བྱིན་རླབས་བཤད་པ།
བཞི་པ་བྱིན་རླབས་ལ། དངོས་དང་ཞར་བྱུང་རྒྱུའི་བྱིན་རླབས་གཉིས། དང་པོ་ནི། བྱིན་རླབས་བྱ་བའི་ཡུལ་དེ་ཉིད། བསླབ་པ་རྒན་ན་ཕྱག་བྱ། མིན་ན་མི་དགོས། གཉིས་ཀ་འགྲེངས་ཏེ་འདུད་པ་དང་བཅས་པས་སྣམ་སྦྱར་གྱི་ཕྱི་ནང་མ་ལོག་པར་བཞི་བལྟབ་བྱས་པའི་སྣེ་མོ་གཅིག་ཡུལ་གྱི་ཕྲག་པ་གཡོན་པར་བཀལ། སྣེ་མོ་གཅིག་གཉིས་ཀའི་(༡༡༠བ)
ལག་པ་གཡོན་པའི་སྟེང་དུ་བཞག་པ་གཡས་པས་མནན་ཏེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལེགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ཞེས་གསུམ་བརྗོད་དེ། དེ་ནས་ཐབས་ལེགས་བྱའོ། །དེ་བཞིན་དུ་འཚོ་བའི་ཡོ་བྱད་ལྷག་མ་རྣམས་ཀྱང་རང་རང་གི་མིང་ནས་སྨོས་ཏེ། བྱིན་གྱིས་བརླབ་དགོས་པ་ཡིན་ཏེ། གཞུང་དུ། ཆོས་གོས་གནང་བ་དེ་ཉིད་དུ་བྱིན་གྱིས་བརླབས་ཏེ་བཅང་བར་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། སྣམ་སྦྱར་གྱི་རྒྱུར་རུང་བའི་གོས་ཁྲུ་གང་ཡན་ལ། སྔར་བཞིན་བྱས་ཏེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །འཚལ་ན་སྣམ་ཕྲན་དགུ་པ་ལ་སོགས་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གསུམ་པ་སོགས་པ་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །བརྐྱང་ངོ་། །དྲའོ། །བསྡེབ་བོ། །གཟུངས་གདབ་བོ། །དྲུབ་བོ། ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ་ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །ཞེས་པ་གསུམ་བརྗོད་དེ། ཐབས་ལེགས་བྱེད་པའོ། །དེ་བཞིན་དུ་བླ་གོས་ཀྱི་རྒྱུ་ལ་ཡང་སྣམ་ཕྲན་དགུ་པའི་ཚབ་ཏུ་སྣམ་ཕྲན་བདུན་པ་དང་། སྣམ་སྦྱར་གྱི་ཚབ་ཏུ་བླ་གོས་བཅུག་ཏེ་ཤེས་པར་བྱའོ། །གཉིས་པ་བླ་གོས་ནི། གླེགས་བུ་ཕྱེད་དང་གསུམ་གསུམ་གྱི་བདག་ཉིད་ཅན་གྱི་སྣམ་ཕྲན་བདུན་པ་ཡིན་ལ། རབ་འབྲིང་། ཐ་གསུམ་གྱི་ཚད་སྣམ་སྦྱར་བཞིན་ནོ། །མཐང་གོས་ནི་དཔངས་སུ་ཁྲུ་དོ། སྲིད་དུ་ཁྲུ་ལྔ་འམ་བཞི། ཐ་མ་ལྟེ་བ་མན་ཆད་པུས་མོ་ཡན་ཆད་དེ་འཁོར་གསུམ་ཁེབས་པའི་ཚད་ཀྱང་རུང་ལ། ཁྲུའི་དོན་ནི་རང་གི་ལུས་ཀྱི་གཙུག་ནས་རྐང་མཐིལ་གྱི་བར་ལ་(༡༡༡ན)
དུམ་བུ་བདུན་དུ་བྱས་པའི་ཆ་གཉིས་སོ། །ལུས་ཤིན་ཏུ་སྦོམ་པས་མཐང་གོས་ཀྱི་མ་འདུས་ན་རལ་ཁ་དཔུང་ཆད་ཀྱིས་བསྣོན་པ་བྱེད་དགོས་པར་བཤད་དེ། གཞུང་དུ། མཐང་གོས་ནི་དོ་དང་ལྔ་ཡང་ཡིན་དོ་དང་བཞི་ཡང་ཡིན་ནོ། །འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱང་ངོ་། ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ། །མི་ཡོགས་ན་རལ་ཁ་དཔུང་ཆད་བྱའོ། །ཞེས་སོ། །ཤམ་ཐབས་ནི་ཉིན་མོ་མཐང་གོས་ཀྱི་འོག་ཏུ་གྱོན་པར་བྱ་བ། ཤམ་ཐབས་ཀྱི་གཟན་ནི་མཚན་མོ་མཐང་གོས་ཀྱི་འོག་ཏུ་གྱོན་པར་བྱ་བ་ཡིན་ཞིང་། ཚད་མཐང་གོས་བཞིན་ནོ། །རྔུལ་གཟན་དང་དེའི་གཟན་ནི་ཉིན་མོ་དང་མཚན་མོ་བླ་གོས་ཀྱི་འོག་ཏུ་གྱོན་པར་བྱ་བ་ཚད་བླ་གོས་བཞིན་ནོ། །གདོང་ཕྱིས་ནི། ཁོ་ར་ཁོར་ཡུག་ཏུ་ཁྲུ་གང་གི་ཚད་དང་ལྡན་པའོ། །སྣག་གཟན་ནི་དགེ་སློང་རྣག་ནད་ཅན་གྱིས་ཤ་ལ་སྦྱར་ཏེ་བགོ་བར་བྱའོ། །ཚད་ཇི་ཙམ་དགོས་པའོ། །གཡན་པ་དགབ་པ་ནི་གཡན་པའི་ནད་ཅན་གྱི་ཤ་ལ་སྦྱར་ནས་གྱོན་པར་བྱ་བ་ཡིན་ཞིང་། ཚད་སྲིད་དུ་ཁྲུ་དྲུག་དང་། དཔངས་སུ་ཁྲུ་གསུམ་མོ། །སྐྲ་བཟེད་ནི་སྐྲ་བྲེགས་པའི་ཚེ་ཆོས་གོས་བསྲུང་བའི་དོན་དུ་སྟོད་དུ་གྱོན་པར་བྱ་བ་སྟེ། ས་ག་ལྷས། བསྲུང་བའི་དོན་དུ་སྐྲ་བཟེད་ནི། །ཞེང་དུ་ཁྲུ་ནི་ཕྱེད་དང་གཉིས། །སྲིད་དུ་ཁྲུ་ནི་གསུམ་ཡིན་ཏེ། །ལྷག་མ་བརྟག་པར་མི་བྱའོ། །ཞེས་པ་ལྟར་རོ། །གདིང་བ་ནི། གནས་མལ་བསྐྱབ་པའི་ཕྱིར་དུ་གནང་བའི་གོས་ཡིན་ཞིང་། ཚད་སྲིད་དུ་ཁྲུ་གསུམ་ཞེང་དུ་ཁྲུ་དོ་སོར་དྲུག་གོ །དབྱར་གྱི་རས་ཆེན་ནི། དབྱར་ཆར་ཆུ་བསྐྱབ་པའི་ཕྱིར་དུ་གྱོན་པར་བྱ་བ་ཡིན་ཞིང་། ཚད་སྲིད་དུ་ཁྲུ་དགུ་ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །དེ་ཐམས་ཅད་ཀྱང་རུང་བའི་ཚོན་(༡༡༡བ)
གྱིས་ཁ་བསྒྱུར་བའོ། །གཉིས་པ་མཁོ་བའི་ཡོ་བྱད་ནི་དགེ་སློང་ལ་ཕྲལ་དུ་ཉེ་བར་མཁོ་བ་གདན་དང་གདིང་གཡོགས་དང་གཏུར་བུ་ལ་སོགས་པ་ཡིན་ལ། དེ་ཡང་ཁྱད་ཆོས་བཞི་ལྡན་ཏེ། ཁྲུ་གང་ཡན་ཆད་ཀྱི་ཚད་དུ་ལོངས་ཤིང་། ཆེ་ཚད་ངེས་པ་མེད་པ་རང་གཞན་ཐུན་མོང་བས་བསམ་པས་བཅང་བ། ཁ་དོག་དང་དབྱིབས་ངེས་པ་མེད་པ། རང་གཞན་ཐུན་མོང་བའི་མིང་གིས་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་བརླབ་པའི་ཚུལ་ནི། ཡུལ་ཡོད་ན་བཙུན་པ་དགོངས་སུ་གསོལ། ཡུལ་མེད་ན་མདུན་དུ་ཤཱ་རིའི་བུ་ལ་སོགས་པའི་ཉན་ཐོས་ཡོད་པར་དམིགས་ཏེ། ལྷ་དགོངས་སུ་གསོལ། གོས་འདི་དག་བདག་དང་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལ་མཁོ་བའི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབ་བོ། །ཞེས་པ་གསུམ་བརྗོད་དེ། ཐབས་ལེགས་བྱེད་པའོ། །གསུམ་པ་ལྷག་པའི་ཡོ་བྱད་ནི་རབ་བྱུང་ལ་མེད་དུ་མི་རུང་བ་མ་ཡིན་ཀྱང་། དགོས་པའི་དབང་གིས་བཅང་བར་བྱ་བའི་གོས་ཡིན་ལ། དེ་ཡང་ཁྱད་ཆོས་བཞི་ལྡན་ཏེ། ཚད་སྔར་བཞིན། ཁ་དོག་དང་དབྱིབས་ངེས་པ་མེད་པ། གཞན་ཁོ་ནའི་ཕྱིར་དུ་བཅང་བར་བྱ་བ། གཞན་ཁོ་ནའི་མིང་གིས་བྱིན་གྱིས་བརླབ་པར་བྱ་བའོ། །བྱིན་གྱིས་བརླབ་ཚུལ་ནི། སྣམ་སྦྱར་ལྷག་པོ་དང་རས་ཡུག་ལ་སོགས་པ་ཐོགས་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་ལྷག་པ་རུང་བ་མ་བགྱིས་པ། རུང་བ་བགྱིད་པར་འོས་པ་འདི་མཁན་པོ་ལ་རུང་བར་བགྱིའོ། །མཁན་པོ་ལ་ཡིད་གཏད་དེ་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ། །ཞེས་གསུམ་བརྗོད་ཅིང་། ཐབས་ལེགས་བྱེད་དོ། །དེ་ཡང་སྣམ་སྦྱར་གྲངས་མང་པོ་ཡོད་པ་ཡིན་ན་གཅིག་འཚོ་བའི་(༡༡༢ན)
ཡོ་བྱད། གཞན་རྣམས་མཁོ་བ་དང་ལྷག་པའི་ཡོ་བྱད་ཅི་རིགས་པར་བྱིན་གྱིས་བརླབ་བོ། །དེས་ན་དགེ་སློང་གིས་རང་གིས་བདག་ཏུ་བཟུང་བའི་ཁྲུ་གང་ཡན་ཆད་དུ་ལོངས་པའི་གོས་ཐམས་ཅད་ཡོ་བྱད་གསུམ་པོ་གང་རུང་དུ་བྱིན་གྱིས་བརླབ་དགོས་ཏེ། གཞན་དུ་སྤང་ལྟུང་བསྐྱེད་པར་འགྱུར་བའི་ཕྱིར། བཞི་པ་ནི། ཞྭ་དང་ལྷམ་དང་སྐ་རགས་དང་ལྷུང་བཟེད་ཀྱི་སྣོད་ལ་སོགས་པའོ། །ལྔ་པ་ནི། མཁོ་བའི་ཡོ་བྱད་ཀྱི་རྒྱུར་བསྔོས་ཤིང་། ཁྲུ་གང་གི་ཚད་དུ་མ་ལོངས་པའོ། །དྲུག་པ་ནི། ལྷག་པའི་ཡོ་བྱད་ཀྱི་རྒྱུར་བསྔོས་ཤིང་ཁྲུ་གང་གི་ཚད་དུ་མ་ལོངས་པའོ། །ལྔ་པ་ལ། གང་ཟག་གང་གིས་བསམ་པ་ཇི་ལྟ་བུས་དགོས་པ་གང་གི་ཕྱིར་ལོངས་སྤྱོད་པའོ། །དང་པོ་ནི། མི་སློབ་པའི་གང་ཟག་གིས་གཞན་གྱི་ཡོ་བྱད་རང་དབང་བའི་ཚུལ་དུ་ལོངས་སྤྱད་དུ་རུང་སྟེ། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་ཡིན་པའི་ཕྱིར། སློབ་པ་འཕགས་པའི་གང་ཟག་ནི་རང་ལ་བྱིན་པ་རྣམས་ཇི་ལྟ་བ་བཞིན་དུ་ལོངས་སྤྱོད་ནུས་ཏེ། ཡོན་སྦྱོང་ནུས་པའི་ཕྱིར། འཕགས་པ་མིན་ཡང་ཚུལ་ཁྲིམས་རྣམ་པར་དག་ཅིང་ཐོས་བསམ་དང་སྒྲུབ་པ་ལ་བརྩོན་པའི་གང་ཟག་གིས་གཞན་གྱི་ལོངས་སྤྱོད་སངས་རྒྱས་ཀྱིས་གནང་བའི་ཚུལ་གྱིས་ལོངས་སྤྱད་དུ་རུང་སྟེ། དེ་ལྟར་སྟོན་པས་གནང་བའི་ཕྱིར། ཚུལ་ཁྲིམས་རྣམ་པར་དག་ཀྱང་ཐོས་བསམ་མི་བྱེད་པའི་ལེ་ལོ་ཅན་ལ་ནི་བླང་བ་བུ་ལོན་ཅན་དུ་འགྱུར་ཏེ། སྐྱེ་བ་ཕྱི་མར་བརྒྱ་འགྱུར་དང་སྟོང་འགྱུར་ལ་སོགས་པ་འཇལ་དགོས་པར་སྐྱེ་བའི་ཕྱིར། ཚུལ་ཁྲིམས་འཆལ་བའི་གང་ཟག་གིས་གཞན་གྱི་དད་རྫས་ལོངས་སྤྱོད་པ་བཀག་པ་ཡིན་ཏེ། དེས་དགེ་འདུན་གྱི་དད་ཟས་ཁམ་གཅིག་ཙམ་དང་། བཏུང་བ་ཧུབ་གཅིག་ཙམ་དང་། དགེ་འདུན་གྱི་གཙུག་ལག་ཁང་དང་། (༡༡༢བ)
གནས་མལ་ལ་ལོངས་སྤྱོད་ན་ཕྱི་མ་ངན་སོང་དུ་སྐྱེས་ནས་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་ཟ་བ་དང་། ཁྲོ་ཆུ་ཁོལ་མ་འཐུང་བ་དང་། ལྕགས་བསྲེགས་ཀྱིས་གཞི་ལ་གོམ་པ་འདོར་བ་ལ་སོགས་པའི་སྡུག་བསྔལ་མྱོང་བར་གསུངས་པའི་ཕྱིར། དེ་ལྟར་ཡང་མྱ་ངན་ལས་འདའ་བའི་བསམ་པས་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་པ་དང་། ཟས་རོ་བརྒྱ་པ་དང་། ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཡང་འོས་སོ། །དགེ་འདུན་གྱི་རྫས་ཀྱང་ངོ་། །མི་སློབ་པ་མན་ཆད་ཀྱིའོ། །སོ་སོའི་སྐྱེ་བོ་ལ་ཡང་ངོ་། །ཚུལ་ཁྲིམས་འཆལ་པ་ལ་ནི་མ་ཡིན་ནོ། །ལེ་ལོ་ཅན་ལ་ནི་བླངས་པ་དང་ཉེ་བར་སྤྱད་པ་བུ་ལོན་དུ་འགྱུར་རོ། །ཞེས་དང་། ས་ག་ལྷས། མི་སློབ་པ་ནི་བདག་པོར་སྤྱོད། །སློབ་པ་བྱིན་པ་སྤྱོད་པ་སྟེ། །བསམ་གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་པས་ཉེས་པ་མེད། ལྷག་མ་ལེ་ལོས་བཅོམ་པ་ཡིས། བདག་ཉིད་རྣམས་ནི་བུ་ལོན་སྤྱོད། ཁྲིམས་འཆལ་རྣམས་ནི་ནམ་དུ་ཡང་། །གཙུག་ལག་ཁང་སོགས་ཉེར་སྤྱོད་བཀག །ཅེས་གསུངས་སོ། །གཉིས་པ་ནི། རང་གི་ལུས་ལ་རྨ་དང་ངོ་ཚ་བའི་འདུ་ཤེས། ཆོས་གོས་ལ་རྨ་དཀྲིས་དང་ངོ་ཚ་དགབ་བའི་འདུ་ཤེས། གང་དུ་གནང་བ་དེ་ཉིད་དུ་བྱིན་གྱིས་བརླབ་པ་དྲན་པ་དང་། དགེ་སྦྱོང་གི་ཆོས་བཞི་མཚོན་བྱེད་ཡིན་ནོ་སྙམ་དུ་བསམས་ནས་ལོངས་སྤྱོད་པའོ། །གཞན་ཡང་འཕྲལ་གྱི་བྱ་བ་བྱེད་པའི་གནས་སྐབས་སུ་འདུ་ཤེས་ལྔ་ལྡན་དུ་ལོངས་སྤྱོད་པ་ཡང་གསུངས་ཏེ། འདུལ་བ་བསྡུ་བ་ལས། དགེ་སློང་འདུལ་བའི་བསླབ་པ་ལ། །གནས་པ་རྣམ་པ་ལྔ་འདོད་དེ། །གྲོང་དུ་འཇུག་པར་བྱེད་པ་ན། །བཙོན་ར་ཡིན་ནི་འདུ་ཤེས་དང་། །གཙུག་ལག་ཁང་དུ་འཇུག་པ་ན། །རྟག་པར་དགེ་སྦྱོང་འདུ་ཤེས་དང་། །ཟས་ལ་རྟག་(༡༡༣ན)
པར་ནད་ཀྱི་ནི། །གཉེན་པོ་ཉིད་ཀྱི་འདུ་ཤེས་དང་། །ཉལ་ན་དགོན་པའི་རི་དྭགས་ལྟར། །ཐུག་ཕྲད་གཉིད་ཀྱི་འདུ་ཤེས་དང་། །འཇིག་རྟེན་མཐུན་འཇུག་བྱ་བ་ལ། །འོན་ལོང་ལྐུགས་པའི་འདུ་ཤེས་སོ། །དེ་ལྟར་གནས་པའི་དགེ་སློང་ནི། །བརྒྱ་ལ་འོས་པའི་ལོངས་སྤྱོད་ལ། །གནས་ཀྱང་འདོད་པ་བསོད་ཉམས་ཀྱི། །རྗེས་སུ་འཇུག་པར་མི་འགྱུར་རོ། །ཞེས་པ་ལྟར་རོ། །གསུམ་པ་ནི། ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཀྱི་སྒོ་ནས་ཁྱད་པར་འཕགས་ཏེ། རང་ཉིད་སངས་རྒྱས་ཀྱི་རྗེས་སུ་འཇུག་པ་དང་། དགེ་སྦྱོང་གི་དྲན་པ་གསོ་བའི་ཆེད་དུའོ། །ཞེས་གསུངས་པ་རྣམས་ཆད་ལྷག་མེད་པར་བཀོད་པ་ཡིན་ཅིང་། གཞན་ཡང་། མདོ་རྩ་ལས། སྣམ་ཕྲན་སྣེལ་ཞི་ཉིད་དང་ལྷག་མ་མཉམ་པ་ཉིད་དང་། དབུས་ནས་གཞན་དུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་དང་མཐའ་བསྐོར་བ་ཉིད་དག་གིས་སོ། །ཞེས་པར་རང་འགྲེལ་ལས། གདིང་བ་དྲུབ་པར་བྱེད་པའི་དུམ་བུ་རྣམས་ལ་ཕྱེད་དང་གསུམ་གྱི་དཀྱིལ་འཁོར་ཉིད་ཅེས་བྱ་བ་ལ་སོགས་པའི་ཆོ་ག་གསུངས་སོ། །དེའི་ཕྱིར་དེ་སྲིད་དུ་དྲུབ་པར་བྱེད་པའི་དུམ་བུའི་དབང་དུ་བྱས་ནས་མདོ་འདི་བྱས་སོ། །གླེགས་བུ་འཕྲོ་བཟུང་བའི་དབུས་ནས་སྣམ་ཕྲན་རྣམས་ལ་ལྷག་མ་གང་ཡིན་པ་དེ་ནི་འདིར་ལྷག་མ་ཉིད་དུ་གསུངས་སོ། །ཕྱོགས་ཕྱོགས་སུ་ཟློས་བུར་བྱ་སྟེ་དབུས་ཀྱི་སྣམ་ཕྲན་གཞན་རྣམས་མངོན་པར་ཁྱབ་པར་བསྒྲུབ་པའི་དོན་དུ་སྣམ་ཕྲན་སྣྲེལ་ཞི་ཉིད་དོ། །ལྷག་མ་མཉམ་པ་ཉིད་དང་དབུས་ནས་གཞན་གླེགས་བུ་འཕྲོ་ཕྱོགས་སུ་ལྟ་བ་ཉིད་དོ། །གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་ཅེས་བྱ་བ་ནི་རྒྱུད་གཞན་གྱི་ཁོངས་སུ་གཏོགས་པའི་གླེགས་བུའི་འཕྲོ་དེའི་དངོས་(༡༡༣བ)
པོ་དང་། མཐའ་སྐོར་ཉིད་དག་གིས་སྦྱིན་པ་རྗེས་སུ་སོང་བ་ཉིད་དེ། དེ་ལྟར་རྣམ་པ་བཞི་པོ་འདི་རྣམས་ཀྱི་ཞེས་བྱ་བ་ནི་འདིའི་དོན་ཏོ། །ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་རྒྱ་ཆེར་འགྲེལ་ལས། དེ་ལ་སྣམ་ཕྲན་སྣྲེལ་ཞི་ཉིད་ཅེས་བྱ་བ་ལ་འདིར་སྣམ་ཕྲན་ཞེས་བྱ་བའི་སྒྲ་ནི་སྲིད་དུ་བཏང་བའི་ཚལ་བུ་ལ་བྱའོ། །སྣྲེལ་ཞི་ཞེས་བྱ་བ་ནི་སྲིད་དུ་བཏང་བའི་སྣམ་ཕྲན་དེ་དག་གི་ཚལ་བུ་རྣམས་ཀྱི་སྣ་དྲང་ཐད་དུ་མ་བབས་པར་མཐོ་དམན་མི་མཉམ་པ་ཉིད་ཀྱིས་འགྲུབ་ཐབས་སུ་ཉིད་དུ་འདུག་པའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །ལྷག་མ་མཉམ་པ་ཉིད་ཅེས་བྱ་བ་ལ་ལྷག་མ་ཞེས་བྱ་བ་ནི་དབུས་ཀྱི་སྣམ་ཕྲན་ལ་མ་གཏོགས་པའི་སྣམ་ཕྲན་དག་ཚལ་བུས་ནོན་པ་གང་ཡིན་པ་དེའི་ལྷག་མའི་ཕྱོགས་ནི་འདིར་ལྷག་མ་ཉིད་དོ། །རྗོད་བྱེད་ལྷག་མ་དེ་དང་དབུས་ཀྱི་སྣམ་ཕྲན་དུ་མཉམ་པར་བྱའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དབུས་ནས་གཞན་དུ་ཚལ་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་ཅེས་བྱ་བ་ལ། དབུས་ཞེས་བྱ་བ་ནི་ཞེང་དུ་ཐལ་རང་དུ་བཏང་བའི་སྣམ་ཕྲན་དབུས་མ་གཉིས་ཀྱི་བར་གྱི་གླེགས་བུའོ། །དེ་ནས་གཞན་དུ་གླེགས་བུའི་འཕྲོ་ཞེས་བྱ་བ་ནི། དུས་དེ་ནས་གཡས་གཡོན་གཞན་དུ་སྣམ་ཕྲན་ཞེང་དུ་ཐལ་དྲང་དུ་བཏང་བ་དག་གི་གླེགས་བུའི་འཕྲོའོ། །ཕྱོགས་ཕྱོགས་སུ་ལྟ་བ་ཞེས་བྱ་བ་ནི། གཡས་གཡོན་གྱི་གླེགས་བུའི་ཐམས་ཅད་ལ་ཁྱབ་པར་བྱ་བའི་ཕྱིར་ཕྱོགས་ཕྱོགས་སུ་ཞེས་ཟློས་བུར་བྱ་སྟེ། གཡས་ཕྱོགས་ཀྱི་ཚལ་བུ་རྣམས་ཀྱི་འཕྲོ་ཡང་གཡས་ཕྱོགས་སུ་ཕྱི་བརྒྱུད་དུ་བལྟ་ལ། གཡོན་ཕྱོགས་ཀྱི་ཚལ་བུ་རྣམས་ཀྱི་འཕྲོ་ཡང་གཡོན་ཕྱོགས་སུ་ཕྱི་བརྒྱུད་དུ་བལྟ་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལྟར་སྣམ་ཕྲན་སྣྲེལ་ཞི་ཉིད་དང་ལྷག་མ་མཉམ་པ་ཉིད་དང་། དབུས་ནས་གཞན་དུ་ཚལ་བུའི་འཕྲོ་(༡༡༤ན)
ཕྱོགས་ཕྱོགས་སུ་ལྟ་བ་ཉིད་ཅེས་བྱ་བ་དེ་གསུམ་གྱིས་ནི་སྲིད་དུ་བཏང་བའི་གླེགས་བུ་དག་དྲུབས་པ་བསྟན་ཏོ། །མཐའ་སྐོར་བ་ཉིད་ཅེས་བྱ་བ་ནི་ཆུ་ཞེང་གི་མཐའ་འཁོར་བར་ཀུན་དགའ་བོའི་མཐའ་སྐོར་གྱིས་བསྐོར་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལྟར་རྣམ་པ་བཞི་པོ་དེ་དག་བསྡུས་པ་དྲུབས་པའི་ཆོས་གོས་གང་ཡིན་པ་དེ་བྱིན་གྱིས་བརླབ་པར་བྱའོ། །འདི་སྐད་བསྟན་ཏེ། ཇི་ལྟར་སྲིད་དུ་བཏང་བའི་ཚལ་བུ་རྣམས་ཀྱི་སྣ་མཐོ་དམན་དུ་འདུག་པས་སྣམ་ཕྲན་སྣྲེལ་ཞི་ཉིད་དུ་འགྱུར་བ་དེ་ལྟར་ཆོས་གོས་དེ་དྲུབས་པར་བྱའོ། །སྣམ་བུ་གཅིག་ལ་ཚལ་བུས་ནོན་པའི་ལྷག་མ་མནོན་པ་ཇི་ཙམ་དུ་ཡོད་པ་དེ་ཙམ་དུ་དེ་ལས་གཞན་པའི་གླེགས་བུ་ལྷག་མ་དག་ཀྱང་དེ་དང་མཉམ་པར་བྱའོ། །དབུས་ཀྱི་སྣམ་བུ་ལས་བལྟོས་ནས་གཡས་གཡོན་གྱི་ཕྱོགས་གཉིས་སུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་བལྟ་བར་བྱའོ། །ངོས་བཞི་ཀུན་ནས་ཁོར་བར་ཀུན་དགའ་བོའི་མཐའ་སྐོར་གྱིས་འཕྲོ་ཐམས་ཅད་བསྐོར་བར་བྱའོ། །ཞེས་དང་། འགྲེལ་ཆུང་ཡོན་ཏན་འོད་མ་ལས། དུམ་བུར་བྲེས་པ་ལྷག་མ་དང་མཉམ་པ་སྟེ། དབུས་མ་ལས། གཞན་པ་དེ་དང་དེར་གཏོགས་པའི་འདབ་མའི་ངོས་མཐའ་སྐོར་ཡང་ངོ་། །ཆོས་གོས་དྲས་ཤིང་བཙེམ་པའི་ཐབས་ནི་འདི་ལྟར་བྱ་སྟེ། མདོར་ན་ཆོས་གོས་ཉིད་ལ་ལྟོས་ན་བརྡ་ཕྲད་པར་འགྱུར་རོ། །ནང་དུ་གནས་པ་དང་བླ་གབ་དང་སྦྱར་ལ་ཡང་ངོ་། །ཆོས་གོས་སྣམ་བུ་ལྔ་པ་དང་བདུན་པ་གཉིས་ནི་མཚོན་གྱིས་མ་བཅད་ན་ཡང་རུང་། ཆོས་གོས་ཆེན་པོ་ནི་མ་བཅད་ན་མི་རུང་སྟེ་སྔགས་མི་ཆགས་སོ། །གཉིས་ནི་སྔགས་ནི་ཆགས་ཏེ་ཉེས་བྱས་སོ། །ཞེས་དང་། ལེབ་ལེབ་པོའི་ཆེད་དུ་མཉམ་པར་བྱ། ཆོས་(༡༡༤ན)
གོས་ཀྱི་ཚལ་བུ་རིང་ཐུང་དུ་འདུག་པ་རིང་པོ་དེའི་ཚད་དུ་ཐུང་ངུ་བྱའོ། །བཅལ་བའི་ཕྱིར་ཆག་ཤིང་བཅང་། ཀ་ཤ་དྲུབ་པའི་ཚུལ་དུ་བཅལ་བའི་ཕྱིར་ཆག་ཤིང་བཅངས་ཀྱང་ཉེས་མེད་འདབ་མའི་ངོས་ཀྱང་ངོ་། །ཚལ་བུ་བསྣོལ་མ་ཚུར་འགྲོ་བ་དང་ཞེང་དུ་འགྲོ་བ་དང་ཐ་མ་སྐོར་བ་ཞེང་ཚད་ཆེ་ཆུང་མ་ཁྱེར་བར་མཉམ་པར་བྱ། དེ་ཙམ་དུ་ཆག་ཤིང་བཅང་ཚལ་བུའི་ཞེང་ཚད་ཀྱི་ཆག་ཤིང་ཡང་བཅང་། འདིའི་མཐའ་ནི་རབ་ཏུ་ཆེན་པོར་བཞིའོ། །ཚལ་བུའི་སྣ་སྣོལ་དུ་འགྲོ་བ་དང་། མཐའ་སྐོར་བའི་ཞེང་ཚད་ནི་སོར་བཞིར་བྱའོ། །ཚལ་བུའི་ཞེང་ཚད་བྱ་རོག་གི་རྐང་པའི་ཚད་དུ་བྱས་ཀྱང་རུང་། ཆུང་ངུ་ཕྱེད་དང་གསུམ་པའམ་མཐེ་བོང་ངོས་སོ། །ཚལ་བུ་ཆུང་ངུ་ཕྱེད་དང་གསུམ་དང་མཚོན་གང་དུ་བྱས་ཀྱང་ཉེས་མེད་དེ་ཞེང་ཚད་ཕྲན་ཚེགས་ཀྱི་འགྲེལ་པ་ཚུལ་ཁྲིམས་སྐྱང་གིས་མཛད་པར་ཚལ་བུའི་སྣས་ནོན་པར་མ་གྱུར་པའི་ཕྱོགས་ནི་གླེགས་བུ་ཡིན་ཏེ་གླེགས་བུ་གླེགས་བུ་དང་། གླེགས་བུ་ཕྱེད་པ་གླེགས་བུ་ཕྱེད་པ་དང་མཉམ་པོར་བྱའོ། །མཐེ་བོང་དང་ཉེ་བར་གྱུར་པ་མཛུབ་མོ་གང་ཡིན་པ་དེའི་དབུས་མའི་ཚིགས་གང་ཡིན་པ་དེའི་ཚིགས་ཀྱང་ལོགས་གང་ཡིན་པ་དེའི་སྟེང་དུ་མཐེ་བོའི་ཚིགས་བཞག་པར་གྱུར་པ་ལ་མཐོར་གྲུབ་པ་གང་ཡིན་པ་དེ་ལ་འདིར་བྱ་རོག་གི་མཐོ་ཉིད་དུ་བརྗོད་པ་ཡིན་ལ། བྱ་རོག་གི་རྐང་པ་དང་འདྲ་བའི་སྒོ་ནས་འདི་ལ་ཡང་སོར་བཞི་ཁོ་ནའི་ཚད་དུ་རྣམ་པ་གཞན་གྱི་སྒོ་ནས་བསྒྲུབས་པ་ཡིན་ནོ། །སློབ་དཔོན་ཤེས་རབ་བྱེད་པས་མཛད་པའི་མདོ་རྩའི་འགྲེལ་པར། མཚོན་གྱིས་མ་དྲས་པའི་གོས་མི་བགོ །ཞེས་པ་ལ་སོགས་པ་ཡིན་ཏེ། ཁ་ཚར་མ་བཅང་མཚོན་གྱིས་མ་དྲས་ན། ཁྱིམ་པའི་གོས་སུ་འགྱུར་བས་ན་དགག་པའི་ཕྱིར་རོ། །དྲས་ཤིང་དྲུབས་པའི་གོས་ལ་(༡༡༥ན)
བྱིན་གྱིས་བརླབ། ཅེས་པ་འདི་ལྟ་བུའི་ཆོས་གོས་གསུམ་ལ་བྱིན་གྱིས་རློབས་ཤིག་པའོ། །ཇི་ལྟ་བུ་དྲུབས་ཤེ་ན། ཚལ་བུ་དབུས་ནས་ལྷག་མ་དང་མཉམ་པ་འདབ་ངོས་སྤེལ་ཏེ་གཞན་གྱི་འོག་ཏུ་བསྲུལ་ཅིང་མཐའ་སྐོར་བའོ། །ཞེས་པ་ཡིན་ཏེ། ཚལ་བུ་དབུས་ནས་ཁ་སོ་སོར་གྱེས་ལ་ཚལ་བུ་ལྷག་མ་རྣམས་དང་ཞེང་ཚད་མཉམ་ཞིང་ཚལ་བུ་ཕྱེད་དུ་བགོ་བའི་ཐོག་མ་རྩེ་སྤྲོད་དུ་མི་བྱ་བར་སྤེལ་ཏེ། ཚལ་བུ་གཞན་གྱི་འོག་ཏུ་བསྲུལ་བ་དང་། ཐ་མ་ཡང་ཁོར་ཡུག་ཏུ་ཚལ་བུའི་ཚད་ཀྱིས་བསྐོར་བའོ། །འདུལ་བ་གཞི་བམ་པོ་རེ་གཉིས་པར། གོས་ཀྱི་གཞིའི་སྐབས་སུ་འཚོ་བྱེད་གཞོན་ནུས་གསོས་ཀྱི་རས་ཡུག་པོ་ཆེ་ཕུལ་བ་ལ་སྟོན་པའི་ཆོས་གོས་གསུམ། ཀུན་དགའ་བོའི་བླ་གོས་དང་མཐང་གོས། སྒྲ་གཅན་འཛིན་གྱི་རལ་ཆུང་དཔུང་གཅད་རྣམས་དྲས་ཤིང་དྲུབས། དེའི་ཚེ་གཟུགས་ཅན་སྙིང་པོས་སྟོན་པའི་ཉན་ཐོས་སུ་འཁྲུལ་ནས་འཚོ་བ་པར་ཕྱག་བཙལ་བར་གཞན་རྣམས་ཀྱིས་འཕྱས་པར་བརྟེན་སྟོན་པ་ལ་ཆོས་གོས་རྣམས་མཚན་མ་གདབ་དགོས་པར་གསོལ་བ་ལ་འཕྲོས་ནས། ཇི་སྐད་དུ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱི་ལུས་འཕགས་ཀྱི་རི་མཐོང་ངམ། བཙུན་པ་མ་མཐོང་ལགས་སོ། །དེ་བཞིན་གཤེགས་པའི་ན་བཟའ་ཆོས་གོས་ཀྱི་མཐའ་ནས་ཟུངས་ཤིག །དེས་བཟུང་བ་དང་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ན་མི་སྣང་བར་མཛད་པས་དེ་ཉིད་ནས་རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ལ་གཤེགས་ནས་ལུས་འཕགས་ཀྱི་རི་བོ་ལ་བཞུགས་སོ། །དེའི་ཚེ་མ་ག་དྷའི་མི་རྣམས་ཀྱི་ཞིང་མཉམ་ཞིང་ཉེ་འཁོར་མཉམ་པ་རྣང་གི་ཁྱད་པར་སྣ་ཚོགས་དག་རྣང་རྒལ་གྱི་འབྲེལ་(༡༡༥བ)
ཞིང་མཛེས་པ་དག་གཟིགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཞིང་མཉམ་ཞིང་ཉེ་འཁོར་མཉམ་ལ་རྣང་གི་ཁྱད་པར་སྣ་ཚོགས་པ་དག་རྣང་རྒལ་གྱིས་འབྲེལ་པར་མཛེས་པ་དེ་དག་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་འདི་ལྟ་བུར་ཆོས་གོས་དག་དྲས་ཏེ་དྲུབ་པར་བྱའོ། །གནས་བརྟན་ཀུན་དགའ་བོས་དགེ་སློང་རྣམས་ལ་སྨྲས་པ། ཁྱེད་ཀྱི་འདི་ལྟ་བུར་ཆོས་གོས་རྣམས་དྲོས་ལ་དྲུབས་ཤིག །དགེ་སློང་རྣམས་ཀྱིས་ཆོས་གོས་དག་དྲས་ཏེ་དྲུབ་པར་བརྩམས་པ་ན། སྣམ་བུ་རྣམས་ཁ་ཕྱོགས་གཅིག་ཏུ་བསྟན་པ། མི་མཛེས་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བསམས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་མོད་ཀྱི། འདི་ཁོ་ནས་རྐྱེན་བྱས་ནས་གནང་བར་འགྱུར་བའི་གནས་དེ་ཡོད་དོ་སྙམ་ནས་དེས་སྣམ་བུ་རྣམས་ཁ་ཕྱོགས་གཉིས་ཀར་བསྟན་ན་འོན་ཀྱང་མཐའ་སྐོར་མེད་པས་མཛེས་པར་མ་གྱུར་ནས་མཐའ་སྐོར་བྱས་སོ། །དེ་ནས་བྱས་ཤིང་ཟིན་པ་དང་། བཅོམ་ལྡན་འདས་ལ་ཕུལ་ལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ལེགས་སོ་ལེགས་སོ། །ངས་གང་གི་ཕྱིར་བཀའ་སྩལ་པ་དེ་ཁྱེད་ཀྱིས་ཤེས་ཏེ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་འདི་ལྟ་བུར་ཆོས་གོས་རྣམས་དྲས་ལ་དྲུབ་བར་བྱའོ། །ཞེས་སོགས་གསུངས་ཤིང་སྣམ་སྦྱར་གྱི་ཚལ་བུའི་དོགས་གནས་ཞིག་ལ། ལུང་རིགས་གཏེར་མཛོད་དུ། གླེགས་བུ་ཕྱེད་པ་བྱ་སྤུ་ནོན་གྱི་ཚུལ་དུ་མནན་པའི་འཕྲོ་དང་། སྣམ་ཕྲན་གྱིས་སྣམ་ཕྲན་གཡས་གཡོན་དུ་བྱ་སྤུ་ནོན་གྱི་ཚུལ་གྱིས་མནན་པའི་འཕྲོ་ནི་ཚལ་བུ་ཡིན་ལ། ཞེས་གསུངས། འདི་ལས་གསལ་བ་ལུང་སྡེ་བཞི་དང་འདུལ་བའི་དགོངས་འགྲེལ་བསྟན་འགྱུར་དུ་བཞུགས་པ་རྣམས་(༡༡༦ན)
ལ་མ་མཐོང་ལ། དེ་དང་ཕྱོགས་འདྲ་ཙམ་མཐའ་གཅོད་གསལ་བྱེད་སྒྲོན་མེ་ལས། དེས་ན་ཕྱེད་དང་ལྔ་པ་ཞིག་དབུས་སུ་བྱས་ནས་དེའི་གཡས་གཡོན་དུ་སྣམ་ཕྲན་བཅུ་གཉིས་བཅུ་གཉིས་བྱ་སྤུ་གཞོལ་དུ་སྦྱར་བས་སྣམ་ཕྲན་ཁ་ཕྱོགས་ཕྱོགས་སུ་བལྟ་བ་ཞིག་འབྱུང་ངོ་། །གང་མའི་ཚལ་བུ་འཕྲོ་ལྷག་པ་ཙམ་ཕྱི་མའི་སྣེ་མོར་སླེབ་པར་སྦྱར་བས། ཚལ་བུའི་ཁ་ཕྱོགས་ཕྱོགས་སུ་བལྟ་བ་འབྱུང་སྟེ། མདོ་རྩ་བ་ལས། དབུས་ན་གཞན་དུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་བལྟ་བ་ཉིད་དང་། ཞེས་པ་དང་། དེའི་རྒྱ་ཆེར་འགྲེལ་བ། ཕྱོགས་ཕྱོགས་སུ་ཞེས་གློ་འབུར་བྱས་ཏེ། གཡས་ཕྱོགས་ཀྱི་གླེགས་བུ་རྣམས་ཀྱི་འཕྲོ་ཡང་གཡས་ཕྱོགས་སུ་ཕྱི་བརྒྱུད་དུ་བལྟ་ལ། གཡོན་ཕྱོགས་ཀྱི་གླེགས་བུ་རྣམས་ཀྱི་འཕྲོ་ཡང་གཡོན་ཕྱོགས་སུ་ཕྱི་བརྒྱུད་དུ་བལྟའོ། །ཞེས་གསུངས་པའི་ཕྱིར། ཞེས་བཤད་པས། སྤྱིར་ལུང་དང་རྒྱ་གཞུང་འགྲེལ་བཅས། བོད་ཊཱིཀ་སྔ་མ་རྣམས་སུ་འདི་ལས་གསལ་བ་མི་འབྱུང་བ་ལུགས་གཉིས་སུ་མ་སོང་བས་དགོས་པ་མེད་པའི་སྟབས་ཀྱིས་རྟོགས་སླར་མཛད་པ་འདྲ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་ཊཱིཀ་ལས། གོས་ཀྱི་གཞིའི་སྐབས་སུ་དྲས་ཤིང་དྲུབས་པ་ནི་གླེགས་བུ་དྲས་ཤིང་དྲུབས་པ་ཡིན་ནོ། །ཚུལ་ཇི་ལྟར་དུ་དྲུབས་པ་ཡིན་ཞེ་ན། ཇི་སྐད་དུ། སྣམ་ཕྲན་སྣྲེལ་ཞི་ཉིད་དང་། ལྷག་མ་མཉམ་པ་ཉིད་དང་། དབུས་ནས་གཞན་དུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་བལྟ་བ་ཉིད་དང་། མཐའ་སྐར་བ་དག་གིས་སོ། །མཐང་གོས་དང་། བླ་གོས་དང་། སྣམ་སྦྱར་ལའོ་ཞེས་གསུངས་པས་དྲུབ་པ་བསྟན་ནོ། །དེའི་དོན་ཡང་སྣམ་སྦྱར་ལ་སྣམ་ཕྲན་དང་གླེགས་བུའི་གྲངས་ཀྱི་སྒོ་ནས་ཕྱེ་ན་ཆུང་ངུ་སྐོར་གསུམ། འབྲིང་སྐོར་གསུམ། ཆེན་པོ་(༡༡༦བ)
སྐོར་གསུམ་སྟེ་དགུ་ཡོད་པ་ལས། དང་པོ་གསུམ་ནི། སྣམ་ཕྲན་དགུ་པ་དང་། བཅུ་གཅིག་པ་དང་། བཅུ་གསུམ་པ་རྣམས་ཡིན། འདི་གསུམ་ག་ལ་གླེགས་བུ་ཕྱེད་དང་གསུམ་པར་བྱེད་པ་ཡིན་ནོ། །འབྲིང་གསུམ་ནི། སྣམ་ཕྲན་བཅོ་ལྔ་པ། བཅུ་བདུན་པ། བཅུ་དགུ་པ་རྣམས་ཡིན་ཏེ། འདི་གསུམ་ག་ལ་གླེགས་བུ་ཕྱེད་དང་བཞི་པར་བྱེད་དོ། །ཆེན་པོ་གསུམ་ནི། སྣམ་ཕྲན་ཉེར་གཅིག་པ། ཉེར་གསུམ་པ། ཉེར་ལྔ་པ་རྣམས་ཡིན་ཏེ། འདི་གསུམ་ག་ལ་གླེགས་བུ་ཕྱེད་དང་ལྔ་བར་བྱེད་དོ། །བླ་གོས་ལ་མཐའ་གཅིག་ཏུ་སྣམ་ཕྲན་བདུན་མ། གླེགས་བུ་ཕྱེད་དང་གསུམ་པ། མཐང་གོས་ལ་སྣམ་ཕྲན་ལྔ་པ། གླེགས་བུ་ཕྱེད་དང་གཉིས་པར་བྱེད་དོ། །འདུལ་འཛིན་གྲགས་རྒྱལ་གྱི་བསླབ་བྱ་ཆེན་མོར། སྣམ་ཕྲན་དང་གླེགས་བུ་མེད་པའི་བླ་གོས་མེ་ལོང་མ་ལྟ་བུ་བཞེད་ཀྱང་། དེ་ནི་རབ་བྱུང་མ་ཡིན་པའི་སྔགས་པར་ཁས་འཆེ་བ་འགའ་ཞིག་གིས་ཆོས་གོས་སུ་མིང་འདོགས་པ་ཡིན་པས་ལུགས་འདི་ཇི་ལྟར་འཐད་བརྟག་པར་བྱའོ་ཞེས་གསུངས། ལྷུང་བཟེད་ཀྱི་དོགས་གཅོད་ལ། དགེ་ལེགས་བཤེས་གཉེན་གྱི་གཞི་འགྲེལ་ལས། ལྷུང་བཟེད་ཀྱི་ཚད་ཀྱི་སྐབས་མཐེ་བོའི་ལྟོ་གང་ཞེས་བྱ་བ་ནི་མཐེ་བོའི་སོར་གཅིག་སྟེ། མཐེ་བོའི་ཚིགས་དང་པོའི་ཕྱོགས་གཅིག་ནས་བརྩམས་ཏེ། ཚིགས་དེ་ཉིད་ཀྱི་ཕྱོགས་གཅིག་གི་བར་དུ་ལྟོ་རལ་ནས་གཞལ་བ་ནི་མཐེ་བོའི་ལྟོ་གང་ཞེས་བྱ་སྟེ། དེ་ནི་མཐེ་བོའི་སོར་གཅིག་ཡིན་ནོ། །ཞེས་དང་། རྣམ་འབྱེད་ཀྱི་འགྲེལ་པ་དུལ་བའི་ལྷས་མཛད་པར། ཁའི་ཆའི་མཐའ་ཁོ་ན་ནས་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་ཁའི་ཆའི་མཐའ་ཁོ་ན་ནས་ནང་རོལ་གྱི་ཞབས་ལོགས་སུའོ། །མཐེ་བོའི་ལྟོ་གང་གིས་མི་རེག་པ་ཞེས་བྱ་བ་ལ་མཐེ་བོའི་ལྟོ་གང་ཞེས་བྱ་བ་ལ་མཐེ་བོའི་ལྟོ་གང་ཞེས་བྱ་(༡༡༧ན)
བ་ནི་མཐེ་བོའི་ཚིགས་དང་པོའི་ཕྱོགས་གཅིག་ནས་བརྩམས་ཏེ་ཚིགས་དེ་ཉིད་ཀྱི་ཕྱོགས་གཅིག་གི་བར་ནི་མཐེ་བོའི་ལྟོ་སྟེ། མཐེ་བོའི་ཞེང་ཚད་ཀྱི་སོར་གཅིག་གི་ཚད་ཀྱིས་ཁའི་ཆའི་མཐའ་ཁོ་ན་ནས་ཟས་ལ་མི་རེག་མི་ཐུག་ཅེས་བྱ་བའི་ཐ་ཚིག་གོ །འདུལ་ཊཱིཀ་རིན་ཅེན་འཕྲེང་བར་ཡང་འདི་དང་མཐུན་ཀྱང་འགའ་ཞིག་སོར་དོ་དང་མཐུན་ཆེད་དུ་མཐེ་བོའི་རྩེ་ནས་ཚིགས་དང་པོ་ཡན་ལ་ངོས་འཛིན་པ་འཁྲུལ། འཚོ་བའི་ཡོ་བྱད་བཅུ་གསུམ་ཞིབ་ཏུ་ཕྱེ་ན། འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ཚད། འཚོ་བའི་ཡོ་བྱད་གོས་བཅུ་གསུམ་ལ། སྣམ་སྦྱར། བླ་གོས། རྔུལ་གཟན། རྔུལ་གཟན་གྱི་གཟན་རྣམས་ཚད་མཚུངས་ཤིང་། ཆེ་ཚད་སྲིད་དུ་ཁྲུ་གསུམ་དང་། ཞེང་དུ་ཁྲུ་ལྔ། ཆུང་ཚད་སྲིད་དུ་ཁྲུ་ཕྱེད་གསུམ་དང་། ཞེང་དུ་ཁྲུ་ཕྱེད་ལྔ། བར་དེ་དག་གང་རུང་འབྲིང་ཚད། མཐང་གོས། ཤམ་ཐབས། ཤམ་ཐབས་ཀྱི་གཟན་རྣམས་ཚད་འདྲ་བར་ཆེ་ཚད་སྲིད་དུ་དོ་དང་ཞེང་ལྔ། ཆུང་བ་ཞེང་དུ་བཞི། བར་དེ་དག་འབྲིང་། གདོང་ཕྱིས་ཁྲུ་གང་གྲུ་བཞི་། རྣག་གཟན་ཇི་ཙམ་འོས་པ། གཡན་པ་དགབ་པ་སྲིད་དུ་ཁྲུ་དྲུག་དང་དཔངས་སུ་ཁྲུ་གསུམ། སྐྲ་བཟེད་སྲིད་དུ་ཁྲུ་གསུམ། ཞེང་དུ་ཁྲུ་ཕྱེད་དོ། གདིང་བ་སྲིད་དུ་ཁྲུ་གསུམ། ཞེང་དུ་ཁྲུ་དོ་སོར་དྲུག །འཆར་ཀ་ལྟ་བུ་ལུས་ཤིན་ཏུ་རིང་བར་དེས་མ་ཆོག་ན་སྲིད་དུ་ཁྲུ་ཕྱེད་དོ་བསྐྱེད་པ། དབྱར་གྱི་གོས་རས་ཆེན་སྲིད་དུ་ཁྲུ་དགུ །ཞེང་དུ་ཁྲུ་གསུམ་སོར་བཅོ་བརྒྱད་དུ་བཤད་ལ། གདིང་བའི་ཚད་སོ་ཐར། རྣམ་འབྱེད། སོ་ཐར་རྒྱ་འགྲེལ་རྣམས་དང་། མདོ་རྩ་རྒྱ་འགྲེལ་བཞི། ཚིག་ལེ་ས་ག་ལྷས་མཛད་པ་རྣམས་ཚང་འདི་ག་དང་མཐུན་ཀྱང་གྲུ་བཞིར་བྱེད་པའི་ཁུངས་མ་བརྙེད། གདིང་(༡༡༧བ)
བ་གཡན་དགབ་རས་ཆེན་མ་གཏོགས་གོས་གཞན་རྣམས་གཞལ་བའི་ཚད་རྡུལ་ཁྲུ་དང་ལག་ཁྲུས་གོ་མི་ཆོད་དེ། ལུས་ཁྲུས་གཞལ་དགོས་ལ། དེ་ཡང་ཇི་ལྟ་བུ་ཞེ་ན། ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ་ཞེས་གསུངས་པས་སོ། །དེ་དག་གི་ཁ་དོག་འདུལ་བ་ལུང་། མདོ་རྩ་རྒྱ་འགྲེལ་བཞི། དགེ་ཚུལ་གྱི་སུམ་བརྒྱ་པ་རྩ་འགྲེལ་སོགས་མཐུན་པར། ས་ག་ལྷས། རྒྱ་སྐྱེགས་ལེ་བརྒན་རྩི་དང་བཙོད། །རྨ་ཤིང་རྩི་དང་མཐིང་ཤུན་མཚལ། །སིནྡྷུ་ར་དང་གུར་གུམ་སྟེ། །དེ་དག་ཚོན་ཆེན་བརྒྱད་དུ་བཤད། །ཚོན་ཆེན་བརྒྱད་ཀྱིས་ཆོས་གོས་ཀྱི། ཁ་བསྒྱུར་བྱེད་པ་བཀག་པ་ཡིན། །སྔོན་པོ་བཙག་དང་ངུར་སྨྲིག་སྟེ། །དེ་དག་རུང་བའི་ཚོན་གསུམ་མོ། །ཞེས་སྔོན་པོ་དེ་རམས་དང་བཙག །ངུར་སྨྲིག་སྟེ་ཚོས་སྙིགས་མ། གསུམགྱི་གོས་རྣམས་ཀྱིས་གོས་ཀྱི་ཁ་བསྒྱུར་བྱེད་པར་གསུངས་ལ། །ཚོན་ཆེན་བརྒྱད་ཀྱི་ཁ་བསྒྱུར་བྱེད་པ་བཀག་འདུག་ཀྱང་། དེང་སང་བཙོད་ཀྱིས་ཁ་བསྒྱུར་བ་ནི། དཔེར་ན། བལ་ནག་གི་སྤང་བའི་སྐབས་ཡུལ་འགའ་ཞིག་ཏུ་བལ་ནག་པོ་ལས་དཀར་པོ་གོང་ཆེ་ན་དེ་གཉིས་གོས་བསྒྱུར་བར་གསུངས་པ་ལྟར། བོད་དུ་སྔོན་གྱི་འདུལ་བ་འཛིན་པ་རྣམས་ཀྱིས། རྒྱ་གར་དུ་རམས་རྙེད་པར་བླ་ཡང་། བོད་དུ་རྙེད་དཀའ་བ་དང་། བཙོད་འདི་བོད་དུ་བསྒྲུབ་སླ་བའི་དབང་དུ་མཛད་དེ་སྔོན་པོ་དང་བཙོད་གཉིས་གོ་བརྗེ་བར་མཛད་པ་ཡིན་ནམ་སྙམ། འཇལ་བྱེད་ཀྱི་ཁྲུ་ཡང་འདུལ་བ་ལས། རྡུལ་ཁྲུ་དང་། ལུས་ཁྲུ་དང་། ལག་ཁྲུ་གསུམ་བཤད་པའི་དང་པོ་ནི། མདོ་རྩ་ལས། རྡུལ་ཕྲ་རབ་དང་རྡུལ་ཕྲ་མོ་དང་། ཆུ་དང་། ལྕགས་དང་། རི་བོང་དང་། ལུག་དང་། གླང་དང་། ཉི་ཟེར་གྱི་རྡུལ་དང་། སྲོ་མ་དང་། ཤིག་དང་། ནས་དང་། སོར་རྣམས་ནི་སྔ་མ་དྲུག་ལས་ཕྱི་མའོ། སོར་བཞི་དྲུག་ལ་ཁྲུ་གང་ངོ་། །ཁྲུ་(༡༡༨ན)
ཕྱེད་དང་བཞི་ལ་ནི་མིའི་སྲིད་དོ། ཁྲུ་བཞི་ལ་གཞུའོ། །དེ་ལྔ་བརྒྱ་ལ་རྒྱང་གྲགས་སོ། དགོན་པའི་དང་པོ་ནི་དེའི་མཐའ་འོ། །ཞེས་གསུངས། གཉིས་པ་ནི། མདོ་རྩ་ལས། ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལ་གཉིས་སོ། །ཞེས་དང་། གསུམ་པ་ནི། ཊཱིཀྐ་ལས། ཁྲུ་ནི་གྲུ་མོ་ནས་གུང་མོའི་རྩེའི་བར་རོ། །ཞེས་གསུངས་ལ། དེ་རྣམས་ཀྱིས་ཇི་ལྟར་གཞལ་ཚུལ་སོགས་ནི། མཚོ་སྣ་པས། རྡུལ་ཁྲུ་ལུས་ཁྲུ་ལག་ཁྲུ་སྟེ། ཁྲུ་གསུམ་རྣམ་དབྱེ་ཤེས་པར་བྱ། །རྡུལ་ཁྲུས་གཞལ་བར་བྱ་བ་ནི། ཁང་པའི་ཚད་དང་ཁྲི་རྐང་ཚད། །གདིང་བ་གཡན་དགབ་རས་ཆེན་ནོ། །དེ་དག་ལས་གཞན་ཆོས་གོས་རྣམས། །ལུས་ཁྲུའམ་ལག་ཁྲུས་གཞལ་བ་སྟེ། །ལུས་རིང་ཧ་ཅང་ལག་ཐུང་དང་། །དེ་ལས་ལྡོག་པའི་ཆོས་གོས་རྣམས། །རང་གི་ལུས་ཁྲུ་ཁོ་ནས་གཞལ། །ལུས་ཚད་ལག་ཚད་འཚམ་པ་ཡིས། །ལག་ཁྲུས་ཀྱང་ནི་གཞལ་དུ་རུང་། །ཞེས་གཟུང་བར་གསུངས་སོ། །རལ་ཁ་དཔུང་ཆད་ནི་ཚད་ལ་ངེས་བཟུང་ཆེ་བ་མེད་ཀྱང་ཐང་ཤམ་གྱི་ཕྱེད་ལས་ཆེ་བ་མི་རུང་བ་འདྲ་ཞིང་། དེ་ཡང་མཚོ་ཊཱིཀ་ལས། རལ་ཁ་དཔུང་ཆད་ནི་རྒྱ་ཁྱོན་ཇི་ཙམ་ཡོད་པ་ལོགས་སུ་བྱིན་གྱིས་བརླབས་ཏེ་སྒྲོ་གུའམ་ཟུངས་ཀྱིས་འཐུད་པའོ། །ཞེས་གསུངས་སོ། །ཀོ་ལྤགས་ནི་བཏང་སྙོམས་སུ་བཞལ་ཅིང་འདི་སྐོར་ལ་སྟག་ཚང་ལོ་ཙཱ་བའི་འདུལ་ཊཱིཀ་ཏུ་ངོ་མཚར་བའི་གཏམ་སྣང་བ་འདི་ལྟ་སྟེ། གཉིས་པ་གོས་གཞི་དངོས་ལ་ཡང་དགོས་བསྡུས་ཚིག་གསུམ་ལས། དགོས་པ་ནི། གོས་ཀྱི་རྒྱུའི་རྙེད་པ་ལ་མཁས་པས་ལོག་འཚོ་མི་འབྱུང་ཞིང་གོས་དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་བ་དང་། བྱིན་གྱིས་རློབ་པ་སོགས་ལ་མཁས་པས། གོས་མཐའ་གཉིས་སུ་མ་ལྷུང་བར་འགྱུར་བས་སོ། །བསྡུས་(༡༡༨ན)
དོན་ལ། གླེང་གཞི་དང་། གོས་རྒྱུ་རྙེད་པའི་རྣམ་གཞག་དང་། དེ་ལས་བྱུང་བའི་གོས་ཀྱི་རང་བཞིན་དང་། གོས་དེ་གང་ཟག་གིས་ལོངས་སྤྱད་པའོ། །དང་པོ་ནི། རྒྱལ་པོ་གཟུགས་ཅན་སྙིང་པོས་དེད་དཔོན་ཞིག་གི་ཆུང་མ་ལ་ལོག་པར་ཞུགས་པ་བུ་གཅིག་བྱུང་པ་ལ་འཚོ་བྱེད་གཞོན་ནུ་གསོས་སུ་བཏགས་ཤིང་རྒྱུན་ཤེས་ལ་སྨན་མཁས་པར་བསླབས་ནས། ཕ་དང་། མ་ཡར་མོ་དང་། སྤུན་ཟླ་མ་སྐྱེས་དགྲ་རྣམས་ཀྱི་ཕོལ་མིག་བཅོས་པས། སྨན་པའི་རྒྱལ་པོར་ལན་གསུམ་དབང་བསྐུར་བས་ང་རྒྱལ་སྐྱེས་པ་རི་བོ་གངས་ཅན་དུ་བཅོམ་ལྡན་འདས་ཀྱིས་ཞི་བར་མཛད་པས་བདེན་པ་མཐོང་ཞིང་། ལུས་འཕགས་ཀྱི་རྒྱལ་པོའི་ལུས་གསོས་པས། པ་ཎ་བརྒྱ་སྟོང་རི་བའི་རས་ཡུག་ཡོན་དུ་ཐོབ་པ་སངས་རྒྱས་ལ་ཕུལ་བས། ཀུན་དགའ་བོས། སྟོན་པའི་ཆོས་གོས་གསུམ་དང་། རང་གི་མཐང་གོས་གཅིག །སྒྲ་གཅན་འཛིན་གྱི་རལ་ཁ་དཔུང་ཆད་རྣམས་བྱས་ཤིང་། གཞན་ཡང་དགེ་སློང་དུ་མས་དབྱར་གྱི་རྒྱུ་ལས་བྱུང་བའི་གོས་དུ་མ་ལ་ཇི་ལྟར་དྲུབ་པ་མ་ཤེས་པ་ན་གོས་ཀྱི་གཞི་གསུངས་སོ། །གཉིས་པ་ལ་རྙེད་པ་བགོ་བའི་ཆོ་ག་དང་། དེ་ལ་དབང་མི་དབང་གི་གང་ཟག་བཤད་པའོ། །དང་པོ་ལ་བདུན་ཏེ། དགེ་འདུན་ནི་དེར་གཏོགས་ཤིང་མི་མཐུན་པ་མེད་པའོ། །བྱེད་པ་པོ་ནི་བསྐོས་པའམ་མདུང་དོར་བའོ། །དངོས་པོ་ནི། དུས་གློ་བུར་གྱིའམ། གོས་ཀྱི་རྙེད་པར་འོས་པའི་ཤི་བའི་ཡོ་བྱད་དོ། །ཚད་ལ། ཟས་ནི་སུ་ལ་སའི་སོགས་དང་། གོས་ནི་མར་མེའི་སོགས་སོ། །ཆོ་ག་ལ་སྦྱོར་བ་ནི་བཤེག་ཏུ་མི་རུང་བ་རྣམས་བསྐྱེད་པའི་ཚུལ་གྱིས་བསྒྱུར་ཞིང་གཞན་དེ་ཉིད་དུ་སྟ་གོན་བྱའོ། །དངོས་གཞི་ནི་ཚོགས་པ་ལ་བརྗོད་པ་ལ་སོགས་པ་ལྔའོ། །དགོས་པ་(༡༡༩ན)
ནི་སྙོམས་ཤིང་སོ་སོར་ལོངས་སྤྱད་པའི་ཆེད་དོ། །བླང་བའི་བསླབ་བྱནི། འདུས་པས་རང་རང་གི་སྐལ་བ་དང་བསྐོས་པས་གཞན་དུ་སོང་བའི་ནོད་པའོ། །བློན་པོ་སོགས་ཀྱི་ཆེད་མ་གཏོགས་མ་བཅོལ་བར་མི་ནོད། ཁས་བླངས་ནས་མ་ནོས་ན་གསབ། གཞན་དོན་དུ་མ་ནོས་པ་དེ་འགོད་པ་པོ་ལ་བརྡ་སྤྲད་པའོ། །གཉིས་པ་ལ་དུས་དང་། གློ་བུར་བའི་དང་། ཤི་བའི་ཡོ་བྱད་ཀྱི་རྙེད་པ་གང་དབང་ངོ་། །དང་པོ་ལ་གཉིས་ལས། སེམས་ཅན་ལས་བྱུང་བ་ལ་ལྔ་སྟེ། གནས་ཀྱིས་དང་། དུས་ཀྱིས་དང་། ཁྲིམས་ཀྱིས་དང་། མཚམས་ཀྱིས་དང་། སྦྱིན་བདག་གིས་བསྒྲུབས་པའོ། །སེམས་ཅན་མ་ཡིན་པ་ལས་བྱུང་བ་ལ། མཆོད་རྟེན་དང་། དམ་ཆོས་དང་། གཞི་གཞན་ལས་བྱུང་བའོ། །དང་པོ་ལ། སངས་རྒྱས་དང་བསེ་རུའི་ལ་ཕུལ་ན་དེ་ཉིད་ཀྱི་ཆེད་དུ་བཞག་ཚོགས་སྤྱོད་དང་ཉན་ཐོས་ཀྱི་ལ་ཕུལ་བ་ཚངས་པར་སྤྱོད་པས་བགོ །དོན་དམ་པའི་ཆོས་ལ་ཕུལ་བ་མཆོད་རྟེན་དང་འདྲ། ལུང་གི་ཆོས་ལ་ཕུལ་བ་ཆོས་སྨྲ་བས་དཔྱད། གཞི་གཞན་གྱི་ལྗོན་ཤིང་ལ་ཕུལ་བའི་རྙེད་པ་ནི་དེ་ཉིད་བརྒྱན་པའི་ཕྱིར་དུ་བཞག་པ་སོགས་སོ། །གཉིས་པ་ལ། སྡོམ་ལྡན་གྱི་དང་། རྟགས་ཅན་གྱི་གཉིས་ལས། དང་པོ་ལ་དྲུག་ལས། གང་ཟག་ནི་རབ་བྱུང་གི་སྡོམ་པ་དང་ལྡན། མཚན་དང་ལྟ་བ་མཐུན། གནས་ནས་མ་ཕྱུང་། བྱེ་བ་ན་གཞན་ཕྱོགས་སུ་མ་སོང་བ་སྟེ། ཆོས་ལྔ་ལྡན་ནོ། །དང་པོ་དགེ་འདུན་དབང་བ་རྣམས་ལ་གཏོགས་པའོ། །མཚམས་ནི་ནོར་རམ། ནོར་འདྲ་བ་གང་ན་འདུག་པར་གཏོགས་པའོ། །དུས་ནི་གསོལ་བ་འམ་དང་པོ་ཐ་མས་བྱིན་གྱིས་བརླབས་པའོ། །ཆོ་ག་ནི་མཚམས་དེར་ཤི་ན་རོ་དབྱུང་བ་སོགས་བྱས་ཏེ་བྱིན་གྱིས་བརླབས་པ་(༡༡༩བ)
དང་། གཞན་དུ་ཤི་ན་བྱིན་གྱིས་བརླབས་པ་ཙམ་བྱ་བའོ། །ཚད་ནི་དགེ་ཚུལ་ཕ་མ་སུམ་གཉིས་དང་། བསྙེན་པར་རྫོགས་ཁ་མ་དང་། དགེ་སློབ་མ། དགེ་སློང་ཕ་མ་རྣམས་མཉམ་པའོ། །རྟགས་ཅན་གྱི་ལ་རྒྱལ་པོ་དང་དཀོན་ཅོག་ཏུ་བགོ་བ་དང་། དཀོན་ཅོག་གསུམ་ནང་ཇི་ལྟར་བགོ་བ་དང་། དགེ་འདུན་ཉིད་ཀྱི་སྐལ་བ་ཇི་ལྟར་སྤྱད་པ་རྣམས་སོ། །གསུམ་པ་ལ་གོས་ཇི་ལྟར་བསྒྲུབ་པ་དང་། བསྒྲུབས་པའི་གོས་ཀྱི་རྣམ་གཞག་གོ །དང་པོ་ལ་དྲ་བ་དང་། དྲུབ་པ་དང་། བཀྲུ་བ་དང་། ཁ་བསྒྱུར་བ་རྣམས་སོ། །གཉིས་པ་ལ་བདུན་ཏེ། དབྱེ་བ་དང་། མཚན་ཉིད་དང་། བྱིན་གྱིས་བརླབ་པའི་ཆོ་ག་དང་། དེའི་དགོས་པ་དང་། བཅང་བའི་ཐབས་དང་། ལོངས་སྤྱད་པའི་ཆོ་ག་དང་། ཞར་ལ་བྱིན་བརླབས་འཇིག་པའི་རྒྱུའོ། །དང་པོ་ལ་བཞི་སྟེ། འཚོ་བའི་དང་། མཁོ་བའི་དང་། ལྷག་པའི་ཡོ་བྱད་དང་། ཡོ་བྱད་ཕྲན་ཚེགས་རྣམས་སོ། །དེའི་དང་པོ་ལ་བཅུ་གསུམ་དུ་དབྱེ་ཞིང་། གཞན་རྣམས་ལ་དབྱེ་གྲངས་མེད་དོ། །མཚན་ཉིད་ལ་དང་པོའི་ནི་རུང་བ་དང་། ཚད་དང་ལྡན་པ་དང་། རེ་རེ་བར་ངེས་པ་དང་། རང་མིང་གིས་བྱིན་གྱིས་བརླབ་བྱ་ཡིན་པ་སྟེ་མཚན་ཉིད་བཞི་ལྡན་ནོ། ཁ་ཅིག །རང་དོན་དུ་འཆང་དུ་གནང་བ་བསྣན་ཞེས་ཟེར་མོད་ཀྱི། དེ་ནི་རུང་བ་དང་རང་མིང་ཉིད་ཀྱིས་ཞེས་པས་ཆོད་དོ། །གཉིས་པའི་མཚན་ཉིད་ནི། ཁྲུ་གང་ཡན་ཆད་དུ་ལོངས་ཤིང་ཟོང་གོས་སུ་ངེས་མ་ངེས་ཀྱི་བློ་འབྱུང་བ། ཁ་བསྒྱུར་མ་བསྒྱུར་གང་རུང་གཞན་གཉིས་ཀའི་མིང་གིས་བྱིན་གྱིས་བརླབ་བྱ་ཡིན་པའོ། །གསུམ་པའི་མཚན་ཉིད་ནི། ཕལ་ཆེར་རུང་བ་ཚད་ལྡན་གཞན་ཁོ་ནའི་མིང་གིས་བྱིན་གྱིས་བརླབས་པའམ། ཡིད་བརྟན་པ་གང་རུང་གིས་བཅང་བར་(༡༢༠ན)
བྱའོ། །ཡོ་བྱད་འདི་ཁྱད་པར་བཤེས་གཉེན་གྱིས། ཤིག་སྲོ་མང་བ་དང་། ཞལ་ཏ་པ་ལས་མང་བ་དང་། དྲི་མ་མང་བ་སོགས་བཅུ་ལ་གནང་བར་བཤད་དོ། །བཞི་པ་ནི་ཚད་དུ་མ་ཆོག་པའི་དང་། འཁོར་དུ་གཏོགས་པའི་ཕྲན་ཚེགས་གཉིས་ཏེ། དང་པོ་ནི། རུང་བ་ཁྲུ་གང་གི་ཚད་དུ་མ་ལོངས་པ་སྟེ་སོ་སོའི་བློ་བསྐྱེད་པ་ཙམ་ལས་གཞན་པའི་བྱིན་རླབས་མེད་པའོ། །གཉིས་པ་ནི། སྔས་དང་སྟན་དང་སྐ་རགས་ཞྭ། །སྦྲང་སྐྱབས་སོགས་དང་ཆུ་ཚགས་དང་། །གཏུར་བུ་རྐང་འབོབ་ལྷུང་བཟེད་སྣོད། །དེ་ཡི་ཁ་གཡོགས་ལ་སོགས་སོ། །དེ་དག་ནི་ཡོ་བྱད་ཀྱི་གོས་སམ་སྟན་དུ་བྱིན་གྱིས་བརླབ་བྱའོ། །གསུམ་པ་ལ། འཚོ་བའི་ཡོ་བྱད་ནི། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ལན་གསུམ་བརྗོད། ཐབས་ལེགས་བྱའོ། །དེ་བཞིན་དུ་མིང་བརྗེའོ། །གཉིས་པའི་ནི། གོས་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་བོ། །གསུམ་པ་ནི། རུང་བ་ཡིན་ན། བདག་མིང་འདི་ཞེས་བགྱིས་པའི་གོས་ལྷག་པ་རྣམ་པར་མ་བརྟགས་པ་བརྟག་པར་འོས་པ་འདི་མཁན་པོའི་ལེགས་པར་རྣམ་པར་བརྟག་པར་བགྱིའོ། །མཁན་པོ་ལ་ཡིད་བརྟན་ཏེ་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ། །མི་རུང་བ་ཡིན་ན། སྦྱིན་བདག་ལ་ཡིད་བརྟན་ཏེ་བཅང་བར་བྱའོ། །བཞི་པའི་ནི། གོས་འདི་ཡོ་བྱད་ཀྱི་གོས་སམ་སྟན་དུ་ཞེས་སོ། །བཞི་པ་ནི། ལྟུང་བ་མི་འབྱུང་བ་དང་། དགེ་སྦྱོང་གི་དྲན་པ་གསོ་བ་དང་། གོས་ལ་མངོན་ཞེན་སྤོང་བ་དང་། གོས་མི་རུང་བ་མི་འཆང་བ་དང་། (༡༢༠བ)
གཞན་མ་དད་པ་སྤོང་བའི་དགོས་པ་ཡོད་དོ། །ལྔ་པ་ནི། གང་དང་གང་དུ་བྱིན་གྱི་བརླབས་པ་དེ་མི་བརྗེད་པའི་ཚུལ་གྱིས་བརླབས་པ་དེ་མི་བརྗེད་པའི་ཚུལ་གྱིས་རང་གི་ཉིད་ལ་སོགས་པའི་ཞེན་པ་དང་བྲལ་ཏེ་བཅང་བའོ། །དྲུག་པ་ལ་དྲུག་སྟེ། ཆུད་ཟ་བ་དང་། མ་གུས་པ་དང་། མི་རུང་བ་དང་། རྟགས་གཞན་དུ་གྱུར་པ་སྤང་བ་དང་། བདེ་བར་གནས་པའི་རྐྱེན་དུ་བསྒྲུབ་པ་དང་། ཞར་བྱུང་ལམ་དུ་འཇུག་ཚུལ་ལ་མཁས་པས་ལོངས་སྤྱོད་པའོ། །བདུན་པ་ནི། རྟེན་ཉམས་ཆུང་དང་བརྗེད་དང་བསྔོས། །བརླག་དང་སྤང་ལྟུང་བྱུང་བ་དང་། །བར་པ་གཉིས་ལ་རང་གཞན་སྐྱེས། །ཡིད་བརྟན་ཡུལ་ནི་ཤི་བར་ངེས། །དེ་རྣམས་བྱིན་རླབས་འཇིག་རྒྱུའོ། །སྤྱིའི་བཞི་པ་ནི། སྤྱིར་བསྟན་མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་དང་ལྡན་ལ། བརྩོན་འགྲུས་བརྩམས་པ་དང་དམིགས་བསལ་དེ་དག་མེད་ཀྱང་གོས་ཀྱིས་བསྟངས་པར་བྱ་བས་སྤྱད་པར་འོས་སོ། །ཚིག་དོན་ལ་གཉིས་ལས། གཞིའི་སྐབས་ལ། གོས་དངོས་ཀྱི་དང་། གོས་རྒྱུ་རྙེད་པའི་རྣམ་གཞག་གོ །དང་པོ་ལ། དྲུབ་པ་དང་། བརྐྱང་བ་དང་། མི་རུང་བ་སྤང་བའོ། །དང་པོ་ནི། ཁ་ཚར་མ་བཅད་པ་ལྟ་བུས་ཚོན་གྱིས་སོགས་ཏེ་ཁྱིམ་པའི་གོས་ཡིན་པའི་ཕྱིར་རོ། །འཆད་འགྱུར་བཞིས་ཁྱད་པར་དུ་བྱས་པའི་དྲས་ཤིང་སོགས། བཞི་པོ་ནི། སྲིད་དུ་བཏང་བའི་གླེགས་བུ་སྣམ་ཕྲན་ཡིན་པས་དེ་ཐལ་མར་མ་བཏང་བའི་སྣྲེལ་ཞི་དང་། ཚལ་བུས་མ་ཁྱབ་པའི་ལྷག་མ་རྣམས་ཆེ་མཉམ་ཆུང་མཉམ་དུ་མཉམ་པ་དང་། ཞེང་དུ་བཏང་བའི་གླེགས་བུའི་འཕྲོ་རྣམས་དབུས་ནས་ཕྱོགས་སུ་ལྟ་བ་དང་། ཚལ་བུ་དང་མཉམ་པའི་ལྕགས་རིས་མཐའ་བསྐོར་བ་རྣམས་ལ་ཉིད་ཅེས་པ་དངོས་པོའི་རྐྱེན་ཏེ་དེའི་དངོས་པོ་(༡༢༡ན)
ཉིད་དོ། །དྲས་དྲུབས་དེ་ཡང་མཐང་གོས་ནི་སྨད་ཀྱི་ནང་དུ་བགོ་བས་ནང་གོས་ཞེས་པ་སྟེ་ཨནྟར་ཞེས་པ་ནང་ལ་འཇུག་པ་ལས། མཐང་ཞེས་པ་ནང་གི་བརྡ་རྙིང་ཡིན་པ་དང་། བླ་ནི་སྟེང་ལ་འཇུག་པས་སྟོད་ཀྱི་གོས་དང་། སྣམ་ཕྲན་དྲས་ཏེ་སྦྱར་བས་ན་སྣམ་སྦྱར་རྣམས་ཏེ། དེ་ཡང་ཕྲེང་རྒྱུད་དུ། སྣམ་སྦྱར་ངེས་པར་དྲས་ཏེ་བཅང་། །གཞན་དག་མ་ངེས་གང་གི་ཕྱིར། །འདོད་ཆུང་རང་གི་ཆོས་གོས་ཀྱི། །ལས་ཀྱི་སྐྱོ་བར་འགྱུར་ཕྱིར་རོ། །ཞེས་གསུངས་ཤིང་འདིར་རྣམ་པ་གང་ཡང་སོགས་སོ། །གཞན་ནི་གོ་བར་ཟད་དོ། །གཉིས་པ་ནི། གནས་མལ་སོགས་ཏེ། མལ་སྟན་ལྟ་ཞོག་ཐ་མལ་པར་འདུག་པའི་སྟན་ཡན་ཆད་ལ་དགེ་འདུན་དེ་མ་ཡིན་པའི་གདིང་བ་མེད་པར་སོགས། གསུམ་པ་ནི་སྲིན་བལ་སོགས་ཏེ། དཔག་བསམ་གྱི་ཤིང་ལས་བྱུང་བ་ལྟ་བུ་རྣམས་སུ་མ་བྱས་སོགས། སྐྲ་ལས་བྱས་པའི་ལ་བ་དང་། ཐལ་བས་བྱུགས་པའི་གཅེར་བུ་པ་དང་། བྱ་འུག་པའི་སྒྲོ་ལས་བྱས་པ་རྣམས་ལ་ཡང་དག་པར་ལེན་པ་སྦྱར་རོ། །འདིའི་སྦོམ་པོ་རྣམས་ཡོན་ཏན་སྒྲའི་སྦོམ་པོ་ཡིན་པ་ལ་སྒྲུབ་བྱེད་མེད་དོ་ཞེས་བྱ་འདུལ་གསུང་མོད། སྒྲུབ་བྱེད་གོང་དུ་བརྗོད་ཟིན་ཏོ། །དོར་མ་ལ་སོགས་པའི་ཡན་ལག་གི་སྦུབས་དང་། གོས་ཐམས་ཅད་སྔོ་བ་ནི། སྟོད་གཡོགས་སྨད་གཡོགས་སྔོ་བ་ཀུན་བཀག་ལ། འོད་ལྡན་དུ་ཐམས་ཅད་སེར་བ་དང་དམར་བའང་མི་རུང་བར་འདོད་མོད། སློབ་དཔོན་འདི་ནི་མི་བཞེད་པས་སྔོ་ཞེས་ཟུར་དུ་ཐོན་པ་མཛད་དོ། །གཉིས་པ་ལ། རྙེད་པ་བགོ་བའི་དང་། རྙེད་པ་གང་དབང་གི་རྣམ་གཞག་གོ །དང་པོ་ལ། ཚད་ནི། ཤིང་པུ་ལ་སའི་འདབ་མ་ནི་(༡༢༡བ)
འགྲེལ་ཆུང་མཁན་པོས་ཟར་མའི་འདབ་མ་ལ་བཤད་དོ། །ཆོ་ག་ལ་སྦྱོར་བ་ནི། ལ་བ་དང་སོགས། དངོས་གཞི་ནི་རྙེད་པ་བགོ་བ་ལ་ལྔ་བྱའོ། །ལྔ་ནི་དེང་སོགས་སོ། །ལྔ་པོའི་ཐ་མ་ཡན་ཆད་བྱེད་པ་ཉིད་ན་གློ་བུར་དུ་འོངས་པ་ནི་དབྱར་གནས་ལྟ་བུ་ལ་ཕུལ་བ་སོགས་ངེས་པའི་རྙེད་པ་མ་ཡིན་པ་དགེ་འདུན་ལ་སྤྱིར་སྤགས་ཏེ་ཕུལ་བའི་རྙེད་པ་ནི་དབང་བ་ཉིད་ཡིན་ནོ་སོགས་ལྔ་གའི་མཇུག་ཏུ་སོགས་དབྱར་གནས་པ་ལྟ་བུ་རྙེད་པ་ཐོབ་པའི་བྱ་བ་དེར་སོགས་བསབ་པའི་ཚད་ནི་པ་ཎ་སྟེ་མ་ཤ་ལྔ་ལ་སོགས་པའོ། །གང་ཟག་གི་རྣམ་གཞག་ལ་དུས་དང་། གློ་བུར་བའི་དང་། ཤི་བའི་ཡོ་བྱད་ཀྱི་རྙེད་པ་གང་དབང་གཉིས་སོ། །དང་པོ་ལ་དྲུག་ལས། གནས་ཀྱིས་བསྒྲུབས་པ་ནི། གནས་ཀྱི་རྙེད་པ་དབང་བའི་དགེ་སློང་གཅིག་ཉིད་ཀྱིས་རས་ཡུག་ཆེན་བརྒྱ་ལ་སོགས་པ་ཤིན་ཏུ་སོགས། དེའི་དོགས་གཅོད་ནི་བྱེ་བ་སོགས། དུས་ཀྱིས་བསྒྲུབས་པ་ནི། དབྱར་གནས་དེའི་དུས་སོགས། དོགས་གཅོད་བབས་པ་སོགས། སྦྱིན་བདག་གིས་བསྒྲུབས་པ་ནི། རྙེད་པ་ནི་སྦྱིན་བདག་དེ་རང་གིས་ཇི་ལྟར་སོགས་ཏེ། དུས་ཚིགས་དང་གནས་དང་གང་ཟག་སོགས་ཁོ་རང་གིས་གང་ལ་ཕུལ་བ་དེའོ། །ཁྲིམས་ཀྱིས་བསྒྲུབས་པ་ནི། རྙེད་པ་ཐོབ་པའི་དགེ་འདུན་རྣམས་ཀྱིས་ཀྱང་ཁྲིམས་སུ་ཇི་ལྟར་བཅད་པ་བཞིན་ནོ། །དེའི་དོགས་གཅོད་ནི། ཁྱིམ་བདག་ལྟ་བུ་ཞིག་གིས་དགེ་འདུན་ཐམས་ཅད་ཀྱི་ཆ་ཚང་བར་ཕུལ་ན་ཡང་དགེ་འདུན་རང་གིས་ཁྲིམས་སུ་གང་བྱས་དེ་རྣམས་དབང་ཞེས་པའོ། །དེས་ན་ཟས་ཙམ་ཡང་ཕྱོགས་དེས་རྗེས་སུ་མ་གནང་བར་གཞན་གྱིས་ལེན་དུ་མི་རུང་བར་བཤད་དོ། །མཚམས་ཀྱིས་བསྒྲུབ་པ་ནི། དགེ་འདུན་ཙམ་ལ་ཕུལ་ཞིང་དགེ་འདུན་(༡༢༢ན)
འདི་དག་ཅེས་ཡོངས་སུ་མ་བཅད་ན་ལས་ཀྱི་མཚམས་པོ་ཆེ་སོགས་ཡོངས་སུ་བཅད་ནས་བགོ་བར་བྱའོ། །འདི་ལ་མཚམས་ནང་དེ་ན་གཅིག་ལ་སོགས་པ་དགེ་འདུན་དུ་མ་ལོངས་པ་ནི། དགེ་འདུན་དེ་ཉིད་ཡིན་པས་རྙེད་པ་དེ་དབང་ངོ་། །ལུང་གི་ཆོས་ཀྱི་རྙེད་པ་ནི་སོགས་དང་། ཆོས་སྨྲ་བའི་ཚད་ནི། གཙུག་ལག་གི་སོགས་ཏེ། འདུལ་བ་བྱེ་བྲག་ཏུ་བཤད་པ་སོགས་ལས་མྱ་ངན་ལས་འདས་པ་ལ་ཕུལ་བ་ནི་མཆོད་རྟེན་གྱི་དང་འདྲ་བར་བཞག་གོ །ཞེས་གསུངས་པས་རྟོགས་པའི་ཆོས་ལ་ཕུལ་བ་མི་དབང་ངོ་། །ཤི་བའི་ཡོ་བྱད་ལ་རབ་བྱུང་ཤི་བའི་དང་། རྟགས་ཅན་ཤི་བའི་ཡོ་བྱད་ལ་ཇི་ལྟར་དབང་བ་གཉིས་ལས། དང་པོ་ལས། གང་ཟག་དང་། དུས་དང་། མཚམས་དང་། ཆོ་ག་དང་། དངོས་པོའི་སྒོ་ནས་རྣམ་པར་བཞག་པ་སྟེ་ལྔ་ལས། དང་པོ་ནི། མཚན་མི་མཐུན་པ་སོགས་ཏེ། གནས་ནས་ཕྱུང་བ་ནི་མ་ཕྱུང་བ་མེད་ན་ཡང་གནས་ནས་མ་ཕྱུང་བ་གཞན་ཤི་བའི་ཡོ་བྱད་དེ་མི་དབང་སྟེ་དགེ་འདུན་དུ་མི་གཏོགས་པས་སོ། །འོན་ཀྱང་རྒྱུ་ལས་སེམས་མ་ལོག་ན་དེ་ལྟར་ཡིན་གྱི། ལོག་ན་དབང་སྟེ་དགེ་འདུན་དུ་མི་གཏོགས་པའི་རྒྱུ་དེ་བཏང་བའི་ཕྱིར་རོ། །གནས་ནས་ཕྱུང་བ་ཤི་བའི་ཡོ་བྱད་དེ་གནས་ནས་མ་ཕྱུང་བ་རྣམས་དབང་བ་ཅི་ཞེ་ན། སྤྱིར་གནས་ནས་ཕྱུང་བ་དེ་ནི་དགེ་འདུན་ལས་ཐ་དད་པ་ཉིད་ཡིན་ཡང་གནས་ནས་ཕྱུང་བ་དེའི་ཤི་བའི་ཡོ་བྱད་དེ་ནོད་པར་བྱ་བ་ཉིད་ལ་ཐ་དད་མ་ཡིན་པའི་ཕྱིར་རོ། །ཆོས་དང་ཆོས་མིན་གྱི་ཕྱོགས་ཐ་དད་པ་ཤི་བའི་ཡོ་བྱད་ལ་ནི་ཕྱོགས་གཉིས་ཕྱོགས་ཐ་དད་པ་ཡིན་པས་ཕན་ཚུན་མི་དབང་ངོ་། །སྤྱིར་ནི་སྐབས་འདིར་རབ་ཏུ་བྱུང་སོགས་ཏེ། རིམ་པ་(༡༢༢བ)
བཞིན་ཁྱིམ་པ་དང་མུ་སྟེགས་སུ་གྱུར་པའི་ཉེ་དུ་ལྟ་བུ་མི་དབང་བ་ཉིད་ཡིན་ནོ། །གཉིས་པ་ནི། གསོལ་བ་འབའ་ཞིག་པའི་ལས་ཀྱིས་བྱིན་གྱིས་བརླབ་པའམ། དང་པོ་གནས་བརྟན་ནམ་ཐ་མ་གསར་བུ་ལ་རྫས་དེ་ལས་འགའ་ཞིག་སྦྱིན་པ་ནི། དང་པོ་ཐ་མའི་ལས་དེ་ཞེས་བྱ་བ་ཡིན་པས་དེ་གཉིས་གང་རུང་གིས་བྱིན་གྱིས་བརླབས་ཟིན་ནས་ཕྱིས་འོངས་པ་རྣམས་མི་དབང་ལ་དེ་ཡན་ཆད་དུ་འོངས་པ་རྣམས་དབང་ཞིང་དགེ་འདུན་གྱི་ཆེད་དུ་སོང་ན་ཕྱིས་འོངས་པ་ཡང་དབང་བར་འགྲེལ་ཆུང་ནས་བཤད་དོ། །འདི་ནི་དང་པོ་དང་ཐ་མའི་གང་ཟག་གཉིས་ལ་བྱིན་པས་སམ། ཡས་བགྲངས་མས་བགྲངས་ཀྱི་ཐ་མ་གཉིས་ལ་དང་པོར་སྦྱིན་པས་ཀྱང་དེ་ཞེས་བྱའོ། །གསུམ་པ་ནི། གཤིན་པོ་དང་གཤིན་རྫས་གཉིས་ཀྱི་ནང་ནས་གཤིན་རྫས་གཙོ་ཆེ་སྟེ། མཚམས་གང་ན་བྱིན་གྱིས་བརླབ་པར་བྱ་བའི་སྤྱོད་འདུག་པ་སོགས་གཉིས་ཀྱི་ཕྱིར་མཚམས་ཀྱི་བར་དུ་ཡོད་པ་ལ་ནི། སུམ་བརྒྱ་པར། གཙུག་ལག་ཁང་གི་མཚམས་ཀྱི་བར་ཤི་ན། །གང་དུ་མགོ་བོ་བཞག་པ་དབང་བ་ཡིན། །ཞེས་ཀྱང་བཤད་དོ། ཤི་རྫས་དང་། ནོར་བཅོལ་བ་གཉིས་ཀྱི་ཕྱི་མ་གཙོ་ཆེ་སྟེ། མཚམས་གང་ན་ནོར་དང་འདྲ་བ་སོགས་མདོ་གཉིས་ཀྱི་ཕྱིར་ནོར་དང་འདྲ་བ་ནི། སུམ་བརྒྱ་པར། གང་ལ་དེ་ཡི་རྫས་ནི་གཏམས་གྱུར་པ། །མི་དེ་ནོར་དང་འདྲ་བར་བྱ་ཞེས་བཤད། །ཅེས་སོ། ཞར་བྱུང་གྲོགས་མཆེད་ལྟ་བུ་ཕན་ཚུན་སྤྱད་དངོས་བསྐུར་བ་ན་བསྐུར་བར་བྱ་བས་མ་སྤངས་པ་ནི་བསྐུར་བྱ་དེ་ཉིད་ཀྱི་ཡིན་ལ། དེས་སྤངས་ན་བསྐུར་བར་བྱེད་པ་ཉིད་ཀྱིས་ཡིན་ལ་དེས་སྤངས་ན་ཡང་དེ་ཉིད་ཀྱི་ཡིན་ནོ། །བཞི་པ་ནི། མཚམས་ཀྱི་ཕྱི་རོལ་དུ་(༡༢༣ན)
ཡང་སོགས་ཏེ། འབའ་ཞིག །མི་མཐུན་པའོ། །འདི་ནི་འདུ་ཤེས་འཁྲུལ་པས་མི་ཆགས་པ་ཡིན་ལ། རོ་དབྱུང་བ་དང་རིམ་གྲོ་སོགས་ཏེ། འདི་ནི་ཆོ་ག་ཁྱད་པར་ཅན་ཉམས་པས་མི་ཆགས་པས་སོ། །ལྔ་པ་ལ་བཞི་ལས། ཁྱིམ་གྱི་ནང་ན་ཡོད་པ་ནི་ཁྱིམ་བདག་གིས་གང་ལ་བྱིན་པ་དབང་བ་ནི་ལྷུང་བཟེད་སོགས་ཏེ། སྦྱིན་བདག་དེས་སྦྱིན་པའི་སྒོ་ནས་ངེས་པར་མི་བྱེད་ན་དེས་འཕོངས་ཤིང་ཁས་བླངས་པའི་རྩོལ་བ་དང་ལྡན་པ་དེ་དབང་ཞིང་། དེ་ཡང་དུ་མ་ཅིག་ཅར་སློང་ན་སྤྱིར་དང་མཐར་གྱིས་ན་དང་པོ་དང་སློང་བ་མེད་པ་ཉིད་སོགས་ན་དང་དང་པོར་ཁྱིམ་དེར་སོང་སོགས། བུ་ལོན་གྱི་ཡོ་བྱད་བུ་ལོན་པ་དབང་བ་ནི་བུ་ལོན་སོགས་ཏེ་འདི་ནི་བཀའ་གཉན་པས་དགེ་འདུན་གྱི་བགོ་ཚར་ནའང་བསྡུས་ནས་གཞལ་ལོ། །གཤིན་པོ་དེ་དང་བུ་ལོན་པ་དེ་ལྷན་ཅིག་འཇལ་ལེན་རྣམ་པར་བཞག་པ་ན་ཚོང་པ་ལས་རས་ཡུག་ཆེན་ཉོས་ཏེ་བུ་ལོན་པ་ལ་གཞལ། བར་ཆད་འདུག་ན་སྦྱིན་པར་བྱ་བ་ཉིད་རིན་དེ་སྤྲད་པས་ཆོག་གི་ཆད་པའི་རས་ཡུག་ཆེན་དེ་ཉིད་སྤྲོད་དགོས་པ་མ་ཡིན་པ་དང་། ཐག་པ་ལ་རྒྱུ་སྤུན་གཏད་འདུག་ན་བླང་བར་བྱ་བ་རས་ཡུག་ཉིད་བླངས་པས་ཆོག་གི །རྒྱུ་སྤུན་དེ་ཉིད་བླང་དགོས་པ་མ་ཡིན་པའོ། །བུ་ལོན་པ་བཀའ་གཉན་ཡང་དེས་གྲོགས་ཚངས་སོགས་ལས་གསར་པ་བྱེད་པ་པོ་ལག་གི་བླ་ལ་སོགས་པས་དཀོན་ཅོག་སོགས་ཏེ། འདེད་མཁན་དངོས་སུ་མེད་པས་གཞལ་མི་དགོས་སམ་སྙམ་པའི་དོགས་གཅོད་དོ། །ཡོ་བྱད་དྲུག་ནད་གཡོག་དབང་བ་ནི་ནད་གཡོག་སོགས་ཏེ། དྲུག་ནི་ཆོས་གོས་གསུམ་དང་སྟན་དང་ལྷུང་བཟེད་དང་ཆུ་ཚགས་སོ། །འོན་ཀྱང་ཁྱིམ་པ་ལྟ་(༡༢༣བ)
བུ་དྲུག་པོ་དེ་སྤྱིར་མི་དབང་བ་ལ་མི་སྦྱིན་ཞིང་། དབང་ན་གཞན་དུ་གནས་པར་སོགས་ཀྱང་ངོ་། །མདོར་ན་རབ་བྱུང་ཤི་བའི་ཡོ་བྱད་དབང་བའི་དགེ་འདུན་དུ་གཏོགས་པ་ལ་ཆོས་བཞི་ཚང་དགོས་ཏེ། རབ་ཏུ་བྱུང་བའི་སྡོམ་པ་རྣམ་པར་དག་པ་དང་ལྡན། མཚན་མཐུན། གནས་ནས་མ་ཕྱུང་། གཞན་ཕྱོགས་སུ་མ་སོང་བའོ། །དེའི་སྟེང་དུ་ནད་གཡོག་གི་ཡོ་བྱད་དབང་བ་ལ་ཆོས་གཉིས་བསྣན་ཏེ། ནད་གཡོག་དངོས་སུ་བྱེད་བཞིན་པའམ་དེའི་ཆེད་དུ་གཞན་དུ་སོང་བའོ། །ཤི་བའི་ཡོ་བྱད་བགོ་བ་ལ་དབྱར་རྙེད་གོས་རྙེད་བཞིན་དུ་མཐོ་དམན་མི་བྱེད་དེ། བསྙེན་པར་རྫོགས་པ་ཡང་ཐམས་ཅད་མཉམ་པོར་དབང་བས་སོ། །ནད་པས་མ་ཤི་གོང་དུ་བྱིན་ན་དེ་དབང་བ་ནི། ནད་པས་སོགས་ཏེ་བལྟོས་མེད་དུ་བྱིན་ཟིན་པས་སོ། །ཤི་ཟིན་པ་ཉིད་ཀྱི་དུས་ན་བལྟོས་པ་དང་བཅས་ཏེ་སྦྱིན་བྱའི་རྫས་ཉིད་བསྒྲུབ་པའི་ཚུལ་དུ་བྱིན་པའི་ནོར་བདག་མི་དབང་སྟེ། སུམ་བརྒྱ་པར། ཁོ་བོ་འདས་ནས་སྦྱིན་ཞེས་བྱིན་པ་ནི། །དེ་ཤི་ན་ཡང་སྤྱིན་པར་མི་བྱ་སྟེ། །སྡོམ་བརྩོན་བུ་ལ་སོགས་པ་བལྟོས་བྲལ་ཕྱིར། །བལྟོས་དང་བཅས་པའི་སྦྱིན་པ་བྱིན་པ་མིན། ཞེས་སོ། །གཉིས་པ་རྟགས་ཅན་གྱི་ལ། བཞི་ལས་བུ་ལ་སོགས་ལ་བྱིན་པ་དེ་དབང་བ་ནི་ཁྱིམ་ན་སོགས། རྒྱལ་པོ་དང་དཀོན་ཅོག་ཏུ་བགོ་བ་སོགས་ནི། གླང་པོ་སོགས། དཀོན་ཅོག་གསུམ་ནང་དུ་བགོ་བ་ནི། དབྱིག་དང་གསེར་དང་གཞན་བརྡུངས་སུ་བྱས་སོགས། མུ་ཏིག་རྣམས། གལ་ཏེ་རིན་པོ་ཆེ་གཞན་སོགས་ཏེ་སངས་རྒྱས་ཉིད་ཀྱི་ཐོབ་པ་གཅིག་བྱེད་པའོ། །མཚལ་མ། མཐིང་སོགས་ཚོན་རྩི་ཆེན་པོའོ། །མུ་ཏིག་དེ་དག་ནི་བཏགས་ཏེ་སོགས་དང་། མུ་ཏིག་དེ་མ་ཡིན་པ་སོགས། གླང་(༡༢༤ན)
ཆེན་སོགས་ཀྱི་ཐེག་པའོ། །རྒྱལ་མཚན་གྱི་སྲོག་ཤིང་དེར་རུང་སོགས་དེ་འདྲ་ལས་གཞན་དག་དང་སོགས། དགེ་འདུན་གྱི་བཞག་པ་སོགས་གསུམ་དུ་བྱ་བ་ནི་དགེ་འདུན་གྱི་སྔར་སྨོས་ལས་གཞན་ནི་སོགས། མྱུར་དུ་མི་འགྲུབ་པའི་དམ་རྒྱ་ནི། བུ་ལོན་འཕྲལ་དུ་མི་ཁུགས་པའི་ཡི་གེའོ། །གཞན་གསུམ་ནི་མུ་སྟེགས་ཀྱི་བསྟན་བཅོས་དང་། མྱུར་དུ་ཁུགས་པའི་དང་། གོས་འཚེད་པའི་མཚོན་ནོ། །གཞན་རྣམས་ནི་རྟོགས་སླའོ། །གཉིས་པ་ཕྲན་ཚེགས་ལ་སོགས་པའི་སྐབས་བྱུང་ལ། ཕྲན་ཚེགས་དངོས་དང་། ཕྲན་ཚེགས་དང་བཅས་པ་གཞན་ནས་འབྱུང་བའོ། །དང་པོ་ལ་དྲུག་སྟེ། གོས་སྒྲུབ་པའི་དང་། ལོངས་སྤྱོད་པའི་དང་། ཞར་བྱུང་ལམ་དུ་འགྲོ་བའི་དང་། བཅོས་ལེགས་བྱ་བའི་དང་དུར་ཁྲོད་པ་བསྟེན་པའི་དང་། བདེ་བར་གནས་པའི་རྐྱེན་གྱི་སྤྲོས་པའོ། །དང་པོ་ལ་དྲ་བ་དང་། དྲུབ་པ་དང་། བཀྲུ་བ་དང་། ཁ་བསྒྱུར་བ་བཞི་ལས། དང་པོ་ལ་ཚད་ནི། གླེགས་བུ་སོགས། གཞི་ནི་ས་ལ་སོགས། དྲ་སྤྱད་ནི་དྲེའུ་སོགས། གཉིས་པ་ལ་གནས་ནི་ལྕི་བའི་སོགས། འཚེམ་སྤྱད་ནི། བྱ་གག་གི་ཤོག་ཤིང་དང་། སྨྱུག་མའི་ཚལ་བུས་དེ་བཙེམ་པར་བྱའོ། །དེར་མ་ཟད་ཁབ་ཀྱིས་ཀྱང་སོགས། ཚུལ་ནི་མི་འཇིལ་སོགས་སོ། །གསུམ་པ་ལ། ཚུལ་ནི་བཙོ་སོགས། སྣོད་ནི་གཞོང་སོགས། བཀྲུ་བྱ་ལ་དོགས་བཅོད་ནི་ཕྱག་དར་སོགས་སོ། །བཞི་པ་ལ་སྦྱོར་བ་ཚོན་སྦྱར་བ་ནི། ཚོན་བཟང་པོ་སོགས་དངོས་གཞི། གོས་གཞུག་པ་ནི་སྔར་དང་པོ་སོགས། མཇུག་སྐམ་པ་ནི་གཟར་ཐག་སོགས། བསྒྱུར་དཀའ་བ་བྱེ་བྲག་ཏུ་བཤད་པ་(༡༢༤བ)
ནི། ཚོན་གསར་པ་རྣམས་ནི་གོས་གསར་པ་ལ་སོགས། བསྒྱུར་བའི་གནས་ནི། བང་རིམ་སོགས། མཇུག་གི་བྱི་དོར་ནི། ཚོན་གྱི་ལས་བྱས་ཟིན་ནས་སོགས། ལོངས་སྤྱོད་པ་ལ་མི་རུང་བ་དགག་པ་ནི། བཅགས་པ་སོགས། རུང་བ་བསྒྲུབ་པ་ལ་ཁ་དོག་དང་དབྱིབས་དང་གཞི་དང་བྱ་བ་དང་གནས་དང་སྣོད་རྣམས་རུང་བ་བསྒྲུབ་པའོ། །དང་པོ་ནི་འདི་ལ་སོགས། གཉིས་པ་ནི། ཤམ་ཐབས་སོགས་ཏེ། ཤུར་བུ་སོགས་བཞི་ནི། ད་ལྟར་གྲགས་པའི་སྐེར་ཆུང་དང་། ལྷས་མ་གྲུ་བཞི་དག་སྐ་རགས་སྤུངས་བཏགས་མ་དང་། ད་ལྟར་གྲགས་པའི་སྒོམ་ཐག་ལྟ་བུའོ། །ཚོམ་བུ་སོགས་བཞི་ནི། གསེར་སྐུད་ཀྱི་ཤར་བུ་གསུམ་མམ་བཞིའི་ཚོམ་བུ་ལ་མདོ་མདོར་ནོར་བུས་སྤྲས་པ་དང་། གསེར་ལས་བྱས་པའི་ཚར་ཚར་གྲོག་སྒལ་གྱི་བར་རིལ་བུ་ཅན་གསེར་སྐུད་ཀྱིས་བསྒྱུས་པ། ཐོག་མར་ དྲིལ་བུ ་གཡེར་ཁ་བཏགས་པའི་འོག་པག་དང་། གསེར་ལས་བྱས་པ་ཟླ་གམ་དང་གྲུ་གསུམ་གྱིས་བརྒྱན་པའི་འོག་པག་དང་། གསེར་ལས་བྱས་པའི་ལུ་གུ་རྒྱུད་རྣམས་སོ། །གསུམ་པ་ནི། བཞི་སོགས་ཏེ་རྐང་པ་བཀྲུ་བ་སོགས་མི་གཙང་བའི་བྱི་དོར་རོ། །བཞི་པ་ནི། བརྟུལ་བ་སོགས་ཏེ་བླ་གོས་དེར་དང་སྣམ་སྦྱར་དེ་ལ་སོགས་རྣག་གཟན་དེའི་ཁ་བསྒྱུར་བ་དེ་ནི་བཙག་གིས་གཟུགས་སོ། །འཛག་པ་དེའི་སྐམ་པ་དང་ཤ་བཀྲར་མི་འགྱུར་བ་ད་ལ་ནི་སོགས་ལྔ་པ་ནི། ཆོས་གོས་དག་སོགས། དྲུག་པ་ནི། གཏུར་བུ་སོགས། གསུམ་པ་ལ། སྦྱོར་བ་རང་གནས་སུ་དང་། དངོས་གཞི་ལམ་དུ་དང་། འཇུག་གཞན་གནས་སུ་ཇི་ལྟར་བྱ་བའོ། །དང་པོ་ནི། སང་སོགས་གཉིས་པ་ལ་ངག་གི་དང་། ལུས་ཀྱི་(༡༢༥ན)
སྤྱོད་ལམ་གཉིས་ཀྱི་དང་པོ་ནི། ལམ་དུ་སོགས། གཉིས་པ་ནི། ལམ་དུ་སོགས། གསུམ་པ་ལ། འགྲོན་པོའི་དང་གཞི་པོའི་བསླབ་བྱའོ། །དང་པོ་ནི། རྒན་རིམ་སོགས། གཉིས་པ་ནི། རྐུས་ཤེས་སོགས། གང་ལ་དབུལ་བར་བྱ་བ་གཏོང་མཁན་གྱིས་ལྷུང་ནས་བརླག་ན་དེས་གཞལ་ཞིང་དེས་མ་བླངས་པར་བཏང་ན་ཡང་ངོ་། །བསུ་བའི་རྒྱས་བཤད་ལྷུང་བཟེད་དང་སོགས། འགྲོན་པོ་དེས་ཀྱང་དགེ་འདུན་གྱི་གནས་བརྟན་གྱི་སོགས། གནས་བརྟན་དེས་འགྲོན་པོ་དེ་སོགས། བཞི་པ་ནི། ཆོས་གོས་ཀྱི་མཐའ་ཟེགས་སོགས། ལྔ་པ་ནི། བདག་དུར་ཁྲོད་པའོ་སོགས། དུར་ཁྲོད་པས་སྦྱིན་བདག་གིས་བདག་གིར་སོགས། དྲུག་པ་ལ་གསུམ་གྱི་སྦྲང་གཡོབ་བཅང་བ་ནི། སྦྲང་གཡབ་སོགས་དང་པོ་ནི། ལོག་པའི་འཚོ་བ་ཆར་གཏོགས་དང་བཅས་པ་སྤངས་ཏེ་ཡང་དག་པའི་འཚོ་བ་ལ་བརྟེན་པའི་ཚུལ་གྱིས་བསྒྲུབ་པར་བྱའོ། །ལོག་པའི་འཚོ་བ་ལ་ལྔ་སྟེ། ཚུལ་འཆོས་ཀྱི་སྒོ་ནས་རྙེད་པ་བསྒྲུབ་པ། ཁ་གསག །གཞོགས་སློང་། ཐོབ་ཀྱིས་འཇལ་བའི་སྒོ་ནས་རྙེད་པ་བསྒྲུབ་པ། རྙེད་པས་བརྙེད་པ་འདོད་པའོ། །དང་པོ་ནི། རིན་ཅེན་འཕྲེང་བར། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པས་ཏེ། ཞེས་སོ། །གཉིས་པ་ནི། ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྙན་པར་སྨྲ་བའོ། །ཞེས་སོ། །གསུམ་པ་ནི། གཞོགས་སློང་སེང་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །བཞི་པ་ནི། ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པའོ། །ཞེས་སོ། །ལྔ་པ་ནི། རྙེད་པས་བརྙེད་པ་རྣམས་འདོད་པས། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་ཏེ། རྔ་ཡབ་ཀྱི་གཟུགས་ཅན་ནོ། །སྦྲང་སྐྱབས་བཅང་བ་ནི། སྦྲང་སོགས་ཏེ། ཕྱ་ཐེར་ཆུང་ངུའི་དབྱིབས་ཅན་ནོ། །བསིལ་ཡབ་བཅང་བ་ནི། ཚ་བར་ནི་སོགས་ཏེ། ཡུ་བ་ལ་གོང་དུ་བཀག་ཟིན་པས། བསིལ་ཡབ་ཀྱི་ལུས་ཁྲ་ཁྲ་སོགས། གཉིས་པ་ལ་གསུམ་སྟེ། གོས་ཀྱི་རྒྱུད་དང་རང་བཞིན་དང་། སྐབས་བྱུང་གཞན་བཤད་པའོ། དང་པོ་ལ་བཞི་ལས། གཞི་གང་ལས་བྱུང་བ་གང་དུ་བཅད་པ་ནི། བུ་དང་སོགས། རིན་དེེ་ཇི་ཙམ་དུ་སོགས། ལན་ཅིག་ཕུལ་བ་དེ་སྦྱིན་བདག་གི་དད་པ་སྤེལ་བའི་ཕྱིར་དུ་ཡང་དང་སོགས། རྩིག་པ་ལ་ཕུལ་བ་ཡིན་ན་སོགས། ས་ལ་ཕུལ་བ་ཡིན་ན་ཞེས་རྫིང་བུའི་ཡང་ངོ་ཞེས་པའི་བར་རེ་རེ་ལ་རྫིང་བུའི་ས་ལ་ཕུལ་ན་ཞེས་སོགས་སྦྱར་རོ། །གཞུང་ཁ་ཅིག་ལས་རྫིང་བུའི་ས་ལ་ཕུལ་བ་དེ་ནི་སོགས་། སྤྱིར་དཀོན་ཅོག་གི་སོགས། ཤིང་རྟའི་འཕང་ལོའོ། སྣོད་སྤྱད་འབྲུ་བ་སོགས། སངས་(༡༢༥བ)
རྒྱས་རྗེ་བཙུན་ལ་སོགས་པ་མཆོད་པ་འདི་ལ་གནས་གཅིག་གི་ནང་དུ་དགེ་སློང་མ་དེ་དག་གི་སོགས་སྣོད་སྤྱད་འགེངས་པ་དེ་གསོལ་གཉིས་ཀྱིས་བསྐོ། གནས་བརྟན་གྱིས་རིན་བཏབ་པ་དེ་ལས་བསྐྱེད་ཅིང་མཐོ་བའི་ཐབས་ཀྱིས་བཙོང་བའོ། །རིན་བཏབ་པ་དེས་ནི་གནས་བརྟན་དེ་ལས་ཉོ་བ་དང་འཇལ་བ་མི་འབབ་བོ། །བུད་མེད་ཉོ་བས་ནི་རིན་དེ་ལྟར་བསྐྱེད་པར་མི་བྱའོ། །གང་ཟག་གང་གིས་ལོངས་སྤྱད་པ་ནི། མྱ་ངན་ལས་སོགས་ཏེ། གོས་སོགས་གསུམ་ནི་ཀཪྵ་པ་ཎ་འབུམ་རི་བ་དང་། རོའི་རྣམ་པ་བརྒྱ་ཡོད་བའི་ཟས་དང་། ཁང་བརྩེགས་མི་ལྔ་བརྒྱ་ཤོང་བའམ། ནེ་ཙོའི་སྣ་ལྟ་བུ་ལྔ་བརྒྱ་ཡོད་པའོ། །ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་བདག་གི་རྫས་སུ་མ་ཟད་དགེ་འདུན་གྱི་རྫས་ཀྱང་སྟེ། དེ་ཡང་དགེ་འདུན་མི་སློབ་པ་སོགས་ཀྱི་ཡང་དབང་ངོ་། །དེ་དག་ནི་ལེན་པ་བཞི་ལས་བདག་པོས་ལེན་པ་ཡིན་ལ། དབང་ཕྱུག་གིས་ལེན་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །མ་བྱིན་པར་ལེན་པ་ནི་ཚུལ་ཁྲིམས་འཆལ་བ་ཞེས་ཏེ། ལྕགས་གོང་མེ་ལྕེ་འབར་བ་དག །ཟོས་པར་འགྱུར་བ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པས། ཡུལ་འཁོར་བསོད་སྙོམས་སྤྱོད་པ་མིན། །ཞེས་དང་། ཁྱད་པར་དགེ་འདུན་གྱི་རྫས་ལ་སྤྱད་པ་དང་། གཙུག་ལག་ཁང་དུ་གོམ་པ་གཅིག་བོར་བའི་རྣམ་སྨིན་བསམ་གྱིས་མི་ཁྱབ་པར་བཤད་དོ། །ཚུལ་ཁྲི་མས་དང་ལྡན་ཡང་བརྩོན་འགྲུས་མེད་པའི་ལེ་ལོ་ཅན་ལ་ནི་སོགས་ཏེ། དེ་ནི་བུ་ལོན་གྱིས་ལེན་པར་བཤད་དོ། །དགེ་འདུན་གྱི་བཞག་པ་ལ་སོགས་པའི་སྤྲོས་པ་ནི། དགེ་འདུན་གྱི་མཚམས་ཀྱི་སོགས་ཏེ། ཁོ་རང་གི་དེར་མ་ཟད་དགེ་འདུན་གྱི་རྙེད་པ་ཡང་འོས་སོ། །སྔར་(༡༢༦ན)
བཤད་པའི་བགོ་རྫས་གཞན་དག་ཅེས་པའི་ལྕགས་སོགས་ཚོན་རྩི་ནི་གུར་གུམ་སོགས་ཚོན་ཆེན་པོ་ལྔ་ལས་གཞན་པའོ། །ཚོན་ཆེན་སྒོལ་བ་ནི་སོགས། དེ་དག་གཏའ་མར་གཞག་པར་སོགས། །ཚོན་ཆེན་གྱིས་བསྒྱུར་བ་དེ་གང་ཟག་གི་གོས་སུ་བྱིན་གྱིས་སོགས་ཕ་མ་ལ་ཟས་དང་གོས་ཀྱིས་བསྟངས་པ་སྟེ། ཕན་གདགས་པར་བྱའོ། །ཞེས་པའི་བརྡ་རྙིང་ཡིན་གྱི། སྦྱིན་པ་བཏང་བར་བྱའོ་ཞེས་པའི་དོན་མ་ཡིན་ནོ། །སྟོངས་དང་གྲོགས། སྟོབས་གདབ་པར་བྱའོ་ཞེས་སོགས་དང་གཅིག་གོ །གཉིས་པ་ལ་བརྟེན་པ་དང་། བཅང་བ་དང་། སྤྱད་པའོ། །དང་པོ་ལ་རྟགས་ཉམས་པ་སྤང་བ་ནི། བྱེ་བྲག་སོགས་ཏེ། སྡེ་པ་སོ་སོ་ལ་མཚན་མ་སོ་སོར་བཤད་པ་སོགས་འདིར་འཆད་མོད་ཀྱི། རྩ་འགྲེལ་གྱི་དགོངས་པ་ནི་སྟོན་པ་སྐུ་མཆེད་ལྟ་བུ་འདྲ་འདྲ་རྣམས་མི་ནོར་བའི་ཆེད་དུའོ། །འབྲལ་སྤང་དུ་བཤད་པའི་རྐྱེན་དེ་ལྟ་བུ་དེ་དག་མེད་པར་སྣམ་སྦྱར་མ་དྲས་པ་དེས་སོགས། དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་ཞེས་པའི་ཆོས་གོས་ནི་འདིར་འགྲེལ་ཆེན་གྱི་སྣམ་སྦྱར་ལ་དགོངས་པར་ལུང་རིགས་དུ་མས་བསྒྲུབས་སོ། །མུ་སྟེགས་འཁོད་ན་སོགས། གོས་ལྷག་མི་རུང་བ་ཇི་ལྟར་བསྟེན་པ་ནི། སྤུ་ཅན་སོགས་ཏེ། རྐྱེན་དགོས་མེད་ནའོ། །སྤུ་ཅན་དེ་ལ་མི་བཅའ་བ་མ་ཡིན་པའི་བགོ་བའི་སོགས། སེང་བ་དག་ནི། རྐྱེན་དགོས་ཡོད་ན་ལོངས་སྤྱད་དུ་ཡང་རུང་མོད་ཀྱི། མེད་ན་བཅང་བའི་དོན་ཙམ་དུ་བདག་གིར་བྱའོ། །དྲི་མ་དང་ཤིག་ལ་སོགས་པའི་གནོད་པ་མེད་ན་ལྭ་བ་སྤུ་ཅན་དེ་སོགས། །པར་སིག་གི་ཡུལ་ནས་བྱུང་བའི་ལྭ་བ་དང་། སྤུ་ཤིན་ཏུ་རིང་བའི་བེའུ་ཕྲུག་དང་། ཚོན་བཀྲ་བའི་པར་ཏང་ཁྲ་བོ་རྣམས་ནི་རིམ་པ་བཞིན་(༡༢༦བ)
ཧ་ཅང་རིན་ཆེ་བ་དང་། མེ་ཏོག་ལྟ་བུའི་རི་མོ་ཡོད་པ་དང་ཧ་ཅང་བཀྲ་བས་བཀག་གོ ། འཆགས་སར་པར་ཏང་ཁྲའོ་ཡིན་ན་གདིང་བ་སོགས། པར་ཏང་དེ་རྙིངས་ནས་བཅོས་པར་སོགས། སྤུ་ཅན་དང་སྤུ་དམའ་བ་སོགས་ལས་གཞན་པའི་པར་སིག་གི་ལྭ་བ་སོགས་ནི་སྦྱིན་བདག་དེ་དབང་བའི་བསམ་པས་དེ་ལ་ཡིད་གཏད་དེ་བཅང་བར་བྱའོ། །གཉིས་པ་ནི། སྣམ་སྦྱར་སོགས་ཏེ། ཡོ་བྱད་བཅུ་གསུམ་མོ། །ཕྲེང་རྒྱུད་དུ་དབྱེ་གྲངས་ཅུང་ཟད་མི་འདྲ་བ་ཙམ་དུ་བཤད་དོ། །སྔགས་བྱིན་གྱིས་བརླབས་པའི་སྔགས་བཤད་པ་རྣམས་ནི་འདིའི་འགྲེལ་ཆེན་ན་གསལ་ལོ། །ཆོས་གོས་གནང་བ་བཅུ་གསུམ་པོ་རྣམས་རང་མིང་དེ་ཉིད་དུ་སོགས། མཁོ་བའི་ཡོ་བྱད་ཀྱི་གོས་ཀྱང་བྱིན་གྱིས་བརླབས་ཏེ་བཅང་ལ་དེ་ནི་སོགས། དེ་གཉིས་ལས་གཞན་ལྷག་པའི་ཡོ་བྱད་དུ་མ་ཡང་ཡིད་བརྟན་གྱིས་རུང་བར་སོགས། དེའི་སྤྲོས་པ་ནི། སེམས་སོགས། གསུམ་པ་ནི། གོས་ག་བུར་ལ་སོགས་པའི་དྲི་དག་གིས་སོགས། སྣུམ་གྱིས་གོས་ན་ཐལ་ཆུ་ལྟ་བུས་རྩུབ་པར་སོགས། ཞར་བྱུང་གི་བསླབ་བྱ་ནི། ངེད་གྲོགས་མཆེད་ལྷན་ཅིག་པ་ཉིད་ཁོ་ན་ལ་གཏོད་ཅིག །ཅེས་མ་བགོ་ན་གཅིག་དང་། བྲལ་བའི་རྒྱུ་མཚན་གྱི་ཕྱིར་འདོམས་པ་ལ་བྱིན་པ་ནི་བཅོལ་མ་གཏོང་པ་ཡང་དག་པའི་སོགས། འཆོལ་ཞིང་འདོམས་པར་བྱེད་པ་དང་བཅས་པའི་འདོམས་བྱེད་མ་ཡིན་པ་ལ་མི་སྦྱིན་ཏེ། བདག་པོ་མ་ཡིན་པ་ལའང་བྱིན་པར་འགྱུར་བས་སོ། །སྨྱོན་པ་སོགས་ལས་དགེ་སློང་གིས་བླང་བར་མི་བྱ་སྟེ་བརྐུས་ཁག་འབྱུང་བས་སོ། །ཕས་བུ་རེ་ཞིག་བསྐྲད་པ་ལ་སོགས། ཡང་རྙེད་ན་བླང་བ་ནི་ཁྲོ་བ། མི་བརྟན་པའི་ཆེད་དོ། །གསུམ་པ་ལ། གོས་(༡༢༧ན)
རྙེད་ཀྱི་སྤྲོས་པ། དེའི་ཞར་བྱུང་། ནད་པའི་ཀུན་སྤྱོད། སྐབས་སྔ་མ་མཐར་དབྱུང་བའོ། །དང་པོ་ནི། མཆོད་རྟེན་སོགས། བསེ་རུ་མ་གཏོགས་པའི་ཉན་རང་དགེ་འདུན་དུ་གཏོགས་པས་བགོར་རུང་བས་དེ་བཞིན་གཤེགས་པའི་མཆོད་རྟེན་པ་དང་། ས་ཞིང་དང་། ལྷ་འབངས་ལ་སོགས་པ་རྙེད་པའི་འབྱུང་ཁུངས་དང་། གྲོ་ནས་ལ་སོགས་པ་ཟས་ཀྱི་དོན་དང་། གནས་ཁང་དང་ཁང་ཁྱིམ་སོགས་བསྐོ་བས་ཉེ་བར་འཚོ་བ་དང་། སྨན་ལ་སོགས་པའི་ནད་པའི་རུང་བ་སྟེ་ལྔ་པོ་འདི་ནི་བགོ་བར་མི་བྱ་སྟེ། སྔ་མ་དཀོན་ཅོག་མི་གཅིག་པ་དང་། གཞན་བཞི་ནི་འདུ་བའི་སྒོ་ལ་གནོད་པས་སོ། ཟས་ཀྱི་དོན་ཡིན་ཀྱང་ལ་ཕུག་ལྟ་བུའི་རྩ་བ་དང་། ཤིང་ཏོག་ལྟ་བུའི་འབྲས་བུ་དང་། བུ་རམ་ཤིང་ནི་བགོད་རུང་ལ་བདག་གིར་བྱ་བའི་ཕྱིར་མ་ཡིན་པ་ཞལ་ཏ་དང་། བྱི་དོར་ལ་སོགས་པའི་དོན་དུ་ནི་ལྔ་པོ་ཡང་རུང་བའི་སྐབས་ཡོད་དོ། །དབྱར་གྱི་རྙེད་པ་ལ་ནི་དབྱར་གནས་དུས་ཀྱི་མཚམས་དང་། དགག་དབྱེའི་རྗེས་སུ་བྱེད་པའི་མཚམས་གཉིས་ལས། དབྱར་གྱི་མཚམས་དེའི་དབང་གིས་འཇུག་ལྡོག་བྱ་སྟེ། དེ་ནི་གནས་ཀྱིས་བསྒྲུབས་པའི་རྙེད་པ་ཡིན་པའི་ཕྱིར་རོ། །དབྱར་རྙེད་ཐོབ་པ་ལ་དབྱར་མ་རལ་བ་མི་དགོས་ཏེ། དབྱར་རལ་སོགས། འོན་ཀྱང་དགེ་འདུན་དུ་གཏོགས་པ་དགོས་ཏེ་གནས་ནས་སོགས། དབྱར་མཚམས་དུ་མ་ཁྲི་ལ་སོགས་པའི་རྫས་ཀྱིས་སོགས་ཏེ། ཀུན་ལས་བསྡུས་ནས་སོ། །དུ་མར་གནས་པ་དེ་ལས་གཞན་པ་མཚམས་གཅིག་ཏུ་སོགས་རྙེད་པའི་ཐོབ་ཚུལ་གྱི་ཚད་ནི། དགེ་ཚུལ་དང་སོགས་ཏེ། ཤཱཀྱ་འོད་ཀྱིས། དགེ་ཚུལ་སུམ་ཆ་གཅིག་གཅིག་དབང་བ་ཡིན། (༡༢༧བ)
བསྙེན་པར་རྫོགས་པར་འདོད་པ་ཆ་གཉིས་ཏེ། །ཞེས་བཤད་དོ། །དགེ་སློང་ཕ་མའི་ཐུན་མོང་དུ་ཕུལ་བ་ནི། དགེ་འདུན་ལས་ཕྱེད་ཕྱེད་དུ་མི་བགོ་ཡི། །གང་ཟག་གི་གྲངས་ལས་བགོ་བར་བྱའོ། །དང་པོར་དགེ་སློང་ལ་དམིགས་ཤིང་ཟས་ཀྱི་དུས་སུ་དགེ་སློང་མ་རྣམས་མེད་ཀྱང་དེའི་རྙེད་པའི་དུས་སུ་སླེབ་ན་དེ་རྣམས་ཀྱང་དབང་ཞེས་པ་ནི་ཟས་ཀྱི་སོགས། གཉིས་པ་ནི། སྟན་དང་སོགས་ཏེ་ཟས་དང་འབྲེལ་བས་ཞར་བྱུང་ངོ་། ས་མ་པྲཱཔྟ་ནི་མཉམ་པ་དང་བི་ས་པ་པྲཱཔྟ་ནི་མི་མཉམ་པ་སྟེ་དུག་མེད་དང་དུག་བཅས་ཀྱི་དོན་དུ་བཤད་པས་ན། མ་ལ་སྲོག་མེད་པའི་སམ་པྲཱཔྟ་ཞེས་པ་ནི་ཡི་གེ་ནོར་བའོ། །གསུམ་པ་ནི། དགེ་སློང་ཆོས་གོས་སོགས་བཟང་ངན་འབྲིང་གིས་དང་སྟོད་གཡོགས་དང་སྨད་གཡོགས་མ་ཡིན་པའི་རྫས་ལྷག་མས་མི་བྱའོ། །བཞི་པ་ནི། ཤམ་ཐབས་སྐ་རགས་ཀྱི་མ་བཅིངས་སོགས་གོས་ཀྱི་གཞི་རྣམ་པར་བཤད་པ་རྫོགས་སོ། །ཞེས་པ་བློ་གསལ་དགའ་བ་བསྐྱེད་པའི་ཕྱིར་དུ་བཀོད་པའོ། །