Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

47 occurrences of ཆུ་བཟང་
[Clear Hits]


  
10  collapse section
  
 
རྒྱ་གར་གྱི་རྒྱལ་རབས་བརྗོད་པ།
 
 
 
  
 
 
  
 
 
 
33  expand section


47 occurrences of ཆུ་བཟང་
[Clear Hits]

 
previousརྒྱ་གར་གྱི་རྒྱལ་རབས་བརྗོད་པ།next

རྒྱ་གར་གྱི་རྒྱལ་རབས་བརྗོད་པ།


GLG019_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་གྱི་རྒྱལ་རབས་བརྗོད་པ།ཤིས་པ་བརྗོད་པའི་དབྱངས་ཀྱི་ང་རོ་ཏམ་བུ་རའི་རྒྱུད་ལས་ཉེ་བར་དྲངས་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ཟད་མི་ཤེས་པའི་འབྱུང་གནས་ཟ་(༦བ)


GLG019_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཏོག་དབང་གི་རྒྱལ་པོ་རྨད་དུ་བྱུང་བའི་ཐུགས་ཀྱི་གསང་མཛོད་དཔལ་བེའུའི་མཛེས་རྒྱན་དུ་སྤུད་པའི་བསྐལ་པ་ བཟང་པོ་འདིའི་འདྲེན་མཆོག་སྟོབས་བཅུ་མངའ་བ་སྟོང་གི་མི་ལྟུང་འཕྲེང་བའི་དབུས་ནས་ཆུ next hit་ཤེལ་དབང་པོའི་དཀྱིལ་འཁོར་ཉ་གང་བ་ལྟ་བུར་མངོན་པར་འཕགས་ཤིང་། མདའ་ཡིས་བཅིངས་པའི་རླབས་པོ་ཆེའི་སྨོན་ལམ་གྱི་མཐུ་ཕུལ་དུ་བྱུང་བའི་བདེན་སྟོབས་དྲི་མ་མེད་པས་པད་དཀར་ལྟ་བུར་བསྔགས་པའི་དབྱངས་ཀྱི་རྒྱལ་མོའི་རྔ་བོ་ཆེ་སྲིད་པ་གསུམ་གྱི་ཁོར་མོ་ཡུག་བརྡུང་བའི་རྒྱལ་བ་བུ་རམ་ཤིང་པ་འདི་ཉིད་ཀྱི་བསྟན་པ་རིན་པོ་ཆེ་ནི་ལྷ་དང་བཅས་པའི་འགྲོ་བའི་ལེགས་བྱས་གྲངས་མེད་པའི་ཟོང་གིས་བསྒྲུབས་པའི་ཕན་བདེ་ཀུན་གྱི་རྩ་ལག་སྟེ། དེ་ཡང་འབྱུང་ཞིང་འཕེལ་བ་དང་། ཡར་ལྡན་དུ་རྒྱས་པའི་བྱེད་པོ་ནི་ཡངས་པའི་ནོར་འཛིན་གྱི་ཁྱོན་ལ་མངའ་སྒྱུར་བའི་རྒྱལ་པོ་ཆེན་པོ་ཞིག་ལ་རག་ལུས་པས་ན། འོ་སྐོལ་གྱི་སྟོན་པས་ཀྱང་རིགས་དང་། ཡུལ་དང་། དུས་དང་། བརྒྱུད་དང་། བུད་མེད་དེ་གཟིགས་པ་ལྔ་ལ་གཟིགས་ནས། ཟས་གཙང་གི་སྲས་སུ་བལྟམས་པར་མཛད་པས། ཐོག་མར་འདི་ཉིད་ཀྱི་གདུང་རབས་ཅུང་ཟད་བརྗོད་པར་བྱ་སྟེ། འཕགས་པའི་ཡུལ་གྱི་མི་ཕལ་ཆེ་བ་འཆི་མེད་ཀྱི་གནས་ནས་ཆད་པས། གཞལ་དུ་མེད་པའི་ཚེ་དང་འདོད་རྒུ་ལ་ལོངས་སྤྱོད་ཅིང་མཐའ་ཡས་པའི་ཡོན་ཏན་དུ་མ་ལ་དབང་འབྱོར་པའི་ཚེ། འབད་རྩོལ་གྱི་མཐུ་ལ་རག་མ་ལས་པའི་བདུད་རྩི་སའི་བཅུད་དང་། སའི་ཞག །མྱུ་གུའི་ཚལ། མ་རྨོས་པའི་འབྲས་ས་ལུ་རྣམས་ལ་ལོངས་སྤྱོད་པས། ལྷ་ལས་ཆད་པའི་ཡོན་ཏན་ཕལ་ཆེར་ལས་གཞན་དུ་གྱུར་ཅིང་། མ་རྨོས་པའི་འབྲས་ཀྱང་རྣམ་པར་གཡེང་བའི་གཞན་དབང་དུ་(༧ན)


GLG019_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཞིག་གི་བྱེད་པ་ལ་བརྟེན། སོ་ནམ་གྱི་བྱ་བ་ལ་བརྩམས་པས། ཕན་ཚུན་དུ་རྩོད་པ་དང་མཚང་འབྲུ་བ་བྱུང་བ་རྣམས་ལ་དང་པོའི་ཐིག་གིས་གཅོད་པའི་ཞལ་ལྕེ་བར། ཀུན་གྱིས་བཀུར་ཞིང་འདུད་པ་ལས། མང་པོས་བཀུར་བའི་རྒྱལ་པོ་ཞེས་རྒྱལ་པོ་ལ་སྔ་བར་གྲགས་ཤིང་། དེ་ནས་རིམ་བཞིན་འོད་མཛེས། དགེ་བ། དགེ་མཆོག །གསོ་སྦྱོང་འཕགས་ཏེ་སྔོན་གྱི་རྒྱལ་པོ་སྡེ་ལྔར་བརྗོད་ལ། གསོ་སྦྱོང་འཕགས་ཀྱི་སྤྱི་བོར་ཤ་རྨེན་ཞིག་བྱུང་བ་ལས་ང་ལས་ནུ། དེའི་བརླ་གཡས་པར་ཤ་རྨེན་ཞིག་བྱུང་བ་ལས་མཛེས་པ། དེའི་བརླ་གཡོན་པར་ཤ་རྨེན་ཞིག་བྱུང་བ་ལས་ཉེ་མཛེས། དེའི་རྐང་པ་གཡས་པར་ཤ་རྨེན་ཞིག་བྱུང་བ་ལས་མཛེས་ལྡན། དེའི་རྐང་པ་གཡོན་པར་ཤ་རྨེན་ཞིག་བྱུང་བ་ལས་ཉེ་མཛེས་ལྡན་ཏེ། འདི་ལྔ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔར་གྲགས་ཤིང་། ཕྱི་མ་བཞིས་ནི་གླིང་བཞི་ནས་གཅིག་གི་བར་ལ་དབང་སྒྱུར་བས། གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ནོ། །རྒྱལ་པོ་འདི་དག་ནས་རིམ་པར་བརྒྱུད་དེ་ཟས་གཙང་ཡན་ཆོད་དུ། ས་ཡ་ཆིག་འབུམ་ཉི་ཁྲི་ཆིག་སྟོང་ལྔ་བརྒྱ་བཅུ་བཞི་བྱུང་བར་གྲགས་ལ། འཇིག་རྟེན་གདགས་པར། རྒྱལ་པོ་འབུམ་ཕྲག་བརྒྱད་སུམ་ཁྲི་བཞི་སྟོང་ལྔ་བརྒྱ་སུམ་ཅུ་རྩ་བཞི་ཡོད་པར་བཤད་པའི་ལུགས་གཉིས་ཀ་སྙིགས་དུས་ཀྱི་ལོ་རྒྱུས་སྨྲ་བ་ཀུན་གྱི་གཙུག་རྒྱན། གཞོན་ནུ་དཔལ་གྱིས་འདྲེན་པར་མཛད་པ་ལས་གསལ་བར་མ་གསུངས་པས། སླད་ནས་ཀྱང་ལོ་རྒྱུས་ལ་འདྲིས་པར་འདོད་པའི་བློ་ལྡན་དག་གིས་དཔྱད་པར་བྱའོ། །དེ་ཡང་སྟོན་པ་འདི་ཉིད་ཀྱི་གདུང་ལ་ཉི་མའི་གཉེན་དང་བུ་རམ་ཤིང་པ་ཤཱཀྱ་(༧བ)


GLG019_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་པ་ནི། ཡུལ་གྲུ་འཛིན་དུ་རྒྱལ་པོ་བརྒྱ་ཐམ་པ་བྱུང་བའི་མཐའ་མ་རྣ་བ་ཅན་གྱི་བུ་གཽ་ཏ་མ་དང་བྷ་ར་དྷཱ་ཛ་གཉིས་ལས། སྔོན་མས་རབ་ཏུ་བྱུང་སྟེ་ལོ་མའི་སྤྱིལ་པོ་ཡིད་དུ་འོང་བའི་བསམ་གཏན་གྱི་ཁང་བུར་གནས་པའི་ཚེ། གཡོ་ཅན་པདྨའི་རྩ་ལག་དང་བཟང་མོ་དགའ་མགུར་སྤྱོད་པའི་དུས་ལས་ཡོལ་བས། བཟང་མོ་བསད་པའི་རལ་གྲི་ཁྲག་ཅན་ལོ་མའི་སྤྱིལ་པོའི་ཉེ་འདབས་སུ་བོར་བའི་རྐྱེན་གྱིས་གཽ་ཏ་མ་བསལ་ཤིང་ལ་བསྐྱོན་པའི་དུས། དྲང་སྲོང་མདོག་ནག་གི་རྫུ་འཕྲུལ་གྱིས་གྲུ་ཆར་གྱི་ཐིགས་པ་དང་། དྲི་བཞོན་ལུས་ལ་རེག་པའི་རྐྱེན་གྱིས་འདོད་པའི་གནས་རྗེས་སུ་དྲན་པའི་ཡིད་ཀྱི་ཤིང་རྟས་དྲངས་ཏེ། ཁམས་ཀྱི་དྭངས་མ་གཉིས་ལྷན་ཅིག་ཏུ་ལྷུངས་པ་ལས་སྒོ་ང་གཉིས་སུ་གྱུར་པ་ཉི་འོད་ཀྱིས་བསྐྱངས་ཤིང་ཁྱེའུ་གཉིས་བུ་རམ་གྱི་ཤིང་གསེབ་ཏུ་ཞུགས་པས་མིང་དེ་ལྟར་དུ་གྲགས་ལ། བུ་རམ་ཤིང་པའི་བརྒྱུད་ལ་རྒྱལ་པོ་བརྒྱ་བྱུང་བའི་མཐའ་མ་འཕགས་སྐྱེས་པོ། འཕགས་སྐྱེས་པོ་ལ་སྲས་བཞི་བྱུང་ཡང་བཙུན་མོ་འདས་ཏེ་སླར་སྟོབས་ལྡན་གྱི་རྒྱལ་པོ་གཞན་ཞིག་གི་བུ་མོ་ཁབ་ཏུ་བླངས་པར་སྲས་བྱུང་ན་རྒྱལ་སྲིད་དུ་དབང་བསྐུར་བར་ཁས་བླངས་པའི་དམ་བཅས། སྲས་སྔོན་མ་རྣམས་སྤྱུགས་པ་རང་རང་གི་སྲིང་མོ་དང་བཅས་ཏེ་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དུ་མིང་སྲིང་ལྷན་ཅིག་ཏུ་འདུས་པ་ལས་ཤཱཀྱའི་བརྒྱུད་ཅེས་གྲགས་པ་ཡིན་ནོ། །དེ་ཡང་ཀུན་མཁྱེན་ཉི་མའི་གཉེན་འདི་ཉིད་འཁྲུངས་ལོར་མཁས་གྲུབ་རྣམས་ཀྱི་བཞེད་ཚུལ་མང་དུ་མཆིས་ཀྱང་དོན་གྲུབ་ཅེས་པ་ས་ལུག་དབྱར་ཟླ་འབྲིང་པོའི་ཆུ་སྟོད་ཀྱི་ཉ་བའི་ཚེས་བཅོ་ལྔའི་དུས་སུ། ཡུམ་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་གླང་པོ་ཆེའི་ཕྲུག་གུ་ཐལ་(༨ན)


GLG019_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གྱི་རྣམ་པར་གྱུར་ནས་ཞུགས། ཟླ་བ་བཅུ་ཕལ་ཆེར་ལོན་པ་ལེགས་པར་སྦྱར་བ་ལྷའི་སྐད་དུ་རུ་དྲ་ཞེས་པ་བསིལ་ལྡན་པ་རྣམས་དྲག་པོར་བརྗོད་པ། རྒྱ་ནག་པ་དབང་ཐང་དང་བསྟུན་པའི་མིང་གིང་ཤིང་། བོད་ཡུལ་དུ་ལྕགས་ཕོ་སྤྲེའུར་འབོད་པའི་དཔྱིད་ཐ་ས་གས་ཉ་བ་མེ་ཏོག་ཅན་གྱི་ཟླ་བ། རྒྱ་ནག་པ་སི་ཡོལ་དུ་བརྗོད་པའི་ཡར་ངོའི་ཚེས་བདུན་གྱི་རེས་གཟའ་འོད་ཟེར་བདུན་པ་དང་། ལས་སྐར་རྒྱལ་ལ་བབས་པ་ན་ལུམྦི་ནིའི་ནགས་སུ་སྐུ་བལྟམས། དེ་ནས་ལང་ཚོའི་ཀུན་ད་རྣམ་པར་རྒྱས་པའི་ཟིལ་མངར་གྱི་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ཡལ་འདབ་ཀྱི་ཡོན་ཏན་ཀུན་ལ་རང་གིར་བགྱིས་ཤིང་། པདྨོའི་སྙེམས་པ་ཐོགས་པའི་རི་དྭགས་མིག་ཅན་གྱི་དོན་ཡོངས་སུ་ཚང་བའི་གྲགས་འཛིན་མ་དང་ས་མཚོ་མ་སོགས་བཙུན་མོར་དབང་བསྐུར་ཏེ་ལོ་ཉི་ཤུ་རྩ་དགུའི་བར་དུ་ཉི་འོག་གི་རྒྱལ་ཕྲན་གཉིས་འཐུང་གི་སྤྱི་བོར་འཇིགས་པ་མེད་པའི་རྒྱལ་ཐབས་ཀྱི་བྱ་བའི་སྐད་གསང་མཐོན་པོས་རང་བྱིན་དུ་འགྱིང་བར་དབང་ཐོབ་ནའང་། མཆོག་གི་སྤྲུལ་སྐུའི་མཛད་པ་སྟོན་པའི་ཆེད་དུ། དགུང་ལོ་ཉེར་དགུ་པ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བ་ལ་རང་བྱུང་གི་སྒོ་ནས། རབ་བྱུང་གི་དངོས་པོ་ཡོངས་སུ་རྫོགས་ཏེ། ལོ་དྲུག་ཏུ་དཀའ་བ་སྤྱད་པས་ལང་ཚོ་ཕུན་སུམ་ཚོགས་པ་ལས་གཞན་དུ་གྱུར་པ་ན། དགའ་མོ་དང་དགའ་སྟོབས་མས་བ་སྟོང་གི་འོ་མ་ལན་བཅུ་དྲུག་གི་བར་དུ་ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་དང་སྦྱར་བའི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི་སྐུ་སུ་ཝརྞའི་མཆོད་སྡོང་ཉི་གཞོན་འབུམ་གྱིས་འཁྱུད་པ་ལྟར་གྱུར་ཏེ་རྡོ་རྗེ་གདན་དུ་བྱང་ཆུབ་ཀྱི་ཤིང་དྲུང་ན་འཆི་མེད་བདག་པོས་རྩ་འཚོང་གི་རྣམ་པར་(༨བ)


GLG019_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ཏེ་ཕུལ་པའི་རྩའི་གདན་ལ་བཞུགས་ནས། ཆུ་སྲིན་རྒྱལ་མཚན་ཅན་སྡེ་དང་བཅས་པའི་གཡུལ་ལས་རྣམ་པར་རྒྱལ་བའི་བ་དན་ནམ་མཁའི་མཐའ་ཀླས་པར་བསྒྲེངས་ཏེ། དགུང་ལོ་སོ་ལྔ་པ་རྒྱལ་བ་ཞེས་པ་ཤིང་རྟའི་ས་གས་ཉ་བའི་བཅོ་ལྔའི་སྐྱ་རེངས་ཤར་བ་ན་ཡེ་ཤེས་མཆོག་གི་བདུད་རྩི་མངོན་དུ་མཛད་དོ། །མདོ་ལས། དེའི་ཉིན་མོ་ཟླ་བ་སྒྲ་གཅན་གྱིས་བཟུང་བ་དང་། སྒྲ་གཅན་འཛིན་དང་བདུད་རྩི་ཟས་ཀྱི་ཁྱིའུ་ཞིག་ཀྱང་སྐྱེས་པར་བཤད་པའི་གཟའ་འཛིན་གྱི་རི་མོ་ནི་གཟའ་གནས་སུ་གཅིག་ཆུ་ཚོད་སོ་བརྒྱད་ཟླ་སྐར་གྱི་སྐར་གནས་སུ་བཅུ་དྲུག་ཆུ་ཚོད་སྟོང་པ་སྒྲ་གཅན་གདོང་གི་སྐར་མར་བཅུ་དྲུག །ཆུ་ཚོད་ཉེར་དགུ་བྱུང་བས་གཟའ་འཛིན་གྱི་རི་མོ་ནི་ཚད་མའི་ཨཱ་དརྴ་གཙང་མའི་ངོས་སུ་གསལ་བར་ཤར་བ་ཡིན་ནོ། །དེ་ནས་ཞག་ཞེ་དགུའི་བར་དུ་དམ་པའི་ཆོས་ཀྱི་བདུད་རྩིའི་སྒོ་བརྒྱ་མ་ཕྱེ་བའི་ཚུལ་བསྟན་པས། འཇིག་རྟེན་གྱི་བྱེད་པོ་གསེར་མངལ་ཅན་གྱིས་སྐལ་བ་མཆོག་གི་བཟང་པོའི་དཔལ་དང་ལྡན་པའི་དོན་དུ་གསོལ་བ་ལ་བརྟེན་ནས། མཆོག་དམན་གྱི་གདུལ་བྱ་སོ་སོའི་བློ་དང་འཚམ་པར་ཟབ་རྒྱས་ཆོས་ཀྱི་སྒོ་གླེགས་རྣམ་པར་བཀྲལ་ནས་ཐེག་པ་ཆེ་ཆུང་གི་རིགས་ཅན་གྱི་ཡོལ་གོ །རང་འདོད་པའི་ཚོགས་མཐའ་དག་གཅིག་ཏུ་འཇོ་བའི་རོ་ཟད་མི་ཤེས་པ་མཁའ་ཁྱབ་ཏུ་བྲོ་བའི་འཁོར་ལོ་བསྐོར་ཏེ། མཐར་གྱད་ཀྱི་ཡུལ་རྩ་མཆོག་གི་གྲོང་དུ་དགུང་ལོ་གྱ་གཅིག་པ་དཔའ་བོ་ཞེས་པ་ལྕགས་འབྲུག་གི་ལོར་མི་འགྱུར་བའི་བདེ་བ་ཆེན་པོ་ཆོས་ཀྱི་སྐུའི་མཁའ་ཀློང་དུ་སྣ་ཚོགས་པའི་སྤྲུལ་སྐུའི་ཟློས་གར་གྱིས་རོལ་པའི་ཆུ་འཛིན་གྱི་གཟུགས་སྐུ་ཐ་མི་དད་པའི་མཛད་པ་བསྟན་ཏོ། །དེ་ལྟར་བསྟན་པ་རིན་པོ་ཆེ་ཡུལ་དབུས་སུ་འགྱུར་ནས་(༩ན)


GLG019_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་དུས་ཀྱི་དལ་འགྲོའི་ཀླུང་རང་བབས་སུ་འགྱུར་བའི་གཤིས་ལུགས་བཞིན་ཐ་གྲུར་ཁྱབ་པ་ལས། འགྲོ་བའི་བླ་མ་ཤཱཀྱ་སེང་གེ་གྱ་གཅིག་པ་ཆུ་འབྲུག་ལ་ནག་ཉར་ཤྲཱི་དྷཱ་ནྱ་ཀ་ཊ་ཀར་གསང་བ་ཀུན་གྱི་གན་མཛོད་རྣམ་པར་འཛིན་པའི་མིའི་དབང་ཕྱུག་ཟླ་བ་བཟང་པོར་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པ་ཤམ་བྷ་ལར་སྤྱན་དྲངས་ནས་མ་ལ་ཡའི་སྐྱེད་ཚལ་དུ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་སྣང་བརྙན་ཡེ་ཤེས་ཀྱི་གཟི་བྱིན་མངོན་པར་འབར་བའི་སྒྱུ་མའི་གར་གྱིས་བརྩོན་པའི་འདྲེན་བྱེད་ཀྱི་དགའ་སྟོན་གསར་པ་བསྐྲུན་ཏེ། རྡོ་རྗེ་ཐེག་པའི་བགོ་སྐལ་ཀ་ལཱ་པའི་གྲོང་ཁྱེར་གྱི་སྐྱེ་རྒུར་འབྱེད་པའི་མུ་མཐའ་བྲལ་བའི་མཛད་པ་ནས་བཟུང་འཇིགས་པ་མེད་པའི་གདོང་ལྔའི་ཁྲི་ལ་བགྲོད་བྱེད་རྩིབས་སྟོང་འཁོར་ལོའི་རི་མོ་མཆོག་ཏུ་བཀྲ་བའི་ཆོས་རྒྱལ་རིགས་ལྡན་སུམ་ཅུ་རྩ་གསུམ་དུ་བྱོན་པ་མཐའ་དག་གིས་ཕྱི་ནང་གཞན་གསུམ་སྦྱོར་བའི་གསང་ཆེན་ནཱ་དའི་སྒྲ་དབྱངས་ཀྱི་ནོར་བུའི་ཕྱང་འཕྲུལ་ལས་ལྡན་གྱི་རྣ་བར་སྤུད་པར་མཛད་པའི་ཐ་མ། དྲག་པོའི་འཁོར་ལོ་ཅན་གྱིས་དགུང་ལོ་དགུ་བཅུ་རྩ་བརྒྱད་པར་ཀླ་ཀློའི་དཔུང་ཚོགས་མཐའ་དག་མིང་གི་ལྷག་མར་བྱས་ནས་བླ་ན་མེད་པས་ས་ཆེན་པོའི་ཁོར་ཡུག་ཀུན་ཏུ་ཁྱབ་པར་མཛད་དོ། །དེ་ཡང་རིགས་ལྡན་དྲག་པོ་དགུང་ལོ་ལྔ་བཅུའི་སྟེང་དུ་ཀླ་ཀློ་བཅོམ་པར་བཞེད་པ་ལྟར་ན། ཀླ་ཀློའི་གནས་ཚད་སྟོང་དང་བརྒྱད་བརྒྱར་བཤད་པ་ལས་ལོ་གྲངས་བཞི་བཅུ་རྩ་བདུན་ཙམ་མི་འགྲིག་པའི་སྐྱོན་ཡོད་ཅིང་། དེ་དག་རགས་རྩིས་སུ་འཆད་ན་ཞིབ་རྩིས་ནི་འབྱུང་(༩བ)
བའི་སྐབས་མེད་པས་གཟུར་གནས་ཀྱི་ཤེས་ལྡན་རྣམས་སོམས་ཤིག །


previousརྒྱ་གར་གྱི་རྒྱལ་རབས་བརྗོད་པ།next