Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

82 occurrences of རྒྱུད་གསུམ་
[Clear Hits]


  
 
འཇམ་དཔལ་གཤིན་རྗེ་ཚེ་བདག་གནམ་ལྕགས་ཨུརྨོའི་སྐོར།
  
 
 
  
 
 
 
20   
 
 
 
 
 
 
 
  
 
 
 
 
 
  
 
  
 


82 occurrences of རྒྱུད་གསུམ་
[Clear Hits]

 
previousའཇམ་དཔལ་གཤིན་རྗེ་ཚེ་བདག་གནམ་ལྕགས་ཨུརྨོའི་སྐོར།next

འཇམ་དཔལ་གཤིན་རྗེ་ཚེ་བདག་གནམ་ལྕགས་ཨུརྨོའི་སྐོར།


GLG003_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་འཇམ་དཔལ་གཤིན་རྗེ་ཚེ་བདག་གནམ་ལྕགས་ཨུརྨོའི་སྐོར་ནི་མཁས་པ་ལ་ལ་དག་ནང་སྐོར་ཐོག་འདྲའི་སྐོར་ཡིན་ཞེས་ངོས་འཛིན་པར་མཛད་པ་གནམ་ལྕགས་ཀྱི་ཐོག་ལྟ་བུས་གང་ལ་ཡང་ཐོག་ཐུག་མེད་པའི་རྒྱུ་མཚན་གྱིས་ཐོག་འདྲར་སྒྲ་བཤད་དུ་རུང་མོད། སྐོར་གསུམ་དུ་ཕྱེ་བའི་ཐོག་འདྲར་ངོས་འཛིན་པར་མི་རུང་བ་འདྲ་སྟེ། རིམ་པ་གསུམ་པོ་ལ་ཟབ་ཁྱད་ཡོད་ལ། ཨུརྨོའི་སྐོར་འདི་གནམ་ཐོག་ཆེན་པོའི་སྐོར་ལས་ཀྱང་ཆེས་ཆེར་རྣོ་ཞིང་མྱུར་བས་སོ། །སྤྱིར་ཚེ་བདག་ལ་རྣོན་པོ་ནང་གཅོད་བསྲུང་བའི་རྣ་ཆ། ཁྲོ་འདུས་བཟློག་པའི་རྣ་ཆ། འཁྲུལ་འཁོར་རྒྱས་སྡེབ་སྡེབས་ཀྱི་རྣ་ཆ། རླུང་ནག་འཁྲུག་པ་འབྱེད་


GLG003_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣ་ཆ། དུ་རི་ཁ་མནན་པའི་རྣ་ཆ། ཆར་ཀ་ནག་པོ་མདོས་ཀྱི་རྣ་ཆ། སྲོག་དམར་ལེན་གསད་པའི་རྣ་ཆ། ཨུརྨོ་ངན་སྔགས་ཀྱི་རྣ་ཆའམ། ཡང་ན་ཁྲོ་འདུས་བཟློག་པའི་རྣ་ཆ། ཨུརྨོ་གསད་པའི་རྣ་ཆ། ཆར་ཀ་ཟོར་གྱི་རྣ་ཆ། ཀིང་ཀང་མནན་པའི་རྣ་ཆ། ཁ་ཐུན་ཐོད་པའི་རྣ་ཆ། འཁྲུལ་འཁོར་རྒྱས་སྡེབ་སྡེབས་ཀྱི་རྣ་ཆ། རླུང་ནག་འབྱེད་པའི་རྣ་ཆ། ས་འཚོལ་དུ་རི་གཏད་ཀྱི་རྣ་ཆ་བརྒྱད་དུ་བཤད་པའི་གསད་པའམ་ངན་སྔགས་ཀྱི་རྣ་ཆར་ཡང་ངོས་འཛིན་པས་ལྕགས་སྡིག་ལྕགས་འདྲ་གཉིས་ལས་ལོགས་སུ་འདྲེན་རིགས་སམ་སྙམ། གདམས་པ་འདི་ལྕགས་སྡིག་ལྕགས་འདྲ་གཉིས་ལས་ཐུགས་གཙིགས་ཆེ་བའི་མནོག་ཆོས་ཡིན་པའི་རྒྱུ་མཚན་གནུབས་ཀྱི་གསུང་ལས། ཡང་སྙིང་ཐུགས་དམ་གསང་བ་འདི༔ ན་ལ་ཡོད་པ་མ་ཡིན་ཏེ༔ ཙིཏྟའི་དཀྱིལ་དུ་གསང་རྒྱ་ཐོབ༔ སྣོད་ལྡན་ཆིག་བརྒྱུད་མ་གཏོགས་པ༔ ཀུན་ལ་སྤེལ་ན་ཆོས་སྐྱོང་འཁྲུག༔ ཅེས་བཀའ་རྒྱས་བཏབ་པའི་སྐོར་འདི་ལ་སཱཙྪ་དཀར་ནག་གི་ཨུརྨོ་དང་གནམ་ས་ལྟོ་བ་དཀྲུག་པའི་ཨུརྨོ་གཉིས་གནམ་ས་ལྟོ་བ་དཀྲུག་པའི་ཨུརྨོ་ནི་ལྕགས་སྡིག་ལྕགས་འདྲ་གཉིས་ཀར་མི་གཏོགས་པའི་ཟབ་ཁྱད་རྣོ་འདོན་མ་ཡིན་ལ། ཨུརྨོ་སཱཙྪ་དཀར་ནག་ནི་བྱང་ལུགས་ལ་གནམ་ས་ལྟོ་དཀྲུག་དང་ཆོས་སྡེ་གཅིག་ཏུ་མཛད། འབྲི་གུང་ལུགས་ལ་མཚོན་ཆ་ལས་འཁོར་དུ་ངོས་འཛིན་སོ་སོའི་རྒྱུན་གཉིས་ཀ་ཐོབ་པས་འདིར་ཡང་བཀོད་ལ། གསང་སྒྲུབ་སྐོར་ལྕགས་སྡིག་ཏུ་ངོས་འཛིན་མི་འཛིན་ཇི་ལྟར་ཡང་གནམ་ས་ལྟོ་དཀྲུག་ལག་ཏུ་ལེན་པའི་ལྷན་ཐབས་སུ་མེད་ཐབས་མེད་པ་ཞིག་ནི་འདུག་གོ །ལས། དང་པོ་ནི། དྲག་སྔགས་ཐམས་ཅད་ཀྱི་ཉིང་ཁུ། སྲོག་གཅོད་ཐམས་ཅད་ཀྱི་སྤུ་གྲི། བསྲུང་བ་ཐམས་ཅད་ཀྱི་རྒྱལ་པོ། ཟློག་པ་ཐམས་ཅད་ཀྱི་མཐར་ཐུག་ངན་སྔགས་ཐམས་ཅད་ཀྱི་ལྟོ་དྲིལ། གཞན་


GLG003_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངན་སྦྱོར་བཤིག་པ་ལ་སོགས་པའི་མན་ངག་གི་མཐར་ཐུག་འདི་ལ་བཅས་དང་བོད་རྦད་གསད་གསུམ་གྱི་གནད་ལ་བརྟེན་ཏེ་བྱད་མ་མཁན་པོ་ངག་མནན་ཏེ་རང་གཤེད་འབེབས་པ་ཚེ་བདག་ནག་པོའི་གསང་སྒྲུབ་རལ་གྲི་ངར་མ། སྐྱེ་བོ་ཕོ་མོ་གསོད་ན་ཁ་བསྒྱུར་དང་གཡུ་སྦྱར་བཅུ་བཞི་བསྟན་པ་ཚེ་བདག་ནག་པོའི་གསང་སྒྲུབ། གཉིས་པ་ནི་རྡོ་རྗེ་ཨུརྨོ་གནམ་ས་ལྟོ་བ་དཀྲུག་པའི་མན་ངག་བན་དགྲ་དེ་བསོད་ནམས་ཆུ་བཅད་པ་བཞིན་དུ་སོང་ནས་མི་ནོར་ཐམས་ཅད་ཟད་དེ་སྤྲད་མཐར་སྲུང་མ་བདུད་དུ་བབས་ནས་འཆི་བའི་མན་ངག་རྣམས། ཨུརྨོ་གསང་སྒྲུབ་ཀྱི་སཱཙྪར་འཇུག་པའི་ལིང་ག །གནམ་ས་ལྟོ་བར་དཀྲུག་པའི་སྟེང་འཁོར་འོག་འཁོར་གཞུང་གི་དངོས་བསྟན་དང་མི་འདྲ་བའི་ཟབ་ཁྱད་ཆོས་རྒྱལ་མངྒའི་མཚན་ཅན་གྱི་ཕྱག་བཞེས་མ་རྣམས་སོ། །གསུམ་པ་འཇམ་དཔལ་གཤིན་རྗེ་ཚེ་བདག་ལྕགས་སྡིག་ནག་པོའི་སྐོར་ནི། བཀའ་འབྱེད་དུ་ཕྱི་སྐོར་ནང་སྐོར་གསང་སྐོར་ཏེ་གསུམ་དུ་གསུངས་པའི་གནམ་ཐོག་གི་སྐོར་ཡིན་ལ། དེ་དག་ནི་ཇི་སྐད་དུ། བན་ཆུང་བདག་གིས་བོད་དུ་འོངས༔ སྒྲགས་ཀྱི་གྲོང་ཁྱེར་བདུན་ཅུ་གཏན་ལ་ཕབ༔ ཡིག་སྣ་འདི་ཉིད་བལ་ཡུལ་ཡམ་བུའི་ཚལ་དུ་སྐྱེལ་སྙམ་སྟེ༔ ན་སོའི་དབང་གིས་ཡོངས་མ་འཁྱོལ༔ གནམ་ལྕགས་ཨུརྨོའི་ཆོས་སྐོར་འདི༔ མ་ལི་སྐོར་རྣམས་ལྷུད་མོའི་རྫ་ལ་སྦས༔ བུ་ཡི་སྐོར་རྣམས་རྡོ་རྗེ་སྒྲོམ་བུར་སྦས༔ བན་ཆུང་ང་འདྲ་གཅིག་ལ་སྨོན་ལམ་བཏབ༔ དེ་ནས་ཞང་ཁྲོམ་ཉིད་ཀྱིས་ཐོན༔ ཞེས་པ་ལྟར་མ་བུ་གཉིས་སུ་བྱས་ཏེ་གཏེར་དུ་སྦས་པ་སྤྲུལ་སྐུ་ཞང་ཁྲོམ་གྱིས་སྤྱན་དྲངས་པ་ཡིན་པས་དེའི་ཆོས་སྡེའི་བཞུགས་ཚུལ་ནི། དྲེགས་པ་ཕྱག་ན་རྡོ་རྗེ་ཡིས༔ ཏིང་འཛིན་ཉིད་ཀྱིས་རབ་


GLG003_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ནས༔ ལྕགས་སྡིག་ལུས་ཀྱི་ཕྱི་ནང་ལ༔ དཔེ་དང་བརྡ་ཡིས་མཚོན་པས་ནི༔ གནམ་ལྕགས་ཆོས་སྡེ་ཚང་བར་འདུག༔ ཏིང་ངེ་འཛིན་གྱི་སྡིག་པ་བཤགས༔ རིགས་འཛིན་རྣམས་ཀྱི་དོན་སླད་དུ༔ ཆུ་དར་སྔོན་པོའི་ལོགས་དག་ལ༔ རིན་ཅེན་གསེར་གྱི་ཡི་གེར་བཏབ༔ འདོད་ཆགས་ཀོ་བསེའི་སྡིག་པ་བཅོས༔ ལུས་དབྱིབས་མགོ་དང་རྭ་དང་བཅས༔ ཡན་ལག་མཇུག་མ་གཉེར་མ་དང་༔ དོན་སྣོད་བུ་ག་དགུ་རྣམས་ལ༔ སོ་སོར་རང་རང་ཆོས་སྡེ་བཅས༔ བསེ་སྡིག་ཁྲོ་ཆུའི་སྒྲོམ་དུ་བཅུག༔ དུར་ཁྲོད་བསིལ་བའི་ཚལ་དུ་སྦས༔ ཞེས་གསུངས་པའི་དུར་ཁྲོད་བསིལ་བའི་ཚལ་གྱི་ཆོས་སྡེ་ཕུང་བྱེད་ཤིནྟཾ་གརྦྷས་བཏོན་ཏེ་རིམ་གྱིས་བརྒྱུད་ནས་གནུབས་ལ་བཀའ་བབས་པ་ལྟར་དཀར་ཆག་ཏུ་བཏབ་པའི་བཞུགས་ཚུལ་བཞིན་འགོད་པ་ལ་ལྕགས་སྡིག་ཁམས་ལྔའི་འོད་མདངས་ལས་བྱུང་བའི་སྨིན་བྱེད་དབང་གི་ཆོ་ག་མུ་ཏིག་འཕྲེང་བ། འདི་ལ་འཆི་བདག་བཅུ་གཉིས་ཀྱི་ལྷ་དབང་གི་ཟུར་རྒྱན་དགོས་པ་བྱང་པ་རིགས་འཛིན་གྱི་ཕྱག་དཔེར་ཡོད་ཅིང་ཁོ་བོས་ཀྱང་ངེས་དོན་བདེ་འཇུག་ཁ་འགེང་སྐབས་སྒོ་མ་བཞི་ཡན་ཆད་བསྐངས་བ་ཐོབ་པ་ཡིན། འབྲི་གུང་གི་ཕྱག་དཔེར་སྒྲོལ་གིང་ཞག་གཤེད་ཀྱི་དབང་སོགས་འདུག་པ་ནི་རྒྱས་པའི་ལུགས་ཤིག་ཡིན་ཤས་ཆེ་ཡང་གཏེར་གཞུང་དུ་ཡོད་མེད་མཐའ་མ་ཆོད། མཆུའི་རྩེ་མོ་ལས་སྡིག་པ་ནག་པོའི་གསང་བའི་སྐྱེ་རྒྱུད། ལུས་པོ་མཐིང་ནག་གྲུ་ གསུམ་ལས་རྩ་རྒྱུད next hit་སྡིག་པ་སྙིང་འཛིངས་ལེའུ་བཅོ་ལྔ་པ། དྲག་པོ་སྔགས་རྒོད་སྡིག་པ་སྙིང་འཛིངས་ཀྱི་རྒྱུད་དམ་སྙིང་པོ་དོན་གྱི་གསང་རྒྱུད་བསམ་གཏན་ལྷ་ཡུལ་དུ་གྲགས་པ་མ་ཚང་བ་ཁ་སྐོང་བའི་རྒྱུད་ལེའུ་བདུན་པ་བལ་ཡུལ་གྱི་སློབ་དཔོན་བ་སུ་དྷ་ར་དང་བོད་ཀྱི་


GLG003_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཙཱ་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་བ། བྱང་བདག་རིགས་འཛིན་གྱི་ལྕགས་སྡིག་གི་གསན་ཡིག་ཏུ་ཡང་མི་འདུག་ཅིང་ལྕགས་འདྲར་ངོས་འཛིན་མཛད། མགོ་བོ་གྲུ་གསུམ་ལས་སྒྲུབ་ཐབས་སྙིང་གཟེར་ནག་པོ་ཞེས་པ་དཀྱིལ་འཁོར་བཞེང་ཞིང་འཇམ་བསྙེན་ལས་སྦྱོར་དང་བཅས་པ་བསྟན་པ། སྙིང་གཟེར་ནག་པོ་ལས་སྦྱོར་གྱི་ལག་ལེན་གནས་རྫས་མཆོད་རྟེན་འབྲུབ་ཁུང་། ཙིཏྟ་སྔགས་ཕན་ཡོན་ཏེ་དོན་བདུན་གྱི་སྒོ་ནས་བསྟན་པ་བཅའ་གཞི་རྒྱས་པའི་སྤྲ་འཁྲིད། བརྡུང་བའི་རྭ་གཉིས་ལས་ཕྱི་ཨྱེ་རིང་བསྣོལ་མ། ནང་བཟློག་པ། གསང་བ་དཀྲུག་པ། ཡང་གསང་དམར་ལེན་འབྲུ་བཤགས་སྤེལ་མར་བཟླ་ཐབས་ཨུརྨོ་གྱང་འགྱེལ་ལས་གཞི། བསྣོལ་མར་བཟླས་པའི་རྟགས་དང་བཟློག་དཀྲུག་འབྲུ་བཤགས་བྱ་བའི་དུས་བསྟན་པ་མན་ངག་༼འབྲི༽རྟགས་རིམ། ནང་རྒྱལ་སྡིག་པ་སྙིང་༼འབྲི༽འཛིངས་ཞེས་པ་སྒོམ་པ་ལྷ། རྟེན་འབྲེལ་རྫས། དྲག་པོ་སྔགས། འཁོར་ལོ་བཅའ་བའི་རིམ་པ་སྟེ་བཞིའི་སྒོ་ནས་བསྟན་པ་དྲག་པོ་ཨྱེ་རིངས་ལག་ཏུ་བླང་བྱ་ལག་ལེན་དམར་འཁྲིད་སྒྲོན་མ། རྩ་རྒྱན་གྱི་ལྷ་དང་ཧེ་རུ་ཀ་རིགས་ལྔའི་སྒོམ་ཐབས། འཛབ་གྱི་འཕྲོ་འདུ། བསྐྱེད་རྫོགས་ཆོས་སྐུའི་ལམ་ཁྱེར། རྒྱས་གདབ་གསུམ། གཞོམ་པ་གསུམ། རྩ་རྒྱན་གྱི་ལྷ་བསྒོམ་ཐབས། བདུད་བཞི་སློང་བ། སྟོང་སྲོག་སྒོས་སྲོག་གསང་སྔགས་ཀྱི་ཐེམས། བསྣོལ་དཀྲུག་བཟློག་བཤགས་ཀྱི་དམིགས་རིམ། གནས་གསུམ་དུ་རིགས་གསུམ་མགོན་པོ་བསྒོམ་པའི་དམིགས་རིམ་རྣམས། གོང་གི་བསྒོམ་ཐབས་ནས་འདྲ་མིན་འགོར་སྒོམ་པའི་གནད་དུ་གསལ་ཞེས་ཡོད་པའི་སྙིང་པོ་བསྡུས་༼འབྲི༽པ་ཚེ་བདག་གི་ལས་རྣམས་རྫོགས་སོའི་མཐའ་ཅན། ཕྱི་ཨྱེ་རིང་བསྣལ་མར་བཟླས་པས་སྟོང་ཉིད་བསྲུང་བའི་དྲ་གུར་གཞོམ་པ་


GLG003_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཨྱེ་ཐུང་བཟློག་སྟེ་བཟླས་པས་གཤིན་རྗེའི་འཁྲུལ་འཁོར་བཤིག་པ། གསང་བ་ཨྱེ་རིང་དཀྲུགས་ཏེ་བཟླས་པས་དུག་གསུམ་བདུད་བཞི་གཤེད་འབེབས། ཡང་གསང་དམར་ལེན་འབྲུ་བཤགས་ཀྱིས་འབྱུང་བའི་སྟོབས་བཤིག་ནས་གསད་པ་རྣམས་བསྟན་པ་གྱང་འགྱེལ་གྱི་ཞིབ་ཆའི་ཞལ་༼འབྲི༽གདམས་ཤིན་ཏུ་ཟབ་པ། བསྲུང་བ་ཕྱག་རྒྱ་བསམ་གཏན་ལ་བརྟེན་ནས་རང་ལུས་བཙན་པོའི་མཁར་དུ་གཞུག་པ། བཤིག་པ་གནོད་སྦྱིན་མཛེ་ཐོད་ལ་བརྟེན་ནས་དམ་ཉམས་རུ་ཏྲའི་སྦྱོར་བ་བཤིག་པ། མནན་པ་དུག་སྦྲུལ་རྭ་ཅན་ལ་བརྟེན་ནས་ངག་གི་ནུས་པ་མནན་པ། གསང་བ་མཛེ་དམར་ལྷོག་བཤགས་ལ་བརྟེན་ནས་དམ་ཉམས་རུ་ཏྲ་གསད་པ་དང་བཞི། བལྟ་བའི་མིག་གཉིས་ལས་བཀའ་འབྱེད་གསེར་གྱི་ལྡེ་མིག །རྒྱབ་སྟོད་གཉེར་མ་གསུམ་པོ་ལས་མདའ་ཐོད་སྐུ་ལ་བརྟེན་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་ཞལ་གདམས་ཆེ་འབྲིང་ཆུང་གསུམ། སྨད་ཀྱི་གཉེར་མ་གསུམ་པོ་ལས་ཚེ་བདག་ནག་པོའི་འཕྲིན་ལས་ཆེན་མོ་དབང་སྒྲུབ་ཟོར་ལས་སོགས་དང་འབྲེལ་བ། འཕྲིན་ལས་འབྲིང་པོ་མཆོད་རྟེན་དང་འབྲེལ་བ་གཅེས་པའི་འཁོར་ལོ་བཅུ་གསུམ་སོགས་ལ་དགོས་པ། འདིའི་མཇུག་ཅུང་ཟད་མ་ཚངས་པ་འབྲི་བྱང་གཉིས་ཀའི་ཕྱག་དཔེར་འདུག་པ་ཤོག་སེར་ལས་འབེབས་དུས་འཚུབ་བྱུང་བས་འཕྲོར་ལུས་སྐད་དོ། །འཕྲིན་ལས་ཆུང་བ་རྒྱུན་འཁྱེར་ལུས་དཀྱིལ་དང་འབྲེལ་བ་སྟེ་འདི་གསུམ་ལ་བསྟོད་བསྐུལ་ཆེ་འབྲིང་ཆུང་གསུམ་དུ་ཡང་གྲགས། བར་གྱི་གཉེར་མ་གསུམ་པོ་ལས། གཤིན་རྗེ་ནག་པོའི་མངོན་པར་རྟོགས་པ་ཆེན་མོ་ལས་བྱང་རྒྱས་པ་དང་འབྲེལ་བ་མཆོད་རྟེན་ལ་བརྟེན་པའི་མངོན་རྟོགས་ལས་བྱང་༼འབྲི༽འབྲིང་པོ་དང་འབྲེལ་བ། མངོན་རྟོགས་ཆུང་བ་རྒྱུན་


GLG003_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་༼འབྲི༽རྣལ་འབྱོར་བསྟོད་བསྐུལ་ཆུང་བ་དང་འབྲེལ་བ། མངོན་རྟོགས་ཆུང་འབྲིང་འདི་གཉིས་བྱང་བདག་རིགས་འཛིན་ཆེན་པོའི་ཕྱག་དཔེར་མི་འདུག་ཅིང་། གདན་ལ་ཕྱོགས་སྐྱོང་བཅུ་གསལ་བོ་ཡོད་པའི་མངོན་རྟོགས་ཨུརྨོ་གྱང་འགྱེལ་གྱི་ཆོས་ཚན་ཞིག་ལ་མངོན་རྟོགས་འབྲིང་པོའི་ཁ་ཡིག་བཏབ་ཅིང་། གྱང་འགྱེལ་གྱི་ཆོས་ཅན་རྩ་རྒྱན་གྱི་ལྷ་ཙམ་ཡོད་པ་ལ་བདུད་བཞི་སློང་བའི་དམིགས་རིམ་ཡང་ཡོད་པ་ཞིག་ལ་མངོན་རྟོགས་འབྲིང་པོའི་རྩ་བ་ཞེས་ཁ་ཡིག་འདུག་པ་ཆོས་རྒྱལ་མངྒའི་མཚན་ཅན་ལ་འཁྲུལ་པ་མི་མངའ་ཡང་དཔེ་རྒྱུན་ཡོད་ལུགས་འདི་བཞིན་སྡེ་པ་སྣང་རྩེ་བ་དང་སོག་བཟློག་པ་སོགས་སྔགས་རློམ་མང་པོའི་དཔེ་རྒྱུན་དུ་འདུག་པ་མཐོང་བས་སྔོན་གྱི་ཡིག་རྙིང་འཁྲུགས་པའི་རྒྱུན་འབྱམས་པ་ཞིག་ལུས་པར་མངོན། འོན་ཀྱང་མཐའ་གཅིག་ཏུ་མ་ཡིན་ཞེས་དཔྱད་པར་དཀའ་ནའང་འབྲི་གུང་པའི་ཕྱག་དཔེར་འདུག་པ་འདི་འབྲེལ་ཆགས་པར་མངོན། གང་ལྟར་འབྲི་བྱང་གཉིས་ཀའི་ལྕགས་སྡིག་གི་ཐུགས་རིགས་འཛིན་མངའ་རིས་པ་ཆེན་པོ་ཡིན་པས་མི་མཐུན་པ་འོང་དོན་མི་འདུག །སླར་ཡང་ཕྱོགས་འདིར་མཁས་ཤིང་གྲུབ་བརྙེས་འདྲ་བྱུང་ན་དཔྱད་དོ། །མགུལ་གྱི་གཉེར་མ་གཅིག་པུ་ལས་སྙིང་པོ་དོན་གྱི་བསྲུང་བའི་འཁོར་ལོ་ཚེ་སྒྲུབ་པ་ལ་མཆོག་ཏུ་ཤིས་པ་བསམ་གཏན་ཉལ་ཆོག་ཏུ་གྲགས་པ་མཆོད་རྟེན་ལུས་ལ་བཀོད་པའི་ཟབ་གནད་ངོ་མཚར་ཡོད་པ། དེའི་བྲི་ཡིག་དོན་རྣམ་པ་གསུམ་གྱིས་བསྟན་པ། གཡས་ཀྱི་ཡན་ལག་བཞི་ལ་ལོ་སྒོམ་ཟླ་བ། ཟླ་སྒོམ་ཞག །ཞག་སྒོམ་དུས། དུས་སྒོམ་སྦྱོར་བས་བཤིག་པའི་ཨུརྨོ་ལས་བཞིའི་མན་ངག །དེ་བཞི་པོའི་མན་ངག་གསལ་བྱེད་ནམ་མཁའི་མཐོངས་སུ་སེར་བ། བར་སྣང་ཁམས་སུ་


GLG003_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་རྦོད་གཏོང་། ཁང་སེལ། ཞིང་སེལ། དུར་སེལ། ཕུང་སེལ། རྒྱ་མཚོའི་གཏིང་དུ་ནག་པོ་གཏད་གྱི་བྱས་པ་བཤིག་པ་རྣམས། གཡོན་གྱི་ཡན་ལག་བཞི་ལས་འགུགས་འཁོར། གཅོད་འཁོར། ངན་སྔགས་རྒྱུན་གཅོད་སྟོབས་དང་ངག་གནོན་སྦྱོར་བའི་འཁོར་ལོ་ལ་བརྟེན་ནས་ཨུརྨོ་སྦྱོར་བ་བཞི་པའམ་མནན་པའི་ལས་བཞི། དེའི་མན་ངག་གསལ་བྱེད་ལྕགས་སྡིག་མགོ་དགུས་དམ་ཉམས་ཀྱི་ངག །གྱི་ལིང་རྟའི་ཐོད་པར་སྡེ་བརྒྱད་རྦོད་གཏོང་མི་མིན་སྤྲེའུའི་ཐོད་པར་མི་ཆེན་པོའི་བསོད་ནམས་སྡེ་བརྒྱད་བྱེ་བྲག་ཏུ་གནོན་པ་རྣམས། བུ་ག་བརྒྱད་པོ་ལས་དམར་ལེན་སྲོག་གི་གའུ་ཞེས་པ་དྲེགས་པ་བཅོ་བརྒྱད་སོགས་ཀྱི་སྲོག་སྙིང་གཟིར་བའི་འཁོར་ལོ་བཅའ་བ་དང་དགྲ་བོའི་ལུས་ཀྱི་ཆ་ཤས་གཤིན་རྗེ་སོ་སོར་གཏོད་པའི་ཟབ་གནད་ཅན། མཇུག་མ་ལྕགས་ཀྱུ་གུག་པ་ལས་བསྲུང་བ་སྡིག་པ་སྟོབས་ཆེན་ཞེས་པ་བྱང་པའི་ཕྱག་དཔེར་མ་ཚང་ཞིང་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་གསན་ཡིག་ཏུ་ཡང་མི་འདུག །འབྲི་གུང་པའི་ཕྱག་དཔེར་ཆོས་ཚན་གཅིག་པུ་འདི་མ་ཚང་ཚུལ་འདུག་ཅིང་བབས་ལ་བལྟས་ན་དཔེ་རྒྱུན་འདི་སྔར་ནས་ཆད་པ་ཞིག་ཡིན་ནམ་སྙམ། འབྲི་གུང་གི་ཤོག་ཁྲའི་ཁྲོད་ན་དཔེ་རིས་ནི་འདུག་པས་སླར་ཡང་མཁྱེན་བརྩེ་ནུས་ལྡན་གྱི་སྔགས་འཆང་འདྲ་ལ་བཙལ་ན་རྙེད་དམ་སྙམ། དྲི་ཆེན་དྲི་ཆུ་སོགས་ལུས་ཀྱི་དྲི་ངན་ལ་མཚོན་ཆ་ལས་ཀྱི་འཁོར་ལོ་ཞེས་པ་བྱང་པའི་ཕྱག་དཔེར་མི་འདུག་ཅིང་། དེང་སང་ལྕགས་སྡིག་མཁན་པོ་ཕལ་ཆེར་ལ་ཡང་མེད་པ་ཤས་ཆེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་གསན་ཡིག་ན་ཐེབས་ཀྱང་ཆོས་ཚན་ངོས་འཛིན་གྱི་གསལ་ཁ་མ་བྱུང་ཞིང་ཕྱག་


GLG003_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་མི་འདུག །འབྲི་གུང་གི་ཕྱག་དཔེར་ཨུརྨོ་སཱ་ཙྪ་དཀར་ནག་ལ་ངོས་བཟུང་ཞིང་། ལྕགས་སྡིག་གི་དཔེ་ཁུངས་བཙུན་གཞན་ཞིག་ནའང་འདི་བཞིན་འདུག་པས་རྗེ་རིན་ཅེན་ཕུན་ཚོགས་དེ་བཟང་རྫུ་འུག་པ་སྦོས་པ་ལྟ་བུའི་བླ་ཆེན་དང་མི་འདྲ་བར་མཁྱེན་བརྩེ་ནུས་པ་དང་ལྡན་ཞིང་ཁྱད་པར་ཆོས་ཚུལ་འདི་ལ་མཁས་ཤིང་གྲུབ་བརྙེས་ཡིན་འདུག་པས་དེའི་རྒྱུན་མ་ཉམས་པ་རིགས་འཛིན་ཆོས་ཀྱི་གྲགས་པའི་བར་དུ་ཞུགས་པས་ཆོས་སྡེའི་ངོས་འཛིན་དེ་བཞིན་དུ་མཛད་པའི་རྒྱུན་ཡང་ཐོས་ཤིང་འཐད་པར་སེམས། འོན་ཀྱང་བྱང་པ་རིགས་འཛིན་ཡབ་སྲས་ཀྱི་གསུང་རྒྱུན་ཕྱག་ལེན་དང་ཚེ་བདག་གསང་སྒྲུབ་འདི་གའི་ཆོས་ཀྱི་བབས་ལ་དཔག་ན་ལྕགས་སྡིག་གི་ཆོས་སྡེར་མི་གཏོགས་པའི་ཟུར་པ་ཞིག་མིན་པའི་ངེས་པ་མི་འདུག །ལྷག་ཏུ་བཀའ་འབྱེད་ལས། འདི་ལ་ཆོས་ཅན་བརྒྱད་ཡོད་དེ༔ ཞེས་པ་ལྟར་ན་ད་ལྟ་ཆོས་ཚན་བརྒྱད་ཀྱང་ཁ་གསལ་འདྲེན་རྒྱུ་མི་འདུག་པས་སོམ་ཉིར་གྱུར་མོད། ད་དུང་ལུགས་འདི་ལ་གདེང་ཚད་ཐུབ་པའི་རིག་སྔགས་འཆང་བ་འདྲ་དང་ཕྲད་ན་དཔྱད་པར་བྱའོ། །སྟོད་དྲིལ་ཉི་མ་ཤར་བ་ལས་བྱང་ཆུབ་སྒྲུབ་པའི་ཆོས་སྡེ་ཞེས་པ་ཡི་གེ་དྲུག་པ་རྡོ་རྗེ་སྒྲ་ལ་བརྟེན་ནས་མཚན་མའི་སྒྲིབ་པ་འདག་པ། ཨ་ལ་བརྟེན་ནས་ཀ་དག་ལྷུན་གྲུབ་ཀྱི་དོན་སྟོན་པ། ཪྣྲི་ལ་དབང་བསྐུར་བས་ཚེ་ཉི་ཟླ་དང་མཉམ་པ། རྡོ་རྗེའི་བཟླས་པས་རླུང་དབུ་མར་བཟུང་རྒྱུད་སྡེའི་སྙིང་པོའི་ཉམས་ལེན་གྱིས་ཚེ་འདིར་མངོན་སུམ་གྲོལ་བའི་ཟབ་ཆོས། བར་གྱི་སྒལ་ཚིགས་བཅུད་ཕུར་ལས་གནམ་ལྕགས་ཨུརྨོ་ཐམས་ཅད་དྲིལ་བའི་ཅོག་བརྡུང་གནོད་སྦྱིན་དམར་ནག་བསྐུལ་བས་ཟླ་བ་མི་འགོར་བའི་དྲག་སྔགས། སྨད་མཁྲིས་དུག་གི་རྩ་བ་ལས་མཚོན་


GLG003_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ལས་སྦྱོར་དུག་འཁོར་ཞེས་པ་རེག་ཟས་དུ་བ་གསུམ་ལ་རང་བསྲུང་། ལུས་དུམ་བུར་འགྱུར་བ། དྲི་ཚོར་ཚད་བརླག་པ། ཟ་བསྲངས། འཁུམས་པ། ཁྲག་ཏུ་སྐྱུག་པ། བཤལ་བ། ལོང་བ། སྦོས་པ། ལྷོག་པ། ལོ་དུས་འཆི་བ། སྐམ་རློན་མཛེས་ཁྱེར། སྐྲངས་པ། བསྐམས་པ། སྦོས་རིལ། སྨྱོ་བ། མེ་ཡོང་བ། ཁྲག་འཇོམས། རྡོ་ཤིང་འབུབས་པ། མདའ་ཐེབས་པ། སྐྲ་བྱི་བ། བུ་མི་སྐྱེ་བ། མགོ་འཁོར། ཤུ་ཐོར། ཞ་བ་རྣམས་ལ་བརྟེན་ནས་རིང་པོར་མི་ཐོགས་པར་འཆི་བ། ཁྱི་འདུས་ནས་འབྲད་པ། རྫས་དུས་ལ་བརྟེན་ནས་བྱ་རིགས་བགེགས་གདོན་སྐྲོད་པ་རྣམས། སྨད་ཀྱི་སྣོད་རྣམས་ལས་གཅེས་པའི་འཁོར་ལོ་བཅུ་གསུམ་ཕྱུང་ཞེས་པ་གཞང་ཁ་ཚིལ་གྱི་འཁོར་ལོ་ལས་གཏད་བཟློག་ནག་པོའི་འཁྲུལ་འཁོར་སྨག་སྡུད་མཐིང་ནག་གྲུ་གསུམ་དུ་གྲགས་པ། རྒྱུ་མ་ཁུག་པར་རིང་མོ་ནས་བྱས་པ་བཤིགས་པའི་འཁོར་ལོ། ལོང་ཁ་གཉེ་མའི་མཛོད་ཕུགས་ལས་ཕག་མོ་གསང་བའི་འཁྲུལ་འཁོར། ཕོ་བ་མེ་དྲོད་འཛིན་པ་ལས་རུས་སྦལ་མཆོག་གི་འཁོར་ལོ། གྲོད་པ་སྣོད་བཞིའི་རྫིང་བུ་ལས་གསད་བཟློག་སྦྲགས་པའི་འཁོར་ལོ། ཞེ་སྡང་ཁྲོས་པའི་ཆུ་རྒྱུས་ནས་སྦྲུལ་ནག་རྭ་ཅན་འཁོར་ལོ། མཁྲིས་པ་དང་མའི་མཛོད་ཕུགས་ལས་གནམ་ལྕགས་སོ་བརྡར་འཁོར་ལོ། རྒྱུ་ཚིལ་གཉེ་མ་རིང་མོ་ལས་མནན་པ་ལས་དྲུག་འཁོར་ལོ། ལྒང་ལྤགས་ཆུའི་ཐུམ་བུ་ལས་གཏད་བཟློག་ནག་པོའི་འཁོར་ལོ། སྲོག་རྩ་ལས་བསམ་གཏན་སྟོང་སྲོག་འཁོར་ལོ། གཡས་ན་རྒྱུ་བའི་བརྐྱངས་མ་ལས་བཤིག་པ་གནོད་སྦྱིན་མཛེ་ཐོད། གཡོན་ན་རྒྱུ་བའི་རོ་མ་ལས་མནན་པ་རི་རབ་སྟོབས་ཆེན། སྲོག་རྩ་དང་མ་དཀར་པོ་ལས་ཨུརྨོས་སོ་སྡེབ་འཁོར་ལོ་སྟེ་བཅུ་གསུམ་


GLG003_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ལ། འབྲི་གུང་གི་ཕྱག་དཔེར་མནན་པ་ལས་དྲུག་མཆོག་ཕག་གི་མཇུག་ཏུ་འདུས་པ་མནན་པ་ལས་དྲུག་གི་རྫོགས་འཚམས་ན་མཆོག་དང་ཕག་མོ་ལྟོ་སྡེབ་ཀྱི་གསད་བཟློག་རྫོགས་སོ་ཞེས་པར་དཔགས་ན་འབྲེལ་མི་ཆགས་པ་མི་འདུག་ནའང་ཡིག་མཁན་གྱིས་ནོར་བ་འབྱམས་པ་ལས་གཞན་དུ་མི་འདྲ་སྟེ། རཏྣ་གཉིས་པ་ཆོས་ཀྱི་གྲགས་པས་མཛད་པའི་རྡོ་རྗེ་འབར་བའི་མཚོན་རྣོན་དུ་ཡང་གོ་རིམ་བཀའ་འབྱེད་ཀྱི་རྗེས་སུ་འབྲང་ལ། ཞབས་དྲུང་བདག་པོའི་གསན་ཡིག་ཏུ་ཡང་དེ་ལྟར་འདུག་པས། འདིར་ཡང་བཀའ་འབྱེད་ཀྱི་གོ་རིམ་བཞིན་བཀོད་པ་ཡིན་ནོ། །ཨུརྨོ་སོ་སྡེབ་ཀྱི་འཁོར་ལོའི་ལག་ལེན་ཡང་ཞུན་༼འབྲི༽ཁྲག་འཐུང་ནག་པོའི་ཚང་བརྟོལ་ནས་བོད་ཀྱི་བན་ཆུང་ལ་བཤད་པ། དེའི་ཞལ་གདམས་༼འབྲི༽དམེ་གྲི་དུག་གི་སོ་སྡེབ། འཕྲིན་ལས་བསྐུལ་བ་༼འབྲི༽ཞེ་སྡང་མེ་འབར་མ་སོ་སྡེབ་ཀྱི་དྲག་སྔགས་གདུག་པའི་ལས་༼འབྲི༽མཐུ་ཟླ་གསང་ཉི་ཤུ་པ། ཙིཏྟའི་གདམས་པ་བདུན་གྱི་ནང་ནས་ཨུརྨོ་༼འབྲི༽སོ་སྡེབ་ཉམས་སུ་བླང་ཐབས་རྣམས་ཡོད་པ། བཀའ་འབྱེད་དུ། འདི་ལས་མང་ན་བརྩམས་པ་ཡིན་གསུངས་པ་ནི་གོང་གི་ཆོས་ཚན་བཅུ་གསུམ་པོ་དང་མི་འབྲེལ་བའི་གཞན་ལ་དགོངས་པའོ། །འཁོར་ལོ་འདི་རྣམས་བསྒྲིགས་པ་ལ༔ ཁྲིགས་ཁ་རིན་ཅེན་ཕྲེང་བ་ཡོད༔ ཅེས་པའི་སྐོར་ལ། འོག་བཅས་རྒྱས་པ་གཞང་ཁ་དང་གཏད་ཟློག་འཁོར་ལོ། བར་བཅས་རྒྱས་པ་མཆོག་ཕག་གསད་ཟློག་རྭ་ཅན་རྣམས་ཀྱི་འཁོར་ལོ་སྟེང་བཅས་རྒྱས་པ་སོ་བརྡར་འཁོར་ལོ་སྟེ་ཕྱི་མཆོད་རྟེན་ལ་བརྟེན་པའི་ལྷ་གྲལ་གྱི་སྐོར། མནན་པ་ལས་དྲུག་སོགས་ནང་གའུ་ལ་བརྟེན་པའི་ལྷ་གྲལ། གསང་བ་ཙིཏྟ་ལ་བརྟེན་པའི་ལྷ་གྲལ། མཆོད་རྟེན་ནག་པོའི་གཟུངས་


GLG003_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གྲལ། འོག་བཅས་རྒྱས་པ་མུན་སྨག་གཏད་ཟློག་ཡིག་ཆུང་། བར་བཅས་རྒྱས་པ་སྦྲུལ་ནག་རྡོ་རྗེའི་ཅོད་པན། མཆོག་ཕག །ཞེ་སྡང་ཁྲོས་པའི་གཞུ་གཅག་པ་རྣམས་ཀྱི་ཡིག་ཆུང་། སྟེང་བཅས་རྒྱས་པ་སོ་བརྡར་བཅའ་བའི་ཡིག་ཆུང་རྣམ་ཤེས་སྙིང་གི་ཕོ་བྲང་ནས་སྔགས་བྱང་སྙེམ་ཁྲ་མོ་ཞེས་པ་བསྙེན་སྒྲུབ་བྱང་པའི་ཕྱག་དཔེར་སྔགས་བྱང་སྙེམ་དཀར་མོ་ཞེས་ཁ་ཡིག་བཏབ་འདུག །བླ་ཚེ་འགུགས་པ། ལྷ་དབྱེ། ལོག་འཁྱམས་གཅོད་གསུམ་རྡུགས་འཁོར་ལྟོ་བྲལ་རྣམས་ཀྱི་ངོས་འཛིན་སྤྲུལ་པ་གསུམ་གྱི་མངོན་རྟོགས་དང་བཅས་པ་རིག་སྔགས་འཆང་བའི་ལག་ཆ་ཟབ་མོ། སྔགས་བྱང་སྙེ་མ་ཁྲ་མོ་ཞེས་པ་ཕྱི་མཆོད་རྟེན་ལ་བརྟེན་ནས་སྟོད་ཀྱི་ལྕགས་ཐག་གསུམ་སྦྲེལ། ནང་འབྲུབ་ཁུང་ལ་བརྟེན་ནས་བར་གྱི་ལྕགས་ཐག་གསུམ་སྦྲེལ། གསང་བ་ཙིཏྟ་ལ་བརྟེན་ནས་སྨད་ཀྱི་ལྕགས་ཐག་གསུམ་སྦྲེལ། ལྕགས་ཐག་རྒྱ་ལས་འགྲོལ་བའི་གདམས་པ་ཟབ་མོ་སྔགས་སྨྱོན་རྣམས་ཀྱི་མཚོན་ཆར་མེད་དུ་མི་རུང་བ། གློ་བ་གངས་རི་དཀར་པོ་ལས་ལག་ལེན་དོན་སྡེབ་ཆེན་མོ་ཞེས་པ་སྟོད་དཀར་པོ་བྱང་ཆུབ་ལམ་གྱི་སྒྲོན་མས་བསམ་གཏན་ལམ་དུ་འཁྱེར་བ། བར་ངན་སྔགས་དུག་གི་འཁོར་ལོས་དགྲ་བགེགས་ཀྱི་སྲོག་ལ་འཁོར་ལོ་བསྐོར་བ། སྨད་བཀའ་ཉན་ལྕགས་ཀྱི་བེར་ཀས་འདོད་དགུ་སྒྲུབ་པ་གསུམ་ལས་ཕྱི་མ་ས་འོག་ས་སྟེང་ས་བླའི་གདོན་དྲེགས་པ་ཅན་རྣམས་འཁྲུགས་ནས་ལས་མི་བྱེད་ན། བཀའ་ཉན་གནམ་ལྕགས་ཀྱི་བེར་ཀ་སྤྱི་དོན་བཅུའི་སྒོ་ནས་སྔགས་ཀྱི་སྡེབ་ལུགས་ཁྱད་པར་ཅན་བསྟན་པ། དེའི་ཞར་ལ་དུག་གསུམ་གཤེད་དབབ། གཙང་མ་ལྷའི་སྡེབ་དང་བཅས་པ་སྔགས་པའི་སྙིང་ནོར། ཆོས་སྡེ་རྣམས་ཕན་ཚུན་གང་དང་གང་དུ་སྡེབ་


GLG003_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་གནད་འགག་གི་སྡོམ་བསྟན་པའི་དོན་སྡེབ་ཆེན་མོ། མཆིན་པ་མཆོང་རི་སྨུག་པོ་ནས་གནས་ཀྱི་ལས་རིམ་ཕུན་སུམ་ཚོགས་པ་ལྔས་བསྟན་པ་ཞར་བྱུང་རྫས་དང་འཇིམ་པའི་བྱིན་བརླབ། མཁལ་མ་ཚིལ་གྱི་མཛོད་ཕུགས་ལ་རབ་གནས་ཡེ་ཤེས་ཟུང་འཇུག་ཅེས་པ་མཆོད་རྟེན་བྱིན་གྱིས་བརླབ་ཐབས། མཆེར་པ་རྒྱ་ཟོར་ཁུག་པ་ལས་མན་ངག་གསེར་གྱི་ཡང་ཞུན་ཞེས་པ་སྐུ་བསྐྱེད་༼འབྲི༽ནས་གཞན་གྱི་སྦྱོར་བ་ཟློག་ཅིང་གནོད་སྦྱིན་ཕོ་མོ་ཁ་འཆིང་ཞིང་གཟིར་བ་དོན་ལྔས་བསྟན་པ་འབྲི་གུང་གི་རྒྱུན་ལ་འདི་ཁོ་ན་ངོས་འཛིན་ཅིང་བྱང་ལུགས་ལ་འདི་མི་འདུག །བར་དུ་སྔགས་ཀྱི་དུག་མདའ་ཁོང་དུ་བསྐྱལ་ཞིང་མཁའ་འགྲོ་ཟན་ལ་དབབ་བ་དོན་བཞིས་བསྟན་པ་མེ་རླུང་སྐྱིན་ཐང་བསད་པ་མཚོན་ཆའི་འཁོར་ལོ། ཚེ་བདག་ནག་པོའི་མན་ངག་གི་ལྡེ་མིག་རིན་པོ་ཆེའི་འཕྲུལ་གྱི་སྒོ་འབྱེད་ཅེས་པ་བཅའ་ཐབས་བསྡུས་པའི་ལག་ལེན་ཤིན་ཏུ་བདེ་བ་འཇམ་དཔལ་གཤེད་འཁོར་ནག་པོ་གསང་བའི་སྒྲུབ་ཐབས་ཏེ་རྡོ་རྗེའི་མཁར་དུ་མི་ཤིགས་པའི་སྐུ་བསྐྱེད་པ། འདི་འབྲི་གུང་ལུགས་ལ་ཐེམས་མེད་དུ་མཛད་ཀྱང་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ཡབ་སྲས་གསེར་ཞུན་དུ་ངོས་འཛིན་མཛད་ནས་བླ་དཔེའི་ཁ་ཡིག་ཏུ་ཡང་ཐེབས་འདུག །ནམ་མཁའི་མཐོངས་སུ་སྦྱོར་བའི་སྟོབས་བཤིག་པ། རི་རབ་ཀྱི་རྩེ་ནས་གནམ་ལྕགས་ཀྱི་སོ་བརྡར་བ་དང་། རི་ཐང་མཚམས་སུ་ཞེ་སྡང་ཁྲོས་པའི་གཞུ་གཅག་པ། རྒྱ་མཚོའི་གཏིང་དུ་མུན་པའི་སྨག་བསྡུ་བ། འཁོར་བའི་རྒྱ་གླིང་དུ་སྲིད་པའི་རི་བོ་སྒྱེལ་བ། དེ་དག་ལ་མེད་དུ་མི་རུང་བའི་ལས་ཕྲན་དང་བཅས་ཏེ་ཆོས་སྡེ་གཅིག་ཏུ་བསྟན་པ་ཁོང་ནང་གི་སྙིང་ལྟ་བུའི་གདམས་པ། བད་ཀན་དར་དཀར་ཡོལ་བ་ལས་ཕྱི་ནང་རྟགས་ཀྱི་ངོས་འཛིན་དང་བཟླས་པ་གྲགས་ཀྱི་དྲོད་ཚད་བསྟན་པ། བདག་


GLG003_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་སངས་རྒྱས་ཡེ་ཤེས་ཀྱིས༔ དེ་རྣམས་ཐམས་ཅད་དྲིལ་བ་ལས༔ སྒྲོན་མ་རྒྱས་འབྲིས་བསྡུས་གསུམ་ཟེར༔ གནམ་ལྕགས་འཕྲུལ་གྱི་ལྡེ་མིག་བྱུང་༔ ཟབ་མོ་ཕྱག་རྒྱ་དྲུག་དང་བཅས༔ འདི་ཨ་ཙི་ཚི་ལ་ང་རེ་འཇིགས༔ ཞེས་པའི་སྒྲོན་མ་རྒྱས་པ་གནམ་ལྕགས་འཕྲུལ་གྱི་ལྡེ་མིག་ཅེས་པ་མཆོད་རྟེན་མུན་སྨག །གཞུ་གཅག་པ། སོ་བརྡར། གཟིར་བ། བསྲུང་བཟློག་གསད་པ། གཉེན་པོ། སྔགས། ཐུན། གསང་བ་ཡང་གསང་དུ་བསྡེབས་པ། མནན་པ། ཨར་གཏད། གསང་བ་ཙིཏྟ་དྲག་པོའི་ཐུན་གྱི་སྤྲ་འཁྲིད་དང་བཅས་པ་ཟབ་མོ་ཕྱག་རྒྱ་དྲུག་གི་གདམས་པ་བཅའ་བཞི་རྒྱས་བསྡུས་གཉིས་ཀའི་ཐུན་མོང་ལ་དགོས་པ། སྒྲོན་མ་འབྲིང་པོ་གནམ་ལྕགས་༼འབྲི༽འཕྲུལ་གྱི་ལྡེ་མིག་ཅེས་པ་རྫས་དང་འཁྲུལ་འཁོར་གྱིས་རང་གཤེད་དབབ་པ། ལྷའི་རང་གཤེད་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པ། སྔགས་ཀྱི་རང་གཤེད་དྲག་སྔགས་ཀྱིས་སྒྲོལ་བ། བཅའ་བཞི་རྒྱས་བསྡུས་གཉིས་ཀའི་ཐུན་མོང་ལ་དགོས་པ། སྒྲོན་མ་བསྡུས་པ་གནམ་ལྕགས་༼འབྲི༽འཕྲུལ་གྱི་ལྡེ་མིག་ཅེས་པར་དཀྱིལ་འཁོར་ལྷའི་སྒྲོན་མ་དང་མཆོད་རྟེན་སྒྲོན་མའི་སྦྲ་འཁྲིད་ཞང་ཁྲོམ་བུ་ལ་གཏད་པའི་མན་ངག་བཅའ་གཞི་རྒྱས་བསྡུས་གཉིས་ཀ་ཐུན་མོང་དུ་དགོས་པ་རྣམས། སྒྲོན་མ་རྒྱས་འབྲིང་བསྡུས་གསུམ་འདི་འབྲི་གུང་གི་རྒྱུན་ལ་ངོས་འཛིན་འདི་བཞིན་མཛད་པ་བཀའ་འབྱེད་ཀྱི་སྒྲོན་མ་རྒྱས་འབྲིང་བསྡུས་གསུམ་ཟེར་བའི་ཚིག་ལ་རས་མི་འཕོག་ཅིང་ཕྱག་ལེན་སྐབས་ཀྱང་ངེས་པར་དགོས་པའི་ཁུངས་བཙུན་པར་མངོན། པཎ་ཆེན་སྐུ་མཆེད་གཉིས་ཀྱི་ཕྱག་དཔེའི་རྒྱུན་གྱི་བྱང་པའི་བླ་དཔེ་སོགས་ལ་མི་འདུག་པ་ཟབ་ཁྱད་ཀྱིས་གབ་པ་རྒྱུན་


GLG003_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་སུ་སོང་ངམ་ཕྱག་ལེན་གྱི་ངོས་འཛིན་ལུགས་མ་གཅིག་པ་ཡིན་དང་དོན་དུ་མེད་པ་ཡིན་ཁ་ཚོན་མ་ཆོད་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་གསན་ཡིག་དང་ཕྱག་དཔེའི་རྒྱུན་གཅིག་ན་སྒྲོན་མ་རྒྱས་པ་འདི་ཐེབས་འདུག །འབྲིང་བསྡུས་གཉིས་མི་འདུག །འཇམ་དཔལ་ཚེ་བདག་སྐོར་ལ་གངས་རིའི་ལྗོངས་འདིར་འགྲན་ཟླ་མེད་པ་བརྒྱ་མཁར་བ་སེ་སྟོན་ཆེན་པོའི་རྒྱུན་ལ་ལྕགས་འདྲ་གནུབས་ཀྱི་གནམ་ཐོག་ཆེན་པོའི་ཆོས་སྡེར་སྒྲོན་མ་རྒྱས་པ་ཡོད་པས་ལྕགས་སྡིག་ལྕགས་འདྲ་གཉིས་ཀར་སྒྲོན་མ་གསུམ་པོ་འདི་འཕྲུལ་ཤེས་དགོས་པ་ཞིག་ཡིན་ན། དེ་མིན་ལྕགས་སྡིག་ཏུ་མེད་པར་བཞེད་ཚེ་གོང་གི་ཆོས་སྡེ་ཡོངས་རྫོགས་འཁྲུགས་བསྡེབས་སུ་བྱས་པས་སྒྲོན་མ་རྒྱས་འབྲིང་བསྡུས་གསུམ་དོན་གྱིས་ཐོན་པ་ལ་དགོངས་པ་འདྲའོ། །འོན་ཀྱང་ལྕགས་འདྲའི་སྐོར་ལ་སེ་སྟོན་ཆེན་པོ་དང་བྱང་པ་ཡབ་སྲས་མཐའ་ཤིན་ཏུ་ཆོད་པའི་མཁས་ཤིང་གྲུབ་པ་བརྙེས་ལ། ལྕགས་སྡིག་ལ་རྗེ་འབྲི་གུང་པ་ཆེན་པོ་མི་འཇིགས་པའི་སྤོབས་པའི་གདེང་ཚད་རྙེད་པ་ནས་ཁོ་བོ་ལྟ་བུའི་བློ་གྲོས་ཀྱི་མིག་ཆུང་ངུས་མཐའ་གཅིག་ཏུ་ཁ་ཚོན་མ་ཆོད་དོ། །ཐེམས་མེད་ལྕགས་སྡིག་ཀུན་གཞི་གཏི་མུག་སེམས་བྱུང་ལས་ཆད་པའི་དབང་བཀའ་རིན་ཅེན་འཕྲེང་བ་ཞེས་པ་མཆོད་རྟེན་གྱི་ལྷ་ལ་དབང་བསྐུར་ཐབས། འདི་འབྲི་གུང་པའི་ལུགས་ལ་མེད་བྱང་བདག་ཡབ་སྲས་ཀྱི་ཕྱག་བཞེས་སུ་མཛད། འདི་བར་སྐབས་སུ་གནུབས་པའི་ཞལ་ངོ་འགའ་ཞིག་གིས་དབང་འདི་སློབ་མ་རྗེས་འཛིན་གྱི་དབང་དུ་འཁྲུལ་ནས་ཕྱག་ལེན་མ་དག་པའང་ཐོར་བུ་བྱུང་བར་སྣང་། ལྕགས་སྡིག་ཡན་ལག་དྲུག་ལས་ཚེ་བདག་ནག་པོའི་གཏོར་ཟློག །གསེར་ལྕགས་འཁོར་ལོའི་ནང་དུ་བསྐལ་བཟང་གི་སངས་རྒྱས་སྟོང་སོགས་སྐྱབས་ཡུལ། བསྲུང་བྱ། མདུན་བསྐྱེད་མཆོད་རྟེན་གཙོ་བོའི་ཐུགས་


GLG003_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་རྡོར་སེམས་བསྒོམ་པ་སོགས་སྒོམ་ཁོག་ཟབ་མོ་ཚིག་ཉུང་དོན་རྒྱས་གནད་འགག་ཅན། ཁྲོ་རྒྱལ་ལམ་བསྡུས་མངའ་རིས་པཎ་ཆེན་གྱིས་བསམ་ཡས་སུ་མཛད་པ། དེས་འཕྲང་འགོར་མཛད་པའི་རྒྱུན་གྱི་ཉམས་ལེན། དེས་འཕྲང་འགོ་ཨོ་རྒྱན་ཆོས་རྫོང་དུ་མཛད་པའི་ཚེ་འདིར་བྱང་ཆུབ་འགྲུབ་པའི་བསྐྱེད་རྫོགས་ཟབ་མོ། ལྕགས་སྡིག་ཐོག་འདྲའི་སྐོར་གྱི་འཕྲིན་ལས་སྙིང་པོ་བསྡུས་༼འབྲི༽པ་འབྲི་གུང་པ་དབུར་སྨྱོན་ཐུགས་ཀྱི་རྡོ་རྗེས་མཛད་པ། དེས་མཛད་པའི་བཅའ་བཞི་རྒྱས་༼འབྲི༽བསྡུས་གཉིས་ཀའི་མཆོད་རྟེན་གྱི་ལས་བྱང་ངག་བསྒྲིགས་མ་ཤིན་ཏུ་ལེགས་པ། དེས་མཛད་པའི་གཅེས་པའི་འཁོར་ལོ་བཅུ་གསུམ་ཆབས་ཅིག་ཏུ་ཉམས་སུ་ལེན་པ་ཊིཀྐ་རིན་ཅེན་འཕྲེང་བའི་གསལ་བྱེད་རྡོ་རྗེ་འབར་༼འབྲི༽བའི་མཚོན་རྣོན་རྣམས། དཔེ་རིས་སྐོར་ལ། མཆོད་རྟེན་གྱི་ཕྱི་ནང་། ལྷ་གནས་ཆོས་འབྱུང་། ཕུར་བ། བྱང་བུ། མུན་སྨག་གམ་གཏད་བཟློག་ནག་པོ་ལྟེ་བ་གྲུ་གསུམ་སྡིག་ལིང་གསུམ་ལྡན་གྱི་སྟེང་འོག་འཁོར་ལོ། དེ་དང་འདྲ་མིན་གཅིག །བྱས་པ་བཤིག་པའམ་ཞེ་སྡང་ཁྲོས་པའི་གཞུ་གཅིག་པར་ཡང་གྲགས་པའི་འཆི་བདག་ཁྲམ་ཤིང་སྦྲུལ་ཞགས་བསྣམས་པའི་ལྟོ་འཁོར་རྩིབས་བརྒྱད་གྲི་སྡིག་ཅན། མཆོག་ཕག་བསྣོལ་བའི་འཁོར་ལོ་རྩིབས་རྩེ་སྤྲད་སོ་གཉིས་པ། དེ་དང་འདྲ་མིན་གཅིག །གསད་བཟློག་སྦྲགས་མ་སྦལ་སྡིག་ལྟོ་སྦྱར་རྩིབས་རྩ་སྤྲད་སོ་གཉིས་པ། སྦྲུལ་ནག་རྭ་ཅན་རྩིབས་རྩེ་སྤྲད་སོ་གཉིས་པ། ལིངྒར་སྦྲུལ་འཁྱིལ་བ། གནམ་ལྕགས་སོ་བརྡར་སྡིག་ཕག་བསྣོལ་མ་རྩིབས་རྩེ་སྤྲད་སོ་གཉིས་པ། བཙད་པོ། སློབ་མ། སྔགས་པ། བོན་པོ། སྐྱེ་བོ། བུད་མེད་རྣམས་ཀྱི་ལིངྒ། གཏད་བཟློག་ནག་པོའི་སྟེང་འཁོར་


GLG003_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྲིན་མགོ་ཅན་གྱི་ལྟོ་བར་རྩིབས་རྩེ་སྤྲད་སོ་གཉིས་པ། འོག་འཁོར་རུས་སྦལ་ལྟོ་བར་བྲིས་པ་འདྲ་མིན། མནན་པ་རི་རབ་སྟོབས་ཆེན་ཟས་སོའི་ལྟོར་ཀཥྞི་བྲིས་པ། བསམ་གཏན་སྟོང་སྲོག་རྒྱས་པ་ལྟོ་འཁོར་ཆེན་མོ། ཆུང་བ་སྙིང་པོ་དོན་གྱི་བསྲུང་བ་མཚོན་ཆ་ཅན། བཤིག་པ་གནོད་སྦྱིན་མཛེ་ཐོད་གནོད་སྦྱིན་ཕོ་མོ་བསྣོལ་བའི་ལྟོ་བར་རྡོ་རྗེ་རྩིབས་བརྒྱད་དང་བཞི་ཡོད། ཨུརྨོ་སོ་སྡེབ་རུས་སྦལ་ལྟོར་རྩིབས་རྩེ་སྤྲད་སོ་གཉིས་རྣམས། གཅེས་པའི་འཁོར་ལོ་བཅུ་གསུམ་དངོས་བསྟན། གཤེད་པོ་ལས་རྒྱལ་ལམ་གཞུ་གཅིག །དྲེགས་པ་ཁྲམ་ཤིང་ཞགས་པ་འཛིན་པའི་ལྟོར་འཕྲུལ་མིག་བཅུ་དྲུག་རྩིབས་ཉི་ཤུ་པ། དེ་དང་འདྲ་མིན་སྡིག་བརྒྱད་ཡོད་པ་གཅིག །སྦལ་པའི་ལྟེ་བར་སྟོང་སྲོག་འཁོར་ལོ། འཕྲུལ་མིག་བཞི་བཅུ་པ། མུ་སྟེགས་བོན་པོ་དང་འགྲས་ན་ཕོ་ཉ་རྐང་མགྱོགས་ཟློག་པ། དམ་མེད་སློབ་མ་དང་འགྲས་ན་རྡོ་རྗེ་མེ་འཐབ། ཨུརྨོ་མཁན་དང་འགྲས་ན་གླང་ཆེན་སྟོབས་འགྲན། གཏད་མཁན་དང་འགྲས་ན་སྦྲུལ་ནག་ལྕེ་འཐབ། དམ་ཚིག་གཅིག་པ་དང་འགྲས་ན་སེང་ཆེན་ཁ་འཐབ། སྔགས་པ་ནང་འགྲས་ལ་སྟག་མོ་ཁ་འཐབ། ནུས་ཅེན་སྟོབས་དང་བྲལ་བ་རྡོ་རྗེ་རྒྱ་གྲམ། ཟློག་དཀྱིལ་མ་ཏྲཾ། གཏེར་སྣོད་ལྕགས་སྡིག་ཕྱི་ནང་གི་དཔེ་རིས་རྣམས་བྱང་ལུགས་ཀྱི་རྒྱུན་ཕྱག་ལེན་སོར་གནས་དང་། འབྲི་གུང་ལུགས་ལ་དབང་༼འབྲི༽ཆོག་དང་མཐུན་པའི་དཀྱིལ་འཁོར། བསྟོད་བསྐུལ་ཆེན་མོ་དང་མཐུན་པའི་དཀྱིལ་འཁོར། གྱང་འགྱེལ་ཨེ་རིང་བསྣལ་བཟློག་དཀྲུག་བཤགས་བཞི། བདུད་བཞི་ནང་སློང་གི་ལིངྒ་གཉིས། སྙིང་པོ་དོན་གྱི་བསྲུང་བ་ལྟོ་འཁོར་མ། བྱས་པ་བཤིག་པའི་འཁོར་ལོ་འགུགས་བཅད་གསད་མནན་གྱི་འཁོར་ལོ་བཞི་དང་


GLG003_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ། དམར་ལེན་སྲོག་གི་གའུའི་ཕོ་འཁོར་མོ་འཁོར། བར་འཁོར། དེའི་ལིངྒའི་ལུས་ལ་ལྷ་ཚོགས་བཀོད་པ། གསད་སྒྲུབ་སཱཙྪ་དཀར་ནག་གི་ཕོ་འཁོར་མོ་འཁོར། འདིའི་དཔེ་རིས་བྱང་ལུགས་རང་དངོས་གཙང་། སྐྱེ་བོ་ཕལ་པ་དང་སྔགས་པའི་ལིངྒ། བཅུད་ཕུར་གནམ་ལྕགས་ཨུརྨོའི་ཕོ་འཁོར་མོ་འཁོར། ཊཱིཀྐ་རིན་ཅེན་འཕྲེང་བའི་ནང་གི་སྨག་སྡུད་སྟེང་འོག །བྱས་པ་བཤིག་པའི་ཕོ་འཁོར་མོ་འཁོར། མཆོག་ཕག་འཁོར་ལོ། བཙད་པོ་སེང་གེ །སློབ་མ་སྟག །སྔགས་པ་སྡིག་པ། བོན་པོ་ཕག །སྐྱེ་བོ་རུས་སྦལ། བུད་མེད་བྱའི་ཁོག་པར་བྲིས་པའི་འཁོར་ལོ། སྦྲུལ་ནག་རྭ་ཅན་སྟེང་འོག་འཁོར་ལོ། གསང་བཟློག་སྦྲགས་མའི་སྟེང་འོག་འཁོར་ལོ། སོ་བརྡར་སྟེང་འོག་འཁོར་ལོ་གཏད་བཟློག་སྟེང་འོག་འཁོར་ལོ། མནན་པ་རི་རབ་སྟོབས་ཆེན་བསམ་གཏན་སྟོང་སྲོག་ལྟོ་འཁོར། གནོད་སྦྱིན་མཛེ་ཐོད་ཕོ་འཁོར་མོ་འཁོར། ཨུརྨོ་སོ་སྡེབ་སྟེང་འོག་འཁོར་ལོ། སྒྲོན་མ་རྒྱས་པ་གནམ་ལྕགས་འཕྲུལ་གྱི་ལྡེ་མིག་གི་མཆོག་ཕག །རྒྱལ་པོ། སློབ་མ། དམ་གཅིག་པ། དམ་མི་གཅིག་པ། བོན་པོ། དྲག་སྔགས་མཁན་ཏེ་རང་གཤེད་ལིངྒ་དྲུག་འདིའི་དཔེ་རིས་བྱང་ལུགས་དངོས་གཙང་། འབྱུང་བ་ཁྲམ་བཟློག་གམ་ཕོ་ཉ་རྐང་མགྱོགས་བཟློག་པ། སྒྲོན་མ་རྒྱས་པ་ནས་གསུངས་པའི་གསང་བ་ཙིཏྟ་ལ་བརྟེན་པའི་སྟེང་འོག་འཁོར་ལོ། སྐྱེ་མཆེད་བཅུ་གཉིས་རྐོས་ལ་བཏབ་པའི་ལིངྒ། ནམ་མཁའི་མཐོངས་སུ་མཐིང་གི་བྱ་ར་སྦྱོར་ཐབས། བཤིག་པའི་སྟེང་འོག་འཁོར་ལོ། རིན་ཅེན་འཕྲུལ་གྱི་སྒོ་འབྱེད་ནས་གསུངས་པའི་སྦྲུལ་ནག་རྡོ་རྗེ་ཅོད་པན། དེ་ནས་བཤད་པའི་ངག་གནོན་ལིངྒ། སྟེང་གཅོད་ནམ་མཁའི་འཁོར་
ལོ། འོག་འདེགས་རླུང་གི་འཁོར་ལོ། འཆི་བདག་ཞལ་དབྱེ། རྒྱལ་ཆེན་སའི་དཀྱིལ་འཁོར། ངག་གནོན་ལྕགས་སྡིག་མགོ་དགུ། སྡེ་བརྒྱད་སྤྱིར་གནོན། ཛ་ཡ་དཀར་ནག་འཁོར་ལོ། མཆོད་རྟེན་གྱི་བཅའ་གཞི་རྒྱས་པ། བསྡུས་པ་རྣམས་སོ། །དེ་ལྟར་ལྕགས་སྡིག་ལྕགས་འདྲ་གཉིས་ཀའི་གཞུང་དཔེ་རིས་ཡོངས་སུ་རྫོགས་པ་དང་མན་ངག་གི་ཡི་གེ་རྣམས་བསྟུན་ཏེ་ལྕགས་འདྲ་གནམ་ཐོག་ཆེན་པོའི་སྦྱོར་བ་བྲག་ལྟག་པ་རྡོ་རྗེ་རིན་ཅེན་གྱིས་མཛད་པའི་མན་ངག་སྒྲོན་མ་དྲུག་པ་དང་སེ་སྟོན་གྱིས་མཆོད་རྟེན་གསལ་བྱེད་གཞིར་བཞག་ལ་ཞལ་ཤེས་ཀྱིས་རྣམ་པར་བརྒྱན་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་ཕྱག་བཞེས་མཐའ་དག་དམར་འཁྲིད་དུ་ལན་གསུམ་དང་། གཅེས་པའི་འཁོར་ལོ་བཅུ་གསུམ་ཁྲིགས་ཁ་རིན་ཆེན་ཕྲེེང་བ་མན་ངག་གསེར་ཞུན་གསུམ་ལ་གཞི་བྱས། ཆོས་སྡེ་གོང་འོག་རྣམས་འཁྲུགས་སྡེབས་སུ་ངོ་སྤྲད་པའི་ལྕགས་འདྲར་མེད་པའི་འཁོར་ལོ་རྣམས་ལྕགས་སྡིག་གི་སྟེང་ནས་སྦྱར་ཏེ་ཉམས་སུ་ལེན་དུས་ཀྱི་ཕྱག་འཁྲིད། ལྕགས་འདྲ་ལ་མ་ལྟོས་པར་ལྕགས་སྡིག་རང་རྐྱང་གི་འཁོར་ལོ་བཅུ་གསུམ་སྡེབ་ཚུལ་སོགས་མན་ངག་མཐའ་དག་ཡོངས་སུ་རྫོགས་པར་ཐོབ་པའོ། །


previousའཇམ་དཔལ་གཤིན་རྗེ་ཚེ་བདག་གནམ་ལྕགས་ཨུརྨོའི་སྐོར།next