སྤྱིར་བཤད་པ།
སྤྱིར་བཤད་པ་དང་། བྱེ་བྲག་བོད་ཀྱི་ཡུལ་དུ་ཇི་ལྟར་བྱུང་ཞིང་བསྐྱངས་པའི་ཚུལ་རྒྱས་པར་བཤད་པའོ། །དེ་ལ་དང་པོ་ནི། དཔལ་ཀུན་ཏུ་བཟང་པོ་ཉིད་ཡེ་ཐོག་དང་པོའི་གཞི་ལ་རིག་པའི་ཡེ་ཤེས་གཟུང་འཛིན་གྱི་སྦུབས་རྒྱ་ལས་གྲོལ་ཏེ་ཁྱད་ཆོས་དྲུག་གི་ཚུལ་གྱིས་མངོན་པར་བྱང་ཆུབ་ནས། ནང་དབྱིངས་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཆེན་པོར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་འོད་གསལ་བའི་ངང་ལ་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་པ་ལས། གཞི་སྣང་ཡེ་ཤེས་ཆེན་པོའི་སྣང་ཆར་རང་བྱུང་བའི་གནས་ལྷུན་གྲུབ་སྟུག་པོ་བཀོད་པར། སྟོན་པ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་མཚན་དཔེ་གསལ་རྫོགས་ཀྱི་སྐུར་ཤར་བས། རིགས་ལྔའི་ཚོམ་བུ་ཡེ་ཤེས་ཀྱི་རང་མདངས་སུ་སྣང་བ་གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་བྲལ་བའི་འཁོར་ལ། དུས་བཞི་མཉམ་པ་ཉིད་འཕོ་འགྱུར་དང་བྲལ་བའི་ངང་དུ། ཆོས་ཟབ་གསང་རྡོ་རྗེའི་ཐེག་པ་ནང་པ་བསྐྱེད་རྫོགས་གསུམ་གྱི་འཁོར་ལོ་སྒྲ་ཚིག་རང་མཚན་ལས་འདས་པའི་གསུང་གིས་དུས་གསུམ་རྒྱུན་མི་འཆད་པར་བགྲོ་བ་མཛད་དེ། ཉིད་ལས་མི་གཞན་པའི་རྒྱལ་སྲས་རིགས་གསུམ་སེམས་དཔའ་དང་། རིགས་ལྔ་འཁོར་གྱི་མཁའ་འགྲོ། ཕྱི་རབས་ཀྱི་གང་ཟག་ཆོས་ཀྱི་སྤྱན་ལྡན་རྣམས་ལ་བསྟན་པ་མི་ནུབ་པའི་བཙས་སུ་གཏད་པར་མཛད་པ་ལས། མཁྱེན་རབ་ཀྱི་མངའ་བདག་འཇམ་དཔལ་དབྱངས་ཀྱིས་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེ་ནས་རིམ་པར། ཚངས་པ་རིན་ཆེན་འོད་འབར། ཚངས་པ་སྐྱེ་དགུའི་བདག་པོ། ཚངས་པ་ཀུན་སྒྲོལ། ཚངས་པ་གཙུག་ཕུད་འཛིན། ལྷ་དབང་བརྒྱ་བྱིན་རྣམས་ལ་བརྒྱུད་ནས་ཚོམ་བུ་འབུམ་དང་བཅས་པ་མཆོག་གི་དངོས་གྲུབ་བརྙེས་ཏེ་ལྷ་ཡུལ་དུ་བསྟན་པ་དར་བར་མཛད། ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་ཀྱིས་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད། དེ་ནས་རིམ་པར། ཀླུ་མོ་ཁ་འདུལ་མ། འདུལ་ཚང་མ། ཀླུ་ཡིད་འོང་དགའ་བ། ཀླུ་འཇོག་པོ་རྣམས་ལ་བཤད་དེ་ཚོམ་བུ་འབུམ་དང་བཅས་པ་རིག་འཛིན་གྱི་སར་བཀོད་དེ་ཀླུའི་ཡུལ་དུ་དར་བར་མཛད། མཐུ་སྟོབས་ནུས་པའི་མངའ་བདག་ཕྱག་ན་རྡོ་རྗེས་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད། དེ་ནས་རིམ་པར། གནོད་སྦྱིན་ལག་ན་རྡོ་རྗེ་དང་། སྐར་མདའ་གདོང་སོགས་ལ་བརྒྱུད་ནས་ཚོམ་བུ་འབུམ་དང་བཅས་པ་རྡོ་རྗེ་འཆང་གི་སར་གཤེགས་ཏེ་གནོད་སྦྱིན་གྱི་ཡུལ་དུ་དར་བར་མཛད་དོ། །དེ་ནས་མི་ཡུལ་དུ་ཇི་ལྟར་བྱུང་ཚུལ་ནི། དགོངས་པ་ལུང་སྟོན་པའི་མདོ་ལས། རྒྱུ་ལ་མོས་པར་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ན། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བ་འགྱུར། །ཞེས་དང་། བདེ་མཆོག་སྡོམ་འབྱུང་གི་ རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་གྲངས་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་ནི། །རྒྱལ་པོ་ཛཿཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བའི། །གསང་བའི་བདག་པོས་གནང་བར་འགྱུར། །ཞེས་ལུང་བསྟན་པ་བཞིན། སྟོན་པ་མཆོག་གི་སྤྲུལ་སྐུ་འཇིག་རྟེན་ན་མི་སྣང་ནས་ལོ་ཉེར་བརྒྱད་ན། ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མི་ལི་ཙྪ་བཱི་དྲི་མེད་གྲགས་པ་སྟེ་དམ་པའི་རིགས་ཅན་དྲྭ་མ་ལྔ་ནང་དུ་ཡང་དག་འཇོག་པ་ལས་ལངས་པ་ན། རང་རང་གི་མངོན་པར་ཤེས་པས་སྟོན་པ་མྱ་ངན་ལས་འདས་པར་ཤེས་ནས་རྫུ་འཕྲུལ་གྱི་བྱ་བས་ལངྐའི་ཡུལ་གྱི་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་འདུས་ཤིང་ཕྱོགས་བཅུའི་སངས་རྒྱས་ཡིད་ལ་བྱས་ནས། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་སོགས་སྤྱི་མདོ་དགོངས་འདུས་ཀྱི་ལེའུ་གསུམ་པ་ལས་འབྱུང་བ་ལྟར་གྱི་གདུང་ཚིག་ཉེར་གསུམ་པོ་བཏོན་པས། སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོ་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྣམ་པར་བསྟན་ཏེ། སྔར་འོག་མིན་དང་། དགའ་ལྡན་དང་། སུམ་ཅུ་རྩ་གསུམ་སྟེ་ལྷ་གནས་ གསུམ་དུ་བསྟན་ཅིང་གྲགས་པའི་གསང་བའི་རྒྱུད ་ཐམས་ཅད་སླར་ཡང་ཟློས་ཏེ་གསུང་བར་དགོངས་ནས། ཇི་སྐད་དུ། སེམས་ཀྱི་དཀྱིལ་འཁོར་མེ་ལོང་བཞིན། །བསྟན་པ་དེ་ལྟར་བདག་གིས་ཀྱང་། །བསྐུལ་བའི་དུས་ནི་གང་བྱུང་བར། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས་རི་མཱ་ལ་ཡའི་རྩེར་གཤེགས་ནས། རིགས་ཅན་དྲྭ་མ་ལྔ་དང་། གཞན་ཡང་རིག་འཛིན་ཕལ་མོ་ཆེ་ལ་སྔོན་འོག་མིན་ལ་སོགས་པར་བསྟན་པའི་གསང་སྔགས་ཀྱི་ཐེག་པ་རྣམས་སྟོན་པར་མཛད་ཅིང་དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་ཏེ། ཇི་སྐད་དུ། གཞི་རྒྱུ་དགོངས་སྣོད་གནས་སྲུང་བདག་བརྒྱུད་འཛིན། །ཞེས་པས། གསེར་གྱི་བྱང་བུ་ལ་བྲི་གཞི་ཕུན་སུམ་ཚོགས་པར་དགོངས་པ། བཻཌཱུརྱའི་ཞུན་མས་བྲིས་པ་རྒྱུ་ཕུན་སུམ་ཚོགས་པར་དགོངས་པ། རིན་པོ་ཆེ་སྣ་ཚོགས་པའི་སྒྲོམ་བུ་སྣོད་ངོ་མཚར་བར་དགོངས་པ། ནམ་མཁའ་འབྱུང་བཞིས་མི་འཇིགས་པས་གཏེར་གནས་དམ་པར་དགོངས་པ། མ་དང་མཁའ་འགྲོ་རྣམས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་གཏེར་སྲུང་ཁྱད་པར་ཅན་དུ་དགོངས་པ། ཆོས་བདག་རྒྱལ་པོ་ཛཿལས་ཅན་དབང་པོ་ཡང་རབ་རྟོགས་གྲོལ་དུས་མཉམ་དུ་དགོངས་པ། སྐྱེ་འཕགས་བྱང་སེམས་ས་ལ་གནས་པ་སོགས་གྲུབ་བརྙེས་བརྒྱུད་འཛིན་དར་རྒྱས་སུ་འབྱུང་བ་ལ་དགོངས་པ་སྟེ། དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་སོ། །དེའི་ཚེ་ཟ་ཧོ་རའི་རྒྱལ་པོ་ཛཿགསང་སྔགས་ཕྱི་རྒྱུད་ཀྱི་སྒྲུབ་པ་ལ་བཞུགས་པའི་སྐབས་རྨི་ལྟས་ངོ་མཚར་བ་བདུན་བྱུང་སྟེ། ཇི་སྐད་དུ། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བགྲོ་བ་བྱས་པ་དང་། །ཀུན་གྱིས་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་འབབ་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་པའི་རྨི་ལྟས་དང་མཐུན་པར་རྒྱུད་སྡེའི་གླེགས་བམ་རྣམས་མི་ཡུལ་དུ་དངོས་སུ་བབས་ཏེ། ཀྲི་ཡའི་རྒྱུད་རྣམས་ཝཱ་རཱ་ཎ་སཱིར་བབས། ཨུ་པ་ཡའི་རྒྱུད་རྣམས་རི་བོ་བྱ་རྐང་ཅན་དང་བསིལ་བའི་ཚལ་དུ་བབས། ཡོ་གའི་རྒྱུད་རྣམས་དུར་ཁྲོད་མེ་རི་འབར་བའི་རྩེར་བབས། མ་ཧཱ་ཡོ་གའི་རྒྱུད་རྣམས་རྒྱལ་པོ་ཛཿཉིད་ཀྱི་ཁང་སྟེངས་སུ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་གླེགས་བམ་དང་གསང་བའི་བདག་པོའི་སྐུ་ཁྲུ་གང་བ་གཅིག་བཅས་བབས། ཨ་ནུ་ཡོ་གའི་རྒྱུད་རྣམས་ལང་ཀའི་ཡུལ་དུ་གྲགས་པ་སིངྒ་ལའི་གླིང་གི་ནགས་ཚལ་དུ་གླེགས་བམ་དང་བཅས་ཏེ་ཆར་དུ་བབས་སོ། །དེའི་ཚེ་རྒྱལ་པོས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས་ནས་དེ་དང་ཕྱག་རྡོར་གྱི་སྐུ་ལ་བརྟེན་ནས་ཟླ་བ་བདུན་བསྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་མཐོང་ཞིང་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས་གླེགས་བམ་གྱི་བརྡ་དོན་མ་ལུས་པ་མཁྱེན་པར་གྱུར་ཏེ། ཉིད་ཀྱིས་མཛད་པའི་ལམ་རྣམ་བཀོད་དུ། ཤར་ཕྱོགས་ཨིནྡྲའི་ལུང་པ་ནས། །རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ། །རིགས་ཅན་ཨིནྡྲ་བྷཱུ་ཏི་ངས། །གསང་བའི་བདག་པོས་མངོན་བསྟན་པས། །སྒྱུ་འཕྲུལ་དྲྭ་བའི་སྒྲུབ་པ་ཡང་། །ཚོམ་བུ་ལྔ་བཅུ་སྟོང་དང་བཅས། །ཕྱག་ན་རྡོ་རྗེ་མངོན་གྲུབ་སྟེ། །སྤང་ལེན་བརྟུལ་ཞུགས་སྤྱོད་པོའི་དབང་། །དགེ་བར་བསྐུར་ནས་སྡིག་པ་མེད། །དེ་ནས་ས་ལ་རེག་པར་བྱས། །ཞེས་གསུང་།
དང་པོ་བསྐྱེད་པ་མ་ཧཱ་ཡོ་ག
༈ དེ་ཡང་དང་པོ་བསྐྱེད་པ་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་སྔ་མ་ཏནྟྲ་སྡེ་བཅོ་བརྒྱད་ལ་བཞེད་པ་མི་མཐུན་པ་མང་ཡང་། གཏེར་ཆེན་བླ་མའི་དགོངས་པ་ལྟར་ན། སྐུ་ཡི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལེ་སྟེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ། ཧེ་རུ་ཀ་རོལ་པའི་རྒྱུད། རྟ་མཆོག་རོལ་པའི་རྒྱུད། སྙིང་རྗེ་རོལ་པའི་རྒྱུད། བདུད་རྩི་རོལ་པའི་རྒྱུད། ཕུར་པ་བཅུ་གཉིས་པ་འབྱུང་བའི་རྒྱུད་དེ། སྒྲུབ་པ་ལག་ལེན་དུ་བསྟན་པ་རོལ་པའི་རྒྱུད་སྡེ་ལྔ། རི་བོ་བརྩེགས་པ། ཡེ་ཤེས་རྔམས་གློགདམ་ཚིག་བཀོད་པ། ཏིང་འཛིན་རྩེ་གཅིགགླང་ཆེན་རབ་འབོག་གི་རྒྱུད་དེ་སྤྱོད་པ་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། དཀྱིལ་འཁོར་གྱི་ལས་ལ་འཇུག་པའི་ཡན་ལག་ཏུ་གྱུར་པ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་། དངོས་གྲུབ་སྒྲུབ་པའི་ཆ་རྐྱེན་ཆོ་གའི་ཡན་ལག་ཏུ་གྱུར་པ་འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བའི་དོན་བསྡུས་པ་སྟེ། མ་ཚང་བ་ཁ་སྐོང་བར་བྱེད་པའི་རྒྱུད་ཕྱི་མ་ལྟ་བུ་གཉིས། དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ཆེན་པོ་གཅིག་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དཔལ་གསང་བ་སྙིང་པོ་སྟེ། དེ་ལྟར་བཅོ་བརྒྱད་པོ་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ་བཤད་དེ། འདི་ནི་ལོ་རྒྱུས་ལ་ལར་ཀུ་ཏ་རཱ་ཛ་ཞེས་ཀྱང་འབྱུང་སྟེ་ཉིན་མོ་ཁྱིའི་རྣམ་པ་ཅན་གྱི་དཔའ་བོ་དང་རྣལ་འབྱོར་མ་སྟོང་ཕྲག་རེ་ལ་ཆོས་སྟོན་ཅིང་མཚན་མོ་དེ་དག་དང་ལྷན་ཅིག་ཏུ་དུར་ཁྲོད་ཀྱི་གནས་སུ་གཤེགས་ནས་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དམ་ཚིག་གི་ཀུན་ཏུ་སྤྱོད་པ་ལ་གནས་ཤིང་། དེ་ལྟར་ལོ་བཅུ་གཉིས་སྤྱད་ནས་མཐར་ཚོམ་བུ་འབུམ་དང་བཅས་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཡིན། འདིས་མཉམ་སྦྱོར་རྩལ་དུ་བཏོན་ནས་བསྟན་བཅོས་ཀྱང་མང་དུ་མཛད། ལོ་རྒྱུས་ལ་ལར་རྒྱལ་པོ་ཛཿས་གླེགས་བམ་གྱི་བརྡ་མ་ཁྲོལ་བར་སློབ་དཔོན་འདི་ཉིད་ཀྱིས་རྟོགས་ནས་རྒྱུད་སྡེ་བཅོ་བརྒྱད་དུ་ཕྱེས་ཏེ་སླར་རྒྱལ་པོ་ལ་བཤད་པར་གསུང་བ་ཡོད་པ་གང་ལྟར་མི་འགལ་ཡང་། གཙོ་བོར་ལམ་རྣམ་བཀོད་དང་ལམ་རིམ་ཆེན་མོ་རྣམས་ནས་སྔ་མ་ལྟར་བཤད་དོ། །དེས་ཨིནྡྲ་བྷཱུ་ཏི་བར་པ་ལ་བཤད་དེ་འཁོར་ཚོམ་བུ་ཁྲི་དང་བཅས། དེས་སེདྷ་རཱ་ཛ་ལ་བཤད་དེ་འཁོར་ཚོམ་བུ་སྟོང་དང་བཅས། དེས་ཨུ་པ་རཱ་ཛ་ལ་བཤད་དེ་ཚོམ་བུ་བརྒྱ་དང་བཅས། དེས་སྲས་མོ་གོ་མ་དེ་བཱི་ལ་བཤད་དེ་འཁོར་ཚོམ་བུ་ལྔ་བཅུ་དང་བཅས་ཏེ་ཀུན་ཀྱང་ཚོགས་སྒྲུབ་ཀྱི་ལམ་གྱིས་རྡོ་རྗེ་འཆང་གི་སར་གཤེགས་ཏེ། ལམ་རིམ་ལས། གསང་བའི་བདག་པོ་མངོན་གཤེགས་ནས། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །མི་ལས་སྐལ་ལྡན་འདུས་པ་ལ། །དབང་པོས་ཇི་ལྟར་ལུང་བསྟན་དུས། །རྒྱལ་བུ་རིགས་ཅན་ལྟས་ཤར་བ། །འབྲེལ་བས་སྣང་བ་མངོན་བརྟགས་པས། །ཐུགས་ཀྱི་སྒྲུབ་པ་མངོན་རྟོགས་ཏེ། །དེ་ཉིད་སྒོ་ནས་དེ་ཉིད་བསྒྲུབས། །བསྟན་པའི་དངོས་གྲུབ་དེ་ནས་ཐོབ། །དོན་དམ་བཅུད་ཀྱིས་དེ་ནས་རྒྱས། །འདོད་པའི་བསམ་པ་དེ་ནས་འགྲུབ། །སྨོན་པའི་ལྷ་དང་དེ་རུ་མཇལ། །དེ་ནས་རྡོ་རྗེ་གདན་སྟེང་གི། །འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །ཕོ་བྲང་རིན་ཆེན་དམ་པ་དེར། །བཀྲ་ཤིས་པ་ཡི་ཁང་པ་རུ། །ཀུ་ཀུ་རཱ་ཛ་ཨིནྡྲ་བོ་དྷི། །སིདྷ་ཨུ་པ་རཱ་ཛ་དང་། །སྲས་མོ་གོ་མ་དེ་བཱི་སོགས། །སྒྱུ་འཕྲུལ་དྲྭ་བའི་དབང་ཐོབ་ནས། །ཚོགས་ཀྱི་དཀྱིལ་འཁོར་མངོན་བསྒྲུབས་ཏེ། །རྡོ་རྗེ་འཆང་སར་མངོན་དུ་གཤེགས། །ཞེས་གསུངས། སྲས་མོས་རྒྱལ་པོ་ཀུ་ཀུ་རཱ་ཛ། དེས་སློབ་དཔོན་སྒེག་པའི་རྡོ་རྗེ་ལ་བཤད་དེ། འདི་ནི་ཥམ་ཥ་རར་འཁྲུངས། ཨོ་རྒྱན་དུ་རབ་ཏུ་བྱུང་ཞིང་སྡེ་སྣོད་སྤྱི་དང་ཁྱད་པར་ཐོགས་མེད་ཀྱི་ལུགས་ལ་མཁས། ཨོ་རྒྱན་གྱི་གླིང་ཕྲན་མ་དྷི་མ་ཞེས་བྱ་བར་འཕགས་པ་འཇམ་དཔལ་གྱི་བསྒྲུབས་པ་མཛད་པས་བྲིས་སྐུའི་ཞལ་ལས་འོད་འཕྲོས་གླིང་དེ་ཡུན་རིང་གསལ་བར་མཛད་པས་ཉི་མ་དང་འདྲ་བར་མཚན་གསོལ། ལྟ་བ་ལོག་པར་འཛིན་པ་ཞིག་བཀྲོང་དུ་བྱུང་བར། གླང་པོ་ཆེ། རྟ་དང་། ཁྱེའུ། བུ་མོ། མ་ཧེ། རྨ་བྱ་སོགས་སྣ་ཚོགས་པའི་གཟུགས་སྣང་བར་མཛད་པས་སློབ་དཔོན་གང་ཡིན་མ་ཤེས་པར་ཕྱིར་ལོག་པས་སྣ་ཚོགས་གཟུགས་ཅན་དུ་གྲགས། རྒྱུད་སྡེ་སྤྱི་དང་བྱེ་བྲག་སྒྱུ་འཕྲུལ་དྲྭ་བ་ལ་མཁས་ཤིང་གྲུབ་པ་བརྙེས་སྐུ་ཚེའི་སྨད་ལ་ཨོ་རྒྱན་དུ་འགྲོ་དོན་ཆེར་མཛད། ནཱ་ལེནྡྲར་ཡང་ལོ་བཅུ་བཞུགས་ཤིང་སྔགས་ཀྱི་བསྟན་པ་སྤེལ། སྙིང་འགྲེལ་རིན་ཆེན་སྤར་ཁབ་དང་། དམ་ཚིག་གསལ་བཀྲ་སོགས་སྒྱུ་འཕྲུལ་སྐོར་གྱི་བསྟན་བཅོས་ཀྱང་མང་དུ་མཛད་ནས་མཐར་རྡོ་རྗེའི་སྐུ་བརྙེས་སོ། །དེས་སངས་རྒྱས་གསང་བ་ལ་བཤད་དེ། འདི་ནི་ཡུལ་དབུས་སུ་འཁྲུངས། ནཱ་ལེནྡྲར་རབ་ཏུ་བྱུང་། སངས་རྒྱས་ཡེ་ཤེས་བླ་མར་བསྟེན། ཝཱ་རཱ་ཎ་སཱིར་འཇམ་དཔལ་བསྒྲུབས་པས་གྲུབ་པའི་མཚན་མ་མངོན་དུ་མཐོང་ཡང་ཐེ་ཚོམ་གྱི་རྐྱེན་ལས་གནོད་སྦྱིན་མོས་བར་ཆད་བརྩམས་པས་ལྟས་རྣམས་ཡལ། འོན་ཀྱང་ལུས་ནད་དང་བྲལ་ཞིང་སྟོབས་དང་ལྡན་པ་བློ་རྣོ་ཞིང་མངོན་ཤེས་ལ་དབང་བསྒྱུར་བར་བྱུང་། ཨོ་རྒྱན་དུ་བྱོན་ནས་སྒེག་པའི་རྡོ་རྗེ་དང་མཇལ། རྣལ་འབྱོར་རྒྱུད་དང་བླ་མེད་རྒྱུད་སྡེ་ལྔ་གསན་ཅིང་ལྷག་པར་སྒྱུ་འཕྲུལ་ལ་མཁས། སངས་རྒྱས་ཞི་བ་དང་ལྷན་དུ་རི་བོ་ཏ་ལར་འཕགས་པ་སྤྱན་རས་གཟིགས་མཇལ་བར་བྱོན་པས་ཞབས་ས་ལ་མི་རེག་པའི་དངོས་གྲུབ་བརྙེས། རྗེ་བཙུན་སྒྲོལ་མ་དང་འཇམ་དཔལ་གྱིས་བསྐུལ་ནས་གངས་ཏི་སེར་ཕེབས་ཏེ་སྒྲུབ་པ་མཛད་པས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཞལ་གཟིགས་ཤིང་འཇམ་དཔལ་དབྱངས་དང་མི་དང་མི་ལབ་པ་བཞིན་དུ་གྱུར། མི་མ་ཡིན་པ་རྣམས་བྲན་དུ་ཁོལ། སྙིང་འགྲེལ་རྣམ་དབྱེ་འགྲེལ་དང་ལམ་རིམ་ཆེ་ཆུང་སོགས་བསྟན་བཅོས་ཀྱང་མང་དུ་མཛད་ནས་མཐར་སྐུ་ལུས་མི་སྣང་བར་གྱུར་ཏོ། །དེ་གཉིས་ཀ་ལས་སློབ་དཔོན་བི་མ་ལས་གསན་ནས་སྙིང་འགྲེལ་ཁོག་གཞུང་གསལ་སྒྲོན་ཡང་མཛད། ཡང་རྒྱལ་པོ་ཀུ་ཀུ་རཱ་ཛས། རོ་ལངས་བདེ་བའི་དངོས་གྲུབ་དང་། དྲང་སྲོང་བྷཱ་ཥི་ཏ། ནཱ་ག་རྫུ་ན་གསུམ་ལ་བཤད། སྔ་མས་རྡོ་རྗེ་བཞད་པ་སྟེ་དགའ་རབ་རྡོ་རྗེ་ལ་བཤད། དེ་དང་དྲང་སྲོང་བྷཱ་ཥི་ཏ་གཉིས་ཀས་ཟ་ཧོར་གྱི་རྒྱལ་པོ་པྲ་ཧསྟི་ལ་བཤད། དེས་སློབ་དཔོན་སངས་རྒྱས་གསང་བ་དང་། སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་ལ་བཤད་ཅིང་། སློབ་དཔོན་ཆེན་པོས་ནི། རྒྱལ་པོ་ཛཿཉིད་ལའང་གསན་ཏེ། འདི་ནི་བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། །ཨོ་རྒྱན་ཡུལ་དུ་ང་ཉིད་འབྱུང་། །པདྨ་འབྱུང་གནས་ཞེས་བྱ་བ། །གསང་སྔགས་བསྟན་པའི་བདག་པོར་འགྱུར། །ཞེས་ལུང་བསྟན་པ་ལྟར། དག་པའི་ཞིང་ཁམས་བདེ་བ་ཅན་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་མངོན་རྫོགས་སྟོན་པ་འོད་དཔག་ཏུ་མེད་པ་ཉིད་ཐུགས་འོད་གསལ་ཆོས་སྐུའི་ངོ་བོ་ལས་མ་གཡོས་བཞིན་དུ། ཐུགས་རྗེའི་རང་རྩལ་འགགས་པ་མེད་པའི་ཆོ་འཕྲུལ་ཕྱི་ནང་གསང་གསུམ་གྱི་སྤྲུལ་པའི་རོལ་གར་གང་ལ་གང་འདུལ་གྱི་རྣམ་པར་བསྟན་ནས་མཐའ་ཡས་པའི་འགྲོ་བའི་དོན་མཛད་པ་ལས། བྱེ་བྲག་འཛམ་བུའི་གླིང་འདིར་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་དྷ་ན་ཀོ་ཤའི་རྒྱ་མཚོར་པདྨའི་སྡོང་པོར་སྐུ་འཁྲུངས་པའི་ཚུལ་བསྟན་ཏེ། ངོ་མཚར་བའི་མཛད་པ་མཐའ་ཡས་པར་སྟོན་པའི་ཆོ་འཕྲུལ་ཆེན་པོས་རྒྱ་བོད་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར། ཁྱད་པར་མ་ར་ཏི་ཀར་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་སློབ་པའི་ཟུང་འཇུག་ཚེ་དབང་རིག་འཛིན་མངོན་དུ་མཛད་དེ། རྒྱུའི་ཐེག་པའི་ས་བརྒྱད་པ་ལ་གནས་པའི་བྱང་སེམས་དང་དགོངས་པ་མཉམ། ཡང་ལེ་ཤོད་དུ་ཡང་དག་ལྷ་དགུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྣང་འབྱེད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་སྒོམ་ལམ་ཕྱག་རྒྱ་ཆེན་པོ་མངོན་དུ་མཛད་དེ་རྒྱུའི་ས་བཅུ་པ་ལ་གནས་པའི་བྱང་སེམས་དང་དགོངས་པ་མཉམ་པའི་ཚུལ་བསྟན་མོད། དོན་ལ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་དང་རོ་གཅིག་ཏུ་བཞུགས་པ་སྟེ་ངོ་མཚར་བའི་མཚན་དང་སྐུ་ཡི་བཀོད་པ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ཏེ། རྣམ་ཐར་རྒྱས་པ་ནི་འཛམ་གླིང་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་སྟེ་འདིར་སྨོས་མ་དགོས་སོ། །ཡང་ནཱ་ག་རྫུ་ནས་སློབ་དཔོན་ཧཱུཾ་ཀ་ར་དང་། རྡོ་རྗེ་བཞད་པས་ཤྲཱི་སེདྷ་ལའང་བཤད་དོ། །ཕྱི་མ་སྒྲུབ་སྡེའི་ཕྱོགས་སུའང་བཀའ་གཏེར་གྱི་བབས་ཚུལ་གཉིས་ལས། དང་པོ་ནི། སློབ་དཔོན་ཧཱུྃ་ཀ་ར་ལ་ཐུགས་མི་བསྐྱོད་པའི་རིགས་ཧེ་རུ་ཀ་གལ་པོ་སོགས་ཡང་དག་ཐུགས་ཀྱི་བཀའ་བབས་ཏེ། འདི་ནི་བལ་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས། ནཱ་ལེནྡྲར་སངས་རྒྱས་ཡེ་ཤེས་ལས་རབ་ཏུ་བྱུང་། ཤྲཱི་ཧེ་རུ་ཀའི་དབང་གི་ཚེ་མེ་ཏོག་ཧཱུྃ་མཛད་ལ་ཕོག་བསྒོམས་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས། གདོལ་པའི་བུ་མོ་ཨུཏྤལ་སྔོན་པོའི་མདོག་ལྟ་བུ་རྡོ་རྗེ་རིགས་ཀྱི་མཚན་རྟགས་ཚང་བའི་ལས་རྒྱ་དང་ལྷན་ཅིག་ཟླ་བ་དྲུག་ཏུ་བསྙེན་སྒྲུབ་ཡན་ལག་བཞི་མཛད་པས། བཛྲ་ཧེ་རུ་ཀའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། རུ་ལུ་གསེར་ཕྲེང་དང་ཡང་དག་གྲུབ་པ་སོགས་བསྟན་བཅོས་མང་དུ་མཛད་ནས་མཐར་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་མི་འཁྲུགས་པའི་ཞིང་ཁམས་སུ་བཞུད་དོ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་སྐུ་རྣམ་སྣང་གི་རིགས་འཇམ་དཔལ་ཁྲོས་པ་གསང་རྒྱུད་སོགས་གཤིན་རྗེ་གཤེད་ཀྱི་བཀའ་བབས་ཏེ། འདི་ནི་རྒྱ་གར་ནུབ་ཕྱོགས་སུ་ཡབ་སཱདྷུ་སཱ་ཱསྐྲྀ་དང་ཡུམ་སྣང་བ་སྒྲོན་མའི་སྲས་སུ་འཁྲུངས། རིག་བྱེད་ཡན་ལག་དང་བཅས་པར་མཁས་པ་གཅིགསློབ་དཔོན་དགའ་རབ་རྡོ་རྗེ་སོགས་ལས་གསང་སྔགས་ཕྱི་ནང་གི་དབང་དང་གདམས་ངག་ཐུན་མོང་ཐུན་མིན་ཐམས་ཅད་ཐོབ། སྤྱོད་པ་ལ་གཤེགས་པས་མུ་སྟེགས་ཀྱི་རྒྱལ་པོ་ཆེན་པོ་ཞིག་གླང་པོར་ཞོན་ནས་འོང་བ་ལ་སྡིགས་མཛུབ་གཏད་པས་རྒྱལ་པོ་དང་གླང་པོ་ལུས་ཕྱེད་ཚལ་དུ་གས། སླར་བཟོད་པར་གསོལ་བས་གསོས་ནས་ནང་པའི་བསྟན་པ་ལ་བཀོད། འཕགས་པ་འཇམ་དཔལ་དང་མི་གཉིས་པའི་ཟུང་འཇུག་གི་གོ་འཕང་མཐོན་པོོར་གཤེགས། འཇམ་དཔལ་ཡ་མཱནྟ་ཀས་དབང་བསྐུར་ཅིང་རྒྱུད་དང་མན་ངག་བསྟན། ལས་ཀྱི་གཤིན་རྗེས་སྲོག་སྙིང་ཕུལ། རི་མཱ་ལ་ཡ་ནས་ལས་བཞི་ཚང་བའི་གསེར་གྱི་གླེགས་བམ་ལ་བཻཌཱུརྱས་བྲིས་པ་བཏོན། གཟིགས་པའི་མོད་ལ་ཐུགས་སུ་ཆུད་དེ་ལས་ལ་སྦྱར་བས་མུ་སྟེགས་ཀྱི་རྒྱལ་ཁམས་བརླགས། གླེགས་བམ་དངོས་རྡོ་རྗེ་གདན་གྱི་བྱང་དུ་མི་སྣང་བར་རྒྱས་བཏབ་བོ། །སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ལ་གསུང་སྣང་མཐའི་རིགས་རྟ་མཆོག་རོལ་པ་སོགས་པདྨ་གསུང་གི་ཏནྟྲ་རྣམས་ཀྱི་བཀའ་བབས་ཤིང་། དེ་ཉིད་ཀྱི་རྣམ་ཐར་ནི་གྲགས་ཆེ་བ་ལྟར་ཡིན་ལ། ཁྱད་པར་ཤྲཱི་པར་པ་ཏར་ལོ་ཉིས་བརྒྱར་གནོད་སྦྱིན་མོ་རྣམས་ཀྱི་འཁོར་དང་བཅས་སྔགས་ཀྱི་སྤྱོད་པ་ལ་ཞུགས་ནས་མཐར་གྱིས་རྡོ་རྗེའི་སྐུ་གྲུབ་བོ། །སློབ་དཔོན་བི་མ་མི་ཏྲ་ལ་ཡོན་ཏན་རིན་ཆེན་འབྱུང་ལྡན་གྱི་རིགས་བདུད་རྩི་བམ་བརྒྱད་སོགས་བདུད་རྩི་ཡོན་ཏན་གྱི་བཀའ་བབས་ཏེ། འདི་ནི་ནུབ་ཕྱོགས་གླང་པོའི་ཚལ་དུ་འཁྲུངས། ཐུན་མོང་ཐུན་མིན་གྱི་ཤེས་བྱའི་གཞུང་ཀུན་ལ་མཁས། སློབ་དཔོན་སངས་རྒྱས་གསང་བ་སོགས་རྡོ་རྗེ་འཛིན་པ་ཆེན་པོ་དུ་མ་ལས་རྒྱུད་སྡེ་མཐའ་དག་གསན། བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉམས་འོག་ཏུ་ཆུད་སྒྱུ་འཕྲུལ་གཙོ་བོར་གྱུར་པའི་བསྟན་བཅོས་ཀྱང་མང་དུ་མཛད་དོ། །སློབ་དཔོན་པྲ་བྷ་ཧསྟི་ལ་དོན་གྲུབ་རིགས་ཕྲིན་ལས་ཕུར་པའི་བཀའ་བབས་ཏེ། འདི་ནི་ནུབ་ཕྱོགས་སུ་རྒྱལ་རིགས་སུ་འཁྲུངས། ཙི་ཏ་བ་རིའི་ཡུལ་དུ་རབ་ཏུ་བྱུང་། སློབ་དཔོན་ཆེན་པོ་བཛྲ་ཧསྱ་སོགས་སྔགས་ཀྱི་རྡོ་རྗེ་འཛིན་པ་ཆེས་མང་བ་བསྟེན་ནས་རྒྱུད་དང་མན་ངག་ཐམས་ཅད་ཐུགས་སུ་ཆུད་ཅིང་མཆོག་གི་དངོས་གྲུབ་བརྙེས། སློབ་དཔོན་སངས་རྒྱས་གཉིས་པས་ཀྱང་བལ་ཡུལ་དུ་ཕྱག་རྒྱའི་རིག་འཛིན་སྒྲུབ་པའི་ཚེ་མི་མིན་གདུག་པའི་ཚོགས་ཀྱིས་ཐོ་བཙམས་པའི་གཉེན་པོར་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་པས་ཤྲཱི་བཛྲ་ཀུ་མཱ་རས་ཞལ་བསྟན། བར་ཆད་ཀྱི་གཡུལ་ལས་རྒྱལ། མ་མོ་བཅུ་གཉིས་སོགས་དམ་འོག་ཏུ་ཆུད། སླར་སློབ་དཔོན་འདི་ཉིད་ལས་ཀཱི་ལ་ཡའི་རྒྱུད་ཚར་བཅོ་བརྒྱད་གསན་ནས་ཕྲིན་ལས་ཕུར་པའི་བདག་པོར་གྱུར་ཏོ། །དེ་ལྟར་གྲུབ་པའི་སློབ་དཔོན་ཆེན་པོ་དེ་དག་གིས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་རྒྱ་ཆེར་བཤད་དོ། །གཉིས་པ་གཏེར་མའི་ཕྱོགས་ནི། གནས་འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་ཆོས་འབྱུང་དབྱིངས་ཀྱི་ཞིང་མེ་རི་འབར་བར། སྟོན་པ་དཔལ་ཆེན་ཀུན་བཟང་རྡོ་རྗེ་སེམས་དཔའ་ཞི་བ་དང་། རང་བྱུང་ཆེ་མཆོག་ཧེ་རུ་ཀ་ཁྲོ་བོའི་དཀྱིལ་འཁོར་དུ་བཞེངས་ནས། འཁོར་རང་རིག་གི་ཚོམ་བུར་སྣང་བ་རྣམས་ལ། དུས་ཐོག་མཐའ་མེད་པ་མཉམ་པ་ཉིད་ཀྱི་ངང་དུ་ཆོས་ཉིད་རྡོ་རྗེའི་རང་སྒྲས་རྡོ་རྗེ་ཐེག་པ་སྤྱི་དང་། བྱེ་བྲག་བདེ་གཤེགས་འདུས་པའི་སྤྱི་རྒྱུད་ལྔ། སྒོས་རྒྱུད་བཅུ། ཡན་ལག་སོ་སོའི་སྒྲུབ་ལུགས་དཔག་ཏུ་མེད་པ་སོགས་གསུངས་པའི་རྒྱུད་རྣམས། གསང་བདག་རྡོ་རྗེ་ཆོས་ཀྱིས་རང་ཉིད་ཚོམ་བུ་དགུའི་དཀྱིལ་འཁོར་གྱི་འཁོར་ལོར་སྣང་བར་མཛད་ནས་ཐོག་མར་ངག་ཏུ་བསྡུས། དེ་ནས་གླེགས་བམ་ལ་བཀོད་དེ་དགོངས་འགྲེལ་ལུང་ལྔ་ཡང་མཛད་ནས་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྤྱི་དང་བྱེ་བྲག་གི་རྒྱུད་རྣམས་ཕྱེས་ཏེ། བདེ་གཤེགས་འདུས་པ་རྩ་བའི་རྒྱུད། ཕྱི་མ་ངེས་པར་འབྱུང་བའི་རྒྱུད། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད། མ་ཚང་བ་ཁ་སྐོང་བའི་རྒྱུད། འབྱེད་པར་བྱེད་པ་ལྡེའུ་མིག་གི་རྒྱུད་དེ་སྤྱི་རྒྱུད་ལྔ། ཞི་བ་འདུས་པ་རྩ་བའི་རྒྱུད། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལ་སོགས་པ་བརྒྱད་དང་། རིག་འཛིན་འདུས་པ་རྩ་བའི་རྒྱུད་དེ་སྒོས་རྒྱུད་བཅུ་སྟེ་རྒྱུད་ཆེན་པོ་བཅོ་ལྔ་གཙོ་བོར་གྱུར་པའི་བདེ་གཤེགས་འདུས་པ་རྩ་བའི་སྐོར་རྣམས་རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུར་བཅུགའཇམ་དཔལ་གསང་རྒྱུད་སོགས་འཇམ་དཔལ་སྐུ་ཡི་སྐོར། རྟ་མཆོག་རོལ་པའི་རྒྱུད་སོགས་པདྨ་གསུང་གི་སྐོར། འཇིག་རྟེན་འདས་མདོ་སོགས་ཡང་དག་ཐུགས་ཀྱི་སྐོར། ཀཱི་ལ་ཡི་རྒྱུད་སོགས་ཕུར་པ་ཕྲིན་ལས་ཀྱི་སྐོར། ལུང་བམ་བརྒྱད་སོགས་ཆེ་མཆོག་ཡོན་ཏན་གྱི་སྐོར། གསང་བ་གཏན་ཚིགས་ཀྱི་རྒྱུད་སོགས་མ་མོའི་སྐོར། དྲེགས་པའི་སྲོག་ཏིག་སོགས་མཆོད་བསྟོད་སྐོར། དྲག་སྔགས་ཙིཏྟ་དམར་འབྱིན་སོགས་དྲག་སྔགས་ཀྱི་སྐོར་ཏེ། བྱེ་བྲག་གི་སྒོས་རྒྱུད་རྣམས་སྒྲོམ་བུ་ཐ་དད་པར་བཅུག་ནས་དུར་ཁྲོད་བསིལ་བའི་ཚལ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་སོ། །ཕྱིས་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་རའི་ཐུགས་ཡེ་ཤེས་ཀློང་དགུའི་རང་རྩལ་རང་བྱུང་གྲུབ་པ་བརྙེས་པའི་སློབ་དཔོན་བརྒྱད། ཀུན་འདུས་རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་རྒྱལ་དབང་པདྨ་ཐོད་ཕྲེང་རྩལ་དང་དགུར་སྣང་སྟེ། སློབ་དཔོན་ཆེན་པོ་བརྒྱད་དུར་ཁྲོད་བསིལ་ཚལ་དུ་དགུང་བདུན་དགོངས་པ་ལ་བཞུགས་པའི་ཚེ་སྨུག་ནག་དབང་གི་མཁའ་འགྲོ་མས་སྒྲུབ་སྡེ་བརྒྱད་ཀྱི་སྒྲོམ་བུ་རྣམས་ཕྱུང་ནས། ཆེ་མཆོག་གི་གསེར་སྒྲོམ་བི་མ་ལ། ཡང་དག་གི་དངུལ་སྒྲོམ་ཧཱུྃ་ཀཱ་ར། གཤིན་རྗེའི་ལྕགས་སྒྲོམ་འཇམ་དཔལ་གཤིན་རྗེ། རྟ་མགྲིན་གྱི་ཟངས་སྒྲོམ་ནཱ་ག་རྫུ་ན། ཕུར་པའི་གཡུ་སྒྲོམ་པྲ་བྷ་ཧ་སྟི། མ་མོའི་བསེ་སྒྲོམ་དྷ་ན་སཾ་སྐྲྀ་ཏ། མཆོད་བསྟོད་ཀྱི་མཆོང་སྒྲོམ་རམ་བུ་གུ་ཧྱ། དྲག་སྔགས་ཀྱི་གཟི་སྒྲོམ་ཤནྟི་གརྦྷ་རྣམས་ལ་སོ་སོར་གཏད་ནས་བཀའ་བབས་ཤིང་། གནས་སོ་སོར་སྒྲུབ་པའི་ཚུལ་མཛད་པས་དཔལ་ཆེན་གཙོ་བོ་བརྒྱད་དང་མི་གཉིས་པའི་གོ་འཕང་བརྙེས། རྒྱལ་དབང་པདྨཱ་ཀ་རས་སློབ་དཔོན་དེ་དག་ལས་སྒྲུབ་ཐབས་བྱེ་བྲག་པའི་རྒྱུད་ལུང་མན་ངག་གསན་ནས་དེ་རྣམས་ལས་ཀྱང་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་བསྟན་ཅིང་། མཆོད་རྟེན་བདེ་བྱེད་བརྩེགས་པ་ནས་སྔར་རྒྱ་མ་ཁྲོལ་བའི་རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུ་བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་སྒྲུབ་པའི་རྒྱུད་ལུང་མན་ངག་རྣམས་སྤྱན་དྲངས། ཧེ་རུ་ཀ་དང་གསང་བའི་བདག་པོ་ལ་སོགས་པས་གསང་སྔགས་ཀྱི་རྒྱུད་སྡེ་མ་ལུས་པའི་བཀའ་དབང་བསྒྱུར་བར་མངའ་གསོལ་ཞིང་ལྷུན་གྱིས་གྲུབ་པའི་རིག་འཛིན་དུ་གྱུར་ནས་སྔོན་གྱི་སློབ་དཔོན་ཆེན་པོ་བརྒྱད་ལའང་ཆོས་ཀྱི་སྐྱེས་འབུལ་བར་མཛད་དོ།། །།
གཉིས་པ་རྫོགས་པ་ཨ་ནུ་ཡོ་ག
༈ གཉིས་པ་རྫོགས་པ་ཨ་ནུ་ཡོ་གའི་སྐོར་རྣམས། ཆོས་རྒྱལ་ལུང་བསྟན་རྡོ་རྗེ་ལ་གསང་བའི་བདག་པོས་དབང་བསྐུར་ཅིང་བསྟན་པས་དོན་ཐམས་ཅད་ཐུགས་སུ་ཆུད་ཅིང་ཚིག་གི་བརྒྱུད་པ་རྣམས་རིག་འཛིན་གྱི་དགེ་བསྙེན་ཆེན་པོ་ལི་ཙ་བཱི་དྲི་མེད་གྲགས་པ་ལས་ཞུས། སྤྱིི་མདོའི་འགྲེལ་པ་སོགས་བསྟན་བཅོས་ཀྱང་མཛད། དེས་སློབ་དཔོན་ཨུ་པ་རཱ་ཛ་དང་། རང་གི་སྲས་ཤཱ་ཱཀྲ་པུ་ཏྲི། ནཱ་ག་པུ་ཏྲི། གུ་ཧྱ་པུ་ཏྲི་གསུམ་ལ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་གདམས་ངག་རྣམས་བསྟན། དེ་ཡང་ཤཱ་ཱཀྲ་པུ་ཏྲི་ནི་ཨིནྡྲ་བྷཱུ་ཏི་ཆུང་བའམ་སློབ་དཔོན་ལྭ་བ་པ་སྟེ། འདིས་ཐོག་མར་སྔགས་ཀྱི་སློབ་དཔོན་ཆེན་པོ་ཞིག་ལས་དབང་བསྐུར་ནོད་ཅིང་གདམས་པ་བསྒོམས་པས་ཡེ་ཤེས་རྟོགས་པར་གྱུར། ཨོ་རྒྱན་གྱི་ཕྱི་པའི་མཁའ་འགྲོ་མ་རྣམས་ཀྱིས་མེ་ཏོག་སྤྲད་ནས་ནམ་གུང་སྒྲུབ་ཁང་དུ་རྡོ་ཆར་ཕབ་པ་ན། སློབ་དཔོན་གྱིས་བསྐྱེད་རིམ་གྱི་སྲུང་འཁོར་བསྒོམས་པས་དེའི་མཚམས་ཚུན་ལ་མ་གནོད། རྫོགས་རིམ་བསྒོམས་པས་རྡོ་རྣམས་ནམ་མཁར་ཆགས་སོ། །ལན་ཅིག་རྒྱལ་པོའི་ཕོ་བྲང་གི་སྒོ་དྲུང་དུ་ལོ་བཅུ་གཉིས་སུ་འོད་གསལ་ཐུན་གཅིག་གི་ངང་ལ་མནལ་བས་ཐམས་ཅད་ཀྱིས་སྔོན་ལ་ཕྱགས་མ་བྱས་ན་བྱིན་པ་རེངས་འགྲོ་བ་བྱུང་། སྐབས་ཤིག་ཨོ་རྒྱན་གྱི་ཕྲ་མེན་མ་ལྔ་བརྒྱས་བར་ཆད་བརྩམ་པར་འདོད་ནས་བཙལ་བས་སློབ་དཔོན་གྱི་ཤུལ་དུ་ལྭ་བ་གཅིག་ལས་གཞན་མི་འདུག་པས། ཁོང་རྣམས་ཀྱིས་སློབ་དཔོན་གྱི་སྐུ་རུ་བརླམས་ནས་དུམ་བུ་ལྔ་བརྒྱར་གཏུབས་ནས་ཟོས་སོ། །དེར་སློབ་དཔོན་གྱི་ལུས་སྣང་བར་བྱས་ནས་དམོད་བོར་བས་ཕྲ་མེན་མ་རྣམས་ལུག་མ་མོ་ལྔ་བརྒྱར་གྱུར། དེ་རྣམས་རྒྱལ་པོ་ལ་སྐྱབས་ཞུས་ཤིང་རྒྱལ་པོས་སློབ་དཔོན་ལ་གསོལ་བ་བཏབ་པས་སློབ་དཔོན་སྐུ་གཅེར་བུར་བཞེངས་ནས། རྒྱལ་པོ་ཁྱོད་ཀྱི་ཡུལ་གྱི་སྔགས་འཆང་མ་རྣམས་ཀྱིས་དགེ་སློང་ལ་ནོར་ལྭ་བ་གཅིག་ཡོད་པའང་ཟོས་སོ་གསུངས་ནས། རིམ་གྱིས་བཙུན་མོའི་འཁོར་ན་གནས་པ་དང་བཅས་ཐམས་ཅད་བཀུག་ནས་སྡིགས་མཛུབ་རེ་གཏད་པས་མགོ་བརྙན་སྣ་ཚོགས་སུ་གྱུར་ནས་ལྭ་དུམ་སྐྱུག་པ་རྣམས་ཚོམ་བུར་བྱས་ནས་སྐུ་ལ་གསོལ་བས་སློབ་དཔོན་ལྭ་བ་པར་གྲགས། དེས་སིདྷ་པུ་ཏྲ་དང་། ཀུ་ཀུ་རཱ་ཛ་ཕྱི་མ་གཉིས་ལ་བཤད། ཕྱི་མས་སློབ་དཔོན་ཆེན་པོ་རོ་ལངས་བདེ་བ་ལ་དབང་བསྐུར་ཞིང་བཤད། འདི་ཡན་ཆད་ཀྱི་བརྒྱུད་པ་དེ་རྣམས་རང་རང་གི་འཁོར་ཚོམ་བུ་ཁྲི་ཕྲག་ལྔ་ནས་གཅིག་གི་བར་གྱི་ཐམས་ཅད་སྤྲོས་བཅས་སྤྱོད་པ་ཚོགས་ཀྱི་བསྒྲུབས་པས་ཟུང་འཇུག་གི་སྐུ་བརྙེས་ཏེ་མི་སྣང་བར་གྱུར་ཏོ། །དགའ་རབ་རྡོ་རྗེས་བཛྲ་ཧ་སྱ་ལ་བཤད། འདིས་བདེ་བ་ཆེན་པོའི་ལམ་གྱིས་མཆོག་གི་དངོས་གྲུབ་ཐོབ་ཅིང་རྣལ་འབྱོར་རིག་པའི་ཉི་མ་བྱ་བའི་བསྟན་བཅོས་ཀྱང་མཛད། དེས་སློབ་དཔོན་པྲ་བྷ་ཧསྟི་ལ། དེས་ཤཱཀྱ་འོད་ཆུང་བ། ཤཱཀྱ་བཤེས་གཉེན། ཤཱཀྱ་སེངྒེ་གསུམ་ལ་བསྟན། ཕྱི་མ་ནི་སློབ་དཔོན་ཆེན་པོའི་མཚན་གྱི་རྣམ་གྲངས་ཏེ། དེས་སློབ་དཔོན་དྷ་ན་རཀྵི་ཏ་ལ་བཤད། དེས་སློབ་དཔོན་ཧཱུྃ་མཛད་ལ། འདིས་རྒྱ་གར་དང་ཏ་སིག་གི་མཚམས་ཨ་སུ་རའི་བྲག་ཕུག་ཏུ་ཕྱག་རྒྱ་མོ་ག་ག་སིདྡྷི་ལ་བརྟེན་ནས་སྒྲུབ་པ་མཛད་པས་རིག་པ་འཛིན་པའི་སྐུར་གྱུར། དེའང་ལུས་མི་སྣང་བ་ནི་བཅུད་ལེན་དང་། ཐིག་ལེ་དབབ་བཟུང་དང་། སྒྲོན་མ་རླུང་གི་འཁོར་ལོ་སོགས་འཇིག་རྟེན་པའི་ལམ་ལས་ཀྱང་འབྱུང་མོོད། འདི་དག་ནི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས་རྣམ་སྨིན་གྱི་ལུས་འོད་གསལ་དུ་གནས་འགྱུར་བ་ཡིན་པས་ཁྱད་པར་ཆེ་བར་ཤེས་པར་བྱའོ། །དེས་བདེ་བ་གསལ་མཛད་ལ་གནང་། འདི་རིགས་སྔགས་གྲུབ་པས་རིག་པ་འཛིན་པའི་སྐུར་གྱུར། དེས་མདོ་མཁན་དྷརྨ་བོ་དྷི། མཁན་པོ་དྷརྨ་རཱ་ཛ་པཱ་ལ། བལ་པོ་བ་སུ་དྷ་ར། གཙུག་ལག་དཔལ་དགེ་སྟེ་སྐལ་བ་མཆོག་དང་ལྡན་པའི་ཐུགས་སྲས་བཞི་ལ་བཤད། ཕྱི་མ་ གསུམ་ཀས་བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་ལ་དབང་བསྐུར་ཞིང་རྒྱུད ་བཤད། བསྒོམས་པས་གྲུབ་པ་ཐོབ། ཕྱིས་མདོ་མཁན་དྷརྨ་བོ་དྷི་དང་། དྷ་ན་རཀྵི་ཏའི་དྲུང་དུ་སློབ་དཔོན་ཆེ་བཙན་སྐྱེས་ཀྱི་བྲུ་ཤའི་སྐད་དང་ཡི་གེར་བསྒྱུར་རོ། །།
གསུམ་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག
༈ གསུམ་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སྐོར་ནི། ཇི་སྐད་དུ། ཉོན་མོངས་རྒྱུད ་དྲག་ནུས་མཐུ་ཞན། །ལས་ཀྱིས་ཚེ་ཐུང་བཀའ་དོན་སྟོར། །བསྟན་སྙིང་གྲུབ་མཐའ་ངན་པས་བསྒྱུར། །གཉེན་པོས་མི་ནོན་སྒྲུབ་ཚུགས་ཞན། །དེ་ཚེ་རིག་པའི་རྣམ་རྟོག་ཤར། །ཞེས་གསང་ཆེན་བསྟན་པ་འབྱུང་བའི་དུས་དྲུག་ལ་བབ་པའི་ཚེ། ཤན་འབྱེད། ལ་བཟླ། རང་གྲོལ་མངོན་སུམ་དུ་སྟོན་པ་རྩོལ་མེད་རྫོགས་པ་ཆེན་པོ་ཨ་ཏིའི་ཐེག་པ་འབྱུང་བའི་དུས་ལ་བབས་པས། སུམ་བཅུ་རྩ་གསུམ་གྱི་ལྷ་དེ་བ་བཟང་སྐྱོང་གི་བུ་སེམས་ལྷག་ཅན་ལ་རྨིས་ལྟས་ཁྱད་པར་ཅན་བཞི་བྱུང་བ་དང་མཐུན་པར་རྡོ་རྗེ་སེམས་དཔས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ཞིང་མན་ངག་བྱིན་པས་ལྷའི་གནས་སུ་དར། དེ་ནས་མི་ཡུལ་དུ་གསང་བའི་བདག་པོས་དུར་ཁྲོད་མེ་རི་འབར་བར་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བ་དེའི་ཚེ། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་ཞེས་བྱ་བར། བདེ་བྱེད་བརྩེགས་པ་ཞེས་བྱ་བའི་ལྷ་ཁང་ཆེན་པོ་གཅིག་ལ་ལྷ་ཁང་ཆུང་ངུ་སྟོང་དྲུག་བརྒྱ་བརྒྱད་ཀྱིས་བསྐོར་བའི་དཔལ་འབྱོར་ཕུན་སུམ་ཚོགས་པའི་གནས་དང་མི་རིང་བར་གསེར་གྱི་བྱེ་མ་བདལ་བའི་གླིང་དུ། རྒྱལ་པོ་ཨུ་པ་རཱ་ཛའི་སྲས་མོ་སུ་དྷརྨ་བྱ་བའི་དགེ་སློང་མ་ཞིག་རྩའི་སྤྱིལ་བུ་ཆུང་ངུ་ཞིག་ལ་གནས་བཅས་ཏེ། གཡོག་མོ་བདེ་བའི་སྙིང་ལྡན་མ་དང་ལྷན་ཅིག་ཏུ་རྣལ་འབྱོར་བསྒོམས་ཤིང་གནས་པའི་ཚེ་རྨི་ལམ་དུ་མི་དཀར་པོ་དྲི་མ་མེད་པ་གཅིག་གིས་ཤེལ་གྱི་བུམ་པ་ༀ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པ་གཅིག་སྤྱི་བོར་ལན་གསུམ་བཞག་པས་བུམ་པ་དེ་ལས་འོད་འཕྲོས་པས་ཁམས་གསུམ་པོ་གསལ་བར་མཐོང་བ་ཞིག་རྨིས། དེ་ནས་མི་རིང་བ་དགེ་སློང་མ་ལ་རྫོགས་པ་ཆེན་པོ་ལྷ་ཡུལ་དུ་དར་བར་བྱེད་པ་པོ་རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ལྷའི་བུ་སེམས་ལྷག་ཅན་རྒྱལ་བའི་སྲས་སུ་བཙས་སོ། །དེར་དགེ་སློང་མ་ཤིན་ཏུ་ཡང་ངོ་ཚ་ནས་སྨྲེ་སྔགས་མང་དུ་བཏོན་ཏེ་ཐལ་དོང་དུ་བསྐྱུར་པས་སྒྲ་དང་འོད་ལ་སོགས་པའང་བྱུང་ངོ་། །ཞག་གསུམ་ན་བལྟས་པས་ཅི་ཡང་མ་ཉེས་པར་མཐོང་བས་སྤྲུལ་པ་ཡིན་པར་ཤེས་ཏེ་བཀུར་སྟི་ཆེན་པོ་དང་བཅས་སྤྱན་དྲངས་པས་བར་སྣང་གི་ལྷ་རྣམས་ཀྱིས་ཆེད་དུ་བརྗོད། མཁའ་འགྲོ་མ་དང་ལྷ་ཀླུ་གནོད་སྦྱིན་སོགས་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མཆོད་པར་བྱེད་དོ། །ཞག་བདུན་སོང་བ་ན་རྒྱལ་པོའི་མཆོད་གནས་པཎྜི་ཏ་ལྔ་བརྒྱ་དང་བགྲོ་གླེང་བརྒལ་བརྟག་གི་རིམ་པ་མང་དུ་མཛད་པས་དེ་རྣམས་ཀྱི་སྤོབས་པ་བཅོམ་པས་ཞབས་སྤྱི་བོར་བླངས་ཤིང་བཀུར་སྟི་ཆེན་པོས་མཆོད་ནས་མཚན་པྲཛྙཱ་བྷ་བར་གསོལ། རྒྱལ་པོ་ངོ་མཚར་ཞིང་དགའ་བས་དགའ་རབ་རྡོ་རྗེ་དང་། སྔར་ཡུམ་གྱིས་བཀྲོང་ཡང་མ་ཉེས་པས་རོ་ལངས་བདེ་བའམ་རོ་ལངས་ཐལ་མདོག་ཏུ་གསོལ། དེ་ནས་བྱང་ཕྱོགས་ཀྱི་རི་བོ་ཉི་མ་རབ་ཏུ་སྣང་བྱེད་དུ་ལོ་སུམ་ཅུ་རྩ་གཉིས་ཀྱི་བར་དུ་ཏིང་ངེ་འཛིན་ལ་བཞུགས་ཤིང་། དཔལ་རྡོ་རྗེ་སེམས་དཔའ་ལས་རྫོགས་པ་ཆེན་པོའི་རྒྱུད་གདམས་ངག་དང་བཅས་པ་གསན་ཏེ་མི་སློབ་པའི་ཡེ་ཤེས་མངོན་དུ་མཛད་པའི་ཚུལ་བསྟན། དེའི་ཚེ་ས་ལན་བདུན་དུ་གཡོས་ཤིང་མུ་སྟེགས་ཀྱི་བསྟན་པ་ཉམས་པར་བྱས་སོ་ཞེས་པའི་སྒྲ་ནམ་མཁའ་ནས་གྲགས་པས་མུ་སྟེགས་ཀྱི་རྒྱལ་པོས་བཀྲོང་བར་བརྩམས་པ་ན་ནམ་མཁའི་ལམ་ནས་གཤེགས་པ་མཐོང་བས་རབ་ཏུ་དད་ནས་རྒྱལ་པོ་འཁོར་བཅས་ནང་པའི་བསྟན་པ་ལ་ཞུགས་སོ། །དེ་ནས་ཐེག་པ་ཕྱི་ནང་གི་སྡེ་སྣོད་དང་། ཁྱད་པར་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་རྣམས། རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་བདེ་བའི་རོ་ལྡན་མ་དང་། བདེ་བྱེད་སེར་མོ་ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་དང་ལྷན་ཅིག་ལོ་གསུམ་གྱི་བར་ཚིག་དང་ཡི་གེ་དཀར་ཆག་ཏུ་བཏབ་ནས་རང་བྱུང་རང་བབས་ཀྱི་ཡི་གེ་སྤྲུལ་པའི་སྐུ་དང་བཅས་མཁའ་འགྲོ་མ་མངོན་པར་འབྱུང་བའི་ཕུག་ཏུ་བཞུགས་སུ་གསོལ། སློབ་དཔོན་ཉིད་དུར་ཁྲོད་བསིལ་བའི་ཚལ་དུ་མཁའ་འགྲོ་མ་ཉི་མའི་འོད་ཟེར་སོགས་ལ་ཆོས་སྟོན་ཅིང་བཞུགས་སོ། །དེའི་ཚེ་སྔར་སྨོས་པའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་དེ་ཉིད་ལ། འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་ཏེ་དུར་ཁྲོད་བསིལ་བའི་ཚལ་དུ་བྱོན་ནས་སྤྲུལ་སྐུ་དགའ་རབ་རྡོ་རྗེ་དང་མཇལ། ལོ་བདུན་བཅུ་རྩ་ལྔའི་བར་དུ་ཆོས་ཉན་ཅིང་། གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་བསྩལ་པའི་འོག་ཏུ་ཆུ་བོ་དན་ཏིག་ཞེས་བྱ་བར་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཉིད་ཟག་པ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་མཛད་དོ། །དེ་ཚེ་འཇམ་དཔལ་བཤེས་གཉེན་གྱིས། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །ཞེས་སོགས་གདུང་ཚིག་བཏོན་པས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སློབ་དཔོན་གྱིས་སྐུ་མངོན་དུ་སྣང་བར་མཛད་ནས་གསེར་གྱི་ཟ་མ་ཏོག་སེན་གང་བ་གཅིག་ཕྱག་ཏུ་བབས་པས་ཚིག་གསུམ་གནད་དུ་བསྡེབས་པའི་འདས་རྗེས་ཀྱི་གདམས་པ་བཞག་གོ །དེ་ནས་འཇམ་དཔལ་བཤེས་གཉེན་གྱིས་འབུམ་ཕྲག་དྲུག་བཅུ་རྩ་བཞིའི་གྲངས་ལས་རྫོགས་པ་ཆེན་པོ་སྡེ་གསུམ་དུ་ཕྱེས་ཏེ། སེམས་གནས་རྣམས་ལ་སེམས་ཀྱི་སྡེ། བྱ་བྲལ་རྣམས་ལ་ཀློང་གི་སྡེ། གནད་གཙོ་བ་ལ་མན་ངག་གི་སྡེ་དང་གསུམ། དེ་ལས་ཀྱང་ཁྱད་པར་དུ་བསྡུས་པ་ཐིག་ལེ་རང་གནད་དུ་དབབ་པ་འདི་ལ་སྙན་བརྒྱུད་དང་བཤད་རྒྱུད་གཉིས་སུ་ཕྱེས་ནས་སྙན་བརྒྱུད་རྣམས་མཆན་དུ་བཏབ། བཤད་རྒྱུད་སྙིང་ཐིག་གི་བཀའ་རྣམས་རེ་ཞིག་སྤེལ་བའི་གནས་མ་རྙེད་ནས་རྡོ་རྗེ་གདན་གྱི་བྱང་ཤར་དུ་སྦས་ཏེ་མི་སྣང་བར་བྱས། སློབ་དཔོན་ཉིད་དུར་ཁྲོད་སོ་ས་གླིང་དུ་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་ཅིང་ལོ་བརྒྱ་རྩ་དགུའི་བར་དུ་ཏིང་ངེ་འཛིན་ལ་བཞུགས་སོ། །སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱང་འདིའི་སློབ་མ་སྟེ། དེས་མཛད་པའི་བསྟན་བཅོས་རྣམས་སུ་སེམས་སྡེའི་ཆོས་སྐད་གྲུབ་མཐའ་གཞན་དང་མ་འདྲེས་པར་གཙང་སིང་ངེ་འབྱུང་བ་ཡིན་ནོ། །དེའི་ཚེ་རྒྱ་ནག་པོའི་གྲོང་ཁྱེར་ཤོ་ཁྱམ་ཞེས་པར་ཁྱིམ་བདག་དགེ་བའི་ཡིད་ཅན་དང་བུད་མེད་སྣང་གསལ་རབ་ཏུ་མཁྱེན་མ་གཉིས་ཀྱི་སྲས་སློབ་དཔོན་ཤྲཱི་སེདྷ་ཞེས་བྱ་བ་སྦྱངས་པའི་ཡོན་ཏན་དང་ལྡན་པའི་མཁས་པ་ཆེན་པོ་ཞིག་གྲོང་ཁྱེར་གསེར་ལྡན་དུ་འགྲོ་བའི་ལམ་དུ། འཕགས་པ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པས། འབྲས་བུ་བླ་ན་མེད་པ་ཉིད་རྟོགས་སླ་བའི་ཕྱིར་ད་དུང་ཡང་གསང་སྔགས་ཀྱི་རྒྱུད་སྡེ་གཞན་ལའང་མཁས་པར་བྱའོ་དགོངས་ནས་རི་བོ་རྩེ་ལྔར་གདོལ་པའི་སློབ་དཔོན་བྷེ་ལ་ཀིརྟིར་སྔགས་ཕྱི་ནང་གི་ཆོས་རྣམས་གསན་པས་མཐའ་དག་ཉམས་འོག་ཏུ་ཆུད། སླར་འཕགས་པས་བསྐུལ་ནས་ཞབས་ས་ལ་མི་རེག་པའི་རྫུ་འཕྲུལ་དང་བཅས་དུར་ཁྲོད་སོ་ས་གླིང་དུ་བྱོན་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ། ལོ་ཉེར་ལྔའི་བར་དུ་གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་བསྩལ་ནས་སློབ་དཔོན་ཉིད་སྐུ་འོད་ཕུང་དུ་ཡལ། སྒོམ་ཉམས་དྲུག་པ་ཞེས་པའི་འདས་རྗེས་ཤྲཱི་སེང་གི་ཕྱག་ཏུ་བབས་པས་དགོངས་པའི་གདེང་དང་ལྡན་པར་གྱུར་ཏོ། །དེ་ནས་དཔལ་གྱི་སེང་གེས་རྡོ་རྗེ་གདན་གྱི་འོག་ནས་སྔར་སྦས་པའི་རྒྱུད་རྣམས་བཏོན་ནས་རྒྱ་ནག་ཏུ་བྱོན་ཅིང་། རྫོགས་པ་ཆེན་པོ་མན་ངག་གི་སྡེ་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། གསང་བ་བླ་ན་མེད་པ་བཞིར་ཕྱེས་ནས། སྐོར་སྔ་མ་གསུམ་སྤྲོས་བཅས་གྱི་དོན་དུ་བསྡེབས་ནས་བྱང་ཆུབ་ཤིང་གི་ལྷ་ཁང་བྱ་འདབས་སུ་གཏེར་དུ་སྦས། གསང་བ་བླ་མེད་ཀྱི་སྐོར་རྣམས་མཁའ་འགྲོའི་ལུང་བཞིན་བཀྲ་ཤིས་ཁྲི་སྒོའི་ཀ་བར་སྦས་ནས་སློབ་དཔོན་ཉིད་དུར་ཁྲོད་བསིལ་སྦྱིན་དུ་ཏིང་ངེ་འཛིན་ལ་བཞུགས་སོ། །དེའི་ཚེ་འཕགས་ཡུལ་ནུབ་ཕྱོགས་གླང་པོའི་སྒང་དུ་ཡབ་ཁྱིམ་བདག་བདེ་ལྡན་འཁོར་ལོ་དང་ཡུམ་བདག་ཉིད་གསལ་རིགས་མའི་སྲས་བི་མ་མི་ཏྲ་དང་། ཤར་ཕྱོགས་ཀ་མ་ཤཱི་ལའི་ཤར་གྱི་གྲོང་ཁྱེར་དུ་ཡབ་གདོལ་པ་ཞི་བའི་ལག་པ་དང་ཡུམ་དགེ་བའི་སེམས་ཅན་གྱི་སྲས་ཡེ་ཤེས་མདོ་ཞེས་བྱ་བའི་མཁས་པ་ཆེན་པོ་གཉིས་ལྷན་དུ་བཞུགས་པ་ལ་དཔལ་རྡོ་རྗེ་སེམས་དཔའ་མངོན་སུམ་དུ་བྱོན་ནས་ལུང་བསྟན་པས། བི་མ་ལས་དེ་ཉིད་དུ་ལྷུང་བཟེད་དང་ཆོས་གོས་བླངས་ནས་བྱོན་པས་སློབ་དཔོན་ཤྲཱི་སེངྷ་དང་མཇལ། ལོ་ཉི་ཤུའི་བར་དུ་སྙན་བརྒྱུད་ཕྱི་ནང་གསང་གསུམ་གྱི་གདམས་པ་བསྩལ་མོད་དཔེ་ནི་མ་གནང་ངོ་། །དེར་བི་མ་ཐུགས་ཚིམས་ནས་རྒྱ་གར་དུ་བྱོན་ཏེ་སློབ་དཔོན་ཛྙཱ་ན་སཱུ་ཏྲ་ལ་ལོ་རྒྱུས་བཤད་པས། ཁོང་ཡང་འབད་རྩོལ་ཆེན་པོས་རྒྱ་ནག་ཏུ་བྱོན་ཏེ་ཌཱ་ཀིའི་ལུང་བསྟན་པ་བཞིན་དུར་ཁྲོད་བསིལ་སྦྱིན་དུ་མཇལ། ལོ་དགུའི་བར་དུ་སྙན་རྒྱུད་དཔེ་དང་བཅས་པ་གནང་། དེས་ཚིམས་ནས་འབྱོན་པར་བརྩམས་པ་ན། སློབ་དཔོན་གྱི་གཏད་པ་མེད་དོ་གསུངས་པས་རྟོག་པ་སྐྱེས་ཏེ་སླར་རབ་ཏུ་ཟབ་པའི་གདམས་པ་ཞུས་པས། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་རྣམས་ཀྱི་དབང་བསྐུར་ཞིང་མན་ངག་མཐའ་དག་རྫོགས་པར་གནང་། དེ་ནས་ལོ་བཅུ་དྲུག་ཏུ་ཉམས་སུ་བླངས་ནས་བསྒོམས། སློབ་དཔོན་ནི་ཁྱད་པར་གྱིས་སྤྱོད་པ་སྣ་ཚོགས་ལ་གནས་ཤིང་དུས་གཞན་ཞིག་ན་ལི་ཡུལ་གྱི་རྒྱལ་པོས་སྤྱན་དྲངས་ཏེ་དེར་བཞུད་པའི་ཞག་བདུན་ན་སྐུ་འོད་ཕུང་དུ་ཡལ་ཏེ་གཟེར་བུ་བདུན་པའི་ཞལ་ཆེམས་ཡེ་ཤེས་མདོའི་ཕྱག་ཏུ་བབས། དེར་སློབ་དཔོན་གྱི་ལུང་བཞིན་བཀྲ་ཤིས་ཁྲི་སྒོའི་ཀ་བའི་ནང་ནས་སྙིང་ཐིག་གསང་བའི་དཔེ་རྣམས་ཕྱུང་ནས་རྒྱ་གར་གྱི་དུར་ཁྲོད་བྷ་སེང་དུ་བྱོན་ཅིང་མཁའ་འགྲོ་མ་རྣམས་ལ་གསང་བ་སྙིང་ཐིག་གི་ཆོས་འཁོར་བསྐོར་བཞིན་བཞུགས་སོ། །དེའི་ཚེེ་སློབ་དཔོན་བི་མ་མི་ཏྲ་ལ་ཌཱ་ཀིའི་ལུང་གིས་བསྐུལ་ནས་དུར་ཁྲོད་བྷ་སེང་དུ་ཛྙཱ་ན་སཱུ་ཏྲ་དང་མཇལ་ཞིང་ཆེས་ཟབ་པའི་གདམས་པ་གནང་བར་ཞུས་པས་སློབ་དཔོན་གྱིས་ཆོ་འཕྲུལ་སྣ་ཚོགས་པར་སྣང་བར་མཛད་ནས་དབང་དང་གདམས་ངག་དཔེ་དང་བཅས་རྫོགས་པར་གནང་བས་སེམས་ཀྱི་གནས་ལུགས་རྗེན་པར་མ་ཐོབ། ཤངས་རྩེར་ཨ་དཀར་པོ་ཟག་ལ་ཁད་པ་གཅིག་ཀྱང་བྱུང་། དེ་ནས་ལོ་བཅུའི་བར་དུ་ཞུན་ཐར་བཅད་ནས། དེའི་འོག་ཏུ་སློབ་དཔོན་ཛྙཱ་ན་སཱུ་ཏྲ་སྐུ་འོད་ཕུང་དུ་ཡལ་ཏེ་བཞག་ཐབས་བཞི་པ་ཞེས་བྱ་བའི་འདས་རྗེས་སློབ་དཔོན་དྲི་མེད་བཤེས་གཉེན་གྱི་ཕྱག་ཏུ་བབས་པས་ཚིག་ལ་ཆད་ལྷག་དོན་ལ་ནོར་འཁྲུལ་མེད་པའི་གདེང་ཐོབ། གསང་བ་མཆོག་གི་དཔེ་རྣམས་ཚར་གསུམ་དུ་བྲིས་ནས་ཨོ་རྒྱན་གྱི་ཡུལ་རྒྱ་མཚོ་གསེར་གྱི་བྱེ་མ་བདལ་བའི་གླིང་དང་ཁ་ཆེའི་ཡུལ་གསེར་གླིང་ཞེས་པའི་བྲག་སྐྱིབས་དང་། དུར་ཁྲོད་ཆེན་པོ་རབ་ཏུ་སྣང་བྱེད་དང་གསུམ་དུ་སྦས། སློབ་དཔོན་ཉིད་མཐར་གྱིས་འཕོ་བ་ཆེན་པོའི་སྐུར་བཞེངས་སོ། །ལོ་རྒྱུས་རྒྱས་པར་ཤེས་འདོད་ན་གསང་བ་སྙིང་ཐིག་གི་བབས་ལུགས་ཆེན་མོར་བལྟ་བར་བྱའོ།། །།