Nitartha Digital Library
Tibetan
པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་གྱི་གསུང་འབུམ།

2 occurrences of ཐ་མལ་གྱི་ཤེས་པ་
[Clear Hits]


  
  
  
 expand section
collapse section
  
  
  
  
  
  
  
  
  
  
  
  
  
  
 
བླ་མ་གསང་བ་འདུས་པའི་བསྙེན་སྒྲུབ་ཀྱི་ཡི་གེ་ཟབ་ལམ་གསལ་བྱེད།
  
  
  
  
  
  
  
 expand section
 expand section
expand section


2 occurrences of ཐ་མལ་གྱི་ཤེས་པ་
[Clear Hits]

 
previousབླ་མ་གསང་བ་འདུས་པའི་བསྙེན་སྒྲུབ་ཀྱི་ཡི་གེ་ཟབ་ལམ་གསལ་བྱེད། next

བླ་མ་གསང་བ་འདུས་པའི་བསྙེན་སྒྲུབ་ཀྱི་ཡི་གེ་ཟབ་ལམ་གསལ་བྱེད།

༄༅། །བླ་མ་གསང་བ་འདུས་པའི་བསྙེན་སྒྲུབ་ཀྱི་ཡི་གེ་ཟབ་ལམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ། །བླ་མ་གསང་བ་འདུས་པའི་བསྙེན་ཡིག་ཟབ་ལམ་གསལ་བྱེད་ཅེས་བྱ་བ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རབ་འབྱམས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཆོག །རང་རིག་གདོད་མའི་ངོ་བོ་ཐོད་ཕྲེང་རྩལ། །དབྱེར་མེད་དྲིན་ཆེན་རྩ་བའི་བླ་མ་དང་། །ཡི་དམ་མཁའ་འགྲོ་སྲུང་མར་བཅས་ལ་འདུད། །ཁྲི་སྲོང་ཡང་སྲིད་ཆོས་ཀྱི་དབང་ཕྱུག་གིས། །སྨོན་ལམ་དུས་བབ་གནམ་སྐས་གསང་མཛོད་ནས། །སྤྱན་དྲངས་བླ་མ་གསང་བ་འདུས་པ་ཡི། །བསྙེན་སྒྲུབ་བཅུད་བྱང་ཟབ་ལམ་གསལ་བྱེད་འདི། །དང་པོའི་ལས་ཅན་རྣམས་ཀྱི་ཉམས་ལེན་ཕྱིར། །བྲིས་ལ་རྩ་གསུམ་སྲུང་མས་གནང་བ་སྩོལ། །དེ་ཡང་སྐལ་བ་དང་ལྡན་པའི་གང་ཟག་རྣམས་ཀྱིས་འདིར་བླ་མ་གསང་བ་འདུས་པའི་བསྙེན་སྒྲུབ་ཉམས་སུ་ལེན་པ་ལ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་དྲུང་ནས་སྨིན་བྱེད་དབང་སྒྲོམ་ཉལ་བྱང་ཟུར་པ་སོགས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་དབང་ཐོབ། རྒྱབ་རྟེན་མན་ངག་གི་ལུང་ནོས་ཤིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོའི་ལག་ཏུ་བླང་བའི་རིམ་པ་ལ་སྦྱོར་དངོས་རྗེས་གསུམ་ལས། ཐོག་མར་རྟེན་མཆོད་བཤམ་པ་ནི། གནས་དབེན་ཞིང་བཀྲ་ཤིས་པའི་སར་ཡར་ངོས་ཚེས་བཅུ་སོགས་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བདག་ཉིད་དཔའ་བོ་རྟ་མགྲིན་དུ་གསལ་བཏབ་ལ། གཞི་བདག་ལ་གཏོར་མ་བཏང་། དཀྱིལ་འཁོར་གྱི་སྟེགས་བུར་དྲི་ཆེན། དྲི་ཆུ། བྱང་སེམས་དཀར་དམར། ཤ་ཆེན་ཏེ་བདུད་རྩི་ལྔའི་ཆག་ཆག་བཏབ་ལ། ཧཱུྃ༔ བཀའ་གསང་རྨད་བྱུང་དཀྱིལ་འཁོར་དུ༔ སོགས་ཀྱིས་གོ་མ་ཡེ་བཏང་བྱ། རས་བྲིས་ལ་མི་དགོས་ཀྱང་། རྡུལ་མཚོན་ཡིན་ན་ཐིག་ཚོན་གྱི་ཆོ་ག་དང་ལྡན་པའི། དབུས་མཐིང་། འདབ་བཞི་ཕྱོགས་མདོག་རིན་ཆེན་ཟུར་བརྒྱད་མཐིང་། པད་འདབ་བཅུ་དྲུག་མཛེས་ཚོན་གྱི་མཐར། དུར་ཁྲོད་རྡོ་ར་མེ་རིས་བསྐོར་བ་འདི་ནི་བླ་མའི་ཕོ་བྲང་གནམ་བབ་མ་ཞེས་རིག་འཛིན་གོང་མ་རྣམས་ཀྱིས་རྩིས་ཆེར་མཛད། སྤྲོ་ན་སྒོ་རྫོགས་རྡུལ་མཚོན་གྱིས་བྲིས་པའམ། རས་བྲིས་བཀྲམ། ཤིན་ཏུ་བསྡུ་ན། ལྷ་གྲངས་ཀྱི་ཚོམ་བུ་བཀོད་པས་ཀྱང་རུང་། དེའི་དབུས་སུ་རིན་པོ་ཆེའི་བུམ་པ་སེལ་མེད་ཀྱི་ཆོས་སྨན་དང་མངར་གསུམ་གྱི་གཞི་ལ་སྨན་སྣ་བཏབ་པ། འབྲས་ཕྱེས་སྒྲིལ་བའི་རིལ་བུ་དམར་པོས་བུམ་པའི་སུམ་གཉིས་ཙམ་ཁེངས་པར་བཀང་ལ་དར་དམར་གྱི་མགུལ་ཆིངས་ཤུགས་པ་དང་རྨ་བྱའི་སྒྲོས་ཁ་བརྒྱན་ཞིང་གཟུང་ཐག་ལྔ་སྒྲིལ་རྡོ་རྗེས་མཚན་པ་བཏགས། དེའི་སྟེང་དུ་མཉྫི་ལ་ཐོད་པ་དུམ་གཅིག་ནས་སམ་འབྲས་ཀྱིས་བཀང་བའི་དབུས་སུ་རས་གཞི་གཙང་མ་ལ་དམ་ཚིག་དང་ལྡན་པའི་ལྷ་བཟོས་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྐུ་མངོན་རྟོགས་ལྟར་སྐྱ་བྲིས་བྱས་ལ། འབྱོར་ན་བྱང་སེམས་དཀར་དམར་ཚད་ལྡན། ཆོས་སྨན། སིནྡྷུ་ར་འོ་མ་དང་སྦྱར་ཏེ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡབ་ཀྱི་ལྟེ་བར་ཧྲཱིཿ ཡུམ་གྱི་ལྟེ་བར་མ་རྣམས་བྲི། ཡབ་ཡུམ་གཉིས་ཀའི་སྐུ་གཟུགས་ཀྱི་མགྲིན་པ་ཙམ་ནས་སྔགས་འདི་རྣམས་བྲེང་ཆགས་སུ་བྲི་བ་ནི། ཨོཾ་ཨཱཿ ཧཱུྃ་ཧྲཱི་མ་བཛྲ་གུ་རུ་པདྨ། བཛྲ་གུ་རུ་ཐོད་ཕྲེང་རྩལ། བཛྲ་གུ་རུ་པདྨ་རཱ་ཛ། བཛྲ་གུ་རུ་པདྨ་སམྦྷ་ཝ། བཛྲ་གུ་རུ་ཤཱཀྱ་སེངྒེ། བཛྲ་གུ་རུ་སཱུརྱ་འོད་ཟེར། བཛྲ་གུ་རུ་སེངྒེ་སྒྲ་སྒྲོག །བཛྲ་གུ་རུ་བློ་ལྡན་མཆོག་སྲེད། བཛྲ་གུ་རུ་རྡོ་རྗེ་གྲོ་ལོད། བཛྲ་གུ་རུ་སརྦ་ཏ་ཐཱ་ག་ཏ་སརྦ་བྷ་ག་ཝན་སརྦ་དྷེ་བ་སརྦ་ཧྲཱིཿ མ་ཧཱ་རི་ནི་ས་ར་ཙ་ཧྲཱིཿ ཡ་དྷ་ཀི་ནི་སིདྡྷི་ཕ་ལ་ཧཱུྃ་ཨཱཿ དང་རྟེན་འབྲེལ་སྙིང་པོ་བཅས་གཟབ་ཆུང་གིས་དག་པར་བྲི་རྫས་ཤིན་ཏུ་སླ་མོས་བྲི། དེའི་སྟེང་དུ་ཚོན་གྱི་ལེགས་པར་མནན་ལ་བདག་བསྐྱེད་སྔོན་དུ་འགྲོ་བས་སྦྱངས་ཁྲུས་རབ་གནས་བྱས་ལ་བཙུགས། བུམ་པའི་མདུན་དུ་འབྱོར་ན་ཀ་པཱ་ལར། ནས་འབྲས་གྲོ་སྲན་ཏིལ་དཀར་ཏེ་འབྲུ་ལྔའི་ཟན་ལ་ཆོས་སྨན་བཏབ་པའི་སྒྲུབ་གཏོར་རིན་ཆེན་འབར་བ་རང་རྟགས་ཀྱི་ཕྱག་མཚན་སོགས་རྒྱན་སྤྲོས་གང་མཛེས་མཐོང་བརྒྱུད་ཀྱི་ཕྱག་བཞེས་དང་། དཔེའུ་རིས་ལྟར་ལ་རིན་ཆེན། འབྲུ་སྨན་ཁ་ཟས་སྣ་ཚོགས། དཀར་གསུམ། མངར་གསུམ། ཤིང་ཐོག་སོགས་ཀྱིས་བྲན་ཏེ་བཤམ་པའམ། མ་འབྱོར་ན་གཏོར་ཟླུམ་པད་འདབ་བཞིས་བསྐོར་བར་བཤམ། གཞན་ཡང་མ་ནིང་གཙོ་བོར་གྱུར་པའི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱི་སྤུང་གཏོར་གཏེར་སྲུང་གཞི་བདག་གི་གཏོར་མ། གཡས་སུ་ཆད་ཐོ་དང་ཕོ་ཐོད་ནང་ཆང་ལ་ཆོས་སྨན་བཏབ་པ། གཡོན་དུ་བརྟན་མའི་གཏོར་མ་དང་མོ་ཐོད་ནང་ཁྲག་གམ་ཆུ་གཙང་ལ་རཀྟ་སོ་ལྔའི་ཕབས་རྒྱུན་བཏབ་པ། ཞི་དྲག་གི་མཆོད་པ་ནི་སྐོར་བཤམ་མམ་བྲེང་ཚར་དུ་བྱེད་ན་ཞི་བའི་མཆོད་མགོ་གཡས་དང་། དྲག་པོའི་མཆོད་མགོ་གཡོན་དུ་བརྩམས་ནས་ཞི་དྲག་གི་ཞལ་ཟས་གཉིས་དབུས་སུ་སྣེ་སྦྲེའི་དཀྱིལ་འཁོར་གྱི་མདུན་ནམ་གང་བདེར་འབྱོར་ན་རིན་པོ་ཆེའི་མཎྜལ་ལ་དྲི་བཟང་གིས་བྱུགས། འབྲས་སམ་འབྲུ་གཙང་མར་དྲི་བཟང་འོ་མས་སྦག་པའི་ཚོམ་བུ་བཅོ་ལྔ་བཀོད་པ་བཤམ། དཀྱིལ་འཁོར་གྱི་རྒྱབ་ལོགས་སུ་བླ་སྒྲུབ་ཀྱི་བྲིས་སྐུ་བཀྲམ། སྤྲོ་ན་སྟེང་དུ་དར་གུར་ཕྱོགས་བཞིར་རྒྱལ་མཚན་ཟུར་བཞིར་བ་དན་བཞི་སོགས་བཀོད། གཞན་ཡང་ཚོགས་ཀྱི་ཡོ་བྱད་རྣམས་བཤམས། རང་ཉིད་མདུན་རྟེན་དང་ཞལ་སྤྲོད་གྱི་ཚུལ་དུ་གདན་ནང་ཚང་ཅན་གྱི་འོག་ཏུ། ས་དཀར་རམ། འབྲས་ཀྱི་གཡུང་དྲུང་ཆོས་བསྐོར་དུ་བྲིས། ཡང་གཅེས་པ་བརྒྱད་ཀྱི་ནང་ཚན་དུ་བར་ཆོད་སེལ་བྱེད་གུར་གི་སྒྲོམཿ གསུངས་པ་ལྟར་གཞུང་མཆན་འགྲེལ་ལ་དཔེའུ་རིས་མཐོང་བརྒྱུད་མན་ངག་གིས་བརྒྱན་ཏེ་བྲིས་ལ་རབ་གནས་གཞུང་བཞིན་བྱས་པའི་གུར་ཕྱི་ནང་གཉིས་སུ་འབུབས་པ་དང་། སྟེང་འོག་གི་འཁོར་ལོའི་དཔེའུ་རིས་ལྟར་ཕྱོགས་བཞི། ཚྭ་ཚྭ་སོགས་བཀོད་པ་ནི་སྤྲོས་པ་རྒྱས་པའི་ལུགས་སོ། །སྤྲོས་མེད་ཀྱི་ཉམས་ལེན་ཙམ་ལ་རས་བྲིས་སམ་འབྲུ་ཚོམ་ཙམ་ལ་བུམ་རིལ། ཐོད་ཙག་སྨན་རག་ཕྱི་ནང་གི་ཉེར་སྤྱོད་ཙམ་ལ་རྟེན་ནའང་རུང་ངོ་། །གང་ལྟར་རང་གི་མདུན་ནམ་གཡས་སུ་རྡོར་དྲིལ། ཌཱ་མ་རུ། ནང་མཆོད། འཐོར་ནས་སོགས་མཁོ་བའི་ཡོ་བྱད་རྣམས་ཚང་བར་འདུ་བྱའོ། །དེ་དག་གི་ཚེ། གསང་འདུས་ཐེམ་མེད་ཞལ་གདམས་ལས། མཎྜལ་མཆོད་རྫས་གཏོར་མ་སྤྱི༔ བཅའ་གཞི་བཤམ་པའི་དུས་ན་ཡང་༔ ང་ཉིད་ཐེ་ཚོམ་མེད་པར་འབྱོན༔ ཞེས་གསུངས་སོ། །ཐོག་མར་ཉེར་བསྡོགས་ཀྱི་སྐབས་འདིར་ཕྱི་མཚམས་བཅད་དེ་སྒྲུབ་པ་སྲང་འཇུག་མན་ངག་སྒྲོམ་ལས། གྲུབ་ཐོབ་གནས་མཆོག་དབེན་པ་རུ༔ དུས་དང་ཚེས་གྲངས་བཟང་པོ་ལ༔ ཕྱི་ནང་མཆོད་གཏོར་རྒྱ་ཆེར་བཏང་༔ ཆུ་གཏོར་ལ་སོགས་གཞི་བདག་མཆོད༔ གསུངས་པ་ལྟར་བསྙེན་སྒྲུབ་སྣ་སེལ་དུ་ཕྱི་ནང་གི་དཀོན་མཆོག་རྩ་གསུམ་ལ་མཆོད་ཚོགས། བསྐང་བཤགས། ཆ་གསུམ། ཆུ་གཏོར། ཡུལ་ལྷར་བསངས་བརྔན་སོགས་ཅི་འགྲུབ་བྱ། ཡང་སྔ་མ་ལས། མཐུན་པའི་འཁོར་རྟེན་ཡོ་བྱད་བསགས༔ གསུངས་པ་ལྟར་མཚམས་གཡོག་བླ་མ་དང་མཐུན་པ་སྒྲུབ་པའི་ཡོ་བྱད་གང་དགོས་རྣམས་དང་སླད་ནས་འོང་དགོས་པའི་མི་དང་ཀ་ཆ་ནད་གསོ་བའི་སྨན་པ་སོགས་དམིགས་འོག་ཏུ་ཆུབ་པར་བྱེད། ཐོག་མར་དགོང་ཐུན་ནས་འགོ་འཛིན་ཏེ་བགེགས་གཏོར་བཤམས་ལ། ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་སོགས་རྟ་མགྲིན་ཡབ་ཡུམ་གྱི་སྐུར་བསྐྱེད་ལ་བགེགས་གཏོར་རཾ་ཡཾ་ཁཾ་གིས་བསངས་སྦྱངས་ཏེ། སྟོང་པའི་ངང་ལས་སོགས་བྱིན་གྱིས་བརླབས། ཨོཾ་སརྦ་བིགྷྣཾ་སོགས་ཀྱིས་བསྔོ། ཧཱུྃ་བླ་མ་རྣམས་ཀྱི་སོགས་བཀའ་བསྒོས་ལ། བདག་ཉིད་རྟ་མགྲིན་དུ་གསལ་བའི་སྐུ་ལས་ཁྲོ་བོའི་སྐུ་ཆེ་ཆུང་དང་མཚོན་ཆ་སྣ་ཚོགས་མེ་དཔུང་གི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བར་དུ་གཅོད་པའི་བགེགས་ཚོགས་འབྱུང་པོ་ཐམས་ཅད་ཕྱིའི་རྒྱ་མཚོའི་ཕ་མཐར་བསྐྲད་པར་བསམ་ལ། དྲག་སྔགས་དང་ཡུངས་ཐུན་སོགས་ཀྱིས་བྲབ། གུ་གུལ་གྱི་དུད་པས་བདུག་ལ་ཕྱིར་བསྐྲད། སྒོ་དྲུང་དུ་ཐོ་དཀར་པོ་བརྩིགས་ལ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་འདོད་གསོལ་དང་བཅས་པ་འཛུགས། མདུན་དུ་མཆོད་གཏོར་བཤམས་ལ་བསངས་སྦྱངས། ཐོ་རྒྱལ་ཆེན་བཞིར་བསྐྱེད་ལ་སྤྱན་འདྲེན་མཆོད་བསྟོད་ཕྲིན་བཅོལ་བརྟན་བཞུགས་སོགས་བྱ། ནང་དུ་ལོག་ལ། ཧཱུྃ་ང་ནི་ཡེ་ནས་ངང་གི་སོགས་ཀྱིས་ཁྲོ་བོ་ཁྲོ་མོ་རོལ་པའི་མཚམས་དང་། རྡོ་རྗེ་སོགས་མཚོན་ཆ་སྣ་ཚོགས་ཀྱི་གུར་གྱིས་གཏམས་ལ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་འབར་བའི་ཕྱོགས་མཚམས་ཐམས་ཅད་ཁྱབ་སྟེ་ཅིས་ཀྱང་མི་ཤིགས་མི་ཚུགས་པར་བཅིངས་ཏེ་བསྲུང་བར་བསྒོམ། སྲུང་འཁོར་འདི་འཚམས་གྲོལ་བའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ། བར་དུ་གཅད་བྱ་རང་། གཅོད་བྱེད་འབྱུང་པོ། བསྲུང་བའི་འཁོར་ལོ་དང་བཅས་རྣམ་རྟོག་གི་འཕྲོ་འདུ་ཙམ་དུ་ཐག་བཅད་ལ། དོན་དམ་སེམས་ཉིད་བློ་འདས་ཤར་གྲོལ་དུས་མཉམ་གྱི་ངང་དུ་མཉམ་པར་བཞག་པ་ནི་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་རོ། །སྐྱབས་ཡུལ་མདུན་རྟེན་བསྐྱེད་པ་ནི། ཕོ་བྲང་དབུས་ཀྱི་རྟེན་དེ་ཉིད༔ སོགས་ནས། གསང་འདུས་རྒྱ་བའི་སྐུ་རུ་གྱུར༔ ཞེས་པས་མདུན་གྱི་སྒྲུབ་རྟེན་ཀ་པཱ་ལའི་སྟེང་གི་སྐུ་རྟེན་དེ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་སྐྱབས་གནས་དཀོན་མཆོག་གསུམ་འདུས་པའི་ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་པའི་བླ་མ་རྡོ་རྗེ་སེམས་དཔའ་གསང་འདུས་རྒྱལ་བའི་དཀྱིལ་འཁོར་གྱི་བདག་ཉིད་དུ་སྐྱབས་ཡུལ་བཞུགས་པར་བསྒོམ་པ། དེ་དག་གིས་མདུན་དུ་རང་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཅི་མཛད་ཁྱེད་ཤེས་ཀྱི་མོས་གུས་གདུང་ཤུགས་དྲག་པོས་སྐྱབས་སུ་འགྲོ་བར་བསམ་ལ། ན་མོ་བླ་མ་བདེ་གཤེགས་འདུས་པའི་སྐུ༔ སོགས་ནས། བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སོགས་ལན་གསུམ། སེམས་ཅན་དེ་ཐམས་ཅད་བདག་གི་སྐྱེ་བ་ཐོག་མེད་ནས་དྲིན་ཅན་ཕ་མ་ཤ་སྟག་སྟེ། དེ་རྣམས་འཇིགས་རུང་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས་གཏན་བདེ་གོ་འཕང་ལ་འགོད་པའི་ཆེད་དུ། བླ་མ་སྐུ་བཞིའི་བདག་ཉིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བགྱིའོ་སྙམ་པའི་བློས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ སོགས་ལན་གསུམ། ཡང་ཚེ་རབ་ཐོག་མེད་ནས་བསགས་པའི་ལས་ཉོན་གྱི་དབང་གིས་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད་རྩ་བ་གསུམ་གྱི་སྤྱན་སྔར་གནོང་འགྱོད་དྲག་པོས་བཤགས་པར་བགྱིའོ་སྙམ་པས། ཧཱུྃ། བླ་མ་ཡི་དམ་སོགས་ཀྱིས་བཤགས་པ་བྱ། མདུན་དུ་བཤམ་པའི་མཎྜལ་དེ་ཉིད་རི་རབ་ཀྱི་སྟེང་གི་རྣམ་པར་རྒྱལ་བའི་ཁང་བཟང་གླིང་བཞི་ཉི་ཟླ། རིན་ཆེན་བདུན། འདོད་པའི་ཡོན་ཏན་སོགས་བསམ་པའི་ཁང་བཟང་གི་དབུས་སུ་མདུན་རྟེན་དང་གཉིས་སུ་མེད་པའི་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་གསལ་བཏབ་ལ། ཨོཾ་ཨཱཿ ཧཱུྃ་གུ་རུ་དེ་ཝ་སོགས་ཀྱིས་ཚོགས་ཞིང་རྣམས་སྤྱན་དྲངས་ལ་བསྟིམ། ཡང་མཚན་སྔགས་མཐར། རཏྣ་མཎྜལ་སོགས། བདག་གི་ལུས་དང་ལོངས་སྤྱོད་དང་སོགས་ཀྱིས་ཀུན་བཟང་མཆོད་སྤྲིན་དུ་དམིགས་ཏེ་ཕུལ། སྐབས་འདིར་སྤྲོ་ན་ཀུ་སཱ་ལིའི་ཚོགས་བསགས་ཀྱང་བྱའོ། །བླ་མ་ལ་གསོལ་བ་གདབ་པ་ནི། ཀྱེ་ཀྱེ་བླ་མ་རིན་པོ་ཆེ་ཞེས་སོགས་ཀྱིས་མོས་གུས་གདུང་ཤུགས་དྲག་པོས་ལེགས་ཉེས་སྐྱིད་སྡུག་མཐོང་དམན་སོགས་ཇི་ལྟར་བྱུང་ཡང་ཨོ་རྒྱན་རིན་པོཆེ་ཁྱེད་མ་གཏོགས་རེ་ས་གཞན་མེད་དོ་སྙམ་པའི་ཅི་མཛད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་བསྐྱུར་ཏེ་རྩེ་གཅིག་མོས་པའི་སྙིང་ནས་གསོལ་བ་འདེབས་པ་སྟེ། ཐེམ་མེད་ཞལ་གདམས་ལས། ལེགས་ཉེས་སྐྱིད་སྡུག་མཐོ་དམན་དང་༔ ཤི་གསོན་ཚེ་འདི་ཕྱི་མ་སོགས༔ གནས་སྐབས་མཐར་ཐུག་ཐམས་ཅད་དུ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ བདག་ལ་རེ་ས་གཞན་ན་མེད༔ ཨོ་རྒྱན་མཁྱེན་ནོ་སྙམ་པ་ཡི༔ བློ་ནི་ཡང་ཡང་གཏད་པར་བྱ༔ ཞེས་གསུངས་པ་ལྟར་ཡིད་རྩེ་གཅིག་པས་ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཅི་ནུས་སུ་བཟླས་ལ། མདུན་གྱི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྤྱི་བོར་ཨོཾ་དཀར་པོ་གསལ་ཞིང་འཚེར་བ་ལས་འོད་ཟེར་དཀར་པོ་བུན་ཟེར་གྱིས་འཕྲོས་རང་གི་དཔྲལ་བར་ཐིམ་པས་ལུས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས་བུམ་དབང་ཐོབ། མགྲིན་པར་ཨཱཿ དམར་པོ་ལས་འོད་ཟེར་དམར་པོ་འཕྲོས་རང་གི་མགྲིན་པར་ཐིམ་པས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་སྦྱངས་གསང་དབང་ཐོབ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས་རང་གི་སྙིང་ཁར་ཐིམ་པས་སེམས་ཀྱི་སྡིག་སྒྲིབ་སྦྱངས་ཤེར་དབང་ཐོབ། ཡབ་ཀྱི་ལྟེ་བའི་ཧྲཱིཿ དང་ཡུམ་གྱི་ལྟེ་བའི་མ་དམར་སེར་ལས་རང་འོད་འཕྲོས་སྒོ་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་ཡེ་ཤེས་ཀྱི་འཛིན་པའི་དྲི་མ་སྦྱངས་ཚིག་དབང་ངམ་དེ་ཁོ་ན་ཉིད་ཀྱི་དབང་ཐོབ་པར་བསམ། དེ་ལྟར་དབང་བཞིའི་དམིགས་གནད་འདི་གོང་འོག་ཀུན་ཏུ་ལམ་འདིའི་ཉམས་ལེན་གྱི་སྲོག་ལྟ་བུ་ཡིན་ནོ། །དེ་ལྟར་དབང་གཞིའི་དམིགས་གནད་དང་སྦྱར་ཏེ། བླ་མ་ཡབ་ཡུམ་སྐུ་ཡི་གནས་བཞི་ལས༔ སོགས་ཀྱི་མཐར་བླ་མ་འོད་དམར་སེར་གྱི་གོང་བུར་ཞུ་ནས་སྤྱི་བོ་ནས་སྙིང་ཁར་ཐིམ་པར་བསམ་ལ་རང་སེམས་དང་བླ་མ་དབྱེར་མེད་དུ་བསྲེས་ལ་དར་ཅིག་མཉམ་པར་བཞག །གཞུང་རྩ་བར། དེ་ནས་དབང་དོན་བསམ་བྱ་སྟེ༔ ལུས་ནི་རྣམ་སྣང་ཆོས་བདུན་བཅའ༔ ཡིད་ནི་གསང་ལམ་མིག་འབྲས་ཀྱི༔ དཀྱིལ་དུ་མ་ཡེངས་ཙེ་ནེ་བཞག༔ བློ་ཡིས་མི་བཅོས་དྲན་མེད་དུ༔ སྐྱེས་བུའི་ཁོང་སྙིང་ཕྱུང་བར་ལྟར༔ བདག་འཛིན་མེད་པར་སལ་ལེ་བཞག༔ བསྒོམ་བྱ་སྒོམ་བྱེད་མེད་པར་ཞོག༔ རང་བྱུང་ཡེ་ཤེས་ལྷན་སྐྱེས་འཆར༔ བདེ་གསལ་ཆོས་ཉིད་རོལ་པ་ལས༔ དེར་འཛིན་སྐྱེས་ནས་འཆིང་བར་བྱས༔ དེ་ཉིད་རང་རིག་མི་འགྱུར་ན༔ རིག་པ་རྩལ་གྱི་དབང་ཐོབ་ནས༔ ཉོན་མོངས་སྐྱེས་ཚད་གྲོགས་སུ་འཆར༔ བདག་ཉིད་ཆེན་པོ་བླ་མ་ཡིས༔ དབང་ཆེན་ཐོབ་པར་ངེས་ཤེས་སྐྱེད༔ ཅེས་གསུངས་སོ། །དེ་དག་ནི་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ནི། རྟེན་དང་བརྟེན་པའི་འཁོར་ལོ་བསྐྱེད་པ་ལ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཨོཾ་ཆོས་སྐུ་མི་འགྱུར་རྡོ་རྗེའི་སེམས༔ སོགས་འདི་ལྟར་བརྟན་གཡོ་སྣང་གྲག་གིས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་འཁྲུལ་པའི་སྣང་ངོར་ཤར་བ་ཙམ་མ་གཏོགས། གདོད་ནས་རང་རིག་ཆོས་ཉིད་འགྱུར་བ་མེད་པའི་རྡོ་རྗེའི་སེམས་འཕོ་འགྱུར་བྲི་གང་དང་བྲལ་བ་འདི་ཉིད་རང་བྱུང་དོན་དམ་གྱི་ཨོ་རྒྱན་པདྨ་རྒྱལ་པོ་དེ་ཉིད་དོ། །ཆོས་ཐམས་ཅད་ཡེ་ནས་བསམ་བརྗོད་དང་བྲལ་བའི་རང་བཞིན་རྫོགས་པ་ཆེན་པོ་བློ་འདས་ཆོས་སྐུ་སྤྲོས་བྲལ་སྟོང་ཉིད་རང་བཞིན་དུ་ཡེ་ནས་གནས་པ་དེ་སེམས་ཅན་གྱི་སྦུབས་ནས་ངན་དུ་མི་འགྲོ། སངས་རྒྱས་ཀྱི་སྐབས་སུ་བཟང་དུ་མི་འགྲོ་བའི་མི་འགྱུར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ཉིད་དོ། །ཀུན་ཏིང་ནི། ཨཱཿ བློ་བྲལ་དེ་ཡི་ངང་ཉིད་ལས༔ སོགས། བློ་བྲལ་སྟོང་པ་ཉིད་ཀྱི་རང་རྩལ་ལས་དེ་ལྟར་མ་རྟོགས་པའི་དམུས་ལོང་ལྟ་བུའི་སེམས་ཅན་རྣམས་ལ་བརྩེ་བའི་སྙིང་རྗེ་སྒྱུ་མ་ལྟ་བུས་ཀུན་ལ་ཁྱབ་པར་བསྒོམ་པ་ནི་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཏེ། རྔམ་གློག་ལས། གཉིས་པ་ཀུན་སྣང་ནམ་མཁའི་ཁམས། །སྙིང་རྗེ་གསུམ་གྱིས་ཁྱབ་པའི་ཕྱིར། །ཁྱབ་བརྡལ་ཆེན་པོའི་ཏིང་འཛིན་བསྒོམ། །ཞེས་སོ། །རྒྱུ་ཡི་ཏིང་ངེ་འཛིན་ནི། ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ སོགས། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ངང་ལས་འགྲོ་བའི་དོན་དཔག་ཏུ་མེད་པ་བྱེད་པའི་སླད་དུ་རང་གི་རིག་པའི་ངོ་བོ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་འབར་བར་བསྒོམ་པ་ནི་རྒྱུའི་ཏིང་ངེ་འཛིན་ཏེ། གསང་སྙིང་ལས། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟེན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་སོ། །དེ་ཡང་བདག་མདུན་ཐ་དད་ལྟ་བུ་མ་ཡིན་པར་མདུན་གྱི་དཀྱིལ་འཁོར་དམིགས་རྟེན་གྱི་མཚན་གཞི་ལྟ་བུར་བཟུང་སྟེ་གཙོ་བོར་བདག་མདུན་དབྱེར་མེད་དཀྱིལ་འཁོར་བདག་རྫོགས་ཀྱི་ཚུལ་དུ་བརྒྱུད་པ་གོང་མའི་དགོངས་པ་བླ་མའི་ཕོ་བྲང་གནམ་བབ་མའི་ལུགས་ལྟར་སྒོམ་པ་ནི། རྡོ་རྗེའི་འོད་ལས་གཞལ་ཡས་ཁང་༔ སོགས་ཀྱིས་རྒྱུའི་རྡོ་རྗེའི་ལས་འོད་ཟེར་འཕྲོས་པའི་པདྨ་འོད་ཀྱི་གཞལ་ཡས་ཁང་། ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་དུ་འབར་བའི་ནང་དུ་རྡོ་རྗེ་ར་གུར་ལྕགས་རྨོགས་ཀྱི་དབྱིབས་ལྟ་བུའི་ནང་དུ་དུར་ཁྲོད་བརྒྱད་དེའི་ནང་དུ་རིམ་པ་བཞིན་དུ་སྣ་ཚོགས་པདྨ་འདབ་མ་བཅུ་དྲུག །རིན་ཆེན་ཟུར་བརྒྱད་ཁ་དོག་མཐིང་ག །པདྨ་འདབ་བཞི། འདབ་མ་སོ་སོར་དཀར་སེར་དམར་ལྗང་བཞིའི་བསྐོར་བ་ནི་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་ཡི་སྒོམ་ཚུལ་ནི། རྡོ་རྗེ་གནས་གྱུར་དྲན་རྫོགས་སུཿ སོགས་ཀྱི་བདག་དང་མདུན་རྟེན་དབྱེར་མེད་པར་དཀྱིལ་འཁོར་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་གེ་སར་ཟིལ་ཕོར་དང་བཅས་པའི་སྟེང་དུ་ཉི་ཟླའི་གདན་ལ་ལྷའི་བུའི་བདུད་དཀར་པོ་དང་། ཉོན་མོངས་བདུད་སེར་པོ་གཉིས་གཡས་སུ་ཁ་སྦུབ། ཕུང་པོའི་བདུད་དམར་པོ་དང་། འཆི་བདག་བདུད་ནག་པོ་གཉིས་གཡོན་དུ་གན་རྐྱལ་དུ་བསྣོལ་བའི་སྟེང་དུ་རང་རིག་གསེར་གྱི་རྡོ་རྗེ་བབ་པ་ལས་སྐད་ཅིག་དྲན་རྫོགས་སུ་དཔའ་བོ་རྟ་མགྲིན་ཡབ་ཡུམ་སྐུ་མདོག་དམར་པོ་པདྨ་རཱ་གའི་ལྷུན་པོ་ལ་ཉི་མའི་འོད་ཕོག་པ་ལྟ་བུ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཁྲོ་ཞིང་སྒེག་པ། ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་བ། གཡོན་བདུད་བཞིའི་སྙིང་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། མཆན་ཁུང་གཡོན་དུ་ཁ་ཊྭཱཾ་ཀ་འཆང་བ། རལ་པ་དམར་སེར་གྱེན་དུ་བརྫེས་པའི་ཀློང་དུ་རྟ་མགོ་ལྗང་ཞུར་རྟ་སྐད་ཕྱོགས་བཅུར་སྒྲོགས་པས། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་པའི་དོར་སྟབ་ཀྱིས་འགྱིང་བ་གར་གྱི་ཉམས་དགུ་དང་ལྡན་པ་དྲུར་ཁྲོད་ཀྱི་ཆས་བརྒྱད། རུས་པའི་རྒྱན་དྲུག །ཐོད་སྐམ་ལྔར་རིགས་ལྔའི་རྩེ་ཕྲན་ཅན་གྱིས་དབུ་བརྒྱན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་པང་ན་ཡུམ་ཕག་མོ་དམར་མོ་བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན་ལང་ཚོ་རབ་ཏུ་རྒྱས་པ། རིན་པོ་ཆེ་དང་རུས་པའི་ཕྱག་རྒྱ་ལྔའི་བརྒྱན་ཅིང་། ཕྱག་གཡས་པའི་གྲི་གུག་འཛིན་པས་ཡབ་ཡུམ་ལ་འཁྱུད་ཅིང་། གཡོན་ཐོད་ཁྲག་ཡབ་ལ་སྟོབ་པ། སྤྱི་གཙུག་ནས་ཕག་ཞལ་ནག་པོའི་ངུར་སྒྲ་སྒྲོག་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །དེ་ཉིད་སྤྱི་བོར་རང་རིག་པའི་ངོ་བོ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་གཉིས་པདྨ་གེ་སར་རབ་ཏུ་རྒྱས་པའི་ཟེ་འབྲུ་ཐེབས་ཉི་ཟླ་བརྩེགས་པའི་གདན་ལ་ཞབས་རྡོ་རྗེ་སྐྱིལ་དཀྲུང་གིས་བཞུགས་པ་སྐུ་མདོག་མཐིང་ག །ཞལ་ཅིག་ཕྱག་གཉིས་ཞི་བའི་ཚུལ་དགུའི་བརྒྱན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན་པ། གཡོན་པས་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པའི་ཚུལ་གྱིས་ཡུམ་ལ་འཁྱུད་པ། ལྷ་རྫས་ཀྱི་སྟོད་གཡོགས། ཚི་གུའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་དར་དཔྱང་། རལ་པའི་ཐོར་གཙུག་ལ་རིན་པོ་ཆེའི་དབུ་རྒྱན་དང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ། རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ་དེའི་པང་དུ་ཡུམ་མཁའ་འགྲོ་མཚོ་རྒྱལ་བཅུ་དྲུག་ལོན་པའི་ན་ཚོད་ཅན་གཅེར་བུ་སྐྲ་གྲོལ་བ་ལངས་ཚོ་རབ་ཏུ་རྒྱས་པ། ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྲིལ་བ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། མེ་ཏོག་པདྨ་དཀར་པོ་ལྟ་བུར་རུས་པའི་ཕྱག་རྒྱ་ལྔ་དང་། རིན་ཆེན་རྒྱན་སོགས་ཡབ་དང་མཐུན་པ། དར་མཐིང་དམར་གྱི་ཅོད་པན་ཅན། གཡས་གྲི་གུག་འཛིན་པས་ཡབ་ལ་འཁྱུད་པ། གཡོན་ཐོད་པ་བདུད་རྩིས་གང་བ་ཡབ་ལ་སྟོབ་ཅིང་གཉིས་ཀའང་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའོ། །དེ་ནས་འཁོར་གྱི་ལྷ་རྣམས་བསྐྱེད་པ་ནི། ཕྱོགས་བཞིར་རིགས་བཞི་ཐོད་ཕྲེང་རྩལ༔ སོགས་ལས་བྱང་དུ་ཐོད་ཕྲེང་རིགས་ལས་མ་གསུངས་ཀྱང་འཕྲིན་ལས་བཞི་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་ཕྱིར་ཐོད་ཕྲེང་སྡེ་ལྔ་ངེས་པར་དགོས་སོ། །བླ་མ་རྡོ་རྗེ་སེམས་དཔའི་མདུན་དང་ཕྱོགས་བཞིར་ཐོད་ཕྲེང་རིགས་ལྔ་བསྐྱེད་པ་ནི། གཙོ་བོའི་མདུན་དུ་བུདྡྷ་ཐོད་ཕྲེང་རྩལ་སྐུ་མདོག་སྨུག་པོ་གསལ་ཞིང་འཚེར་བ། ཕྱག་གཡས་ཌཱ་མ་རུ་དང་། གཡོན་བྷནྡྷ་བདུད་རྩིས་གང་བ་དང་འཁོར་ལོ་བསྣམས་པ༑ ཤར་དུ་རྡོ་རྗེ་ཐོད་ཕྲེང་རྩལ་དཀར་པོ་གཡས་ཌཱ་མ་རུ་དང་གཡོན་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པ། ལྷོར་རཏྣ་ཐོད་ཕྲེང་རྩལ་སེར་པོ་གཡས་ཌཱ་མ་རུ་དང་གཡོན་རིན་ཆེན་དང་ཞགས་པ་འཛིན་པ། ནུབ་ཏུ་པདྨ་ཐོད་ཕྲེང་རྩལ་དམར་པོ་གཡས་ཌཱ་མ་རུ་དང་གཡོན་པདྨ་ལྕགས་སྒྲོག་འཛིན་པ། བྱང་དུ་ཀརྨ་ཐོད་ཕྲེང་རྩལ་སྐུ་མདོག་ལྗང་གུ། གཡས་ཌཱ་མ་རུ་དང་གཡོན་རྒྱ་གྲམ་དང་དྲིལ་བུ་འཛིན་པ། དེ་ཐམས་ཅད་ཀྱང་རང་མདོག་དང་མཚུངས་པའི་ཟབ་བེར་ཆོས་གོས། པད་ཞྭ་སོགས་ཨོ་རྒྱན་ཟ་ཧོར་མའི་ཆ་ལུགས་ཅན་པད་ཟླ་ལ་བཞུགས་པ། ཕྱི་རོལ་འཁོར་ཡུག་ཏུ་འཇའ་ཚོན་སྣ་ལྔའི་ར་བས་བསྐོར་བ་དེའི་ཕྱོགས་མཚམས་རིན་ཆེན་ཟུར་བརྒྱད་ཀྱི༔ སོགས། དེའི་ཕྱི་རོལ་རིན་ཆེན་ཟུར་བརྒྱད་ཀྱི་ཐད་ཀའི་སྟེང་གི་བར་སྣང་སྤྲུལ་བའི་གུ་རུ་མཚན་བརྒྱད་བསྐྱེད་པ་ནི། པདྨ་ཉི་ཟླའི་གདན་རེ་རེ་ལ། ཤར་དུ་པདྨ་འབྱུང་གནས་སྐུ་མདོག་མཐིང་ག་ཞི་ཞིང་འཛུམ་པའི་ཉམས་ཅན་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་སྡིག་མཛུབ་མཛད་པའི་ཡུམ་ལ་འཁྱུད་པ། རིགས་ལྔའི་དབུ་བརྒྱན་སོགས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། དར་དང་རིན་པོ་ཆེ་རུས་པའི་རྒྱན་སྣ་ཚོགས་བརྒྱན་པ། པང་དུ་རང་འདྲའི་ཡུམ་མཁའ་འགྲོ་འཚོ་རྒྱལ་སྐུ་མདོག་དཀར་དམར་མཛེས་འཛུམ་ཆགས་པའི་ཉམས་རྒྱས་པ་གཅེར་བུ་སྐྲ་གྲོལ་པ་ཕྱག་གཉིས་གྲི་ཐོད་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། དར་དང་རིན་པོ་ཆེ་རུས་པའི་ཕྱག་རྒྱ་ལྔའི་བརྒྱན་པ། ཞབས་གཉིས་ཡབ་ལ་འཁྲིལ་པའི་སྙོམས་པར་སྦྱོར་བ། ཤར་ལྷོར་པདྨ་སཾ་བྷ་སྐུ་མདོག་དཀར་པོ་ཞི་ཚུལ་དགེ་སློང་གི་ཆ་ལུགས་ཅན། དབུ་ལ་པད་ཞུ་རྣ་རིང་མནབ་པ། གཡས་ཐོད་པ་བདུད་རྩིས་གང་བ་འཛིན་ཅིང་། གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ་སྐུ་ལ་དར་དམར་གྱི་ཆོས་གོས་གསོལ་བ། ལྷོར་བློ་ལྡན་མཆོག་སྲེད་དཀར་པོ་ཞི་འཛུམ་ཅན། དར་དཀར་གྱི་ན་བཟའ་གསོལ་བ། གཡས་ཐོད་པའི་རྔེའུ་ཆུང་དང་། གཡོན་པདྨའི་ཕོར་བ་བདུད་རྩིས་བཀང་བ་བསྣམས་པ། དབུ་ལ་དར་དཀར་གྱི་ཐོད་དང་རིགས་ལྔའི་དབུ་རྒྱན་ཅན། རིན་པོ་ཆེ་དང་མེ་ཏོག་ཨུཏྤལ་གྱི་ཕྲེང་བས་བརྒྱན་པ། ལྷོ་ནུབ་ཏུ་པདྨ་རྒྱལ་པོ་སྐུ་མདོག་དམར་གསལ་ཁྲོ་འཛུམ་རྒྱས་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་གཡས་ཌཱ་མ་རུ་དང་ལྕགས་སྒྲོག །གཡོན་མེ་ལོང་ཡིག་འབྲུས་མཚན་པ༑ དབུ་ལ་དར་དམར་གྱི་ལ་ཐོད་དང་རིན་པོ་ཆེའི་དབུ་རྒྱན། སྙན་ཕོར། འགུལ་རྒྱན། དར་དམར་པོའི་བེར་ཕྱམ། ཞབས་གཉིས་སག་ལྷྭ མ་སོགས་རྒྱལ་པོའི་ཆ་ལུགས་ཅན། ནུབ་ཏུ་ཉི་མ་འོད་ཟེར་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་ཧེ་རུ་ཀའི་ཆ་ལུགས་ཅན་གཅེར་བུ་སྟག་ཤམ་དང་ཐོད་སྐམ་གྱིས་དབུ་བརྒྱན། རུས་པའི་རྒྱན་དྲུག་གིས་བརྒྱན་པ་དབུ་སྐྲ་ཐོར་ཚུགས་ཅན་ཕྱག་གཡས་ཁ་ཊྭཱཾ་འཛིན་ཅིང་། གཡོན་སྡིག་མཛུབ་གྱི་རྩེར་ཉི་ཞགས་ཅན། ནུབ་བྱང་ཤཱཀྱ་སེངྒེ་སེར་པོ་ཚངས་པར་སྤྱོད་པའི་སྤྲུལ་སྐུའི་ཆ་ལུགས་ཅན་གཡས་ས་གནོན། གཡོན་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས་པ། དབུ་གཙུག་ཏོར་ཅན་ན་བཟའ་ཆོས་གོས་ངུར་སྨྲིག་གསོལ་བ། བྱང་དུ་སེངྒེ་སྒྲ་སྒྲོག་མཐིང་ནག་ཁྲོ་བོའི་ཆ་ལུགས་ཅན་ཕྱག་གཡས་གནམ་ལྕག་གི་རྡོ་རྗེ་ནམ་མཁར་གདེངས་ཤིང་། གཡོན་སྡིག་མཛུབ་ཐུགས་ཀར་བསྟན་པ། སྐུ་སྟོད་ལ་སེང་ལྤགས། སྐུ་སྨད་ལ་སྟག་ཤམ། རལ་པ་ཁམ་ནག་གྱེན་དུ་བརྫེས་པ་ལ་ཐོད་སྐམ་ལྔས་དབུ་བརྒྱན་ཅིང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་གཉིས་དོར་སྟབས་སུ་མུ་སྟེགས་ཕོ་མོ་མནན་པ། བྱང་ཤར་དུ་རྡོ་རྗེ་གྲོ་ལོད་དམར་སྨུག་དབུ་སྐྲ་ཚར་གུག་ཁྲོ་བོ་འཆོལ་བའི་ཆ་ལུགས་ཅན་ཨམ་གཙིགས་བསྡམས་པ། ཕྱག་གཡས་རྡོ་རྗེ། གཡོན་ཕུར་བུས་དགྲ་སྙིང་གཟིར་བ། སྐུ་ལ་ཕོད་ཀའི་ཆོས་གོས་གསོལ་བ། མི་མགོའི་དོ་ཤལ་དང་སྙན་ཆ་དུང་ལོང་ཅན་ཞབས་གཉིས་སག་ལྷྭ མ་བཅས། རྩལ་ཆེན་སྟག་མོ་གྲུས་མའི་སྟེང་ན་དོར་སྟབས་སུ་བསྒྲད་པ། ཁྲོ་བོ་གཉིས་མ་གཏོགས་པ་ཐམས་ཅད་ཞབས་སྐྱིལ་དཀྲུང་དུ་བཞུགས་པ་འཇའ་འོད་ཀྱི་གུར་འཁྲིགས་པ། ཁྲོ་བོ་གཉིས་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །དེའི་མཐར་མོས་བསྐྱེད་ཙམ་དུ་ལམ་འདིའི་རྩ་བརྒྱུད་ཀྱི་བླ་མའི་ཚོགས་ཐམས་ཅད་བཞུགས་པར་བསྒོམ་པའོ། །རིགས་བཞིའི་མཁའ་འགྲོ་བསྐྱེད་པ་ནི། ཧྲཱིཿ ཕོ་བྲང་ཕྱོགས་བཞིར་པད་འདབ་བཞི༔ སོགས་ལ་གཙོ་བོ་རྟ་མགྲིན་ཡབ་ཡུམ་གྱི་ཕྱོགས་བཞིའི་པད་འདབ་བཞི་ལ་ཞིང་ཆེན་གྱི་གདན་རེའི་སྟེང་དུ། ཤར་ནས་རིམ་པ་བཞིན་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར་པོ། ལྷོར་རཏྣ་མཁའ་འགྲོ་ཡབ་ཡུམ་སེར་པོ། ནུབ་ཏུ་པདྨ་མཁའ་འགྲོ་ཡབ་ཡུམ་དམར་པོ། བྱང་དུ་ཀརྨ་མཁའ་འགྲོ་ཡབ་ཡུམ་ལྗང་གུ་རྣམས་སོ་སོའི་རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པའོ། །སྣ་ཚོགས་པད་འཁོར་ཕྱི་མ་ལ༔ སོགས་ཀྱིས་ཕྱི་རོལ་པད་འདབ་བཅུ་དྲུག་ལ་མོས་བསྐྱེད་ཙམ་དུ་ཤར་གྱི་པད་འདབ་ནས་གཡས་བསྐོར་དུ་རྡོར་སེམས་རྡོ་རྗེ་ཤུགས་འགྲོ། ཤར་ལྷོར་ལྷུན་གྲུབ་རིག་འཛིན། དཔལ་ལྡན་ལྷ་མོ། ལྷོར་ཡུམ་ནམ་མཁའི་དབྱིངས་ཕྱུག་མ་རིན་ཆེན་ཤུགས་འགྲོ། ལྷོ་ནུབ་ཏུ་ཕྱག་རྒྱ་ཆེན་པོའི་རིག་འཛིན། ལས་མཁན་སྲོད་བདུད་ནག་པོ། ནུབ་ཏུ་དཔལ་ཆེན་ཧེ་རུ་ཀ་པདྨ་ཤུགས་འགྲོ། ནུབ་བྱང་དུ་ཚེ་ལ་དབང་བའི་རིག་འཛིན་ནོར་བདག་ཛཾ་བྷ་ལ། བྱང་དུ་ཡུམ་ཀྲོ་ཏི་ཤྭ་རི་མ་ཀརྨ་ཤུགས་འགྲོ། བྱང་ཤར་དུ་རྣམ་པར་སྨིན་པའི་རིག་འཛིན། དཔལ་མགོན་པོ་མ་ནིང་ནག་པོ། དེ་ལྟར་ལྷ་དང་ལྷ་མོ་རྣམས་ཀྱིས་རང་རང་གི་གསུང་སྔགས་ཀྱི་སྙིང་པོ་འ་འུར་སྒྲོགས་པ། རིག་འཛིན་རྣམས་ཀྱིས་རྗེས་འཇུག་སྒྲུབ་པ་པོ་ལ་བྱིན་གྱིས་རློབས། མཁའ་འགྲོའི་ཆོས་སྐྱོང་རྣམས་ཀྱིས་བར་ཆད་སེལ་ཞིང་ལོག་ལྟ་རྣམས་སྒྲོལ། ཤུགས་འགྲོ་རྣམས་ཀྱིས་གླུ་ལེན་ཅིང་གར་སྒྱུར། ནོར་ལྷ་རྣམས་ཀྱིས་དངོས་གྲུབ་སྟེར། མཆོད་པའི་ལྷ་མོ་རྣམས་ཀྱིས་འདོད་ཡོན་མཆོད་པ་སྣ་ཚོགས་དང་། བཀྲ་ཤིས་པའི་གླུ་དབྱངས་རོལ་མོ་སོགས་ཀྱི་ཀུན་ནས་དུང་བའི་བསྟོད་པ་ཕྱི་རོལ་ཕྱོགས་མཚམས་ཀྱི་དུར་ཁྲོད་ཆེན་པོ་བརྒྱད་ན། ཤིང་བརྒྱད། མེ་བརྒྱད། ཆུ་བརྒྱད། སྤྲིན་བརྒྱད། རི་བརྒྱད་ལ་བརྟེན་པའི་མཆོད་རྟེན་བརྒྱད། གྲུབ་པ་ཐོབ་པའི་སློབ་དཔོན་བརྒྱད། ཕྱོགས་སྐྱོང་བརྒྱད། ཞིང་སྐྱོང་བརྒྱད། ཀླུ་ཆེན་བརྒྱད། ཤ་ཟ་འབྱུང་པོ་དང་བྱ་གཅན་གཏུམ་པོ་མང་པོས་གང་བ་མི་རོ་གསར་རྙིང་ཀེང་རུས་ལ་སོགས་པ་བཀྲམ་པའི་འཇིགས་པར་བྱས་པའོ། །དེའི་ཕྱི་མཐའ་རྡོ་རྗེ་གྱེན་ལང་གིས་ར་བ་ལྕགས་རི་བསྐོར་བའི་སྟེང་དུ་དབུས་མཐོ་ཞིང་མཐའ་བགས་ཀྱིས་གཞོལ་བ་ཕྱིར་འཕྱང་བའི་རྣམ་པ་ཅན་གྱི་རྡོ་རྗེ་གུར་སོགས་གུར་གྱི་དབྱིབ་ལྟ་བུར་ཕུབ། རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་ཅན། རྡོ་རྗེ་ཐམས་ཅད་ཁ་དོག་མཐིང་ཁ་ཤ་སྟག་གོ ། དེ་དག་ལས་སྤྲུལ་པའི་ཕོ་ཉ་ཁྲོ་ཆུང་དང་མཚོན་ཆ་སྣ་ཚོགས་པ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་འཕྲོས་པ་དེ་རྣམས་ལས་ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ཚོགས་སུ་འབར་བ་སྒོམ། དེ་ལྟར་རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་ཐམས་ཅད་ནམ་མཁའ་ལ་ཆར་སྤྲིན་གཏིབས་པ་བཞིན་སྒོམས་ཤིང་། ཡང་སྒོ་རྫོགས་བྲི་སྒོམ་སྤྲོ་བ་རིན་ཆེན་ཟུར་བརྒྱད་ཀྱི་ཕྱི་རོལ་གཞལ་ཡས་ཁང་རྟ་བབ་སྣམ་བུ་བཞི་ལ་མཚན་ཉིད་ཀུན་ལྡན་གྱི་ཕྱི་རོལ་པདྨའི་འདབ་མའི་སྟེང་། ཡི་དམ་ལྷ་དང་། རིག་འཛིན་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ཐམས་ཅད་མོས་བསྐྱེད་ཙམ་དུ་སྤྲིན་ལྟར་འཁྲིགས་པར་སྒོམ། དེ་ཐམས་ཅད་གཙོ་འཁོར་གྱི་རྣམ་པར་དུ་མར་སྣང་ཡང་རང་གི་སེམས་ཉིད་གདོད་མའི་གཤིས་ཀྱི་གནས་ལུགས་ཀུན་ཁྱབ་སྐུ་གསུམ་གྱི་བདག་ཉིད་བླ་མ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་རྣམ་པར་དག་པའི་རྩལ་སྣང་ཙམ་དུ་ཐག་བཅད་ནས། མ་འདྲེས་ཡོངས་རྫོགས་མེ་ལོང་ནང་གི་གཟུགས་བརྙན་བཞིན་གསལ་སྟོང་གཉིས་སུ་མེད་པ། གསལ་ལ་འཛིན་པ་མེད་པ། བདེ་ལ་ཞེན་པ་མེད་པ། ཟུང་འཇུག་ལ་མཚན་པ་མེད་པར་བསྒོམ་པར་བྱ་བ་གཅེས་སོ། །འཛིན་པས་མ་བཅིངས་གསལ་བར་བསྒོམ༔ ཞེས་གསུངས་སོ། །གཙོ་བོར་རང་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ཀུན་གོ་གཅིག་ཆོད་ཉིད་དུ་གསལ་ཐེབས་པ་གལ་ཆེའོ། །ཞལ་གདམས་ལས། སྒྲུབ་ཐབས་གང་བྱེད་བསྐྱེད་རིམ་ནི༔ གསལ་བར་བསྒོམ་པའི་དུས་ནའང་༔ ང་ཉིད་དེ་ཡི་དྲུང་ན་གནས༔ ཞེས་གསུངས་ཤིང་། རང་གཞུང་རྩ་བར། ལྷ་ཉིད་རང་ལ་རང་ཉིད་ལྷ༔ རང་དང་ལྷན་ཅིག་སྐྱེས་པ་ལ༔ དམ་ཚིག་ཡེ་ཤེས་གཉིས་མེད་པའི༔ སྤྱན་འདྲེན་བཞུགས་གསོལ་འདིར་མི་དགོས༔ སོགས་དང་། འདོད་པའི་ཡོན་ཏན་མང་པོ་ཡང་༔ རང་སེམས་ཡེ་ཤེས་རོལ་པའི་རྒྱན༔ རང་ལས་སྤྲུལ་ཞིང་རང་མཆོད་པའི༔ མཆོད་རྫས་གཞན་གྱིས་བསྐང་མི་འཚལ༔ གསུངས་པའི་སྐབས་འདིར། བཟླས་པ་ལ་འཇུག་ཀྱང་ཆོག་པར་རྩ་བར་གསུངས། འོན་ཀྱང་བློ་ཆུང་བའི་གང་ཟག་གི་རྟོག་པ་སེལ་བ་དང་། གདུལ་བྱའི་ཚོགས་བསགས་པའི་ཕྱིར་སྤྱན་འདྲེན་མཆོད་པ་རྣམས་ལྷན་ཐབས་ལས་བྱང་ལེ་བརྒྱད་ཀྱི་ལེའུ་གསུམ་པ་དང་བཞི་པར་སྦྱོར་བ་ཕྱག་བཞེས་སུ་ཡོད་པའི། སྤྱན་འདྲེན་པ་ནི། དམ་ཡེ་ལ་མཆོག་དམན་ཐ་དད་དུ་འཛིན་པའི་ཞེན་རྟོག་སྤོང་བ་དང་། ཡེ་ཤེས་ཀྱི་འཁོར་ལོ་རང་གི་སེམས་དང་དབྱེར་མེད་དུ་ཤེས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག་པ་སོགས་ཀྱི་དགོས་པ་ཡོད་དོ། །རྩེ་ལེ་རིག་འཛིན་ཆེན་པོས། ཡེ་ཤེས་པ་རང་བཞིན་གྱིས་གནས་པས་སྤྱན་འདྲེན་ཞེས་པ། རང་བཞིན་གྱི་གནས་ཟེར་བའི་ཡུལ་ཞིག་ག་ཤེད་ཞིག་ན་མངོན་སུམ་ཡོད་པའི་ཕྱི་རོལ་ནས་མི་གཅིག་པ་ཞིག་སྤྱན་དྲང་རྒྱུ་ཡོད་པ་མ་ཡིན་ཀྱང་། མ་དག་པའི་འཁྲུལ་སྣང་གི་བག་ཆགས་སྦྱང་ཕྱིར་གནས་ཡུལ་སོགས་ཐ་དད་ནས་སྤྱན་འདྲེན་པའི་ཚིག་ངག་ནས་བརྗོད་ཀྱང་དོན་རང་རིག་བྱང་ཆུབ་སེམས་ཀྱི་རོལ་བའི་ཆོ་འཕྲུལ་གྱིས་སྣང་སྲིད་ཀུན་ལ་མ་ཁྱབ་པ་མེད་ཕྱིར་རང་ཤེས་རིག་པའི་དམ་ཚིག་ཡེ་ཤེས་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དུ་སྤྱན་དྲངས་ཞེས་གསུངས་པས། རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་ནས་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་གཟུགས་སྐུ་འགྲོ་བའི་དོན་མཛད་ཕྱིར་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ལ་འཁོར་གང་ལ་གང་འདུལ་གྱི་སྤྲུལ་པའི་རྣམ་རོལ་ཐོད་ཕྲེང་རིགས་ལྔ་གུ་རུ་མཚན་བརྒྱད། ཡི་དམ་རྟ་ཕག་ཡབ་ཡུམ་དཔའ་བོ་མཁའ་འགྲོ་སྡེ་བཞི་དངོས་བརྒྱུད་རིག་འཛིན་བླ་མ་རྣམས་དང་། དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་བདག་སྒྲུབ་པ་པོ་ལ་བྱིན་གྱིས་བརླབ་ཕྱིར་མངོན་སུམ་བཞིན་དུ་བྱོན་པར་བསམས་ལ་སྤོས་དང་རོལ་མོ་སྣ་ཚོགས་པའི་གདུང་དབྱངས་དང་བཅས་ཏེ། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སོགས་ཀྱིས་སྤྲིན་ཕུང་གཏིབས་བཞིན་བྱོན་པར་བསམ་མོ། །ཧྲཱིཿ རིན་ཆེན་ཕོ་བྲང་ཉམས་རེ་དགའ༔ སོགས་ཀྱིས་སྤྱན་དྲངས་པའི་ཡེ་ཤེས་པའི་ཚོགས་ཐམས་ཅད་བདག་དམ་ཚིག་པ་ལ་ཆུ་ལ་ཆུ་བཞག་པ་བཞིན་ཐིམ་པར་བསམ། ཨེ་མ་ཧོཿ སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས༔ སོགས་རང་རིག་སྐྱེ་འགགས་འགྱུར་བ་མེད་པའི་ངང་ལས་ཕྲིན་ལས་བཞི་རྫོགས་པའི་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་ཡིད་བཞིན་ནོར་བུ་དང་ཆོས་མཚུངས་པའི་རང་རིག་དོན་གྱི་པདྨ་ཐོད་ཕྲེང་རྩལ་དུ་རྟོགས་པ་ནི་དོན་དམ་ལྟ་བ་མཇལ་བའི་ཕྱག་སྟེ། དེ་ལྟར་ནའང་འཇིག་རྟེན་སྲིད་ཞུའི་ཚུལ་དུ་སྔགས་ཕྱི་པ་དང་སྒོ་བསྟུན་ཏེ་ཕྱག་འབུལ་བ་བདག་ཉིད་གཙོ་བོའི་ཐུགས་ཀར་ནས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ལྷ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་འཐོན་ནས་ཕྱག་བགྱིས་པར་བསམ་མོ། །མཆོད་པ་འབུལ་བ་ལ། ཐོག་མར་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་ཝའི་སྔགས་ཀྱིས་མཆོད་རྫས་ལ་འབག་བཙོག་ཏུ་གྱུར་པ་སོགས་མ་དག་པའི་དངོས་འཛིན་གྱི་རྟོག་པ་ཐམས་ཅད་ཆོས་ཉིད་སྟོང་པའི་ངང་དུ་སྦྱངས། རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོར་འབྲུ་གསུམ་བརྗོད་པའི་རྐྱེན་གྱིས་ཕྱི་ནང་གསང་བའི་མཆོད་རྫས་རྣམས་ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར་རྒྱ་ཆེར་སྤེལ། བྷནྡྷ་གཞལ་ཡས་ཁང་གི་ནང་དམ་རྫས་ཤ་ལྔ་དང་། བདུད་རྩི་ལྔ་རིགས་ལྔ་ཡབ་ཡུམ་དུ་གྱུར་པའི་སྙོམས་པར་སྦྱོར་བའི་བྱང་སེམས་བདུད་རྩིའི་རྒྱ་མཚོར་འཁྱིལ་བ་གཟུང་འཛིན་འཁོར་བའི་བག་ཆགས་འཆིང་གྲོལ་མེད་པའི་རང་བཞིན་དུ་གྱུར་པ་བསམ་ལ་སྔགས་ལན་བདུན་བཟླ། གཏོར་མའི་ངོ་བོ་ཟག་པ་མེད་པའི་བདུད་རྩིའི་རང་བཞིན་ལ་གཏོར་ཟན་འདོད་ཡོན་ལྔའི་ལྷ་མོའི་སྤྲིན་ཕུང་འཁྲིགས་པར་གྱུར། རཀྟ་ལ་དམ་ཚིག་རྫས་ཀྱི་རཀྟ་ཕྱི་ནང་གི་རྩ་བ་བརྒྱད་ལ་ཡན་ལག་སུམ་ཅུ་རྩ་ལྔ་ལས་ལྷ་མོ་རྡོ་རྗེ་སྒེག་པ་མོ་བསྐྱེད་པའི་མཁའ་གསང་ལས་རཀྟའི་རྒྱུན་བབ་པའི་དམ་ཚིག་གི་རཀྟ་ལ་ཡེ་ཤེས་ཀྱི་རཀྟའི་རྒྱུན་བབ་པའི་འགྱུར་མེད་དོན་གྱི་རཀྟ་སོར་རྟོགས་ཡེ་ཤེས་ཀྱི་ངོ་བོར་གྱུར། སོ་སོའི་སྔགས་ལན་གསུམ་རེ་དང་། ཕྱི་ནང་གསང་བའི་མཆོད་པ་རྣམས་ངོ་བོ་ཟག་པ་མེད་པའི་རང་བཞིན་ལ་རྣམ་པ་སོ་སོའི་བྱེད་ལས་དང་མཚན་ཉིད་ཐམས་ཅད་ཚང་བར་བསམ་ལ་བྱིན་གྱིས་རླབས་པའོ། །མཆོད་པ་འབུལ་བ་ནི། ཕྱི་མཆོད་ལ། ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ སོགས་འཕྲུལ་དགའི་ལྷ་རྣམས་རང་གི་སྤྲུལ་བའི་ལོངས་སྤྱོད་ལ་བརྩེ་བའི་ཚུལ་གྱིས་བདག་ཉིད་གཙོ་བོའི་ཐུགས་ཀར་ནས་མཆོད་པའི་ལྷ་མོ་མེ་ཏོག་མ་དཀར་མོའི་མེ་ཏོག་སྤོས་མ་སེར་མོ། མར་མེ་མ་དམར་མོ། དྲི་ཆབ་མ་ལྗང་གུ། ཞལ་ཟས་མ་དཀར་མོ། རོལ་མོ་མ་སྔོན་མོ་རྣམས་ཀྱིས་མཆོད་རྫས་ཐོགས་པ་ཚོགས་དྲུག་གི་ཡུལ་རྣམས་སུ་འབུལ་བར་བསམ། ནང་མཆོད་ལ། ཧྲིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་སོགས། དབང་པོ་ལྔའི་མེ་ཏོག །གསུར་ཆེན་གྱི་སྤོས། ཞུན་ཆེན་མར་མེ། འཁྲིས་པའམ་དྲི་ཆུས་བྱུགས་པ། དམ་རྫས་བདུད་རྩིའི་དྲི་ཆེན་གྱི་ཞལ་ཟས། རྐང་གླིང་ཐོད་རྔའི་རོལ་མོ་སོགས་ཀྱིས་མཆོད་ལ། དུག་གསུམ་གྱི་ངོ་བོར་མ་སྤངས་པར་སྐུ་གསུམ་དང་། དུག་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་ཡེ་ནས་ལྷུན་གྱིས་གྲུབ་པར་མཆོད་པ་སྣང་སྲིད་སྣོད་བཅུད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་གསལ་བ་ནི་སྐུ་ཕྱག་རྒྱ་མེ་ལོང་ལྟ་བུའི་ཡེ་ཤེས། རང་སྲོག་ཡིག་འབྲུ་ས་བོན་ནི་གསུང་ཆོས་ཀྱི་ཕྱག་རྒྱ་སོ་སོར་རྟོགས་པའི་ཡེ་ཤེས་། རང་རྟགས་ཕྱག་མཚན་ནི་ཐུགས་དམ་ཚིག་གི་ཕྱག་རྒྱ་མཉམ་ཉིད་ཡེ་ཤེས། གང་ལ་གང་འདུལ་གྱི་ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་པ་ནི། འཕྲིན་ལས་ཀྱི་ཕྱག་རྒྱ་སྟེ་བྱ་གྲུབ་ཡེ་ཤེས། ཆོས་དབྱིངས་ཡེ་ཤེས་ནི། དེ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པའོ། །གསང་མཆོད་ནི། ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ སོགས། ལྷ་ཚོགས་རྣམས་རང་རང་གི་ཕྱག་རྒྱ་དང་སྙོམས་པར་སྦྱོར་བའི་བྱང་ཆུབ་སེམས་དཀར་དམར་རོ་གཅིག་ཏུ་འདྲེས་པ་སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་བ་གསང་གནས་རྣམས་སུ་ལུགས་འབྱུང་ལུགས་ལྡོག་ཏུ་བབ་པས་བདེ་སྟོང་དབྱེར་མེད་ལྷན་སྐྱེས་ཀྱི་དགའ་བ་བཞིའི་ཡེ་ཤེས་ཀྱིས་སྐུའི་གནས་ཐམས་ཅད་ལ་ཁྱབ་ནས་བརྟན་པར་བྱ་བའོ། །སྨན་མཆོད་ལ། ཨོཾ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ སོགས་རྩ་བརྒྱད་ཡན་ལག་སྟོང་དུ་སྦྱར་པའི་དམ་རྫས་དེ་ནི་ཆོས་རྣམས་མཉམ་པ་ཉིད་དུ་རྟོགས་པས་གཉིས་འཛིན་གྱི་རྟོག་པ་སེལ་བའི་ཕྱིར་བདུད་རྩི་སྨན་གྱི་བཅུད་ལེན་ཏེ། དུག་ལྔའི་རྟོག་པ་དབྱིངས་སུ་དག་པའི་ངོ་བོ་ཡེ་ཤེས་ལྔར་རྫོགས། དམ་རྫས་བདུད་རྩི་མཆོག་གི་མཉེས་མཆོད་འབུལ་བའོ། །ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་སོགས། བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་བྱུང་རེས་བཞིན་དུ་ལག་གཡས་སུ་ཀ་པཱ་ལ་བདུད་རྩིས་བཀང་བ་ཐོགས་ལ། གཡོན་པའི་གུ་ཧྱེ་ལག་གི་ཕྱག་རྒྱའི་འཐེབ་སྲིན་ཉི་ཟླའི་གའུས་ཐོད་པ་བདུད་རྩི་ནས་བཅུས་ཏེ་འབུལ་བར་བསམ། རཀྟའི་མཆོད་པ་ནི། ཨཱཿ འདོད་ཆགས་རྣམ་དག་པདྨའི་རཀྟ་འདི༔ སོགས་སྔར་བྱིན་རླབས་སྐབས་སུ་ཡང་ཅུང་ཟད་སྨོས་ལྟར་འདོད་ཆགས་ཀྱི་རྟོག་པ་ཐམས་ཅད་བདེ་སྟོང་གི་ངང་དུ་རྣམ་པར་དག་པས་པདྨ་རཀྟ་སོགས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག་པ་འདི་འགྲོ་བ་རྒྱུད་དྲུག་གི་སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྒྲལ་ཁམས་གསུམ་དབང་དུ་སྡུད་ཅིང་། བདེ་ནས་བདེ་བར་མཆོག་ཏུ་ལོངས་སྤྱོད་པའི་རཀྟའི་མཆོད་པ་འདི་རྩ་བ་གསུམ་ལ་འབུལ་ལོ། །གཏོར་མའི་མཆོད་པ་ནི། ཧཱུྃ། རྗེ་བཙུན་བླ་མ་གཤེགས་སུ་གསོལ༔ སོགས་སྙན་གསན་ཕབ་ལ་སྤྲོ་བ་བསྐྱེད། ཧཱུྃ། སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སོགས་སྣོད་བཅུད་འཇིག་རྟེན་གཏོར་སྣོད་བཅུད་ཀྱི་སེམས་ཅན་གཏོར་མ་གྱུར་པ་ནི། དཔལ་གྱི་གཏོར་མ་བརྗིད་དང་ལྡན་པ་རི་རབ་ལྷུན་པོ་ལས་ཀྱང་དཔང་མཐོ་བ། མཁའ་འགྲོའི་གཏོར་མ་པདྨས་བསྐོར་བ་ནི་གླིང་བཞི་གླིང་ཕྲན་བརྒྱད་ལས་བཀོད་ལེགས་པ། དཀར་གྱི་ཐིག་བཏབ་པ་ལ། དམར་རྩིའི་གུར་ཕུབ་པ། གསེར་གྱི་རི་བདུན་བས་ཀྱང་བརྗིད་ཆེ་བའི་ཡོན་ཏན་རྫོགས་པ་ལ་སྨན་དང་རཀྟ་སྦྲན་པ། བྱང་སེམས་དཀར་དམར། ཤ་ཆེན། དྲི་ཆེན། དྲི་ཆུ་སྟེ་བདུད་རྩི་ལྔའི་བྱུགས་པའི་རྫས། སེངྒེ། གླང་ཆེན། རྟ། བ་གླང་། དཔའ་བོ་གྲིར་ཤི་བའི་ཤ་སྟེ་མཆོག་ཆེན་མིའི་ཤ་སོགས་ཤ་ལྔ། སྙིང་སྣ་སྟོང་། ཤ་སྣ་སྟོང་། དབང་པོ་རྣམ་ལྔ། ཀླད་པ་དང་རྒྱུ་མ་སོགས་ནང་ཁྲོལ་རྣམ་པ་ལྔ། ཤིང་ཐོག་མེ་ཏོག་འབྲུ་སྣ། སྤོས་སྣ། ཟན་ཁུར་པ། ཐུག་པ། མར་ཐུད། ཟླ་ཁྲོམ། ཞོ་འོ་མ་རྩི་དང་རྩ་རུ་ཞེས་འོ་ཐུག་རྩི་ཆེན། གོ་སྙོད། ལྒ། ལན་ཚ་སོགས་སྤོད་སྨན་གྱི་བྱེ་བྲག །རི་དང་ཀླུང་ལས་སྐྱེས་པའི་སྒོག་པ། ཤ་མོང་སོགས་བཟའ་བ་དང་བཅའ་བ། བཏུང་བའི་བྱེ་བྲག་ཐམས་ཅད་དང་། འདོད་ཡོན་ལྔ་སོགས་བདག་པོས་ཡོངས་སུ་བཟུང་བ་དང་། མ་བཟུང་བྱེ་བྲག་མཆོད་པའི་ཚོགས་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་རབ་འབྱམས་སུ་བློ་ཡིས་སྤྲུལ་ནས། ཏིང་འཛིན་སྔགས་རྒྱས་བྱིན་གྱིས་བརླབས་ཏེ་ངོ་བོ་ཟག་པ་མེད་པའི་རང་བཞིན་དུ་གྱུར་པའི་གཏོར་མ་འདིའི་རྩ་བ་གསུམ་དང་དམ་ཅན་སྲུང་མའི་ཚོགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར་འབུལ་ལོ། །མཆོད་པ་དེ་དག་ཐམས་ཅད་ལ་འགག་བསྡོམས་སུ་ཕྱི་རོལ་དུ་དམིགས་རྟེན་དངོས་སུ་བཤམས་པ་ནི་མཚན་མ་རྫས་ཀྱི་མཆོད་པ་ནང་གི་ཤ་ཁྲག་དྲོད་དབུགས་ལ་སོགས། རང་ལུས་ཁ་རྗེ་དབང་ཐང་དང་བཅས་པ་ནི་ནང་རང་བྱུང་ལྷུན་གྲུབ་ཀྱི་མཆོད་པ། གསང་བ་སྐྱེ་མེད་ཀྱི་གདངས་འགག་མེད་རྩལ་སྣ་ཚོགས་སུ་ཤར་བ་ནི་དོན་དམ་པའི་ཡེ་ཤེས་ཀྱི་མཆོད་པ། དེ་དག་ཐམས་ཅད་ཀྱང་འབུལ་བྱའི་ཡུལ་དང་། འབུལ་བྱེད་ཀྱི་གང་ཟག །འབུལ་རྒྱུའི་དངོས་པོ་སོགས། སོ་སོར་མ་གྲུབ་པ་གཅིག་ཏུ་ཡང་མ་བསྡུས་པ་མིང་དང་མཚན་མའི་ཐ་སྙད་ལས་འདས་ཤིང་ཡིད་དཔྱོད་ཀྱི་བློའམ། རྟག་ཆད་ཀྱི་ཡུལ་དང་བྲལ་བ་དེ་ཁོ་ན་ཉིད་ཡང་དག་དོན་གྱི་མཆོད་པའི་མཆོག་ཏུ་མི་འགྱུར་བའི་དོན་རིགས་པར་བྱ། སྐབས་འདིར་འཕྲེང་བ་བྱིན་རླབས་ནི། བགྲང་འཕྲེང་ལག་གཡོན་དུ་སྐྱིལ་ཏེ་མདོ་འཛིན་སྟེང་དུ་འོང་བར་བྱས་ནས། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་མདོ་འཛིན་དཔའ་བོ་རྟ་མགྲིན་ཡབ་ཡུམ་རིགས་བདག་པདྨ་ཐོད་ཕྲེང་རྩ་ལ་འཕྲེང་རྡོག་རྣམས་ཐོད་ཕྲེང་སྡེ་ལྔ། གུ་རུ་མཚན་བརྒྱད་སོགས། བླ་མ་རིག་འཛིན་གྱི་ལྷ་ཚོགས་སུ་གསལ་བ་འོད་དུ་ཞུ་ནས་བགྲང་འཕྲེང་དུ་གྱུར་པར་བསམ་ལ། རུ་ཙི་ར་མ་ཎ་པྲ་བར་དྷ་ཡེ་ཧཱུྃ་ཕཊཿ ལན་བདུན་དང་། དབྱངས་གསལ་ཚར་གསུམ་བརྗོད་ལ་ཕུས་བཏབ། བཟླས་པ་ནི་རྩ་བར། གཉིས་པ་བཟླས་བརྗོད་རིམ་པ་ནི༔ དམིགས་པའི་འཕྲོ་འདུ་དབང་དང་མཚུངས༔ ཡང་ཡང་སྐྱོང་བ་མན་ངག་ཡིན༔ ཟབ་མོ་ཐུགས་ཀྱི་སྙིང་པོ་འདི༔ གདུང་བའི་ཤུགས་ཕྱུང་དྲག་ཏུ་བཟླས༔ ཞེས་གསུངས་པས། སྣང་སྲིད་གཞལ་ཡས་བླ་མ་ལྷ༔ སོགས་སྣང་སྲིད་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་༔ བརྟེན་པ་ལྷ་ཡི་འཁོར་ལོ་ཐམས་ཅད་ཆུ་ཟླའམ་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པར་གསལ་བ་ལ་འཛིན་མེད་དུ་སེམས་བཟུང་སྟེ་སྤྱི་གཙུག་གི་བླ་མ་རྡོ་རྗེ་སེམས་དཔའི་སྤྱི་བོའི་ཨོཾ་སོགས་ལས་འོད་ཟེར་སྤྲོ་བསྡུས་དབང་བཞི་ལེན་པའི་དམིགས་གནད་ནི་སྔར་སྦྱོར་བའི་སྐབས་སུ་སྨོས་པ་བཞིན་སྦྱར་བར་བྱའོ། །བཟླ་བྱའི་སྔགས་ནི་། ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་པ་ཁོ་ན་ཐུན་བཞིར་བཅད་ནས་བཟླ། ཐེམ་མེད་ཞལ་གདམས་ལས། ས་ནི་བཅུ་གསུམ་ལམ་ལྔ་ཡང་༔ ང་སྒྲུབ་ཐོད་ཕྲེང་བཟླས་པས་བསྒྲོད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་རབ་ཐམས་ཅད་ཀློག་དང་མཚུངས༔ ཞེས་གསུངས། དབང་བཞི་བླངས་པའི་དམིགས་པ་ཁོ་ན་སྔ་མ་ལྟར་ཡང་བསྐྱར་ཞིང་སྔགས་བཟླས་པ་གཙོ་བོར་བྱ། འོན་ཀྱང་སྦྱོར་བའི་དུས་སུ་མདུན་གྱི་སྐུ་རྟེན་ལ་དབང་ལེན་པ་དང་། དངོས་གཞིའི་སྐབས་འདིར་སྤྱི་བོའི་བླ་མ་ལ་དབང་ལེན་པའི་ཁྱད་པར་ཤེས་དགོས་སོ། །ཡང་ཐེམ་མེད་ཞལ་གདམས་ལས། རེས་འགའ་ཐོད་ཕྲེང་རྩལ་གྱི་སྐུ༔ ནམ་མཁར་གང་བ་ཆར་ཕབ་ནས༔ སྒྲུབ་པ་པོ་ཡི་སྤྱི་བོར་ཐིམ༔ ཤ་མེད་འོད་ཀྱི་གཟུགས་ཅན་ནི༔ པདྨ་འབྱུང་གནས་སྐུ་རུ་བསྒོམ༔ དེ་དུས་ཆེ་བའི་ང་རྒྱལ་བསྐྱེད༔ སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ༔ བྲག་ཁ་དག་ནས་ཆུ་འབབ་བཞིན༔ དྲག་པོར་བར་མཚམས་མེད་པར་བསྒྲངས༔ ང་ཉིད་རང་དབང་མེད་པར་བྱོན༔ ཞེས་པས་ཚིག་དོན་ལ་བསམ་ཞིང་ངེས་ཤེས་བསྐྱེད། ཁྱད་པར་ཐོད་ཕྲེང་རྩལ་གྱི་སྐུ་ནམ་མཁའ་གང་བར་བྱོན་ཏེ་རང་ལ་ཐིམ་པའི་དམིགས་པ་སྐབས་སྐབས་སུ་བྱ། དེ་ལྟ་བུའི་བཟླས་གྲངས་ཐུན་ཡུན་རིང་ཐུང་གི་ཚོད་དང་བསྟུན་ལ་ཐུན་བསྡུ་ཁར། ཞལ་གདམས་ལས། སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས༔ ཏིང་འཛིན་དབང་བསྐུར་ཚར་རྗེས་ལ༔ བླ་མ་ཡབ་ཡུམ་འཁོར་བཅས་རྣམས༔ འོད་དུ་ཞུ་ནས་རང་ལ་ཐིམ༔ ཞེས་གསུངས་པ་ལྟར་སྤྱི་བོའི་བླ་མ་རང་ལ་བསྟིམ། རྩ་བར། གསུམ་པ་ཕྲིན་ལས་དམིགས་པ་ནི༔ སོགས་གསུངས་པའི་དུས་གྲངས་མཚན་མའི་བསྙེན་པ་གསུམ་གང་རུང་སྔོན་དུ་སོང་བའི་ལས་སྦྱོར་གྱི་བཟླས་པ་བྱེད་པར་འདོད་ན། ཐོད་ཕྲེང་རིགས་ལྔ་བསྒོམ་པའི་འཕྲོ་འདུས་བཟླ་བའམ་ཁྱད་པར་སྙན་བརྒྱུད་ཞག་བདུན་མའི་ཞལ་ཤེས་སྦྱོར་ཚུལ་གྱི་གནད་སོགས་འོག་ཏུ་འཆད་དོ། །བཟླས་པའི་ཐུན་འཇོག་དུས་ལས་བྱང་དུ་བཤད་པ་བཞིན་རྩ་བའི་བཞི་པ་དགོངས་པ་བསྐྱང་ལ་མཉམ་པར་བཞག་པ་ནི། འདི་ལྟར་འཁྲུལ་པའི་སྣང་ངོར་ཤར་བའི་བརྟན་གཡོ་འཁོར་འདས་ཀྱི་ཆོས། དོན་དམ་གྱི་ཆོས་ཉིད་ལྷ་དང་གཞལ་ཡས་ཁང་དུ་ཡེ་ནས་རྫོགས་རིམ་གནས་ལུགས་ཇི་བཞིན་ལྟ་བ་ཉིད་སྤྲོས་མེད་དུ་སྐྱོང་བ་ནི་དང་པོ་ཚིག་གིས་གསལ་འདེབས་ཤིང་། བླ་མ་ཡི་དམ་མཁའ་འགྲོ་རྣམས༔ ལོགས་ན་ཡོད་པ་མ་ཡིན་ཏེ༔ ཡེ་ནས་བདག་མེད་གཞལ་མེད་ཁང་༔ འཁོར་བས་མ་གོས་པདྨ་གསལ༔ དགོས་འདོད་ཀུན་འབྱུང་རིན་པོ་ཆེ༔ ཀུན་གཞི་ཀློང་ཡང་ཕག་མོ་ཡུམ༔ ཡིད་ཀྱི་བྱེད་པོ་རྟ་མགྲིན་ཡབ༔ མི་སྐྱེ་མི་འགགས་ཆོས་ཀྱི་སྐུ༔ ཡེ་ནས་བདག་མེད་སྤྲོས་དང་བྲལ༔ བླ་མ་རང་རིག་ཀུན་ཏུ་བཟང་༔ བདེ་ཆེན་རྣམ་དག་མཚོ་རྒྱལ་ཡུམ༔ རྟོག་ཚོགས་རང་གྲོལ་དཔའ་བོ་སྟེ༔ འགྱུར་མེད་ཐག་ཆོད་མཁའ་འགྲོ་མ༔ དེ་ལྟར་རང་བྱུང་ལྷུན་གྱིས་གྲུབ༔ རང་བྱུང་དངོས་གྲུབ་བསམ་ཡས་པ༔ སྐྱེ་མེད་ཆོས་སྐུའི་རང་རྩལ་ཡིན༔ སྐྱེ་མེད་བདེ་ཆེན་དེ་རྟོགས་ནས༔ གཞི་མེད་རྩ་བྲལ་ལྷན་སྐྱེས་འཆར༔ འཁོར་བ་མ་སྤངས་འཁོར་སྐྱོན་དག༔ པདྨ་འབྱུང་གནས་རང་ལ་རྫོགས༔ གཉེན་པོས་མི་ཤིགས་འགྱུར་བ་མེད༔ རྡོ་རྗེ་སེམས་དཔའ་རང་དུ་རྫོགས༔ དེ་ལྟར་བསྒོམ་ན་ཀུན་ཏུ་བཟང་༔ ཞེས་གསུངས་པ་ལྟར། རང་རིག་གདོད་མའི་ངོ་བོ་རྩ་བ་གསུམ་གྱི་རང་བཞིན་དུ་གནས་པ་འདི་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བའི་རིག་པ་གསལ་སྟོང་རྗེན་པ་ མལགྱིཤེས next hit་སེམས་ལ་བློས་བྱས་ཀྱི་བསྒྱུར་བཀོད་སྤུ་ཙམ་མ་སོང་བ་དེ་ཉིད་ཀ་དག་གི་དགོངས་པ་ཡིན་ཏེ། རྫོགས་ཆེན་ལྟ་བ་ཡེ་གྲོལ་ཡིན་པས་ཐོག་མ་ཉིད་ནས་རིག་པ་བཟོ་མེད་རང་བབས་སུ་བཞག་པའི་རྒྱུན་སྐྱོང་བ་དེ་དག་ནོར་འཁྲུལ་གོལ་ས་ཉུང་བ་ཡིན། རང་ངོ་རང་གིས་སེམས་པ་ལ་བསྒོམ་པ་ཟེར། མ་ཤེས་པ་ལ་འཁྲུལ་པ་ཟེར། ཧ་ཅང་གྲིམ་པ་དང་། ཧ་ཅང་ལྷོད་པ་གཉིས་ཀ་མ་ཡིན་པའི་དཔེ་གྲིམ་ལྷོད་རན་པ་ལས་འབྱུང་བ་ནི། སྔོན་འཕགས་པ་ཀུན་དགའ་བོས་གྲོ་བཞིན་སྐྱེས་ལ་བསམ་གཏན་བསླབས་པས། དེ་ཉིད་རེས་འགའ་ནི་གྲིམ། རེས་འགའ་ནི་ལྷོད་པས་བྱ་དཀའ་བར་གྱུར་པ་ན་སྟོན་པའི་དྲུང་དུ་ཞུ་བ། བཀའ་སྩལ་པ། ཚེ་དང་ལྡན་པ་ཁྱོད་ཁྱིམ་ན་གནས་པའི་ཚེ་པི་ཝང་སྦྲེང་ཤེས་སམ། གསོལ་བ། དེ་ནི་ཤིན་ཏུ་མཁས་ལགས་སོ། །འོ་ན་ཁྱོད་ཀྱི་པི་ཝང་གི་རྒྱུད་ནས་བཅིང་བསྡམས་པ་ལས་སྒྲ་སྙན་པ་བྱུང་ངམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །འོ་ན་ཧ་ཅང་ལྷོད་པ་ལས་བྱུང་ངམ། དེ་ཡང་མ་ལགས་སོ། །འོ་ན་ཐང་ལྷོད་རན་པ་ལས་བྱུང་ངམ། བཅོམ་ལྡན་འདས་དེ་དེ་བཞིན་ལགས་སོ། །འོ་ན་ཚེ་དང་ལྡན་པ་ཁྱོད་ཀྱི་སེམས་ཀྱང་དེ་བཞིན་ཏེ་ཧ་ཅང་གྲིམ་པར་ཡང་མ་ཡིན། ཧ་ཅང་ལྷོད་པའང་མ་ཡིན། ཞེས་གསུངས་སོ། །་་་བཅོམ་ལྡན་འདས་སྣང་བ་ལམ་དུ་ཁྱེར་ལུགས་ནི། དཔེར་ན་རྣ་བའི་རྣམ་ཤེས་ཀྱི་སྒྲ་ལྷང་ལྷང་ཐོས་པ་ནི་སྒྲ་དེ་ལ་བརྟག་དཔྱད་དང་བསམ་གཞིག་གང་ཡང་མི་བྱེད་པར་སྒྲ་ཐོས་མཁན་གྱི་རང་རིག་ངོ་བོ་བསྐྱང་ནས་ལམ་དུ་ཁྱེར་བ་ཟེར། དེ་བཞིན་དུ། མིག་སྣ་ལྕེ་ལུས་ཡིད་སོགས་ལའང་འགྲེ། ཨོ་རྒྱན་ཆེན་པོ་ནས། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ སོགས་ཀྱི་དོན་ལ་བརྟགས་པ་ཤེས་སོ། །འོན་ཀྱང་རྣམ་རྟོག་གང་ཤར་སྔོན་བསུ་རྗེས་སྤྱོད་མི་བྱ་བར་ཤར་མཁན་གྱི་རང་ངོ་བསྐྱངས་ནས་ཤར་གྲོལ་དུས་མཉམ་དུ་འབྱུང་ངོ་། །ཡུན་ཐུང་གྲངས་མང་ཁང་སྟོང་ཐིགས་པ་བཞིན༔ ཞེས་གསུངས་སོ། །དེའི་ཚེ་འགོ་མོས་གུས་ཀྱིས་འདོན་དགོས་པས་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་སྤྲིན་གཏིབས་པ་བཞིན་བཞུགས་པར་བསྒོམ་ལ། བླ་མ་སངས་རྒྱས་སུ་མཐོང་བའི་དད་པ་མོས་གུས་བཟོད་མེད་དུ་འབར་བའི་སོ་སོའི་མཚན་བརྗོད་པ་བཞིན་དུ་བདག་གི་རྒྱུད་ལ་ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་དུ་འདེབས་པར་བྱའོ། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །ཆོས་སྐུ་སྣང་མཐའ་ཡས་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་པདྨ་འོད་ཀྱི་གཞལ་ཡས་སུ། སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་འོག་མིན་མཁའ་སྤྱོད་གཞལ་ཡས་སུ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་ཡེ་ཤེས་ལྔ་ཡི་ཕོ་བྲང་ནས། །གུ་རུ་གསང་བ་རིགས་ལྔ་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་དུར་ཁྲོད་བརྒྱད་ཀྱི་གཞལ་ཡས་སུ། །སྤྲུལ་པའི་གུ་རུ་མཚན་བརྒྱད་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་ལྷོ་བྲག་སྨྲ་བོ་ལྕོག་དེ་ནས། །འགྲོ་མགོན་མངའ་བདག་ཡབ་སྲས་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་བསམ་འགྲུབ་བདེ་བ་ཆེན་པོ་ནས། །གུ་རུ་ཆོས་ཀྱི་དབང་ཕྱུག་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་སྨན་ལུང་བདེ་ཆེན་ཆོས་དབྱིངས་ནས། །ཉང་བན་མི་བསྐྱོད་རྡོ་རྗེ་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་གོང་མ་ཆོས་འཁོར་གྱི་ལྷ་ཁང་ནས། །སངས་རྒྱས་ངག་སྟོན་ཆེན་པོ་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་ཞིང་རྗེ་གླིང་གསར་དགོན་པ་ནས། །གཉན་སྟོན་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་སེང་ལྡེངས་རྒྱལ་བའི་རི་ཁྲོད་ནས། །ཆོས་རྗེ་སངས་རྒྱས་ཡབ་སྲས་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་མཁར་པོ་གསེ་ཐུལ་གྱི་གཞལ་ཡས་སུ། །གུ་རུ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་སྤ་ལུང་བསམ་གཏན་གྱི་དགོན་པ་རུ། །མཚུངས་མེད་དཔལ་འབྱོར་དབང་ཕྱུག་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིིན་ཅན་ལ་གསོལ་བ་འདེབས། །གནས་ལྷོ་བྲོ་རྣམ་རྒྱལ་ཁང་བཟང་ནས། །སྤྲུལ་སྐུ་ཆོས་ཀྱི་དབང་པོ་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་ཤེལ་མཁར་རྡོ་རྗེའི་གུར་ཁང་ནས། །བདེ་གཤེགས་ཀརྨ་གུ་རུ་ལ་གསོལ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་བདེ་འབྱུང་གང་གི་རི་ངོགས་ནས། །གྲུབ་ཆེན་ཀུན་བཟང་དཔལ་འབྱོར་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་དར་རྒྱས་ཆོས་ལྡིངས་ཀྱི་དགོན་པ་ནས། །རིག་འཛིན་ཕྲིན་ལས་ལྷུན་གྲུབ་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་སྨིན་གྲོལ་ཆོས་ཀྱི་རྒྱལ་ཁབ་ནས། །ཆོས་རྒྱལ་གཏེར་བདག་གླིང་པ་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་ཟབ་གསང་ཆོས་ཀྱི་ཕོ་བྲང་ནས། །རིམ་བྱོན་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །དབང་བསྐུར་བྱིན་གྱིིས་བརླབ་ཏུ་གསོལ། །བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཆོས་སྐུ་ཀུན་ཁྱབ་ནམ་མཁའ་ལ། །ལོངས་སྐུ་ཉི་མ་ཙེ་རེ་རེ། །སྤྲུལ་སྐུ་འོད་ཟེར་ཏ་ལ་ལ། །ཆོས་སྐུ་བདེ་ཆེན་ཁྱིལ་ལི་ལི། །ལོངས་སྐུ་སྤྲོས་བྲལ་ཤིགས་སེ་ཤིག །སྤྲུལ་སྐུ་འགྲོ་དོན་ཤར་ར་ར། །ཟག་མེད་ཀྱི་འགྲོ་དོན་ལམ་སེ་ལམ། །འཛིན་མེད་ཀྱི་ཤེས་པ་བན་མ་བུན། །གུ་རུའི་བྱིན་རླབས་ཐིབས་སེ་ཐིབ། །བླ་མས་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །དགྲ་དུག་ལྔ་འདི་ལ་ཆེམས་སེ་ཆེམ། །བདེ་བ་ཆེན་པོར་སལ་ལ་ལ། །རང་རིག་ངང་ལ་ཁྲིལ་ལི་ལི། །ལུ་གུ་རྒྱུད་དུ་ཤིགས་སེ་ཤིག །འཇའ་ཚོན་ཐིག་ལེར་སྤུངས་སེ་སྤུང། །གུ་རུའི་བྱིན་རླབས་བསམ་ལས་འདས། །རྗེ་ཁྱོད་ཀྱི་བསྟན་པ་རྣམ་དག་གི ། ཁུར་ཐེག་པའི་ཡོད་མ་ཡིན། །རྗེ་ཁྱོད་ལ་ཕྱོགས་མོས་ཙམ་བྱས་ནས། །མགོ་གཏད་ས་མ་ལོག་ཙམ་བྱུང་ནས། །བྱས་པ་དོན་ལྡན་ལ་ངེས་ཤེས་ཐོབ། །ངེས་ཤེས་འདི་ཨོ་རྒྱན་པདྨར་འབུལ། །ད་དུང་ཡང་རྟག་པར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་གདབ་པར་བྱའོ། །ཁྱད་པར་ཀུ་སཱ་ལའི་འཇོག་སྒོམ་ལ་གཞོལ་ཁའི་དུས་ཐད་ན་བླ་མའི་མོས་གུས་ཁོ་ན་ལ་བརྟེན་ནས་གྲོལ་བའི་ཚུལ། ཀུན་དགའ་བོ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་གསུངས་སོ། །དངོས་གྲུབ་ལེན་པ་ནི་ས་ཁོང་འཛིན་བྱེད་ཙམ་དུ་སྔར་བཤམ་པའི་རིལ་བུའི་བུམ་པ་ལ་དམིགས་ཏེ། ཧྲཱིཿ བུམ་པའི་རང་བཞིན་གཞལ་ཡས་ཁང་། །པདྨ་རིན་ཆེན་འབར་བ་སྤེལ། །འཇའ་ཚོན་བྲིས་པ་ལྟ་བུའི་ནང་། །རིལ་བུ་རྩ་བ་གསུམ་དུ་བསྐྱེད། །རང་གི་ཐུགས་ཀའི་འོད་ཟེར་ནི། །གཟུང་ཐག་ལ་འཁྲིལ་བུམ་ནང་གི ། ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཐིམ། །ཐུགས་བརྒྱུད་བསྐུལ་བའི་རྩ་བ་གསུམ། །ཀུན་གྱི་སྐུ་གསུང་ཐུགས་ཀ་ནས། །འོད་འཕྲོས་ཞུ་བའི་དངོས་གྲུབ་བསྡུས། །བུམ་པའི་ནང་དུ་བདུད་རྩིར་འཁྱིལ། །ཨོཾ་ཨཱཿ ཧཱུྃ་གུ་རུ་པདྨ་ཐོད་ཕྲེང་རྩལ། བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ། ཙིཏྟ་ཧྲིང་ཧྲིང་ཛཿ ཀཱ་ཡ་ཝཱཀྩིཏྟ་སིདྡྷི་ཧཱུྃ་ཧཱུྃ་ཤནྟིང་། པུཥྚིང་། པ་ཤཾ ། ཀརྨ་སིདྡྷི་ཧཱུྃ་ཧཱུྃ། སིདྡྷི་ཕ་ལ་སརྦ་ཧཱུྃ་ཧཱུྃ་ཨ། དེ་ལྟར་གཟུང་ཐག་ལ་བཟུང་སྟེ་གསང་སྔགས་ཤམ་བུ་ཅན་ཉེར་ཅིག་བཟླས་རྗེས། རྩ་བ་གསུམ་ཡང་འོད་དུ་ཞུ། །དཀར་དམར་འོད་དེ་གཟུང་ཐག་ལ། །འཁྲིལ་ནས་བདག་གི་སྙིང་ཁར་ཐིམ། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །ཞེས་བརྗོད་ལ། རྗེས་ཆོག་དྲུག་གི་དང་པོ་དག་སྣང་བསྐྱེད་པ་ནི། རྩ་བ་ལས། སངས་རྒྱས་མཉམ་སྦྱོར་རྒྱུད་དག་ལས༔ རྩ་བའི་བླ་མ་འདྲེན་པའི་གཙོ༔ སེམས་ཅན་སངས་རྒྱས་མཉམ་པར་སྦྱོར༔ འདི་ལ་མ་དད་ལོག་ལྟ་ཅན༔ ཤེས་བྱ་ཀུན་ལ་མ་རྨོངས་ཀྱང་༔ ངན་སོང་གསུམ་ནས་འཕགས་མི་སྲིད༔ དེ་སྐད་གསུངས་པའི་རྩ་བ་ཡིས༔ བླ་མ་གཙོར་མཆོག་བླ་མ་ཡིས༔ སྤྱོད་ལམ་ཀུན་ལ་དག་སྣང་སྒོམས༔ གལ་ཏེ་མི་དགེ་སྡིག་སྤྱོད་ཀྱང་༔ རང་གི་མ་དག་སྣང་བ་ཡིན༔ དཔེར་ན་མིག་སྐྱོན་ཅན་གྱིས་ནི༔ གངས་ཉིད་ནག་པོ་མཐོང་དང་མཚུངས༔ ལོག་ལྟ་ཅན་གྱིས་ཆུ་ཉིད་ལ༔ རྣག་ཁྲག་མཚོན་ཆར་མཐོང་དང་མཚུངས༔ དེ་ཕྱིར་བླ་མའི་རྣམ་ཐར་ལ༔ ལོག་ལྟ་སྐྱེས་ནས་ཐར་ལམ་འགག༔ འདས་དང་མ་འོངས་ད་ལྟར་གྱི༔ བླ་མའི་རྣམ་ཐར་དཔག་མེད་རྣམས༔ འགྲོ་འདུལ་ཆོས་ཉིད་རོལ་པ་ཡིན༔ གཞན་གྱི་བརྗོད་མིན་ལྷན་ཅིག་བསྐྱེད༔ གང་དུ་ཡང་ནི་མི་རྙེད་དེ༔ བླ་མས་དུས་ཐབས་བསྟན་པས་འགྲུབ༔ ཅེས་པ་ངག་ཏུ་འདོན་ཅིང་བླ་མ་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་བཟོད་མེད་མོས་གུས་ཀྱི་གདུང་ཤུག་དྲག་པོའི་དག་སྣང་བསྐྱེད་པ་ནི་ཉིད་དོ། །ཐུན་མཐར་ཡིག་བརྒྱ་དང་དབྱངས་གསལ་ལན་གསུམ་བརྗོད་ལ། ཧཱུྃ། དམ་རྫས་གཏོར་ཆེན་བཤམས་པ་ཡང་༔ སོགས་ནས། ཐིམ་པའི་ཚུལ་གྱིས་དགྱེས་པར་ཆེན་པོར་རོལ༔ ཞེས་གཏོར་སྨན་རཀྟ་འབུལ། ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ སོགས། ཤོ་ལོ་ཀ་གཅིག་གིས་བསྟོད༔ ཧཱུྃ་ཧཱུྃ་ལྷོ་ནུབ་རྔ་ཡབ་གླིང་ཕྲན་ནས༔ སོགས་ཀྱི་ཐུགས་དམ་བསྐུལ༔ ཐུན་བསྡུ་བ་ནི། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ལ་དམིགས་རྟེན་བཅས་ཏེ་ཡིག་བརྒྱ་ཅུང་ཟད་བཟླས་པའི་བཟོད་གསོལ་ནས་ཉེར་བསྡུ་ནི། བླ་མ་རྡོ་རྗེ་སེམས་དཔའ་ཉིད༔ སོགས། དཀྱིལ་འཁོར་འཁོར་སོགས། རང་ལ་ཐིམ་ནས་མི་དམིགས་པའི་ངང་དུ་མཉམ་པར་བཞག །སླར་རྟ་མགྲིན་གྱི་སྐུར་ཆུ་ལས་ཉ་ལྡང་བ་ལྟར་ལངས་ལ། སྨོན་ལམ་ནི། ཨེ་མ་ཧོ། བདག་གིས་འགྲོ་བ་ཀུན་དོན་དུ༔ སོགས་ཀྱི་དགེ་བ་བསྔོ། ཤེས་བྱའི་དོན་ལ་མ་རྨོངས་པའི༔ སོགས་ཀྱིས་བཀྲ་ཤིས་བརྗོད་ཅིང་། སྤྱོད་ལམ་ལ་འཇུག་གོ ། དེ་ལྟ་བུའི་ཐོར་ཐུན་ལ་ཕྲེང་བ་བྱིན་རླབས་བྱེད་པ་ཙམ་མ་གཏོགས་གཞན་སྔ་ཐུན་དང་དགོང་ཐུན་རྣམས་འདྲའོ། །ཚོགས་དང་གཏོར་བསྔོ་ནི་དགོང་ཐུན་ནམ་སྲོད་ཐུན་གང་རུང་གི་རྗེས་སུ་བྱ། ཐུན་གཞན་གསུམ་ལ་ནི་མི་དགོས་སོ། །ཚོགས་ལས་བྱང་དུ་མཆོད་པའི་སྐབས་སུ་ཡོད་ཀྱང་། བསྙེན་པའི་སྐབས་སུ་དག་སྣང་བསྐྱེད་པའི་རྗེས་བྱ་འདིར་བྱ་བ་ནི། ཚོགས་ཀྱི་ཡོ་བྱད་བཤམས་པ་རྣམས་ལ་ཆང་ཆུ་ནང་མཆོད་བདུད་རྩི་བྲན། ཨོཾ་སརྦ་ཏྲ་བྱཾ་སོགས་ཀྱིས་བསངས། ཧཱུྃ༔ རང་ཉིད་ལྷའི་ཐུགས་ཀ་ནས་སོགས་ཀྱི་རང་ལྷར་གསལ་བའི་ཐུགས་ཀ་ལས། རཾ་ཡཾ་ཁཾ་འཕྲོས་པས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པའི་ཚོགས་རྫས་ཀྱི་མ་དག་པའི་དངོས་འཛིན་ཉེས་སྐྱོན་དྲི་མ་བསྲེགས་གཏོར་སྦྱངས་ཤིང་སྟོང་པར་གྱུར། ཚོགས་གཞོང་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཚོགས་རྫས་རྣམས་ཤ་ལྔ། བདུད་རྩི་ལྔའི་རང་བཞིན་དུ་གྱུར་པ་ལ། རང་གི་ཐུགས་ལས་ཨོཾ་ཨཱཿ ཧཱུྃ་ཧྲི་འཕྲོས་ཨོཾ་གྱིས་འདོད་ཡོན་རྒྱ་ཆེར་སྤེལ། ཨཱཿ ཡིས་རིགས་ལྔའི་དམ་ཚིག་འདོད་པའི་ཡོན་ཏན་གྱི་གཏེར་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར། ཧཱུྃ་གིས་གཙང་དམེ་སོགས་གཉིས་འཛིན་གྱི་རྣམ་རྟོག་སྦྱངས། ཧྲི་ཡིས་མཐོང་བ་ཙམ་གྱིས་ཡིད་འཕྲོག་པའི་འདོད་ཡོན་གྱི་ལྷ་ཚོགས་རྣམས་དགྱེས་པར་བསྐངས། ཧོ༔ གཟིགས་ཤིག་མཛེས་ལྡན་སོགས་ཚོགས་རྫས་སློབ་དཔོན་ལ་ལས་རྡོར་གྱིས་ཕུལ། སློབ་དཔོན་གྱིས་རིན་ཐང་མེད་ལས་སོགས་ཀྱིས་བླངས་ལ་རྟོག་པ་བསལ། ཚོགས་ཕུད་ཆ་གསུམ་དུ་བཅད་པ། དང་པོས་མཆོད། བར་བས་བཤགས། ཐ་མས་བསྒྲལ་ན་འདོད་ཡོན་གྱི་ལྷ་མོ་རང་ལ་བསྡུ། ཡང་ན་གཟུགས་བརྙན་ལ་དམིགས་བྱ་འགུགས་བསྟིམ་བྱས་ལ། ཕུར་པ་སྟོད་ཁྲོ་བོ་སྐུ་སྨད་ཕུར་བུ་བསམ་ལ། ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ སོགས་ཀྱིས་ཚེ་ཁྲུས་ཀྱི་དམིགས་དང་ལྡན་པའི་བསྒྲལ། གུ་རུ་དྷེ་ཝ་ཌཱཀྐི་སོགས་ཀྱིས་ཞལ་དུ་བསྟབ། དཀྱུས་ལྟར། ཧཱུྃ༔ དུད་ཁྲོད་གསང་བ་སོགས་ཀྱི་རྫས་ཀྱི་སྐུ། བཤགས་ཚིག་གི་གསུང་། ལྟ་བའི་ཐུགས་ཀྱི་བསྐང་བཤགས་རྣམས་བྱས་མཐར་རུ་ལུ་རུ་ལུ་ལན་བདུན་བཟླས་ནས། ཧཱུྃ༔ དམ་རྫས་གཏོར་ཆེན་སོགས་ཀྱིས་གཏོར་སྨན་རཀྟའི་མཆོད་ཅིང་། ཧཱུྃ༔ མ་བཅོས་སྤྲོས་བྲལ་སོགས་ཀྱི་བསྟོད་བསྐུལ་རྒྱས་པར་བྱའོ། །མཐར་ཆོས་སྐྱོང་སྤྱི་དང་དཔལ་མགོན་མ་ནིང་གི་གཏོར་ཆོག་བསྐང་བཤགས་ཕྲིན་བཅོལ་སོགས་བྱས་ལ། ཚོགས་ལ་རོལ་ཞིང་། ལྷག་མ་བྱང་ཤར་དུ་བཙོན་དུ་བཟུང་། ཆོས་སྐྱོང་གི་གཏོར་འབུལ་རྗེས་ཆོག་རྣམས་བྱ། ཆད་ཐོ། བརྟན་མ། རྟ་བྲོ་རྣམས་མཚམས་གྲོལ་ཁར་མ་གཏོགས་མ་བྱས་ཀྱང་འཐུས། བླ་མ་རྡོ་རྗེ་སེམས་དཔའ་ཉིད༔ སོགས་ཀྱིས་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ལ་རྟེན་བཅས་ཏེ་ཡིག་བརྒྱ་ཅུང་ཟད་བཟླས་པས་བཟོད་པར་གསོལ་ནས། དཀྱིལ་འཁོར་ཀྱི་འཁོར་ལོ་སྤྱི་བོའི་བླ་མ་ལ་འདུས། དེ་ཉིད་རང་ལ་བསྟིམ་ནས་མི་དམིགས་པའི་ངང་ལ་མཉམ་པར་བཞག །སླར་ཡང་རྟ་མགྲིན་གྱི་སྐུ་ཆུ་ལས་ཉ་ལྡང་བ་ལྟར་ལངས་ལ་སྨོན་ལམ་བརྗོད་ཅིང་། སྤྱོད་ལམ་ལ་འཇུག་གོ ། དེ་ལྟར་ཐུན་བཞིར་བཅད་པ་ལྟས། ཐུན་མཚམས་ཐམས་ཅད་དུའང་ལྷའི་གསལ་སྣང་དང་ཡ་མ་བྲལ་བའི་སྔགས་ཅི་ནུས་བཟླ་ཞིང་གྲངས་ལ་མི་རྩིས། ཉལ་དུས་དཀྱིལ་འཁོར་གྱི་འཁོར་ལོར་བསྡུས་ནས་མི་དམིགས་པའི་ངང་ལ་ཉལ། ཐོར་ཐུན་ལ་དཔའ་བོ་རྣལ་འབྱོར་མའི་ཌཱ་དྲིལ་དང་སྔགས་སྒྲས་གཉིད་སད་དེ་ཐུན་མཚམས་ཀྱི་ལྷ་ལངས་ནས་ཐུན་ལ་འཇུག །བཟའ་བཏུང་སྐབས་ཡེ་ཤེས་ཀྱི་བདུད་རྩིར་བརླབ་སྟེ་ནང་གི་སྦྱིན་སྲེག་གི་རོལ། ཐོར་ཐུན་གྱི་རིམ་པ་ནི། ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བའི་རང་ཉིད་དཔའ་བོ་རྟ་མགྲིན་དུ་གསལ་བའི། ཧཱུྃ༔ ང་ནི་ཡེ་ནས་ངང་གི་སོགས་མཚམས་གཅོད་ན་མཆོད་པའི་མཇུག་བར་སྔར་སྨོས་པ་ལྟར་ལ། ཕྲེང་བ་བྱིན་རླབས་བྱས་ནས་བཟླས་པ་ལ་འཇུག་གོ ། མཐར་དགོངས་པ་བསྐྱང་། དེའི་ཚེ་བོགས་མོས་གུས་ཀྱིས་འདོན་ཕྱིར་གསོལ་འདེབས་བྱ། དངོས་གྲུབ་ཀྱི་ས་ཁོང་འཛིན་བྱེད་ཙམ་དུ་བུམ་བཟླས་འོད་ཞུས་མཐར་དག་སྣང་བསྐྱེད་ནས་ཐུན་མཐར་ཡིག་བརྒྱ་དབྱངས་གསལ་སོགས་བརྗོད་ལ། གཏོར་སྨན་རཀྟ་འབུལ། མ་བཅོས་སྤྲོས་བྲལ་སོགས་ཤོ་ལོ་གཅིག་གིས་བསྟོད་ནས། བསྐུར་ནས་ཉེར་བསྡུ་ལྷ་ལྡང་སོགས་སྔར་སྨོན་པ་ལྟར་རོ། །དེ་ལྟར་གྱི་རིམ་པས་བཟླས་གྲངས་ནི། ཞལ་གདམས་ལས། གྲངས་ཀྱི་བསྙེན་པ་བྱེ་བ་དང་༔ དུས་ཀྱི་བསྙེན་པ་ཟླ་བ་གསུམ༔ གསུངས་པ་ལྟར་གྲངས་ས་ཡ་རྗེས་ལ་བགྲངས་པའི་ལུགས་ལྟར་བྱེ་བ་གཅིག་སྟེ་འབུམ་ཕྲག་བཅུ། དུས་བསྙེན་ཟླ་བ་གསུམ། མཚན་མའི་བསྙེན་པ་ནི། ཡང་སྔ་མ་ལས། རབ་ཀྱིས་དངོས་སུ་ཞལ་མཐོང་ཞིང་༔ འབྲིང་གིས་རྨི་ལམ་ཙམ་དུ་མཐོང་༔ གསུངས་པར་ལྟར། དངོས་ཉམས་རྨི་ལམ་གང་རུང་དུ་ཨོ་རྒྱན་ཆེན་པོ་པདྨའི་ཞལ་མཇལ་བ་སོགས་རྒྱས་པར་རྩ་བའི་ས་བཅད་ལྔ་པ་ལས་བཤད་པར་ལྟར་རོ། །བསྙེན་པ་དེ་གསུམ་གང་རུང་སྔོན་དུ་སོང་བའི་ལས་སྦྱོར་གྱི་བཟླས་པ་བྱེད་པར་འདོད་ན། ཐོད་ཕྲེང་རིགས་ལྔ་བསྒོམ་པའི་འཕྲོ་འདུའི་དམིགས་པས་བཟླས་དགོས་པ་ཡིན་ཏེ། རྩ་བ་ན། འཕྲོ་འདུའི་དམིགས་པ་མ་ཤེས་ན༔ དམིགས་པ་ཕྱོགས་གཅིག་དོན་མི་འགྲུབ༔ འདི་བཞིན་འཕྲིན་ལས་སྦྱོར་ཤེས་ན༔ གང་ལྟར་བསམ་པ་དེ་ལྟར་འགྲུབ༔ གསུངས་པ་བཞིན་ནོ། །ང་ཡང་ཆོས་དབང་གདུང་རབ་དགུ་པ་ཀརྨ་གུ་རུའི་རྩ་བའི་དངོས་སློབ་རྒྱལ་སྲས་ཀརྨ་དབང་འབྱོར་དང་། གྲུབ་ཆེན་ཀུན་བཟང་དཔལ་འབྱོར་གཉིས་ཡིན། ཀུན་བཟང་དཔལ་འབྱོར་དངོས་སློབ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཡིན་པའི། འདིའི་ཕྱོགས་སུ་ལས་སྦྱོར་གྱི་བཟླས་པ་ཐོད་ཕྲེང་སྡེ་ལྔའི་དམིགས་བཟླས་ལས། སྙན་བརྒྱུད་ཞག་བདུན་མའི་ཕྱག་བཞེས་གནང་སྲོལ་ཆེར་མི་འདུག །ཀརྨ་དབང་འབྱོར་དངོས་སློབ་སྨིན་ལུགས་པ་ཉང་སྟོན་བློ་མཆོག་རྡོ་རྗེ་དེ་ཉིད་ཀྱི་སློབ་མ་རྡོ་བྲག་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་རྣམས་ཀྱིས་ཐུགས་རྩིས་ཆེར་གནང་འདུག་པའི་ཉམས་ལེན་བྱེད་པར་འདོད་པ་རྣམས་ལ་ཕན་ནམ་སྙམ་ནས་གཞུང་དུ་བྲིས་པ་ཡིན། མ་གྲུབ་ཀྱང་གོང་གི་ཐོད་ཕྲེང་སྡེ་ལྔའི་ལས་སྦྱོར་གྱི་བཟླས་པ་ཧྲི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སོགས་བཟླས་པའི་དོན་གྲུབ་པར་རིག་འཛིན་གོང་མ་རྣམས་གསུངས་སོ། །ཁྱད་པར་སྙན་རྒྱུད་ཞག་བདུན་མའི་སྦྱོར་ཚུལ་གྱི་གནད་ཁྱད་པར་ཅན་ལྕགས་ཟམ་རིག་འཛིན་སྤྲུལ་པའི་སྐུས་མཛད་པའི་ཞལ་ཤེས་གསལ་བྱེད་རིག་འཛིན་ཌཱཀྐིའི་ཐུགས་ཁྲག་གི་ཉམས་ལེན་ཚུལ་བཞིན་བྱེད་པ་མ་གཏོགས་བསྟན་དུ་མི་རུང་བའི་བཀའ་རྒྱ་མ་ཉིད་དཀྱུས་སུ་འབྲི་བར་བྱ་བ་ནི། དྲི་མེད་རང་བྱུང་རིག་པའི་ངོ་བོ་ཉིད། །པདྨ་ཐོད་ཕྲེང་མི་སྐྱོད་རྡོ་རྗེ་སོགས། །རྔ་ཡབ་རིག་འཛིན་ཌཱཀྐའི་གླིང་གི་དགོན། །ཕྱོགས་དུས་སྐྱབས་ཀུན་འདུས་པ་དེར་ཕྱག་འཚལ། །ཨོ་རྒྱན་ཐུགས་སྒྲུབ་མཐར་ཐུགས་གསུང་འདུས་ཀྱི། །ཟབ་གསང་མན་ངག་སྙན་བརྒྱུད་ཞག་བདུན་མ། །འཐོར་བསྡུས་འཁྲུག་སྡེབས་གབ་སྦས་ཀུན་གསལ་ཏེ། །དེང་འདིར་འགོད་ལ་སྲུང་མས་རྗེས་གནང་མཛོད། །བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་མན་ངག་བླ་ན་མེད་པ་ཐེམ་མེད་སྙན་བརྒྱུད་ཞག་བདུན་མར་གྲགས་པ་ལ་ཟབ་མོའི་གནད་རྣམ་པ་ལྔ་ལས། དང་པོ་བསྐྱེད་རིམ་ལྷའི་གསང་བ་འདུས་པ་ནི། ལས་བྱང་ལེ་བརྒྱད་ལས། སྒྲུབ་དུས་བླ་མ་རང་གསལ་འདེབས༔ གསང་སྔགས་འདུས་པའི་སྙིང་པོ་བཟླ༔ ཞེས་དང་། ཞལ་གདམས་ཐེམ་མེད་ལས། སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས༔ རིག་འཛིན་དབང་བསྐུར་ཚར་རྗེས་ལ༔ བླ་མ་ཡབ་ཡུམ་འཁོར་བཅས་རྣམས༔ འོད་དུ་ཞུ་ནས་རང་ལ་ཐིམ༔ རང་དང་དབྱེར་མེད་འདྲེས་པ་ལ༔ ཡིད་ཆེས་ང་རྒྱལ་ལྡན་པར་བསྒོམ༔ དེ་ཚེ་ང་དང་གཉིས་སུ་མེད༔ ཅེས་གསུངས་པས། བསྙེན་དུས་ལྟར་བླ་མ་སྤྱི་བོར་བསྒོམས་ནས་དབང་བཞི་བླང་བའི་དམིགས་པ་དང་བཅས་བཟླས་པ་ཇི་ཙམ་ནུས་པ་སྔོན་དུ་སོང་རྗེས། སྤྱི་བོའི་བླ་མ་རང་ལ་བསྟིམ་པས་རང་རྟ་མགྲིན་དུ་གསལ་བ་བླ་མ་རྡོ་རྗེ་སེམས་དཔའ་གསལ་བར་གནས་འགྱུར་བར་བསྒོམ་པ་ཡིན་ལ། འབྲི་གུང་དཔལ་འཛིན་གྱིས། བསྙེན་དུས་བླ་མ་སྤྱི་བོར་བསྒོམ། །དེ་ལ་སྐྱོན་ཡོད་མ་ཡིན་ཡང་། །སྒྲུབ་དུས་བླ་མ་རང་སྒོམ་ནས། །རང་གི་གདན་དུ་བཅོམ་ལྡན་འདས། །ཁྲོ་བོའི་དབང་ཕྱུག་རྟ་མགྲིན་བསྒོམ། །ཞེས་ཁ་ཟེར་བ་ནི། དེ་ལྟར་མ་གོ་བར་ཟད་དོ། །འདིར་བླ་མ་གོང་མ་རྣམས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཅིག་པུ་མ་གཏོགས་ཞུ་བསྟིམ་མ་བྱས་པར་འོག་གི་ལས་བཞིའི་འཕྲོ་འདུ་ཡང་སྤྱི་བོར་ཐོད་ཕྲེང་དང་རིགས་ལྔ་སྔར་ཡོད་ལས་བྱ་བ་བཞེད། ཁོ་བོའི་བླ་མ་ནི་འཁོར་འདས་རྣམས་ཞེས་འབྱུང་བའི་ཐོད་ཕྲེང་རིགས་ལྔ་མཚན་བརྒྱད་སོགས་ཀྱང་ཞུ་བསྟིམ་བྱེད་པ་འཐད་གསུངས་པར་གང་ལྟར་མི་འགལ་མོད། གཏེར་གཞུང་གི་ཚིག་ཟིན་གཙོ་བོའི་དབང་གིས་ཕྱི་མ་ལྟར་བཤད་ན། འཁོར་རྣམས་འོད་དུ་ཞུ་སྟེ། གཙོ་བོ་བླ་མ་རྡོར་སེམས་ཡབ་ཡུམ་ལ་ཐིམ། བླ་མ་ཡབ་ཡུམ་རྗེས་ཆགས་དངས་མའི་རང་བཞིན་འོད་དུ་ཞུ་ནས་རང་ལ་ཐིམ་པ་ལས། མངོན་རྟོགས་ཁྱབ་བདག་སྨན་ལུང་པས་མཛད་པའི་ཞལ་ཤེས་ལྷན་ཐབས་ལྟར། དེ་ནས་སློབ་དཔོན་ཡབ་ཡུམ་ཞེས་པ་ནས་གར་གྱི་ཉམས་དང་ལྡན་པར་གྱུར། །ཞེས་པས་འདོན་སྒོམ་སྦྲགས། དེ་ལ་རྟ་མགྲིན་གྱི་ཕྱག་གཡས་པ་དབང་སྡུད་ཀྱི་ཕྱག་རྒྱ་མཐེ་བོང་གིས་མཐེ་ཆུང་མནན། མཛུབ་མོ་གོང་མ་སྲིན་ལག་གསུམ་བསྒྲེང་བའོ། །སྙན་བརྒྱུད་རྩ་བར། ཡབ་ཀྱི་ཐུགས་ཀར་རྟ་མགྲིན་གྱི་ཕྱོགས་བཞིར་ཕྱི་ལྟར་གིང་བཞི། ནང་ལྟར་རིགས་ཀྱི་ཡབ་བཞི། གསང་བ་ཧེ་རུ་ཀ་བཞི། ཡུམ་གྱི་ཐུགས་ཀའི་རྡོ་རྗེ་ཕག་མོའི་ཕྱོགས་བཞིར་ཕྱི་ལྟར་མཁའ་འགྲོ་མ་བཞི། ནང་ལྟར་རིགས་ཀྱི་ཡུམ་བཞི། གསང་བ་ལྟར་ཀྲོ་ཏི་ཤྭ་རི་བཞི་བསྒོམ་པར་གསུངས་པའི་གིང་དང་མཁའ་འགྲོ་བཞི་ནི་ལས་བྱང་གི་མངོན་རྟོགས་སོར་བཞག་ལ། ཡབ་ཡུམ་ཁ་ཕྲལ་ཏེ་ཡབ་ཀྱི་ཐུགས་ཀར་གིང་བཞི་དང་། ཡུམ་གྱི་ཐུགས་ཀར་མཁའ་འགྲོ་སྒོམ། རིགས་ཀྱི་ཡབ་བཞི་ནི། ཤར་དུ་རྡོ་རྗེ་སེམས་དཔའ་མཐིང་ཁ་རྡོར་དྲིལ། ལྷོར་རིན་འབྱུང་སེར་པོ་རིན་པོ་ཆེ་དྲིལ་བུ། ནུབ་ཏུ་སྣང་མཐའ་དམར་པོ་པདྨ་དྲིལ་བུ། བྱང་དུ་དོན་གྲུབ་ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན་པ། ཧེ་རུ་ཀ་བཞི་ནི། ཤར་དུ་བུདྡྷ་ཧེ་རུ་སྨུག་ནག་རྒྱུ་ཞགས། ལྷོར་རཏྣ་ཧེ་རུ་ཀ་བེར་ནག་རིན་ཆེན་སྟོང་གསུམ་གྱི་འཇིག་རྟེན། ནུབ་ཏུ་པདྨ་ཧེ་རུ་ཀ་དམར་ནག་པདྨ་ཏི་ར། བྱང་དུ་ཀརྨ་ཧེ་རུ་ཀ་ལྗང་ནག་རྒྱ་གྲམ་དང་རི་རབ་བསྣམ་པ། རིགས་ཀྱི་ཡུམ་བཞི་ནི། རྡོ་རྗེ་དབང་ཕྱུག་མ་མཐིང་། མ་མ་ཀི་སེར། གོས་དཀར་དམར། སྒྲོལ་མ་ལྗང་། བཞི་ཀའང་གཡས་དྲིལ་བུ། གཡོན་རྡོ་རྗེ་འཛིན་པ་ལྷ་མོའི་རྣམ་པར་ཅན། ཀྲོ་ཏི་ཤྭ་རི་བཞི་ནི། ༼འདི་བུདྡྷ་ཀྲོ་ཏི་སྨུག་ནག་འཐད་པ་འདྲ། ༽ བཛྲ། རཏྣ། པདྨ། ཀརྨ། ཀྲོ་ཏི་ཤྭ་རི་མཐིང་། སེར་དམར་ལྗང་ནག་གཡས་ཁ་ཊཾ། གཡོན་ཐོད་ཁྲག་ཡབ་ལ་སྟོབས་ཚུལ། དེ་རྣམས་དམིགས་པས་ཆུན་ན་ཚང་མ་ཁྲོམ་ཚོགས་སུ་སྒོམ་ཞིང་། མི་ནུས་ན་ཕྱི་ནང་གསང་བ་གང་མོས་གང་རུང་གཅིག་བསྒོམ་པས་ཆོག་ཕྱིར་ཞལ་ཤེས་ལྷན་ཐབས་སུ་ཧེ་རུ་ཀ་བཞི་ལས་མ་བཤད་པའང་དེ་ལ་དགོངས་པར་སྣང་། ཡབ་ཀྱི་སྟེ་བར་ཐུགས་སྒྲུབ་ཧཱུྃ་གི་ལྷ་བཞི་བསྒོམ་ཞེས་སྙན་བརྒྱུད་རྩ་བར་གསུངས་ཀྱང་དེང་སང་རྡོ་རྗེ་གྲོ་ལོད་ཀྱི་ཧཱུྃ་སྒྲུབ་དང་དྲག་པོ་རྟ་སྐད་ཅན་མ་གཏོགས་ལྷ་བཞི་ཚང་བར་ངོས་འཛིན་རྒྱུ་མི་འདུག་པས་ཤོག་སེར་ལས་མ་ཕབ་པའི་ནུས་པ་ཡིན་པར་སེམས། འོན་ཀྱང་ད་ལྟ་ཕྱག་བཞེས་སུ་ཆེ་མཆོག་པདྨ་བསྒོམ་པ་དེ་གཅིག་པུས་ཆོག་གསུངས། དེ་ནས་རྡོ་རྗེ་གྲོ་ལོད་སྟག་ལྤགས་ཀྱི་གདན་ལ་ཕྱེད་དཀྱིལ་དུ་བཞུགས་པའོ། །སྤྱི་བོའི་བླ་མ་རྣམས་གར་གྱི་ཉམས་དང་ལྡན་པ་ཞེས་པ་ནི། རྩ་བར་གར་སྟབས་ཁྱུག་ཁྱུག་མཛད་པར་སྒོམ་ཞེས་འབྱུང་། དེ་ལྟར་དབང་པོ་རབ་ཀྱིས་ལྷ་ཐམས་ཅད་མ་འདྲེས་འཇའ་ཚོན་ལྟར་གསལ་བ། འབྲིང་གིས་ཚིག་དོན་རྗེས་དྲན་མོས་བསྐྱེད། ཐ་མས་གང་རུང་གཅིག་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་གསུངས། གཉིས་པ་ངག་རྡོ་རྗེ་བཟླས་པ་སྔགས་གསང་བ་འདུས་པ་ནི། ཡབ་ཀྱི་གནས་བཞིའི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་གདན་ལ་ས་བོན་སྔགས་ཕྲེང་གིས་བསྐོར་བ་དཀར་པོ། ཡུམ་གྱི་གནས་བཞིའི་ལྷ་མོ་ཐམས་ཅད་ཀྱི་ཐུགས་ཀར་ཉི་གདན་ལ་ས་བོན་སྔགས་ཕྲེང་གིས་བསྐོར་བ་དམར་པོ། མདུན་གྱི་ནམ་མཁར་གཡས་སུ་ཟླ་བའི་སྟེང་ན་ཡབ་གཙོ་འཁོར་གྱི་གཡས་སུ་བསྐོར་དུ་སྐྱ་སྒོ་རེ་བསྐོར་བར། གཡོན་དུ་རུ་ཉི་མའི་སྟེང་ན་ཡུམ་གཙོ་འཁོར་གྱི་སྔགས་རྣམས་བསྐོར་དུ་དམར་སྒོ་རེ་བསྐོར། དེ་གཉིས་ལས་རེ་རེ་འཕྲོས། གཉིས་ལས་བཞི་འཕྲོས། བཞི་ལས་བརྒྱད་འཕྲོས། ནམ་མཁའ་ལ་སྔགས་དཀར་དམར་གྱིས་གང་། ཕྱི་སྣོད་ཡིག་འབྲུའི་གཞལ་ཡས་ཁང་དུ་གྱུར། ནང་བཅུད་སེམས་ཅན་ཕོ་ཐམས་ཅད་ཡབ་ལྔ། མོ་ཐམས་ཅད་ཡུམ་ལྔར་བསམ། ནམ་མཁའ་དང་ས་གཞི་ཐམས་ཅད་ཧྲིཿ དཀར་པོ་བཾ་དམར་པོ་སྔགས་དཀར་དམར་གྱིས་གང་བར་བསམ་ཞིང་། ཐུན་གྱི་འགོར་ཧྲཱིཿ ཧྲཱིཿ བཾ་བཾ་ཞེས་པ་བརྒྱ་རྩའམ། ཉེར་གཅིག་བཟླ། དེ་ནས་ཐུགས་ཀའི་སྔགས་ལས་འོད་ཟེར་མེ་དཔུང་ལྟ་བུ་འཕྲོས་པས་བདག་གི་ལྕེ་ལ་ཕོག །ངག་གི་སྒྲིབ་པ་དག །ལྕེ་བསྲེགས་པའི་ལྗགས་རྡོ་རྗེའི་སྦུ་གུར་གྱུར་པས་ནང་ནས་བར་ལ་སྔགས་རྣམས་འོད་ཟེར་གྱི་ཚུལ་དུ་འཕྲོས་པས་ཕྱི་ནང་སྣོད་བཅུད་སྔགས་ཀྱི་རང་སྒྲར་གྱུར་པ་དང་། གོང་གི་དམིགས་པ་ཐོག་མཐའ་བར་གསུམ་དུ་བྱ་ཞིང་། རྒྱུན་བརྟན་རང་ཉིད་ཡབ་ཀྱི་གནས་བཞིའི་ལྷའི་ཐུགས་ཀར། སྤྱི་བོའི་ཀུན་བཟང་ལ་ཨོཾ། མགྲིན་པའི་སྣང་མཐའ་ལ་ཨཱཿ ། ཐུགས་ཀའི་རྟ་མགྲིན་ལ་ཧྲཱིཿ ། ལྟེ་བའི་གྲོ་ལོད་ལ་ཧཱུྃ་བསམ་པར་སེམས་མ་ཡེང་པར་གཏད་ནས་སྔགས་བཟླ་བ་ཕྱིའི་བཟླས་པ་དང་། འཛབ་བཟླས་པའི་རང་གཞན་གྱི་སྨྲ་བ་དུ་འབོད་གླུ་དང་འབྱུང་བའི་སྒྲ་སྐད་ཐམས་ཅད་སྔགས་ཀྱི་རང་བཞིན་དུ་བསམ་པ་ནང་གི་བཟླས་པ་སྟེ། ཐུན་རེར་སྔགས་ཇི་ཙམ་བཟླ་བའི་བཞི་ཆ་གསུམ་ཙམ་གྱི་རིགས་བཟླས་དམིགས་གཙོ་བོར་བྱ་ཞིང་བཞི་ཆ་གཅིག་ལ་སངས་རྒྱས་མཉམ་སྦྱོར་གྱི་དགོངས་པའི་ངང་ནས་བཟླ་བྱའི་ཐོད་ཕྲེང་རྩལ་གྱི་ཤམ་བུར། ཧྲཱིཿ མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿ སརྦ་སིདྡྷི་ཤནྟིང་། པ་ཤམ། མ་ར་ཡ་རྦད། ཨོཾ་སརྦ་སིདྡྷི་ཧཱུྃ། ཨོཾ་བུདྡྷི་སིདྡྷི་ཧཱུྃ། ཧྲི་ཀྲོ་དྷ་སིདྡྷི་ཧཱུྃ། ཧྲཱིཿ ར་ཙ་ཧྲི་ཡཿ ཨོཾ་ཧཱུྃ་ཏྲཾ་ཧྲི་ཨཱཿ ཤྲི་ཧེ་རུ་ཀ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀྲོ་དྷི་ཤྭ་རི་ས་མ་ཡ་ཛཿ བཾ་ཧ་རི་ནི་ས་བཛྲ་བྷ་ར་ཧེ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བཟླ། རླུང་བཀའ་བརྒྱད་ཡོངས་རྫོགས་ཀྱི་རྒྱུད་གསང་འདུས་ལས། རྡོ་རྗེའི་བཟླས་པ་སྲོག་རྩོལ་རླུང་༔ ཨོཾ་རྔུབ་དང་ཨ་སྐྱིལ་དང་ཧཱུྃ་འཕང་དང་གསུམ༔ རླུང་འཇུག་གནས་དང་ལྡང་བའི་བར༔ གནས་པ་རྒྱུན་སྲིང་དབུ་མར་བཞུགས༔ འདི་ལས་ཁྱད་པར་སྔགས་མེད་ཅིང་༔ རྡོ་རྗེ་སྔགས་བཟླས་རིམ་པའོ༔ ཞེས་གསུང་པར་ལྟར་རོ། །འབྱིན་འཇུག་གནས་གསུམ་ནི་གསང་བའི་བཟླས་པ་ཕྱི་ནང་གསང་གསུམ་མོ༑ ༑གཞུང་དང་གོང་མའི་ཟིན་ཐུན་གྱི་དངོས་བསྟན་ཉམས་ལེན་སྙིང་པོར་བྱེད་རྒྱུའི་རྡོར་བཟླས་དེ་རྣམས་ཡིན་ལ། སྔགས་རིང་བའི་སྒྱིད་ལུག་ན་ཐུན་གྱི་ཐོག་མཐའི་སྔགས་རིང་ཅི་ནུས་དང་། དེ་བཞིན་དུ་རྟག་ཏུ་བཟླས་པའོ། །ཞེས་པས་གནས་བཞིའི་ལྷའི་ཐུགས་སྲོག་ལ་སེམས་གཏད་ནས། ཨོཾ་ཨཱཿ ཧྲཱི་ཧཱུྃ་ཞེས་ངག་ཏུའང་བཟླ་བ་ཨོ་རྒྱན་ཆེན་པོའི་དགོངས་པ་ཡིན་ནོ་སྙམ་དུ་ཁོ་བོས་སེམས་ཤིང་། བདག་གི་བླ་མ་འབྲས་ལྗོངས་སྤངས་བརྟོན་ཆེན་པོ་ནི་གོང་གི་གཞུང་ཚིག་ཕྱི་མ་གཉིས་པོའི་དགོངས་དོན་ཡབ་ཀྱི་ལྟེ་བའི་རྡོ་རྗེ་གྲོ་ལོད་ལ་དམིགས་ནས་སྦྱར་ཉི་སྟེང་ཧཱུྃ་མེ་འབར༔ བདག་གཞན་ལོག་རྟོག་བག་ཆགས་བསྲེག༔ རིག་པ་ངར་ལྡན་ཧཱུྃ་སྒྲ་སྒྲོགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ དེ་རྣམས་ཀུན་གྱི་ཧཱུྃ་སྒྲ་སྒྲོགས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྐད་ཅིག་རིག་པ་ངར་བསྐྱེད་བརྗོད༔ འཇིག་རྟེན་ཁམས་ཀུན་ཤིག་ཤིག་ལྡེག༔ སྟོང་གསུམ་ཧཱུྃ་སྒྲས་གང་བར་བསམ༔ སྲིད་གསུམ་དབང་དུ་བསྡུས་པར་བསམ༔ འཁོར་བ་དོང་ནས་སྤྲུགས་པར་བསམ༔ ཞེས་པས་དམིགས་པ་དང་བཅས་ཧཱུྃ་གི་བཟླས་པ་སྒྲུབ་པའི་དུས་བརྒྱ་སྟོང་ཅི་རིགས་བཟླ་ཞིང་རྒྱུན་དུའང་སྤྲོས་མེད་ཁོ་ནར་མོས་ནས་ཧཱུྃ་སྒྲུབ་ལ་ཉམས་ལེན་གྱི་མཐིལ་བཅས་ནས་ལེགས་གསུངས་པར་ཐུགས་མད་པ་གོ་སྟེ། རྣམ་གྲངས་སུ་བཤད་པའོ། །གསུམ་པ་སེམས་ཏིང་ངེ་འཛིན་གྱི་གསང་བ་འདུས་པ་ལ་ཆགས་ལམ་དང་ཐབས་ལམ་གཉིས་ལས། ཆགས་ལམ་ནི་ལུས་གནད་བཅས། རླུང་རོ་ལན་གསུམ་བསལ་ལ། བདག་སློབ་དཔོན་པདྨ་གསང་འདུས་རྡོ་རྗེ་སེམས་དཔའ་དང་། ཡུམ་རྡོ་རྗེ་ཕག་མོ་མཁར་ཆེན་གཟའ་མཉམ་པར་སྦྱོར་བའི་གནས་བཞིའི་ལྷ་ཡབ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས། ཡུམ་ཐམས་ཅད་ཀྱི་ཐུགས་ཀར་ནས་འོད་ཟེར་དམར་པོ་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག །དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུ་བསམ། ནང་བཅུད་ཀྱི་སེམས་ཅན་ཕོ་ཐམས་ཅད་ལ་འོད་ཟེར་དཀར་པོ་ཕོག་པས་དཔའ་བོའི་ཚོགས་སུ་གྱུར། འོད་ཟེར་དམར་པོ་མོ་ཐམས་ཅད་ལ་ཕོག་པས་དཔའ་མོའི་ཚོགས་སུ་གྱུར། དེ་རྣམས་ཐམས་ཅད་སློབ་དཔོན་ལྷ་ཡབ་ཡུམ་དུ་གྱུར། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱིས་བསྡུས་ནས་བདག་ཡབ་ཡུམ་ལ་ཐིམ་པའི་སྒྲ་སྒྲག་དང་གཟི་མདངས་བསྐྱེད་པར་བསམ། དེ་ནས་བདག་གི་གནས་བཞིའི་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་བྱང་ཆུབ་ཀྱི་སེམས་དཀར་པོ་གྱུར། རང་གི་རྩ་བརྒྱུད་ནས་མར་བབས་གསང་གནས་ནས་ཡུམ་གྱི་གསང་གནས་སུ་ཕར་ཞུགས། ཡུམ་གྱི་གནས་བཞིའི་ལྷ་ལ་ཕོག་པས་དགྱེས་མཉེས་ཚིམ་པར་གྱུར། ཡུམ་གཙོ་འཁོར་གྱི་ཐུགས་ཀའི་ས་བོན་ལས་བྱང་ཆུབ་ཀྱི་སེམས་དམར་པོ་རང་རླུང་བཅས་པ་བབས་པས་རྩ་གནས་ཐམས་ཅད་བྱང་སེམས་དཀར་དམར་གྱིས་ལྟེམ་གྱིས་གང་བར་བསམ། ཡུམ་གྱི་ལུས་ལ་མ་ཤོང་ནས་ཡུམ་གྱི་སྣ་བུག་གཡོན་ནས་ཚུར་བྱུང་། ཡབ་ཀྱི་སྣ་བུག་གཡས་ནས་ཚུར་ཐིམ་པའི་རང་གི་གནས་བཞིའི་ལྷ་ཚོགས་ཐམས་ཅད་མཉེས་པར་བསམ། བྱང་སེམས་དཀར་པོ་རླུང་དང་བཅས་པའི་བབས། རྩ་གནས་དང་ལུས་གནས་ཡིད་གནས་ཐམས་ཅད་གང་ནས་ཟག་པ་མེད་པའི་བདེ་བར་རྒྱས་པར་སྒོམ། ཡང་རྩ་བརྒྱུད་ནས་བབ། གསང་གནས་ནས་ཡུམ་གྱི་གསང་གནས་ལ་ཕར་འཕྲོས། དེ་ལྟ་བུའི་འོད་ཟེར་ཐིག་ལེའི་སྤྲོ་བསྡུ་དང་བཅས་རླུང་ཁུག་བརྒྱད་རྩ་སོགས་སྒོམ། ཐིག་ལེ་འཕྲོས་ནས་བདེ་བར་སྐྱེས་པའི་དུས་དེར་སེམས་མ་བཅོས་པའི་ངང་ལ་གློད་ལ་ངོས་བཟུང་ངོ་། །ཐབས་ལམ་ཀྱང་གཞན་གོང་དང་འདྲ་བ་ལས་ཡབ་ཡུམ་གོ་ལྡོག་གི་ཚུལ་དུ་རང་ཡུམ་མཚོ་རྒྱལ་དུ་གསལ་བ་ཨོ་རྒྱན་དང་མཉམ་པར་སྦྱོར་བར་བསྒོམ་ལ་ཡབ་ཀྱི་འོད་ཟེར་དཀར་ཆ་ཐམས་ཅད་བདག་ཡུམ་ལ་ཚུར་བསྡུ་བར་ཏེ། དོ་ལི་འཁོར་ཚུལ་གོ་ལྡོག་ཏུ་བྱ་བ་ཡིན། ཞལ་ཤེས་སུ་ཆགས་ལམ་གཙོ་བོར་མཛད་པའི་ཐབས་ལམ་གྱི་དམིགས་པ་ཐུན་འཇུག་དུ་ཚར་ལྔ་དྲུག་རེའམ། ཡང་ཐུན་སྔ་མ་རྣམས་སུ་ཆགས་ལམ་དང་སྲོད་ཐུན་གྱི་སྐབས་ཐབས་ལམ་ཙམ་སྒོམ་གསུངས། བཞི་པ་རྩ་དང་རླུང་གི་གསང་བ་འདུས་པ་ནི། ཡབ་ཀྱི་གནས་བཞིའི་ལྷ་རྣམས་ཀྱི་ཐུགས་སྲོག་ལས་འོད་ཟེར་དཀར་པོ་རླུང་དང་བཅས་པ་འཕྲོས་པས། རླུང་དེས་རིགས་དྲུག་གི་སེམས་ཅན་ཕོ་ཐམས་ཅད་དཔའ་བོར་གྱུར་པ་ལ་ཕོག །དེ་རྣམས་ཀྱི་བཀྲག་མདངས་ཐམས་ཅད་སྣ་བུག་གཡས་ནས་ཚུར་ཐིམ་པར་བསམ་ལ་སྣ་གཡས་ནས་རླུང་རྔུབ་སྟེ་ཐུབ་ཚད་མནན། ཕོ་རིགས་ཐམས་ཅད་དབང་དུ་འདུས་པར་བསམ། དེ་བཞིན་དུ་ཡུམ་གྱི་གནས་བཞིའི་ལྷ་ལས་འོད་ཟེར་དམར་པོ་འཕྲོས་པས། འགྲོ་བ་མོ་རིགས་དཔའ་མོར་གྱུར་པའི་ཚོགས་ལ་ཕོག །དེ་ཐམས་ཅད་ཀྱི་བཀྲག་དང་གཟི་མདངས་ཐམས་ཅད་བསྡུས་ནས་སྣ་བུག་གཡོན་ནས་ཚུར་ཐིམ་ནས་མོ་རིགས་ཐམས་ཅད་དབང་དུ་འདུས་པར་བསམ་ལ་རླུང་གཡོན་ཕྱོགས་ནས་བཟུང་ལ་ཐུབ་ཚད་མནན། ཡང་ཡབ་ཡུམ་གཉིས་ཀའི་གནས་བཞིའི་ལྷ་ཐམས་ཅད་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་མི་ཕོ་མོའི་བཀྲག་དང་གཟི་མདངས་དང་། ས་འོག་ས་སྟེང་གི་ཟས་ནོར་ཐམས་ཅད་ཀྱི་བཅུད་དང་། དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱི་བཀྲག་དང་གཟི་མདངས་དང་། བདེ་བར་གཤེགས་པ་ཐམས་ཅད་དངོས་གྲུབ་དང་བྱིན་རླབས་བུདྡྷིའི་དགོངས་པ་ཐམས་ཅད་བསྡུས་ནས་བདག་གི་སྣ་བུག་གཡས་གཡོན་གཉིས་ཀ་ནས་ཞུགས། ཐུགས་ཀར་ཐིམ་པའི་འཁོར་འདས་ཐམས་ཅད་དབང་དུ་འདུ་ཞིང་ཟག་པ་མེད་པའི་བདེ་བར་རྒྱས་པར་བསམ། རླུང་སྣ་གཉིས་ཀ་ནས་རྔུབ་ལ་ཐུབ་ཚད་མནན། དེ་ལྟར་རླུང་ཁུག་པ་རེ་དང་འོད་ཟེར་གྱི་སྤྲོ་བསྡུ་སྦྱར་བ་བརྒྱའམ་ཉེར་ཅིག་གམ་བདུན་ནམ་ཅི་རིགས་བྱའོ། །ལྔ་པ་རྫོགས་པའི་རིམ་པའི་གསང་བ་འདུས་པ་ནི། གོང་དུ་བཤད་པའི་ཡེ་རྒྱ་ལུགས་གཉིས་ཀྱི་ཐབས་ལམ་ལྟར་ཡབ་གཙོ་འཁོར་རྣམས་རང་ཡུམ་དུ་གསལ་བ་ལ་བསྡུ་དགོས་ཀྱང་། འདིར་ཆགས་ལམ་གཙོ་བོར་བྱེད་པའི་དབང་དུ་ཕྱི་རིགས་དྲུག་གནས་བསྒྱུར་གྱི་དཔའ་བོ་དཔའ་མོ་རྣམས་ཡུམ་མཚོ་རྒྱལ་ལ་བསྟིམ། བདེ་བར་གཤེགས་པ་རྣམས་དང་སྟེང་གྱི་ཆ་ལ་བཞུགས་པའི་བཀའ་བརྒྱུད་བླ་མ་ཐམས་ཅད་བདག་ཨོ་རྒྱན་ཡབ་ཡུམ་དུ་གསལ་བ་ལ་བསྟིམ། ཡུམ་གཙོ་འཁོར་རྣམས། རང་ཉིད་ཡབ་གཙོ་འཁོར་ལ་བསྡུ། རང་གི་ལྟེ་བ་དང་ཐུགས་ཀར་དང་མགྲིན་པའི་ལྷ་ཐམས་ཅད་དང་གཞི་ལུས་བླ་མ་རྡོ་རྗེ་སེམས་དཔར་གསལ་བ་ཡང་སྤྱི་བོའི་ཀུན་བཟང་ཡབ་ཡུམ་ལ་བསྟིམ། ཡུམ་ཡབ་ལ། ཡབ་ཐུགས་ཀའི་ཨཱོྃ་ལ། འ་ཨོཾ་ལ། ཨ་ན་རོ་ལ། ན་རོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེར་སྟོང་པ་སྤྲོས་བྲལ་དུ་གྱུར། སྤྲོས་བྲལ་ཆོས་ཀྱི་སྐུ་སྣང་སྟོང་དབྱེར་མེད་སྨྲ་བསམ་བརྗོད་མེད་བདེ་གསལ་འཛིན་མེད་ཡེ་རྫོགས་ཆེན་པོ་ཨ་ཏི་མཉམ་སྦྱོར་ལྟར་བཞག་གོ ། ས་བཅད་ཕྱི་མ་འདི་གསུམ་ཀ་སེམས་ཏིང་འཛིན་གྱི་ནང་གསེས་ཡིན་པར་མངོན་ལ། དེ་ཡང་རྩ་རླུང་གསང་བར་འདུས་པ་ཡན་ཆད་བཟླས་པའི་མཐར་སྦྱར་ནས་བར་དེར་དགོངས་པ་བསྐྱང་བ་ནས་ཉམས་ཆག་བསྐང་བའི་བར་བསྙེན་དུས་བཞིན་ཉམས་སུ་བླངས་པའི་མཐར་རྫོགས་རིམ་གསང་བ་འདུས་པ་སྒོམ། དེ་ནས་བསྔོ་སྨོན་ཤིས་བརྗོད་བྱས་ན་གཤེགས་ཤིང་། ཡང་ན་ཟབ་མོའི་གནད་ལྔ་མཐར་ཆགས་སུ་བསྒོམ་རྗེས་སླར་ཡང་ལུས་དཀྱིལ་གསལ་བཏབ་ལ་སྒྲུབ་གཞུང་ལས་བྱང་གི་འཕྲོ་རྣམས་བགྱིས་ཀྱང་རུང་ངོ་། །ལས་སྦྱོར་འཕྲིན་ལས་ཀྱི་དམིགས་བཟླས་ཀྱང་འདི་ཉིད་དང་རྗེས་སུ་འབྲེལ་མོད་ཀྱི། འོན་ཀྱང་ས་བཅད་ལ་སོགས་པ་ཐུན་མོང་པ་ཡིན་པས་གཞན་དུ་འགྱུར་རོ། །པད་འབྱུང་རིག་འཛིན་ཌཱཀྐིའི་སྲོག་བཅུད་དང་། །སློབ་བཤད་སྙན་ནས་སྙན་བརྒྱུད་བཀའ་རྒྱ་ཅན། །འདི་ལྟར་བཀླག་ཆོག་སྔོན་ཆད་བཀོད་པ་མེད། །དེ་ཕྱིར་སྙིང་དབུས་ཁོ་ན་འཆང་བའི་འོས། །འོན་ཀྱང་ཉམས་སུ་ལེན་ལ་མི་མཁོ་ན། །མན་ངག་ཟབ་ཀྱང་མཚོ་གླིང་གསེར་དང་མཚུངས། །དུས་ཀྱི་ཚུལ་འདི་ཤེས་དང་ཉན་པའང་དཀོན། །ངེས་པར་ནུབ་ཏུ་དོགས་ཕྱིར་ངས་འདི་བྱས། །དགེ་བ་འདི་ཡིས་དྲི་མེད་ཐུགས་རྗེའི་གཏེར། །རྔ་ཡབ་གླིང་པའི་བྱིན་རླབས་ཉིན་བྱེད་འོད། །བདག་སོགས་འགྲོ་ཀུན་རྒྱུད་ལ་ཉེར་ཞུགས་ནས། །རང་རིག་བླ་མའི་རང་ཞལ་མྱུར་མཐོང་ཤོག །ཐུགས་སྒྲུབ་གསང་བ་འདུས་པའི་སྒྲུབ་པ་སྙན་བརྒྱུད་ཞག་བདུན་མའི་མན་ངག་གཞུང་དང་བླ་མའི་ཞལ་ཤེས་སུ་བཀོད་པ་འདི་ཡང་གཅུང་ངག་དབང་ཕྲིན་ལས་རྒྱ་མཚོའི་བླ་སྒྲུབ་ཀྱི་དུས་ནན་ཏན་ཆེན་པོའི་བསྐུལ་བ་དང་རང་ཉིད་ཀྱི་དྲན་གསོས་ཆེད་བསྟན་འཛིན་རྡོ་རྗེ་ལྷུན་གྲུབ་ཀྱིས་བྲིས་པ་ཉམས་ལེན་ཚུལ་བཞིན་མི་བྱེད་པ་ལ་གསང་ཞིང་སྦ་བའི་བཀའ་རྒྱས་བཏབ་བོ། །དེ་ལྟ་བུའི་མཚན་དུས་གྲངས་ཀྱི་བསྙེན་པ་གསུམ་པོ་གང་རུང་བྱེད་པའི་སྐབས་འདིར་སྤང་བླང་གི་རིམ་པ་རྣམས་སྙེན་སྒྲུབ་སྤྱིའི་འགྲོས་ལྟར་ཤེས་པར་བྱ་ཞིང་། ཁྱད་པར་སྒྲུབ་པ་སྲང་འཇུག་མན་ངག་སྒྲོམ་ལས། ལེ་ལོ་སྙོམ་ལས་གཉིད་སོགས་སྤང་༔ སོགས་དང་། ཡང་དེ་ཉིད་ལས། ཉན་བཤད་གཞན་ལ་བྱིན་རླབས་སོགས༔ སེམས་བསྐྱེད་མ་གཏོགས་སྤྲོས་པ་བཅད༔ བཟོ་དང་ཡིག་ཆར་རྩར་མི་བསྟེན༔ ཁམས་འཕྲོད་ཟས་བསྟེན་བྱ་ཆ་ཀུན༔ ཅི་རིགས་དམ་བཅའ་སྲང་དུ་འཇུག༔ རྡོ་རྗེའི་གུར་དུ་གནས་ནས་ནི༔ ལུས་མི་བསྟན་ཅིང་ངག་མི་སྨྲ༔ དམ་བཅའི་ཁས་བླང་མི་བྱའོ༔ ཞེ་བཅད་རྟིང་བཅད་དུམ་བུར་འཐུད༔ གཞན་གྱི་ཟས་གོས་ཚུར་མི་བསྟེན༔ མཚན་རྟགས་བཟང་ངན་སྤང་བ་མིན༔ རང་གི་ཟས་གོས་ཕར་མི་བསྟེན༔ ལུས་གོས་སྐྲ་དང་གདོང་མི་བསྐྲུ༔ སྐྲ་སེན་མི་འབྲེག་བསྟན་མི་སྤྲུག༔ སྒྲུབ་པའི་སྙིང་པོ་མ་ཐོན་པར༔ སྨོན་པའི་སེམས་བསྐྱེད་མ་རྟོགས་པ༔ འཇུག་པས་སེམས་བསྐྱེད་ངལ་གསོ་བྱ༔ སྒྲུབ་པའི་སྙིང་པོ་བྱེད་པའི་ཚེ༔ ཉིན་བཞིན་མི་རྟོག་ཤས་ཆེར་སྒོམས༔ མཚན་བཞིན་གསལ་བ་གཙོར་བྱའོ༔ ལྟ་བས་ཟིན་པ་ཀུན་ལ་གཅེས༔ སྒྲུབ་ཡུན་རིང་ན་ས་སྡེ་ཟུག༔ བློ་ཡི་རང་བཞིན་ཆེད་མི་བསྒྲུབ༔ དེ་ལྟར་བཀའ་ཐུབ་དྲངས་ནས་སྟོན༔ སྐབས་སུ་བསྐང་བཤགས་དམ་ཚིག་གསོ༔ ཅིས་ཀྱང་རྟོག་པས་མི་བསྒྲིམ་སྟེ༔ རྡོ་རྗེའི་ཁང་བུ་དང་ལྡན་ན༔ སྤྱོད་པའི་ནོར་ཟག་ལྡེམ་ལོག་སྡོམ༔ བདག་འཇུག་བླ་མའི་དབང་ལྡན་ན༔ ཏིང་འཛིན་ནོར་ཟག་ལྡེམ་ལོག་སྡོམ༔ སྣང་བ་སེམས་སུ་ཐག་ཆོད་ཅིང་༔ གཟའ་གཏད་མེད་པའི་གདེང་ཐོབ་ན༔ ནོར་ཟག་ལྡེམ་ལོག་རང་སར་གྲོལ༔ བསྒྲུབ་པ་སྲང་འཇུག་མན་ངག་སྒྲོམ༔ ཞེས་གསུངས་པ་ལྟར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། ཡང་ནང་པར་གྲོལ་རྒྱུའི་དགོང་ཐུན་ལ། དངོས་གྲུབ་ཀྱི་རྫས་ཅི་འབྱོར་བར་བཤམ་ཞིང་། ཐུན་མཐར་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ཏེ་བུམ་པ་དང་དངོས་གྲུབ་ཀྱི་རྫས་རྣམས་ལ་བསྟིམ་པའི་དམིགས་གནད་དང་བཅས་པའི་དངོས་གྲུབ་བཟླ་བསྡུ་བའི་འཛབ་བཟླ། ཁྱད་པར་གྲོལ་རྒྱུའི་སྔ་ཐུན་ལ་བཟླས་པ་ཐོན་རྗེས་ཚོགས་དང་བསྐང་བཤགས། གཏོར་སྨན་རཀྟའི་མཆོད་ཅིང་། བསྟོད་བསྐུལ་རྣམས་རྒྱས་པར་བཏང་མཐར་ཆོས་སྲུང་གི་གཏོར་ཆོག་རྣམས་བྱའོ། །སླར་ཡང་། ཧཱུྃ་བླ་མ་རྣམས་སོགས་ཀྱི་བགེགས་བསྐྲད། སྲུང་འཁོར་གསལ་བཏབ། རང་ཉིད་རྟ་མགྲིན་གྱི་རྣམ་པར་ལོགས་སུ་ཕྱེ་བའི་དངོས་གྲུབ་ལེན་པ་བྱས་ཏེ། དངོས་གྲུབ་བསྐུལ་བའི་བཟླས་པ་བརྒྱ་ཕྲག་གསུམ་ཙམ་སྔར་ལྟར་བྱས་ལ། དེ་ནས་མཆོད་སྔོན་དུ་འགྲོ་བའི། བདེ་མཆོག་བདེ་སྤྱོད་སོགས་ཀྱི་དངོས་གྲུབ་བསྐུལ་རྗེས། རྩ་སྔགས་ཤམ་བུ་ཅན་ཟླ་བཞིན་དུ་བསྒྲུབ་གཏོར་ལྷར་གསལ་བ་ལས་བྱིན་རླབས་དངོས་གྲུབ་ཀྱི་སྐལ་བ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ། དབང་བཞི་བླང་ཞིང་སྒྲུབ་རྫས་རྣམས་གནས་བཞིར་གཏུག་མཐར་ལྷ་འོད་དུ་ཞུ་ནས་གཏོར་ཟན། བུམ་པའི་རིལ་བུ་སོགས་ཀྱི་དངོས་གྲུབ་ཀྱི་རྫས་རྣམས་དང་ཚོགས་ལ་རོལ། དེ་ནས་འཇུག་གི་བྱ་བ་སྔར་གྱི་ལྷག་མ་བཙོན་འཛིན་རྣམས་འབུལ། ཆོས་སྲུང་ལ་གཏོར་མ་འབུལ། ཆད་ཐོ་བརྟན་སྐྱོང་རྟ་བྲོ་རྣམས་དང་། མཆོད་བསྟོད་བཤགས་པ་སོགས་བྱས་ལ་ཡིག་བརྒྱ་མང་དུ་ཟླས་ལ་མདུན་རྟེན་རས་བྲིས་ཡིན་ན་སྐུ་རྟེན་དང་ལྷན་དུ་བརྟན་བཞུགས་བྱ། བླ་མ་རྡོ་རྗེ་སེམས་དཔའ་ནི་སོགས་ཀྱི་དཀྱིལ་འཁོར་བསྡུ་ཞིང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་མཐར་བརྒྱན་པར་བྱའོ། །ཁ་སྐོང་སྦྱིན་སྲེག་གི་རིམ་པ་ནི། སྨིན་གླིང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེས་མཛད་པའི་དངོས་གྲུབ་མྱུར་ལམ་ལྟར་བྱའོ། །མ་གྲུབ་ན་ཡིག་བརྒྱ་སོགས་ཀྱི་ཁ་སྐོང་ཅི་འགྲུབ་བྱས་ལ་མཚམས་ཐོ་འགྲོལ། གནས་བསྲུང་བྱ་བ་སོགས་མཐའ་རྒྱས་རྣམས་གསང་བ་སྤྱིའི་འགྲོས་ལྟར་ཤེས་པར་བྱའོ། །སྒྲོམ་བརྒྱད་པ་ངེས་ཤེས་བསྐྱེད་བྱེད་ལུང་གི་སྒྲོམ་ལས། ཡང་གཏེར་སྙིང་ཁྲག་འདི་ལས་སུ་སྤྱོད་ཀྱང་༔ དངོས་གྲུབ་དུས་ལས་འདའ་བར་ག་ལ་སྲིད༔ འདི་ཉིད་བྲིས་སམ་བཅངས་པས་དངོས་གྲུབ་ཐོབ༔ ལན་གཅིག་བཀའ་ཤོག་མཐོང་བ་ཐམས་ཅད་ཀྱང་༔ ཨོ་རྒྱན་སྨོན་ལམ་མཐུ་ཡིས་ངན་སོང་ཁེགས༔ དབང་ཐོབ་ཙམ་གྱིས་པདྨ་ཅན་དུ་སྐྱེ༔ ཉམས་སུ་བླངས་པའི་འབྲས་བུ་སྨོས་ཅི་དགོས༔ ཞེས་གསུངས་པས། གཞན་ལས་ཆེས་ཁྱད་པར་དུ་འཕགས་པ་ངེས་པར་ཡིད་ཆེས་དང་མོས་གུས་ཐེ་ཚོམ་མེད་པར་མཛད་དུ་གསོལ༔ ཡང་ཟབ་བླ་མ་སྒྲུབ་པའི་ལམ་བཟང་པོ། །ཆོས་གང་ཀུན་གྱི་ཕུལ་དུ་གྱུར་པ་འདི། །གནམ་སྐས་གསང་མཛོད་ཡིད་བཞིན་དབང་གི་རྒྱལ། །སྟོན་མཛད་གུ་རུ་ཆོས་ཀྱི་དབང་ཕྱུག་མཆོག །གྲུབ་བརྙེས་རིག་འཛིན་བརྒྱུད་པའི་ཞལ་གྱི་ལུང་། །ཉམས་ལེན་བསྐྱུད་བྱང་རིས་སུ་བཀོད་པ་འདི། །རང་འདྲའི་བློ་དམན་རྣམས་ལ་ཕན་ཕྱིར་བྲིས། །རྣམ་དཀར་འབྲས་བུ་བསོད་ནམས་ཅི་མཆིས་དེས། །རང་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །རང་སྣང་དག་པའི་ཞིང་མཆོག་པདྨ་འོད། །རང་རིག་གདོད་མའི་ངོ་བོ་ཐོད་ཕྲེང་རྩལ། །རང་ངོ་ཤེས་ནས་སྐུ་བཞི་མངོན་གྱུར་ཤོག །བླ་མ་གསང་བ་འདུས་པའི་བསྙེན་སྒྲུབ་ཡི་གེ་ཞལ་ཤེས་ངག་འདོན་བཅས་ནག་འགྲོས་སུ་བཀོད་པ་འདིའང་རང་དང་སྐལ་མཉམ་རྣམས་ལ་ཕན་རེའི་བློས། རྒྱལ་ཁམས་པ་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་འོག་མིན་བླ་མའི་གདན་ས་ཞེ་ཆེན་བླ་བྲང་དུ་སྦྱར་པའི་ཡི་གེ་པ་ནི་ཤཱཀྱའི་དགེ་སྦྱོང་འགྱུར་མེད་མཐའ་ཡས་ཀྱིས་བགྱིས་པའོ། །དགེའོ། །དགེའོ། །དགེའོ། །


previousབླ་མ་གསང་བ་འདུས་པའི་བསྙེན་སྒྲུབ་ཀྱི་ཡི་གེ་ཟབ་ལམ་གསལ་བྱེད། next