ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྔོན་འགྲོའི་ཁྲིད་ཟིན་ཉུང་གསལ་བློ་དམན་འཇུག་བདེར་སྤེེལ་བ་རབ་གསལ་སྒྲོན་མེ།
༄༅། །ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྔོན་འགྲོའི་ཁྲིད་ཟིན་ཉུང་གསལ་བློ་དམན་འཇུག་བདེར་སྤེེལ་བ་ར བ་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་དྷཱ་ར་ཡ། མཁའ་ཁྱབ་རྒྱལ་བའི་ཡེ་ཤེས་སྐུ། །དྲན་པས་སྲིད་ཞིའི་གདུང་སེལ་བའི། །བླ་མ་དཀྱིལ་འཁོར་དབང་ཕྱུག་ཆེར། །བཏུད་ནས་སྔོན་འགྲོའི་ཁྲིད་ཟིན་སྤེལ། །འདིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྔོན་འགྲོའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། དབེན་པའི་གནས་སུ་སྟན་བདེ་བ་ལ་ལུས་གནད་དྲང་པོར་བསྲང་ཞིང་སེམས་རྣལ་དུ་ཕ བ་སྟེ། རླུང་རོ་གཡོན་གཡས་དབུས་གསུམ་ནས་སུམ་ཕྲུགས་སུ་བསལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་བསམ། འདི་ནི་བཅུད་བཟང་བླུགས་པའི་སྔ་ལོགས་སུ་སྣོད་བཀྲུ་{བསྐྲུ}བཤལ་བྱེད་པ་དང་འདྲའོ། །དེ་ནས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཆེད་དུ་བདག་གིས་ལམ་ཟབ་མོ་སྔོན་འགྲོའི་རྣལ་འབྱོར་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཀུན་སློང་གསལ་བཏབ་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །སོགས་ནས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་{ སྒྲུབ}སྩལ་དུ་གསོལ། །ཞེས་བརྗོད་པ་དང་ཆབས་ཅིག་ཏུ་རང་གི་སྤྱི་བོར་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་ངོ་བོ་རང་གི་དྲིན་ཆེན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ཆོས་སྐུ་རྡོ་རྗེ་འཆང་གི་ཆ་ལུགས་སུ་བཞུགས་པར་གསལ་བཏབ་ལ། མོས་གུས་གདུང་ཤུགས་དྲག་པོས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་མཚུངས་པ་མེད་པའི་གཏེར་ཆེན་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ཁྱེད་མཁྱེན་ནོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སོགས་འདོད་པའི་དོན་ལ་ཁ་ཙམ་མིན་པར་སྙིང་ཐག་པ་ནས་མོས་གུས་ཀྱི་སྣང་བ་འགྱུར་འགྱུར་དུ་གསོལ་བ་བཏབ་པས། བླ་མ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་སྙིང་ཁར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ལ་མཉམ་པར་བཞག་གོ །འདི་ནི་བྱིན་རླབས་ཁྱད་པར་ཅན་རྒྱུད་ལ་འཇུག་པར་བྱེད་པ་ཐུན་གྱི་སྔོན་འགྲོ་སྟེ་ཐུན་གང་བསྒོམ་གྱི་མགོར་སྦྱར་བར་བྱའོ། །དེ་ནས་སྔོན་འགྲོ་དངོས་ལ། ཐོག་མར་ངེས་འབྱུང་གི་བློ་བཅོས་པ་དང་། སྔོན་འགྲོ་དངོས་གཉིས་ལས། དང་པོ་ནི་གཞུང་ལས། དང་པོ་དལ་འབྱོར་རྙེད་དཀའ་དང ༔ མི་རྟག་འཆི་བ་ནན་ཏན་སྒོམ༔ དཀར་ནག་ལས་ཀྱི་འབྲས་བུ་དང ༔ འཁོར་བའི་ཉེས་དམིགས་དག་ལ་བསམ༔ཞེས་གསུངས་པའི་དོན་མདོར་བསྡུས་ཏེ་ཉམས་སུ་ལེན་ན་འདི་ལྟར་ངེས་པར་བྱ་སྟེ། ཡང་ཡང་རྙེད་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པའི་རྟེན་ཕུན་སུམ་ཚོགས་པ་མི་ཡི་ལུས་རིན་པོ་ཆེ་ཐོབ། དབང་པོ་སྒོ་ལྔ་ཚང་། དགེ་བའི་བཤེས་གཉེན་གྱིས་ཟིན། རྒྱལ་བའི་བསྟན་པ་དང་མཇལ། ཆོས་བྱེད་པའི་དབང་ཡོད། བྱེད་ཐབས་ཤེས་པའི་དུས་འདིར་གཏན་གྱི་འདུན་མ་དམ་པའི་ཆོས་ཁོ་ན་སྒྲུབ་དགོས་པར་འདུག དེ་ཡང་ཚེ་འདི་ནི་སྟོན་ཀའི་ན་བུན་ལས་ཀྱང་ཡུན་ཐུང་། མཛའ་བཤེས་གཉེན་འདུན་ཚོང་དུས་ཀྱི་མགྲོན་པོ་ལས་ཀྱང་གྱེས་སླ། འདོད་ཡོན་ལོངས་སྤྱོད་སྒྱུ་མ་བས་ཀྱང་རྟག་མི་ཐུབ། འཆི་བདག་ཁོ་དགོང་ཀའི་གྲིབ་སོ་བས་མགྱོགས་པར་འོངས་པས། ཉི་མ་དོ་ནུབ་ཙམ་དུའང་མི་འཆི་བའི་ངེས་པ་མེད་པས་ཆོས་ཕྱི་བཤོལ་དུ་མ་ལུས་པར་ད་ལྟ་ཉིད་རང་ནས་བསྒྲུབ་པར་བྱ། འཆི་བའི་ཚེ་ཟས་ནོར་ལོངས་སྤྱོད་དགྲ་གཉེན་གནས་ལུས་དབང་ཐང་སྟོབས་རྩལ་སྙན་གྲགས་སོགས་གང་ཡང་རྗེས་སུ་མི་འབྲང་ཞིང་ཕན་པ་སྤུ་ཙམ་ཡང་མེད། རྒྱལ་ཕམ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ནའང་བྱུང་སྟེ་འདི་ལྟོས་ཀྱི་བྱ་བ་ལ་ཅིས་ཀྱང་དགོས་པ་མེད། དགེ་སྡིག་གི་ལས་གཉིས་པོ་ནི་ལུས་དང་གྲིབ་མ་བཞིན་དུ་ཤི་ནས་ཀྱང་རྗེས་སུ་འབྲང་། སྡིག་པ་བྱས་ཟིན་པ་བསྐྱུར་དབང་ནི་མེད། དགེ་བ་རང་གིས་མ་བྱས་པར་ཁྱེར་རྒྱུ་ནི་མེད། ལས་ཀྱི་དབང་གིས་འཁོར་བ་འདིའི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་འཁོར་ལོ་ལས་མ་འདས་པས་སྐྱིད་མེད། ངན་སོང་གསུམ་དུ་སྐྱེས་ན་ཅི་ཙུག་བྱེད། མི་སྐྱེ་བའི་གདེང་ནི་མེད་ད་ཕྱིན་ཆད་སྲོག་ལ་བབས་ཀྱང་། སྡིག་པ་མི་དགེ་བའི་ལས་ཕྲ་མོ་ལས་ཕྲ་མོ་ཙམ་ཡང་མི་བྱེད། དགེ་བའི་ལས་ལ་ནན་ཏན་དུ་བསླབ་པར་བྱ། གལ་ཏེ་ཟག་བཅས་ཀྱི་དགེ་བས་བདེ་འགྲོའི་གནས་སུ་སྐྱེས་ནས་འཕྲལ་བདེ་བདེ་ལྟར་སྣང་བ་ཅུང་ཟད་ཡོད་པ་རྣམས་ཀྱང་གཉིད་འཐུམ་རེའི་རྨི་ལམ་བཟང་བ་དང་འདྲ་སྟེ་འགྱུར་འགྲོ་འཁོར་བའི་རྒྱལ་ཕམ་སྐྱིད་སྡུག་ཐམས་ཅད་ཀྱང་རེས་མོས་ལས་རྟག་ཐུབ་པ་གཅིག་ཀྱང་མེད་པས། འཁོར་བའི་བདེ་འབྱོར་ཇི་ལྟར་བཟང་ཡང་སྙིང་པོ་མེད། དེས་ན་དམ་པའི་ཆོས་ལས་གཞན་པའི་བྱ་བྱེད་ཐམས་ཅད་བྱས་པ་དོན་མེད་སྡུག་བསྔལ་གྱི་འཁོར་ལོ་ལས་མ་འདས་སྙམ་དུ་སྙིང་ཁུང་རུས་པའི་གཏིང་ནས་བསམ་བཞིན་ངེས་འབྱུང་དང་དད་མོས་རྩེ་གཅིག་པའི་ངང་ནས་འཇུག་པར་བྱ་སྟེ། ཞིབ་པར་ནི་ཁྲིད་ཚུལ་རྒྱས་པ་ལྟར་ཐུན་དུ་བཅད་དེ་མྱོང་བ་ཐོན་ཐོན་གྱི་བར་བསྒོམ་ཞིང་ལག་ལེན་དུ་ཐེབས་པ་གལ་ཆེའོ། །གཉིས་པ་སྔོན་འགྲོ་དངོས་ལ། ལམ་ལོག་པ་ལས་ཁྱད་པར་དུ་བྱེད་པ་སྐྱབས་འགྲོ། ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་སེམས་བསྐྱེད། འགལ་རྐྱེན་སྦྱོང་བར་བྱེད་པ་རྡོར་སེམས། མཐུན་རྐྱེན་སྒྲུབ་པ་མཎྜལ། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་དང་ལྔ་ལས། དང་པོ་ལ་བཞི། སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན། སྐྱབས་ཡུལ་ངོས་བཟུང་བ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ། ཕན་ཡོན་བསླབ་བྱ་དང་བཅས་པའོ། །དང་པོ་ནི། འཇིགས་པས་ཉེན་ནས་དེ་ལས་སྐྱོབ་པའི་སྐྱབས་དོན་དུ་གཉེར་བ་ཡིན་ལ། དེ་ཡང་ཕྱི་རོལ་པ་རྣམས་འཇིག་རྟེན་པའི་ལྷ་ཁྱབ་འཇུག་དང་དྲག་པོ་སོགས་སྐྱབས་རྣམ་དག་མ་ཡིན་པ་ལ་མཐར་ཐུག་གི་སྐྱབས་སུ་བཟུང་སྟེ་རེ་ལྟོས་འཆའ་བ་ནི་ལོག་པའི་ལམ་ལ་ཞུགས་པའི་སྐྱབས་འགྲོ་ཡིན་པའི་ཕྱིར། དེས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་མི་ནུས་པས་དེ་ལས་ལྡོག་སྟེ། རང་གཞན་སེམས་ཅན་ཐམས་ཅད་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་བསྐྱབས་ནས་ཐར་པ་མཆོག་གི་བདེ་བ་ལ་འགོད་པའི་ཕྱིར། གཏན་དུ་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་གསུམ་ལ་རེ་ལྟོས་བཅས་ཏེ་སྐྱབས་གནས་སུ་ཁས་བླངས་པའི་ཤུགས་ཀྱིས་གཞན་ལོག་པའི་སྐྱབས་གནས་རྣམས་སྤང་བར་དོན་གྱིས་ཁས་བླངས་ཤིང་དམ་དུ་བཅའ་བ་ནི་སྐྱབས་སུ་འགྲོ་བའི་དོན་པོ་ཡིན་ལ། དེས་ནི་གནོད་པ་ཐམས་ཅད་ལས་སྐྱོབ་ཅིང་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་ཀྱང་ཐོབ་པ་ཉིད་དེ། མདོ་ལས། སངས་རྒྱས་ཆོས་དང་དགེ་འདུན་རྣམས། །སྐྱབས་ཀྱི་མཆོག་ཏུ་གྱུར་པ་སྟེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྲིད་པའི་འཇིགས་པ་ཆེ་ལས་སྒྲོལ། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་རྒྱུ་འབྲས་ཀྱི་དབྱེ་བ་གཉིས་ལས། རྒྱུའི་ཡུལ་ནི། གཞན་རྒྱུད་ཀྱིས་བསྡུས་པའི་དཀོན་མཆོག་གསུམ་སྟེ། དེ་ལ་འབྲས་བུ་གྲུབ་པའི་ཆེད་དུ་སྟོན་པ་ལམ་གྲོགས་ཀྱི་ཚུལ་གྱིས་སྐྱབས་ཞུ་བའོ། །འབྲས་བུའི་ཡུལ་ནི། རང་གི་སེམས་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་དུ་བཞུགས་པ་སྟེ། དེ་མ་འོངས་པ་ན་མངོན་དུ་འགྱུར་བའི་ཕྱིར་སྨོན་པས་དགེ་བ་ལ་སྤྱོད་ཅིང་རྒྱུ་ལ་འཇུག་པའོ། །དེ་ལ་རྒྱུ་ཡི་ཡུལ་གྱི་སྐྱབས་ཡུལ་བཤད་པ་ནི། གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་སྟེ། དེས་འཁོར་བའི་འཇིགས་པ་ལས་སྐྱོབ་ཅིང་ཐར་པ་བླ་ན་མེད་པའི་འབྲས་བུ་ལ་འགོད་ནུས་པའི་ཕྱིར། དེ་ལ་དཀོན་མཆོག་གསུམ་གྱི། སངས་རྒྱས་ནི་སྐུ་གསུམ་གྱི་བདག་ཉིད་དག་པ་གཉིས་ལྡན་མཐར་ཐུག་པ་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པ། ཆོས་ནི་འགོག་ལམ་གང་རུང་གིས་བསྡུས་པའི་ཟག་མེད་རྣམ་བྱང་གི་བདེན་པ་དང་། དེ་བརྗོད་བྱར་སྟོན་པའི་གསུང་རབ་མིང་ཚིག་ཡི་གེར་སྣང་ཞིང་གྲགས་པ་སྟེ་ཆགས་སོགས་ཉོན་མོངས་པའི་གཉེན་པོར་གྱུར་པའི་ལུང་རྟོགས་གཉིས་ཀྱིས་བསྡུས་པ། དགེ་འདུན་དངོས་ནི་རིག་གྲོལ་གྱི་ཡོན་ཏན་དང་ལྡན་པའི་རྒྱལ་སྲས་འཕགས་པ་རྣམས་ཡིན་ལ་རྗེས་མཐུན་པ་ཐེག་ཆེན་ཚོགས་སྦྱོར་གྱི་ལམ་ལ་གནས་པ་དང་ཉན་རང་འཕགས་པ་རྣམས་སོ། །མཐར་ཐུག་གི་སྐྱབས་གནས་ནི། སངས་རྒྱས་ཉག་གཅིག་ཡིན་ཏེ། དེ་མཐར་ཐུག་གི་ཆོས་དང་དགེ་འདུན་ཡང་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་སོ། །དེ་གསུམ་གྱི་སྟེང་དུ་སྔགས་ལས་ཁྱད་པར་གྱི་ཡུལ་རྩ་བ་གསུམ་བསྣན་ཏེ་དྲུག་སྐོར་དུ་བྱེད་པ། བླ་མ་དཀོན་མཆོག་ཀུན་འདུས། ཡི་དམ་ནི་སངས་རྒྱས། མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་དགེ་འདུན་གྱི་ནང་ཚན་དུ་འདུའང་། རྩལ་དུ་བཏོན་ཏེ་སྒོས་སུ་སྐྱབས་འགྲོ་བྱེད་པ་ནི། གསང་སྔགས་ཀྱི་ལམ་འདིར་བྱིན་རླབས་ཞུ་བའི་ཡུལ་བླ་མ། དངོས་གྲུབ་ཞུ་བའི་ཡུལ་ཡི་དམ། ཕྲིན་ལས་སྒྲུབ་པའི་གྲོགས་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་ཡིན་པའི་རྒྱུ་མཚན་གྱིས་སོ། །དེ་རྣམས་ཀྱིས་ཇི་ལྟར་སྐྱོབ་པའི་ཚུལ་ནི། སངས་རྒྱས་ལ་སྟོན་པ་ཞུ། དེས་བསྟན་པའི་ཆོས་ཉམས་སུ་བླངས་པས་འཇིགས་པ་ཀུན་ལས་ཐར་པའི་ཕྱིར་ཆོས་ལ་སྐྱབས་དངོས། དགེ་འདུན་ལ་ལམ་སྣ་འདྲེན་པའི་ཟླ་གྲོགས་ཞུ་ཞིང་། གསང་སྔགས་སུ་ནི་དེ་ཐམས་ཅད་བླ་མ་ཉིད་ཀྱིས་མཛད་པས་སྐྱབས་གནས་ཀུན་འདུས་ཏེ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་གསུངས་པའི་ཕྱིར། མདོར་ན་ཐུན་མོང་བ་རྒྱུའི་སྐྱབས་འགྲོས་ཐུན་མོང་མ་ཡིན་པ་འབྲས་བུའི་སྐྱབས་འགྲོ་འགྲུབ་པའི་རྒྱུ་བྱེད་པས་དཀོན་མཆོག་གསུམ་མགོན་སྐྱབས་སུ་ཁས་ལེན་པ་ཡིན་ནོ། །གསུམ་པ་ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ནི། མདུན་གྱི་ནམ་མཁར་དཔག་བསམ་ཤིང༔ སོགས་ནས། སྤྲིན་ཕུང་གཏིབས་པ་ལྟ་བུར་གྱུར༔ ཞེས་བརྗོད་པ་དང་ཆབས་ཅིག གང་ལ་བརྟེན་ན་དགོས་འདོད་འབྱུང་བ་མཚོན་བྱེད། ས་ཕྱོགས་འདི་ཉིད་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་མདུན་གྱི་ནམ་མཁར་དཔག་བསམ་གྱི་ལྗོན་ཤིང་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ལོ་མ་མེ་ཏོག་འབྲས་བུ་སོགས་བཀོད་པ་ཕུན་སུམ་ཚོགས་པ། རྒྱ་ཁྱོན་ནམ་མཁའི་དབྱིངས་ཁྱབ་པ། ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་དབུས་ཀྱི་ལྟེ་བར། སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རང་གི་རྩ་བའི་བླ་མ་ཉིད་རྣམ་པ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་ དྲིལ་བུ ་ཐུགས་ཀར་བསྣོལ་ནས་འཛིན་ཅིང་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་ཞིང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་མཐའ་བསྐོར་དུ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་གྱི་ཡལ་གར་དཔལ་རྡོ་རྗེ་སེམས་དཔའ་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་ཡལ་གར་སྟོན་པ་ཐུབ་པའི་དབང་པོ་ལ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན་གྱི་ཚོགས་ཀྱིས་བསྐོར་བ། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་གླེགས་བམ་བྲག་རི་བ རྩེགས་པ་ལྟ་བུ། གཡོན་གྱི་ཡལ་གར་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་རང་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན། མཐའ་བསྐོར་བར་མཚམས་ཀུན་ཏུ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་གི་ཚོགས་དཀར་ཕྱོགས་སྐྱོང་བ་རྣམས་སྤྲིན་ཕུང་གཏིབས་པ་ལྟ་བུར་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ། ལུས་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་ཐལ་མོ་སྦྱར། ངག་གུས་པའི་སྒོ་ནས་སྐྱབས་འགྲོ་དང་གསོལ་འདེབས་ཀྱི་ཚིག་འུར་དིར་གྱིས་སྒྲོགས། ཡིད་གུས་པའི་སྒོ་ནས་བདག་སོགས་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་དང་སྐྱེལ་མ་མགོན་དང་དཔུང་གཉེན་རེས་ལྟོས་ཞིང་བླ་མ་དཀོན་མཆོག་རིན་པོ་ཆེ་ཁྱེད་རྣམས་ལས་མེད་པས། ཅི་མཛད་ཁྱེད་རང་མཁྱེན་སྙམ་དུ་རེ་ལྟོས་བློ་གཏད་ལིང་བསྐྱུར་གྱིས་མོས་གུས་མཆི་མ་འཁྲུགས་པས་སྐྱབས་སུ་འགྲོ་བར་མོས་ལ། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ སོགས་ནས། མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ཞེས་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་གྲངས་བསགས། དེ་ཡང་ཁ་ཙམ་ཚིག་ཙམ་གྱིས་མི་ཕན་པས། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ། རང་གཞན་གྱི་སྐྱབས་ཀྱི་ཁྱད་པར་ཤེས་པ། རང་གི་སྐྱབས་གནས་ཀྱི་ཡོན་ཏན་དྲན་པས་སྐྱབས་སུ་འགྲོ་བར་དམ་བཅའ་བ། སྐྱབས་གནས་གཞན་མི་འཚོལ་བ་སྟེ་ཁྱད་ཆོས་བཞི་ཚང་ན་སྐྱབས་འགྲོ་རྣམ་དག་ཏུ་འགྱུར་བ་ཡིན་ལ། ཁྱད་པར་ཐེག་པ་ཆེན་པོའི་དབང་དུ་བྱས་ཏེ་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་སྐྱོབ་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་སྟེ། འདི་རྣམས་འཁོར་བའི་སྡུག་བསྔལ་ལས་ད་ལྟ་ཉིད་དུ་སྐྱོབ་པར་མཛད་དུ་གསོལ་སྙམ་པས། དུས་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དེ་སྲིད་དུ་སྐྱབས་སུ་འགྲོ་བའོ། །མཐར་མོས་གུས་དུང་བ་ཞིག་བྱས་པའི་རྐྱེན་གྱིས། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་རྣམས་བྱང་ཞིང་དག་ནས་དག་པའི་ཞིང་ཁམས་སུ་འུར་དིར་གྱིས་སོང་བར་བསམ། ཚོགས་ཞིང་རྣམས་ཀྱང་འོད་དུ་ཞུ་ནས་བླ་མ་རྡོ་རྗེ་འཆང་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་རང་ལ་བསྟིམས་ཏེ་སྐྱབས་ཡུལ་དང་རང་སེམས་ཐ་དད་དུ་འཛིན་པའི་རྟོག་པ་སྤངས་ནས་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་འཇོག་པ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོའམ་འབྲས་བུའི་སྐྱབས་འགྲོའི་ཉམས་ལེན་ཏེ་དེའི་ངང་དུ་ལ་བཟླ་ཞིང་དགེ་བ་བསྔོ་བ་རྣམས་བྱའོ། །བཞི་པ་ཕན་ཡོན་བསླབ་བྱ་དང་བཅས་པ་ལས། ཕན་ཡོན་ནི། སྐྱབས་སུ་སོང་མ་ཐག་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད། བསླབ་པའི་གཞི་འཛིན་པས་ཡོན་ཏན་གྱི་རྟེན་དུ་འགྱུར། ཕྱི་ནང་གི་བར་ཆད་དང་འཇིགས་པ་ཐམས་ཅད་སེལ། ཚེ་འདིར་འདོད་པའི་དོན་འགྲུབ་ཅིང་། ཕྱི་མར་མཐོ་རིས་དང་ཐར་པའི་བདེ་བ་ཐོབ་པར་འགྱུར་ཏེ། མདོ་རྒྱལ་མཚན་དམ་པ་ལས། འཚེ་བ་དག་ནི་ཐམས་ཅད་དང་། །འཇིགས་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པར་བཤད། །ཅེས་དང་། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་མྱུར་དུ་སངས་རྒྱས་ཐོབ། །ཞེས་སོ། །བསླབ་བྱ་ནི། ཉིན་མཚན་དུས་དྲུག་ཏུ་སྐྱབས་འགྲོ་བྱ་བ་དང་། བླ་མར་སྐྱབས་སུ་སོང་བས་དགེ་བའི་བཤེས་གཉེན་ལ་གུས་ཤིང་སྡིག་གྲོགས་མི་བསྟེན། སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལྷར་ཕྱག་མི་བྱ། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་གནོད་འཚེ་སྤོང་། དགེ་འདུན་ལ་སྐྱབས་སུ་སོང་བས་རྒྱུ་འབྲས་ལ་ཡིད་མི་ཆེས་པའི་མི་དང་མི་འགྲོགས་པ་དང་། ལས་ཅི་ལ་ཐུག་ཀྱང་འཆི་བ་སྲོག་ལ་བབས་ཀྱང་དཀོན་མཆོག་མི་སྤོང་ཞིང་བློ་ཁེལ་བའི་སྒོ་ནས་དེ་དག་གི་སྐུ་གཟུགས་སོགས་ལ་དད་པས་ཕྱག་མཆོད་བྱ་ཞིང་མ་གུས་པའི་ལས་མི་བྱའོ། །༈ གཉིས་པ་ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་བཞི། སེམས་བསྐྱེད་དགོས་པའི་རྒྱུ་མཚན། དེའི་ངོ་བོ་དང་དབྱེ་བ། ཇི་ལྟར་བསྐྱེད་ཚུལ། ཕན་ཡོན་བསླབ་བྱ་དང་བཅས་པའོ། །དང་པོ་ནི། མཐར་འབྲས་རྫོགས་པའི་བྱང་ཆུབ་ཆེན་པོ་ཉིད་ཐོབ་པར་མི་འདོད་ན་ཕར་ཞོག འདོད་ཕྱིན་ཆད་དེ་སྒྲུབ་པའི་རྒྱུ་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་ནི་བདག་བས་གཞན་གཅེས་ཀྱི་བློ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཁོ་ན་ལ་རག་ལས་ཏེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བ སྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བར་རང་གཞན་དོན་སྒྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་དང་། འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་སོ། །གཉིས་པ་ལ། ངོ་བོ་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེ་ཡང་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར། རྒྱུ་བྱམས་པ་དང་སྙིང་རྗེ་རླབས་ཆེན་པོ་ལས་བྱུང་བ། གྲོགས་སེམས་ཅན་མ་ལུས་པའི་དོན་གྱི་ཁུར་ཆེན་རང་ཉིད་ཀྱིས་ཁྱེར་བའི་སྙིང་སྟོབས་ཀྱི་ལྷག་བསམ་དང་ལྡན་པས། ངོ་བོ་འགྲོ་ཀུན་སྒྲོལ་ནུས་པའི་རྫོགས་བྱང་ཐོབ་པར་འདོད་པའོ། །དབྱེ་བ་ནི། འགྲོ་བར་ཆས་པ་ལྟར་སངས་རྒྱས་ཐོབ་འདོད་སྨོན་པ་དང་། འགྲོ་བཞིན་པ་ལྟར་སངས་རྒྱས་སྒྲུབ་པའི་ཐབས་བྱང་སེམས་ཀྱི་སྤྱོད་པ་ལ་འཕྲལ་དུ་སྦྱོར་བ་ནི་འཇུག་པ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་པར་ཤེས་པར་བྱ། །ཞེས་སོ། །གསུམ་པ་བསྐྱེད་ཚུལ་ནི། འདི་ལྟར་ནམ་མཁའ་ལ་མཐའ་དང་མུ་མེད་པ་བཞིན་དུ་སེམས་ཅན་གྱི་ཁམས་ལའང་མཐའ་དང་མུ་མེད། དེ་ཐམས་ཅད་སྐྱེ་བ་ཐོག་མ་མེད་པའི་དུས་ནས་རང་གི་ཕ་མ་བྱས་པའི་དྲིན་ཅན་ཤ་སྟག་ཡིན། འདི་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་ཐབས་ལ་མི་མཁས་པའི་དབང་གིས་བསྒྲུབ་པ་སྡུག་བསྔལ་གྱི་རྒྱུ་འབྲས་ཁོ་ན་ལ་འཁོར་མོར་སྤྱོད་པས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་ལྟ་བུ་འདི་རྣམས་སྙིང་རེ་རྗེ། ད་སྙིང་རྗེ་ཞེས་བཞག་པས་ཅི་ཕན། མ་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བདག་གཅིག་པུས་བསྒྲལ་ནས་ཐར་པ་བླ་ན་མེད་པའི་གོ་འཕང་ལ་བཀོད་པར་བྱ་དགོས། འོན་ཀྱང་ད་ལྟ་ནི་བདག་གི་མ་སེམས་ཅན་དམྱལ་བར་སྐྱེས་པ་རྣམས་ལ་ཚ་བའི་དུས་ཀྱི་བ སིལ་གྲིབ་ཙམ་མམ། གྲང་བའི་དུས་སུ་ལྷག་སྐྱོབ་ཙམ་དང་། ཡི་དྭགས་སུ་སྐྱེས་པ་ལ་ཆུ་ཐིགས་པ་གཅིག་ཙམ་སྟེར་བ་དང་། དུད་འགྲོ་སྐྱེས་པ་ལ་སྐད་ཅིག་གི་དུབ་པ་སེལ་བ་ཙམ་གྱི་ནུས་པའང་བདག་ལ་མི་འདུག་པས། འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་དེ་དུས་མྱུར་བ་ཉིད་དུ་བདག་གིས་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །སྙམ་དུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བློ་བཞག་སྟེ། རང་གི་མདུན་གྱི་ནམ་མཁར་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་པའི་སྤྱན་སྔར། བརྒལ་དཀའ་སྲིད་པའི་རྒྱ་མཚོ་ལས༔ སོགས་ནས། དམ་པ་བདག་གིས་བསྐྱེད་པར་བགྱི༔ ཞེས་པའི་བར་གྱི་དམ་དུ་བཅའ་བའི་ཚིག་བརྒྱ་སྟོང་ཁྲི་འབུམ་སོགས་ཇི་ལྟར་རིགས་པ་གྲངས་བསགས། སྐབས་སུ་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་ནས་བྱམས་པ་སོགས་ཚད་མེད་པ་བཞི་ལ་བློ་སྦྱང་བར་བྱ་སྟེ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་བརྗོད་ཅིང་། སེམས་ཅན་རྣམས་སྔར་མེད་ཀྱི་བདེ་དགེ་གསར་པ་དང་འཕྲད་པར་འདོད་པ་ནི་བྱམས་པ། ད་ལྟར་ཡོད་པའི་སྡུག་བསྔལ་དང་འབྲལ་ཞིང་ཕྱིས་སྡུག་བསྔལ་གྱི་རྒྱུ་འགོག་འདོད་ནི་སྙིང་རྗེ། ད་ལྟར་སེམས་ཅན་བདེ་བ་དང་ལྡན་པ་ལ་དགའ་ཞིང་ཡི་རང་བས་དྲངས་པའི་ཡིད་བདེ་བ་ནི་དགའ་བ། དེ་གསུམ་གྱིས་དྲངས་པའི་ཞེ་སྡང་མེད་པ་དང་མཚུངས་ལྡན་གྱི་མ་ཆགས་པའི་སེམས་ཀྱི་ཁྱད་པར་རམ་ཀུན་ལ་ཉེ་རིང་ཆགས་སྡང་གི་བློ་བཏང་སྟེ་ཕན་འདོགས་སྙམ་པ་ནི་བཏང་སྙོམས་སོ། །དེ་ལྟར་བློ་སྦྱངས་ནས་བདག་གཞན་གཉིས་ཀ་གཅེས་པར་མཉམ་པས་བདག་སངས་རྒྱས་ཐོབ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པ་བདག་གཞན་མཉམ་པའི་ལྷག་པའི་སེམས་དང་། དེའི་གེགས་སེལ་བོགས་འདོན་དུ། བདག་བས་གཞན་གཅེས་ཀྱིས་བདག་གི་བདེ་དགེ་གཞན་ལ་སྟེར་ཞིང་གཞན་གྱི་སྡིག་སྡུག་བདག་ཉིད་ལ་ལེན་པ་བདག་གཞན་བརྗེ་བ་སྟེ། དམིགས་པ་འདི་གཉིས་རླུང་ལྡང་འདུག་དང་སྦྱར་ཏེ་ཅི་རིགས་སུ་བསྒོམ། ཐུན་མཐར་ཚོགས་ཞིང་རང་ལ་བསྟིམས་ནས། སེམས་བསྐྱེད་ཀྱི་ཡུལ་སེམས་ཅན། བསྐྱེད་པ་པོ་རང་ཉིད། ཇི་ལྟར་སྐྱེད་པའི་ཚུལ་བཅས་འཁོར་གསུམ་པོ་རང་བཞིན་མེད་པར་ཤེས་པར་བྱས་ནས་དོན་དམ་སེམས་བསྐྱེད་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ངང་དུ་ཅི་གནས་སུ་བཞག་རྗེས་དགེ་བ་བསྔོ། འདི་ནི་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་རྨང་རྡོ་ཡིན་པས་ངག་འདོན་གྲངས་བས གས་ཙམ་གྱིས་ཆོག་པར་མི་འཛིན་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་ཇི་སྲིད་མྱོང་བ་ཐོན་ཐོན་གྱི་བར་དུ་གོམས་པ་གལ་ཆེའོ། །བཞི་པ་ཕན་ཡོན་བསླབ་བྱ་དང་བཅས་པ་ལས་ཕན་ཡོན་ནི། སེམས་བསྐྱེད་མ་ཐག་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མིང་ཐོབ་ཅིང་འགྲོ་བའི་མཆོད་སྡོང་དུ་འགྱུར། བསླབ་པ་གསུམ་སོགས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དང་དགེ་བ་ཐམས་ཅད་ཐར་པ་ཆ་མཐུན་དུ་འགྲོ་སྡིག་པ་མཐའ་ཡས་པ་སྐད་ཅིག་ལ་ཟད་པར་བྱེད་ཅིང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་དྲུང་ནས་འབྱིན། དགེ་རྩ་ཕྲ་མོ་རེ་བྱས་པའང་བསོད་ནམས་ཆེས་ལྷག་པར་འཕེལ་ཏེ་ན མ་ཡང་འཛད་པ་མེད། ཐར་པའི་ལམ་སྣ་ཟིན་པས་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྲོ་བ་སོགས་ཕན་ཡོན་ཚད་མེད་པ་ཐོབ་སྟེ། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །བསླབ་བྱ་ནི། སྤྱིར་ཐེག་ཆེན་གྱི་ཉམས་ལམ་སུ་བླང་བྱའི་ཆོས་ཐམས་ཅད་སེམས་བསྐྱེད་ཀྱི་བསླབ་བྱར་འགྲོ་མོད། ཁྱད་པར་འཇུག་ལྡོག་ལ་དགག་པའི་བསླབ་བྱ། རྙེད་བཀུར་གྱི་ཕྱིར་དུ་བདག་བསྟོད་གཞན་སྨོད། སེར་སྣས་ཆོས་ནོར་མི་སྟེར་བ། ཁྲོ་བས་གཞན་ལ་འཚོག་ཅིང་ཤད་སྦྱངས་ཀྱིས་མི་ལྡོག་པ། གཏི་མུག་གིས་དམ་ཆོས་འདྲར་སྣང་སྟོན་པ་སྟེ་ཐོགས་མེད་ལུགས་ཀྱི་རྩ་ལྟུང་བཞིའམ། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། དམ་པའི་ཆོས་སྤོང་བ། དགེ་སྦྱོང་ལ་ཆད་པས་གཅོད་པ། མཚམས་མེད་ཀྱི་ལས་བྱེད་པ། ལོག་པར་ལྟ་བ་འཛིན་པ་སྟེ་རྒྱལ་པོར་འབྱུང་ཉེ་བ་ལྔ་དང་། ཕྱི་མའི་ཚབ་ཏུ་གྲོང་སོགས་འཇོམས་པ་བསྣན་པ་བློན་པོར་ངེས་པ་ལྔ་དང་། བློ་མ་སྦྱངས་པ་ལ་སྟོང་ཉིད་སྟོན་པ། རྫོགས་བྱང་དུ་སེམས་བསྐྱེད་པ་ལས་ཕྱིར་ལྡོག་པ། ཉན་ཐོས་རིགས་ཅན་སོ་ཐར་སྤངས་ནས་ཐེག་ཆེན་ལ་སློབ་བཅུག་པ། ཉན་ཐོས་ཀྱི་ཐེག་པས་ཆགས་སོགས་མི་བཟློག་པར་འཛིན་པ། ཕྲག་དོག་གིས་བདག་བསྟོད་གཞན་སྨོད། རྙེད་བཀུར་གྱི་ཕྱིར་མི་ཆོས་བླ་མའི་རྫུན་སྨྲ་བ། དགེ་སློང་ལ་ཆད་པས་གཅོད་དུ་འཇུག་པ། སྤོང་པའི་ལོངས་སྤྱོད་ཁ་ཏོན་པ་ལ་བྱིན་ནས་ཞི་གནས་འདོར་བཅུག་པ་སྟེ་ཕལ་པའི་བརྒྱད་བཅས་དབུ་མ་ལུགས་ཀྱི་རྩ་ལྟུང་བཅུ་བཞི་སོགས་ཕྱོགས་མཐུན་ཉེས་བྱས་དང་བཅས་པ་སྤོང་ཞིང་། བསྒྲུབ་པའི་བསླབ་བྱ། སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཤེས་རབ་སྟེ་ཕར་ཕྱིན་དྲུག་པོ་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་བསྔོ་བ་སྟེ་དམ་པ་གསུམ་གྱིས་རྩིས་ཟིན་པར་སྒྲུབ་པ་དང་། སྦྱིན་དང་སྙན་སྨྲ་དོན་མཐུན་དོན་སྤྱོད་དེ་བསྡུ་དངོས་བཞི་སོགས་ལ་བསླབ་པ་དང་། སེམས་བསྐྱེད་ཕྱིན་ཆད་གལ་ཆེ་བའི་བསླབ་བྱ་ནི་སྨོན་སེམས་མི་འདོར་བ་སྟེ་དེའི་འགལ་ཟླ་སེམས་ཅན་བློས་སྤོང་བ་དང་མི་མཐུན་པའི་སེམས་བསྐྱེད་པ་གཉིས་ཡིན་ཏེ། དེ་དང་དེས་སེམས་བསྐྱེད་རྩ་བ་ནས་གཏོང་བས་ཅི་ནས་ཀྱང་སྤོང་བ་ལ་འབད། ཚེ་རབས་ཀུན་ཏུ་བྱང་ཆུབ་ཀྱི་སེམས་བརྗེད་བྱེད་ཀྱི་རྒྱུ། མཆོད་འོས་བསླུ་བ། འགྱོད་མེད་ལ་འགྱོད་པ་བསྐྱེད་པ། དམ་པ་ལ་སྐུར་བ་འདེབས་པ་འགྲོ་ལ་གཡོ་སྒྱུས་སྤྱོད་པ་སྟེ་ནག་པོའི་ཆོས་བཞི་སྤོང་ཞིང་། མི་བརྗེད་པའི་རྒྱུ་དེ་ལས་ལྡོག་པ་དཀར་པོའི་ཆོས་བཞི་ལ་བསླབ་བར་བྱ་བ་རྣམས་ཏེ་མདོ་ཙམ་མོ། །༈ གསུམ་པ་འགལ་རྐྱེན་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་བཞི། སྦྱོང་དགོས་པའི་རྒྱུ་མཚན། སྦྱང་བྱ་ངོས་བཟུང་བ། སྦྱོང་བྱེད་ཀྱི་གཉེན་པོ་བསྒོམ་ཚུལ། དེས་སྡིག་སྒྲིབ་དག་པའི་རྟགས་ཕན་ཡོན་དང་བཅས་པའོ། །དང་པོ་ནི། སྤྱིར་མི་འདོད་པ་ཐམས་ཅད་ཐོག་ཏུ་འབབ་ཅིང་འདོད་པའི་དོན་མི་འགྲུབ་པའི་རྒྱུ་ནི་སྡིག་པ་མི་དགེ་བའི་ལས་ཡིན་ལ། ལས་དེ་ཡང་རྒྱུའི་དུས་སུ་ཆུང་ཡང་འབྲས་བུའི་དུས་སུ་འཕེལ་ཆེ་བ་དང་། མི་དགེ་བའི་ལས་ཀྱི་འབྲས་བུ་ནི་སྡུག་བསྔལ་ཉིད་དུ་སྨིན་པ་དང་། ལས་བྱེད་པ་པོ་ལས་གཞན་དུ་མི་འཕོ་བ་དང་། རང་གིས་བྱས་པའི་ལས་གཉེན་པོས་བཅོམ་ན་མ་གཏོགས་ནམ་ཡང་ཆུད་མི་འཛའ་བ་སྟེ་ཁྱད་ཆོས་བཞི་དང་ལྡན་ཞིང་། ཁྱད་པར་རས་སྣམ་དྲི་མ་ཅན་ལ་ཚོས་མི་འགོ་ལ། དྲི་མ་དེ་སྦྱངས་ན་ཚོས་གང་ཡང་འགོ་བ་ལྟར། རང་རྒྱུད་ཀྱི་སྡིག་སྒྲིབ་མ་དག་ན་ཏིང་ངེ་འཛིན་རྣལ་མ་རྒྱུད་ལ་མི་སྐྱེ་ཞིང་། ཅུང་ཟད་སྐྱེས་ཀྱང་གེགས་ལྡང་{སྡང} བས་མཐར་མི་ཕྱིན་པ་སོགས་དངོས་གཞིའི་བསྒོམ་རྒྱུད་ལ་མི་སྐྱེ་བའི་བར་གཅོད་ཐུ་ཤོས་སྡིག་སྒྲིབ་ཡིན་པས། དེ་སྦྱོང་བའི་གཉེན་པོ་བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་ལྟ་བུའི་ཐབས་མཆོག་བླ་མ་དཔལ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་འབད་པར་བྱ་དགོས་པ་ཡིན་ནོ། །གཉིས་པ་ནི། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་པ། ཞེས་གསུངས་པ་ལྟར་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཐམས་ཅད་སྡིག་པ་མི་དགེ་བའི་ལས་ཡིན་ཞིང་། དེ་ཡང་ལས་ཀྱི་ངོ་བོ་དངོས་ནི་སེམས་པ་ཡིན་ལ། དེ་དང་མཚུངས་ལྡན་གྱི་ཤེས་པ་འདུ་བྱེད་སེམས་པ་ཉིད་ཀྱིས་ཀུན་ནས་བསླངས་པའི་ལུས་ངག་གི་རྣམ་འགྱུར་དང་འབྲེལ་བས་ན་བསམ་པའི་ལས་སམ་ལུས་ངག་གི་ལས་ཞེས་བྱ་ཞིང་། ལུས་ངག་གི་ལས་གཉིས་ཀྱང་ཡིད་སྔོན་དུ་འགྲོ་བ་ཅན་ཡིན་པས། ཡིད་ཀྱི་ལས་རྐྱང་པ་དང་། ལུས་ངག་གི་ལས་ཞེས་དབྱེའོ། །སྐབས་འདིར་སྐྱེ་བོ་ཕལ་ཆེ་བ་ལ་འབྱུང་ཉེ་བའི་སྡིག་ལས་རགས་རིམ་ནི། སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་པས་ལོག་པར་གཡེམ་པ་སྟེ་ལུས་ཀྱི་གསུམ། བརྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་ཏེ་ངག་གི་བཞི། བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ་ཡིད་ཀྱི་གསུམ་བཅས་མི་དགེ་བ་བཅུར་འདུ་སྟེ། དེ་དག་སྤྱད་པས་རྣམ་སྨིན་ངན་སོང་གསུམ་དུ་འཕེན་ཞིང་སྡུག་བསྔལ་དོས་དྲག་ལ་ཡུན་རིང་། གལ་ཏེ་བདེ་འགྲོར་སྐྱེས་ཀྱང་དེའི་སྡུག་བསྔལ་གྱི་ཆ་རྣམས་བསྐྱེད་པར་བྱེད་དེ། སྤྱོད་འཇུག་ལས། སྡུག་བསྔལ་ཡིད་མི་བདེ་བ་དང་། །འཇིགས་པ་རྣམ་པར་སྣ་ཚོགས་དང་། །འདོད་པ་རྣམས་དང་བྲལ་བ་ནི། །སྡིག་པ་སྤྱོད་ལས་འབྱུང་བར་འགྱུར། །ཞེས་གསུངས། དེ་ལྟ་བུའི་ཉེས་དམིགས་རྣམས་དྲན་པས་བཤགས་པའི་ཐབས་ལ་ཕྱི་ཤོལ་དུ་མ་ལུས་པར་འཕྲལ་དུ་འབད་དགོས་ཏེ། དེ་ལས། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་སྐྱོབ་ཏུ་གསོལ། །ཞེས་གསུངས་པ་བཞིན་ནོ། །ཁྱད་པར་ཁྲིད་ཀྱི་སྔོན་འགྲོའི་སྐབས་འདིར་སྦྱང་བྱའི་སྡིག་སྒྲིབ་ནི། དངོས་གཞིའི་ཉམས་མྱོང་འཕྲལ་དུ་སྐྱེ་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་རགས་པ་འགའ་ཞིག་སྟེ། གཙོ་བོར་ཚེ་འདིར་བསགས་པའི་སྡིག་པ་རྣམས་དུས་ཉེ་བས་སྒྲིབ་ཚབས་ཆེ། དེའི་ནང་ནས་ཀྱང་སྡོམ་པ་གསུམ་དང་འགལ་བའི་ཉེས་ལྟུང་སྒྲིབ་ཚབས་ཆེ། ཁྱད་པར་དུ་རྩ་བ་ཡན་ལག་གི་དམ་ཚིག་འགལ་འཁྲུལ་དང་དཀོན་མཆོག་གི་དཀོར་དང་སྐུ་གླུད་ཟོས་པ་སོགས་ལྷག་པར་ལམ་གྱི་ཡོན་ཏན་སྐྱེ་བ་ལ་གེགས་ཆེ་བ་ཡིན་པར་སྦྱོང་བ་ལ་འབད་དགོས་སོ། །གསུམ་པ་ནི། སྤྱིར་སྡིག་སྒྲིབ་སྦྱོང་བར་བྱེད་པའི་གཉེན་པོ་ནི་མཐོལ་བཤགས་ཏེ། ཉེས་པ་བྱས་པ་གསངས་ཤིང་སྦས་ན་སྡིག་པའི་ས་བོན་བཏབ་པ་ལ་གཡོ་སྒྱུའི་ཆུ་ལུད་འཛོམས་པ་དང་འདྲ་བས་ཇེ་འཕེལ་དུ་འགྱུར། མ་གསངས་ཤིང་སྐྱོན་དུ་ཤེས་པས་བསྒྲགས་ན་ཅུང་ཟད་སྟོབས་ཆུང་ངུ་འགྲོ་ཞིང་ནམ་ཡང་འཕེལ་བར་མི་འགྱུར། དེའི་ཕྱིར་བཤགས་ཡུལ་རྣམས་ཀྱི་སྤྱན་སྔར་མ་སྦས་པར་སྨྲ་བ་ནི་མཐོལ་བ་ཡིན་ལ། འགྱོད་པ་དྲག་པོས་ལས་དེ་སྐྱོན་དུ་ཁས་ལེན་པ་ནི་བཤགས་པ་སྟེ། རང་ཉིད་སྐྱོན་དང་བཅས་པས་གནོང་ཞིང་ངོ་ཚ་ནའང་གསོང་པོར་སྨྲ་བའི་སྒོ་ནས་བཤགས་ཡུལ་རྣམས་ཀྱིས་བརྩེ་བས་རྗེས་སུ་བཟུང་སྟེ་ལས་འདི་དག་པར་མཛད་དུ་གསོལ་ཞེས་སྙིང་ཐག་པ་ནས་བརྗོད་པ་ནི་བཤགས་པའི་དོན་གྱི་སྙིང་པོ་ཡིན་ལ། དེ་ཡང་ཁྱད་ཆོས་སྟོབས་བཞི་ཚང་བ་ཞི ག་དགོས་ཏེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་སྡིག་སྒྲིབ་དེ་རྣམས་སྦྱོང་བ་ལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཉིད་བསྔགས་ཤིང་འདི་ལ་སྟོབས་བཞིའི་ཚུལ་མཐའ་དག་ཚང་བ་ཡིན་ཏེ། ཇི་ལྟར་བསྒོམ་བཟླས་བྱ་བའི་ཚུལ་དངོས་ནི། རང་གི་སྤྱི་བོར་པད་ཟླའི་སྟེང༔ སོགས་ནས། དག་ཅིང་དྲི་མ་མེད་པར་གྱུར༔ ཞེས་བརྗོད་པས། རང་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླའི་སྟེང་དུ་ཡི་གེ་ཧཱུྃ་དཀར་པོ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་དང་གཡོན་ དྲིལ་བུ ་འཛིན་པས་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་མཚན་དཔེའི་ལང་ཚོ་ཡོངས་སུ་རྫོགས་ཤིང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཡབ་རྡོར་སྐྱིལ་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་མུ་མཐའ་མེད་པར་སྤྲོ་བའི་བདག་ཉིད་ཅན་དུ་གསལ་བ་ནི་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་ཁོང་དུ་དུག་སོང་བ་ལྟ་བུའི་ངོ་ཚ་དང་འཇིགས་སྐྲག་འགྱོད་པ་བསྐྱེད་པ་སུན་འབྱིན་གྱི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པ་མི་དགེ་བའི་ལས་མི་བགྱིད་དོ་སྙམ་པའི་སྤོང་སེམས་ཀྱི་དམ་བཅའ་བརྟན་པོ་སྡོམ་པའི་སྟོབས། ཡི་གེ་བརྒྱ་བའི་སྔགས་བཟླས་པའི་རྐྱེན་གྱིས་བླ་མ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་གདན་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་དཀར་པོའི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་གིས་བསྐོར་བ་ལས་བདུད་རྩི་དཀར་པོ་འོ་མའི་རྒྱུན་ལྟ་བུ་བབས་པ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱུང་། པད་སྡོང་ལ་འཁྲིལ་བའི་ཚུལ་གྱིས་རང་གི་ཚངས་བུག་ནས་ཞུགས་པས། ཕུ་ཆུ་དྲག་པོས་ཐལ་བ་བརྡས་པ་ལྟར་། ནད་ཐམས་ཅད་རྣག་ཁྲག གདོན་ཐམས་ཅད་སྲོག་ཆགས། སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པས་དབང་པོའི་སྒོ་ཐམས་ཅད་ནས་ཕྱིར་ནག་ཉིལ་གྱིས་ཐོན་ཏེ་ལུས་ཤེལ་གོང་ལྟར་དག་པའི་ཆ་ཐམས་ཅད་བདུད་རྩི་འོ་མ་ལྟ་བུའི་རྒྱུན་གྱིས་དཀར་མེར་གྱིས་གང་། ཉམས་རྟོགས་ཡོན་ཏན་ཐམས་ཅད་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་མོས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། སྟོབས་བཞིའི་དམིགས་གནད་དང་ལྡན་པས་ཡིག་བརྒྱ་བརྒྱ་སྟོང་ཁྲི་འབུམ་སོགས་ཇི་ལྟར་ནུས་པ་དག་ཅིང་གསལ་ལ་མི་ཚིག་སོགས་ཀྱིས་བར་མ་ཆོད་པར་སེམས་རྩེ་གཅིག་པས་བཟླ། ཐུན་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ སོགས་ནས། བྱང་ཞིག་དག་པར་མཛད་དུ་གསོལ༔ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་འཛུམ་པ་དང་བཅས་ཏེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ཏེ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་ཏེ། གནས་ལུགས་བསམ་མི་ཁྱབ་པའི་ངང་དུ་མཉམ་པར་འཇོག་པ་ནི་སྡིག་སྒྲིབ་སྦྱོང་བའི་མཆོག་དོན་དམ་པའི་བཤགས་པ་སྟེ། ཕྱོགས་བཅུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བ ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །དེ་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་སོ། །དེ་ལྟར་བརྩོན་པས་སྡིག་སྒྲིབ་དག་པའི་རྟགས་མ་བྱུང་གི་བར་དུ་འབད་པར་བྱའོ། །བཞི་པ་ལ། སྡིག་སྒྲིབ་དག་པའི་རྟགས་ནི། ནམ་མཁའ་ལ་འཕུར་བ། ཁྲུས་བྱས་པ། ཆུ་བོ་ཆེན་པོ་བརྒལ་བ། ལུས་ལས་རྣག་ཁྲག་ཟག་པ། འཁྲུ་སྐྱུག་སོགས་ཉམས་སམ་རྨི་ལམ་དུ་ལན་མང་པོ་བྱུང་ན་ཡིན་ལ། དངོས་སུ་སྔར་ལས་རིག་པ་དྭངས་ཤིང་དམིགས་པ་གསལ་བ་དང་། ལུས་ཡང་བ། དད་པ་དང་སྙིང་རྗེ་ངེས་འབྱུང་སོགས་ཆེར་སོང་ཞིང་། ཆགས་སྡང་གཉིད་རྨུགས་ལེ་ལོ་སོགས་ཆུང་ངུ་སོང་ན་སྡིག་སྒྲིབ་དག་པའི་རྟགས་མཆོག་ཡིན་ནོ། །ཕན་ཡོན་ནི། མདོ་ལས། གང་ཞིག་སྡིག་པའི་ལས་བྱས་པ། །དགེ་བས་འགེགས་པར་བྱེད་པ་སྟེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ན་ཀུན་ཏུ་གསལ། །ཞེས་ཕྱིན་ཆད་སྡིག་པ་སྤོང་བའི་སྒོ་ནས་སྔར་བྱས་ཀྱི་གཉེན་པོར་དགེ་བ་ལ་འབད་ན་སྡིག་སྒྲིབ་དག་པར་འགྱུར་ཏེ། ཉི་ཟླའི་འོད་ཀྱིས་མུན་པ་བསལ་བ་བཞིན་ནོ། །ཁྱད་པར་ཡིག་བརྒྱའི་བཟླས་བརྗོད་ལ་འབད་པའི་ཕན་ཡོན་ཡང་། དྲི་མེད་བཤགས་རྒྱུད་ལས། འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན། ཉམས་ཆག་ཐམ་ཅད་སྐོང་སྟེ། ངན་སོང་གསུམ་དུ་ལྟུང་བ་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་འདི་ཉིད་ལ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་སྲུང་སྐྱོབ་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་དམ་པ་ཉིད་དུ་འགྱུར་བར་གདོན་མི་ཟའོ། །ཞེས་གསུངས་པ་བཞིན་ནོ། །༈ བཞི་པ་མཐུན་རྐྱེན་སྒྲུབ་པ་མཎྜལ་འབུལ་བ་ལ་བཞི། འབུལ་དགོས་པའི་རྒྱུ་མཚན། ཚོགས་ཞིང་གི་མཎྜལ་བསྐྱེད་པ། མཆོད་པའི་མཎྜལ་འབུལ་བ། རྟགས་ཕན་ཡོན་དང་བཅས་པའོ། །དང་པོ་ནི། སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་སྒྲུབ་པའི་རྒྱུར་བསོག་བྱའི་ཚོགས་དངོས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཏེ། བསོད་ནམས་ཀྱིས་ནི་རྒྱལ་སྲས་རྣམས་འཁོར་བ་ན་གནས་ནས་འགྲོ་བའི་དོན་བྱེད་པའི་ཚེ་གཞན་དོན་སྤྱོད་པ་ལ་མཐུ་དང་ལྡན་པའི་མངོན་མཐོའི་ཆོས་རྣམས་ཐོབ་ཅིང་། མཐར་ཐུག་གཟུགས་སྐུ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། ཡེ་ཤེས་ཀྱིས་ནི་གནས་སྐབས་སུ་འགྲོ་བའི་དོན་དུ་འཁོར་བར་སྤྱོད་པའི་ཚེ་ཉོན་མོངས་པ་མེད་ཅིང་ཐབས་ལ་མཁས་པའི་ཡེ་ཤེས་ལ་འཇུག་པ་དང་། མཐར་ཐུག་ཏུ་རང་དོན་ཆོས་ཀྱི་སྐུ་མངོན་དུ་བྱེད་པ་ཡིན་ལ། ཁྱད་པར་སྔོན་འགྲོའི་སྐབས་འདིར་མཎྜལ་གྱི་སྒོ་ནས་ཚོགས་གཉིས་བསོག་པ་ལ་འབད་དགོས་ཏེ། སྔ་མའི་བསགས་ཁྱབ་ཁྱད་པར་ཅན་ཡོད་ན་མ་གཏོགས། རང་རྒྱུད་ལ་དགེ་ཚོགས་བསགས་པའི་གཞི་རྟེན་ཞིག་མེད་ན་དགེ་བའི་བག་ཆགས་ཡོད་ཀྱང་འཕྲལ་དུ་སད་མི་ནུས་པས། ལམ་དངོས་གཞིའི་ཉམས་མྱོང་འཕྲལ་དུ་སྐྱེ་དཀའ་ཞིང་། ཅུང་ཟད་སྐྱེ་ནའང་བུལ་ལ་རླབས་ཆུང་བ་དང་འཕེལ་སྐྱེད་མི་འབྱུང་། དགེ་བའི་ཚོགས་ཁྱད་པར་ཅན་གསར་དུ་སྒྲུབ་ན། དེས་རིགས་ཁམས་དགེ་བའི་བག་ཆགས་སད་པས་ཉམས་རྟོགས་མྱུར་དུ་རྒྱུད་ལ་སྐྱེ་ཞིང་སྟོབས་ཆེ། དེའི་ཕྱིར་དཀའ་ཚེགས་ཆུང་ངུའི་སྒོ་ནས་ཚོགས་ཆེན་པོ་གསོག་པའི་ཐབས་མཎྜལ་འབུལ་བའི་ཆོ་ག་འདི་ཉིད་ཡིན་པས་བརྩོན་པར་བྱ་དགོས་སོ། །གཉིས་པ་ནི། སྔོན་འགྲོ་རེ་རེ་ནས་སྨིན་སློབ་ཀྱི་ཚེ་འདིར་སྒྲུབ་པའི་མཎྜལ་ཉིད་ཚོགས་ཞིང་སྐྱབས་ཡུལ་ལྟར་གསར་དུ་བསྒོམས་དགོས་ལ། མོས་སློབ་ཤར་བསྒོམ་ཙམ་གྱི་དུས་སུ་སྔར་གྱི་སྐྱབས་ཡུལ་མ་བསྡུས་པར་བཞག་པས། དེ་ཉིད་སེམས་བསྐྱེད་ཀྱི་དུས་སུ་དཔང་པོ་དང་། སྡིག་སྒྲིབ་སྦྱང་བའི་ཚེ་བཤགས་ཡུལ་གྱི་ནང་ཚན་དུ་འདུ་ཞིང་། སྐབས་འདིར་ཚོགས་ཞིང་གི་མཎྜལ་དུ་བྱས་པ་ལག་ལེན་དུ་བདེ་བ་ཡིན་ནོ། །གསུམ་པ་མཆོད་པའི་མཎྜལ་ལ། དངོས་སུ་འབྱོར་པ་ནི། མཎྜལ་གྱི་རྒྱུ་གསེར་དངུལ་ལྟ་བུ་རིན་པོ་ཆེ་མཆོག་ལས་གྲུབ་པ་ཡིན་ན་སོར་བཞི་ལས་མི་ཆུང་བ། འཁར་བ་ལྟ་བུ་རིན་པོ་ཆེ་ཕལ་པ་ཡིན་ན་མཐོ་གང་ལས་མི་ཆུང་བ། རྫ་ཤིང་སོགས་རྒྱུ་ངན་པ་ལས་བྱས་ན་ཁྲུ་གང་ལས་མི་ཆུང་བར་གསུངས་ཤིང་། དེ་ཡང་མ་འབྱོར་ན་གཡམ་ལེབ་སོགས་ཀྱིས་ཀྱང་རུང་། ཚོམ་བུའི་འབྲུ་ནི། འབྱོར་ན་སྔ་མ་ལ་ཁ་གསོ་བ་ཙམ་མ་ཡིན་པར་རེ་རེ་བཞིན་ཚོམ་བུ་སྔ་མ་བསལ་ནས་གསར་དུ་འགོད་ཅིང་། ཚོམ་བུ་རྙིང་པ་རྣམས་རིམ་པར་བསགས་ནས་ཕྱིས་བླ་མ་དཀོན་མཆོག་ལ་འབུལ་བ་ལས་རང་གིས་ལོངས་མི་སྤྱོད། འབྱོར་པ་མེད་ན་ཚོམ་བུ་སྔ་མ་དེ་ག་བལྡབས་ཏེ་འབུལ་བ་ལས་འོས་མེད་ཅིང་འབྲུའི་ཕུད་རེ་བསགས་པ་ཆོས་ཐུན་རྟིང་མའི་མཎྜལ་དུ་འབུལ་བའི་ཕྱག་ལེན་ཀྱང་མཛད། དྲི་ཆབ་ཀྱང་སྐམ་ས་རེས་ཀྱིས་བྱུགས་ཏེ་རླན་དང་མ་བྲལ་བ་སོགས་སླ་ཆོས་མི་བྱའོ། །འབུལ་ཚུལ་ནི། ལག་གཡོན་པར་འབྲུ་ཅུང་ཟད་ཙམ་དང་བཅས་མཎྜལ་བཟུང་བ། སེམས་ཀྱི་རང་བཞིན་དྲི་མ་མེད་པ་མཚོན་བྱེད་ལེགས་པར་ཕྱི་ཞིང་། སྙིང་རྗེ་བྱང་སེམས་ཀྱི་རླན་དང་མ་བྲལ་བ་མཚོན་བྱེད་དྲི་དང་བ་བྱུང་ལྔ་སྦྱར་བའི་ཆུས་བྱུགས། གཡས་པའི་སྲིན་ལག་གིས་མཐའ་བསྐོར་བས་ཕྱིའི་མུ་ཁྱུད་དང་། དེ་ནས་ལག་མ་བཏེགས་པར་དབུས་སུ་མེ་ཏོག་བཞག་སྟེ་ཧཱུྃ་ཞེས་བགེགས་བསལ་ནས། རི་གླིང་ཉི་ཟླ་སོགས་རང་རང་གི་གནས་སུ་འབྲུའི་ཚོམ་བུ་སོ་བདུན་མའམ་བདུན་མ་ལག་ལེན་ལྟར་འགོད་པའོ། །ཡིད་སྤྲུལ་ནི། ཆོས་དབྱིངས་རིས་མེད་པ་ལས་མ་འགགས་པར་རང་བྱུང་བའི་རོལ་རྩལ་མཆོད་རྫས་ཀྱི་རྣམ་པར་ཤར་བ་སྟེ། དེ་ཡང་དངོས་བཤམ་མཆོད་པའི་མཎྜལ་རང་གཞན་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱིས་འབུལ་བར་མོས་པ་ཉིད་དམིགས་རྟེན་དུ་བྱས་ཏེ། དབང་ཆེན་གསེར་གྱི་ས་གཞི་ལ་གནས་པའི་རི་རབ་གླིང་བཞི་གླིང་ཕྲན་གསེར་རི་རོལ་མཚོ་ཉི་ཟླ་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ལྷ་མིའི་འབྱོར་ཚོགས་དགོས་འདོད་ཐམས་ཅད་ཀྱིས་ཕྱུར་བུར་བཀང་སྟེ་ནམ་མཁས་གར་ཁྱབ་ཏུ་སྤྲོས་ནས་འབུལ་བ་ཕྱི་ཡི་མཎྜལ། རང་གིས་བདག་ཏུ་ཡོངས་སུ་བཟུང་བའི་ཡུལ་སྣང་གནས་ཁང་བུ་དང་ཆུང་མ་བྲན་གཡོག་ལོངས་སྤྱོད་སོགས་གཅེས་དགུའི་བཅུད་ཀྱིས་བཀང་སྟེ་ལྟོས་མེད་དུ་འབུལ་བ་ནང་གི་མཎྜལ། རང་གི་ལུས་སྣོད་བཅུད་ཀྱི་འཇིག་རྟེན་རིན་པོ་ཆེ་སྣ་ཚོགས་པའི་འབྱུང་གནས་སུ་དམིགས་ཏེ་ཞེན་མེད་དུ་འབུལ་བ་གསང་བའི་མཎྜལ། དེ་ལྟར་ཞིང་རབ་འབྱམས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་ཡོངས་སུ་གཏམས་པ་དེ་ཐམས་ཅད་ཀྱང་འཁོར་གསུམ་ཡང་དག་བདེ་བ་ཆེན་པོའི་ངང་ལས་མི་འདའ་བའི་ཤེས་རབ་ཀྱིས་ཟིན་པར་བྱས་ནས། ཆོས་དབྱིངས་འོད་གསལ་གྱི་ཞིང་ཁམས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ལེགས་པར་བརྒྱན་ཏེ་འབུལ་བ་དེ་ཁོ་ན་ཉིད་ཀྱི་མཎྜལ་ཏེ། དེ་ལྟ་ཤེས་པར་བྱས་ནས། ལུས་ཀྱི་ལས་སུ་གཞི་ཕྱི་ཞིང་དྲི་ཆབ་ཀྱིས་བྱུགས་ལ་ཚོམ་བུ་འགོད་པ། ངག་གི་ལས་སུ། ཆོས་དབྱིངས་རང་བྱུང་རོལ་པའི་རྩལ༔ སོགས་ནས། སརྦ་པཱུ་ཛ་རཏྣ་མ་དྷ་ལ་ཧཱུྃ༔ ཞེས་དབྱངས་སྙན་པོས་བརྗོད། ཡིད་ཀྱི་ལས་སུ་གོང་དུ་བཤད་པའི་དམིགས་པ་རྣམས་རེ་རེ་བཞིན་དུ་གསལ་བཏབ་སྟེ་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་ཕུལ་ལ། ཉམས་རྟོགས་ཡོན་ཏན་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བསྐྱེད་པ་དང་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་སོགས་འདོད་པའི་དོན་གྱི་གསོལ་བ་གདབ། མཐར་ཚོགས་ཞིང་མཆོད་རྫས་དང་བཅས་པར་རང་ལ་བསྡུས་ནས་མི་དམིགས་པའི་ངང་དུ་མཉམ་པར་བཞག རྗེས་དགེ་བ་བསྔོ་ཞིང་ཐུན་མཚམས་རྣམས་སུའང་ཕྱག་བསྐོར་མཆོད་སྦྱིན་སོགས་ཚོགས་གསོག་གི་སྒོ་དུ་མ་ལ་འབད་པར་བྱའོ། །བཞི་པ་ལ། དངོས་གཞིའི་ཉམས་རྟོགས་སྐྱེ་བའི་རྒྱུར་གསར་དུ་ཚོགས་བསགས་ཐུབ་པའི་རྟགས་ནི། རང་ཉིད་སེང་ཁྲི་ལ་འདུག་པ་དང་། ཅོད་པཎ་བཅིངས་པ། ཆས་གོས་བཟང་པོ་བསྟར་བ། སྐྱེ་བོ་མང་པོས་ཕྱག་འབུལ་ཞིང་མཆོད་པས་བཀུར་བ་སོགས་ཉམས་སམ་རྨི་ལམ་དུ་འབྱུང་ཞིང་། དངོས་ཀྱི་རྟགས་ནི་སྡིག་སྒྲིབ་དག་པའི་རྟགས་སྔར་བཤད་པ་དང་འདྲ་བ་ཡིན་ནོ། །ཕན་ཡོན་ནི། དེ་ལྟར་ལུས་ངག་ཡིད་གསུམ་གྱི་ལས་ཚང་བའི་སྒོ་ནས་མཎྜལ་ཕུལ་བས་སྒོ་གསུམ་གྱི་དགེ་བ་ཁྱད་པར་ཅན་མཐའ་ཡས་པ་ཐོབ་པར་འགྱུར་ཏེ། དངོས་པོ་ཆུང་ཡང་དམིགས་པ་དང་བསམ་པའི་ཐབས་ཀྱིས་རྒྱ་ཆེར་འཕེལ་བའི་ཕྱིར་དང་། ཚོགས་ཞིང་ཁྱད་པར་ཅན་གྱི་དྲུང་དུ་མཎྜལ་གྱི་ཚོགས་ཚང་བ་ཚར་གཅིག་ཕུལ་བ་ལའང་ཕ་རོལ་དུ་ཕྱིན་པ་དྲུག་ཀའི་ཆ་ཤས་ཚང་བའི་ཕན་ཡོན་ཡོད་པའི་ཕྱིར་ཏེ། མཎྜལ་གྱི་མདོ་ལས། བ་གཅི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱིས། །ཐུབ་པའི་མཎྜལ་ལེགས་བྱས་པའོ། །འདིར་ནི་ལུས་ཀྱི་ལས་བྱས་ན། །ཁ་དོག་གསེར་ལྟར་འགྱུར་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བྱིན་ལྡན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། །ཅེས་གསུངས་པ་ལྟར་གྱི་ཕན་ཡོན་རྣམས་ཐོབ་པར་འགྱུར་ཞིང་། མདོར་ན་ཕྱི་ནང་གསང་བའི་མཎྜལ་ཕུལ་བས་བསོད་ནམས་ཀྱི་ཚོགས་དང་། དེ་ཁོ་ན་ཉིད་ཀྱིས་ཡེ་ཤེས་ཀྱི་ཚོགས་སམ། བཞི་ཀའང་མཆོད་སྤྲིན་སྟོབ་པའི་ལྡོག་ཆ་ནས་བསོད་ནམས་དང་། འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་ལྡོག་ཆ་ནས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བས་ཚོགས་གཉིས་ཀྱི་འབྲས་བུས་གནས་སྐབས་དང་མཐར་ཐུག་ཏུ་དོན་གཉིས་ཕུན་སུམ་ཚོགས་པ་ཐོབ་པ་ཡིན་ནོ། །༈ ལྔ་པ་བྱིན་རླབས་ཁྱད་པར་ཅན་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ལ་བཞི། བླ་མའི་རྣལ་འབྱོར་བསྒོམ་དགོས་པའི་རྒྱུ་མཚན། མོས་གུས་བསྐྱེད་པའི་ཚུལ། ཇི་ལྟར་བསྒོམ་པའི་རྣལ་འབྱོར། རྟགས་ཚད་ཕན་ཡོན་བཅས་བསྟན་པའོ། །དང་པོ་ནི། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམས་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་གར་ལན་སྟོང་བསྟིམས་བྱས་པས། །བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །དེས་ན་རྟག་ཏུ་དྲན་པ་ཡིས། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་གསུངས་པ་ལྟར། སྤྱིར་ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་མཐའ་དག་བདག་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་བསྐྱེད་དགོས་པའི་ཕྱིར་དགེ་བའི་བཤེས་གཉེན་བསྟེན་པ་ནི་ཐེག་ཆེན་ལམ་གྱི་རྩ་བར་བཞག་ལ། ཁྱད་པར་སྔགས་བླ་མེད་ཀྱི་སྐབས་འདིར། བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་པ་ཡིད་ལ་བྱེད་ཅིང་། དེ་ལ་དམིགས་ནས་མོས་གུས་རྒྱུན་མི་ཆད་པར་རྣལ་འབྱོར་དུ་བྱེད་པ་འདི་ལ མ་དངོས་གཞིའི་ཉམས་ལེན་གྱི་རྩ་བ་གཅིག་ཏུ་འཇོག་པས་གསང་སྔགས་རྡོ་རྗེ་ཐེག་པ་བླ་མའི་བྱིན་རླབས་ལམ་དུ་བྱེད་ཅེས་འབྱུང་བའང་དེ་ཡིན་ལ། དེས་ན་གནད་ཐེམས་ལས། སྐྱབས་ཀུན་སྙིང་པོ་བླ་མ་ཡི༔ རྣམ་འབྱོར་ལམ་ལ་འཇུག་པར་བྱ༔ ཞེས་གསུངས་པ་ལྟར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འདིར་ཉམས་རྟོགས་ཀྱི་ཡོན་ཏན་བླ་མ་དམ་པའི་བྱིན་རླབས་ཀྱི་སྒོ་ནས་ལམ་དུ་བྱེད་དགོས་པས་ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ་པ་ལ་འཇུག་པར་བྱ་བ་ནི་མེད་དུ་མི་རུང་བས་ཤིན་ཏུ་གལ་ཆེའོ། །གཉིས་པ་ནི། མདོ་རྒྱུད་བསྟན་བཅོས་ཀུན་ནས་གསུངས་པ་བཞིན་རང་གི་རྩ་བའི་བླ་མ་ནི་སྐྱབས་ཀུན་འདུས་པའི་སྙིང་པོ་ཡིན་པར་མ་ཟད། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བླ་མ་དམ་པའི་རྗེས་སུ་འབྲང་བ་ལས་གཞན་དུ་མ་གྱུར་པའི་ཕྱིར་ཏེ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཞེས་དང་། རྩ་ལྟུང་གི་གཞུང་ལས་ཀྱང་། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངས། །ཞེས་གསུངས་པའི་ཕྱིར། དེ་ལ་གང་ཟག་གི་བློའི་རིམ་པས། མཉམ་སྦྱོར་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་བླ་མ་དཀོན་མཆོག་བཞི་པར་བལྟ་བ་སོགས་འབྱུང་མོད། འོན་ཀྱང་མོས་གུས་ཀྱི་བློ་སྣ་འདྲེན་པའི་སྐབས་འདིར་རྩ་བའི་བླ་མ་དེ་ཉིད་སྐྱེ་འཕགས་གང་ཡིན་ཡང་རུང་སངས་རྒྱས་སུ་བལྟ་དགོས་ཏེ། རྡོ་རྗེ་མེ་ལོང་གི་རྒྱུད་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་གསུངས་པས། དོན་ལ་སངས་རྒྱས་གཅིག་ལ་གསོལ་བ་བཏབ་པས་སངས་རྒྱས་ཐམས་ཅད་ལ་གསོལ་བ་བཏབ་པར་འགྱུར་བའི་ཕྱིར་གཅིག་དང་མང་པོ་ལ་ཁྱད་མེད་ཀྱང་། མོས་གུས་འཇུག་ཚུལ་ལ་ཁྱད་ཡོད་པས། སངས་རྒྱས་གཅིག་གམ་གཉིས་ལྟ་བུ་མ་ཡིན་པར་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བལྟ་ཞིང་དེ་ལྟར་སངས་རྒྱས་ཀུན་འདུས་ཡིན་པ་བཞིན་ཆོས་དང་དགེ་འདུན་ཀུན་འདུས་ཀྱང་ཡིན་པས། བླ་མ་ཉིད་དཀོན་མཆོག་གསུམ་དཀོན་མཆོག་གསུམ་ཉིད་བླ་མ་ཡིན་ཏེ། གསང་འདུས་ལས་བྱང་ལས་ཀྱང་། བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ ཞེས་གསུངས། ཁྱད་པར་རང་རེའི་སྣང་ངོར་དཀོན་མཆོག་གསུམ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་ཀྱང་བླ་མ་བཀའ་དྲིན་ཆེ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་བདག་ལ་ཞལ་མི་སྟོན། གསུང་མི་འབྱོན། གལ་ཏེ་སངས་རྒྱས་བྱང་སེམས་རྣམས་ཀྱིས་དངོས་སུ་ཞལ་བསྟན་ཡང་། བདག་ལ་དཔལ་ལྡན་བླ་མ་ལས་ལྷག་པའི་མཛད་རྒྱུ་དང་སྟོན་རྒྱུ་མེད་པར་མ་ཟད། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་དངོས་ཀྱི་ཞལ་མཐོང་བ་དང་གསུང་ཐོས་པའི་སྐལ་བས་ཕོངས་པའི་སྐབས་འདིར་རང་རྒྱུད་ལ་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པའི་བདག་རྐྱེན་མཛད་ནས་སངས་རྒྱས་ཆོས་སྐུའི་ཞལ་བལྟ་བ་ལ་སྦྱོར་བའི་བཀའ་དྲིན་ནི་བསམ་གྱིས་མི་ཁྱབ་ཅིང་སངས་རྒྱས་ཀུན་བས་ཀྱང་ལྷག་སྟེ། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག ཅེས་གསུངས། དེས་ན་བླ་མ་སངས་རྒྱས་ལས་ལྷག་པར་གསུངས་པ་འདི་ཡོན་ཏན་གྱི་ངོས་ནས་མིན། བཀའ་དྲིན་གྱི་ངོས་ནས་ཡིན། སངས་རྒྱས་ལས་ལྷག་པའི་ཡོན་ཏན་ཅན་གཞན་ཡོད་མི་སྲིད་ཀྱང་། རང་ངོས་ནས་བཀའ་དྲིན་ཆེ་བ་དེའི་ཕྱིར་བསྙོན་མེད་དུ་གྲུབ་པ་ཡིན་པས། ད་ལྟའི་སྐབས་སུ་ཁ་ཅིག་གིས། རང་གིས་སྨིན་གྲོལ་ནོད་པའི་བླ་མ་དེ་ལ་རྩ་བའི་བླ་མར་མི་འཛིན་པར། གཞན་གོ་ས་མཐོ་བའམ། ཡོན་ཏན་ཅན་ནམ། གྲགས་པ་ཅན་གཞན་གྱི་གཡམ་ལ་བརྒྱུགས་ནས་མོས་གུས་དང་དག་སྣང་ཆེ་མདོག་ཁ་པོ་བྱེད་པ་ནི་གནད་མ་གོ་བ་སྟེ། དེས་རྩ་བའི་རྟེན་འབྲེལ་འཕྱུགས། བྱིན་རླབས་འཇུག་པ་ལ་ཕན་གོ་ཆུང་། བཀའ་དྲིན་དེ་ཡང་མ དོ་སོགས་གཞུང་སྤྱིའི་བཤད་བཀའ་ཙམ་ཐོབ་པས་གསང་སྔགས་ཟབ་མོའི་སྨིན་གྲོལ་ཐོབ་པ་གཙོ་ཆེ། དེ་ལས་ཀྱང་རང་སེམས་ཆོས་སྐུར་ངོ་སྤྲོད་པར་མཛད་པ་ནི་མཐར་ཐུག་རྩ་བའི་བླ་མ་གཅིག་པུ་ཡིན་པ། དེ་ཉིད་རིགས་གཟུགས་དང་གོ་ས་མཐོ་དམན་ཐོས་པ་མང་ཉུང་སོགས་ཇི་ལྟར་ཡང་རུང་དེ་ཉིད་ལ་དུས་གསུམ་གྱི་སངས་རྒྱས་ལས་ཀྱང་ལྷག་པར་བཟུང་བའི་མོས་གུས་ཀྱིས་གསོལ་བ་གདབ་ཅིང་བསྙེན་བཀུར་ལ་ཚད་གཟུང་མི་བྱ། སངས་རྒྱས་རྣམས་ཐབས་མཁས་ལ་ཐུགས་རྗེ་མངའ་བ་ཡིན་ཡང་བླ་མའི་བདག་རྐྱེན་མེད་ན་གདུལ་བྱའི་ཡུལ་ལ་ཕྲིན་ལས་འཇུག་མི་ནུས་པ་དང་། སངས་རྒྱས་ཉིད་ཀྱང་བླ་མ་མེད་པར་མི་འབྱུང་བས་དང་པོར་བླ་མ་བསྟེན་དགོས་པས་ཀྱང་ལྷག་སྟེ། ལ མ་ཟབ་ལས། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་པར་འབྱུང་མི་སྲིད། །ཅེས་དང་། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་འབྱུང་། །ཞེས་སོ། །ཁྱད་པར་བླ་མ་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རྗེས་སུ་ཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས་དེ་ལ་བརྙས་པ་སོགས་སྡིག་བསགས་ན་ཡི་དམ་གྱི་ལྷ་ཐམས་ཅད་ལ་སྡིག་པར་འགྲོ་བས་ཉེས་པ་ཆེ་སྟེ། འཇམ་དཔལ་ཞལ་ལུང་ལས། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོང་། །ཞེས་དང་། བླ་མ་མཆོད་པས་སངས་རྒྱས་ཐམས་ཅད་མཆོད་པའི་ཕྱིར་སློབ་མའི་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་ཟད་པར་འགྱུར་ཏེ། དེ་ལས། འདི་ཡིས་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས། མདོར་ན་རང་གི་རྩ་བའི་བླ་མ་ཉིད་སྐྱབས་གནས་ཀུན་འདུས་སུ་ཐག་ཆོད་པས་ཅི་མཛད་འགྲོ་བ་འདུལ་བའི་ཐམས་མཁས་ཀྱི་ཕྲིན་ལས་སུ་མཐོང་བ། བྱས་པ་གཟོ་བས་བཀའ་དྲིན་དྲན་པ། བློ་སྣ་མོས་གུས་ཀྱིས་འཕྲོག་པས་གདུང་ཤུགས་དྲག་པོས་རིག་པ་བསྒྱུར་ནུས་པ། ཡང་ཡང་མི་བརྗེད་པར་དྲན་པས་ཐ་མལ་གྱི་སྣང་བ་གཞན་འགོག་ནུས་པ་སྟེ། ཁྱད་པར་བཞི་ལྡན་གྱི་མོས་གུས་དྲག་པོས། ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་བསྐྱུར་དུ་བྱས་ཏེ་གསོལ་བ་ཕུར་ཚུགས་སུ་འདེབས་ནུས་ན་བྱིན་རླབས་འཕྲལ་དུ་འཇུག ཉོན་མོངས་པ་གློ་བུར་དུ་འགག ཡེ་ཤེས་སྐད་ཅིག་ལ་འབེབ་པ་སོགས་སྐྱོན་ཐམས་ཅད་སེལ་ཞིང་ཡོན་ཏན་ཐམས་ཅད་ནམ་ཟླའི་དྲོད་ཕེབས་པ་ལྟར་ཐོག་བབས་སུ་འཆར་བ་ཆོས་ཉིད་ཡིན་ནོ། །དེ་ལྟར་མ་གོ་བར་དེང་སང་ཁ་ཅིག་གིས་བླ་མ་ལ་གསོལ་བ་འདེབས་པ་འདི་ངན་ཤོས་ལྟ་བུར་བཟུང་སྟེ། དེ་ལས་ལྷག་པའི་ཉམས་ལེན་སྟོང་སྟོང་མོ་ཞིག་ལ་བློ་རྩེ་གཏད་ནས། འཆི་ཁར་བླ་མ་ལ་གསོལ་བ་འདེབས་པ་སོགས་ལ་ཉམས་ལེན་མེད་པར་བརྩི་བ་སྣང་མོད། དེ་ནི་དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་བྱ་བ་དེ་ཡིན། འཆི་ཁའི་གདམས་ངག་ལའང་བླ་མ་ལ་གསོལ་བ་འདེབས་པ་ལས་ལྷག་པར་གཞན་མི་དགོས། དེས་གང་ཟག་རབ་རྣམས་འཆི་བ་འོད་གསལ་དོན་གྱི་བླ་མ་སངས་རྒྱས་ཆོས་སྐུའི་རང་ཞལ་མཇལ་ནས་བར་དོ་མེད་པར་འཚང་རྒྱ། འབྲིང་རྣམས་ཆོས་ཉིད་བར་དོའི་སྣང་བ་རང་སྣང་བླ་མའི་རོལ་བར་ཤེས་ནས་ལོངས་སྐུར་གྲོལ་བར་བྱེད། ཐ་མ་རྣམས་ཀྱང་འཆི་ཁའམ་བར་དོར་རང་གི་དད་མོས་ཀྱི་རང་གཟུགས་བླ་མའི་སྣང་བ་ཤར་ནས་བདེ་བ་ཅན་ནམ་མཁའ་སྤྱོད་སོགས་རང་བཞིན་སྤྲུལ་སྐུའི་ཞིང་ངུ་དབུགས་དབྱུང་། ཡང་ཐ་རྣམས་ཀྱང་སྐྱེ་སྲིད་ངན་པ་ལྡོག་ནས་ཕ་མ་ཆོས་ལྡན་གྱི་བུར་སྐྱེས་ནས་ཆུང་ངུ་ནས་དད་པས་རབ་ཏུ་བྱུང་ཞིང་ཡང་དག་པའི་དགེ་བའི་བཤེས་གཉེན་དང་འཕྲད་ནས་ལམ་གྱི་འཕྲོ་མཐུད་པར་བྱེད་པ་ཡིན། དད་པ་མེད་པ་རྣམས་ལ་དེ་དག་གང་ཡང་མི་འབྱུང་། ལར་རྒྱུད་ཚོད་ཇེ་མཐོར་འགྲོ་བཞིན། བླ་མ་ལ་མོས་གུས། སེམས་ཅན་ལ་སྙིང་རྗེ། ལས་རྒྱུ་འབྲས་ལ་འཛེམ་བག་ཆེར་འགྲོ་བ་ཡིན་ཏེ། རྗེ་མི་ལས་དྭགས་པོ་རིན་པོ་ཆེར། ད་ལྟ་དང་མི་འདྲ་བའི་སེམས་ཀྱི་ཆོས་ཉིད་རྗེན་པར་མཐོང་ཞིང་། ཕ་རྒན་ང་ལའང་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་སྐྱེ་བའི་དུས་ཤིག་འབྱུང་བས་དེ་དུས་འཚོགས་པ་སྐྱོང་བའི་དུས་ཡིན་གསུངས་པ་དང་། ཕ་དམ་པས། སྟོང་ཉིད་རྟོགས་ན་སྡིག་པ་བྱ་དོན་མེད། སྟོང་ཉིད་རྟོགས་པ་དང་སྙིང་རྗེ་སྐྱེ་བ་དུས་མཉམ་གསུངས། དེས་ན་འཕགས་པ་རྣམས་ཀྱི་མཛད་སྤྱོད་དང་རྣམ་ཐར་བལྟས་པས་ཀྱང་ཤེས་པར་ནུས་ལ། དེ་ལྟར་ཤེས་ཤིང་གོམས་ནུས་ན་བློ་ཆོས་དྲེད་དུ་མ་སོང་བར་རང་རྒྱུད་ཆོས་ཀྱིས་ཐུལ། ཆོས་ལམ་དུ་སོང་བྱ་བ་དེ་ཡིན་པས་ཐར་པའི་ལམ་སྣ་ཟིན་པར་འགྱུར་བ་ཡིན་ནོ། །གསུམ་པ་ཇི་ལྟར་བསྒོམ་པའི་རྣལ་འབྱོར་དངོས་ལ། ཐོག་མར་གང་ལ་གསོལ་བ་གདབ་བྱའི་ཡུལ་བསྒོམ་པ་ནི། དག་གསལ་ཡེ་ཤེས་འོད་ལྔའི་ཀློང༔ སོགས་ནས་མངོན་སུམ་ལྟ་བུར་བཞུགས་པར་གྱུར༔ ཞེས་བརྗོད་པས། གནས་ཁང་དག་པའི་ཞིང་དུ་གྱུར་པའི་མདུན་གྱི་ནམ་མཁར་དག་གསལ་སྒྲིབ་ཐོགས་མེད་པའི་ཡེ་ཤེས་ལྔའི་རང་མདངས་འོད་ལྔ་འཁྲུགས་པའི་ཀློང་དུ། མི་འཇིགས་པ་སེང་གེས་བཏེག་པའི་དགོས་འདོད་འབྱུང་བའི་རིན་པོ་ཆེའི་ཁྲིའི་སྟེང་དུ་མ་ཆགས་ལ་རང་བཞིན་གྱིས་འོད་གསལ་བ་པད་ཉི་ཟླ་བའི་གདན་ལ། སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ཉིད་རྣམ་པ་ཁྱབ་བྱ་པདྨའི་རིགས་སྣང་བ་མཐའ་ཡས་ལ་ཁྱབ་བྱེད་རིགས་དྲུག་པ་རྗེས་སུ་ཞུགས་པ་གསུང་རྡོ་རྗེ་སྟེ། བླ་མའི་བཀའ་དྲིན་ཡང་གཙོ་བོར་གསུང་གི་སྒོ་ནས་ཐོབ་པའི་རྒྱུ་མཚན་གྱིས་ཡིན་ལ། དེ་ཡང་ཐུགས་རྗེས་སེམས་ཅན་ལ་རྗེས་སུ་ཆགས་པས་སྐུ་མདོག་དམར་པོ། བདེ་སྟོང་ངོ་བོ་གཅིག་པའི་ཟུང་འཇུག་མཚོན་བྱེད་རྡོར་དྲིལ་ཐུགས་ཀར་བསྣོལ་ཞིང་། སྲིད་ཞི་གཉིས་མེད་ཀྱི་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་མཚན་དཔེའི་གཟི་བྱིན་ཅན་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་ལས་དྲི་མ་མེད་པའི་འོད་ཟེར་མཐའ་ཡས་པར་འཕྲོ་བ། མཐའ་བསྐོར་དུ་བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་བྱང་སེམས་འཕགས་པ་ཉན་རང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད། ཐུགས་རྗེ་ལ་བྲི་གང་དང་དགོངས་པ་ལ་མཐོ་དམན་མེད་པར་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་སྒྱུ་མ་ལྟ་བུའི་རོལ་པར་ཤར་བས་བྱིན་གྱིས་རླབས་པའི་ཚུལ་དུ་མངོན་སུམ་ལྟ་བུར་བཞུགས་པར་བསམ་མོ། །དེ་ནས་ཚོགས་བསགས་པ་ནི། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོར་ནས་མོས་གུས་མཆི་མ་འཁྲུགས་པའི་སྒོ་ནས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་སྤྲིན་རབ་འབྱམས་སུ་སྤྲུལ་ནས་འབུལ་བ། སྔར་བྱས་ཀྱི་སྡིག་ལྟུང་ལ་གནོང་འགྱོད་དྲག་པོས་བཤགས་ཤིང་ཕྱིན་ཆད་སྡོམ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྨད་དུ་བྱུང་བའི་མཛད་པ་དང་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་དགེ་ཚོགས་རླབས་པོ་ཆེ་རྣམས་ལ་རྗེས་སུ་ཡི་རང་བ། གཟུགས་སྐུ་མྱ་ངན་ལས་མི་འདའ་བར་བསྐལ་པ་རྒྱ་མ ཚོར་བཞུགས་པར་གསོལ་བ་འདེབས་པ། གདུལ་བྱའི་བསམ་པ་དང་འཚམ་པར་ཆོས་ཀྱི་འཁོར་ལོ་རྟག་པ་རྒྱུན་དུ་བསྐོར་བར་བསྐུལ་བ། འདིས་མཚོན་དུས་གསུམ་བསགས་ཡོད་ཀྱི་དགེ་ཚོགས་མཐའ་དག་དམིགས་པ་མེད་པའི་ཤེས་རབ་ཟབ་མོས་ཟག་མེད་ཆོས་དབྱིངས་ཆེན་པོར་ཡོངས་སུ་བསྔོ་བ་སྟེ། བསགས་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་གྱི་དམིགས་པ་གསལ་བཞིན་པས། སྲས་བཅས་རྒྱལ་བ་འཁོར་བཅས་ལ༔ སོགས་ནས། ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་པའི་བར་ཕྱག་དང་སྦྲགས་ནས་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་སུ་གྲངས་བསགས། དེ་རྣམས་ཀྱིས་རིམ་པ་བཞིན་དུ་གཙོ་བོར་ང་རྒྱལ་དང་། ཆགས་ཞེན་དང་། ཞེ་སྡང་དང་། ཕྲག་དོག་དང་། ལོག་ལྟ་དང་། གཏི་མུག་དང་། ཐེ་ཚོམ་རྣམས་ཀྱི་གཉེན་པོར་འགྱུར་བ་སོགས་ཕན་ཡོན་ཚད་མེད་དེ། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་སོ། །བྱིན་རླབས་འཇུག་པའི་སླད་དུ་གསོལ་བ་གདབ་པ་ནི། གོང་དུ་སྨོས་པ་ལྟར་རང་གི་རྩ་བའི་བླ་མ་ནི་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ། ཡོན་ཏན་གྱི་ངོས་ནས་དུས་གསུམ་གྱི་སངས་རྒྱས་རྣམས་དང་ཁྱད་པར་རྡུལ་ཙམ་མེད་ཀྱང་། བཀའ་དྲིན་གྱི་ངོས་ནས་གཞལ་ན། རང་ཅག་སངས་རྒྱས་དངོས་ཀྱི་ཞལ་མཇལ་བ་དང་གསུང་ཐོས་པའི་སྐལ་བས་དབེན་པ་རྣམས་པ། སངས་རྒྱས་ཀྱི་མཛད་རྒྱུ་དེ་བླ་མ་དམ་པས་མཛད་དེ་རང་རྒྱུད་ལ་སངས་རྒྱས་ཀྱི་བྱིན་རླབས་སྟེར་བར་མཛད་པ་པོ་ཡིན་པའི་ཕྱིར་རང་ལ་སངས་རྒྱས་ལས་ཀྱང་ལྷག་པའི་ཚུལ་ཤེས་པས། བློ་སྣ་མོས་གུས་ཀྱིས་འཕྲོག་པའི་གདུང་ཤུགས་སྙིང་གི་དཀྱིལ་རྐང་གི་ཁོང་རུས་པའི་གཏིང་ནས་སྐམ་སྐོམ་པ་བསྐྱེད་དེ། ཅི་མཛད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་བསྐྱུར་ལ། རང་གིས་བྱང་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་ཆིག་དྲིལ་དུ་འདེབས་པར་མོས་ལ། སྐྱེ་མེད་སྤྲོས་བྲལ་ཆོས་དབྱིངས་ཕོ་བྲང་དུ༔ སོགས་ནས་མཐའ་ཡས་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས༔ ཞེས་ཕུར་ཚུགས་སུ་ཅི་ནུས་སུ་གསོལ་བ་བཏབ། སྔོན་འགྲོ་གཞན་རྣམས་འབུམ་ཐེར་སོགས་གྲངས་བསགས་པ་ཡིན་ན་གསོལ་འདེབས་ཀྱང་གྲངས་དེ་ལྟར་བསགས། དེ་ཙམ་མི་ནུས་ན་ཚིགས་བདུན་གསོལ་འདེབས་ཙམ་ལ་གྲངས་བསགས་ཀྱང་རུང་སྟེ་རྒྱལ་ཀུན་གསུང་རྡོ་རྗེའི་རང་བཞིན་ངོ་བོ་གཅིག་པའི་ཕྱིར་རོ། །དེ་ལྟར་གསོལ་བ་གདབ་པའི་སྐབས་སུ་བླ་མ་སོ་སོའི་མཚན་བྱུང་བའི་ཚེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་དགོས་འདོད་ཀུན་སྩོལ་ཡིན་པ་ལ་ཡིན་པར་བློ་ཐག་བཅད། གསོལ་བ་འདེབས་སོ་ཞེས་པའི་ཚེ་གདུང་ཤུགས་བཟོད་མེད་དུ་བསྐྱེད་དེ་གསོལ་བ་ཕུར་ཚུགས་སུ་འདེབས། བདག་རྒྱུད་བྱིན་གྱིས་རློབས༔ ཞེས་པ་དང་། དེང་ནས་བདག་སོགས་སོགས་ཀྱི་སྐབས་ལམ་བསྒོམ་པའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་འབྱོར་པ་དང་། ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ་སྟེ་འགྲོ་ཀུན་འདྲེན་པའི་དེད་དཔོན་བྱེད་ནུས་པར་བྱིན་གྱིས་རློབས་ཤིག་ཅེས་འདོད་དོན་ལ་གསོལ་བ་གདབ་བོ། །མཐར་དབང་བླང་བ་ནི། ཞེས་པས་གསོལ་བཏབ་བླ་མ་ཡི༔ སོགས་ནས་སྐུ་བཞི་མངོན་དུ་གྱུར་པར་བསམ༔ ཞེས་བརྗོད་ཅིང་། རྩ་བའི་བླ་མའི་སྐུ་ཡི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་བཞུགས་པ་ལས། སྤྱི་བོའི་ༀ་དཀར་པོ་ལས་འོད་ཟེར་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། རགས་པ་ལུས་ཀྱི་སྒྲིབ་པ་དག ལམ་བསྐྱེད་རིམ་དབྱིངས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། དེ་བཞིན་དུ་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། སྦྱང་བྱ་ངག་རགས་པའི་སྒྲིབ་པ་བྱང་། ལམ་རྩ་རླུང་གཏུམ་མོའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཡང་ཐུགས་ཀའི་ཧཱུྃ་མཐིང་ག་ལས་འོད་ཟེར་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་རགས་པའི་སྒྲིབ་པ་དག ལམ་ཐིག་ལེའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་སྒྲིབ་པ་སྟེ་སྒོ་གསུམ་གྱི་བག་ཆགས་ཕྲ་བ་དགལམ་རྫོགས་ཆེན་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ལ་དབང་དོན་ལ་མཉམ་པར་བཞག སླར་ཡང་མོས་གུས་གདུང་ཤུགས་དྲག་པོའི་ཡིད་ཀྱིས་གསོལ་བ་བཏབ་པ་དང་། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས། འཁོར་རྣམས་འོད་དུ་ཞུ་ནས་བླ་མ་ལ་ཐིམ། བླ་མ་རྡོ་རྗེ་འཆང་ཤིན་ཏུ་དགྱེས་པའི་ཉམས་ཀྱིས་རང་གི་སྤྱི་བོར་བྱོན་ནས་འོད་དུ་ལྟེམ་གྱིས་ཞུ་སྟེ་རང་གི་སྦྱི་བོ་ནས་སྙིང་ཁར་ཐིམ་པས། རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་དུ་གྱུར་པར་བསམ་ལ། རིག་པ་མ་བཅོས་པའི་ངང་དུ་དལ་ཅིག་མཉམ་པར་འཇོག་པ་ནི་རང་རིག་དོན་གྱི་བླ་མའི་རྣལ་འབྱོར་རོ། མཐར། དགེ་བ་འདི་ཡིས་མྱུར་དུ་བདག །སོགས་དང་། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །སོགས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་ཏེ་སྤྱོད་ལམ་ལ་འཇུག ཐུན་མཚམས་ཐམས་ཅད་དུ་ཡང་སྣང་གྲགས་རིག་གསུམ་བླ་མའི་གསང་བ་གསུམ་གྱི་ཡེ་ཤེས་ཀྱི་རོལ་པར་ཤེས་པས་ལམ་དུ་ཁྱེར་ཞིང་ཚོགས་གཉིས་ཟུང་འབྲེལ་གྱི་རྣལ་འབྱོར་ལ་བརྩོན་པར་བྱ་སྟེ། དེ་ལྟ་བུའི་ཚུལ་གྱིས་བྱིན་རླབས་འཇུག་པའི་རྟགས་མ་བྱུང་གི་བར་དུ་འབད་པར་བྱའོ། །བཞི་པ་རྟགས་ཚད་ཕན་ཡོན་བཅས་བསྟན་པ་ལས། རང་རྒྱུད་ལ་བྱིན་རླབས་ཞུགས་པའི་རྟགས་ནི། ཐུན་མོང་དུ་ནད་གདོན་སྡིག་སྒྲིབ་ཞི་བ་དང་། ངེས་འབྱུང་སྙིང་རྗེ་དག་སྣང་མོས་གུས་རྣམས་རྩོལ་མེད་དུ་རྒྱུད་ལ་སྐྱེ་བ་དང་། དངོས་ཉམས་རྨི་ལམ་ཅི་རིགས་པར་བླ་མ་དང་ལྷག་པའི་ལྷ་ཡིས་ཞལ་སྟོན་པ། གསུང་ཐོས་པ་བདེ་གས ལ་མི་རྟོག་པ་སོགས་ཏིང་འཛིན་བཟང་པོ་རང་ཤུགས་སུ་སྐྱེ་བ་སོགས་འབྱུང་ཞིང་། དེ་དག་གི་སྐབས་སུ་གང་ལའང་རེ་དོགས་དང་ཆེད་འཛིན་མི་བྱ་བར་མ་བཅོས་གཉུག་མར་ལམ་དུ་ཁྱེར་བས། ཐུན་མོང་མ་ཡིན་པ་མཐར་ཐུག་རང་སེམས་དོན་གྱི་བླ་མ་རིགས་སྟོང་རྫོགས་པ་ཆེན་པོ་ཉིད་ཤེས་ཉམས་ཡིད་དཔྱོད་ཀྱི་སྦུབས་ནས་གྲོལ་ཏེ་གནས་ལུགས་བསམ་མི་ཁྱབ་པའི་ཡེ་ཤེས་ལ་དབང་འབྱོར་ནས་ཚེ་འདིར་ཟུང་འཇུག་རྡོ་རྗེ་འཆང་གི་རྒྱལ་སར་མངའ་དབང་འབྱོར་བར་འགྱུར་བ་ཡིན་ནོ། །དེ་ལྟར་བསྒོམ་པའི་ཕན་ཡོན་ཡང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲགས་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་དང་། རིམ་ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་ན་ཡང་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་མཐའ་ཡས་སོ། །དེ་ལྟར་བཤད་པའི་སྔོན་འགྲོ་ལས། ངེས་འབྱུང་གི་བློ་བཅོས་པ་དང་སྐྱབས་སུ་འགྲོ་བ་གཉིས་ནང་པ་སངས་རྒྱས་པ་ཐམས་ཅད་དང་། སེམས་བསྐྱེད་ནི་ཐེག་ཆེན་ཕ་རོལ་ཕྱིན་པ་དང་ཐུན་མོང་བ་ཡིན་ལ། སྤྱིར་ཚོགས་བསགས་དང་སྒྲིབ་སྦྱང་དུ་མ་གྱུར་པའི་དགེ་བའི་ཆོས་མེད་མོད་ཀྱང་། འདིར་ཡིག་བརྒྱའི་བསྒོམ་བཟླས་དང་མཎྜལ་གཉིས་བསགས་སྦྱང་གི་ཆོ་གའི་ཡན་ལག་སྣ་རེ་ཙམ་དུ་སྣང་ནའང་། ཚེགས་ཆུང་ལ་དོན་ཆེ་བའི་ཐབས་ཀྱི་ཁྱད་པར་རེར་འགྱུར་བས་སྔགས་ཀྱི་རྣལ་འབྱོར་ལ་ཤིན་ཏུ་མཁོ་བའི་ཕྱིར་སྔོན་འགྲོར་སྦྱར་ཞིང་། བླ་མའི་རྣལ་འབྱོར་ནི་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་ཡིན་པས། དེ་གསུམ་ལ་བསགས་སྦྱང་གཉིས་མེད་ཀྱི་ཁྲིད་གསུམ་ཞེས་སྔགས་ལམ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་སྟེ། དེ་རྣམས་ཀྱི་རྒྱུད་ལེགས་པར་འབྱོངས་ན་དངོས་གཞིའི་ཉམས་རྟོགས་རྩོལ་མེད་དུ་བསྐྱེད་ནུས་པས་ན་ཟབ་མོའི་ལམ་གྱི་གནད་ཁྱད་པར་ཅན་ཡིན་པས། ཐོག་མ་ནས། རྡོ་རྗེའི་རྣལ་འབྱོར་དང་ཕྱག་རྫོགས་སོགས་ལ་མཐོ་སྙབ་མི་བྱ་བར་ལམ་ཟབ་མོ་སྔོན་འགྲོའི་ཉམས་ལེན་འདི་དག་གིས་རང་རྒྱུད་ཡོངས་སུ་དུལ་བར་བྱ་བ་ནི་ཅིས་ཀྱང་གལ་ཆེའོ། །ཨ་ཧོ། མཚོ་སྐྱེས་རྒྱལ་བའི་ཐུགས་བཅུད་ཟབ་དགུ་ཡི་ཡང་ཞུན། །རྒྱུད་ལུང་བྱེ་བའི་སྙིང་པོ་བདེ་གཤེགས་ནི་ཀུན་འདུས། །མཁས་གྲུབ་བྱེ་བའི་གཤེགས་ཤུལ་ཟླ་མེད་ཀྱི་ལམ་མཆོག །འདི་འདྲའི་བསྟན་དང་མཇལ་ཚེ་དོན་འབྲས་རེ་ལོངས་ཤིག །སྔོན་བསགས་རྣམ་དག་ཚུལ་ཁྲིམས་སཱ་ལུ་ཡི་འབྲས་བཟང་། །སྦྱིན་སོགས་རླབས་ཆེན་དགེ་བའི་ཆུ་ལུད་ཀྱིས་བྲན་ཏེ། །རྣམ་དག་སྨོན་ལམ་བཙན་པོའི་དྲོད་གཤེར་གྱིས་བསྐྱངས་པས། །དལ་འབྱོར་མྱུ་གུར་འཁྲུངས་ཚེ་སྙིང་པོ་རེ་ལེན་འཚལ། །མི་རྟག་སྲིན་མོ་འཇབ་པའི་ཁ་ཆུ་ཡི་ཟིལ་ཕྲེང་། །གནས་ལྔའི་ལྕུག་ཕྲན་རྩེ་ལ་མ་ཚོར་ངང་ཕེབས་འདུག །དྲག་ཤུལ་གོམ་པ་བསྐྱོད་པའི་གནམ་ལྕགས་ཀྱི་སྡེར་མོས། །ཉམ་ཆུང་སྙིང་རྩ་ནམ་དབྲལ་ངེས་པ་རང་སུས་ཤེས། །ལས་འབྲས་རྣམ་སྨིན་མི་བསླུ་རྒྱལ་ཆོས་ཀྱི་གཅེས་མཛོད། །ད་ལྟ་རང་དབང་ཡོད་ཚེ་ལག་ལེན་ལ་དྲིལ་ལས། །དུས་ཀྱི་ཕོ་ཉས་ཟིན་ཚེ་འགྱོད་པས་རང་ཅི་ཕན། །མིག་ཡོད་གཡང་ལ་མཆོང་{འཕྱོང}བའི་སྙིགས་འགྲོ་འདིས་རྨོངས་ལུགས། །གཟུང་འཛིན་ལྕགས་སྒྲོག་གིས་བསྡམས་སྲིད་གསུམ་གྱི་ཁྲི་མུན། །སྡུག་བསྔལ་མུ་མཐའ་མེད་པའི་ཆད་ལས་ཀྱིས་མནར་གང་། །མཐོང་ཐོས་མངོན་དུ་གྱུར་ཀྱང་མི་སྐྱོོ་ཡི་སེམས་པ། །སྲེད་ཞེན་འཆིང་བ་མི་གཏོང་ཕྱུགས་ལས་ཀྱང་བླུན་ཨང་། །ཉུང་ངུའི་ཟང་ཟིང་བརྣག་པའི་ཆོམ་རྐུན་ནི་ཕྲ་མོར། །ཟོན་བྱེད་ལུས་སྲོག་འདོར་བའི་དཀའ་ཐུབ་ལ་དྲིལ་ན། །ཐོག་མེད་ཉམས་ཉེས་སྦྱིན་པའི་ལས་ཉོན་གྱི་དགྲ་བོར། །གཉེན་པོའི་དཔུང་ཚོགས་བསྐུལ་མིན་བྱིས་པ་ཚོའི་འཁྲུལ་ལུགས། །འཇིགས་གསུམ་ཆུ་སྲིན་གཏུམ་པོའི་གྲེ་བ་རུ་ཚུད་ནས། །གདུང་གླུ་ལག་པ་གཡོབ་པའི་ངང་ཚུལ་ལ་བརྟེན་ཚེ། །དབུགས་འབྱིན་ཕྱག་ཡངས་བ རྐྱང་པ་བླ་མ་དང་མཆོག་གསུམ། །འབྲལ་མེད་སྐྱབས་སུ་བརྟེན་པ་སྡོམ་ཀུན་གྱི་རྩ་བ། །ལུས་ཟུངས་ནུ་ཞོ་མངར་པོའི་བསྙེན་བཀུར་ལ་བརྩོན་པའི། །ཉེ་དུ་འཁོར་བའི་ཀློང་དུ་ཉམས་ཉེས་འདི་གཟིགས་ཏེ། །སྒྲོལ་བའི་ཆོ་ག་ལྷོད་མིན་དཔའ་ཆེན་གྱི་ངང་ཚུལ། །རྣམ་མཁྱེན་གོ་འཕང་གཉེར་ལ་མེད་ཀ་རང་ཅི་ཡོད། །ཡེ་གྲོལ་བདེ་གཤེགས་སྙིང་པོ་སྐུ་གསུམ་གྱི་དབྱིག་མཆོག །གཟུང་འཛིན་སྒྲིབ་གསུམ་འཆིང་བའི་འདམ་རྫབ་ཀྱིས་གཡོགས་གང་། །སྟོབས་བཞིའི་ཁྲུས་རས་གཙང་མའི་བྱི་དོར་ལ་བརྩོན་དང་། །སྲིད་པའི་དབུལ་བ་སེལ་ལ་དཀའ་རྒྱུ་རང་མི་འདུག །ཚོགས་གཉིས་ཡིད་བཞིན་ནོར་བུའི་ཤིང་རྟ་ལ་ཞུགས་དང་། །རྣམ་མཁྱེན་གྲོང་ཁྱེར་བསྒྲོད་ལ་ཐག་རིང་ཞིག་མ་རེད། །བརྐམ་ཆགས་འཆིང་བ་ཐོངས་ལ་བདོག་དགུ་ཡི་འབྱོར་ཚོགས། །ཕྱོགས་མེད་མཆོད་སྦྱིན་འབད་གང་འདུན་མ་ཡི་ཡང་རྩེ། །བརྒྱུད་ལྡན་བྱིན་རླབས་མཛེས་མའི་འགྲམ་ཆང་གིས་བྲན་ཚེ། །དོན་གཉིས་བ་ཀུ་ལ་ཡི་མེ་ཏོག་གི་གེ་སར། །མཁྱེན་རྟོགས་སྦྲང་རྩི་འཇོ་བའི་སྐལ་བཟང་ལ་རོལ་དང་། དོན་མེད་ས་མཐའ་སྐོར་བའི་ངལ་དུབ་དེ་མ་དགོས། །སྟོང་ཆེན་ཤེས་རབ་ཕར་ཕྱིན་དབྱིངས་ཕྱུག་གི་མཛའ་མོ། །ཐབས་མཆོག་སྙིང་རྗེ་ཆེན་པོའི་དཔའ་བོ་དང་རོལ་པའི། །ཟུང་འཇུག་རྡོ་རྗེའི་གླུ་གར་མིག་འཕྲུལ་བཞིན་བསྒྱུར་དང་། །དོན་གཉིས་དགའ་སྟོན་འཕེལ་བའི་ཞལ་སྤྲོ་འདྲ་ཞུའོ། །དེ་ལྟར་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་གྱི་སྔོན་འགྲོའི་ངག་འདོན་གཙོར་བཏོན་གྱི་དམིགས་རིམ་ཅུང་ཟད་འདིའང་། ཀུན་མཁྱེན་དྷརྨ་ཤྲཱིའི་གསུང་རབ་ལས་བཏུས་ཏེ་ཁྲིད་གསར་བློ་དམན་རྣམས་ལ་སྨན་པའི་བསམ་པས་ཉུང་གསལ་གོ་བདེའི་ཚུལ་དུ་ཤཱཀྱའི་བཙུན་པ་སྙོམ་ལས་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བདེ་ཆེན་པདྨ་འོད་གླིང་གི་དབེན་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་ལ་སླར་ཡང་རང་ལོ་ང་གཉིས་པ་ལ་ཅུང་ཟད་གསལ་བར་བགྱིས་པའི་དགེ་བས་འགྲོ་ཀུན་འཕགས་པ་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག སརྦ་མངྒལཾ། དགེའོ། །། །