོས་ཁ་ཟས་དང༌། ལ་ཕུག་གཞོན་ནུ་དང༌། རྒྱ་སྲན་ཀུ་ལངྠའི་ཁུ་བཅུད་ཀྱང་རབ་ཏུ་བསྔགས་སོ། །རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་མམ། ཆང་རྙིང་པ་བཏུང་བར་བླུད་དོ། །ཙ་རོང་དང༌། ཨགྣི་མནྠ་དང༌། ཤུ་དག་དང༌། ཟི་ར་དང༌། ཟི་ར་ནག་པོ་དང༌། དེ་རྣམས་ཀྱི་ཕྱེ་མ་དང་སྣུམ་སྦྱར་བར་བྱའོ། །ཚ་བ་གསུམ་དང༌། བལ་བུའི་ལོ་མ་དང༌། དབྱི་མོ་དང༌། ད་ཏྲིག་དང༌། སྟར་བུ་དང༌། ཙི་ཏྲ་ཀ་དང༌། ཟི་ར་དང༌། དེ་རྣམས་སྲང་གཉིས་གཉིས་དང༌། ཤིང་ཚ་དང༌། སུག་སྨེལ་དང༌། གན་དྷ་བྷ་དྲ་དེ་དག་སྲང་ཕྱེད་ཕྱེད་དང༌། བུ་རམ་རྙིང་པ་སྲང་ལྔ་བཅུ་དང་ཚུལ་བཞིན་དུ་བསྐོལ་ཏེ་རི་ལུར་བྱས་པ་ཟོས་ན་སྣ་ནད་ཆམ་པ་དང། དབུགས་མི་བདེ་བ་དང༌། ལུད་པ་ལུ་བ་རྣམས་འཇོམས་ཏེ། ཡི་ག་འབྱེ་བ་དང༌། སྐད་སྙན་པར་བྱེད་པའི་མཆོག་ཡིན་ནོ། །ཤུ་ཏིའི་ཤུན་པ་དང༌། བ་ལ་དང༌། སོ་ན་ཀ་དང༌། ཨེ་རཎྜ་དང༌། བིལ་བ་དང༌། དོང་ག་དེ་རྣམས་ཀྱི་རྩ་བ་དང༌། ཞག་དང་མར་དང་སྤྲ་ཚིལ་དང་སྦྱར་བའི་དུད་པས་བདུགས་པའམ། ཡང་ན་ཁམ་ཕོར་ཁ་སྦྱར་ཆུང་ངུའི་ནང་དུ་མར་དང་ཕྱེ་བསྲེས་པ་བཅུག་ལ་བསྲེགས་པའི་དུད་པས་བདུགས་ན་ཕན་ནོ། །སྣ་ནད་ཅན་གྱིས་སྤང་བར་བྱ་བ་ནི་ལུས་བཀྲུ་བ་དང༌། ལུས་གཙང་སྦྲ་སྤྱོད་པ་དང༌། ཤས་ཆེར་ངལ་བ་དང༌། ཆུ་གྲང་མོ་རྣམས་
སྤང་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་སྣ་ནད་ཆམ་པ་ལ་ནི་རླུང་འཇོམས་པའི་སྨན་དང་བསྐོལ་བའི་མར་རམ། ལན་ཚྭ་རྣམ་ལྔ་འམ། སྨན་བི་ད་རིའི་སྡེ་ཚན་ནམ། དེ་དག་གང་ཡང་རུང་བ་མར་དང་བསྐོལ་བ་བླུད་པའམ། དེ་བཞིན་དུ་དུགས་དང་སྣ་སྨན་ལ་སོགས་པ་བྱས་ཏེ། ཀླད་པ་ཕྱེད་ན་བའི་སྨན་ཡང་འདིར་སྦྱར་རོ། །དེ་ལ་མཁྲིས་པ་དང་ཁྲག་ལས་གྱུར་པའི་སྣ་ནད་ལ་ནི་སྨན་མངར་བའི་སྡེ་ཚན་དང༌། མར་ལྷན་ཅིག་བསྐོལ་བ་བླུད་པ་དང༌། དེ་བཞིན་དུ་སྨན་གྱིས་བླུགས་པ་དང༌། བྱུག་པ་ཡང་སྨན་བསིལ་བའི་ནུས་པ་དང་ལྡན་པ་ལ་སྦྱར་རོ། །སྨན་དྲ་བའི་ཤུན་པ་དང༌། འབྲས་བུ་གསུམ་དང༌། ཁྲེ་དང༌། ཤིང་པརྞི་དང༌། ཤིང་མངར་དང༌། སེང་ཕྲོམ་དང༌། ཏིལ་མར་དང༌། དེའི་བཅུ་འགྱུར་གྱི་འོ་མ་དང༌། སྐྱེར་པ་དང་དེ་རྣམས་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་སྣ་སྨན་གཏང་བར་བྱའོ། །བད་ཀན་ལས་གྱུར་པའི་སྣ་ནད་ལ་ནི་སྨྱུང་བར་འདུག་པ་དང༌། ཡུངས་ཀར་གྱི་འདག་གུས་མགོ་ལ་བྱུག་པ་དང༌། ཡ་བཀྵ་ར་མར་དང་བཅས་པ་བླུད་དེ་སློན་དུ་གཞུག་གོ །ལན་ཚྭ་དང༌། ཚ་བ་གསུམ་དང༌། བྱི་དང་ག་དང༌། དུག་མོ་ཡུངས་དང༌། ཟི་ར་དང་དེ་རྣམས་ར་གཅིན་དང་བཏགས་ཏེ་སྣར་བླུགས་པར་བྱའོ། །འདུས་པ་ལས་གྱུར་པའི་སྣ་ནད་ཆམ་པ་ལ་ནི་སྨན་ཚ་བ་དང༌། རྣོ་བ་དང་སྦྱོར་བའི་མར་གྱིས་སྣར་བླུགས་པ་དང༌། མཁུར་བར་བཅང་བ་རྣམས་བྱས་ན། གཅོང་ཆེན་པོ་དང༌། སྲིན་བུའི་ནད་དང༌། སྣ་ནད་མ་རུང་བ་རྣམས་སེལ་ཏོ། །ཚ་བ་གསུམ་དང༌། ཨེ་རཎྜ་དང༌། བྱི་དང་ག་དང༌། ཐང་ཤིང་དང༌། བོང་ང་དཀར་པོ་དང༌། རུ་རྟ་དང༌། ཨིང་གུ་ཏ་དང༌། བར་ཏ་ཀའི་ས་བོན་དང༌། ཤིང་ཉེ་རོང་དང༌། ཡུངས་ཀར་དང༌། པུ་ཏི་མད་ཚ་ག་དང༌། ཨགྣི་མནྠའི་མེ་ཏོག་དང༌། པི་ལུ་དང༌། ན་ལེ་ཤམ་དཀར་པོ་དང༌། རྟ་རྟུག་བཙིར་བའི་ཁུ་བ་དང༌། དེའི་གཅིན་དང༌། གླང་པོ་ཆེའི་གཅིན་དང་དེ་རྣམས་ལྷན་ཅིག་སྦྱར་བའི་འདག་གུས་ཟར་མའི་སྐུད་པ་ལ་བསྒོས་ཏེ་རེང་བུར་བྱས་ལ། དེའི་དུད་པས་སྣ་དང༌། ཁར་བརྔུབས་ན་ཕན་ནོ། །སྦྲིད་པ་མང་དུ་འབྱུང་བ་དང་བད་ཀན་སྣར་བསྒོངས་པ་གཉིས་ལ་ནི་སྨན་རྣོན་པོ་བུད་པར་བྱས་ན་ཕན་ནོ། །བཅའ་སྒ་དང༌། རུ་རྟ་དང༌། པི་
པི་ལིང་དང༌། བྱི་དང་ག་དང༌། རྒུན་འབྲུ་དང་དེ་རྣམས་བསྐོལ་བའི་ནང་དུ་སྨན་དེ་ཉིད་ཀྱི་ཕྱེ་མ་དང༌། མར་རམ་ཏིལ་མར་གང་འབྱོར་བ་དང་ཡང་བསྐོལ་ཏེ། མར་ལུས་པ་ལས་སྣ་སྨན་བཏང་ན། སྦྲིད་པ་མང་དུ་འབྱུང་བ་དང་བད་ཀན་བསྒོངས་པ་སེལ་ཏོ། །སྣ་སྐམ་པ་ལ་ནི་འདྲུ་མར་གྱི་བཟའ་བ་དང་བཏུང་བ་ལ་སོགས་པ་བྱས་ཏེ་ཤ་ཁུ་དང་སྦྱར་བ་གཏང་ངོ༌། །དེ་བཞིན་དུ་བ་ལའི་མར་གྱིས་སྣུམ་ཆོས་དང་བདུག་པ་དང༌། དུགས་ལ་སོགས་པ་སྣ་བུས་པ་ལྟར་གང་བ་ལ་ཡང་དེ་ལྟར་བྱའོ། །སྣ་ནད་དབུགས་ཚ་ཞིང་དཀུ་བ་ལ་ནི་མཁྲིས་པ་འཇོམས་པའི་སྨན་དང། སྣ་སྨན་རྣོན་པོ་ལ་སོགས་པས་སྣ་ཆུ་འཛག་གོ །སྣ་ནད་རྣག་ཅན་ལ་ནི་བད་ཀན་གྱི་སྣ་ནད་ཀྱི་གསོ་བ་རྣམས་བྱའོ། །ཡང་ན་ཐོག་མར་སློན་བྱ་སྟེ། དེའི་འོག་ཏུ་རྒྱ་སྐྱེགས་དང༌། ཀ་རཉྫ་དང༌། ན་ལེ་ཤམ་དང༌། བྱི་དང་ག་དང༌། ཤིང་ཀུན་དང༌། པི་པི་ལིང་དང༌། བུ་རམ་དང༌། དེ་རྣམས་ལུག་གི་གཅིན་དང་བཏགས་ཏེ་སྣ་སྨན་གཏང་ངོ༌། །ཡང་ན་ཤི་ཀྲུ་དང༌། བྲི་ཧ་ཏི་དང༌། དན་ཏི་དང༌། ཚ་བ་གསུམ་དང༌། ལྕེ་མྱང་ཚ་དང༌། བྱི་དང་ག་དང༌། བྱེའུ་རུག་པ་དང་དེ་རྣམས་ཏིལ་མར་དང་སྦྱར་ཏེ། སྣ་སྨན་བྱས་ན་མཆོག་ཏུ་ཕན་ནོ། །སྣ་ནད་ཁྲག་ཅན་ཞེས་བྱ་བ་ལ་ནི་ཁྲག་ལས་གྱུར་པའི་སྣ་ནད་ཀྱི་གསོ་བ་ལྟར་སྦྱར་རོ། །སྣ་ནད་ཐོར་བུ་དང༌། འབྲུམ་བུ་ཅན་ཞེས་བྱ་བ་ཤས་ཆེར་སྐྱེས་པ་ལ་ནི་རྨ་འཁྱིམས་པའི་གསོ་བ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་བཞིན་དུ་དན་ཏི་དང༌། ཤིང་ཉེ་རོང་དང༌། རྒྱམ་ཚ་དང༌། ལྡོང་རོས་དང༌། པི་པི་ལིང་དང༌། ཙི་ཏྲ་ཀ་དང༌། དེ་རྣམས་བཏགས་པའི་ཕྱེ་མ་མར་དང་སྦྲང་རྩིར་སྦྱར་བའི་རེང་བུ་བྱས་ཏེ་སྣར་བཅུག་ན་ཕན་ནོ། །གཞན་ཡང་ཤིང་ཀུན་ལ་སོགས་པའི་སྣ་སྨན་ཡང་དེ་ལྟར་སྦྱར་ཏེ། ལྷག་མ་སྣ་ནད་ཁྲག་ཅན་གྱི་གསོ་བ་ཡང་འདི་ལ་སྦྱར་རོ། །སྣ་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་པ་རྫོགས་སོ།། །།དེ་ནས་ཁ་ནད་ཀྱི་དམིགས་བརྟག་པའི་ལེའུ་བཤད་པར་བྱ་སྟེ། ཉ་དང༌། མ་ཧེ་དང༌། ཕག་དང༌། དེ་རྣམས་ཀྱི་ཤ་ཟོས་པ་དང༌། ལ་ཕུག་རྗེན་པ་ཟོས་པ་དང༌། མོན་སྲན་སྡེའུའི་ཚོད་མ་དང༌། ཞོ་དང༌།
འོ་མ་དང༌། ཧྭགས་དང༌། དེ་དག་བསྟེན་པ་དང༌། ཁས་བུ་བ་ཏུ་ཉལ་བ་དང༌། སོ་ཤིང་གིས་སྣད་པ་དང༌། དུད་པ་དང༌། སྐྱུག་པ་དང༌། མཁུར་བ་ན་བའི་སྨན་ཉེས་པ་དང༌། གཏར་གཉིས་པ་སྟེ། རྒྱུ་དེ་དག་གིས་བད་ཀན་ཤས་ཆེར་འཁྲུགས་ནས་ཁའི་ནད་སྐྱེད་པ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་མཆུ་ནད་འགས་ཤིང་དུམ་བུར་སོང་བ་ཡོད་དེ། དེ་ནི་མཆུ་འགས་པའི་ནད་ཅེས་བྱའོ། །ཡང་ན་རླུང་གིས་མཆུ་རེངས་ཤིང་ཟུག་གཟེར་དང་བཅས་པ་དེ་ནི་རླུང་གི་མཆུ་ནད་ཅེས་བྱའོ། །མཆུ་དྲུད་ཅིང་དྲལ་བ་སྙམ་བྱེད་པ་དང༌། རེག་ན་རྩུབ་བོ་རུད་རུད་བེར་འདུག་པ་དང། མདོག་གནག་པ་དེ་ནི་མཆུ་གཤགས་པ་ལྟ་བུའི་ནད་ཅེས་བྱའོ། །མཁྲིས་པའི་མཆུ་ནད་ཀྱི་རྟགས་ནི་ཁ་ཟས་རྣོ་བ་ཟ་མི་འདོད་པ་དང༌། འབྲུམ་བུ་ཕྲ་མོ་སྐེ་ཚེའི་འབྲུ་ལྟ་བུས་ཁྱབ་པར་འདུག་པ་དང༌། དེ་ཡང་མྱུར་དུ་སྨིན་ཅིང་མང་དུ་རྣགས་པ་ཡིན་ནོ། །བད་ཀན་ལས་གྱུར་པའི་མཆུའི་ནད་ཀྱང་གྲང་བ་མི་བཟོད་པ་དང༌། ལྕི་བ་དང༌། སྐྲང་པ་ལྟར་འདུག་པ་དང༌། འབྲུམ་བུ་དཀར་པོས་ཁྱབ་པ་ལྟར་འདུག་པ་ཡིན་ནོ། །འདུས་པ་ལས་གྱུར་པའི་མཆུ་ནད་ནི། མདོག་སྣ་ཚོགས་སུ་འདུག་པ་དང༌། དྲིང་བ་དང༌། སྤྱི་བག་ཏུ་འཛག་པ་དང༌། གློ་བུར་དུ་མདོག་ནག་པོར་འགྱུར་བ་དང༌། སྐྲང་པ་དང༌། སྨིན་པ་མི་སྙོམས་པ་ཡིན་ནོ། །ཁྲག་འཁྲུགས་པ་ལས་གྱུར་པའི་མཆུ་ནད་ནི་མདོག་དམར་བ་དང༌། ཁྲག་ཟད་པ་དང༌། འབྲ་གོ་འདྲ་བའི་ཐོར་བུ་འབྱུང་བ་ཡིན་ནོ། །ཤ་ལས་གྱུར་པའི་མཆུ་ནད་ནི་ཤའི་འབྲུམ་བུ་མཆུ་ལ་སྣང་ཞིང་རིམ་གྱིས་སྲིན་བུ་སྐྱེ་བ་ཡིན་ནོ། །ཚིལ་ལས་གྱུར་པའི་མཆུའི་ནད་ནི་སྐྲང་ཞིང་རྣགས་ཏེ་འབྲུ་མར་ལྟ་བུར་འཛག་པ་དང༌། གཡའ་བ་དང་བཅས་ཤིང་རེག་ན་འཇམ་པ་ཡིན་ནོ། །སྣད་པ་ལས་མཆུ་ནད་དུ་གྱུར་པ་ནི་མཆུ་ཡང་དང་ཡང་གཤགས་ཤིང་བསྡུས་པ་སྙམ་སེམས་པ་དང༌། གཡའ་བ་རྣམས་ཡིན་ནོ། །རླུང་དང་བད་ཀན་འདྲེས་པའི་མཆུའི་ནད་ནི་ཆུ་བུར་ལྟ་བུའི་འབྲུམ་ནད་ཅེས་བྱའོ། །དེ་ལ་མཁུར་བའི་མེ་དབལ་ཕྲ་མོ་ཞེས་བྱ་བ་ནི་སྐྲང་པ་བརྟན་ཞིང་མཁུར་བ་ཉིད་ཚ་འུར་འུར་པོར་འདུག་པ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་སོ་
ནད་ནི་དྲོ་བས་རེག་ན་བདེ་བ་དང༌། གྲང་བས་རེག་ན་ལྷག་པར་ན་བ་དང༌། སོ་ཟུག་གཟེར་ཆེ་ཞིང་ཆག་པ་སྙམ་བྱེད་པ་ཡིན་ནོ། །དེ་ནི་སོ་ནད་གྲང་ཞིང་ཆག་པ་ལྟ་བུའི་ནད་ཅེས་བྱའོ། །རླུང་གིས་ཕོག་པ་དང་སྐྱུར་བའི་ཟས་ཀྱིས་སོ་བརྩེ་སྟེ། ཁ་ཟས་གྲང་མོ་ཟོས་ན་སོས་མི་བཟོད་པ་དང༌། སྐྱུར་བ་དེ་ཉིད་ཟོས་ན་ནད་དང་བཅས་ཤིང་བྱུང་བ་སྙམ་བྱེད་པ་དེ་ནི་སོ་བརྩེ་བའི་ནད་ཅེས་བྱའོ། །སོ་ན་ཞིང་ཟུག་ལ་བྱེ་ཞིང་ཆག་པར་འགྱུར་བ་ཡང་ཡོད་དེ་དེ་ནི་སོ་བྱེ་བའི་ནད་ཅེས་བྱའོ། །སོ་འགུལ་ཞིང་ཁ་ཟས་ཟོས་ན་ཆེར་ན་བ་ནི་སོ་འགུལ་བའི་ནད་ཅེས་བྱའོ། །གང་གི་སོ་བརྩེགས་མར་སྐྱེས་པ་ནི་སོ་ལྷག་གི་ནད་ཅེས་བྱའོ། །གང་གི་སོ་ལྷག་སྐྱེས་པའི་དུས་སུ་ལྷག་པར་ན་ཞིང་སྐྱེས་ཕན་ཆད་ཞི་བ་དེ་ནི་སོ་སྐྱེས་པའི་ནད་ཅེས་བྱའོ། །རླུང་དང་བད་ཀན་གྱིས་སོ་སྐམས་པ་འམ། སོའི་དྲི་མ་མ་བཀྲུས་པས་དྲི་མི་ཞིམ་པར་འགྱུར་ཏེ། དེ་ཉིད་ཡལ་བར་བོར་ན་སོ་ནད་ཁ་ར་ལྟ་བུ་ཞེས་བྱ་བ་འབྱུང་ངོ༌། །ཡང་གང་གི་སོ་དུམ་བུ་དུམ་བུར་ཡང་དང་ཡང་གོགས་པ་དེ་ནི་སོ་དུམ་བུར་གོགས་པའི་ནད་ཅེས་བྱའོ། །ཡང་ཁྲག་དང་མཁྲིས་པ་དང༌། རླུང་གིས་སོ་སྔོ་བསངས་སུ་གྱུར་པ་དེ་ནི་སོ་ནད་སྔོ་བསངས་ཞེས་བྱའོ། །སོའི་རྩ་བར་རླུང་ལ་སོགས་པའི་ཉེས་པ་འཁྲུགས་ཏེ། སོའི་ནང་སྐམས་ཤིང་སྟོང་པར་བྱས་ནས་དྲི་མས་གང་བར་འགྱུར་ཏེ། དེ་ནི་སོ་རྩའི་ནད་ཁོང་སྟོང་ཞེས་བྱའོ། །ཡང་སོའི་རྩ་བ་རྣམས་སུ་སྲིན་བུ་ཕྲ་མོ་སྐྱེས་ནས་ལྡང་དུབ་ཏུ་དྲག་ཏུ་ན་བ་དང་འགུལ་པ་དེ་ནི་སྲིན་བུའི་ནད་རྣག་ཅན་ཞེས་བྱའོ། །ཡང་སོ་ཕྱུང་བ་ལས་རྣག་དང་ཁྲག་འཛག་སྟེ། དེའི་ནང་དུ་སྲིན་བུ་སྐྱེ་བ་ནི་སོ་ནད་སྲིན་བུ་ཅན་ཞེས་བྱའོ། །གཞན་གྱི་རྒྱུ་མེད་པར་བད་ཀན་དང་ཁྲག་གཉིས་ཀྱིས་རྣག་དང་ཁྲག་འཛག་ལ། སོའི་རྙིལ་རང་འབབ་པ་དང༌། རེག་ན་འཇམ་པ་དང༌། རུལ་བ་དང༌། མདོག་དཀར་བར་འགྱུར་ཏེ། དེ་ནི་སོ་ནད་ཁྲག་འཛག་པ་ཞེས་བྱའོ། །གྲང་ཞིང་བསིལ་བའི་ཉེས་པས་མཁྲིས་པ་དང་ཁྲག་སྐྱེས་ཏེ་སྨིན་པ་དང༌། སོའི་རྙིལ་ཚོས་པར་བྱེད་པ་དང༌། ཤ་གློ་ཞིང་ཁྲག་འབྱུང་བ་སྟེ། དེ་ནི་ཨུ་པ་ཀོ་ཤ་ཞེས་བྱ་བའི་སོ་ནད་ཅེས་བྱའོ། །སོ་རྩི་གཡའ་སྟེ་ཁྲག་གིས་གང་ཞིང་ཁྲག་འཛག་པ་དེ་ནི་ཁྲག་
འཛག་པའི་རྙིལ་ནད་ཅེས་བྱའོ། །སོ་འགུལ་ཞིང་ཟུག་གཟེར་ཆུང་ལ་ཁ་རུལ་བྲོ་བ་དེ་ནི་རུལ་བའི་རྙིལ་ནད་ཅེས་བྱའོ། །བད་ཀན་དང་ཁྲག་གི་རྒྱུས་སོ་གཉིས་སམ་གསུམ་གྱི་བར་དུ་རྒྱ་ཤུག་གི་ཚི་གུ་ཙམ་སྐྲངས་པ་དེ་ནི་སོའི་ནད་ཤ་འབུར་བ་ཞེས་བྱའོ། །ནད་གཞི་གསུམ་ཁྲག་དང་བཅས་པས་རྙིལ་ཕྱི་ནང་དུ་སྐྲང་ཞིང་ལྕི་བ་དང༌། ན་བ་དང༌། ཚ་བ་དང༌། བརྟོལ་ན་རྣག་དང་ཁྲག་འཛག་པ་དེ་ནི་སོ་རྙིལ་གྱི་འབྲས་ནད་ཅེས་བྱའོ། །མཁྲིས་པ་དང་ཁྲག་གིས་སོའི་རྩ་བར་སྐྲངས་པ་དང༌། ན་བ་དང༌། ཁ་ཆུ་འཛག་པ་དང༌། རྙིལ་རང་ཉིད་འདྲུལ་ཞིང་འབྱུང་བ་དེ་ནི་ཁོང་སྟོང་ཞེས་བྱའོ། །འདུས་པ་ལས་གྱུར་པའི་སོ་རྩའི་ནད་ནི་ཚ་བ་དང་ལྡན་ཞིང་རྣག་ཁྲག་འཛག་པ་དང༌། སོ་དང་འབྲེལ་བའི་རྒྱུས་པ་རྙིད་ཅིང་སྟོང་པ་དེ་ནི་སོ་རྩའི་ནད་ཁོང་སྟོང་ཆེན་པོ་ཞེས་བྱ་བ་ཡིན་ནོ། །བད་ཀན་གྱིས་སོའི་བར་དུ་ཤའི་གཟེར་བུ་ལྟ་བུར་སྐྲངས་པ་དང། འགྲམ་པ་དང་རྣ་བ་རབ་ཏུ་ན་བ་དང༌། གསོ་བ་བྱས་ཀྱང་མི་རུང་བ་དེ་ནི་སོའི་ཤ་ལྷག་ཅེས་བྱའོ། །གློ་བུར་དུ་སོ་ཤིང་ལ་སོགས་པས་སྣད་ཅིང་རེག་པ་ལས་རྙིལ་གྱི་ནད་དྲག་ཅིང་ཆེ་བ་འབྱུང་སྟེ། གོང་དུ་སོ་འགུལ་བ་དེ་ནི་བི་ད་རི་ཞེས་བྱ་བའི་སོ་རྩའི་ནད་ཡིན་ནོ། །རྙིལ་གྱི་ནད་དེ་གསོ་བ་མ་བྱས་ན་ནི་གསོར་མི་རུང་བའི་ནད་དུ་འགྱུར་རོ། །ཁའི་ནང་དུ་ནད་གཞི་རྣམས་ཀྱིས་པགས་པ་དང༌། ཤ་དང་རུས་པ་རྣམས་རུལ་བར་བྱས་ཏེ། ཉེས་པ་རྣག་དང་བཅས་པར་རྩ་སྦུབས་ཕྲ་མོ་ནས་ཡང་དང་ཡང་འཛག་པ་ཡོད་དེ། དེ་ཡང་ནད་གཞི་རྣམ་པ་ལྔ་སོ་སོའི་མཚན་ཉིད་བཞིན་དུ་ཤེས་པར་བྱའོ། །དེ་ལ་རླུང་ལས་གྱུར་པའི་ལྕེའི་ནད་ནི་ལྕེ་རྩུབ་པ་ཤ་ཁའི་ལོ་མ་འདྲ་བ་དང༌། རོ་མི་ཚོར་བ་དང༌། ལྕེ་གས་པ་རྣམས་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་ལྕེའི་ནད་ནི་ཚ་བ་དང༌། ཤའི་འབྲུམ་བུ་མདོག་དམར་པོས་ཁེབས་པ་ཡིན་ནོ། །བད་ཀན་ལས་གྱུར་པའི་ལྕེའི་ནད་ནི་ཤིང་ཤལ་མ་ལའི་ཚེར་མས་ཁེབས་པ་ལྟ་བུར་འདུག་པ་དང་ལྕི་ཞིང་མཐུག་པ་དག་ཡིན་ནོ། །བད་ཀན་དང་མཁྲིས་པར་ལྡན་པའི་ལྕེའི་ནད་ནི་ལྕེའི་འོག་ཏུ་སྐྲང་ཞིང་མཐོ་བ་དང༌། ལྕེ་གྱོང་བ་དང༌། སྨིན་པ་དང༌། ཉའི་དྲི་བྲོ་བ་
དང། ལྕེའི་ཤ་འདྲུལ་བ་དེ་ནི་ལྕེ་ནད་ཨ་ལ་ས་ཞེས་བྱའོ། །ལྕེའི་འོག་གི་རྩར་ལྕེའི་རྩེ་མོ་འདྲ་བར་སྐྲང་ཞིང་ཤའི་མྱུ་གུ་སྐྱེས་ཏེ་ཁ་ཆུ་འཛག་པ་དང༌། ལྕེ་རེངས་པ་དང༌། རེག་ན་རྩུབ་པ་དེ་ནི་བད་ཀན་དང་མཁྲིས་པ་དང་ཁྲག་ལས་གྱུར་པ་ཡིན་ཏེ། དེ་ནི་ལྕེ་ལྷག་ཅེས་བྱ་སྟེ། ན་ཞིང་གཡའ་བ་དང༌། སྨྲ་མི་ནུས་ཤིང་ཁ་ཟས་ཟ་མི་ནུས་པར་འགྱུར་རོ། །དེ་དང་འདྲ་བར་ལྕེ་ཕུགས་སུ་ཡང་ལྕེ་ལྷག་སྐྱེས་པ་ཡིན་ཏེ་དེ་ནི་ལྕེའི་སྟེང་ན་གནས་པ་ཡིན་ནོ། །དེ་ལ་རྐན་གྱི་ཤ་ནང་དུ་རླུང་འཁྲུགས་ཏེ། འབྲུམ་བུ་ཕྲ་མོ་སྲ་བ་མང་དུ་མཐུག་པ་འབྱུང་སྟེ། དེ་ཡང་ནད་དང་བཅས་ཤིང་འཛག་པ་དང་ལྡན་པ་དེ་ནི་བད་ཀན་གྱི་འབྲུམ་བུ་ཞེས་བྱའོ། །རྐན་ཕུགས་སུ་བད་ཀན་དང་ཁྲག་འཁྲུགས་ཏེ། ཉའི་ལྒང་པ་འདྲ་བར་སྐྲང་ཞིང་འོག་ཏུ་བབ་སྟེ། རེག་ན་འཇམ་པ་དང༌། སྤྱི་བག་ཏུ་འདུག་པ་དང༌། ཟས་ཟོས་པ་རྣམས་སྣ་ནས་འབྱུང་ཞིང༌། ལྐོག་མ་འགག་པར་བྱེད་པ་དང༌། སྐོམ་དད་ཆེ་བ་དང༌། ལུད་པ་ལུ་བ་དང༌། སྐྱུག་པར་བྱེད་དེ་དེའི་མིང་ནི་ལྕེའུ་ཆུང་གི་ནད་ཅེས་བྱའོ། །ཡང་རྐན་གྱི་ནང་གི་ཤ་ཆེར་སྐྱེས་ཏེ་ནད་མེད་པ་དེ་ནི་ཤའི་ཚོགས་ཞེས་བྱ་བའི་ནད་ཡིན་ནོ། །རྐན་གྱི་ཕུགས་སུ་པདྨ་དམར་པོའི་མདོག་དང་འདྲ་བར་སྐྲངས་པ་དེ་ནི་རྐན་གྱི་ནད་ཆུ་བུར་ལྟ་བུ་ཞེས་བྱའོ། །ཡང་རྐན་གྱི་དབུས་སུ་རུས་སྦལ་གྱི་རྒྱབ་འདྲ་བའི་ཤ་ཡུན་རིང་པོ་ནས་འཕེལ་ཞིང་སྐྱེ་ལ་ནད་མེད་པ་དེ་ནི་བད་ཀན་ལས་གྱུར་པ་ཡིན་ཏེ། དེ་ནི་རུས་སྦལ་གྱི་རྒྱབ་འདྲ་བའི་ནད་ཅེས་བྱའོ། །ཡང་རྐན་ལ་རྒྱ་ཤུག་གི་འབྲས་བུ་ལྟ་བུའི་འབྲུམ་བུ་ནད་མེད་ཅིང་བརྟན་པར་འདུག་པ་དེ་ནི་བད་ཀན་དང་ཚིལ་ལས་གྱུར་པ་ཡིན་ཏེ་དེ་ནི་རྐན་གྱི་ནད་འབུར་བ་ཞེས་བྱའོ། །མཁྲིས་པ་ལས་གྱུར་པའི་རྐན་གྱི་ནད་ནི་མྱུར་དུ་སྨིན་པ་དང༌། རྣག་འཛག་ཅིང་ཆེར་ན་བ་དེ་ནི་རྐན་ནད་སྨིན་པ་ཞེས་བྱའོ། །རླུང་དང་མཁྲིས་པའི་རྐན་ནད་ནི་ཚ་བ་དང༌། བྱ་རྨྱང་བྱེད་པ་དང༌། རྐན་སྐམས་པ་དེ་ནི་རྐན་སྐམས་པའི་ནད་ཅེས་བྱའོ། །དེ་ལྟར་ན་རྐན་ནད་བརྒྱད་དུ་བཤད་པ་ཡིན་ནོ། །ལྕེའི་རྩ་བ་ལྐོག་མ་དང་འབྲེལ་པའི་ནང་དུ་ཤའི་
མྱུ་གུ་ལྟ་བུར་སྐྱེས་ཏེ། མྱུར་དུ་འཕེལ་ཞིང་མགུལ་བ་སྐེམ་པ་ལ་འཕྲལ་བ་དང༌། རྣ་བ་ན་བ་དེ་ནི་རླུང་ལས་གྱུར་པ་ཡིན་ནོ། །ཤ་ལྷག་དེ་མྱུར་དུ་མི་བཟད་པར་སྲ་ལ་རྒྱུན་སྲང་རྣམས་བཀག་ནས་འདུག་པ་དེ་ནི་རོ་ཧི་ན་ཞེས་བྱ་སྟེ། མྱུར་དུ་མ་གསོས་ན་སྲོག་ལ་འབབ་པར་འགྱུར་བས་གསོ་བ་མྱུར་དུ་བྱའོ། །མཁྲིས་པ་ལས་གྱུར་པའི་ལྐོག་མའི་ནད་ནི་ཚ་ཞིང་རབ་ཏུ་ན་བ་དང༌། སྐོམ་དད་ཆེ་བ་དང༌། རྨོངས་བག་ཏུ་འདུག་པ་དང༌། ལྐོག་མར་དུད་པས་བདུག་པ་སྙམ་བྱེད་པ་དང༌། ནད་མྱུར་དུ་འཕེལ་བ་དང༌། མྱུར་དུ་སྨིན་པ་དང། ལྷག་པར་དམར་བ་དང༌། རེག་མི་བཟོད་པ་དག་ཡིན་ནོ། །བད་ཀན་ལས་གྱུར་པའི་ལྐོག་མའི་ནད་ནི་འཇམ་ཞིང་དཀར་བ་ཡིན་ནོ། །ཁྲག་ལས་གྱུར་པ་ནི་འབྲུམ་བུ་ཕྲ་མོ་མེའི་འདབ་མ་ལྟར་དམར་བས་ཁྱབ་པ་དང༌། རྣ་བ་ན་བར་བྱེད་པ་དང་མཚན་མ་གཞན་ནི་ལྐོག་མའི་མཁྲིས་པའི་ནད་དང་འདྲའོ། །འདུས་པ་ལས་གྱུར་པའི་ནད་ནི་ཟབས་སུ་སྨིན་ཅིང་མཚན་མ་ཀུན་དང་ལྡན་པ་ཡིན་ནོ། །བད་ཀན་ཤས་ཆེ་བའི་ལྐོག་མའི་ནད་ནི་རྒྱ་ཤུག་གི་འབྲས་བུ་ཙམ་དུ་སྐྲང་ཞིང་གོང་བུར་འདུག་པ་ཡིན་ཏེ། དེ་ཡང་ནང་དུ་ཚེར་མས་ཟུག་པ་བཞིན་དུ་ན་ལ་རྒྱུན་སྲང་འགགས་པ་དེ་ནི་ཤ་ལུ་ཀ་ཞེས་བྱའོ། །ལྐོག་མའི་ནང་དུ་འབྲུམ་བུ་མཐོ་ཞིང་ཟླུམ་པ་འབྱུང་སྟེ། དེ་ཡང་ཚ་འུར་འུར་པོར་འདུག་པ་དང༌། རིམས་ཀྱིས་འདེབས་པ་དང༌། ལྐོག་མའི་ངོས་གཉིས་སུ་མཆེད་ཅིང་འགྲམ་པའི་ཚིགས་གཉིས་སུ་བརྟེན་པ་དང༌། མགུལ་བའི་ནང་དུ་རས་བལ་གྱི་འབྲས་བུ་འདྲ་བར་འདུག་པ་དེ་ནི་ལྐོག་ནད་བྲིན་ད་ཞེས་བྱའོ། །ཡང་མགུལ་བའི་ནད་ནང་སྐྲང་ཞིང་རེག་ན་སྤྱི་བག་ཏུ་འདུག་པ་དེ་ནི་ལྐོག་མའི་ནང་དུ་དྷི་ཀེ་རི་ཀ་ཞེས་བྱའོ། །ཡང་ན་ལྐོག་མའི་ཕྱི་ནང་དུ་ཚབས་ཆེར་སྐྲང་ཞིང་བརྟན་པ་དང༌། དྲ་བས་འགུལ་བའི་ལམ་བཀག་པ་དང༌། མགོ་ལྕི་བ་དང༌། སྙོམ་པ་དང༌། ཁ་ཆུ་འཛག་པ་དང༌། རིམས་ཀྱིས་འདེབས་པར་བྱེད་པ་ཡིན་ཏེ། དེ་ནི་ལྐོག་མའི་ནད་གསོ་དཀའ་ཞེས་བྱའོ། །ཡང་ལྐོག་མའི་ནང་དུ་གདུ་བུ་ལྟར་སྐྲངས་ཏེ། དེ་
ཡང་རྒྱ་ཆེ་བ་དང༌། མཐོན་པོར་འདུག་ལ་ནད་ཚབས་ཆུང་བ་ནི་ལྐོག་མའི་ནད་གདུ་བུ་ལྟ་བུ་ཞེས་བྱའོ། །ཡང་ལྐོག་མའི་ནང་དུ་ནད་གཞིའི་ཉེས་པ་དང༌། ཤའི་མཛེར་པ་གཅིག་གམ་མང་ཡང་རུང་སྐྱེས་ལ། དེ་ཡང་ནད་ཆུང་བ་ལ་ནི་ཤ་མཛེར་ལྟ་བུའི་ལྐོག་ནད་ཅེས་བྱའོ། །ནད་ཀྱིས་རྩ་རྣམས་སུ་ཁྱབ་སྟེ་དབུགས་ཤིན་ཏུ་དཀའ་བས་འཐོན་པ་དེ་ནི་ལྐོག་ནད་ཀྱི་ལ་ཡུ་ཀ་ཞེས་བྱའོ། །ལྐོག་མའི་ནང་དུ་ཤའི་མྱུ་གུ་མང་པོས་ཁྱབ་སྟེ། ཤིན་ཏུ་སྐོམ་དད་ཆེ་བ་དང༌། ཚ་བ་ཆེ་བ་དང༌། མགོ་བོ་ན་བ་དེ་ནི་ཤའི་མྱུ་གུ་ལྟ་བུའི་ནད་ཅེས་བྱའོ། །ལྐོག་མའི་ནད་ཤའི་རེང་བུ་ལྟ་བུས་ལྐོག་མའི་ནང་ཁྱབ་སྟེ། ཆབས་ཆེར་ན་བ་ནི་ཤ་ཏག་གྷི་ནེ་ཞེས་བྱའོ། །ལྐོག་མའི་ནང་དུ་ནད་ཀྱིས་མྱུར་དུ་ཁྱབ་པ་དང༌། ཚབས་ཆེར་ན་བ་དང༌། ལྐོག་མའི་ནང་དུ་སྐྲང་བ་དང༌། རྣག་དང་འདྲ་བ་འཛག་པ་དེ་ནི་ལྐོག་མའི་འབྲས་ནད་ཅེས་བྱའོ། །ལྐོག་མ་ནས་ལྕེའི་ཐ་མའི་བར་དུ་སྨིན་མི་ཤེས་པར་སྐྲང་ཞིང་ཁྲག་དང་བཅས་པར་བརྟན་པར་བྱེད་པ་དེ་ནི་ལྐོག་མའི་ནད་རྨེན་བུ་ཞེས་བྱའོ། །རླུང་དང་བད་ཀན་དང་ཚིལ་གྱིས་སྐྲངས་པ་ཡུན་རིང་པོ་ནས་འཕེལ་ཞིང༌། རླིག་པ་བཞིན་དུ་ཕྱི་རོལ་དུ་གློ་བར་སྐྱེ་བ་དེ་ནི་ལྐོག་མའི་ནད་ལྦ་བ་ཅན་ཞེས་བྱའོ། །ཡང་ན་དེ་ཉིད་རྩ་གནག་ཅིང་ཤས་ཆེར་ན་བ་དང༌། རྩ་སྔོ་བསངས་ཀྱིས་ཁྱབ་པ་དང༌། ལྐོག་མ་དང། རྐན་སྐམས་པ་དང༌། ལྕེས་རོ་མི་ཚོར་བ་དེ་ནི་རླུང་གི་ལྐོག་མའི་ནད་ཅེས་བྱའོ། །བད་ཀན་ལས་གྱུར་པའི་ལྐོག་མའི་ལྦ་བ་ནི་བརྟན་པ་དང༌། མདོག་དཀར་བ་དང༌། རེག་ན་གྲང་བ་དང་ལྕི་བ་ཡིན་ཏེ། ཚབས་ཆེར་སྐྱེས་ན་ནི་ལྐོག་མ་དང་རྐན་བད་ཀན་གྱིས་རླུང་གཡོས་ཤིང་ཁ་མངར་བ་ཡིན་ནོ། །བད་ཀན་དང་ཚིལ་འདྲེས་པ་ལས་གྱུར་པའི་ལྐོག་ནད་ལྦ་བ་ཆེར་སྐྱེས་ན་ནི་དྲོད་མེད་པ་དང༌། ལུས་ལ་ཆེར་མཆེད་པ་དང༌། སྒྲ་ངར་ངར་པོར་འདོན་ཅིང་སྐད་ཆུང་བར་འགྱུར་རོ། །བད་ཀན་གྱིས་རླུང་བཀག་སྟེ་མགུལ་པ་སྐམས་ཤིང་སྐད་འགགས་པ་དང༌། ཏ་མྱ་འཁྲུགས་པ་དང༌། རྟག་ཏུ་དབུགས་མི་བདེ་བ་ཡིན་ཏེ། དེ་ནི་ལྐོག་མའི་ནད་སྐད་ཉམས་པ་ཞེས་བྱའོ། །རླུང་གིས་ཁའི་ནང་ཀུན་དུ་རྨ་སྐྱེད་དེ། རྨ་དེ་ཡང་མདོག་དམར་སྐྱར་འདུག་པ་དང༌། རྩུབ་པ་དང༌། ཕན་ཚུན་འཕོ་བ་དང༌། མཆུ་ཤིན་ཏུ་དམར་བ་དང༌། པགས་པ་འགུལ་བ་དང༌། ལྕེས་གྲང་བ་མི་བཟོད་པ་དང༌། ལྕེ་བསྒུལ་
དཀའ་བ་དང༌། འགགས་པ་དང༌། ཚེར་མ་གཤིབས་པ་ལྟར་འདུག་པ་དང༌། ལྕེ་འབྱིན་པར་དཀའ་བ་དེ་ནི་ཁའི་ནད་སྨིན་པ་ཞེས་བྱའོ། །གཞང་འབྲུམ་དང༌། སྐྲན་དང༌། བད་ཀན་རྣམས་ཀྱིས་སྨད་ཀྱི་རླུང་རང་གི་གནས་ནས་ཉམས་པར་བྱས་ནས་སྟོད་དུ་འབྱུང་སྟེ། ཁ་དྲི་མི་ཞིམ་པར་བྱེད་པ་ནི་ཨུར་དྷ་གྷུ་ད་ཞེས་བྱའོ། །མཁྲིས་པ་ལས་གྱུར་པའི་ཁའི་ནད་ནི་སྨིན་པ་དང༌། ཚ་འུར་འུར་པོ་དང༌། དབུགས་གྲང་མོ་རྔུབ་འདོད་པ་དང༌། ཁ་བྲོ་བ་དང༌། སྣད་པ་རྨའི་སྟེང་དུ་ཐལ་སྨན་བླུགས་པ་སྙམ་སེམས་པ་ཡིན་ནོ། །ཁྲག་ལས་གྱུར་པའི་ཁ་ནད་ཀྱང་དེ་དང་འདྲ་བར་བལྟའོ། །བད་ཀན་ལས་གྱུར་པའི་ཁའི་ནད་ནི་ཁ་མངར་བ་དང༌། གཡའ་བ་དང༌། རྨ་འབྱིལ་བག་ཅན་དུ་ཡང་འདུག་པ་ཡིན་ནོ། །ཡང་བད་ཀན་ལས་གྱུར་པའི་འབྲུམ་བུ་མཁུར་ཚོས་ཀྱི་ནང་དུ་བརྟེན་ཏེ་འབྱུང་བ་མདོག་གནག་ཅིང་སྐྱ་བ་སྐྱེས་ཏེ་བདར་ཞིང་བཅད་དེ་མཉེས་པ་ལ་སོགས་པ་བྱས་ན་ནི་ཕྱིར་ཞིང་ཐུ་བར་བྱེད་དོ། །ནད་གཞི་འདུས་པ་ལས་ཁྲག་དང་བཅས་པའི་ཁ་ནད་སྨིན་པ་ནི་ནད་གཞི་ཀུན་གྱི་མཚན་མ་དང་ལྡན་པ་ཡིན་ནོ། །སོ་ཤིང་ལ་སོགས་པས་ཁའི་ནང་མ་རུངས་པར་བྱས་ཏེ་རྣག་འཛག་པར་གྱུར་ན་ནི་ཁ་ནད་རྣག་འཛག་པར་འགྱུར་བ་ཞེས་བྱ་སྟེ། དེ་ལྟར་ཁ་ནད་རྣམ་པ་བརྒྱད་དུ་བཤད་པ་ཡིན་ནོ། །མཆུ་དང་མཁུར་ཚོས་དང༌། སོ་དང༌། སོའི་རྩ་བ་དང༌། ལྕེ་དང༌། རྐན་དང༌། མགུལ་པ་དང༌། ཁ་དང་འདི་རྣམས་ཀུན་ལ་སྤྱིར་ནད་བདུན་ཅུ་རྩ་ལྔར་བཤད་དེ། དེ་ཡང་བཅུ་གཅིག་དང༌། གཅིག་དང༌། བཅུ་དང༌། བཅུ་གསུམ་དང༌། དྲུག་དང༌། བརྒྱད་དང༌། བཅོ་བརྒྱད་དང༌། བརྒྱད་དེ་མཆུ་ལ་སོགས་པའི་ནད་དང་གོ་རིམས་བཞིན་དུ་སྦྱར་རོ། །སོའི་ནད་ཀ་ར་ལ་དང༌། ཤ་དང་ཁྲག་ལས་སྐྱེས་པའི་མཆུ་ནད་དང༌། མཆུའི་འབྲུམ་བུ་དང༌། འབྲུམ་བུ་སྐམ་པོ་དང༌། རུས་སྦལ་གྱི་རྒྱབ་འདྲ་བའི་ནད་དང༌། ཤ་ལུཀ་དང༌། ཁོང་སྟོང་དང༌། ཁོང་སྟོང་ཆེན་པོ་རྣམས་གསོར་མི་རུང་ངོ༌། །སྐད་ཉམས་པ་དང༌། ཨུར་དྷ་གུ་ད་དང༌། སྔོ་བསངས་དང༌། ཤག་ཏག་གྷི་ནི་དང༌། གདུ་བུ་ལྟ་བུ་དང༌། རྨ་འཁྱིལ་པ་ལྟ་བུའི་ནད་དང༌། འདུས་པ་ལས་གྱུར་པ་དང༌།
ཁྲག་ལས་གྱུར་པ་དང༌། རོ་ཧི་ནའི་ནད་ཐམས་ཅད་དང༌། སོ་འགས་པའི་ནད་དང༌། སོ་ཆག་པ་དང༌། སྨིན་པའི་ནད་དང༌། ལྕེ་ལྷག་དང༌། ལྦ་བ་དང༌། སྐད་ཉམས་པ་དང༌། དབུགས་དཀའ་བས་ཐོན་པ་དང༌། ཁ་ནད་སྨིན་པ་དང༌། སོ་བརྩེ་བའི་ནད་དང༌། སོ་གོགས་པའི་ནད་དང༌། དེ་དག་ནི་མི་ལ་བ་ཙམ་དུ་གསོར་རུང་ངོ༌། །ལྷག་མ་ནི་མཚོན་དང༌། སྨན་གྱིས་གསོ་བར་བྱའོ། །ཁ་ནད་ཀྱི་དམིགས་བརྟག་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པ་རྫོགས་སོ།། །།དེ་ནས་ཁ་ནད་གསོ་བའི་ལེའུ་བཤད་པར་བྱའོ། །དེ་ལ་མཆུ་འགས་པའི་ནད་ལ་ནི་དང་པོ་མཚོན་གྱིས་དྲས་ཏེ། དེའི་འོག་ཏུ་བཙེམས་ལ་དེ་ནས་རྨ་གསོ་བའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱའོ། །ཤིང་མངར་དང༌། ཁྲེ་དང༌། སེང་ཕྲོམ་དང༌། ཤྲ་བ་ནི་དང༌། ཐལ་ཏྲེས་དང༌། ཨུཏྤ་ལ་དང༌། པ་ཏོ་ལ་དང༌། ཀ་ཀ་མ་ཙི་དང༌། དེ་རྣམས་ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ་བསྐུ་བར་བྱའོ། །ཡང་ན་སྣུམ་འཇོམས་པའི་སྨན་མངར་བ་ཇི་སྙེད་པ་ཏིལ་མར་དང་བསྐོལ་ཏེ། ཏིལ་མར་ལུས་པ་ལས་སྣ་སྨན་དུ་སྦྱར་རོ། །ཡང་ན་སྣུམ་ཆེན་པོ་བཞིས་རླུང་འཇོམས་པའི་སྨན་དང་བསྐོལ་བའི་མར་གྱིས་རས་བལ་གྱི་འདབ་མ་དང་བསྒོས་ཏེ་མཆུ་ལ་གླན་ན་རླུང་ལས་གྱུར་པའི་མཆུའི་ནད་སེལ་ཏོ། །སཱ་ལའི་ཐང་ཆུ་སྤྲ་ཚིལ་དང༌། གུ་གུལ་དང༌། ཐང་ཤིང་དང༌། ཤིང་མངར་དང་དེ་རྣམས་ཀྱི་ཕྱེ་མས་རྨ་ལ་གདབ་པར་བྱའོ། །མཆུ་གཤགས་པ་ལྟ་བུའི་ནད་ལ་ནི་ཨེ་རཎྜའི་ལོ་མ་དང་འོ་མ་བསྐོལ་བས་དུགས་བྱའོ། །མཆུ་འགས་པའི་སྣ་སྨན་དུ་བཤད་པ་ཡང་འདིར་ཀླད་པར་དུགས་བྱ་སྟེ་ཉམས་བརྟ་བར་བྱའོ། །མཁྲིས་པ་དང་སྣད་པ་ལས་གྱུར་པའི་མཆུ་ནད་ལ་ནི་སྲིན་བུ་པད་པས་ཁྲག་དབྱུང་ངོ༌། །ཡང་ན་སེང་ཕྲོམ་དང༌། སྲ་རྩི་ཕོག་དང༌། ཤིང་མངར་དང༌། སྦྲང་རྩི་དང་བཅས་པའི་ཕྱེ་མས་མཆུ་ལ་གདབ་པོ། །ཡང་ན་སླེ་ཏྲེས་དང༌། ཤིང་མངར་དང༌། རྨ་ཤེང་མར་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་བསྐུ་བྱུག་བྱའོ། །ཤ་དང་ཁྲག་ལས་གྱུར་པའི་མཆུ་ནད་ལ་ནི་མཁྲིས་པའི་ཁོང་འབྲས་ཀྱི་གསོ་བ་འདིར་སྦྱར་རོ། །
མཆུ་ནད་གསར་དུ་བྱུང་བ་ལ་ཡང་དེ་བཞིན་དུ་བྱའོ། །བད་ཀན་ལས་གྱུར་པའི་མཆུ་ནད་ལ་ནི་ཁྲག་གཏར་ཏེ། དེའི་འོག་ཏུ་པ་ཏིའི་ཐལ་བ་དང༌། སྦྲང་རྩི་དང་ཚ་བ་གསུམ་སྦྱར་བས་བསྐུའོ། །དེ་བཞིན་དུ་དུ་བ་བཏང་བ་དང༌། སྣ་སྨན་དང་མཁུར་བར་བཅང་བ་རྣམས་ཀྱང་བད་ཀན་འཇོམས་པའི་སྨན་དང་སྦྱར་བ་གཏང་ངོ༌། །ཚིལ་ལས་གྱུར་པའི་མཆུ་ནད་ལ་ནི། ཐོག་མར་དུགས་བྱས་ལ་དེའི་འོག་ཏུ་དྲལ་ཏེ་ཚིལ་ཕྱུང་ལ་དེ་ནས་མེས་བསྲེགས་ཏེ། པྲི་ཡང་ཀུ་དང༌། སེང་ཕྲོམ་དང༌། འབྲས་བུ་གསུམ་དང༌། སྦྲང་རྩི་དང་སྦྱར་བས་བསྐུ་བར་བྱའོ། །ཆུ་བུར་ལྟ་བུའི་མཆུའི་ནད་ལ་ནི་ཐོག་མར་བརྟོལ་ལ། སྨན་རྣོན་པོ་དང་སྦྲང་རྩི་དང་སྦྱར་བས་བྱུག་པར་བྱའོ། །ཆུ་བུར་དེ་ཚབས་ཆེར་སྐྱེས་པ་ལ་ནི་ཐལ་སྨན་ནམ་མེའི་ལས་ཀྱིས་གསོ་བར་བྱའོ། །མཁུར་བའི་ནད་མེ་དབལ་ཕྲ་མོས་ཁྱབ་པ་ལ་ནི་སྐྲང་ནད་ཀྱི་གསོ་བ་ཐམས་ཅད་འདིར་སྦྱར་རོ། །སོ་ནད་གསོ་བ། དེ་ལ་རླུང་ལས་གྱུར་པའི་སོ་ནད་ལ་ནི་ཐོག་མར་དུགས་བྱ་སྟེ། དེའི་འོག་ཏུ་སོ་རྩ་མཚོན་གྱིས་དྲལ་ལ་མེས་བསྲེག་གོ །གླ་སྒང་དང༌། རྒྱམ་ཚ་ཤས་ཆེ་བ་དང༌། སྦྲང་རྩི་དང་ཏིལ་མར་སྦྱར་བས་བསྐུའོ། །སེའི་ཤུན་པ་དང༌། འབྲས་བུ་གསུམ་དང༌། སྐྱེར་ཁཎྜ་དང༌། འཛམ་བུའི་རྐང་དང༌། པྲི་ཡང་ཀུ་དང༌། བཅའ་སྒ་དང༌། དེ་རྣམས་འོ་མ་དང་ལྷན་ཅིག་བསྐོལ་བའི་ཁུ་བ་མཁུར་བར་བཅང་ངོ༌། །ཨེ་རཎྜའི་མར་སྣ་སྨན་དུ་སྦྱར་རོ། །སོ་བརྩེ་བ་དང༌། སོ་བྱེ་བའི་ནད་ལ་ནི་རླུང་འཇོམས་པའི་གསོ་བ་ཐམས་ཅད་བྱའོ། །ཡང་ན་ཏིལ་མར་དང༌། ཤིང་མངར་དང༌། སྦྲང་རྩི་དང༌། འོ་མ་རྣམས་བསྐོལ་ཏེ། མཁུར་བར་བཅང་ངོ༌། །སོ་འགུལ་བའི་ནད་ལ་ནི་རྩ་བ་བཅུ་པ་མར་དང་བསྐོལ་ཏེ་མཁུར་བར་བཅངས་ན་ཕན་ནོ། །ཡང་ན་སྤངས་མ་དང༌། སེང་ཕྲོམ་དང༌། པི་པི་ལིང་དང༌། འབྲས་བུ་གསུམ་དང། ཤིང་མངར་དང༌། ལན་ཚྭ་དང༌། དེ་རྣམས་བདར་བའི་ཁུ་བ་སྨན་དུ་སྦྱར་རོ། །སྣར་བླུགས་པ་དང་མཁུར་བ་སྤོ་བ་དང༌། ཁ་ཟས་ལ་སོགས་པ་ཡང་གནས་སྐབས་ཇི་ལྟ་བ་བཞིན་དུ་སྣུམ་དང་སྦྱར་བ་གཏང་ངོ༌། །སོ་ལྷག་གི་ནད་དང༌། སོ་དུམ་བུར་གོགས་པ་
གཉིས་ལ་ནི་ཐལ་སྨན་གང་རྙེད་པས་སོ་བསྐུ་བར་བྱའོ། །སོའི་ནད་སྲིན་བུ་ཅན་ནི་ཐོག་མར་བཏྲལ་ལ། གོང་མ་བཞིན་དུ་ཐལ་སྨན་གྱིས་བཏབ་སྟེ་ཁྲག་གཟགས་ལ། ཁྲག་ཟད་པ་དང་བསྲེགས་ལ་རྨ་གསོ་བའི་ཆོ་ག་ཐམས་ཅད་བྱའོ། །སོ་ནད་ཤ་ཁ་ར་ཞེས་བྱ་བ་ལ་ནི། ཨ་ཧྲིད་ཤྲ་དང་དནདའི་རྩ་བ་གཉིས་ཀྱིས་སོ་བྲུད་ལ། དེའི་འོག་ཏུ་ཐལ་སྨན་གྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་བསྐུའོ། །སོ་ནད་དུམ་བུར་གོགས་པ་ལ་ནི་སོ་བརྩེ་བའི་གསོ་བ་རྣམས་འདིར་སྤྱད་དོ། །སོ་ནད་སྲིན་བུ་ཅན་སོ་མི་འགུལ་བ་ལ་ནི་ཐོག་མར་དུགས་བྱས་ལ་ཁྲག་དབྱུང་ངོ༌། །སྣུམ་ཆོས་བྱ་བ་དང༌། བྱུག་པ་དང༌། མཁུར་བར་བཅང་བ་དང༌། སྣར་བླུགས་པ་ལ་སོགས་པ་རླུང་འཇོམས་པའི་སྨན་དང༌། སྣུམ་དང་བཅས་པར་སྦྱར་བ་གཏང་ངོ༌། །སོའི་ནད་ཁོང་སྟོང་དུ་འདུག་པ་ལ་ནི་བུ་རམ་མམ། སྦྲ་ཚིལ་གང་ཡང་རུང་བས་ནང་སྟོང་པ་བཀང་སྟེ་བསྲེག་པ་འམ། ཡང་ན་ཤིང་ལོ་མ་བདུན་པ་དང༌། ཨརྒའི་ལོ་མས་བཀང་ན་སྲིན་བུའི་ཟུག་གཟེར་འཇོམས་སོ། །ཤིང་ཀུན་དང༌། ཀད་པ་ལ་དང༌། ནག་ཚུར་དང༌། སྭརྫི་ཀ་དང༌། རུ་རྟ་དང༌། བྱི་དང་ག་དང༌། དེ་རྣམས་ཀྱི་ཕྱེ་མ་སོ་ལ་གདབ་པ་དང༌། ཡང་ན་ཕྱེ་མ་དེ་ཉིད་རས་ལ་བསྒོས་ཏེ་སོ་ལ་གདབ་ཅིང་གླན་ན་སོའི་ཟུག་གཟེར་འཇོམས་སོ། །ཡང་ན་སྨན་དེ་ཉིད་ཏིལ་མར་དང་བསྐོལ་བས་མཁུར་བར་བཅངས་ན་ཡང་ཕན་ནོ། །ཡང་ན་ཨེ་རཎྜ་དང༌། བྲི་ཧ་ཏི་རྣམ་གཉིས་དང༌། བྷུ་ག་དམ་པ་དང༌། དེ་རྣམས་བསྐོལ་བའི་ཁུ་བ་མཁུར་བར་བཅང་ངོ༌། །གསོ་བའི་སྦྱོར་བ་མང་དུ་བྱས་ཀྱང་ནད་མ་ཞི་སྟེ། ནད་གཏིང་ཟུག་པ་ལྟ་ན་དང་པོ་སྐམ་པ་ཆུང་ངུའམ། སོ་དབྱུང་བའི་སྤྱད་ཀྱིས་སོ་ཐོག་མར་རྩ་བ་ནས་དབྱུང་ངོ༌། །དེ་ནས་ཤིང་མངར་གྱི་ཕྱེ་མ་ཏིལ་མར་དང་སྦྱར་བ་མཁུར་བར་བཅང་བར་བྱའོ། །དེའི་འོག་ཏུ་སྨན་བི་ད་རི་དང༌། ཤིང་མངར་དང༌། ཤྲིང་ག་ཏ་ཀ་དང༌། རྒུན་འབྲུ་དང༌། ཏིལ་མར་དང༌། དེའི་བཅུ་འགྱུར་གྱི་འོ་མ་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་སྣ་སྨན་དུ་སྦྱར་རོ། །དེ་ལ་སོ་དབྱུང་དུ་མི་རུང་བ་ནི། ལུས་སྐམ་ཞིང་ཉམ་ཆུང་བ་དང༌། རྒན་པོ་དང་རླུང་ནད་ཀྱིས་ཉམ་ཐག་པ་དང་ཡ་སོ་དང་དེ་དག་དབྱུང་བར་མི་བྱ་སྟེ། གལ་ཏེ་ཕྱུང་ན་ནི་བླ་བརྣན་མང་དུ་འབྱུང་བར་འགྱུར་རོ། །དེ་ལྟར་
ཡིན་ན་ཡང་གལ་ཏེ་ཕྱུང་བ་ལྟ་ན་ནི་སྣུམ་པ་དང༌། མངར་བ་དང༌། བསིལ་བའི་རིམ་པ་རྣམས་བྱས་ན་ཕན་ནོ། །སོ་ནད་ཁྲག་མང་དུ་བྱུང་སྟེ་གྲང་བ་ལ་སོགས་པས་ཉེས་པ་ལྟ་ན་ནི་གླ་སྒང་དང༌། ཨརྫུ་ནའི་ཤུན་པ་དང༌། འབྲས་བུ་གསུམ་དང༌། སྲི་ཡང་ཀུ་དང༌། སྐྱེར་ཁཎྜ་དང༌། བཅའ་སྒ་དང༌། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་བཅས་པས་གདབ་པ་འམ་སྨན་དེ་ཉིད་བསྐོལ་བའི་ཁུ་བ་མཁུར་བར་སྤོ་བར་བྱ་བ་དང༌། སྨན་མངར་བའི་སྡེ་ཚན་ཏིལ་མར་དང་སྦྱར་བས་སྣར་བླུགས་པ་རྣམས་བྱའོ། །སོ་རྙིལ་གྱི་ནད་ཨུ་པ་ཀུ་ཤ་ཞེས་བྱ་བ་ལ་ནི་ཆུ་ཚན་མཁུར་བར་བཅངས་ཏེ་དུགས་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབྱིབས་འདྲ་བ་དང༌། ཤིང་ཤ་ཁའི་ལོ་མ་འདྲ་བའི་མཚོན་གྱིས་ལན་མང་དུ་བྲུད་པར་བྱའོ། །དེའི་འོག་ཏུ་མར་གྱི་སྙིང་ཁུ་སྦྲང་རྩི་དང་སྦྱར་བས་བསྐུའོ། །རྒྱ་སྐྱེགས་དང༌། བྲི་ཡང་ཀུ་དང༌། རྨ་ཤིང་དང༌། རྒྱམ་ཚ་དང༌། བཙག་དང༌། རུ་རྟ་དང། བཅའ་སྒ་དང༌། ན་ལེ་ཤམ་དང༌། ཤིང་མངར་དང༌། སྐྱེར་ཁཎྜ་དང༌། དེ་རྣམས་བསྐོལ་བའི་ཁུ་བ་དྲོ་འཇམ་ཙམ་མཁུར་བ་སྤོ་ཞིང་བཅངས་ཏེ། དེའི་འོག་ཏུ་མར་གྱི་སྙིང་ཁུ་འམ་ཏིལ་མར་གང་ཡང་རུང་བ་མཁུར་བར་བཅིང་ངོ༌། །སྨན་མངར་བའི་སྡེ་ཚན་དང་མར་སྦྱར་བ་ནི་སྣ་སྨན་དང་མཁུར་བར་བཅང་བར་བཟང་ངོ༌། །སོ་ནད་འབུར་བ་ཞེས་བྱ་བ་ལ་ནི་ཐོག་མར་དུགས་བྱས་ལ། དེའི་འོག་ཏུ་བཅད་པ་དང༌། དབུག་པ་དང༌། བྲུད་པ་རྣམས་བྱའོ། །དེ་ནས་ཤིང་མངར་དང༌། སྭརྫི་ཀ་དང༌། བཅའ་སྒ་དང༌། རྒྱམ་ཚ་དང༌། དེ་རྣམས་ཀྱི་ཕྱེ་མས་གདབ་པོ། །སོ་རྙིལ་གྱི་འབྲས་ནད་ལ་ནི་སྨན་ཚ་བ་དང༌། རྣོ་བ་དང༌། དྲོ་བ་དང༌། རྩུབ་པ་རྣམས་ཀྱིས་མཁུར་བ་བཅང་བ་དང༌། བསྐུ་བ་རྣམས་བྱའོ། །པུ་ཙེ་ཤེལ་དང༌། རུ་རྟ་དང༌། བ་སྤྲུ་བ་དང༌། སྐྱེར་པ་དང༌། དེ་རྣམས་ཀྱི་ཕྱེ་མས་བྲུད་པར་བྱའོ། །སྨན་བསིལ་བའི་ནུས་པ་དང་ལྡན་པས་སྨིན་དུ་མི་གཞུག་པར་མཚོན་གྱིས་བསྲུང་ངོ༌། །གལ་ཏེ་སྨིན་པ་ལྟ་ན་ནི་མཚོན་གྱིས་དབྲལ་ལ་ཚོས་པ་ཉིད་དུ་བསྲེག་གོ །རྙིལ་གྱི་ནད་ཁོང་སྟོང་ཞེས་བྱ་བ་ལ་ནི་ཐོག་མར་མཚོན་གྱིས་བཅད་པ་འམ་བྲུད་དེ་དེའི་འོག་ཏུ་སེང་ཕྲོམ་དང༌། གླ་སྒང་དང༌། ཤུ་ཏི་དང༌། འབྲས་བུ་གསུམ་དང༌།
སྐྱེར་ཁཎྜ་དང༌། རྨ་ཤིང་དང༌། རྒྱ་སྐྱེགས་ཤིང་དང༌། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་གདབ་པར་བྱའོ། །སྨན་དེ་དག་ཉིད་ཀད་པ་ལ་དང་བཅས་པར་བསྐོལ་བའི་ཁུ་པ་མཁུར་བར་བཅད་བར་བྱའོ། །ཤིང་མངར་དང༌། སེང་ཕྲོམ་དང༌། དཱུར་བ་དཀར་པོ་དང༌། ཐལ་ཏྲེས་དང༌། ཨ་ཀ་རུ་དང༌། ཙནྡན་དང༌། བཙག་ཡུག་སྣམ་དང༌། ཁ་ར་དཀར་པོ་དང༌། དེ་རྣམས་ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ་སྣ་སྨན་དུ་སྦྱར་རོ། །སོ་རྩའི་ཤ་ལྷག་སྐྱེས་པའི་ནད་ལ་ནི་མཚོན་གྱིས་བཅད་དེ། དེའི་འོག་ཏུ་ཤུ་དག་དང༌། ཏེ་ཛོ་པ་ཏི་དང༌། པ་ཐ་དང༌། སྭརྫི་ཀའི་ཐལ་བ་དང༌། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་རྨ་ལ་གདབ་པོ། །པ་ཏོ་ལ་དང༌། ནིམ་པ་དང༌། འབྲས་བུ་གསུམ་བསྐོལ་བའི་ཁུ་པས་ཁ་བཀང་བ་བྱས་ན་ཕན་ནོ། །སོ་རྩའི་ནད་བི་ད་ར་བ་ཞེས་བྱ་བ་ལ་ནི། མཚོན་དཀྱིལ་འཁོར་འདྲ་བས་ཁྲག་དབྱུང་ལ་དེ་ནས་ཐལ་སྨན་གྱིས་གདབ་པོ། །སྣ་སྨན་དང་མཁུར་བར་བཅང་བ་ཡང་སྨན་བསིལ་བས་བྱའོ། །གཞན་ཡང་ལུས་གོང་འོག་ཏུ་དག་པར་བྱ་ཞིང་མགོའི་ཁྲུས་སྨན་ཡང་སྦྱར་རོ། །སོ་ནང་སྟོང་པའི་རྩ་བར་སོ་སྐྱེས་པ་ནི་ཕྱུང་ལ་བསྲེག་པར་བྱའོ། །གང་གི་སོ་ཡོ་ཞིང་འཆུས་པ་ལྟན་ནི་བསྲང་སྟེ་མཚམས་སུ་བུ་རམ་མམ་སྤྲ་ཚིལ་གྱིས་དགང་ངོ༌། །སྲིང་ཤིང་གི་མེ་ཏོག་དང༌། པོ་སོན་ཆ་དང༌། སེང་ལྡེང་དང༌། སྭ་དུ་ཀན་ཏ་ཀ་དང༌། དེ་རྣམས་བསྐོལ་བའི་ཁུ་བས་བཀྲུ་བར་བྱའོ། །ལྕེ་ནད་གསོ་བ་དེ་ལ་རླུང་ལས་གྱུར་པའི་ལྕེ་ནད་ཚེར་མ་ལྟར་རྩུབ་པ་ལ་ནི། ཤིང་འོ་མ་ཅན་གྱིས་ཁ་བཀང་ཞིང། ཏིལ་མར་གྱི་སྣ་སྨན་ཡང་སྦྱར་རོ། །དེ་བཞིན་དུ་རླུང་གི་མཆུ་ནད་གསོ་བའི་ཆོ་ག་ཐམས་ཅད་ཀྱང་འདིར་སྦྱར་རོ། །མཁྲིས་པ་ལས་གྱུར་པའི་ལྕེའི་ནད་ལ་ནི་མཚོན་གྱིས་བཞར་ལ་ཁྲག་དབྱུང་ངོ༌། །དེའི་འོག་ཏུ་སྨན་གྱིས་གདབ་པ་དང༌། མཁུར་བར་བཅད་བ་དང༌། སྣ་སྨན་ཡང་སྦྱར་རོ། །མངར་བའི་སྨན་དང་སྦྱར་བ་བྱས་ན་ཕན་ནོ། །བད་ཀན་ལས་གྱུར་པའི་ལྕེ་ནད་ལ་ནི་དང་པོར་ཡུངས་ཀར་དང༌། ཚ་བ་གསུམ་ལ་སོགས་པ་སྨན་རྣོན་པོས་དུགས་བྱས་ན་ཕན་ནོ། །ལྕེ་ནད་ཨ་ལས་ཞེས་བྱ་བ་ལ་ནི་མཚོན་གྱི་ལས་མི་བྱའོ། །ལྕེའི་འོག་ཏུ་ལྕེ་ལྷག་སྐྱེས་པའི་ནད་ལ་ནི་ལྕགས་ཀྱུ་
གུག་པོས་བཟུང་ལ་དྲངས་ཏེ་མཚོན་དཀྱིལ་འཁོར་འདྲ་བས་བཅད་དེ། དེའི་འོག་ཏུ་སྨན་རྣོན་པོས་བསྐུ་བ་ལ་སོགས་པ་བྱའོ། །ལྕེ་ཕུགས་སུ་ལྕེ་ལྷག་སྐྱེས་པའི་ནང་ལ་ནི་དང་པོ་ཁྲག་གཟགས་ཏེ་ནས་ཚིག་འཁུས་པའི་ཁུ་བའི་ཐལ་བས་གདབ་པོ། །ལྕེའུ་ཆུང་གི་ནད་ལ་ནི་སྣར་བླུགས་པ་དང། མཁུར་བར་བཅང་བ་དང༌། བྲུད་པ་ལ་སོགས་པའི་ཆོ་ག་བད་ཀན་གྱི་གསོ་བ་རྣམས་འདིར་སྦྱར་རོ། །ལྕེའུ་ཆུང་གི་ནད་ག་གོན་གྱི་ས་བོན་བཞིན་དུ་ཚབས་ཆེར་སྐྱེས་ཏེ་སྐྲངས་ན་ནི་སྨན་པ་མདུན་དུ་འདུག་སྟེ་ལྕགས་ཀྱུ་གུག་པོས་མདུན་དུ་དྲངས་ལ། མཚོན་དཀྱིལ་འཁོར་འདྲ་བས་རྩེ་དང་རྩ་བར་མ་སོང་བའི་དབུས་སུ་བཅད་དོ། །བཅད་དྲགས་ན་ནི་ཁྲག་ཟད་དེ་འཆི་བར་བྱེད་དོ། །བཅད་ཆུང་ན་ནི་ནད་འཕེལ་བར་བྱེད་དོ། །དེ་ལྟར་བཅད་པའི་འོག་ཏུ་ན་ལེ་ཤམ་དང༌། བོང་ང་དཀར་པོ་དང༌། བ་ཐ་དང༌། ཤུ་དག་དང༌། རུ་རྟ་དང༌། གླ་རྩི་དང༌། ལན་ཚྭ་དང༌། དེ་རྣམས་ཀྱི་ཕྱེ་མས་གདབ་པོ། །པུ་ཙེ་ཤེལ་དང༌། བོང་ང་དཀར་པོ་དང༌། པ་ཐ་དང༌། ནིས་པ་པ་དང༌། རུ་རྟ་དང༌། ཤུ་དག་རྣམས་བསྐོལ་བའི་ཁུ་བས་མཁུར་བ་དགང་བར་བྱའོ། །རྐན་ནད་གསོ་བ། རྐན་ནད་ཤའི་ཚོགས་ཞེས་བྱ་བ་དང༌། ཆུ་བུར་ལྟ་བུ་དང༌། རུས་སྦལ་གྱི་རྒྱབ་འདྲ་བ་དང་གསུམ་ལ་ནི་མཚོན་གྱིས་བྲུད་པའི་ལས་བྱའོ། །དེ་ཉིད་སྨིན་ཀྱང་རུང་མ་སྨིན་ཀྱང་རུང༌། ནག་ཚུར་དང༌། སྐྱེར་ཁཎྜ་དང༌། སྦྲང་རྩི་དང་སྦྱར་བས་བསྐུའོ། །མངར་ཞིང་བསིལ་བའི་སྨན་བསྐོལ་བའི་ཁུ་བ་མཁུར་བར་བཅད་བར་བྱའོ། །སྨིན་ཟིན་ནས་ནི་པདྨ་བཞིན་དུ་མཚོན་གྱིས་དྲལ་ཏེ། སྨན་རྣོ་བ་དང་དྲོ་བས་གདབ་བར་བྱའོ། །བ་ཤ་ཀ་དང༌། ནིམ་པ་དང༌། པ་ཏོ་ལ་ལ་སོགས་པ་རྣོ་བའི་སྨན་རྣམས་ཀྱང་མཁུར་བར་བཅང་ངོ༌། །རྐན་སྐམ་པའི་ནད་སྐོམ་དད་མེད་པ་ལ་ནི་ཁ་ཟས་ཀྱི་གོང་དུ་ཞུན་མར་བླུད་དེ། དེའི་འོག་ཏུ་ཁ་ཟས་བཟའོ། །བཏུང་བར་ནི་པི་པི་ལིང་དང༌། བཅའ་སྒ་བསྐོལ་བའི་ཁུ་བ་བླུད་དོ། །མཁུར་བར་བཅང་བ་ནི་སྐྱུར་གང་ཡང་རུང་བས་བྱའོ། །སྣུམ་ཆོས་སུ་ནི་ཐང་ལས་སྐྱེས་པའི་ཤ་ཁུ་སྦྱིན་ལ། ཞུན་མར་དང་འོ་མ་ནི་སྣ་སྨན་དུ་བླུགས་སོ། །ལྐོག་མའི་ནད་གསོ་བ་ཐམས་ཅད་ལ་ཐོག་མར་གཏར་གས་ཁྲག་ཕྱུང་སྟེ། སྣ་སྨན་རྣོན་པོའི་ལས་བྱའོ། །སྐྱེར་པའི་
ཤུན་པ་དང༌། སྐྱེར་ཁཎྜ་དང༌། ནིམ་པ་དང༌། དུག་མོ་ཡུངས་བསྐོལ་བའི་ཁུ་བ་འམ། ཡང་ན་ཨ་རུ་ར་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་དང་སྦྱར་བ་བླུད་དོ། །སྨིན་པའི་སྨན་བྱའོ། །འབྲས་བུ་གསུམ་དང༌། ཚ་བ་གསུམ་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། སྐྱེར་པ་དང༌། ཙི་ཏྲ་ཀ་དང༌། སྐྱེར་ཁཎྜ་དང༌། པ་ཐ་དང༌། ཏེ་ཛོ་པ་ཏི་དང༌། ནིས་པ་པ་དང༌། དེ་རྣམས་ཚྭ་དང༌། བ་གཅིན་དང་སྦྱར་བའི་རི་ལུར་བྱས་པ་དང༌། ཕྱེ་མར་བྱས་ནས་གདབ་པ་དང༌། མཁུར་བར་དགང་བ་ལ་སོགས་པ་ཅི་རིགས་པར་བྱའོ། །ལྕང་མ་དང༌། གེ་རི་ཀརྞི་ཀ་དང། གླ་སྒང་དང༌། ཐང་ཤིང་དང༌། བཅའ་སྒ་དང༌། ཤུ་དག་དང༌། དན་ཏི་དང༌། མུར་བ་དང༌། དེ་རྣམས་ལྷན་ཅིག་སྦྱར་བའི་ལྡེ་གུ་དྲོ་འཇམ་ཙམ་བསྐུས་ན་ན་ཞིང་སྐྲངས་པ་སེལ་ཏོ། །དེ་ལ་རླུང་ལས་གྱུར་པ་རོ་ཧི་ནའི་ནད་ལ་ནི་ཕྱི་ནང་གཉིས་ནས་དུགས་བྱ་སྟེ། མྱུར་དུ་ལན་ཚྭ་དང་ལྡན་པའི་མཚོན་ནམ་སེན་མོས་བཞར་ཞིང་དབྲི་བར་བྱའོ། །རྩ་བ་ལྔ་བསྐོལ་བའི་ཁུ་བ་མཁུར་བར་དགང་བ་སྟེ། ཏིལ་མར་གྱི་སྣ་སྨན་ཡང་སྦྱར་རོ། །མཁྲིས་པ་ལས་གྱུར་པའི་ལྐོག་མའི་ནད་ལ་ནི་ཁྲག་ཕྱུང་ལ། ཁར་དཀར་པོ་དང༌། པྲི་ཡང་ཀུ་དང༌། སྦྲང་རྩི་སྦྱར་བས་བསྐུ་བར་བྱའོ། །སེང་ཕྲོམ་དང༌། རྨ་ཤིང་བསྐོལ་བའི་ཁུ་བ་མཁུར་བར་བཅང་ངོ༌། །རྒུན་འབྲུ་དང༌། པ་རུ་ཀ་ཤ་བསྐོལ་བའི་ཁུ་བ་མཁུར་བར་བཅངས་ན་ཡང་ཕན་ནོ། །ཁྲག་ལས་གྱུར་པའི་ལྐོག་མའི་ནད་ལ་ནི་ཆོ་ག་གོང་མ་བཞིན་དུ་བྱས་ཏེ་གསོ་བར་བྱའོ། །ཁྲག་ལས་གྱུར་པའི་ལྐོག་མའི་ནད་ནི་གསོ་དཀའ་སྟེ་སྤང་བར་བྱའོ་ཞེས་ཀྱང་བཤད་དོ། །བད་ཀན་ལས་གྱུར་པའི་ལྐོག་མའི་ནད་ལ་ནི་མེ་མདག་དུད་པ་ཅན་གྱིས་བདུག་པ་དང༌། སྨན་ཚ་བ་རྣམས་ཀྱིས་གདབ་པར་བྱའོ། །ཡང་ན་ཨ་པ་མརྒའི་འབྲས་བུ་དང༌། གེ་རི་ཀརྞི་དཀར་པོ་དང༌། དན་ཏི་དང༌། བྱི་དང་ག་དང༌། རྒྱམ་ཚ་དང༌། དེ་རྣམས་ཏིལ་མར་དང་སྦྱར་བས་སྣ་སྨན་དང་མཁུར་བར་བཅང་པ་རབ་ཏུ་བསྔགས་སོ། །ལྐོག་མའི་ནད་བྲིན་ད་དང༌། ཤ་ལུ་ཀ་དང༌། དུ་དྷི་ཀེ་རི་ཀ་དང༌། ཀྱི་ལ་ཡུ་ཀ་དང༌། དེ་རྣམས་ལ་ཡང་གསོ་བ་གོང་མ་བཞིན་དུ་བྱའོ། །ལྐོག་མའི་འབྲས་ནད་ལ་ནི་ཁྲག་གཟགས་ཏེ། འབྲས་བུ་གསུམ་དང༌།
གི་ཝང་དང༌། སྐྱེར་ཁཎྜ་དང༌། བཙག་ཡུག་སྣམ་དང༌། སེང་ཕྲོམ་དང༌། ལན་ཚྭ་དང༌། རྨ་ཤིང་དང༌། པི་པི་ལིང་དང༌། དེ་རྣམས་ཀྱིས་བྱུག་པ་དང༌། མཁུར་བར་བཅང་བར་བྱའོ། །དེ་ལ་རླུང་ལས་གྱུར་པའི་ལྦ་བའི་ནད་ལ་ནི་ཏིལ་དང༌། ལེ་བརྒན་རྩི་དང༌། ཟར་མ་དང༌། པི་ལ་ཡ་དང༌། ཨ་ས་ལ་དང༌། དེ་རྣམས་ཀྱི་ས་བོན་བཏགས་པས་དུགས་བྱ་སྟེ། དེའི་འོག་ཏུ་དབྱུང་བར་བྱའོ། །དེ་ནས་རྨ་འདྲུབས་པ་དང༌། ཤེ་ཀྲུ་དང༌། སེང་ཕྲོམ་དང༌། ཨགྣི་མནྠ་དང༌། ཧསྟི་པི་པི་ལིང་དང༌། བ་སྤྲུ་བ་དང༌། ཤིང་ཏ་ལ་དང༌། ཨ་རུ་ར་དང༌། ཨརྐའི་རྩ་བ་དང༌། ཀར་ཀ་ཏའི་མེ་ཏོག་དང། དེ་རྣམས་སྦྱར་བའི་ལྡེ་གུས་ཡང་དང་ཡང་བསྐུ་བར་བྱའོ། །ཡང་ན་ཨེ་ཀ་ཤི་ཀ་ཆང་ངམ་རང་སྐྱུར་ལས་བཏགས་ཏེ་བསྐུའོ། །སླེ་ཏྲེས་དང༌། ནིམ་པ་དང༌། དུག་མོ་ཡུངས་དང༌། ཧན་ས་པ་ཏི་དང༌། བ་ལ་རྣམ་གཉིས་དང༌། ཐང་ཤིང་དང༌། པི་པི་ལིང་དང༌། དེ་རྣམས་ཏིལ་མར་དང་ལྷན་ཅིག་སྦྱར་ཏེ་བླུད་དོ། །བད་ཀན་ལས་གྱུར་པའི་ལྦ་བའི་ནད་ལ་ཡང་ཆོ་ག་གོང་མ་ལྟར་བྱའོ། །ཡང་ན་ཨ་ཟ་གན་དྷ་དང༌། བོང་ང་དཀར་པོ་དང༌། བི་ཤ་ལྱ་དང༌། ཨ་ཙ་ཤྲིང་གི་འོལ་མ་སེ་དང༌། ཀུ་བ་ཁ་བེ་དང༌། ཤུ་ཀ་ཧ་དང༌། རྒྱ་སྐྱེགས་ཤིང་གི་ཐལ་བ་དང༌། དེ་རྣམས་བཏགས་པའི་ཕྱེ་མས་བྱུག་པ་དང༌། དུགས་ཀྱིས་བཞུ་བ་ལ་སོགས་པ་ཡང་བྱའོ། །མུ་ཀྵ་ཀའི་ཐལ་བ་བ་གཅིན་དང་བསྐྱོས་ཏེ་བཙགས་པའི་ཁུ་བའི་ནང་དུ་ཅི་ཙེ་བཙོས་པའི་ཟས་དང་བཏུང་བ་ཡང་སྤྱད་དོ། །ཡང་ན་དུག་མོ་ཡུངས་ཀྱི་སྡེ་ཚན་དང༌། ལན་ཚྭ་རྣམ་ལྔ་དང༌། ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ་བླུད་དོ། །དེ་བཞིན་དུ་བད་ཀན་འཛོམས་པའི་བདུག་པ་དང༌། སློན་དང༌། སྣ་སྨན་ལ་སོགས་པ་ཡང་བསྟེན་པར་བྱའོ། །ཚིལ་ལས་གྱུར་པའི་ལྦ་བའི་ནད་ལ་ནི་དང་པོ་ཁྲག་གཏར་ལ་དེ་ནས་བད་ཀན་འཇོམས་པའི་སྨན་བསྟེན་ནོ། །ཡང་ན་སྨན་ཨ་ས་ནའི་སྡེ་ཚན་བ་གཅིན་དང་བསྐོལ་བའི་ཁུ་བ་སྔ་དྲོའི་དུས་སུ་བཏུང་ངོ༌། །དེ་ལྟར་བྱས་ཀྱང་མ་ཞི་ན་སྨིན་པར་བྱ་བའི་ཆོ་ག་བྱས་ལ་རྨ་གསོ་བའི་ཆོ་ག་ཐམས་ཅད་འདིར་སྦྱར་བར་བྱའོ། །ཁ་ནད་གསོ་བ། ཁ་ནད་སྨིན་པ་ལ་ནི་འབྲས་བུ་གསུམ་དང༌། པཱ་ཐ་དང༌། རྒུན་འབྲུ་དང༌། སྣ་མའི་མེ་ཏོག་དང༌། དེ་རྣམས་བསྐོལ་ཏེ་བསྒྲངས་
པའི་ནང་དུ་སྦྲང་རྩི་བཏབ་པ་ཁར་བཅང་ཞིང་བསྐུ་བར་བྱའོ། །ཡང་ན་ཞིམ་ཐིག་ལེའི་སྡེ་ཚན་བཏགས་པའི་ཕྱེ་མ་བལྡད་ཅིང་ཁའི་ལྗབ་ལྗིབ་ཕྱིར་དབོའོ། །རླུང་གིས་ཁ་ནད་སྨིན་པ་ལ་ནི་པི་པི་ལིང་དང༌། ལན་ཚྭ་དང༌། སུག་སྨེལ་གྱི་ཕྱེ་མས་གདབ་པོ། །ཡང་ན་རླུང་འཇོམས་པའི་སྨན་དང༌། བསྐོལ་བའི་སྣ་སྨན་དང༌། མཁུར་བར་བཅང་བ་ཡང་བྱའོ། །མཁྲིས་པ་དང་ཁྲག་ལས་གྱུར་པའི་ཁ་ནད་ལ་ནི་ཁྲག་མཁྲིས་འཇོམས་པའི་སྨན་སྦྱར་རོ། །བད་ཀན་ལས་གྱུར་པ་ནི་བད་ཀན་འཇོམས་པའི་སྨན་བསྟེན་ནོ། །ཁའི་འབྲུམ་བུ་སྲ་ཞིང་བརྟན་པ་ལ་ནི་ཤ་ཁ་པ་ཏྲ་ཞེས་བྱ་བའི་མཚོན་གྱིས་དབྲལ་བར་བྱའོ། །སྐྱོན་གང་དང་གང་གི་ཤས་ཆེ་བ་བརྟགས་ཏེ་འདུས་པའི་ནད་ལ་ཡང་གསོ་བ་དེ་ལྟར་བྱའོ། །ཁའི་འབྲུམ་བུ་ཚབས་ཆེར་སྐྱེས་པ་ལ་ནི་དང་པོ་བཅད་ལ་སྭརྫི་ཀའི་ཐལ་བ་དང༌། བཅའ་སྒའི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་རྨ་ལ་གདབ་ཅིང༌། དེ་གཉིས་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་མཁུར་བར་བཅང་ངོ༌། །ཡང་ན་སླེ་ཏྲེས་དང༌། ནིམ་པ་བཏགས་པའི་ཕྱེ་མ་སྦྲང་རྩི་དང་ཏིལ་མར་དང་སྦྱར་བ་མཁུར་བར་བཅང་ངོ༌། །ཁ་ཟས་ནི་ནས་ལས་བྱས་པ་བཟའ་ཞིང་སྨན་རྣོ་བ་དང་སྦྱར་བའི་ཏིལ་མར་གྱིས་སྣ་སྨན་དང་བསྐུ་བྱུག་བྱའོ། །ཁ་ནས་རྣག་འབྱུང་བ་ལ་ནི་དུ་བ་བརྔུབ་པ་དང༌། སྣ་སྨན་རྣོན་པོ་གཏང་བར་བྱའོ། །བཙོད་དང༌། སེང་ཕྲོམ་དང༌། ད་ཏ་ཀི་དང༌། པྲི་ཡང་ཀུ་དང༌། ཤུག་པ་དང༌། དེ་རྣམས་ཆུ་དང་སྦྱར་བས་ཁའི་ནང་དུ་བཀྲུ་བར་བྱ་སྟེ། ཕྱེ་མས་ཀྱང་ཁའི་ནང་དུ་གདབ་པོ། །སོ་ནང་ཨུ་པ་ཀུ་ཤའི་བསིལ་ཆོས་དང་སྣ་སྨན་ལ་སོགས་པ་ཡང་འདིར་སྦྱར་རོ། །འབྲས་བུ་གསུམ་དང༌། ཙི་ཏྲ་ཀ་དང༌། ཏིག་ཏ་དང༌། ཤིང་མངར་དང༌། ཡུངས་ཀར་དང༌། ཚ་བ་གསུམ་དང༌། གླ་སྒང་དང༌། སེར་པོ་རྣམ་གཉིས་དང༌། ཡ་བཀྵ་ར་དང༌། ད་ཏྲིག་དང༌། སྐྱུར་དང༌། ཙནྡན་དང༌། ལྕང་མ་དང༌། ཨ་ཤྭངྠ་དང༌། འཛམ་བུའི་མྱུ་གུ་དང༌། ཤུན་ཕྲག་དང༌། ཨ་ཧི་མ་རའི་ཤུན་པ་དང༌། སེང་ལྡེང་གི་སྙིང་པོ་དང་དེ་རྣམས་བསྐོལ་ཏེ་ཚིགས་མ་བོར་ལ་དངས་མ་ཡང་བསྐོལ་ཏེ་སྐན་ཏེར་སོང་བའི་ནང་དུ་སྨན་དེ་ཉིད་ཀྱི་ཕྱེ་མ་བཏབ་སྟེ་རི་ལུར་བྱས་པ་ཁའི་ནང་དུ་རྟག་ཏུ་མུར་ཞིང་བཞག་ན། ལྐོག་མའི་ནད་དང༌། མཆུ་ནད་དང༌། རྐན་ལ་སོགས་པ་ཁའི་ནད་ཤིན་ཏུ་གསོ་དཀའ་བ་ཡང་འཇོམས་པར་བྱེད་དོ། །ཁྱད་པར་
དུ་རོ་ཧི་ནའི་ནད་དང༌། ཁ་སྐམས་པ་དང༌། ལྕེས་རོ་མི་ཚོར་བ་རྣམས་སེལ་བར་བྱེད་དོ། །ཞེས་ལུས་འཕགས་ཀྱི་བདག་པོས་བཤད་པ་ཡིན་ནོ། །སེང་ལྡེང་སྲང་བརྒྱད་ཅུ་རྩ་གཉིས་ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་ཀྱི་ནང་དུ་བསྐོལ་བའི་ཁུ་བའི་ནང་དུ་ཙནྡན་དང༌། ཨ་ཀ་རུ་དང༌། གུར་གུམ་དང། པ་རི་བེ་ལ་དང༌། བ་ལ་དང༌། པུ་ཤེལ་ཙེ་དང༌། ཐང་ཤིང་དང༌། སེང་ཕྲོམ་དང༌། རྒུན་འབྲུ་དང༌། བཙོད་དང༌། མོན་ཆ་ར་དང༌། ཤུག་པ་དང༌། བྱི་དང་ག་དང༌། འབུ་སུ་ཧང་དང༌། ཆུ་སྲིན་སེན་མོ་དང༌། རྒྱ་སྤོས་དང༌། ཀད་པ་ལ་དང༌། སུག་སྨེལ་དང༌། བྱ་མ་ཀ་དང༌། རྨ་ཤིང་དང༌། དེ་རྣམས་ཞོ་གཉིས་གཉིས་དང༌། ཏིལ་མར་སྲང་སུམ་ཅུ་རྩ་གཉིས་དང་བསྐོལ་ཏེ་མར་འབའ་ཞིག་ལུས་པ་ལས་བཏུང་བ་དང༌། སྣ་སྨན་དུ་བཏང་བ་དང༌། མཁུར་བ་བཀང་ཞིང་བཅང་བར་བྱས་ན། ཁའི་ནང་གི་ནད་ཐམས་ཅད་སེལ་ཞིང་ཁྱད་པར་དུ་མིག་བྱ་རྒོད་ལྟར་གསལ་བ་དང༌། རྣ་བའང་ཕག་པ་བཞིན་དུ་གསང་པར་བྱེད་དོ། །ཙཀྲ་མརད་དང༌། སྐྱེར་པ་དང༌། སེང་ཕྲོམ་རྣམས་ཀྱིས་ལྡེ་གུ་བྱས་ཏེ་གདོང་ལ་བསྐུས་ན་ངོ་ཁབས་དང་སྨེ་བ་དང་དྲི་མ་ལ་སོགས་པའི་སྐྱོན་ཐམས་ཅད་སེལ་ཞིང་གདོང་པ་ཟླ་བ་ལྟར་མདངས་གསལ་བར་འགྱུར་རོ། །ས་ཧ་ར་ཛ་སྲང་བརྒྱད་ཅུ་ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་དང་བསྐོལ་ཏེ་བཞི་ཆ་ལུས་པའི་ནང་དུ་སེང་ལྡེང་དང༌། འཛམ་བུ་དང༌། ཤིང་མངར་དང༌། ཤུར་བ་དཀར་པོ་དང༌། ཤིང་ལྕང་ཀོང་དང༌། ཧསྟི་མར་དང༌། ཨུཏྤལ་སྔོན་པོ་དང༌། དེ་རྣམས་སྲང་ཕྱེད་ཕྱེད་ཞིབ་ཏུ་བཏགས་ཏེ། ཏིལ་མར་སྲང་སུམ་ཅུ་རྩ་གཉིས་དང་བསྐོལ་ཏེ། མར་ལུས་པ་ལས་མཁུར་བར་བཅང་ན། ཁའི་ནད་ཐམས་ཅད་འཇོམས་པར་བྱེད་ཅིང༌། ཁྱད་པར་དུ་སོ་འགུལ་ཞིང་ཡོ་བ་བརྟན་པར་བྱེད་དོ། །སེང་ལྡེང་གི་སྙིང་པོ་སྲང་ཉིས་བརྒྱ་དང༌། ཨ་རི་མེ་ད་སའི་ཤུན་པ་སྲང་བརྒྱད་ཆུ་སྲང་ཉིས་སྟོང་བཞི་བཅུ་རྩ་བརྒྱད་དང་ལྷན་ཅིག་བསྐོལ་ཏེ། བཞི་ཆ་ལུས་པ་དང་ཚིགས་མ་བོར་ལ་དངས་མ་ཡང་བསྐོལ་ལ་སྐན་ཏེར་སོང་སྟེ་བསྒོངས་པའི་ནང་དུ་དབྱི་མོ་དང༌། བ་ལ་ཀ་དང༌། རྨ་ཤིང་དང༌། བཙག་དང༌། ཙནྡན་རྣམ་གཉིས་དང༌། སེང་ཕྲོམ་དང༌། པྲ་པུཎྜ་རཱི་ཀ་དང༌། ཤིང་མངར་དང༌། རྒྱ་སྐྱེགས་དང༌། ཨན་ཛ་ན་རྣམ་གཉིས་དང༌། ད་ཏ་ཀི་དང༌། ཀད་པ་ལའི་འབྲས་བུ་དང༌། སེར་
པོ་རྣམ་གཉིས་དང༌། འབྲས་བུ་གསུམ་དང༌། དྲི་སྣ་བཞི་དང༌། ཨ་ག་རུ་དང༌། གླ་སྒང་དང༌། བཙོ་དང༌། ནྱ་གྲོ་དྷའི་མྱུ་གུ་དང༌། སྤང་སྤོས་དང༌། བྱི་ཚེར་བ་དང༌། ཤུག་པ་དང༌། ཨོ་ལ་བ་ལུ་ཀ་དང༌། བཙོད་དང༌། དེ་རྣམས་ཞོ་གཉིས་གཉིས་ཞིབ་ཏུ་བཏགས་པའི་ཕྱེ་མ་དང༌། ཛཱ་ཏི་བྷ་དྲ་དང༌། ཛཱ་ཏི་པ་ལ་དང༌། ལི་ཤི་དང༌། ཀ་ཀོ་ལ་དང༌། ཀོ་ལ་ཀ་དང༌། དེ་རྣམས་སྲང་རེ་རེ་དང༌། ག་པུར་ཤེལ་མདོག་དཀར་པོ་དྲི་མ་མེད་པ་སྲང་ཉི་ཤུ་དང༌། དེ་རྣམས་ཀྱི་ཕྱེ་མ་ཡང་བཅུག་སྟེ་རི་ལུར་བྱས་ལ་རྟག་ཏུ་ཁར་བཞག་ན་ཁའི་ནད་ཐམས་ཅད་སེལ་ལོ། །གོང་གི་སྨན་ཀུན་མ་འབྱོར་ན། དེ་ལས་གང་རྙེད་པའི་སྨན་གྱི་ཕྱེ་མ་དང༌། ཏིལ་མར་བསྐོལ་ལ། ཆོ་ག་གོང་མ་བཞིན་དུ་བྱས་ཏེ་མཁུར་བར་བཅངས་ན། ཁའི་ནད་ཐམས་ཅད་སེལ་ལོ་ཞེས་བཤད་དོ། །སོ་བརྟན་པར་བྱེད་པའི་མཆོག་ཡིན་ནོ། །ཡང་སྨན་གོང་མ་དེ་ཉིད་དང༌། སེང་ལྡེང་གི་སྙིང་པོ་རི་ལུར་བྱས་པ་དང༌། ཨ་རི་མེད་ས་དང་སྦྱར་བའི་ཏིལ་མར་དང་སྦྱར་ཏེ་བཏུང་ན། ནད་མེད་ཅིང་ཐ་མལ་པ་ཞིག་ན་ཡང་ཉིན་རེ་བསྟེན་ན་སོ་བརྟན་པར་འགྱུར་རོ། །རྒུན་འབྲུ་དང༌། སླེ་ཏྲེས་དང༌། སུ་མ་ན་དང༌། སུ་མ་ནའི་ལོ་མ་དང༌། སྐྱེར་པ་དང༌། བྱི་ཚེར་བ་དང༌། འབྲས་བུ་གསུམ་དང་བསྐོལ་བ་སྦྲང་རྩི་དང་སྦྱར་བ་འདིས་མཁུར་བར་བཅད་བར་བྱས་ན་ཁའི་ནད་ཐམས་ཅད་སེལ་བར་བྱེད་དོ། །པ་ཐ་དང༌། སྐྱེར་པ་དང༌། རུ་རྟ་དང༌། གླ་སྒང་དང༌། བཙོད་དང༌། པུ་ཤེལ་ཙེ་དང༌། ཡུང་བ་དང༌། སེང་ཕྲོམ་དང༌། ཏེ་ཛོ་བ་ཏི་དང༌། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་བསྐུ་བར་བྱས་ན། སོའི་རྙིལ་ན་བས་ཉམ་ཐག་ཅིང་གཡའ་བ་དང༌། སྨིན་པ་དང༌། འཛག་པ་རྣམས་འཇོམས་སོ། །ཁྱིམ་གྱི་དུད་པ་དང༌། སྐྱེར་ཁཎྜ་དང༌། པ་ཐ་དང༌། ཚྭ་བ་གསུམ་དང༌། ཡ་བཀྵ་ར་དང༌། ཙི་ཏྲ་ཀ་དང༌། ལྕགས་ཕྱེ་དང༌། འབྲས་བུ་གསུམ་དང༌། ཏེ་ཛོ་པ་ཏི་དང༌། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་ནི། ཏ་ལ་ཀའི་ཕྱེ་མ་ཞེས་བྱ་བ་སྟེ་ཁར་བཅངས་ན་ཁའི་ནད་དང༌། སོ་འགུལ་བའི་ནད་རྣམས་ལ་ཕན་ནོ། །སྐྱེར་པ་དང༌། རྒྱམ་ཚ་དང༌། ལྡོང་རོས་དང༌། ནས་ཚིག་འཁུས་པའི་ཐལ་བ་དང༌། བ་བླ་དང༌། དེ་རྣམས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བ་ནི་སི་ཏྲ་པ་ཞེས་བྱ་བའི་ཕྱེ་མ་ཡིན་ཏེ། དེ་ཁར་བཞག་ན་ཁ་དང་སོ་འགུལ་བའི་ནད་རྣམས་ཞི་བར་བྱེད་དོ། །བ་གཅིན་གྱི་ནང་དུ་ཨ་རུ་
རའི་ཚི་གུ་བསྐོལ་ཏེ་ཞུ་བ་དང༌། དེའི་ཁུ་བ་བ་ལ་ཀ་དང༌། ཤུ་ཏི་དང༌། རུ་རྟ་གསུམ་གྱི་ཕྱེ་མ་བསྐོལ་བ་ཁར་བཞག་ན། ཁའི་ནད་ཡུན་རིང་བ་ཡང་འཇོམས་པར་བྱེད་དོ། །ཇི་ལྟར་རྒྱལ་པོས་གནང་བའི་སྐྱེས་བུ་ཕུང་ཁྲོལ་གྱིས་མི་ཚུགས་པ་བཞིན་ནོ། །ལོ་མ་བདུན་པ་དང༌། པུ་ཤེལ་ཙེ་དང༌། བ་ཏོ་ལ་དང། བཅའ་སྒ་དང༌། འབྲས་བུ་གསུམ་དང༌། པི་ཤ་ལ་དང༌། ཀྱི་ལྕེ་བ་དང༌། ཏིག་ཏ་དང༌། སེར་པོ་རྣམ་གཉིས་དང༌། སླེ་ཏྲེས་དང༌། དེ་རྣམས་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་འཐུངས་པའམ། ཁར་བཞག་ན་ཡང་རུང་སྟེ། ཁའི་ནང་ན་གནས་པའི་ནད་མ་ལུས་པ་སེལ་བར་བྱེད་དོ། །སྐྱེར་པ་རློན་པ་རང་གི་ཁུ་བ་བསྐོལ་ཏེ། སྐན་ཏེར་སོང་བའི་ནང་དུ་བཙག་གི་ཕྱེ་མས་བཏབ་སྟེ། སྦྲང་རྩི་དང་བཅས་པས་ཁ་བཀང་ཞིང་བཞག་ན། ཁའི་ནད་སྨིན་པ་དང༌། རྨ་འཁྱིམས་པ་སེལ་བར་བྱེད་དོ། །པ་ཏོ་ལ་དང༌། ནིམ་པ་དང༌། ཤིང་མངར་དང༌། བ་ཤ་ཀ་དང༌། སྣ་མའི་མེ་ཏོག་དང། ཨ་རི་མེ་ད་ས་དང༌། སེང་ལྡེང་དང༌། འབྲས་བུ་གསུམ་དང༌། དེ་རྣམས་རེ་རེ་ཡང་སྐྱེར་པའི་ཆོ་ག་བཞིན་དུ་སྦྱར་ཏེ་གཏང་བར་བྱའོ། །སེང་ལྡེང་དང༌། ལྕགས་ཕྱེ་དང༌། འབྲས་བུ་གསུམ་དང༌། ཨརྫུ་ན་དང༌། སེན་རྩི་དང༌། ཨ་ཏི་མར་དང༌། དེ་རྣམས་ཆུ་དང་བསྐོལ་པའི་ཁུ་བ་མཁུར་བར་བཅང་ན་ཁ་དང་སོ་ནད་རྣམས་ཞི་བར་བྱེད་དོ། །ཁའི་ནད་དང༌། སོ་རྩའི་ནད་བད་ཀན་དང་ཁྲག་ཤས་ཆེ་བའི་ནད་རྣམས་ལ་ནི་ཁྲག་ངན་མང་དུ་དབྱུང་སྟེ། ལུས་ཀྱི་སྨན་དང༌། སློན་དང༌། མགོ་བོའི་བཀྲུ་སྨན་དང༌། མཁུར་བར་བཅང་བ་ལ་སོགས་པ་ཡང་ཁ་བ་དང་ཚ་བའི་སྨན་གྱིས་བྱ་སྟེ། དེ་ནི་ཕལ་ཆེར་བད་ཀན་དང་མཁྲིས་པ་འཇོམས་པའི་སྨན་དཔྱད་བྱའོ། །ཁ་ཟས་ནི་ནས་དང༌། ཅི་ཙེ་བ་དང༌། ཁྲེ་དང༌། བྲ་བོ་དང༌། དེ་རྣམས་ཕུབ་མ་མེད་པར་བྱས་ཏེ། ཚ་ཆུའམ་ཐལ་སྨན་གྱི་ཆུ་ནད་དུ་སྤངས་ལ་སྣུམ་མེད་པར་བྱས་ཏེ་བཟའོ། །ཁུ་བཅུད་དང༌། ཁུར་བ་ལ་སོགས་པ་གང་ཡང་བད་ཀན་འཇོམས་པར་བྱེད་པའི་ཟས་བཟའོ། །སྲོག་གི་རླུང་གི་ལམ་ལ་གནས་པ་ཡིན་ཏེ། གལ་ཏེ་ལྐོག་མའི་ནད་ཀྱིས་དབུགས་བདེ་བར་མི་འབྱུང་ཞིང་བཀག་ན་ནི་འཆི་བར་འགྱུར་ཏེ། དེ་བས་ན་ལྐོག་མའི་ནད་ནི་མྱུར་དུ་གསོ་བར་བྱ་བ་ཡིན་ནོ། །ཁ་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ་རྫོགས་སོ།། །།
དེ་ལ་མགོ་བོའི་ནད་སྐྱེ་བའི་རྒྱུ་ནི་དུད་པ་དཀུ་བའི་ནང་དུ་འདུག་པ་དང༌། ཉི་ཚན་ལ་འདུག་པ་དང༌། ཁ་བ་གྲང་མོའི་ནང་དུ་འདུག་པ་དང༌། ཆུ་ནང་དུ་རྩེ་བ་དང༌། ཉིན་པར་གཉིད་མང་དུ་ལོག་པ་དང༌། ནུབ་མོ་གཉིད་མ་ལོག་པ་དེས། རྡུལ་ལ་སོགས་པའི་ནད་སྐྱེད་པ་དང༌། མདུན་ནས་རླུང་གིས་ཕོག་པ་དང༌། མཆི་མ་འབྱུང་བ་དགག་པ་དང༌། ཧ་ཅང་དུ་དྲགས་པ་དང༌། མགོ་ལ་སྲིན་བུ་ཡོད་པ་དང༌། འབྱུང་བའི་ཤུགས་བགགས་པ་དང༌། ཁུར་ལྕི་བ་ཁུར་བ་དང༌། མགོ་ལ་བྱི་དོར་དྲགས་པ་དང༌། བསྐུ་བྱུག་དྲགས་པ་དང༌། གཞན་ལ་ཞེ་སྡང་ཆེན་པོ་སྐྱེད་པ་དང༌། དངོས་པོ་གཅིག་ལ་ཡུན་རིང་དུ་ལྟ་བ་དང༌། མ་གོམས་པའི་ཟས་ཟོས་པ་དང༌། དྲིང་བ་བསྣམས་པ་དང༌། མ་ཞུ་བ་དང༌། སྨྲ་བ་དྲག་པོ་ལ་སོགས་པའི་རྒྱུས་ནད་མགོ་བོའི་ནང་དུ་ཞུགས་ཏེ་ན་བར་བྱེད་དོ། །དེ་ལ་རླུང་ལས་གྱུར་པའི་མགོ་ནད་ཀྱི་རྟགས་ནི་མུར་འགྲམ་གཉིས་སུ་ཟུག་ཅིང་ན་བ་དང༌། སོའི་ཕྲེང་བ་རྣམས་ཕུག་པ་སྙམ་སེམས་པ་དང༌། སྨིན་མཚམས་དང༌། དཔྲལ་བ་ལྷུང་བ་སྙམ་སེམས་པ་དང༌། རྣ་བས་སྒྲ་མི་ཐོས་པ་དང༌། མིག་ཕྱུང་བ་སྙམ་དུ་ན་བ་དང༌། མགོ་འདམ་པ་དང༌། ཚིགས་རྣམས་བྱེ་བ་སྙམ་བྱེད་པ་དང༌། རྩའི་དྲ་བ་རྣམས་འཕར་བ་དང༌། གཉའ་བ་དང༌། འགྲམ་པ་འབྱར་བ་སྙམ་བྱེད་པ་དང༌། གསལ་ཞིང་འཚེར་བ་མཐོང་མི་བཟོད་པ་དང༌། སྣ་ཆུ་འཛག་པ་དང༌། གློ་བུར་དུ་ལྡང་དུབ་པ་དང༌། སྣུམ་གྱིས་བསྐུ་ཞིང་དུགས་དང་མགོ་བཅིང་བ་ལ་སོགས་པ་བྱས་ན་ཅུང་ཞིག་ཞི་ཞིང་མཉེན་པར་འགྱུར་བ་ཡིན་ནོ། །མགོ་བོ་གཞོགས་ཕྱེད་ན་པའི་རྟགས་ནི་ཀླད་པའི་ཕྱེད་རབ་ཏུ་ན་བ་ཡིན་ཏེ། ཟླ་བ་ཕྱེད་ཕྱེད་དམ་ཟླ་བ་གཅིག་ན་སྟེ་དེའི་འོག་ཏུ་རང་ཉིད་ཞི་བར་འགྱུར་རོ། །ཚབས་ཆེར་སྐྱེས་ན་ནི་མིག་གམ་རྣ་བ་ལ་གནོད་པར་བྱེད་དོ། །མཁྲིས་པ་ལས་གྱུར་པའི་མགོ་ནད་ཀྱི་རྟགས་ནི་མགོ་རབ་ཏུ་ན་བ་དང༌། དབུགས་ཚ་ཞིང་དུ་བ་བྱུང་བ་སྙམ་སེམས་པ་དང༌། ཚ་བ་དང༌། ལུས་རྡུལ་བ་དང༌། མིག་ཚ་འུར་འུར་པོར་འདུག་པ་དང༌། བརྒྱལ་བ་དང༌། ནུབ་མོ་དང༌། གྲང་བའི་དུས་སུ་ཅུང་ཟད་བདེ་བ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་ཀླད་པའི་ནད་ཀྱི་མཚན་མ་ནི་ཁ་
ཟས་ཡི་གར་མི་འོང་བ་དང༌། མགོ་ལྕི་བ་དང༌། ཚོར་བ་མེད་པར་བེམ་བེམ་པོར་འདུག་པ་དང༌། རེག་ན་གྲང་བ་དང༌། རྩ་མི་འཕར་བ་དང༌། སྒྱིད་སྐྱུར་བ་དང༌། གནད་རྣམས་སུ་མཚན་མོ་ལྷག་པར་ན་བ་དང༌། སྙོམ་པ་དང༌། མིག་འབུར་སྐྲང་བ་དང༌། རྣ་བ་གཡའ་བ་དང༌། སྐྱུར་བ་རྣམས་ཡིན་ནོ། །ཁྲག་ལས་གྱུར་པའི་མགོ་ནད་ཀྱི་མཚན་མ་ནི་མཁྲིས་པ་བས་ཤས་ཆེར་ན་བ་ཡིན་ནོ། །ལྷག་མ་ནི་མཁྲིས་པ་བཞིན་དུ་བལྟའོ། །འདུས་པ་ལས་གྱུར་པའི་མགོ་ནད་ཀྱི་རྟགས་ནི། ཐམས་ཅད་ཀྱི་མཚན་མ་དང་ལྡན་པ་ཡིན་ནོ། །ཁ་ཟས་ཞག་ལོན་པ་དང༌། རྙིང་པ་དང༌། རུལ་པ་ཟོས་པས་མགོའི་ཁྲག་དང༌། ཤ་རུལ་བར་བྱས་ཏེ། དེས་འདུས་པའི་ནད་སྐྱེས་ཤིང་འཁྲུགས་ཏེ། མགོ་བོར་སྲིན་བུ་སྐྱེས་ཏེ། ཁྲག་འཐུང་བར་བྱེད་དོ། །དེའི་རྒྱུས་མི་བཟོད་པར་ན་བ་དང༌། སེམས་ཉམས་པར་བྱེད་པ་དང༌། ལུད་པ་ལུ་བ་དང༌། ཉམས་སྟོབས་ཟད་པ་དང༌། མགོ་རྩུབ་པ་དང༌། སྐྲངས་པ་དང༌། མགོ་བཅད་པ་སྙམ་བྱེད་པ་དང༌། ཚ་འུར་འུར་པོར་འདུག་པ་དང༌། མགོ་འདམ་པ་དང༌། རྣགས་པ་དང༌། མགོའི་ཐོད་པ་དང༌། རྐན་རྣམས་སུ་གཡའ་བ་དང༌། སྐེམ་པ་དང༌། སྲིན་བུ་རྒྱུ་བ་སྙམ་སེམས་པ་དང༌། སྣབས་ཟངས་མདོག་བཞིན་དུ་དམར་ཞིང་དངས་པ་འབྱུང་བ་དང༌། རྣ་བ་སྒྲ་འུར་འུར་ཟེར་བ་ཡིན་ཏེ། དེ་ནི་ཀླད་པའི་ནད་སྲིན་བུ་ལས་གྱུར་པ་ཞེས་བྱའོ། །དེ་ལ་རླུང་ཤས་ཆེ་བ་མགོའི་ནད་ནི་མགོ་བོ་འགུལ་ཞིང་འདམ་པ་ཡིན་ཏེ། དེའི་མིང་ནི་མགོ་འདམ་པའི་ནད་ཅེས་བྱའོ། །ཁྲག་མཁྲིས་ཤས་ཆེ་བའི་མགོ་ནད་ནི། མུར་འགྲམ་གཉིས་སྐྲངས་པ་དང༌། དྲག་ཏུ་ན་ཞིང་ཚ་བ་དང་ནུབ་མོ་གཉིད་མི་འོང་བ་དང༌། གླལ་བ་དང༌། རིམས་ཀྱིས་འདེབས་པ་དང༌། དྲན་པ་ཉམས་པ་དང༌། ཁ་བྲོ་བ་དང༌། གདོང་སེར་བ་དང༌། དེ་རྣམས་དང་ལྡན་པ་ནི་མུར་འགྲམ་གྱི་ནད་ཅེས་བྱ་སྟེ། གསོ་བ་མ་བྱས་ཏེ་ཡལ་བར་བོར་ན་ནི། ཞག་བདུན་ནས་ནི་སྲོག་འཕྲོག་པ་ཡིན་ཏེ། གསོ་བ་མྱུར་དུ་བྱས་ན་ནི་འཚོ་བ་ཡིན་ནོ། །མཁྲིས་པ་དང་རླུང་དང་ལྡན་པའི་མགོ་ནད་ཀྱི་རྟགས་ནི་མུར་འགྲམ་དང༌། མིག་དང༌། སྨིན་མ་དང༌། འཕྲལ་བ་རྣམས་སུ་ན་ཞིང་ཟུག་ལ་འབར་
བ་ཡིན་ཏེ། དེ་ཡང་ཉི་མ་ཤར་ནས་ཕྱེད་ཀྱི་བར་དུ་ཆེར་ན་བ་དང༌། ལྷག་པར་ཉི་མ་ཕྱེད་ལ་ཚབས་ཆེར་ན་ཞིང་འཕར་བ་ཡིན་ཏེ། དེ་ལ་ནི་དོང་གྲ་ལ་སོགས་པས་གསོ་བར་བྱས་ཀྱང་མི་ཕན་ཏེ། ཉི་མ་ཕྱེད་ཕན་ཆད་ནས་རང་ཉིད་རིམ་གྱིས་ཞི་བ་དེ་ནི། མགོའི་ནད་ཉི་མ་ལྟར་འཁོར་བ་ཡིན་ཞེས་བྱ་བ་སྟེ། དེ་ལྟར་མགོ་ནད་རྣམ་པ་བཅུར་བཤད་པ་ཡིན་ནོ། །མགོ་ནད་དེ་ཉིད་ཀྱི་བྱེ་བྲག་ལས་ཐོད་པའི་ནད་རྣམ་པ་དགུ་བཤད་པ་ཡིན་ཏེ། ཡང་རླུང་ལས་གྱུར་པའི་ཀླད་པའི་ནད་མངལ་གྱི་ནང་ན་ཡོད་པའི་དུས་སུ་ཡང་འབྱུང་བར་འགྱུར་ཏེ། དེ་ཡང་མདོག་གནག་བ་དང༌། ནད་མེད་པ་དང༌། སྐྲང་བ་ཡིན་ཏེ། དེ་ནི་ཉེ་བའི་མགོ་ཞེས་བྱ་བའི་ཀླད་པའི་ནད་ཡིན་ནོ། །མགོ་ནད་ཐོར་བུ་ཅན་འབྲུམ་བུ་ཅན་ཞེས་བྱ་བ་ཡོད་དེ། དེ་ཡང་ནད་གཞི་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །མཁྲིས་པ་དང་ཁྲག་དང༌། བད་ཀན་ལས་གྱུར་བའི་ཀླད་པའི་ནད་ཡོད་དེ། ནད་དེས་མགོའི་ནང་རུལ་བར་བྱས་ཏེ། སྲིན་བུ་སྐྱེས་ནས་ཟོས་པ་ལས་འབྲུམ་བུ་ཁྲེ་འམ། འབྲས་དཀར་པོ་ཙམ་འབྱུང་བ་ནི་བ་ལ་ཏ་ཀ་ལྟ་བུའི་མགོ་ནད་ཅེས་བྱའོ། །བད་ཀན་དང༌། རླུང་ལས་གྱུར་པའི་ཀླད་པའི་ནད་མགོ་གཡའ་བ་དང༌། སྐྲ་འབྱི་བ་དང༌། ཚོར་བ་མེད་པ་དང༌། རྩུབ་པ་ལ་པགས་པའི་ཕྱི་ཤུན་གོག་པ་དེ་ནི་ཀླད་པའི་ནད་རུ་ན་ཀ་ཞེས་བྱ་བ་ཡིན་ནོ། །མཁྲིས་པ་དང་རླུང་འདྲེས་པ་བ་སྤུའི་ཁུང་བུ་ནང་དུ་ཞུགས་ཏེ། སྐྲ་རྩ་འབྱི་བར་འགྱུར་ཞིང༌། དེའི་ཤས་ཀྱིས་ནང་དུ་བད་ཀན་དང་ཁྲག་ཞུགས་ཏེ། སྦུབས་རྣམས་སྐྱེར་མི་སྟེར་དེ་འགོག་པར་བྱེད་པ་དེ་ནི་ཀླད་པའི་ནད་ཨིནྡྲ་ལུཔ་ཏ་ཞེས་བྱའོ། །གཞན་དག་ནི་རེ་རུ་ཛ་ཞེས་བྱ་བར་འདོད་དོ། །ཁ་ཅིག་ནི་སྤུ་འབྱི་ཞེས་འདོད་དོ། །མི་རྣམས་ཀྱི་ན་ཚོད་འགྱུར་བ་བཞིན་དུ་རིམ་གྱིས་སྐྲ་འབྱི་ཞིང་སྦྱི་ཅེར་དུ་འགྱུར་བ་ཡིན་ཏེ། དེ་ཡང་རླུང་ལས་སྤྱི་ཅེར་དུ་གྱུར་པའི་རྟགས་ནི་ཚིག་པ་བཞིན་དུ་མདོག་གནག་པ་ཡིན་ནོ། །མཁྲིས་པའི་སྤྱི་ཅེར་ནི་རྩྭ་ཚོས་པ་ལྟ་བུས་ཁྱབ་པ་ཡིན་ནོ། །བད་ཀན་གྱི་སྤྱི་ཅེར་ནི་པགས་པ་མཐུག་ཅིང་མདོག་གནག་པ་དཀར་བ་ཡིན་ཏེ། དེ་ལྟར་ནད་གཞི་རང་རང་གི་མདོག་བཞིན་དུ་པགས་པའི་མདོག་ཀྱང་དེ་ལྟར་ཤེས་པར་བྱའོ། །ནད་གཞི་ཐམས་ཅད་ཀྱི་མཚན་
མ་དང་ལྡན་ཏེ། སེན་མོའི་མདོག་ལྟར་སྣང་བ་དང༌། ཡང་ན་མེས་བསྲེགས་པ་བཞིན་དུ་སྤུ་མེད་ཅིང་ཚ་འུར་འུར་པོར་འདུག་པ་དེ་ནི་གསོར་མི་རུང་ངོ༌། །མྱ་ངན་དང་ཆད་པ་དང་ཁྲོས་པ་ལས་སྐྱེས་པའི་ལུས་ཀྱི་དྲོད་གང་ཡིན་པ་དེ་སྤྱི་བོར་ཞུགས་ནས་དེས་སྐྲའི་རྩ་བར་ཚོས་ཤིང་སྨིན་པར་བྱས་ནས་སྐྲ་དཀར་སྐྱེ་བར་འགྱུར་རོ། །དེ་ལ་རླུང་ལས་གྱུར་པའི་སྐྲ་དཀར་གྱི་མཚན་མ་ནི་སྤུ་གྲུགས་པ་ཅན་དང༌། ཅུང་ཟད་སྔོ་བསངས་སུ་འདུག་པ་དང༌། སྲ་ཞིང་རྩུབ་ལ་ཆུའི་ནད་མདོག་ལྟར་འདུག་པ་ཡིན་ནོ། །མཁྲིས་པའི་སྐྲ་དཀར་གྱི་མཚན་མ་ནི་ཚ་བ་དང༌། མདོག་ཅུང་ཟད་སྔོ་བསངས་སུ་འདུག་པ་དང༌། བད་ཀན་གྱི་སྐྲ་དཀར་གྱི་མཚན་མ་ནི་སྣུམ་པ་དང༌། འཕེལ་བ་དང༌། སྦོམ་པ་དང༌། མདོག་དཀར་བ་ཡིན་ནོ། །འདུས་པ་ལས་གྱུར་པའི་སྐྲ་དཀར་གྱི་མཚན་མ་ནི་འདྲེས་པ་ཡིན་ནོ། །འདུས་པའི་མགོ་ནད་ལས་གྱུར་པའི་སྤྱི་ཅེར་དང༌། སྐྲ་དཀར་ལ་སོགས་པ་གཞན་དག་ནི་གསོར་མི་རུང་ངོ༌། །ལུས་གྱུར་པ་ལས་བྱུང་བའི་སྤྱི་ཅེར་དང༌། སྐྲ་དཀར་ནི་བཅུད་ཀྱིས་ལེན་གྱི་ཆོ་གས་གསོ་བར་བྱའོ། །མགོ་ནད་ཀྱི་དམིགས་ཤེས་པར་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པ་རྫོགས་སོ།། །།དེ་ནས་མགོ་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་རླུང་ལས་གྱུར་པའི་མགོ་ནད་ལ་ནི་རླུང་གི་ཆོ་ག་རྣམས་སྤྱད་པར་བྱ་སྟེ། དེ་ཡང་ཐོག་མ་དང་ཉལ་ཁར་མགོ་བོ་མར་གྱིས་བསྐུས་ཏེ། མར་ཁུ་དྲོ་འཇམ་དང༌། འོ་མ་བཏུང་བར་བླུད་དོ། །སྲན་མ་ཤ་དང་རྒྱ་སྲན་དང༌། སྲན་མུངྒ་སྟེ། དེ་ལ་རླུང་ལས་གྱུར་པའི་མགོ་ནད་ལ། དེ་རྣམས་གང་ཡང་རུང་བ་མར་དང་ལྡན་པར་སྦྱར་བར་བཟའོ། །ཏིལ་མར་དང་འོ་མ་བསྲེས་པའི་བཏུང་བར་བླུད་པའམ། ཏིལ་མར་མ་རྙེད་པ་ན་ཏིལ་བཏགས་པའི་འོ་མ་དང་ལྷན་ཅིག་སྦྱར་བ་བླུད་དོ། །དེའི་འོག་ཏུ་གླན་པའི་དུགས་སམ། ཡང་ན་ཤ་བརྡུངས་པ་འུ་སུ་དང་སྦྱར་བས་མགོ་ལ་དུགས་བྱས་ན་ཕན་ནོ། །རླུང་འཇོམས་པའི་སྨན་རྩ་བ་བཅུ་པ་ལ་སོགས་པ་འོ་མ་དང་སྦྱར་བས་མགོ་ལ་བླུགས་པར་བྱའོ། །སྣུམ་དང་ལྡན་པའི་སྣ་སྨན་གཏང་བ་དང༌། དུ་བ་རྔུབ་པ་དང༌། དེ་བཞིན་དུ་མགོ་བོ་དང༌། རྣ་བ་རྣམས་ཉམས་བརྟ་བར་བྱའོ། །སྨན་བ་ར་ནའི་
སྡེ་ཚན་འོ་མ་དང་ཆུ་དང་བསྐོལ་ལ། འོ་མ་ལུས་པ་དང༌། དེ་བསྲུབས་ལ་མར་སར་ཕྱུང་བ་དང༌། མངར་བའི་སྡེ་ཚན་གྱི་སྨན་དང༌། ཡང་བསྐོལ་བའི་ཁུ་བ་མར་དེས་སྣར་བླུགས་པ་བྱས་ན་རབ་ཏུ་བསྔགས་སོ། །ཡང་ན་མངར་བའི་སྡེ་ཚན་དེ་ཉིད་དང༌། འོ་མ་ཡང་བསྐོལ་བ་མར་དང་ཁ་ར་དང་ལྡན་པ་སྦྱིན་ནོ། །རས་བལ་གྱི་ས་བོན་དང༌། ཤིང་ཚ་དང༌། གླ་སྒང་དང༌། སྣ་མའི་མེ་ཏོག་ཁམ་བྱེ་བ་རྣམས་ཀྱི་ཕྱེ་མ་ཆུ་དྲོན་དང་སྦྱར་ཏེ་སྣ་སྨན་དུ་བཏང་ན། མགོ་ནད་ཟུག་གཟེར་དང་བཅས་པ་འཇོམས་སོ། །ལི་ཁ་ར་དང༌། གུར་གུམ་དང༌། མར་ལྷན་ཅིག་བསྐོལ་ཏེ་སྣར་བླུགས་ན། ཁྲག་དང་མཁྲིས་པ་ལས་གྱུར་པའི་ཀླད་ནད་སེལ་ཏོ། །ཡང་ན་རུ་རྟ་དང༌། རྒྱ་སྤོས་དང༌། ཨུཏྤ་ལ་དང༌། ཙནྡན་དང༌། དེ་རྣམས་མར་དང་སྦྱར་བའི་འདག་གུས་མགོ་ལ་བྱུགས་ན་ཕན་ནོ། །རླུང་གི་ནད་ལ་གནོད་པས་འདིར་གཏར་ག་ནི་མི་བྱའོ། །ཇི་སྐད་བསྟན་པ་བཞིན་དུ་གསོ་བ་དེ་དག་གིས་མ་ཞི་ན་ནི་མེའི་ལས་བྱ་སྟེ། བད་ཀན་ལ་ཡང་དེ་ལྟར་མེ་བཙའ་བྱའོ། །ཀླད་པ་ཕྱེད་ན་བའི་རླུང་འཇོམས་པ་ལ་ཡང་ཆོ་ག་དེ་ལྟར་བྱའོ། །དེ་བཞིན་དུ་ནད་གཞིའི་ཚུལ་དང་སྦྱར་ཏེ་གསོ་བ་ཡང་ཅི་རིགས་པར་སྦྱར་ཏེ། ཤྲི་ཤའི་ས་བོན་དང༌། ཨ་བ་མརྒའི་རྩ་བ་དང༌། ལན་ཚྭ་ལྕེ་མྱང་ཚ་དང་སྦྱར་བས་སྣ་སྨན་གཏང་ངོ༌། །ས་ལ་པརྞི་འམ། ཡང་ཙཀྲ་མརད་གང་ཡང་རུང་བ་སྐྱུར་དང་སྦྱར་བས་མགོ་བོ་བསྐུའོ། །ཀླད་ནད་ཉི་མ་ལྟར་འཁོར་བ་རྣམས་ལ་ཡང་ཆོ་ག་གོང་མ་ལྟར་བྱ་སྟེ་ཁྱད་པར་དུ་ཁྲག་དབྱུང་ངོ། །མཁྲིས་པ་ལས་གྱུར་བའི་མགོ་ནད་ལ་ནི་ཐོག་མར་སྣུམ་ཆོས་བྱ་སྟེ། དེའི་འོག་ཏུ་ཁྲག་གཏར་རོ། །སྨན་བསིལ་བའི་ནུས་པ་དང་ལྡན་པའི་བྱུག་པས་བྱུགས་པ་དང༌། བླུགས་པ་དང༌། ལུས་སློན་ཁྲུས་ཀྱིས་སྦྱང་བ་དང༌། མས་གཏོང་བ་ཡང་བྱའོ། །ཡང་ན་འཚོ་བྱེད་སྡེ་བཅུའོ་མ་དང་མར་དང་ལྷན་ཅིག་བསྐོལ་བའི་མར་གྱི་བཏུང་བ་དང་སྣར་བླུགས་པ་ཡང་སྤྱད་དོ། །ཁྲག་ལས་གྱུར་པའི་མགོ་བོའི་ནད་ལ་ཡང༌། མཁྲིས་པའི་གསོ་བ་ཇི་ལྟ་བ་བཞིན་དུ་བྱའོ། །མུར་འགྲམ་གྱི་ནད་ཀྱང་མཁྲིས་པའི་གསོ་བ་ལྟར་བྱ་སྟེ། ཚབས་ཆེ་ཞིང་ཡུན་རིང་
བ་ནི་སྤང་བར་བྱའོ། །བད་ཀན་ལས་གྱུར་པའི་མགོ་བོའི་ནད་ལ་ནི་མར་རྙིང་པས་སྣུམ་ཆོས་བྱས་ལ་སྨན་ཚ་བའི་སྐྱུག་སྨན་གཏང་ངོ༌། །དུགས་དང་བྱུག་པ་དང་སྣ་སྨན་ལ་སོགས་པའི་རྩུབ་པ་དང༌། དྲོ་བ་དང་རྣོ་བའི་སྨན་གྱིས་བྱའོ། །འདུས་བ་ལས་གྱུར་བའི་མགོ་ནད་ལ་ནི་སྨན་གྱི་གསོ་བ་ཡང་འདྲེས་པར་སྦྱར་ཏེ། སྨྱུང་བ་ཡང་རབ་ཏུ་བསྔགས་སོ། །སྲིན་བུ་ལས་གྱུར་པའི་མགོ་ནད་ལ་ནི་སྲིན་བུ་སྲོག་ཆགས་གང་ཡང་རུང་བའི་ཁྲག་གིས་སྣར་བླུགས་ན། ནང་གི་སྲིན་བུ་ལ་ཁྲག་གིས་རེག་སྟེ། དེའི་དྲིས་སྲིན་བུ་བརྒྱལ་ནས། སྣ་དང་ཁའི་སྒོ་ནས་ཕྱིར་འབྱུང་བར་འགྱུར་རོ། །དེ་ནས་སྨན་ཤིན་ཏུ་རྣོ་བས་སྣ་སྨན་དང༌། དུ་བ་རྔུབ་པ་དང༌། བསྐུ་བྱུག་དང༌། སྲིན་བུ་ལ་ཕན་པའི་སྨན་སྦྱར་བར་བྱ་སྟེ། བྱི་དང་ག་དང༌། སྭརྩི་ཀའི་ཐལ་བ་དང༌། དན་ཏི་དང༌། ཤིང་ཀུན་དང༌། དེ་རྣམས་བ་གཅིན་དང་སྦྱར་བའི་ཁུ་བས་སྦྱོར་བ་བྱས་ན་ཕན་ནོ། །སྨན་ཚ་བ་གང་ཡང་རུང་བ་དང༌། ནིམ་པ་དང༌། ཨིང་གུ་ཏི་དང༌། བི་ལུ་དང༌། དེ་དག་གང་ཡང་རུང་བའི་འབྲུ་མར་གྱི་སྣ་སྨན་ཡང་སྦྱར་རོ། །ཡང་ན་བྱི་དང་ག་རའི་གཅིན་དང་བསྲེས་ནས་སྣར་བླུགས་ན་སྲིན་བུ་འཇོམས་པའི་མཆོག་ཡིན་ནོ། །སྨན་པུ་ཏི་མད་ཚྭ་དང༌། བྱི་དང་ག་གཉིས་སྦྱར་ཏེ་དུ་བ་རྔུབ་པ་དང༌། སྣར་བླུགས་པ་དང༌། སྨན་དུ་སྦྱར་ན་ཕན་ནོ། །སྲིན་བུས་ཁྲག་འཐུང་བ་ཡིན་པས། འདི་ལ་ཁྲག་མི་དབྱུང་ངོ༌། །དེ་ལ་མགོ་འདམ་པའི་ནད་ལ་ནི་རླུང་གི་མགོ་ནད་གསོ་བ་ཐམས་ཅད་བྱ་སྟེ། བསྲེག་པའི་ལས་ནི་མ་གཏོགས་སོ། །ཉེ་བའི་མགོ་ཞེས་བྱ་བའི་ཀླད་པའི་ནད་སྐྱེས་པའི་སྔ་རོལ་དུ་འམ་སྐྱེས་མ་ཐག་གསར་དུ་བྱུང་བ་ཡང་རུང་སྟེ། དེ་ལ་ནི་རླུང་ནད་གསོ་བའི་ཆོ་ག་བཞིན་བྱ་ལ། སྨིན་ནས་ནི་འབྲས་ནད་ཀྱི་གསོ་བ་ལྟར་བྱའོ། །མགོ་ནད་ཐོར་བུ་དང༌། འབྲུམ་བུ་ཅན་ལ་ནི་ཁོང་འབྲས་ཅུང་ཟད་སྨིན་པའི་ཆོ་ག་རྣམས་བྱའོ། །བ་ལ་ཏ་ཀ་ལྟ་བུ་ཞེས་བྱ་བའི་མགོ་ནད་ལ་ནི་སྲིན་བུ་པད་བས་གཏར་ཏེ། ནིམ་པའི་ཆུས་བླུགས་པར་བྱའོ། །སྟག་རྟུག་གི་ཁུ་བའི་ནང་དུ་ལན་ཚྭ་ཤས་ཆེར་བཏབ་སྟེ་བྱུག་གོ །ཡང་ན་པ་ཏོ་ལ་དང༌། ནིམ་པའི་ལོ་མ་འམ། ཡང་ན་ཡུང་བ་དང་
ཏིལ་གྱི་ཚིགས་མ་རྙིང་པ་དང༌། ཁྱིམ་བྱའི་རྟུག་པ་གཉིས་ལྷན་ཅིག་སྦྱར་བ་འམ། སྦྱོར་བ་གསུམ་པོ་གང་ཡང་རུང་བ་བ་གཅིན་དང་སྦྱར་བའི་འདག་གུས་བསྐུས་ན་ཕན་ནོ། །རུ་རྟའི་ཕྱེ་མ་ཏིལ་མར་དང༌། སླ་ངའི་ནང་དུ་བརྔོས་ཏེ། མགོ་ནད་པ་ལ་ཏ་ཀ་ཞེས་བྱ་བ་ལ་བསྐུས་ན། གཡའ་བ་དང༌། གནག་པ་དང༌། ཚ་འུར་འུར་པོར་འདུག་པ་དང༌། ནད་ཀྱིས་ཉམ་ཐག་པ་རྣམས་འཇོམས་སོ། །མ་ལ་ཏི་དང༌། ཙི་ཏྲ་ཀ་དང༌། ཀ་ར་བཱི་ར་དང༌། ཀ་རཉྫ་དང༌། དེ་རྣམས་ཏིལ་མར་དང་བསྐོལ་བས་སྐྲ་བྲེགས་པའི་འོག་ཏུ་བསྐུས་ན། བ་ལ་ཏ་ཀ་ཞེས་བྱ་བའི་ནད་ཐམས་ཅད་སེལ་ཏོ། །དེ་ལྟར་བྱས་ཀྱང་མ་ཞི་ན་སློན་ལ་སོགས་པས་མགོ་ནད་དག་པར་བྱ་བ་ལ་འབད་པར་བྱའོ། །ཀླད་པའི་ནད་ད་རུ་ན་ཀ་ཞེས་བྱ་བ་ལ་ནི་ཐོག་མར་དཔྲལ་བའི་རྩ་ནས་གཏར་ག་བྱས་ལ། མགོ་བཀྲུ་ཞིང་ཕྱི་བདར་ལ་སོགས་པའང་བྱའོ། །སྣ་སྨན་དང་སྣའི་སྦུ་བུའི་སྨན་ཡང་བྱའོ། །པི་ལ་ཡའི་ས་བོན་དང༌། ཤིང་མངར་དང༌། རུ་རྟ་དང༌། མོན་སྲན་གྲེའུ་དང༌། ཡུངས་ཀར་དང༌། རྒྱ་སྐྱེགས་དང༌། དོང་གའི་ལོ་མ་དང༌། ཙཀྲ་མར་དྷ་དང༌། སྐྱུ་རུ་རའི་འབྲས་བུ་རྣམས་སྦྲང་རྩི་དང་འདག་གུར་བྱུགས་ན་ཕན་ནོ། །ཁྲེ་རྒོད་ཀྱི་སོག་མ་བསྲེགས་པའི་ཐལ་བ་ཆུ་དང་སྦྱར་བས་བསྐུས་ན་ཕན་ནོ། །ཀླད་པའི་ཨིནྡྲ་ལུཔ་ཏ་ཞེས་བྱ་བ་ལ་ནི་ནད་གཞི་ཇི་ལྟ་བ་བཞིན་དུ་ཁྲག་གཏར་བ་དང༌། ཞལ་ཞལ་བྱ་སྟེ། དེའི་འོག་ཏུ་ནག་ཚུར་དང༌། ལྡོང་རོས་དང༌། སྤངས་མ་དང༌། ན་ལེ་ཤམ་དང༌། འུ་སུ་དང༌། ཐང་ཤིང་རྣམས་སམ། ཡང་ན་འོལ་མའི་འབྲས་བུ་དང༌། རྩ་བ་འམ། ཡང་ན་ལིང་གི་རྩ་བའམ། ཀ་ར་བཱི་ར་རང་གི་ཁུ་བ་འམ། ཡང་ན་ཀཎྜ་ཀ་རི་རང་གི་ཁུ་བ་འམ། བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བའམ། ཡང་ན་ལུང་ཏང་ཙེའི་འོ་མ་འམ། སྨན་གོ་བྱེའི་ཁུ་བ་འམ། ཡང་ན་ཏིལ་གྱི་མེ་ཏོག་དང༌། གཟེམ་མར་དང་སྦྲང་རྩི་དང་སྦྱར་བ་འམ། ཡང་ན་གླང་པོ་ཆེའི་སོ་བསྲེགས་ཏེ། སྣག་ཚར་བྱས་ལ་ཏིལ་མར་དང་སྦྱར་བ་འམ། སྦྱོར་བ་བརྒྱད་པོ་དེ་དག་ལས་གང་ཡང་རུང་བས་བསྐུས་ན་ནི་ཨིནྡྲ་ལུབ་ཏ་ཞེས་བྱ་བ་སྐྲ་འབྱི་བའི་ནད་ལ་ཕན་པའི་མཆོག་ཡིན་ནོ། །དེ་ལ་སྐྲ་དཀར་སྐྱེས་པའི་
ནད་ལ་ནི་སྐྲ་བཞར་ལ་ལུག་གི་རྭ་གླང་པོ་ཆེའི་སོ་བཞིན་དུ་སྣག་ཚར་བྱས་ཏེ་བསྐུས་ལ། ཇི་སྲིད་སྐྲ་ནག་པོར་མ་སོང་གི་བར་དུ་ཆུ་བླུགས་པ་ལ་སོགས་པ་ཡང་སྤང་ངོ༌། །སྤྱི་ཅེར་དང༌། སྐྲ་དཀར་དང༌། གཉེར་མ་དང་སྐྲ་སེར་པོར་གྱུར་ཅིང་སྐྱེས་པ་ལ་ནི་ཐོག་མར་སློན་ཁྲུས་ཀྱིས་ལུས་སྦྱངས་ལ་སྣ་སྨན་དང་གདོང་དང་མགོ་རྣམས་སུ་བསྐུ་བྱུག་རྣམས་ཡང་དག་པར་སྤྱད་པར་བྱ་སྟེ། བྲི་ཧ་ཏི་ལ་སོགས་པ་རྩ་བ་བཅུ་པ་ཏིལ་མར་དང་བསྐོལ་བའི་མར་གྱིས་སྣ་སྨན་བླུགས་སོ། །ཡང་ན་ནིམ་པའི་མར་གྱིས་ཟླ་བ་གཅིག་གི་བར་དུ་སྣ་སྨན་བླུགས་ཏེ། བཏུང་བ་འོ་མ་བླུད་དོ། །རམས་དང༌། ཤྲི་ཤ་དང་ཨེ་རཎྜ་དང༌། དེ་རྣམས་བྲིང་ག་རཱ་ཛའི་རང་གི་ཁུ་བའི་ནང་དུ་སྦངས་ཏེ་བླུགས་བ་འམ། ཡང་ན་ལྕགས་སྐྱོགས་འོ་མ་དང་བཏགས་པའི་འདག་གུས་ཤིང་ཨེ་རན་ལུ་དང༌། བ་རུ་རའི་ཤིང་དང༌། ཏིལ་དང༌། ཟངས་མའི་ས་བོན་དང༌། ཀཱ་ཀཱ་ཏི་ཀའི་ས་བོན་རྣམས་ཆ་སྙོམས་པ་ལ་བསྒོས་ཏེ། ཉི་མའི་འོད་ལྟ་བུ་ལ་བསྐམས་ལ། དེའི་འབྲུ་མར་བཙིར་ལ་ཕྱུང་སྟེ། མར་དེ་བཙོས་ནས་སྨན་དུ་བླུགས་པ་དང༌། མར་ཉི་ཚེ་འཐུངས་ན་སྐྲ་དཀར་མེད་པར་བྱེད་དོ། །ས་ཧ་ར་ཛ་དང༌། བྲིང་ག་རཱ་ཛ་དང༌། བྱེའུ་རུག་པ་དང༌། དེ་རྣམས་རེ་རེའི་ཁུ་བ་སྲང་སུམ་ཅུ་རྩ་གཉིས་གཉིས། འོ་མ་སྲང་སུམ་ཅུ་རྩ་གཉིས་དང༌། ཏིལ་མར་སྲང་བརྒྱད་དང༌། ཤིང་མངར་སྲང་གཅིག་གི་ཕྱེ་མས་བཏབ་སྟེ་བསྐོལ་ལ་མར་ལུས་པ་དང༌། རྡོའི་སྣོད་དམ། ཤིང་ཨ་ས་ནའི་སྣོད་དམ། ལུག་གི་རྭའི་ནང་དུ་བཞག་སྟེ། སྣ་སྨན་དུ་བཏང་ན་སྐྲ་དཀར་ལ་ཕན་ནོ། །ཡང་ན་པ་ཡ་སྱ་དང༌། ཀ་ར་བཱི་ར་གཉིས་འོ་མ་དང་བཏགས་ཏེ་སྐྲ་དཀར་ཕྱུང་བའི་རྗེས་ལ་བསྐུ་བར་བྱའོ། །དེ་བཞིན་དུ་སྐྲ་དཀར་འཇོམས་པའི་སྨན་གྱིས་བསྐུའོ། །བི་ལ་ཡ་དང༌། ཤིང་མངར་དང༌། ཛི་བན་ཏིའི་སྡེ་ཚན་དང༌། ཏིལ་ནག་པོ་དང༌། ས་ནག་པོ་དང་འོ་མ་རྣམས་སྦྱར་བའི་འདག་གུས་སྦྱར་ཏེ་བསྐུས་ན་སྐྲ་སེར་བ་དང༌། གཉེར་མ་རེངས་པར་བྱེད་དོ། །ཏིལ་དང༌། སྐྱུ་རུ་ར་དང༌། པདྨའི་གེ་སར་དང༌། ཤིང་མངར་དང༌། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང༌། འདག་གུར་སྦྱར་ཏེ་མགོ་ལ་བསྐུས་ན་སྐྲ་འཕེལ་ཞིང་རྒྱས་པར་བྱེད་དོ། །སྤང་སྤོས་དང༌། རུ་རྟ་དང༌། ཏིལ་ནག་པོ་དང༌། ཐལ་ཏྲེས་དང༌།
ཨུཏྤ་ལ་སྔོན་པོ་དང༌། དེ་རྣམས་བཏགས་ཏེ་འོ་མ་དང་སྦྲང་རྩི་དང་སྦྱར་བས་བསྐུས་ན་སྐྲ་སྐྱེ་ཞིང་འཕེལ་བའི་མཆོག་ཡིན་ནོ། །ལྕགས་ཕྱེ་དང༌། བྲིང་ག་རཱ་ཛ་དང༌། འབྲས་བུ་གསུམ་དང༌། ས་ནག་པོ་དང༌། དེ་རྣམས་ཀྱི་ཕྱེ་མ་བུ་རམ་ཤིང་གི་ཁུ་བའི་ནང་དུ་ཟླ་བ་གཅིག་གི་བར་དུ་བཞག་ལ། དེ་ནས་མགོ་ལ་བསྐུས་ན་སྐྲ་རྩ་བ་དང་བཅས་པ་ནག་པོར་བྱེད་དེ། སྲན་མ་ཤ་དང༌། ཁྲེ་རྒོད་དང༌། འབྲས་རྩབས་དང༌། ནས་ཐུག་དང༌། ལྕགས་ཕྱེ་དང༌། དེ་རྣམས་ཚྭ་སྐྱུར་པོའི་ནང་དུ་ཞག་གསུམ་སྤངས་ཏེ། མགོ་ལ་བསྐུས་ན་བྱ་དཀར་ཡང་མདོག་ནག་པོར་བྱེད་ན། སྐྲ་ལྟ་སྨོས་ཀྱང་ཅི་དགོས། པི་པི་ལིང་དང༌། པྲ་པུཎྜ་རཱི་ཀ་དང༌། ཤིང་མངར་དང༌། ཙནྡན་དང༌། ཨུཏྤལ་སྔོན་པོ་དང༌། དེ་རྣམས་ཀྱི་ཕྱེ་མ་སྐྱུ་རུ་རའི་ཁུ་བ་དང༌། ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ། མར་ལུས་པས་སྣ་སྨན་དང་བསྐུ་བྱུག་ཏུ་བསྟེན་ན། ཀླད་པའི་ནད་ཐམས་ཅད་དང༌། སྐྲ་དཀར་མེད་པར་བྱེད་དོ། །ཉེའུ་ཤིང་དང༌། ཛི་བན་ཏིའི་ཁུ་བ་དང༌། སླེ་ཏྲེས་དང༌། འོ་མ་དང༌། སྣུམ་རྣམ་གཉིས་ལྷན་ཅིག་བསྐོལ་ཏེ། འོ་མ་དང་མར་ལུས་པའི་ནང་དུ་འཚོ་བྱེད་སྡེ་བཅུའི་སྨན་གྱི་ཕྱེ་མས་བཏབ་ལ་ཡང་བསྐོལ་ཏེ། མར་ལུས་པ་ལས་སྣར་བླུགས་ན། ནམ་ཚོང་ཡན་ཆད་ཀྱི་ནད་སེལ་བར་བྱེད་དོ། །རྨ་བྱའི་སྒྲོ་དང༌། མཁྲིས་པ་དང༌། རྒྱུ་མ་དང༌། རྐང་པ་དང༌། རྟུག་པ་དང༌། མཆུ་དང༌། དེ་དག་བོར་བའི་ཤ་ཉི་ཚེ་དང༌། རྩ་བ་བཅུ་པ་དང༌། བ་ལ་དང༌། ར་སྣ་དང༌། ཤིང་མངར་དང་སྨན་དེ་རྣམས་སྲང་གསུམ་གསུམ་རྣམས་ཆུ་དང་བསྐོལ་ཏེ། བཞི་ཆ་ལུས་པའི་ནང་དུ་མར་སྲང་སུམ་ཅུ་རྩ་གཉིས་དང༌། དེའི་བཞི་འགྱུར་གྱི་འོ་མ་དང༌། ཛཱི་བན་ཏི་དང༌། འབྲས་བུ་གསུམ་དང༌། མེ་ད་དང༌། རྒུན་འབྲུམ་དང༌། བ་རུ་ར་དང༌། པ་རུ་ཤ་ཀ་རྣམ་གཉིས་དང༌། ས་མང་ག་དང། དབྱི་མོ་དང༌། ག་བྲའི་རྩ་བ་དང༌། ཏང་པལ་དང༌། སུ་ཏི་ཀ་དང༌། ཁ་སྲལ་ཕྲེའུ་དང༌། མ་ཧཱ་མེ་ད་དང༌། ཤིང་ཏ་ལ་དང༌། འབྲ་གོ་དང༌། པདྨའི་རྩ་ལག་དང༌། ཁརྫུ་རའི་རྩ་བ་དང༌། ཤིང་མངར་དང༌། ཇི་བ་ཀ་དང༌། ཉེའུ་ཤིང་དང༌། བྱིད་རི་དང༌། བུ་རམ་ཤིང་དང༌།
བྲི་ཧ་ཏི་དང༌། ཐལ་ཏྲེས་རྣམ་གཉིས་དང༌། བུ་རམ་ཤིང་དང༌། མུར་བ་དང༌། གཟེ་མ་དང༌། ཟངས་རྩི་དང༌། ཤིང་ག་ཏ་ལ་ཀ་དང༌། རྒུན་འབྲུ་གོ་སྟན་དང༌། ར་སྣ་དང༌། ཉི་ར་དང༌། ལྕ་བ་དང༌། སུག་སྨེལ་དང༌། ཟུར་བ་དང༌། མ་ནུ་དང༌། བ་སྦྲུ་བ་དང༌། ནུ་གང་དང༌། བུ་ཚང་རྡོ་དང༌། བྱི་ཚེར་བ་དང་མེ་ཏོག་མ་ཏུ་ཀ་དང༌། སྟར་ཀ་དང༌། བཱ་ཏཱ་མ་དང༌། མུཉྫ་ཀ་དང༌། ཤྲི་ཤི་ད་དང༌། དེ་རྣམས་ཞོ་གཉིས་གཉིས་བཏགས་པའི་ཕྱེ་མ་བཏབ་ལ་བསྐོལ་ཏེ་མར་ལུས་པ་ནི་རྨ་བྱ་ཆེན་པོའི་སྨན་མར་ཞེས་བྱ་སྟེ་ཡོན་ཏན་གོང་མ་བས་ཆེ་སྟེ། ལུས་ཟུངས་བརྟས་ཤིང་དབང་པོ་གསལ་བར་བྱེད་པ་དང༌། སྐད་འགགས་པ་དང༌། ལུད་པ་དང་དབུགས་མི་བདེ་བས་ཉམ་ཐག་པ་འཇོམས་ཏེ། དེ་བཞིན་དུ་ཟླ་མཚན་ཟག་པ་དང༌། ཁུ་ཆུའི་སྐྱོན་ལ་རབ་ཏུ་བསྔགས་ཏེ། ནད་མེད་ཅིང་མོ་གཤམ་ལ་ཡང་བུ་སྟེར་བར་བྱེད་དོ། །དེ་བཞིན་དུ་བྱི་བ་དང༌། ཁྱིམ་བྱ་དང༌། དད་པ་དང༌། རི་བོང་དང༌། དེ་རྣམས་གང་ཡང་རུང་བའི་རེ་རེ་ནས་རྨ་བྱའི་ཆོ་ག་བཞིན་དུ་མ་ལུས་པར་བྱས་ན་ཡང་ཕན་ཡོན་དེ་དང་འདྲའོ། །དེ་ལྟར་ནམ་ཚོང་ཡན་ཆད་ཀྱི་ནད་ཉིས་བརྒྱ་སུམ་ཅུ་སོ་གཅིག་པོ་ཕན་ཚུན་མ་འདྲེས་པར་རྒྱ་ཆེར་བཟའ་བ་ཡིན་ནོ། །སྐྱེས་བུ་རྣམས་ཀྱི་ལུས་ཀྱི་རྩ་བ་ནི་མགོ་བོ་ཡིན་ལ་ཡན་ལག་གཞན་རྣམས་ནི་ཡལ་ག་ལྟ་བུ་ཡིན་ནོ་ཞེས་དྲང་སྲོང་རྣམས་སྨྲ་སྟེ། དེའི་ཕྱིར་མགོ་བོ་ལུས་ཀྱི་རྩ་བ་ལྟ་བུ་ལ་མཚོན་དང་ནད་ལ་སོགས་པས་གནོད་པར་འགྱུར་ན། མྱུར་དུ་གསོ་བར་བྱ་བ་གཅེས་སོ། །དབང་པོ་རྣམས་དང༌། སྲོག་ཀྱང་མགོ་ལ་བརྟེན་ཏེ་གནས་པས། དེས་ན་ཡན་ལག་གི་དམ་པ་མགོ་བོ་བསྲུང་བ་ལ་འབད་པར་བྱའོ། །མགོ་བོའི་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པ་རྫོགས་སོ།། །།ནམ་ཚོང་ཡན་ཆད་ཀྱི་ནད་གསོ་བའི་རྒྱུད་བཤད་ཟིན་ཏོ།། །།དེ་ནས་རྨ་གསོ་བའི་ལེའུ་བཤད་པར་བྱའོ། །དེ་ལ་རྨ་ལ་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པ་དང༌། གློ་བུར་དུ་བྱུང་བ་གཉིས་སོ། །དེ་ཡང་རྨ་རེད་པ་དང༌། རྨ་མ་རེད་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་ལ་ལྷན་ཅིག་སྐྱེས་པའི་རྨ་ནི་ནད་གཞིའི་དབང་གིས་ལུས་ལས་སྐྱེས་པའོ། །གློ་བུར་དུ་བྱུང་བའི་རྨ་ནི་ཕྱི་རོལ་གྱི་མཚོན་ལ་སོགས་པ་ཕོག་
བ་ལས་བྱུང་ངོ༌། །དེ་ལ་རྨ་རེད་པ་ནི་ནད་གཞི་དང་བཅས་པ་སྟེ་མ་རུངས་པའོ། །རྨ་མ་རེད་པ་ནི་དག་པ་སྟེ། ནད་གཞི་དང་མི་ལྡན་པའོ། །ནད་གཞི་རྣམས་དང་ཁྲག་འདྲེས་ཏེ། རྨ་རེད་པའི་མཚན་མ་ནི་ཕག་ཆེ་ལ་ཁ་ཆུང་བ་དང༌། ཡང་ན་ཁ་ཆེ་ལ་ཕག་ཆུང་བ་དང་རྨ་སྲ་ཞིང་རྡོ་འདྲ་བ་དང༌། ཡང་ན་ཤིན་ཏུ་ཚ་བ་དང༌། ཤིན་ཏུ་ཟབ་པ་དང༌། ཡང་ན་རྨ་མཐོ་བ་དང༌། རྨ་ཤིན་ཏུ་གྲང་བ་འམ། ཡང་ན་ཤིན་ཏུ་དྲོ་བ་དང༌། མདོག་དམར་བ་དབལ་སྐྱ་བ་དང༌། རྣག་དང་ཆུ་སེར་འཛག་པ་དང༌། ལུས་ཟད་པ་དང༌། རྣག་དང༌། ཤ་དང༌། རྒྱུས་པ་དང༌། རྨས་རྩ་གཡོགས་པ་དང༌། རྨ་མཆེད་ཅིང་རབ་ཏུ་ན་བ་དང༌། ཚ་བ་དང༌། སྐྲངས་པས་རབ་ཏུ་ན་བ་དང༌། གཡའ་བ་ལ་སོགས་པའི་བླ་བརྣན་དེ་དག་དང་ལྡན་པ་ཡུན་རིང་པོར་རྨ་འཚོ་དཀའ་བ་ཡིན་ཏེ། བཅྭ་ལྔ་པོ་དེ་དག་ནི་རྨ་མ་རུངས་པའི་རྟགས་སོ། །རླུང་ལས་གྱུར་པའི་རྨའི་མཚན་མ་ནི་རྨ་མདོག་རྩ་གནག་ཅིང་འབྱར་བ་དང༌། ཐལ་བ་དང༌། ཐི་བ་དང༌། རུས་པའི་མདོག་ཏུ་སྣང་བ་དང༌། རྨའི་ནང་ནས་ཞོ་ག་ཆུ་དང༌། ཤ་བཀྲུས་པའི་ཆུ་དང་འདྲ་བ་སླན་ཏེ་ཉུང་ངུར་འབྱུང་བ་དང༌། ཤ་ཟད་ཅིང་ཤིན་ཏུ་ན་ཞིང་ཟུག་པ་དང༌། རྩུབ་ཅིང་འགགས་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་རྨའི་མཚན་མ་ནི་རྨ་མྱུར་དུ་སྨིན་པ་དང༌། རྨའི་མདོག་སེར་བ་དང༌། སྔོ་བ་དང༌། སེར་སྐྱ་དང༌། ཁམ་པར་འདུག་པ་དང༌། གཅིན་གྱི་མདོག་ཏུ་འདུག་པ་དང༌། རྒྱ་སྐྱེགས་ཤིང་གི་ཁུ་བ་ལྟ་བུ་དང༌། ཐལ་ཆུ་ལྟ་བུ་དང༌། ཏིལ་མར་ལྟ་བུའི་ཆུ་སེར་ཚ་བ་མང་དུ་འབྱུང་བ་དང༌། རྨ་ཁ་ཐལ་སྨན་གྱིས་བཏབ་པ་དང༌། ཁབ་ཀྱིས་གཙགས་པ་བཞིན་དུ་ན་ཞིང་དམར་ལ་ཚ་ཞིང་སྨིན་པ་དང་ལྡན་པའོ། །བད་ཀན་ལས་གྱུར་པའི་རྨའི་མཚན་མ་ནི་མདོག་སྐྱ་བ་དང༌། གཡའ་བ་དང༌། ཆུ་སེར་དཀར་ཞིང་བསྐ་བ་མང་དུ་འཇག་པ་དང༌། རྨའི་ཐོན་འཁོར་མཁྲང་ཞིང་མཐོན་པོར་འདུག་པ་དང༌། རྒྱུས་པ་དང༌། རྩའི་དྲ་བ་སྣང་ཞིང་ཟུག་གཟེར་ཆུང་བ་ཡིན་ནོ། །ཁྲག་ལས་གྱུར་པའི་རྨའི་མཚན་མ་ནི་བྱུ་རུའི་མདོག་ལྟར་ཤིན་ཏུ་དམར་བ་དང༌། ཆུ་སེར་ཁྲག་དང་བཅས་
པར་འཛག་པ་དང༌། རྟའི་གནས་ཀྱི་དྲི་ལྟར་བྲོ་བ་དང༌། གཞན་ཡང་མཁྲིས་པའི་རྨའི་མཚན་མ་ཡང་འདིར་སྦྱར་རོ། །ནད་གཞི་གཉིས་འདུས་པ་ལས་གྱུར་པའི་རྨ་དང༌། གསུམ་འདུས་པ་ལས་གྱུར་པའི་རྨའི་མཚན་མ་ཡང་གང་དང་གང་འདུས་པ་དེ་དང་དེའི་མཚན་མ་འདྲེས་པ་བརྟགས་ཏེ་ཤེས་པར་བྱའོ། །རྨ་དག་ཅིང་མ་རེད་དེ་གནོད་པ་བྱེད་པའི་མཚན་མ་ནི། ལྕེའི་མདོག་འདྲ་བས་འཇམ་ཞིང་མཉེན་པ་དང༌། རྨའི་ཐོན་འཁོར་སྐྱ་ནར་འདུག་པ་དང༌། འབྲུམ་ཕྲན་སྙམ་དུ་འབྱུང་བ་དང༌། ཡང་ན་རྨའི་དབུས་སུ་ཆུང་ཞིང་མཐོ་བ་འབྱུང་བ་རྣམས་ཡིན་ནོ། །པགས་པ་དང༌། ཤ་དང༌། རྩ་དང༌། རྒྱུས་པ་དང༌། ཚིགས་དང༌། རུས་པ་དང༌། ནང་རོལ་དང༌། གནད་དང༌། བརྒྱད་པོ་དེ་རྣམས་སུ་ཁ་འབྱུང་བ་ནི་གསོ་དཀའ་བ་དང༌། དེ་ཡང་གོ་རིམས་བཞིན་དུ་འོག་མ་འོག་མས་གསོ་དཀའོ། །སྐྱེས་བུའི་སྙིང་སྟོབས་ཆེ་ཞིང་ཕོག་སྙ་དང་ལྡན་པ་དང༌། ཤ་ཆེ་ཞིང་མེའི་དྲོད་དང་ལྡན་པ་དང༌། ལང་ཚོ་དང་ལྡན་ཞིང་ཉམས་སྟོབས་དང་ལྡན་པ་དང༌། རྨའི་སྒྲོས་ཟླུམ་པ་དང༌། དཀྱུས་རིང་བ་དང༌། ཟུར་གསུམ་དང༌། ཟུར་བཞི་པོ་ཡོད་པ་དེ་ནི་གསོ་སླ་བ་ཡིན་ནོ། །དེ་བཞིན་དུ་དཔྱི་དང༌། རྐུབ་དང༌། ཕོ་མཚན་དང༌། མཆུ་དང༌། རྒྱབ་ཀྱི་སྒལ་ཚིགས་དང༌། རྒྱབ་ཀྱི་གཞུང་དང༌། ཁ་དང་མཁུར་ཚོས་སུ་རྨ་བྱུང་བ་ཡང་གསོ་སླའོ། །རྨ་གསོ་དཀའ་བ་ནི་མིག་དང༌། སྙིང་དང༌། སྣ་དང༌། མིག་འགྲམ་དང༌། ལྟེ་བ་དང༌། ཕོ་མཚན་དང༌། རྐུབ་ཀྱི་བར་བྲེད་བྲེད་པོ་དང༌། ལྟོ་བ་དང༌། རྣ་བ་དང༌། རྩིབ་ལོགས་དང༌། མཆན་ཁུང་དང༌། ནུ་མ་རྣམས་སུ་བྱུང་བའི་རྨ་དང༌། རྨའི་ནང་ནས་ལྦུ་བ་དང༌། ཆུ་སེར་དང༌། རྣག་དང༌། རླུང་འབྱུང་ཞིང་ཟུག་རྡུ་དང་བཅས་པ་དང༌། སྟོད་དུ་སྐྱུགས་པ་དང༌། མཚན་བར་རྡོལ་བ་དང༌། གདོང་གི་ནང་དུ་བྱུང་བ་དང༌། རྐེད་པ་དང༌། རུས་པ་ལ་བརྟེན་པ་ལ། མཛེ་ནད་ཅན་ལ་རྨ་བྱུང་བ་དང༌། དུག་བསྟེན་པ་དང༌། ལུས་སྐེམ་པ་དང༌། གཅིན་ནད་སྦྲང་རྩི་ལྟ་བུས་བཏབ་པ་དང༌། དེ་རྣམས་ལ་རྨ་བྱུང་ན་གསོ་དཀའ་བ་ཡིན་ཏེ་འཚོ་བར་ཡང་དཀའོ། །གང་
ཡང་རྨའི་སྟེང་དུ་རྨ་བྱུང་བ་དང༌། ཤུ་བ་ཆེན་པོའི་ནད་དང༌། རིམས་དང༌། ཚད་བར་འཁྲུ་བ་དང༌། ལུད་པ་ལུ་བ་དང༌། སྐོམ་དད་ཆེ་བ་དང༌། གཉིད་མེད་པ་དང༌། དབུགས་མི་བདེ་བ་དང༌། རྨ་རྣགས་མི་ཤེས་པ་དང༌། ཀླད་པའི་སྲུབས་བྱེ་ཞིང་ཀླད་རྒྱས་སྣང་བ་དང། རྒྱུས་པ་རུལ་བར་བྱས་པ་དང༌། རྩ་ཆད་པ་དང༌། རྨ་ཕུག་རིང་བ་དང༌། སྲིན་བུས་ཟོས་པ་དང༌། རུས་པ་ཆད་པ་དང༌། ཟུག་རྡུ་དང༌། དུག་དང་བཅས་པ་དང༌། རྨ་བརྟགས་པ་དང༌། ལོག་པར་བཅིངས་པ་དང༌། སྣུམ་ཤས་ཆེ་བ་དང༌། རྩུབ་པ་དང༌། རྨའི་ནང་དུ་སྤུ་ལ་སོགས་པ་ཞུགས་པ་དང༌། འགུལ་བསྐྱོད་མངས་པ་དང༌། ཁོང་པ་མ་དག་པ་དང༌། འགྲངས་ཆེས་པ་དང༌། ལུས་རབ་ཏུ་རྗུད་པ་དང༌། ཆང་མང་དུ་འཐུང་བ་དང༌། ཉིན་པར་གཉིད་ལོག་པ་དང༌། ཉལ་པོ་བསྟེན་པ་དང༌། མཚན་མོ་གཉིད་མ་ལོག་པ་དང༌། རྨའི་ཆོ་ག་ལོག་པར་བྱས་པ་དང༌། འདི་རྣམས་སྤྱད་ན་ནི་གསོ་བ་བྱས་ཀྱང་མི་འགྲུབ་པོ། །གང་གི་རྨ་གསོ་བ་མདོག་བྲི་བའི་མདོག་ཏུ་འདུག་པ་དང༌། ནང་གི་རྣག་ཟད་པ་དང༌། ཤའུ་ཕྲ་མོ་བརྟན་པར་འབྱུང་བ་ནི་མྱུར་དུ་འཚོ་བར་འགྱུར་རོ་ཞེས་བཤད་དོ། །གལ་ཏེ་རྨ་སྐྲངས་པ་ལྟ་ན་ནི་ནད་གཞི་ཇི་ལྟ་བ་བཞིན་དུ་སློན་ཁྲུས་ཀྱིས་སྦྱང་བར་བྱས་ཏེ། ལུས་དག་ནས་དེའི་འོག་ཏུ་སྨན་གྱི་སྦྱོར་བ་བྱས་ན་མྱུར་དུ་འཚོ་བར་འགྱུར་རོ། །ཅི་སྟེ་རྨ་སྐྲངས་པར་གྱུར་ན་ནི། རྒྱུན་དུ་བསིལ་བའི་ཆོ་ག་བྱ་སྟེ། ཇི་ལྟར་སྐྱེས་བུ་མེས་ཚིག་པ་ལ་ཡང་མེ་དེ་ཉིད་ལ་བདུགས་པས་ཕན་པ་བཞིན་དུ་གང་གི་རྨ་སྐྲངས་ཤིང་མཁྲང་ལ་མདོག་ནག་པར་འགྱུར་ཞིང་ན་བ་དང་བཅས་ལ། དུག་དང་ལྡན་པ་ལ་ནི་ཁྱད་པར་དུ་སྲིན་བུ་པད་བ་ལ་སོགས་པས་ཁྲག་དབྱུང་ངོ༌། །དེ་ལྟར་ཁྲག་ངན་དང་བྲལ་བར་ལྟ་ན་དེ་མ་ཐག་སྐྲངས་པ་དང༌། མདོག་དམར་བ་དང། ཟུག་གཟེར་ཞི་བར་བྱེད་དོ། །དེ་ལྟར་ཁྲག་ཕྱུང་བཞིན་དུ་སྨན་བསིལ་བའི་ནུས་པ་དང་ལྡན་པ་དག་ཅི་ཙམ་དུ་བཏགས་པ་འོ་མ་དང༌། བུ་རམ་ཤིང་གི་ཁུ་བའི་ནང་དུ་མར་ལན་བརྒྱ་སྦྲུས་པའི་མར་དང་ལྡན་པར་བྱས་ནས་བསྐུས་ན། སྔ་མ་མ་སྐམས་པར་ཕྱིས་ཀྱང་
བསྐུས་ལ་ཞག་རེར་དེ་ལྟར་བྱའོ། །དེ་ལྟར་བྱ་བ་ཡང་བསྐུ་བའི་ཞག་ལ་སྦྱར་གྱི། སྦྱར་ནས་ཞག་ལོན་པ་མི་རུང་ངོ༌། །བྱུག་པ་དང༌། བླུགས་པ་དང༌། བསྐུབ་ལ་སོགས་པ་ཡང་འཕྲལ་ལ་བྱས་པ་ཅན་གྱི་རྙིངས་པ་མི་ཕན་ནོ། །ནྱ་གྲོ་དྷ་དང༌། ཨུ་དུམྦཱ་ར་དང༌། ཨ་ཤྭདྠ་དང༌། པླཀྵ་དང༌། ལྕང་མ་དང༌། འདི་རྣམས་ཀྱི་ཤུན་ལྤགས་བཏགས་པའི་ཕྱེ་མ་མར་དང་ལྡེ་གུར་སྦྱར་བས་བསྐུས་ན། སྐྲངས་པ་སེལ་བའི་མཆོག་ཡིན་ནོ། །རླུང་ལས་གྱུར་པའི་སྐྲང་པ་མཁྲང་ཞིང་སྲ་བ་ཟུག་གཟེར་ཆེ་ཞིང་ཁྲག་འཛག་བཞིན་དུ་རྨ་སྐྲངས་ཤིང་ན་བ་འདི་ལྟ་བུ་ལ་ནི། དུགས་དང་གཤེར་སའི་ཤ་ལས་གཡོས་སུ་བྱས་པའི་ཟས་དང༌། ཟར་མ་དང༌། ཏིལ་མར་བརྔོས་ཏེ། འོ་མ་དང་བཏགས་ལ་བསྐུས་ན། རྨ་ན་ཞིང་ན་ལ་སྐྲངས་པ་ཚབས་ཆེ་བ་ཡང་སེལ་ཏོ། །བད་ཀན་དང་རླུང་གིས་རྨ་སྐྲངས་པ་ལ་ནི་སྲ་ལ་བརྟན་ཞིང་ཟུག་གཟེར་ཆུང་བ་ཡིན་ཏེ། དེ་ལ་ནི་བད་ཀན་དང་རླུང་འཇོམས་པའི་སྨན་དང་སྦྱར་བའི་ནུས་པ་སྣུམ་གྱིས་བསྐུ་བྱུག་བྱ་སྟེ། དེའི་འོག་ཏུ་འོད་མའི་སྦུ་གུ་ནས་རིམ་གྱིས་དུགས་བྱས་ལ། དེའི་འོག་ཏུ་སྐངས་པ་སྙི་བར་བྱ་བའི་ཕྱིར་ལག་པའི་མཐིལ་ལམ་མཐེ་བོས་མཉེ་བར་བྱའོ། །དེའི་འོག་ཏུ་ན་ས་དང༌། གྲོ་དང༌། མོན་སྲན་སྡེའུ་རྣམས་བསྐོལ་ཏེ་བཏགས་པའི་ཕྱེ་མ་ལྡེ་གུར་བསྐུས་ན་ཡང་སྐྲངས་པ་སྙི་བར་འགྱུར་རོ། །དེས་ཀྱང་ཞི་བར་མ་གྱུར་ན་དུགས་བྱའོ། །དེ་ལ་ཡང་རྨ་སྨིན་ན་ནི་ཞི་བར་འགྱུར་ལ་མ་སྨིན་ན་ནི་དེ་ལྟ་མ་ཡིན་ནོ། །དེ་ལ་དུགས་ནི། རྒྱ་ཤུག་དང༌། ཏིལ་དང། ཟར་མ་དང༌། རྒྱམ་ཚ་དང༌། ཕབས་དང༌། རུ་རྟའི་ཕྱེ་མ་དང༌། སྐྱུར་པོ་དང་སྦྱར་བའི་ཟན་དྲོན་གྱིས་གླན་པའི་དུགས་བྱས་ན་རབ་ཏུ་བསྔགས་སོ། །ལེགས་པར་སྨིན་ན་ནི་སྐྲང་པའི་ཕྱོགས་གཅིག་ཏུ་མཐོན་པོར་འདུས་པར་འགྱུར་ཏེ། དེ་ལ་ནི་ཅི་རིགས་པར་བཙིར་རོ། །ཤིན་ཏུ་གཞོན་པ་འམ་སྐྱིད་དེ་བ་དག་དྲག་ཏུ་བཙིར་བ་ལ་སོགས་པའི་ལས་མི་བཟོད་པ་ལ་ནི་གུ་གུལ་དང༌། ཟར་མ་དང༌། བ་བླ་དང༌། གཙང་སྨན་ཁྲོན་བུ་དང༌། རྟའི་རྟུག་པ་དང༌། ཐལ་སྨན་གྱི་སྨན་རྣམས་ཀྱིས་སྐྲང་པ་སྨིན་པ་ལ་རང་རྡོལ་དུ་གཞུག་གོ །རྨ་ནང་དུ་འཁྱིམས་ཏེ་
ཕྱིར་བྱུང་དུ་མ་འདོད་ན། ཕན་ཚུན་མཆེད་པར་རྒྱུ་ཞིང་གནས་རྣམས་སུ་ཞུགས་པ་ལ་ནི་སྣུམ་མེད་སྨན་གྱིས་རྣགས་དབྱུང་བའི་ཆེད་དུ་རྨ་ནང་དུ་བསྐུས་ལ་རྣག་འཇིབ་ཏུ་གཞུག་གོ །རྨ་སྐོམས་པར་གྱུར་ན་ནི་འཇིབ་སྨན་དང༌། སྨན་གྱིས་བསྐུ་བ་རྣམས་སྤང་བར་བྱའོ། །འཇིབ་སྨན་དང་བྱུག་པ་དེ་དག་ཀྱང་རྨ་ཁར་མི་བསྐུ་སྟེ། སྦྱོར་བ་དེ་དག་བྱས་ན་ཉེས་པ་རྣམས་མི་འབྱུང་ངོ༌། །དེ་ལ་འཇིབ་སྨན་ནི་བོད་སྲན་དང༌། ནས་དང༌། གྲོ་དང༌། མོན་སྲན་སྡེའུ་དང༌། བྲ་བོ་དང༌། གཞན་ཡང་སྨན་སྤྱི་བག་ཅན་རྣམས་ལྷན་ཅིག་སྦྱར་ལ་འཇིབ་རྩི་བྱའོ། །གཅིན་ནད་དང༌། མཛེ་ནད་ཀྱི་རྨན་ཚབས་ཆེར་རེད་པ་ལ་ནི་བྱིའུ་རུག་པ་དང༌། དོང་གའི་སྡེ་ཚན་གཉིས་ཀྱི་དང་པོ་སྨན་བདུན་བདུན་བསྐོལ་བའི་ཁུ་བས་རྨ་བཀྲུ་བར་བྱའོ། །ཡང་ན་པ་ཏོ་ལ་དང༌། ནིམ་པའི་འོ་མ་བསྐོལ་བས་བཀྲུའོ། །རྨ་དག་པ་ཡང་རུང་མ་དག་པ་ཡང་རུང་སྟེ། དེ་ལ་ནི་ནྱ་གྲོ་དྷ་ལ་སོགས་པ་གོང་དུ་བསྟན་པའི་སྨན་ལྔའི་ཤུན་ཕྲགས་བསྐོལ་བའི་ཁུ་བས་རྨ་བཀྲུ་བར་བྱའོ། །ཡང་ན་པ་ཏོ་ལ་དང༌། ཏིལ་དང༌། ཤིང་མངར་དང༌། དུར་བྱིད་དང༌། དན་ཏི་དང༌། སེར་པོ་རྣམ་གཉིས་དང༌། ནིམ་པའི་ལོ་མ་དང༌། རྒྱམ་ཚ་དང༌། འདི་རྣམས་སྦྱར་བའི་འདག་གུས་བསྐུས་ན་རྨ་སྦྱོང་བར་བྱེད་དོ། །རྨ་ཁ་ཚིགས་དང་གནད་རྣམས་སུ་བྱུང་བ་ལ་ནི་དུར་བྱིད་དང༌། དནྟི་དང༌། ལང་ག་ལི་དང༌། རྒྱམ་ཚ་དང༌། སྦྲང་རྩི་དང་སྦྱར་བའི་ཆང་བུ་ཕྲ་མོ་བྱས་ཏེ། རྨ་ནང་དུ་བཅུག་ན་སྦྱོར་བར་བྱེད་དོ། །རླུང་གིས་རྨ་ཟུག་གཟེར་དྲག་པོ་དང་བཅས་ཤིང་རྣག་ཁྲག་འཛག་པ་ལ་ནི་ནས་དང༌། གྲོ་དང༌། མོན་ཆ་ར་དང༌། ཤྲི་པྲེཥྚ་དང༌། ཐང་ཤིང་དང་མར་དང་བཅས་པའི་དུད་པས་བདུག་གོ །ཁྲག་དང་མཁྲིས་པ་ཤས་ཆེ་བའི་རྨ་ལ་ནི་ཤིན་ཏུ་བསིལ་བའི་ནུས་པ་དང་ལྡན་པའི་སྨན་གྱིས་བསྐུའོ། །རྨ་ཁ་སྐམས་ཤིང་ཤ་བྲི་ལ་རྨ་ཟབ་པ་ལ་ནི་ཤ་སྐྱེད་པའི་སྨན་བྱ་སྟེ། དེ་ཡང་ནྱ་གྲོ་དྷ་དང༌། ཤུག་པའི་སྡེ་ཚན་དང༌། ཨ་ཤྭ་གནྡྷ་དང༌། བ་ལ་དང༌། ཏིལ་དང༌། དེ་རྣམས་ཀྱིས་བསྐུ་བ་དང༌། ཤ་ཟ་བའི་སྲོག་ཆགས་ཀྱི་ཤ་ཆོ་ག་བཞིན་དུ་གཡོས་སུ་བྱས་ཏེ། ཟོས་ན་ཤ་སྐྱེད་དེ།
སེམས་ཀྱང་དྲི་མ་མེད་པར་བྱེད་དོ། །རྨ་ཁའི་ཤ་གསར་བ་ཕྱིར་འབུར་ཞིང་རློ་བ་ལ་ནི་སྲིན་བུ་ཤིང་གི་མེ་ཏོག་དང༌། ནག་ཚུར་དང༌། ལྡོང་རོས་དང༌། བ་བླ་དང༌། གུ་གུལ་དང༌། ཀྲུ་ཏྲུག་ཏྲེས་དང༌། འདི་རྣམས་ཀྱི་འདག་གུས་བསྐུས་པ་ཕན་ནོ། །གལ་ཏེ་ཤ་དེ་མཐོན་པོར་མཐུག་ཅིང་སྲལ་གཡའ་ཞིང་ཡུན་རིང་པོ་ནས་འཚོ་བ་ལ་ནི་ཐལ་སྨན་གྱི་ལས་ཀྱིས་གསོ་བར་བྱའོ། །རྡེའུ་འབྱིན་པའི་རྨ་ལས་གཅིན་འབྱུང་བ་དང༌། ཚིགས་སུ་ཆད་པ་རྣམས་ལ་ནི་མདོའི་གནས་སུ་ཇི་སྐད་བསྟན་པའི་ཆོ་ག་རྣམས་བྱའོ། །རྨའི་ཆོག་ཚུལ་བཞིན་བྱས་ཀྱང་མི་འགྲུབ་པ་ལ་ནི་མེའི་ལས་རྣམས་བྱའོ། །དེ་ལྟར་རྨའི་ཁ་རབ་ཏུ་ཤ་རློ་བ་ལ་སོགས་པའི་ཆོ་ག་གོང་དུ་བསྟན་ནས། ད་ནི་རྨ་འཚོ་ཞིང་འདྲུབ་པར་བྱ་བའི་ཕྱིར་སྨན་སྦྱར་བར་བྱ་སྟེ། ཨ་ཤྭ་གནྡྷ་དང༌། སེང་ཕྲོམ་དང༌། ཀད་པ་ལ་དང༌། ཤིང་མངར་དང༌། བཙོད་དང༌། ད་ཏ་ཀའི་མེ་ཏོག་དང༌། འདི་རྣམས་ཀྱི་ཕྱེ་མ་སྦྱར་ན་རྨ་འཚོ་བར་བྱེད་པའི་མཆོག་ཡིན་ནོ། །རྨ་མ་སྨིན་པ་དང༌། རྨ་ཁའི་ཤ་རུལ་ཞིང་འདྲུབས་སུ་མི་འདོད་པ་ལ་ནི་སྨན་ཁ་བ་དང༌། མངར་བ་བསྐོལ་བའི་ནང་དུ་ཏིལ་མར་དང༌། ཤིང་མངར་གྱི་ཕྱེ་མ་བཏབ་སྟེ། སྣུམ་དང་ལྡན་པ་དྲོ་འཇམ་ཙམ་གྱིས་བསྐུས་ན་རྨ་འདྲུབ་པར་འགྱུར་རོ། །གོང་མ་ནི་སྦྱོར་བ་དེའི་སྟེང་དུ་ནིམ་པའི་ལོ་མ་དང་སྦྲང་རྩི་དང་སྦྱར་ཏེ་བསྐུས་ན། རྨའི་ཆོ་ག་སྦྱོང་བའི་མཆོག་ཡིན་ནོ། །ཡང་ན་སྦྱོར་བ་དེ་ཉིད་ཞུན་མར་དང་བཅས་པས་བསྐུས་ན་ཡང་རྨ་མྱུར་དུ་འཚོ་བར་བྱེད་དོ། །གང་དུ་ཏིལ་མེད་པའི་གནས་སུ་ནས་ཀྱི་སྐྱིན་པ་བྱའོ། །ཞེས་དེ་ཉིད་རིགས་པའི་སྨན་པ་རྣམས་འདོད་དོ། །ཁྲག་དང་མཁྲིས་པ་ལས་གྱུར་པའི་རྨ་དང༌། རྨ་དུག་ཅན་དང༌། གློ་བུར་དུ་བྱུང་བའི་རྨ་དང༌། ཟབས་སུ་སོང་བའི་རྨ་དང༌། ཚ་བ་དང་བཅས་པའི་རྨལ་ནི་མར་དང་འོ་མ་དང། རྨ་འཚོ་བའི་སྨན་དང་ལྷན་ཅིག་སྦྱར་ཏེ་བཏང་ན་རྨ་འཚོ་བར་འགྱུར་རོ། །བད་ཀན་དང་རླུང་ལས་གྱུར་པའི་རྨ་ལ་ནི་རྨ་སྨན་དང་བསྐོལ་བའི་ནང་དུ་ཏིལ་མར་དང་སྦྱར་བ་བཏང་ན། རྨ་འཚོ་བར་འགྱུར་རོ། །ནག་ཚུར་བྱ་བལ་མ་དང༌། སེང་ཕྲོམ་དང༌། ཨ་རུ་ར་དང༌།
སྲ་རྩི་པོག་དང༌། ལི་ཁྲི་དང༌། དངུལ་རྡོ་དང༌། སྤངས་མ་དང༌། འདི་རྣམས་ཀྱི་ཕྱེ་མ་པོ་སོན་ཆ་དང༌། ཏིལ་མར་དང་བཅས་པ་བཏང་ན་རྨ་འཚོ་བའི་མཆོག་ཡིན་ནོ། །རྨ་ཁ་མཉམ་པ་དང༌། རྨའི་ཤ་བརྟན་པ་དང༌། པགས་པ་ལ་རྨ་འབྱུང་བ་ལ་ནི་ཀ་ཀུམ་དང༌། ཨུ་དུམྦཱ་ར་དང༌། ཨ་ཤྭདྠ་དང༌། ཤིང་འཛམ་བུ་དང༌། ཀད་ཕ་ལ་དང༌། སེང་ཕྲོམ་དང༌། འདི་རྣམས་བཏགས་པའི་ཕྱེ་མས་བཏབ་ན་ཡང་རྨ་དག་པ་ཡིན་ནོ། །རྨ་ཁ་གསར་པ་པགས་པ་དང༌། ཤའུ་སྐྱེར་མི་འདོད་པ་ལ་ནི། ཀ་གུ་བ་ལ་སོགས་པ་གོང་གི་ཤིང་དེ་རྣམས་ཀྱི་ཕྱེ་མས་བཏབ་ན་པགས་པ་མྱུར་དུ་སྐྱེ་བར་འགྱུར་རོ། །རྒྱ་སྐྱེགས་དང༌། ལྡོང་རོས་དང༌། བཙོད་དང༌། བ་བླ་དང༌། སེར་པོ་རྣམ་གཉིས་དང༌། འདི་རྣམས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུས་བསྐུས་ན། པགས་པའི་རྨ་དག་པར་བྱེད་པའི་མཆོག་ཡིན་ནོ། །སྐྱེར་པ་དང༌། པྲི་ཡང་ཀུ་དང༌། ཨ་མྲའི་རུས་པ་དང༌། ཧེ་མ་ཀ་ལ་དང༌། དངུལ་ཆུ་དང༌། འདི་རྣམས་ཀྱི་ཕྱེ་མ་བ་ལང་གི་ལྕིབ་བཙིར་བའི་ཁུ་བ་དང་སྦྱར་བའི་ལྡེ་གུས་བསྐུས་ན་པགས་པའི་རང་བཞིན་གྱི་མདོག་བསྐྱེད་པའི་མཆོག་ཡིན་ནོ། །སྤུ་སྐྱེད་པའི་དོན་དུ་གླང་པོ་ཆེའི་སོ་སྣོད་ཁ་སྦྱོར་གྱི་ནང་དུ་དུད་པ་མ་ཤོར་བར་བསྲེགས་པ་དང༌། སྐྱེར་ཁཎ་དང་ཏིལ་མར་སྦྱར་བས་བསྐུས་ན་སྤུ་སྐྱེ་བ་དང༌། དེ་བཞིན་དུ་སྲོག་ཆགས་རྐང་པ་བཞི་པའི་སེན་མོ་དང༌། སྤུ་དང༌། རུས་པ་དང༌། པགས་པ་དང༌། རྭ་དང༌། རྨིག་པ་དང༌། འདི་རྣམས་གོང་མ་བཞིན་དུ་བསྲེགས་ལ་སྣག་ཚར་བྱས་པ་ཏིལ་མར་དང་སྦྱར་བས་བསྐུས་ན་སྤུ་སྐྱེ་བར་འགྱུར་རོ། །རྨ་དང་ལྡན་པའི་སྐྱེས་བུས་ནི་ཁ་ཟས་ཀྱི་ཕན་གནོད་གང་བསྲུང་བ་ནི། མདོའི་གནས་མཚོན་གྱི་ལས་བསྟན་པའི་སྐབས་སུ་བལྟ་བར་བྱའོ། །རླུང་ལས་གྱུར་པའི་རྨ་ལ་ནི་རྩ་བ་ཆེ་ཆུང་ལྔའི་སྡེ་ཚན་དང༌། རླུང་འཛོམས་པའི་སྨན་དང་སྦྱར་བ་གཏང་ངོ༌། །དེ་བཞིན་དུ་མཁྲིས་པ་ལས་གྱུར་པའི་རྨ་ལ་ནི། ནྱ་གྲོ་དྷ་དང༌། ཤུག་པའི་སྡེ་ཚན་གཉིས་དང༌། མཁྲིས་པ་འཇོམས་པའི་སྨན་དང་སྦྱར་ཏེ་གཏང་ངོ༌། །བད་ཀན་ལས་གྱུར་པའི་རྨ་ལ་ནི། དོང་གའི་སྡེ་ཚན་དང༌། གང་བད་
ཀན་འཇོམས་པའི་སྨན་དང་སྦྱར་བ་གཏང་ངོ༌། །ནད་གཞི་འདྲེས་པ་ལས་གྱུར་པའི་རྨ་ལ་ནི་སྨན་ཡང་འདྲེས་པར་སྦྱར་ལ་གཏང་ངོ༌། །གོང་གི་སྨན་གྱི་སྦྱོར་བ་དེ་དག་ནི་བཀྲུ་བ་དང༌། བྱུག་པ་དང༌། སྨན་མར་དང༌། འབྲུ་མར་དང༌། ཁུ་བ་བྱ་བ་དང༌། ཕྱེ་མ་དང༌། གདར་བུ་དང་སྦྱོར་བ་བདུན་པོ་དེ་དག་གིས་ཇི་ལྟར་རིགས་པ་བཞིན་དུ་སྦྱར་རོ། །ཛཱ་ཏི་དང༌། ནིམ་པ་དང༌། པ་ཏོ་ལའི་ལོ་མ་དང༌། པུ་ཙེ་ཤེལ་དང༌། སྐྱེར་པ་དང༌། ཡུང་བ་དང༌། ཐལ་ཏྲེས་དང༌། བཙོད་དང༌། ཨ་རུ་ར་དང༌། སྦྲ་ཚིལ་དང༌། སྤངས་མ་དང༌། ཤིང་མངར་དང༌། ཀ་རཉྫའི་ས་བོན་དང༌། འདི་རྣམས་མར་དང་ཚུལ་བཞིན་བསྐོལ་ཏེ་སྦྱར་ལ་བཏང་ན་རྨ་ཁ་ཆུང་བ་དང་གནད་ལ་བརྟེན་ཏེ་རྣག་འཛག་པ་དང༌། རྨ་ཟབ་ཅིང་ཟུག་གཟེར་དང་བཅས་པ་དང༌། རྨ་མཆེད་པ་ལ་ཕན་ཏེ་དེ་དག་ཅིང་འཚོ་བར་བྱེད་དོ། །རྨ་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པ་རྫོགས་སོ།། །།དེ་ནས་གློ་བུར་དུ་རྨ་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་གློ་བུར་དུ་བྱུང་བའི་རྨ་ནི། འཕྲལ་དུ་མཚོན་ལ་སོགས་པས་སྨས་པ་ལས་འབྱུང་སྟེ། དེ་ཡང་རྨ་འབྱུང་བའི་གནས་ཀྱང་མཐའ་ཡས་མོད་ཀྱི། རེ་ཞིག་སྨས་པའི་རྨ་རྣམ་པ་བརྒྱད་དུ་བཤད་ཅིང་བརྗོད་པར་བྱ་སྟེ། དེ་ཡང་པགས་པ་བཤུས་པ་དང༌། རྨ་ཉིས་རྩེག་ཏུ་འབྱུང་བ་དང༌། རྣམ་པར་ཆད་པ་དང༌། རབ་ཏུ་འཕྱང་བ་དང༌། ཡན་ལག་ལྷུང་བ་དང༌། རྔུ་བ་ཟུག་པ་དང༌། གནད་དུ་བསྣུན་པ་དང༌། གྲུགས་པའི་རྨ་རྣམས་སོ། །དེ་ལ་པགས་པ་བཤུས་པའི་རྨ་ནི་པགས་པ་ཙམ་ཤུས་ཏེ། ཆུ་སེར་ཉི་ཚེ་འམ། ཁྲག་ཅུང་ཟད་དང་བཅས་པ་འཛག་ལ་ནད་དང་བཅས་པ་ཡིན་ནོ། །རྨ་ཉིས་རྩིག་ཏུ་འབྱུང་བ་ནི་དང་པོར་གཅིག་གིས་བསྣུན་ལ་དེ་དང་ཉེ་བར་ཡང་བསྣུན་པ་ཡིན་ནོ། །རྣམ་བར་ཆད་པའི་རྨ་ནི་མཚོན་གྱིས་ལན་ཅིག་བཅད་པའི་སྟེང་དུ་ཡང་བརྣན་པའོ། །རབ་ཏུ་འཕྱང་བའི་རྨ་ནི་རུས་པའི་ལྷག་མ་ཙམ་གྱིས་འབྲེལ་ཏེ་འཕྱང་བར་འགྱུར་བའོ། །ཡན་ལག་ལྷུང་བའི་རྨ་ནི་ཡན་ལག་འུར་པོར་ཆད་དེ་ས་ལ་ལྷུང་བའོ། །རྡུ་བ་ཟུག་པ་ཞེས་བྱ་བའི་རྨ་ནི་
མཆོན་རྩེ་ཤིན་ཏུ་ཕྲ་བ་ལུས་ལ་ཟུག་སྟེ། ཁོང་པར་ཞུགས་པ་མ་གཏོགས་པར་མཚོན་ནང་དུ་ལུས་པའོ། །བསྣུན་ཞེས་བྱ་བ་ནི་གནད་དུ་བསྣུན་པའོ། །གྲུགས་པ་ཞེས་བྱ་བའི་རྨ་ནི་ཁྲག་དང་རྐང་གཉིས་འབྲེལ་བར་འཁྲུགས་པའོ། །མཚོན་གྱིས་དྲག་ཏུ་བསྣུན་ཞིང་ཕོག་ན་ནི། རྨ་ཁ་ཡངས་ཤིང་རྒྱ་ཆེན་པོར་སོང་སྟེ། རུས་པ་དང་མཚམས་བྱེ་པ་ཡིན་ནོ། །དེ་ལྟར་རྨ་གློ་བུར་དུ་བྱུང་བ་ལ་ནི་ཤིང་མངར་དང་མར་སྦྱར་བས་བསྐུའོ། །ཡང་ན་ཤིན་ཏུ་ཟུག་གཟེར་ཆེ་བ་ལ་ནི། བ་བླའི་འབྲུ་མར་དྲོ་འཇམ་ཙམ་གྱིས་བསྐུའོ། །སྨས་ཏེ་ཁྲག་མང་པོ་བྱུང་ཞིང་ཚ་བ་སྐྱེས་ན་དེ་གཞི་ལ་བར་བྱ་བའི་ཕྱིར། སྨན་མངར་བ་དང་བསིལ་བའི་སྨན་སྣུམ་པ་དང་བཅས་པ་རྨ་ཁར་བླུགས་སོ། །གློ་བུར་དུ་འབྱུང་བའི་རྨ་ཁ་རྒྱ་ཆེན་པོར་སོང་ན་ནི་རུབ་པར་བྱ་བའི་ཕྱིར་སྦྲང་རྩི་དང་མར་སྦྱར་བས་བསྐུ་ཞིང་མཁྲིས་པ་འཇོམས་པའི་བསིལ་བའི་སྨན་རྣམས་ཀྱང་སྦྱར་རོ། །དེའི་འོག་ཏུ་སློན་ཁྲུས་ཀྱིས་ལུས་སྦྱང་བ་དང༌། སྨྱུང་བ་བྱ་བ་དང༌། ཟས་ཟོས་པའི་འོག་ཏུ་རྟག་ཏུ་གཏར་གས་ཁྲག་དབྱུང་བར་བྱའོ། །དེ་ལ་པགས་པ་བཤུས་པའི་རྨ་དང༌། གྲུགས་པའི་རྨ་གཉིས་ལ་ནི་ཁྱད་པར་དུ་ཆོ་ག་གོང་མ་ལྟར་བྱ་སྟེ། གང་གི་ཕྱིར་ཞེ་ན་དེ་གཉིས་ནི་འཛག་པ་ཉུང་ཞིང་མྱུར་དུ་སྨིན་པས་སོ། །རྨ་གཞན་ནི་ཕལ་ཆེར་རྨ་མང་དུ་འབྱུང་སྟེ། ཁྲག་མང་དུ་འཛག་ཅིང་ཟད་པས། རླུང་འཁྲུགས་ནས་ཟུག་གཟེར་སྐྱེད་པར་བྱེད་དོ། །དེ་ལ་ནི་རླུང་འཇོམས་པའི་སྨན་དང་སྦྱར་བའི་བཏུང་བ་དང༌། བླུགས་པ་དང༌། དུགས་དང༌། བསྐུ་བ་དང༌། བྱུག་པ་དང༌། འཇམ་རྩི་མས་གཏོང་བ་རྣམས་བྱའོ། །གློ་བུར་དུ་བྱུང་བའི་རྨ་ལ་འཕྲལ་གྱི་གསོ་བ་དེ་དག་བྱས་ནས་ཞག་བདུན་གྱི་བར་དུ་བཞག་གོ །དེ་ལྟར་ཞག་བདུན་གྱི་བར་དུ་འདས་ཏེ། ཟུག་གཟེར་གྱི་ཤུགས་གློད་པ་དང༌། དེའི་འོག་ཏུ་གོང་དུ་སྨོས་པའི་ཆོ་ག་རྣམས་སྤྱད་དོ། །དེ་ལྟར་བཤད་པ་དེ་དག་ནི་རྨ་སྤྱིའི་ཆོ་གར་བསྟན་པ་ཡིན་ནོ། །ད་ནི་རེ་རེའི་གསོ་བ་བཤད་པར་བྱ་སྟེ། དེ་ལ་པགས་པ་བཤུས་པའི་རྨ་ལ་ནི་ཟུག་གཟེར་ཆེ་ཞིང་ཞི་བར་བྱ་བའི་ཕྱིར་མྱུར་
དུ་རྨ་ལ་སྨན་གྱི་ཕྱེ་མ་སྦྱར་རོ། །རྨ་ཉིས་རྩེག་ཏུ་འབྱུང་བ་ལ་ནི་འདག་གུ་ལ་སོགས་པ་སྦྱར་རོ། །རྣམ་པར་ཆད་པ་དང༌། རབ་ཏུ་འཕྱང་བའི་རྨ་ལ་ནི་ཆོ་ག་བཞིན་དུ་བཙེམས་ཏེ་བཅིངས་ལ་རྣག་གཟགས་ཤིང་བཙིར་བར་བྱའོ། །མཚོན་གྱིས་མིག་བཅར་བ་དེ་ནི་གསོར་མི་རུང་ངོ༌། །གང་གི་མིག་གནས་ནས་བསྐྱོད་དེ་ཕྱིར་འབྱུང་ཞིང་འཕྱང་བ་ལ་ནི་སྔ་མའི་གནས་ཇི་ལྟ་བ་བཞིན་དུ་བཞག་ལ། སྨན་པས་མིག་གི་དབུས་སུ་རྩ་ལས་གཏར་ཞིང་པདྨའི་འདབ་མ་གཉིས་ཀྱི་བར་དུ་བཙིར་ཞིང་ཁྲག་གཟག་གོ །དེ་ནས་མར་གྱིས་བསྐུ་བ་དང༌། སྣ་སྨན་དང་མིག་བརྟ་བའི་ཆོ་ག་བྱས་ན་ཕན་ནོ། །ཤིང་མངར་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། ཨུཏྤ་ལ་དང༌། དེ་རྣམས་རའི་འོ་མ་དང་ལྷན་ཅིག་བསྐོལ་ཏེ་མིག་ཏུ་བླུགས་ན། མིག་ནད་སྣད་པ་ཐམས་ཅད་ལས་རྒྱལ་བར་བྱེད་པའི་མཆོག་ཡིན་ནོ། །མཚོན་གྱིས་སྣད་དེ་མིག་ཕུགས་སུ་ཞུགས་པ་ལ་ནི་མགུལ་བ་བསྡམས་པ་དང༌། སྐྱུག་ཏུ་གཞུག་པ་དང༌། ལུད་པ་དང༌། སྦྲིད་པ་འབྱུང་བའི་ཐབས་བྱ་བ་དང༌། དབུགས་རྔུབ་ཅིང་བསྡམས་པ་རྣམས་བྱས་ན་ཕན་ནོ། །ཡང་ན་མིག་སྣད་པའི་གསོ་བ་རྣམས་བྱས་ན་ཕན་ནོ། །རྣ་བ་སྣད་ཅིང་སྨས་ཏེ་གནས་ལས་ཉམས་ན་ནི། རྨ་བཙེམས་ལ་རྨའི་ནད་ཐམས་ཅད་ཏིལ་མར་གྱིས་དགོང་ངོ༌། །ལྷག་པར་མཚོན་གྱིས་བཅད་དེ་སྨས་ན་ནི་རྨའི་ནང་ནས་རླུང་ལྡང་བར་འགྱུར་ཏེ། དེ་ལ་ནི་དེ་མ་ཐག་མྱུར་དུ་རྨ་གཉིས་ལེགས་པར་སྦྱར་ཏེ་བཙེམས་ལ་བཅིངས་ཏེ་རའི་མར་གྱིས་བསྐུས་ན་རབ་ཏུ་བསྔགས་སོ། །ནད་པ་དེས་ཁ་ཟས་བཟའ་བ་ཡང་གན་རྐྱལ་བཞག་པ་འམ། མགོ་ཕྱིར་བསྐྱེད་པས་བཟའོ། །མལ་ཆ་ཡང་མི་འགུལ་བ་ལེགས་པར་བྱས་ཏེ་བཞག་གོ །རྐང་ལག་འཕྲེད་དུ་སྨས་ཏེ་རྨ་བྱུང་བ་ནི་རྨ་ཁ་ལེགས་པར་བསྡུས་ཏེ་བཅུག་ལ་རས་བལ་ལྷན་པར་བཙེམས་པར་བྱའོ། །བཙེམས་ལ་དབང་བུ་དང་བཅས་པ་བཅིངས་ཏེ་རས་མཐུག་པོས་དཀྲི་བར་བྱའོ། །ཕྲག་གོང་སྣད་ཅིང་རྨ་བྱུང་བ་ལ་ནི་བ་ལང་གི་པགས་པས་
མཆན་ཁུང་ནས་ཡར་ཕྲག་པར་བཅིང་ངོ༌། །རླིག་པ་མཚོན་གྱིས་སྨས་ཏེ་རྐང་པ་གཉིས་ཀྱི་བར་ནས་མར་འཕྱང་བ་ལ་ནི་ལྒང་པའི་ནང་དུ་ཆུ་བླུགས་པ་ལ་མས་གཏོང་པའི་སྦུ་བུ་ནས་དྲངས་པའི་ཆུ་དྲག་པོའི་རྒྱུན་གྱིས་བཀྲུ་སྟེ། དེའི་འོག་ཏུ་རླིག་པ་རང་གི་གནས་སུ་བསྡུས་ཏེ་བཅུག་ལ་རས་བལ་དང་ལྡན་པར་བཙེམ་པར་བྱའོ། །དཔྱི་སྨས་ཤིང་སྣད་པ་ལ་ནི་སྨས་པའི་རྨ་ཁ་རང་གི་ནང་དུ་བསྡུས་ཏེ་བཅུག་ལ། བ་ལང་གི་པགས་པས་བརླ་ཕྲག་ནས་ཡར་བཅིངས་ཏེ། རས་ཀྱི་སྟེང་ན་ས་དཀྲི་བར་བྱའོ། །དེ་ལ་སྣུམ་གྱི་བླུགས་པ་ཡང་བྱའོ། །གལ་ཏེ་རྨ་རྣགས་ན་ནི་པྲི་ཡང་ཀུ་དང༌། ཨ་ག་རུ་དང༌། སུག་སྨེལ་དང༌། སྣ་མའི་མེ་ཏོག་དང༌། ཙནྡན་དང༌། པར་པ་ཏ་དང༌། ལྡོང་རོས་དང༌། སྐྱེར་པ་དང༌། སླེ་ཏྲེས་དང༌། སྤངས་མ་དང༌། དེ་རྣམས་ཏིལ་མར་དང་སྦྱར་པའི་མར་གྱིས་བསྐུས་ན་རྨ་འཆོ་པར་འགྱུར་རོ། །རྐང་ལག་འུད་པོར་ཆད་ན་ནི་ཏིལ་མར་བསྐོལ་བའི་ནང་དུ་བཅུག་ཅིང་བསྲེགས་ལ་པགས་པའི་ཤུབས་སུ་བཅུག་སྟེ་བཅིང་བར་བྱའོ། །དེའི་འོག་ཏུ་རྨ་གསོ་བའི་ཆོ་ག་རྣམས་སྤྱད་དོ། །རྡུ་བ་ཟུག་པའི་རྨ་ལ་ནི་ཐོག་མར་ཟུག་རྔུ་བྱུང་ལ་དེའི་འོག་ཏུ་རྨ་གསོ་བའི་ཆོ་ག་བཞིན་བྱའོ། །གྲུགས་པའི་རྨ་ལ་ནི་རྐང་ལག་ཆག་གྲུགས་ཀྱི་གསོ་བ་རྣམས་སྦྱར་རོ། །མགོ་བོ་ལ་མཚོན་ལ་སོགས་པའི་ཟུག་རྔུས་ཟུག་པ་ལ་ནི་ཐོག་མར་ཟུག་རྔུ་ཕྱུང་ལ་སྐྲ་ཚོམས་བསྙིལ་བས་གཞུག་ཅིང་བཙགས་ལ་བཞག་གོ །གལ་ཏེ་ཀླད་རྒྱས་འཛག་ན་ནི་རླུང་འཁྲུགས་ནས་ན་སྟེ། དེ་ནི་རླུང་གི་གསོ་བ་རྣམས་བྱའོ། །གཞན་དུ་བྱས་ན་ནི་འཆི་བར་འགྱུར་རོ། །མགོ་བོའི་རྨ་ལྤགས་ཀྱིས་རུབ་ན་ནི་སྐྲ་ཉག་རེ་རེས་རིམ་གྱིས་དབྱུང་ངོ༌། །གང་གི་ཀླད་རྒྱས་མང་དུ་འཛག་སྟེ་བྲི་བར་གྱུར་པ་ལ་ནི་སྲོག་ཆགས་གཞན་འཕྲལ་བསད་མ་ཐག་པའི་ཀླད་རྒྱས་ཟར་གཞུག་གོ །ཡན་ལག་གཞན་དུ་ཟུག་རྡུ་ཟུག་པ་ལ་ནི། ཐོག་མར་ཟུག་རྡུ་ཕྱུང་ལ་སྣུམ་དང་ལྡན་པའི་རེང་བུ་བཅུག་ལ་བཙང་ངོ༌། །གང་གི་རྨ་ཁ་ཆུང་ཞིང་ཕུགས་སུ་སོང་སྟེ། ཁྲག་མང་དུ་འཛག་པ་ལ་ནི་ཙཀྲ་མར་དྷའི་མར་གྱིས་རྐང་པ་བཀང་
སྟེ་མས་གཏོང་བའི་སྦུ་བུ་ཆུང་དུ་དང་རྨའི་ནང་དུ་ཕུལ་ཞིང་གཏང་ངོ༌། །དེ་ལ་རྨ་གནད་དུ་བསྣུན་པའི་རྨ་ལས་ཁོང་པའི་ནང་དུ་བསྣན་པའི་རྟགས་ནི། ལྟོ་བ་ཁྲག་གིས་གང་བ་དང༌། བརྒྱལ་བ་དང༌། གློ་སྙིང་དང༌། རྩིབ་ལོགས་སུ་ཟུག་ཅིང་ན་བ་དང༌། རིམས་ཀྱིས་འདེབས་པ་དང༌། ལུས་ཚ་བ་དང༌། སྐོམ་དད་ཆེ་བ་དང༌། སྦོ་བ་དང༌། ཁ་ཟས་ལ་མངོན་པར་མི་དགའ་བ་དང༌། བཤད་གཅི་དང༌། རླུང་འགགས་པ་དང༌། དབུགས་མི་བདེ་བ་དང༌། མིག་དམར་བ་དང༌། རྡུལ་བ་དང༌། ཁ་ནས་ཁྲག་གི་དྲི་བྲོ་བ་དང༌། ལུས་ལས་དྲི་ང་བར་འབྱུང་བ་ཡིན་ནོ། །ཁྲག་དེ་ཕོ་བའི་གནས་སུ་བྱུང་ན་ནི་ཁྲག་གིས་སྐྱུགས་པ་དང༌། ལྟོ་སྦོ་བ་དང༌། ཤས་ཆེར་ན་ཞིང་ཤིན་ཏུ་མ་རུངས་པར་འགྱུར་རོ། །ཞུ་བའི་གནས་སུ་ལོང་ཀར་ཁྲག་དེ་བྱུང་ན་ནི། ཤིན་ཏུ་ཁོང་ལྕི་ཞིང་ཟུག་གཟེར་དང་བཅས་པ་དང༌། ལྟེ་བའི་འོག་ཏུ་གྲང་བ་དང༌། གདོང་གི་བུ་གནས་ཁྲག་འབྱུང་སྟེ། དེ་ཡང་མ་ཞུ་བའི་གནས་ཀྱི་ཁྲག་སྟེང་དུ་འགྲོ་བའི་ལམ་མེད་ན། གང་ནས་འབྱུང་ཞེ་ན། དེ་ནི་རྩ་རྒྱུན་ཕྲ་མོ་ལས་སྟེང་དུ་འཛག་པ་ཡོད་དེ། ཅི་ལྟར་ལྒང་པ་ཁ་ཐུར་དུ་བལྟས་ཀྱང་རྩ་རྒྱུན་ཕྲ་མོ་ལས་གཅིན་གྱི་ཐིགས་པ་ནང་དུ་འབབ་པ་བཞིན་ནོ། །དེ་ལ་ཁོང་པའི་ནང་དུ་ཁྲག་ཡོད་པ་དང༌། ལྒང་པ་སྐྲངས་པ་དང༌། དབུགས་མི་བདེ་བ་འཐོན་པ་དང༌། མིག་དམར་བ་དང༌། གདོང་སྐྱ་བ་དང༌། ལྟོ་བ་སྦོ་བའི་མཚན་མ་དང་ལྡན་ན་ནི་སྤང་བར་བྱའོ། །དེ་ལ་མ་ཞུ་བའི་མཚན་མའི་གནས་སུ་ཁྲག་བྱུང་བ་ལ་ནི། སློན་སྨན་བྱས་ན་ཕན་ནོ། །ཤུ་བའི་གནས་ལོང་ཀར་ཁྲག་བྱུང་བ་ལ་ནི། བཀྲུ་སྨན་དང་ནི་ཧ་རུ་གཉིས་སྣུམ་མེད་ཅིང་དྲོ་བས་སྦྱར་བར་བྱའོ། །ཁ་ཟས་ནི་ནས་དང༌། རྒྱ་ཤུག་དང༌། རྒྱ་སྲན་གྱི་ཁུ་བ་སྣུམ་མེད་ཅིང་ནས་ཐུག་རྒྱམ་ཚྭ་དང་བཅས་པ་བཟའོ། །ཁོང་པའི་ནང་དུ་མཚོན་གྱིས་ཕོག་སྟེ་ཁྲག་མང་དུ་འཛག་པ་ལ་ནི་ཁྲག་གི་བཏུང་བ་བླུད་དོ། །ལྟོ་བར་བསྣུན་པའི་རྨ་ལས་ནི་རྒྱུ་མ་ཆད་རྡོལ་དུ་གྱུར་ཏམ། མ་གྱུར་པའི་བྱེ་བྲག་ཤེས་པར་བྱ་སྟེ། དེ་ཡང་མ་
རྡོལ་བ་ནི་བརྒྱལ་བ་ལ་སོགས་པའི་བྱེ་བྲག་ཚོར་བ་ཤས་ཆུང་བ་ཡིན་ནོ། །གལ་ཏེ་རྡོལ་ན་ནི་བརྒྱལ་བ་ལ་སོགས་པས་ཤས་ཆེར་མི་བདེ་བ་ཡིན་ནོ། །དེ་ལ་རྒྱུ་མ་མ་རྡོལ་བ་ནི་འཚོ་བ་ཐེ་ཚོམ་དང་བཅས་པ་ཡིན་ནོ། །རྒྱུ་མ་རྡོ་ལ་བ་ནི་འཚོ་བར་མི་འགྱུར་རོ། །ཁོང་པ་མཚོན་གྱིས་སྨས་ཏེ་བཤང་གཅི་རང་ཚུལ་བཞིན་རང་གི་ལམ་ནས་འབྱུང་ཡང་གནོད་པ་དང༌། སྡུག་བསྔལ་དང་བཅས་པ་དེ་ཡང་འཚོ་བར་ཐེ་ཚོམ་དང་བཅས་པ་ཡིན་ནོ། །ཁོང་པ་ནི་རྡོལ་རྒྱུ་མ་ནི་མ་རྡོལ་བར་ཕྱིར་བྱུང་བ་ལ་ནང་དུ་བསྡུས་ཏེ་སླར་གཞུག་གོ །གལ་ཏེ་གཞུག་ཏུ་མ་འདོད་ན་ནི་དབུགས་གྱེན་དུ་བརྔུབས་ན། རྒྱུ་མ་རང་གི་གནས་སུ་སླར་ཞུགས་པར་འགྱུར་རོ་ཞེས་ཁ་ཅིག་སྨྲའོ། །རྒྱུ་མ་ཕྱིར་བྱུང་བ་དེ་ནི་ཡུན་རིང་རྡོལ་ཏེ་རྡུལ་ལ་སོགས་བས་གོས་ན་འོ་མས་བཀྲུ་སྟེ། ནང་དུ་ཞུགས་པའམ་ལག་པའི་སེན་མོ་བྲེགས་ལ་མར་གྱིས་བསྐུས་ཏེ། རིམ་གྱིས་ལེགས་པར་གཞུག་གོ །རྒྱུ་མ་ཕྱིར་བྱུང་བ་དེ་ནི་ཡུན་རིང་དུ་ལོན་ཏེ་སྐམས་ན་ནི་འོ་མར་སྦང་ཞིང་མར་གྱིས་བསྐུས་ལ་རིམ་གྱིས་ལེགས་པར་གཞུག་གོ །རྒྱུ་མ་དེ་རང་གི་གནས་སུ་ལེགས་པར་ཕྱིན་པ་རང་ཉིད་ཀྱིས་དབུགས་རྔུབ་པ་ལ་སོགས་པ་མི་ནུས་ན་གཞན་གྱིས་ལག་པའི་སོར་མོ་ནད་པའི་ལྕེ་ཕུགས་སུ་བཞག་ལ་སྐྱུག་ཏུ་གཞུག་གོ །དེ་བཞིན་དུ་རྒྱུ་མ་ནང་དུ་གཞུག་ཁར་ཟུག་གཟེར་གྱིས་བརྒྱལ་ན་གདོང་ལ་སོགས་པར་ཆུས་གཏོར་རོ། །རྨའི་ཁ་སྒྲོས་ཆུང་ཞིང༌། རྒྱུ་མ་སྦོམ་ཞིང་ཆེ་སྟེ། རྒྱུ་མ་ནང་དུ་ཞུགས་སུ་མ་འདོད་ན། དེ་ཤོང་པའི་ཚད་ཙམ་དྲལ་ལ་ནང་དུ་གཞུག་གོ །རྒྱུ་མ་དེ་རང་གི་གནས་སུ་ལེགས་པར་ཕྱིན་པར་ཤེས་ན་རྨ་དེ་བཙེམ་པར་བྱའོ། །གལ་ཏེ་རྒྱུ་མ་སྔར་ཇི་ལྟར་འདུག་པ་བཞིན་དུ་མ་སོང་སྟེ། རྒྱུ་མ་འཆུས་ཤིང་འཁྲུག་པར་བཅུག་ན་ནི་འཆི་བར་འགྱུར་རོ། །དེ་ནས་རས་སྣུམ་གྱིས་བསྒོས་པས་དཀྲིས་ལ་སྟེང་ནས་མར་གྱིས་ཀྱང་བསྐུའོ། །དེའི་འོག་ཏུ་ཙི་ཏྲ་ཀའི་འབྲུ་མར་འོ་མ་དང་སྦྱར་བ་དྲོ་འཇམ་ཙམ་བླུད་ན་བཤང་བ་སླ་ཞིང་རླུང་དང་བཅས་པ་བདེ་བར་འབྱུང་བར་འགྱུར་རོ། །ཆོ་ག་གོང་མ་ཇི་ལྟ་བ་བཞིན་དུ་ལོ་གཅིག་གི་བར་དུ་རྨ་
བ་སྲུང་བ་ལ་འབད་པར་བྱའོ། །སྨས་ཏེ་ལྟོ་ཚིལ་ཕྱིར་བྱུང་ནས་ཐལ་བ་དང་ས་ལ་སོགས་པའི་དྲི་མས་གོས་ན་ནི་རྩ་བ་བཅུ་པའི་སྨན་བཏགས་ལ་ཁོལ་བའི་ཁུ་བས་བཀྲུས་ལ། སྨན་པ་མཁས་པས་ཚིལ་ཇི་ཙམ་ཕྱིར་བྱུང་བའི་མཚམས་སུ་སྐུད་པས་དམ་དུ་བཅིངས་ཏེ་མཚོན་རྣོན་པོས་བཅད་པ་འམ། ཡང་ན་མཚོན་མེ་ལ་བསྲེགས་པས་བཞུའོ། །གཞན་དུ་ལོག་པར་བཅད་ན་ནི་ཁོང་པ་ན་ཞིང་ཟུག་ལ་རྒྱུ་མ་སྒྲ་དང་བཅས་པ་འམ། ཡང་ན་འཆི་བར་འགྱུར་རོ། །དེ་ལྟར་བྱས་པའི་འོག་ཏུ་རས་སྦྲང་རྩིས་བྱུགས་པས་བཅིངས་ལ་ཁ་ཟས་ཞུ་བའི་ཚོད་ཙམ་ན་མར་བླུད་དོ། །དན་དི་དང༌། རྒྱ་སྐྱེགས་དང༌། གཟེ་མ་དང༌། ཤིང་མངར་དང༌། དེ་རྣམས་འོ་མ་དང་བསྐོལ་བ་བླུད་པ་འམ་ཡང་ན་གོང་དུ་སྨོས་པའི་ཆོ་ག་བཞིན་དུ་བྱས་ན་ན་ཞིང་ཚ་བ་ལས་རྒྱལ་བར་བྱེད་པའི་མཆོག་ཡིན་ནོ། །ཚིལ་གྱིས་ཐོར་བུ་གསོ་བའི་ནད་དུ་བཤད་པའི་འབྲུ་མར་གྱི་བསྐུ་བྱུག་བྱས་ན་ཡང་ཕན་ནོ། །བལ་བུའི་ལོ་མ་དང༌། ཤུག་པ་དང༌། སྤང་སྤོས་དང༌། ཧ་རེ་ཎུ་ཀ་དང༌། ཨ་ཀ་རུ་དང༌། ཙནྡན་དང༌། སེར་པོ་རྣམ་གཉིས་དང༌། པདྨའི་ས་བོན་དང༌། པུ་ཙེ་ཤེལ་དང༌། དེ་རྣམས་ཏིལ་མར་དང་བསྐོལ་བའི་ཁུ་བ་བསྐུས་ན། རྨ་གློ་བུར་དུ་བྱུང་བ་གསོ་བར་བྱེད་པའི་མཆོག་ཡིན་ནོ། །མཚོན་གྱིས་བསྣུན་ཏ་མ། གཡང་ས་ནས་ལྷུང་སྟེ་དྲན་པ་ཉམས་ཤིང་རྨོངས་བག་ཏུ་གྱུར་པ་ནི་རླུང་དང༌། ཁྲག་འཇོམས་པའི་སྨན་གྱིས་མཉེ་བ་དང༌། དྲིལ་བ་དང༌། ལུས་དག་པར་བྱེད་པ་ལ་སོགས་པས་ཚིམ་པར་བྱའོ། །ལུས་ཀྱི་ཡན་ལག་གི་ཚིགས་བྱེ་བ་དང༌། ལུས་ཚབས་ཆེར་སྣད་པ་དང༌། ཁྲག་ཟག་པ་དང༌། གནད་དུ་བསྣུན་པ་དང༌། དེ་རྣམས་ལ་ནི་ཟོམ་བཟང་པོ་ལུས་ཤོང་བ་ཙམ་ཏིལ་མར་གྱིས་བཀང་སྟེ། ལུས་གཞུག་ཅིང་དེའི་འོག་ཏུ་ཤ་ཁུ་སྦྱིན་ནོ། །གློ་བུར་དུ་བྱུང་བའི་རྨ་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པ་རྫོགས་སོ།། །།དེ་ནས་ཆག་གྲུགས་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ཐོག་མར་ལྷུང་བ་དང༌། སྣད་པ་ལ་སོགས་པས་རུས་པའི་ཚིགས་དང༌། ཚིགས་མ་ཡིན་པར་བྱེ་བ་
དང། ཆག་པ་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལ་ཚིགས་བྱུང་བའི་རྟགས་ནི་བརྐྱང་བསྐུམ་གྱི་རྩོལ་བ་ནི་མི་ནུས་སོ། །རུས་པ་ཆག་པའི་མཚན་མ་ནི་ཤས་ཆེར་སྐྲང་བ་དང༌། དུས་ཐམས་ཅད་དུ་ཟུག་ཅིང་ན་བ་དང༌། བསྒུལ་བསྐྱོད་ཕྲ་མོ་ཙམ་ཡང་མི་ནུས་པ་དང༌། མྱངས་ན་རུས་པ་ཁྲོལ་སྒྲ་གྲག་པ་སྟེ། དེ་དག་ནི་ཆག་པའི་མཚན་ཉིད་མདོར་བསྟན་པའོ། །དེ་ལ་ཆག་གྲུགས་ཀྱི་སྦྱོར་བ་མང་དུ་སྨོས་པ་ལས་སྦྱོར་བ་མང་དུ་ཇི་ལྟ་བ་བཞིན་དུ་ཉུང་ཞིག་བརྗོད་པར་བྱ་སྟེ། ཐོག་མར་རུས་པ་ཆག་པར་གྱུར་ན་རུས་པ་འཁྲོལ་བའི་སྒྲ་གྲག་གོ །དེ་ལ་རུས་པ་གང་ཡང་རྐེད་ཁུམས་སུ་ཆག་པ་ནི་གཞུག་པར་སླ་ཞིང་འཚོ་བར་ཡང་སླའོ། །རུས་པ་ཆག་པ་དེ་ཟུག་ཅིང་མ་ཆག་པ་ཙམ་དུ་ལུས་པའམ། ཡང་ན་རུས་པ་གཞོལ་ཕྱོགས་ཆག་སྟེ། དྲངས་ཀྱང་མཐོ་དམན་དུ་སོང་བ་ནི་ཤིན་ཏུ་གསོ་དཀའ་བ་ཡིན་ནོ། །དེ་བཞིན་དུ་ལུས་རྗུད་པ་དང༌། ཉམས་སྟོབས་ཆུང་བ་དང༌། རླུང་ནད་ན་བ་དང༌། ཟས་ཉུང་དུ་ཟ་བ་དང༌། ཀླད་པའི་ཚིགས་དང༌། རྐང་པའི་ཚིགས་བྱེ་ཞིང་འབྱུང་བ་དང༌། གདོང་བུའི་རུས་པ་ཆག་པ་དང༌། འདི་རྣམས་ནི་གསོ་བ་སྤང་བར་བྱའོ། །གཞན་ཡང་མགོའི་རུས་པ་བྱེ་ཞིང་མི་འབྱོར་བ་དང་ཕྲད་པའི་རུས་པ་དུམ་བུར་སོང་བ་དང༌། མུར་འགྲམ་དང་སྤྱི་གཙུག་སླད་དེ་ཆག་པ་དང༌། ཡང་ན་རུས་པ་ཆག་པ་དེ་ལེགས་པར་མ་བཅིངས་པ་དང༌། བཅིངས་ཀྱང་བར་དུ་བསྐུལ་བསྐྱོད་ཀྱིས་གྲུགས་པ་དང༌། ཡང་ན་ལམ་དུ་འགྲོ་ཞིང་བསྐྱོད་དྲགས་པས་གྲུགས་པ་དང༌། གསོ་བ་ལོག་པ་བྱས་པ་རྣམས་ཀྱང་སྤང་བར་བྱའོ། །གང་ཡན་ལག་ལ་སོགས་པ་གཅུས་པའམ། དྲངས་པས་ཡན་ལག་གི་རུས་པ་ཕྲ་མོ་ཆག་གམ། ཡང་ན་ཚིགས་བྱུང་ངམ། རུས་པ་སྙི་བ་ཆག་གམ། ཡང་ན་རུས་པ་སྦུབས་ཅན་ཆག་གམ། ཡང་ན་ཀླང་པ་ཞོམ་པ་འམ། དེ་ལས་གཞན་པའི་རུས་པ་ཆག་སྟེ། ཆག་འཕྲོ་མཐོན་དམན་དུ་སོང་ན། གང་མཐོ་བ་མནན་ཅིང་དམའ་བ་བཏེག་སྟེ། དྲང་པོར་ལེགས་པར་གཞུག་གོ །ཕྲག་པའི་རུས་པ་ཆག་སྟེ། ཆག་འཕྲོ་ཤིན་ཏུ་དམའ་བར་གྱུར་པ་ལས་དམའ་བ་ཡར་བཏེག་སྟེ་བཅུག་
ལ་པགས་པ་སར་པས་དམ་དུ་བཅིང་བར་བྱ་བའི་ཆོ་ག་བྱའོ། །ལུས་ཀྱི་ཚིགས་འགུལ་བ་དང༌། མི་འགུལ་བ་ཐམས་ཅད་རིག་པར་ཆག་གམ། བྱུང་ན་ཡང་ཆོ་ག་དེ་ལྟར་བྱའོ། །གཞན་ཡང་རྐང་ལག་གི་རུས་པ་ལ་སོགས་པ་ཆག་པ་གང་ཡང་རུང་བ་དེ་དག་ཀྱང་ཅི་ནས་ལེགས་པར་བཅུག་ལ་མི་འགུལ་བའི་ཐབས་སུ་བྱ་སྟེ། རས་མར་མང་བོ་བསྐུས་པས་དཀྲིས་ལ་བཅིངས་ཏེ། ཀ་དམ་པ་དང༌། ཨུ་དུམྦཱ་ར་དང༌། ཨ་ཤྭདྠ་དང༌། སཱ་ལའི་ཤིང་དང༌། ཨ་རྫུ་ནའི་ཤིང་དང༌། རྒྱ་སྐྱེགས་ཀྱི་ཤིང་དང༌། སྨྱུག་མ་དང༌། འོད་མ་དང༌། དེ་རྣམས་གང་ཡང་རུང་བའི་ཤུན་པ་དང༌། གཤག་མའི་བྱང་བུ་ཞིང་ཆེ་ཞིང་སྲབ་ལ་འཇམ་པས་དབང་དུ་བྱས་ལ་བསྡམས་ཏེ་ཀུ་ཤའི་སྲད་བུས་བཅིང་བར་བྱའོ། །གལ་ཏེ་ལྷོད་པར་བཅིངས་ན་ནི་འབྱོར་བ་བྱེ་ཞིང་ཆག་པ་བརྟེན་པར་མི་འགྱུར་རོ། །བཅིང་བ་བསྡམ་དྲགས་ན་ནི་ཤིན་ཏུ་ན་ཞིང་ཟུག་གཟེར་དང། ཚ་ཞིང་ཁོལ་བ་དང༌། སྐྲང་བར་ཡང་འགྱུར་རོ། །བཅིངས་པ་དེ་ཚ་བའི་དུས་ན་ནི་ཞག་གསུམ་གསུམ་ཞིང་ལན་རེ་བཀྲོལ་ལོ། །གྲང་བའི་དུས་ན་ནི་ཞག་བདུན་བདུན་ཞིང་བཀྲོལ་ལོ། །དྲོ་གྲང་མཉམ་པའི་དུས་ན་ནི་ལྔ་ལྔ་ཞིང་བཀྲོལ་ལོ། །ཡང་ཆག་གྲུགས་ཀྱི་ནད་གཞི་དང། སྟོབས་ཆེ་ཆུང་དང་སྦྱར་ལ་ཅི་རིགས་པར་གྱིས་ཤིག །བཀྲོལ་བའི་བར་སྐབས་ཀུན་ཏུ་ནྱ་གྲོ་དྷ་ལ་སོགས་པ་བསྐོལ་བའི་ཁུ་བ་བསྒྲངས་པས་བཀྲུ་ཞིང་བླུགས་པར་བྱའོ། །གལ་ཏེ་ཟུག་གཟེར་དང་བཅས་པ་ཡིན་ན་ནི། རྩ་བ་ཆེན་པོ་ལྔ་བསྐོལ་པས་བཀྲུའོ། །དེ་བཞིན་དུ་སྨན་པས་ཡུལ་དང་དུས་ཀྱི་བྱེ་བྲག་ཤེས་པར་བྱས་ནས། ཙཀྲ་མར་དའི་མར་རླུང་འཇོམས་པའི་སྨན་དང་སྦྱར་བའི་ལྡེ་གུ་དྲོ་འཇམ་ཙམ་གྱིས་བསྐུ་བར་བྱའོ། །གཞན་ཡང་ཤིན་ཏུ་བསིལ་བའི་བྱུག་པ་དང༌། བླུགས་པ་ཡང་རྒྱུན་དུ་བྱའོ། །བའི་འོ་མ་དང་མར་དང་སྨན་མངར་བ་དང་སྦྱར་བ་བསྐོལ་བརྒྱ་སྐྱེགས་དང་བཅས་པ་གྲང་མོ་ནང་རེ་བཞིན་བླུད་དོ། །ཆག་གྲུགས་རྨ་དང་བཅས་པ་འབྱུང་བ་ལ་ནི་སྦྲང་རྩི་དང་མར་ཤས་ཆེར་སྦྱར་བས་བསྐུའོ། །གཞན་ཡང་སྐྲངས་པ་གསོ་བའི་ཆོ་ག་ལས་འབྱུང་བ་བཞིན་དུ་སྨན་བསྐོལ་བའི་ཁུ་བ་བླུགས་པ་ལ་སོགས་པ་བྱའོ། །
རྨ་ཁ་ལས་ཤའི་དུམ་བུ་འཕྱང་བ་ལྟ་ན་ནི་སྦྲང་རྩི་མར་དང་སྦྱར་བས་བསྐུས་ལ་སླར་སྦྱར་ཏེ་ལེགས་པར་བཅིང་ངོ༌། །དེ་ལྟར་བཅིངས་ནས་ཤ་འཕྱང་བ་དེ་ལེགས་པར་སྦྱར་བ་འདྲ་ན་བྲི་ཡང་ཀུ་དང༌། སེང་ཕྲོམ་དཀར་པོ་དང༌། ཀད་ཕལ་དང༌། བཙོད་དང༌། ད་ཏ་ཀི་དང། འདི་རྣམས་ཀྱི་ཕྱེ་མས་གདབ་པ་འམ། ཡང་ན་ད་ཏ་ཀི་དང༌། སེང་ཕྲོམ་གྱི་ཕྱེ་མས་རྨ་ཁ་ལ་བཏབ་ན་མྱུར་དུ་རྨ་འདྲུབ་པར་འགྱུར་རོ། །དེ་དག་ནི་ཆག་གྲུགས་ཀྱི་གསོ་བ་རིམ་པར་བསྟན་པ་ཡིན་ཏེ། ལུས་ཀྱི་ཁམས་ཉམས་པ་དང༌། དགུན་གྱི་དུས་དང༌། ཉམས་སྟོབས་དང། ལུས་ཤས་ཆེ་བ་དང༌། ནད་གཞི་ཆུང་བ་རྣམས་ཀྱི་རྨ་ནི་གསོ་སླ་བ་ཡིན་ཏེ། གཞན་དུ་ནི་གསོ་བཀའ་བ་ཡིན་ཏེ། གཞན་དུ་ནི་དཀའ་བ་ཡིན་པར་བཤད་དོ། །དེ་ལ་ཐོག་མ་དང༌། བར་མ་དང༌། ཐ་མའི་བར་དུས་འོ་མ་ཡང་དང་པོ་ནས་རིམ་པར་མྱུར་དུ་བསྐྱེད་དེ། བླུགས་པ་ལ་སོགས་པ་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ན། རིམ་གྱིས་རྨ་ཁ་བརྟན་པར་འགྱུར་ཏེ། ཚིགས་བྱུང་བ་དང༌། རུས་པ་ཆག་པ་ཡང་སླར་འབྱོར་པར་བྱེད་དོ། །རྐེད་པ་དང༌། བརླ་དང༌། རྗེ་ངར་གང་ཡང་རུང་བ་ཆག་ན། དེ་ལ་ནི་ལུས་མི་འགྱུར་བའི་ཆོ་ག་བྱ་སྟེ། ཉལ་ཁྲི་སྤང་ལེབ་ལ་གཟེར་བུ་ལྔ་བཏབ་སྟེ། དེ་ཡང་བྱིན་པ་གཡས་གཡོན་གཉིས་ནས་གཟེར་རེ་རེ་དང༌། བརླ་ངོས་གཉིས་ནས་རེ་རེ་དང༌། རྐང་པའི་མཐིལ་དྲང་ནས་གཅིག་སྟེ། དེ་ལྟར་གཟེར་ལྔའི་བར་དུ་མི་འགུལ་བར་བཞག་གོ །སྟ་ཟུར་དང༌། སྒལ་ཚིགས་དང༌། གདོང་པ་གང་ཡང་རུང་བའི་ཚིགས་བྱུང་ངམ་ཆག་ན་བཀྲོལ་བ་ལ་སོགས་པའི་ཆོ་ག་གོང་མ་བཞིན་དུ་བྱའོ། །གལ་ཏེ་ཡུན་རིང་པོ་ནས་བཀྲོལ་བ་ལ་སོགས་པ་ཞིག་ཡིན་ན་ནི་སྣུམ་དང་དུགས་ལ་སོགས་པས་འཇམ་པོ་བྱས་ཏེ་གཟོད་བཀྲོལ་ལོ། །བཀྲོལ་བའི་འོག་ཏུ་གལ་ཏེ་ཆག་འཕྲོ་མ་ཞུགས་སམ་གྲུགས་པ་ལྟར་ན་ཡང་གོང་མ་བཞིན་དུའམ་སྨན་པའི་བློས་ཅི་རིགས་པར་ཡང་ལེགས་པར་བརྟག་སྟེ་གཞུག་གོ །སྔར་རུས་པ་ཆག་ཅིང་ཤས་ཆེར་ན་བ་དང་བཅས་པ་དེ་ལེགས་པར་འདྲུབ་པར་འགྱུར་བ་ལས་ཕྱིས་སྣད་པའམ། ལྷུང་བ་ལ་སོགས་པས་ཡང་ཆག་པར་གྱུར་ན་ནི་སྔར་ཇི་ལྟར་ཆག་པ་བཞིན་དུ་
འམ། སྨན་པའི་བློས་ཅི་རིགས་པར་ཡང་བརྟགས་ཏེ་གསོ་བར་བྱའོ། །དེ་ལྟར་ཆག་གྲུགས་སུ་གྱུར་བ་ལ་ནི་སྨན་པས་ཅི་ནས་རྣགས་པར་མི་འགྱུར་བར་བསྲུངས་ཏེ། གལ་ཏེ་རྣགས་པར་གྱུར་ན་ནི་ཤ་དང་རྩ་དང་རྒྱུས་པ་དང་འདི་རྣམས་ལ་གནོད་པས་འདྲུབ་པར་མི་འགྱུར་ཏེ། ཞིགས་པར་འགྱུར་རོ། །གཞན་ཡང་རླུང་ནད་ཀྱི་ཆོ་གའི་ནང་དུ་བཤད་པའི་སྣུམ་གྱི་སྦྱོར་བ་རྣམ་པ་བཞི་པོ་སྣ་ནས་གཏང་བ་དང༌། འཇམ་རྩི་ལ་སོགས་པ་སྟོབས་བསྐྱེད་པའི་ཕྱིར་འདི་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་ཁ་ཟས་ཀྱང་འབྲས་སཱ་ལུ་དང༌། མར་དང༌། ཤ་ཁུ་དང༌། འོ་མ་ལ་སོགས་པ་དང༌། སྲན་ཆུང་དང་མུངྒ་ལ་སོགས་པ་བསིལ་བའི་ནུས་པ་དང་ལྡན་པ་དག་ཚོད་ཟིན་པར་ཆག་གྲུགས་ཅན་ལ་སྦྱར་བར་བྱ་སྟེ། ཅི་ནས་ཆག་གྲུགས་འབྱོར་བར་བྱེད་པའི་བག་བསྟེན་པར་བྱེད་དོ། །ཆག་གྲུགས་བྱེ་ཞིང་མི་འབྱོར་བའི་རྟགས་ནི་ཁ་བའི་བག་དང། ཐལ་སྨན་དང༌། སྐྱུར་དང༌། ཉལ་པོ་དང༌། ཉི་མ་དང༌། རྩོལ་བ་རྣམ་གཉིས་བརྟེན་པར་མི་བྱ་སྟེ་སྤང་ངོ༌། །དེ་བཞིན་དུ་ཁ་ཟས་རྩུབ་པ་རྣམས་ཀྱང་སྤང་བར་བྱ་སྟེ། མི་བསྔགས་སོ། །ཏིལ་ནག་པོ་ཕུབ་མ་མེད་པ་རས་ཀྱི་ནང་དུ་ཐུམ་པོར་བྱས་ཏེ་དམ་དུ་བཅིངས་ནས་ཆུའི་ནང་དུ་ཞག་བདུན་གྱི་བར་དུ་ནུབ་རེ་སྦངས་ཉིན་རེ་བསྐམས་ཏེ། དེ་བཞིན་དུ་འོ་མ་དང༌། ཤིང་མངར་བསྐོལ་བའི་ཁུ་བ་དང་རེ་རེར་ཡང་ཆོ་ག་གོང་མ་ལྟར་བྱ་སྟེ། དེ་ནས་ཞག་བདུན་གྱི་བར་དུ་འོ་མ་ལ་སོགས་པའི་ནང་དུ་སྤངས་ཤིང་བསྐམས་ཏེ་ཁུ་བ་ཞེན་པ་དང༌། ཏིལ་ནག་པོ་རྡུལ་མེད་པ་བཏགས་པའི་ཕྱེ་མ་དང༌། སྤང་སྤོས་དང༌། བ་ལ་ཀ་དང༌། བཙོད་དང༌། ཆུ་སྲིན་སེན་མོ་དང༌། ཤུ་ཏི་དང༌། གླ་བ་དང༌། རུ་རྟ་དང༌། བ་བླ་རྣམ་གསུམ་དང༌། ཨ་ཀ་རུ་དང༌། ཙནྡན་དང༌། གུར་གུམ་དང༌། ཐལ་ཏྲེས་དང༌། ཀོ་ཉོན་རྩེའི་ཐང་ཆུ་དང༌། སྲ་རྩི་པོག་དང༌། ཐང་ཤིང་དང༌། སྨན་ཤུག་པའི་སྡེ་ཚན་ལ་སོགས་པ་དང༌། དྲི་ཞིམ་པོའི་སྦྱོར་བ་དེ་དག་བཏགས་པའི་ཕྱེ་མ་འོ་མ་དང་ལྷན་ཅིག་བསྐོལ་ཏེ། བཙིར་བའི་འབྲུ་མར་འབྱུང་བ་དང༌། དེའི་ནང་དུ་རྡོ་དྲེག་དང༌། ར་སྣ་དང༌། ས་ལ་པརྞི་དང༌། ཀ་ཤར་ཀ་དང༌།
གནྡྷ་པྲི་ཡང་ཀུ་དང༌། རྒྱ་སྤོས་དང༌། གནྡྷ་བྷ་དྲ་དང༌། སེང་ཕྲོམ་དང༌། ཀྵི་ར་བི་ད་རི་དང༌། རྩ་དཱུར་བ་དང༌། གོང་གི་སྤང་སྤོས་ལ་སོགས་པའི་ཕྱེ་མ་དང་ལྷན་ཅིག་ཚུལ་བཞིན་བསྐོལ་བ་ནི་འབྲུ་མར་དྲི་ཞིམ་པོའི་མཆོག་ཅེས་བྱ་སྟེ། དེ་ལས་རན་པར་སྤྱད་ན་ནི་མྱུར་དུ་ནད་མེད་ཅིང་རུས་པ་བརྟན་པར་བྱེད་དོ། །རླུང་དང་མཁྲིས་པ་ལས་གྱུར་པའི་ནད་ཤས་ཆེ་བ་ཡང་འབྲུ་མར་གྱི་སྦྱོར་བ་འདི་བསྟེན་ན་མྱུར་དུ་ཞི་བར་འགྱུར་རོ། །རྒྱུད་ཕྱི་མ་མཆོག་གྲུབ་པའི་གནས་ལས་ཆག་གྲུགས་གསོ་བའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པ་རྫོགས་སོ།། །།དེ་ནས་མཚན་བར་རྡོལ་བའི་ནད་དམིགས་བསྟན་ཅིང་ནད་གསོ་པའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། དེ་ལ་མཚན་བར་རྡོལ་བའི་ནད་རྒྱུ་ནི་གླང་པོ་ཆེ་དང་རྟ་ལ་རྒྱུན་ཏུ་ཞོན་པ་དང༌། མལ་མཁྲང་བ་ལ་ཉལ་བ་དང༌། ཙོག་ཙོག་པོར་འདུག་པ་དང༌། གཞན་ཡང་གཞང་འབྲུམ་གྱི་ནད་གཞིར་བསྟན་པར་བསྟེན་པ་དང༌། ཁ་ཟས་མི་མཐུན་པས་རྨ་སྨིན་པར་མ་ཚོར་བ་དང༌། ཡང་ན་གློ་བུར་དུ་བྱུང་བའི་རྨ་སྨིན་པར་མ་ཚོར་བ་དང༌། དམ་པ་རྣམས་ལ་མང་དུ་སྨོད་པའི་ཉེས་པས་ཕལ་ཆེར་རྐུབ་ཀྱི་ཚུ་རོལ་སོར་གཅིག་གམ་གཉིས་ལ་ཕོལ་མིག་སྔོན་དུ་འབྱུང་ཞིང༌། དེ་རྡོལ་བར་བྱེད་པ་ལས་ནང་ངམ་ཕྱི་རོལ་དུ་རྨ་འབྱུང་སྟེ། ཤ་དང་ཁྲག་མ་རུང་བར་བྱས་ཏེ་རུལ་བར་བྱེད་དོ། །དེ་ནས་རྨ་དེ་ཆུ་སོ་དང༌། གཅིན་གྱི་གནས་སུ་འགྲོ་བར་བྱེད་དོ། །འཛག་པ་དང་ལྡན་པའི་བདག་ཉིད་ཅན་ཡིན་ཏེ། དེ་གསོ་བ་ལོག་པར་བྱས་ན་ནི་མཚན་བར་རྡོལ་བའི་རྨ་དེ་མཆེད་པར་བྱེད་དོ། །དེ་ཡང་མོ་མཚན་དང༌། ཆུ་སོ་དང༌། གཞང་དང༌། དེ་རྣམས་སུ་ཆེར་མཆེད་ཅིང་རྒྱས་ལ་རྨ་སྐྱེད་པའི་ནང་ནས་རླུང་དང་གཅིན་དང་ཕྱི་ས་འབྱུང་བར་འགྱུར་རོ། །དེ་ཡང་ནད་གཞི་རེ་རེར་གྱུར་པ་དང་ལྡན་པ་དང༌། འདུས་པ་དང༌། གློ་བུར་དུ་བྱུང་བ་དང༌། རྣམ་པ་བརྒྱད་དུ་བཤད་པར་བྱའོ། །དེ་སྨིན་པའི་མཚན་བར་རྡོལ་བ་ཞེས་བྱ་སྟེ། དེ་ཡང་ནད་ཀྱི་རྩ་བ་མི་མངོན་པ་དང༌། ཚབས་ཆེར་ན་བ་དང༌། རྨ་མི་འདྲུབ་ཅིང་འཁྲུགས་པ་རྣམས་ཡིན་ཏེ། གཞན་དུ་ན་ནི་ཕོལ་མིག་ཉི་ཚེ་ཡིན་ནོ། །དེ་ལ་རླུང་ལས་གྱུར་པའི་ཕོལ་མིག་གི་མཚན་མ་ནི་
མདོག་སྔོ་ནག་ཏུ་འགྱུར་བ་དང༌། ན་ཞིང་ཟུག་པ་དང༌། འཕར་བ་དང༌། ནད་དང་བཅས་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་རྟགས་ནི་རྔ་མོའི་མགྲིན་པ་བཞིན་དུ་མཐོ་བ་དང༌། མདོག་དམར་བ་དང༌། ཚ་བ་ཆེ་བ་དང༌། རིམས་ཀྱིས་འདེབས་པ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པའི་ཕོལ་མིག་གི་མཚན་མ་ནི་བརྟན་པ་དང༌། སྣུམ་པ་དང༌། ནད་ཀྱི་རྩ་བ་འཕྲོས་པ་དང༌། མདོག་སྐྱ་བ་དང༌། གཡའ་བ་རྣམས་ཡིན་ནོ། །རླུང་དང་མཁྲིས་པ་ལས་གྱུར་པའི་མཚན་མ་ནི་མདོག་ནག་པ་དང༌། དམར་བ་དང༌། ཚ་འུར་འུར་པོར་འདུག་བ་དང༌། མི་བཟོད་པར་ན་བ་རྣམས་ཡིན་ནོ། །བད་ཀན་དང་རླུང་ལས་གྱུར་པའི་ཕོལ་མིག་གི་མཚན་མ་ནི། ཅུང་ཟད་དཀར་ཞིང་ཅུང་ཟད་གནག་པ་ཡིན་ནོ། །འདུས་པ་ལས་གྱུར་པའི་ཕོལ་མིག་གི་མཚན་མ་ནི་རྐང་པའི་མཐེ་བོང་དང་མཉམ་པའི་ཕོལ་མིག་བྱུང་ཞིང་ཟུག་གཟེར་ཆེ་བ་དང༌། ཁ་ཟས་ཡི་གར་མི་འོང་བ་དང༌། སྐོམ་དད་ཆེ་བ་དང༌། ཚ་འུར་འུར་པོར་འདུག་པ་དང༌། རིམས་ཀྱིས་འདེབ་པ་དང༌། སློན་པ་ལ་སོགས་པ་ནད་སྣ་ཚོགས་ཀྱིས་གནོད་པ་ཡིན་ནོ། །རླུང་ལས་གྱུར་པའི་ཕོལ་མིག་གསོ་བ་མ་བྱས་ཏེ་སྨིན་ན་ནི་རྨ་ཁ་མང་དུ་འབྱུང་བ་སྟེ། དེ་ཡང་ཇི་ལྟར་བུག་བརྒྱ་པའི་ཚགས་མ་ལས་ཆུ་འཇག་པ་བཞིན་དུ་རྨ་ཁ་དེ་ལས་ཀྱང་འཛག་པ་དང༌། ལྦུ་བ་དང་བཅས་པར་རྒྱུན་དུ་འཛག་པ་དེ་རྨ་ཁ་བརྒྱ་པ་ཞེས་བྱའོ། །མཁྲིས་པ་ལས་གྱུར་པའི་ནད་ཀྱང་རླུང་དང་འདྲ་སྟེ། དེ་ནི་རྔ་མོའི་མགྲིན་པ་ཞེས་བྱའོ། །བད་ཀན་ལས་གྱུར་པའི་ནད་ནི་འཛག་པ་སྤྱི་དང་སྐབས་མང་དུ་འབྱུང་སྟེ། དེ་ནི་ཀུན་ཏུ་འཛག་པ་ཞེས་བྱའོ། །རླུང་དང་མཁྲིས་པ་ལས་གྱུར་པའི་ནད་ཀྱིས་བཤང་སྒོའི་ཕྱི་རོལ་དུ་ཁྱབ་ཅིང་མཆེད་དེ་འཁོར་བ་ལྟར་འདུག་པ་དེ་ནི་པ་རི་ཀྵ་པ་ཞེས་བྱའོ། །རླུང་དང་བད་ཀན་ལས་གྱུར་པའི་ནད་གཞང་ལ་བརྟེན་ཏེ་དྲང་པོར་འབྱུང་བ་དེ་ནི་མཚན་བར་རྡོལ་གྱི་ནད་དྲང་པོ་ཞེས་བྱའོ། །བད་ཀན་དང་མཁྲིས་པ་ལས་གྱུར་པའི་ནད་ཐོག་མར་གཞང་འབྲུམ་གྱི་གནས་སུ་བྱུང་ཞིང་དེ་ལ་བརྟེན་ཏེ་འཁྲུགས་ནས་གཞང་འབྲུམ་གྱི་རྩ་བར་གཡའ་བ་དང༌། སྐྲང་བ་དང༌། ཚ་བ་དང༌། གཞང་འབྲུམ་གྱི་རྩ་པ་དེར་
མྱུར་དུ་སྨིན་ཏེ་རྡོལ་ཅིང་རྣགས་པས་རྒྱུན་དུ་འཛག་པ་དེ་ནི་གཞང་འབྲུམ་གྱི་མཚན་བར་རྡོལ་པ་ཞེས་བྱའོ། །འདུས་པ་ལས་གྱུར་པའི་ནད་ཀྱི་མཚན་མ་ནི་བཤང་སྒོའི་ཕྱི་རོལ་དུ་དུང་འཁྱིལ་པ་ལྟ་བུར་འབྱུང་ཞིང་དེར་ཡང་འབྲུམ་བུ་མང་དུ་སྣང་སྟེ་ནད་ཀྱི་ཤུགས་དྲག་པ་དེ་ནི་དུང་འཁྱིལ་བ་ལྟ་བུའི་ནང་མཚན་བར་རྡོལ་བའི་ནད་ཅེས་བྱའོ། །མཚན་བར་རྡོལ་བའི་ནད་ཀྱིས་ཤ་རྣགས་པར་བྱས་ཏེ་ཟད་པ་ལས་གདོང་མོའི་རུས་པ་ལ་ཐུག་པ་དང༌། འཕྲེད་དུ་ལམ་ལོག་པར་མཆེད་ཅིང་རྨ་འབྱུང་སྟེ། དེའི་ཚེ་རྣག་རྙིང་པས་ཤུ་བ་བྱུང་ཞིང་སྲིན་བུ་སྐྱེས་ཏེ་དེས་གཞང་ཀུན་ཏུ་ཟ་བར་བྱེད་ཅིང་གཞང་རྡོལ་བར་འགྱུར་ཏེ། རྨ་བས་ཁྱད་པར་དུ་ཚ་བ་དང༌། གཡའ་བ་དང༌། ན་བ་ལ་སོགས་བ་སྐྱེས་པ་ཡིན་ཏེ། དེ་ནི་ལམ་ལོག་པར་སོང་བའི་མཚན་བར་རྡོལ་བའི་ནད་ཅེས་ཀྱང་བྱ། ཟད་བྱེད་ཅེས་ཀྱང་བྱའོ། །དེ་རྣམས་ལས་འདུས་པ་ལས་གྱུར་པ་དང༌། ཟད་བྱེད་ཀྱི་མཚན་བར་རྡོལ་གཉིས་ནི་སྤང་བར་བྱའོ། །ལྷག་མ་རྣམས་ནི་གསོ་དཀའོ། །གཞང་གི་གཉེར་མ་འཛུམ་བྱེད་དང༌། མཚན་དང་བཤང་སྒོའི་བར་མཚམས་ལ་མཚན་བར་རྡོལ་བའི་ནད་བྱུང་ན་ནི། འབྲུམ་བུ་གསོ་བའི་ཆོ་གས་འབད་པ་དང་བཅས་པར་གསོའོ། །གོང་འོག་ཏུ་སློན་ཁྲུས་ལ་སོགས་པས་ལུས་སྦྱོང་ཞིང་ཁྲག་བྱུང་བ་ལ་བླུགས་པ་ལ་སོགས་པས་ཅི་ནས་སྨིན་པར་མི་འགྱུར་བའི་ཐབས་བྱའོ། །གལ་ཏེ་སྨིན་ན་ནི་ཉེ་བར་སྡུམ་ཆོས་དང་དུགས་བྱ་བ་དང་ཆུ་ནང་དུ་ལུས་གཞུག་པར་བྱའོ། །མཚན་བར་རྡོལ་གྱི་ནང་དུ་ནད་བརྟག་པ་ནི། གཞང་འབྲུམ་བརྟག་པའི་ཆ་བྱད་ལྟ་བུའི་གཞང་འབྲུམ་ཇི་ལྟར་བརྟགས་པ་ལྟར་བྱ་སྟེ། དེ་ཡང་ཁ་ཐུར་དུ་ལྟ་བ་དང༌། གྱེན་དུ་ལྟ་བ་དང༌། ནང་དུ་ལྟ་བ་དང༌། ཕྱི་རོལ་ཏུ་ལྟ་བ་ལེགས་པར་བརྟགས་ཏེ། དེ་ལ་ནང་དུ་ལྟ་བ་ནི་སྨན་པས་ལེགས་པར་བརྟགས་ཏེ་མཚོན་གྱིས་དྲལ་ཞིང་བཅད་དོ། །ཁ་ཕྱིར་ལྟ་བ་ནི་ཐལ་སྨན་གྱིས་གསོའོ། །ཡང་ན་སྨན་པ་མཁས་པས་མེའི་ལས་བྱའོ། །རྔ་མོའི་མགྲིན་པ་ལྟ་བུ་ལ་ཡང་ཐལ་སྨན་གྱི་ལས་བྱའོ། །རྨ་ཁ་བརྒྱ་པ་ལ་ནི་ཆ་སྤྱད་སྦུབས་ཅན་གཅིག་གིས་ནང་དུ་བཅུག་སྟེ་གཅད་པར་བྱ་སྟེ། རྨ་ལེགས་
བར་འདྲུབ་ན་ནི་ལེགས་པ་ཡིན་ལ་རྨ་རྙིང་སྟེ་འཚོར་མི་བཏུབ་ན་ནི་ཉེས་པ་ཡིན་ཏེ་འཆི་བ་ཡིན་ནོ། །པ་རི་ཀྵ་པ་ཞེས་བྱ་བའི་མཚན་བར་རྡོལ་བ་ལ་ཡང་ཆོ་ག་གོང་མ་ལྟར་བྱ་སྟེ། ཐལ་སྨན་དང་བ་གཅིན་སྦུ་བུ་ནས་གཏང་བ་ཡང་བྱའོ། །གཞང་འབྲུམ་གྱི་མཚན་མར་རྡོལ་བའི་ནད་ལ་ནི་སྨན་པས་བརྟགས་ཏེ། གོང་གི་གཞང་འབྲུམ་ལ་ཕན་པའི་སྨན་གྱི་ཕྱེ་མས་གདབ་བོ། །ཟད་བྱེད་ཀྱི་མཚན་མར་རྡོལ་བའི་ནད་ལ་ནི་ཟུག་རྔུ་དབྱུང་བའི་ཆོ་ག་རྣམས་བྱའོ། །སྲིན་བུ་འཇོམས་པའི་བཟའ་བ་དང༌། བྱུག་པ་དང་ཁ་ཟས་ཀྱང་སྦྱིན་ནོ། །དེ་བཞིན་དུ་གླན་པའི་དུགས་དང༌། སྦུ་བུའི་དུགས་ལ་སོགས་པ་སྣུམ་ཆོས་བྱས་ན་ཟུག་གཟེར་ལ་ཕན་ནོ། །དུང་འཁྱིལ་བ་ལྟ་བུ་བུ་ག་མང་དུ་བྱུང་བའི་ནད་ལ་ནི་སྨན་པས་བརྟགས་ཏེ་གཅད་པའི་ལས་བྱའོ། །དེ་ལ་མཚོན་ནི་སརྦ་དོ་བྷད་ཏྲ་ཞེས་བྱ་བ་དང༌། དེ་ལ་ལང་ག་ཞེས་བྱ་བ་དང། ལང་ག་ལང་ཞེས་བྱ་བ་དང་དེ་རྣམས་ཀྱིས་བྱའོ། །ངོས་སུ་བྱུང་བ་ལ་ནི་མཚོན་གོ་ཏིར་ཏ་ཀ་ཞེས་བྱ་བས་བཅད་དོ་ཞེས་འདོད་དོ། །མཚན་མར་རྡོལ་བ་ཐམས་ཅད་ལ་ནི་མཚོན་སརྦ་དོ་བྷད་ཏྲ་ཞེས་བྱ་བས་བཅད་དོ། །ཨད་ག་ལའི་མཚོན་གྱིས་ནི་ངོས་གཉིས་པ་ལ་ཡོད་པ་བཅད་དོ། །བཅད་པའི་འོག་ཏུ་ནི་ཐམས་ཅད་ཀྱང་བསྲེགས་པར་བྱའོ། །འཛག་པའི་ལམ་ཐམས་ཅད་ཀྱང་དེ་བཞིན་དུ་བསྲེག་པར་བྱ་སྟེ། ཕྱིས་མི་སྐྱེ་བའི་ཕྱིར་རོ། །ཁོང་དག་པར་བྱ་བའི་ཕྱིར་བར་བར་དུ་སྨན་པས་སློན་ཁྲུས་ཀྱིས་ལུས་སྦྱོང་བར་བྱའོ། །བྱི་ལའི་རུས་པའི་ཕྱེ་མ་འབྲས་བུ་གསུམ་བསྐོལ་བའི་ཁུ་བའི་ནང་དུ་བཏབ་སྟེ་ལྡེ་གུར་བྱས་ཏེ་རྨ་བཀྲུ་བར་བྱའོ། །ཛོ་ཏི་སྨ་ཏི་དང༌། མ་ལ་ཡུ་དང༌། ལང་ག་ལི་དང༌། ཤི་ལུ་དང༌། དུར་བྱིད་དང༌། པ་ཐཱ་དང༌། ཙི་ཏྲ་ཀ་དང༌། སྭ་རྫི་ཀའི་ཐལ་བ་དང༌། ཀ་ར་བཱི་ར་དང༌། ཤུ་དག་དང༌། སུ་དྷ་ཀྵི་ར་དང༌། ཨ་པ་མརྒ་དང༌། ཏིལ་མར་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་མཚན་མར་རྡོལ་བའི་ནད་པ་ལ་བསྐུ་བྱུག་ཏུ་བྱས་ན་འདི་ནི་ཕན་པར་བྱེད་པའི་མཆོག་ཡིན་ནོ་ཞེས་བཤད་དོ། །ཤིང་མངར་དང༌། སེང་ཕྲོམ་དང༌། པི་པི་ལིང་དང༌། སུག་སྨེལ་དང༌། ཧ་རི་ཎུ་ཀ་དང༌།
སེར་པོ་རྣམ་གཉིས་དང༌། པྲི་ཡང་ཀུ་དང༌། ལན་ཚྭ་དང༌། ཐལ་ཏྲེས་དང༌། པདྨའི་སྙིང་པོ་དང༌། ཤུག་པ་དང༌། ད་ཏ་ཀི་དང༌། སྤྲ་ཚིལ་དང༌། སྲ་རྩི་པོག་དང༌། རུ་རྟ་དང༌། བ་རུ་དི་ཀ་དང༌། ཁ་ལུང་གི་ལོ་མ་དང༌། དེ་རྣམས་འབྲུ་མར་དང་ལྷན་ཅིག་བསྐོལ་ཏེ། མར་ལུས་པ་ལས་བསྐུ་བྱུག་བྱས་ན་འབྲུམ་ཆེན་དང༌། མཛེ་དང་གཅིན་ནད་སྦྲང་རྩི་ལྟ་བུ་དང་དུ་མ་འཇོམས་པར་བྱེད་དོ། །བྱི་དང་གའི་སྙིང་པོ་དང༌། འབྲས་བུ་གསུམ་དང༌། པི་པི་ལིང་དང༌། པི་པི་ལིང་མཱུ་ལ་དང༌། དེ་རྣམས་སྦྲང་རྩི་དང༌། ཏིལ་མར་སྦྱར་བའི་ལྡེ་གུ་ཟོས་ན་སྲིན་བུའི་ནད་དང༌། མཚན་བར་རྡོལ་བ་དང༌། མཛེ་ནད་དང༌། གཅིན་སྙི་བ་དང༌། སྨས་པ་དང༌། རྨ་འཁྱིམས་པ་དང༌། དེ་རྣམས་འཇོམས་ཤིང་འཚོ་བར་བྱེད་དོ། །སླེ་ཏྲེས་དང༌། སུག་སྨེལ་དང༌། བྱི་དང་ག་དང༌། དུག་མོ་ཡུངས་དང༌། བ་རུ་ར་དང༌། ཨ་རུ་ར་དང༌། སྐྱུ་རུ་ར་དང༌། གུ་གུལ་དང༌། དེ་རྣམས་ཀྱི་ཕྱེ་མ་རིམ་བཞིན་དུ་ཆ་རེས་བསྐྱེད་པའི་ཕྱེ་མ་སྦྲང་རྩི་དང་ལྡེ་གུར་བྱས་ཏེ་ཟོས་ན་འབྲུམ་བུ་དང༌། ཚོ་ཞིང་སྦོམ་པ་དང༌། མཚན་བར་རྡོལ་གྱི་ནད་རྣམས་ལས་རྒྱལ་བར་བྱེད་དོ། །པི་པི་ལིང་དང༌། ཙི་ཏྲ་ཀ་དང༌། བྱི་དང་ག་དང༌། དུག་མོ་ཡུངས་དང༌། དེ་རྣམས་ཆ་སྙོམས་པའི་ཕྱེད་ཀྱི་འབྲས་བུ་གསུམ་དང༌། དེ་རྣམས་སྤྱི་དང་མཉམ་པའི་གུ་གུལ་དང༌། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བ་བལྡགས་ན་ནད་ཐམས་ཅད་འཇོམས་པར་བྱེད་དོ། །གུ་གུལ་སྲང་ལྔ་དང༌། པི་པི་ལིང་དང༌། འབྲས་བུ་གསུམ་སྲང་རེ་རེ་དང༌། ཤིང་ཚ་དང༌། སུག་སྨེལ་ཞོ་གཉིས་གཉིས་ཀྱི་ཕྱི་མ་སྦྲང་རྩི་དང་སྦྱར་བ་ཟོས་ན་མཚན་མར་རྡོལ་བ་དང༌། མཛེ་དང་སྐྲན་འཇོམས་པར་བྱེད་དོ། །གོང་གི་སྨན་གྱི་ཕྱེ་མ་དེ་ཉིད་དང༌། བཅའ་སྒའི་ཕྱེ་མ་བསྲེགས་པ་རྩ་བ་བཅུ་བསྐོལ་བའི་ཁུ་བས་བསྒོས་པ་མང་དུ་ཟོས་ན་ཁྱད་པར་དུ་རླུང་གི་ནད་ལས་རྒྱལ་བར་བྱེད་དོ། །སེང་ལྡེང་དམར་པོའི་སྙིང་པོའི་ཕྱེ་མ་སྨན་ཨ་ས་ན་བསྐོལ་བའི་ཁུ་བའི་ནང་དུ་བསྒོས་པ་དང༌། དེ་དང་མཉམ་པའི་གུ་གུལ་དང་གཉིས་སྦྲང་རྩི་དང་ལྡེ་གུར་བྱས་ནས་ཟོས་ན་མཛེ་དང༌། གཅིན་སྙི་བ་དང༌། འབྲུམ་བུ་དང༌། མཚན་མར་རྡོལ་བ་རྣམས་སེལ་ཏོ། །དེ་དག་མཚན་མར་རྡོལ་བ་གསོ་
བའི་བྱེ་དྲག་ཡིན་ཏེ་ལྷག་མ་བཟའ་བ་དང་བཏུང་བ་ལ་སོགས་པ་རྣམས་ནི་རྨ་གསོ་བའི་ཆོ་ག་ལས་འབྱུང་བ་རྣམས་བསྟེན་ཅིང་སྦྱིན་པར་བྱའོ། །མཚན་བར་རྡོལ་བ་ལ་སོགས་པ་རྨ་སོས་ནས་ཀྱང་ལོ་གཅིག་གམ་དེ་བས་ལྷག་པ་ཡང་རུང་སྟེ། རྟ་ཞོན་པ་དང༌། སྟོབས་འགྱེད་པ་དང༌། འབྱུང་བ་འགགས་པ་དང༌། ཆང་བཏུང་བ་དང༌། ཉལ་པོ་དང༌། ཁ་ཟས་ལྕི་བ་དང༌། མ་གོམས་པ་དང༌། རྩལ་དྲགས་པ་ལ་སོགས་པ་ཡོངས་སུ་སྤང་བར་བྱའོ། །མཚན་མར་རྡོལ་བའི་ནད་དམིགས་བསྟན་ཅིང་གསོ་བའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པ་རྫོགས་སོ།། །།དེ་ནས་ཐོར་བུ་དང༌། འབྲུམ་བུ་དང༌། རྐང་བམ་དང༌། འབྲུམ་ཆེན་དང༌། རྨ་འཁྱིམས་པ་རྣམས་ཀྱི་ནད་དམིགས་བརྟགས་པའི་ལེའུ་བཤད་པར་བྱ་སྟེ། དེ་ལ་བད་ཀན་དང༌། ཤ་དང་ཚིལ་དང་ཁྲག་འདུས་པ་ལས་ཐོར་བུ་ཟླུམ་པོ་མཐོ་བ་སྐྲངས་པ་དེ་ནི་ཐོར་བུ་ཞེས་བྱའོ། །དེ་ལ་ཡང་ནད་གཞི་རྣམས་དང༌། རྩ་དང་ཁྲག་དང་ཤ་དང༌། ཚིལ་དང༌། རུས་པ་དང༌། རྨ་ལས་གྱུར་པའི་ཐོར་བུ་དང་རྣམ་པ་དགུར་འགྱུར་རོ། །དེ་ཡང་རླུང་ལས་གྱུར་པའི་ཐོར་བུ་ནི་རྒྱ་ཆེར་མཆེད་པ་དང༌། ཟུག་ཅིང་ན་བ་དང༌། པགས་པ་མདོག་ནག་པ་དང༌། གནས་གཞན་དང་གཞན་དུ་འཕོ་ཞིང་འགྲོ་བ་དང༌། ལྡང་དུབ་བྱེད་པ་དང༌། འཇམ་པ་དང༌། ལྒང་པ་བུས་པ་ལྟར་འདུག་པ་དང་རྡོལ་ན་ཆུ་སེར་རྣམས་འཛག་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་ཐོར་བུ་ནི་ཚ་འུར་འུར་པོར་འདུག་པ་དང༌། མདོག་སེར་བའམ་ཡང་ན་དམར་བ་དང་མྱུར་དུ་སྨིན་པ་དང་བརྟོལ་ན་ཁྲག་དྲོན་མོ་འཛག་པ་ཡིན་ནོ། །བད་ཀན་ལས་གྱུར་པའི་ཐོར་བུའི་མཚན་མ་ནི་ནད་མེད་པ་དང༌། སྲ་བ་དང༌། རེག་ན་གྲང་བ་དང༌། མདོག་དཀར་བ་དང་གཡའ་བ་རྣམས་ཡིན་ནོ། །གལ་ཏེ་སྨིན་ན་ནི་རྣག་སྐ་བ་འཛག་པ་ཡིན་ནོ། །ནད་གཞི་ཁྲག་དང་འདྲེས་པའི་ཐོར་བུ་ནི་སྲིན་བུ་དང་བཅས་པར་འབྱུང་བ་ཡིན་ནོ། །ཤ་དང་རྩ་འདྲེས་པ་ལས་བྱུང་བའི་ཐོར་བུ་ནི་ཚོར་བ་མེད་ཅིང་བེམ་བེམ་པོར་འདུག་པ་སྟེ། མཚན་མ་གཞན་ནི་མཁྲིས་པ་དང་འདྲའོ། །ཤ་སྐྱེས་པའི་ཟས་བསྟེན་པས་ཤ་རུང་བར་འགྱུར་རོ། །ཐོར་བུ་འབྱུང་ཞིང་དེ་ཡང་སྣུམ་པ་དང༌།
ཆེ་བ་དང༌། སྲ་བ་དང༌། རྩའི་དྲ་བས་ཁྱབ་པར་སྣང་སྟེ། མཚན་མ་ལྷག་པ་ནི་བད་ཀན་དང་འདྲའོ། །ཚིལ་སྐྱེ་བའི་ཟས་བསྟེན་པས་ཚིལ་ཟབས་ཆེར་སྐྱེས་ནས་རླུང་གིས་ཤ་དང་པགས་པར་ཚིལ་དྲངས་ཏེ་ཐོར་བུར་གྱུར་པ་ནི་ཤིན་ཏུ་སྣུམ་པ་དང་འཇམ་པ་དང་རྩ་བརྟན་པ་ཡིན་ཏེ་རྟགས་ལྷག་མ་ནི་བད་ཀན་གྱི་ཐོར་བུ་དང་འདྲ་སྟེ་ལྡང་དུབ་ཀྱང་བྱེད་དོ། །དེ་གལ་ཏེ་རྡོལ་ན་ནི་ཚིལ་མཐུག་པོ་དམར་བ་དང་དཀར་བ་དག་འབྱུང་བ་ཡིན་ནོ། །རུས་པ་ཆག་གམ་ནད་པ་ལ་ཐོར་བུར་གྱུར་པ་ནི་ཤིན་ཏུ་མཐོ་བ་འམ། ཡང་ན་དམའ་བ་འབྱུང་སྟེ་དེ་ཡང་རྐང་བ་མ་ལ་སོགས་པར་བྱུང་སྟེ། དེ་ཡང་ཆུ་ལ་སོགས་པར་བབ་ཆོལ་དུ་སོང་བ་ལས་འབྱུང་བ་ཡིན་ནོ། །རྩོལ་བ་དྲགས་པས་རྩ་དང་ཁྲག་འཁྲུགས་ཤིང་རླུང་གིས་རྩ་འཁུམས་ཏེ་ཡོ་བ་དང་སྐེམ་པ་དང༌། མི་འཕར་བ་དང༌། ནད་ཉུང་ཞིང་མདུད་པའི་ཐོར་བུར་འགྱུར་ཏེ་དེ་ནི་རྩའི་ཐོར་བུ་ཞེས་བྱའོ། །རྨ་འདྲུབ་ཀྱང་རུང༌། མ་འདྲུབ་ཀྱང་རུང་སྟེ། རོ་ཀུན་དང་ལྡན་པའི་ཟས་བསྟེན་པ་དང༌། རྨ་ལ་རས་མ་མཐུག་པོས་དཀྲིས་པ་འམ། ཡང་ན་མ་དཀྲིས་པར་གཞག་པ་འམ། ལུས་ཀྱི་རྨ་ལ་རྡོ་ལ་སོགས་པས་ཕོག་པ་དང༌། རླུང་ནད་ལ་ཁྲག་ཤས་ཆེར་ཕྱུང་བ་འམ། ཡང་ན་མ་ཕྱུང་བ་ཡང་རུང་རླུང་འཁྲུགས་ཏེ་རྨའི་ཁ་ཟླུམ་པོར་འགྱུར་ཞིང་རྨ་སྐམས་པ་དང༌། ཚ་འུར་འུར་པོར་འདུག་པ་དང་གཡའ་བ་རྣམས་ཡིན་ཏེ་དེ་ནི་རྨའི་ཐོར་བུ་ཞེས་བྱའོ། །དེ་ལ་གསོར་རུང་བའི་འབྲུམ་བུའི་ནད་གཞི་གསུམ་དང༌། ཁྲག་དང་ཚིལ་ལས་གྱུར་པ་ལ་ནི། མགུལ་བར་རྒྱུ་བ་སྦོམ་པོ་དང༌། གནད་དང་མགུལ་པ་དང༌། ལྟོ་བ་རྣམས་སུ་འབྲུམ་བུ་ཆེ་ཞིང་ཟུམ་སྟེ། དེའི་མཚན་ཉིད་ནི་ནང་ན་ཚིལ་ནད་གཞི་རྣམས་དང་ལྷན་ཅིག་འཁྲུགས་པ་ཡིན་ཏེ། དེ་ཡང་བད་ཀན་དང་ཚིལ་ཤས་ཆེ་ཞིང་བརྟན་པ་དང་སྨིན་མི་ཤེས་པ་ཡིན་ནོ། །རྩའི་ནང་དུ་ཁྲག་གནས་པ་དེ་ནད་གཞི་རྣམས་ཀྱིས་མ་རུང་བར་འགྱུར་ཏེ་ཁྲག་ཚོས་ཤིང་རྒྱས་པས་ཤའི་གོང་བུར་གྱུར་པ་ཡིན་ནོ། །པགས་པའི་ཕྱི་རོལ་དུ་ཤུ་བ་མང་པོས་ཁྱབ་ཅིང་ཤས་ཆེར་སྐྱེས་པ་དང༌། རྒྱུན་དུ་ཁྲག་ངན་འཛག་པ་དེ་ནི་ཁྲག་གི་འབྲུམ་བུ་ཞེས་བྱའོ། །འབྲུམ་བུ་དེ་རྣམས་ལས་
ཁྲག་དང་ཤ་ལས་གྱུར་པ་ནི་སྤང་བར་བྱའོ། །ལྷག་མ་བཞི་ནི་གསོར་རུང་ངོ༌། །དེ་ལ་རྐང་བམ་གྱི་ནད་ནི་ཆུ་སོ་དང༌། བརླ་ཕྲག་གཉིས་ཀྱི་བར་དང༌། བརླ་ལ་སོགས་པ་ལུས་ཀྱི་སྨད་ལ་བརྟེན་ཏེ་བད་ཀན་དང༌། ཤ་དང༌། ཁྲག་གི་ཉེས་པ་རིམ་གྱིས་ཡུན་རིང་པོ་ནས་རྐང་པ་འདུས་ཏེ་སྦོམ་པར་སྐྲངས་ཤིང་སྲ་བ་དེ་ནི་རྐང་བམ་ཞེས་བྱའོ། །དེ་ལ་རླུང་ལས་གྱུར་པའི་རྐང་བམ་གྱི་མཚན་མ་ནི་འབྲུམ་བུ་དང་བཅས་ཤིང་མདོག་གནག་ལ་གློ་བུར་དུ་ན་ཞིང་རྩུབ་པ་ཡིན་ནོ། །མཁྲིས་པའི་རྐང་བམ་གྱི་ནད་ནི་མདོག་སེར་བ་དང༌། ཚ་འུར་འུར་པོར་འདུག་པ་དང༌། རིམས་ཀྱིས་འདེབས་པ་ཡིན་ནོ། །བད་ཀན་ལས་གྱུར་པའི་རྐང་བམ་ནི་ཐི་བ་དང༌། སྣུམ་པ་དང༌། ཟུག་གཟེར་ཆུང་བ་དང་ཤུ་བས་ཁྱབ་པ་ཡིན་ནོ། །རྐང་བམ་དེ་ཚབས་ཆེ་ཞིང་མང་དུ་འཛག་པ་ལ་ལོ་གཅིག་ལས་འདས་པ་དེ་ནི་སྤང་བར་བྱའོ། །སློབ་དཔོན་ཁ་ཅིག་ན་རེ་རྐང་པ་ལ་རྐང་བམ་ཇི་ལྟར་འབྱུང་བ་བཞིན་དུ་ལག་པ་དང༌། རྣ་བ་དང༌། མཆུ་དང་སྣ་རྣམས་ཀྱི་ཕྱོགས་དང་ཉེ་བར་རྐང་བམ་གྱི་ནད་འབྱུང་ངོ་ཞེས་སྨྲའོ། །དེ་ལ་འབྲུམ་ཆེན་ཞེས་བྱ་བ་ནི་ནད་གཞི་དང་ཚིལ་འཁྲུགས་ཏེ། དེ་མགུལ་པ་དང༌། རྩེའུ་ཆུང་གཉིས་དང༌། མིག་དང༌། མཆན་ཁུང་དང༌། ཆུ་སོ་དང་བརླ་བྲག་རྣམས་ལ་བརྟེན་ཏེ་མདོག་ནད་གཞི་རང་གི་མདོག་ཏུ་སྣང་ཞིང་སྲ་བ་དང༌། སྣུམ་པ་དང༌། བུམ་ཤ་དང༌། སྐྱུ་རུ་རའི་ཚད་ཙམ་འབྱུང་ཞིང་དེའི་ཉེ་འཁོར་དུ་འབྲས་མང་པོ་འབྱུང་ལ་མྱུར་དུ་མི་སྨིན་པ་དང་སྨིན་ན་ནི་ནད་ཆུང་བ་ཡིན་ནོ། །ཁ་ཅིག་ནི་སྨིན་ནས་འཛག་པར་འགྱུར། ཁ་ཅིག་ནི་ཞིག་ནས་སྐྱེ། ཁ་ཅིག་ནི་ཡུན་རིང་དུ་གནས་ཁ་ཅིག་ནི་རྩྭ་དཱུར་བ་བཅད་པ་བཞིན་དུ་འཕེལ་བར་བྱེད་དོ། །དེ་ནི་འབྲུམ་ཆེན་གྱི་ནད་འབྲས་ཀྱི་ཕྲེང་བ་ཞེས་བྱའོ། །འབྲས་ཀྱི་ཕྲེང་བའི་ནད་རིམས་དང༌། སྐྱུག་པ་དང་རྩིབ་ལོགས་སུ་ཟུག་པ་དང༌། ལུད་པ་ལུ་བ་དང༌། སྣ་ཆུ་འཛག་པ་དང་ལྡན་ན་ནི་སྤང་བར་བྱའོ། །དེ་ལ་རྨ་འཁྱིམས་པའི་ནད་ནི་རྨ་སྐྲངས་པ་སྨིན་ནས་མ་རྡོལ་བ་དང༌། རྨ་ལ་གནོད་པ་རྣམས་བསྟན་པས་ཤ་ལ་སོགས་པའི་ནང་དུ་རྣག་གིས་གང་ཞིང་རྗེས་སུ་ཞུགས་ནས་
ཕུགས་རིང་དུ་འགྲོ་སྟེ་སྦུ་བུ་ནས་ཆུ་འཛག་པ་བཞིན་དུ་རྣག་འཛག་པར་འགྱུར་ཞིང་རྨའི་ཕུགས་དྲང་པོ་གཅིག་ལས་བྱེར་ཏེ་སྣ་ཚོགས་སུ་འགྲོ་བ་ཡིན་ནོ། །དེ་ལ་ཡང་ནད་གཞི་རྣམ་པ་གསུམ་དང་འདུས་པ་དང་ཟུག་རྔུ་སྟེ་རྣམ་པ་ལྔར་འགྱུར་རོ། །དེ་ལ་རླུང་ལས་གྱུར་པའི་རྨ་འཁྱིམས་པ་ནི་རྨ་ཁ་ཆུང་ཞིང་ནད་དང་བཅས་པ་དང༌། མདོག་འགྱུར་བ་དང་འཛག་པ་ལྦུ་བ་དང་བཅས་པར་འབྱུང་ཞིང་ནུབ་མོ་ལྷག་པར་འཛག་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་རྨ་ནི་སྐོམ་དང་ཆེ་བ་དང༌། རིམས་ཀྱིས་འདེབ་པ་དང༌། ལུས་ཚ་བར་གྱུར་པ་དང༌། མདོག་སེར་བ་དང༌། རུལ་བའི་དྲི་བྲོ་བ་དང༌། རྣག་བྲོ་བ་འབྱུང་བ་དང༌། ཉིན་པར་ལྷག་པར་འཛག་པ་རྣམས་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་འཛག་པར་སླ་བ་དང༌། སྤྱི་བག་ཏུ་འདུག་པ་དང༌། གཡའ་བ་དང༌། སྲ་བ་དང་མཚན་མོ་ཆེར་རྣགས་པ་ཡིན་ནོ། །འདུས་པ་ལས་གྱུར་པ་ནི་ཀུན་གྱི་མཚན་མ་དང་ལྡན་པ་ཡིན་ཏེ་སྤང་བར་བྱའོ། །ཟུག་རྔུ་ཟུག་པའི་རྨ་འཁྱིམས་པ་ནི་ཟུག་རྔུ་ནང་ནས་ཡོད་པ་མ་ཕྱུང་ན་རྨ་ཕུགས་བྱེར་བར་བྱེད་དོ། །དེ་ནས་རྣག་ལྦུ་བ་དང་བཅས་པ་དང༌། སླ་བ་དང༌། དང་བ་དང༌། དྲོ་བ་དང༌། ཁྲག་དང་བཅས་པར་འབྱུང་བར་འགྱུར་ཏེ་རྟག་ཏུ་ནད་དང་བཅས་པ་ཡིན་ནོ། །ཐོར་བུ་དང་འབྲུམ་བུ་ལ་སོགས་པའི་ནད་དམིགས་བརྟགས་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པ་རྫོགས་སོ།། །།དེ་ནས་ཐོར་བུ་དང་འབྲུམ་བུ་ལ་སོགས་པ་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ཐོར་བུ་མ་སྨིན་པ་ལ་ནི་རང་རང་གི་ནད་གཞི་ཇི་ལྟ་བ་བཞིན་དུ་སྐྲང་བའི་ཆོ་ག་རྣམས་བྱའོ། །ལུས་སྦྱང་ཞིང་དག་པར་འདོད་པས་བྲི་ཧ་ཏི་དང༌། ཙི་ཏྲ་ཀ་དང༌། ཀཎྜ་ཀ་རི་དང༌། པི་པི་ལིང་རྣམས་མར་དང་བསྐོལ་བའི་མར་གྱིས་སྣུམ་ཆོས་བྱས་ཏེ། དེའི་འོག་ཏུ་རྣོ་བའི་སྨན་གྱིས་སློན་ཁྲུས་དང་བྱུག་པ་རྣམས་སྦྱར་རོ། །ཐོར་བུ་ལ་དུགས་མང་དུ་བྱ་ཞིང་ཡང་དང་ཡང་མཉེ་བར་བྱའོ། །དེ་དག་ནི་ཁྱད་པར་དུ་རླུང་གི་གསོ་བ་བསྟན་པ་ཡིན་ཏེ། མཁྲིས་པའི་ཁྲག་ལས་གྱུར་པ་ལ་ཡང་སྲིན་བུ་པད་པས་ཁྲག་དབྱུང་བ་དང་བསིལ་བའི་ཆོ་ག་མང་དུ་བྱའོ། །བད་ཀན་ལས་གྱུར་པ་ལ་ནི་རླུང་གི་ཆོ་ག་ལྟར་བྱའོ། །
ད་ལྟ་མོད་ཀྱིས་མ་སྨིན་པ་ལ་ནི་མཚོན་གྱིས་བཅད་དེ་ཁྲག་དབྱུང་ན་ནི་མེས་བསྲེག་གོ །མ་ལུས་པར་བཅད་ན་ནི་ལེགས་པ་ཡིན་ལ་ལྷག་མ་ལུས་པར་བཅད་ན་ནི་ཕྱིས་ལྡང་སྟེ་ངེས་པར་རྒྱས་ཤིང་འཕེལ་བར་འགྱུར་རོ། །མས་གཏང་བའི་སྨན་དང་གཏར་ག་ཡང་བྱའོ། །འབྲུམ་བུ་གསོ་བའི་ཐོར་བུ་གསོ་བ་ཇི་ལྟ་བ་བཞིན་དུ་ནད་གཞི་དང་སྦྱར་ཏེ་གསོ་བ་མ་ལུས་པར་བྱས་ན་ཕན་ནོ། །ཤ་དང་རྨ་ལས་བྱུང་བའི་ཐོར་བུ་ནི་དེ་བཞིན་དུ་གསོས་ན་སོས་ཙམ་དུ་འཇོག་ནུས་སོ། །ཐོར་བུ་ཚིགས་ལས་བྱུང་པ་ལ་ནི་ཐོང་ལྕགས་ལ་སོགས་པའི་ལྕགས་བསྲེགས་པས་བསྲེག་སྟེ་ཏིལ་གྱི་ལྡེ་གུས་རྨ་ལ་བསྐུས་ན་ཕན་ནོ། །གོས་གཉིས་ཀྱི་དཀྲིས་པ་འམ། ཡང་ན་མཚོན་གྱིས་དྲལ་ལ་ཚིགས་ཕྱུང་སྟེ་རྨ་བསྲེག་གོ །རྩ་ལས་སྐྱེས་པའི་ཐོར་བུ་གསར་པ་ལ་ནི་ས་ཧ་ར་ཛའི་འབྲུ་མར་བླུད་དེ་དེ་བཞིན་དུ་རླུང་འཇོམས་པའི་སྨན་དང་དུགས་བྱ་སྟེ་མས་གཏང་བའི་སྨན་དང་གཏར་ག་ཡང་བྱའོ། །འབྲུམ་བུ་གསོ་བ་ནི་ཐོར་བུ་གསོ་བ་ཇི་ལྟ་བ་བཞིན་དུ་ནད་གཞི་དང་སྦྱར་ཏེ་གསོ་བ་མ་ལུས་པར་བྱས་ན་ཕན་ནོ། །རྐང་བམ་གྱི་ནད་ལ་ནི་སྣུམ་ཆོས་དང་དུགས་དང་རླུང་འཇོམས་པའི་སྨན་གྱིས་དུགས་བྱ་སྟེ། ལོང་མོ་ནས་སོར་གཉིས་གྱེན་དུ་བཅལ་བའི་རྩལ་གཏར་ག་གདབ་བོ། །དེ་ནས་ཟླ་བ་གཅིག་གི་བར་དུ་ཨེ་རཎྜའི་མར་བ་གཅིན་དང་སྦྱར་བ་བླུད་དོ། །སྨན་ཞུ་བའི་རྗེས་ནི་འབྲས་རྙིང་པ་ལ་སོགས་པའི་ཁ་ཟས་བཅའ་སྒ་དང་འོ་མ་བསྐོལ་བ་དང་བཅས་པ་བཟའོ། །ཡང་ན་དུར་བྱིད་དང་འོ་མ་སྦྱར་བ་བླུད་དོ། །ཡང་དེ་ལྟར་བྱས་ཀྱང་མ་ཞིན་བསྲེག་པར་བྱའོ། །མཁྲིས་པའི་རྐང་བམ་ལ་ནི་ལོང་མོའི་འོག་གི་རྩ་ལས་ཁྲག་ཕྱུང་ན་ནི་མཁྲིས་པའི་རྐང་བམ་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །བད་ཀན་གྱི་རྐང་བམ་ལ་ནི་རྐང་པའི་མཐེ་བོང་ལ་ཁྲག་གཏར་ཏེ་ཁ་ཟས་སུ་ནས་བསྟེན་ན་ཕན་ནོ། །སྨན་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བ་བཏུང་ངོ༌། །པི་པི་ལིང་དང་ཨ་རུར་བསྐྱེད་པའི་ཆོ་ག་ཡང་བྱའོ། །ཡུངས་ཀར་དང་བར་དྷ་ཀའི་རྩ་བ་གཉིས་ཀྱི་འདག་གུས་བྱུག་པའམ་ཡང་ན་འུ་སུའི་ལོ་མའི་བྱུག་པ་ཡང་བྱའོ། །འབྲུམ་ཆེན་གྱི་ནད་ལ་ནི་སློན་ཁྲུས་ཀྱིས་གོང་འོག་ཏུ་དག་
པར་བྱས་ནས་དེའི་འོག་ཏུ་དནྟི་དང༌། དྲན་པ་ཏི་དང༌། དུར་བྱིད་དང༌། ཀ་ཤ་ཧི་དང༌། དེ་བ་ད་ལི་དང༌། དེ་རྣམས་མར་དང་བསྐོལ་བ་བླུད་པར་བྱའོ། །བད་ཀན་དང་ཚིལ་ལ་ཕན་པའི་སྨན་དང༌། དུ་བ་བརྔུབ་པ་དང༌། མཁུར་བར་བཅད་པ་དང༌། སྣ་སྨན་རྣམས་ཀྱང་བསྟེན་ན་ཕན་ནོ། །དེ་བཞིན་དུ་གཏར་གཡང་བྱ་ཞིང་སྐྱེར་ཁཎྜ་བ་གཅིན་དང་སྦྱར་བ་བཏུང་ངོ༌། །འབྲུམ་ཆེན་ཐོར་བུ་བཞིན་མ་སྨིན་པ་ལ་ནི་ན་ཀུ་ལ་དང༌། ལན་ཚྭ་དང་བཅའ་སྒ་རྣམས་ཀྱི་འདག་གུས་བསྐུ་བར་བྱའོ། །རྒྱ་མཚོའི་ཕྱེ་མ་དུམ་བུར་བྱས་ལ་དུགས་བྱ་སྟེ་མཁྲང་བ་མཉེ་བར་བྱའོ། །ཤ་མི་དང༌། ལ་ཕུག་དང༌། ཤི་ཀྲུ་དང༌། དེ་རྣམས་ཀྱི་ས་བོན་དང༌། ནས་དང༌། ཡུངས་ཀར་དང༌། དེ་རྣམས་བཏགས་པའི་ཕྱེ་མ་དར་བ་སྐྱུར་པོ་དང་བཅས་པས་བསྐུས་ན་འབྲུམ་ཆེན་གྱི་ཐོར་བུ་དང་འབྲས་ནད་རྣམས་འཇོམས་པར་བྱེད་དོ། །དེ་སྨིན་ཏེ་རྨ་ཁ་ནས་ཁྲག་འཛག་པ་ལ་ནི་མཁྲིས་པ་དང་བད་ཀན་འཇོམས་པའི་གསོ་བ་སྦྱར་རོ། །གལ་ཏེ་མ་སྨིན་ན་ནི་འབྲུམ་ཆེན་གྱི་ནད་ཕྱུང་སྟེ་ཐལ་སྨན་དང་མེའི་ལས་བྱའོ། །འོལ་མ་སེ་དཀར་པོ་དང༌། ལང་ག་ལི་དང༌། ཨ་ཧི་དང༌། ཧ་རེ་ཎུ་ཀ་དང༌། ཀ་ཀ་ན་ཏི་པ་ལ་དང༌། དེ་བ་ད་ལའི་ས་བོན་དང༌། ཀར་ཀོ་ཊི་དང༌། བི་ཤ་ལི་དང༌། ཀོ་ཤི་ཏ་ཀི་དང༌། པ་ཐ་དང་དེ་རྣམས་སྲང་ཕྱེད་དང༌། དུག་ཞོ་གཉིས་དང༌། ཀ་ར་ཉྫའི་ས་བོན་མར་སྲང་སུམ་ཅུ་རྩ་གཉིས་དང༌། ནི་རྒུན་ཐིའི་རང་གི་ཁུ་བ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་བསྐོལ་ཏེ་མར་ལུས་པ་ལས་བཏུང་བ་དང་བསྐུ་བྱུག་དང་སྣ་སྨན་དུ་སྦྱར་ན་གསོར་མི་རུང་བའི་འབྲས་ཀྱི་ཕྱེ་མ་ཡུན་རིང་དུ་ལོན་ཞིང་རྣག་མང་དུ་འཛག་པ་ཡང་འདིས་འདྲུབ་པར་འགྱུར་རོ། །ལང་ག་ལིའི་ཕྱེ་མ་དང༌། དེའི་བཞི་འགྱུར་གྱི་ཏིལ་མར་དང༌། དེའི་བཞི་འགྱུར་གྱི་ནི་རྒུན་ཐིའི་རང་གི་ཁུ་བ་བསྐོལ་ཏེ་མར་ལུས་པ་ལས་སྣ་སྨན་ལ་སོགས་པར་སྦྱར་ན་འབྲུམ་ཆེན་འབྲས་ཀྱི་ཕྲེང་བ་སེལ་ཏོ། །ཙནྡན་དང༌། ཐང་ཤིང་དང༌། ན་ལེ་ཤམ་དང༌། སེར་པོ་རྣམ་གཉིས་དང༌། དུར་བྱིད་དང༌། གླ་སྒང་དང༌། དེ་རྣམས་སྲང་རེ་རེ་དང༌། དུག་སྲང་ཕྱེད་དང༌། དེ་རྣམས་བ་གཅིན་ལས་བཏགས་པ་དང༌། སྨན་བྲ་ཧྨིའི་ཁུ་བ་དང༌། ཨརྐའི་ལོ་མ་དང༌། བ་ལང་གི་ལྕི་ཁུ་དང༌།
ཡུངས་མར་སྲང་སུམ་ཅུ་རྩ་གཉིས་དང༌། དེ་རྣམས་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་རན་པར་བསྟེན་ན་མཛེ་དང༌། རྨ་འཁྱིམས་པ་དང་འབྲུམ་ཆེན་རྣམས་མྱུར་དུ་སེལ་བར་བྱེད་དོ། །ཤུ་དག་དང༌། ཨ་རུ་ར་དང༌། རྒྱ་སྐྱེགས་དང༌། པུ་ཙེ་ཤེལ་དང༌། དེ་རྣམས་ཏིལ་མར་དང་བསྐོལ་བ་མར་ལུས་པ་ལས་འཐུངས་ན་འབྲུམ་ཆེན་རྩ་བ་ནས་འབྱིན་པར་བྱེད་དོ། །ཤ་ར་པུང་ཀའི་རྩ་བ་འབྲས་ཀྱི་ཆུ་དང་བཏགས་ཏེ་སྣ་སྨན་དང་བྱུག་པར་སྦྱར་ན་འབྲུམ་ཆེན་མ་རུངས་པ་དང་དུག་དང་སྲིན་བུ་རྣམས་ལས་རྒྱལ་བར་བྱེད་དོ། །ཨུ་ཏ་མ་ར་ཀ་རི་ནིའི་རྩ་བ་དང༌། པི་ལུའི་ལོ་མ་དང། ས་ཧ་ཙ་ར་དང༌། སེང་ཕྲོམ་དང༌། ཨ་རུ་ར་དང༌། ཤིང་མངར་དང༌། ཤུ་ཏི་དང༌། ཙི་ཏྲ་ཀ་དང༌། དེ་རྣམས་འབྲུ་མར་དང་འོ་མ་ཆ་མཉམ་པ་དང་བསྐོལ་བ་ལས་སྣ་སྨན་དང་བསྐུ་བྱུག་དག་རབ་ཏུ་བསྔགས་སོ། །བ་ལང་དང༌། ར་དང༌། ལུག་དང༌། རྟ་དང༌། དེ་རྣམས་ཀྱི་རྨིག་པ་བསྲེགས་ཏེ་ཡུངས་མར་དང་སྦྱར་བས་བསྐུ་བྱུག་བྱའོ། །ཡང་ན་སྦྲུལ་ནག་པོ་དང༌། བྱ་རོག་རང་ཤི་བའི་ཤ་བསྲེགས་ཏེ་སྨན་ཨི་གུ་ཏའི་འབྲུ་མར་དང་འདག་གུར་བྱས་ཏེ་བསྐུའོ། །དེ་ལྟར་བྱས་ཀྱང་མ་ཞི་སྟེ། རྩིབ་ལོགས་དང་བྱིན་པ་ལ་གནས་པའི་འབྲུམ་ཆེན་གཞན་འབྱུང་ན་ནི་མས་གཏོང་བ་རྣམས་བྱ་སྟེ། དེའི་འོག་ཏུ་ཚིལ་བྱུང་ན་མེས་བསྲེག་པར་བྱའོ། །རྐང་པ་གྱེན་དུ་བཏེག་སྟེ་རྟིང་པའི་ཚད་ཙམ་ལོང་མོ་ནས་ཡར་བཅལ་བར་རྨེན་དུ་མཚོན་གྱིས་གཅད་པར་བྱའོ། །ཞེས་ལེགས་ལྡན་མུ་ཁྱུད་ཀྱིས་བཤད་དོ། །རྟིང་པ་ལས་ཡར་སོར་བཅུ་གཉིས་བཅལ་ན་དབང་པོའི་ཆུ་སོ་ཞེས་བྱ་བའི་གནས་ཡོད་དོ། །དེའི་གཡས་གཡོན་དུ་དབྲལ་ཏེ་དབུས་ན་ཉའི་སྒོ་ང་འདྲ་བ་ཡོད་དེ་དེ་དྲངས་ཤིང་དབྱུང་བར་བྱའོ། །ཞེས་དྲང་སྲོང་ལེགས་པར་ཐོས་ཀྱིས་བཤད་དོ། །ཁ་ཅིག་ན་རེ་ལོང་མོའི་རྩ་བ་ཙོག་ཙོག་པོ་ནས་ཆ་བརྒྱད་ཡར་བཅལ་བ་ན་ཁུ་ཡོད་པ་ཞེས་བྱ་བ་ནད་དབུས་ན་ཡོད་པ་མ་གཏོགས་པར་དེའི་ངོས་གཉིས་དབང་པོའི་ཆུ་སོ་དང་རྗེ་ངར་གྱི་རུས་པའི་བར་དུ་བ་རུ་རའི་ཚི་གུ་ཙམ་བཅད་དོ་ཞེས་འཆད་དོ། །དེ་ལ་རླུང་ལས་གྱུར་པའི་རྨ་འཁྱིམས་པ་ལ་ནི་དབྲལ་ལ་དུགས་དང་བསྐུ་བྱུག་ལེགས་པར་བྱ་སྟེ། ཨ་པ་མ་རྒའི་འབྲས་བུ་དང༌། ཏིལ་དང་
རྒྱམ་ཚ་རྣམས་བཏགས་པའི་ཕྱེ་མའི་ལྡེ་གུས་དུགས་བྱའོ། །མཁྲིས་པ་ལས་གྱུར་པའི་རྨ་འཁྱིམས་པ་ལ་ནི་བཙོད་དང༌། ཏིལ་དང༌། གན་དར་བ་དང༌། སེར་པོ་རྣམ་གཉིས་གྱི་ལྡེ་གུས་དུགས་བྱའོ། །བད་ཀན་ལས་གྱུར་པའི་རྨ་འཁྱིམས་པ་ལ་ནི་ཏིལ་དང་རྒྱམ་ཚ་དང༌། དནྟི་དང༌། ནིམ་པ་དང་དེ་རྣམས་ཀྱི་ལྡེ་གུས་བྱུགས་པར་བྱའོ། །ཟུག་རྡུ་ཟུག་པའི་རྨ་འཁྱིམས་པ་ལ་ནི་ཏིལ་དང༌། སྦྲང་རྩི་དང༌། མར་སྦྱར་བའི་ལྡེ་གུས་དུགས་བྱའོ། །དེའི་འོག་ཏུ་དབྲལ་ཏེ་ཟུག་རྡུ་ཕྱུང་ལ་དག་པར་བྱའོ། །མཚོན་གྱིས་དབྲལ་དུ་མི་རུང་བའི་སྨན་གྱིས་ནི་རྨ་ཚོལ་གྱིས་ཕུག་བཙལ་ཏེ། དེ་ནས་སྐུད་པ་ཐལ་སྨན་གྱི་ཆུའི་ནང་དུ་སྦངས་ལ། རྨ་འཚོལ་གྱི་རྩེ་མོ་ལ་བཏགས་ཏེ་ཕུགས་སུ་བཅུག་ན་རྨ་ཁ་རྒྱ་ཆེན་པོར་འགྱུར་ཏེ་གསོ་སླའོ། །གང་ཡང་རྨ་གསོ་བ་ལ་བཤད་པའི་རེང་བུ་དང༌། ཏིལ་མར་བཤད་པ་དེ་ཡང་རྨ་འཁྱིམས་པ་ལ་རབ་ཏུ་བསྔགས་ཏེ་ཨེ་རཎྜའི་འབྲས་བུ་བཏགས་པའི་ཕྱེ་མའི་ལྡེ་གུས་བྱུག་པ་བྱས་པ་ན་ཡང་རྨ་འཁྱིམས་པ་གསོ་བར་བྱེད་པའི་མཆོག་ཡིན་ནོ། །རྒྱ་ཤུག་གི་འབྲས་བུ་དང༌། ཤུན་པ་དང༌། ལན་ཚྭ་དང༌། རྒྱ་སྐྱེགས་དང༌། གླ་གོར་ཞོ་ཤའི་ལོ་མ་དང༌། པྲི་ཡང་ཀུ་དང༌། འོ་མ་དང། སྣུ་ཧི་དང༌། ཨ་རྒའི་ལོ་མ་དང༌། དེ་རྣམས་ལྷན་ཅིག་སྦྱར་བའི་རེང་བུས་རྨའི་ནང་དུ་བཅུག་ན་རྨ་འཁྱིམས་པ་མྱུར་དུ་འཚོ་བར་བྱེད་དོ། །རྒྱ་མཚོའི་ཚ་དང༌། ཁ་རུ་ཚ་དང༌། རྒྱམ་ཚ་རྣམས་བསྲེགས་ཏེ་ཚོ་ས་པ་དང༌། གླ་གོར་ཞོ་ཤ་དང༌། ཁྱིམ་གྱི་དུད་པ་དང༌། ཨ་མྲ་ཏ་ཀ་དང༌། སེང་ལྡེང་གི་ལོ་མ་དང༌། སྐྱེར་པ་དང༌། བི་རྩོ་དང༌། དེ་རྣམས་བཏགས་པའི་ཕྱེ་མ་འགམ་པར་བྱའོ། །བསྐུ་བ་དང་རེང་བུ་ལ་སོགས་པར་བྱས་ན་མི་བརྟན་པའི་འབྱོར་བ་བཞིན་དུ་འཕེལ་བའི་ནུས་པ་མེད་པའམ། སྔར་འཆིང་བ་དམ་དུ་བཅིང་བའི་སྐྱེས་བུ་འགྲོ་བའི་ནུས་པ་མེད་པ་བཞིན་དུ་རྨ་མཆེད་པའི་ནུས་པ་མེད་པར་འགྱུར་རོ། །ཐོར་བུ་དང་འབྲུམ་བུ་ལ་སོགས་པ་གསོ་བའི་ལེའུ་སྟེ་སུམ་ཅུ་པ་རྫོགས་སོ།། །།དེ་ནས་འབྲུམ་བུ་ཕྲ་མོའི་ནད་དམིགས་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་བད་ཀན་དང་རླུང་ལས་གྱུར་པའི་འབྲུམ་བུ་ཕྲ་མོའི་ནད་
ནི་མོན་སྲན་སྡེའུའི་ཚད་ཙམ་ཟླུམ་པོ་དང༌། སྣུམ་པ་དང༌། ནད་གཞི་རང་གི་མདོག་ཏུ་འདུག་པ་དང༌། ཐ་དད་མེད་ཅིང་བྱིས་པ་ལ་འབྱུང་བ་ཡིན་ཏེ་དེ་ནི་རའི་འགྲམ་པ་ལྟ་བུ་ཞེས་བྱའོ། །ཡང་ན་འབྲུམ་བུ་ནས་ཀྱི་ཚད་ཙམ་མང་པོ་མཐུག་པར་འབྱུང་བ་དེ་ནི་ནས་ལྟ་བུའི་འབྲུམ་བུ་ཞེས་བྱའོ། །ཡང་མེ་དབལ་ཕྲ་མོ་རྩེ་མོ་མེད་པ་ཟླུམ་བོ་མཐུག་ཅིང་མཐོ་བར་འདུག་པ་དང་རྣག་ཉུང་བ་དེ་ནི་མེ་དབལ་ཕྲ་མོ་ཞེས་བྱའོ། །དེ་ལས་ཐོར་བུ་ལྔའམ་དྲུག་ཏུ་འབྱུང་སྟེ། དེ་ཡང་རུས་སྦལ་གྱི་རྒྱབ་ལྟར་མཐོན་པོར་འདུག་པ་དང༌། སྲ་ཞིང་དྲག་ཏུ་ན་བ་དང་རྣ་མཆོག་གམ་རྣ་བ་འཁོར་ལིང་ཀུན་ཏུ་འབྱུང་བ་དེ་ནི་རུས་སྦལ་ལྟ་བུའི་འབྲུམ་བུ་ཞེས་བྱའོ། །ཡང་འབྲུམ་བུ་ཕྲ་མོ་ཨུཏྤ་ལའི་རྩ་བ་འདྲ་བར་སྐྲངས་ཤིང་ཚབས་ཆུང་དུར་ན་བ་དང་བརྟན་པར་འདུག་པ་དེ་ནི་པ་ན་སི་ཀ་ཞེས་བྱའོ། །ཡང་འབྲུམ་བུ་འགྲམ་པའི་ཚིགས་མཚམས་ནས་བྱུང་བ་དེ་ནི་པར་ན་ཤ་གར་ཏ་པ་ཞེས་བྱའོ། །ཡང་སྐྱེས་བུ་ན་ཚོད་ལང་ཚོ་ལ་བབ་པའི་དུས་སུ་འབྲུམ་བུ་ཕྲ་མོ་ཤིང་ཤལ་མ་ལིའི་ཚེར་མ་དང་འདྲ་བ་དང་ནད་དང་བཅས་ཤིང་མཐུག་པ་དང༌། ནང་ན་ཚིལ་ཡོད་པ་སྐྱེས་ཏེ་དེས་གདོང་མ་རུངས་པར་བྱེད་པ་དེ་ནི་བཞིན་མ་རུངས་པར་བྱེད་པའི་འབྲུམ་བུ་ཞེས་བྱའོ། །བད་ཀན་དང་རླུང་ལས་གྱུར་པའི་འབྲུམ་བུ་དཀར་པོ་པདྨའི་ཚེར་མ་བཞིན་དུ་ལུས་ལ་ཁྱབ་བར་འབྱུང་སྟེ། དེ་ནི་འབྲུམ་བུ་པདྨའི་ཚེར་མ་ཅན་ཞེས་བྱའོ། །མཁྲིས་པ་ལས་གྱུར་པའི་འབྲུམ་བུ་ཕྲ་མོ་ཨུ་དུམྦཱ་རིའི་འབྲས་བུ་སྨིན་པ་ལྟར་ཁ་ཆེ་ཞིང་ཚ་བ་དང༌། རིམས་ཀྱིས་འདེབས་པར་བྱེད་པ་དེ་ནི་རྨ་ཁ་ཡངས་པར་བྱེད་པ་འབྲུམ་བུའི་ནད་ཅེས་བྱའོ། །ལུས་དང་ངོ་གདོང་ལ་འབྲུམ་བུ་ཕྲ་མོ་མཐུག་པ་སྲན་ཆུང་གི་ཚད་ཙམ་མདོག་སྲན་ཆུང་འདྲ་བ་ཚ་འུར་འུར་པོར་འདུག་པ་དང༌། ཟུག་གཟེར་དང་ལྡན་པ་དེ་ནི་འབྲུམ་བུ་སྲན་ཆུང་ལྟ་བུ་ཞེས་བྱའོ། །དེ་བས་ན་ཤིན་ཏུ་མི་བཟད་པའི་འབྲུམ་བུ་འབྱུང་སྟེ། ཟུག་གཟེར་དང་བཅས་བ་ཚབས་ཆེར་ན་བ་དེ་ནི་འབྲུམ་བུའི་ནད་ཅེས་བྱའོ། །རླུང་དང་མཁྲིས་པའི་འབྲུམ་བུའི་ནད་པདྨའི་སྙིང་པོ་འདྲ་བར་འབྱུང་ཞིང་དེའི་ཉེ་འཁོར་དུ་འབྲུམ་བུ་ཕྲ་མོས་ཁྱབ་པ་དེ་ནི་འབྲུམ་བུའི་ནད་གར་དྷ་ཞེས་བྱའོ། །ཡང་ན་འབྲུམ་བུ་ཕྲ་མོ་མཆན་ཁུང་དང་ཉེ་འཁོར་
དུ་དཀྱིལ་འཁོར་དང་འདྲ་བར་རྒྱ་ཆེ་ཞིང་མཐོ་བ་དང༌། མདོག་དམར་བ་དང༌། འབྲུམ་བུ་ཕྲ་མོ་རྣམས་ཀྱིས་བསྐོར་བ་འདུག་པ་སྟེ་དེ་ནི་ཕལ་ཆེར་རླུང་ལས་གྱུར་པ་ཡིན་ཏེ། དེའི་མིང་ནི་མཆན་ཁུང་གི་འབྲུམ་བུ་ཞེས་བྱའོ། །མཁྲིས་པ་ཤས་ཆེ་བའི་འབྲུམ་བུ་འབྲས་ཡོས་ལྟ་བུ་མཐུག་པར་འབྱུང་སྟེ་དེ་ནི་འབྲས་ཡོས་ལྟ་བུའི་འབྲུམ་བུ་ཞེས་བྱའོ། །དེ་དང་འདྲ་བར་འབྲུམ་བུ་ཆེན་པོ་གཅིག་འབྱུང་བ་དེ་ནི་འབྲུམ་བུ་དྲ་བ་ཞེས་གྲགས་སོ། །ལུས་ཚབས་གདུངས་པས་རྡུལ་ཏེ་འབྲུམ་བུ་ཕྲ་མོ་མཐུག་པ་དང་ནད་དང་བཅས་པ་དང༌། སྐེ་ཚེའི་འབྲུམ་བུའི་ཚད་ཅམ་མདོག་དམར་པོར་འབྱུང་བ་དེ་ནི་སྐེ་ཚེའི་འབྲུ་ལྟ་བུའི་འབྲུམ་བུ་ཞེས་བྱའོ། །མཁྲིས་པ་ཤས་ཆེ་བའི་འབྲུམ་བུ་མེ་དབལ་ཕྲ་མོ་མཆེད་པ་བཞིན་དུ་བྱེར་ཏེ་དེ་ཡང་སྐྲངས་པ་དང་སྨིན་པ་དང་སྲ་བ་དང་དམར་བ་དང་ཚ་བར་བྱེད་པ་དེ་ནི་ཛ་ལ་གར་དྷ་བ་ཞེས་བྱའོ། །མཁྲིས་པ་ཤས་ཆེ་བའི་འབྲུམ་བུ་མེ་དབལ་ཤའི་རང་བཞིན་མི་བཟད་པ་དང༌། རིམས་ཀྱིས་ལྡན་པ་དང་མེའི་མདོག་ལྟ་བུ་མཆན་ཁུང་ཕྱོགས་སུ་འབྱུང་སྟེ། དེའི་མིང་ནི་མེའི་རོ་ཧི་ནི་ཞེས་བྱ་བ་སྟེ་ཞག་ལྔ་འམ་བདུན་ནམ་ཟླ་བ་ཕྱེད་ལས་འཚོ་བ་ཉམས་པར་འགྱུར་རོ། །ནད་གཞི་གསུམ་གྱི་འབྲུམ་བུ་ཟླུམ་པོ་ནམ་ཚོང་ཡན་ཆད་དུ་འབྱུང་སྟེ་དེ་ནི་པ་རི་པ་ལ་ཞེས་བྱའོ། །འབྲུམ་བུ་མཆན་ཁུང་དང༌། ཆུ་སོ་དང༌། བརླ་གཉིས་ཀྱི་བར་དུ་སྨན་བི་ད་རིའི་རྩ་བ་ལྟ་བུ་འབྱུང་སྟེ་དེ་ནི་བི་ད་རི་ལྟ་བུའི་འབྲུམ་བུ་ཞེས་བྱའོ། །ཚིལ་དང་རླུང་ལས་གྱུར་པའི་འབྲུམ་བུ་རྒྱུས་པ་དང་ཤ་དང་རྩལ་བརྟེན་ཏེ་འབྱུང་ལ་གལ་ཏེ་རྡོལ་ན་ནི་ཞག་དང་མར་དང་སྦྲང་རྩི་ལྟ་བུ་མང་དུ་འཛག་པར་འགྱུར་ཏེ། དེས་རླུང་བསྐྱོད་དེ་ཤ་སྐམས་ཤིང་ཟླུམ་པོར་བསྒོངས་ཏེ། རྨའི་ནང་དུ་གསེག་མ་ལྟ་བུ་སྐྱེས་པ་དང་ཁྲག་དང་རྣག་མདོག་སྣ་ཚོགས་སུ་འབྱུང་བ་དང༌། དྲི་མི་ཞིམ་པའི་ནད་གཞི་དང་བཅས་པ་རྣམས་འཛག་པ་སྟེ་དེ་ནི་འབྲུམ་བུ་གསེག་མ་ལྟ་བུ་ཞེས་བྱའོ། །འདུས་པ་ལས་གྱུར་པའི་འབྲུམ་བུ་ལག་པ་དང༌། རྐང་པའི་མཐིལ་དང༌། ཚིགས་དང་ནམ་ཚོང་ཡན་ཆད་གྲོག་མའི་མགོ་པོ་འདྲ་བར་རིམ་གྱིས་མང་པོས་ཁྱབ་པར་བྱེད་དོ། །དེ་ཡང་ན་བ་དང༌། ཚ་འུར་འུར་པོར་
འདུག་པ་དང་གཡའ་བ་དང་ཚབས་ཆེར་རུལ་བ་དེ་ནི་འབྲུམ་བུ་གྲོག་མའི་ཁ་ལྟ་བུ་ཞེས་བྱའོ། །རྐང་པའི་མཐིལ་དུ་གསེག་མ་འམ་ཚེར་མ་ཟུག་པ་ལས་འབྲུམ་བུ་མཛེར་པ་ལྟ་བུར་སྐྱེས་པ་ནི་ཀ་ད་ར་ཞེས་བྱའོ། །ཐོར་བུ་སེལ་བཞེས་བྱ་བའི་རླུང་ནི་གཞང་གི་ནང་ན་གནས་ཏེ། དེ་བཤད་བ་དང་ལྷན་ཅིག་འཁྲུགས་ནས་གཞང་གི་ཕྱི་ནང་དུ་ཚེར་མ་ལྟ་བུའི་འབྲུམ་བུ་སྐྱེས་ཏེ། བཤང་བ་འབྱུང་དཀའ་ཞིང་སྲ་བ་དེ་ནི་གཞང་འགགས་པ་ཞེས་བྱ་བའི་འབྲུམ་བུ་ཡིན་ནོ། །མཁྲིས་པ་དང་རླུང་ལས་གྱུར་པའི་འབྲུམ་བུ་ནི་སེན་མོ་དང་ཤའི་ནང་དུ་སྨིན་ཅིང་ཟུག་གཟེར་ཚ་བ་དང་ལྡན་པ་དེ་ནི་འབྲུམ་བུ་ཉེ་བའི་སེན་མོ་ཞེས་བྱའོ། །ཁ་ཅིག་ན་རེ་ཙམ་པ་མ་དང་ཟད་བྱེད་ཀྱི་ནད་ཅེས་བྱའོ་ཞེས་འཆད་དོ། །རྩུབ་བག་བཟའ་བ་དང༌། དྲུད་པ་དང༌། སྣད་པ་ལས་གྱུར་པའི་འབྲུམ་བུ་སོར་མོ་གནག་པ་དང་རེག་ན་ཤིན་ཏུ་རྩུབ་པ་དེ་ནི་འབྲུམ་བུ་ཀ་ན་ཁ་ཞེས་བྱའོ། །འདམ་བག་མ་རུངས་པ་སེན་མོའི་ནང་དུ་ཞུགས་པ་ལས་འབྲུམ་བུར་གྱུར་ཏེ་གཡའ་བ་དང་ནང་དུ་རྣག་དང་བཅས་པ་དེ་ནི་འབྲུམ་བུ་སོར་མོ་སྐྲངས་པ་ཞེས་བྱའོ། །ཏིལ་ནག་པོའི་མདོག་ཏུ་སྣང་བའི་འབྲུམ་བུ་ནི་ཏིལ་ནག་ལྟ་བུའི་འབྲུམ་བུ་ཞེས་བྱའོ། །པགས་པའི་སྟེང་དུ་མདོག་གནག་ཅིང་ནད་མེད་པའི་འབྲུམ་བུ་མདོག་དམར་བ་སྲོག་ཆགས་སྦྲང་བུ་མཆུ་རིངས་ཙམ་མཐོན་པོར་འདུག་པ་འམ་ཡང་ན་འབྲུམ་བུ་མ་དོག་དཀར་བ་དང་གནག་པ་དེ་ནི་པགས་པའི་མཛེར་པ་ཞེས་བྱའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་འབྲུམ་བུ་མདོག་དམར་བ་དེ་ནི་ཛ་རུ་མ་ནི་ཞེས་བྱའོ། །མདོག་གནག་པ་དང་དཀར་བ་ནི་དཀྱིལ་འཁོར་ལན་ཚྭ་ན་ཞེས་བྱའོ། །མྱ་ངན་དང་ཁྲོ་བ་ལ་སོགས་པས་རླུང་དང་མཁྲིས་པ་འཁྲུགས་ཏེ་གདོང་སྲབ་ཅིང་སྔོ་བའི་ཐིག་ལེ་འབྱུང་བ་ནི་དོ་ཤིག་ཅེས་བྱའོ། །ལུས་གཞན་དུ་བྱུང་བ་ལ་ནི་ལི་ག་ཞེས་བྱའོ། །དེ་ལ་རླུང་ལས་གྱུར་པའི་ངོ་ཤིག་ནི་རུད་རུད་པོར་འདུག་པ་དང་རེག་ན་རྩུབ་པ་དང་མདོག་སྔོ་བསངས་སུ་འདུག་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པ་ནི་དབུས་དམར་ཞིང་མཐའ་སྔོ་བ་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་དཀར་ཞིང་གཡའ་བ་ཡིན་ནོ། །ཁྲག་ལས་གྱུར་པ་ནི་དབུས་དམར་ཞིང་མཐའ་ཟངས་མའི་མདོག་ལྟར་སྣང་ཞིང་སྐེམ་པ་དང༌།
ཚ་ཙེག་ཙེག་བྱེད་ཅིང་བེམ་བེམ་པོར་འདུག་པ་ཡིན་ནོ། །རླུང་གིས་བད་ཀན་པགས་པར་སོན་པར་བྱས་ཏེ། དེར་བད་ཀན་སྐམས་ནས་མདོག་དཀར་བ་དང༌། ཚོར་བ་མེད་པ་དང༌། ཆེར་མི་གཡའ་བ་དང༌། མི་གནག་པ་དེ་ནི་པགས་པའི་ནད་ཚོར་བ་མེད་པ་ཞེས་བྱའོ། །སློན་སྨན་ཉེས་ཏེ་མཁྲིས་པ་དང་བད་ཀན་གཉིས་གཅིག་ལ་གཅིག་འཁྲུགས་ནས་དཀྱིལ་འཁོར་ལྟ་བུའི་ནད་དུ་གྱུར་ཏེ། དེ་ཡང་ཤས་ཆེར་གཡའ་ཞིང་མང་དུ་འབྱུང་བ་དང་ལྡན་པའི་ནད་ཤས་ཆེར་གྱུར་པ་དེ་ནི་ཨ་ཀོ་ཐ་ཞེས་བྱ་བ་དང༌། དེ་ལྟར་འབྲུམ་བུ་མོའི་ནད་ཀྱི་བྱེ་བྲག་སུམ་ཅུ་རྩ་དྲུག་ཏུ་བསྟན་པ་ཡིན་ནོ། །འབྲུམ་བུ་ཕྲ་མོའི་ནད་དམིགས་བརྟགས་པའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པ་རྫོགས་སོ།། །།དེ་ནས་འབྲུམ་བུ་ཕྲ་མོ་ལ་སོགས་པ་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་རའི་འགྲམ་པ་ལྟ་བུའི་ནད་མ་སྨིན་པ་ལ་ནི་སྲིན་བུ་པད་པས་ཁག་དབྱུང་ངོ༌། །ནས་ལྟ་བུའི་འབྲུམ་བུའི་ནད་ལ་ནི། ཐོག་མར་དུགས་ཀྱིས་བཞུས་ལ་དེ་ནས་ཐང་ཤིང་དང༌། རུ་རྟ་དང༌། ལྡོང་རོས་དང༌། བ་བླ་རྣམས་ཀྱི་ལྡེ་གུས་བསྐུའོ། །པ་ཤན་ག་ད་བའི་ནད་ལ་ཡང་ཆོ་ག་དེ་ལྟར་བྱའོ། །དེ་བཞིན་དུ་སྨིན་པའི་རྨའི་གསོ་བ་རྣམས་ཀྱང་སྦྱར་རེ། །དེ་ལ་བཞིན་མ་རུངས་པར་གྱུར་པའི་ནད་ལ་ནི་སེང་ཕྲོམ་དང། འུ་སུ་དང༌། ཤུ་དག་དང་དེ་གསུམ་བཏགས་པའི་ཕྱེ་མ་འམ་ཡང་ན་ནྱ་གྲོ་དྷའི་ལོ་མ་འམ་རྒྱ་སྟར་གྱི་ལོ་མ་གང་ཡང་རུང་བ་ཚྭ་དང་སྦྱར་བའི་ལྡེ་གུས་བསྐུའོ། །དེས་མ་ཞི་ན་སྐྱུག་སྨན་དང༌། སྣ་སྨན་གཏང་བ་དང་དཔྲལ་རྩ་གཏར་བ་རྣམས་བྱའོ། །པདྨའི་ཚེར་མ་ལྟ་བུའི་ནད་ལ་ནི་ནིམ་པའི་ཁུ་བས་སློན་བྱ་ཞིང་ནིམ་པ་བསྐོལ་བའི་ཁུ་བ་སྦྲང་རྩི་དང་མར་སྦྱར་བ་བླུད་དེ་ནིམ་པ་དང་དོང་ག་སྦྱར་བས་བྱུག་པར་བྱའོ། །དེ་ལ་རྨ་ཁ་ཡངས་པ་ཞེས་བྱ་བ་ནས་གྲང་བ་ཅན་ཞེས་བྱ་བའི་བར་གྱི་ནད་དང་ཨེ་རི་བེ་ལ་ཀ་ཞེས་བྱ་བ་རྣམས་ནི་མཁྲིས་པའི་མེ་དབལ་གྱི་གསོ་བ་ཇི་ལྟར་བསྟན་པ་བཞིན་བྱའོ། །མེ་རོ་ཧི་ནི་ཞེས་བྱ་བའི་ནད་ལ་ནི་སྤང་བར་བྱའོ། །ཛ་ལ་གརད་པ་ཞེས་བྱ་བའི་ནད་ལ་ནི་སྨྱུང་བ་དང་ཁྲག་དབྱུང་བར་བྱ་བ་དང༌། རྩུབ་ཆོས་བྱ་བ་དང༌། སློན་ཁྲུས་ཀྱིས་ལུས་སྤྱང་བ་དང་སྐྱུ་རུ་རའི་སྦྱོར་བ་དང༌། བསིལ་བའི་བྱུག་པ་རྣམས་རྟག་ཏུ་སྦྱར་རོ། །བིདྷ་རི་
ཞེས་བྱ་བ་ནི་ནད་པ་ལ་ཁྲག་གཏར་ཏེ་བད་ཀན་གྱི་ཐོར་བུའི་གསོ་བ་རྣམས་སྦྱར་རོ། །གསེག་མ་ལྟ་བུའི་འབྲུམ་བུ་ལ་ནི་ཚིལ་ལས་གྱུར་པའི་གསོ་བ་རྣམས་བྱའོ། །འབྲུམ་བུ་གྲོག་མའི་ཁ་ལྟ་བུ་ནད་རྐང་པ་དང་ལག་པར་བྱུང་ཞིང་ཚབས་ཆེར་སྐྱེས་པ་དང༌། བུ་ག་མང་བ་དང༌། སྐྲང་བ་དང། གནད་དུ་བྱུང་བ་རྣམས་ནི་སྤང་བར་བྱའོ། །མཚན་མ་དེ་དང་མི་ལྡན་པ་རྣམས་ནི་གསོ་བར་བྱའོ། །དེ་ཡང་ཐོག་མར་ལུས་སྤྱང་ཞིང་ཁྲག་བྱུང་ལ་དེའི་འོག་ཏུ་ལན་ཚྭ་དང༌། དོང་ག་དང༌། ཨ་ཀ་རུ་དང༌། ཅི་ཙེ་བ་དང༌། རྒྱ་སྲན་ནག་པོའི་རྩ་བ་དང༌། དནྟི་དང༌། ཏིལ་བཏགས་པ་དང། ནས་ཕྱེ་རྣམས་ཀྱིས་བསྐུས་ལ་སྨིན་པ་དང༌། ཤ་མ་རུངས་པ་མཚོན་གྱིས་ལེགས་པར་བཅད་དེ་ཐལ་སྨན་ནམ་མེ་ལ་བསྲེག་པར་བྱའོ། །ཀ་ད་ར་ཀ་ཞེས་བྱ་བའི་ནད་ནི་མཚོན་གྱིས་མ་ལུས་པར་ཕྱུང་སྟེ་མར་བསྐོལ་བས་བསྲེག་པར་བྱའོ། །གཞང་འགགས་པའི་འབྲུམ་བུ་ལ་ནི་ཛ་ལ་མར་ནིའི་གསོ་བ་རྣམས་བྱའོ། །ཉེ་བའི་སེན་མོ་ཞེས་བྱ་བ་ནི་སློན་ཁྲུས་ཀྱིས་ཚ་བ་ཞི་བར་བྱས་ལ་མཚོན་གྱི་ལས་ཀྱིས་གསོ་བར་བྱའོ། །ཀུན་ཁའི་ནད་མ་རུངས་པ་དང་གསེག་མ་ལྟ་བུའི་ནད་ལ་ཡང་ཆོ་ག་དེ་ལྟར་བྱའོ། །ཡང་ན་རྩབས་ཀྱིས་བླུགས་པར་བྱ་སྟེ། དེ་ནས་ནག་ཚུར་དང་ཏིལ་དང་རོ་ཙ་ན་དང་ནིམ་པའི་ལོ་མའི་ལྡེ་གུས་ཀྱང་བསྐུའོ། །ཏིལ་ནག་པོ་ལྟ་བུའི་ནད་ལ་ནི་མེའི་ལས་བྱའོ། །པགས་པའི་མཛེར་པ་སྦྲང་བུ་མཆུ་རིངས་ལྟ་བུའི་ནད་ལ་མེ་ཤེལ་སེང་ལྡེང་གི་མེ་ལ་བསྲེགས་པའི་ཐལ་བས་བསྐུའོ། །དེ་བཞིན་དུ་པགས་པའི་ཤ་མཛེར་དེ་ཉིད་དང་ཛ་རུམ་ནི་གཉིས་ལ་ནི་མཚོན་གྱིས་བཅད་ལ་གོང་མའི་ཐལ་བས་གདབ་པོ། །ལན་ཚྭ་ཞེས་བྱ་བའི་ནད་ལ་ནི་ཇི་ལྟར་གནས་པ་བཞིན་དུ་གཏར་ག་བྱ་སྟེ། ཤིང་འོ་མ་ཅན་གྱི་ཤུན་པ་དང༌། མྱུ་གུ་འོ་མ་དང་བཏགས་ཏེ་བྱུག་གོ །དེ་ཡང་ངོ་ཤིག་ལ་ནི་ཨརྫུ་ནའི་ཤུན་པ་འམ། བཙོད་གང་ཡང་རུང་བ་སྤྲང་རྩི་དང་སྦྱར་བའི་ལྡེ་གུས་བསྐུ་བ་འམ། ཡང་ན་རྟ་དཀར་པོའི་རྨིག་པ་བ་སྲེགས་པའི་སྣག་ཚ་མར་གསར་དང་སྦྱར་བས་བསྐུའོ། །ཡང་ན་ཙནྡན་དམར་པོ་དང༌། བཙོད་དང༌། རུ་རྟ་དང༌། སེང་ཕྲོམ་དང༌། པྲི་ཡང་ཀུ་དང༌། ནྱ་གྲོ་དྷའི་མྱུ་
གུ་དང༌། སྲན་ཆུང་གི་མྱུ་གུ་རྣམས་ཀྱི་ལྡེ་གུས་བསྐུ་བ་བྱས་ན་གདོང་གི་མདོག་གསལ་ཞིང་ངོ་ཤིག་འཇོམས་སོ། །ཟི་ར་རྣམ་གཉིས་དང༌། ཏིལ་ནག་པོ་དང༌། ཡུངས་ཀར་དང་དེ་རྣམས་འོ་མ་དང་བཏགས་ཏེ་བསྐུས་ན་གདོང་གི་ངོ་ཤིག་སེལ་བར་བྱེད་དོ། །ཡང་ན་སྲན་ཆུ་ང་ཕུབ་མ་མེད་པ་བརྔོས་པ་འོ་མ་དང་བཏགས་ཏེ་མར་དང་སྦྲང་རྩི་དང་ལྡེ་གུར་བྱས་པས་བསྐུའོ། །ཡང་ན་ཤལ་མ་ལིའི་ཚེར་མ་རྣོན་པོ་འོ་མ་དང་བཏགས་པས་བསྐུའོ། །ཡང་ན་རྒྱ་ཤུག་གི་ཚི་གུའི་ཕྱེ་མ་བུ་རམ་དང་སྦྱར་བས་བསྐུས་ན་ཕན་ནོ། །ཡང་ན་རི་བོང་གི་ཁྲག་སྦྲང་རྩི་དང་སྦྱར་བས་བསྐུས་ན་ཕན་ནོ། །ཡང་ན་ཁ་ལུང་གི་ཁུ་བའི་ནང་དུ་རུ་རྟ་ཞག་བདུན་གྱི་བར་དུ་སྦངས་ཏེ་སྦྲང་རྩི་དང་སྦྱར་བས་བསྐུའོ། །ཡང་ན་མུ་ས་ལའི་རྩ་བ་རའི་འོ་མ་དང་བཏགས་པ་སྦྲང་རྩི་དང་སྦྱར་བས་བསྐུས་ན་ཕན་ནོ། །ཡང་ན་བ་ལང་གི་རུས་པ་དང༌། མུ་ས་ལའི་རྩ་བ་མར་དང་སྦྲང་རྩི་དང་སྦྱར་བས་བསྐུས་ན་ཕན་ནོ། །ཡང་ན་རི་བོང་གི་ཁྲག་སྦྲང་རྩི་དང་སྦྱར་བ་དང༌། དེ་རྣམས་ཀྱི་ཕྱེ་མ་ཞོ་ག་ཆུ་དང་བུ་རམ་སར་པ་དང་སྦྱར་ཏེ་བསྐུས་ན་ཕན་ནོ། །ཡང་ན་ཤིང་ཏིན་དུ་ཀའི་ལོ་མའི་རང་གི་ཁུ་བའི་ནང་དུ་ཤིང་ཏིན་ཏུ་ཀ་བཏགས་པས་བསྐུས་ན་གདོང་རང་གི་མདོག་སྐྱེད་པར་བྱེད་དོ། །ཨུཏྤལ་དཀར་པོ་དང༌། སྔོན་པོ་དང༌། པྲི་ཡང་ཀུ་དང༌། རུ་རྟ་དང༌། ཀ་ལ་ཡི་ཀ་དང༌། རྒྱ་ཤུག་གི་ཚི་གུ་དང༌། དེ་རྣམས་ཀྱི་ལྡེ་གུས་གདོང་ལ་དྲིལ་ཞིང་བྱུགས་ན་མེ་ཏོག་པདྨའི་མདོག་བཞིན་དུ་བྱེད་དོ། །ཡང་ན་གོང་མའི་སྨན་དེ་རྣམས་བཏགས་ཏེ་ཤིང་མངར་བསྐོལ་བའི་ཁུ་བ་དང་སྦྱར་ནས་ནད་གཞི་ཇི་ལྟ་བ་བཞིན་དུ་སྣུམ་དང་སྦྱར་ཏེ་གདོང་ལ་བསྐུའོ། །སྨེ་བ་འམ་ཁམས་གསོ་བ་ནས་དང༌། སྲ་རྩི་པོག་དང༌། སེང་ཕྲོམ་དང༌། པུ་ཤེལ་ཙེ་དང༌། སྤྲ་ཚིལ་དང༌། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་མར་དང༌། བུ་རམ་དང༌། བ་གཅིན་དང་བསྐོལ་ཏེ་དྲིལ་དུ་བཏུབ་པ་ཙམ་གྱི་ལྡེ་གུས་ཉིན་རེ་བཞིན་བསྐུ་བ་བྱས་ན་གདོང་མ་རུང་བར་བྱེད་པའི་ངོ་ཤིག་དང༌། ལུས་མ་རུང་བར་བྱེད་པའི་སྨེ་བ་རྣམས་སེལ་བར་བྱེད་དེ་གདོང་ལ་བསྐུས་ན་པདྨ་བཞིན་དུ་བྱེད་དོ། །རྐང་པ་ལ་བསྐུས་ན་ནི་པདྨའི་
འདབ་མ་ལྟར་འགྱུར་རོ། །གུར་གུམ་དང༌། པུ་ཤེལ་ཙི་དང༌། ཀ་ལི་ཡ་ཀ་དང༌། རྒྱ་སྐྱེགས་དང༌། ཤིང་མངར་དང༌། ཙནྡན་དཀར་པོ་དང༌། ནྱ་གྲོ་དྷའི་རྐང་པ་གཞོན་ནུ་དང༌། ཤུག་པ་དང༌། པདྨ་གེ་སར་དང༌། ཨུཏྤལ་དང༌། བཙོད་དང༌། དེ་རྣམས་སྲང་རེ་རེ་ཆུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང་བསྐོལ་ཏེ་བཞི་ཆ་ལུས་པའི་ནང་དུ་རྒྱ་སྐྱེགས་དང༌། ལེ་བརྒན་རྩི་དང༌། བཙོད་དང༌། ཤིང་མངར་དང༌། གུར་གུམ་དང༌། དེ་རྣམས་ཞོ་གཉིས་གཉིས་བཏགས་པའི་ཕྱེ་མ་དང་ཏིལ་མར་སྲང་བརྒྱད་དང༌། དེའི་ཉིས་འགྱུར་གྱི་འོ་མ་དང་ཚུལ་བཞིན་བསྐོལ་ཏེ་མར་ལུས་པ་ལས་སྣ་སྨན་གོམས་པར་བྱས་ན་ནི་ལིང་ག་དང༌། ངོ་ཤིག་དང༌། སྐྲ་དཀར་དང༌། གཉེར་མ་དང༌། སྨེ་བས་མ་རུངས་པར་གྱུར་པ་རྣམས་འཇོམས་ཏེ་གདོང་གི་ཤ་མདོག་སྐྱེ་བར་བྱེད་དོ། །བཙོད་དང༌། ཤ་བ་རིའི་སེང་ཕྲོམ་དང༌། ཏུ་བ་རི་དང༌། རྒྱ་སྐྱེགས་དང༌། སར་པོ་རྣམ་གཉིས་དང༌། ལྡོང་རོས་དང༌། གུར་གུམ་དང༌། རུ་རྟ་དང༌། གི་ཝང་དང༌། ནྱ་གྲོ་དྷ་དཀར་པོའི་ལོ་མ་དང༌། ཙནྡན་རྣམ་གཉིས་དང༌། ཀ་ལི་ཡ་ཀ་དང༌། དངུལ་ཆུ་དང༌། རྨ་ཤིང་དང༌། ལང་ཏང་ཙེའི་ཤུན་པ་དང༌། པདྨའི་ས་བོན་དང༌། པདྨ་གེ་སར་དང༌། སྤྲ་ཚིལ་དང༌། སྤངས་མ་དང། ཤུག་པ་དང༌། དེ་རྣམས་དང་ཞག་དང་རྐང་དང་མར་དང་འོ་མ་དང་ཤིང་འོ་མ་ཅན་གྱི་འོ་མ་དང་དེ་རྣམས་བསྐོལ་བའི་མར་གྱིས་བསྐུས་ན་ངོ་ཤིག་དང་གཉེར་མ་ལ་སོགས་པ་འཇོམས་ཏེ་གདོང་གི་བཞིན་མདོངས་ཟླ་བ་བཞིན་དུ་རྒྱས་པར་འགྱུར་རོ། །བྲིང་ག་རཱ་ཛའི་རང་གི་ཁུ་བའི་འོ་མ་དང་ཆུ་དང་ལྷན་ཅིག་བསྐོལ་ཏེ་འོ་མ་ལུས་པ་ལས་སྣ་སྨན་དུ་སྦྱར་ན་སེལ་བ་ཡིན་ནོ། །པགས་པའི་ནད་ཚོར་བ་མེད་པ་ལ་ནི་རླུང་གི་མཛེ་ནད་གསོ་བའི་ཆོ་ག་ལྟར་བྱ་སྟེ་དེ་སའི་འོག་ཏུ་མེས་བསྲེག་པར་བྱའོ། །དེ་ལ་ཨུད་ཀོ་ཐ་ཞེས་བྱ་བའི་ནད་ལ་ནི་བད་ཀན་དང་མཁྲིས་པ་ལས་གྱུར་པའི་མཛེ་ནད་གསོ་བ་རྣམས་བྱའོ། །ཀོ་ཐ་ཞེས་བྱ་བའི་ནད་ལ་ནི་རླུང་མཁྲིས་ཀྱི་གསོ་བ་ཐམས་ཅད་སྦྱར་རོ། །འབྲུམ་བུ་ཕྲ་མོ་ལ་སོགས་པ་གསོ་བའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པ་རྫོགས་སོ།། །།དེ་ནས་གསང་བའི་གནས་
ཀྱི་ནད་དམིགས་བརྟགས་པའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ཐོག་མར་ཕོ་མཚན་གྱི་ནད་སྐྱེ་བའི་རྒྱུ་ནི་བུད་མེད་ལ་ཉལ་པོ་བྱས་ཏེ་འདོད་པ་ཟིན་མ་ཐག་ཡང་སྤྱད་པ་དང༌། ཡང་ན་མོ་མཚན་ཤིན་ཏུ་ཆུང་བ་ལ་འཇུག་པ་དང་ཟླ་མཚན་གྱི་སྐྱོན་དང་ལྡན་པ་ལ་འཇུག་པས་ནད་གཞི་རྣམས་འཁྲུགས་པར་འགྱུར་བ་དང་དེ་བཞིན་དུ་གཞན་གྱི་བུད་མེད་ལ་ཆགས་བཞིན་དུ་ཉལ་པོ་བྱེད་པ་དང༌། བདག་ཉིད་མི་འདོད་བཞིན་དུ་བུད་མེད་ལ་སྤྱད་པ་དང༌། ལམ་མ་ཡིན་པར་འཇུག་པ་དང༌། བྱིས་པ་བཙས་མ་ཐག་པ་ལ་འཇུག་པ་དང༌། འདོད་པ་སྤྱད་མ་ཐག་པ་ལམ་བཀྲུས་པར་བྱེད་པ་དང༌། བུད་མེད་ལ་ཆགས་པའི་དབང་གིས་སྦྱར་ཆུ་འཛག་པ་དང༌། ཁུ་ཚུར་དང༌། སོ་དང༌། སེན་མོས་རེག་པ་དང༌། སེན་མོའི་དུག་གིས་རེག་པ་དང༌། ཁུ་བ་བྱུང་བས་འགགས་པ་དང༌། ཀུ་ཤལ་སོགས་པ་རྩུབ་པས་དྲུད་པ་དང་རྒྱུ་དེ་དག་གིས་ནད་གཞི་རྣམས་འཁྲུགས་ཏེ་གསང་བའི་གནས་སུ་ཨ་བ་དན་ཤ་ལ་སོགས་པའི་ཕོ་མཚན་གྱི་ནད་ཉི་ཤུ་རྩ་གསུམ་འབྱུང་བར་འགྱུར་ཏེ། ཨ་བ་དན་ཤ་ཞེས་བྱ་བའི་ཕོ་མཚན་གྱི་ནད་ལ་ཡང་རྣམ་པ་ལྔར་ཤེས་པར་བྱ་སྟེ། དེ་ཡང་ནད་གསུམ་ལས་གྱུར་པ་རེ་རེ་དང༌། ཁྲག་ལས་གྱུར་བ་དང་འདུས་པ་ལས་གྱུར་པའོ། །རླུང་ལས་གྱུར་པའི་ཕོ་མཚན་གྱི་ནད་ཀྱི་མཚན་མ་ནི་ཕོ་མཚན་སྐྲང་བ་དང༌། ན་བ་དང༌། སྣ་ཚོགས་སུ་ན་བ་དང༌། རྟག་ཏུ་འགྲེང་བ་དང༌། ཕོ་མཚན་གྱི་པགས་པགས་པ་ཡིན་ནོ། །མཁྲིས་པ་ལས་གྱུར་པའི་ནད་ལ་ནི་སྐྲང་ཞིང་ཚ་བ་འུར་འུར་པོར་འདུག་པ་དང༌། ཨུ་དུམྦཱ་རའི་འབྲས་བུ་སྨིན་པ་བཞིན་དུ་འདུག་པ་ཡིན་ནོ། །བད་ཀན་ལས་གྱུར་པ་ནི་མཁྲད་བ་དང༌། སྣུམ་པ་དང༌། གཡའ་བ་དང༌། གྲང་པ་དང་ལྕི་བ་རྣམས་ཡིན་ནོ། །ཁྲག་ལས་གྱུར་པ་ནི་ཁྲག་འཛག་པ་དང་འབུམ་བུ་ནག་པོ་འབྱུང་བ་དང་ཚ་བ་འུར་འུར་བོར་འདུག་པ་རྣམས་ཡིན་ནོ། །འདུས་པ་ལས་གྱུར་པའི་ཕོ་མཚན་གྱི་ནད་ལ་ནི་ནད་གཞི་གསུམ་གྱི་མཚན་མ་དང༌། རླིག་པ་སྐྲང་བ་དང༌། དྲག་ཏུ་ན་བ་དང༌། མྱུར་དུ་སྨིན་པ་དང༌། འགས་པ་དང་སྲིན་བུ་སྐྱེ་བ་རྣམས་ཡིན་ནོ། །དེ་རྣམས་ཁྲག་ལས་གྱུར་པ་ནི་གསོ་དཀའ་བ་ཡིན་ནོ། །འདུས་པ་ལས་གྱུར་བ་ནི་མི་འཚོ་བ་ཡིན་ནོ། །ཉེས་པ་
འཁྲུགས་པས་ཕོ་མཚན་གྱི་ནང་ངམ་ཕྱི་རོལ་དུ་ཤ་དང་ཁྲག་ལས་གྱུར་པ་ཤ་མཛེར་སྐྱེས་ཏེ། ཁྲག་འཛག་པ་དང་གཡའ་བ་ཡིན་ཏེ་དེའི་མིང་ནི་ཤ་མཛེར་པ་ལྟ་བུའི་ནད་ཅེས་བྱའོ། །བུད་མེད་ཀྱི་ནི་འབྱིལ་བག་ཏུ་འདུག་པ་དང༌། ཁྲག་འཛག་པ་དང༌། གདུགས་ལྟར་འདུག་པ་ཡིན་ཏེ་དེའི་མིང་ནི་གཞང་འབྲུམ་ལྟ་བུའི་ནད་ཅེས་བྱའོ། །དེ་གསོ་བར་མ་བྱས་ན་ནི་འཆི་བར་འགྱུར་རོ། །ཕོ་མཚན་གྱི་ཕྱིའམ་ནད་དུ་བད་ཀན་དང་ཁྲག་ལས་གྱུར་པའི་འབྲུམ་བུ་ཡུངས་ཀར་གྱི་ཚད་ཙམ་མཐུག་པར་འདུག་པ་དེ་ནི་ཡུངས་ཀར་ལྟ་བུའི་ནད་ཅེས་བྱའོ། །ཡང་ཕོ་མཚན་གྱི་ནད་ཁྲག་དང་བད་ཀན་ལས་གྱུར་པའི་འབྲུམ་བུ་མང་པོ་རྒྱ་ཆེ་བ་དབུས་སུ་ནས་ཙམ་འབྱུང་སྟེ་ཟུག་པ་དང་བ་སྦུ་ལངས་པ་ཡིན་ཏེ་དེའི་མིང་ནི་ཨ་བ་མན་ཐ་ཞེས་བྱའོ། །ཁྲག་དང་མཁྲིས་པ་ལས་གྱུར་པའི་ནད་འཛམ་བུའི་རུས་པ་ལྟར་འདུག་པ་དེ་ནི་ཀུམ་བྷི་ཀ་ཞེས་བྱའོ། །ཕོ་མཚན་གྱི་ནད་མེ་དབལ་ལྟ་བུ་ཞེས་བྱ་བ་ཡོད་དེ། དེའི་མཚན་ཉིད་ནི་གཅིན་སྙི་བའི་སྐབས་སུ་བཤད་པ་བཞིན་དུ་བལྟའོ། །ཁྲག་དང་མཁྲིས་པ་ལས་གྱུར་པའི་འབྲུམ་བུ་མོན་སྲན་གྲེའུ་དང༌། མུངྒའི་ལོ་མའི་ཚད་ཙམ་ཡོད་པ་དེ་ནི་ཕོ་མཚན་གྱི་ནད་ཨུད་དམ་ཞེས་བྱའོ། །ཕོ་མཚན་གྱི་ནད་འབྲུམ་བུ་གཅིག་ལ་མང་པོས་ཁྱབ་སྟེ། ཇི་ལྟར་པདྨའི་སྙིང་པོ་ལ་འབྲུམ་བུས་ཁྱབ་པ་ལྟར་སྣང་སྟེ་དེ་ནི་པདྨ་ཅན་ཞེས་བྱའོ། །ཕོ་མཚན་གྱི་ནང་དུ་ལག་པས་དྲུད་པ་ལས་འབྲུམ་བུ་འབྱུང་བ་དེ་ནི་འདྲུད་པའི་འབྲུམ་བུ་ཞེས་བྱའོ། །ཕོ་མཚན་ཤུགས་དྲག་ཏུ་མཉེས་པ་ལས་རླུང་འཁྲུགས་ཏེ་ཡ་ཡོར་སོང་བ་དང༌། མཁྲང་བ་དང༌། རྡུལ་བ་དང་ལྡན་པ་དེ་ནི་གཏུན་བུ་ལྟ་བུའི་རླུང་ནད་ཅེས་བྱའོ། །ཕོ་མཚན་མཉེས་པ་ལས་རླུང་འཁྲུགས་ཏེ་པགས་པ་ཕྱིར་བཤུས་པ་ལས་ན་ཞིང་ཚ་བ་འུར་འུར་པོར་འདུག་པ་དང༌། ཁ་ཅིག་རྨེན་པར་ཡང་འགྱུར་ཏེ་དེའི་མིང་ནི་པགས་པ་ཕྱིར་བཤུས་པའི་ནད་ཅེས་བྱའོ། །ཕོ་མཚན་གྱི་པགས་པ་རྩེ་མོ་ནས་འདས་པར་འཕྱང་ཞིང་མདུད་པར་སྣང་བ་དེ་ནི་པགས་པ་ཉིལ་བའི་ནད་ཅེས་བྱའོ། །བད་ཀན་ལས་གྱུར་པའི་ཕོ་མཚན་གྱི་ནད་ནི་ཤིན་ཏུ་གཡའ་བ་དང༌། སྲ་བ་དང༌། རྨ་འབྱུང་བ་དང༌། འགས་པ་དང༌། འཚོ་བར་
དཀའ་བ་དེ་ནི་ཕོ་མཚན་གྱི་པགས་པའི་ནད་ཨ་བ་པ་ཏི་ཀི་ཞེས་བྱའོ། །རླུང་གིས་ཕོ་མཚན་གྱི་པགས་པ་མ་རུངས་པར་བྱས་ཏེ་ནོར་བུ་ལ་པགས་པ་འབྱར་བས་འབྱུང་དུ་མ་སྟེར་ཏེ་སྦུབས་ནས་གཅིན་འབྱུང་བ་ཡང་རྒྱུན་ཕྲ་བར་འབྱུང་ཞིང་ནད་མེད་པ་ཡིན་ཏེ་དེའི་མིང་ནི་ནོར་བུ་ཁ་མ་བྱེ་བ་ཞེས་བྱ་བ་འམ། ཡང་ན་ནོར་བུ་འགགས་པའི་ནད་ཅེས་བྱའོ། །བད་ཀན་ལས་གྱུར་པའི་ཕོ་མཚན་གྱི་ནད་གྲ་མས་གང་བ་སྙམ་སེམས་བ་ནི་མདུད་པ་ལྟ་བུའི་ནད་ཅེས་བྱའོ། །གྲ་མས་གང་བའམ་ཁྲག་ལས་གྱུར་པ་ནི་ཕོ་མཚན་གྱི་ནད་ཚོར་བ་མེད་པ་དེ་ནི་ཚོར་བ་མེད་པའི་ནད་ཅེས་བྱའོ། །རླུང་དང་ཁྲག་འཁྲུགས་པ་ལས་གྱུར་པའི་ཕོ་མཚན་གྱི་ནད་ཅི་ཙེ་ཙམ་གྱི་བུ་གས་ཁྱབ་པར་འབྱུང་བ་དེ་ནི་བུ་ག་བརྒྱ་པའི་ནད་ཅེས་བྱའོ། །མཁྲིས་པ་དང་ཁྲག་ལས་གྱུར་པའི་ཕོ་མཚན་གྱི་ནད་པགས་པ་ཚོས་ཤིང་ཚ་བ་དང༌། ཚ་བས་ཆེར་ཚ་བ་འུར་འུར་པོར་འདུག་པ་དེ་ནི་པགས་པའི་ནད་སྨིན་པ་ཞེས་བྱའོ། །འདུས་པ་ལས་གྱུར་པའི་པགས་པའི་ནད་སྨིན་པ་ནི་ཕོ་མཚན་གྱི་པགས་པའི་ཤ་ཐམས་ཅད་འདྲུལ་བ་ཡིན་ཏེ་དེ་ནི་ཤ་འདྲུལ་པའི་ནད་ཅེས་བྱའོ། །ཡང་ཕོ་མཚན་གྱི་ནད་འབྲུ་མ་བུ་ཕྲ་མོ་དམར་བ་དང་གནག་པ་འབྱུང་སྟེ་ཁྱབ་པ་དང་ན་བ་དེ་ནི་ཁྲག་གི་འབྲུམ་བུ་ཞེས་བྱའོ། །ཕོ་མཚན་ལ་ནི་ཤའི་འབྲུམ་བུ་འབྱུང་བ་ནི་གོང་གི་ཤའི་འབྲུམ་བུ་བཞིན་དུ་བལྟའོ། །ཕོ་མཚན་ལ་འབྲས་འབྱུང་བ་ཡང་འདུས་པ་ལས་གྱུར་པའི་འབྲས་ནད་ཀྱི་མཚན་ཉིད་རྣམས་འདིར་བལྟའོ། །འདུས་པ་ལས་གྱུར་པའི་འབྲས་ནད་ནི་ཕོ་མཚན་མདོག་ནག་པོར་གྱུར་ཅིང་སྨིན་ལ་རུལ་ཏེ་ཤའུ་འདྲུལ་བ་དེ་ནི་ཏི་ལ་ཀ་ལ་ཀ་ཞེས་བྱའོ། །དེ་ལས་ཀྱང་ཤ་ལས་གྱུར་པའི་འབྲུམ་བུ་དང༌། སྨིན་པ་དང༌། འབྲས་ནད་དང༌། ཏི་ལ་ཀ་ལ་ཀ་ཞེས་བྱ་བ་བཞི་པོ་དེ་དག་ནི་སྤང་བར་བྱའོ། །ལྷག་མ་རྣམས་ནི་གསོ་པར་བྱའོ། །ཁ་ཟས་མ་རུང་བ་ཟོས་པ་དང༌། མལ་སྟན་མི་བདེ་བ་ལ་འདུག་པ་དང༌། ཉལ་པོ་ལྷག་པར་བསྟེན་པ་དང༌། ཁྲག་ངན་སྐྱེས་པ་དང༌། གནོད་པར་འགྱུར་པའི་སྨན་བསྟེན་པ་དང༌། སྐྱེས་པའི་ས་བོན་གྱི་ཉེས་པ་དང༌། སྔོན་གྱི་ལས་ལས་གྱུར་
པ་དང༌། རྒྱུ་དེ་དག་གིས་མོ་མཚན་གྱི་ནད་རྣམ་པ་ཉི་ཤུར་འགྱུར་རོ། །དེ་ལ་རླུང་གིས་མོ་མཚན་མ་རུངས་པར་གྱུར་ན་ནི་ན་ཞིང་ཟུག་པ་དང༌། གླལ་མང་བ་དང༌། ཚོར་བ་མེད་པ་དང༌། གྲོག་མ་རྒྱུ་བ་སྙམ་བྱེད་པ་དང༌། རེངས་པ་དང༌། རྩུབ་པ་དང༌། ཁྲག་སླ་བ་ལྡུ་བ་དང་བཅས་ཤིང་སླ་བ་དང༌། མྱུར་དུ་འཛག་པ་དང༌། མདོག་རྩ་ནག་པ་དང༌། གཞན་ཡང་ཆུ་སོ་དང༌། བརླ་མཚམས་དང་རྩིབ་ལོགས་ལ་སོགས་པ་དང༌། ལོང་མོ་རྣམས་དང༌། དེ་དག་ཏུ་རང་རང་གི་ནད་སྐྱེད་པར་བྱེད་དེ་དེ་ནི་མོ་མཚན་གྱི་ནད་རླུང་ལས་གྱུར་པ་ཡིན་ནོ། །དེ་ཉིད་ལ་ཉལ་པོ་ཤས་ཆེར་སྤྱད་ན་ནི་སྐྲང་བ་དང་ལྡན་པར་འགྱུར་རོ། །ཤིན་ཏུ་གཞོན་པ་ལ་ཡང་འཁྲིག་པ་སྤྱད་པས་སྒལ་ཚིགས་དང༌། བྱིན་པ་དང༌། བརླ་གཉིས་ཀྱི་བར་དང༌། དེ་དག་ཏུ་རླུང་འཁྲུགས་ཏེ་ནད་སྐྱེད་པ་དེ་ནི་སྔར་སྤྱད་པ་ཞེས་བྱའོ། །འབྱུང་བའི་ཤུགས་ནད་དུ་འཁྱིལ་ཏེ་རླུང་གིས་མོ་མཚན་ཤིན་ཏུ་སྣང་བར་བྱས་ནས་ཁྲག་ལྦུ་བ་དང་བཅས་པར་སྲི་ཞིང་འགགས་པ་མང་དུ་འབྱུང་སྟེ་དེ་ནི་མོ་མཚན་གྱི་ནད་འཁྱིལ་པ་ཞེས་བྱའོ། །ཡང་རླུང་གིས་ཟླ་མཚན་རྩུབ་ཅིང་མ་རུངས་པར་བྱས་པ་ལས་བུ་ཚ་འབྱུང་ན་ཡང་སྐྱེ་ཞིང་འཆི་བར་བྱེད་དེ། དེ་ནི་བུ་འཆི་བ་ཞེས་བྱ་བའི་མངལ་གྱི་ནད་ཡིན་ནོ། །ཁ་ཟས་མང་དུ་ཟོས་ཏེ་འགྲངས་པའི་འོག་ཏུ་མལ་སྟན་མི་མཉམ་པ་ལ་འཁྲིག་པ་སྤྱད་པ་ལས་རླུང་གིས་ཁ་ཟས་བཙིར་ཏེ་མོ་མཚན་གྱི་ནང་ན་གནས་པའི་སྤུ་གུ་རྣམས་འཆུས་པར་བྱས་ནས་རུས་པ་དང༌། ཤའི་སྤུ་གུ་རྣམས་སུ་ཟུག་གཟེར་བདོ་བ་ནི་མོ་མཚན་གྱི་ནད་ནང་དུ་རྟས་པ་ཞེས་བྱའོ། །རླུང་ནད་སྐྱེས་པའི་ཁ་ཟས་བསྟེན་པས་ས་བོན་འཛིན་པའི་མོ་མཚན་གྱི་ཁ་ཞུམ་པར་བྱས་པ་དེ་ནི་ཁབ་མིག་ལྟ་བུའི་མོ་མཚན་གྱི་ནད་ཅེས་བྱའོ། །རླུང་ཤས་ཆེར་སྐྱེས་པས་བཤད་གཅི་འགགས་ཤིང་མངལ་སྐམ་པར་བྱེད་པ་དེ་ཚོར་བ་དང་བཅས་པ་དེ་ནི་མངལ་ནད་སྐེམ་བྱེད་ཅེས་བྱའོ། །མངལ་གྱི་གནས་སུ་ས་བོན་ཞུགས་པ་ལས་རླུང་གིས་ཞག་དྲུག་གམ་ཞག་བདུན་གྱི་བར་དུ་འཇིག་ཅིང་དེ་ནས་ནད་ཡོད་ཀྱང་རུང་མེད་ཀྱང་རུང་ས་བོན་ཕྱིར་འབྱིན་པ་དེ་ནི་ས་བོན་འབྱིན་པ་ཞེས་བྱའོ། །མངལ་གྱི་ནད་རླུང་གིས་གཟིར་བ་ལས་བྱིས་པ་རུམ་དུ་ཆགས་པའི་ས་བོན་ལ་གནོད་པར་
བྱས་པས་སྐྱེས་པ་ལ་ཞེ་སྡང་སྐྱེས་པ་དེ་ནི་ཤིན་ཏུ་དམར་བ་ཡིན་པས་གསོ་བ་མ་བྱས་ན་ནི་མོ་གཤམ་དུ་འགྱུར་རོ། །མངལ་གྱི་ནང་དུ་རླུང་སྐྱེད་པ་མོ་མཚན་གྱི་ནད་མངལ་ཤིན་ཏུ་ཁ་ཞུམ་པ་དང༌། ཡང་ན་ཁ་བྱེ་བར་བྱེད་པ་དང༌། གནས་ནས་ཉམས་པ་དང༌། རླུང་གིས་མོ་མཚན་གྱི་ནད་བཞིན་དུ་ན་བ་དེ་ནི་ཤ་མཐོན་པོ་ཞེས་ཀྱང་བྱ། མོ་མཚན་རྒྱ་ཆེར་སོང་བ་ཞེས་ཀྱང་བྱ། ནད་ཆེན་པོ་ཞེས་ཀྱང་བྱའོ་ཞེས་ཟེར་རོ། །མཁྲིས་པ་ལས་གྱུར་པའི་མོ་མཚན་གྱི་ནད་ནི་མཁྲིས་པ་རང་གི་ནད་གཞི་བསྐྱེད་པའི་རྒྱུ་ཁ་ཟས་ལ་སོགས་པ་བསྟེན་པས་མཁྲིས་པས་མངལ་ལ་བརྟེན་ཏེ་འཁྲུགས་ནས་ཚ་བ་དང༌། སྨིན་པ་དང༌། རྣགས་པ་དང༌། དྲིང་པ་དང༌། རིམས་ཀྱིས་འདེབས་པ་དང༌། ཁྲག་འཛག་པ་དང༌། འཛག་པ་དེ་ཡང་ཤིན་ཏུ་ཚ་བ་དང༌། རོ་མྱགས་པ་དང༌། མདོག་སྔོ་བ་དང༌། སེར་བ་དང༌། གནག་པ་ལ་སོགས་པ་མདོག་སྣ་ཚོགས་སུ་འདུག་པར་སྣང་བ་ཡིན་ནོ། །ཁྲག་ལས་གྱུར་པའི་མོ་མཚན་གྱི་ནད་ནི་ཁྲག་ཚབས་ཆེར་འཛག་པ་ཡིན་ནོ། །ཁ་ཟས་ལ་སོགས་པ་བད་ཀན་འཁྲུག་པར་བྱེད་པའི་རྒྱུ་བསྟེན་པས་མོ་མཚན་ནད་ཆུང་ཞིང་གྲང་བ་དང༌། གཡའ་བ་དང༌། འཛག་པ་དཀར་བ་དང༌། སྤྱི་བག་ཏུ་འབྱུང་བ་རྣམས་ཡིན་ནོ། །རླུང་དང་མཁྲིས་པ་མོ་མཚན་གྱི་ནང་དུ་འཁྲུགས་ཏེ་ཁྲག་འཛག་ཅིང་ཟད་དེ། ཚ་བ་འུར་འུར་པོར་འདུག་པ་དང༌། ལུས་སྐེམ་ཞིང་མདོག་འགྱུར་བ་དེ་ནི་ཁྲག་ཟད་པའི་མངལ་ནད་ཅེས་བྱའོ། །བུད་མེད་རང་བཞིན་གྱིས་ནད་མཁྲིས་པ་ཤས་ཆེ་བ་དེ་སྐྱེས་པ་དང་ཉལ་པོ་བྱེད་པ་དང༌། སྦྲིད་པ་དང༌། སྒྲེགས་པ་ལྟ་བུ་འགགས་པས་རླུང་མཁྲིས་པ་དང་བཅས་པ་མངལ་གྱི་ནང་དུ་འཁྲུགས་པར་འགྱུར་ཏེ། དེ་ཡང་སྐྲང་བ་དང༌། རེག་མི་བཟོད་པ་དང༌། ཉམ་ཐག་པ་བཞིན་ན་བ་དང༌། ཁྲག་སྔོན་པོ་དང༌། སེར་པོ་འབྱུང་བ་ཡིན་ནོ། །མ་ཞུད་མངལ་གྱི་ནང་དུ་འཁྲུགས་པ་སྟེ། ཆུ་སོ་དང་མཁལ་མ་ལྕི་ཞིང་ཚད་པར་འཁྲུ་བ་དང༌། ཡི་ག་འཆུས་པ་དང༌། སྟ་ཟུར་དང༌། ཆུ་སོ་དང༌། བརླ་གཉིས་ཀྱི་བར་དུ་ན་བ་དང༌། ཚ་བར་བྱེད་པ་དེ་ནི་མངལ་གྱི་ནད་མ་ཞུ་བ་ཞེས་བྱའོ། །མངལ་གྱི་ནང་དུ་རླུང་
དང་བད་ཀན་གྱི་ནད་ཀྱིས་ཁྱབ་སྟེ་འཛག་པ་དཀར་བ་དང༌། འབྱིལ་བག་ཏུ་འབྱུང་བ་དེ་ནི་མོ་མཚན་གྱི་ནད་ཨུ་པ་སླུ་ཏ་ཞེས་བྱའོ། །ཡང་མོ་མཚན་ཁྲུས་དང་གཙང་སྦྲ་མ་བྱས་པས་སྲིན་བུ་སྐྱེས་ནས་མོ་མཚན་རབ་ཏུ་གཡའ་ཞིང་གཡའ་བ་དེས་འདོད་པ་ལ་དགའ་སྟེ་དེའི་མིང་ནི་འབྱིན་བག་ཞེས་བྱའོ། །དུས་མ་ཡིན་པར་འཁྲིག་པ་སྤྱད་པའི་རྒྱུས་རླུང་དང༌། མཁྲིས་པ་དང༌། ཁྲག་མངལ་གྱི་ནང་དུ་འཁྲུགས་ཏེ། པདྨའི་སྙིང་པོ་ཞེས་བྱ་བའི་ནད་སྐྱེས་ནས་ཟླ་མཚན་གྱི་ལམ་འགག་པར་བྱེད་དེ་དེ་ནི་པདྨའི་སྙིང་པོ་ཞེས་བྱ་བའི་ནད་ཡིན་ནོ། །ནད་གཞི་གསུམ་མངལ་གྱི་གནས་དང་མོ་མཚན་ལ་བརྟེན་ཏེ་འཁྲུགས་ནས་རང་རང་གི་ནད་སྐྱེད་དེ་དེ་ནི་མོ་མཚན་གྱི་ནད་འདུས་པ་ལས་གྱུར་པ་ཡིན་ནོ། །དེ་ལྟར་བུད་མེད་ཀྱི་མངལ་དང་མོ་མཚན་གྱི་ནང་དེ་དག་གི་ས་ཁུ་ཆུ་འཛིན་པའི་ནུས་པ་མེད་དེ་རྒྱུ་དེ་ས་ན་ས་བོན་ནམ་བྱིས་པ་ཆགས་པའི་མཐུ་མེད་པའི་ནད་ཤིན་ཏུ་མི་བཟད་པ་སྐྱེ་བར་འགྱུར་ཏེ། རླུང་ལ་སོགས་པའི་ནད་དང༌། ཟླ་མཚན་གྱི་ནད་དང༌། གཞང་འབྲུམ་དང༌། སྐྲན་ལ་སོགས་པས་ཤིན་ཏུ་གནོད་པར་འགྱུར་རོ། །གསང་བའི་གནས་ཀྱི་ནད་དམིགས་བརྟགས་པའི་ལེའུ་སྟེ་སུམ་ཅུ་གསུམ་པ་རྫོགས་སོ།། །།དེ་ནས་གསང་བའི་གནས་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་ཕོ་མཚན་གྱི་ནད་གསར་པ་དུ་མ་བྱུང་སྟེ་ཕོ་མཚན་གྱི་དབུས་ཀྱི་རྩ་ལས་གཏར་གས་ཁྲག་དབྱུང་ངོ༌། །དེའི་འོག་ཏུ་བསིལ་བའི་ཆོ་ག་རྣམས་བྱ་སྟེ། ལྷག་པར་བཀྲུ་སྨན་གྱིས་ལུས་དག་པར་བྱའོ། །དེ་ནས་ཏིལ་གྱི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བས་བསྐུའོ། །སྨིན་ནས་ནི་དབྲལ་ལ་ཤིང་འཛམ་བུ་དང༌། ཨ་མྲ་དང༌། ཤྲི་ཤིང་དང༌། ག་པ་དང༌། ཤྲེ་ཏ་ཀམྦུ་ཛི་དང༌། དེ་རྣམས་ཀྱི་མྱུ་གུ་དང༌། སྲ་རྩི་པོག་གི་ཤིང་དང༌། རྒྱ་ཤུག་དང༌། བིལ་བ་དང༌། རྒྱ་སྐྱེགས་ཤིང་དང༌། དེ་རྣམས་ཀྱི་ཤུན་པ་དང༌། ཏི་ནི་ཤ་དང༌། ཤིང་འོ་མ་ཅན་གྱི་ཤུན་པ་དང༌། འབྲས་བུ་གསུམ་དང༌། དེ་རྣམས་ཆུ་དང་བསྐོལ་བའི་ཁུ་བས་རྨ་བཀྲུ་བར་བྱའོ། །ཁུ་བ་དེ་ཉིད་ཏིལ་མར་དང་བསྐོལ་བའི་མར་གྱིས་རྨ་ལ་བསྐུས་ན་རྨ་འཚོ་བར་འགྱུར་རོ། །སྤངས་མ་དང༌། གི་རི་ག་དང༌། སེང་ཕྲོམ་དང༌། སུག་སྨེལ་
དང། ལྡོང་རོས་དང༌། བ་བླ་དང༌། སྐྱེར་ཁཎྜ་དང༌། ཧ་རེ་ཎུ་དང༌། ནག་ཚུར་བྱ་བལ་མ་དང༌། རྒྱ་ཚ་དང༌། རྒྱམ་ཚ་དང༌། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བས་བསྐུས་ན་ཕོ་མཚན་གྱི་རྨ་འཚོ་བར་བྱེད་དོ། །འབྲས་བུ་གསུམ་རྫེའུ་ཁ་སྦྱར་གྱི་ནང་དུ་བསྲེགས་ཏེ་མར་དང་སྦྱར་བས་བསྐུས་ན་རྨ་འཚོ་བར་བྱེད་པའི་མཆོག་ཡིན་ནོ། །དེ་དག་ནི་ཕོ་མཚན་གྱི་གསོ་བ་སྤྱིར་བསྟན་པ་ཡིན་ནོ། །ནད་གཞི་རེ་རེ་ལས་གྱུར་པའི་ནད་ནི་སྐྲང་ནད་ཀྱི་གསོ་བ་བཞིན་དུ་སྦྱར་རོ། །སྨན་གྱིས་གསོ་བ་ཕོ་མཚན་གྱི་ནད་ཅི་ནས་ཀྱང་སྨིན་ཅིང་རྣགས་པར་མི་འགྱུར་བའི་ཐབས་སུ་བྱའོ། །གལ་ཏེ་སྨིན་ན་ནི་རྒྱུས་པ་དང་རྩ་དང་ཤ་རྣམས་ཕལ་ཆེར་འཇིག་པར་འགྱུར་རོ། །གཞང་འབྲུམ་ལྟ་བུའི་ནད་ནི་བཅད་ལ་མེས་བསྲེགས་ཏེ་ལྷག་མ་ནི་ཕོ་མཚན་སྤྱིར་བསྟན་པ་གསོ་བ་གོང་མ་བཞིན་བྱའོ། །ཡུངས་ཀར་ལྟ་བུའི་ནད་ལ་ནི་མཚོན་གྱིས་ཕྲ་བ་བྲིས་ཏེ། སྨན་གོང་མ་དེ་ཉིད་བསྐོལ་བའི་ཁུ་བས་བླུགས་པ་དང༌། ཕྱེ་མས་གདབ་པ་དང༌། དེ་ཉིད་ཏིལ་མར་དང་སྦྱར་བས་བསྐུས་ན་རྨ་འཚོ་བར་འགྱུར་རོ། །ཨ་པ་མན་ཐའི་ནད་ལ་ཡང་གསོ་བ་གོང་མ་ལྟར་བྱ་སྟེ་ཁྲག་གཟག་གོ །ཀུམ་བྷི་ཀའི་ནད་སྨིན་པ་ངོས་གཉི་ག་ནས་ཁྲག་གཏར་ཏེ་རྨ་དག་པར་བྱས་ལ་ཏིནྟུ་ཀ་དང༌། འབྲས་བུ་གསུམ་དང༌། སེང་ཕྲོམ་དང༌། དེ་རྣམས་ཏིལ་མར་དང་སྦྱར་ཏེ་བསྐུ་བ་དང་བྱུག་པ་ལ་སོགས་པ་བྱས་ན་རྨ་འཚོ་བར་འགྱུར་རོ། །ཕོ་མཚན་གྱི་ནད་མེ་དབལ་ལྟ་བུ་ལ་ནི་ཁྲག་གཏར་ཏེ་ཆོ་ག་གོང་མ་ལྟར་བྱའོ། །ཨུ་དམ་ཞེས་བྱ་བའི་འབྲུམ་བུའི་ནད་ལ་ནི་ལྕགས་ཀྱུ་གུག་པོས་འབྲུམ་བུ་བཅད་དེ་མཁྲིས་པའི་མེ་དབལ་གསོ་བའི་རིམ་པ་བཞིན་དུ་སྨན་གྱི་ཕྱེ་མ་དང་སྨན་བསྐོལ་བའི་ཁུ་བ་དང་དེ་རྣམས་སྦྲང་རྩི་དང་སྦྱར་བ་བཏང་སྟེ་པདྨ་ཅན་ཞེས་བྱ་བ་ལ་ཡང་ཆོ་ག་དེ་ལྟར་མཚུངས་པར་སྦྱར་རོ། །པགས་པ་སྨིན་པ་དང༌། ཚོར་བ་མེད་པ་གཉིས་ལ་ནི་བ་ལའི་མར་དྲོ་འཇམ་ཙམ་གྱིས་བསྐུས་ཤིང་བླུགས་པ་དང༌། སྨན་མངར་བའི་སྡེ་ཚན་སྦྱར་བའི་བ་ལའི་མར་གྱིས་དུགས་བྱའོ། །དེ་ལ་གཏུན་བུ་ལྟ་བུའི་ནད་ལ་ནི་ཁྲག་ཕྱུང་སྟེ། བད་ཀན་གྱི་ཐོར་བུའི་གསོ་བ་རྣམས་སྤྱད་དོ། །
དེ་ལ་པགས་པ་ཕྱིར་བཤུས་པའི་ནད་ལ་ནི་མར་གྱིས་བསྒུས་པ་ལ་སྨན་གྱི་བྱུག་པས་བྱུགས་ལ་དུགས་བྱའོ། །དེ་ལ་ཞག་གསུམ་མམ་ལྔའི་བར་དུ་སྨན་ཨེ་ལ་བ་ལ་ཞེས་བྱ་བའི་སྨན་གྱིས་སྣུམ་ཆོས་བྱ་སྟེ། ཞེན་པ་དང་དུགས་བྱ་སྟེ། དེ་ནས་ཡང་སྟུམ་ཆོས་བྱས་ལ་སླར་དྲང་ཞིང་གཞུག་པར་བྱའོ། །པགས་པ་གཉིས་པའི་ནད་ལ་ནི་དང་པོ་དུགས་བྱ་སྟེ་ནོར་བུའི་རྩེ་མོ་ནས་ཡར་རིམ་གྱིས་བཙིར་ཞིང་བཏེག་ལ་སླར་གཞུག་གོ །དེའི་འོག་ཏུ་ནོར་བུ་ལ་ཡང་དང་ཡང་སྣུམ་ཆོས་བྱ་བ་དང༌། ཁ་ཟས་སྣུམ་བག་དང་བཅས་པ་ཟོས་ན་རབ་ཏུ་བསྔགས་སོ། །ཨ་པ་པ་ཏི་ཀའི་ནད་ལ་ཡང་ཆོ་གའི་རིམ་པ་དེ་བཞིན་དུ་སྦྱར་རོ། །དེ་ལ་བུ་ག་བརྒྱ་པའི་ནད་ཕོ་མཚན་གྱི་སྦུ་བུ་གཉིས་ཀྱི་ནང་ན་སྲིན་བུས་བརྟེན་ཏེ་ཁ་འགགས་པར་བྱས་པ་དེ་ལ་ནི་རླུང་འཇོམས་པའི་སྨན་དང་སྦྱར་བའི་སྣུམ་གྱིས་ཐོག་མར་ནང་དུ་བཅུག་སྟེ། དེའི་འོག་ཏུ་སྨན་མར་དེ་ཉིད་ཀྱིས་བླུགས་པར་བྱའོ། །ཞག་གསུམ་གསུམ་ཞིང་སྦུ་གུ་ཆེ་ཞིང་ཡངས་པར་གྱུར་ན་ནི་མཚོན་གྱིས་གཅད་པར་བྱའོ། །སྦུ་གུའི་ཁ་སྦྱོར་བ་དེ་དག་གིས་མ་ཞི་ན་ནི་བར་གྱི་སྲུབ་བྱེད་བྲེང་བྲེང་པོ་མ་གཏོགས་པ་མཚོན་གྱིས་གདབ་ཏུ་རུང་བའི་སར་དབྲལ་ཏེ་རྨ་གསར་བའི་ཆོ་ག་བཞིན་དུ་བྱའོ། །གལ་ཏེ་ཕོ་མཚན་གྱི་ནད་སྲ་ཞིང་མདུད་པ་ལྟར་གྱུར་ན་ནི་སྦུ་གུ་དུགས་བྱ་བ་དང༌། སྣུམ་དང་ལྡན་པ་དྲོན་པོས་བྱུག་པ་བྱས་ལ་དེ་ནས་མཚོན་གྱིས་བྲིས་ཏེ། སྨན་བསྐོལ་བའི་ཁུ་བ་སྦྲང་རྩི་དང་སྦྱར་བས་བླུགས་སོ། །ཁྲག་གི་ཤས་ཆེ་བའི་འབྲུམ་བུ་ལ་ནི་ཁྲག་ལས་གྱུར་པའི་ཁོང་འབྲས་ཀྱི་གསོ་བ་རྣམས་བྱའོ། །གཞན་ཡང་ཕོ་མཚན་ལ་ནད་ཀྱི་གནས་སྐབས་ཇི་ལྟ་བ་བཞིན་དུ་རྨ་གསོ་བ་རྣམས་ཅི་རིགས་པར་གྱིས་ཤིག །མོ་མཚན་གྱི་གསོ་བ་མངལ་གྱི་ནད་དམ་མོ་མཚན་གྱི་ནད་ཐམས་ཅད་ལ་ནི་རླུང་འཇོམས་པའི་སྣུམ་དང་དུགས་དང་མས་གཏོང་བ་ལ་སོགས་པ་ལས་ཐམས་ཅད་བྱས་ན་རབ་ཏུ་བསྔགས་ཏེ་ལྷག་པར་རླུང་ལས་གྱུར་པའི་ནད་ལ་སྦྱར་རོ། །དེ་ལ་བུད་མེད་ཀྱི་མོ་མཚན་གྱི་ནད་ནི་རླུང་མ་གཏོགས་པ་གཞན་གང་ཡང་མེད་དོ། །དེ་བས་ན་བུད་མེད་ཀྱི་མངལ་གྱི་ནད་གང་ཡང་རུང་པ་ལ་ནི་རླུང་འཇོམས་པའི་སྨན་སྦྱར་བར་བྱ་སྟེ།
དེ་ཡང་བ་ལའི་མར་དང་འདྲེས་པ་ཞེས་བྱ་བའི་སྨན་མར་དང༌། སུ་ཀུ་མ་རའི་སྨན་མར་དང༌། དེ་རྣམས་ཀྱི་སྨན་མར་བླུད་པ་དང༌། དུགས་བྱ་བ་དང༌། སྣུམ་ཆོས་ལ་སོགས་པ་བྱས་ན་མངལ་དང་མོ་མཚན་ཡོ་བ་ཡང་དྲང་པོར་བྱེད་དོ། །གལ་ཏེ་མོ་མཚན་ཡོ་བར་གྱུར་ན་ལག་པས་བསྲང་ལ་ཞུམ་པ་ཡང་དབྲལ་ཞིང་བསྐྱེད་པར་བྱའོ། །ཕྱིར་བྱུང་ན་ནང་དུ་གཞུག་པར་བྱའོ། །དེ་དག་ནི་མངལ་རང་གི་གནས་ནས་ཉམས་པར་བྱེད་པ་ཡིན་ཏེ། དེ་ནི་བུད་མེད་ཟུག་རྔུ་དང་བཅས་པ་ཡིན་པར་འདོད་དོ། །དེ་ལྟ་བུའི་ནད་ལ་ནི་སྨན་འཇམ་པོས་སློན་ལ་སོགས་པ་ལས་རྣམ་པ་ལྔ་ཡང་སྦྱར་བར་བྱ་སྟེ་རྣམ་པ་ཐམས་ཅད་དུ་ལུས་ཡོངས་སུ་འདག་པར་བྱ་བ་དང༌། དེ་བཞིན་དུ་མས་གཏོང་བ་དང༌། བསྐུ་བྱུག་དང༌། བླུགས་པ་དང༌། བྱུག་པ་དང༌། ཤིང་བལ་གྱི་འདའ་བས་གླན་པ་ལ་སོགས་པ་ཡང་ལྷག་མ་དེ་དག་ཀྱང་བྱའོ། །ཏང་པལ་དང༌། འབྲས་བུ་གསུམ་དང༌། རྒུན་འབྲུམ་དང༌། ཀ་མར་དྷ་དང༌། སེར་པོ་རྣམ་གཉིས་དང༌། སླེ་ཏྲེས་དང༌། ཤིང་ཤེ་རྒྱ་ཀ་གཏང་བ་དང༌། བསྐུ་བྱུག་དང༌། བ་སྤྲུ་བ་དང༌། བ་ཤ་ཀ་དང༌། དེ་རྣམས་ཞོ་གཉིས་གཉིས་དང༌། མར་སྲང་སུམ་ཅུ་རྩ་གཉིས་དང་བསྐོལ་ཏེ་མར་ལུས་པ་ལས་རན་པར་འཐུངས་ན་རླུང་ལས་གྱུར་པའི་མངལ་ནད་ཐམས་ཅད་འཇོམས་ཏེ་བུ་འཛིན་པར་བྱེད་པའི་མཆོག་ཡིན་ནོ། །ཤུ་དག་དང༌། ཟི་ར་དང༌། གོ་སྙོད་དང༌། པི་པི་ལིང་དང༌། བ་ཤ་ཀ་དང༌། རྒྱམ་ཚ་དང༌། ཏི་མུ་ས་ཀ་དང༌། ཡ་བཀྵར་དང༌། དེ་རྣམས་ཞིབ་ཏུ་བཏགས་ཏེ། ཆང་གི་དངས་མ་དང་སྦྲུས་ལ་མར་དང་བརྔོས་ཏེ་ཟོས་ན་མོ་མཚན་གྱི་ནད་དང༌། རྩིབ་ལོགས་སུ་ན་བ་དང༌། གློ་སྙིང་ན་བ་དང༌། སྐྲན་དང༌། གཞང་འབྲུམ་རྣམས་ཟློག་པར་བྱེད་དོ། །བ་ཤ་ཀ་དང༌། ཁ་ལུང་གི་རྩ་བ་དང༌། སེན་རྩི་དང༌། ལན་ཚྭ་དང༌། དེ་རྣམས་ཀྱི་ཕྱེ་མ་ཆང་དང་སྦྱར་ཏེ་བཏུང་བ་འམ། ཡང་ན་པི་པི་ལིང་དང༌། ཨུཏྤ་ཀོན་ཙི་ཀ་ཞེས་བྱ་བ་གོ་སྙོད་དང༌། ར་སྣ་དང༌། གཟེ་མ་དང༌། བ་ཤ་ཀ་དང༌། དེ་རྣམས་འོ་མ་དང་བསྒོལ་ལ་འཐུངས་ན་ཟུག་གཟེར་འཕྲོག་པར་བྱེད་དོ། །སླེ་ཏྲེ་ས་དང༌། འབྲས་བུ་གསུམ་དང༌། དནྟི་དང༌། དེ་རྣམས་བསྐོལ་
བས་བླུགས་པར་བྱའོ། །རྒྱ་སྦོས་དང༌། ཀཎྜ་ཀ་རི་དང༌། རུ་རྟ་དང༌། རྒྱམ་ཚ་དང༌། ཐང་ཤིང་དང༌། དེ་རྣམས་ཏིལ་མར་དང་བསྐོལ་བའི་མར་ལས་ཤིང་བལ་གྱི་འདབ་མ་ལ་བསྒོས་ཏེ་མོ་མཚན་ལ་གླན་པ་བྱས་ན་ཟུག་གཟེར་དང་བཅས་པ་འཇོམས་སོ། །མོ་མཚན་གྱི་ནད་མཁྲིས་པ་ལས་གྱུར་པ་ལ་ནི་བླུགས་པ་དང༌། བསྐུ་བྱུག་དང༌། རས་བལ་གྱི་འདབ་མ་གླན་པའི་ཆོ་ག་རྣམས་བྱའོ། །མཁྲིས་པ་འཇོམས་ཤིང་བསིལ་བའི་ནུས་པ་དང་ལྡན་པའི་སྨན་དང་སྦྱར་བའི་མར་གྱིས་སྣུམ་ཆོས་བྱའོ། །ཉེའུ་ཤིང་གི་རྩ་བ་སྲད་བཞི་བརྒྱ་བརྡུངས་ཏེ་བཙིར་བའི་ཁུ་བ་དང༌། དེ་དང་མཉམ་པའི་འོ་མ་དང༌། མར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང༌། འཚོ་བྱེད་སྡེ་བཅུ་དང༌། ཉེའུ་ཤིང་དང༌། རྒུན་འབྲུ་དང༌། པ་རུ་ཤ་ཀ་དང༌། པི་ཡལ་དང༌། བལ་རྣམ་གཉིས་དང༌། ཤིང་མངར་དང༌། དེ་རྣམས་ཞོ་གཉིས་གཉིས་ཞིབ་ཏུ་བཏགས་པའི་ཕྱེ་མ་དང༌། དེ་རྣམས་ལྷན་ཅིག་བསྐོལ་ཏེ་བསྒྲངས་པའི་ནང་དུ་སྦྲང་རྩི་དང༌། པི་པི་ལིང་གི་ཕྱེ་མ་སྲང་བརྒྱད་བརྒྱ་དང༌། ཁར་སྲང་སུམ་ཅུ་བཏབ་སྟེ་ལྡེ་གུར་བྱས་པ་ལས་སྲང་ཕྱེད་ཕྱེད་ཟོས་ན་མངལ་གྱི་ནད་དང༌། ཁྲག་ནད་དང༌། ཁུ་ཆུའི་ནད་འཇོམས་པར་བྱེད་དོ། །ཉལ་ཕོད་པ་དང༌། བུ་སྐྱེ་བའི་མཆོག་ཡིན་ནོ། །དེ་བཞིན་དུ་གློ་འགྲམས་པ་དང༌། གློ་གཅོང་ཟད་བྱེད་དང༌། ཁྲག་དང༌། མཁྲིས་པ་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། ཧ་ལི་མ་ཀ་ཞེས་བྱ་བའི་ནད་དང༌། མིག་སེར་དང༌། རླུད་དང༌། ཁྲག་ལས་གྱུར་པའི་ནད་དང༌། མེ་དབལ་དང༌། གློ་སྙིང་ན་བ་དང༌། མགོན་བ་དང༌། བརྗེད་བྱེད་ཀྱིས་ཉམ་ཐག་པ་དང༌། ད་རྒན་ནང་དུ་འགུག་པ་དང༌། ཕྱིར་གྱེད་པའི་ནད་དང༌། མྱོས་པ་དང༌། སྨྱོ་བྱེད་རྣམས་འཇིག་པར་བྱེད་དོ། །གོང་གི་བསྐོལ་བའི་ཁུ་བ་སྲང་སྟོང་ཉི་ཤུ་རྩ་བཞིའི་ནང་དུ་མར་དང་ཏིལ་མར་སྲང་ཕྱེད་བསྲེས་པ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང༌། དེའི་བཞི་འགྱུར་གྱི་འོ་མ་དང༌། པི་པི་ལིང་དང༌། ཀ་ཀ་ན་སི་དང༌། ཁ་ར་དཀར་པོ་དང༌། ཛི་བནྟི་དང༌། ཀྵི་ར་ཀ་ཀོ་ལི་དང༌། སྟི་ར་
དང། ཉེའུ་ཤིང་དང༌། ཟི་ར་རྣམ་གཉིས་དང༌། པ་ཡ་སྱ་དང༌། ཤྲ་བ་ནི་དང༌། མོན་སྲན་སྡེའུ་དང༌། ཤིང་པི་ལུ་དང༌། མོན་སྲན་གྲེའུ་གསུམ་གྱི་ལོ་མ་དང༌། དེ་རྣམས་བཏགས་པའི་ཕྱེ་མ་དང་ལྷན་ཅིག་ཡང་བསྐོལ་ཏེ་མར་ལུས་པ་ལས་འཐུངས་ན་རླུང་དང་མཁྲིས་པ་ལས་གྱུར་པའི་ནད་འཇོམས་པར་བྱེད་དེ་བུ་སྦྱིན་པར་བྱེད་པ་ཡིན་ཏེ། མོ་མཚན་ནས་ཁྲག་འཛག་པ་དང༌། ཟླ་མཚན་སྐྱོན་དང་བཅས་པ་རྣམས་ལ་ནད་གཞི་ཇི་ལྟ་བ་བཞིན་དུ་གང་དང་ལྡན་པ་བརྟགས་ཏེ་ཐུན་ཚད་ཀྱང་དེ་ལྟར་བྱའོ། །ཤིང་མངར་དང༌། སྦྲང་རྩི་དང། ཆུ་ཤིང་གི་རྩ་བ་དང༌། སྐྱེར་པའི་རྩ་བ་དང༌། ཤིང་ཏ་ལའི་ས་བོན་དང༌། པྲི་ཡང་ཀུ་དང༌། དེ་རྣམས་འབྲས་བཀྲུས་པའི་ཆུ་དང་སྦྱར་ཏེ་འཐུངས་ན་ཁྲག་ལེགས་པར་གནས་པར་བྱེད་ཅིང་ཁྲག་དཀར་བ་དང༌། ཧ་ཅང་དམར་བ་རྣམས་སེལ་ཏོ། །པ་ཐ་དང༌། ཤིང་འཛམ་བུ་དང། ཨ་མྲའི་རྐང་པ་དང༌། སྲུ་སྲུའི་རྩ་བ་དང༌། སྐྱེར་ཁཎྜ་དང༌། ཨམ་པ་ཀས་དང༌། ཤལ་མ་ལིའི་ཐང་ཆུ་དང༌། ས་མངྒ་དང༌། དུག་མོ་ཡུངས་ཀྱི་ཤུན་ཕྲག་དང༌། བཱ་ལ་ལི་ཀ་དང༌། བིལ་པ་དང༌། བོང་ང་དཀར་པོ་དང༌། སེང་ཕྲོམ་དང༌། གླ་སྒང་དང༌། བཙག་དང༌། བཅའ་སྒ་དང༌། ཤིང་མངར་དང༌། མ་ཙི་ཀ་དང༌། ཙནྡན་དམར་པོ་དང༌། ཀད་ཕ་ལ་དང༌། ཀ་དང་ཀ་དང༌། དུག་མོ་ཡུངས་དང༌། ཨ་ནན་ཏ་དང༌། ད་ཏ་ཀི་དང༌། ཤིང་ཏོག་མ་དུ་ཀ་དང༌། སྟང་ཟིལ་དང༌། དེ་རྣམས་བཏགས་པའི་ཕྱེ་མ་སྦྲང་རྩི་དང༌། འབྲས་བཀྲུས་པའི་ཆུ་དང་སྦྱར་བ་རྒྱུ་སྐར་རྒྱ་ལ་ལ་བླུད་ན་གཞང་འབྲུམ་དང་ཚད་པར་འཁྲུ་སྟེ་ཡང་དང་ཡང་ཁྲག་ཏུ་འབྱུང་བ་དང༌། སྲིན་བུ་ལས་གྱུར་པའི་ནད་དང༌། བྱིས་པ་རྣམས་ཀྱི་སྲིན་ནད་རྣམས་འཇོམས་སོ། །མངལ་དང་མོ་མཚན་གྱི་ནད་ཁྲག་གནག་པ་དང༌། དཀར་ལ་རྩ་གནག་པ་རྣམས་སེལ་ཏོ། །ཕྱེ་མ་འདི་ནི་སྐར་མ་རྒྱལ་དང་རྗེས་སུ་མཐུན་པ་ཡིན་ཏ་གོང་མའི་ནད་རྣམས་ལ་རབ་ཏུ་ཕན་ནོ། །ཞེས་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུས་མཆོག་ཏུ་བསྔགས་སོ། །བད་ཀན་ལས་གྱུར་པའི་མངལ་གྱི་ནད་ལ་ནི་སྨན་ཐམས་ཅད་རྩུབ་པ་དང་དྲོ་བག་
ཏུ་སྦྱར་རོ། །ད་ཏ་ཀི་དང༌། སྐྱུ་རུ་རའི་ལོ་མ་དང༌། ལིག་བུ་མིག་དང༌། ཤིང་མངར་དང༌། ཨུཏྤ་ལ་དང༌། ཤིང་འཛམ་བུ་དང༌། ཨ་མྲའི་ཚི་གུ་དང༌། ནག་ཚུར་དང༌། སེང་ཕྲོམ་དང༌། ཀད་ཕ་ལ་དང༌། ཏིན་ཏུ་ཀ་དང༌། རྒྱམ་ཚ་དང༌། སེའུ་འབྲུ་དང༌། ཤིང་ཚྭ་དང༌། ཨུ་དུམྦཱ་ར་དང་བིལ་བ་གཞོན་ནུ་དང༌། དེ་རྣམས་ཞོ་གཉིས་བཏགས་པའི་ཕྱེ་མ་ར་གཅིན་དང་དེའི་བཞི་འགྱུར་གྱི་འོ་མ་དང༌། ཏིལ་མར་སྲང་སུམ་ཅུ་རྩ་གཉིས་བསྐོལ་བའི་མར་ལུས་པ་ལས་བསྐུ་བྱུག་དང༌། རས་བལ་གྱི་འདབ་མས་གླན་པ་དང༌། མས་གཏོང་བ་རྣམས་བྱས་ན་མོ་མཚན་སྐྲང་བ་དང༌། མོ་མཚན་ཕྱིར་རློག་པ་དང༌། བསྐུ་དཀའ་ཞིང་རེངས་པ་དང༌། ནལ་ནལ་པོ་སྤྱི་བག་ཏུ་འཛག་པ་དང༌། མོ་མཚན་ཕྱིར་འབུར་བ་དང༌། ནང་དུ་ཞུམ་པ་དང༌། མོ་མཚན་འབྲུམ་པ་དང་ལྡན་ཞིང་ཟུག་གཟེར་དང་བཅས་པ་རྣམས་ལ་ཕན་ནོ། །ཁ་ཟས་སུ་ནས་དང༌། བཏུང་བ་ནི་ཨ་རུ་རའི་ཆང་དང་བུར་ཆང་དང་ཏིལ་མར་རྣམས་བསྟེན་པར་བྱའོ། །པི་པི་ལིང་དང༌། ལྕགས་ཕྱེ་དང༌། ཨ་རུ་ར་དང༌། དེ་རྣམས་ཀྱི་སྦྱོར་བ་སྦྲང་རྩི་དང་བཅས་པར་སྦྱར་ན་ཕན་ནོ། །ནག་ཚུར་དང༌། འབྲས་བུ་གསུམ་དང༌། ནག་ཆུར་བྱ་བལ་མ་དང༌། ཨ་མྲ་དང༌། ཤིང་འཛམ་བུའི་རུས་པ་དང༌། ད་ཏ་ཀི་དང༌། དེ་རྣམས་ཀྱི་ཕྱི་མ་སྦྲང་རྩི་དང་སྦྱར་བ་བླུད་ན་མོ་མཚན་ནས་སྤྱི་བག་ཏུ་འཛག་པ་རྣམས་དཀོན་ཏེ་རྩུབ་པར་བྱེད་དོ། །རྒྱ་སྐྱེགས་ཤིང་དང༌། ད་ཏ་ཀི་དང༌། ཤིང་འཛམ་བུ་དང༌། ནག་ཚུར་དང༌། ས་མང་ག་དང༌། མོན་ཆ་ར་དང༌། སྲ་རྩི་པོག་དང༌། དེ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་ན་མོ་མཚན་དྲི་མི་ཞིམ་པ་དང༌། སྤྱི་བག་ཏུ་འཛག་པ་དང༌། རྣགས་པ་དང༌། རེངས་པ་རྣམས་ལ་འདོད་པ་ཡིན་ནོ། །དོང་གའི་སྡེ་ཚན་བསྐོལ་བའི་ཁུ་བས་བླུགས་པར་བྱ་བ་དང༌། མོ་མཚན་བསྒུལ་དཀའ་ཞིང་རེངས་པ་དང༌། རྩུབ་པ་རྣམས་ལ་ནི་མཉེན་པར་བྱ་བའི་ཆོ་ག་རྣམས་བྱ་སྟེ། དེ་ཡང་ཤ་ཁུ་ལེགས་པར་གཡོས་སུ་བྱས་པ་དང༌། ཀྲི་ས་ར་དང༌། འོ་ཐུག་རྣམས་ཀྱིས་མོ་མཚན་གྱི་ནང་དུ་གཞག་ཅིང་
དགང་བར་བྱའོ། །མོ་མཚན་དྲི་ང་བར་གྱུར་པ་ལ་ནི་སྨན་དྲི་ཞིམ་པ་དང་སྦྱར་བའི་ཏིལ་མར་རམ་མར་གྱི་ནང་དུ་ཕྱེ་མས་ལེགས་པར་བཏབ་པ་དང༌། ཡང་ན་ཕྱེ་མ་ཉིད་དུ་སྦྱར་ན་མོ་མཚན་དྲི་མི་ཞིམ་པ་རྣམས་སེལ་བར་བྱེད་དོ། །བད་ཀན་ལས་གྱུར་པའི་མོ་མཚན་གྱི་ནད་ལ་ནི་ཕལ་ཆེར་སྨན་ཚ་བ་དང༌། བ་གཅིན་དང་སྦྱར་བ་མས་གཏོང་བར་བྱས་ན་ཕན་ནོ། །མཁྲིས་པ་ལས་གྱུར་པའི་ནད་ལ་ནི་ཕལ་ཆེར་ཤིང་དང༌། འོ་མ་དང་བཅས་པ་མས་བཏང་ན་ཕན་ནོ། །རླུང་ལས་གྱུར་པ་ལ་ནི་ཕལ་ཆེར་ཏིལ་མར་དང་སྐྱུར་དང་སྦྱར་བ་མས་བཏང་ན་ཕན་ནོ། །འདུས་པ་ལས་གྱུར་པ་ལ་ནི་ཐུན་མོང་དུ་སྦྱར་ཏེ་མས་བཏང་ན་ཕན་ནོ། །གསོ་བ་དེ་དག་གིས་མོ་མཚན་དག་པར་གྱུར་ན་ས་བོན་ལ་སྐྱོན་མེད་ཅིང་ཐ་མལ་པར་གྱུར་པ་དང༌། རྣམ་པར་ཤེས་པ་འཇུག་པ་དང༌། ཚོགས་པ་དེ་དག་ཡོད་ན་བུད་མེད་ཀྱི་བུ་ཆགས་ཤིང་ཚོར་བར་ཤེས་སོ། །སྐྱེས་པའི་དབང་པོ་ལ་ཡང་ས་བོན་གྱི་མདོག་ལས་ཉེས་པ་རྣམས་བརྟགས་ཏེ། གལ་ཏེ་ནད་དང་བཅས་པ་ཡིན་ན་ནི་དེ་འཇོམས་པར་བྱེད་པའི་མཆོག་སྨན་ལས་རྣམ་པ་ལྔ་ལ་སོགས་པས་དག་པར་བྱའོ། །བཙོད་དང༌། རུ་རྟ་དང༌། རྒྱ་སྦོས་དང༌། འབྲས་བུ་གསུམ་དང༌། ཤུ་དག་དང༌། སེར་པོ་རྣམ་གཉིས་དང༌། ཤིང་མངར་དང༌། མེ་ད་དང༌། ལ་ལ་ཕུད་དང༌། པུ་ཙེ་ཤེལ་དང༌། པ་ཡ་སྱ་དང༌། ཤིང་ཀུན་དང༌། རམ་ཉེ་བ་སེར་པོ་དང༌། ཨ་ཤྭ་གནྡྷ་དང༌། ཉེའུ་ཤིང་དང༌། དེ་རྣམས་ཞོ་གཉིས་གཉིས་བཏགས་པའི་ཕྱེ་མ་མར་སྲང་སུམ་ཅུ་རྩ་གཉིས་དང༌། དེའི་བཞི་འགྱུར་གྱི་འོ་མ་དང་བསྐོལ་ཏེ་མར་ལུས་པ་ལས་རན་པར་འཐུངས་ན་མོ་མཚན་དང་ཁུ་ཆུའི་ཉེས་པ་ཐམས་ཅད་ལ་རབ་ཏུ་བསྔགས་ཏེ། ཚེ་རིང་བ་དང༌། ལུས་ཉམས་བརྟ་སྟེ་འཕེལ་ཞིང་རྒྱས་པ་དང༌། ཡིད་གཞུངས་པ་དང༌། བཀྲ་ཤིས་པ་དང༌། བུ་ཚ་སྐྱེད་པར་བྱེད་པའི་མཆོག་ཡིན་ནོ། །དེ་བཞིན་དུ་ཟླ་མཚན་རྒྱུ་པའི་དུས་སུ་མར་དེ་ལས་རན་པར་བུད་མེད་ལ་བླུད་ན་བུ་སྐྱེ་བར་འགྱུར་ཞིང་མངལ་གྱི་ནང་དུ་བུ་འཆིར་ཉེ་བ་ཡང་མར་འདི་འཐུངས་ན་འཚོ་བར་བྱེད་དེ་རབ་ཏུ་བསྔགས་སོ། །སྨན་མར་འདི་ནི་མཆོག་ཏུ་བྱིས་པ་རྣམས་
ཀྱི་གདོན་འཇོམས་པ་དང༌། ལུས་བརྟ་བའི་དམ་པ་ཡིན་ཏེ་སྨན་མར་འདིའི་མིང་ནི་འབྲས་བུའི་སྨན་མར་ཞེས་བྱའོ། །གསང་བའི་ནད་གསོ་བའི་ལེའུ་སྟེ་སུམ་ཅུ་རྩ་བཞི་བ་རྫོགས་སོ།། །།སྨན་དཔྱད་ཡན་ལག་ལྔ་པའོ།། །།དེ་ནས་དུག་ནད་ཀྱི་དམིགས་བརྟགས་ཤིང་གསོ་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། སྔོན་ལྷ་དང་ལྷ་མ་ཡིན་རྣམས་བདུད་རྩི་འདོད་པའི་ཕྱིར་རྒྱ་མཚོ་ཆེན་པོ་བསྲུབས་པ་དང་བདུད་རྩིའི་སྔོན་རོལ་དུ་དུག་གི་སྐྱེས་བུའི་གཟུགས་ཅན་ཤིན་ཏུ་མི་བཟད་པར་སྣང་བ་ལུས་ཤིན་ཏུ་འབར་བའི་གཟི་བརྗིད་དང་ལྡན་པ་མཆེ་བ་བཞི་དང་ལྡན་པ། སྐྲ་སེར་བ་མེ་ལྟར་འབར་བའི་མིག་དང་ལྡན་པ་དེས་འགྲོ་བ་གང་ལ་བལྟས་ཀྱང་བརྒྱལ་ཞིང་ས་ལ་ལྷགས་པར་གྱུར་ཏེ། དེའི་ཕྱིར་དུག་ཅེས་བྱའོ། །དེ་ནས་ཚངས་པ་ཆེན་པོས་ཧཱུཾ་ཞེས་བརྗོད་པས་སྐྱེས་བུ་དུག་གི་གཟུགས་ཅན་དེ་ཡང་གནས་པའི་དུག་དང་འགྲོ་བའི་དུག་རྣམ་པ་གཉིས་སུ་གྱུར་ནས་རང་གི་ལུས་མི་སྣང་བར་སོང་ངོ༌། །དེ་ནས་འཆི་བའི་བདག་ཉིད་ཅན་ཤིན་ཏུ་བརྟན་པ་དང༌། རློམ་སེམས་པའི་ནུས་པ་དང་ལྡན་པ་གང་ཡིན་པ་དེ་ཀཱ་ལ་ཀུ་ཏྲ་ཞེས་བྱ་བ་དང༌། ཨིཎྜ་ཞེས་བྱ་བ་དང༌། བ་ཚ་ན་ཞེས་བྱ་བ་དང༌། ཤིང་གི་ཞེས་བྱ་བ་དང༌། ཧ་ལ་ཧ་ལ་ཞེས་བྱ་བ་ལ་སོགས་པའི་རྩ་བའི་ནད་དང༌། གཞན་ཡང་སྦྲུལ་དང༌། སྲོག་ཆགས་ལུ་ཏ་དང༌། མཆེ་བ་ཅན་ལ་སོགས་པ་རྣམས་སུ་ཞུགས་པར་གྱུར་ཏོ། །དེ་གཉིས་ལས་ཀྱང་འགྲོ་བའི་དུག་ནི་ཤིན་ཏུ་མི་བཟད་པ་ཡིན་ནོ། དེ་ལྟར་གནས་པའི་དུག་དང་འགྲོ་བའི་དུག་རྣམ་པ་གཉིས་ནི་བཅོས་མ་མ་ཡིན་པ་སྟེ་རང་བཞིན་གྱི་དུག་ཅེས་བྱའོ། །བཅོས་མའི་དུག་ནི་དབྱིག་དུག་ཅེས་བྱའོ། །སྨན་སྣ་ཚོགས་པ་ལས་བྱས་པ་ཡིན་ཏེ་སྦྱོར་བའི་དབང་གིས་བྱས་པའི་དུག་དང་འགྲོ་བའི་དུག་ནི་མྱུར་བར་འཆི་བའི་ནུས་པ་མེད་དེ། ཡུན་རིང་བ་ནས་འཆི་བ་འམ། ཡང་ན་སྐྲང་བ་དང༌། སྐྱ་རྦབ་དང༌། དམུ་རྫིང་དང༌། སྨྱོ་བྱེད་དང༌། གཞང་འབྲུམ་ལ་སོགས་པ་སྐྱེད་པར་བྱེད་དོ། །དེ་ལ་དུག་གི་རང་བཞིན་ནི་རྣོ་བ་དང༌། དྲོད་ཆེ་བ་དང༌། རྩུབ་པ་དང༌། བསྐ་བ་དང༌། ལུས་ལ་མྱུར་དུ་ཁྱབ་པར་བྱེད་པ་དང༌། ཡང་བ་དང༌།
ལུས་འབར་ཏེ་མདངས་ཅན་དུ་གྱུར་བ་དང༌། ཕྲ་བ་དང༌། རོ་མི་གསལ་བ་དང༌། མི་བཟད་པར་སྨིན་པ་ཡིན་ནོ། །མིའི་ཁོང་ནས་མདངས་སྐྱེད་པར་བྱེད་པ་ཡོད་ན་དུག་གི་ཡོན་ཏན་རྣོ་བ་ལ་སོགས་པ་རྣམས་ལས་བཟློག་པར་ཡོད་པ་ཡིན་པར་ཤེས་པར་བྱའོ། །དུག་དེ་རླུང་དང་མཁྲིས་པ་ལ་ཤས་ཆེར་སྐྱེད་པའི་ནུས་པ་དང་ལྡན་ན་ནི་མི་རྣམས་ཀྱི་སྲོག་དེ་མ་ཐག་འཇོམས་པར་བྱེད་དོ། །དུག་དེ་ཐོག་མར་ཁོང་བར་ཕྱིན་ནས་དང་པོ་ཁྲག་འཛག་པ་འཁྲུག་པར་བྱེད་དོ། །ནད་གཞི་རྣམས་ཆ་མཉམ་པ་ཡིན་ན་ཡང་བད་ཀན་དང༌། མཁྲིས་པ་དང། རླུང་གི་གནས་སུ་འཁྲུག་པར་བྱེད་དོ། །དེ་ནས་སྙིང་གི་གནས་སུ་ཕྱིན་ནས་མི་རྣམས་ཀྱི་སྲོག་འཕྲོག་པར་བྱེད་དོ། །དེ་ལ་གནས་པའི་དུག་གིས་དང་པོ་ལུས་ལ་ཕོག་པའི་ཚུལ་ནི་ལྕེ་གནག་པ་དང༌། ཁོང་རེངས་པ་དང༌། བརྒྱལ་བ་དང༌། སྔང་བ་དང༌། ངལ་བ་དང་སྐྱུག་པ་ཡིན་ནོ། །གནས་སྐབས་གཉིས་པ་ལ་ནི་ནད་ཀྱི་ཤུགས་ལུས་འདར་བ་དང༌། རྡུལ་བ་དང༌། ཚབ་འུར་འུར་པོར་འདུག་པ་དང༌། ལྐོག་མ་ན་བ་དང༌། དུག་མ་ཞུ་བའི་གནས་སུ་ཕྱིན་ཏེ་སྙིང་ན་བ་དང༌། ཟུག་པ་དང༌། རྐན་སྐམས་པ་རྣམས་ཡིན་ནོ། །གནས་སྐབས་གསུམ་པ་ལ་ནི་མ་ཞུ་བའི་གནས་ཕོ་བར་ཕྱིན་ཏེ་ཤིན་ཏུ་ཟུག་པ་དང༌། མིག་ཉམས་ཞན་པ་དང་སེར་བ་དང་སྐྲང་བར་འགྱུར་རོ། །གནས་སྐབས་བཞི་པ་ལ་ནི་ཞུ་བའི་གནས་ལོང་ཀར་ཕྱིན་ནས་ན་བ་དང༌། སྐྱིགས་བུ་དང༌། ལུད་པ་སྐྱེ་ཞིང་རྒྱུ་མ་འཁྲུགས་པ་དང༌། མགོ་ལྷག་པར་ལྕི་བ་དང༌། བད་ཀན་རབ་ཏུ་འཛག་པ་དང༌། མདོག་སྐྱ་བ་དང༌། ཚིགས་རྣམས་སུ་ཟུག་པ་ཡིན་ནོ། །གནས་སྐབས་ལྔ་པ་ལ་ནི་ནད་གཞི་ཐམས་ཅད་འཁྲུགས་ཤིང་ན་བ་དང་ཞུ་བའི་གནས་སུ་ཟུག་ཅིང་ན་བ་ཡིན་ནོ། །གནས་སྐབས་དྲུག་པ་ལ་ནི་འདུ་ཤེས་རབ་ཏུ་ཉམས་པ་དང༌། ལྷག་པར་འཁྲུ་བ་དང༌། ཕྲག་གོང་དང༌། སྒལ་ཚིགས་མེད་པ་དང༌། དཔྱི་དང༌། དེ་རྣམས་བྱེ་ཞིང་ལྷོད་པ་ཡིན་ནོ། །གནས་སྐབས་བདུན་པ་ལ་ནི་སྐྱེས་བུ་འཆི་བར་བྱེད་དོ། །དུག་གིས་ཕོག་མ་ཐག་པའི་གནས་སྐབས་སུ་དང་པོ་སྐྱུག་སྨན་བཏང་སྟེ་ཆུ་གྲང་གིས་གཏོར་རོ། །དེ་ནས་
དུག་ལ་ཕན་པའི་སྨན་མར་དང་སྦྲང་རྩི་དང་སྦྱར་བ་མྱུར་དུ་སྦྱིན་ནོ། །གནས་སྐབས་གཉིས་པ་ལ་ནི་གོང་མ་བཞིན་དུ་སློན་བྱས་པ་དེའི་འོག་ཏུ་བཀྲུ་སྨན་བྱའོ། །བཏུང་བ་ཡང་གོང་མ་ལྟར་སྦྱར་རོ། །གསུམ་པ་ལ་ནི་དུག་འཇོམས་པའི་སྨན་གྱི་བཏུང་བ་དང༌། སྣ་སྨན་དང༌། མིག་སྨན་དང་སྦྱར་ན་ཕན་ནོ། །བཞི་པ་ལ་ནི་སྣུམ་དང་བཅས་པའི་དུག་སྨན་གྱི་བཏུང་བ་སྦྱར་རོ། །གནས་སྐབས་ལྔ་པ་ལ་ནི་ཤིང་མངར་བསྐོལ་བའི་ཁུ་བ་དང་སྦྲང་རྩི་དང་སྦྱར་བ་དུག་ལ་ཕན་པའི་སྨན་གྱི་བཏུང་བ་དང་བཅས་པ་གཏང་ངོ༌། །དྲུག་པ་ལ་ནི་འཁྲུ་བ་གསོ་བའི་ཆོ་ག་བྱའོ། །གནས་སྐབས་བདུན་པ་ལ་ནི་སྣ་སྨན་བུད་པ་དང༌། སྤྱི་བོར་རྒྱ་གྲམ་དུ་དབྲལ་ཏེ་དེའི་ནང་དུ་ཤ་འམ་ཁྲག་གཞུག་པར་བྱའོ། །ཀོ་ཤ་ཏ་ཀི་དང༌། ལངྒ་ལི་དང༌། པ་ཐ་དང༌། ལྕམ་པ་དང༌། སླེ་ཏྲེས་དང༌། ཨ་རུ་ར་དང༌། ཤེ་ལུ་དང༌། ཤྲི་ཤ་དང༌། གེ་རི་ཀརྞི་ཀ་དང༌། ཡུང་བ་དང༌། ཨ་ཧཱ་དང། བ་སྤྲུ་བ་དང༌། སྦྲང་རྩི་དང༌། ཚ་བ་གསུམ་དང༌། བྲི་ཧ་ཏི་རྣམ་གཉིས་དང༌། ཐལ་ཏྲེས་དང༌། བ་ལ་དང༌། དེ་རྣམས་བསྐོལ་བའི་ཁུ་བ་ལས་གཞི་བླངས་པའི་འབྲས་ཐུག་གྲང་བའི་ནང་དུ་མར་དང་སྦྲང་རྩི་དང་བཅས་པས་སློན་ཁྲུས་ལ་སོགས་པའི་ལས་བྱེད་པའི་འོག་ཏུ་དུག་འཇོམས་པའི་སྨན་འདི་ཐམས་ཅད་སྦྱར་རོ། །དེ་བཞིན་དུ་ཤིང་མངར་དང༌། ཤིང་ཏོག་མ་དུ་ཀ་དང༌། པདྨ་གེ་སར་དང༌། ཙནྡན་དང༌། སྟང་ཟིལ་དང༌། རྒྱ་སྤོས་དང༌། རུ་རྟ་དང༌། བ་བླ་དང༌། ལྡོང་རོས་དང༌། པྲི་ཡང་ཀུ་དང༌། ཚ་བ་གསུམ་དང༌། འབུ་སུ་ཧང་དང༌། ནཱ་ག་པུཥྤ་དང། གེ་སར་དང༌། ཧ་རེ་ཎྱ་ཀ་དང༌། ཆུའི་ཤིང་མངར་དང༌། སྤང་སྤོས་དང༌། གི་ཝང་དང༌། ཀ་ལ་མ་ཀ་དང༌། ཤྲི་བེཤྟ་ཀ་དང༌། སྲ་རྩི་པོག་དང༌། ཤུ་ཏི་དང༌། གུར་གུམ་དང༌། བ་ལ་དང༌། ཏ་མ་ལའི་ལོ་མ་དང༌། བལ་བུའི་ལོ་མ་དང༌། སྟག་པའི་ལོ་མ་དང༌། པུ་ཙེ་ཤེལ་དང༌། སེར་པོ་རྣམ་གཉིས་དང༌། དེ་རྣམས་བུ་མོ་གཙང་མ་སྨྱུང་བ་དང་ལུས་ཀྱི་ཁྲུས་བྱས་ཏེ་གོས་གཙང་མ་བགོས་པས་སྨན་བཏགས་ཏེ་སྦྲང་རྩི་དང་སྦྲུས་ལ་རི་ལུར་བྱས་ནས་བྲམ་ཟེ་ལ་མཆོད་པར་བྱས་ནས་ཅི་རིགས་པར་སྦྱར་ཏེ་རི་ལུར་བྱས་ལ་སྨན་པ་དེས་སྔགས་འདི་རྩེ་གཅིག་པར་བཟླས་བརྗོད་བྱའོ། །
ན་མཿཔུ་རུ་ཥ་སིདྷཱ་ཡ། ན་མ་ནཱ་རཱ་ཡ་ཙ་ན། ཡ་བ་སའུ་ནཱ་བྷི། ཛཱ་ན་ཏི། ར་ཎེ་ཀྲྀཥྞ་པ་རཱ་ཛ་ཡ་མ་ཨེ་ཏེ་ནྱ་སྱད་ཏྱ་བ་ཀྲེ་ཎ། ཨ་ན་དོ་མེ་པྲ་སིདྡྷ་རུ། ན་མོ་བཻ་ཌཱུཪྻ་མ་ཏེ་ཧཱུ་རུ་ཧཱུ་རུ། རཀྵ་མཱཾ་སརྦ་བྱི་ཤྭེ་བྷྱོ། གོ་རཱི་གནྡྷ་རཱི། ཙཎྜ་ལཱི་མ་ཏཾ་གཱི་སྭཱ་ཧཱ། དེ་ལྟར་སྔགས་ཀྱིས་བཏབ་པའི་སྨན་དེ་ལྟར་བཏབ་སྟེ་སྔགས་འདི་ཡང་བཟླའོ། །ཧ་རེ་མའི་སྭཱ་ཧཱ། ཞེས་བརྗོད་དོ། །དེས་བཏུང་བ་དང་སྣ་སྨན་དང༌། སྐྱུག་སྨན་དང་མཁྲིག་མར་བཅིངས་པ་ལ་སོགས་པ་སྦྱར་ན་དུག་མ་ལུས་པ་ཐམས་ཅད་དང༌། རོ་ལངས་ཀྱི་གདོན་དང༌། སྡིག་པའི་ལས་ཐམས་ཅད་དང༌། མ་ར་ཀ་བྱ་ཏི་དང༌། མུ་གེའི་གནོད་པ་དང༌། འཐབ་མོ་དང༌། སེར་བའི་འཇིགས་པ་རྣམས་སེལ་ཞིང་བདེ་ལེགས་སུ་འགྱུར་བ་དང་ཞི་བར་བྱེད་པའི་མཆོག་ཡིན་ནོ། །སྦྱོར་བ་འདི་ནི་ཟླ་ཤར་ཞེས་བྱའོ། །ཁོང་པར་དུག་རང་ཞུ་བ་དང༌། སྨན་གྱིས་ཞི་བར་བྱས་སམ། །མེས་བསྲེགས་སམ། རླུང་གིས་བསྐམས་ཀྱང་རུང་སྟེ། དུག་གི་རང་བཞིན་གྱི་ཡོན་ཏན་ནི་མི་འདོར་བ་ཡིན་ཏེ། དེ་ནི་ཉེས་པ་འཁྲུགས་པར་བྱེད་པ་ཞེས་བྱ་བའི་དུག་གི་ལས་དང་ལྡན་པ་ཡིན་ཏེ། དུག་གི་ནུས་པ་ནི་ཆུང་བ་ཡིན། དུག་དེ་བད་ཀན་དང་ལྡན་པ་ཡིན་པར་མ་ཤེས་ན་ནི་ལོ་གྲངས་སུ་ནད་རྗེས་སུ་འབྲེལ་བ་ཡིན་སྟེ། དུག་དེས་ན་ཞིང་ཉམ་ཐག་པར་གྱུར་ན་ནི་ཕྱི་ས་མདོག་སྣ་ཚོགས་སུ་འབྱུང་ཞིང་ཁོང་འཁྲུགས་དང༌། ཁྲག་ནད་མ་རུངས་པར་འགྱུར་བ་དང༌། སྐོམ་དད་ཆེ་བ་དང༌། ཁ་ཟས་ཡི་གར་མི་འོང་བ་དང༌། བརྒྱལ་བ་དང༌། སྐྱུགས་པ་དང༌། སྐད་འདར་འདར་པོར་སྨྲ་བ་དང༌། མེ་དྲོད་ཉམས་པ་དང༌། དུག་གིས་ནད་གཞི་འཁྲུགས་པས་དམུ་རྫིང་གི་རྟགས་ཀྱང་དེ་ལ་སྣང་བ་ཡིན་ནོ། །གལ་ཏེ་དུག་མ་ཞུ་བའི་གནས་ཕོ་བར་བབ་ན་ནི་བད་ཀན་དང་རླུང་གི་ནད་སྐྱེད་པར་བྱེད་དོ། །ཞུ་བའི་གནས་སུ་བབ་ན་ནི་རླུང་དང་མཁྲིས་པ་སྐྱེད་པར་བྱེད་དོ། །དུག་མགོ་ལ་བབ་ན་ནི་མགོའི་སྐྲ་འབྱི་བར་འགྱུར་རོ། །ཅི་ལྟར་བྱ་འདབ་མ་དང་བྲལ་བ་བཞིན་ནོ། །དུག་དེ་ལུས་ཟུངས་རྣམས་ལ་བབ་ན་ནི་ལུས་ཟུངས་ཀྱི་ནད་སྐྱེས་པ་འམ་ཡང་ན་ལུས་ཟུངས་ལ་བརྟེན་ནས་ནད་གཞན་སྐྱེད་པར་བྱེད་དོ། །ཡང་ན་ཤར་ཕྱོགས་ཀྱི་རླུང་གིས་ཕོག་སྟེ།
དུག་ལངས་པ་དང༌། ཁ་ཟས་མ་ཞུ་བ་དང༌། ནམ་རྨུགས་ཏེ་གྲང་བ་དང༌། ཉིན་པར་གཉིད་ལོག་པ་དང༌། ཁ་ཟས་མི་མཐུན་པ་བསྟེན་པས་ལུས་ཟུངས་རྣམས་འཁྲུགས་པར་བྱས་ཏེ་དུག་ལངས་པས་ཉེས་པ་འཁྲུགས་པར་བྱེད་པ་ཞེས་བྱའོ། །དེ་ལ་གསོ་བ་ནི་ཐོག་མར་དུགས་ལེགས་པར་བྱས་ལ་གོང་འོག་ཏུ་ལུས་སྦྱང་བར་བྱའོ། །ཉེས་བ་འཁྲུགས་པར་བྱེད་པའི་ནད་ལ་ནི་དུག་འཇོམས་པའི་སྨན་སྦྲང་རྩི་དང་སྦྱར་བ་བལྡག་ཏུ་གཞུག་སྟེ། དེ་ཡང་པི་པི་ལིང་དང༌། བྱ་མ་ཀ་དང༌། སྤང་སྤོས་དང༌། སེང་ཕྲོམ་དང༌། སུག་སྨེལ་དང༌། སྭརྫི་ཀ་དང༌། ཀུ་ཏན་ན་ཏ་དང༌། རུ་རྟ་དང༌། ཤིང་མངར་དང༌། ཙནྡན་དང༌། བཙག་ཡུག་སྣམ་དང༌། དེ་རྣམས་ནི་དུག་འཇོམས་པའི་སྨན་ཞེས་བྱ་སྟེ། དེས་ན་དུག་འཇོམས་པའི་སྨན་ཉི་ཚེ་དང་སྦྱར་གྱི་གཞན་དུ་ནི་མི་སྦྱར་རོ། །དུག་མདའ་ལ་སོགས་པས་ཕོག་པའི་མཚན་མ་ནི་ཡང་དང་ཡང་ཕྲད་མ་མ་ཏི་དང༌། མདོག་འགྱུར་ཞིང་སྐྱ་བོར་འགྱུར་བ་དང༌། ཡང་དང་ཡང་དུ་ཡིད་འབྱུང་བ་དང༌། དེའི་ལུས་ལ་སྲིན་བུ་རྒྱུ་བ་སྙམ་དུ་སེམས་པ་དང༌། ལུས་ལ་ཚོར་བ་མེད་ཅིང་ཚ་ཙག་ཙག་བྱེད་པ་དང༌། ཆུ་སོ་དང༌། སྒལ་ཚིགས་དང༌། མགོ་དང༌། ཕྲག་པ་དང༌། ཚིགས་རྣམས་སུ་ཟུག་གཟེར་དང་བཅས་པར་འགྱུར་བ་དང༌། ཁྲག་ནག་པོ་ནད་ཁྲག་མང་དུ་འཛག་པ་དང༌། སྐོམ་དད་ཆེ་བ་དང༌། བརྒྱལ་བ་དང༌། རིམས་ཀྱིས་འདེབས་པ་དང༌། ཚ་བ་འུར་འུར་པོར་འདུག་པ་དང༌། མིག་དམར་བ་དང༌། སྐྱུགས་པ་དང༌། དབུགས་མི་བདེ་བ་དང༌། སྐྱིགས་བུ་དང༌། རྨའི་མཐའ་འཁོར་དམར་ཞིང་སེར་བ་དང་དབུས་གནག་པ་ཡིན་ནོ། །རྨ་སྐྲངས་ཤིང་སྨིན་པ་དང༌། དྲི་མི་ཞིམ་པ་དང་ཤ་ནག་པོར་འགྱུར་བ་དང༌། ཤ་རུལ་ཞིང་འདྲུལ་བ་དང༌། སྤྱི་བག་ཏུ་འཛག་པ་རྣམས་ཡིན་ནོ། །དུག་མདས་གནད་དུ་མ་བསྣུན་པ་མེད་པ་མྱུར་དུ་སྙིང་གའི་ཕྱོགས་སུ་བསིལ་བའི་ཆོ་ག་རྣམས་བྱ་སྟེ། ཟུག་རྔུ་ཕྱུང་ལ་དེའི་འོག་ཏུ་ལྕགས་བསྲེགས་པས་རྨ་བསྲེག་པར་བྱའོ། །ཡང་ན་མུ་ཀ་ཀ་དང༌། གེ་རི་ཀ་དཀར་པོ་དང༌། ཀད་ཕ་ལའི་ཤིང་ཤུན་དང༌། དེ་རྣམས་ཏམ་མྲ་བལ་ལི་དང༌། ཤི་རི་ཤ་དང༌། གྲིད་ད་ན་ཁྱ་དང་འདི་རྣམས་ཀྱི་ཐལ་བས་བསྲེག་གོ །
ཤུ་ཁ་ན་པ་དང༌། བོང་ང་དཀར་པོ་དང༌། ཀཎྜ་ཀ་རིའི་རྩ་བ་དང༌། དེ་རྣམས་ཀྱི་ལྡེ་གུས་རྨ་ལ་བསྐུའོ། །གཞན་ཡང་དུག་འཐུངས་པ་དང༌། དུག་གིས་བཟུང་བའི་གསོ་བ་ཇི་ལྟར་འོས་པར་སྦྱར་རོ། །རྨ་རྣགས་པ་ལ་ནི་མཁྲིས་པའི་མེ་དབལ་གྱི་གསོ་བ་རྣམས་སྤྱད་དོ། །བུད་མེད་རང་སྐལ་བ་དང་ལྡན་པའི་ཆེད་དུ་རང་གི་ཁྱིམ་ཐབ་ལ་དབྱིག་དུག་ཁ་ཟས་དང་སྦྱར་བ་སྦྱིན་པ་འམ། རྒྱལ་པོ་དང་འཁོན་པའི་དགྲ་ས་རྒྱལ་པོའི་འཁོར་ཉེ་བར་གནས་པ་ལ་གླ་རྔན་བྱིན་ཏེ་ཁ་ཟས་ཀྱི་ནང་དུ་དབྱིག་དུག་བྱིན་ན་དབྱིག་དུག་གིས་ཟིན་པའི་མཚན་མ་ནི་མདོག་སྐྱ་བ་དང༌། ལུས་སྐེམ་ཞིང་རྗུད་པ་དང༌། མེའི་དྲོད་ཆུང་བ་དང༌། ལུད་པ་ལུ་བ་དང༌། དབུགས་མི་བདེ་བ་དང༌། རིམས་ཀྱིས་ཉམ་ཐག་པ་དང༌། རླུང་ལམ་གཞན་དུ་ཞུགས་པ་དང༌། རྟག་ཏུ་གཉིད་འོང་བ་དང༌། སེམས་ལས་ཆེ་ཞིང་ཡིད་མི་བདེ་བར་འགྱུར་བ་དང༌། ལྟོ་བ་དང༌། མཆིན་པ་དང༌། མཆེར་པ་ཆེར་སྐྱེས་ཏེ། སྐད་གསང་དམའ་བ་དང༌། ཉམ་ཆུང་བ་དང༌། སྒྱིད་ཞན་པ་དང༌། སྐྲང་བ་དང༌། རྟག་ཏུ་ལྟོ་སྦོ་བ་དང༌། རྐང་པ་དང༌། ལག་པ་སྐེམ་ཞིང་ན་བ་དང༌། ཕལ་ཆེར་རྨི་ལམ་གྱི་ནང་དུ་ཅེ་སྤྱང་དང༌། བྱི་ལ་དང༌། སྲེ་མོ་དང༌། སྦྲུལ་འདི་རྣམས་མཐོང་ཞིང་ནགས་དང་མཚོ་རྣམས་ཀྱང་སྐམ་པར་བྱེད་པ་མཐོང་བ་རྣམས་ཡིན་ནོ། །བདག་ཉིད་ཀྱི་ལུས་དཀར་པོ་ནག་པོར་མཐོང་བ་དང༌། སྣ་དང་མིག་ཀྱང་མདོག་འགྱུར་བ་དང༌། དབང་པོ་རྣམས་ཀྱང་ཉམས་པར་མཐོང་བར་འགྱུར་བ་ཡིན་ནོ། །དེ་དང་དེ་ལ་སོགས་པའི་གནོད་པ་མང་པོ་སྐྱེ་བར་འགྱུར་བའི་དབྱིག་དུག་གིས་ཉམ་ཐག་པར་འགྱུར་བ་དེས་ལུས་འཇིག་པར་འགྱུར་རོ། །ལ་ལ་ནི་དེ་མ་ཐག་གསོ་བ་བྱས་ན་འཚོ་བ་ཡོད་དོ། །ཡང་དབྱིག་དུག་གིས་ཉམ་ཐག་པ་ལ་དེ་མ་ཐག་སློན་པའི་ཁ་ཟས་སྦྱིན་ཏེ། འཕྲལ་སྐྱུག་ཏུ་གཞུག་གོ །དེ་ནས་དག་པར་བྱས་ནས་གསེར་སྦྱིན་པར་བྱའོ། །ལྷག་མ་ནི་མདོའི་གནས་སུ་བཤད་པའི་ཆོ་ག་བཞིན་དུ་བྱའོ། །གསེར་དང༌། དྲུབ་མར་ཅང་དང༌། ཁ་ར་དང༌། སྦྲང་རྩི་སྦྱར་བའི་ལྡེ་གུ་བལྡག་ཏུ་བཅུག་ན་སྦྱོར་བ་ཐམས་ཅད་ལས་བྱས་པའི་དབྱིག་དུག་དྲག་པོ་ཡང་རབ་ཏུ་ཞི་བར་བྱེད་དོ། །མུར་བ་དང༌། སླེ་ཏྲེས་དང༌། རྒྱ་སྤོས་
དང། པི་པི་ལིང་དང༌། པ་ཏོ་ལ་དང༌། དབྱི་མོ་དང༌། ཙི་ཏྲ་ཀ་དང༌། ཤུ་དག་དང༌། གླ་སྒང་དང༌། བྱི་དང་ག་དང༌། འདི་རྣམས་དར་བ་དང༌། ཞོ་ག་ཆུ་འམ། ཤ་ཁུ་སྐྱུར་པོ་དྲོ་འཇམ་ཙམ་ལ་བཏང་ན་དབྱིག་དུག་གིས་མེའི་དྲོད་ཉམས་པ་ཡང་འཇིག་པར་བྱེད་དོ། །ཕུག་རོན་གྱི་ཤ་དང། ཟུར་བ་དང༌། མ་ནུ་དང༌། འདི་རྣམས་བསྐོལ་ཏེ་གྲངས་པ་བླུད་ན་དབྱིག་དུག་དང༌། སྐོམ་དད་ཆེ་བ་དང༌། ཟུག་པ་དང༌། ལུད་པ་དང༌། དབུགས་མི་བདེ་བ་དང༌། སྦོས་པ་དང༌། ལུས་མི་བདེ་བ་ཚ་བ་རྣམས་འཇོམས་པར་བྱེད་པ་དང༌། དུག་གི་རང་བཞིན་ཅན་གྱི་མི་ལ་ཁ་ཟས་དུས་མ་ཡིན་བར་ཟོས་པས་ནད་གཞི་རྣམས་དང་ལྷན་ཅིག་འཁྲུགས་པ་དེ་ནི་བྱི་ཤ་སང་ག་སྟ་ཞེས་བྱ་བའི་དུག་ནད་ཡིན་པར་བཤད་དེ། དེ་ལས་རྒྱལ་བར་བྱེད་པས་འགའ་ཞིག་འཚོ་བར་འགྱུར་རོ། །བྱི་ཤ་ས་ཀ་ཞེས་བྱ་བའི་དབྱིག་དུག་གི་ནད་ལ་བསྲུང་བར་བྱ་བ་ནི་བཀྲེས་པ་དང༌། སྐོམ་པ་དང༌། ཚ་བ་དང༌། ཉམ་ཆུང་བ་དང༌། ཁྲོ་བ་དང༌། མྱ་ངན་དང༌། འཇིགས་པ་དང༌། ངལ་བ་དང༌། མ་ཞུ་བ་དང༌། འཁྲུ་བ་དང༌། གང་ཡང་མཁྲིས་པ་དང༌། རླུང་འཕེལ་བར་བྱེད་པའི་རྒྱུ་དང༌། ཏིལ་མར་གྱི་མེ་ཏོག་དང༌། འབྲས་བུ་སྣོམ་པ་དང༌། སའི་རླངས་པ་སྣོམ་པ་དང༌། འབྲུག་གི་སྒྲ་དང༌། གླང་པོ་ཆེ་དང༌། བྱི་བའི་སྒྲ་དང༌། རོལ་མོའི་སྒྲ་དང༌། ཉན་པ་དང༌། ཤར་ཕྱོགས་ཀྱི་རླུང་དང༌། ཨུཏྤ་ལའི་དྲི་སྣོམ་པ་དང༌། གང་ཡང་མྱོས་པར་འགྱུར་བའི་བག་བསྟེན་ན་དུག་འཕེལ་བར་འགྱུར་བ་ཡིན་ཏེ་སྤང་བར་བྱའོ། །དབྱར་ནི་ཆར་མང་པོ་འབབ་པའི་དུས་ཡིན་ཏེ། དེའི་ཚེ་དུག་ལ་ཆུ་མང་པོས་བརླན་པར་བྱས་ནས་ཁུ་བ་གཟགས་ཏེ་བཀྲུས་ན་དུག་གི་ནུས་པ་ཞན་པར་འགྱུར་ཏེ། དེ་བས་ན་སྟོན་སྤྲིན་མེད་པའི་དུས་སུ་སྐར་མ་རི་བྱི་ཤར་ཏེ་དེས་དུག་གི་མཐུ་འཕྲོག་པ་ཡིན་ནོ། །དེ་ལྟར་སྨན་པ་མཁས་པས་ནད་ཀྱི་རང་བཞིན་དང༌། གང་ལ་གོམས་པ་མེད་པ་དང༌། གནས་སྐབས་གང་དུ་ནད་འཁྲུགས་པ་དང༌། ནད་ཀྱི་སྟོབས་ཆེ་ཆུང་བརྟགས་ཏེ་དེའི་འོག་ཏུ་གསོ་བའི་ལས་སྤྱད་པར་བྱ་སྟེ། དེ་ལ་བད་ཀན་གྱི་རང་བཞིན་ཅན་གྱི་དུག་ནད་ལ་ནི་དྲོ་བ་དང༌། རྩུབ་པ་དང་
རྣོ་བའི་སྐྱུག་སྨན་དང་བྱུག་པ་སྦྱར་རོ། །ཁ་ཟས་སུ་ནི་རོ་བསྐ་བ་དང༌། ཚ་བ་དང༌། ཁ་བ་རྣམས་སུ་སྦྱར་ན་དུག་གི་གནོད་པ་ཞི་བར་བྱེད་དོ། །མཁྲིས་པའི་རང་བཞིན་ཅན་གྱི་དུག་ནད་ལ་ནི་བཀྲུ་སྨན་དང༌། བྱུག་པ་དང༌། བླུགས་པ་རྣམས་ཀྱང་ཤིན་ཏུ་བསིལ་བའི་ནུས་པ་དང་ལྡན་པར་བྱེད་དོ། །ཁ་ཟས་སུ་ནི་རོ་བསྐ་བ་དང༌། ཁ་བ་དང༌། མངར་བ་རྣམས་མར་དང་སྦྱར་བ་གཏང་ངོ༌། །རླུང་གི་རང་བཞིན་ཅན་གྱི་དུག་ནད་ལ་ནི་སྨན་མངར་བ་དང༌། སྣུམ་པ་དང༌། སྐྱུར་བ་དང༌། ལན་ཚྭ་དང༌། མར་དང་སྦྱར་བ་བཟའ་བ་དང༌། བྱུག་པ་དང་ཤ་ལ་སོགས་པ་སྦྱར་ན་ཡང་ཕན་ནོ། །འདུས་པ་ལས་གྱུར་པའི་དུག་ནད་ཐམས་ཅད་ལ་ནི་བཀྲུ་སྨན་དང༌། བྱུག་པ་དང༌། བཟའ་བ་དང༌། སྨན་ཐམས་ཅད་ལ་ཡང་མར་དང་སྦྱར་བ་བསྔགས་ཏེ། དུག་འཇོམས་པ་ལ་ནི་མར་དང་འདྲ་བ་གཞན་གང་ཡང་མེད་དོ། །ལྷག་པར་རླུང་ཤས་ཆེ་བ་ལ་བཟང་ངོ༌། །དུག་བད་ཀན་གྱི་གནས་སུ་བྱུང་ན་ནི་ཚེགས་ཆུང་དུས་གསོ་སླ་བ་ཡིན་ནོ། །མཁྲིས་པའི་གནས་སུ་བྱུང་ན་ནི་གསོ་དཀའ་བ་ཡིན་ནོ། །དུག་ནད་ཀྱི་དམིགས་བརྟག་ཅིང་གསོ་བའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པ་རྫོགས་སོ།། །།དེ་ནས་སྦྲུལ་གདུག་པས་ཟིན་པ་གསོ་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། དེ་ལ་སའི་སྟེང་ན་གནས་པའི་སྦྲུལ་གདུག་པ་ཅན་གྱི་རིགས་མདོར་བསྡུ་ན་རྣམ་པ་གསུམ་སྟེ། གདེངས་ཀ་ཅན་དང༌། ལུས་འཁྱིལ་བ་དང༌། ཁྲ་བོའི་རིགས་དང་གསུམ་སྟེ་དབྱེ་ན་རྣམ་པ་དུ་མ་གྲངས་མེད་པ་ཡོད་མོད་ཀྱི་མདོར་བསྡུས་ཏེ་བཤད་པར་བྱའོ། །སྦྲུལ་གྱི་དུག་དེ་དག་གི་ཡོན་ཏན་ནི་ཁྱད་པར་དུ་རྩུབ་པ་དང༌། ཚ་བ་དང༌། སྐྱུར་བ་དང༌། དྲོད་ཆེ་བ་དང༌། མངར་བ་དང༌། བསིལ་བ་ཡིན་ནོ། །དེ་ལ་སྦྲུལ་གྱི་རིགས་གདེངས་ཀ་ཅན་དང༌། ལུས་འཁྱིལ་བ་དང༌། ཁྲ་བོའི་རིགས་གསུམ་གྱི་བྱེ་བྲག་ལས་རླུང་གི་རང་བཞིན་དང༌། མཁྲིས་པ་དང༌། བད་ཀན་གྱི་རང་བཞིན་རྣམས་གོ་རིམས་བཞིན་དུ་སོ་སོ་ནས་སྦྱར་རོ། །དེ་ལ་སྦྲུལ་གཞོན་ནུའི་དུག་ནི་དབྱར་གྱི་དུས་སུ་འཕེལ་ལ་སྦྲུལ་བར་མའི་དུག་ནི་དགུན་གྱི་དུས་སུ་འབྱུང་ངོ༌། །སྦྲུལ་རྒན་པོའི་དུག་ནི་སོས་ཀ་ཚ་བའི་དུས་སུ་ལྡང་ངོ༌། །
དེ་ལས་གཞན་པའི་སྦྲུལ་གྱི་དུག་ནི་དུས་ཚིགས་རྣམས་ཀྱི་མཚམས་སུ་འབྱུང་ངོ༌། །འཁོར་ལོ་དང༌། གཤོལ་དང༌། གདུགས་དང༌། གཡུང་དྲུང་དང༌། ལྕགས་ཀྱུ་དང༌། དེ་རྣམས་ཀྱི་རི་མོའི་མཚན་དང་ལྡན་ཞིང་འགྲོས་ཤིན་ཏུ་མྱུར་བ་དང་ལྡན་པ་དེ་ནི་སྦྲུལ་གདེངས་ཀ་ཅན་ཞེས་བྱའོ། །སྦྲུལ་འཁྱིལ་བ་ཞེས་བྱ་བ་ནི་རི་མོ་འཁྱིལ་བའི་བྱེ་བྲག་སྣ་ཚོགས་སུ་འདུག་པ་ཡིན་ནོ། །སྦྲུལ་གྱི་རིགས་ཁྲ་བོ་ཞེས་བྱ་བ་ནི་ཤིན་ཏུ་མདངས་གསལ་བའི་རི་མོ་དང་ལྡན་ཞིང་སྣུམ་པ་དང༌། ཆུ་ཞེང་ཀུན་ཏུ་མདོག་སྣ་ཚོགས་སུ་རི་མོ་དེ་ལྟར་སྣང་བའོ། །གཞན་ཡང་སྦྲུལ་གྱི་རིགས་སྲོག་ཆགས་གོ་ཏའི་བུ་གོ་ད་ར་ཞེས་བྱ་བའི་དུག་ནི་སྦྲུལ་གདེངས་ཀ་ཅན་དང་འདྲའོ། །དེ་དག་ལས་གཞན་པའི་སྦྲུལ་གྱི་རིགས་རྐང་པ་བཞི་པ་ནི་རིགས་འདྲེས་པ་ཡིན་ཏེ། མཚན་ཉིད་དང་རི་མོ་ཡང་འདྲེས་པར་སྣང་སྟེ་དེས་ཟིན་པ་ནི་འདུས་པའི་ནད་སྐྱེད་པ་ཡིན་ནོ། །སྦྲུལ་གྱི་དུག་འཕེལ་བར་བྱེད་པའི་རྒྱུ་ནི་བཟའོ་སྙམ་པ་དང༌། འཇིགས་པ་དང༌། ལྷུང་བ་དང༌། གཞན་གྱིས་རེག་པ་དང༌། ཁྲོས་པ་དང༌། སྡིག་པའི་ལས་དང༌། ལྷ་དང་དྲང་སྲོང་རྣམས་ཀྱིས་བསྐུལ་བས་སྦྲུལ་མི་ལ་འཛིན་པ་ཡིན་ཏེ། དེ་དག་ནི་ཡམས་ཀྱི་རིམས་བཞིན་དུ་ཚ་བས་ཆེ་བ་ཡིན་ནོ། །དེ་ལྟར་སྦྲུལ་གྱིས་ཟིན་པའི་རྒྱུ་ཇི་ལྟ་བ་བཞིན་དུ་ཤེས་ནས་དེ་ལྟ་དེ་ལྟར་གསོ་བར་བྱའོ། །སྦྲུལ་གྱི་རིགས་དེ་ལས་གཞན་པ་སྡིག་པ་བྱེད་པས་ལམ་བཅད་དེ་གནས་ནས་གང་དུ་སྐྱེས་བུ་རྒྱུ་བའི་ལུས་ཁ་ཆུ་དང༌། དྲི་མ་དང༌། རྣག་ཙམ་གྱིས་རེག་ཅིང་གནོད་པར་བྱས་ཏེ་མཆེ་བའི་རྨ་ནི་སྣང་བ་དེ་ནི་མཆུས་གནོད་པར་བྱེད་པ་ཞེས་བྱའོ། །གང་གི་ལུས་ལ་མཆེ་བ་གཅིག་གམ། གཉིས་ཀྱི་རྗེས་སྣང་ཞིང་ཁྲག་མེད་པ་དེ་ནི་བྱ་དི་ད་ཞེས་བྱའོ། །མཆེ་བ་གཉིས་ཀྱི་རྗེས་སྣང་ཞིང་ཁྲག་དང་བཅས་པ་དེ་ནི་བྱ་ལུཔྟ་ཞེས་བྱའོ། །མཆེ་བ་གསུམ་གྱིས་བཟུང་སྟེ་ཤ་ལ་སོགས་པ་ཕུག་ཅིང་ཁྲག་རྒྱུ་བའི་གནས་རྣམས་སུ་མཆེ་བས་ཕོག་པ་དེ་ནི་བི་ཚི་ན་ཞེས་བྱའོ། །མཆེ་བ་བཞིས་ཁྲག་གི་གནས་ཕུག་སྟེ་ཁྲག་འཛག་པ་དེ་ནི་བི་ཏི་ཏ་ཞེས་བྱའོ། །དེ་ལ་དང་པོ་གཉིས་ནི་དུག་མེད་པ་ཡིན་ནོ། །ཕྱི་མ་གཉིས་གསོ་བ་མེད་དོ། །དེ་ལ་
མཆེ་བའི་དུག་གིས་ཟིན་མ་ཐག་ནི་ཐོག་མར་སྐྲང་བ་དེའི་འོག་ཏུ་ཁྲག་ལ་ཞུགས་པས་ན་ཁྲག་མ་རུངས་པས་ལུས་ལ་ཁྱབ་པར་བྱེད་དོ། །དེ་ནས་མཁྲིས་པ་ལ་ཁྱབ་ཅིང་དེས་ལུས་ཐམས་ཅད་ལ་ཁྱབ་པར་འགྲོ་སྟེ། ཇི་ལྟར་ཆུ་ལ་ཏིལ་མར་གྱིས་ཁྱབ་པ་བཞིན་ནོ། །རང་བཞིན་གྱིས་འཇིགས་པ་སྐྱེ་བའི་མི་ལ་སྦྲུལ་གྱི་ལུས་ཀྱིས་རེག་པ་ལས་སྡངས་ཏེ་རླུང་འཁྲུགས་ནས་བརྒྱལ་བར་བྱེད་སྐྲངས་པར་འགྱུར་བ་དེ་ནི་སྦྲུལ་གྱི་ལུས་ཀྱིས་མངོན་པར་རེག་པའི་དུག་ཅེས་བྱའོ། །དྲི་མི་ཞིམ་པ་ཞེས་བྱ་བའི་སྲོག་ཆགས་ཡོད་དེ། དེས་བཟུང་བ་འམ་ཡང་ན་སྲོག་ཆགས་གང་ཡང་རུང་བ་ནུབ་མོ་མ་ཚོར་བར་ཟིན་པ་ལས་བདག་ནི་སྦྲུལ་གྱིས་ཟིན་ནོ་སྙམ་ནས་དུག་གིས་རྟོག་པར་རིམས་དང༌། སྐྱུགས་པ་དང༌། བརྒྱལ་བ་དང༌། ལུས་ཚ་བ་སྐྱེ་བ་འམ། ཡང་ན་མི་བདེ་བ་འམ། རྨོངས་བག་ཏུ་འདུག་པ་དང༌། ཚད་པར་འཁྲུ་བ་དེ་ནི་རྟོག་པ་ལས་གྱུར་པའི་དུག་ནད་ཅེས་བྱའོ། །སྦྲུལ་གྱིས་ཟིན་པའི་རྨ་ནད་དང་བཅས་པ་ལས་སྐྲང་བ་དང༌། གཡའ་བ་དང༌། ཟུག་གཟེར་དང་ལྡན་པ་དང༌། ཚ་བ་འུར་འུར་པོར་འདུག་པ་དང༌། རྨེན་བུ་བུ་ག་མདུད་པ་ལྟར་སྣང་ན་ནི་དུག་དང་བཅས་པ་ཡིན་ལ་དེ་ལས་བཟློག་པར་ནི་དུག་མེད་པ་ཡིན་ནོ། །དེ་ལ་གདེངས་ཀ་ཆེན་པོའི་སྦྲུལ་གྱིས་ཟིན་པའི་དུག་གི་ཤུགས་རྣམ་པ་བདུན་དུ་གྱུར་ཏེ། དེ་ཡང་དང་པོ་ནི་ཁྲག་སྐྱོན་དང་བཅས་ཤིང་ནག་པོར་འགྱུར་བ་དེ་བཞིན་དུ་རྨ་ཁ་ལ་སོགས་པ་ཐམས་ཅད་དུ་མདོག་གནག་ཅིང་ལུས་ལ་གྲོག་མ་མང་པོ་རྒྱུ་བ་སྙམ་སེམས་པ་ཡིན་ནོ། །གནས་སྐབས་གཉིས་པ་ལ་ཐོར་བུར་སྐྱེ་བར་འགྱུར་རོ། །གསུམ་པ་ལ་ནི་མགོ་ལྕི་ཞིང་དུད་པ་དང༌། གློ་སྙིང་མི་བདེ་བ་དང༌། རྨ་རྣགས་པའོ། །བཞི་པ་ལ་ནི་མཆིལ་མ་མང་བ་དང༌། སྐྱུགས་པ་དང༌། ཚིགས་རྣམས་འབྱེ་བ་དང༌། སྒྱིད་སྐྱུར་བ་རྣམས་ཡིན་ནོ། །ལྔ་པ་ལ་ནི་ཚིགས་རྣམས་འཇིག་པ་དང༌། ཚ་བ་འུར་འུར་པོར་འདུག་པ་དང༌། སྐྱིགས་བུ་འབྱུང་བ་རྣམས་ཡིན་ནོ། །དྲུག་པ་ལ་ནི་གློ་སྙིང་ན་བ་དང༌། ཁོང་ལྕི་བ་དང༌། བརྒྱལ་བ་དང༌། ཁ་ཟས་ཡི་གར་མི་འཇུ་བ་དང་ཚད་པས་འཁྲུ་བ་རྣམས་ཡིན་ནོ། །
བདུན་པ་ལ་ནི་ཁུ་ཆུའི་ནུས་པ་ཕྱིན་ཏེ་ཕྲག་གོང་དང༌། རྒྱབ་ཀྱི་སྒལ་ཚིགས་དང༌། རྐེད་པའི་ཚིགས་རྣམས་འཇིག་པ་དང༌། སྤྱོད་ལམ་ཐམས་ཅད་ལས་ལྡོག་ཅིང་ནུབ་པ་ཡིན་ནོ། །སྦྲུལ་འཁྱིལ་བའི་རིགས་ཀྱིས་ཟིན་པ་ལ་ནི་དུག་གི་ཤུགས་ལྔར་འགྱུར་ཏེ། དང་པོ་ལ་ཁྲག་འཛག་པ་སྐྱོན་ཅན་དུ་བྱས་ནས་སེར་པོར་འགྱུར་ལ་དེས་ལུས་དང༌། ཡན་ལག་སེར་པོར་འགྱུར་ཞིང་ཚ་བ་སྐྱེ་བར་འགྱུར་རོ། །གནས་སྐབས་གཉིས་པ་ལ་ནི་སྐྲང་བར་འགྱུར་རོ། །གསུམ་པ་ལ་ནི་རྨ་རྣགས་པ་དང༌། རྔུ་བ་ལ་སོགས་པ་སྐྱེ་བར་འགྱུར་རོ། །བཞི་པ་ལ་ནི་རིམས་ཀྱིས་འདེབས་ཤིང་ལུས་ཚ་བར་འགྱུར་རོ། །ལྔ་པ་ལ་ནི་ལུས་ཐམས་ཅད་དུ་ཁྱབ་པར་འགྱུར་རོ། །སྦྲུལ་ཁྲ་བོའི་རིགས་ཀྱིས་ཟིན་པ་ལ་གནས་སྐབས་ལྔར་འགྱུར་ཏེ། དང་པོ་ནི་ཁྲག་མ་རུངས་པར་བྱས་ནས་མདོག་དཀར་བར་འགྱུར་བ་དང་ལུས་ཐམས་ཅད་ཀྱང་དཀར་པོར་འགྱུར་རོ། །གཉིས་པ་ལ་ནི་ལུས་ཐམས་ཅད་ཀྱང་ཤིན་ཏུ་ལྕི་བར་འགྱུར་རོ། །གསུམ་པ་ལ་ནི་རྨ་རུལ་ཞིང་རྣགས་པ་དང༌། སྣ་དང༌། མིག་དང༌། ཁའི་ནང་ནས་འཛག་པ་ཡིན་ནོ། །བཞི་པ་ལ་ནི་མགོ་ལྕི་བ་དང༌། གཉའ་བ་རེངས་པར་འགྱུར་རོ། །ལྔ་པ་ལ་ནི་སྐད་ཉམས་པ་དང༌། རིམས་ཀྱིས་འདེབས་པ་དང༌། གྲང་བ་རྣམས་ཡིན་ནོ། །ལྷག་མ་རྣམས་ནི་སྦྲུལ་གདེངས་ཀ་ཅན་དང་འཁྱིལ་པ་བཞིན་ནོ། །དེ་བས་ན་དུག་གི་ཤུགས་གནས་སྐབས་ལྔ་པ་ལ་ནི་འབད་པ་དང་བཅས་པས་གསོ་བ་མྱུར་དུ་བྱའོ། །སྦྲུལ་ཆུའི་ནང་དུ་བརྒྱལ་བ་དང། འཁྲིག་པ་ཟིན་ནས་ཉམ་ཆུང་བ་དང༌། སྲེ་མོས་འཇིགས་པ་དང༌། སྲེ་མོས་ཕམ་པར་བྱས་ནས། ཤིན་ཏུ་གྲང་བའི་རླུང་གིས་བརྟེན་པ་དང༌། ཚ་བས་གདུངས་པ་དང༌། ནད་ཀྱིས་གཟིར་བ་དང༌། སྐོམ་པ་དང༌། བཀྲེས་པས་གདུངས་པ་དང༌། ཤིན་ཏུ་ངལ་བ་དང་ལམ་རིང་པོ་ནས་འོངས་ཏེ་དུབ་པ་དང༌། སྦྲུལ་སྤྱོད་ལམ་དེ་དག་ལྟར་འདུག་ན་ནི་སྦྲུལ་གྱི་གདུག་པ་མེད་ཅིང་ཉམ་ཐག་པ་ཡིན་ནོ། །སྦྲུལ་དེ་རྩྭ་ཀུ་ཤ་དང༌། སྨན་དང༌། ཚེར་མ་དང་ལྡན་པའི་ནགས་རྣམས་སུ་རྒྱུ་བ་ཡིན་ན་ནི་སྦྲུལ་དེའི་དུག་གི་ཉེས་པ་མེད་ཅིང་དུག་དང་བྲལ་བ་ཡིན་
ནོ། སྦྲུལ་དེ་དུར་ཁྲོད་དང༌། མཆོད་རྟེན་ལ་སོགས་པའི་ནང་དུ་རྒྱུ་བ་དང༌། ཚེས་ལྔ་དང༌། བཅོ་ལྔ་དང༌། གནམ་སྟོང་དང༌། ཚེས་བརྒྱད་དང༌། ཚེས་དགུ་དང༌། སྲོད་དང༌། ཐོ་རངས་དང༌། ནམ་ཕྱེད་དང༌། ཉི་མ་གུང་དང༌། དུས་དེ་དག་ཏུ་སྦྲུལ་གྱིས་ཟིན་པ་དང༌། རྒྱུ་སྐར་བྲ་ཉེ་དང༌། སྨིན་དྲུག་དང༌། མཆུ་དང༌། སྐག་དང༌། ས་ག་དང༌། གྲེ་དང༌། ཆུ་སྟོད་དང༌། ཁྲུམས་སྟོད་དང༌། སྣུབས་དང༌། གཞན་ཡང་ནེ་རེ་ཏ་ཞེས་བྱ་བའི་ཡུད་ཙམ་གྱི་དུས་དང༌། དུས་དེ་དག་ཏུ་གནད་དུ་བསྣུན་པར་ཟིན་ན་ནི་སྤང་བར་བྱའོ། །སྐྱེས་བུ་གང་སྦྲུལ་གྱིས་ཟིན་མ་ཐག་མིག་དང་གདོང་དཀར་པོར་འགྱུར་བ་དང༌། སྐྲ་འབྱི་ཞིང་རང་ལྷགས་པ་དང༌། ལྕེ་གྱོང་བ་དང༌། ཡང་དང་ཡང་བརྒྱལ་བ་དང༌། དབུགས་གྲང་མོ་འཐོན་པ་དེ་ནི་མི་འཚོའོ། །གཞན་ཡང་སྦྲུལ་གྱི་དུག་གིས་ཟིན་མ་ཐག་ཏུ་སྐྱིགས་བུ་དང༌། དབུགས་མི་བདེ་བ་དང༌། ལུད་པ་ལུ་བ་དང༌། སྐྱུགས་པ་དང༌། ཅིག་ཅར་གློ་སྙིང་ན་ཞིང་ཟུག་པ་དེ་ནི་མི་འཚོའོ། །དུག་འཐུང་ངམ། དུག་བཟུང་ངམ། དུག་མདས་ཕོག་གམ། དུག་གིས་ཕོག་ཀྱང་རུང་སྟེ། རྟགས་འདི་དག་དང་ལྡན་ན་སྐྱེས་བུ་དེ་ངེས་པར་འཆི་ཞིང་འཚོ་བ་སྤང་བ་ཡིན་ཏེ། དེ་ཡང་ལྦུ་བ་སྐྱུགས་པ་དང༌། འདུ་ཤེས་ཉམས་པ་དང༌། རྐང་པ་དང༌། ལག་པ་དང༌། གདོང་རྣམས་གནག་ཅིང་སྔོ་བསངས་སུ་གྱུར་པ་དང༌། སྣ་ཞོམ་པ་དང༌། ཡན་ལག་རྣམས་ཞིག་པ་དང༌། ཚིགས་ལྷོད་པ་དང༌། ཕྱི་ས་སླ་ཞིང་ཁོང་འཁྲུ་བ་རྣམས་ཡིན་ནོ། །གཞན་ཡང་སྣ་སྨན་རྣོན་པོ་ལ་སོགས་པ་སྦྱར་ཡང་འདུ་ཤེས་མི་རྙེད་པ་དང༌། སྨས་སམ་མཚོན་གྱིས་སྨས་ན་ཡང་ཁྲག་མི་འབྱུང་བ་དང༌། དབྱུག་པས་བསྣུན་ཀྱང་རྗེས་སུ་རྨུགས་པར་མི་མངོན་པ་དེ་ནི་གཤིན་རྗེའི་ཁྱིམ་གྱི་ནང་དུ་འཇུག་པ་ཡིན་ནོ། །འཆི་བའི་མཚན་མ་དེ་དག་དང་མི་ལྡན་ན་ནི་སྨན་པས་མྱུར་དུ་ཁྱིམ་ལ་མེ་མཆེད་པ་བཞིན་དུ་གསོ་བར་བྱ་སྟེ། དུག་གི་ནད་ཀྱིས་སྲོག་ལྐོག་མར་ཕྱིན་པ་ཙམ་ལ་བསྲུང་ཞིང་ཞི་བར་བྱ་བ་ལ་འབད་པར་བྱ་བ་ཡིན་ནོ། །སྦྲུལ་གྱིས་བཟུང་མ་ཐག་ནས་སེ་གོལ་གཏོགས་པ་བརྒྱའི་བར་དུ་ནི་རྨ་ཁ་དེ་ཉིད་ན་དུག་འདུག་པ་ཡིན་ནོ། །དེ་ཕན་ཆད་ནི་ལུས་ཀྱི་ཁྲག་ལ་
སོགས་པའི་ལུས་ཟུངས་རྣམས་རིམ་གྱིས་ཁྱབ་ཅིང་འགྲོ་བར་བྱེད་དོ། དུག་དེ་ཁྲག་ལས་གྱུར་པའི་ནང་དུ་མ་ཁྱབ་པའི་གོང་དུ་དེ་མ་ཐག་པར་རྨའི་ཐོན་འཁོར་བཅད་པ་ལ་སོགས་པའི་ལས་ཅི་ལྟར་རིགས་པར་བསྙུར་ཏེ་བྱའོ། །སྦྲུལ་གྱིས་ཟིན་པ་དེ་མ་ཐག་པར་སྦྲུལ་དེ་ཉིད་མྱུར་དུ་བཟུང་སྟེ། རང་གི་སོས་གཅད་པ་འམ། སྦྲུལ་མ་ཟིན་ན་ཡང་རུང་སྟེ་ཉེ་འཁོར་ན་བོང་པ་འམ་ས་འམ། ཤིང་ལ་སོགས་པ་ཅི་མཐོང་ཡང་སོས་བཅད་དེ། དེ་མ་ཐག་གློ་བུར་དུ་འབྱུང་ཞིང་རང་གི་མཆིལ་མ་འམ། རྣ་སྤབས་ཀྱིས་སྦྲུལ་གྱིས་ཟིན་པའི་རྨ་ལ་གདབ་པོ། །དེ་ནས་རྨའི་གོང་རོལ་དུ་ལུང་ཏང་གི་ཕྲེང་བ་སོར་བཞི་ཙམ་ཆིངས་ཤིག །ཟར་མ་དང་འོད་མ་ལ་སོགས་པའི་སྐུད་པ་ལ་ཤེས་པར་གྲུབ་པའི་སྔགས་ཀྱིས་བཏབ་སྟེ། དམ་དུ་བཅིངས་ཏེ་མནན་ན་ཇི་ལྟར་ཆུ་བོ་ལ་ཆུ་ལོན་གྱིས་བཟློག་པ་དང་འདྲ་བར་རྩའི་རྒྱུན་སྲང་རྣམས་སུ་དུག་རྒྱུར་མི་སྟེར་ཞིང་གཅོད་པར་བྱེད་དོ། །གནད་དང་ཚིགས་རྣམས་སུ་སྦྲུལ་གྱིས་བཟུང་བ་ལ་ནི་འཕྲལ་དུ་དམ་དུ་བཙིར་ཞིང་དུག་གཟག་ཅིང་དབྱུང་བ་བྱས་ན་དུག་གི་ནད་ཀྱི་ཤུགས་མི་སྐྱེ་ཞིང་ཇི་ལྟར་ས་བོན་ཉམས་པའི་མྱུ་གུ་བཞིན་ནོ། །སྦྲུལ་གྱི་རིགས་འཁྱིལ་བས་བཟུང་བའི་རྨ་ནི་མཁྲིས་པའི་རང་བཞིན་ཅན་ཡིན་པས་དེ་ལ་ནི་མྱུར་དུ་གསེར་དང་ལྕགས་ལ་སོགས་པ་མེ་ལ་བསྲེགས་པ་འམ། ཡང་ན་མགལ་མེས་རྨ་ཁ་བསྲེགས་པར་བྱས་ན་དུག་གི་ནུས་པ་ཐལ་བར་རླག་པར་བྱེད་དོ། །དེ་ཙམ་གྱིས་ལས་སུས་མི་བཟོད་དེ་བཟོད་པར་བྱའོ། །མེའི་ལས་དེ་མ་གཏོགས་པ་གཞན་ནི་མི་བྱའོ། །དེའི་འོག་ཏུ་རྨ་ཁ་གཞིབས་ཏེ་ཁ་བཀང་ལ་ཕྱིར་དབོའོ། །དེ་ནས་ས་འམ་ཐལ་བ་འམ། དུག་འཇོམས་པའི་སྨན་ནམ། བ་ལང་གི་ལྕི་བས་རྨ་ཁ་ལ་གདབ་པར་བྱའོ། །གལ་ཏེ་དུག་དེས་ནང་དུ་ཁྱབ་པར་སོང་བ་དང༌། ལྷག་པར་ཤ་ཆེ་བ་ལ་ནི་རྨ་དང་ལུས་སུ་བཅས་པ་ཐམས་ཅད་ལ་དུག་འཇོམས་པའི་སྨན་གྱིས་བསྐུ་བྱུག་བྱའོ། །ཙནྡན་དང་པུ་ཤེལ་ཙེ་ཆུ་དང་སྦྱར་བས་བླུགས་པར་བྱའོ། །དུག་དེས་ཀུན་ལ་ཁྱབ་པ་ལ་ནི་གཏར་ག་བྱས་ཏེ་ཁྲག་ཕྱུང་ན་གསོ་བའི་མཆོག་ཡིན་ཏེ། ཁྲག་མང་དུ་ཕྱུང་ན་ནི་དུག་གི་རང་བཞིན་
ནག་པོ་ཡང་འབྱུང་བ་ཡིན་ནོ། །དེ་ལ་དུག་ཡོད་པའི་ཁྲག་ནི་དྲི་ང་བ་དང༌། མེའི་ནང་དུ་བསྲེགས་ན་སྲེག་སྲེག་ཟེར་བ་ཡིན་ནོ། །དེ་ལྟར་ཁྲག་ཕྱུང་སྟེ་དག་པ་ལྟ་ན་ཁྲག་དེ་ནད་གཞི་ཅི་ལྟ་བ་བཞིན་དུ་ཤེས་པར་བྱ་སྟེ་བརྟག་གོ །རྩ་མི་སྣང་བ་ལ་ནི་རྭ་དང་སྲིན་བུ་བད་པ་གཉིས་ཀྱིས་ཁྲག་དབྱུང་ངོ༌། །ཁྲག་ཕྱུང་བའི་ལྷག་མ་ཡོད་པ་དུག་གི་སླན་ཏེར་བྱས་པ་དེ་ནི་ལྷག་པར་བསིལ་བའི་སྨན་གྱིས་བླུགས་པ་དང༌། བྱུག་པ་ལ་སོགས་པ་ལན་མང་དུ་བྱས་ཏེ་བཟློག་པར་བྱའོ། །སྦྲུལ་གྱིས་ཟིན་ཏེ་དུག་གི་མཐུས་བརྒྱལ་བར་བྱེད་པ་དང༌། སྙིང་འཛག་པ་ལ་ནི་སྨན་བསིལ་བའི་ནུས་པ་དང་ལྡན་པས་བླུགས་པ་དང༌། གཏོར་བ་དང་རླུང་གཡབ་ཀྱིས་གཡབ་པར་བྱས་ཏེ་སྤུ་ཟིང་ཞེས་བྱེད་དུ་བཅུག་ན་དུག་གི་མཐུ་རབ་ཏུ་ཞི་བར་འགྱུར་རོ། །དུག་ཤིན་ཏུ་རྣོ་བས་སྙིང་བྲུས་པ་སྙམ་སེམས་པ་ལ་ནི་མར་ཉི་ཚེའམ། ཡང་ན་དུག་འཇོམས་པའི་སྨན་དང༌། མར་དང་སྦྲང་རྩི་སྦྱར་བ་ཡིན་ནོ། །སྙིང་ལ་དུག་བབ་ན་ནི་དེར་བད་ཀན་ཉེ་བར་ཤས་ཆེར་སོགས་ཤིང་འཕེལ་ཏེ། ལུས་ལྕི་བ་དང༌། ནད་འཁྲུགས་ཤིང་བྲང་ཚ་ལ་ཁ་ནས་ཆུ་སྐྱུར་འབྱུང་བ་ཡིན་ཏེ། དེ་ལ་ནི་སྐྱུག་སྨན་གཏང་ངོ༌། །དེ་ལྟར་སློན་བྱ་བ་དེ་ཡང་རྩབས་སྐྱུར་པོ་དང༌། རྒྱ་སྲན་དང༌། ཏིལ་མར་དང༌། ཆང་ལ་སོགས་པ་དེ་དག་སྤངས་ཏེ་གང་ཡང་དུག་འཇོམས་པའི་སྨན་དང་སློན་བྱས་ན་དུག་གིས་ཀུན་ཏུ་ཁྱབ་པར་མི་འགྱུར་རོ། །སྦྲུལ་གྱི་དུག་གི་རང་བཞིན་དང༌། མིའི་ནད་གཞིའི་རང་བཞིན་དང༌། གནས་ཀྱི་བྱེ་བྲག་ཞིབ་ཏུ་ལེགས་པར་བརྟགས་ཏེ་གསོ་བ་རྣམས་མ་ནོར་བར་བྱའོ། །ཤིང་སིན་དུ་བ་རའི་རྩ་བ་དང༌། གི་རི་ཀར་ནི་ཀ་དཀར་པོ་དང་གཉིས་ཀྱི་བཏུང་བ་སྦྲུལ་གདེངས་ཀ་ཆེན་པོས་ཟིན་པ་ལ་སྦྱར་རོ། །པ་ཀ་ལ་དང༌། སྦྲང་རྩི་དང་སྦྱར་བ་རྣམས་སྣ་སྨན་དུ་བླུད་དོ། །སྦྲུལ་ནག་པོས་ཟིན་པ་ལ་ནི་ཐོག་མར་ཁྲག་གཏར་ཏེ་དེའི་འོག་ཏུ་ཙ་ར་ཏི་དང༌། ན་ཀུ་ལི་རྣམ་གཉིས་དང་སྦྱར་བ་འམ། ཡང་ན་ཤི་ཀྲུ་དང༌། བོང་ང་དཀར་པོ་གཉིས་དང་སྦྱར་བ་གང་ཡང་རུང་བའི་ལྡེ་གུས་བསྐུའོ། །བཙོད་དང༌། དུད་པ་དང༌། མར་དང༌། སྦྲང་རྩི་དང་སྦྱར་བ་བཏུང་བར་བླུད་དོ། །རྒྱ་སྣེའུ་དང༌། ཏང་ཕལ་དང༌། གི་རི་
ཀ་རྣམ་གཉིས་དང༌། ཁ་ལུང་དང༌། ཁ་ར་དཀར་པོ་དང༌། ཤེ་ལུ་དང༌། དེ་རྣམས་ཀྱི་བཏུང་བ་དང་སྣ་སྨན་དུ་སྦྱར་ན་ཕན་ནོ། །དེ་བཞིན་དུ་གདེངས་ཀ་ཆེན་པོའི་སྦྲུལ་གྱི་གདུག་པ་མི་བཟད་པ་དང༌། སྦྲུལ་གྱི་རིགས་ཁྲ་བོ་ལ་ཡང་དུག་འཇོམས་པའི་སྨན་དེ་དག་སྦྱར་རོ། །ཨ་ཤྲ་གནྡྷ་དང༌། རྒུན་འབྲུ་དང༌། གི་རི་ཀ་དཀར་པོ་དང༌། ས་ནག་པོ་དང༌། པི་པི་ལིང་དང༌། དེ་རྣམས་ཆ་མཉམ་པ་དང༌། བྱིའུ་རུག་པ་དང༌། ཀ་ཕིད་ཐ་དང༌། བིལ་བ་དང༌། སེའུ་དང༌། དེ་རྣམས་ཀྱི་ལོ་མ་རྣམས་རེ་རེ་ཡང་ཨ་ཤྭ་གནྡྷའི་ཆ་ཕྱེད་ཕྱེད་སྦྲང་རྩི་དང་ལྡན་པར་སྦྱར་ཏེ་ཟོས་ན་སྦྲུལ་འཁྱིལ་བ་ཞེས་བྱ་བའི་དུག་ལ་ཁྱད་པར་དུ་ཕན་ནོ། །ཤིང་འོ་མ་ཅན་ལྔའི་ཤུན་པ་དང༌། འབྲས་བུ་གསུམ་དང༌། ཤིང་མངར་དང༌། ནཱ་ག་པུཥྤ་དང༌། ཨེ་ལ་བ་ལུ་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། པུ་ཤེལ་ཙེ་དང༌། ཁ་ར་དཀར་པོ་དང༌། ཤུག་པ་དང༌། ཨུཏྤ་ལ་དང༌། དེ་རྣམས་སྦྲང་རྩི་དང་སྦྱར་བའི་དུག་སྨན་ནི་གངས་ཅན་ཞེས་བྱ་སྟེ། དེའི་འདག་གུས་བསྐུས་ན་སྦྲུལ་འཁྱིལ་བའི་དུག་འཇོམས་ཏེ། དེ་བཞིན་དུ་སྐྲང་བ་དང༌། ཤུ་བ་མཆེད་པ་དང༌། འབྲུམ་བུ་དང༌། རིམས་དང༌། ལུས་ཚ་བ་རྣམས་ལ་ཕན་ནོ། །ཏང་བལ་དང༌། ནྱ་གྲོ་དྷའི་མྱུ་གུ་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། ཁ་ར་དཀར་པོ་དང༌། བཙོད་དང༌། ཤིང་མངར་དང༌། དེ་རྣམས་བསྐོལ་བའི་ཁུ་བ་བླུད་ན་སྦྲུལ་འཁྱིལ་བས་ཟིན་པ་འཇོམས་སོ། །སྨྱུག་མའི་ཤུན་པ་དང༌། ས་བོན་དང༌། པུ་ཙེ་ཤེལ་དང༌། པ་ཏ་ལའི་ས་བོན་དང༌། བཅའ་སྒ་དང། ཤྲི་ཤའི་ས་བོན་དང༌། བོང་ང་དཀར་པོ་དང༌། ག་བེ་བུ་གའི་འབྲུ་དང༌། རྩ་བ་དང༌། ཤུ་དག་དང༌། དེ་རྣམས་བ་གཅིན་ལ་བཏབ་པའི་འདག་གུ་ནི་ཡན་ལག་བརྒྱད་པ་ཞེས་བྱ་སྟེ། སྦྲུལ་འཁྱིལ་པས་ཟིན་པའི་རིགས་གོ་ད་ན་ས་ཞེས་བྱ་བས་ཟིན་པ་སེལ་ཏོ། །པུ་ཙེ་ཤེལ་དང། བོང་ང་དཀར་པོ་དང༌། རུ་རྟ་དང༌། ཁྱིམ་གྱི་དུད་པ་དང༌། ཧ་རེ་ཎུ་ཀ་དང༌། ཚ་བ་གསུམ་དང༌། རྒྱ་སྤོས་དང༌། དེ་རྣམས་ལྷན་ཅིག་སྦྱར་བ་ཟོས་ན་སྦྲུལ་ཁྲ་བོས་ཟོས་པའི་ནད་སེལ་ཏོ། །འདམ་བུ་མདའ་རྒྱུ་དང༌། དན་ཏི་དང་གཉིས་ཀྱི་རྩ་བ་མཐོ་ཉི་ཤུའི་ས་བོན་འོག་ན་
མར་བརྐོས་ཏེ་ཕྱུང་ལ་འབྲས་དང་ས་གཉིས་ལྷན་ཅིག་བྱས་ཏེ་བྱུག་པས་བསྐུའོ། །མར་རྙིང་པའི་ནང་དུ་འབྲས་བུ་གསུམ་གྱི་ཕྱེ་མ་བཏབ་སྟེ་བླུད་ལ་དེ་ཞུ་བའི་ཚོད་ཙམ་ནས་ལས་བྱས་པའི་ཟན་ཚོད་མ་དང་བཅས་པ་བཟའོ། །ཀ་ར་བཱི་ར་དང༌། ཨརྐའི་མེ་ཏོག་དང༌། མེ་ཏོག་ཀུ་སུ་མ་དང༌། ལང་ཀ་ལིའི་རྩ་བ་དང༌། པི་པི་ལིང་དང༌། པ་ཐ་དང༌། ན་ལེ་ཤམ་དང༌། དེ་རྣམས་ཀྱི་རྩ་བ་ཕྱེ་མ་རྩབས་སྐྱུར་པོ་དང་སྦྱར་ཏེ་འཐུངས་ན་གོང་མའི་སྦྲུལ་ལས་གཞན་པའི་སྦྲུལ་གྱིས་ཟིན་པའི་དུག་ཐམས་ཅད་ལ་སྦྱར་རོ། །ཤྲི་ཤའི་མེ་ཏོག་གི་རང་གི་ཁུ་བའི་ནང་དུ་ཤི་ཀྲུ་ཞག་བདུན་གྱི་བར་དུ་སྤངས་ཏེ། དེ་ལས་བཏུང་བ་དང༌། སྣར་བླུགས་པ་སྦྱར་ན་སྦྲུལ་གྱིས་ཟིན་པའི་ནད་ཐམས་ཅད་ལ་ཕན་ནོ། །རྒྱ་སྤོས་དང་རུ་རྟ་སྲང་གཉིས་དང་མར་དང་སྦྲང་རྩི་སྲང་གཉིས་དང་སྦྱར་བའི་ལྡེ་གུ་བྱིན་ན་སྦྲུལ་གྱི་རྒྱལ་པོ་འཇོག་པོས་ཟིན་པ་ལ་ཡང་སྨན་འདི་བླུད་ན་བདེ་བ་སྦྱིན་པར་བྱེད་དོ། །སྦྲུལ་གྱི་རིགས་གདེངས་ཀ་ཆེན་པོས་ཟིན་པའི་གནས་སྐབས་དང་པོ་ལ་ནི་ཁྲག་ཕྱུང་སྟེ། མར་དང་སྦྲང་རྩི་དང་སྦྱར་བ་མྱུར་དུ་བླུད་དོ། །གནས་སྐབས་གཉིས་པ་ལ་ནི་སློན་བྱ་སྟེ་གོང་མ་བཞིན་དུ་མར་དང་སྦྲང་རྩི་དང་སྦྱར་བས་བསྐུའོ། །གསུམ་པ་ལ་ནི་དུག་འཇོམས་པའི་སྨན་དང་སྦྱར་ཏེ་སྨན་དེ་ཉིད་ཀྱང་སྣར་བླུགས་པར་བྱའོ། །བཞི་པ་ལ་ནི་སྐྱུག་སྨན་བཏང་སྟེ། ནས་ཐུག་དུག་འཇོམས་པའི་སྨན་དང་ལྷན་ཅིག་བླུད་དོ། །ལྔ་པ་དང་དྲུག་པ་ལ་ནི་སྨན་བསིལ་བ་དང་སྦྱར་བའི་དུག་སྨན་གཏང་ངོ༌། །དེ་བཞིན་དུ་བསིལ་བའི་ནུས་པ་སྨན་བླུགས་པ་དང༌། བྱུག་པ་ཡང་དང་ཡང་དུ་སྦྱར་ཏེ། སློན་སྨན་རྣོན་པོ་བླུད་ལ་དེའི་འོག་ཏུ་དུག་འཇོམས་པའི་སྨན་དང་ཐུག་པར་སྦྱར་བ་བླུད་དོ། །གནས་སྐབས་བདུན་པ་ལ་ནི་དུག་འཇོམས་པའི་སྨན་རྣོན་པོ་དང༌། མིག་སྨན་དང༌། སྣ་སྨན་སྦྱར་བ་དང༌། སྤྱི་བོར་མཚོན་གྱིས་རྒྱ་གྲམ་དུ་ཅུང་ཞིག་དབྲལ་བའི་ནང་དུ་ཤ་འམ་ཁྲག་གམ་པགས་པ་གང་ཡང་རུང་བ་གཞུག་གོ །སྦྲུལ་འཁྱིལ་བས་བཟུང་བའི་གནས་སྐབས་གསུམ་པ་ལ་ནི་སློན་ཁྲུས་བྱས་ཏེ་ཐུག་པ་བླུད་དོ། །དུག་འཇོམས་པའི་སྨན་ནི་རྣོ་བ་དང༌། ཡང་ན་ཤུག་པའི་སྡེ་ཚན་
བསྐོལ་བའི་ཁུ་བ་བླུད་དོ། །སྦྲུལ་ཁྲ་བོས་ཟིན་པའི་གནས་སྐབས་དང་པོ་ལ་ནི་རྨ་ལ་ཞལ་ཞལ་བྱ་སྟེ། དེའི་འོག་ཏུ་ཀུ་བས་ཁྲག་ཕྱུང་སྟེ། གོང་མ་བཞིན་དུ་དུག་འཇོམས་པའི་སྨན་བླུད་དོ། །དྲུག་པ་ལ་ནི་སྨན་ཤིན་ཏུ་རྣོ་བའི་མིག་སྨན་དང་སྣར་བརྔུབ་པ་རྣམས་སྦྱར་རོ། །གཞན་ཡང་གྲངས་མ་སྨོས་པ་རྣམས་ནི་སྦྲུལ་གདེངས་ཀ་ཆེན་པོས་ཟིན་པའི་གནས་སྐབས་ཀྱི་གསོ་བ་འདི་ཡང་སྦྱར་རོ། །བུད་མེད་སྦྲུམ་མ་དང༌། བྱིས་པ་དང༌། རྒན་པོ་རྣམས་ལ་ནི་ཁྲག་ཉུང་ཤས་དབྱུང་ངོ༌། །ཤིང་ཚ་དང༌། ལྡོང་རོས་དང༌། ཡུང་བ་དང༌། རྒྱ་སྤོས་དང༌། ཀུ་ཤའི་ཁུ་བ་དང༌། ཆུ་སྲིན་སེན་མོ་དང༌། ཏ་མ་ལའི་གེ་སར་དང༌། འབྲས་ཀྱི་ཆུ་གྲང་མོ་དང་ལྷན་ཅིག་སྦྱར་བ་བླུད་ན་དུག་ཐམས་ཅད་འཇོམས་ཏེ། ཅི་ལྟར་དབང་པོའི་རྡོ་རྗེས་ལྷ་མ་ཡིན་རྣམས་འཇོམས་པ་བཞིན་ནོ། །བིལ་བའི་རྩ་བ་དང༌། བྱིའུ་རུག་པའི་མེ་ཏོག་དང༌། ཀ་རཉྫ་བ་ལ་དང༌། ཏ་མ་ལའི་གེ་སར་དང༌། ཐང་ཤིང་དང༌། འབྲས་བུ་གསུམ་དང༌། སེར་པོ་རྣམ་གཉིས་དང༌། ཚ་བ་གསུམ་དང༌། དེ་རྣམས་ར་གཅིན་དང་ཞིབ་ཏུ་བཏགས་པ་ལས་མིག་སྨན་བཏབ་པ་དང༌། སྣ་སྨན་དུ་སྦྱར་ན་སྦྲུལ་དང༌། སྲོག་ཆགས་ལུ་ཏ་དང༌། བྱི་བ་དང༌། སྡིག་པ་ལ་སོགས་པའི་དུག་དང༌། གསུད་པ་དང༌། མ་ཞུ་བ་དང༌། དབྱིག་དུག་དང༌། རིམས་ཀྱིས་བཏབ་པ་དང༌། གདོན་གྱིས་ཟིན་པ་ལ་སོགས་པས་ཉམ་ཐག་པའི་མི་ལ་ཕན་ཏེ་བདེ་ལེགས་སུ་བྱེད་དོ། །དུག་གིས་ཕོག་པའི་རྨ་ལ་དུག་གི་ལྷག་མ་ཅུང་ཟད་ཅིག་ཡོད་ན་ཡང་བྱུག་པ་ལ་སོགས་པས་མ་ལུས་པར་ཕྱུང་སྟེ། ལྷག་མ་ལུས་ན་ནི་ཡང་དུག་གི་མཐུ་སྐྱེ་བར་འགྱུར་ཏེ། ཅི་ལྟར་དུག་གིས་ནད་གཞི་འཁྲུགས་པ་བཞིན་ནོ། །དུག་གི་ཉེས་པ་སྣད་པས་རླུང་འཁྲུགས་ཤིང་སྐྱེས་ན་ནི་ཏིལ་མར་དང༌། ཆང་དང༌། རྒྱ་སྲན་དང༌། སྐྱུར་དང༌། དེ་རྣམས་མ་གཏོགས་པའི་ལྷག་མ་རླུང་འཇོམས་པའི་གསོ་བ་ཐམས་ཅད་སྦྱར་རོ། །དུག་གིས་མཁྲིས་པ་སྐྱེས་པ་ལ་ནི་རིམས་འཇོམས་པའི་སྨན་བསྐོལ་བ་དང༌། འཇམ་རྩི་མས་གཏོང་བ་རྣམས་བྱའོ། །དུག་གིས་བད་ཀན་སྐྱེས་པ་ལ་ནི་དོང་གའི་སྡེ་ཚན་སྦྲང་རྩི་དང་སྦྱར་བ་གཏང་ངོ༌། །མུ་ཟི་དང༌། རྒུན་
འབྲུ་དང། པ་ཡ་སྱ་དང༌། ཤིང་མངར་དང༌། སྦྲང་རྩི་དང༌། དེ་སྤྱིའི་ཕྱེད་དང་མཉམ་པའི་ཁ་ར་དཀར་པོ་དང་སྦྱར་བའི་ལྡེ་གུ་བལྡག་གོ །ཆུ་ལ་སྔགས་ཀྱིས་བཏབ་སྟེ་བཏུང་བ་དང་གཏོར་བ་རྣམས་བྱའོ། །སྙིང་དགའ་བའི་བག་བསྟེན་ཅིང་སེམས་དགའ་བར་བྱེད་དོ། །སྦྲུལ་གྱི་ལུས་ཀྱིས་རེག་པ་ལས་བྱུང་བའི་དུག་དང༌། རྟོག་པ་ལས་བྱུང་བའི་དུག་གིས་ཉམ་ཐག་པ་ཡང་ཆོ་ག་གོང་མ་བཞིན་དུ་སྦྱར་ན་ཕན་ནོ། །རིན་པོ་ཆེ་ཀེ་ཀེ་རུ་དང༌། མརྒད་དང༌། མུ་ཏིག་དང༌། རྡོ་རྗེ་དང༌། བཻ་ཌཱུཪྻ་དང༌། གརྦྷ་མ་ཎི་དང༌། པི་ཙུ་ཀ་དང༌། བྱི་བའི་དུག་དང༌། དེ་བཞིན་དུ་རི་ཁ་བ་ཅན་ན་སྐྱེས་པའི་སྨན་སོ་མ་ར་ཛ་དང༌། བ་སྤྲུ་བ་དང༌། དྲོ་ན་དང༌། མ་ཧཱ་དྲོ་ན་ཞེས་བྱ་བ་དང༌། སྦྲུལ་ལ་ཡོད་པའི་ནོར་བུ་དང༌། མ་ན་སི་དང༌། དུག་ཞི་བར་བྱ་བར་འགྱུར་རོ། །དེ་བཞིན་དུ་ནུས་པ་དང་ལྡན་པའི་སྨན་རྣོན་པོ་རྣམས་ཀྱང་བཅང་པར་བྱའོ། །གལ་ཏེ་ནུབ་མོ་རྒྱུ་ན་ཡང་གདུགས་དང༌། འཁར་གསིལ་དག་ལག་ཏུ་ཐོགས་ན་དེའི་གྲིབ་མ་དང་སྒྲས་ལག་འགྲོ་རྣམས་སྡངས་ཤིང་འབྱེ་བར་འགྱུར་རོ། །སྦྲུལ་གདུག་པས་ཟིན་པ་གསོ་བའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པ་རྫོགས་སོ།། །།དེ་ནས་སྲིན་བུ་སྲོག་ཆགས་ལུ་ཏ་ལ་སོགས་པའི་དུག་གིས་ཟིན་པའི་དམིགས་བརྟགས་ཤིང་གསོ་བའི་ལེའུ་བཤད་པར་བྱ་སྟེ། སྲིན་བུའི་དུག་དེ་ཡང་སྦྲུལ་གྱི་ཚིལ་དང༌། བཤང་གཅི་དང༌། ཁུ་ཆུ་དང༌། སྒོ་ང་དང༌། ཁོག་པ་དང༌། པགས་པ་ལས་སྐྱེས་ཏེ། སྲིན་བུ་དེའི་རང་བཞིན་ཡང་ནད་གཞི་གསུམ་དང༌། འདུས་པ་དང༌། རྣམ་པ་བཞི་དང་ལྡན་པ་ཡིན་པར་ཤེས་པར་བྱ་སྟེ། དེ་ཡང་རླུང་གི་རང་བཞིན་ཅན་གྱི་སྲིན་བུའི་དུག་གིས་ཟིན་པའི་རྟགས་ནི་རྨ་ཁ་ཆེ་ཞིང་ཟུག་ཅིང་ན་བ་ཡིན་ནོ། །མཁྲིས་པའི་རང་བཞིན་ཅན་གྱི་སྲིན་བུས་ཟིན་པའི་རྟགས་ནི་འཛག་པ་ཉུང་བ་དང༌། ཚ་བ་དང༌། མདོག་དམར་བ་དང༌། ཤུ་བ་མཆེད་པ་དང༌། ཡང་ན་ཤིང་པི་ལུའི་འབྲས་བུ་སྨིན་པ་དང༌། འབྲ་གོའི་འབྲས་བུ་སྨིན་པ་དང་འདྲ་བར་འདུག་པ་ཡིན་ནོ། །བད་ཀན་གྱི་རང་བཞིན་ཅན་གྱི་སྲིན་བུས་ཟིན་པའི་རྟགས་ནི་ཟུག་གཟེར་ཆུང་བ་དང༌། ཨུ་
དུམྦཱ་ར་སྨིན་པ་འདྲ་བ་ཡིན་ནོ། །འདུས་པའི་རང་བཞིན་ཅན་གྱི་སྲིན་བུས་ཟིན་པ་ནི་ཚབས་ཆེར་འཛག་ཅིང་རྟེན་ཐམས་ཅད་དང་ལྡན་པ་ཡིན་ཏེ་དེ་ནི་སྤང་བར་བྱའོ། །སྲིན་བུ་གདུག་པ་དེ་དག་གི་མཐུའི་གནས་སྐབས་དང་པོ་ལ་སོགས་པ་སྦྲུལ་གྱི་ལྟར་བལྟ་བར་བྱ་སྟེ། དེ་བཞིན་དུ་སྐྲང་བ་འཕེལ་བ་དང༌། ཁྲག་དྲི་ང་བ་འཛག་པ་དང༌། མགོ་དང་མིག་ལྕི་བ་དང༌། མགོ་འཁོར་བ་དང༌། བརྒྱལ་བ་དང༌། དབུགས་མི་བདེ་བ་དང༌། རབ་ཏུ་ན་བ་ཡིན་ཏེ། སྲིན་བུ་གདུག་པ་སྤྱི་དང་མཐུན་པར་རྨའི་ནང་དུ་པདྨའི་སྙིང་པོ་ལྟ་བུ་འབྱུང་ཞིང་ཚ་བ་དང༌། གཡའ་བ་དང༌། ཁ་ཟས་ཡི་གར་མི་འོང་བ་ཡིན་ནོ། །སྡིག་པ་ཤས་ཟིན་པའི་དུག་ནི་ཤིན་ཏུ་རྣོ་བ་ཡིན་ཏེ། དང་པོ་མེ་བཞིན་དུ་ལུས་ལ་སྲེག་པར་བྱེད་ལ་དེ་མ་ཐག་རོ་སྟོད་དུ་མཆེད་པར་འགྲོ་སྟེ། དེའི་འོག་རྨའི་ནང་དུ་འདུག་པ་ཡིན་ཏེ་དེས་བཟུང་མ་ཐག་རབ་ཏུ་ན་ཞིང་སྐྲང་བ་དང་འགས་པ་རྣམས་ཡིན་ནོ། །སྡིག་པ་དེ་སྐྱེ་བའི་རྒྱུ་ནི་བ་ལང་ལ་སོགས་པའི་ལྕི་བ་དང༌། པགས་པ་བསྲེགས་ཏེ་རུལ་ཞིང་རླན་པ་ལས་སྐྱེས་པ་དང༌། སྦྲུལ་གྱི་པགས་པ་ལས་སྐྱེས་པ་ཡིན་ཏེ། རྐེད་པ་ཕྲ་བའི་སྡིག་པའི་དུག་ཚབས་ཆེ་བ་ཡིན་ཏེ་དེ་ཡང་མདོག་སེར་བ་དང༌། གནག་པ་དང༌། རྩུབ་པ་དང༌། མདོག་སྣ་ཚོགས་སུ་སྣང་བ་དང༌། ནོར་བུ་གཟི་མདོག་ཏུ་སྣང་བ་ཡིན་ནོ། །སྡིག་པ་ཁ་ཅིག་ནི་སྤུ་མང་ཞིང་ཚིགས་ཀྱང་མང་བ་ཡིན་ནོ། །ཁ་ཅིག་ནི་རྒྱབ་དམར་ཞིང་ལྟོ་དཀར་བ་ཡིན་ནོ། །ཁ་ཅིག་ནི་མདོག་དུད་ཁར་འདུག་ཅིང་ཚིགས་གསུམ་ཡོད་པ་དང༌། རྐེད་པ་སེར་སྐྱར་འདུག་པ་ཡིན་ནོ། །ཁ་ཅིག་ནི་ཐལ་བའི་མདོག་ཏུ་འདུག་པ་དང༌། སྲེ་མོའི་མདོག་དང༌། ཁྲག་འཐུང་བ་དེ་ནི་དུག་ཆེན་པོ་དང་ལྡན་པ་ཡིན་ནོ། །ཁ་ཅིག་ནི་མེའི་མདོག་ཏུ་སྣང་ཞིང་ཚིགས་གཉིས་ཡོད་པ་དང༌། ལྟོ་དཀར་བའམ་དམར་བ་འམ་གནག་པ་ཡིན་ནོ། །སྡིག་པ་དེ་རྣམས་ཀྱིས་ཟིན་པའི་རྟགས་ནི་ལྕེ་སྐྲང་བ་དང༌། ལྕེ་གྱོང་བ་དང༌། ལུས་རེངས་པ་དང༌། རིམས་ཀྱིས་འདེབས་པ་དང༌། ཁ་ལ་སོགས་པའི་སྒོ་ནས་ཁྲག་ནག་པོ་མང་དུ་འཛག་པ་དང༌། དབང་པོ་རྣམས་ཀྱིས་དོན་མི་ཚོར་བ་དང༌། རྡུལ་བ་དང༌། བརྒྱལ་བ་དང༌། ཁ་སྐམ་པ་དང༌། རྨོངས་པ་དང༌། རབ་ཏུ་ན་བ་དང༌།
ཤ་འདྲུལ་ཞིང་ལྷགས་པ་སྙམ་སེམས་པའི་ནད་པ་དེ་ནི་ཕལ་ཆེར་སྲོག་འདོར་བ་ཡིན་ནོ། །སྲོག་ཆགས་ཨུ་ཙི་ཏིང་ག་ཞེས་བྱ་བའི་སྲོག་ཆགས་ནི་ཁས་འཛིན་པར་བྱེད་པ་དང༌། དེ་ཡང་གོང་མ་བས་ཚབས་ཆེར་ན་བ་ཡིན་ཏེ། སྡིག་པ་བས་ལུས་ཀྱི་གཡས་གཡོན་གཉིས་ཀ་ནས་འཛིན་པ་ཡིན་ནོ། །སྲོག་ཆགས་ལུ་ཏ་ཨུ་ཙི་ཏིང་གས་བཟུང་བའི་མཚན་མ་ནི་ཕོ་མཚན་འགྲེང་བ་འམ། བ་སྤུ་ལངས་པ་དང༌། ལུས་ལས་རྡུལ་འབྱུང་བ་དང༌། རྨ་མཆེད་པ་དང༌། ཆུ་སེར་གྲང་མོར་འཛག་པ་དང༌། སྲིན་བུ་ཨུ་ཙི་ཏིང་གའི་མིང་གི་རྣམ་གྲངས་ནི་རྔ་མོ་དུད་ཁ་ཞེས་བྱ། མཚན་མོ་རྒྱུ་བ་ཞེས་བྱ། མཚན་མོ་ཅན་ཞེས་ཀྱང་བྱ་སྟེ། དེ་ནི་རླུང་དང་མཁྲིས་ཤས་ཆེ་བ་ཡིན་ནོ། །སྲིན་བུ་ཀ་ན་བ་ཞེས་བྱ་བ་དང༌། བི་བ་ཞེས་བྱ་བའི་སྲིན་བུ་གཉིས་ནི་བད་ཀན་ཤས་ཆེ་བ་ཡིན་ནོ། །དེ་ལས་ཀྱང་སྡིག་པའི་དུག་དང༌། སྲིན་བུ་རྔ་མོ་དུད་ཀ་ཞེས་བྱ་བ་གཉིས་ནི་ཕལ་ཆེར་རླུང་ཤས་ཆེ་བ་ཡིན་ནོ། །སྲིན་བུ་ཀ་ན་བ་ཞེས་བྱ་བ་དང༌། བི་བ་ཞེས་བྱ་བའི་སྲིན་བུ་ནད་གཞི་གང་དང་གང་གི་ཤས་ཆེ་བ་ལེགས་པར་བརྟགས་ཏེ། དེ་དང་དེའི་སྨན་གྱི་ཡོན་ཏན་གྱིས་གསོ་བར་བྱའོ། །དེ་ལ་རླུང་ཤས་ཆེ་བའི་རྟགས་ནི་གློ་སྙིང་ན་བ་དང༌། སྟོད་དུ་རླུང་འབྱུང་བ་དང༌། ལུས་ཁོང་རེངས་པ་དང༌། རྩ་བ་རྒྱ་ཆེ་བ་སོང་བ་དང༌། རུས་བ་དང༌། ཚིགས་སུ་ཟུག་པ་དང༌། རྣ་བའི་སྒྲ་ཟ་ཟི་ཟེར་བ་དང༌། ལུས་གཅུས་པ་སྙམ་བྱེད་པ་དང༌། ལུས་མདོག་གནག་པ་ཡིན་ནོ། །མཁྲིས་པ་ཤས་ཆེ་བའི་རྟགས་ནི་འདུ་ཤེས་ཉམས་པ་དང༌། དྲོད་ཆེ་བ་དང༌། དབུགས་ཚ་བ་འབྱུང་བ་དང༌། གློ་སྙིང་ཚ་བ་དང༌། ཁར་ཁ་བ་བྲོ་བ་དང༌། ཤ་འགས་པ་དང༌། ལུས་སྐྲང་བ་དང༌། མདོག་དམར་ཞིང་སེར་བ་ཡིན་ནོ། །བད་ཀན་ཤས་ཆེ་བའི་དུག་ནད་ཀྱི་རྟགས་ནི་སྐྱུག་པ་དང༌། ཁ་ཟས་ཡི་གར་མི་འོང་བ་དང༌། བྲང་ཚ་ཞིང་ཁ་ནས་ཆུ་འབྱུང་བ་དང༌། ཆམ་པས་བཏབ་པ་དང༌། སྣ་ཆུ་འཛག་པ་དང༌། གྲང་བ་དང༌། ཁ་མངར་བྲོ་བ་རྣམས་ཡིན་ནོ། །དེ་ལ་རླུང་གི་བདག་ཉིད་ཀྱི་དུག་གིས་ཟིན་པ་ལ་ནི་ཏིལ་གྱི་ཚིགས་མས་བྱུག་པ་དང༌། ཏིལ་མར་གྱིས་བསྐུ་བ་དང༌། པུ་ལ་ཀ་ཀ་ལ་སོགས་པའི་སྦུ་བུའི་དུགས་བྱ་བ་དང༌།
ལུས་འཕེལ་ཞིང་ལུས་བརྟ་བའི་ཆོ་ག་རྣམས་བྱས་ན་ཕན་ནོ། །མཁྲིས་པའི་དུག་ནད་ལ་ནི་བསིལ་བའི་ནུས་པ་དང་ལྡན་པ་བླུགས་པ་དང༌། བྱུག་པས་འཇམ་རྩི་བཅད་ཅིང་བཟློག་པར་བྱའོ། །བད་ཀན་གྱི་ཤས་ཆེ་བའི་དུག་ལ་ནི་ཐོག་མར་སྐྱུག་སྨན་བཏང་སྟེ། དུགས་བྱ་བ་དང༌། མཚོན་གྱིས་བཅད་ཅིང་བཞར་ན་ཕན་ནོ། །སྲིན་བུའི་རང་བཞིན་ནད་གཞི་རྣམ་པ་གསུམ་དུ་འགྱུར་བ་དེ་བཞིན་དུ་གསོ་བ་ཡང་དེ་ལྟར་བྱས་ན་ཕན་ནོ། །དུགས་དང༌། བླུགས་པ་དང༌། བྱུག་པ་ལ་སོགས་པ་རྣམས་ཀྱང་ཕལ་ཆེར་དྲོན་པོར་སྦྱར་ན་ཕན་ནོ། །དུག་གིས་ཟིན་པའི་རྨ་གཞན་དུ་མཆེད་ཅིང་རྣགས་པ་དང༌། པགས་པ་རུལ་བ་ལ་ནི་མིའི་སྐྲ་དང༌། ཡུངས་ཀར་སེར་པོ་དང༌། བུ་རམ་རྙིང་པ་རྣམས་སྦྱར་བའི་དུད་པས་བདུགས་ཏེ། དེ་ནི་དུག་ནད་ཐམས་ཅད་ལ་བདུག་པར་བྱ་སྟེ་ཞེས་དྲང་སྲོང་ཆེན་པོ་འདྲོབ་སྐྱོང་གིས་བཤད་དོ། །སྲིན་བུའི་དུག་དང༌། སྡིག་པའི་དུག་མི་བཟད་པ་གཉིས་ལ་ནི་སྦྲུལ་གྱི་དུག་གི་གསོ་བ་བཞིན་དུ་བྱ་སྟེ། དེ་བཞིན་དུ་དུག་འཇོམས་པའི་སྨན་དང༌། གསོ་བ་ཐམས་ཅད་དང༌། སློན་ཁྲུས་ཀྱིས་ལུས་དག་པ་རྣམས་སྤྱད་དོ། །མོན་སྲན་རྡེའུ་དམེ་རུ་དང༌། དུར་བྱིད་ཆ་སྙོམས་ཏེ་མར་དང་སྦྱར་བ་བླུད་ན་སྲིན་བུའི་དུག་གཡོ་བར་མི་འགྱུར་ཏེ། ཇི་ལྟར་རླུང་གིས་གངས་ཏེ་སེ་མི་བསྒུལ་བ་བཞིན་ནོ། །ཤིང་འོ་མ་ཅན་གྱི་ཤུན་པ་བཏགས་པའི་ལྡེ་གུས་ལུས་སྦྱང་བའི་འོག་ཏུ་བསྐུས་ན་སྲིན་བུ་ལས་གྱུར་པའི་དུག་ཐམས་ཅད་འཇོམས་སོ། །གོང་དུ་བཤད་པའི་བྱུག་པ་མཆོག་དེས་བསྐུས་ན་སྐྲངས་པ་དང༌། ན་ཞིང་ཚ་བ་དང་བཅས་པའི་རིམས་ནད་སེལ་བར་བྱེད་དོ། །ཤུ་དག་དང༌། ཤིང་ཀུན་དང༌། བྱི་དང་ག་དང༌། རྒྱམ་ཚ་དང༌། ཧ་ཏི་པི་པི་ལིང་དང༌། པ་ཐ་དང༌། བོང་ང་དཀར་པོ་དང༌། ཚ་བ་གསུམ་དང༌། དེ་རྣམས་ལྷན་ཅིག་སྦྱར་བ་ལ་ནི་ཡན་ལག་བཅུ་པ་ཞེས་བྱ་སྟེ། དེ་ལས་རན་པར་ཟོས་ན་སྲིན་བུའི་དུག་ཐམས་ཅད་ལས་རྒྱལ་བར་བྱེད་དོ་ཞེས་དྲང་སྲོང་འདྲོབ་སྐྱོང་གིས་བཤད་དོ། །སྡིག་པས་ཟིན་པ་ལ་ནི་དེ་མ་ཐག་ཙ་ཀྲ་མར་དའི་འབྲུ་མར་གྱིས་བསྐུའོ། །ཡང་ན་ས་ལ་པར་ཎི་བསྐོལ་བའི་ཁུ་བ་ཆུ་དྲོ་འཇམ་ཙམ་གྱིས་བསྐུ་བ་འམ། ཡང་ན་རྒྱམ་ཚ་མར་དང་བཅས་པས་ཡང་དང་ཡང་བསྐུའོ། །
རང་སྐྱུར་དྲོ་འཇམ་ཙམ་མམ། འོ་མ་དང་བཅས་པའི་ལན་ཚྭས་བསྐུའོ། །མར་བརྔོས་པའི་ནང་དུ་གོ་སྙོད་དང༌། རྒྱམ་ཚ་བཏགས་པའི་ཕྱེ་མས་བཏབ་པའི་ལྡེ་གུས་རྨའི་ཐོན་འཁོར་དུ་དུགས་བྱའོ། །དེ་ནས་རྨའི་སྟེང་དུ་ཞལ་ཞལ་བྱས་ལ། ཡུང་བ་དང༌། རྒྱམ་ཚ་དང། ཚ་བ་གསུམ་དང༌། ཤྲི་ཤའི་མེ་ཏོག་དང༌། འབྲས་བུ་བཏགས་པའི་ཕྱེ་མ་མ་དུ་ལུང་གའི་ཁུ་བ་དང༌། བ་གཅིན་ནམ་ཆང་གི་དངས་མ་དང་སྦྱར་བའི་འདག་གུས་བསྐུའོ། །དེ་བཞིན་དུ་ཏིལ་མར་གྱི་ཚིགས་མ་འམ། བ་ལང་གི་ལྕི་བ་དྲོ་འཇམ་ཙམ་གྱིས་བྱུག་གོ །བཏུང་བ་ནི་མར་དང་སྦྲང་རྩི་དང་བཅས་པ་དང༌། འོ་མ་དང་ཤ་ཁ་ར་ཤས་ཆེར་བཏབ་པ་བླུད་དོ། །ཕུག་རོན་གྱི་རྟུག་པ་དང༌། མར་དང༌། རྒྱ་སྤོས་དང༌། བཅའ་སྒ་དང༌། འདི་རྣམས་ཀྱི་ཕྱེ་མ་ཁ་ལུང་གི་ཁུ་བའི་ནང་དུ་བཏབ་སྟེ་འཐུངས་ན་སྡིག་པས་ཟིན་པའི་དུག་འཇོམས་པའི་མཆོག་ཡིན་ནོ། །རྔ་མོའི་མཆེ་བ་ཆུ་བལ་དང་ལྷན་ཅིག་སྦྱར་བ་ནི་སྡིག་པའི་དུག་འཇོམས་པར་བྱེད་དོ། །ཤིང་ཀུན་དང༌། བ་བླ་ཁ་ལུང་གི་ཁུ་བའི་ནང་དུ་བཏགས་པའི་ལྡེ་གུས་བྱུག་པ་དང༌། མིག་སྨན་དང༌། རི་ལུར་བྱས་ཏེ་བསྟེན་པ་དང་སྡིག་པས་ཟིན་པའི་དུག་འཇོམས་པར་བྱེད་པའི་མཆོག་ཡིན་ནོ། །ཀ་རཉྫ་དང༌། ཨརྫུ་ན་དང༌། ཤེ་ལུ་ན་དང༌། གེ་རི་ཀརྞི་ཀ་དང༌། ཤྲི་ཤའི་མེ་ཏོག་དང༌། འདི་རྣམས་ཞོ་ག་ཆུ་དང་བཅས་པར་བཏགས་པས་བསྐུས་ན་སྡིག་པས་ཟིན་པའི་དུག་འཇོམས་སོ། །གང་མྱོས་ཤིང་རྨུགས་ཤས་བྱེད་པ་དང༌། དབུགས་རྔམ་པ་འཐོན་པ་དང༌། གླལ་བ་དང༌། མི་བཟད་པར་ན་བ་དེ་ལ་ནི། ཨ་རུ་ར་དང༌། ཡུང་བ་དང༌། པི་པི་ལིང་དང༌། བཙོད་དང༌། བོང་ང་དཀར་པོ་དང༌། ན་ལེ་ཤམ་དང༌། བ་སྤྲུ་བ་དང༌། བཀྲུ་སྨན་དང༌། བར་དཀའི་ཁུ་བའི་ནང་དུ་བཏགས་ཏེ་བྱུག་པ་བྱའོ། །དུག་གིས་ཐམས་ཅད་དུ་ཁྲག་ཏུ་ཁྱབ་པ་ལ་ནི་ཞོ་དང༌། མར་བླུད་པ་དང༌། རྩ་ལས་ཁྲག་གཏར་བ་རྣམས་དང༌། སྣ་སྨན་དང༌། མིག་སྨན་ཡང་སྦྱར་རོ། །དྲོ་བ་དང༌། སྣུམ་པ་དང༌། སྐྱུར་བ་དང༌། མངར་བ་དང༌། རླུང་འཇོམས་པའི་ཁ་ཟས་ཀྱང་སྦྱར་རོ། །དོང་གྲ་དང༌། ཁྱིམ་གྱི་ཐི་བའི་རྟུག་པ་དང༌། བ་ལང་གི་ཁུ་བ་དང༌། བ་བླ་དང༌། རྒྱམ་ཚ་དང༌། འདི་རྣམས་སྦྱར་བའི་
ལྡེ་གུའི་དུག་སྨན་འདིས་སྦྲང་མའི་རིགས་ཀྱི་དུག་མྱུར་དུ་འཇོམས་པར་བྱེད་དོ། །སྡིག་པས་ཟིན་པའི་རྨ་དུས་ཕྱི་ཞིག་ན་དུག་གི་གནོད་པ་ཡང་དག་པར་བསྐྱེད་པ་ལ་ནི་རྨ་ལ་བྱུག་པས་བསྐུ་བར་བྱའོ། །ཨུ་ཙི་ཏིང་ག་ཞེས་བྱ་བའི་དུག་གི་ཡང་ཆོ་ག་འདི་བཞིན་དུ་བྱའོ། །གླང་པོ་ཆེའི་རྟུག་པ་དང༌། ཚད་ཏྲ་དང༌། རོ་ཧི་ཤའི་རྩ་བ་དང༌། ཤེ་ལུའི་ཁུ་བ་དང་ལྷན་ཅིག་བསྐུ་བ་དང༌། རི་ལུ་དང་བྱུག་པ་ལ་སོགས་པ་བྱས་ན་སྦྲང་མའི་དུག་འཇོམས་པར་བྱེད་པའི་གཙོ་བོ་ཡིན་ཏེ། ཤྲི་ཤའི་ས་བོན་ཨརྒའི་ལོ་མའི་ནང་དུ་ཕོག་གསུམ་བསྒོས་ཏེ། པི་པི་ལིང་གི་ཕྱེ་མས་བསྲེས་ཏེ་དུག་འཇོམས་པའི་སྨན་འདིས་ནི་སྲོག་ཆགས་གོ་དྷའི་དུག་དང༌། སྦྲུལ་གྱི་དུག་དང༌། སྲོག་ཆགས་ལུ་ཏའི་དུག་དང༌། བྱི་བའི་དུག་དང༌། སྡིག་པའི་དུག་རྣམས་སེལ་བར་བྱེད་དོ། །ཤྲི་ཤའི་ས་བོན་དང༌། ཀ་རཉྫའི་ས་བོན་དང༌། གུར་ཀུམ་དང༌། རུ་རྟ་དང༌། ལྡོང་རོས་དང༌། འདི་རྣམས་ལྷན་ཅིག་སྦྱར་བའི་དུག་འཇོམས་པའི་སྨན་འདི་ནི་རྒྱལ་བ་སངས་རྒྱས་ཀྱིས་གསུངས་ཏེ། སྲིན་བུ་མཚན་མོ་ཅན་དང༌། སྡིག་པའི་དུག་ལུས་ལ་ཁྱབ་པ་གཅིག་ཏུ་སྡུད་པར་བྱེད་དོ། །སྲོག་ཆགས་ཀ་ཏིའི་དུག་པས་ཀྱང་སྲོག་ཆགས་ལུ་ཏའི་དུག་མི་བཟད་པ་ཡིན་ཏེ། དེ་ཡང་སྲོག་ཆགས་ལུ་ཏའི་དབྱེ་བ་ཡང་བཅུ་དྲུག་ཡོད་དོ། །ཞེས་ཁ་ཅིག་འཆད་དོ། །ཁ་ཅིག་ནི་ཉི་ཤུ་རྩ་བརྒྱད་ཡོད་དོ། །ཞེས་ཟེར་རོ། །གཞན་དག་ནི་ཉི་མའི་ཕྱི་བཞིན་འབྲང་ཞིང་སྟོང་ཕྲག་ཙམ་དུ་ཡོད་དོ། །ཞེས་འཆད་དོ། །སྲོག་ཆགས་ལུ་ཏ་ཞེས་བྱ་བ་དེའི་ཚུལ་ནི་གནོད་པ་བྱེད་པར་སྣང་ན་ཡང་མཚན་ཉིད་ནི་དུག་དང་གཅིག་གོ །སྲོག་ཆགས་ལུ་ཏ་དེའི་ལུས་དང་མིང་ཡང་ཤེས་པར་དཀའ་ཞིང་འདྲེས་པ་ཡིན་ཏེ་གནས་སུ་བཞག་པ་ཡང་མེད་དོ། །དེ་བས་ན་ནད་གཞི་ལ་བརྟག་པར་ཤེས་པར་བྱ་སྟེ། དེ་ཡང་ནད་གཞི་རེ་རེ་ལས་གྱུར་པའི་ལུ་ཏའི་དུག་ནི་གསོ་དཀའ་བ་ཡིན་ཏེ། ལུ་ཏའི་ནད་མཁྲིས་པ་ལས་གྱུར་པ་ནི་གསོར་མི་རུང་ངོ༌། །མཁྲིས་པ་ལས་གྱུར་པའི་ལུ་ཏའི་མཚན་མ་ནི་ལུས་ཚ་འུར་འུར་པོར་འདུག་པ་དང༌། འབྲུམ་བུ་གསུམ་འབྱུང་བ་དང༌། རིམས་ཀྱིས་འདེབས་པ་དང༌། རྨོངས་བག་ཏུ་འདུག་པ་དང༌། ཚ་བ་ཆེ་བ་དང༌། མདོག་སེར་ཞིང་དམར་བ་དང༌། རུལ་བ་དང༌། རྒུན་འབྲུམ་གྱི་འབྲས་བུ་འདྲ་བ་ཡིན་ནོ། །བད་
ཀན་ལས་གྱུར་པའི་ལུ་ཏའི་མཚན་མ་ནི་སྲ་བ་དང༌། མདོག་དཀར་བ་དང༌། ཤིང་ཏོག་དང༌། རུ་ཀའི་དབྱིབས་འདྲ་བ་དང༌། གཉིད་ཆེ་བ་དང༌། གྲང་བ་དང༌། རིམས་ཀྱིས་འདེབས་པ་དང༌། ལུད་པ་ལུ་ཞིང་ལྷག་པར་གཡའ་བ་དང་ལྡན་པ་ཡིན་ནོ། །རླུང་ལས་གྱུར་པའི་ལུ་ཏའི་མཚན་མ་ནི་རྩུབ་ཅིང་རུད་རུད་པོར་འདུག་པ་དང༌། མདོག་གནག་པ་དང༌། ཚིགས་རྣམས་བྱེ་བ་སྙམ་བྱེད་པ་དང༌། རིམས་ཀྱིས་འདེབས་པར་བྱེད་པ་ཡིན་ནོ། །སྲོག་ཆགས་ལུ་ཏ་དེའི་རང་རང་གི་དབྱེ་བ་ཡང་ནད་ཀྱི་རྟགས་ལས་ཤེས་པར་བྱ་བ་དང༌། འདུས་པ་ལས་གྱུར་བའི་གསོར་མི་རུང་བའི་ལུ་ཏའི་ནད་ནི་སྙིང་ཚ་འུར་འུར་པོར་འདུག་པ་དང༌། དབུགས་མི་བདེ་བ་དང༌། སྐྱིགས་བུའི་ནད་དང༌། མགོ་འགྱུར་མི་ཤེས་པ་དང༌། འབྲུམ་བུའི་མདོག་དཀར་བ་དང༌། སེར་བ་དང༌། གནག་པ་དང༌། དམར་བ་དང༌། སྐྲང་བ་དང༌། ལུས་འདར་བ་དང༌། སློན་པ་དང༌། ལུས་ཚ་བ་དང༌། སྐོམ་དད་ཆེ་བ་དང༌། ལོང་བར་འགྱུར་བ་དང༌། སྣ་ཡོ་བར་འགྱུར་བ་དང༌། མཆུ་དང་ཁ་དང་སོ་གནག་པར་འགྱུར་བ་དང༌། རྒྱབ་ཀྱི་སྒལ་ཚིགས་དང༌། མགྲིན་པ་ཞིག་པར་འགྱུར་བ་དང༌། ཤིང་འཛམ་བུ་སྨིན་པའི་མདོག་འདྲ་བར་སྣང་བ་དང༌། རྨའི་སྒོ་ནས་ཁྲག་འཛག་པ་དང༌། དེ་ནི་ཕལ་ཆེར་ས་ལས་བྱུང་བའི་སྲོག་ཆགས་ལུ་ཏའི་དུག་ཡིན་པར་ཤེས་པར་བྱ་སྟེ། ས་ལས་བྱུང་བའི་སྲོག་ཆགས་ལུ་ཏ་དེ་ཡང་དུག་ཤིན་ཏུ་རྣོ་བ་དང༌། འབྲིང་དང༌། ཐ་མ་དང༌། རྣམ་པ་གསུམ་དུ་བཤད་དོ། གསོ་བ་མ་བྱས་ཏེ་ཡལ་བར་བོར་ན་ནི་འཆི་བར་འགྱུར་ཏེ། ཞག་བདུན་དང༌། ཞག་བཅུ་དང༌། ཟླ་བ་ཕྱེད་དང་གོ་རིམས་བཞིན་ནོ། །སྲོག་ཆགས་ལུ་ཏས་ཟིན་པའི་རྨ་ཐམས་ཅད་ཀྱང་ཤུ་བའི་འཁོར་ལིང་ལྟ་བུར་སྣང་བ་དང༌། དེ་ཡང་དཀར་བ་དང༌། རྩ་གནག་པ་དང༌། སེར་བ་དང༌། སྔོ་བསངས་སུ་འདུག་པ་དང༌། འཇམ་པ་དང༌། མཐོན་པོར་འདུག་པ་དང༌། རྨའི་དབུས་གནག་པ་དང༌། ཡང་ན་བར་སྔོ་བསངས་སུ་འདུག་པ་དང༌། རྨའི་ཐ་མ་དྲ་བ་ལྟ་བུས་ཁེབས་པ་ཡིན་ནོ། །རྨ་དེ་ཤུ་བ་མཆེད་པ་དང༌། སྐྲང་བ་དང༌། ལུས་ཚ་བ་དང༌། ཟུག་གཟེར་དང་བཅས་པ་དང༌། རིམས་ཀྱིས་འདེབས་པ་དང༌། མྱུར་དུ་སྨིན་ཅིང་རྣགས་པ་དང༌། སོ་སོ་ནས་འགས་པ་དང་ལྡན་པ་དང༌། ལུས་གང་དུ་རྣག་གིས་རེག་
བ་དང་རྨ་སྐྱེད་པར་བྱེད་དོ། །གཞན་དག་ན་རེ་སྲོག་ཆགས་ལུ་ཏའི་དུག་རྣམ་པ་བརྒྱད་དོ་ཞེས་བྱ་བ་ནི་དབུགས་དང༌། མཆེ་བ་དང༌། བཤང་བ་དང༌། གཅི་བ་དང༌། ཁུ་ཆུ་དང༌། སེན་མོ་དང༌། ཁྲག་དང༌། ཁྱད་པར་དུ་ནི་ཁ་ལ་དུག་ཡོད་དོ། །སྲོག་ཆགས་ལུ་ཏའི་དུག་དེ་ལྟེ་བའི་ཕྱོགས་སུ་འབྱུང་སྟེ། ལུས་ཀྱི་གོང་འོག་ཏུ་སྲིན་བུ་འབྱུང་ཞིང་རྨ་སྐྱེད་དེ། དེས་རེག་པའི་གོས་ལ་སོགས་པ་དང་རེག་ན་ཡང་ན་བར་བྱེད་དོ། །དེ་ལ་སྲོག་ཆགས་ལུ་ཏས་ཟིན་པའི་དུག་གི་ཤུགས་དང་པོ་ལ་ནི་ཉི་མ་ཕྱེད་ཀྱི་བར་དུ་ཁབ་ཀྱིས་ཕུག་པ་ཙམ་གྱི་བུ་ག་མང་དུ་སྣང་བ་ཡིན་ནོ། །དེའི་མདོག་རབ་ཏུ་མི་གསལ་བར་སྣང་ཞིང༌། ཅུང་ཟད་གཡའ་བ་དང༌། ན་བ་དང་ལྡན་པར་བྱེད་དོ། །ཞག་གཉིས་པ་ལ་ནི་གོང་མ་ལྟར་སྣང་བའི་བུ་གའི་ནང་དུ་འབྲུམ་བུས་ཁྱབ་པར་སྣང་ཞིང༌། མདོག་གསལ་བ་དང༌། དབུས་མཐོན་པོར་འདུག་པ་དང༌། གཡའ་བ་དང༌། རྨེན་བུ་ལྟར་སྣང་བ་ཡིན་ནོ། །ཞག་གསུམ་པ་ལ་རིམས་ཀྱིས་འདེབས་པ་དང༌། བ་སྤུ་ལངས་པ་དང༌། ཁྲག་མདོག་དམར་བ་འཁོར་ལིང་རྫ་དེབ་ལྟ་བུར་སྣང་བ་དང༌། ཚབས་ཆེར་ན་ཞིང་བ་སྤུའི་ཁུང་བུ་ནས་འཛག་པ་དང་བཅས་པ་ཡིན་ནོ། །ཉིན་ཞག་བཞི་པ་ལ་ནི་ཤས་ཆེར་སྐྲངས་ཤིང་ལུས་ཚ་བ་དང༌། དབུགས་མི་བདེ་བ་དང། མགོ་འཁོར་བར་བྱེད་དོ། །ཞག་ལྔ་པ་ལ་ནི་དུག་འཁྲུགས་པའི་ནད་དེ་དང་དེར་བྱེད་དོ། །ཞག་དྲུག་པ་ལ་ནི་དུག་གི་ཤུགས་གནད་དུ་འབྱུང་བར་བྱེད་པ་ཡིན་ནོ། །ཞག་བདུན་པ་ལ་ནི་སྲོག་འདོར་བར་བྱེད་དོ། །དེ་བཞིན་དུ་དུག་གི་ཤུགས་རྣོ་བ་དང༌། བར་མ་དང༌། ཐ་མའི་དབྱེ་བས་ཞག་བདུན་ནམ། བཅུ་འམ་ཟླ་བ་ཕྱེད་ཀྱིས་འཆི་བར་བྱེད་པ་ཡིན་ནོ། །གལ་ཏེ་འཚོ་བ་ཡིན་ན་ཞག་ཉི་ཤུས་དུག་གི་ཤུགས་རྣམ་པ་ཐམས་ཅད་དུ་ཞི་བར་བྱེད་དོ། །དེ་ནས་སྲོག་ཆགས་ལུ་ཏས་ཟིན་པ་ལ་ནི་མཚོན་གྱིས་མྱུར་དུ་དབྱུང་བར་བྱའོ། །ཤིང་འཛམ་བུ་ལ་སོགས་པ་ཤིང་རྣམ་པ་བརྒྱད་ཀྱིས་བསྲེག་པར་བྱའོ། །མཁྲིས་པ་ཤས་ཆེ་བ་ལ་ནི་མི་བསྲེག་གོ །སྲོག་ཆགས་ལུ་ཏས་ཟིན་པའི་རྨ་ནད་ལ་བརྟེན་ཅིང་གནས་བཅས་ཏེ་སྤུ་འབྱི་བ་དང༌། རྩུབ་པ་དང༌། རྒྱ་ཆེར་སོང་བ་དེ་ནི་བཅད་པ་འམ། བསྲེག་པར་བྱའོ། །གོང་དུ་སྨོས་པའི་དུག་འཇོམས་པའི་སྨན་
བཏགས་པའི་ཕྱེ་མ་རྒྱམ་ཚ་དང༌། སྦྲང་རྩི་དང་བཅས་ཏེ་བསྐུའོ། །ཤིང་འོ་མ་ཅན་བསྐོལ་བའི་ཁུ་བ་གྲང་མོས་བླུགས་པར་བྱའོ། །ལུས་ཀུན་ཏུ་རྨ་དང་ནད་གང་ན་ཡོད་ཀྱང་གཏར་གས་ཁྲག་དབྱུང་བ་དང༌། རྭ་གང་ཡང་རུང་བས་གཏར་ག་བྱའོ། །བྱང་ཆུབ་ཀྱི་ཤིང་དང༌། སྨན་སླེ་མ་ཐང་ཀ་དང༌། བ་རུ་ར་དང༌། བྲི་ཡང་ཀུ་དང༌། སེར་པོ་རྣམ་གཉིས་དང༌། ཤུག་པ་དང༌། དེ་རྣམས་སྦྲང་རྩི་དང་མར་དང་སྦྱར་བ་གྲང་མོས་བླུགས་པ་དང༌། བྱུགས་པ་ལས་ཐམས་ཅད་ལ་སྦྱར་ན་ལུ་ཏ་དང༌། སྲིན་བུ་ཤི་ཏ་ལ་སོགས་པའི་དུག་མ་ལུས་པ་འཇོམས་པར་བྱེད་དོ། །རྨ་ཤིང་དང༌། བཙོད་དང༌། པདྨ་གེ་སར་དང༌། རྒྱ་སྤོས་དང༌། དེ་རྣམས་མར་དང་སྦྲང་རྩི་དང་སྦྱར་བའི་ནང་དུ་ཙམ་པ་ཀས་བསྒོས་ཏེ་བཏང་ན་ཕན་ཡོན་གོང་མ་བས་འཕགས་སོ། །སྨན་གོང་མ་དེ་ཉིད་ཀྱི་ནང་དུ་བ་ལང་གི་ལྕི་ཁུ་དང༌། ཤ་ཁ་ར་དང༌། མར་དང༌། སྦྲང་རྩི་དང་སྦྱར་བ་ཡང་ཕན་ཡོན་གོང་མ་དང་འདྲའོ། །ཨ་པ་མ་རྒ་དང༌། ལྡོང་རོས་དང༌། བ་བླ་དང༌། སྐྱེར་པ་དང༌། བྱ་མ་ཀ་དང༌། བཙག་ཡུག་སྣམ་དང༌། རྒྱ་སྤོས་དང༌། སུག་སྨེལ་དང༌། རུ་རྟ་དང༌། ན་ལེ་ཤམ་དང༌། ཤིང་མངར་དང༌། དེ་རྣམས་མར་དང་སྦྲང་རྩི་དང་སྦྱར་བ་ནི་དུག་འཇོམས་པའི་སྨན་མནད་ར་ཞེས་བྱ་སྟེ། ལྡེ་གུ་ལ་སོགས་པ་བྱས་ཏེ་བཟའོ། །རྒྱ་སྤོས་དང༌། སེང་ཕྲོམ་དང༌། ཤུ་དག་དང༌། པུ་ཙེ་ཤེལ་དང༌། པ་ཐ་དང༌། སུག་སྨེལ་དང༌། གུར་གུམ་དང༌། དེ་རྣམས་དང་ལྷན་ཅིག་སྦྱར་བའི་དུག་འཇོམས་པའི་སྨན་འདི་ནི་ནད་གཞི་མང་པོ་ལ་སྦྱར་བར་བྱ་སྟེ། གནྡྷ་མ་ད་ཞེས་བྱའོ། །ཤིང་མངར་དང༌། པོ་སོན་ཆ་དང༌། ཨ་གོ་ལ་དང༌། ཀོ་ཤ་ཏི་ཀི་དང༌། སིན་དུ་བ་ར་དང༌། དེ་རྣམས་འབྲས་བུ་གསུམ་བསྐོལ་བའི་ཆུ་དང་སྦྱར་ཏེ་འཐུངས་ན། བད་ཀན་ལས་གྱུར་བའི་དུག་ནད་མི་བཟད་པ་ཕྱིར་འབྱིན་ཏེ་སྐྱུག་པར་བྱེད་དོ། །ཤྲི་ཤའི་ལོ་མ་དང༌། རྩ་བ་དང་འབྲས་བུའམ། ཡང་ན་ཨང་གོ་ལའི་ལོ་མ་དང༌། རྩ་བ་དང༌། འབྲས་བུ་དང༌། དེ་གཉིས་གང་ཡང་རུང་བ་འབྲས་བུ་གསུམ་དང་ལྷན་ཅིག་བསྐོལ་བའི་ཁུ་བའི་ནང་དུ། ནི་ལི་ནི་དང༌། དུར་བྱེད་ལ་སོགས་པའི་ཕྱེ་མ་བཏབ་སྟེ་བཀྲུ་སྨན་དུ་སྦྱར་རོ། །སྲོག་ཆགས་ལུ་ཏས་ཟིན་པའི་དུག་ནད་ལ་
ཚ་བ་དང་སྐྲང་བ་ལ་སོགས་པའི་ནད་ཞི་བ་དང༌། པདྨའི་སྙིང་པོ་ཞེས་བྱ་བའི་ནད་རྨའི་ནང་དུ་འབྱུང་སྟེ། དེ་ལ་ནི་དང་པོ་ལེ་བརྒན་རྩིའི་མེ་ཏོག་དང༌། བ་བླ་དང༌། གཙང་སྨན་ཁྲོན་བུ་དང༌། ཐི་བའི་རྟུག་པ་དང༌། དུར་བྱིད་དང༌། རྒྱམ་ཚ་དང༌། དནྟི་དང༌། དེ་རྣམས་སྦྱར་བས་རྨ་ལ་བསྐུས་ན་པདྨའི་སྙིང་པོ་ཞེས་བྱ་བའི་ནད་འབྱིན་པར་བྱེད་དོ། །ཡང་ན་ཨུཏྟ་མ་ཀ་ནི་རིའི་རྩ་བ་དང༌། སྨྱུག་མའི་ཤུན་པ་འམ། ཡང་ན་རྒྱམ་ཚ་དང༌། རུ་རྟ་དང༌། དནྟི་དང༌། པུ་ཙེ་ཤེལ་དང༌། དེ་རྣམས་ཞོ་དང་ལྷན་ཅིག་སྦྱར་བ་འམ། ཡང་ན་ར་ཙ་ཀོ་ཤ་ཏ་ཀིའི་རྩ་བ་དང༌། ཕབས་གཉིས་དར་བ་དང་ལྷན་ཅིག་སྦྱོར་བའམ། སྦྱོར་བ་དེ་དག་གང་ཡང་རུང་བས་བསྐུ་བར་བྱས་ན། པདྨའི་སྙིང་པོ་ཞེས་བྱ་བའི་ནད་འབྱིན་པར་བྱེད་དོ། །དེའི་དུས་སུ་དུག་འཇོམས་པའི་སྨན་གྱིས་ཉམས་བརྟ་བར་བྱ་སྟེ། དེ་ཡང་སྣུམ་གྱི་བྱ་བ་མ་ལུས་པ་དང༌། མར་རྣམས་ལེགས་པར་སྤྱད་དོ། །དུག་གི་ནད་ཀྱིས་ཟིན་པ་ལ་ནི་ཏིལ་མར་བླུད་ཅིང་བསྟེན་ན་དུག་འཕེལ་ཞིང་རྒྱས་པར་འགྱུར་ཏེ་ཇི་ལྟར་རྩྭ་ལ་མེ་མཆེད་པ་བཞིན་ནོ། །བ་ལུ་དང༌། ཀང་ཀ་ཏ་དང༌། ཐལ་ཏྲེས་དང༌། གླ་སྒང་དང༌། ཤ་རྩི་དང༌། སྱོ་ན་ཀ་དང༌། ཉ་ལྕིབས་དང༌། ཨུཏྤལ་སྔོན་པོ་དང༌། རྒྱ་སྤོས་དང༌། ཤིང་མངར་དང༌། ཤིང་ཚ་དང༌། ན་ཀུ་ལི་དང༌། ཤུག་པ་དང༌། པོ་སོན་ཆའི་རྐང་དང༌། དེ་རྣམས་ལྷན་ཅིག་སྦྱར་བ་འམ། ཡང་ན་སྐྱེར་བ་དང༌། འབྲས་གང་དང༌། སརྦ་ལོ་ཙ་ན་དང༌། པི་པི་ལིང་དང༌། བཅའ་སྒ་དང༌། པི་པི་ལིང་གི་རྩ་བ་དང༌། ཙི་ཏྲ་ཀ་དང༌། བ་ར་ན་དང༌། ཨ་ཀ་རུ་དང༌། བིལ་བ་དང། པ་ཏ་ལི་དང༌། ནིམ་པ་དང༌། རུ་རྟ་དང༌། ཤེ་ལུ་དང༌། ནཱ་ག་གེ་སར་དང༌། དེ་རྣམས་ལྷན་ཅིག་སྦྱར་བ་འམ། ཡང་ན་བིལ་བ་དང༌། ཙནྡན་དང༌། རྒྱ་སྤོས་དང༌། ཨུཏྤ་ལ་དང༌། བཅའ་སྒ་དང༌། པི་པི་ལིང་དང༌། ལྕ་མཾ་མ་དང༌། བཅུང་ལྕམ་དང༌། རུ་རྟ་དང༌། ཉ་ཕྱིས་དང༌། ཤལ་མ་ལི་དང། འབྲས་བུ་གསུམ་དང༌། བ་ཏི་ལ་དང༌། ག་བྲའི་རྩ་བ་དང༌། སེན་དུ་བ་ར་དང༌། ཀ་ར་གྷ་ད་དང༌། ཤིང་ཚ་དང༌། དེ་རྣམས་ལྷན་ཅིག་སྦྱར་བ་འམ། སྦྱོར་བ་དེ་དག་གང་ཡང་རུང་བ་བཏུང་བ་དང༌། མིག་སྨན་དང༌། སྣར་བླུགས་པ་དང༌། བྱུག་པ་དང༌། བླུགས་པ་ལ་སོགས་པ་བྱས་ན་དུག་
འཇོམས་པའི་སྨན་གྱི་མཆོག་ཡིན་ཏེ། མཁྲིས་པ་དང༌། བད་ཀན་དང༌། རླུང་ལས་གྱུར་པའི་ལུ་ཏའི་དུག་འཇོམས་པར་བྱེད་དོ། ཅི་ལྟར་ཕོངས་པས་དབང་རྙེད་ན་འབྱོར་པ་འགྲུབ་པ་བཞིན་ནོ། །སེང་ཕྲོ་མ་དང༌། པུ་ཤེལ་ཙི་དང༌། ཤུག་པ་དང༌། པདྨ་གེ་སར་དང༌། ཙནྡན་སེར་པོ་དང༌། ཙནྡན་དམར་པོ་དང༌། པྲི་ཡང་ཀུའི་མེ་ཏོག་དང༌། པ་ཡ་སྱ་དང༌། པདྨའི་རྩ་ལག་དང༌། དེ་རྣམས་སྦྱོར་བ་ཐམས་ཅད་སྦྱོར་བ་ལས་སྦྱར་ན་སྲོག་ཆགས་ལུ་ཏའི་དུག་ཐམས་ཅད་འཇོམས་སོ། །སྲིན་བུའི་དུག་ཅན་དང༌། སྲོག་ཆགས་ལུ་ཏ་ལ་སོགས་པས་ཟིན་པའི་ནད་བརྟགས་པ་དང་གསོ་བའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པ་རྫོགས་སོ།། །།དེ་ནས་བྱི་བ་དང་ཨ་ལང་ཀའི་དུག་གིས་བཟུང་བའི་ནད་དམིགས་བརྟགས་ཤིང་གསོ་བའི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། དེ་ལ་བྱི་བའི་བྱེ་བྲག་ནི་རྣམ་པ་བཅོ་བརྒྱད་ཡོད་དེ། པ་ཙ་ལ་དང༌། པུ་ཊ་ལ་དང༌། ཧ་ས་ན་དང༌། ཙི་གི་རི་དང༌། ཙི་ན་དང༌། ཀ་ཤ་ཡ་དནྟ་དང༌། ཀོ་ཀི་ལ་དང༌། ཀ་བི་ལ་དང༌། ཨ་སི་ཏ་དང༌། ཨ་རུ་ར་དང༌། ས་ཐལ་དང༌། ཤྭེ་ཏ་དང༌། ཀ་པོ་ཊ་དང༌། ཀ་པི་ལུ་དང༌། ཨུན་དུ་ར་དང༌། ཚུ་ཚུན་ད་ར་དང༌། ར་ལ་ས་དང་དེ་རྣམས་ནི་མིང་གི་རྣམ་གྲངས་སོ། །བྱི་བ་དེ་དག་གི་དུག་གིས་ཟིན་པའི་མཚན་མ་ནི། བྱི་བ་དེ་དག་གི་ཁུ་ཆུས་ལུས་ལ་ཕོག་གམ་བྱི་བའི་ཁུ་ཆུས་ཕོག་པའི་གོས་དང་རེག་ཀྱང་རུང་བ་སྟེ། དེས་ལུས་དང་ཡན་ལག་རྣམས་སུ་ཕོག་ཅིང་རེག་པས་ཁྲག་སྐྱོན་དང་བཅས་པར་བྱས་ནས། མདོག་དཀར་བ་དང༌། ཐོར་བུ་དང༌། སྐྲང་བ་དང༌། ཤུ་བ་འཁོར་ལིང་དུ་བྱུང་བ་དང༌། མགོ་འཁོར་བ་དང༌། ཡི་ག་འཆུས་པ་དང༌། ལུས་གྲང་བ་དང༌། རིམས་ཀྱིས་འདེབས་པ་དང༌། རབ་ཏུ་ན་བ་དང༌། ལུས་ཉམས་རྨས་པ་དང༌། འདར་བ་དང༌། ཚིགས་རྣམས་སུ་ཟུག་པ་དང༌། སྤུ་ཟིང་ཞེས་བྱེད་པ་དང༌། རྣག་ཁྲག་འཛག་པ་དང༌། བརྒྱལ་བ་དང། ཡུན་རིང་བ་དང༌། ནད་དང་འབྲེལ་བ་ཡིན་ནོ། །བྱི་བའི་ཕྲུ་གུ་མང་དུ་བླངས་ཏེ། དེའི་སྐྱུག་པ་མི་ལ་རེག་པས་བད་ཀན་དང་འབྲེལ་པའི་ནད་དུ་འགྱུར་ཏེ་དེ་ཡང་སྐོམ་དད་ཆེ་བ་ཡིན་ནོ། །བྱི་བ་འདོད་པ་སྤྱད་ཅིང་དེའི་ཁུ་བས་མི་ལ་རེག་པའི་དུག་ནི་ཡང་དང་ཡང་ལྡང་བ་ཡིན་ཏེ་གསོ་
དཀའ་བ་ཡིན་ནོ། །བརྒྱལ་བ་དང༌། ལུས་སྐྲངས་པ་དང༌། ལུས་མདོག་འགྱུར་ཞིང་དབལ་སྐྱ་བ་དང༌། རྣགས་པ་དང༌། རྣ་བས་སྒྲ་མི་ཐོས་པ་དང༌། རིམས་ཀྱིས་འདེབས་པ་དང༌། མགོ་ལྕི་བ་དང༌། ཁ་ཆུ་དང༌། ཁ་ནས་ཁྲག་སྐྱུག་པའི་མཚན་མ་འབྱུང་ཞིང་གསོར་མི་རུང་བ་ཡིན་ནོ། །དེ་ལ་བྱི་བ་ཚུ་ཚུན་དར་ཞེས་བྱ་བའི་དུག་གིས་ཟིན་པའི་རྟགས་ནི་ཆུ་སོར་སྐྲང་བ་དང༌། མཆུའི་མདོག་འགྱུར་བ་དང༌། བྱི་བ་འདྲ་བར་རྨེན་བུས་ལུས་ལ་ཁྱབ་པ་དང༌། བྱི་བ་ཉིད་ཀྱི་དྲི་བྲོ་བ་དེ་ནི་སྤང་བར་བྱའོ། །བྱི་བའི་དུག་གིས་བད་ཀན་གྱི་ནད་འཁྲུགས་པར་བྱས་ཏེ་སྐྲང་བ་དང༌། འདུ་ཤས་རྒྱུ་བ་འམ། ཡང་ན་མི་རྒྱུ་བ་ལ་བརྟེན་ཏེ་ཁོང་པའི་ནང་དྲོ་བ་དང༌། ལུས་ཟུངས་རྣམས་འཁྲུག་པར་བྱེད་ཅིང་མི་བཟད་པ་དང༌། ཁ་ཆུ་འཛག་པ་དང༌། ལོང་བ་དང༌། འོན་པར་འགྱུར་བ་དང༌། སྐྲང་བ་དེ་ལུས་ཀུན་ཏུ་འཕོ་ཞིང་བྱེར་བ་ཡིན་ནོ། །བྱི་བའི་མཇུག་མ་དང༌། འགྲམ་པ་དང༌། ཕྲག་གོང་དང༌། མགོ་བོ་རྣམས་ལ་གནས་སྐྱོན་པ་དང༌། སྡུག་བསྔལ་གྱི་མགོ་དུད་པ་དང༌། དེ་ལྟ་བུའི་བྱི་བའི་དུག་གིས་ཟིན་པའི་རྨ་ནི་ཚོར་བ་ཆུང་བ་དང༌། ཁྲག་ནག་པོ་འཛག་ཅིང་དེའི་འོག་ཏུ་མིག་གང་མགོ་བོར་ཟུག་པ་དང༌། རིམས་ཀྱིས་འདེབས་པ་དང༌། ལུས་ཁོང་རེངས་པ་དང༌། སྐོམ་དད་ཆེ་བ་དང༌། བརྒྱལ་བ་དང༌། གདུག་པ་ཅན་གཞན་གྱི་མཆེ་བའི་དུག་གིས་ཟིན་པ་ཡང་དེ་བཞིན་དུ་བལྟ་སྟེ། དེ་ཡང་ཅེ་སྤྱང་དང༌། དྲེད་དང༌། གུང་དང༌། སྟག་དང༌། སྤྱང་ཀི་ལ་སོགས་པ་རྣམས་ཀྱིས་ཟིན་ན་ནི། གཡའ་བ་དང༌། ན་ཞིང་ཟུག་གཟེར་དང་བཅས་པར་མདོག་འགྱུར་བ་དང༌། ཚོར་བ་མེད་པ་དང༌། རྣགས་པ་དང༌། གཉིད་ཆུང་བ་དང༌། རིམས་ཀྱིས་འདེབས་པ་དང༌། མགོ་འཁོར་བ་དང༌། ཚ་འུར་འུར་པོར་འདུག་པ་དང༌། མདོག་དམར་བ་དང༌། ན་ཞིང་སྨིན་པ་དང༌། སྐྲང་བ་དང༌། རྨེན་བུ་སྐྱེས་པ་དང༌། ཡན་ལག་འཆུམས་པ་དང༌། རྨ་འགས་པ་དང༌། འབྲུམ་བུ་འབྱུང་བ་དང༌། པདྨའི་སྙིང་ཕོ་ལྟ་བུའི་ནད་འཁོར་ལིང་དུ་འབྱུང་བ་དང༌། མཚན་མ་དེ་དག་དང་ལྡན་ན་ནི་དུག་དང་བཅས་པ་ཡིན་ལ། དུག་མེད་ན་ནི་མཚན་མ་དེ་དག་མི་སྣང་ངོ༌། །སྲོག་ཆགས་ལུ་ཏའི་དུག་གིས་ཟིན་ན་ནི་སྐྱེས་བུ་གང་ཡང་རུང་བ་བཟུང་བ་དེ་ཉིད་ཀྱི་རྗེས་སུ་རྟགས་སྟོན་ཅིང༌།
དེ་མ་ཐག་པ་དང༌། རྒྱུ་མེད་པར་འགྱེལ་བ་དང༌། མེ་ལོང་དང་ཆུ་ལ་སོགས་པའི་ནང་དུ་མཐོང་བ་དང༌། ཆུའི་ནང་དུ་གཞན་གྱིས་མ་བཟུང་བཞིན་དུ་རེངས་པ་འམ། མཐོང་བ་འམ། ཐོས་པ་ཙམ་གྱིས་སྡངས་བ་དེ་ནི་ཆུའི་ནང་དུ་སྡངས་པའི་དུག་ཅེས་བྱ་སྟེ་དེ་ནི་སྤང་བར་བྱའོ། །དེ་ལ་ཐོག་མར་བྱི་བའི་དུག་གིས་བཟུང་བར་འགྱུར་ན་དེ་མ་ཐག་དེའུ་བསྲེག་པར་བྱའོ། །ཡང་ན་མེ་ལོང་བསྲོས་པས་དུགས་བྱའོ། །དེ་ལྟར་མ་བྱས་ན་ནི་པདྨའི་སྙིང་པོ་ཞེས་བྱ་བའི་ནད་ཤིན་ཏུ་མི་བཟད་པ་ཟུག་གཟེར་དང་བཅས་པར་འགྱུར་རོ། །དེ་ལྟར་བསྲེགས་པའི་འོག་ཏུ་ཆུ་སེར་གཟག་གོ །ཡང་མཚོན་གྱིས་ཞལ་ཞལ་བྱས་ལ་དེའི་འོག་ཏུ་ཤྲི་ཤ་དང༌། ཡུང་བ་དང༌། རྒྱ་སྤོས་དང༌། གུར་གུམ་དང༌། སླེ་ཏྲེས་དང༌། དེ་རྣམས་ཀྱིས་བྱུག་པར་བྱའོ། །སོལ་བ་དང༌། ཁྱིམ་གྱི་དུད་པ་དང༌། བཙོད་དང༌། ཡུང་བ་དང༌། རྒྱམ་ཚ་དང༌། དེ་རྣམས་ཀྱིས་བྱུག་པ་བྱས་ན། བྱི་བའི་དུག་ལས་རྒྱལ་བར་བྱེད་པ་དང༌། ཀར་ནི་ཀ་ཞེས་བྱ་བའི་དུག་སེལ་ཏོ། །དེ་ནས་རྨ་ཁ་སྐྱུར་གྱིས་བཀྲུས་ཏེ། དེ་ནས་ཡང་སྨན་གྱིས་བསྐུའོ། །སྨན་པི་ལིང་ཏི་དང༌། ཀརྣ་ཀ་དཀར་པོ་དང༌། བིལ་བའི་རྩ་བ་དང༌། སླེ་ཏྲེས་དང༌། དེ་དག་གང་ཡང་རུང་བ་དང་གཞན་ཡང་དུག་གིས་སྐྲངས་པ་འཇོམས་པའི་སྨན་དང་ལྷན་ཅིག་སྦྱར་ཏེ་བྱུག་པ་བྱས་ལ་རྩ་ལས་ཁྲག་ཀྱང་མྱུར་དུ་དབྱུང་བར་བྱའོ། །སྨན་ནི་ལི་ནི་བསྐོལ་བའི་ནང་དུ་ཤྲི་ཤ་དང༌། རྒྱ་ཤུག་གི་ཕྱེ་མས་བཏབ་སྟེ་སློན་དུ་གཞུག་གོ །ཀོ་ཤ་ཏ་ཀི་དང༌། ཤྲི་ཤ་དང༌། ཛི་ལུ་ཏ་གའི་འབྲས་བུ་དང༌། པོ་སོན་ཆ་དང༌། དེ་རྣམས་ཕྱེ་མར་བྱས་ཏེ། ཞོ་དང་སྦྱར་བ་བླུད་ནས་སློན་དུ་གཞུག་གོ །ཡང་ན་ཤུ་དག་དང༌། པོ་སོན་ཆ་དང༌། ཛི་མུ་ཏ་དང༌། རུ་རྟ་དང༌། དེ་རྣམས་བ་གཅིན་དང་བཏགས་ཏེ། གོང་མ་བཞིན་དུ་བྱས་ལ་བླུད་ན་བྱི་བའི་དུག་འཇོམས་སོ། །བཀྲུ་སྨན་དུ་ནི་ལི་ནི་དང༌། དུར་བྱེད་དང༌། འབྲས་བུ་གསུམ་གྱི་ལྡེ་གུས་འདོད་པ་ཡིན་ནོ། །མགོ་ཁྲུས་ལ་ནི་ཤྲི་ཤ་དང༌། འབྲས་བུ་འདོད་པ་ཡིན་ནོ། །མིག་སྨན་དུ་བའི་ལྕི་བ་བཙིར་བའི་ཁུ་བའི་ནང་དུ་རྩ་བ་གསུམ་གྱི་ཕྱེ་མས་བཏབ་པ་སྦྱར་རོ། །བ་ལང་གི་ལྕི་ཁུའི་དུ་ཀ་པིད་ཏའི་ཕྱེ་མ་དང༌། སྦྲང་རྩི་དང་སྦྱར་བས་ལྡེ་གུར་བཟའོ། །མོན་སྣེའུ་ད་མེ་རུའི་རྩ་བ་མར་དང་ལྷན་ཅིག་བསྐོལ་ཏེ་བཏུང་བར་
བླུད་ན་ཕན་ནོ། །སེར་པོ་རྣམ་གཉིས་དང༌། གེ་རི་ཀརྞི་ཀ་དང༌། བཙོད་དང༌། ཤིང་མངར་དང༌། སླེ་ཏྲེས་དང༌། དེ་རྣམས་མར་དང་སྦྱར་བའི་བཏུང་བ་སྦྱར་ནས་ཡང་བཟའོ། །ཡང་ན་ཐལ་ཏྲེས་ཀྱི་རྩ་བ་མར་དང་བསྐོལ་བ་འམ། ཡང་ན་ཀ་པིད་ཏ་རྣམ་ལྔ་མར་དང་ལྷན་ཅིག་བསྐོལ་བ་གང་ཡང་རུང་བ་བཏུད་བར་བླུད་ན་ཕན་ནོ། །སིནྡྷུ་ར་དང༌། རྒྱ་སྤོས་དང༌། ཤི་ཀྲུ་དང༌། བིལ་བའི་རྩ་བ་དང༌། བ་སྤྲུ་བ་དང༌། ཤུ་དག་དང༌། གཟེ་མ་དང༌། ཛི་མུ་ཏ་རྣམས་བསྐོལ་བའི་ཁུ་བའི་ནང་དུ་སྦྲང་རྩི་དང་ལྡན་པར་བླུད་དོ། །ཁ་ཟས་སུ་ནི་འབྲས་སཱ་ལུའི་ཆན་ཞོ་དང་ལྷན་ཅིག་ཟོས་ན་བྱི་བའི་དུག་གིས་ཉམ་ཐག་པ་སེལ་ཏོ། །ཤ་ར་ཕུང་ཀའི་རྩ་བ་ས་བོན་བཏགས་པའི་ཕྱེ་མ་དར་བ་དང་སྦྱར་བ་བཏུང་ངོ༌། །ཨངྐོ་ལའི་རྩ་བ་བཏགས་པར་ཐུག་གི་གཅིན་དང་སྦྱར་བའི་འདག་གུས་བསྐུ་བ་དང༌། བཏུང་བར་སྦྱར་ན་ནི་བྱི་བའི་དུག་ཐམས་ཅད་འཇོམས་སོ། །ཀ་པིད་ཏའི་སྙིང་པོ་དང༌། ཤིང་ཏི་ལ་ཀ་དང༌། ཏིལ་དང༌། མ་ཀོ་ལའི་རྩ་བ་རྣམས་ཀྱི་ཕྱེ་མ་བ་གཅིན་དང་སྦྱར་བ་བླུད་དོ། །ཡང་ན་ཤིང་ཏི་ལ་ཀ་བཏགས་པའི་ཕྱེ་མ་འོ་མ་དང་སྦྱར་བ་བླུད་དོ། །ཡང་ན་ཤེ་རྒྱ་ཀའི་རྩ་བ་སྦྲང་རྩི་དང་སྦྱར་བ་འབྲས་བཀྲུས་པའི་ཆུ་དང་སྦྱར་བ་བླུད་དོ། །ཡང་ན་ཁུ་བ་ཁ་བའི་སྣོད་ཀྱི་ནང་དུ་ཆུ་ཞག་གཅིག་སྦྱར་བ་བླུད་པར་བྱའོ། །སིན་དུ་བ་རའི་རྩ་བ་དང༌། བྱི་བའི་རུས་པ་དང༌། རྒྱ་སྤོས་དང༌། བོང་ང་དཀར་པོ་རྣམས་ཆུ་ལ་བཏབ་སྟེ། སྣར་བླུགས་པ་ལ་སོགས་པ་བྱས་ན་བྱི་བའི་དུག་སེལ་བར་བྱེད་དོ། །བྱི་བའི་དུག་དེའི་ལྷག་མ་ལུས་པ་ན་དུས་ཕྱིས་ནད་གཞི་རྣམས་ཇི་ལྟ་ཇི་ལྟར་སྐྱེད་པའི་དུས་དེ་དང་དེའི་ཚེ་དུག་དེ་ཡང་རྗེས་སུ་འཕེལ་ཞིང་སྐྱེ་བར་འགྱུར་ཏེ། དེ་ལ་ནི་གནས་སྐབས་བརྟགས་ཏེ། ནད་གཞི་རང་རང་གི་དུག་གསོ་བ་ཇི་ལྟ་བ་བཞིན་དུ་འཇོམས་པའི་སྨན་གྱིས་གསོ་བ་ཡང་དེ་ལྟར་སྦྱར་རོ། །ཨ་ལ་ཀ་ཞེས་བྱ་བའི་དུག་གིས་བཟུང་བ་ལ་ནི་མར་བསྐོལ་བས་རྨ་བསྲེག་པར་བྱའོ། །གོང་དུ་སྨོས་པའི་དུག་འཇོམས་པའི་སྨན་གྱི་ལྡེ་གུས་བསྐུས་ཏེ། མར་རྙིང་པ་བཏུང་བར་བླུད་དོ། །ཨརྒའི་འོ་མ་དང་ལྡན་པའི་བཀྲུ་སྨན་ཡང་མྱུར་དུ་བྱའོ། །ཨང་ཀོ་ལའི་རྩ་བ་བྱང་ཕྱོགས་སུ་ཟུག་པ་དེ་བཏུས་ལ་བསྐོལ་བའི་ཁུ་བའི་ནང་དུ་འབྲས་
བུ་གསུམ་དང༌། ཤིང་པི་པི་ལིང་དང༌། ཕྱེ་མར་བཏབ་བ་བླུད་དོ། །ཡང་ན་ལང་ཏང་རྩེའི་འབྲས་བུ་དང༌། གེ་རི་ཀརྞི་དང༌། བ་སྤྲུ་བ་རྣམས་བསྐོལ་བའི་ཁུ་བ་བླུད་དོ། །ཏིལ་བཏགས་པའི་ལྡེ་གུ་དང༌། རུ་ཤ་དང༌། ལྕགས་ཕྱེ་དང༌། འོ་མ་དང༌། བུ་རམ་བསྲེས་པ་བླུད་ན། ཨ་ལ་ཀའི་དུག་མི་བཟད་པ་ཡང་འཇོམས་པར་བྱེད་དོ། །ཇི་ལྟར་སྤྲིན་གྱི་ཚོགས་རླུང་གིས་གཏོར་བ་བཞིན་ནོ། །ཨ་ལ་ཀའི་དུག་གིས་ཟིན་པའི་མི་ལ་ནི་གྲུབ་པའི་སྔགས་དང༌། སྨན་དང༌། རིན་པོ་ཆེ་དང་ལྡན་པས་ལུས་བཀྲུ་བར་བྱའོ། །སྲོག་ཆགས་རྐང་བཞི་པ་དང༌། རྐང་བཞི་པའི་སོ་དང་སེན་མོའི་ནང་དུག་ཡོད་པས་བཟུང་ན་སྨས་པར་འགྱུར་ཏེ། དེས་སྐྲངས་པ་དང༌། སྨིན་པ་དང༌། མདོག་དམར་བ་དང༌། ཚ་བ་སྐྱེས་པ་དང༌། ཆུ་སེར་འཛག་པ་དང༌། ནད་དང་བཅས་པ་ལ་ནི་སོ་མ་བལ་ཀ་དང༌། ཨ་ཤ་གར་ན་དང༌། ཁ་ལ་བ་གོ་ཛི་ཧ་དང༌། ཧ་ན་ས་པ་ཏི་ཀ་དང་སེར་པོ་རྣམ་གཉིས་དང༌། བཙག་དང༌། དེ་རྣམས་ཀྱི་ལྡེ་གུས་རྨ་ལ་བསྐུས་ན། སེན་མོ་དང༌། སོ་ལས་གྱུར་པའི་དུག་འཇོམས་སོ། །བྱི་བ་དང༌། ཨ་ལ་ཀའི་དུག་གིས་བཟུང་བའི་ནད་དམིགས་བརྟགས་ཤིང་གསོ་བའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པ་རྫོགས་སོ།། །།སྨན་དཔྱད་ཡན་ལག་བརྒྱད་པ་ལས་དུག་གསོ་བ་བཤད་ཟིན་ཏོ།། །།དེ་ནས་བཅུད་ཀྱིས་ལེན་གྱི་ཆོ་གའི་ལེའུ་བཤད་པར་བྱ་སྟེ། དེ་ལ་བཅུད་ཀྱིས་ལེན་ཞེས་བྱ་བ་ནི། ཚེ་རིང་བ་དང༌། དྲན་པ་དང༌། ཡིད་གཞུངས་པ་དང༌། ནད་མེད་པ་དང༌། ན་ཚོད་གཞོན་ནུར་གྱུར་པ་དང༌། གཟི་མདངས་སྐྱེད་པ་དང༌། སྐད་གསལ་བ་དང༌། ལུས་དང་དབང་པོ་རྣམས་ཀྱི་སྟོབས་སྐྱེ་བ་དང༌། ངག་གྲུབ་པ་དང༌། རོ་ཙ་བར་འགྱུར་བ་དང༌། སྙིང་དུ་སྡུག་པ་རྣམས་ཐོབ་པར་བྱེད་པ་རྣམས་ཡིན་ནོ། །དེ་ལ་ཅིའི་ཕྱིར་བཅུད་ཀྱིས་ལེན་ཞེས་བྱ་ཞེ་ན། བཅུད་ལ་སོགས་པ་ཉམས་པ་དེ་ཐོབ་པར་བྱེད་པའི་ཐབས་ནི་བཅུད་ཀྱིས་ལེན་ཞེས་བྱའོ། །དེ་སྒྲུབ་པ་ཡང་ན་ཚོད་དང་པོ་དང༌། བར་མ་ལ་གཡུལ་ལས་རྒྱལ་བའི་བདག་ཉིད་ཅན་གྱི་ས་བསྒྲུབ་པར་བྱའོ། །ཐོག་མར་བཅུད་ཀྱིས་ལེན་བསྒྲུབ་པར་འདོད་ན། དང་པོ་རྣམ་པ་ཐམས་ཅད་དུ་སྣུམ་ཆོས་དང་ཁྲག་གཏར་བ་དང༌།
སློན་ཁྲུས་ཀྱིས་ལུས་དག་པར་བྱ་བ་གཅེས་སོ། །གལ་ཏེ་སློན་ཁྲུས་ཀྱིས་ལུས་མ་དག་ཅིང་ཆོ་ག་ལོག་པར་བཅུད་ཀྱིས་ལེན་གྱིས་དང་པོ་རོ་ཙ་བར་བྱེད་པའི་ཆོ་ག་སྒྲུབ་པར་བྱེད་ན་ནི་འབྲས་བུ་དོན་མེད་དེ། ཇི་ལྟར་དྲི་མ་དང་བཅས་པའི་རས་ལ་རི་མོ་འདྲི་བ་འབྲས་བུ་མེད་པ་བཞིན་ནོ། །དེ་ལ་བཅུད་ཀྱིས་ལེན་གྱི་སྦྱོར་བ་བསྒྲུབ་པ་ལ་རྣམ་པ་གཉིས་སུ་དྲང་སྲོང་རྣམས་ཀྱིས་བཤད་དོ། །དེ་ཡང་ཁང་པ་རླུང་དང་ཉི་མ་ས་མ་ཕོག་པའི་གནས་སུ་འདུག་པ་དང༌། རླུང་དང་ཉི་མ་ལྷགས་པའི་གནས་གཉིས་ལས་གོང་མ་མཆོག་ཡིན་ན། ཁང་བ་བྱ་བ་དེ་ཡང་རླུང་མེད་པ་དང༌། འཇིགས་པ་མེད་པ་དང་ཡང་ཐོག་གི་ནང་དུ་ཞལ་ཞལ་ལ་སོགས་པས་ལེགས་པར་བསྟར་ཏེ། ཡོ་བྱད་རྣམས་དང༌། སྨན་པ་མཁས་པས་ཡང་ཡོ་བྱད་དང་བཅས་པ་ཉེ་བར་བསགས་ལ། ཁང་པ་ཡང་དབང་ལྡན་གྱི་ཕྱོགས་སུ་ཁ་བལྟས་ཏེ། གནས་ཤིས་པར་བྱ་བ་དང༌། ཁང་པ་སྦྲེལ་མ་གསུམ་དུ་བྱས་ཏེ་སྐར་ཁུང་ཤིན་ཏུ་ཕྲ་བར་བཏོད་དོ། །དེ་ཡང་དུ་བ་དང༌། ཉི་མ་དང༌། རུལ་བ་དང༌། སྲོག་ཆགས་གདུག་པ་དང༌། བུད་མེད་དང༌། གླེན་པ་སོགས་མི་བགྲོད་པའི་གནས་སུ་བྱའོ། །དེ་ནས་དེའི་འོག་ཏུ་ཉིན་ཞག་ཤིས་པ་ལ་ཡང་ཕྱི་རོལ་གྱི་ལུས་ཀྱི་ཁྲུས་གཙང་སྦྲ་བྱ་སྟེ། མཆོད་པར་འོས་པ་རྣམས་ལ་མཆོད་དེ་ཁང་པ་དེར་འདུག་པར་བྱའོ། །དེ་ནས་སློན་ཁྲུས་ཀྱིས་ལུས་སྦྱངས་ནས་ཉམས་སྟོབས་བདེ་བར་སྐྱེས་པ་དང༌། ཚངས་པར་སྤྱོད་པ་དང༌། བློ་བརྟན་པ་དང༌། དད་པ་དང་ལྡན་པ་དང༌། གཡུལ་ལས་དབང་པོ་རྣམས་རྒྱལ་བར་བྱ་བ་དང༌། སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་ལ་གནས་པ་དང༌། བདེན་པ་དང༌། བརྟུལ་ཞུགས་དང༌། ཆོས་བཞིན་དུ་སྤྱོད་པ་དང༌། ལྷ་རྗེས་སུ་དྲན་པ་དང༌། གཉིད་ལོག་པ་དང༌། མི་ལོག་པའི་ཚོད་ཙམ་ཤེས་ཤིང་རིག་པར་སྤྱོད་པ་དང༌། སྨན་ལ་དགའ་ཞིང་དེས་པ་དང་ལྡན་པའི་གང་ཟག་གིས་བཅུད་ཀྱིས་ལེན་བརྩམ་པར་བྱའོ། །དེ་ཡང་ཐོག་མར་སྣུམ་ཆོས་དང་དུགས་བྱས་པའི་སྐྱེས་བུས་བཀྲུ་སྨན་དང༌། ཨ་རུ་ར་དང༌། སྐྱུ་རུ་ར་དང༌། རྒྱམ་ཚ་དང༌། བཅའ་སྒ་དང༌། ཤུ་དག་དང༌། ཡུང་བ་དང༌། པི་པི་ལིང་དང༌། བྱི་དང་ག་དང༌། བུ་རམ་དང༌། དེ་རྣམས་ཆུ་དྲོན་
དང་སྦྱར་བས་བཀྲུ་སྨན་དུ་བྱའོ། །ཁྲུས་དེ་ལེགས་ཏེ་ལུས་དག་པ་དང༌། ཐུག་བ་རྐྱང་རྐྱང་པོ་ལ་སོགས་པ་དང་ཁ་ཟས་ཀྱི་རིམ་པ་སྦྱར་ཏེ། དེ་ཡང་ཞག་གསུམ་མམ་ལྔ་འམ་བདུན་གྱི་བར་དུ་མར་དང་བཅས་པར་སྦྱོར་རོ། །ཡང་ན་ཡ་བ་ཀ་ཞེས་བྱ་བའོ་མ་དང་ནས་རྙིང་པའི་ཕྱེ་མ་སྦྱར་བ་ལུས་དག་བའི་འོག་ཏུ་སྦྱིན་ནོ། །དེ་ལྟར་ལྟོ་བ་ལེགས་པར་སྦྱངས་ནས་བཅུད་ཀྱིས་ལེན་གྱི་སྦྱོར་བ་ལ་འཇུག་པར་བྱ་སྟེ། དེ་ཡང་སྨན་པ་མཁས་པ་མང་པོས་གང་དང་གང་ལ་སྨན་གོམས་ཤིང་རིག་པས་བརྟགས་ཏེ་སྦྱར་རོ། །ཨ་རུ་རྡོག་མ་སྟོང་དང། དེའི་སུམ་འགྱུར་གྱི་སྐྱུ་རུ་ར་དང༌། རྩ་བ་ལྔ་པ་སྤྱི་ལ་སྲང་ཉིས་བརྒྱ་དང༌། སྨན་དེ་རྣམས་སྤྱིའི་བཅུ་འགྱུར་གྱི་ཆུ་དང་བསྐོལ་ཏེ། ལྷག་མ་བཅུ་ཆ་གཅིག་ལུས་པ་དང༌། ཨ་རུ་ར་དང༌། སྐྱུ་རུ་ར་དང༌། རྩ་བ་ལྔ་པ་སོ་སོར་ཕྱུང་སྟེ། སྐྱུ་རུ་ར་དང༌། ཨ་རུ་ར་བརྡུངས་པའི་རུས་པ་ཕྱུང་སྟེ་བོར་བའི་ཤུན་པ་ཁུ་བའི་ནང་དུ་བཅུག་སྟེ། དེའི་ནང་དུ་ཤིང་ཚ་དང༌། སུག་སྨེལ་དང༌། གདུར་དང༌། སྐྱེར་པ་དང༌། པི་པི་ལིང་དང༌། ཨ་ཀ་རུ་དང༌། ཙནྡན་དང༌། སྨན་རྒྱ་ཀ་པརྞི་དང༌། ཀ་ན་ཀ་དང༌། ཤ་ཀ་པུཥྤ་དང༌། ཤུ་དག་དང༌། བླ་བ་དང༌། ཤིང་མངར་དང༌། བྱི་དང་ག་དང༌། དེ་རྣམས་སྲང་བཞི་བཞི་བཏགས་པའི་ཕྱེ་མ་དང༌། ཁར་དཀར་པོ་སྲང་བརྒྱ་ཕྲག་བཅུ་གཅིག་དང༌། མར་སྲང་སུམ་བརྒྱ་བརྒྱད་ཅུ་རྩ་བཞི་དང༌། ཏིལ་མར་སྲང་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་དང༌། དེ་རྣམས་ལྷན་ཅིག་བསྐོལ་ཏེ་ལྡེ་གུ་ཙམ་དུ་གྱུར་པ་དང༌། ཕྱིར་ཕྱུང་ལ་བསྒྲངས་པའི་ནང་དུ་སྦྲང་རྩི་སྲང་སུམ་བརྒྱ་ཉི་ཤུ་བཅུག་ལ་ཁ་གཟར་གྱིས་དཀྲུགས་ཏེ། རྫ་མ་སྣུམ་ཅན་གྱི་ནང་དུ་བཅུག་ལ་ཁ་ཟས་ཞུ་བའི་འོག་ཏུ་དེ་ལས་ཐུན་རབ་འབྲིང་གསུམ་དུ་བཤད་པ་ལས་ཐུན་ཅི་རན་ཞིག་གཏང་བར་བྱའོ། །དེ་ནས་སྨན་དེ་ཞུ་བའི་ཚོད་ཙམ་ན། འབྲས་དྲུག་ཅུ་པ་དང་འོ་མར་སྦྱར་བ་ཁ་ཟས་སུ་བཟའོ། །དེ་ལྟར་བཤད་པའི་བཅུད་ཀྱིས་ལེན་འདི་ཚངས་པས་བསྟན་པ་ཡིན་ཏེ། དྲང་སྲོང་བི་ག་ན་སྭ་ཞེས་བྱ་བ་དང༌། བལ་ཁྱི་ལྱ་ཞེས་བྱ་བ་དང༌། དེ་བཞིན་དུ་ཡང་གཞན་ཡང་དྲང་སྲོང་དཀའ་ཐུབ་ཅན་མང་པོས་བསྒྲུབས་ཏེ། དེ་ཡང་སྙོམ་པ་དང༌། ངལ་ཞིང་དུབ་པ་དང༌། གཉེར་མ་དང༌། སྐྲ་དཀར་
དང་དེ་རྣམས་ཀྱི་ནད་སེལ་ཞིང༌། ཡིད་གཞུངས་པ་དང༌། དྲན་པ་གསལ་བ་དང༌། སྟོབས་དང་ལྡན་པ་དང༌། ཚེ་ཡང་དཔག་ཏུ་མེད་པ་འཚོ་བར་འགྱུར་རོ། །ཨ་རུ་ར་དང༌། སྐྱུ་རུ་ར་རྡོག་མ་སྟོང་དང༌། པི་པི་ལིང་འབྲུ་སྟོང་དང༌། རྒྱ་སྐྱེགས་ཤིང་གཞོན་ནུའི་ཐལ་བ་ཆུ་དང་སྦྱར་ཏེ་བཙགས་པའི་ཁུ་བ་སྣོད་ཀྱི་ནང་དུ་བཅུག་སྟེ། ཨ་རུ་ར་དང༌། པི་པི་ལིང་རྣམས་དེའི་ནང་དུ་སྦངས་ཏེ་གྲིབ་མ་ལ་སྐམས་ཏེ་ཕྱེ་མར་བྱས་པ་དེའི་བཅུ་འགྱུར་གྱི་ཁ་ར་དཀར་པོ་དང༌། བཞི་འགྱུར་གྱི་མར་དང༌། སྦྲང་རྩི་དང་དེ་རྣམས་མར་སྣོད་ཀྱི་བུམ་པའི་ནང་དུ་བཅུག་སྟེ། ས་བརྐོས་བའི་ནང་དུ་ཟླ་བ་དྲུག་བཞག་ལ་དེ་ནས་ཕྱུང་སྟེ། མེ་དྲོད་ཇི་ལྟ་བ་བཞིན་དུ་ནང་བར་སྨན་བཟའ་སྟེ། ཁ་ཟས་ཀྱང་ལེགས་པར་སྦྱར་བ་རྟག་ཏུ་བསྟེན་ཅིང༌། སྨན་མ་ལུས་པར་ཟོས་ན་ལོ་བརྒྱ་འཚོ་ཞིང་ནད་མེད་པ་དང༌། སྐྲ་དཀར་མེད་པ་དང༌། ལུས་ཀྱི་ཉམས་སྟོབས་འཕེལ་ཞིང༌། ཁྱད་པར་དུ་དྲན་པ་གསལ་བ་དང༌། ཡིད་གཞུངས་པར་འགྱུར་རོ། །རྒྱ་སྐྱེགས་ཤིང་རློན་པ་སྔོན་པོའི་ཐོར་ཏོ་བཅད་དེ་ནང་ཁྲུ་གཉིས་བརྐོས་པའི་ནང་དུ་སྐྱུ་རུ་ར་སར་བ་ལེགས་པར་སྨིན་པས་བཀང་སྟེ། ཕྱི་རོལ་ཀུན་ནས་རྩྭ་ཀུ་ཤས་དཀྲིས་ལ་པདྨ་སྐྱེས་པའི་འདམ་གྱིས་ཕྱི་རོལ་ནས་བསྐུས་ཏེ། རླུང་མེད་པའི་གནས་སུ་བའི་ལྕི་བའི་མེས་བསྲེགས་ལ་བཙོས་ཏེ། དེ་ནས་སྐྱུ་རུ་ར་ཆོས་པ་དང༌། སྐྱེས་བུ་དེས་མར་དང༌། སྦྲང་རྩི་དང་བཅས་པ་ཡོག་ཚད་དུ་བཟའ་ཞིང༌། བཏུང་བར་ནི་འོ་མ་བསྐོལ་བ་ཅི་འདོད་པ་བླུད་དེ། དེ་ལྟར་ཟླ་བ་གཅིག་གི་བར་དུ་ཁ་ཟས་གཞན་མི་ཟ་བར་དེ་ཉིད་ཀྱིས་ལུས་གསོ་བར་བྱ་སྟེ། གཞན་ཡང་སྤང་བར་བྱ་བ་ནི་སྤངས་ལ། ཆུ་གྲང་མོ་ནི་འབད་པ་དང་བཅས་བས་ལུས་དང༌། ལག་པས་ཀྱང་རེག་ཏུ་མི་རུང་སྟེ་བསྲུང་ངོ༌། །དེ་ལྟར་ཚུལ་བཞིན་བསྟེན་ན་ཞག་བཅུ་གཅིག་འདས་པ་དང༌། སྐྲ་དང༌། སོ་དང༌། སེན་མོ་རྣམས་ལྷགས་པར་འགྱུར་རོ། །ཇི་སྟེ་ཉིན་ཞག་ཉུང་དུ་སྤྱད་ན་ཡང་གཟུགས་བཟང་ཞིང་བུད་མེད་ལ་ཕོད་པ་དང༌། གླང་པོ་ཆེའི་སྟོབས་དང་འདྲ་བ་ཐོབ་སྟེ། ཁྱད་པར་དུ་ཡིད་གཞུངས་པ་དང༌། སྟོབས་དང་ལྡན་པ་དང༌། བློ་ཆེ་བ་དང༌། སྙིང་སྟོབས་དང་ལྡན་པར་འགྱུར་ཏེ། ལོ་སྟོང་གི་བར་དུ་འཚོ་
བར་འགྱུར་རོ། །རྩ་བ་བཅུ་པ་དང༌། བ་བླ་དང༌། གླ་སྒང་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། ཨུཏྤ་ལ་དང༌། འདབ་མ་རྣམ་གཉིས་དང༌། པི་པི་ལིང་དང༌། མེ་ཤ་ཏི་གི་དང༌། མེད་རྣམ་གཉིས་དང༌། ལྕ་བ་དང༌། ཛི་བནྟི་དང༌། སུག་སྨེལ་དང༌། ཨ་ཀ་རུ་དང། རྒུན་འབྲུམ་དང༌། པུཥྐར་མཱུ་ལ་དང༌། ཟུར་བ་དང༌། བ་སྤྲུ་བ་དང༌། ཀ་ཀོ་ལ་རྣམ་གཉིས་དང༌། སླེ་ཏྲེས་དང༌། ཨ་རུ་ར་དང༌། བི་ད་རི་དང༌། བ་ཤ་ཀའི་རྩ་བ་དང༌། འདི་རྣམས་སྲང་རེ་རེ་ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང༌། སྐྱུ་རུ་ར་རྡོག་མ་ལྔ་བརྒྱ་ཙམ་དང་ལྷན་ཅིག་བསྐོལ་ཏེ། བཞི་ཆ་སྲང་ཉི་ཤུ་ལུས་པ་ལས་སྨན་དེ་བཙགས་ནས་སྐྱུ་རུ་རའི་རུས་པ་ཕྱུང་སྟེ། སྣོད་ཀྱི་ནང་དུ་བཅུག་ནས་མར་སྲང་དྲུག་དང་ཏིལ་མར་སྲང་དྲུག་བརྔོས་ཏེ་ཤ་ཁ་ར་སྲང་ལྔ་བཅུ་དང༌། སྨན་གོང་མ་དེ་རྣམས་ལྷན་ཅིག་བསྐོལ་ནས་ལྡེ་གུར་བྱས་པ་དང༌། གྲང་བའི་ནང་དུ་སྦྲང་རྩི་སྲང་དྲུག་དང༌། སྨིག་རྐང་སྲང་བཞི་དང༌། པི་པི་ལིང་སྲང་གཉིས་དང༌། དྲི་རྣམ་བཞི་ཞོ་གཉིས་དང༌། དེ་རྣམས་ཀྱི་ཕྱེ་མ་བཏབ་སྟེ་ལྡེ་གུར་བྱས་པ་ཁང་པའི་ནང་དུ་འདུག་པ་ནས་ཐུན་རན་པར་བཟའ་ཞིང་ཕན་པའི་ཟས་དང་བཅས་པ་ནི་དྲང་སྲོང་རྩ་བ་ནས་བསྟན་པ་ཡིན་ནོ། །མིང་ཡང་རྩ་བ་ནའི་བཅུད་ཀྱིས་ལེན་ཞེས་བྱ་སྟེ། དྲང་སྲོང་དེ་སྔོན་རྒས་འཁོགས་པར་གྱུར་པ་ལས་བུད་མེད་རྣམས་ཀྱི་མིག་ཟིམ་བར་བྱེད་པ་དང༌། དབུགས་མི་བདེ་བ་དང༌། རིམས་དང༌། གློ་སྙིང་གི་ནད་དང༌། དྲེག་ནད་དང༌། གཅིན་དང༌། ཁུ་ཆུ་ལ་གནས་པའི་ནད་དང༌། སྐད་འགགས་པ་དང༌། དེ་བཞིན་དུ་ཉམས་སྟོབས་སྐྱེ་བ་དང༌། གློ་འགྲམས་པ་དང༌། གློ་ཉམས་པ་དང་གཅོད་ཟད་བྱེད་ཀྱིས་ལུས་སྐམས་ཤིང་ཉམ་ཆུང་བ་དང༌། འཕེལ་བ་བྱེད་པ་དང༌། དྲན་པ་དང༌། ཡིད་གཞུངས་པ་དང༌། གཟི་མདངས་སྐྱེད་པ་དང་ནད་མེད་ཅིང་ཚེ་རབ་ཏུ་འཕེལ་བ་དང༌། རླུང་ལུགས་སུ་འབྱུང་བ་དང༌། བུད་མེད་རྣམས་ལ་ཤིན་ཏུ་དགའ་བ་སྐྱེད་པའི་ནུས་པ་དང་ལྡན་པ་དང༌། སྟོབས་སྐྱེད་པ་དང༌། དབང་པོ་རྣམས་གསལ་བར་བྱེད་པ་དང༌། ཆོ་ག་བཞིན་དུ་བྱས་ན་མེའི་དྲོད་ཀྱང་སྐྱེད་པར་བྱེད་དོ། །ཤིང་མངར་དང༌། སྨིག་རྐང་དང༌། པི་པི་ལིང་དང༌། རྒྱམ་ཚ་དང༌། ལྕགས་གང་ཡང་རུང་བ་རེ་རེ་དང་
ཡང་ན་གསེར་ཉི་ཚེ་དང༌། ཤུ་དག་དང༌། མར་དང༌། སྦྲང་རྩི་དང༌། ཁ་ར་དཀར་པོ་དང༌། འདི་རྣམས་གང་ཡང་རུང་བ་དང་ལྡན་པར་འབྲས་བུ་གསུམ་གྱི་བཅུད་ཀྱིས་ལེན་ཟླ་བ་གཅིག་གི་བར་དུ་བསྟེན་ན་ནད་ཐམས་ཅད་འཇོམས་པར་བྱེད་དོ། །དྲན་པ་དང༌། ཡིད་གཞུངས་པ་དང༌། བློ་སྐྱེད་བར་བྱེད་དོ། །མན་དུ་ཀ་པར་ཎི་རང་གི་ཁུ་བའི་ནང་དུ་ཤིང་མངར་གྱི་ཕྱེ་མ་བཏབ་སྟེ། མེའི་དྲོད་ཇི་ལྟ་བ་བཞིན་དུ་འོ་མ་དང་ལྷན་ཅིག་སྦྱར་བར་བྱའོ། །སླེ་ཏྲེས་བསྐོལ་བའི་ཁུ་བའི་ནང་དུ་སླེ་ཏྲེས་ཀྱི་མེ་ཏོག་དང༌། རྩ་བའི་ཕྱེ་མ་བཏབ་པ་དང༌། ཤང་ཁ་པུཥྤ་བསྐོལ་བའི་ནང་དུ་དེ་ཉིད་ཀྱི་རྩ་བ་དང༌། མེ་ཏོག་གི་ཕྱེ་མ་བཏབ་པ་སྦྱར་ན་ཚེ་སྦྱིན་པར་བྱེད་པ་དང༌། ནད་འཇིག་པར་བྱེད་པ་དང༌། སྟོབས་དང༌། མདོག་དང༌། མེའི་དྲོད་དང༌། སྐད་གསལ་བར་བྱེད་པ་དང༌། ཡིད་གཞུངས་པར་བྱེད་པ་དང༌། བཅུད་ཀྱིས་ལེན་གྱི་སྦྱོར་བ་ལ་དེ་དག་ལས་ཁྱད་པར་དུ་ཤང་ཁ་པུཥྤའི་སྦྱོར་བ་བསྟེན་པར་བྱའོ། །སྤངས་མ་དང༌། པུ་ཙེ་ཤེལ་དང༌། པ་ཡ་སྱ་དང༌། ཤིང་མངར་དང༌། ཙནྡན་དང༌། ཐལ་ཏྲེས་དང༌། ཤུ་དག་དང༌། འབྲས་བུ་གསུམ་དང༌། ཚ་བ་གསུམ་དང༌། སེར་པོ་རྣམ་གཉིས་དང༌། པ་ཏོ་ལའི་རྩ་བ་དང༌། རྒྱམ་ཚ་དང༌། འདི་རྣམས་ལེགས་པར་བཏགས་ཏེ། མར་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང༌། ཤང་ཁ་པུཥྤ་བསྐོལ་བའི་ཁུ་བ་སྲང་སྟོང་ལྔ་བརྒྱ་སུམ་ཅུ་རྩ་དྲུག་འོ་མ་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་ཉེ་བར་སྦྱར་བར་གྱུར་ན་གླེན་པ་ཡིན་ན་ཡང་ཚིག་ལ་དབང་བ་དང༌། ཐོས་པ་འཛིན་པ་དང༌། སྤོབས་པ་ཆེ་བ་དང༌། ནད་མེད་པར་འགྱུར་རོ། །པདྨའི་རྩ་བ་དང༌། རྩ་ལག་དང༌། པདྨ་གེ་སར་རྣམས་འོ་མ་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་གསེར་གྱི་བུམ་པའི་ནང་དུ་བཅུག་པ་དེ་ནི་པདྨ་རྣམ་ལྔའི་བཅུད་ཀྱིས་ལེན་ཞེས་བྱའོ། །ཞེས་ས་སྟེང་ཀུན་ཏུ་གྲགས་སོ། །དེ་ལ་ཚུལ་བཞིན་བསྟེན་ན་སྐྱེས་བུའི་ཉམས་འཇིག་པ་དང༌། ཟད་པ་ཡང་སྐྱེད་པར་བྱེད་དོ། །ཨུཏྤ་ལའི་སྡོང་བུ་དང༌། རྩ་བ་དང༌། ལོ་མ་དང༌། གེ་སར་མར་དང་འོ་མ་དང་ལྷན་ཅིག་བསྐོལ་ཏེ་མར་ལུས་པ་ལས་དེ་གསེར་གྱི་སྣོད་ཀྱི་ནང་དུ་བཅུག་པ་དེ་ཡང་ཨུཏྤ་ལ་རྣམ་པ་ལྔ་ཞེས་བྱ་བའི་སྦྱོར་བ་ཞེས་ས་སྟེང་ཀུན་ཏུ་གྲགས་པའི་སྦྱོར་བ་གཉིས་པ་ཡིན་ཏེ། བྱོལ་
སོང་བ་ལང་ཡང་ཡིད་གཞུངས་བར་བྱེད་ན་སྐྱེས་བུ་མི་རྣམས་ལྟ་སྨོས་ཀྱང་ཅི་དགོས། བྲམྷི་དང༌། ཤུ་དག་དང༌། རྒྱམ་ཚ་དང༌། ཤང་ཁ་པུཥྤ་དང༌། གནྡྷ་དཱུར་བ་དང༌། བྲམྷི་དང༌། སོ་བར་རྩ་བ་དང༌། བྱི་ཤལ་དང༌། པི་པི་ལིང་དང༌། འདི་རྣམས་རེ་རེ་ཡང་ནས་གསུམ་གསུམ་ཅམ་གྱི་ཚད་ཅམ་དང༌། གསེར་ནས་འབྲུའི་ཚད་ཙམ་དང༌། དུག་ཏིལ་འབྲུ་ཙམ་དང༌། འདི་རྣམས་ཞིབ་མོར་བཏགས་ཏེ། མར་སྲང་གཅིག་དང་སྦྱར་བའི་ལྡེ་གུ་བལྡགས་ཏེ། ཞུ་བའི་ཚོད་ཙམ་ན་ཁ་ཟས་མར་ཤས་ཆེ་བ་སྦྲང་རྩི་དང་ལྡན་པ་ཟོས་ལ་ཚུལ་དེ་བཞིན་དུ་ཉིན་རེ་བཞིན་ལོ་གཅིག་གི་བར་དུ་བསྟེན་ན་བློ་བརྟན་པ་དང༌། དྲན་པ་དང༌། ཡིད་གཞུངས་པ་དང༌། རྒ་བས་ཟིལ་གྱིས་གནོན་པ་དང༌། ནད་ཀྱིས་ཟིལ་གྱིས་ནོན་པ་དང༌། སྒྱིད་སྐྱུར་བ་དང༌། སྙོམ་པ་དང༌། ངལ་བ་དང༌། དུབ་པ་དང༌། ནད་མེད་ཅིང་ལོ་བརྒྱ་བརྒྱ་ཡོངས་སུ་རྫོགས་པར་འཚོ་བར་འགྱུར་རོ། །དཔལ་དང༌། གཟི་བརྗིད་དང༌། མདངས་དང་ལྡན་པ་དང༌། ལྷག་པར་མཛེ་དང༌། ཤ་བཀྲ་དང༌། སྐྲན་དང༌། དུག་དང༌། རིམས་དང༌། སྨྱོ་བྱེད་དང༌། དབྱིག་དུག་དང༌། དམུ་རྫིང་རྣམས་ལས་ཟློག་པར་བྱེད་དོ། །སྲིད་སྲུང་གི་རིག་བྱེད་ལ་སོགས་པས་སྐྱེད་པར་བྱེད་པའི་གཤེད་བྱེད་ཀྱི་གནོད་པ་དང༌། ཤིན་ཏུ་སྟོབས་ཆེ་བའི་རླུང་གི་ནད་ཀྱང་འདིས་ཞི་བར་བྱེད་དོ། །སྟོན་དང་པོའི་དུས་སུ་སྨན་ན་ག་བ་ལའི་རྩ་བ་སྐར་མ་རྒྱལ་དང་ལྡན་པའི་དུས་སུ་ཕྱུང་སྟེ། དེ་ལས་ཞོ་གཉིས་གཉིས་ཀྱི་ཕྱེ་མ་ཐུན་ཚད་ཙམ་འགམས་ལ། དེའི་འོག་ཏུ་འོ་མ་བླུད་པ་འམ། ཡང་ན་མར་དང་སྦྲང་རྩི་དང་ལྡན་པའི་ལྡེ་གུ་བལྡག་ཅིང་ཁ་ཟས་གཞན་མི་ཟ་བར་འོ་མ་ཉི་ཚེས་གསོ་བར་བྱ་སྟེ། དེ་བཞིན་དུ་སྦྱོར་བ་ལོ་གཅིག་གི་བར་དུ་བྱས་ན་སྟོབས་དང་ལྡན་ཞིང་ལོ་བརྒྱ་འཚོ་བར་བྱེད་དོ། །གཟེ་མའི་འབྲས་བུ་སྐྱེ་བའི་དུས་སུ་རྩ་བ་དང་བཅས་པ་བཏུས་ཏེ། གྲིབ་མ་ལ་སྐམས་ལ་དེ་ལེགས་པར་ཕྱེ་མར་བྱས་ནས་གཟེ་མ་རང་བསྐོལ་བའི་ཁུ་བས་སྤངས་ནས་ཐུན་ཆེ་ཚད་དུ་བཟའ་བར་བྱའོ། །དེའི་འོག་ཏུ་བཏུང་བར་འོ་མ་དེ་ཉིད་དང་འབྲས་སཱ་ལུ་ཁ་ཟས་སུ་སྦྱིན་ཏེ། དེ་ལྟར་བྱས་པ་ནི་གཟེ་མའི་ཕྱེ་མ་སྲང་བརྒྱ་བའི་སྦྱོར་བ་ཞེས་བྱ་སྟེ། དེ་ལས་ཞག་རེ་སྲང་གཉིས་ཟོས་ན་གཟུགས་བཟང་བ་དང༌། སྐལ་བ་དང་ལྡན་
པ་དང༌། ལོ་བརྒྱ་ཐུབ་པ་དང༌། འདོད་པ་སྤྱོད་པ་དང༌། ཇི་ལྟར་ནོག་རྒྱས་པ་དང༌། ཁྱུ་མཆོག་གིས་བ་ལང་གི་ཁྱུ་ལ་འཇུག་ནུས་པ་བཞིན་ནོ། །སྨན་བར་ཧིའི་ཤུན་ཕྲགས་དང་ཕྲལ་བ་རྩ་བ་ཤིན་ཏུ་རློན་པ་བརྡུངས་པ་འོ་མ་དང་སྦྱར་བཟོས་ན་དེ་ཞུ་བའི་ཚོད་ཙམ་ན་ཁ་ཟས་གཞན་མི་བཟའ་བར་འོ་མ་ཉི་ཚེ་བླུད་པ་འམ། ཡང་ན་སྨན་བ་ར་ཧིའི་རྩ་བ་དེ་ཉིད་རང་གི་ཁུ་བ་བསྐོལ་བའི་ནང་དུ་ལེགས་པར་སྤངས་ཏེ། མར་དང༌། སྦྲང་རྩི་དང་ལྷན་ཅིག་སྦྱར་བའི་ལྡེ་གུ་སྦྱིན་པ་འམ། ཡང་ན་སྨན་བར་ཧི་བསྐོལ་བའི་ཁུ་བའི་ནང་དུ་དེ་ཉིད་ཀྱི་ཕྱེ་མ་དང་ཟོས་ན། མར་རྣམས་ལྷན་ཅིག་བསྐོལ་བའི་མར་ལུས་པ་བླུད་དོ། །ཆོ་ག་བཞིན་དུ་སྨན་བི་ད་རི་དང༌། བ་ལ་དང༌། ཨ་ཏི་བ་ལ་དང༌། ཤིང་མངར་དང༌། ཀ་ཀ་མ་ཙི་དང༌། ཛི་བནྟི་དང༌། ར་སྣ་དང༌། ཨ་རུ་ར་དང༌། སྐྱུ་རུ་ར་དང༌། སྠི་ར་སྟེ། ས་ལ་པར་ཎི་དང༌། སླེ་ཏྲེས་དང༌། མནྡུ་ཀ་པརྞི་དང༌། ཤང་ཁ་པུཥྤ་དང༌། ཨ་ཤྭ་གནྡྷ་དང༌། ཉེའུ་ཤིང་དང༌། འདི་རྣམས་གང་ཡང་རུང་བ་རེ་རེ་ཆོ་ག་གོང་མ་བཞིན་དུ་སྦྱར་ན་ཡང༌། ཡིད་གཞུངས་པ་དང༌། བློ་དང་རྒས་སྲ་ཞིང་ན་ཚོད་བརྟན་པ་དང༌། ཉམས་བདེ་བ་དང་སྟོབས་སྦྱིན་པར་བྱེད་དོ། །ཙི་ཏྲ་ཀའི་མེ་ཏོག་སེར་པོ་དང༌། དཀར་པོ་དང༌། ནག་པོ་ནི་རང་རང་གི་མེ་ཏོག་གི་མདོག་ཇི་ལྟ་བ་བཞིན་དུ་ཙི་ཏྲ་ཀ་སེར་པོ་དང༌། དཀར་པོ་དང༌། ནག་པོ་ཞེས་བྱ་བ་ཡིན་ཏེ། བཅུད་ཀྱིས་ལེན་གྱི་ཆོ་ག་བཞིན་དུ་སྤྱད་ན་ཕན་ཡོན་ཕས་ཀྱི་རིམ་བཞིན་དུ་ཆེ་བ་ཡིན་ཏེ། དེ་ནས་ཙི་ཏྲ་ཀའི་རྩ་བ་ཕྱུང་ལ་གྲིབ་སྐམས་སུ་བྱས་ནས་བཏགས་པའི་ཕྱེ་མའི་ཞུན་མར་དང་སྦྲང་རྩི་འམ་འོ་མ་འམ་ཆུ་གང་ཡང་རུང་བ་ལས་ལྡེ་གུ་བྱས་ནས་བལྡགས་ཏེ། དེའི་འོག་ཏུ་ཕན་པའི་ཟས་དང༌། དེ་ལྟར་ཟླ་བ་གཅིག་གི་བར་དུ་བསྟེན་ན་ནད་མེད་ཅིང་ལོ་བརྒྱ་འཚོ་བ་དང༌། ཡིད་གཞུངས་པ་དང༌། སྟོབས་དང་ལྡན་པ་དང༌། ལུས་མདངས་དང་ལྡན་པ་དང༌། མེའི་དྲོད་འབར་བར་འགྱུར་རོ། །ཏིལ་མར་དང་ལྡེ་གུར་བྱས་ཏེ་ཟླ་བ་གཅིག་གི་བར་དུ་བསྟེན་ན། རླུང་ནད་གསོ་དཀའ་བ་ཡང་འཇོམས་པར་བྱེད་དོ། །གཅིན་དང་ལྷན་ཅིག་སྦྱར་ནས་འཐུངས་ན་མཛེ་འཇོམས་པར་བྱེད་དོ། །དར་བ་དང་ལྷན་ཅིག་འཐུངས་ན་གཞང་འབྲུམ་སེལ་ཏོ། །གོ་བྱེ་ལེགས་པར་སྨིན་པར་དཔྱིད་ཀྱི་དུས་སུ་འབྲུའི་ཕུང་པོའི་ནང་དུ་བཅུག་སྟེ། དགུན་གྱི་དུས་སུ་ཕྱུང་ལ་སྨན་མངར་བ་དང༌། སྣུམ་པ་དང༌། བསིལ་
བ་དང་ནུས་པ་དང་ལྡན་པས་ལེགས་པར་སྦྱར་ཏེ་སྨན་དེའི་བརྒྱད་འགྱུར་གྱི་ཆུ་དང་གོ་བྱེ་རྡོག་མ་བརྒྱད་བསྐོལ་ཏེ། ཁུ་བ་བརྒྱད་ཆ་ལུས་པ་དང༌། འོ་མ་དང་ལྷན་ཅིག་སྦྱར་བ་གྲང་མོ་བླུད་དེ། དེ་ལྟར་བསྐོལ་བའི་ཁུ་བ་རིམ་པར་ཞག་བདུན་གྱི་བར་དུ་ཉིན་རེ་བཞིན་རེ་རེས་བསྐྱེད་ལ། དེ་ནས་ཞག་བདུན་གྱི་བར་དུ་རེ་རེས་དབྲི་ཞིང་བརྒྱད་དུ་ཕྱིན་པ་དང༌། དེ་ནས་ཞག་བདུན་གྱི་བར་དུ་འབྲུ་རེ་རེས་བསྐྱེད་དེ། ཉི་ཤུ་རྩ་གཅིག་ལོན་པ་དང༌། དེའི་འོག་ཏུ་གོ་བྱེའི་འབྲུ་གོང་མ་བརྒྱད་ཀྱི་སྟེང་དུ་གོ་བྱེའི་འབྲུ་གསུམ་གསུམ་གྱིས་ཞག་རེ་རེ་བསྐྱེད་ཅིང་དབྲི་བ་ཡང་གོང་མ་ལྟར་ཞག་ཉི་ཤུའི་བར་དུ་བྱའོ། །དེ་ལྟར་གོ་བྱེའི་འབྲུ་བཞི་བརྒྱའི་བར་དུ་དབྲི་ཞིང་བསྐྱེད་པར་བྱའོ། །དེའི་འོག་ཏུ་ཞག་བདུན་གྱི་བར་དུ་གོང་མ་བརྒྱད་པའི་སྟེང་དུ་འབྲུ་མར་བདུན་བདུན་གྱིས་བསྐྱེད་ཅིང་དབྲི་བ་ཡང་ཞག་བདུན་གྱི་བར་དུ་བསྐྱེད་པ་ཡང་ཞག་བདུན་གྱི་བར་དུ་བྱས་ཏེ། བསྐྱེད་པའི་ཚུལ་གྱིས་འབྲུ་སྟོང་རྫོགས་ཀྱི་བར་དུ་ཡང་བྱའོ། །ཁ་ཟས་ཟ་བའི་ལུགས་ནི་མར་དང༌། འོ་མ་དང༌། འབྲས་དྲུག་ཅུ་པ་སྦྱིན་ནོ། །དེ་བཞིན་དུ་སྨན་གྱི་སྦྱོར་བ་དེ་ཡང་བདུན་དང་གསུམ་གཅིག་གི་བར་དུ་ཡང་མར་འབྲི་བ་དང༌། བསྐྱེད་པའི་གོ་བྱེའི་སྦྱོར་བ་ཡང་དེ་ལྟར་ཤེས་པར་བྱའོ། །སྔོན་ལེགས་པར་སྨོན་པ་ཐོབ་པ་ཡང་ཁྱད་པར་དུ་མེའི་དྲོད་འབར་བ་དང༌། གཅིན་སྲིབ་ཡང་སྲིན་བུའི་ནད་དང༌། མཛེ་ནད་དང༌། གཞང་འབྲུམ་གྱི་ནད་དང༌། ཚིལ་ནད་རྣམས་སེལ་བར་བྱེད་དོ། །གོ་བྱེའི་འབྲས་བུ་སྐྱོན་མེད་པ་བརྡུངས་ཏེ་ཞིབ་ཏུ་བཏགས་པ་ས་བརྐོས་པའི་ནང་དུ་བུམ་པ་བཞག་སྟེ། དེའི་ཁར་བུམ་པ་ཞབས་སུ་བུ་ག་ཕུག་པ་ཞིག་བཞག་སྟེ། བུམ་པ་སྟེང་མའི་ནང་དུ་བ་ལ་ཏ་ཀའི་ཕྱེ་མ་བཅུག་ལ་ས་ནག་པོའི་འཇིམ་པས་ཁ་དང་མཚམས་ཐམས་ཅད་བསྐུས་ཏེ། བ་ལང་གི་ལྕི་བ་སྐམ་པོའི་མེས་བཙོས་ཏེ། ཚོས་པ་དང༌། དེའི་ཁུ་བ་བུམ་པ་འོག་མའི་ནང་དུ་འཛག་པར་འགྱུར་བ་དང༌། དེ་བླངས་ནས་དེའི་བརྒྱད་འགྱུར་གྱི་སྦྲང་རྩི་དང༌། ཉིས་འགྱུར་གྱི་མར་དང་སྦྱར་བའི་ལྡེ་གུ་འདི་ཡང་སྦྱོར་བར་བྱའོ། །ཆོ་ག་གོང་མ་བཞིན་དུ་ཁ་ཟས་ལ་སོགས་པ་བསྟེན་ན་ཕན་ཡོན་གོང་མ་དང་འདྲའོ། །གོ་བྱེའི་འབྲས་བུ་སྨིན་ཅིང་རྒྱས་པ་རང་ལྷུང་བ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་བར་ཚད་ཙམ་སོ་ཕག་ཕྱེ་མར་བྱས་པ་ཞིབ་མོ་བོར་བའི་རྩིང་པོ་དང༌། ཆུས་མཉེ་
ཤིང་བཀྲུ་སྟེ། དེ་ནས་གོ་བྱེ་རླུང་ལ་སྐམས་ཏེ་ཆམ་ཆོམ་བརྡུངས་ལ། ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་བསྐོལ་ཏེ། བཞི་ཆ་ལུས་པ་དང་ཕྱུང་ལ་བཙགས་ཏེ། ཚིགས་མ་བོར་ལ་གྲངས་པའི་ཁུ་བ་དེ་དང་འོ་མ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང༌། ཡང་བསྐོལ་ཏེ་ཁུ་བ་དུ་ཞིང་འོ་མ་ལུས་པ་དང༌། དེ་དང་མཉམ་པའི་མར་དང་ཡང་བསྐོལ་ཏེ་འོ་མ་ཟད་ཅིང་མར་ཉི་ཚེ་ལུས་པ་དང༌། ཤ་ཁ་རའི་ཕྱེ་མ་ཅི་འདོད་པ་བཏབ་སྟེ། གཅིག་ཏུ་གྱུར་པ་དེ་ཁ་གཟར་གྱིས་དཀྲུགས་ཏེ། འབྲུའི་ཕུང་པོའི་ནང་དུ་ཞག་བདུན་གྱི་བར་དུ་སྦངས་ལ། བཅུད་ཀྱི་བདུད་རྩི་དང་འདྲ་བར་གྱུར་པ་དང༌། སྐྱེས་བུ་གང་གིས་ནང་རེ་དེ་ལས་རན་བར་བསྟེན་ཅིང་བཟའ་སྟེ། དེའི་འོག་ཏུ་ཆུ་འམ་འོ་མ་དང༌། ཤ་ཁུ་ཚིམ་ཚད་དུ་བླུད་ལ། དྲན་པ་དང༌། ཡིད་གཞུངས་པ་དང༌། བློ་གྲོས་དང༌། སྟོབས་དང་ལྡན་པ་དང༌། སྙིང་སྟོབས་དང་ལྡན་པ་དང༌། གསེར་གྱི་རི་བོ་འདྲ་བར་མདོག་དཀར་སེར་དུ་འགྱུར་ཞིང་ཚེ་རིང་བ་དང༌། འཚོ་བ་ཡུན་རིང་དུ་གནས་པར་འགྱུར་རོ། །ཆུ་སྲང་ལྔ་བརྒྱ་རྩ་བཅུ་གཉིས་དང༌། བ་ལ་ཏ་ཀ་གཤེགས་པ་སྲང་སུམ་བརྒྱ་དང་ལྷན་ཅིག་བསྐོལ་བའི་ཁུ་བ་ལུས་པར་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང༌། དེ་དང་མཉམ་པའི་ཏིལ་མར་རྣམས་སྣོད་ཀྱི་ནང་དུ་བཅུག་སྟེ། ཏིག་ཏ་དང༌། ངོད་ང་རྣམ་གཉིས་དང༌། འབྲས་བུ་གསུམ་དང༌། བྲག་ཞུན་དང༌། སྐྱེར་ཁཎྜ་དང༌། འདི་རྣམས་ཀྱི་ཕྱེ་མ་བཏབ་སྟེ། ཡང་བསྐོལ་ཏེ་མར་ལུས་པ་ལས་རན་པར་བསྟེན་ན་མཛེ་ནད་ཐམས་ཅད་འཇོམས་པའི་མཆོག་ཡིན་ནོ། །ཡང་གོ་བྱེ་དང་ལྷན་ཅིག་སྐྱུ་རུ་ར་དང༌། ཞོའི་སྤྲིས་མ་དང༌། ཏིལ་མར་དང༌། བུ་རམ་དང༌། འོ་མ་དང༌། ནས་ཕྱེ་དང༌། ཏིལ་དང༌། སྦྲང་རྩི་དང༌། ཏིལ་བཏགས་པའི་ཕྱེ་མའི་ལྡེ་གུ་དང༌། མོན་སྲན་སྡེའུ་ལ་སོགས་པའི་ཚོད་མ་དང༌། འདི་རྣམས་གང་ཡང་རུང་བ་སྲང་གཅིག་བསྟེན་པ་དང༌། གོ་བྱེའི་བཅུད་ཀྱིས་ལེན་ཞེས་བྱ་བ་སྟེ། ལུས་སྐྱེ་བར་བྱེད་པ་དང༌། ཡིད་གཞུངས་པར་བྱེད་པ་དང༌། ཚེ་རིང་བར་བྱེད་པའི་མཆོག་ཡིན་ནོ། །གོ་བྱེའི་འབྲས་བུ་ནི་ཤིན་ཏུ་རྣོ་བ་ཡིན་ཏེ། ཁོང་དུ་ཞུ་བའི་དུས་ན་མེ་དང་མཉམ་པ་ཡིན་ལ། ཆོ་ག་ཇི་ལྟ་བ་བཞིན་དུ་སྦྱར་ན་ནི་བདུད་རྩི་དང་འདྲ་བ་ཡིན་ནོ། །བད་ཀན་ལས་གྱུར་པའི་ནད་དང་རྗེས་སུ་འབྲེལ་བའི་ནད་གང་ཡང་གོ་བྱེའི་ནད་དང༌། སྦྱོར་བ་འདིས་མི་སེལ་བ་གཅིག་ཀྱང་མེད་དེ་ལྷག་པར་ཕོ་བའི་མེ་དྲོད་
མྱུར་དུ་སྦྱིན་པར་བྱེད་པ་དང༌། དེ་ལྟར་བཅུད་ཀྱིས་ལེན་གྱི་ཆོ་ག་བྱེད་པའི་དུས་སུ་རླུང་དང་ཚད་པར་འདུག་བ་ཁྱད་པར་དུ་སྤང་བར་བྱའོ། །དེ་བཞིན་དུ་རྒྱ་སྲན་ཀུ་ལད་ཐ་དང༌། ཞོ་དང༌། ཚྭ་དང༌། ཏིལ་མར་གྱིས་ལུས་བསྐུ་བ་དང༌། མེ་ལ་བསྟེན་པ་རྣམས་སྤང་བར་བྱའོ། །ཤིང་དུ་བ་རི་ཀ་ཞེས་བྱ་བ་ནུབ་ཕྱོགས་ཀྱི་རྒྱ་མཚོ་དང༌། ཕྱི་རོལ་གྱི་ངོགས་ན་སྐྱེ་སྟེ། དེའི་ལོ་མ་དང༌། འབྲས་བུ་རླུང་གིས་བསྐྱོད་པ་ལས་ཤིང་བསྒུལ་ཏེ། འབྲས་བུ་དང༌། ལོ་མ་རྒྱ་མཚོའི་ནང་དུ་ལྷུང་བ་དང༌། དེ་ཆུ་རླབས་ཀྱིས་ཚུ་རོལ་གྱི་འགྲམ་དུ་འོངས་པ་དང༌། དེ་དབྱར་སྤྲིན་བྱུང་བའི་དུས་སུ་ལེགས་པར་སྨིན་པ་བླངས་ལ། འབྲས་བུ་དེའི་ཤུན་པ་བོར་ཏེ་བསྐམས་ལ་བཏགས་པའི་ཕྱེ་མ་ཏིལ་བཙིར་བ་འམ། ལེ་བརྒན་རྩི་བསྐོལ་ཏེ་མར་ཕྱུང་ལ། ཏུ་པ་རིའི་འབྲས་བུའི་མར་ཡང་དེ་ལྟར་བྱུང་སྟེ། དེ་ཆུ་དང་བསྐོལ་ཏེ་ཆུ་དུ་མར་ཉི་ཚེ་ལུས་པ་དང་ཕྱིར་ཕྱུང་ལ་བའི་ལྕི་བའི་ནང་དུ་ཟླ་བ་ཕྱེད་ཀྱི་བར་དུ་བསྐམས་ལ་བཞག་སྟེ་ཕྱུང་ལ། དེའི་འོག་ཏུ་ཐོག་མར་སྣུམ་ཆོས་དང༌། དུགས་བྱས་ལ་ལུས་ཀྱི་དྲི་མ་དག་པར་བྱས་ཏེ། དེ་ནས་ཞག་བཞི་པའི་བར་དུ་འབྲས་ཆན་ཟོས་ལ་ནང་རེ་བཞིན་གོང་མའི་མར་ལས་ལག་མཐིལ་གང་ཙམ་བླུད་ལ་སྦྱིན་ཁར་སྔགས་འདི་བགྲང་བར་བྱའོ། །མན་ཛཱ་ས་མ་ར་མ་ཧཱ་བཱི་ཧྱ། བ་སརྦ་དྷ་དུ་བི་ཤྭ་དྷ་ཡ། ཤམ་ཁ་ཙཀྲ་ག་དྷ་པ་ཎི་སྟན་ཨཱག་མྱ་བ་ཡ་ཏི་ཛུ་ཏ། དེ་ལྟར་བྱས་པའི་འབྲུ་མར་དེ་ལན་ཅིག་འཐུངས་པས་ཀྱང་ལུས་སྟོད་སྨད་ཀྱི་ནད་ཐམས་ཅད་སེལ་བར་བྱེད་དོ། །དེ་ལྟར་ཞག་ལྔའི་བར་དུ་འཐུངས་པའི་འོག་ཏུ་དགོངས་ཀ་སྣུམ་དང་ཚྭ་མེད་པའི་ནས་ཐུག་གྲང་མོ་བླུད་དེ། ཟླ་བ་ཕྱེད་ཀྱི་བར་དུ་སྲན་མུངྒའི་ཁུ་བཅུད་དང་བཅས་པའི་ཁ་ཟས་ཟོས་ལ་སྤང་བར་འོས་པ་རྣམས་སྤངས་ན། མཛེ་ནད་ཐམས་ཅད་འཇོམས་སོ། །ཡང་ན་ཏུ་པ་རིའི་མར་དང༌། དེའི་སུམ་འགྱུར་གྱི་སེང་ལྡེང་གི་ཁུ་བ་དང་གོང་མ་བཞིན་བསྐོལ་ཏེ། བསྒྲུབས་ལ་ཟླ་བ་གཅིག་གི་བར་དུ་བསྲུང་བ་ལ་སོགས་པའི་ཆོ་ག་ལེགས་པར་བྱ་སྟེ། ཁ་ཟས་གཞན་མི་བཟའ་བ་དང༌། བསྐུ་བྱུག་ལ་སོགས་པ་སྦྱར་ཏེ། སྐྱེས་པུ་མཛེ་ནད་ཅན་རྣམས་ཀྱིས་སྦྱོར་བ་འདི་བསྒྲུབ་པར་བྱའོ། །འོ་མའི་སྦྱོར་བ་ཡང་སེང་ལྡེང་གི་ཁུ་བ་མ་གཏོགས་པ་མར་དང་སྦྲང་རྩི་
དང་ལྡན་པ་བཏུང་ཞིང་ཁ་ཟས་སུ་ཤ་ཁུ་ཉི་ཚེ་འཐུངས་ན་ལོ་ཉིས་བརྒྱ་ཐུབ་པར་འགྱུར་རོ། །མར་དེ་ཉིད་ཀྱིས་སྣ་སྨན་དུ་ཞག་ལྔ་བཅུའི་བར་དུ་སྦྱར་ན་ལུས་ཉམས་སྟོབས་དང་ལྡན་པ་དང༌། ཐོས་པ་འཛིན་པ་དང༌། ལོ་སུམ་བརྒྱ་འཚོ་བར་འགྱུར་རོ། །པི་པི་ལིང་འབྲུ་ལྔའམ། བརྒྱད་དམ། བདུན་ནམ། བཅུ་འམ་ཚད་དེ་རྣམས་གང་ཡང་རུང་བ་མར་དང་སྦྲང་རྩི་དང་སྦྱར་ཏེ་བཅུད་ཀྱིས་ལེན་གྱི་ཆོ་ག་ཇི་ལྟར་བཙལ་བ་བཞིན་དུ་སྤྱད་པར་བྱའོ། །པི་པི་ལིང་རྡོག་མ་བརྒྱད་གསུམ་བརྒྱད་རྒྱ་སྐྱེགས་ཤིང་གི་ཐལ་བའི་ནང་དུ་སྦངས་ཏེ། དེ་ནས་ཕྱིར་ཕྱུད་ལ་བསྐམས་ཏེ་མར་དང་ཡང་བརྡོས་ལ་སྦྲང་རྩི་དང་བསྲེས་ཏེ་སྔ་དྲོ་ཁ་ཟས་ཀྱི་གོང་དུ་གསུམ་གསུམ་བཟའོ། །པི་པི་ལིང་བཅུ་ཞག་བཅུའི་བར་དུ་རེ་རེ་རིམ་གྱི་ས་བསྐྱེད་དེ། འོ་མ་ཡང་དེ་ལྟར་བསྐྱེད་ལ་དེ་བཞིན་ཉི་ཤུར་ཕྱིན་པ་དང༌། རེ་རེས་དབྲི་སྟ་བཅུ་པ་ལ་ཐུག་པ་དང༌། སྨན་དེ་ཞུ་བའི་ཚོད་ཙམ་ན་འབྲས་དྲུག་ཅུ་པ་འོ་མ་དང་མར་དང་བཅས་པ་ཁ་ཟས་སུ་ཟའོ། །དེ་ལྟར་པི་པི་ལིང་སྟོང་ཟད་ཀྱི་བར་དུ་ཆོ་ག་དེ་ལྟར་བྱས་པ་ནི་པི་པི་ལིང་སྟོད་སྦྱོར་བའི་བཅུད་ཀྱིས་ལེན་ཞེས་བྱའོ། །དེ་ཡང་བཏགས་པའི་ཕྱེ་མ་འོ་མ་དང་སྦྱར་ཏེ་བཟའ་བ་ནི་མེ་དྲོད་ཆེ་བ་ལ་སྦྱིན་ནོ། །མེ་དྲོད་བར་མ་ལ་ནི་བསྐོལ་བ་བླུད་དོ། །དེ་བཞིན་དུ་པི་པི་ལིང་རའི་འོ་མ་དང་སྦྱར་ཏེ། པི་པི་ལིང་ཉིས་སྟོང་གི་བར་དུ་ཡང་དེ་ལྟར་བྱའོ། །པི་པི་ལིང་གི་སྦྱོར་བ་དེ་རྣམས་ཆོ་ག་གོང་མ་བཞིན་དུ་བྱས་པ་ལ་ནི་ལུད་པ་ལུ་བ་དང༌། དབུགས་མི་བདེ་བ་དང༌། མགུལ་ནད་ན་བ་དང༌། གཅོད་ཆེན་པོ་དང༌། གཞང་འབྲུམ་དང༌། གཅིན་སྙི་བ་དང༌། སྐྱ་རྦབ་དང༌། རིམས་མ་རུངས་པ་དང༌། སྐྲངས་པ་དང༌། སྐྱུག་པ་དང༌། སྐྱིགས་བུ་དང༌། མཆེར་པ་ན་བ་དང༌། དྲེག་ནད་རྣམས་འཇོམས་པར་བྱེད་དོ། །ཡང་ན་པི་པི་ལིང་སྲང་ཕྱེད་ཆུ་དང་ལྡེ་གུར་བྱས་ཏེ། ལྕགས་སྣོད་ཀྱི་ནང་དུ་བསྐུས་ལ་ནུབ་གཅིག་བཞག་ལ། དེ་ནས་ཆུ་སྙིམ་པ་གང་དང་ལྷན་ཅིག་ནང་རེ་ལ་བླུད་པར་བྱ་སྟེ། །དེ་ལྟར་ལོ་གཅིག་གི་བར་དུ་ཁ་ཟས་དང༌། བཏུང་བ་དང་བཅས་པ་ཅི་འདོད་པ་བསྟེན་ནོ། །བཅའ་སྒ་དང༌། བྱི་དང་ག་དང༌། འབྲས་བུ་གསུམ་དང༌། སླེ་ཏྲེས་དང༌། ཤིང་མངར་དང༌། ཡུང་བ་དང༌། ཨ་ཏི་བ་ལ་དང༌། བ་ལ་དང༌། གླ་སྒང་དང༌།
ཐང་ཤིང་དང༌། ཨ་རུ་ར་དང༌། ཀྲུ་ཏྲུག་ཏྲེས་དང༌། མུ་ཟི་དང༌། པི་པི་དམ་དང༌། ཨུཏྤལ་དང༌། ད་ཏ་དང༌། ཨ་ཤྭ་ཀར་ན་དང༌། ཨ་ས་ན་དང༌། བ་ལའི་འོ་མ་འམ་སྙིང་པོ་གང་རྙེད་པ་དང༌། དེ་རྣམས་རེ་རེ་ཡང་པི་པི་ལིང་གི་སྦྱོར་བ་བཞིན་དུ་ལྕགས་ཀྱི་སྣོད་ཀྱི་ནང་དུ་བསྐུ་བ་ལ་སོགས་པའི་སྦྱོར་བ་བྱས་ཏེ་ཟོས་ན་ལོ་བརྒྱ་འཚོ་ཞིང་ནད་དང་རྒས་པ་ལས་གྲོལ་བར་བྱེད་དོ། །གོང་གི་ལྕགས་སྣོད་ལ་བསྐུ་བའི་སྨན་སྣ་རེ་རེའི་སྦྱོར་བ་གང་ཡང་རུང་བ་འདྲ་སྟེ། འོ་མ་སྙིམ་པ་གོང་དང་བཅས་པར་འཐུངས་ན། གོང་དུ་སྨོས་པའི་ཡོན་ཏན་པས་ཉིས་འགྱུར་གྱིས་ཆེར་སྐྱེད་པར་བྱེད་དོ། །ཤིང་ཨ་ས་ན་དང༌། སེང་ལྡེང་བསྐོལ་བའི་ཁུ་བའི་ནང་དུ་སོ་མར་ཛའི་ཕྱེ་མ་སྦངས་ཏེ་མར་དང༌། སྦྲང་རྩི་དང༌། རུ་རྟ་དང༌། ཨ་རུ་ར་དང༌། ལྕགས་ཕྱེ་གསུམ་བཏགས་པས་བཏབ་སྟེ། འདག་གུར་བྱས་པ་ལས་ལོ་གཅིག་གི་བར་དུ་ལྡག་ཅིང་ཁ་ཟས་རུང་ཞིང་ཕན་པ་ཟོས་ན་ཁ་ཟས་ལས་གྱུར་པའི་ནད་ཡུན་རིང་བ་ཡང་འདོར་བར་བྱེད་དོ། །མཛེ་ནད་ཀྱིས་ལུས་ཚ་བ་དང་ཚབས་ཆེར་ཁྱབ་ཅིང་ན་བར་གྱུར་པའི་སྐྱེས་བུ་ནི་སོ་མར་ཛ་དང༌། ཏིལ་ནག་པོ་གཉིས་ངེས་པར་ལོ་གཅིག་གི་བར་དུ་ཟོས་ན་ཟླ་བ་བཞིན་དུ་ལུས་མདོག་ཤིན་ཏུ་མཛེས་པར་འགྱུར་རོ། །སྐྱེས་བུ་གང་གིས་སོ་མར་ཛ་ཕུབ་མ་མེད་པ་བཏགས་པའི་ཕྱེ་མ་འོ་མ་དང་ལྷན་ཅིག་སྣོད་ཀྱི་ནང་དུ་མནན་ཏེ། སྨིན་པ་དང་ཕྱུང་ལ་སྙིང་པོར་གྱུར་པ་དེ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་བལྡགས་ཏེ། དེའི་འོག་ཏུ་དར་བ་ལེགས་པར་རེད་པ་འཐུངས་ན་མཛེ་ནད་ཀྱིས་ལུས་ཀྱི་རྐང་ལག་དང་སྣ་ལ་སོགས་པ་འདྲུལ་ཞིང་ཆད་པ་ཡང་སོར་མོ་དང་སྣ་ལ་སོགས་པ་སྐྱེ་བར་འགྱུར་ཏེ། ཇི་ལྟར་ཤིང་བཅད་པའི་འོག་ཏུ་ལོ་མ་སྐྱེ་བ་ཤིན་ཏུ་མཛེས་པ་བཞིན་ནོ། །སྒོག་སྐྱ་ནི་ཐོག་མར་སྒྲ་གཅན་ཟིན་གྱིས་བདུད་རྩི་བརྐུས་པ་ལས་ཁྱབ་འཇུག་གིས་འཁོར་ལོ་འཕངས་ཏེ། མགོ་བཅད་པ་ལས་བདུད་རྩིའི་ཐིགས་པས་ལ་ལྷུང་ཞིང་ཐིགས་པ་ལས་སྒོག་སྐྱ་རྣམས་སུ་གྱུར་ཏོ། །སྒོག་སྐྱ་དེ་བྲམ་ཟེས་མི་ཟ་བ་ནི་ལྷ་མ་ཡིན་གྱི་ལུས་ལས་བྱུང་བའི་ཁྲག་དང་འདྲེས་པ་ཡིན་པས་དེས་མི་ཟབ་ཡིན་ནོ། །སྒོག་སྐྱ་དེ་ནི་མངོན་སུམ་གྱིས་བདུད་རྩི་ཉིད་ཡིན་ཏེ། གྲོང་གི་བཅུད་ཀྱིས་ལེན་ཞེས་བྱའོ། །སྒོག་སྐྱ་དེ་ནི་
ཁྱད་པར་དུ་གྲང་བའི་དུས་སུ་བསྟེན་པར་བྱའོ། །དཔྱིད་བད་ཀན་ལྡང་བའི་དུས་སུ་ལྷག་བར་སྤྱད་དོ། །དབྱར་སྤྲིན་སྐྱེས་པའི་དུས་སུ་ནི་མེ་དང་རླུང་གིས་ཉམ་ཐག་པ་ཡིན་པས་དེའི་དུས་སུ་བཟའ་བ་འམ་ཡང་ན་རྟག་ཏུ་བསྟེན་པར་བྱའོ། །སོག་ཚ་བའི་དུས་སུ་ནི་དུས་ཀྱི་སྤྱོད་ལམ་བསྟེན་ཅིང་ལུས་དག་པ་དང་དྲི་མ་མེད་པར་བྱ་སྟེ། སྣུམ་པ་དང༌། བསིལ་བ་དང༌། མངར་བ་དང༌། སྒོག་སྐྱ་ལྷན་ཅིག་བསྟེན་པར་བྱའོ། །དེ་བཞིན་དུ་གོས་དང་རྒྱན་ཡང་དུས་དང་ཇི་ལྟར་མཐུན་པ་དང༌། གཡོག་འཁོར་རྣམས་ཀྱང་མཐུན་པ་དང་ལྷན་ཅིག་སྒོག་སྐྱ་བསྟེན་པར་བྱའོ། །རི་ཁ་བ་ཅན་ཞེས་བྱ་བའི་དྲུང་ན་ཤ་ཁ་ཞེས་བྱ་བའི་ཡུལ་ཡོད་དེ། དེར་སྐྱེས་པའི་སྒོག་སྐྱའི་རྩ་བ་ཡུལ་དེའི་མིས་དཔྱིད་ཀྱི་དུས་སུ་ཤུན་པ་ཕྲལ་ཏེ་ནུབ་མོ་ཆང་དང་ལྷན་ཅིག་ཟོས་བས་མེ་དྲོད་སྐྱེད་དོ། །སྒོག་སྐྱ་ཆམ་ཆོམ་བརྡུངས་ཏེ་བཙིར་བའི་ཁུ་བ་ཆ་གཅིག་དང་ཆང་ལེགས་པར་སྨིན་པ་ཆ་གསུམ་སྦྱར་བ་ནང་པར་འཐུངས་ན་བཟང་ངོ༌། །ཡང་ན་སྒོག་སྐྱའི་ཁུ་བ་དེ་ཆང་གཞན་གང་ཡང་རུང་བ་དང་བཏུང་བ་འམ། ཡང་ན་འབྲུ་མར་དང༌། ཞོག་ཆུ་དང་རྩབ་མོ་འམ་དེ་དག་གང་ཡང་རུང་བ་དང་ལྷན་ཅིག་སྒོག་སྐྱའི་ཁུ་བ་ཐུན་ཚད་རན་པར་དཔྱིད་ཀྱི་དུས་སུ་བཏུང་བར་བྱའོ། །ཡང་ན་འོ་མ་དང༌། མར་དང། ཞག་དང༌། རྐང་དང༌། སྲོག་ཆགས་ཐང་ལ་གནས་པའི་ཤ་དང༌། དེ་དག་གང་ཡང་རུང་བ་དང་ལྷན་ཅིག་བསྐོལ་ཏེ། ནད་གཞི་ཇི་ལྟ་བ་བཞིན་དུ་སྦྱར་ཏེ་བཏུང་བ་འམ། ཡང་ན་སྒོག་སྐྱའི་ཁུ་བ་ཉི་ཚེ་འཐུངས་ན་མཁུར་བ་དགང་བ་ཙམ་གྱིས་ཀྱང་མིད་པ་དག་པར་བྱེད་དོ། །ཟུག་གཟེར་ཆེ་ཞིང་ན་བ་ལ་ནི་སྒོག་སྐྱའི་ཁུ་བ་དེ་རྒྱུན་དུ་དུགས་བྱས་ན་རབ་ཏུ་བསྔགས་ཏེ་དེའི་འོག་ཏུ་ཆུ་གྲང་སྤོང་བར་བྱ་སྟེ། གལ་ཏེ་ཆུ་གྲང་བསྟེན་ན་ནི་འཕྲལ་ལ་སྐྱུག་ཅིང་བརྒྱལ་བར་འགྱུར་རོ། །གཞན་ཡང་ཟུག་གཟེར་ཆེ་ཞིང་ཚ་བ་དང༌། ངལ་ཞིང་དུབ་པའི་དུས་སུ་འཐུངས་ན་ལུས་བརྟན་ཞིང་གཟི་མདངས་སྐྱེ་བར་འགྱུར་རོ། །གལ་ཏེ་ལུས་ཚ་བ་སྐྱེས་ན་ནི་བསིལ་བའི་སྨན་གྱིས་བསྐུ་ཞིང་ཆུའི་རྒྱུན་ཕྲ་མོའི་ཐིགས་པས་ཕོག་པར་བྱ་བ་དང༌། ཨ་ཏི་མུག་ཏི་ཀ་དང༌། ག་པུར་མ་ལི་ཀའི་བྲེང་བས་ལུས་ལ་བཏགས་པར་བྱའོ། །སྒོག་སྐྱ་ཉི་ཚེ་སང་བརྒྱད་དམ། སྲང་བཞི་པའམ། ཡང་ན་དེའི་རྐང་
སྲང་གཅིག་བཏགས་པའི་ཕྱེ་མ་ཁ་ཟས་དང་སྔ་དྲོ་དང་པོ་བསྟེན་པར་བྱའོ། །དེ་ཞུ་བའི་ཚོད་ཙམ་ན་འབྲས་རྙིང་བའི་ཆན་དང་མེ་ཏོག་ཀུན་ད་དང༌། ཟླ་བ་ལྟར་དཀར་བའི་ཆན་ཁུ་བཅུད་དང་འོ་མ་དང་ཐང་ལས་སྐྱེས་པའི་ཤ་ཁུ་དང་ལྷན་ཅིག་བཟའ་སྟེ། དེ་མ་ཐག་ཆང་བཏུང་བར་བྱའོ། །སྐོམ་དད་ཆེ་བ་ལ་ནི་ཆང་ཆུ་དང་ལྷན་ཅིག་བཏུང་ངོ༌། །གལ་ཏེ་ཆང་མི་བཏུང་བ་ཞིག་ཡིན་ན་ནི་རྩབ་མོ་དང་རྒུན་འབྲུ་ལ་སོགས་པའི་ཁུ་བ་སླ་བ་བླུད་དོ། །ཡང་ན་སྒོག་པ་བཏགས་པའི་ཕྱེ་མ་མར་དང་ཆ་སྙོམས་ཏེ་འདྲེས་པར་དཀྲུགས་ནས་མར་སྣོད་དུ་བཅུག་སྟེ་ཞག་བཅུ་བཞག་པའམ་ཡང་ན་ཕྱི་མ་དེ་ཉིད་ཞག་དང་ལྷན་ཅིག་བཟའོ། །སྒོག་སྐྱ་ཤུན་པ་བཤུས་པའི་སྙིང་པོ་དང༌། ཐུར་མ་ལ་བསྲེགས་པའི་ཤ་འམ། ཡང་ན་བཟའ་བ་སྣ་ཚོགས་སམ། ཡང་ན་ཤ་བརྡུངས་པ་དང་ལྷན་ཅིག་གམ། ཡང་ན་མར་དང་ཚྭ་དང་ལྷན་ཅིག་གམ། ཡང་ན་ཆང་ཅི་འདོད་པ་དང་ལྷན་ཅིག་གམ། ཡང་ན་ཁ་ཟས་ཡང་བ་དང༌། པིད་ཚྭ་དང༌། དེ་རྣམས་གང་ཡང་རུང་བ་དང་ལྷན་ཅིག་བཟའོ། །ཁྲག་དང་མཁྲིས་པ་མ་གཏོགས་པ་རླུང་ནད་ནད་གཞི་གཞན་དང་ལྷན་ཅིག་པའམ། ཡང་ན་རླུང་ཉི་ཚེ་ལ་ནི་སྒོག་སྐྱ་ལས་ལྷག་པའི་སྨན་གཞན་མེད་དོ། །གང་ཞིག་ཆུ་དང། བུ་རམ་དང༌། འོ་མ་ལ་སྲེད་ཅིང༌། ཤ་དང་ཆང་དང་སྐྱུར་རྣམས་ལ་མི་སྲེད་པ་དང༌། ཤིན་ཏུ་སྒོམ་དད་ཆེ་ཞིང་བྲང་ཚ་བ་དང༌། འཇུ་སྟོབས་ཆེ་བ་ལ་ནི་སྒོག་སྐྱ་བྱིན་ན་ངེས་པར་གནོད་པ་སྐྱེད་དོ། །དེ་ལྟར་སྒོག་སྐྱ་བསྟེན་པའི་འོག་ཏུ་མཁྲིས་ པ་སྐྱེ་བར་དོགས ་ན་བཀྲུ་སྨན་འཇམ་པོ་སྦྱར་ན་དེ་ཉིད་ཀྱིས་བཅུད་ལེན་གྱི་ཡོན་ཏན་ཡོངས་སུ་རྫོགས་པ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལ་བྲག་ཞུན་ཞེས་བྱ་བ་ནི་སོ་ག་ཚ་བའི་ཉི་མའི་དྲོད་ཀྱིས་རི་ལ་ཕོག་པ་ལས་རྒྱ་སྐྱེགས་ཀྱི་བཅུད་འཛག་པ་བཞིན་དུ་གསེར་ལ་སོགས་པའི་རིགས་རྣམ་པ་དྲུག་ཏུ་འབྱུང་ཞིང་འཛག་བ་དེ་ནི་བྲག་ཞུན་ཞེས་བྱའོ། །གསེར་གྱི་རིགས་ལ་སོགས་པ་དྲུག་པོ་ཀུན་ཀྱང་ཁ་བ་དང༌། ཚ་བ་དང༌། ཧ་ཅང་དྲོད་མི་ཆེ་བ་དང༌། ཞུ་བའི་རྗེས་ཚ་བ་ཡིན་ནོ། །བྲག་ཞུན་གྱི་རིགས་བཅད་དུ་འདོད་པ་དེ་ནི་ལྕགས་ཀྱི་རིགས་ཀྱི་བྲག་ཞུན་ཞེས་བྱའོ། །བྲག་ཞུན་བ་གཅིན་གྱི་དྲི་བྲོ་བ་དང༌། གུ་གུལ་གྱི་མདོག་
ལྟར་གནག་པ་དང༌། འཇམ་པོ་འབྱར་བག་ཏུ་འདུག་པ་དང༌། སྣུམ་པ་དང༌། མི་སྐྱུར་བ་དང༌། རོ་མངར་བ་དང༌། འཇམ་བ་དང༌། ལྕི་བ་དེ་ནི་བྲག་ཞུན་གྱི་མཆོག་དམ་པ་ཡིན་ནོ། །ནད་ཀྱིས་བཏབ་པའི་སྐྱེས་བུ་ལ་ཡང་བྲག་ཞུན་འདི་རྗེས་སུ་མཐུན་པ་ཡིན་ནོ། །དེ་ལ་ཐོག་མར་བྲག་ཞུན་ལྕགས་སྣོད་ཀྱི་ནང་དུ་བཅུག་སྟེ། ཆུས་སྦངས་ལ་བཀྲུས་ཏེ་སྐམས་ལ་བསྐམས་པའི་བྲག་ཞུན་དང་མཉམ་པའི་སྨན་བསྐོལ་བའི་ཆུའི་ནང་དུ་སྦང་བར་བྱའོ། །དེ་ནས་ཡང་སྐམས་ལ་དེའི་བརྒྱད་འགྱུར་གྱི་ཆུ་དང་བསྐོལ་ཏེ་བཞི་ཆ་ལུས་པ་དང༌། ཚིགས་མ་བོར་ཏེ་ཁུ་བ་དྲོ་འཇམ་ཙམ་གྱི་ནང་ཁུ་བ་དེ་དང་མཉམ་པའི་བྲག་ཞུན་བླུགས་ལ་ཡང་སྐམས་ཏེ། དེ་ལྟར་རང་རང་དང་མཐུན་བའི་སྨན་བསྐོལ་བའི་ཁུ་བའི་ནང་དུ་སྦང་ཞིང་སྐམ་པ་ལན་བདུན་གྱི་བར་དུ་བྱའོ། །དེའི་འོག་ཏུ་ཏིག་ཏའི་སྨན་མར་གྱིས་སྣུམ་ཆོས་བྱས་ལ་སློན་ཁྲུས་ཀྱིས་ལུས་དག་པར་བྱ་སྟེ། དེ་ནས་བྲག་ཞུན་དེ་འབྲས་བུ་གསུམ་གྱི་ཁུ་བ་དང་སྦྱར་ལ་ཞག་གསུམ་བླུད་དོ། །དེ་ནས་ཞག་གསུམ་གྱི་བར་དུ་པ་ཏོ་ལའི་ཁུ་བ་དང་སྦྱར་བ་གཏང་ངོ༌། །དེ་ནས་ཞག་གསུམ་གྱི་བར་དུ་ཤིང་མངར་གྱི་ཁུ་བ་དང་སྦྱར་བ་བླུད་དོ། །སྦྱོར་བ་དེ་དག་ཀྱང་ཇི་ལྟར་རིགས་པ་དུས་དང་སྦྱར་ཏེ་གཏང་ངོ༌། །བྲག་ཞུན་ཞེས་བྱ་བ་དེ་ཉིད་ནི་ལུས་ལ་ཕན་པར་བྱེད་པ་ཡིན་ཏེ་ཡོན་ཏན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཆོ་ག་ལོག་པར་བྱས་ན་ནི་འཕྲལ་ལ་གནོད་པ་སྐྱེད་དོ། །བྲག་ཞུན་ནི་ཞག་བདུན་དང༌། ཞག་ཉི་ཤུ་རྩ་གཅིག་དང༌། ཞག་ཉི་ཤུ་རྩ་དགུ་ལ་བྲག་ཞུན་ཞོ་གཉིས་དང༌། སྲང་ཕྱེད་དང༌། སྲང་གཅིག་སྟེ། དེ་ལྟར་བྲག་ཞུན་གྱི་ཐུན་ཚད་རབ་འབྲིང་གསུམ་དང༌། ཞག་བདུན་ལ་སོགས་པ་གོ་རིམས་བཞིན་དུ་སྦྱར་ན་ཕན་ཡོན་ཡང་རིམ་པ་བཞིན་དུ་བཟང་བ་ཡིན་ཏེ། དེ་ལྟར་སྨན་ལེགས་པར་སྦྱར་བ་ཡང་ལུས་ལེགས་པར་སྦྱངས་པ་ལ་བྱ་བ་ཡིན་ནོ། །ཟངས་མ་དང༌། ལྕགས་དང༌། དངུལ་དང༌། གསེར་དང༌། དེ་རྣམས་ཀུན་འབྱོར་ཡང་རུང་སྟེ། དེའི་ཕྱེ་མ་དང༌། འོ་མ་དང༌། བྲག་ཞུན་ལྷན་ཅིག་བསྲེས་ཏེ་འཐུངས་ན་མྱུར་དུ་བཅུད་ཀྱིས་ལེན་གྱི་ཆོ་ག་འགྲུབ་པར་འགྱུར་རོ། །རྒྱ་སྲན་དང༌། ཀ་ཀ་མ་ཙི་དང༌། ཕུག་རོན་གྱི་ཤ་རྣམས་ནི་རྟག་ཏུ་སྤང་བར་བྱའོ། །བྲག་ཞུན་གྱི་སྦྱོར་བ་དུས་སུ་ཆོ་ག་
བཞིན་འབད་ད་སྤྱད་ན། སའི་སྟེང་ན་གསོར་རུང་བའི་ནད་གང་ལས་ཀྱང་མི་རྒྱལ་བ་མེད་དེ། ནད་མེད་ཅིང་ཐ་མལ་པར་འདུག་པས་ཀྱང་བསྟེན་ན་ཉམས་སྟོབས་དང་སག་རྩ་འཕེལ་ཞིང་སྦྱིན་བར་བྱེད་དོ། །ཉི་མ་དང་རླུང་ལ་སོགས་པས་མ་ཕོག་པའི་ཁྱིམ་གྱི་ནང་དུ་འདུག་ཅིང་རྒྱུན་དུ་ཕྱིར་མི་འབྱུང་བར་བྱ་སྟེ། དེ་ལྟར་མ་བྱས་ན་ནི་རྩོམ་པ་དོན་མེད་པར་འགྱུར་རོ། །གང་ཉི་མ་དང༌། རླུང་དང་ལྷན་ཅིག་གནས་པའི་སྦྱོར་བའི་བྱེ་བྲག་བཤད་པར་བྱ་སྟེ། གང་གི་ལུས་ལ་གནོད་པར་བྱེད་པའི་རྒྱུ་བདེ་བའི་ཡོ་བྱད་བསྟེན་པས་ཉམས་པ་དང༌། ཆུ་གྲང་མོ་དང༌། འོ་མ་དང༌། སྦྲང་རྩི་དང༌། མར་དང༌། དེ་རྣམས་གང་ཡང་རུང་བ་ལ་ཞེ་སྡང་ཞིང་མི་འདོད་པ་ཡང་ཆུ་གྲང་ལ་སོགས་པ་གོང་མ་དེ་ལས་གསུམ་མམ་ཡང་ན་གཉིས་སམ། ཡང་ན་མ་ལུས་པ་ཀུན་ཡང་རུང་སྣོད་གཅིག་ཏུ་འདྲེས་པར་བྱ་སྟེ། སྨན་གྱི་གོང་དུ་ཟོས་ན་ཡང་མི་འགྲུབ་སྟེ་གནོད་པ་སྐྱེད་དོ། །བུ་རམ་དང༌། སྦྲང་རྩི་དང༌། བཅའ་སྒ་དང༌། པི་པི་ལིང་དང༌། རྒྱམ་ཚ་དང༌། དེ་རྣམས་གང་ཡང་རུང་བ་དང་ལྷན་ཅིག་ཨ་རུར་གཉིས་རྟག་ཏུ་ཟོས་ན་ལོ་བརྒྱ་བདེ་བར་འཚོ་བར་འགྱུར་རོ། །ཨ་རུ་ར་མར་གྱི་ནང་དུ་བསྐོལ་ལ་བཟའ་ཞིང་དེའི་འོག་ཏུ་མར་འཐུངས་ན། རྒས་སྲ་ཞིང་ན་ཚོད་གནས་པ་དང༌། ལུས་ཀྱི་ཉམས་སྟོབས་འཕེལ་བར་བྱེད་དེ། ཇི་ལྟར་མཁས་པ་ཤེས་རབ་ཅན་གྱིས་གཞན་གྱིས་བྱས་པའི་བཟོ་ལན་ཅིག་བསྟན་པས་ཤེས་པ་བཞིན་ནོ། །སྐྱུ་རུ་རའི་ཁུ་བ་དང༌། སྦྲང་རྩི་དང༌། ཁར་དཀར་པོ་དང༌། མར་དང་དེ་རྣམས་ལྡེ་གུར་བྱ་སྟེ། ཕན་པའི་ཟས་དང་ལྷན་ཅིག་མི་རྣམས་ཀྱིས་བསྟེན་ན། རྒ་བའི་འགྱུར་བ་རྣམ་པར་འཇིག་ཅིང་ཞི་བར་འགྱུར་ཏེ། ཇི་ལྟར་གཞུང་རྒྱ་ཆེ་བ་དག་འཛིན་པར་མི་ནུས་པ་བཞིན་ནོ། །སྐྱུ་རུ་ར་དང༌། བྱི་དང་ག་དང༌། ཤིང་ཨ་ས་ནའི་སྙིང་པོ་དང་དེ་རྣམས་ཀྱི་ཕྱེ་མ་དང༌། ལྕགས་ཀྱི་ཕྱེ་མ་དང༌། ཏིལ་མར་དང༌། མར་དང༌། སྦྲང་རྩི་དང༌། དེ་རྣམས་ལྡེ་གུར་བྱས་ཏེ་རྟག་ཏུ་བསྟེན་ན་གཞོན་པའི་ན་ཚོད་དང་མཛེས་པ་ཉམས་པ་མེད་པར་འགྱུར་རོ། །ལྕགས་ཕྱེ་དང༌། བྱི་དང་གའི་ཕྱེ་མ་མར་དང་སྦྲང་རྩི་དང་བསྲེས་ལ་སྦྱར་ཏེ། ཟ་མ་ཏོག་གི་ནང་དུ་ལོ་གཅིག་ཙམ་བཞག་ལ་སྨིན་ཅིང་སྙིང་པོར་གྱུར་བ་དང༌། ལྡེ་གུར་བྱས་ཏེ་བལྡགས་ན་སྟོབས་དང་ལྡན་པ་དང༌། འཚོ་བ་ཡུན་རིང་བར་འགྱུར་
བ་དང་སྐྲ་ནག་པོར་བྱེད་དོ། །བྱི་དང་ག་དང༌། གོ་བྱེ་དང༌། བཅའ་སྒ་དང༌། དེ་རྣམས་མར་དང༌། སྦྲང་རྩི་དང་སྦྱར་བ་ཟོས་ན་རྒ་བའི་ཆུ་བོ་དང༌། ནད་ཀྱི་རླབས་ལས་ཐར་ཞིང་སྐྱེས་བུ་དེ་མདོག་བཟང་ཞིང་མཛེས་པར་འགྱུར་རོ། །སེང་ལྡེང་དང༌། ཤིང་ཨ་ས་ནའི་ཁུ་བའི་ནང་དུ་འབྲས་བུ་གསུམ་དང་སྦངས་ལ་སྐམས་པའི་ཕྱེ་མ་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཆོ་ག་བཞིན་དུ་མི་རྣམས་ཀྱིས་ངེས་པར་བསྟེན་ན་གསོན་བཞིན་དུ་རྒ་བ་མེད་པ་དེ་ནི་ངོ་མཚར་ཆེའོ། །སྨན་ཛི་བ་ཀའི་ཁུ་བ་དང༌། ཤ་ཁ་ར་དང༌། མར་དང༌། སྦྲང་རྩི་དང༌། འབྲས་བུ་གསུམ་གྱི་ཕྱེ་མ་ལྡེ་གུར་བྱས་ཏེ། ལག་མཐིལ་དུ་བཞག་སྟེ། སོར་མོས་བལྡག་ཅིང་བསྟེན་ན། སྐྱེས་བུ་རྣམས་རྒས་པས་གནོད་པ་བྱུང་ཟིན་པ་ཡང་ཟློག་པར་བྱེད་དོ། །བ་སྦྲུ་བ་སར་པ་སྲང་ཕྱེད་བཏགས་པའི་ཕྱེ་མ་འོ་མ་དང་ལྷན་ཅིག་ཟླ་བ་ཕྱེད་དམ་གཉིས་སམ་དྲུག་གམ་ལོ་གཅིག་གི་བར་དུ་བསྟེན་ན་རྒས་འཁོགས་པ་ཡང་ཕྱིར་ཞིང་ལུས་སར་བ་སྐྱེད་པར་བྱེད་དོ། །མུརྦ་དང༌། བྲི་ཧ་ཏི་དང༌། ཨཾ་ཤུ་མ་ཏི་དང༌། བ་ལ་དང༌། པུ་ཤེལ་ཙེ་དང༌། པ་ཐ་དང༌། ཤིང་ཨ་ས་ན་དང༌། ཐལ་ཏྲེས་དང༌། ཀ་ལ་ནུ་ས་ར་དང༌། ཨ་ཀ་རུ་དང༌། ཙནྡན་དང༌། དེ་རྣམས་རེ་རེ་ཡང་བ་སྤྲུ་བའི་ཆོ་ག་བཞིན་དུ་བྱས་ན་ཕན་ཡོན་ཡང་དེ་དང་འདྲའོ། །ཉེའུ་ཤིང་བསྐོལ་བའི་ཁུ་བའི་ནང་དུ་དེ་ཉིད་ཀྱི་ཕྱེ་མ་བཅུག་ལ་ལྡེ་གུར་བྱས་པའི་ནང་དུ་མར་དང་སྦྲང་རྩི་གཉིས་བཏབ་སྟེ་ཟོས་ན། དེའི་འཚོ་བ་བདག་ཉིད་ཅན་དེ་ལ་ནད་ཀྱི་ཆོམ་པོས་ནམ་ཡང་གཙེས་པར་མི་འགྱུར་རོ། །ཨ་ཤྭ་གནྡྷའི་ཕྱེ་མ་མར་དང༌། ཏིལ་མར་དང༌། ཆུ་དྲོ་འཇམ་ཙམ་དང༌། དེ་རྣམས་ལས་གང་ཡང་རུང་བ་དང་སྦྱར་ཏེ། ཟླ་བ་ཕྱེད་ཀྱི་བར་དུ་བསྟེན་ན་ལུས་སྐྱེ་ཞིང་ཉམ་ཆུང་བ་ཡང་འཕེལ་ཞིང་སྐྱེ་བར་འགྱུར་རོ། །ཇི་ལྟར་ལོ་ཐོག་སར་པ་ལ་ཆར་ལེགས་པར་འབབ་པ་བཞིན་ནོ། །ཏིལ་ནག་པོ་སྲང་གཅིག་ཉིན་རེ་ཞིང་ཟོས་ལ་དེའི་འོག་ཏུ་ཆུ་གྲང་འཐུངས་ན་ལུས་འཕེལ་ཞིང་གསོ་བར་འགྱུར་ཏེ། ཇི་སྲིད་འཆི་བའི་མཐའ་ལ་ཐུག་གི་བར་དུ་སོ་བརྟན་པར་འགྱུར་རོ། །གཟེ་མ་དང༌། སྐྱུ་རུ་ར་དང༌། སླེ་ཏྲེས་དང༌། དེ་རྣམས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་ཆ་རེ་རེ་བསྲེས་པའི་ལྡེ་གུ་ཟོས་ན། བུད་མེད་ལ་ཕོད་པ་དང༌། ལུས་བརྟན་པ་དང༌། ནད་ཀྱི་སྡུག་བསྔལ་ཞི་བར་བྱེད་པ་དང༌། སྐྲ་གནག་ཅིང་
ལོ་བརྒྱ་འཚོ་བར་འགྱུར་རོ། །ཏིལ་ནག་པོ་སྐྱུ་རུ་རའམ། བ་རུ་ར་གང་ཡང་རུང་བ་ཞོ་གཉིས་དང་སྦྱར་བའི་ལྡེ་གུ་ཟོས་ན། ཇི་ལྟར་རྨ་བྱ་བཞིན་དུ་མདངས་བཟང་པོ་སྐྱེད་པར་འགྱུར་རོ། །བྲག་ཞུན་དང༌། བྱི་དང་ག་དང༌། ཨ་རུ་ར་དང༌། ལྕགས་ཕྱེ་དང༌། མུ་མེན་དང༌། དངུལ་ཆུ་དང། དེ་རྣམས་མར་དང་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་ཟོས་ན་ལུས་རྗུད་ཅིང་ཉམ་ཆུང་བ་རྣམས་ཀྱང་ཡོངས་སུ་རྫོགས་ཤིང་ལུས་ཟུངས་འཕེལ་ལ་རྒྱས་པར་འགྱུར་ཏེ། ཇི་ལྟར་ཟླ་བ་ཡར་གྱི་ངོ་བཞིན་ནོ། །སྨན་བྲིངྒ་རཱ་ཛའི་ཁུ་བ་ཟླ་བ་གཅིག་གི་བར་དུ་ཉིན་རེ་ཞིང་བླུད་ཅིང་དེའི་འོག་ཏུ་འོ་མ་འཐུངས་ན་སྟོབས་དང་ནུས་པར་བཅས་པའི་ལོ་བརྒྱ་འཚོ་བར་འགྱུར་རོ། །ཤུ་དག་འོ་མ་དང༌། འབྲུ་མར་དང༌། མར་དང༌། དེ་དག་གང་ཡང་རུང་བ་དང་སྦྱར་བ་ཟླ་བ་གཅིག་གི་བར་དུ་བསྟེན་ན། རང་གི་ལུས་སྲིན་བུ་ལ་སོགས་པས་བལྟ་མི་ནུས་ཞིང་མཐོང་བ་དང༌། ཡིད་གཞུངས་པ་དང༌། ཚིག་གསལ་ཞིང་མཉེན་པར་འགྱུར་རོ། །མན་སྲུ་ཀ་པར་ཎི་བཏགས་པའི་ཕྱེ་མ་མར་དང་བརྔོས་ཏེ་ཟླ་བ་གཅིག་གི་བར་དུ་ཟོས་ན་ལུས་ཟད་ཅིང་ཉམ་ཆུང་བ་སེལ་ཏོ། །འཚོ་པ་ཡུན་རིང་བ་དང༌། གནས་པ་དང༌། ལུས་གྲིམས་པ་དང༌། གཞོན་ཤ་ཆགས་པ་དང༌། ལུས་མཛེས་པ་ལ་སོགས་པའི་གཞིར་གྱུར་པ་ཡིན་ནོ། །སྨན་ལང་ག་ལི་དང༌། འབྲས་བུ་གསུམ་དང༌། ལྕགས་ཕྱེ་རྣམས་སྲང་ལྔ་བཅུ་བྲིངྒ་ར་ཛའི་རང་གི་ཁུ་བའི་ནང་དུ་བཏགས་ཏེ་རི་ལུ་སུམ་བརྒྱ་བྱས་ནས་གྲིབ་མ་ལ་སྐམས་ཏེ། ཐོག་མར་རི་ལུའི་ཕྱེད་ཟོས་ལ་དེ་ནས་རེ་རེ་བཟའོ། །དེ་ལ་སྨན་བཟའ་བ་ཡང་ཐོག་མར་བཀྲུ་སྨན་བྱ་སྟེ་རིམ་གྱིས་ཐུག་པ་རྐྱང་རྐྱང་པོ་དང༌། ཕྱར་ལངས་ཙམ་དང༌། གར་བ་དང༌། ཤ་ཁུ་དང༌། འབྲས་ཆན་ལ་སོགས་པ་རིམ་གྱིས་བཟའོ། །བདག་ཉིད་གཅིག་པུ་མ་ཡེངས་པར་བསམ་པ་བརྟན་པར་ཟླ་བ་གཅིག་གི་བར་དུ་མར་གྱིས་སྣུམ་ཆོས་བྱའོ། །དེ་ནས་ཟླ་བ་གཅིག་གི་བར་དུ་རྣམ་པ་ཐམས་ཅད་དུ་བདག་ཉིད་གཅིག་པུར་འདུག་པར་བྱའོ། །མ་ཞུ་བ་ནི་དུས་ཐམས་ཅད་དུ་འབད་པ་དང་བཅས་པས་སྤང་བར་བྱའོ། །སྦྱོར་བ་དེ་ལྟར་ལོ་གཅིག་གི་བར་དུ་ཉེ་བར་སྦྱར་ན་ནད་གསེར་མི་རུང་བ་ཡང་འདིས་འཇིག་བར་བྱེད་དོ། །ཤིན་ཏུ་རྒས་འཁོགས་
པ་ཡང་སྟོབས་དང༌། ལུས་མཛེས་པ་དང༌། ལུས་ཤིན་ཏུ་འཕེལ་ཞིང་རྒྱས་པ་དང༌། རྣ་བ་གསང་བ་དང༌། མིག་གསལ་བ་ལ་སོགས་བ་ཡང་ན་ཚོད་གཞོན་ནུ་བཞིན་དུ་མཐོང་ཞིང་ཐོས་ཏེ་ལོ་ལྔ་བརྒྱའི་བར་དུ་འཚོ་བར་འགྱུར་རོ། །སེང་ལྡེང་དང༌། ཙི་ཏྲ་ཀ་དང༌། ཤིང་ཤ་པ་དང༌། ཨ་ས་ནའི་ཤིང་དང༌། བོང་ང་དཀར་པོ་དང༌། བྱི་དང་ག་དང༌། བ་རུ་ར་དང༌། གོ་བྱེ་དང༌། འདི་རྣམས་བཏགས་པའི་ཕྱེ་མ་དང༌། ཕྱེ་མ་སྤྱིའི་བཅྭ་བརྒྱད་འགྱུར་གྱི་ཆུ་དང༌། ལྕགས་ཀྱི་དུམ་བུ་དང་བཅས་པ་ལྕགས་སྣོད་ཀྱི་ནང་དུ་བཅུག་སྟེ། ཞག་གསུམ་ཉི་མ་ལ་བཞག་ལ་དེའི་འོག་ཏུ་མེ་ཆེ་བ་ལ་བསྐོལ་ཞིང་དཀྲུགས་ལ་ལྕགས་ཀྱི་དུམ་བུ་དང་བཅས་པ་བཞི་ཆ་ལུས་བ་དང་བཙགས་ལ་སྙིགས་མ་བོར་བའི་ཁུ་བ་དང༌། འབྲས་བུ་གསུམ་གྱི་ཁུ་བ་དང༌། དེ་གསུམ་རེ་རེ་ཡང་སྨན་ཁུ་བ་དང་མཉམ་པ་དང༌། འབྲས་བུ་གསུམ་རེ་རེ་ཡང་ཁུ་བའི་ཆ་གཉིས་གཉིས་དང༌། མར་སྲང་ཆ་བཞི་དང༌། དེ་རྣམས་ལྷན་ཅིག་བསྲེས་ལ་ལྕགས་སྣོད་ཀྱི་ནང་དུ་བསྐོལ་ཏེ་མར་ལུས་པའི་ནང་དུ་ཧྭགས་དྲི་མ་མེད་པ་དང༌། ཁར་དཀར་པོ་དང༌། སྦྲང་རྩི་དང་དེ་དག་རིམ་གྱིས་བཅུག་སྟེ་དེ་ལས་ཇི་ལྟར་མདོ་ཁར་འོང་བ་བཏུང་བ་དང༌། ཁ་ཟས་ལ་སོགས་པར་ཟོས་ཤིང་བསྟེན་ན་ནད་མེད་པར་འགྱུར་ཏེ་དཔལ་དང་ལྡན་ཞིང་སྡིག་པ་རྣམས་བྱང་བ་དང༌། ནགས་ཀྱི་མ་ཧེ་བཞིན་དུ་སྟོབས་དང་ལྡན་པ་དང༌། རྟ་བཞིན་དུ་མགྱོགས་པ་དང༌། ཡན་ལག་རྣམས་བརྟན་པ་དང༌། སྐྲ་བུང་བའི་མདོག་བཞིན་དུ་སྔོ་བ་དང༌། ཁ་ནས་དྲི་ཞིམ་པོ་དང་མངར་བ་འབྱུང་བ་དང༌། བུད་མེད་དུ་མ་ལ་འདོད་པ་སྤྱོད་ནུས་པ་དང༌། ཚིག་གསལ་ཞིང་བློ་དང་ངག་ཕུན་སུམ་ཚོགས་པར་འགྱུར་བ་དང་མེ་དྲོད་ཆེ་བར་འགྱུར་རོ། །སྦྱོར་བ་དེ་ལྟར་ཟླ་བ་གཅིག་གི་བར་དུ་བསྟེན་ན་གསེར་བཙོ་མའི་མདོག་དང་ལྡན་པའི་མིའི་སེང་གེར་འགྱུར་ཏེ། ནམ་དུ་ཡང་ནད་ཀྱིས་བཏབ་ཅིང་བར་དུ་གཅོད་བར་མི་འགྱུར་ཏེ། ཇི་ལྟར་མིའི་སེང་གེ་ལག་ན་འཁོར་ལོ་འབར་བ་ཐོགས་པའི་འཇིགས་པས་ལྷ་མ་ཡིན་རྣམས་ཀྱིས་བར་གཅོད་མ་ནུས་པ་བཞིན་ནོ། །དེ་ལ་ཐོག་མར་སློན་ཁྲུས་ཀྱིས་ཁོང་དག་པར་
བྱས་པའི་འོག་ཏུ་བྲིངྒ་རཱ་ཛའི་ལོ་མ་མར་དང་བརྔོས་ཏེ་བསྲུང་བའི་ཆོ་ག་དང་བཅས་པར་བཟའ་བ་དང༌། ཤིང་ཨ་ས་ནའི་སྙིང་པོ་འོ་མ་དང་བཅས་པ་བླུད་ཅིང་བཟའ་བའི་དོན་དུ་བསྟེན་ཏེ། ཟླ་བ་གཅིག་གི་བར་དུ་སྦྱར་ན་ལོ་ཉིས་བརྒྱའི་བར་དུ་འཚོ་བར་འགྱུར་བ་དང༌། ལན་ཅིག་བརྗོད་པ་ཙམ་གྱིས་ཀྱང་ཐོས་པ་འཛིན་པ་དང༌། དྲན་པའི་དབང་པོ་ཉམས་པར་མི་འགྱུར་རོ། །བྲིངྒ་རཱ་ཛའི་འབྲུ་མར་ཡང་ཆོ་ག་གོང་མ་ལྟར་བྱས་ན་ཡོན་ཏན་དེ་ཉིད་ཐོབ་པར་འགྱུར་རོ། །ཁྱད་པར་དུ་མདོག་ནག་པོར་འགྱུར་རོ། །དེ་ལྟར་བདག་གིས་བཅུད་ཀྱིས་ལེན་བཤད་པ་འདི་ནི་ནུས་པ་དང་ལྡན་པ་འབྲས་བུ་དང་བཅས་པའི་དུས་དང་རྗེས་སུ་མཐུན་པ་མང་པོས་མཐུན་པར་བསྔགས་པ་ཡིན་ནོ། །བཅུད་ཀྱིས་ལེན་གཞན་ཐོབ་པར་དཀའ་བ་དང༌། སྒྲུབ་མི་ནུས་པ་དེ་ནི་འདིར་མ་སྨྲས་སོ། །གལ་ཏེ་བཅུད་ཀྱིས་ལེན་གྱི་ཆོ་ག་ཉམས་ཏེ་ནད་སྐྱེ་བར་འགྱུར་བ་ན་དེ་ལ་ནི་ནད་གཞི་རང་རང་གི་སྨན་གྱིས་གསོ་བ་ཇི་སྐད་བཤད་པ་བཞིན་དུ་བྱ་སྟེ། བཅུད་ཀྱིས་ལེན་གྱི་ཆོ་ག་ནི་དོར་བར་བྱའོ། །བདེན་པར་སྨ་བ་དང༌། ཁྲོ་བ་མེད་པ་དང༌། ལྷག་པའི་བསམ་པ་དང་ལྡན་པ་དང༌། གཡུལ་རྣམས་ལས་རྒྱལ་བ་དང༌། སེམས་ཞི་བ་དང༌། དམ་པ་རྣམས་ལ་རྟག་ཏུ་དགའ་བ་ནི་བཅུད་ཀྱིས་ལེན་སྒྲུབ་པའི་ཡོན་ཏན་ཡིན་ཏེ། ཡོན་ཏན་དེ་རྣམས་ཚོགས་ན་བཅུད་ཀྱིས་ལེན་འགྲུབ་པ་ཡིན་ཏེ། བདག་ཉིད་ཤེས་པ་དང༌། ཚེ་རིང་བ་དང༌། འཇིག་རྟེན་འདི་དང་ཕྱི་མ་གཉིས་ཀར་དགའ་ཞིང་སྐྱིད་པ་དང༌། བསྟན་བཅོས་དང་རྗེས་སུ་མཐུན་པར་སྤྱོད་པ་དང༌། བདག་ཉིད་ཀྱི་སེམས་ལ་ལྟ་བ་དང༌། འཁོར་རྣམས་དང་རྗེས་སུ་མཐུན་པར་འཇུག་གོ །དོན་ཐམས་ཅད་ལ་བློ་མི་འཁྲུལ་བ་དེ་ནི་བཅུད་ཀྱིས་ལེན་ཡོངས་སུ་རྫོགས་པ་ཡིན་ནོ། །བཅུད་ཀྱིས་ལེན་གྱི་ཆོ་ག་བཤད་པའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པ་རྫོགས་སོ།། །།དེ་ནས་ས་བོན་གསོ་ཞིང་རོ་ཙ་བར་བྱ་བའི་ལེའུ་བཤད་པར་བྱ་སྟེ། དེ་ལ་བུད་མེད་ཀྱི་ཡུལ་ལ་རྟག་ཏུ་ཆགས་པའི་སྐྱེས་བུས་ནི་རོ་ཙ་བར་བྱ་བའི་སྨན་བྱ་སྟེ། རོ་ཙ་བའི་སྨན་བྱས་ན་ནི་དགའ་བ་དང༌། ལུས་ཀྱི་ཉམས་མཆོག་བརྟ་བ་དང༌།
བུ་ཚ་རྣམས་སྐྱེ་བའི་ཡོན་ཏན་དང་ལྡན་ཞིང་གནས་པ་ཡིན་ཏེ། བུ་ཚའི་རྒྱུད་མང་དུ་འཕེལ་ཞིང་སྐྱེད་པ་དང༌། དེ་མ་ཐག་དགའ་བ་སྐྱེད་པ་དང༌། ཇི་ལྟར་རྟ་རྒོད་མ་ལ་འཇུག་ནུས་པ་བཞིན་དུ་བུད་མེད་རྣམས་ལ་ཐོགས་པ་མེད་པར་འཇུག་ནུས་པ་དང༌། བུད་མེད་རྣམས་ལ་ཆགས་ཤིང་དགའ་བར་འགྱུར་བ་དང༌། གང་དང་གང་གིས་ས་བོན་འཕེལ་བར་བྱེད་པ་དེ་ནི་རོ་ཙ་བར་བྱེད་པ་ཞེས་བྱ་སྟེ། དེ་ནི་ལུས་ཀྱི་དཔུང་དང་སག་རྩ་སྐྱེ་བའི་མཆོག་ཀྱང་ཡིན་ནོ། །སྐྱེ་བོ་ཚངས་པར་སྤྱོད་པ་ལ་གནས་པའི་སྐྱེས་བུ་ལ་ནི་བདག་རྗེས་སུ་ཡི་རང་སྟེ། གཅིག་ཏུ་དྲི་མ་མེད་ཅིང་ཆོས་དང་གྲགས་པ་འཕེལ་བ་དང༌། ཚེ་འདི་དང་ཕ་རོལ་གཉི་གའི་བཅུད་ཀྱིས་ལེན་པ་ཡིན་ནོ། །འོན་ཀྱང་ལུས་ཀྱི་ཉམས་སྟོབས་ཆུང་བ་དང༌། འདོད་ཆགས་ཀྱི་ཉོན་མོངས་པས་གནོད་པར་འགྱུར་བ་དང༌། ལུས་ཟུངས་ཟད་བ་བསྲུང་བར་བྱ་བའི་ཕྱིར་རྩ་བའི་སྨན་རྣམས་བརྗོད་པར་བྱའོ། །སྐྱེས་དུ་གང་གིས་རོ་ཙ་བར་བྱེད་པའི་སྨན་བསྟེན་ན་ཉིན་དང་མཚན་ཐམས་ཅད་དུ་ཉལ་པོ་མ་བཏང་བར་སྤྱད་ཀྱང་ནུས་པར་འགྱུར་ཏེ། ཅི་ལྟར་ཆུ་ཤིང་གི་ཁུ་བ་འཛག་པ་བཞིན་ནོ། །དེ་ནས་ཐོག་མར་སྣུམ་ཆོས་བྱས་ལ་སློན་ཁྲུས་ཀྱིས་ལུས་དག་པར་བྱ་སྟེ། དེའི་འོག་ཏུ་ནི་རུ་ཧ་དང་འཇམ་རྩི་མས་གཏོང་བ་རྣམས་བྱའོ། །ཐོག་མར་མར་དང་ཏིལ་མར་དང༌། ཞག་དང༌། སྦྲང་རྩི་དང༌། ཤ་ཁ་ར་དང་འོ་མ་དང་ལྡན་པ་སྦྱོར་བ་ཤེས་པའི་སྨན་པས་སྦྱར་ལ་དེའི་འོག་ཏུ་འོ་མ་དང་ཤ་ཁུ་སྦྱིན་ནོ། །རོ་ཙ་བའི་སྦྱོར་བ་དེ་ནི་ཁུ་ཆུ་དང་ཚེ་འཕེལ་བར་བྱེད་དོ། །ཇི་ལྟར་ལྗོན་ཤིང་ཡལ་ག་གཅིག་པ་གྲིབ་མ་མེད་ཅིང་མེ་ཏོག་དྲི་ང་བ་དང༌། འབྲས་བུ་མེད་པ་ཤིན་ཏུ་མི་མཛེས་པ་ནི་སྐྱེས་བུ་བུ་ཚ་མེད་པ་ཡང་དེ་དང་འདྲའོ། །བུ་ཚ་དང་མཉམ་པ་མཐོང་ན་ཡིད་དུ་འོང་བ་དང་ཕྲད་ན་དགའ་བ་བསྐྱེད་པའི་དངོས་པོ་ནི་གང་ཡང་མེད་དོ། །ཇི་ལྟར་བྱིས་པའི་གནས་སྐབས་ན་འཁྱོར་འགྲོས་སུ་འགྲོ་ཞིང་ཚིག་མི་གསལ་བ་དང༌། རྡུལ་དང་ལྷན་ཅིག་འདྲེ་ཞིང་གདོང་ཁ་ཆུ་དང༌། སྣབས་ཀྱི་དྲི་མས་རྙོག་པ་དེ་ལ་ཡང་སེམས་དགའ་བར་བྱེད་པའི་གནས་ཡིན་ན་ཡང་རང་གི་བུ་ཆོས་དང་སྙན་པར་སྨྲ་བ་དང༌། གྲགས་པས་ང་རྒྱལ་བ་དང༌། རིགས་འཕེལ་བར་བྱེད་པའི་བུ་ཚ་ལྟ་སྨོས་ཀྱང་ཅི་
དགོས་ཏེ་སེམས་སྤྲོ་ཞིང་སྙིང་དགའ་བར་བྱེད་པ་ཡིན་ནོ། །ཐོག་མར་སློན་ཁྲུས་ཀྱིས་ལུས་དག་པ་དང༌། མེའི་འཇུ་སྟོབས་ཇི་ལྟ་བ་བཞིན་དུ་བུད་མེད་ལ་ཕོད་པར་བྱ་བའི་སྦྱོར་བ་རྣམས་སྤྱད་པར་བྱ་སྟེ། འདམ་བུ་མདའ་རྒྱུ་དང༌། བུ་རམ་ཤིང་དང༌། ཀུ་ཤ་དང༌། ཀ་ཤ་ལ་སོགས་པའི་རྩྭའི་རྩ་བ་དང༌། བིད་རི་དང༌། པུ་ཤེལ་ཙེའི་རྩ་བ་དང༌། ཀཎྜ་ཀ་རི་དང༌། ཛི་བ་ཀ་དང༌། ཟངས་རྩི་བ་དང༌། བ་ལ་དང༌། མེད་རྣམ་གཉིས་དང༌། རམ་ཉེ་བ་རྣམ་གཉིས་དང༌། ཉེའུ་ཤིང་དང༌། པར་ཎ་རྣམ་པ་གཉིས་དང༌། ཨ་ཤྭ་གནྡྷ་དང༌། ཨ་ཏི་བ་ལ་དང༌། ཁ་སྲལ་ཕྲེའུ་དང༌། བ་སྤྲུ་བ་དང༌། བི་ད་རི་དང༌། པ་ཡ་སྱ་དང༌། ཛི་བནྟི་དང༌། རིད་དི་དང༌། ར་སྣ་དང༌། གཟེ་མ་དང༌། ཤིང་མངར་དང༌། ས་ལ་པརྞི་དང༌། དེ་རྣམས་རེ་རེ་ཡང་སྲང་གསུམ་གསུམ་དང༌། མོན་སྲན་གྲེའུ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང༌། ཆུ་སྲང་སྟོང་ཉི་ཤུ་རྩ་བཞི་དང་ལྷན་ཅིག་བསྐོལ་ཏེ་ཁུ་བ་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་ལུས་པའི་ནང་དུ་མར་དང༌། བི་ད་རི་དང༌། སྐྱུ་རུ་ར་དང༌། བུ་རམ་ཤིང་དང༌། དེ་རྣམས་རེ་རེ་ཡང་སྲང་བརྒྱ་ཉི་ཤུ་རྩ་བརྒྱད་དང༌། འོ་མ་སྲང་ལྔ་བརྒྱ་རྩ་གཉིས་དང༌། སྨན་བི་ད་རི་དང༌། ཁ་སྲལ་དང༌། རམ་ཉེ་བ་རྣམ་གཉིས་དང༌། ཤིང་མངར་དང༌། ཕལ་གུ་ནི་དང༌། པི་པི་ལིང་དང༌། རྒུན་འབྲུ་དང༌། བ་ད་རི་དང༌། འབྲ་གོ་དང༌། ཤིང་ཏོག་མ་དུ་ཀ་དང༌། དེ་རྣམས་བཏགས་པའི་ཕྱེ་མ་བཏབ་པ་དང༌། ཡང་བསྐོལ་ཏེ་ཏིལ་མར་མ་ལུས་པ་དང༌། སྙིགས་མ་ཕྱུང་བའི་ནང་དུ་སྨན་དེ་རྣམས་ཉིད་ཀྱི་ཕྱེ་མ་སྲང་སུམ་ཅུ་རྩ་གཉིས་གཉིས་དང༌། ཤ་ཁ་ར་སྲང་བརྒྱ་དང༌། པི་པི་ལིང་སྲང་བཞི་དང༌། ན་ལེ་ཤམ་སྲང་གཅིག་དང༌། ཤིང་ཚ་དང༌། སུག་སྨེལ་དང༌། ནཱ་ག་གེ་སར་དང༌། དེ་གསུམ་སྲང་ཕྱེད་ཕྱེད་དེ་རྣམས་ཞིབ་ཏུ་བཏགས་པའི་ཕྱེ་མ་དང༌། སྦྲང་རྩི་སྲང་བཅུ་དྲུག་དང་དེ་རྣམས་ལྷན་ཅིག་དཀྲུགས་པའི་ལྡེ་གུ་ལས་སྲང་རེ་རེ་ཙམ་ཟོས་ལ་དེའི་འོག་ཏུ་ཤ་ཁུ་དང༌། འོ་མ་འཐུངས་ན་ཇི་ལྟར་རྟ་ཕོ་རྒོད་མ་ལ་འཇུག་ནུས་པ་དང༌། བྱིའུ་ཀ་ལིངྐ་ད་བཞིན་དུ་བུད་མེད་ལ་ཉལ་པོ་ནུས་པར་འགྱུར་རོ། །སྨན་བི་ད་རི་དང༌། པི་པི་ལིང་དང༌། འབྲས་ཤ་ལི་དང༌། པི་ཡ་ལ་དང༌། གཟེ་མ་དང༌། ཁ་སྲལ་དང༌། དེ་རྣམས་ཀྱི་ཕྱེ་མ་སྲང་བཞི་བཞི་དང༌།
སྦྲང་རྩི་སྲང་བརྒྱད་དང༌། ཤ་ཁ་ར་སྲང་ལྔ་བཅུ་དང༌། མར་སྲང་བཅུ་དྲུག་རྣམས་ལྡེ་གུར་བྱས་བ་དེ་ལ་ས་ཞོ་གཉིས་གཉིས་ཙམ་གྱི་ཐུན་ཚད་དུ་ཟོས་ན་བུད་མེད་བརྒྱའི་ནང་དུ་ཞུགས་ཏེ་འདོད་པ་སྤྱད་ཀྱང་མི་ངོམས་སོ། །ཁ་སྲལ་ཕྲེའུ་དང༌། གྲོ་དང་འོ་མ་སྦྱར་བ་བླུད་པ་འམ། ཡང་ན་མོན་སྲན་གྲེའུ་དང༌། མར་དང་སྦྲང་རྩི་སྦྱར་བ་ཟོས་ལ་དེའི་འོག་ཏུ་བ་བེའུ་ཐོག་མ་བཙས་པའི་འོ་མ་བླུད་ན་མཚན་ཐོག་ཐག་གཉིད་མི་ལོག་པར་བུད་མེད་ལ་སྤྱད་ཀྱང་བུད་མེད་དུབ་པ་སྲིད་ཀྱིས་སྐྱེས་པ་ཉལ་པོས་དུབ་པ་མི་སྲིད་དོ། །ར་ཐུག་གི་རླིག་པ་འོ་མ་དང་བསྐོལ་བའི་ནང་དུ་ཏིལ་ལན་མང་དུ་སྦངས་ཏེ། ཁ་ར་དཀར་པོ་དང་བཅས་པར་གང་གིས་ཟོས་ན་ཡང་བུད་མེད་བརྒྱ་ལ་འདོད་པ་སྤྱད་པར་འགྱུར་རོ། །སྨན་བི་ད་རིའི་ཕྱེ་མ་རང་གི་ཁུ་བའི་ནང་དུ་སྦངས་ཤིང་སྐམས་པ་སྦྲང་རྩི་དང་མར་དང་ལྡེ་གུར་བྱས་ཏེ་ཟོས་ན་བུད་མེད་འདོད་བ་དང་ལྡན་པ་བཅུ་ལ་འཇུག་ནུས་པར་འགྱུར་རོ། །པི་པི་ལིང་དང། སྐྱུ་རུ་རའི་ཕྱེ་མ་རང་གི་ཁུ་བ་དང་སྤངས་ཏེ་ཤ་ཁ་ར་དང༌། སྦྲང་རྩི་དང་མར་དང་ལྷན་ཅིག་ལྡེ་གུར་བྱས་ཏེ་ལྷགས་ལ་དེའི་འོག་ཏུ་བཏུང་བར་འོ་མ་བླུད་ན་སྐྱེས་བུ་ལོ་བརྒྱད་ཅུ་ལོན་ན་ཡང་ལང་ཚོ་ལ་བབ་པའི་སྐྱེས་བུ་བཞིན་དུ་དགའ་བ་ཐོབ་ཅིང་ནུས་པར་འགྱུར་རོ། །ཤིང་མངར་གྱི་ཕྱེ་མ་ཞོ་གཉིས་དང་མར་དང་སྦྲང་རྩི་ཆ་མཉམ་པར་སྦྱར་བ་བཟའ་ཞིང་བཏུང་བར་འོ་མ་བླུད་ན་རྟག་ཏུ་འདོད་པ་སྤྱོད་ནུས་པར་འགྱུར་རོ། །ཀར་ཀ་ཏ་ཤྲིང་གིའི་ཕྱེ་མ་འོ་མའི་ནང་དུ་བཏབ་པའི་སྐྱོ་མ་བླུད་ནས། ཁ་ར་དཀར་པོ་དང་མར་དང་འོ་མ་ལྷན་ཅིག་པའི་ཁ་ཟས་ཟོས་ན་བུད་མེད་རྣམས་ལ་ཕོད་པ་ཡིན་ནོ། །སྨན་པ་ཡ་སྱ་འོ་མ་དང་བསྐོལ་ཏེ་བ་མར་དང་སྦྲང་རྩི་དང་བཅས་པར་བཟའ་ཞིང་བཏུང་བར་འོ་མ་བླུད་ན་ས་བོན་ཟད་མི་ཤེས་པར་འགྱུར་རོ། །ཁ་སྲལ་གྱི་འབྲས་བུ་དང༌། མེ་ཏོག་གི་ཕྱེ་མ་དང༌། ཤ་ཁ་ར་དང༌། འོ་མ་བཞོས་མ་ཐག་དྲོན་པོ་དང་སྦྱར་བ་འཐུངས་ན་ལུང་བོང་བཞིན་དུ་སྐྱེས་བུ་བུད་མེད་ལ་འཇུག་ནུས་སོ། །ཨུ་ཚ་ཏྲའི་ཕྱེ་མ་དང་ཉེའུ་ཤིང་གི་ཕྱེ་མ་ཡང་གོང་མ་ལྟར་བྱ་སྟེ། ཞོའི་སྤྲིས་མ་ཟླ་བ་ལྟར་དཀར་བ་དང༌། ཁ་ར་དཀར་པོ་དང༌། འབྲས་དྲུག་ཅུ་པའི་ཆན་དང༌། དེ་དག་གོས་ཀྱི་རླུང་ཡབ་ཀྱིས་བསིལ་བར་བྱས་པ་ཟོས་ན། རྒན་པ་ཡང་གཞོན་ནུ་བཞིན་དུ་འདོད་པ་ལ་ཕོད་པ་ཡིན་ནོ། །
གཟེ་མ་དང༌། ཨ་ག་རུ་དང༌། མོན་སྲན་གྲེའུ་དང༌། ཁ་སྲལ་གྱི་ས་བོན་དང༌། ཉེའུ་ཤིང་དང་དེ་རྣམས་བཏགས་པའི་ཕྱེ་མ་འོ་མ་དང་ལྷན་ཅིག་བླུད་ན་རྒས་འཁོགས་པ་ཡང་བུད་མེད་བརྒྱ་ལ་འཇུག་ནུས་པ་ཡིན་ནོ། །གང་ཡང་མངར་བ་དང༌། སྣུམ་བ་དང༌། ཉམས་བརྟ་བ་དང༌། སྟོབས་འཕེལ་བ་དང༌། ཡི་གར་འོང་བ་དང༌། དེ་དག་ཐམས་ཅད་བསྟན་ཀྱང་རོ་ཙ་བའི་བདག་ཉིད་དུ་བཤད་དོ། །དེ་ལྟ་བས་ན་སྨན་གོང་མ་དེ་རྣམས་ཆོ་ག་བཞིན་དུ་བྱས་ན་ནི་འདོད་པས་དྲེགས་ཤིང་བུད་མེད་རྣམས་ལ་འཇུག་ནུས་པར་འགྱུར་ཏེ། བདག་ཉིད་ཀྱང་ཤུགས་དྲགས་པ་དང༌། བུད་མེད་ཡོན་ཏན་དང་ལྡན་པ་ལྷན་ཅིག་བསྟེན་ན་དགའ་བ་སྐྱེད་དོ། །དབང་པོ་རྣམས་བདེ་བར་བྱད་པའི་དཔག་བསམ་གྱི་ཤིང་གི་མྱུ་གུ་དང་འདྲ་བ་དང༌། མེ་ཏོག་གི་མདའ་ལྔ་ཡུལ་ལ་བསམ་པ་ཐག་པ་ནས་དགའ་བ་སྐྱེད་པ་ཡིན་ནོ། །འདོད་པའི་ཡུལ་རེ་རེས་ཀྱང་དགའ་ཞིང་ཚིམ་པར་བྱེད་པའི་མཆོག་ཡིན་ན་བུད་མེད་ཀྱི་ལུས་ལ་ཡུལ་ཐམས་ཅད་དང་ལྡན་པ་ལྟ་ཅི་སྨོས་ཏེ་དགའ་བ་སྐྱེད་པར་བྱེད་པའི་མཆོག་ཡིན་ནོ། །བུད་མེད་གང་གི་མིང་ཙམ་ཐོས་ན་ཡང་སྙིང་དགའ་བར་བྱེད་པ་ཡིན་ན་མཐོང་བ་དང་མངོན་སུམ་དུ་སྤྱད་ཅིང་ཚིམ་པ་ལ་དགའ་བ་སྐྱེད་པ་ལྟ་ཅི་སྨོས་ཏེ། སྔོན་མ་མྱོང་བའི་བདེ་བ་ཐོབ་པར་བྱེད་པ་ཡིན་ནོ། །བརྟུལ་ཞུགས་དང་སྡོམ་པ་དང་དབང་པོ་རྣམས་འདྲེན་པར་གྱུར་བའི་ཞགས་པ་ཡིན་ནོ། །བུད་མེད་ཀྱི་སྒྱུ་རྩལ་ལ་མཁས་ཤིང་འཇོ་སྒེག་དང་ལྡན་པ་དང༌། ལུས་དང་ན་ཚོད་ཀྱི་བྱིན་བྱིམ་བུད་པ་དང༌། ཕྱིར་ངོ་ཚ་དང་བཅས་ཤིང་ཁྲེལ་ཡོད་པ་དང༌། དབེན་བར་གྲིམས་ཤིང་བག་དང་བཅས་པ་དང། ཚིག་འཇམ་པ་དང་ལྡན་པ་དང་སྐྱེས་པ་ཇི་ལྟར་འདོད་པ་བཞིན་དུ་མངོན་བར་དགའ་བའི་བུད་མེད་དེ་ནི་སྐྱེས་བུ་རྣམས་ཀྱི་རོ་ཙ་བ་སྐྱེད་པའི་མཆོག་ཡིན་ནོ། །འདིར་འདོད་པ་སྤྱད་པའི་ཆོ་ག་མ་ལུས་པ་ནི་འདོད་པ་བཞིན་དུ་མངོན་བར་དགའ་བའི་བུད་མེད་དེ་ནི་སྐྱེས་བུ་རྣམས་ཀྱིས་སྤྱོད་པའི་བསྟན་བཅོས་ལས་ཇི་སྐད་བཤད་པ་བཞིན་དུ་བྱ་སྟེ། དེ་ཡང་ཡུལ་དང་དུས་དང་ཉམས་སྟོབས་ཇི་བཞིན་དུ་བརྟགས་ཏེ་རྗེས་སུ་མཐུན་པར་དགག་པར་ཡང་བྱའོ། །དེ་ལ་འདོད་པའི་བསྟན་བཅོས་ནི་སྨན་དཔྱད་ཀྱི་རྒྱུད་འདི་ལས་རྒྱ་ཆེར་མ་བསྟན་ཏོ། །བསྐུ་བྱུག་དང༌། ལུས་ལ་དྲིལ་བ་དང༌། ཆུས་བླུགས་པ་དང༌། དྲི་དང༌།
ཕྲེང་བ་དང༌། གོས་སྣ་ཚོགས་དང༌། རྒྱན་གྱི་རྣམ་པ་དང༌། གླུ་དབྱངས་དང༌། སྙན་ངག་ལ་སོགས་པའི་གཏམ་སྙན་པ་དང༌། པི་ཝང་གི་སྒྲ་དང་མཐུན་ཞིང་ནེའུ་ལྡངས་རང་གི་དབང་དུ་གྱུར་པའི་གྲོགས་པོ་རྣམས་དང་འགྲོགས་པ་དང༌། རང་གི་ཁང་པའི་ནང་ན་རྫིང་བུ་ཉམས་དགའ་བ་ཡོད་ཅིང་དེའི་ནང་དུ་འཇུག་པ་དང༌། པདྨའི་གེ་སར་དང༌། བུང་བ་སྣ་ཚོགས་དང༌། བྱ་ལྡིང་བ་དང༌། རི་ཞོལ་ཐམས་ཅད་སྣང་བའི་རིའི་རྩེ་མོར་འཛེག་པ་དང༌། མེ་ཏོག་རྒྱས་པའི་ནགས་ཀྱི་ནང་དུ་ཞུགས་པ་དག་མཐོང་ན་བདེ་བ་ནི་ལྗོན་ཤིང་རིགས་སྣ་ཚོགས་ཡིན་ནོ། །རྣ་བའི་ཡུལ་བདེ་བ་ནི་ཁུ་བྱུག་གི་སྒྲ་སྙན་པ་གྲག་པ་བཞིན་ཡིན་ནོ། །ལུས་ཀྱི་བདེ་བའི་ཡུལ་ནི་ཁྱད་བར་གྱི་རྒྱན་གྱིས་བརྒྱན་པ་ཡིན་ནོ། །སེམས་བདེ་བའི་ཡུལ་ནི་གཡོག་འཁོར་ཐམས་ཅད་དང་ལོངས་སྤྱོད་པ་ཡིན་ནོ། །སོ་རྩི་དང༌། ཆང་གི་དངས་མ་དང༌། ཆུང་མ་ཡིད་དུ་འོང་བ་དང༌། བདག་ཉིད་ལྷན་ཅིག་དབེན་པར་གནས་པ་དང༌། མཚན་མོ་ཟླ་བའི་འོད་ལ་འདུག་པ་དང༌། དངོས་པོ་གང་དང་གང་གིས་ཡིད་ཚིམ་ཞིང་དགའ་བར་བྱེད་པ་དེ་དང་དེ་ནི་རོ་ཙ་བར་བྱེད་པ་ཡིན་ནོ། །ཨུཏྤ་ལའི་དྲིས་བསྒོས་པ་བཏུང་བ་བཞིན་དུ་རང་གི་ཆུང་མའི་ཁ་དྲི་ཞིམ་པ་ལ་འོ་བྱེད་ཅིང་འཁྲུད་པ་དང༌། ཚིག་སྙན་ཅིང་ཡིད་དུ་འོང་བར་སྨྲ་བ་དང༌། མལ་སྟན་ཡིད་འཕྲོག་པ་མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པ་ནི། ཇི་ལྟར་ལྕུག་མ་གེ་སར་བཅས་པ་ལྟ་བུའི་མལ་སྟན་ལ་ཉལ་བ་དང༌། སེམས་ཀྱི་ནད་དང་ལུས་ཀྱི་ནད་གང་ཡང་མེད་པ་དང༌། ནོར་གྱིས་ཕོངས་པ་མེད་པ་དང༌། སེམས་ཀྱི་གནོད་པ་ཅུང་ཟད་ཀྱང་མེད་པ་དང༌། རོ་ཙ་བར་བྱེད་པའི་སྦྱོར་བ་ཐམས་ཅད་དང་ཡང་ལྡན་པ་དེ་ནི་འདོད་པའི་སྟེང་དུ་འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རིམས་ལ་ནི་གླ་སྒང་དང་པར་པ་ཏ་ཕན་ནོ། །སྐོམ་དང་ཆེ་བ་ལ་ནི་བོང་བ་ཚིག་བ་བསྲེགས་པ་ཆུའི་ནང་དུ་གསུར་བ་སྦྱིན་ན་ཕན་ནོ། །སྐྱུགས་པ་ལ་ནི་འབྲས་ཡོས་ཕན་ནོ། །ཆུ་སོའི་ནད་ཐམས་ཅད་ལ་ནི་བྲག་ཞུན་བསྔགས་སོ། །གཅིན་སྲི་བ་ལ་ནི་སྐྱུ་རུ་ར་དང་ཡུང་བ་ཕན་ནོ། །སྐྱ་རྦབ་ཀྱི་ནད་ལ་འབྲས་བུ་གསུམ་དང་ལྕགས་ཕན་ནོ། །རླུང་དང་བད་ཀན་ལ་ཨ་རུ་ར་ཕན་ནོ། །མཆེར་པའི་ནད་ལ་པི་པི་ལིང་གཏང་ངོ༌། །རྟུག་པ་འགགས་པའི་ནད་ལ་ནི་བྱི་དང་ག་བསྔགས་སོ། །དུག་ལ་ནི་ཀ་ཤ་དར་ཞེས་
བྱ་བ་ཤྲི་ཤ་ཕན་ནོ། །ཚིལ་དང་རླུང་འདྲེས་པའི་ནད་ལ་ནི་གུ་གུལ་ཕན་ནོ། །ཁྲག་དང་མཁྲིས་པ་ལ་ནི་བ་ཤ་ཀ་ཕན་ནོ། །ཚད་པར་འཁྲུ་བ་ལ་དུག་མོ་ཡུངས་ཕན་ནོ། །གཞང་འབྲུམ་ལ་ནི་གོ་ཕྱེ་ཕན་ནོ། །དབྱིག་དུག་ལ་ནི་གསེར་ཕན་ནོ། །ཤ་ཆེ་ཞིང་ཚོ་བ་ལ་ནི་སྐྱེར་ཁཎྜ་ཕན་ནོ། །སྲིན་བུའི་ནད་ལ་ནི་སྲིན་བུ་འཇོམས་པའི་བྱི་དང་ག་ཕན་ནོ། །གློ་གཅོང་སྐེམ་བྱེད་ལ་ནི་རའི་ཤ་འམ་འོ་མ་སྦྱིན་ནོ། །མིག་ནད་ལ་ནི་འབྲས་བུ་གསུམ་ཕན་ནོ། །དྲེག་ནད་ལ་ནི་སླེ་ཏྲེས་ཕན་ནོ། །ཕོ་བའི་ནད་ལ་ནི་དར་བ་ཕན་ནོ། །མཛེ་ནད་ལ་ནི་སེང་ལྡེང་གི་སྙིང་པོ་རྟག་ཏུ་བསྟེན་པར་བྱའོ། །སྨྱོ་བྱེད་ཀྱི་ནད་ལ་ནི་མར་རྙིང་ཕན་ནོ། །ནད་ཐམས་ཅད་ལ་ནི་ལྡོང་རོས་ཕན་ནོ། །མྱ་ངན་གྱིས་ནོན་པ་ལ་ནི་ཆང་བླུད་ན་བཟང་ངོ༌། །བརྗེད་བྱེད་ལ་ནི་སྨན་བྲམྷི་ཕན་ནོ། །གཉིད་མེད་པ་ལ་ནི་འོ་མ་བླུད་ན་ཕན་ནོ། །ཆམ་པ་ལ་ནི་ཞོ་དང་ན་ལེ་ཤམ་དང་ཤ་ཁ་ར་སྦྱར་བ་ཕན་ནོ། །ལུས་རྐེ་ཞིང་ཉམ་ཆུང་བ་ལ་ནི་ཤ་སྦྱིན་ན་ཕན་ནོ། །རླུང་ནད་ལ་ནི་སྒོག་སྐྱ་སྦྱིན་ན་ཕན་ནོ། །ལུས་རེངས་པ་ལ་དུགས་བྱས་ན་ཕན་ནོ། །མིག་དང་སྣ་དང་ཕྲག་གོང་དང་ལག་ངར་རྣམས་ཀྱི་ནད་ལ་ནི་ཨ་པ་མརྒ་བསྔགས་སོ། །ཀླད་པའི་ཕྱེད་ན་བ་ལ་ནི་མར་སར་དང་ཧྭགས་སྦྱིན་ནོ། །དམུ་རྫིང་གི་ནད་ལ་ནི་རྔ་མོའི་གཅིན་དང་འོ་མ་སྦྱིན་ནོ། །མགོ་ནད་ཐམས་ཅད་ལ་ནི་སྣ་སྨན་བྱའོ། །ཁོང་འབྲས་གསར་དུ་བྱུང་བ་ལ་ནི་ཁྲག་གཏར་བར་བྱའོ། །ཁ་ནད་ལ་ནི་སྣ་སྨན་དང་མཁུར་བ་དགང་བའི་སྨན་བྱའོ། །མིག་ནད་ལ་ནི་སྣ་སྨན་དང་མིག་སྨན་དང་ཉམས་བརྟ་བའི་སྨན་སྦྱར་རོ། །ལུས་འཕེལ་ཞིང་རྒྱས་པར་བྱེད་པ་ལ་ནི་འོ་མ་དང་ཞུན་མར་ཕན་ནོ། །བརྒྱལ་པ་ལ་ནི་ཆུ་གྲང་མོ་དང་རླུང་དང་གྲིབ་མ་ཕན་ནོ། །མེ་དྲོད་ཆུང་བ་ལ་ནི་ལུས་ངལ་བར་བྱ་བ་དང་ཚ་དང་སྒེའུ་གཤེར་སྦྱར་བ་ཐུན་རན་པར་བཟའོ། །ལུས་ངལ་ཞིང་དུབ་པ་ལ་ནིར་སྣ་སྦྱིན་ནོ། །སྡུག་བསྔལ་འབྱུང་བ་ལ་ནི་བཟོད་པ་བཟང་ངོ༌། །རྩོལ་བ་དྲགས་པ་ལ་ནི་བརྟན་པར་གནས་པ་ཕན་ནོ། །གཅིན་སྲི་བ་ལ་གཟེ་མ་ཕན་ནོ། །ལུད་པ་ལུ་བ་ལ་ནི་ཀཎྜ་ཀ་རི་ཕན་ནོ། །རྩིབ་ལོགས་སུ་ཟུག་པ་ལ་ནི་མ་ནུ་ཕན་ནོ། །རྒས་སྲ་ཞིང་ན་ཚོད་གནས་པར་བྱ་བ་ལ་ནི་སྐྱུ་རུ་ར་སྦྱིན་ནོ། །རྨ་བྱུང་བ་ལ་འབྲས་བུ་གསུམ་དང་གུ་གུལ་ཕན་ནོ། །དེ་ལྟར་གོང་དུ་བ་ཤད་པ་དེ་དག་སྨན་
གྱི་མཆོག་བསྡུས་པ་ཡིན་ཏེ་ནད་ཐམས་ཅད་ཞི་བར་བྱེད་པ་ཡིན་ནོ། །དེ་ཡང་ཡུལ་དང་དུས་དང་ནད་ཀྱི་སྟོབས་ཇི་ལྟ་བ་བཞིན་དུ་བརྟགས་ཏེ་སྦྱར་བར་བྱའོ། །དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་ལེགས་པར་བཤད་པའི་གཞུང་ནི་ངོམས་མི་ཤེས་པ་རྒྱ་ཆེར་ཡོད་མོད་ཀྱི་དྲང་སྲོང་ཆེན་པོ་གཟིངས་ཅན་དང༌། མེ་བཞིན་འཇུག་ལ་སོགས་པའི་དྲང་སྲོང་རྣམས་ཀྱིས་ལྷན་ཅིག་བློ་མཐུན་པར་བྱས་ཏེ་འདུས་ན་དྲང་སྲོང་མེ་བཞིན་འཇུག་གིས་དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་ཐེ་ཚོམ་བཅད་དེ་ཞུས་པའི་སྐབས་ནས་བདག་གིས་མདོའི་དོན་མདོར་བསྡུས་པ་འདི་བཤད་པ་ཡིན་ནོ། བཅོམ་ལྡན་འདས་འདི་ན་ཁ་ཅིག་ནད་པ་སྙིང་སྟོབས་དང་ལྡན་པ་དང་སྨན་གྱི་ཡོན་ཏན་དང་ནད་གཡོག་གི་ཡོན་ཏན་དང་སྨན་པ་རྒན་པོ་རྣམས་ཀྱིས་ལུང་དང་མཐུན་པར་བྱས་ཀྱང༌། ནད་ཀྱིས་ལུས་ཟད་ཅིང་སྲོག་འགྱུར་བར་སྣང་བ་ཡོད། ལ་ལ་ནི་སྨན་དང་དཔྱད་མ་བྱས་ཀྱང་ཞི་བར་སྣང་སྟེ། འོན་ཀྱང་ཕན་པ་དང་མི་ཕན་པའི་འབྲས་བུའི་བྱེ་བྲག་ངེས་པ་མེད་པར་སྣང་ན་འདིར་བསྟན་བཅོས་ཀྱིས་ཞི་བར་བྱེད་པའི་རྟོག་པ་ནི་ཇི་ཞིག་ཡིན་ཞེས་དྲིས་པ་དང་མེ་བཞིན་འཇུག་ལ་སོགས་པ་སློབ་མའི་ཚོགས་རྣམས་ལ་དེ་ཉིད་ཀྱི་དོན་མ་ལུས་པ་སུས་བཤད་པ་དེ་ལྟར་གསོ་བར་བྱས་པ་དང༌། མ་བྱས་པ་ཡང་མ་ཉམ་ཞིང་བྱེ་བྲག་མེད་དེ། ནད་གསོ་བའི་ཡན་ལག་དྲུག་ཅུ་དང་མི་ལྡན་ཞིང་གསོ་བ་མ་བྱས་ཀྱང་ནད་མེད་པར་འགྱུར་བ་ཡང་ཡོད་མོད་ཀྱི། འོན་ཀྱང་ནད་ཀྱི་འདམ་བུར་བྱིང་བ་ལ་ལག་པ་ལས་འདྲེན་པ་ལྟ་བུ་ནི་སྨན་པ་ཡིན་ནོ། །སྲོག་འཚོ་བར་འདོད་པ་ཐམས་ཅད་ཀྱི་འདྲེན་པར་འགྱུར་བ་ནི་སྨན་ཡིན་ནོ། །འདི་ལྟར་ནད་གསོ་བའི་ཆོ་ག་ནི་ཡལ་བར་མི་བོར་ཞིང་ངེས་པར་བླང་བར་བྱ་སྟེ། ཆོ་ག་བཞིན་དུ་བྱས་ན་གསོར་རུང་བ་ཡིན་ནོ། །དེ་ལས་གཞན་དུ་ཡལ་བར་བོར་ན་ནི་གསོར་མི་རུང་བ་ཡིན་ནོ། །དེ་བས་ན་རྒྱུ་མེད་པར་བདག་ཉིད་ཞི་བར་འགྱུར་བ་མེད་དོ། །ནད་གང་ལ་གོང་དུ་བསྟན་པའི་གསོ་བ་ཐམས་ཅད་ཕུན་སུམ་ཚོགས་པར་གསོ་བར་བྱས་ན་ནི་དེ་འཆི་པར་མི་འགྱུར་ཏེ་གསོ་བར་བྱ་བ་གཅེས་སོ། །དེ་བས་ན་གསོ་བའི་ཐབས་ཡོད་ཀྱི་གསོ་བའི་ཐབས་མེད་པ་མ་ཡིན་ཏེ་གསོ་བ་ཡོད་དོ། །
སྨན་པ་བློ་དང་ལྡན་པས་ཆོ་ག་དང་ལྡན་པར་གསོ་བ་བྱས་ཤིང་སྨན་གྱི་ཡན་ལག་བཅུ་དྲུག་དང་ལྡན་དུ་ཟིན་ཀྱང་སྨན་གྱི་ཡོན་ཏན་སྔོན་གྱི་ལས་ལོག་པར་སོང་སྟེ་མི་འགྲུབ་པ་ཡང་ཡོད་དོ། །ཁ་ཅིག་མེ་ཆུ་དང༌། དུགས་བྱས་པ་དང༌། འཁྲུ་བཅད་པ་ལ་སོགས་པ་གྲུབ་པའི་ལས་བྱས་ཀྱང་མི་འགྲུབ་པ་ཡོད་དེ། དེ་བཞིན་དུ་ལུས་ཉམས་བརྟ་བའི་ཕྱིར་འོ་མ་སྦྱིན་ཡང་སྐེམ་པ་དང༌། ལུས་ཉམ་ཆུང་བ་ལ་སྨན་བེའུ་ག་སྦྱར་ཡང་བརྟ་བར་བྱེད་པ་དང༌། ཁ་ཅིག་ལ་ཤ་དང༌། ཁ་སྲལ་ཕྲེའུ་ལ་སོགས་པ་ཉལ་ཕོད་པའི་སྨན་བསྟེན་ཀྱང་རོ་ཙ་མི་ནུས་པ་དང༌། ཁ་ཅིག་ལ་འཁྲུ་བ་བཅད་པའི་སྨན་བྱས་ཀྱང་མི་ཕན་ཏེ། ངེས་པ་མེད་ཅིང་ཐེ་ཚོམ་དང་བཅས་པའང་ཡོད་དོ། །སྔགས་དང་རྒྱུ་མེད་པར་ཁ་ཅིག་གིས་དུག་ཟོས་ཀྱང་འཇུ་བ་ཡོད་ཁ་ཅིག་ནི་མགུལ་པའི་ནད་རོ་ཧི་ད་ཞེས་བྱ་བས་བཏབ་སྟེ་ཞི་བར་བྱེད་པའི་སྨན་མ་བསྟེན་ཀྱང་རང་ཞི་བ་ཡོད་དེ། འོན་ཀྱང་གྲུབ་པའི་མཐའ་ཐམས་ཅད་ལ་དུས་མ་ཡིན་པར་ངེས་པར་འཆི་བ་ཡོད་དེ། དེ་ལ་འབད་པ་ཆེན་པོས་གསོ་བར་བྱས་ཏེ། བཟུང་ན་ནི་ཇི་ལྟར་ཡང་འཆི་བར་མི་འགྱུར་རོ། །དེ་བས་ན་ཙནྡན་ལ་སོགས་པ་ནི་ཚ་བ་འཇོམས་པར་བྱེད་ལ། རིམས་ལ་ནི་སྨྱུང་བ་དང་ཉམས་བརྟ་བ་རྣམས་བྱའོ། །ཞེས་སྔོན་ཆད་དུ་བསྟན་བཅོས་དག་ལས་གྲགས་ཤིང་མིང་དུ་ཆགས་པ་ཡིན་ཏེ། ནད་གསོ་བའི་ཡན་ལག་རྣམ་པ་བཞི་འཚོགས་ན་ལེགས་པར་བརྟགས་ཏེ་སྨན་སྦྱར་ཞིང་གསོ་བར་བྱའོ། །དེ་བས་ན་ནད་ཀྱིས་བཏབ་ཅིང་ཉམ་ཐག་ཅིང་གཟིར་བ་ལ་ནི་ཐེ་ཚོམ་དང་བཅས་པའི་གསོ་བ་མི་བྱ་སྟེ་སོམ་ཉི་སྤངས་ལ་གསོའོ།། །།དེ་ལྟར་སྨན་གྱི་རྒྱུད་འདི་ནི་འགྲོ་བ་རྣམས་ཀྱི་ནད་མངོན་སུམ་དུ་སེལ་བར་བྱེད་པའི་བདུད་རྩི་ཡིན་ཏེ། ནད་ཀྱིས་འཇིགས་ཤིང་སྣང་བ་རྣམས་ཀྱི་རྒུད་པ་མེད་པའི་བསྲུང་བའི་སྐུད་པ་ཡིན་ཏེ། གལ་ཏེ་སྨན་པ་བློ་ཞན་པ་སྣོད་ངན་པ་འདྲ་བ་སྙིང་ལ་གནས་ན་ནི་དེ་མ་ཐག་དུག་ཧ་ལ་ཧ་ལར་འགྱུར་ཏེ། སྨན་དཔྱད་ཀྱི་དོན་མ་ནོར་བར་མ་ཤེས་ཤིང་ལོག་པར་དཔྱད་དེ་སྨན་དཔྱད་ཀྱི་ཡི་གེ་ཙམ་གཙོར་སྟོན་ཅིང་འདོན་པ་དང་འཆང་བ་དེ་ནི་རིང་དུ་སྤང་བར་བྱ་སྟེ། ཇི་ལྟར་གཤིན་རྗེ་ལག་ན་
ཞགས་པ་ཐོགས་པ་བཞིན་ནོ། །སྨན་པ་མཁས་པའི་རྒྱུད་དུ་བྱུང་བའི་ལུང་ལ་བརྟེན་པའི་གསོ་བའི་ལས་ལ་གོམས་པ་དེ་ལྟ་བུ་ལ་བརྟེན་པ་ནི་རབ་ཏུ་བཟང་བ་ཡིན་ཏེ། མཁས་པ་རྣམས་ཀྱིས་མན་ངག་བཟང་པོ་དེ་ལྟ་བུ་ལ་འདོད་པར་བྱའོ། །དེ་ལྟར་སྨན་གྱི་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་ལ་རྒྱུད་ཀྱི་སྐྱོན་ཐམས་ཅད་ནི་སྤངས་པ་ཡིན་ནོ། །གསོ་བའི་དཔྱད་ཀྱི་བསྟན་བཅོས་མ་ལུས་པ་ཐམས་ཅད་ལ་ཁྱབ་ཅིང་གནས་པ་ཡིན་ཏེ། དེ་ཡང་དྲང་སྲོང་ཆེན་པོ་རྣམས་ཀྱི་དགོངས་པ་རྒྱ་ཆེ་ཞིང་དྲི་མ་མེད་པ་རྣམས་ཀྱི་ལུགས་དང་རྗེས་སུ་མཐུན་པ་རྒྱ་མཚོ་ཆེན་པོ་ལྟར་རྒྱ་ཆེ་བའི་ཡན་ལག་བསྡུས་པའི་དོན་གཉིས་ཉེ་བར་མཚོན་པ་ཡིན་ནོ། །སྨན་དཔྱད་ཡན་ལག་བརྒྱད་པ་རྒྱ་མཚོ་དང་འདྲ་བ་ལས་བསྲུབས་ཏེ། ཡན་ལག་བརྒྱད་པ་བསྡུས་པ་བདུད་རྩིའི་ཕུང་པོ་དང་འདྲ་བ་འདི་ཕྱུང་ངོ༌། །ཡན་ལག་བརྒྱད་པ་བསྡུས་པ་དེ་ལས་བློ་ཞན་ཞིང་བརྩོན་བ་ཆུང་བ་རྣམས་ཀྱི་དོན་ཆེད་དུ་རྒྱུད་འདི་ལོགས་ཤིག་ཏུ་བཤད་དོ། །འདི་ནི་ལུང་ཆེན་པོར་གྲགས་ཤིང་མཆོག་ཏུ་འགྲུབ་པ་ཡིན་ལ་འབྲས་བུ་མངོན་སུམ་དུ་སྟོན་པ་ཡིན་ཏེ། ཇི་ལྟར་སྔགས་ཀྱི་སྦྱོར་བ་གྲུབ་པ་བཞིན་ནོ། །འདི་ནི་སྤྱོད་པ་ཅན་གྱི་གཞུང་ལྟར་དོན་མེད་པ་ནི་མ་ཡིན་ནོ། །འདི་འདོན་པ་དང་རྟོགས་པ་དང་རྗེས་སུ་བསྒྲུབས་པ་དེ་ནི་ངེས་པར་ཡུན་རིང་དུ་འཚོ་བ་དང༌། ནད་མེད་པ་དང༌། ཆོས་དང༌། ནོར་དང༌། བདེ་བ་དང་གྲགས་པ་ཡང་ཐོབ་པར་འགྱུར་རོ། །རྒྱུད་འདི་རྟོགས་ཤིང་འདོན་ན་ནི་ཡན་ལག་བརྒྱད་པ་བསྡུས་པའི་དོན་ཡང་རྟོགས་པར་འགྱུར་ཏེ། རང་གི་གསོ་བའི་ལས་ལ་གོམས་པའི་སྨན་པ་རྣམས་ཀྱང་སེམས་གཡོས་པར་འགྱུར་ན་ཡང་མངོན་བར་བརྩོན་བར་བྱས་ཏེ། སྨན་དཔྱད་ཀྱི་རྒྱུད་རྒྱ་ཆེ་བ་གཞན་གོ་ཞིང་ཤེས་པ་ནི་ངོ་མཚར་ཀྱང་ཆེ་སྟེ། གལ་ཏེ་ཙ་ར་ཀ་དང༌། སྲུ་སྲུ་ཏ་ལ་སོགས་པས་བཤད་པའི་སྨན་གྱི་རྒྱུད་ཤེས་པས་ནི་ནད་རྣམས་ཀྱི་མིང་ཙམ་ཡང་ཁོང་དུ་ཆུད་པར་མི་འགྱུར་རོ། །ཅི་སྟེ་ཅ་ར་ཀས་བཤད་པའི་སྨན་དཔྱད་ཀྱི་ཡི་གེ་ཁོང་དུ་ཆུད་ཀྱང་དེ་ནི་གསོ་བ་ཡོངས་སུ་རྫོགས་པ་མ་ཡིན་ཏེ། ངེས་པར་ནད་ཀྱིས་ཉམ་ཐག་པ་རྣམས་གསོ་བར་མི་ནུས་སོ། །ལེགས་པར་ཤེས་ཤིང་རིག་པར་བྱ་བའི་སྨན་དཔྱད་ཀྱི་ཡི་གེ་སྐྱེས་བུའི་ཚེའི་རིག་བྱེད་ཀུན་གྱི་སྔོན་དུ་འགྲོ་བ་འདི་ལ་སྐྱོ་བ་མེད་
ཅིང་མངོན་བར་བརྩོན་པའི་མཆོག་གི་ས་མི་འཇུག་པ་དེ་ནི་ཤིན་ཏུ་གཏི་མུག་པ་ཡིན་ནོ། །རླུང་དང་མཁྲིས་པ་དང་བད་ཀན་ལ་ཏིལ་མར་དང་མར་དང་སྦྲང་རྩི་གོ་རིམས་བཞིན་དུ་ཕན་ཞིང་ཞི་བར་བྱེད་དོ་ཞེས་ཚངས་པའམ་ཆངས་པའི་བུས་བཤད་དེ། དེ་ནི་རྩིང་མ་བཏགས་པར་སྨན་གྱི་ནུས་པའི་བྱེ་བྲག་བཅད་ཅིང་ཕྱེ་བ་ཡིན་ནོ། །དེ་བས་ན་བདག་གིས་སྨན་དཔྱད་ཀྱི་རང་བཞིན་ཤེས་ནས་སྨན་གྱི་ནུས་པ་དང་ཁྱད་པར་ཞིབ་ཏུ་བརྗོད་པ་ཡིན་ཏེ། དེས་ན་ཞེ་སྡང་དང་ཕྲག་དོག་སྤང་ཞིང་གང་རིགས་པ་དེ་བླང་བར་འོས་སོ། །གལ་ཏེ་དྲང་སྲོང་ཆེན་པོ་ཙ་ར་ཀ་དང༌། སྲུ་སྲུ་ཏ་དང༌། གཟིངས་ཅན་ལ་སོགས་པས་བཤད་པ་ལ་དད་པ་ཞིག་ཡོད་དེ་ཡོད་ན་ཡང་བདག་གིས་དེའི་ལུང་ཅི་ཞིག་མ་བརྗོད་དེ་སྨྲས་སོ། །དེ་བས་ན་ལེགས་པར་གསུངས་པའི་སྨན་དཔྱད་གྱི་རྒྱུད་འདི་ཉམས་སུ་ལེན་པའི་རིགས་སོ། །རང་གི་རང་བཞིན་ཚེ་ཡི་རིག་བྱེད་རྒྱ་མཚོ་ལས། །སྙིང་པོ་བཞིན་དུ་བསྡུས་པའི་ཆོ་ག་འདི་བཤད་པས། །དགེ་བ་གང་ཞིག་རབ་ཏུ་བསགས་པ་ཐོབ་གྱུར་པ། །དེས་ནི་འགྲོ་བ་མ་ལུས་བདེ་བ་ཐོབ་གྱུར་ཅིག །རོ་ཙ་བར་བྱེད་པའི་ལེའུ་སྟེ་བཞི་བཅུ་ཐམ་པའོ།། །།སྨན་པའི་བདག་པོ་སེང་གེ་སྦས་པ་ཞེས་བྱ་བའི་བུ་སྨན་པ་ཆེན་པོ་ཕ་ཁོལ་ཞེས་བྱ་བས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས་རྒྱུད་ཕྱི་མའི་གནས་རྫོགས་ཏེ་ཡན་ལག་བརྒྱད་པའི་སྙིང་པོ་ལས་གནས་དྲུག་པ་སྟེ་ཐ་མ་རྫོགས་སོ། །སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བ་ཇི་སྙེད་པའི་བཤད་པ་རྫོགས་སོ། །མ་རིག་དབང་གིས་འདི་དག་ཏུ། །ཅུང་ཟད་ནོངས་པར་གང་གྱུར་ཏེ། །གང་ཕྱིར་བདག་ཉིད་ཁོང་བླུན་པས། །མཁས་པ་རྣམས་ལ་བཟོད་པར་གསོལ། །གལ་ཏེ་འབྱུང་ཁུངས་བཟང་པོའི་གསེར། །མངོན་སུམ་སྣང་བ་འགྲོ་ལ་གཏད། །བོད་ཀྱི་ལྷ་བཙན་པོ་སློབ་དཔོན་བྱང་ཆུབ་སེམས་དཔའ་ལྷ་བླ་མ་ཛྙཱ་ན་པྲ་བྷཱའི་བཀས། ཚེའི་རིག་བྱེད་ཀྱི་རྒྱ་མཚོ་སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་བཤད་པ་འདི་འང་བསྒྱུར་ཅིག་ཅེས་བཀའ་སྩལ་ནས་བླ་མའི་ཞབས་དྲུང་དུ། རྒྱ་གར་གྱི་ཨཱ་ཙཪྻ་དྷརྨ་ཤྲཱི་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཨི་གུ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་མར་ལོ་དགེ་སློང་རིག་པ་གཞོན་ནུ་དང༌། མཉེལ་བཅོར་དགེ་སློང་དབྱིག་གི་རིན་ཆེན་དང་གསུམ་གྱིས་ཚད་ལ་ཕབ་སྟེ་མཇུག་བསྡུས་ནས་རྫོགས་པར་བགྱིས་སོ།། །།