Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།

19 occurrences of རྒྱུད་གསུམ་
[Clear Hits]


  
  
  
  
  
  
 
རྟ་མགྲིན་གྱི་དབང་བཤད།
  
 
  
  
 
  
  
 
  
  
  
  
  
 
  
  
 
  
  
  
  
  
 
  
 
  
  


19 occurrences of རྒྱུད་གསུམ་
[Clear Hits]

 
previousརྟ་མགྲིན་གྱི་དབང་བཤད། next

རྟ་མགྲིན་གྱི་དབང་བཤད།

༄༅། རྟ་མགྲིན་གྱི་དབང་བཤད་སྐལ་བཟང་ཐར་ལམ་འདྲེན་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།

༄༅། ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་སྔོན་དུ་སོང་ནས། འོ་ད་ལམ་ཁྱེད་རྣམས་ཀྱིས་འགྲོ་བ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པར་བྱ་བའི་ཆེད་དུ་སྨིན་བྱེད་དབང་གི་རིམ་པ་འདི་ཉིད་ཚུལ་བཞིན་དུ་ཞུས་ནས་སྒོམ་སྒྲུབ་མཐར་ཕྱིན་པར་བགྱིའོ་སྙམ་པའི་དམ་བཅའ་བརྟན་པོ་ཡིད་ལ་བཞག་ནས་གསན་འཚལ། དེ་ལ་གང་གསན་པར་བྱ་བ་ལ་བཅུད་བཟང་པོ་བདུད་རྩི་ལྟ་བུ་བླུག་སའི་སྣོད་དེ་ཉིད་སྔོན་དུ་བཀྲུ་བཤལ་བྱེད་དགོས་པ་བཞིན། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག་དང་བཅས་པ་སྤང་དགོས་པས། དང་པོ་ནི། རྣ་བ་མི་གཏོད་ཁ་སྦུབ་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་དང་། དྲི་མ་དྲུག་ནི། སློབ་དཔོན་དབྱིག་གཉེན་གྱིས་གསུངས་པའི་རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་དང་། གཞན་ཡང་ཉན་པ་པོ་རྣམས་ལ་ཆོས་མི་འཛིན་པའི་སྐྱོན་ལྔ་བྱ་བ་ཡོད་དེ། དེ་གང་ཡིན་ཞེ་ན། ཚིག་མི་འཛིན་པ་དང་། དོན་མི་འཛིན་པ་དང་། བརྡ་མ་འཕྲོད་པར་འཛིན་པ་དང་། ལོག་པར་འཛིན་པ་དང་། མ་ལུས་པར་མི་འཛིན་པའོ། །དང་པོ་ཚིག་མི་འཛིན་པ་སྟེ། ཚིག་འདྲ་བ་ཅི་ཞིག་བཏགས་ཀྱང་ཆོག་ཟེར་ནས་གསུང་སྒྲོས་ལ་ནན་ཏན་མི་བྱེད་པར་དོན་གཅིག་པུ་ལ་ནན་ཏན་བྱེད་དེ་ཚིག་ནོར་ན་དོན་ཡང་ནོར་ནས་འགྲོ་ལ། དང་པོ་ཚིག་མ་ནོར་བ་རེ་བཟུང་ནས་བསམ་ན་དོན་མ་ནོར་བ་ཞིག་སྐྱེ་བ་ཡིན། གཉིས་པ་དོན་མི་འཛིན་པ་ནི། ཚིག་གཅིག་པུ་ལ་ནན་ཏན་བྱེད་ལ། དོན་ལ་ནན་ཏན་མི་བྱེད་ཙ་ན། ཆོས་མང་པོ་བློ་ལ་ཟིན་ཀྱང་། ནེ་ཙོའི་ཁ་ཏོན་དུ་འགྲོ། གསུམ་པ་བརྡ་མ་འཕྲོད་པར་འཛིན་པ་ནི། ཆོས་དེའི་དགོས་དོན་དང་། བསྡུས་དོན་དང་། ཚིག་དོན་གང་ཡིན་ཆ་མེད་པར་འཛིན་པ་ལ་ཟེར་ཏེ། དེའི་ཆོས་ཀྱིས་རང་གཞན་ལ་ཕན་མི་ཐོགས། བཞི་པ་ལོག་པར་འཛིན་པ་ནི། བླ་མས་དྲང་པོར་བཤད་ཀྱང་། ཆོས་གཤའ་མ་དེ་སྐད་བྱ་བ་མེད་ཟེར་ནས་ལོག་པར་འཛིན་པའོ།། ལྔ་པ་མ་ལུས་པར་མི་འཛིན་པ་ནི། གལ་ཆེ་ཆེ་འཛིན། ཆུང་ཆུང་མི་འཛིན་པ་སྟེ། དེ་ལྟར་བྱས་ན་ཆོས་མགོ་མེད་གཞུག་མེད་དུ་སོང་ནས་ཕྱིས་གཞན་ལ་ཕན་མི་ཐོགས། དང་པོ་ཉན་པའི་དུས་ན་རང་གི་བློས་འཆུན་ཚད་ཀྱིས་མཐར་ཆགས་སུ་འཛིན་དགོས། དེ་ལྟར་ཆོས་ཉན་པའི་དྲི་མ་དེ་དག་སྤང་ལ། ཚུལ་ཇི་ལྟ་བུས་ཉན་སྙམ་ན། འདུ་ཤེས་དད་གུས་དང་ལྡན་པས་ཆོས་ཉན་པ་ནི་མཆོག་ཡིན་ཏེ། ཆོས་དང་གང་ཟག་དམ་པ་རྣམས་ཀྱི་སྤྱོད་ཡུལ་མཐོང་བས། དེ་ལ་དགའ་སྤྲོ་དྭངས་བ་ཁྱད་པར་ཅན་སྐྱེ་བ་ནི་དྭངས་བའི་དད་པ་དང་། འཁོར་བའི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་ཆོས་དང་བླ་མ་རྟག་ཏུ་ཡིད་ལ་མི་འབྲལ་བ་ནི་འདོད་པའི་དད་པ་དང་། བླ་མ་དང་མཇལ་ནས་ཆོས་ཐོས་པའི་ཚེ་ན་ཆོས་དང་བླ་མ་ལ་ཡིད་གཉིས་ཐེ་ཚོམ་མེད་པ་ཡིད་ཆེས་པའི་དད་པ་དང་། དམ་པའི་ཆོས་ཐོས་བསམ་སྒོམ་སྒྲུབ་གང་བྱེད་ཀྱང་། ན་ཚ་སྡུག་བསྔལ་དགྲ་བགེགས་སོགས་རྐྱེན་གང་གིས་ཀྱང་བར་དུ་མི་ཆོད་པ་ཕྱིར་མི་ལྡོག་པའི་དད་པ་སྟེ། འདི་བཞི་པོ་ནི་ཐེག་པ་རིམ་པ་དགུ་ཡི་ཆོས་སྒོ་གང་ལ་འཇུག་ཀྱང་མེད་ཐབས་མེད་པས་ལྡེའུ་མིག་ལྟ་བུ་ཡིན་པས་ལུས་ངག་ཡིད་ གསུམ་ཞི་དུལ་དད་གུས་ཀྱི་སྤྱོད་ལམ་མདོ་རྒྱུད next hit་རྣམས་ནས་ཇི་སྐད་གསུངས་པ་བཞིན། སྦྱོར་བ་སེམས་བསྐྱེད་དམ་པའི་ཐབས་ཀྱིས་ཟིན་པར་བྱས་ནས། དེ་ཡང་འདི་ལྟར་ལུས་རྟེན་རྙེད་པར་དཀའ་བའི་ཚུལ་ལ་བསམས་ནས་དལ་ཁོམ་རེས་འཇོག་མེད་པར་ཆོས་ལ་སྦྱང་བ། འཇིག་ངེས་པའི་རྒྱུ་མཚན་བསམས་ནས་རྟག་ཏུ་ངེས་འབྱུང་དང་སྐྱོ་ཤས་སྐྱེ་བ། འཆི་ངེས་པའི་དཔེ་ལ་བསམས་ནས་དགོས་དུས་སྟོང་པའི་ཟབ་དོན་བསྒོམ་པའོ། །དང་པོ་ནི། སྐྱེ་བར་དཀའ་བ་འཛམ་བུའི་གླིང་ཆོས་སྤྱོད་པའི་ཡུལ་དུ་སྐྱེས། རྙེད་པར་དཀའ་བ་དལ་འབྱོར་ཕུན་སུམ་ཚོགས་པ་རྙེད། འཕྲད་པར་དཀའ་བ་བླ་མ་དགེ་བའི་བཤེས་གཉེན་དང་འཕྲད། ཞུགས་པར་དཀའ་བ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས། ཤེས་པར་དཀའ་བ་བླ་ན་མེད་པའི་མན་ངག་ཕྱིན་ཅི་མ་ལོག་པར་ཤེས། སྤང་བར་དཀའ་བ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྤངས་ནས་ཐར་པ་བྱང་ཆུབ་ཀྱི་གླིང་དུ་འགྲོ་བའི་དུས་ད་རེས་བརྩོན་འགྲུས་དང་སྙིང་རུས་བསྐྱེད་ནས་མ་བསྒྲུབ་ན། ཕྱིས་ནས་འདི་ལྟ་བུའི་མཐུན་རྐྱེན་ཚང་བ་མི་སྲིད་པས་ཚེ་འདིའི་བྱ་བཞག་སྦྲུལ་གྱི་ཤུན་པ་བཞིན་དོར་ནས་ཟབ་མོའི་དོན་བསྒོམ་པར་རིགས་ཏེ། མན་ངག་རིན་པོ་ཆེའི་མཛོད་ལས། རྐྱེན་ངན་བསྟུད་ལས་མི་རྟག་རྒྱུད་ལ་སྐྱེས། །རྒྱུ་འབྲས་ཤེས་ནས་ལས་ངན་དུག་བཞིན་སྤོང་། །མོས་གུས་ཚུད་པས་བླ་མ་སངས་རྒྱས་མཐོང་། །ཆོས་ལ་ངེས་པས་དགེ་སྦྱོར་བྲོད་པ་སྐྱེས། །དགེ་འདུན་དད་པས་ཡར་འདྲེན་སྐྱེལ་མ་ཞུ། །སངས་རྒྱས་འདོད་པས་བརྩོན་པས་ཅི་ཐོབ་བྱེད། །སྐལ་བཟང་དམ་པ་རྣམས་ཀྱི་ལུགས་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིད་ལ་འདྲོང་ངེས་པར་བྱས་ནས། གསན་བྱའི་ཆོས་ཀྱི་ངོ་བོ་ནི། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན་པ་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་མགོན་དུ་གྱུར་པ་རྣམ་འདྲེན་ཟས་གཙང་གི་སྲས་པོ་དེ་ཉིད་ཀྱིས་འཁོར་དགེ་སློང་གི་དགེ་འདུན་རབ་ཏུ་བྱུང་བ་དག་ལ་སངས་རྒྱས་ཀྱི་བསྟན་པ་རྣལ་མ་ཡོངས་སུ་གྲགས་པ་རྩོད་པ་མེད་པའི་གཞུང་སྡེ་སྣོད་རིན་པོ་ཆེ་གསུམ་དང་། དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་བ་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷོ་དྷི་དང་། རིགས་ཅན་དྲ་མ་ལ་ལྔ། ཆོས་རྒྱལ་ཟླ་བ་བཟང་པོ་སོགས་ལ་སྟོན་པ་ཉིད་དཀྱིལ་འཁོར་གྱི་བདག་པོར་བཞེངས་པའམ། ཆགས་བྲལ་གྱི་རྣམ་པ་ཅི་རིགས་པས་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས་བསྟན་ཏེ། དམ་པ་དང་པོའི་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུང་དུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །ཞེས་གསུངས་པ་ལྟར་སྤྱིར་ཆོས་ཀྱི་རྣམ་གྲངས་བརྗོད་དུ་མེད་པའི་མཐའ་དང་བྲལ་ཡང་བསྡུ་ན་རྒྱུ་ཕར་ཕྱིན་གྱི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུས་ཏེ། ད་ལམ་འདིར་ནི་ཐབས་ཁྱད་པར་ཅན་གྱི་སྒོ་ནས་སྤང་བྱ་ཉོན་མོངས་པ་དང་འདོད་པའི་ཡོན་ཏན་དེ་ཉིད་ལམ་དུ་བྱས་ཏེ་བསྒོམས་པས་དེ་དག་སླར་རྣལ་འབྱོར་པའི་གྲོགས་སུ་འཆར་ཞིང་། ལམ་མྱུར་དུ་རྫོགས་པར་བྱེད་པའི་མན་ངག་ཟབ་མོ་ཡིན་ཀྱང་། རྟེན་གྱི་གང་ཟག་གསང་སྔགས་རང་ཚོད་དང་ལྡན་མི་ལྡན་གལ་ཤིན་ཏུ་ཆེ་བས། སྔགས་ཀྱི་སྤྱད་བསྲུང་གི་དམ་ཚིག་ས་མ་ཡཱ་འབུམ་སྡེ་ཉམས་འོག་ཏུ་ཚུད་ངེས་བྱེད་དགོས་ཏེ། སྔགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བའི་དུས་ན་ཡང་། ཐིག་བག་ཙམ་ཞིག་འགྲིས་ཀྱང་། ཉན་ཐོས་ཀྱི་ཕས་ཕམ་གྱིས་དོ་མ་ཡིན་གསུངས་ན་དམ་ཚིག་གཞན་ལྟ་ཅི་སྨོས། གསང་སྔགས་ལམ་ཉེ་གསུངས་པ་ལ་ཐམས་ཅད་ཀྱིས་རྣ་བ་ཀྲོང་ངེ་ཉན་འདུག་ཀྱང་། བློ་གྲོས་དང་མི་ལྡན་ཞིང་སྙིང་སྟོབས་མེད་པས་སྔགས་ལ་འཇུས་ན་ཁེ་ཉེན་ཤིན་ཏུ་ཆེ་བས་གླང་པོ་ཆེ་ལ་མྱོས་རྫས་བླུད་ནས་སྣ་རྩེ་རུ་མཚོན་ཆའི་འཁོར་ལོ་བཏགས་ཏེ་དགྲ་ཡུལ་དུ་གཏོང་བ་ལེགས་ན་དགྲ་དཔུང་ཐམས་ཅད་དུས་གཅིག་ཏུ་བརླག་པར་བྱེད་ལ། གལ་ཏེ་རྟེན་འབྲེལ་མ་འགྲིག་ནས་ཚུར་འཁོར་ན་སྐད་ཅིག་གིས་རང་ལུས་དུམ་བུར་གཏུབ་པ་ལྟར་གསང་སྔགས་ཀྱི་ཐབས་དང་གཉེན་པོའི་རྟེན་འབྲེལ་འགྲིག་ན་ཚེ་གཅིག་གིས་སངས་རྒྱས་ཐོབ་ལ། ལྷ་དང་བླ་མ་མཆེད་གྲོགས་ཐ་ན་ཤོ་ལོ་ཀ་གཅིག་གི་བཀླག་ལུང་ཐོབ་པ་ཚུན་ཆད་ལ་རྩེད་མོའི་ཞོར་ཙམ་དུའང་ཅུང་ཟད་འགལ་ནས་སོར་མ་ཆུད་ན་རྡོ་རྗེ་དམྱལ་བར་འགྲོ་བར་གདོན་མི་ཟ་བས་དེས་ན་བློ་གྲོས་དང་སྙིང་སྟོབས་དང་། སྐྱེ་བ་སྔ་མ་ནས་སྦྱངས་སྟོབས་དང་ལྡན་པ་གལ་ཆེ། དེ་ལྟར་རྟོག་དཔྱོད་ཞིབ་པར་བཏང་ནས་སྨོན་འཇུག་གཉིས་ཀྱི་བློ་ཚོད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཞིག་གསང་སྔགས་ཀྱི་སྒོར་འཇུག་པར་འདོད་པ་ལ། དང་པོ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་སློབ་མ་མཚན་ཉིད་དང་ལྡན་པ་ཞིག་ལ་དབང་བཞི་རྫོགས་པར་བསྐུར་ནས། ལམ་བསྐྱེད་རྫོགས་ཀྱི་ཐབས་ཟབ་མོ་ཐུན་བཞི་ལ་སོགས་པས་ཉམས་སུ་བླངས་ནས་དམ་ཚིག་རང་གི་སྲོག་ལས་ཕང་བར་བསྲུང་ནས་ཐེ་ཚོམ་ཡིད་གཉིས་མེད་ན་བསྐལ་པ་གྲངས་མེད་གསུམ་ཚེ་གཅིག་གིས་བསྒྲོད་པ་ལ་ཚེགས་མེད་དེ། ཡེ་ཤེས་རོལ་པ་ལས། བསྐྱེད་དང་རྫོགས་པའི་རིམ་པ་ལས། །ཡེ་ཤེས་རླུང་གིས་ལས་བྱེད་ཅིང་། །ནམ་མཁའི་འཇོ་བ་རབ་རྫོགས་པའི། །ཚེ་གཅིག་གིས་ནི་རབ་གྲོལ་ལོ། །ཞེས་གསུངས་པས་དེ་ལྟ་བུའི་སྔགས་ལའང་། གསར་མ་དང་རྙིང་མ་གཉིས། རྙིང་མ་ལའང་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་བརྒྱུད་པའི་བཀའ་སྲོལ་རིམ་པ་གསུམ་དུ་ཡོད་པའི་ནང་ཚན་ད་ལམ་ཉེ་བརྒྱུད་བྱིན་རླབས་ཀྱི་དྲོད་མ་ཡལ་བ་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན་ཏེ། དེ་ལའང་ངོ་བོ། ངེས་ཚིག དབྱེ་བ། མཚན་ཉིད། བསྡུས་དོན་དང་ལྔ་ལས། དང་པོ་ངོ་བོ་ནི། རང་བྱུང་རིག་པ་བྱང་ཆུབ་ཀྱི་སེམས་སོ། ངེས་ཚིག་ནི། གབ་པས་གཏེར། སྦས་པས་གཏེར། ཟད་མི་ཤེས་པས་གཏེར། དགོས་འདོད་ཀུན་འབྱུང་བས་གཏེར་དང་བཞིའོ། མཚན་ཉིད་ནི། ལས་དང་སྐལ་ལྡན་སྨོན་ལམ་གནས་དུས་འཛོམས་པ། ཚོགས་གཉིས་ཀྱི་འབྲས་བུ་རྒྱས་པ། སྣོད་དང་བཅུད་འཛོམས་པས་སྐལ་བཟང་ལས་འཕྲོ་ཅན་ཀྱི་སྤྱོད་ཡུལ། དད་མེད་ལོག་ལྟ་ཅན་ལ་གསང་བ། དབྱེ་བ་ནི་ཕྱི་འབྱུང་བཞི། ནང་སྐུ་གསུང་ཐུགས། གསང་བ་རང་བྱུང་རང་བབས་རང་གིས་རྟོགས་པའི་གཏེར། བྱེ་བྲག་སྨན་རྩིས་སྒྱུ་འཕྲུལ་བཟོ་ལ་སོགས་པ་རྣམས་སོ། བསྡུས་དོན་ནི། གང་འདོད་ཀྱི་གདུལ་བྱའི་རེ་བ་སྐོང་ནུས་པའོ། །དེ་ཡང་འདི་ལྟར་རྒྱུད་ཡེ་ཤེས་གསང་བ་ལས། སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ། །གཏེར་དང་ལྡན་ནོ་ཁྱད་པར་ཆེ། །ཞེས་དང་། རིན་ཆེན་སྤུངས་པའི་རྒྱུད་ལས། རྒྱུད་དོན་གབ་པའི་གཏེར་སྒོ་ཕྱེ། །ནམ་མཁའ་མཛོད་གཏེར་ཉིད་ལོངས་སྤྱོད། །ཅེས་གསུངས་པ་དང་། མདོ་རྣམ་རོལ་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། འཇམ་དཔལ། འབྱུང་བ་ཆེན་པོ་བཞི་ནི་ནམ་མཁའི་གཏེར་ལས་འབྱུང་། དེ་བཞིན་ཏུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་བྱུང་བས། དོན་གཏེར་ལ་ལོངས་སྤྱོད་པར་གྱིས་ཤིག །ཅེས་གསུངས་པ་ལྟར་དེ་ཡང་ཤེས་རབ་ཀྱི་མིག་རྟུལ་བ་ལོག་ལྟའི་དྲ་བར་ཚུད་པ་ཁ་ཅིག་གིས་གཏེར་ཟེར་བ་ཨོ་རྒྱན་པདྨ་དང་རྙིང་མ་བ་ཁོ་ན་ལ་ཆ་བཞག་སྟེ་བླ་བརྡོལ་དུ་སྨྲ་ཡང་མ་ཡིན་ཏེ། ཆོས་སྐུ་ཀུན་ཏུ་བཟང་པོས། རང་ཤར་དག་པའི་འཁོར་ལ། དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་པོ། སྟོན་འཁོར་དགོངས་པ་མཉམ་པའི་ཚུལ་དུ་བསྟན་པ་ཆོས་སྐུའི་གཏེར་དང་། སྟོན་པ་རྣམ་པར་སྣང་མཛད་ཀྱིས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ་བརྡའི་ཚུལ་དུ་བསྟན་པ་ལོངས་སྐུའི་གཏེར་དང་། མཉམ་མེད་བུ་རམ་ཤིང་པས་འཁོར་ལྔ་སྡེ་བཟང་པོ་སོགས་ལྷ་ཀླུ་མི་གསུམ་ལས་དང་སྐལ་ལྡན་མང་པོའི་བསོད་ནམས་ལ་བརྟེན་ནས་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་པོ་ཚངས་པའི་དབྱངས་ཀྱིས་གསུངས་པ་སྤྲུལ་པའི་སྐུ་ཡི་གཏེར་ཕྱུང་བའོ། །དེ་ལྟར་ངེས་པའི་ལུང་ནི། སྒྱུ་འཕྲུལ་བརྒྱད་ཅུའི་ལེའུ་བཅུ་པ་ལས། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྐུ་ཟད་མེད་རིན་ཆེན་གཏེར། །སྤྲུལ་སྐུ་སྐྱེ་བ་བསམ་མི་ཁྱབ། །དེ་ལ་སོགས་པ་བསམ་ཡས་མཆོག །ཟད་མི་ཤེས་པའི་གཏེར་དུ་འགྱུར། །ཞེས་གསུངས་སོ། །དེ་ལྟར་ན་ཐེག་པ་རིམ་པ་དགུ་པོ་སྐུ་གསུམ་སྟོན་པའི་ཐུགས་ལ་གབ་པའི་གཏེར་དེ་ཉིད། གདུལ་བྱ་དུས་བབས་ཀྱི་དབང་གིས་སོ་སོའི་སྣང་ངོར་འབྱུང་བ་དང་། རང་རང་གིས་ཞུ་དོན་གསོལ་བ་ནི། ཁ་བྱང་ཡང་བྱང་ལ་བརྟེན་ནས་གཏེར་འདོན་པའི་དུས་ཡིན་པས་བློ་དང་བསྟུན་ནས་བཀའ་བསྩལ་པ་ནི་ཐུགས་གཏེར་ཕྱུང་བ་དེ་དག་སླར་ཡང་གཏེར་དུ་སྦས་པ་ནི་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་དགྲ་བཅོམ་རྣམས་ཀྱིས་བཀའ་བསྡུ་ལན་གསུམ་མཛད་ནས་གཏེར་དུ་སྦས་པ་ནི། ཀུན་དགའ་བོས། གནས་ལ་མ་འཆམས་ལྷ་ཀླུས་ཐོབ་ཤ་བྱས༔ དེ་ལ་གཏེར་དུ་མ་སྦས་ཐབས་མ་མཆིས༔ མུ་སྟེགས་ངན་པས་མེར་བསྲེག་དཀྲུག་པ་བྱུང་༔ དེ་ལ་བརྟེན་ནས་གཏེར་དུ་སྦས་པའོ༔ ཞེས་གསུངས་པ་ལྟར་དམ་ཆོས་ཐམས་ཅད་གཏེར་དུ་སྦས་ནས་སླར་འདོན་པའི་དུས་ནི་སངས་རྒྱས་ཀྱི་ཞལ་ནས། ཐུབ་པ་མྱ་ངན་འདས་འོག་ཏུ། །ལོ་ནི་ཉི་ཤུ་རྩ་བརྒྱད་ནས། །རྒྱལ་པོ་ཛ་ཞེས་བྱ་བ་འབྱུང་། །དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བརྒྱད་བཅུ་ལོན་པ་ན། །ནུབ་ཕྱོགས་ཨོ་རྒྱན་ཡུལ་ཞེས་པར། །དེ་བ་བཟང་སྐྱོང་བྱ་བ་འབྱུང་། །ཡོ་ག་རྣམ་གསུམ་སྟོན་པར་བྱེད། །ང་ནི་མི་གནས་འདས་འོག་ཏུ། །སྔོན་གྱི་ལས་ཀྱིས་རབ་བསྐུལ་ནས། །ཨོ་རྒྱན་ཡུལ་གྱི་ལྷོ་ནུབ་ཏུ། །མངལ་སྐྱེས་སྤང་བའི་རྫུས་སྐྱེས་ཉིད། །པདྨ་འབྱུང་གནས་རྫུ་འཕྲུལ་ཅན། །ང་ལས་ལྷག་པའི་སྐྱེས་བུ་འབྱུང་། ཞེས་དང་། རྟག་ལྟ་སུན་འབྱིན་ང་ནི་མྱ་ངན་འདའ། །ཆད་ལྟ་སུན་འབྱིན་ཀོ་ཤའི་མཚོ་ལས་འཁྲུངས། །ཞེས་གསུངས་པ་ལྟར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་སྤྲེལ་ལོ་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ་དྷ་ན་ཀོ་ཤར་པདྨའི་སྦུབས་ལས་བརྫུས་སྐྱེས་ཀྱི་སྐུར་འཁྲུངས་ཏེ། རྒྱལ་པོ་ཨིནྡྲ་བྷོ་དྷིའི་སྲས་ཀྱི་སྐལ་བ་མཛད། རྒྱལ་སྲིད་ཐབས་ཀྱིས་སྤངས་ནས་དུར་ཁྲོད་བསིལ་བ་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས། དེ་ནས་དགའ་བའི་ཚལ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདུད་འདུལ་མས་དབང་བསྐུར་ཞིང་བྱིན་གྱིས་བརླབས། སོ་ས་གླིང་དུ་ཞི་བ་འཚོས་དབང་བསྐུར། རྒྱ་མཚོའི་གླིང་དུ་མཁའ་འགྲོ་བཞི་དབང་དུ་བསྡུས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་ཐམས་ཅད་བསྒྲུབ་ཅིང་དབང་དུ་མཛད། མཆོག་གི་དངོས་གྲུབ་བརྙེས་པའི་སྤྲུལ་པའི་སྐུར་བཞུགས་ཀྱང་། འགྲོ་བའི་ཁམས་དང་མོས་པ་སྣ་ཚོགས་དེ་དག་སློབ་དཔོན་མེད་པ་ལ་མི་དད་པ་ལྡོག་པའི་ཕྱིར་སློབ་དཔོན་པྲ་བྷ་ཧསྟིའི་དྲུང་དུ་རབ་ཏུ་བྱུང་བས་ཤཱཀྱ་སེང་གེ་ཞེས་མཚན་གསོལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་གཟིགས་ནས་ཚེ་ཡི་རིག་འཛིན་ལ་མངའ་བརྙེས། རྒྱ་གར་ལྷོ་ཕྱོགས་སུ་ཀླུ་སྒྲུབ་སྙིང་པོ་ལ་སྒྲ་དང་ཚད་མ་སོགས་རྒྱུ་འབྲས་ཀྱི་ཐེག་པ་མ་ལུས་པར་གསན་ནས་ཕྱི་རོལ་མུ་སྟེགས་པའི་སྡེ་ཚོགས་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། དགེ་སློང་ཀུན་དགའ་མོ་ལ་པདྨ་གསུང་གི་སྒྲུབ་སྡེ་གསན་ཅིང་གྲུབ་པ་བརྙེས། རིག་འཛིན་བརྒྱད་ཀྱི་དྲུང་དུ་སྒྲུབ་སྡེ་བརྒྱད་དང་གཞན་ཡང་རྒྱུད་སྡེ་མཐའ་དག་མ་ལུས་པ་གསན་པར་མཛད་ནས་དེ་དག་སོ་སོའི་ལྷ་ཡི་དཀྱིལ་འཁོར་དཔག་ཏུ་མེད་པས་ཞལ་གཟིགས། དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་བུ་མོ་ལྷ་ལྕམ་མན་དྷ་ར་བ་དབང་དུ་མཛད་ནས་ཡུལ་ཁམས་དེ་ཉིད་ཆོས་ལ་བཙུད། སླར་ཨོ་རྒྱན་ཡུལ་དུ་བྱོན་ནས་རྒྱལ་པོ་ཨིནྡྲ་བྷོ་དྷི་འཁོར་ཚོམ་བུ་འབུམ་དང་བཅས་པ་གསང་སྔགས་ཀྱི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་ནས་ཐམས་ཅད་གྲུབ་པ་ཐོབ་ནས་མཁའ་སྤྱོད་དུ་གཤེགས། དེ་ནས་རྡོ་རྗེ་ཕག་མོས་ལུང་བསྟན་ནས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ་བྱོན་ནས་སློབ་དཔོན་ཆེན་པོ་ཤྲཱི་སིང་ཧ་ལ་མཐར་ཐུག་བླ་ན་མེད་པའི་ཉེ་ལམ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་རྒྱུད་སྡེ་མ་ལུས་པ་གསན་ཅིང་བསྟན་པ་གཏད་པས་ཐུགས་ཉམས་སུ་བཞེས་ནས་སྐྱེ་ཤི་གཉིས་སྤངས་ཆུ་ཡི་ཟླ་བ་ལྟ་བུའི་སྐུར་གྲུབ་ནས་རྫུ་འཕྲུལ་གྱིས་གནས་རྣམ་པ་སྣ་ཚོགས་སུ་མི་དང་མི་མ་ཡིན་པའི་འགྲོ་བ་མང་པོ་ཐར་ལམ་ལ་བཀོད་ཅིང་མཁའ་འགྲོ་འབར་བའི་སྤྲིན་ཕུང་དང་ལྷན་ཅིག་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པས་གནས་པར་མཛད་དོ། །དེ་ཡི་ཚེ་བོད་གངས་ཅན་གྱི་ལྗོངས་འདིར་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་གནམ་ལྷ་བབས་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་བདག འགྲེང་མགོ་ནག་ཡོངས་ཀྱི་རྒྱལ་པོ། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་བཞེངས་པའི་དུས་སུ། སྤྲུལ་པའི་རྒྱལ་པོའི་ཐུགས་བསྐྱེད་སྐྱ་རེངས་དང་པོས་བསྟན་འགྲོའི་རྒུད་མུན་སེལ་བའི་ཉིན་བྱེད་ལྷ་གཅིག་པདྨ་འབྱུང་གནས་སྤྱན་དྲངས་ནས་བོད་ཁམས་མུན་པའི་གླིང་འདིར་རྒྱལ་བསྟན་བཤད་སྒྲུབ་ཀྱི་བསྟན་པ་འོད་སྟོང་མཁའ་ལ་ཤར་བ་ལྟར་མཛད་ནས་གཏེར་གྱི་རིགས་བསམ་གྱིས་མི་ཁྱབ་པ་བརྗོད་པའི་མཐའ་དང་བྲལ་བ་ས་འོག་ས་སྟེང་ས་བླ་ཐམས་ཅད་ཁྱབ་པར་སྦས་ཏེ། གཏེར་འདོན་པའི་གང་ཟག་ཀྱང་། གཏེར་སྟོན་བརྒྱ་རྩ། གཏེར་ཕྲན་སྟོང་དང་རྩ་གཉིས། ཡང་གཏེར་གྲངས་ལས་འདས་པ། དེ་དག་སོ་སོའི་ཆོས་བདག་སྐྱེས་བུ་དང་བཅས་པ་ལུང་བསྟན་པའི་ནང་ཚན། ད་ལམ་འདིར་ནི། ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ལུང་བསྟན་ལས། བྱ་འམ་ཁྱི་ཡི་ལོ་བ་གསང་སྨེ་ཅན༔ འདི་ནི་རྩ་བའི་ཆོས་བདག་སྐྱེས་བུ་ཡིན༔ རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ མཚོ་རྒྱལ་སྤྲུལ་པ་རྒྱལ་གྱི་མིང་ཅན་འབྱུང་༔ ཞེས་དང་། དམ་ཆོས་བདེ་ཆེན་ལམ་མཆོག་གི་སྐལ་ལྡན་ལུང་བསྟན་ལས། ང་ཡི་ཆོས་ལ་དབང་བ་ཡི༔ སྐལ་ལྡན་སྐྱེས་བུ་མཐའ་མིའི་རིགས༔ བརྒྱུད་འཛིན་དམ་པ་སྨད་ནས་འབྱུང་༔ སྙིང་ཐིག་སྲུང་མས་སྡོང་གྲོགས་བྱེད༔ ཅེས་གསུངས་པ་ལྟར། རིག་འཛིན་ཉི་མ་གྲགས་པ་དེ་ཉིད་སླར་ཡང་འགྲོ་སེམས་དད་པའི་ཆུ་མཚོར་རྒྱལ་བའི་ཐུགས་རྗེའི་ཟླ་གཟུགས་ཅིར་ཡང་འཆར་བ་སྤྲུལ་པའི་ཟློས་གར་རིག་པའི་གནས་ལྔ་ལ་ཐོགས་པ་མེད་པ། བླ་མ་བརྒྱུད་པའི་གདམས་ངག་ཐུན་མོང་མ་ཡིན་པ་མངའ་བ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་ཐུགས་ཀྱིས་གཞན་དོན་གཙོ་བོར་མཛད་པ། ངུར་སྨྲིག་གར་གྱི་རྣམ་རོལ་འཆང་བ་འགྲོ་འདུལ་ལུང་རིག་གླིང་པ་དེ་ཉིད་ལ་རྒྱ་བོད་ཀྱི་པཎ་གྲུབ་རྣམས་དང་། རབ་འབྱམས་ལྷག་པའི་ལྷ་ཐམས་ཅད་ཀྱིས་ཞལ་གཟིགས་ཤིང་། ལུང་བསྟན་དབུགས་དབྱུང་། གཟེངས་བསྟོད་ནས་དེ་དག་གི་སྒྲུབ་ཐབས་ལག་ལེན་དང་བཅས་པ་དགོངས་གཏེར་དུ་བབས་པ་གྲངས་ལས་འདས་ཀྱང་། ཆ་ཤས་འགྱུར་མེད་ཀྱི་གྲངས་སུ་ཐེབས་པའི་ནང་ཚན། ད་ལམ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྙིང་པོ་རྒྱ་བོད་པཎ་གྲུབ་ཡོངས་ཀྱི་ཐུགས་ཀྱི་ཉིང་ཁུ། དཔལ་ཆེན་རྟ་མཆོག་རོལ་པའི་སྨིན་བྱེད་དབང་གི་རིམ་པ་བསམ་འཕེལ་ནོར་བུ་ཞེས་བྱ་བ་བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ་བ། གདམས་ངག་གི་སྣ་ཁ་མ་ལོག་པ། སྟེང་ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག་པ། བར་ན་དཀྱིལ་འཁོར་གྱི་བཀྲག་མདངས་མ་ཡལ་བ། འོག་ན་རྡོ་རྗེའི་ཟམ་མ་ཆད་པ། མཐའ་ན་ཆོས་སྐྱོང་གི་ཁ་རླངས་མ་ཡལ་བ། བྱིན་རླབས་ཀྱི་སོ་མ་ཉམས་ཤིང་། མ་དང་མཁའ་འགྲོའི་ཁ་རླངས་ཟིལ་བ་ཁྲོམ་མེ་ཡོད་པ། འདི་ལྟ་བུའི་ཡིད་ཆེས་ཤིང་ཁུངས་བཙུན་པའི་དབང་ཟབ་མོ་བསྐུར་བར་བྱེད་པ་ལ་སློབ་དཔོན་གྱི་བྱ་བར་འོས་པ་རྣམས་ལེགས་པར་གྲུབ་ཟིན་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་དཔལ་ཆེན་རྟ་མཆོག་རོལ་པའི་དབང་གི་རྣམ་བཤད་སྐལ་བཟང་ཐར་ལམ་འདྲེན་པའི་ཐེམ་སྐས་ཞེས་བྱ་བ་འདི་ཉིད། སྐྱབས་རྗེ་རིན་པོ་ཆེ་ཉིད་ནས་བཀའ་ཕེབས་ལྟར་ཆོས་བདག་དྷརྨ་དྷརྟུའི་མིང་གིས་དབང་ཆེན་སེང་གེ་གནམ་རྫོང་ནས་བྲིས་པ་དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།


previousརྟ་མགྲིན་གྱི་དབང་བཤད། next