གཡུ་ཐོག་སྙིང་ཐིག་གི་ལས་བྱང་དཔག་བསམ་ལྗོན་ཤིང་།
གཡུ་ཐོག་སྙིང་ཐིག་གི་ལས་བྱང་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །
ན་མ་ཨོ་ཥ་དྷི་རཱ་ཛཱ་གུ་ཎ་ནཱ་ཐཱ་ཡ། རྨད་དུ་བྱུང་བའི་གསང་བ་གསུམ་གྱི་མ་ལ་ཡ་ཡི་དྲི་བསུང་གིས། །དུག་གསུམ་ཚ་གདུང་ནད་ཀུན་སེལ་བའི་སྒྱུ་འཕྲུལ་དྲ་བའི་གར་མཁན་མ། །རྒྱལ་བ་ཀུན་དངོས་སྨན་གྱི་བླ་མ་ཙན་དན་ལྗོན་པའི་བདག་ཉིད་ཅན། །གང་གི་ཐུགས་རྗེའི་གྲིབ་བསིལ་དག་གིས་འགྲོ་རྣམས་བདེ་བའི་དཔལ་ལ་སྦྱོར། །སྐུ་གསུམ་རིགས་འདུས་སྨན་རྒྱལ་རྡོ་རྗེ་འཆང་། །གདུལ་བྱའི་སྣང་ངོར་འཚམ་པའི་ཟློས་གར་ལ། གཡུ་ཐོག་མགོན་པོར་གྲགས་དེ་ངེས་དོན་དུ། །དཀྱིལ་འཁོར་རྒྱ་མཚོའི་གཙོ་བོར་ལྷུན་གྱིས་གྲུབ། ཁྱོད་གསུང་གསང་བའི་མཛོད་འཛིན་སུམ་སྟོན་རྗེ། །སྙིང་ཐིག་བསྟན་པ་སྤེལ་ཕྱིར་བསམས་བཞིན་དུ། །སྤྲུལ་པས་རྣམ་པར་རོལ་པའི་རིག་སྔགས་འཆང་། །བཀྲ་ཤིས་སྟོབས་ཀྱི་རྒྱལ་པོ་དབང་པོའི་སྡེ། །དཔལ་ལྡན་ཐེག་པ་མཆོག་གི་མཁའ་དབྱིངས་སུ། །ཟབ་དོན་འབྱོར་པའི་ཉིན་བྱེད་འཕྲིན་ལས་ཀྱིས། །སྐལ་བཟང་འདབ་བརྒྱ་རབ་ཏུ་རྒྱས་མཛད་པའི། །རྩ་བརྒྱུད་བླ་མའི་ཚོགས་ཀུན་ཕྱག་གི་ཡུལ། །ཡང་ཟབ་བླ་མ་སྨན་རྒྱལ་དབྱེར་མེད་དུ། །སྒྲུབ་པའི་ལས་བྱང་ཡོངས་འདུ་ས་བརྟོལ་དབང་། །མཆོག་ཐུན་དངོས་གྲུབ་ཆར་དུ་འབེབས་བྱེད་ན། །བློ་ལྡན་མཐའ་དག་དང་བའི་ཡིད་ཀྱིས་ཉོན། །དེ་ལ་འདིར་(༢ན)
ཟབ་ལམ་ཀུན་འདུས་བླ་མ་སྨན་རྒྱལ་སྒྲུབ་པའི་ལས་བྱང་ཁྲིགས་ཆགས་འཁྱེར་བདེ་བ་བརྗོད་པར་བྱའོ། །ཐོག་མར་སྐྱབས་སེམས་རྡོ་རྗེ་སེམས། །ཚོགས་ཞིང་གཏོར་བསྔོ་མཚམས་གཅད་དང་། །སྡིག་བཤགས་བྱིན་དབབ་མཆོད་གཏོར་བརླབ། །སྔོན་དུ་འགྲོ་བའི་ལས་རིམ་མོ། །དང་པོ་སྐྱབས་འགྲོ་ནི། ན་མོ་རིགས་འདུས་རྡོ་རྗེ་འཆང་། །ཕྱོགས་དུས་དཀོན་མཆོག་གསུམ་གྱི་དངོས། །བདག་གཞན་བྱང་ཆུབ་མ་ཐོབ་བར། །སྙིང་ནས་ཉེ་བར་སྐྱབས་སུ་མཆི། །གཉིས་པ་སེམས་བསྐྱེད་ནི། ནམ་མཁས་ཁྱབ་པའི་སེམས་ཅན་རྣམས། །སྡུག་བསྔལ་མཚོ་ལས་བསྒྲལ་བའི་ཕྱིར། །རྩ་བ་གསུམ་གྱི་གོ་འཕང་མཆོག །མ་ཐོབ་བར་དུ་བསྒྲུབ་པར་བྱ། །གསུམ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། །རང་གི་སྤྱི་བོར་པད་ཟླའི་སྟེང་། །ཧཱུྃ་དཀར་ལས་གྲུབ་རྡོ་རྗེ་སེམས། །ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། །ཕྱག་གཉིས་རྡོ་རྗེ་ དྲིལ་བུ ་འཛིན། །ཐུགས་ཀར་ཟླ་སྟེང་ཧཱུཾ་གི་མཐར། །ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར། །འོད་འཕྲོས་འཕགས་མཆོད་འགྲོ་དོན་བྱས། །བདུད་རྩི་མཐེབ་སོར་ནས་འཛགས་པས། །རང་གི་ལུས་བཀྲུས་སྡིག་སྒྲིབ་ཀུན། །མ་ལུས་བྱང་ཞིང་དག་པར་གྱུར། །ཡི་གེ་བརྒྱ་པ་བརྗོད། བཞི་པ་ཚོགས་ཞིང་ནི། རབ་ཡངས་མདུན་གྱི་ནམ་མཁའ་ལ། །པདྨ་(༢བ)
འདབ་བཞིའི་ལྟེ་བའི་དབུས། །སྨན་རྒྱལ་དབྱེར་མེད་ཀུ་ཎའི་ཞབས། །ཞི་འཛུམ་འགྲོ་ལ་ཆགས་པའི་ཉམས། །དབུ་སྐྲ་ལྕང་ལོ་མེ་ཏོག་སྤྲས། །ཕྱག་གཡས་མཆོག་སྦྱིན་ཨུཏྤ་ལའི། །ཡུ་བ་ནས་བཟུང་སྙན་གྱི་ཐད། །བྱེ་བའི་སྟེང་དུ་གླེགས་རལ་མཚན། །གཡོན་པ་ཆོས་འཆད་པད་སྡོང་གི །རྩ་བ་ནས་བཟུང་འདབ་མ་རྣམས། །སྙན་གྱི་ཐད་ཀར་རྒྱས་པའི་སྟེང་། །བདུད་རྩིས་གང་བའི་བུམ་པ་ལ། །གུར་ཀུམ་གཞོན་ནུའི་ཁ་རྒྱན་དང་། །ནོར་བུ་གསེར་རྡོར་ཨ་རུ་རས། །གཡས་གཡོན་དབུས་གསུམ་རྣམ་པར་མཚན། །སྣ་ཚོགས་དར་གྱི་ན་བཟའ་ཅན། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི། །འདབ་བཞིར་དཀར་སེར་དམར་ལྗང་གི །ལྷ་མོ་པི་ཝང་བྱ་རྒོད་དང་། །མི་རྐང་གླིང་བུ་མེ་ལོང་འཛིན། །མཛེས་སྡུག་རྒྱན་ལྡན་ལང་ཚོ་རྒྱས། །བདེ་སྟོང་རབ་རྒྱས་མཆོད་པ་འབུལ། །གཞན་ཡང་རྩ་གསུམ་ཆོས་སྲུང་བཅས། །མ་ལུས་འཁོར་གྱིས་བསྐོར་བར་གྱུར། །ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་སྤྱན་འདྲེན་གཤེགས། །སེང་ཁྲི་པད་སྡོང་ཉི་ཟླའི་སྟེང་དུ་བཞུགས། །བདག་གཞན་སྒོ་གསུམ་གུས་ཕྱག་རྟག་ཏུ་འཚལ། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་བས་མཆོད། །ཉེས་ལྟུང་ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས། །དུས་གསུམ་དགེ་བའི་ཚོགས་ལ་རྗེས་ཡི་རང་། །གང་ལ་གང་འདུལ་ཆོས་འཁོར་བསྐོར་བཞིན་དུ། །མྱ་ངན་མི་འདའ་འགྲོ་བའི་དོན་དུ་བཞུགས། །བསོད་ནམས་ཡེ་ཤེས་གང་བསགས་བྱང་ཆུབ་བསྔོ། །འཁོར་བ་དོང་སྤྲུགས་བདེ་ཆེན་མཆོག་ཐོབ་ཤོག །ལྔ་པ་གཏོར་མ་གཏོང་བ་ནི། རང་ཉིད་སྐད་ཅིག་དཔལ་ཆེན་རྟ་མགྲིན་དུ། །གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །རྫས་ཀྱི་སྐྱོན་སྦྱངས་རིན་ཆེན་སྣོད་ཡངས་སུ། །བདུད་རྩིའི་ངོ་བོ་འདོད་པའི་དངོས་པོར་གྱུར། །ཨོཾ་ཨཱཿཧཱུྃ། ཐུགས་ཀའི་(༣ན)
འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས། །དཀར་ཕྱོགས་སྐྱོང་བའི་ལྷ་དང་རིགས་དྲུག་འགྲོ །གནོད་བྱེད་གདོན་བགེགས་འབྱུང་པོའི་ཚོགས་རྣམས་ཀུན། །ཐོགས་པ་མེད་པར་གནས་འདིར་རབ་འདུས་ཤིག །ས་མ་ཡ་ཛཿ ས་མ་ཡ་སྟྭཾ། ཨཱོཾ་ཨརྒྷཾ་ནས་ཤཔྟའི་བར་དང་། ཨཱོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ། ཨ་དྱ་ནུཏྤནྣ་ཏཱཏྟ་ཨཱོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ན་མ༔སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁྭེ་བྷྱཿ སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲིཧྣ་ཏ་བ་ལིཾ་ཏ་ཡེ་སྭཱཧཱ། ཞེས་ལན་གསུམ་གྱིས་དཀར་གཏོར་བསྔོས་ལ། ཧཱུྃ། དཀར་ཕྱོགས་སྐྱོང་བའི་དམ་ཚིག་ཅན་རྣམས་དང་། །གཞི་བདག་ཚོགས་ཀུན་མཆོད་སྦྱིན་གཏོར་མ་ལོང་། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བར་ཆད་ཀུན་སོལ་མཐུན་རྐྱེན་མ་ལུས་སྒྲུབས། །འགྲོ་དྲུག་ལུས་ངག་ཡིད་གསུམ་རབ་ཚིམ་ནས། །སྡུག་བསྔལ་ཀུན་བྲལ་བདེ་ལ་སྤྱོད་གྱུར་ཅིག །ཡ་ཧི་གཙྪ། ན་མ༔སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨཱོཾ་སམྦྷ་ར་སཾ་བྷ་ར་ཧཱུྃ། ཁ་ཁ། ཁཱ་ཧི་ཁཱ་ཧི། ས་མ་ཡ་ན་ར་ཀན་བཛྲ་ཧཱུྃ་ཕཊ། ཅེས་ལན་གསུམ་གྱིས་དམར་གཏོར་བསྔོས། ཧཱུྃ། ཉོན་ཅིག་སྐལ་མེད་བགེགས་ཀྱི་ཚོགས། །ང་ནི་གདོད་ནས་ལྷུན་གྲུབ་པའི། །ཁྲོ་རྒྱལ་ཀུན་གྱི་རྗེ་བཙུན་ཡིན། །བདུད་དཔུང་ཐལ་བར་བརླག་པར་བྱེད། །གསང་ཆེན་རགས་འདུས་དཀྱིལ་འཁོར་འདིར། །ཁྱེད་ཅག་འཇུག་པའི་སྐབས་མེད་པས། །སྔོན་ལས་འཕྲལ་རྐྱེན་ཅི་ཡོད་ཀྱང་། །མཆོད་སྦྱིན་གཏོར་མ་འདི་ལོང་ལ། །གཞན་དང་གཞན་དུ་བྱེར་ཞིང་དེངས། །འདུག་ན་བརླག་པར་གདོན་མི་ཟ། །སུམ་བྷ་ནི་སོགས་དང་། སརྦ་བྷཱུ་ཏ་ཨུ་ཙཊྚ་ལ་ཕཊ། དྲུག་པ་མཚམས་བཅད་པ་ནི། ཧཱུྃ་ཧྲཱིཿ། རང་བྱུང་ཡེ་ཤེས་ཁྲོ་བོའི་རྒྱལ། །མ་རིག་ལོག་རྟོག་བགེགས་ཀྱི་གཤེད། །ལྷ་འདྲེར་འཛིན་པའི་འཁྲུལ་སྣང་བགེགས། །བདེ་ཆེན་ཀློང་དུ་རང་གྲོལ་(༣བ)
མཚམས། །སྟེང་འོག་ཕྱོགས་མཚམས་མ་ལུས་པ། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རྒྱ་གྲམ་མེ་དཔུང་གིས། །གོ་མཚམས་མེད་པར་ལེགས་གཏམས་པའི། །འཇིགས་རུང་སྲ་བརྟན་སྲུང་བ་ཡི། །གུར་ཁང་མཚམས་ལས་མ་འདའ་ཅིག །ཨཱོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནི། གནོད་བྱེད་འབྱུང་པོ་སརྦ་བིགྷྣཱན་ཨུ་ཙ་ཊ་ཡ་ཧཱུྃ་ཕཊ། བཛྲ་ཙཀྲ་རཏྣ་པདྨ་ཀརྨ་ཛྭ་ལ་རཾ་རཀྵ་རཀྵ་ཧཱུྃ། བདུན་པ་བཤགས་པ་ནི། སྲུང་འཁོར་ནང་གི་མདུན་གྱི་བར་སྣང་ལ། །རྩ་གསུམ་ལྷ་ཚོགས་གཤེགས་ཤིང་བཞུགས་སུ་གསོལ། །བཛྲ་ས་མ་ཛཿ སྐྱབས་གནས་བདག་ལ་བརྩེར་དགོངས་མཛོད། །ཐོག་མེད་དུས་ནས་ད་ལྟའི་བར། །བདག་གཞན་ལུས་ངག་ཡིད་གསུམ་གྱིས། །མི་དགེ་གང་བགྱིས་མཐོལ་ཞིང་བཤགས། །ཁྱད་པར་རྡོ་རྗེ་ཐེག་པ་ཡི། །རྩ་བ་ཡན་ལག་དམ་ཚིག་གི །ཉེས་ལྟུང་དྲི་མས་སྦགས་པ་ཀུན། །སྙིང་ནས་བཤགས་སོ་དངོས་གྲུབ་སྩོལ། །བརྒྱད་པ་བྱིན་དབབ་པ་ནི། ཧཱུྃ། བདེ་ཆེན་འགྱུར་མེད་ཆོས་སྐུའི་ཀློང་ཡངས་ནས། །གྲངས་མེད་གཟུགས་སྐུའི་རྣམ་པར་སྟོན་མཛད་པའི། །རིགས་འདུས་བླ་མ་སྨན་རྒྱལ་དཀྱིལ་འཁོར་གྱི། །ཞི་དང་ཁྲོ་བོའི་ལྷ་ཚོགས་དགོངས་སུ་གསོལ། །བླ་མ་རྡོར་སེམས་རིགས་བཞི་འཁོར་དང་བཅས། །རྟ་ཕག་ཡབ་ཡུམ་ཆོས་སྐྱོང་དམ་ཅན་ཚོགས། །མི་མངོན་དབྱིངས་ནས་གནས་འདིར་སྐུ་བཞེངས་ལ། །སྐུ་གསུང་ཐུགས་ཀྱི་བྱིན་ཆེན་མ་ལུས་ཕོབ། །གནས་ཁང་འདི་ལ་གཟི་བརྗིད་བཀྲག་མདངས་སྐྱེད། །སྒྲུབ་པའི་རྫས་ལ་མཐུ་སྟོབས་ནུས་པ་སྟིམ། །རིག་འཛིན་ཚོགས་ལ་བྱིན་རླབས་དབང་བཞི་སྐུར། །རེ་བའི་འབྲས་བུ་མཆོག་ཐུན་དངོས་གྲུབ་སྩོལ། །ཨཱོཾ་བཛྲ་མཧཱ་གུ་རུ་སརྦ་གུ་ཎ་སིདྡྷི་ཏིཥྛ་ཨ་བེ་ཤ་ཡ་ཨ་ཨཿ དགུ་པ་མཆོད་གཏོར་བྱིན་གྱིས་བརླབ་པ་ནི། ཨཱོཾ་ཡིག་དཀར་པོ་འོད་འབར་(༤ན)
བ། །རིགས་ལྔ་ཡབ་ཡུམ་ངོ་བོ་ཉིད། །མཚན་ལྡན་ཐོད་པར་ཞུ་བ་ལས། །འཆི་མེད་ཡེ་ཤེས་བདུད་རྩིར་གྱུར། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཐཱ། ཨཱ༔ཡིག་དམར་པོ་འོད་འབར་བ། །འཁོར་བ་སྐྱེ་མེད་དབྱིངས་སུ་སྒྲོལ། །མཚན་ལྡན་ཐོད་པར་ཞུ་བ་ལ། །ཉོན་མོངས་འཇོམས་པའི་རཀྟར་གྱུར། །མཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊ། ཧཱུྃ་ཡིག་མཐིང་ཁ་འོད་འབར་བ། །བདེ་ཆེན་ཐུགས་ཀྱི་ངོ་བོ་ཉིད། །མཚན་ལྡན་ཐོད་པར་ཞུ་བ་ལས། །འདོད་ཡོན་མི་ཟད་གཏོར་མར་གྱུར། །ཨཱོཾ་ཨཱཿམཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་པཱ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་སྭཱཧཱ། །ཧྲཱིཿཡིག་འོད་ལྔ་རབ་གསལ་བ། །ལས་རྣམས་ཀུན་བྱེད་ནམ་མཁའ་མཛོད། །མཚན་ལྡན་ཐོད་པར་ཞུ་བ་ལས། །ཕྱི་ནང་གསང་མཆོད་བསམ་མི་ཁྱབ། །ཨརྒྷཾ་ནས། ཤཔྟ་པཱུ་ཛ་མེ་གྷ་ཨཱོཾ་ཨཱཿཧཱུྃ། རཱུ་པ་ནས། སྤཪྴ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མཧཱ་མེ་ས་རཀྟ་ཀཾ་ནི་རི་ཏི་བོ་དྷི་ཙིཏྟ་མཧཱ་སུ་ཁ་ག་ཎ་གུ་ཧྱ་པཱུ་ཛ་ཧོཿ ཏིང་འཛིན་རྣམ་གསུམ་གཞལ་ཡས་ཁང་། །ལྷ་སྐྱེད་སྤྱན་འདྲེན་བཞུགས་གསོལ་ཕྱག །མཆོད་བསྟོད་བཟླས་པའི་རིམ་པ་རྣམས། །ཉམས་ལེན་དངོས་གཞིའི་བྱ་བར་ངེས། །དང་པོ་ཏིང་ངེ་འཛིན་གསུམ་ནི། ཧཱུྃ། ཆོས་རྣམས་མི་དམིགས་སྤྲོས་དང་བྲལ། །སྐྱེ་མེད་སྟོང་གསལ་ནམ་མཁའ་ཆེ། །ཨཱོཾ་མཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ལྟར་མ་རྟོགས་སེམས་ཅན་ལ། །མི་ཟད་སྙིང་རྗེ་ཀུན་ཁྱབ་བསྒོམ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི། །ངང་ནས་འགྲོ་དོན་བསྒྲུབ་པའི་ཕྱིར། །རང་རིག་གསེར་གྱི་རྡོ་རྗེར་གྱུར། །གཉིས་པ་གཞལ་ཡས་ཁང་ནི། །དེ་ལས་ཨེ་འཕྲོས་ནམ་མཁའ་ཆེར། །ཡཾ་འཕྲོས་རླུང་གི་དཀྱིལ་འཁོར་ཏེ། །རཾ་འཕྲོས་རཀྟའི་རྒྱ་མཚོ་འཁྲུག །སུཾ་ལས་ཞིང་ཆེན་ས་གཞི་གདལ། །ཀེཾ་ལས་རུས་པའི་རི་རབ་སྟེང་། །(༤བ)
རཾ་ལས་བསྐལ་པའི་མེ་དཔུང་འབར། །དེ་དབུས་སྣ་ཚོགས་བྷྲུཾ་འཕྲོས་ཏེ། །ཡོངས་གྱུར་ཡེ་ཤེས་གཞལ་ཡས་ཁང་། །ཁྱམས་སྒོ་རྟ་བབས་མཚན་ཉིད་རྫོགས། །གསུམ་པ་ལྷ་སྐྱེད་པ་ནི། དེ་དབུས་པད་སྡོང་འདབ་མ་བཞི། །ཟླ་ཉི་བདུད་བཞིའི་རོ་གདན་སྟེང་། །ཧྲཱིཿ མ་ཧ་རི་ནི་ས་རྣམས། །དབུས་དང་འདབ་བཞི་སོ་སོར་གསལ། །དེ་ལས་འོད་འཕྲོས་སངས་རྒྱས་མཆོད། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས། །ཚུར་འདུས་རྡོ་རྗེ་གྲི་གུག་གྱུར། །དེ་ཉིད་གནས་གྱུར་དྲན་རྫོགས་སུ། །རྟ་མཆོག་དབང་ཆེན་སྐུ་མདོག་དམར། །དབུ་གཙུག་རྟ་མགོ་རྟ་སྐད་འཚེར། །དབང་སྡུད་གྲི་གུག་ཕྱག་གཡས་འཕྱར། །མཱ་རའི་ཁྲག་བཀང་ཐོད་པ་གཡོན། །བདུད་བཞིའི་སྟེང་ན་བརྐྱང་བསྐུམ་འགྱིང་། །རྡོ་རྗེ་ཕག་མོས་མགུལ་ནས་མཁྱུད། །མེ་དཔུང་འབར་བའི་ཀློང་དཀྱིལ་བཞུགས། །ཕྱོགས་བཞིའི་འདབ་མར་རྡོ་རྗེ་དང་། །རིན་ཆེན་པདྨ་འཕྲིན་ལས་ཀྱི། །མཁའ་འགྲོ་མཐིང་སེར་དམར་ལྗང་མདོག །རུས་པའི་རྒྱན་སྤྲས་གྲི་ཐོད་འཛིན། །བརྐྱང་བསྐུམ་གར་སྟབས་ཚུལ་གྱིས་འགྱིང་། །སྤྱི་གཙུག་པད་སྡོང་འདབ་བཞིའི་དབུས། །ཉི་མ་ཟླ་བའི་གདན་སྟེང་དུ། །རིགས་འདུས་བླ་མ་རྡོ་རྗེ་སེམས། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་ཐོད་པ་གཡོན། །གཅེར་བུ་རིན་ཆེན་རུས་རྒྱན་སྤྲས། །ཁྲོ་འཛུམ་འགྱིང་བག་སྐྱིལ་ཀྲུང་གི །པང་དུ་རང་རིགས་གསང་བའི་ཡུམ། །རབ་མཛེས་གྲི་ཐོད་འཛིན་པས་མཁྱུད། །ཕྱོགས་བཞིར་རིག་པའི་ཡེ་ཤེས་ཀྱི། །ངོ་བོ་དཀར་སེར་དམར་ལྗང་མདོག །རྣམ་སྣང་རིན་འབྱུང་འོད་དཔག་མེད། །དོན་གྲུབ་རྣམ་བཞི་ཡུམ་དང་སྦྱོར། །འཁོར་ལོ་རིན་ཆེན་པདྨ་དང་། །རྒྱ་གྲམ་རབ་འཛིན་ཆ་ལུགས་རྣམས། །གཙོ་བོ་ཇི་བཞིན་བཞུགས་པའི་མཐར། །ཡི་དམ་ཆོས་སྐྱོང་སྲུང་མ་རྣམས། །སྤྲིན་ཕུང་འཁྲིགས་པ་ལྟ་བུར་གྱུར། །བཞི་པ་སྤྱན་འདྲེན་པ་ནི། །(༥ན)
ཧཱུྃ་ཧྲཱིཿ ཆོས་དབྱིངས་སྤྲོས་བྲལ་ངང་ཉིད་ལས། །རིགས་འདུས་བླ་མ་སྐུ་བཞེངས་ཤིག །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨཱོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནི། བཛྲ་ས་མ་ཡ་ཛཿ ཨེ་ཧྱ་ཧི། ལྔ་པ་བཞུགས་སུ་གསོལ་བ་ནི། །དུས་གསུམ་རྒྱལ་བ་ཀུན་འདུས་པའི། །གསང་ཆེན་དཀྱིལ་འཁོར་དམ་པ་འདིར། །དབྱེར་མེད་ཆུ་ལ་ཆུ་བཞག་བཞིན། །དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། དྲུག་པ་ཕྱག་འཚལ་བ་ནི། ཧཱུྃ་ཧྲཱི༔ རྩ་གསུམ་དཀྱིལ་འཁོར་མ་ལུས་པ། །ཀུན་འདུས་བླ་མ་སྨན་རྒྱལ་གྱི། །རྟེན་དང་བརྟེན་པར་བཅས་པ་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ན་མོ་ཨ་ཏི་ལུ་ཧོཿ པྲ་ཏི་ཛ་ཧོཿ བདུན་པ་མཆོད་པ་འབུལ་བ་ནི། མེ་ཏོག་བདུག་སྤོས་མར་མེ་དྲི་དང་བཤོས། །རོལ་མོ་ལ་སོགས་ཡིད་འོང་ཕྱིར་མཆོད་པ། །དབང་པོ་ལྔ་དང་བསུར་ཆེན་ཞུན་ཆེན་མེ། །དྲི་ཆེན་དྲི་ཆུ་ཐོད་རྔ་རྐང་གླིང་སྒྲ། །དུག་གསུམ་སྐུ་གསུམ་དུག་ལྔ་ཡེ་ཤེས་ལྔ། །སྣང་སྲིད་འཁོར་འདས་བདེ་ཆེན་ཀློང་དུ་མཆོད། །ཨརྒྷཾ་ནས། ཤཔྟའི་བར་བརྗོད་དེ་ཕྱི་ནང་གི་མཆོད་པ་དབུལ་ལོ། །ཐབས་ཤེས་ཟླ་གསང་ཐིག་ལེ་ལས། །དཀར་དམར་བདེ་ཆེན་ཡེ་ཤེས་རྫས། །བླ་མ་ཡི་དམ་མཁའ་འགྲོ་ལ། །གཉིས་མེད་ངང་དུ་འབུལ་གྱི་བཞེས། །བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོཿཞེས་གསང་མཆོད་དབུལ་ལོ། །ཧཱུྃ་རྩ་བ་ཡན་ལག་སྟོང་སྦྱར་སྨན། །དུག་ལྔ་ཡེ་ཤེས་ལྔར་གྱུར་པ། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་མཆོད་པ་འབུལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི༔ཐ། རྒྱལ་བ་སྨན་བླ་རིག་འཛིན་པདྨ་འབྱུང་། །དཔལ་ལྡན་ཕྲེང་བ་རྗེ་བཙུན་གཡུ་ཐོག་ཞབས། །ཡེ་ཤེས་གཟུངས་དང་དཔལ་ལྡན་གཞོན་ནུ་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་བཞེས་སུ་(༥བ)
གསོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི༔ཐ། སངས་རྒྱས་རིན་ཆེན་རིན་ཆེན་རྡོ་རྗེ་དང་། །དོན་གྲུབ་རྒྱལ་མཚན་དཀོན་མཆོག་སྐྱབས་ཀྱི་ཕུལ། །རིན་ཆེན་བསོད་དབང་རྣལ་འབྱོར་ཆེན་པོ་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་བཞེས་སུ་གསོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐ། རི་ཁྲོད་ཞིག་པོ་ཟུར་མཁར་མཉམ་ཉིད་རྗེ། །དཀོན་མཆོག་པ་དང་ནམ་མཁའ་དཔལ་ལྡན་ཞབས། །མངའ་རིས་རིག་འཛིན་ལེགས་ལྡན་རྡོ་རྗེ་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་བཞེས་སུ་གསོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི༔ཐ། བཀྲ་ཤིས་སྟོབས་རྒྱལ་ངག་གི་དབང་པོའི་དཔལ། །གསང་ཆེན་ཆོས་ཀྱི་མཛོད་འཛིན་ཨཱ་ནནྡ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་བཞེས་སུ་གསོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐ། ཀུན་འདུས་རིགས་ལྔ་རྟ་ཕག་ཡབ་ཡུམ་དང་། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ཚོགས། །སྨན་གྱི་དྲང་སྲོང་ལྷ་མོར་བཅས་པ་ལ། །བདུད་རྩི་སྨན་མཆོད་འབུལ་ལོ་བཞེས་སུ་གསོལ། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི༔ཐ། ཞེས་བདུད་རྩི་སྨན་མཆོད་དབུལ་ལོ། །ཧྲཱིཿའཁོར་འདས་ཕྱི་ནང་གསང་བ་ཤེས་བྱ་དང་། །ཤེས་བྱེད་ལས་འདས་དམ་ཚིག་རྡོ་རྗེ་ཆེ། །ཐབས་ཤེས་མཐེབ་སྲིན་ཕྱག་རྒྱས་ཆོ་ག་བཞིན། །མྱངས་པས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཀཱ་ཡ་ཝ་ཀ་ཙིཏྟ་སིདྡྷི་ཨཱོཾ་ཨཱཿཧཱུྃ། ཞེས་དངོས་གྲུབ་བླང་། ཧཱུྃ། བནྡྷ་མཚན་ལྡན་འབར་བའི་སྣོད། །བདུད་བཞི་བསྒྲལ་བའི་སྙིང་ཁྲག་བཅུད། །རྣམ་རྟོག་འཁོར་བ་དབྱིངས་སྒྲོལ་ཕྱིར། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །མཧཱ་རཀྟ་སོགས་བརྗོད་དེ་རཀྟ་དབུལ་ལོ། །ཧཱུྃ། སྣོད་བཅུད་གཏོར་མར་ལྷུན་གྱིས་གྲུབ། །གཉིས་སུ་མེད་པར་བྱིན་གྱིས་བརླབས། །འདོད་ཡོན་ལྷ་མོས་རབ་བརྒྱན་པ། །བདེ་བ་ཆེན་པོར་བཞེས་སུ་གསོལ། །ཨཱོཾ་ཨཱཿཧཱུྃ་བཛྲ་མཧཱ་གུ་རུ་སརྦ་གུ་ཎ་(༦ན)
སིདྡྷི་ཨཱོཾ་ཨཱཿཧཱུྃ་སྭཱཧཱ། མུཾ་ལཾ་མཾ་སྱཾ་ཏཾ། ཧྲཱིཿམཿཧ་རི་ནི་ས་ཙིཏྟ་ཧྲིང་ཧྲིང་། ས་པ་རི་ཝཱ་ར་ད་མ་བ་ལིཾ་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི། དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཞེས་གཏོར་མ་དབུལ་ལོ། །ཧཱུྃ། སྐྱེ་བ་མེད་ལ་ཐམས་ཅད་སྐྱེ། །སྐྱེས་ཙམ་ཉིད་ལ་སྐྱེ་བ་དྲན། །འདུ་འབྲལ་མེད་པ་རྡོ་རྗེའི་གླུ། །ཉམས་དབྱངས་རང་གྲོལ་ཡེ་ཤེས་མཆོད། །ཨཱོཾ་ཏེ་ཏེ་ཧཱུྃ། ཏེ་ན་ཧཱུྃ། ཏེ་ཕུ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཧོ༔ ཞེས་རྡོ་རྗེའི་གླུས་མཆོད་དོ། །བརྒྱད་པ་བསྟོད་པ་ནི། ཧཱུྃ་ཧྲཱི༔ ཆོས་དབྱིངས་བདེ་ཆེན་ཀུན་གསལ་ཡངས་པའི་ངོས། །སྣ་ཚོགས་གཟུགས་སྐུའི་རྟ་ལྗང་དབང་པོ་ཡིས། །མཆོག་ཐུན་དངོས་གྲུབ་འདབ་བརྒྱ་བཞད་མཛད་པའི། །རྩ་གསུམ་རིགས་འདུས་ལྷ་ལ་ཕྱག་འཚལ་ལོ། །བདེ་ཆེན་ལང་ཚོ་བཻ་ཌཱུར་མཐིང་ཁ་དང་། །ལྷན་ཅིག་འཁྱིལ་བའི་བཞིན་ལག་མཚན་དཔེའི་འཇའ། །ཁྲོ་འཛུམ་འགྱིང་བག་རོལ་བའི་དཀྱིལ་འཁོར་གཙོ། །བླ་མ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །རྣམ་ཤེས་སྒྲིབ་བྲལ་ཆོས་དབྱིངས་རྟ་ལྗང་ཅན། །ཨིནྡྲ་ནཱི་ལར་འགྲན་བཟོད་རྡོ་རྗེའི་རིགས། །ཞེ་སྡང་ཀུནྡ་ཟུམ་བྱེད་མི་བསྐྱོད་པ། །དཀྱིལ་འཁོར་ཁྱབ་བདག་རིགས་ཀྱི་བདག་པོ་འདུད། །གཟུགས་ཕུང་རྙོག་བྲལ་རབ་དངས་མེ་ལོང་ཆུ། །ཟླ་ཤེལ་ཞུན་མར་འཁུ་བའི་སངས་རྒྱས་རིགས། །གཏི་མུག་མུན་པ་དྲུངས་འབྱིན་རྣམ་སྣང་མཛད། །སྐུ་ཡི་རིག་པའི་ཡེ་ཤེས་ལ་ཕྱག་འཚལ། །ཚོར་ཕུང་ཡོངས་དག་མཉམ་ཉིད་ཙན་དན་ཤིང་། །གསེར་སྦྱངས་གཙོ་མར་འགྲན་བཟོད་རིན་ཆེན་རིགས། །ང་རྒྱལ་ཚ་གདུང་དྲུངས་འབྱིན་རིན་འབྱུང་ལྡན། །ཡོན་ཏན་རིག་པའི་ཡེ་ཤེས་ལ་ཕྱག་འཚལ། །འདུ་ཤེས་རྣམ་དག་སོར་རྟོག་ཟིལ་དངར་བཅུད། །བྱུ་རུའི་ལྷུན་པོའི་རྗེས་འགྲོ་པདྨའི་རིགས། །འདོད་ཆགས་ནད་ཀུན་སེལ་བའི་འོད་(༦བ)
དཔག་མེད། །གསུང་གི་རིག་པའི་ཡེ་ཤེས་ལ་ཕྱག་འཚལ། །འདུ་བྱེད་དག་པ་བྱ་གྲུབ་ཡིད་བཞིན་ནོར། །མར་གད་གསར་པའི་དཔལ་འཛིན་ལས་ཀྱི་རིགས། །ཕྲག་དོག་དབུལ་བ་སེལ་བའི་དོན་ཡོད་གྲུབ། །ཕྲིན་ལས་རིག་པའི་ཡེ་ཤེས་ལ་ཕྱག་འཚལ། །གདོད་ནས་དབྱེར་མེད་ཆུ་ནང་ཟླ་གཟུགས་ལྟར། །མཛེས་སྡུག་ལྷ་མོར་ཤར་བའི་ཡུམ་ཆེན་ལྔ། །སྐེད་ཕྲ་ནུ་འབུར་རྒྱས་པའི་འཇོ་སྒེག་གིས། །ཟག་མེད་བདེ་ཆེན་རྒྱས་པར་མཛད་ལ་བསྟོད། །བརྩེ་ཆེན་སྙིང་རྗེའི་ཆུ་གཏེར་མ་འཁྲུགས་ཀྱང་། །དྲག་པོའི་འཕྲིན་ལས་ཡོལ་མེད་རླབས་ཕྲེང་ཅན། །གར་དགུའི་ཉམས་ཀྱིས་རོལ་བའི་ཧེ་རུ་ཀ །དབང་ཆེན་རྟ་ཕག་ཡབ་ཡུམ་ལ་ཕྱག་འཚལ། །དཀྱིལ་འཁོར་ཁྱབ་བདག་དབང་པོའི་གསང་གསུམ་གྱི། །སྣ་ཚོགས་སྤྲུལ་པའི་རོལ་གར་གྲངས་མེད་ལས། །ལེགས་གྲུབ་རིགས་བཞིའི་མཁའ་འགྲོ་ཞི་ཁྲོའི་ལྷ། །ཆོས་སྲུང་དྲང་སྲོང་ཚོགས་ལ་ཕྱག་འཚལ་ལོ། །དགུ་པ་འཛབ་བཟླ་བ་ནི། རང་ཉིད་ལྷར་གསལ་དཀྱིལ་འཁོར་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ལ་སྔགས་ཕྲེང་དཀར་དམར་མཐིང་། །འོད་ཟེར་དཔག་མེད་འཕྲོས་པས་སངས་རྒྱས་རྣམས། །མཆོད་པས་མཉེས་ཤིང་བྱིན་རླབས་མ་ལུས་བསྡུས། །སེམས་ཅན་སྒྲིབ་སྦྱངས་རྩ་གསུམ་གོ་འཕང་བཀོད། །སྣོད་བཅུད་གཞལ་ཡས་ལྷ་དང་ལྷ་མོར་གྱུར། །མིག་གི་སྣང་བ་མཐའ་དག་རྒྱལ་བའི་སྐུ། །རྩ་བར་ཐོས་པ་མ་ལུས་གྲགས་སྟོང་གསུང་། །ཡིད་ངོར་ཤར་ཀུན་གསལ་སྟོང་རིག་པའི་གཤིས། །བློ་འདས་བརྗོད་མེད་གཉུག་མའི་ཀློང་དུ་གྱུར། །ཨཱོཾ་ཨཱཿཧཱུྃ་བཛྲ་མཧཱ་གུ་རུ་སརྦ་གུ་ཎ་སིདྡྷི་ཧཱུྃ། ཨཱོཾ་ཨཱ༔ཧཱུྃ་སྭཱཧཱ། མུཾ་ལཾ་མཾ་སྱཾ་ཏཾ། ཧྲཱིཿམཿཧ་རི་ནི་ས་ཙིཏྟ་ཧྲིང་ཧྲིང་། ས་མ་ཡ་ཛཿཧཱུྃ་བཾ་ཧོཿ སརྦ་སིདྡྷི་ཧཱུྃ་ཨཱཿ ཞེས་གཙོ་འཁོར་ཐམས་ཅད་དྲིལ་བའི་སྔགས་རིང་འདི་ལ་རྒྱུན་གྱི་བཟླས་པ་བྱའོ། །ཧཱུྃ་ཧྲཱིཿ སྐྱེ་མེད་དབྱིངས་ལས་འགག་(༧ན)
མེད་རྩལ་ཤར་བ། །མཁྱེན་བརྩེ་ནུས་པས་འགྲོ་འདུལ་རྩ་གསུམ་ལྷ། །རང་བཞིན་གནས་ནས་སྤྱན་འདྲེན་གཉིས་མེད་བཞུགས། །ཕྱག་འཚལ་མཆོད་འབུལ་སྡིག་བཤགས་བསྟོད་ཅིང་བསྐུལ། །བསྙེན་སྒྲུབ་ལས་སྦྱོར་བཟླས་བརྗོད་ཏིང་འཛིན་བསྒོམ། །མི་མཐུན་ཕྱོགས་ཀུན་ཞི་ཞིང་འདོད་དགུ་རྒྱས། །རང་སྣང་དབང་བསྡུས་ལོག་རྟོག་དགྲ་བགེགས་ཐུལ། །མཆོག་ཐུན་དངོས་གྲུབ་དུས་འདིར་མྱུར་སྩོལ་མཛད། ཅེས་འཛབ་བསྟོད་བྱའོ། །ཚོགས་མཆོད་བྱིན་བརླབ་སྤྱན་འདྲེན་འབུལ། །བཤགས་བསྒྲལ་བཀའ་སྲུང་མཆོད་ཅིང་རོལ། །ལྷག་མ་དངོས་གྲུབ་ཆད་མདོ་སྐྱོང་། །རྟ་བྲོ་གཏང་རག་བཟོད་གསོལ་བསྡུ། །བསྔོ་སྨོན་བཅུ་བདུན་མཇུག་གི་རིམ། །དང་པོ་ནི། ཧཱུྃ་ཧྲཱིཿ རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་བསྲེགས་སྦྱངས་བཀྲུས། །ཨཱོཾ་ཨཱཿཧཱུཾ་གིས་ཡེ་ཤེས་བདུད་རྩིར་གྱུར། །འདོད་ཡོན་ལྷ་མོ་མཆོད་རྫས་སྤྲིན་ཕུང་གཏིབས། །མཧཱ་ག་ཎ་ཙཀྲ་སརྦ་ཕ་ལ་ཧོ༔ གཉིས་པ་སྤྱན་འདྲེན་ནི། ཧཱུྃ་ཧྲཱིཿརིགས་འདུས་རྒྱལ་བའི་ལྷ་ཚོགས་རྣམས། །ཐུགས་དམ་ཐུགས་རྗེས་བརྩེར་དགོངས་ལ། །ཚོགས་ཀྱི་མཆོད་པ་བཞེས་སླད་དུ། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ས་མ་ཡ་ཛཿ གསུམ་པ་འབུལ་བ་ནི། ངོ་བོ་ཟག་མེད་བདུད་རྩི་ལ། །འདོད་པའི་ཡོན་ཏན་ལྔ་ལྡན་པའི། །ཚོགས་ཀྱི་མཆོད་པ་དམ་པ་འདི། །བརྩེ་བས་བཞེས་ལ་དངོས་གྲུབ་སྩོལ། །ག་ཎ་ཙཀྲ་སརྦ་པཱུ་ཛ་ཧོཿ། བཞི་པ་བཤགས་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར་དག་ཏུ། །གསང་བ་སྔགས་ཀྱི་དམ་ཚིག་མ་ལུས་དང་། །ཁྱད་པར་སྨན་གཞུང་ལས་གསུངས་དམ་བཅའ་ལས། །འགལ་འཁྲུལ་ནོངས་པ་མ་ལུས་མཐོལ་ལོ་བཤགས། །ཡི་གེ་བརྒྱ་པ་བརྗོད། ལྔ་པ་བསྒྲལ་མཆོད་ནི། རྩ་གསུམ་ལྷ་ཚོགས་སྔགས་དང་(༧བ)
ཕྱག་རྒྱ་དང་། །ཏིང་འཛིན་མཐུ་ཡིས་ལོག་འདྲེན་དགྲ་བགེགས་ཀུན། །ཐར་མེད་གྲུ་གསུམ་ལྕགས་ཁང་འབར་བའི་ནང་། །དམིགས་རྟེན་གཟུགས་ཀྱི་ཉ་བོ་འདི་ལ་ཁུག །ཧཱུྃ། ཁྲོ་རྒྱལ་རྟ་མགྲིན་ཁྲག་འཐུང་ཧེ་རུ་ཀ །འཇིགས་རུང་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན། །སྐུ་སྨད་གནམ་ལྕགས་འབར་བའི་ཕུར་བུ་ཡིས། །དམ་ཉམས་དགྲ་བོའི་སྙིང་ལ་མཱ་ར་ཡཱ། །ཞེས་བསྒྲལ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པ་རྣམས། །ངོ་བོ་བདུད་རྩིའི་རྒྱ་མཚོར་བྱིན་བརླབས་ནས། །རྩ་གསུམ་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་དབུལ། །བཞེས་ནས་འཕྲིན་ལས་རྣམ་བཞི་གྲུབ་པར་མཛོད། །ཅེས་བཏབ་པ་བྱ། དྲུག་པ་ཆོས་སྲུང་མཆོད་པ་ནི། རྒྱས་པ་རྡོ་རྗེ་འཆང་ཨཱ་ནནྡས་མཛད་པའི་དམ་སྐོང་དྲེགས་པ་ཚར་གཅོད་བྱ་ཞིང་། བསྡུ་ན་འདི་ལྟར། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་ཚོགས། །མཐུ་སྟོབས་གཅིག་བསྡུས་པདྨ་འབྱུང་གནས་དང་། །དབྱེར་མེད་རྗེ་བཙུན་མ་ཧཱ་གུ་ཎ་ཡིས། །ཐུགས་རྗེའི་མཐུ་དཔུང་དུས་འདིར་སྩལ་དུ་གསོལ། །ཆོས་དབྱིངས་སྤྲོས་བྲལ་བདེ་བ་ཆེན་པོ་ལས། །གཉིས་མེད་གཉིས་སུ་རོལ་བའི་སྒྱུ་མ་མཁན། །བསྟན་སྲུང་དབང་པོ་དམ་ཅན་སྡེ་དགུའི་ཚོགས། །གནས་འདིར་ཐོགས་པ་མེད་པར་ད་ཚུར་སྤྱོན།།འཇིགས་རུང་དུར་ཁྲོད་འབར་བའི་གཞལ་ཡས་དབུས། །དགྲ་བགེགས་ཁྲག་ཞག་འཁྱིལ་བའི་ཆོས་འབྱུང་ནང་། །པདྨ་ཉི་ཟླ་དགྲ་བགེགས་གདན་སྟེང་དུ། །བསྟན་སྲུང་འཁོར་བཅས་དགྱེས་བཞིན་བརྟན་པར་བཞུགས། །མཚོ་སྐྱེས་རྡོ་རྗེ་རྗེ་བཙུན་གཡུ་ཐོག་ཞབས། །རྩ་བརྒྱུད་བླ་མས་བཀའ་བསྐོས་དམ་བསྒྲགས་པ། །དྲན་པར་མཛོད་ལ་རྣལ་འབྱོར་བདག་ཅག་གི །བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །བཀའ་སྲུང་འཁོར་དང་བཅས་པའི་སྤྱན་ལམ་དུ། །མེ་ཏོག་བདུག་སྤོས་སྣང་གསལ་མར་(༨ན)
མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་རྟ་གཡག་ལུག །བྱ་ཁྱི་གོ་མཚོན་སྐུ་གསུང་ཐུགས་རྟེན་རྫས། །འབོད་པའི་གཡབ་དར་དྲག་པོ་སྒྲུབ་པའི་རྫས། །སྐུ་མཁར་པདྨ་ཉི་ཟླ་མདའ་དར་དང་། །དམར་ཆེན་གཏོར་མ་བདུད་རྩི་རཀྟ་སོགས། །དངོས་བཤམས་ཡིད་སྤྲུལ་འཁོར་དང་བཅས་ལ་འབུལ། །སྲིན་པོའི་གཟུགས་ཅན་དར་ནག་འཇོལ་བེར་གསོལ། །གྲི་གུག་ཐོད་འཛིན་བེང་ཆེན་རྐེད་ལ་བཙུགས། །མི་མགོའི་ཕྲེང་བརྒྱན་རྟ་ནག་རྟིང་དཀར་ཆིབས། །གནོད་སྦྱིན་རྡོ་རྗེ་བདུད་འདུལ་ཁྱོད་ལ་བསྟོད། །སྲིན་མོ་མཐིང་ནག་དྲེའུ་ག་པ་ཞོན། །མཚོན་དྲུ་ནད་རྐྱལ་རབ་བཏགས་གྲི་ཐོད་འཛིན། །སྤྱི་བོར་ཟླ་ཚེས་ལྟེ་བར་ཉི་མས་བརྒྱན། །སྔགས་སྲུང་ཨེ་ཀ་ཛ་ཏི་ཁྱོད་ལ་བསྟོད། །སྲིན་པོ་དབུ་དགུ་བྱ་རོག་མགོ་བོས་བརྒྱན། །ཕྱག་གཉིས་སྦྲུལ་ཞགས་རྭ་ཡི་མདའ་གཞུ་བསྣམས། །ལུས་པོ་མིག་དང་སྐུ་སྨད་སྤྲུལ་མཇུག་འཁྱིལ། །གཟའ་བདུད་ཁྱབ་འཇུག་ནག་པོ་ཁྱོད་ལ་བསྟོད། །ལྕེ་སྤྱང་གདོང་ཅན་ཕྱག་བཞི་གྲི་ཐོད་དང་། །དགྲ་ཟོར་རྒྱུ་ཞགས་མི་མགོ་འཕྱར་ཞིང་འཛིན། །དུར་བྱ་མགོ་དགུ་ལ་ཞོན་དུར་ཁྲོད་བདག །མཁའ་འགྲོ་ལྕེ་སྤྱང་མཆུ་དམར་ཁྱོད་ལ་བསྟོད། །སྟག་གི་གདོང་ཅན་ཟངས་གྲི་རྒྱུ་ཞགས་ཐོགས། །སྙིང་གི་ཕྲེང་བས་ལུས་བརྒྱན་གཡུ་འབྲུག་ཞོན། །སྟོང་གསུམ་སྐད་ཅིག་ཉུལ་བའི་མཐུ་སྟོབས་ཅན། །གནོད་སྦྱིན་བཤན་པ་དམར་པོ་ཁྱོད་ལ་བསྟོད། །སྲིན་པོ་འཇིགས་རུང་གཡས་པ་སྤུ་གྲི་དང་། །གཡོན་པ་གློ་སྙིང་ཐོགས་ཤིང་མགོ་ཕྲེང་བརྒྱན། །དར་ནག་འཇོལ་བེར་རབ་གསོལ་སེང་གེ་ཞོན། །དམ་ཅན་སྲོག་གི་སྤུ་གྲི་ཁྱོད་ལ་བསྟོད། །སྲིན་ཞལ་སྤྱི་བོར་སྤྱང་གདོང་མཆེ་རིང་ཅན། །རལ་གྲི་རྩེ་གསུམ་རྒྱུ་མའི་ཞགས་པ་འཛིན། །མི་ལྤགས་གོས་གྱོན་རོལ་བས་མགོ་དགུ་ཞོན། །སྲིན་པོ་དགྲ་དུར་འཇིགས་བྱེད་ཁྱོད་ལ་བསྟོད། །སྲིན་མོ་བྱ་རོག་མགོ་ཅན་ཁྲག་རལ་སྤྲུག །གཡས་(༨བ)
པ་རྒྱུ་ཞགས་དགྲ་སྟ་གཡོན་པ་ན། །ཙིཏྟ་བསྣམས་ཤིང་ལྕགས་སྤྱང་མགོ་དགུ་ཞོན། །བདུད་མོ་ཤན་ཏིང་རོ་ཟན་ཁྱོད་ལ་བསྟོད། །སྲིན་ཞལ་སྤྱི་བོར་བྱ་ཁྲའི་མགོ་བོ་ཅན། །ཕྱག་བཞི་མདུང་དང་དུག་རྐྱལ་མི་མགོ་རློན། །ཕུར་པ་བསྣམས་ཤིང་དྲེད་མོ་མགོ་དགུ་ཞོན། །སྲོག་བདག་ཧབ་སེ་ནག་པོ་ཁྱོད་ལ་བསྟོད། །བཀའ་སྲུང་སྡེ་དགུ་འཁོར་དང་བཅས་རྣམས་ཀྱིས། །བསྟན་དང་རྣལ་འབྱོར་ལ་འཚེ་དགྲ་དང་བགེགས། །སྟེང་འོག་ཕྱོགས་མཚམས་བར་གསུམ་གར་གནས་ཀྱང་། །ཚེ་སྲོག་མངའ་ཐང་ཆོམས་ལ་ཐལ་བར་རློག །ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཁྱད་པར་རྗེ་བཙུན་མ་ཧཱ་གུ་ཎ་ཡི། །སྙན་བརྒྱུད་སྙིང་ཐིག་ངེས་དོན་རིང་ལུགས་དང་། །གསོ་རིག་གཙུག་ལག་འཕེལ་ཞིང་རྒྱས་པར་མཛོད། །རིག་འཛིན་བདག་གི་ཚེ་དང་བསོད་ནམས་དང་། །དཔལ་འབྱོར་སྙན་གྲགས་ཆོས་སྲིད་ཡོན་ཏན་ཀུན། །བསམས་པ་ཙམ་གྱིས་ཡིད་བཞིན་འགྲུབ་པ་ཡི། །ཞི་རྒྱས་དབང་དྲག་འཕྲིན་ལས་ཐོགས་མེད་སྒྲུབས། །མདོར་ན་འཆི་མེད་གྲུབ་པ་པདྨ་འབྱུང་། །དབྱེར་མེད་འགྲོ་མགོན་མ་ཧཱ་གུ་ཎ་ཡི། །དམ་ཚིག་གཉན་པོ་དགོངས་ལ་འགལ་རྐྱེན་ཀུན། །ཞི་ཞིང་མཐུན་རྐྱེན་མ་ལུས་སྒྲུབ་པར་མཛོད། །བདུན་པ་ཚོགས་ལ་ལོངས་སྤྱད་པ་ནི། ལས་ཀྱི་རྡོ་རྗེས། ཧོ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སྣང་སྲིད་འཁོར་འདས་རོ་མཉམ་པས། །གསང་ཆེན་བདེ་བའི་ལོངས་སྤྱོད་ཆེ། །ཐེ་ཚོམ་སྤངས་ཏེ་བཞེས་པར་མཛོད། །ག་ཎ་ཙཀྲ་མཧཱ་པཱུ་ཛ་ཧོཿ ཞེས་ཚོགས་ཕུད་བཏེག་ལ་འདྲེན། སློབ་དཔོན་གྱིས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །འདོད་ཡོན་མ་སྨད་རོལ་པ་ཆེ། །དཀྱིལ་འཁོར་འཁོར་ལོ་མ་ལུས་པར། །གཉིས་མེད་དགྱེས་སྐྱེད་འདི་ལ་སྤྱོད། །ཨ་ལ་ལ་ཧོ༔ ཞེས་བླངས་ཏེ་རོལ་ལོ། །བརྒྱད་པ་ལྷག་མ་གཏང་བ་ནི། རིགས་འདུས་བླ་མ་རྒྱལ་བ་ཡི། །བཀའ་དང་བསྟན་པ་སྲུང་བྱེད་ཅིང་། །ལྷག་ལ་དབང་བའི་ཚོགས་རྣམས་(༩ན)
ཀུན། །ལྷག་མཆོད་འདི་བཞེས་འཕྲིན་ལས་སྒྲུབས། །ཨུ་ཙིཊ་བ་ལིཾ་ཏ་བྷཀྵ་སི་སྭཱཧཱ། དགུ་པ་དངོས་གྲུབ་བླང་བ་ནི། གཏོར་མ་གནས་གསུམ་དུ་གཏུགས་ལ། ཧཱུྃ་ཧོ༔ བདེ་ཆེན་ཀློང་ཡངས་རྒྱལ་པོའི་ཞིང་ཁམས་ནས། །བླ་མ་སྨན་རྒྱལ་རིགས་འདུས་ཐུགས་དམ་ཅན། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་བྱིན་ཆེན་པོ། །དངོས་གྲུབ་མ་ལུས་དུས་འདིར་སྩལ་དུ་གསོལ། །ཨཱོཾ་ཨཱ༔ཧཱུྃ་སརྦ་སིདྡྷི་ཕ་ལ་ཧོ༔ བཅུ་པ་ཆད་མདོ་ནི། མཚོ་སྐྱེས་རྡོ་རྗེ་རྗེ་བཙུན་གཡུ་ཐོག་པའི། །སྤྱན་སྔར་ཁས་བླངས་དམ་ཅན་སྲུང་མའི་ཚོགས། །གསང་ཆེན་སྒྲུབ་པའི་རིག་འཛིན་མཆེད་རྣམས་ཀྱིས། །གཏོར་མ་ལེན་ཞིང་རྣལ་འབྱོར་ཚེ་སྲོག་བསྲིང་། །བར་ཆད་སེལ་ཞིང་དགྲ་བགེགས་སྲོག་རྩ་གཅོད། །རྒྱུད་བཞིའི་བཤད་ཉན་འཕྲིན་ལས་སྤེལ་བ་སོགས། །སྔོན་གྱི་ཁས་བླངས་དམ་ལས་མ་འདའ་བར། །གཏོང་མ་འདི་ལོང་བཅོལ་བའི་འཕྲིན་ལས་མཛོད།བཅུ་གཅིག་པ་བསྟན་མ་བསྐྱང་བ་ནི། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་པོ། །སྔོན་གྱི་དམ་བཅའ་གཉན་པོ་ཉེར་དགོངས་ལ། །གཏོར་མ་འདི་བཞེས་འགལ་རྐྱེན་བར་ཆད་སོལ། །རྣལ་འབྱོར་བཅོལ་བའི་ལས་རྣམས་ཐོགས་མེད་སྒྲུབས། །བཅུ་གཉིས་པ་རྟ་བྲོ་ནི། དཔལ་ཆེན་ཁྲོས་པའི་རྡོ་རྗེའི་བྲོ། །དགྲ་བགེགས་སྙིང་ལ་ཆེམས་སེ་ཆེམས། །དམ་སྲི་འབྱུང་པོ་མ་ལུས་པའི། །ལུས་ངག་ཡིད་གསུམ་མཱ་ར་ཡ། །བཅུ་གསུམ་པ་གཏང་རག་ནི། རིགས་འདུས་བླ་མ་དཀྱིལ་འཁོར་ལྷ། །བསྟན་སྲུང་རྒྱ་མཚོར་བཅས་པ་ལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །དགྱེས་པ་ཆེན་པོས་བཞེས་སུ་གསོལ། །བཅུ་བཞི་པ་བཟོད་པར་གསོལ་བ་ནི། །རིགས་འདུས་བླ་མ་རྒྱལ་བའི་སྐུ། །བརྩེ་ཆེན་ཚད་མེད་ཐུགས་རྗེས་དགོངས། །བདག་ཅག་བྱིས་པའི་རང་བཞིན་གྱིས། །ལྷག་ཆད་ནོར་འཁྲུལ་བཟོད་པར་བཞེས། །ཨཱོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནི་ཀཱ་ཡ་ཝ་ཀ་ཙིཏྟ་ས་མ་(༩བ)
ཡཱ་ཨ་ཨ་ཨ། བཅོ་ལྔ་པ་དཀྱིལ་འཁོར་བསྡུ་བ་ནི། རྒྱལ་བའི་དཀྱིལ་འཁོར་རྟེན་དང་བརྟེན་པ་ཀུན། །གཉིས་མེད་ཆོས་ཀྱི་དབྱིངས་སུ་འཇའ་ལྟར་ཡལ། །མགྲོན་རྣམས་རྟེན་ལ་བཞུགས་ཤིང་གཤེགས་པ་རྣམས། །སླར་ཡང་བརྩེ་བས་གནས་འདིར་འབྱོན་པར་མཛད། །སརྦ་བུདྡྷ་ལ་མཎྜ་ལ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾ། བཅུ་དྲུག་པ་སྨོན་ལམ་ནི། དགེ་བ་འདི་ཡིས་བདག་གཞན་འགྲོ་བ་ཀུན། །སྨན་རྒྱལ་གདོད་མའི་མགོན་པོ་ཀུན་དུ་བཟང་། །རང་རིག་གསལ་སྟོང་གཉུག་མ་ལྷན་ཅིག་སྐྱེས། །ཚེ་འདི་ཉིད་ལ་མངོན་དུ་འགྱུར་བར་ཤོག །བཅུ་བདུན་པ་ཤིས་བརྗོད་ནི། །རྩ་རྒྱུད་བླ་མ་རིགས་འདུས་དཀྱིལ་འཁོར་ལྷ། །སྨན་གྱི་བསྟན་སྲུང་མཁའ་འགྲོ་དྲང་སྲོང་ཚོགས། །ཕུན་ཚོགས་རྣམ་པར་དགེ་བའི་བཀྲ་ཤིས་ཀྱིས། །ཡངས་པའི་ནོར་འཛིན་ཁྱོན་ཀུན་ཁྱབ་པར་ཤོག །རྗེ་བཙུན་གུ་ཎའི་ཐུགས་བཅུད་ཆུ་འཛིན་ཆེར། །ཡང་ཟབ་སྙིང་ཐིག་འཕྲིན་ལས་དབྱར་གྱི་རྔ། །ཚིག་ཉུང་དོན་འདུས་དབྱངས་སུ་བསྒྲགས་པ་ན། །སྐལ་བཟང་རྨ་བྱའི་དགའ་སྟོན་ཅི་ཡང་འཕེལ། །ཐ་སྙད་རྟོག་གེར་ཞེན་པའི་དྷ་དྷུ་རས། །མྱོས་པས་ཐེག་མཆོག་སྙིང་པོའི་གངས་རི་ལ། །ལོག་རྟོག་སྔོན་པོར་འཁྲུལ་བའི་མཁས་རློམ་རྣམས། །ཟབ་དོན་འདི་འདྲ་ལྟ་བའི་སྐལ་བས་དབེན། །བློ་ལྡན་ཚེ་གཅིག་སངས་རྒྱས་སར་འཁྲིད་ལམ། །འཚམས་མེད་ལས་ཀྱང་འདག་ནུས་ངེས་གསང་ཆོས། །འགྲོ་མགོན་གུ་ཎའི་སྙན་བརྒྱུད་གདམས་པ་འདི། །སུམ་སྟོན་རྒྱུད་འཛིན་ལས་འོངས་ཁོ་བོས་ཐོས། །རིགས་འདུས་བླ་མ་སྨན་རྒྱལ་གཡུ་ཐོག་རྗེ། །རྗེ་བཙུན་སུམ་སྟོན་རྣམ་འཕྲུལ་དབང་པོའི་སྡེ། །སྡེ་བཅས་གདམས་པའི་མཛོད་འཛིན་ཀུན་དགའི་དཔལ། །དཔལ་ལྡན་རྡོ་རྗེ་འཆང་དེའི་གསུང་གི་བཅུད། །བཅུད་ལྡན་འཆི་མེད་རྣམས་ཀྱི་བདུད་རྩི་གང་། །གང་ཞིག་སངས་རྒྱས་སར་འཁྲིད་ནུས་ལྡན་ཚེ། །ཚེ་གཅིག་(༡༠ན)
ཀུན་མཁྱེན་སྒྲུབ་པའི་ཟབ་མོའི་ཐེག །ཐེག་མཆོག་འདི་ཡི་དཔེ་ཟླར་འོས་སམ་སྙམ། །དགེ་ཚོགས་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་གྱིས། །ཉེས་ལྟུང་མུན་པའི་སྨག་རུམ་དྲུངས་ཕྱུང་ནས། །དངོས་གྲུབ་རབ་དཀར་སྣང་བའི་དགའ་སྟོན་གྱིས། །སྐྱེ་དགུའི་སྙིང་གི་ཀུནྡ་བཞད་གྱུར་ཅིག །ཅེས་རྗེ་བཙུན་གཡུ་ཐོག་པའི་སྙིང་ཐིག་གི་ལས་བྱང་དཔག་བསམ་ལྗོན་ཤིང་འདི་ནི་གསོ་བ་རིག་པའི་གཙུག་ལག་ལ་བློ་གྲོས་ཀྱི་སྣང་བ་མཆོག་ཏུ་རྒྱས་པའི་བླ་སྨན་བྱང་ངོས་པ་བློ་བཟང་གཞན་ཕན་དབང་པོས་བསྐུལ་བ་ལ་བརྟེན་ནས་རྡོ་རྗེ་འཛིན་པ་ཨ་ནནྡས་མཛད་པའི་ལས་གཞུང་དངོས་གྲུབ་ཀུན་འབྱུང་ལ་གཞི་བྱས། སྙིང་ཐིག་ཕྱི་སྒྲུབ་ནས་ཁ་ཅུང་ཟད་བཀང་ཞིང་། ཚིག་སྦྱོར་མང་བ་རྣམས་ཉུང་ངུར་བསྡུས། མི་བདེ་བའི་ཚིག་རྣམས་ཀུན་གསར་དུ་བཅོས་ལ། ཕལ་ཆེར་གཞུང་དངོས་ཉིད་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་ཕྱིར་རང་སོར་བཞག་སྟེ། རྒྱལ་བ་རྡོ་རྗེ་འཆང་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་སོགས་དམ་པ་དུ་མའི་བཀའ་དྲིན་གྱིས་གསང་སྔགས་གསར་རྙིང་ཐམས་ཅད་ཀྱི་སོ་སོའི་རང་ལུགས་རྣམས་མ་འདྲེས་པར་ཁོང་དུ་ཆུད་པའི་ཟ་ཧོར་གྱི་རིགས་ལས་ཨ་ཝ་དྷཱུ་ཏཱི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་ཀུན་འཛིན་གྱི་ལོ་དབྱུ་གུ་ཟླ་བའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་དགའ་ལྡན་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ།། །།མངྒ་ལཾ།།