Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བདུན་པ།

3 occurrences of དྲིལ་བུ་
[Clear Hits]


  
  
  
  
  
  
  
 
ཐ་མར་དགེ་བ་རྡོ་རྗེ་ཐེག་པའི་ལམ་གྱི་སྔོན་འགྲོ་དངོས་བཤད་པ།
  
 
  
  


3 occurrences of དྲིལ་བུ་
[Clear Hits]

 
previousཐ་མར་དགེ་བ་རྡོ་རྗེ་ཐེག་པའི་ལམ་གྱི་སྔོན་འགྲོ་དངོས་བཤད་པ།next

ཐ་མར་དགེ་བ་རྡོ་རྗེ་ཐེག་པའི་ལམ་གྱི་སྔོན་འགྲོ་དངོས་བཤད་པ།

༈ གསུམ་པ་ཐ་མར་དགེ་བ་རྡོ་རྗེ་ཐེག་པའི་ལམ་གྱི་སྔོན་འགྲོ་དངོས་བཤད་པ་ལ། སྤྱིར་ཁྲིད་གཞུང་རྣམས་སུ་དམིགས་རྐང་མང་ཉུང་དང་། གོང་འོག་གི་གོ་རིམ་སོགས་ཅི་རིགས་པ་འབྱུང་བ་ཁྲིད་གཞུང་སོ་སོ་ལྟར་འཆད་ཤེས་པར་བྱ་ལ། འདིར་སྤྱི་འགྲེ་ལྟར་འཆད་པ་ལ་ལྔ། ལམ་ལོག་པ་ལས་ཁྱད་པར་དུ་བྱེད་པ་སྐྱབས་སུ་འགྲོ་བའི་ཁྲིད། ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་སེམས་བསྐྱེད་ཀྱི་ཁྲིད། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད། མཐུན་རྐྱེན་ཚོགས་གཉིས་རྫོགས་བྱེད་མཎྜལ་གྱི་ཁྲིད། བྱིན་རླབས་ཁྱད་པར་ཅན་རྒྱུད་ལ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་ལ་གསུམ། སྐྱབས་སུ་འགྲོ་བའི་རྒྱུའི་གཙོ་བོ་དད་པའི་རང་བཞིན་བསྟན་པ། དངོས་གཞི་ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་བཤད་པ། རྗེས་བསླབ་བྱ་དང་ཕན་ཡོན་གྱི་ཁྱད་པར་བསྟན་པའོ། །དང་པོ་ནི། དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་སོགས་དཀར་ཆོས་ཀྱི་ཡོན་ཏན་མཐའ་དག་རང་རྒྱུད་དུ་བསྐྱེད་པའི་རྒྱུའམ་རྩ་བ་ལྟ་བུ་ནི་དད་པ་ཕུན་སུམ་ཚོགས་པ་ཉིད་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་ལས། དད་པ་དཀར་པོའི་ཆོས་རྣམས་ཀྱི། །སྔོན་དུ་འགྲོ་དང་བསྐྱེད་པར་བྱ། །སྡུག་བསྔལ་མཐར་ཕྱིན་འདོད་པ་དང་། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ནས། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། དད་ཅན་ཉིད་ཕྱིར་ཆོས་ལ་བསྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་དང་། མཁས་མཆོག་དཔའ་བོས། དད་པའི་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་སྣ་འདྲེན། །ཞེས་འཕགས་པའི་ནོར་བདུན་གྱི་ཐོག་མར་གསུངས་ཤིང་། རང་རྒྱུད་ལ་དད་པ་མེད་ན་དཀར་པོའི་ཆོས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་མི་སྲིད་དེ། མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་པས་རང་རྒྱུད་ལ་དད་པ་བསྐྱེད་པ་གལ་ཆེ། །དེ་ལ་དད་པའི་ངོ་བོ་ནི། སྤང་བླང་གི་ཡུལ་ལ་འཇུག་ལྡོག་གིས་དམིགས་པའི་བློ་རབ་ཏུ་དང་བ་སྟེ། དབྱེ་ན། ཀུན་མཁྱེན་ཆོས་རྗེས། འདོད་པའི་དད་པས་རྒྱུ་འབྲས་བླང་དོར་བྱེད། །མོས་པའི་དད་པས་ཡུལ་མཆོག་སེམས་རབ་གཞོལ། །གུས་པའི་དད་པས་བག་ཡོད་མཆོག་དང་ལྡན། །དང་བའི་དད་པས་ཡོན་ཏན་སེམས་རབ་དང་། །ཡིད་ཆེས་དད་པས་ཆོས་ལ་ཐེ་ཚོམ་ཟད། །ངེས་སེམས་དད་པས་ཐོས་བསམ་སྒོམ་པ་ཡིས། །ཆོས་མཆོག་རྣམས་ལ་ལྷག་པར་དད་པའོ། །ཞེས་རྣམ་པ་དྲུག་ཏུ་གསུངས་ཏེ། དེ་ཡང་འདོད་པའི་དད་པ་ནི། འཁོར་འདས་བླང་དོར་དུ་འདོད་པ་སྟེ། དབྱེ་ན། འཁོར་བ་སྤང་འདོད། མྱང་འདས་ཐོབ་འདོད། དེ་གཉིས་ཀྱི་རྒྱུ་ལ་བླང་དོར་གྱིས་འཇུག་པར་འདོད་པ་སྟེ་གསུམ་མོ། །མོས་པའི་དད་པ་ནི། བླ་མ་དང་དཀོན་མཆོག་ལ་སེམས་རབ་ཏུ་དགའ་བ་སྟེ། དབྱེ་ན། བླ་མ་ལ་བསྟེན་བྱར་མོས་པ། སངས་རྒྱས་ལ་བསྒྲུབ་བྱར་མོས་པ། ཆོས་ལ་ལམ་དུ་མོས་པ། དགེ་འདུན་ལ་གྲོགས་སུ་མོས་པ་སྟེ་བཞིའོ། །གུས་པའི་དད་པ་ནི། སེམས་དང་བ་ལ་བརྟེན་ནས་བླང་དོར་གྱི་གནས་ལ་བག་ཡོད་པས་བཀའ་ལས་མི་འདའ་བ་སྟེ། དབྱེ་ན། ལུས་གུས་པས་ཕྱག་དང་བཀུར་སྟི། ངག་གུས་པས་བསྟོད་པ་དང་ཞེ་ས། སེམས་གུས་པས་མཆོད་འོས་སུ་མཐོང་ནས་ཕུ་དུད་བྱེད་པ་གསུམ་མོ། །དང་བའི་དད་པ་ནི། ཡུལ་གོང་མ་རྣམས་ཀྱི་ཡོན་ཏན་ལ་སེམས་མངོན་པར་དང་བའོ། །དབྱེ་ན། ཀུན་རྫོབ་སྣང་ཆའི་དགེ་བ། དོན་དམ་ཤེས་རབ་ཀྱི་དགེ་བ། ཟུང་འཇུག་ཆ་མཉམ་གྱི་དགེ་བ་གསུམ་ལ་དང་བའི་དད་པ་གསུམ་མོ། །ཡིད་ཆེས་ཀྱི་དད་པ་ནི། གཞི་ལམ་འབྲས་བུའི་ཆོས་རྣམས་ལ་ཐེ་ཚོམ་མེད་པ་སྟེ། དབྱེ་ན། འཁོར་བ་རྒྱུ་འབྲས་སྤང་བྱར་ཡིད་ཆེས་པ། མྱང་འདས་རྒྱུ་འབྲས་བླང་བྱར་ཡིད་ཆེས་པ། ལུང་མ་བསྟན་རྣམས་དགོས་མེད་དུ་ཡིད་ཆེས་པ་གསུམ་མོ། །ངེས་སེམས་ཀྱི་དད་པ་ནི། ངེས་དོན་མདོ་རྒྱུད་ཟབ་མོའི་བསྟན་དོན་ཆོས་ཉིད་ཟབ་མོ་ལ་སེམས་མཉམ་པར་འཇོག་འདོད་པ་སྟེ། དབྱེ་ན། དེའི་དོན་སྟོན་པའི་གཞུང་ཐོས་པ་དང་། བསམ་པ་དང་། སྒོམ་པ་ལ་ངེས་པར་སེམས་པའི་དད་པ་གསུམ་མོ། །དེ་དྲུག་ཀྱང་བསྡུ་ན་དང་འདོད་ཡིད་ཆེས་ཀྱི་དད་པ་གསུམ་དུ་འདུ་སྟེ། མོས་པ་དང་གུས་པ་དང་དང་བའི་དད་པ་གསུམ་ནི་དང་བའི་དད་པའི་ནང་དུ་གཏོགས་ལ། འདོད་པ་དང་ཡིད་ཆེས་པ་གཉིས་ནི་ཡིད་ཆེས་ཀྱི་དད་པར་གཏོགས་ལ། ངེས་པར་སེམས་པ་ནི་འདོད་པའི་དད་པ་ཉིད་ཡིན་ཏེ། མཚན་ཉིད་དེ་ཁོ་ན་ཉིད་འགོག་ལམ་མ་ནོར་བ་ལ་ཞུགས་པས་སྡུག་བསྔལ་ཀུན་འབྱུང་གཉིས་འདོར་ཞིང་ཐར་པ་འདོད་པའི་ཕྱིར་རོ་གསུངས། དེས་ན་གཞུང་ཕལ་ཆེར་དུ། དཀོན་མཆོག་གསུམ་ལ་སེམས་རབ་ཏུ་དང་བ་དང་བའི་དད་པ་དང་། བདེན་བཞི་ལ་བླང་དོར་དུ་འདོད་པ་འདོད་པའི་དད་པ་དང་། ལས་འབྲས་ལ་ཡིད་ཆེས་པ་ཡིད་ཆེས་ཀྱི་དད་པ་སྟེ་གསུམ་དུ་བཞག་པ་དང་། ཁ་ཅིག་ཏུ་དེ་ལས་ཕྱིར་ལྡོག་པ་མེད་པ་མི་ལྡོག་པའི་དད་པ་སྟེ་བཞིར་བཞག་པ་སོགས་ཡོད་ཀྱང་དབྱེ་བསྡུ་ཙམ་ལས་དོན་གྱི་གནད་གཅིག་གོ །དེ་ལྟ་བུའི་དད་པ་དེ་རྒྱུད་ལ་ཡོད་ན། ཞིང་ས་གཤིན་པོ་དང་འདྲ་སྟེ་བྱང་ཆུབ་ཀྱི་མྱུ་གུ་འཁྲུངས། གྲུ་གཟིངས་བཟང་པོ་དང་འདྲ་སྟེ་འཁོར་བའི་ཆུ་བོ་ལས་སྒྲོལ། སྐྱེལ་མ་དཔའ་བོ་དང་འདྲ་སྟེ་བདུད་དང་ཉོན་མོངས་པའི་དགྲ་བོ་ལས་སྐྱོབ། བཞོན་པ་བཟང་པོ་དང་འདྲ་སྟེ་ཐར་པའི་གླིང་དུ་འདྲེན། ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ་ཅི་བསམ་འགྲུབ། སྐྱེས་བུ་དཔའ་བོ་དང་འདྲ་སྟེ་སྡིག་ཏོ་མི་དགེ་བའི་ཕྱོགས་ཚར་གཅོད་ནུས། གཞན་ཡང་མི་ཁོམ་པའི་གནས་རྣམས་སྤངས་ཤིང་དགེ་བའི་རྩ་བ་སྡུད་པར་བྱེད་པ་སོགས་ཡོན་ཏན་ཚད་མེད་པ་དང་ལྡན་ཏེ། དཀོན་མཆོག་ཏ་ལ་ལས། དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དྭངས་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །དད་པ་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པ་རྒྱལ་བའི་ཆོས་ལ་རབ་དགའ་སྐྱེད། །དད་པ་ཡོན་ཏན་ཡེ་ཤེས་ཁྱད་པར་བྱེད། །སངས་རྒྱས་གོ་འཕང་སྟོན་ཅིང་ཐོབ་པར་བྱེད། །དབང་པོ་རྣོ་ཞིང་རབ་ཏུ་གསལ་བར་བྱེད། །དད་པའི་སྟོབས་ལ་གཞན་གྱིས་མི་རྫི་ཞིང་། །ཉོན་མོངས་རྣམ་པར་སེལ་བའི་གཞི་རྟེན་ཡིན། །དད་པ་རང་འབྱུང་ཡོན་ཏན་རྣམས་ཀྱང་ཚོལ། །དད་པ་ཆགས་པའི་སྒོ་ལ་ཆགས་པ་མེད། །མི་ད ལ་སྤངས་ཤིང་དལ་བའི་མཆོག་གཅིག་ཡིན། །དད་པས་བདུད་ཀྱི་ལམ་ལས་འདའ་བྱེད་ཅིང་། །ཐར་པའི་ལམ་མཆོག་སྟོན་པར་བྱེད་པ་ཡིན། །ཡོན་ཏན་ཞིང་གི་ས་བོན་མ་རུལ་བ། །དད་པ་བྱང་ཆུབ་ཤིང་ནི་རྣམ་པར་སྐྱེད། །ཡེ་ཤེས་ཁྱད་པར་ཡོན་ཏན་འཕེལ་བར་བྱེད། །དད་པ་རྒྱལ་བ་ཐམས་ཅད་སྟོན་པ་ཡིན། །དད་པས་མོས་པའི་ཁྱད་པར་དགའ་རྣམས་ཀྱི། །དེ་ལ་སྤྱོད་པ་རིམ་གྱིས་བརྗོད་པར་བྱ། །དེ་འདྲའི་ཆོས་ནི་འཇིག་རྟེན་རབ་དཀོན་ཏེ། །རྒྱ་མཚོའི་ནང་ན་རིན་ཆེན་རྒྱལ་པོ་བཞིན། །ཞེས་སོགས་རྒྱ་ཆེར་བསྔགས་པར་མཛད་པ་བཞིན་ནོ། །རང་རྒྱུད་ལ་དད་པ་མེད་ན་སངས་རྒྱས་དངོས་སུ་བཞུགས་ཀྱང་ཕན་མི་ཐོགས་ཏེ། རྒྱ་མཚོའི་གཏིང་གི་རྡོ་བ་དང་འདྲ་སྟེ་ཐར་པའི་སྐམ་སར་མི་ཕྱིན། མཉན་པ་མེད་པའི་གྲུ་དང་འདྲ་སྟེ་སྡུག་བསྔལ་གྱི་ཆུ་བོ་ལས་མི་སྒྲོལ། ལག་སྡུམ་གསེར་གྱི་གླིང་དུ་ཕྱིན་པ་ལྟར་ཡོན་ཏན་རང་རྒྱུད་ལ་མི་ལོན། ས་བོན་མེས་ཚིག་པ་དང་འདྲ་སྟེ་བྱང་ཆུབ་ཀྱི་མྱུ་གུ་མི་འཁྲུངས། ལོང་བ་ལྷ་ཁང་དུ་ཕྱིན་པ་ལྟར་ཆོས་ཀྱི་སྣང་བ་མི་མཐོང་། རྒྱ་མཚོའི་ཀློང་འཁོར་དུ་ཆུད་པ་ལྟར་ནམ་ཡང་འཁོར་བ་ལས་ཐར་པའི་དུས་མི་འོང་བས། ཐར་པ་བྱང་ཆུབ་འདོད་པ་རྣམས་ཀྱིས་རང་རྒྱུད་ལ་དད་པ་བསྐྱེད་དགོས། དད་པ་སྐྱེ་བའི་ཡུལ་ནི། འདོད་པའི་དད་པ་ཡུལ་འཁོར་བའི་རང་བཞིན་མཐོང་བ་ལས་སྐྱེ། མོས་པའི་དད་པ་སྡིག་གྲོགས་ལ་སྐྱོ་བ་སྐྱེས་པ་ལས་སྐྱེ། གུས་པའི་དད་པ་དཀོན་མཆོག་གི་རྟེན་ངོ་མཚར་ཅན་མཇལ་བ་ལས་སྐྱེ། དང་བའི་དད་པ་ཡུལ་མཆོག་གི་རྟེན་ནམ་བྱང་ཆུབ་སེམས་དཔའི་སྐྱེས་རབས་སོགས་གཏམ་རྒྱུད་ཐོས་པ་ལས་སྐྱེ། ཡིད་ཆེས་པའི་དད་པ་ལས་རྒྱུ་འབྲས་ཀྱི་རྣམ་གཞག་མཐོང་བ་ལས་སྐྱེ། ཆོས་ལ་སེམས་པའི་དད་པ་ཆོས་ཟབ་མོ་ཐོས་པའི་རྒྱུ་ལས་སྐྱེ་བས། ཡུལ་དེ་དག་གི་རང་བཞིན་ལ་དམིགས་ནས་སྐྱེར་གཞུག གཞན་ཡང་དད་པ་འཕེལ་བའི་རྒྱུ་བླ་མ་དགེ་བའི་བཤེས་གཉེན་བསྟེན་ཞིང་སངས་རྒྱས་དངོས་མཐོང་གི་མོས་གུས་སྐྱེད། གྲོགས་ཁྱད་པར་ཅན་ཆོས་དང་རང་རྒྱུད་འདྲེས་ངེས་པ་ལ་བསྟེན་ཞིང་དེའི་རྗེས་སུ་འབྲང་། མདོ་རྒྱུད་ཟབ་མོ་ལ་ལྟ་ཞིང་འཆི་བ་མི་རྟག་པ་ཡང་ཡང་དུ་བསམ། དཀོན་མཆོག་གི་ཡོན་ཏན་དང་ལས་རྒྱུ་འབྲས་སྟོན་པའི་མདོ་སོགས་གཏམ་རྒྱུད་རྣམས་བལྟ་ཞིང་ཉན། ཟབ་མོའི་སྒོམ་སྒྲུབ་སོགས་ལ་སྔར་བས་བརྩོན་པར་ཆེར་བསྐྱེད། དད་པ་འགྲིབ་བའི་རྐྱེན། རང་རྒྱུད་ལ་བདུད་ཞུགས་པའི་རྟགས་སུ། བླ་མ་དང་དགེ་བའི་བཤེས་གཉེན་གྱི་སྐྱོན་ལ་རྟོག་པ། ཆོས་བྱེད་སྤྱིའི་ངན་སྐྱོན་ལ་རྟོག་པ། ཐ་མལ་གྱི་གྲོགས་ངན་པ་དང་འགྲོགས་པ། ཉམས་ལེན་གྱི་བརྩོན་འགྲུས་འགྲིབ་པ། འདོད་ཡོན་ལ་རང་གར་སྤྱོད་པ། དཀོན་མཆོག་ལ་མོས་གུས་མེད་པ་སྟེ། འདིའི་དུས་སུ་ཟློག་པའི་ཐབས་ནི། བླ་མ་དཀོན་མཆོག་མཆེད་གྲོགས་དང་བཅས་པའི་ཡོན་ཏན་བསམ་ཞིང་། ཆོས་བྱེད་ཐམས་ཅད་ལ་དག་སྣང་དང་མོས་གུས་བསྐྱེད། ཕ་རོལ་ངན་པར་མཐོང་བ་དེ་རང་མ་དག་པའི་རྟགས་ཏེ་མ ཁྲིས་ནད་ཅན་གྱིས་དུང་སེར་པོར་འཛིན་པ་བཞིན་ནོ་སྙམ་དུ་རང་ལ་གྲོས་གདབ། ཐ་མལ་པའི་གྲོགས་དང་མི་འགྲོགས། འདོད་ཡོན་གྱི་ཉེས་དམིགས་དྲན་པར་བྱས་ལ། དད་པ་འགྲིབ་པའི་སྐྱོན་ཐམས་ཅད་བདུད་དུ་ཤེས་པར་བྱ་ལ་གཉེན་པོ་བསྐྱེད། གཞན་ཡང་། སྐྱེ་ཤིའི་འཕོ་འགྱུར་མཐོང་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་གཞན་དག་ཤི་བ་བགྲངས་ལ་དད་པ་བསྐྱེད་དགོས། དེ་བཞིན་དུ། རང་ལ་ནད་གནོད་གྱི་བར་ཆད་བྱུང་དུས་དགེ་བསྐུལ་གྱི་སློབ་དཔོན་དུ་ཤེས་པར་བྱས་ལ་སྐྱེད་དགོས། རྐྱེན་ངན་གྱི་སྡུག་བསྔལ་བྱུང་དུས་བྱང་ཆུབ་ཀྱི་འདྲེན་པར་ཤེས་པས་སྐྱེད་དགོས། དམ་པའི་ཆོས་ཐོས་པའི་ཚེ་ཡང་དག་པའི་འཇུག་ལྡོག་ལ་དམིགས་ནས་སྐྱེད་དགོས། གོང་མའི་རྣམ་ཐར་ཐོས་དུས་དཀའ་སྤྱད་ཆོས་ལ་སྤྱོད་པས་སྐྱེད་དགོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་མདོ་སྡེ་སྐྱེས་རབས་སོགས་ཐོས་དུས་ཐེག་ཆེན་གྱི་བྱང་ཆུབ་ལ་དམིགས་ནས་དད་པ་སྐྱེད་དགོས། དེའང་ཉིན་རེ་བཞིན་ཏེ་ཐམས་ཅད་དམ་གང་རུང་རེའི་སྒོ་ནས་དད་པ་བསྐྱེད་པ་ལ་འབད་པ་གལ་ཆེ་བས། གང་ལའང་སྣུམ་དྲེད་མ་ཁྱེར་བ་གཅེས་སོ། །དད་པ་སྐྱེས་པའི་ཚད་ནི། འཁོར་བའི་འཁྲུལ་སྣང་ལ་ཡིད་འབྱུང་བ་སྐྱུག་ནད་ཅན་གྱིས་ཟས་མཐོང་བ་ལྟ་བུ། བླ་མ་དང་དཀོན་མཆོག་ལ་མོས་གུས་ཀྱིས་གདུང་བ་བུ་ཆུང་མ་ལ་གདུངས་པ་ལྟ་བུ། ཐོས་བསམ་ལ་ནན་ཏན་བྱེད་པ་སྐོམ་པ་ཆུས་གདུང་བ་ལྟ་བུ། བསླབ་པ་ལ་གཅེས་སྤྲས་བྱེད་པ་དབུལ་པོས་གསེར་གཡུ་རྙེད་པ་ལྟ་བུ། དགེ་སྦྱོར་ཉམས་ལེན་ལ་སྤྲོ་བ་ཚོང་པ་གསེར་གླིང་དུ་ཕྱིན་པ་ལྟ་བུ། སྡིག་པ་ལ་འཛེམ་བག་ཆེ་བ་མིག་ཏུ་རྡུལ་སྤང་བ་ལྟ་བུ། ཐེག་པ་ཐམས་ཅད་ལ་དད་པ་འདོད་པ་ཅན་ཚོང་འདུས་སུ་ཕྱིན་པ་ལྟ་བུ་བྱུང་ན་དད་པ་སྐྱེས་པའི་ཚད་ཡིན་པས་མ་ཉམས་ཤིང་གོང་འཕེལ་དུ་བྱ་བ་གལ་ཆེའོ། །དེའི་དུས་སུ་རང་རྒྱུད་ཆོས་ཀྱིས་ཐུལ་བས་ཆོས་དང་གང་ཟག་མ་འཛོལ་བ་ཡིན་གསུངས། དད་པ་འགྲིབ་ན་བསྐྱེད་པའི་ཐབས་གོང་དུ་སྨོས་པ་ལྟར། འཆི་བ་མི་རྟག་པ་དང་། ལས་རྒྱུ་འབྲས་གཞན་གྱི་ཡོན་ཏན། ཆོས་ཐོས་པར་དཀའ་བ། བླ་མའི་བཀའ་དྲིན། མཆེད་གྲོགས་ཀྱི་དག་སྣང་། སངས་རྒྱས་ཀྱི་ཡོན་ཏན་སོགས་བསམས་ནས། མཐོ་དམན་དང་ཕྱོགས་རིས་མེད་པར་དད་པ་བསྒོམ་ཞིང་རང་གི་རྒྱུད་གདུལ། འདྲ་མིན་གོལ་སར་གྱུར་པའི་དད་པ་རེས་འགའ་བ་སྤངས་ལ་ཟུང་ཐུབ་པར་བྱ་དགོས་ཏེ། དེ་ཡང་ཆོས་བྱེད་ལས་དང་པོ་པ་ཁ་ཅིག་བླ་མ་དང་འགྲོགས་དུས་དད་པ་ཆེ་ཆེ་ལྟར་བྱེད་ཀྱང་བྲལ་ནས་ཐ་མལ་ལས་ཀྱང་ལོད་པ་དང་། ཁ་ཅིག་རྐྱེན་དང་འཕྲད་དུས་དད་པ་སྐྱེ་མྱུར་ཡང་ཡུན་དུ་མི་བརྟན་པར་ཅིག་ཅར་ཡལ་བ་དང་། ཁ་ཅིག་རང་འདོད་པའི་ཆོས་དང་ལོངས་སྤྱོད་དམ་ནད་གདོན་གྱིས་གཙེས་པ་མ་གྲོལ་བར་དད་པ་ཆེ་ཆེ་འདྲ་ཡང་དེ་དྲག་པའམ་ཐོབ་དུས་ཕྱི་ནས་སྤང་བ་དང་། ཁ་ཅིག་དགེ་སྦྱོར་གཅིག་བྱེད་འཕྲོར་གཅིག་བརྩམ་སྟེ་མཐར་གཉིས་ཀའི་མགོ་མི་ཐོན་པ་དང་། ཁ་ཅིག་ཆོས་ཟབ་མོ་གཅིག་དང་རྩ་བའི་བླ་མ་གཅིག་ལ་མི་བྱེད་པར་གང་བདེ་བདེར་འཇུག་ནས་མཐར་དམ་ཉམས་ཀྱི་རྒྱུ་སྒྲུབ་པ་དང་། ཁ་ཅིག་དད་པ་ཅུང་ཟད་རེ་སྐྱེས་ཀྱང་རྐྱེན་ཕྲ་མོ་ཅུང་ཟད་རེས་ཀྱང་འགྲིབ་པའི་གློ་བུར་ཡེ་འདྲོག་ཅན་དེ་ལྟ་བུའི་རིགས་སྤོངས་ལ། དང་པོ་ལེགས་པར་བརྟགས་ནས་ཡང་དག་པའི་ཆོས་དང་བླ་མར་བཟུང་ཕྱིན་ཆད་རྐྱེན་ཅི་བྱུང་ཡང་སྐྱོ་ངལ་དང་འཕེལ་འགྲིབ་མེད་པའི་དད་གུས་བྱ་སྟེ། དེ་ཡང་འགྱུར་ལྡོག་མེད་པ་རི་རྒྱལ་ལྟ་བུ། འཕེལ་འགྲིབ་མེད་པ་ཉི་མ་ལྟ་བུ། ཁ་གཏིང་མེད་པ་རྒྱ་མཚོ་ལྟ་བུ། བྱས་ཡུས་མེད་པ་མ་ལྟ་བུ། མཐའ་དབུས་མེད་པ་ནམ་མཁའ་ལྟ་བུ། ཐང་ལྷོད་མེད་པ་གཞུ་བདུང་བའི་རྒྱུད་ལྟ་བུ། གཞན་གྱིས་བསྒྱུར་རམ་བཀའ་བཀྱོན་ལ་སོགས་པའི་རྐྱེན་གྱིས་མི་འཕྲོག་པ་ནམ་མཁའ་ལྟ་བུ། སྐྱོ་དུབ་མེད་པ་གྲུ་ཟམ་ལྟ་བུ། རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ལྟ་བུ། གུས་ཤིང་མཉེན་ལྕུག་དང་ཞེ་སས་བརྒྱན་པའི་དད་པ་དར་ཐག་ལྟ་བུ་སྟེ་བཅུས་བསྟེན་པར་བྱའོ། །དེ་ལྟར་བླ་མ་དང་དཀོན་མཆོག་སོགས་ཞིང་གི་དམ་པ་རྣམས་བསྟེན་ཅིང་དད་པ་བསྐྱེད་པའི་ཕན་ཡོན་ཚད་མེད་ཀྱང་བསྡུ་ན། དཀར་པོའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ་དང་། འཁོར་བའི་སྡུག་བསྔལ་ཐམས་ཅད་སེལ་བ་དང་། ཐར་པའི་ལམ་སྣ་ཟིན་པ་དང་། ཆོས་ཟབ་མོའི་སྣོད་དུ་འགྱུར་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་དགོངས་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ཤེས་བཞིན་དང་། བག་ཡོད་པ་དང་། ཤེས་རབ་དང་ལྡན་པ་སོགས་ཀྱི་ཡོན་ཏན་གྱི་ཚོགས་དང་ལྡན་པས་སངས་རྒྱས་ཀྱི་ཞིང་ཁམས་དག་པར་སྐྱེ་བ་དང་། སྐྱེ་བ་ཀུན་ཏུ་བླ་མ་དང་ཆོས་དང་གྲོགས་དམ་པ་རྣམས་སྐྱེས་མ་ཐག་པར་མཇལ་ཞིང་ཆོས་ལ་སྤྱོད་པ་དང་། དཀར་པོ་ལ་དགའ་བའི་ལྷས་བསྲུང་བ་དང་། བདེ་བར་གཉིད་ལོག་ཅིང་རྨི་ལམ་དུའང་བླ་མ་དང་དཀོན་མཆོག་དང་ཆོས་ལ་སྤྱོད་པའི་སྣང་བ་བཟང་པོ་རྨི་ཞིང་བདེ་བར་སད་པ་དང་། ཅི་བསམ་པ་ཐམས་ཅད་འགྲུབ་པ་དང་། བདེ་བར་ཚེ་ཡི་དུས་བྱེད་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་སྣ་བདེ་བར་འདྲེན་པ་དང་། བར་དོའི་འཇིགས་པ་མེད་པ་དང་། གང་དུ་སྨོན་པའི་གནས་སུ་སྐྱེ་བས་དཀོན་མཆོག་གི་གདུང་འཚོབ་པ་དང་། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སྟེ། རྒྱས་པ་ནི་བསྐལ་པ་མཐའ་ཡས་པ་ཇི་སྙེད་བརྗོད་ཀྱང་ཟད་པར་མི་འགྱུར་ཏེ། དཀོན་མཆོག་ཏ་ལ་ལས། གང་གིས་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་པས། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །ཁྱད་པར་འཕགས་པ་དེ་ཉིད་དེ་ལ་མེད། །ཅེས་དང་། གང་དག་རྟག་ཏུ་སངས་རྒྱས་དད་གུས་པ། །དེ་དག་རྒྱལ་ལ་མཆོད་པ་རྒྱ་ཆེན་བྱེད། །གང་དག་རྒྱལ་ལ་མཆོད་པ་ཆེ་བྱེད་པ། །དེ་དག་སངས་རྒྱས་དད་པ་བསམ་མི་ཁྱབ། །གང་དག་རྟག་ཏུ་ཆོས་ལ་དད་གུས་པ། །དེ་དག་རྒྱལ་བར་ཆོས་ཉན་ངོམས་པ་མེད། །གང་དག་རྒྱལ་བའི་ཆོས་ཉན་མི་ངོམས་པ། །དེ་དག་ཆོས་ལ་མོས་པ་བསམ་མི་ཁྱབ། །གང་དག་རྟག་ཏུ་དགེ་འདུན་དད་གུས་པ། །དེ་དག་མི་ལྡོག་དགེ་འདུན་དད་པ་ཡིན། །གང་དག་མི་ལྡོག་དགེ་འདུན་རབ་དད་པ། །དེ་དག་དད་པའི་སྟོབས་ཀྱིས་ལྡོག་མི་འགྱུར། །ཞེས་དང་། གསང་བ་བསམ་མི་ཁྱབ་པའི་མདོ་ལས། དད་པ་དང་ལྡན་ན་སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་ལས་མི་ཉམས་ཤིང་། གང་དུ་སྐྱེ་བར་ཡང་དེ་དང་མི་འབྲལ་བར་འགྱུར་རོ། །ཞེས་དང་། དད་པ་དང་ལྡན་པ་ནི་སངས་རྒྱས་རྣམས་ཀྱི་སྤྱན་སྔར་སྐྱེས་ནས་དགེ་བ་གང་ཡིན་པ་ཡོངས་སུ་འཚོལ་བ་ལ་བརྩོན་པས་ཁྱིམ་དང་ཆུང་མ་དང་བུ་མོ་ལ་སོགས་པ་དོན་དུ་མི་གཉེར་བ། གཞོན་པ་ནས་རྩེ་བ་ལ་མི་དགའ་བས། དད་པས་རབ་ཏུ་བྱུང་སྟེ་དགེ་བའི་བཤེས་གཉེན་བསྟེན་ཞིང་། དགེ་བའི་བསམ་པས་ཆོས་ཉན་པ་དང་། སྒྲུབ་པ་ལ་ནན་ཏན་སྙིང་པོར་བྱེད་ཅིང་ཚིག་ལྷུར་ལེན་པ་མི་བྱེད་དོ། །དེ་མང་དུ་ཐོས་པ་ལ་བརྩོན་པར་བྱེད་ཅིང་། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱང་ཟང་ཟིང་ལ་མི་ལྟ་བར་སྙིང་རྗེས་གཞན་ལ་སྟོན་པར་བྱེད་དོ། །ཞེས་དང་། འཕགས་པ་བཟང་པོ་སྤྱོད་པ་ལས། ལན་གཅིག་ཙམ་ཡང་དད་པ་བསྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་གསུངས་ཤིང་། ཀུན་མཁྱེན་བླ་མས་བློ་གསལ་རི་བོང་གི་རྟོགས་པ་བརྗོད་པ་ལས་ཀྱང་། དད་པ་ནོར་རྣམས་ནང་ནས་རིན་པོ་ཆེ། །འདི་ཕྱིའི་ལེགས་པ་གང་ཡིན་ཆར་འབེབས་པས། །ཀླུ་དབང་ཡིད་བཞིན་དབང་གི་མཆོག་ལས་འཕགས། །དད་པ་ཟས་རྣམས་ནང་ནས་བདེ་བའི་ཟས། །ཏིང་འཛིན་ཡིད་བཞིན་དགའ་བ་བསྐྱེད་པས་ན། །འདོད་པའི་བཟའ་བཏུང་ཀུན་ལས་ཁྱད་པར་འཕགས། །དད་པ་གོས་རྣམས་ནང་ནས་མཆོག་གི་གོས། །ངོ་ཚ་ཁྲེལ་ཡོད་བག་དང་རབ་ལྡན་པས། །ལྷ་མིའི་གོས་མཆོག་དམ་པས་ཆར་མི་ཕོད། །དད་པ་རྒྱན་རྣམས་ནང་ནས་མཛེས་པའི་མཆོག །ཡོན་ཏན་རང་བཞིན་སྐྱེ་བོ་དམ་པ་མཚོན། །རྒྱལ་བས་བསྔགས་ཤིང་འཇིག་རྟེན་གསུམ་གྱིས་བསྟོད། །དད་པ་གནས་རྣམས་ནང་ནས་ཀུན་གྱི་མཆོག །དམ་པའི་བསྟི་གནས་ཡིད་བཞིན་མཚུངས་པ་མེད། །ལྷ་མིའི་ཁང་བཟང་མཆོག་རྣམས་ཀུན་ལས་འཕགས། །དད་པ་གྲོགས་རྣམས་ནང་ནས་མཆོག་གི་གྲོགས། །ཚེ་རབས་བགྲངས་ཀྱང་རྟག་ཏུ་འབྲལ་མི་ཤེས། །སྐྱོ་ངལ་མེད་པས་རྟག་ཏུ་ཕན་བདེ་བྱེད། །དད་པ་འཁོར་རྣམས་ནང་ནས་ཉེ་བའི་འཁོར། །རྨི་ལམ་ན་ཡང་བདག་གི་རྗེས་སུ་བྱེད། །ཅི་འདོད་སྒྲུབ་པས་དགེ་བའི་ལས་སུ་བྱེད། །དད་པ་གཉེན་རྣམས་ནང་ནས་ཉེ་བའི་གཉེན། །ལེགས་པ་སྟོན་ཅིང་ཉེས་པ་འགོག་པ་དང་། དགེ་བའི་ཕྱོགས་ལ་གྲོགས་དང་དོན་བྱེད་པ། །དད་པ་བཤེས་རྣམས་ནང་ནས་མཛའ་བའི་བཤེས། །མཆོག་ཏུ་ཉེ་ཞིང་རང་སྣང་ཆོས་ལ་བསྒྱུར། །བདེ་སྡུག་ཀུན་གྱི་དུས་སུ་འབྲང་བས་ན། །དད་པ་མགོན་རྣམས་ནང་ནས་སྐྱབས་ཀྱི་{ཀྱི་ལྷག}མཆོག །ངན་འགྲོ་འགོག་ཅིང་མཐོ་རིས་དགའ་བདེ་སྟེར། །འཁོར་བ་སྤངས་ཤིང་མྱ་ངན་འདས་ལ་འགོད། །དད་པ་སྟོན་པའི་ནང་ནས་རླབས་པོ་ཆེ། །གང་ཞིག་ཡོད་པས་ལེགས་ཚོགས་ཀུན་བསྒྲུབ་ནས། །མཐར་ཐུག་རྒྱལ་བའི་འབྱོར་པས་མཛེས་པར་བྱེད། །དད་པ་ཆོས་རྣམས་ནང་ནས་རྩ་བ་སྟེ། །དམ་པ་རྣམས་ཀྱི་ལམ་སྲོལ་ཤིང་རྟ་ཆེ། །འདི་ཕྱིར་ལེགས་པ་ཀུན་གྱི་གཞི་ཡིན་པས། །དད་པའི་རང་བཞིན་བཟང་པོ་བསྐྱེད་པར་མཛོད། །ཅེས་རྗེས་སུ་གདམས་པར་མཛད་པ་བཞིན་ནོ། །གཉིས་པ་དངོས་གཞི་ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་བཤད་པ་ལ་གསུམ། རྣམ་དབྱེ་སྤྱིར་བསྟན་པ། ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ལུང་སྙིང་པོར་དྲིལ་བ། ཇི་ལྟར་སྐྱབས་སུ་འགྲོ་ཚུལ་གྱི་དམིགས་ཁྲིད་དངོས་བཤད་པའོ། །དང་པོ་ལ་གཉིས། མཚན་ཉིད་རྒྱུ་ཡི་སྐྱབས་འགྲོ་དང་། འབྲས་བུ་རྡོ་རྗེ་ཐེག་པའི་ལུགས་ཀྱི་སྐྱབས་འགྲོའོ། །དང་པོ་ལ། གང་སྐྱབས་སུ་འགྲོ་བའི་གང་ཟག་ནི། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། ལམ་རྣམས་ཀུན་གྱི་གཞི་རྟེན་སྐྱབས་སུ་འགྲོ། །སྐྱེས་བུ་ཆུང་རྣམས་ངན་འགྲོས་འཇིགས་པ་སྟེ། །འབྲིང་གཉིས་སྲིད་པས་འཇིགས་དང་ཆེན་པོ་རྣམས། །འཁོར་བའི་སྡུག་བསྔལ་ཆ་དང་བཅས་མཐོང་ནས། གཞན་གྱི་སྡུག་བསྔལ་མི་བཟོད་ཞི་བདེས་འཇིགས། །རྒྱལ་སྲས་ཐེག་པ་ཆེ་རྣམས་འགྲོ་བའི་ཕྱིར། །སྐྱབས་སུ་འགྲོ་བྱེད་གསུམ་དང་བསམ་པ་གསུམ། །ཕལ་པ་མཆོག་དང་བླ་ན་མེད་པའོ། །ཞེས་གསུངས་པས། ཆོ་གས་བླངས་པའི་སོར་བྱང་སྔགས་གསུམ་གྱི་སྡོམ་པ་ཀུན་གྱི་རྟེན་གཞིར་མེད་ཐབས་མེད་པས་ལམ་གྱི་རྩ་བ་ནི་སྐྱབས་སུ་འགྲོ་བ་ཉིད་ཡིན་ལ། དེར་འགྲོ་བྱེད་ཀྱི་གང་ཟག་ཀྱང་གསུམ་སྟེ། འདི་ལྟར་ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་ནས་བདེ་འགྲོ་མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་བའི་ཕྱིར། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་ཆུང་ངུ་ཞེས་བྱ་སྟེ། འབྲས་བུ་གནས་སྐབས་ཀྱི་བདེ་བ་ཙམ་དོན་དུ་གཉེར་བ་ལས་གཞན་མེད་པའི་ཕྱིར་ཕལ་པའམ་དམན་པ་ཡིན་ལ། འཁོར་བའི་སྡུག་བསྔལ་མཐའ་དག་ལ་སྐྲག་ནས་རང་ཉིད་གཅིག་པུ་ཞི་བདེ་དོན་དུ་གཉེར་བའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་འབྲིང་ཞེས་བྱ་སྟེ། འཁོར་བ་ལས་རང་ཉིད་ཙམ་ཐར་པའི་འབྲས་བུ་ལ་དམིགས་པའི་ཕྱིར་སྔ་མ་ལ་ལྟོས་ནས་མཆོག་ཏུ་བཞག་པའོ། །མཐའ་མེད་པར་འཁོར་བའི་སེམས་ཅན་གཞན་རྣམས་ཀྱི་སྡུག་བསྔལ་མཐོང་ནས། དེ་རྣམས་འཁོར་བ་ལས་བསྒྲལ་བའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན་གྱི་དོན་དུ་སངས་རྒྱས་འདོད་པ་ལ་དམིགས་པའི་ཕྱིར་དེའི་གོང་ན་གཞན་མེད་པས་བླ་ན་མེད་པའི་སྒྲས་བསྟན་ཏོ། །དེའི་ཕྱིར་ད་རེས་ཀྱི་སྐབས་སུ་སྐྱེས་བུ་ཆུང་འབྲིང་གི་ཆ་ལས་ལོག་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱེས་བུ་ཆེན་པོའི་རྗེས་སུ་བསླབ་པར་བྱའོ། །དུས་ཀྱི་ཁྱད་པར་ཡང་བསམ་པའི་རྗེས་སུ་འགྲོ་བས། སྐྱེས་བུ་ཆུང་ངུ་རྣམས་ཇི་སྲིད་ཕྱི་མའི་བདེ་འབྲས་མཐོ་རིས་ཐོབ་ཀྱི་བར་ཡིན་ཞིང་། འབྲིང་ནི་གནས་སྐབས་ཇི་སྲིད་འཚོའི་བར་དང་མཐར་ཐུག་ཉན་རང་གི་འབྲས་བུ་ཐོབ་ཀྱི་བར་ཡིན་ལ། ཆེན་པོ་ནི་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་ཏེ་ནམ་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་མ་གྱུར་གྱི་བར་ཏེ་སྐབས་འདིར་དེའི་རྗེས་སུ་འབྲང་བར་བྱ་བ་ཡིན་ནོ། །གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི། འཇིག་རྟེན་ན་ཆེ་བར་གྲགས་པའི། ཚངས་པའམ། ཁྱབ་འཇུག་གམ། མ་ཧཱ་དེ་ཝ་ལ་སོགས་པ་ཕྱི་རོལ་པ་རྣམས་ལ་གྲགས་པ་དང་། རང་རང་གི་ཡུལ་གྱི་རི་བྲག་ལྗོན་ཤིང་སོགས་ལ་གནས་པའི་ལྷ་ཀླུ་གནོད་སྦྱིན་མི་མ་ཡིན་གྱི་སྡེ་ཚན་རྣམས་དང་། རང་རང་གི་ཕ་མ་གཉེན་འདུན་མཛའ་བཤེས་ལ་སོགས་གང་གིས་ཀྱང་སྐྱོབ་པར་མི་ནུས་ཏེ། རང་ཉིད་འཁོར་བའི་འཇིགས་པ་ལས་མ་གྲོལ་བའི་ཕྱིར་དེ་དག་ནམ་ཡང་སྐྱབས་སུ་བརྟེན་བྱ་མ་ཡིན་ཏེ། མདོ་རྒྱལ་མཚན་དམ་པ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། ཀུན་དགའ་ར་བ་མཆོད་རྟེན་དང་། །ལྗོན་ཤིང་དག་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་ལ་ནི་བརྟེན་ནས་སུ། །འཇིགས་པ་ཀུན་ལས་སྐྱོབ་མི་ནུས། །ཞེས་དང་། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ཕ་མ་ཁྱེད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །ཇི་ལྟར་འདོད་པ་བཞིན་དུ་འགྲོ། །འཇིགས་གྱུར་འཇིགས་པ་སེལ་མཛད་ཅིང་། །སྐྱབས་མེད་སྐྱོབ་པའི་སངས་རྒྱས་དང་། །ཆོས་དང་ཚོགས་མཆོག་དགེ་འདུན་ལ། །དེ་རིང་སྐྱབས་སུ་འགྲོ་བར་གྱིས། །ལྷ་དང་དྲི་ཟ་མི་རྣམས་ལས། །གང་དག་དེ་ལ་སྐྱབས་སོང་བ། །འཇིགས་པ་ཀུན་ལས་ཐར་བར་འགྱུར། །བདེ་བ་རྙེད་པར་དཀའ་བ་མེད། །ཅེས་གསུངས། དེས་ན་གནས་སྐབས་དང་མཐར་ཐུག་གི་འཇིགས་དང་སྡུག་བསྔལ་ལས་སྐྱོབ་ནུས་པ་ནི་སྐྱབས་གནས་དཀོན་མཆོག་གསུམ་འབའ་ཞིག་ཡིན་པས་དེ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། དེ་ལའང་ཐེག་པ་ཆེ་ཆུང་སོགས་གྲུབ་མཐའི་དབྱེ་བས་འདོད་ཚུལ་མང་ཡང་། འདིར་ཐེག་པ་ཆུང་ངུ་དང་ཆེན་པོའི་ལུགས་གཉིས་ལས། ཐེག་པ་ཆུང་ངུ་པས་ནི། སངས་རྒྱས་ནི་མཆོག་གི་སྤྲུལ་པའི་སྐུའོ། །ཆོས་ལུང་དང་རྟོགས་པའི་བདག་ཉིད་གསུང་རབ་ཡན་ལག་བཅུ་གཉིས་ཏེ། ཐེག་དམན་གྱི་སྡེ་སྣོད་དང་། སོ་སོའི་རྒྱུད་ཀྱི་ལམ་དང་ཏིང་ངེ་འཛིན་ལ་སོགས་པའོ། །དགེ་འདུན་ལ་སྐྱེ་འཕགས་གཉིས་ལས། སོ་སོའི་སྐྱེ་བོ་ལ་དགེ་འདུན་ཆུང་ངུ་དགེ་ཚུལ་ཕ་མ་དགེ་བསྙེན་དང་བཅས་ཏེ་འགྲོ་བའི་བསོད་ནམས་ཀྱི་ཞིང་ཡིན་པའི་ཕྱིར་རོ། །ཆེན་པོ་བསྙེན་པར་རྫོགས་པ་སྟེ། དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཞེས་སོ། །དེའང་བཞིར་ལོངས་ནས་དགེ་འདུན་འདུས་པ་ཞེས་བྱའོ། །འཕགས་པ་ལ། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པའི་ཞུགས་པ་བཅས་ཏེ། དགྲ་བཅོམ་འབྲས་གནས་ནི་སངས་རྒྱས་ཀྱི་ཁོངས་སུ་བསྡུ་བར་འདོད་དོ། །ཐེག་པ་ཆེན་པོ་ལ་གྲགས་པ་ནི། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དག་པ་གཉིས་ལྡན་མཐར་ཐུག་པ་དོན་གཉིས་ཕུན་སུམ་ཚོགས་པ་སྟེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པ་སངས་རྒྱས་ཉིད། །ཅེས་གསུངས་ཏེ། རྒྱུ་རྐྱེན་གྱིས་གསར་དུ་མ་བསྐྱེད་པས་འདུས་མ་བྱས་དང་། འབད་རྩོལ་གྱིས་གཡོ་བ་མེད་པས་ལྷུན་གྱིས་གྲུབ་པ་དང་། སངས་རྒྱས་ཉིད་ཀྱི་རང་བྱུང་གི་ཡེ་ཤེས་ཀྱིས་གཟིགས་པས་གཞན་རྐྱེན་གྱིས་རྟོགས་པ་མིན་པ་སྟེ། རང་དོན་ཆོས་སྐུའི་ཡོན་ཏན་གསུམ་དང་། སྔ་མ་གསུམ་གྱི་དོན་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་མཁྱེན་པ་དང་། གདུལ་བྱ་གཞན་རྣམས་དེ་ལ་འགོད་པར་བཞེད་པའི་བརྩེ་བ་དང་། གཞན་རྒྱུད་ཀྱི་སྡུག་བསྔལ་རྒྱུ་འབྲས་སེལ་བའི་ནུས་པ་སྟེ། གཞན་དོན་གཟུགས་སྐུའི་ཡོན་ཏན་གསུམ་བཅས་དྲུག་དང་། དབྱེ་གཞི་གཉིས་སོ་སོར་བགྲངས་པའི་ཡོན་ཏན་བརྒྱད་དང་ལྡན་པ་ཉིད་དོ། །ཆོས་ནི་ངོ་བོ་སྨྲ་བསམ་བརྗོད་དུ་མེད་པ། རང་བཞིན་སངས་རྒྱས་སུ་འགྲོ་བའི་ལམ་མམ་གཉེན་པོ་ཡིན་པ་རྣམ་པ་ལམ་དང་འགོག་པ་གཉིས་ཀྱི་མཚན་ཉིད་ཅན་དོན་གྱི་ཆོས་དང་། ཚིག་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཏེ། དེ་ཉིད་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་གསུངས་ཏེ། བརྡ་དང་ཐ་སྙད་དཔེ་དང་གཏན་ཚིགས་སོགས་ཐ་སྙད་ཀྱི་ཤེས་པས་གཞལ་ཡུལ་མིན་པའི་ཕྱིར་བསམ་དུ་མེད་པ་དང་། ལས་དང་ཉོན་མོངས་པ་ཞི་བས་གཉིས་མེད་དང་། དེའི་རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་དང་བྲལ་བས་རྟོག་མེད་དེ། གང་ཞིག་ཆགས་པ་དང་བྲལ་བ་འགོག་བདེན་གྱི་ཡོན་ཏན་གསུམ་དང་། ཉོན་སྒྲིབ་ཀྱི་དྲི་མ་མེད་པས་རྣམ་པར་དག་པ། ཤེས་སྒྲིབ་དང་བྲལ་བས་ཡེ་ཤེས་ཀྱི་སྣང་བ་གསལ་བ། དུག་གསུམ་འཇོམས་པས་གཉེན་པོའི་ཕྱོགས་སུ་གྱུར་པ་སྟེ། གང་གིས་ཆགས་པ་དང་བྲལ་བར་བྱེད་པ་ལམ་བདེན་གྱི་ཡོན་ཏན་གསུམ་བཅས་དྲུག་དང་། དབྱེ་གཞི་སོ་སོར་བསྒྲངས་པའི་ཡོན་ཏན་བརྒྱད་དང་ལྡན་པ་ནི་ཆོས་དཀོན་མཆོག་གོ །ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ནི། མདོ་ཡི་སྡེ་དང་། དབྱངས་སུ་བསྙད་པ་དང་། ལུང་དུ་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། རྟོགས་པ་བརྗོད་པ་དང། དེ་ལྟ་བུ་བྱུང་བ་དང་། གླིང་གཞི་དང་། ཤིན་ཏུ་རྒྱས་པ་དང་། སྐྱེས་རབས་དང་། གཏན་ལ་དབབ་པ་དང་། རྨད་དུ་བྱུང་བའི་སྡེ་རྣམས་སོ། །དེ་ལ་འགོག་པ་གཉིས་ནི་དྲི་མ་སྔར་ཡོད་གཉེན་པོས་བསལ་ཏེ་སྤྲོས་པ་མེད་པར་སོ་སོར་བརྟ གས་པའི་འགོག་པ་དང་། དྲི་མའམ་སྤྲོས་པ་ནམ་མཁའ་ལྟར་རང་བཞིན་གྱིས་མེད་པའི་དོན་ལ་མཉམ་པར་འཇོག་པ་སོ་སོར་བརྟགས་མིན་གྱི་འགོག་པའོ། །ལམ་ནི་ཚོགས་སྦྱོར་མཐོང་སྒོམ་གྱི་རྟོགས་པའི་ཆའོ། །མདོར་ན་བདེན་གཉིས་ཀྱི་མཚན་ཉིད་འཛིན་པ་ལུང་དང་རྟོགས་པའི་ཆོས་ཐམས་ཅད་དོ། །དགེ་འདུན་ནི་སེམས་ཀྱི་རང་བཞིན་འོད་གསལ་བའི་དོན་གསར་དུ་མཐོང་བ་འཕགས་པའི་ས་བཅུ་ལ་གནས་པ་སྟེ། དེ་ཉིད་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དང་ལྡན་ཕྱིར། བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་ཏེ། གདོད་མ་ནས་རྣམ་པར་དག་པའི་ཆོས་དབྱིངས་བདེ་གཤེགས་སྙིང་པོ་ཉིད་ཕྱིན་ཅི་མ་ལོག་པར་གཟིགས་པ་ཇི་ལྟ་བ་དང་། དེ་ཉིད་སེམས་ཅན་མཐའ་ཡས་པ་ཀུན་གྱི་ཆོས་ཉིད་དུ་རང་བཞིན་མཉམ་པར་གཟིགས་པ་ཇི་སྙེད་པ་མཁྱེན་པ། དེ་གཉིས་གཞན་དང་ཐུན་མོང་མིན་པར་ནང་སོ་སོ་རང་གི་ཡེ་ཤེས་ཀྱིས་གཟིགས་པ་སྟེ་རིག་པའི་ཡོན་ཏན་གསུམ་དང་། དེ་དག་ཀྱང་ཆགས་པ་ཉོན་མོངས་པ། ཐོགས་པ་ཤེས་བྱའི་སྒྲིབ་པ། དམན་པ་ཉན་རང་གི་སྒྲིབ་པ་སྟེ། སྒྲིབ་པ་གསུམ་ལས་གྲོལ་ཞིང་རྣམ་པར་དག་པ་སྟེ་གྲོལ་བའི་ཡོན་ཏན་གསུམ་དང་། ཁ་ཅིག་གིས་དབྱེ་གཞི་སོ་སོར་བསྒྲངས་པའི་ཡོན་ཏན་བརྒྱད་དང་ལྡན་པར་ཡང་བཞེད་ལ། དེ་ལྟ་བུའི་བློ་ལྡན་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཚོགས་ནི་ཉན་རང་ལས་མཆོག་ཏུ་གྱུར་པའི་བླ་ན་མེད་པའི་ཡོན་ཏན་དང་ལྡན་པ་ཉིད་དོ། །གཞན་ཡང་མདུན་དུ་བཞག་པའི་སངས་རྒྱས་ཞེས་མདོ་ལས་གསུངས་པའི་ཕྱིར་ཆོས་དང་དགེ་འདུན་ལ་ཡང་དེས་འགྲེ་བས། མདུན་བཞག་གི་སངས་རྒྱས་ནི་སྐུ་གཟུགས་དང་མཆོད་རྟེན། ཆོས་ནི་མདོ་སྔགས་ཀྱི་གླེགས་བམ་ཡི་གེའི་གཟུགས་སུ་སྣང་བ། དགེ་འདུན་ནི་སོ་སྐྱེའི་དགེ་འདུན་ཚུལ་ཁྲིམས་དང་ལྡན་པ་དག་སྟེ། འདི་རྣམས་ཀྱང་གདུལ་བྱའི་དབང་གིས་སངས་རྒྱས་ཉིད་དེ་དང་དེར་སྤྲུལ་པ་ཡིན་པས་སྐྱབས་ཀྱི་ཡུལ་དུ་གཟུང་བར་བྱ་སྟེ། སངས་རྒྱས་ཕལ་པོ་ཆེ་ལས། ཀྱེ་དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་ལ་གང་གིས་འདུལ་བ་ལ། དེ་དང་དེའི་ཁ་དོག་དང་མིང་གིས་དོན་མཛད་དོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་ལ་སྦྱོར་བའི་དོན་མཛད་དོ། །ཞེས་དང་། ཕལ་ཆེན་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་སྣང་། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་ང་ལ་གུས་པ་གྱིས། །ཞེས་དང་། མྱང་འདས་ལས། ང་ནི་སྙིགས་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་དཀོན་མཆོག་ཅེས་བྱ་སྙམ་ན། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་པས། རཏྣའི་སྒྲས་ལས་དྲང་ན་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན་པ་དྲུག་གིས་བསྟན་ཏེ། བསྐལ་པ་མང་པོར་དགེ་བའི་རྩ་བ་མ་བསྐྲུན་པ་རྣམས་དང་འཕྲད་པར་མི་འགྱུར་བའི་ཕྱིར་འབྱུང་བ་དཀོན་པ་དང་། རྣམ་པ་ཐམས་ཅད་དུ་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པ་དང་། མངོན་པར་ཤེས་པ་དྲུག་སོགས་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་མཐུ་དང་ལྡན་པ་དང་། འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པའི་ཕྱིར་འཇིག་རྟེན་གྱི་རྒྱན་དུ་གྱུར་པ་དང་། འཇིག་རྟེན་ལས་འདས་པའི་ཕྱིར་མཆོག་ཏུ་གྱུར་པ་དང་། འདུས་མ་བྱས་ཀྱི་རང་བཞིན་ཡིན་པའི་ཕྱིར་འགྱུར་བ་མེད་པ་ཉིད་ཀྱིས་སོ། །དེ་ལྟར་གསུམ་དུ་འཇོག་པའི་ཚུལ་ཡང་། དེ་ཉིད་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་གཞག་པ་ཡིན། །ཞེས་གསུངས། དེ་ཡང་གནས་སྐབས་སུ་གདུལ་བྱ་རིམ་གྱིས་གཞུག་པའི་དོན་དུ་ཐེག་པ་གསུམ་དང་བྱེད་པ་གསུམ་སྟེ་གང་ཟག་དྲུག་གི་དབང་དུ་བྱས་ཏེ་སྐྱབས་གསུམ་དུ་འཇོག་པར་མཛད་པ་ཡིན་ཏེ། ཐེག་པ་གསུམ་ལས་ཐེག་པ་ཆེན་པོས་རྫོགས་བྱང་ཉིད་དོན་དུ་གཉེར་བ་དང་། བྱེད་པ་གསུམ་ལས་སངས་རྒྱས་ནི་རྐང་གཉིས་རྣམས་ཀྱི་མཆོག་ཏུ་རིག་ནས་ཕྱག་མཆོད་སོགས་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་ངོར་སངས་རྒྱས་ཉིད་སྐྱབས་སུ་བཞག་ལ། དེ་བཞིན་དུ་རང་རྒྱལ་གྱི་ཐེག་པ་རང་གི་རྟེན་འབྲེལ་གྱི་ཆོས་ཟབ་མོ་རྟོགས་ཤིང་ཐོབ་པར་འདོད་པ་དང་། ཆོས་ནི་ཆགས་པ་དང་བྲལ་བའམ་བྲལ་བྱེད་ཀྱི་མཆོག་ཏུ་རིག་ནས་ཀློག་པ་སོགས་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་ངོར་ཆོས་དང་། ཉན་ཐོས་ཀྱི་ཐེག་པ་བ་གཞན་གྱིས་བསྟན་པའི་རྗེས་སུ་འབྲངས་ནས་ཟུང་བཞི་ཡ་བརྒྱད་ཀྱི་འབྲས་བུ་ཐོབ་པར་འདོད་པ་དང་། དགེ་འདུན་ནི་ཚོགས་ཀྱི་མཆོག་ཏུ་རིག་ནས་མཁོ་བའི་ཡོ་བྱད་བསྟབ་པ་སོགས་ཀྱི་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་ངོར་དགེ་འདུན་ཉིད་སྐྱབས་སུ་བཞག་པ་སྟེ། མདོར་ན་རྒྱུའི་ཐེག་པའི་སྐབས་སུ་སྐྱབས་སུ་བསྟེན་བྱའི་ཡུལ་ནི། གཞན་རྒྱུད་ཀྱིས་བསྡུས་པའི་དཀོན་མཆོག་གསུམ་ཡིན་ཏེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྐྱབས་འགྲོའི་ཡུལ་ནི་དཀོན་མཆོག་གསུམ་ཉིད་དེ། །རྒྱུ་ཡི་ཡུལ་གྱུར་གཞན་རྒྱུད་བྱོན་ཟིན་པའི། །སངས་རྒྱས་སྐུ་གསུམ་སྤངས་རྟོགས་ཕྲིན་ལས་ལྡན། །ཆོས་ནི་འགོག་ལམ་བདེན་པ་རྣམ་པ་གཉིས། །དགེ་འདུན་སར་ཞུགས་རྒྱལ་སྲས་འཕགས་རྣམས་ཏེ། །གནས་སྐབས་དེ་གསུམ་མཚུངས་པར་སྐྱབས་སུ་འགྲོ། །ཞེས་གསུངས། དེ་གསུམ་ལ་སྐྱབས་སུ་ཇི་ལྟར་འགྲོ་ན། སངས་རྒྱས་ལ་སྟོན་པ་ཞུ་སྟེ། བླང་དོར་གྱི་གནས་མི་ཤེས་པ་སྟོན་མཁན་ཞུ་བ་དང་། ཆོས་ལ་སྐྱབས་དངོས་ཞུ་སྟེ། སངས་རྒྱས་ཀྱིས་བླང་དོར་བསྟན་པ་དེ་ཆོས་ཡིན་པས། དེའི་ནང་ནས་འབྱུང་བ་ལྟར་ལག་ལེན་ལ་བཏབ་པས་འཇིགས་པ་ཀུན་ལས་ཐར་པའི་བདེ་བ་མཆོག་དེ་ཐོབ་པའི་ཕྱིར་རོ། །དགེ་འདུན་ལ་ཟླ་གྲོགས་ཞུ་སྟེ། རྒྱུས་མེད་ཀྱི་ལམ་དུ་འགྲོ་བ་ལ་ལམ་སྣ་འཚོལ་བ་ཡིན། དཔེར་ན་ལམ་སྣ་བ་གར་སོང་ལ་འགྲོ་དགོས་པ་ལྟར་དེ་རྣམས་ཀྱིས་གང་མཛད་ཀྱི་རྗེས་སུ་སློབ་དགོས་པ་ཡིན། དངོས་ནི་འཕགས་པ་མངོན་སུམ་དུ་མཇལ་བའི་དབང་དུ་བྱས་མོད། འཕགས་པ་ལས་གཅིག་ལས་གཅིག་ཏུ་བརྒྱུད་པའི་མན་ངག་དང་ལག་ལེན་གྱི་རྒྱུན་ཡོད་པའི་སོ་སྐྱེའི་དགེ་འདུན་རྣམ་དག་ཡོད་ན་དེ་ལ་ཡང་བློ་གཏད་འཆར་རུང་སྟེ། དེང་སང་ནི་འདི་ཉིད་གཙོ་ཆེ་སྟེ། མདོ་རྒྱུད་ཀུན་ནས་དགེ་བའི་བཤེས་གཉེན་ཉིད་ལམ་སྟོན་གྱི་སྐྱེལ་མ་མཆོག་ཏུ་གསུངས་པ་ཡིན། གཞན་ཡང་སངས་རྒྱས་ནི་མཁྱེན་བརྩེ་ནུས་གསུམ་མཐའ་ཡས་པ་མངའ་བའི་ཕྱིར་ཏེ། མཁྱེན་པས་སྐྱབས་སུ་སོང་བའི་སེམས་ཅན་ཐམས་ཅད་འཇིགས་པ་དང་སྡུག་བསྔལ་ལས་དང་ཉོན་མོངས་པ་ཐམས་ཅད་ལས་སྐྱོབ་པའི་ཐབས་མ་ལུས་པ་མཁྱེན། བརྩེ་བས་སེམས་ཅན་གྱི་དོན་ལ་བཏང་སྙོམས་མི་མཛད་པར་རྟག་ཏུ་སྐྱོབ་པར་མཛད། ནུས་པས་གདུལ་བྱ་རང་རང་གི་སྐལ་བ་དང་འཚམ་པར་སྐྱོབ་ནུས་པའི་ཕྱིར་སངས་རྒྱས་ཀྱིས་སྐྱབས་ཐུབ་པ་ཡིན། དགེ་འདུན་འཕགས་པ་ཡང་རླབས་ཆེ་ཆུང་གི་ཁྱད་ཙམ་མ་གཏོགས་དེ་དང་ཕྱོགས་མཚུངས་ཏེ། མཁྱེན་བརྩེ་ནུས་གསུམ་ཁྱད་པར་ཅན་མངའ་བས་སྐྱབས་སུ་འོས་ཤིང་སྐྱོབ་པར་མཛད་པ་ཡིན། སྐྱོབ་ལུགས་ཀྱི་གཙོ་བོ་ནི། སངས་རྒྱས་དགེ་འདུན་དང་བཅས་པས་གསུངས་པའི་དམ་པའི་ཆོས་ལྟར་དུ་བསྒྲུབས་པས། རྒྱུ་ཉོན་མོངས་སྤངས་ན། འབྲས་བུ་སྡུག་བསྔལ་དང་འཇིགས་པ་ཐམས་ཅད་ལས་གྲོལ་འགྲོ་བའི་ཚུལ་འདི་ཡིན། སྐྱོབ་ལུགས་ཀྱི་རྣམ་གྲངས་གཞན་ཕལ་པ་ནི། འཇིགས་དང་སྡུག་བསྔལ་གྱི་རྒྱུ་ལས་ཉོན་སྤོང་བ་ཁོ་ན་ལ་མ་ལྟོས་ཀྱང་། སངས་རྒྱས་ཀྱི་མཚན་བཟུང་བ་དང་། ཕྱག་འཚལ་བ་དང་། གསོལ་བ་བཏབ་པ་ཙམ་གྱིས་ཀྱང་གནས་སྐབས་འཇིགས་པ་བརྒྱད་དམ་བཅུ་དྲུག་སོགས་ཉེར་འཚེ་ཐམས་ཅད་ལས་དངོས་སུ་སྐྱོབ་པར་མཛད་ཅིང་། ངན་སོང་དུ་སྐྱེ་བར་འགྱུར་བ་ཡང་གཏན་ནས་ཟློག་པའམ། ཐག་སྲིང་བར་བྱེད་པ་སོགས་སྒོ་ཐམས་ཅད་ནས་སྐྱོབ་པར་མཛད་པ་ཡིན། དེར་མ་ཟད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་སྨོན་ལམ་དང་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ནི་ཚད་མེད་དེ། ཆོ་འཕྲུལ་རྣམ་པར་བསྟན་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མང་ངོ་། །སེམས་ཅན་གྱི་བསམ་པ་ཇི་ལྟ་བུ། ཇི་ལྟར་འདུལ་བ་དང་། དགེ་བའི་རྩ་བ་ཇི་ལྟ་བུ་དང་། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་སྤྱོད་པ་མཁྱེན་ནས་ཆོས་སྟོན་ཏེ། སེམས་ཅན་ཁ་ཅིག་ནི་བྱང་ཆུབ་སེམས་དཔས་འདུལ། ཁ་ཅིག་ནི་ཉན་ཐོས་ཀྱིས་འདུལ། ཁ་ཅིག་ནི་རང་སངས་རྒྱས་ཀྱིས་འདུལ། ཁ་ཅིག་ནི་ལྷས་འདུལ། ཁ་ཅིག་ནི་བརྒྱ་བྱིན་གྱིས་འདུལ། ཁ་ཅིག་ནི་ཚངས་པས་འདུལ། ཁ་ཅིག་ནི་ཀླུས་འདུལ། ཁ་ཅིག་ནི་རྫུ་འཕྲུལ་ཆེན་པོས་འདུལ། ཁ་ཅིག་ནི་རྒྱལ་པོས་འདུལ། ཁ་ཅིག་ནི་ཏིང་ངེ་འཛིན་གྱིས་འདུལ། ཁ་ཅིག་ནི་ཆོས་ཉན་པས་འདུལ། ཁ་ཅིག་ནི་ཆོ་འཕྲུལ་གྱིས་འདུལ། ཁ་ཅིག་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པས་འདུལ། ཁ་ཅིག་ནི་རིང་བསྲེལ་གྱིས་འདུལ། ཁ་ཅིག་ནི་མཆོད་རྟེན་བྱེད་དུ་འཇུགགཙུག་ལག་ཁང་དང་། སྐྱེད་མོས་ཚལ་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་སྐུ་གཟུགས་བྱེད་དུ་གཞུག་པ་དང་། རི་མོ་དང་། གསེར་དང་དངུལ་དང་ར་གན་གྱི་སྐུ་གཟུགས་བྱེད་དུ་གཞུག་པའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་དགེ་སློང་གི་དགེ་འདུན་ལ་མཆོད་པ་དང་བཀུར་སྟི་བྱ་བའི་དགེ་བའི་རྩ་བ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མདོ་སྡེ་འདྲི་བ་དང་འདྲིར་འཇུག་པ་དང་། བསླབ་པ་ལ་སྤྲོ་བ་བསྐྱེད་པས་འདུལ། ཁ་ཅིག་ནི་མར་མེ་དང་། སྤོས་དང་། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། དོ་ཤལ་ལ་སོགས་པས་བརྒྱན་པ་ལ་སྤྲོ་བ་བསྐྱེད་པས་འདུལ་བ་ཡིན་ཏེ། དོན་དམ་པ་མཁས་པའི་ཆོས་དང་ལྡན་པ་དང་། མྱ་ངན་ལས་འདས་པའི་ཆོས་དང་ལྡན་པ་ནི་མ་ཡིན་ནོ། །ཞེས་དང་། ཕལ་པོ་ཆེ་ལས། རྩྭ་སྐམ་སྤུངས་པ་རི་བོ་མཆོག་ཙམ་ཡོད་གྱུར་ཀྱང་། །མེ་མདག་ཡུང་འབྲུ་ཙམ་གྱིས་དེ་ཉིད་ཚིག་འགྱུར་ཏེ། དེ་བཞིན་བདེ་གཤེགས་རྣམས་ལ་མཆོད་པ་གཅིག་བྱས་པར། །ཉོན་མོངས་ཐམས་ཅད་ཚིག་བྱེད་མྱ་ངན་འདས་རྒྱུར་འགྱུར། །རི་བོ་ཁ་བ་ཅན་ལ་མཐོང་ལེགས་སྨན་ཡོད་དེ། །དེ་ཉིད་མཐོང་ཞིང་ཐོས་པས་ནད་རྣམས་ཞི་བར་བྱེད། །དེ་བཞིན་སྟོབས་བཅུ་རྣམས་ནི་མཐོང་ངམ་ཐོས་གྱུར་ཀྱང་། །ཡོན་ཏན་ཀུན་ལྡན་སངས་རྒྱས་ཡེ་ཤེས་ཐོབ་པར་འགྱུར། །ཞེས་དང་། དམ་ཆོས་པདྨ་དཀར་པོ་ལས། གང་གི་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་བརྒྱ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འབྲི་{ འདྲི}རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ཏེ་གཞོན་ནུའང་། །གང་དག་ལ་ལས་དེ་ནི་སློབ་པའི་ཚེ། །རྩེད་མོ་དགའ་དང་བསང་བར་བྱེད་པ་ན། རྩིག་ངོས་སེན་མོས་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་སྙིང་རྗེ་ཅན་དུ་འགྱུར། །ཐམས་ཅད་ཀྱང་ནི་སྲོག་ཆགས་བྱེ་བ་སྒྲོལ། །བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །ཅེས་དང་། གསལ་རྒྱལ་གྱིས་ཞུས་པ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་ཐོབ། །ཅེས་སོགས་དང་། འོད་ཟེར་དྲི་མེད་ཀྱི་གཟུངས་ལས། ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཡི་གེར་བྲི་བ་གཞན་གྱི་མིང་ནས་སྨོས་ཏེ། མཆོད་རྟེན་གྱི་ནང་དུ་བཅུག་ལ་ནན་ཏན་དུ་མཆོད་པ་བྱས་ན་ཤི་བ་གང་ཡིན་པ་དེ་ངན་སོང་གི་གནས་ནས་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ཡང་ན་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་དེ་ལ་བསྐོར་བ་བྱས་སམ། མཆོད་པ་ཕུལ་ཡང་རུང་སྟེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་མ་ལུས་པ་འབྱང་བར་འགྱུར་རོ། །ཐ་ན་བྱ་དང་རི་དྭགས་སོགས་ཏེ་གང་དག་ལ་མཆོད་རྟེན་དེའི་གྲིབ་མ་ཕོག་པ་དེ་དག་ཀྱང་ནམ་ཡང་དུད་འགྲོ་ལ་སོགས་པ་ངན་སོང་གི་གནས་སུ་སྐྱེ་བར་མི་འགྱུར་རོ། །གང་ལ་ལ་མཚམས་མེད་པ་ལྔའི་སྡིག་པ་ཆེན་པོ་དང་ལྡན་པ་ཡང་མཆོད་རྟེན་དེ་ལ་རེག་གམ། དེའི་གྲིབ་མ་ཕོག་ཀྱང་རུང་སྟེ། དེའི་སྡིག་པ་ཐམས་ཅད་བྱང་ཞིང་ཟད་པར་འགྱུར་རོ། །ཞེས་དང་། ཡང་གང་ལ་ལ་ཞིག་གིས་མཆོད་རྟེན་འདི་ལྟ་ བུ་རྨི་ལམ་དུ་རྨིས་སམ། རྒྱང་ནས་མཐོང་ངམ། དྲིལ next hit་བུའི་སྒྲ་ཐོས་སམ། མཆོད་རྟེན་བཞེངས་པ་རྣ་བར་གཏམ་ཐོས་པ་དེ་དག་ཀྱང་མཚམས་མེད་པ་ལྔ་ལ་སོགས་ཏེ། སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་སྟེ། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྲུང་བ་དང་། རྗེས་སུ་དགོངས་པ་མཛད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །ཞེས་དང་། གཞན་ཡང་གསང་བ་རིང་བསྲེལ་ཟ་མ་ཏོག་གི་གཟུངས་དང་། སྒྲིབ་སེལ་གྱི་གཟུངས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་དང་། གཙུག་ཏོར་རྣམ་པར་རྒྱལ་བའི་མདོ་སོགས་ལས་ཀྱང་ཚུལ་དེ་དང་མཐུན་པར་གསུངས་ཤིང་། ཆོ་འཕྲུལ་རྣམ་པར་བསྟན་པའི་མདོ་ལས། འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པས་གང་བར་བགྱིས་ཏེ་ལོ་འབུམ་དུ་ལྷའི་ཡོ་བྱད་སྣ་ཚོགས་པས་མཆོད་པ་དང་། འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ་ལ་བཞག་ཅིང་། དེ་དག་ལ་ལོ་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་མཆོད་པ་ལས་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་འབྲི་འཆང་ཉན་ཀློག་གི་ཕན་ཡོན་ཆེ་བར་གསུངས་པ་དང་། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་ལས། མདོ་དེ་ཉིད་འཆད་ཉན་འབྲི་འཆང་བྱས་མ་ཐག་ཏུ་བྱེད་པ་པོ་དེས་བྱང་ཆུབ་ཐོབ་བོ་སྙམ་དུ་འདུ་ཤེས་བསྐྱེད་ཅིང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་འོས་སུ་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་གང་གིས་བསྐལ་པ་འབུམ་གྱི་བར་དུ་ཐབས་ལ་མཁས་པ་མེད་པར་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱད་པ་བས་ཆོས་ཀྱི་རྣམ་གྲངས་འདི་སོམ་ཉི་དང་བཅས་པས་ཐོས་པ་བསོད་ནམས་ཆེ་བར་གསུངས་པ་སོགས་མཐའ་ཡས་ཤིང་། སྡུད་པ་ཚིགས་སུ་བཅད་པ་ལས་ཀྱང་། ལ་ལས་བདེ་གཤེགས་མྱ་ངན་འདས་པར་གྱུར་པའི་ཚེ། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ། །བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གངྒཱ་ཡི། །བྱེ་མ་སྙེད་ཀྱིས་བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ། །ཡོངས་སུ་བརྟག་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་རབ་དང་། བྱུག་པས་དུས་གསུམ་བསྐལ་པའམ་དེ་བས་ལྷག་མཆོད་པ། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། །བདེ་བར་གཤེགས་པའི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་གྱུར་ན། མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཅེས་དང་། ལ་ལས་གང་གཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ནས། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཅི་ཕྱིར་ཞེ་ན་སྨྲ་མཆོག་དེ་དག་འདིར་བསླབས་ནས། །ཆོས་རྣམས་མཐའ་དག་སྟོང་པ་ཉིད་དུ་འདིར་སྟོན་བྱེད། །དེ་ཐོས་ཉན་ཐོས་མྱུར་ལམ་རྣམ་པར་གྲོལ་ལ་རེག །རང་རྒྱལ་བྱང་ཆུབ་དང་ནི་སངས་རྒྱས་བྱང་ཆུབ་རེག །ཅེས་དང་། མདོ་སྡེ་དཀོན་མཆོག་སྤྲིན་ལས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མཆོད་པ་དང་། རིམ་འགྲོའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བྱ་བ་དག་བྱེད་དེ་ཇི་ལྟར་སངས་རྒྱས་ལ་བྱ་བ་དག་བྱེད་ཅེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་མཆོད་རྟེན་དག་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་སྤོས་སམ་མེ་ཏོག་གམ་བདུག་པའམ་བྱུག་པའམ། སྐྱོང་ནུལ་ལམ་དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་བཅོས་པ་དག་གིས་ཏེ། དེ་ལྟར་ན་སངས་རྒྱས་ལ་བྱ་བ་དག་བྱེད་དོ། །ཇི་ལྟར་ན་ཆོས་ལ་བྱ་བ་དག་བྱེད་ཅེ་ན། དེ་ཆོས་ཉན་ཏོ། །ཀློག་གོ །འཆད་དོ། །ཡི་གེར་འདྲིའོ། །ཁ་ཏོན་བྱེད་དོ། །ཀུན་ཆུབ་པར་བྱེད་དོ། །སེམས་སོ། །ཕྱིན་ཅི་མ་ལོག་པར་སྦྱོར་བས་གོམས་པར་བྱེད་དོ། །དེ་ལྟར་ན་ཆོས་ལ་བྱ་བ་དག་བྱེད་དོ། །ཇི་ལྟར་ན་དགེ་འདུན་ལ་བྱ་བ་དག་བྱེད་ཅེ་ན། དེ་ལ་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་རྐྱེན་སྨན་དང་། ཡོ་བྱད་རྣམས་དང་། ཆུང་ངུ་ནས་ཆུ་གྲང་མོ་ཁྱོར་བ་གང་ཙམ་ཡང་དགེ་འདུན་ལ་འབུལ་བ་སྟེ། དེ་ལྟར་ན་དགེ་འདུན་ལ་བྱ་བ་དག་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་མཆོད་པ་དང་། རིམ་འགྲོའི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་དང་། ཁང་བུ་བརྩེགས་པའི་མདོ་ལས། ཀུན་དགའ་བོ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་གསུམ་པོ་འདི་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུག་པར་མི་འགྱུར་ལ། ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །ཞེས་སོགས་མདོ་སྡེ་རྣམས་ནས་རྒྱ་ཆེར་གསུངས་པ་ཞིབ་པར་གཞན་དུ་གསལ་ལ། འོག་ཏུའང་ཅུང་ཟད་སྟོན་པར་འགྱུར་རོ། །ཚུལ་དེ་ལྟ་བུའི་སྒོ་ནས་འགྲོ་བ་སྐྱོབ་པའི་རྣམ་འཕྲུལ་ཚད་མེད་པ་ལ་རྒྱུ་མཚན་ཤེས་ནས་དད་གུས་བླ་ལྷག་ཏུ་བྱ་བར་རིགས་སོ། །དེ་ལྟར་འཕྲོས་དོན་ཅུང་ཟད་བཤད་ནས་ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། མདོར་བསྡུ་ན་གནས་སྐབས་ཀྱི་སྐྱབས་ནི་གོང་དུ་སྨོས་པ་ལྟར་དཀོན་མཆོག་གསུམ་ཀ་ཡིན་ལ། མཐར་ཐུག་གི་འབྲས་བུའི་སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན་ཏེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་གསུངས་པས། གསུང་རབ་ལུང་གི་ཆོས་ནི། ཆུ་བརྒལ་བའི་གཟིངས་བཞིན་དུ་དོན་རྟོགས་ནས་ཚིག་གི་དགོས་པ་དེ་ཙམ་དུ་ཟད་པས་སྤང་བའམ་འདོར་ནས་འགྲོ་བའི་ཕྱིར་དང་། རྟོགས་པའི་ཆོས་ལས་སློབ་ལམ་གྱི་རྟོགས་པ་རྣམས་ནི་གོང་ནས་གོང་དུ་འཕོ་བའི་ཚེ་འོག་མ་འོག་མ་རྣམས་འདོར་བས་མི་བརྟན་ཏེ་བསླུ་བའི་ཕྱིར་དང་། ཐེག་དམན་གྱི་འགོག་པ་ནི་མར་མེ་རྒྱུན་ཆད་པ་བཞིན་དུ་སྡུག་ཀུན་དང་བྲལ་བའི་མེད་པ་ཙམ་སྟེ་མེད་པ་ཙམ་ནི་སྐྱབས་དང་སྐྱབས་མིན་གང་དུའང་མི་འགྱུར་བའི་ཕྱིར་དང་། ཐེག་ཆེན་འཕགས་པ་སློབ་པ་རྣམས་ཀྱང་ད་དུང་འཇིགས་མེད་རྟག་པའི་གོ་འཕང་མ་ཐོབ་པས་འདུ་བྱེད་ལ་སེམས་བསྲུང་བ་དང་། ད་དུང་སངས་རྒྱས་ལ་སྐྱབས་སུ་འགྲོ་དགོས་པའི་ཕྱིར་དེ་དག་གཏན་གྱི་སྐྱབས་དངོས་མ་ཡིན་ལ། མཐར་ཐུག་དོན་དམ་པའི་སྐྱབས་ནི། སངས་རྒྱས་ཆོས་ཀྱི་སྐུ་འབའ་ཞིག་སྟེ། དེ་ནི་རྟོགས་པའི་ཆོས་འགོག་བདེན་མཐར་ཐུག་པ་ཡིན་ལ། ཚོགས་རྣམས་ཀྱི་ཡོན་ཏན་མཐར་ཐུག་པ་ཡང་དེ་ཡིན་པའི་ཕྱིར། དོན་དམ་པའི་དབང་དུ་བྱས་ན་སྐྱབས་གསུམ་ཐ་དད་དུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། མཐར་ཐུག་སངས་རྒྱས་ཆོས་སྐུ་ཉག་གཅིག་སྟེ། །དཀོན་མཆོག་མཐར་ཐུག་སྐྱབས་ཀྱི་དམ་པ་ཉིད། །ལམ་བདེན་ཀུན་རྫོབ་རྒྱལ་སྲས་སྒྲིབ་བཅས་ཕྱིར། །སངས་རྒྱས་ཉིད་ལས་མཐར་ཐུག་སྐྱབས་གང་ཞིག །འབྲས་བུའི་སྐྱབས་འགྲོ་དཀོན་མཆོག་རྣམ་པ་གསུམ། །རང་ལ་སྒྲུབ་འདོད་སླད་དུ་སྨོན་པ་ཡིན། །ཞེས་གསུངས་ཏེ། འདི་ལ་དབྱེ་ན། མཐར་ཐུག་སངས་རྒྱས་ཐོབ་པའི་ཆེད་དུ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བ་ལ་རྒྱུའི་སྐྱབས་འགྲོ་དང་། མཐར་ཐུག་དོན་དམ་པའི་དཀོན་མཆོག་གསུམ་དབྱེར་མེད་པ་སངས་རྒྱས་ཆོས་ཀྱི་སྐུ་དེ་རང་རྒྱུད་ལ་གྲུབ་པར་འདོད་པ་འབྲས་བུའི་སྐྱབས་འགྲོ་སྟེ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ནི་སངས་རྒྱས་ཐོབ་པར་འདོད་པ་ཡིན། ཆོས་ལ་སྐྱབས་སུ་འགྲོ་བ་ནི་ཆོས་ཐོབ་པར་འདོད་པའོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བ་ནི་དགེ་འདུན་ཐོབ་པར་འདོད་པའོ། །ཞེས་གསུངས། འདི་དང་སྨོན་སེམས་ཀྱི་ཁྱད་པར། སྨོན་པ་སེམས་བསྐྱེད་གཞན་གྱི་དོན་དང་། འདི་རང་དོན་ལ་དམིགས་པ་སོགས་ཀྱི་ཁྱད་ཡོད་པར་བཞེད་དོ། །མདོར་ན། སྐྱབས་འགྲོའི་རྒྱུ་ནི། འཇིགས་པ་དང་། དད་པ་དང་། སྙིང་རྗེ་གསུམ་ཡིན། ངོ་བོ་ནི་ཁས་ལེན་པའི་དོན་ཅན་ཏེ། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལམ་སྒྲུབ་པའི་གྲོགས་སུ་བསྟེན་པར་ཁས་བླངས་པས། སྟོན་པ་གཞན་དང་། དེའི་ལུགས་དང་། དེ་འཛིན་པ་རྣམས་སྟོན་པ་ལམ་གྲོགས་སུ་མི་བསྟེན་པར་དམ་བཅའ་བ་ནི་རྒྱུའི་སྐྱབས་འགྲོ་དང་། མཐར་ཐུག་སྐྱབས་གསུམ་དབྱེར་མེད་སངས་རྒྱས་དེ་ཐོབ་པར་བྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་ཀྱིས་འཇིག་རྟེན་ན་དཀོན་མཆོག་གསུམ་གྱི་གདུང་མི་གཅོད་པར་ཁས་བླང་ཞིང་དམ་བཅའ་བ་ནི་འབྲས་བུའི་སྐྱབས་འགྲོར་ཤེས་པར་བྱའོ། །གཉིས་པ་འབྲས་བུ་རྡོ་རྗེ་ཐེག་པའི་ལུགས་ཀྱི་སྐྱབས་འགྲོ་ནི། སྐྱབས་ཡུལ་ཐུན་མོང་བའི་དབང་དུ་བྱས་ན་གོང་སྨོས་སྤྱི་ཁྱབ་ཀྱི་དཀོན་མཆོག་གསུམ་པོ་དེ་དང་། ཁྱད་པར་གྱི་ཡུལ་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་འགྲོ་དགོས་ཏེ། དེའི་¡eརྒྱུ་ཞུ་མཆན། ¡fམཚན་ནི། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་འདིར་བཀའ་དྲིན་ཐོབ་པའི་ཡུལ་དེའི་བྱིན་རླབས་འཇུག་དགོས་པ་དང་། བཀའ་དྲིན་དྲན་དགོས་པའི་ཕྱིར་བླ་མ་དང་། མཆོག་ཐུན་མོང་གི་དངོས་གྲུབ་རྣམས་ཞུ་བའི་ཡུལ་ཐུན་མོང་མ་ཡིན་པ་ཉིད་ཡིན་པའི་ཕྱིར་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། བར་ཆད་སེལ་བ་དང་གནས་སྐབས་ཀྱི་འདོད་དོན་རྣམས་འགྲུབ་པའི་ཕྲིན་ལས་འཚོལ་དགོས་པའི་ཕྱིར་མཁའ་འགྲོ་དང་ཆོས་སྲུང་ལོགས་སུ་སྨོས་པ་སྟེ། དེ་ཡང་ཡི་དམ་ནི་སངས་རྒྱས་དཀོན་མཆོག་གི་ནང་ཚན་ཡིན་ལ། མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་ནི་དགེ་འདུན་དཀོན་མཆོག་གི་ནང་ཚན། བླ་མ་ནི་དཀོན་མཆོག་གསུམ་ཀའི་ངོ་བོ་སྟེ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། དྲི་མེད་སེམས་ནི་སངས་རྒྱས་ཉིད། །ཆོས་ནི་ངག་ཏུ་ཡང་དག་བསྡུས། །སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །ཞེས་དང་། ཨིནྡྲ་བྷཱུ་ཏིས་མཛད་པའི་ཡེ་ཤེས་གྲུབ་པ་ལས། བླ་མ་སངས་རྒྱས་ཆོས་གྱུར་ཅིང་། །དགེ་འདུན་ཡང་ནི་དེ་ཉིད་དེ། །དེ་ཡིན་དྲིན་གྱིས་ཤེས་འགྱུར་བས། །དེ་བས་དཀོན་མཆོག་གསུམ་ཡང་ཡིན། །ཞེས་གསུངས་ཤིང་། གཞུང་ལ་ལར་དཀོན་མཆོག་བཞི་པ་ཞེས་སུའང་བཞག་སྟེ། མཉམ་སྦྱོར་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་གསུངས་པ་དང་། རྡོ་རྗེ་མེ་ལོང་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་དངོས་དང་མཉམ། །ཞེས་དང་། གསང་འདུས་ལས། ཁམས་རྣམས་དང་ནི་ཕྲིན་ལས་དག །རང་བཞིན་མཉམ་པ་ཉིད་ཀྱི་ཕྱིར། །བླ་མ་སངས་རྒྱས་ཀུན་དང་མཉམ། །འགྲོ་བ་གང་ལ་ལམ་སྟོན་ཕྱིར། །སངས་རྒྱས་ཉིད་ལས་མཆོག་ཏུ་འཕགས། །ཞེས་སོགས་གསུངས་པས་མཚོན། སྐབས་རེར་དཀྱིལ་འཁོར་གྱི་བདག་པོ་དང་། སངས་རྒྱས་དང་མཉམ་པ་དང་། སངས་རྒྱས་ལས་ཆེས་འཕགས་པའི་ཚུལ་རྒྱ་ཆེར་བསྟན་པ་ཡིན་ནོ། །ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། མཐར་ཐུག་འབྲས་བུའི་སྐྱབས་གནས་ཆོས་སྐུ་ཏེ། །སངས་རྒྱས་ཆོས་ཚོགས་སྙིང་པོ་དོན་གྱི་ལྷ། །རང་སེམས་འོད་གསལ་སྤྲོས་ཀུན་བྲལ་བ་ཡིན། །ཞེས་གསུངས་ཏེ། དེ་ཡང་མཚན་ཉིད་ཀྱི་ཐེག་པས་འབྲས་བུའི་སྐྱབས་འགྲོ་རང་གིས་འབྲས་བུ་སངས་རྒྱས་ཐོབ་འདོད་ཙམ་ཡིན་པས་སྐབས་འདིར་རྒྱུའི་ཁོངས་སུ་བསྡུས་ལ། འདིར་ནི་མཐར་ཐུག་འབྲས་བུའི་སྐྱབས་གནས་ཆོས་ཀྱི་སྐུ་ཡིན་ཏེ། དཀོན་མཆོག་གསུམ་མཐར་ཐུག་པ་ནི་དེ་ཡིན་པའི་ཕྱིར་རོ། །ཆོས་སྐུ་དེ་ཡང་གཞན་རྒྱུད་ལ་བྱོན་ཟིན་ནི་རྒྱུའི་སྐྱབས་ཡིན་གྱི། འབྲས་བུའི་སྐྱབས་ནི་རང་གི་སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་དུ་གནས་པས་དེ་ལ་སྐྱབས་སུ་འགྲོ་བ་སྟེ། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་དང་། པདྨའི་ལམ་རིམ་ལས། ཡེ་ནས་སངས་རྒྱས་པའི་གནས་ལུགས་ནི་རང་རིག་པ་བྱང་ཆུབ་ཀྱི་སེམས་ཏེ། གཉིས་ཆོས་འཁྲུལ་པ་སངས་ལ་གཉིས་མེད་ཡེ་ཤེས་རྒྱས་པས་སངས་རྒྱས་སོ། །དེ་ཡང་འཁྲུལ་པ་ཡོད་པ་གཅིག་མེད་པར་སངས་ནས་གཉིས་མེད་ཡེ་ཤེས་མེད་པ་གཅིག་ཡོད་པར་རྒྱས་པ་ནི་མ་ཡིན་ཏེ། གཤིས་ལ་འཁྲུལ་པ་མ་གྲུབ་ཅིང་ངོ་བོ་གཉིས་མེད་ཡེ་ཤེས་སུ་རྒྱས་པས་ཡེ་ནས་སངས་རྒྱས་པ་ཡིན་ཏེ། རང་བཞིན་སྟོང་པ་ཆོས་སྐུ། རང་མདངས་གསལ་བ་ལོངས་སྐུ། གསལ་སྟོང་གཉིས་མེད་སྤྲུལ་སྐུ། རང་བཞིན་སྟོང་པ་ཇི་ལྟ་བ། རང་མདངས་གསལ་བ་ཇི་སྙེད་པ། གསལ་སྟོང་གཉིས་མེད་དམ་དབྱེར་མེད་དེ་མཁྱེན་པའི་ཡེ་ཤེས་སོ། །གཤིས་ལ་འཁྲུལ་པ་མེད་པས་སྤངས་པ་ཕུན་ཚོགས། ངོ་བོ་གཉིས་མེད་དུ་ཡོད་པ་རྟོགས་པ་ཕུན་ཚོགས། དེ་ལྟར་ཡེ་ནས་སངས་རྒྱས་མ་ཡིན་ན་བསྒོམས་ཀྱང་སངས་རྒྱས་མི་འབྱུང་སྟེ། ས་ལེ་སྦྲམ་ཡེ་ནས་གསེར་མ་ཡིན་ན་བྱས་ཀྱང་གསེར་དུ་མི་འགྲོ་བ་བཞིན་ནོ། །ཞེས་སོ། །ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ཡང་། གང་ལ་སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ་དང་། གང་སྐྱབས་སུ་འགྲོ་བ་པོ་བདག་དང་སེམས་ཅན་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་ལས་དོན་ལ་ཐ་དད་དུ་གྲུབ་པ་རྡུལ་ཙམ་ཡང་མི་འདུག་ཅིང་། སེམས་ཉིད་དེ་གང་གི་ཕྱོགས་སུ་ཡང་མ་ལྷུང་བ་ནམ་མཁའ་ལྟ་བུའི་ངོ་བོར་འདུག་པས་སྤྲོས་པ་དང་བྲལ་བའི་ངང་ལ་བཞག་པ་སྟེ། ཡུམ་བར་མ་ལས། རབ་འབྱོར། གང་ལ་སངས་རྒྱས་ཀྱང་མི་དམིགས་ལ་ཆོས་དང་དགེ་འདུན་ཡང་མི་སེམས་ན། འདི་ནི་ཡང་དག་པའི་སྐྱབས་སུ་འགྲོ་བའོ། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། འོད་གསལ་བ་ཡི་སེམས་ཉིད་ནི། །དཀྱིལ་འཁོར་གསུམ་གྱི་བདག་ཉིད་དུ། །རྟོགས་ནས་རྩེ་གཅིག་མཉམ་འཇོག་པ། །འབྲས་བུའི་མཆོག་ཏུ་ཡང་དག་བཤད། །ཅེས་སོ། །གཉིས་པ་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ལུང་སྙིང་པོར་དྲིལ་བ་ནི། ཉང་གཏེར་བླ་མའི་དམར་ཁྲིད་མཚོ་རྒྱལ་ཞུས་ལན་ལས་གསུངས་པ་ཉིད་ཚིགས་སྣ་ཅུང་ཟད་བསྡུས་ནས་བརྗོད་པར་བྱ་སྟེ། དེ་ཡང་ཆོས་ཐམས་ཅད་ཀྱི་གཞི་ནི་སྐྱབས་འགྲོ་ཡིན། ཆོས་ཐམས་ཅད་ཀྱི་རྟེན་དཀོན་མཆོག་གསུམ་ཡིན། སྐྱེ་ཤི་ཟད་པར་བྱེད་{བྱེ}པའི་ཐབས་སྐྱབས་འགྲོ་ཡན་ལག་དང་བཅས་པ་ཡིན། དེ་ལ་སྐྱབས་འགྲོའི་ངོ་བོ་ནི། བླ་ན་མེད་པའི་བྱང་ཆུབ་འདོད་ཅིང་སྙིང་རྗེའི་ཁས་ལེན་དང་བཅས་པའོ། །ངེས་ཚིག་ནི། ངན་སོང་གསུམ་གྱི་འཇིགས་པ་དང་། མུ་སྟེགས་ལ་སོགས་པའི་འཇིག་ཚོགས་ཀྱི་ལྟ་བ་དམན་པ་ལས་སྐྱོབ་པས་སྐྱབས་འགྲོའོ། །དབྱེ་ན། ཕྱི་ནང་གསང་བའི་སྐྱབས་འགྲོ་གསུམ་ལས། དང་པོ་ཕྱི་ཡི་སྐྱབས་འགྲོ་ནི། སྐྱེ་བའི་རྒྱུ་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་གནས་སུ་ཡིད་ཆེས་པ་དང་། དེ་སྐྱབས་སུ་འཛིན་པ་དང་གསུམ་གྱིས་སྐྱབས་སུ་འགྲོ་བ་སྐྱེ་བ་ཡིན། ཡུལ་གང་ལ་སྐྱབས་སུ་འགྲོ་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྟེ། སྐྱེ་འཆི་ཟད་པར་བྱེད་པའི་ཐབས་གང་གིས་ནུས་ན། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ནི་སྐྱོན་མཐའ་དག་དང་བྲལ་ཞིང་ཡོན་ཏན་མཐའ་དག་རྫོགས་པ་ཡིན་པས། དེས་གསུངས་པའི་བཀའ་དང་། དེའི་བསྟན་པ་འཛིན་པའི་དགེ་འདུན་དང་བཅས་པ་འདིས་བདག་གཞན་གྱི་སྐྱེ་ཤི་ཟད་པར་ནུས་པས་སྐྱབས་ཀྱི་ཡུལ་འདི་ཁོ་ན་ཡིན། དེས་ན་དེ་ལ་སྐྱབས་སུ་འགྲོ་བ་ཡིན། གང་ཟག་གང་སྐྱབས་སུ་འགྲོ་ན། མོས་པ་གུས་པ་དད་པ་གསུམ་དང་ལྡན་ཞིང་། དཀོན་མཆོག་གི་ཡོན་ཏན་དྲན་པ་ཞིག་སྐྱབས་སུ་འགྲོ། དེ་ཡང་ཁྱད་པར་གྱི་བསམ་པ་གསུམ་དང་ལྡན་དགོས་ཏེ། འཁོར་བ་ཐོག་མ་མེད་པས་འདི་དུས་ད་རེས་བཟློག་དགོས་སྙམ་པ་དང་གཅིག མུ་སྟེགས་ལ་སོགས་པའི་ལྷ་རྣམས་བདག་གི་སྐྱབས་སུ་འགྲོ་བའི་ཡུལ་མ་ཡིན་སྙམ་པ་དང་གཉིས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་དེ་ཁོ་ན་བདག་གི་སྐྱབས་སུ་འགྲོ་བའི་ཡུལ་དམ་པ་ཡིན་སྙམ་པ་དང་གསུམ་མོ། །སྐྱབས་འགྲོ་ཐུན་མོང་བ་སྐྱེ་དུས་དེ་ཙམ་ན་ཡིན། ཚུལ་ལམ་ཐབས་ཇི་ལྟ་བུས་འགྲོ་ན། ངན་སོང་དང་འཁོར་བས་འཇིགས་པ་དང་། དཀོན་མཆོག་གསུམ་གྱི་བྱིན་རླབས་ལ་ཡིད་ཆེས་པ་དང་། དད་པ་དང་སྙིང་རྗེ་བརྟན་པོ་དང་ལྡན་པ་གསུམ་གྱིས་སྐྱབས་སུ་འགྲོ་བ་ཡིན། བསམ་པའི་ཁྱད་པར་གང་གིས་འགྲོ་ན། གཞན་དོན་ལྷུར་ལེན་པས་འགྲོ་སྟེ། འཁོར་བ་སྤངས་ཤིང་མྱང་འདས་ཀྱི་འབྲས་བུ་ཐོབ་པར་འདོད་པ་ཙམ་གྱིས་ཀྱང་སངས་མི་རྒྱ་བས། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར། བདག་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པའི་བསམ་པས་འགྲོ་གསུངས། བསླབ་བྱ་ནི་འོག་ཏུ་སྟོན་ནོ། །གཉིས་པ་ནང་གི་སྐྱབས་འགྲོ་ནི། ཡུལ་གང་ལ་སྐྱབས་སུ་འགྲོ་ན། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་འགྲོ། གང་ཟག་གང་འགྲོ་ན་གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་འགྲོ། ཚུལ་ལམ་ཐབས་ཇི་ལྟར་འགྲོ་ན་ལུས་ངག་ཡིད་གསུམ་མོས་གུས་དང་ལྡན་པས་འགྲོ། བསམ་པའི་ཁྱད་པར་གང་གིས་འགྲོ་ན་བླ་མ་སངས་རྒྱས་སུ་མཐོང་བ། ཡི་དམ་སྲོག་གི་ཕྱིར་དུ་ཡང་མི་སྤོང་བ། མཁའ་འགྲོ་རྒྱུན་དུ་མཆོད་པ་གསུམ་གྱིས་འགྲོ། དུས་ཇི་ཙམ་ན་ཐོག་མར་དབང་བསྐུར་སེམས་བསྐྱེད་བྱས་པའི་དུས་ནས་རྡོ་རྗེ་འཛིན་པའི་ས་མ་ཐོབ་ཀྱི་བར་དུ་འགྲོ། རྐྱེན་གང་གིས་ན་གསང་སྔགས་ལ་མོས་གུས་སྐྱེས་པས་འགྲོ། དགོས་ཆེད་དམ་ཡོན་ཏན་ནི་གསང་སྔགས་ཀྱི་སྣོད་དུ་རུང་བ་དང་བྱིན་རླབས་ཁྱད་པར་ཅན་འཇུག་པའི་དགོས་པ་ཡོད་དོ་གསུངས། བསླབ་བྱ་ནི་འོག་ཏུ་སྟོན་ནོ། །གསུམ་པ་གསང་བའི་སྐྱབས་འགྲོ་ནི། ཡུལ་གང་ལ་སྐྱབས་སུ་འགྲོ་ན། ལྟ་བ་སྒོམ་པ་སྤྱོད་པ་གསུམ་ལ་སྐྱབས་སུ་འགྲོ། གང་ཟག་གང་འགྲོ་ན་དབང་པོ་ཡང་རབ་ཚེ་གཅིག་ལ་སངས་རྒྱས་པར་འདོད་པ་དེ་འགྲོ། ཚུལ་ལམ་ཐབས་ཇི་ལྟར་འགྲོ་ན་ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་འགྲོ་སྟེ། ལྟ་བ་གདེང་དང་ལྡན་པ། སྒོམ་པ་ཉམས་དང་ལྡན་པ། སྤྱོད་པ་རོ་སྙོམས་དང་ལྡན་པའི་ཚུལ་གྱིས་འགྲོ། བསམ་པའི་ཁྱད་པར་གང་གིས་ན། ལྟ་བ་ལ་ཞེ་འདོད་མེད་པ་སྟེ། སངས་རྒྱས་ཐོབ་བྱར་མི་འདོད། འཁོར་བ་སྤང་བྱར་མི་འདོད་པའོ། །སྒོམ་པ་ནི་ངོས་བཟུང་མེད་ཅིང་ཕྱོགས་སུ་མ་ལྷུང་བའོ། །སྤྱོད་པ་ནི་སྤངས་བླང་མེད་ཅིང་བྱ་རྩོལ་དང་བྲལ་བའོ། །དུས་ཇི་ཙམ་ན་སངས་མ་རྒྱས་ཀྱི་བར་དུ་འགྲོ། རྐྱེན་གང་གིས་ན་ལུས་མི་ལེན་པར་འདོད་པས་འགྲོ། དགོས་ཆེད་དམ་ཡོན་ཏན་ནི་རྫོགས་པའི་སངས་རྒྱས་ཚེ་འདི་ཉིད་ལ་ཐོབ་པའི་དགོས་པ་ཡོད་དོ་གསུངས། བསླབ་བྱ་ནི་འོག་ཏུ་འཆད་པར་འགྱུར་རོ། །གཞན་ཡང་པདྨའི་ལམ་རིན་ཆེན་མོའི་རང་འགྲེལ་ལས། སྐྱབས་འགྲོ་བྱེ་བྲག་ཏུ་བཤད་པ་ལ་གསུམ། ཐུན་མོང་། ཁྱད་པར། བླ་ན་མེད་པའི་སྐྱབས་འགྲོའོ། །དང་པོ་ལ་གསུམ་ལས། དང་པོ་སྐྱབས་གནས་ངོས་བཟུང་བ་ནི། སངས་རྒྱས་ནི་སྤྲུལ་པའི་སྐུ་ཁོ་ན་དམ་པར་འཛིན་ཏེ་ཤཱཀྱ་ཐུབ་པ། ཆོས་ནི་རྒྱུའི་ཐེག་པ་བདེན་པ་བཞི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་བྱེད། དགེ་འདུན་ནི་ཕྱིའི་ཆ་ལུགས་དང་སྤྱོད་ལམ་གྱིས་འདུལ་བ་ཕྱི་གཟུགས་རྟགས་ཀྱི་དགེ་འདུན་ནོ། །གཉིས་པ་སྐྱབས་སུ་འགྲོ་བྱེད་ཀྱི་གང་ཟག་ནི། ཉན་ཐོས་རང་རྒྱལ་གཉིས་སོ། །གསུམ་པ་སྐྱབས་སུ་འགྲོ་ཚུལ་ནི། རང་དོན་དུ་བྱེད་པའོ། །ཐུན་མོང་གི་སྐྱབས་འགྲོ་ལ་བརྟེན་ནས་སོ་ཐར་གྱི་སྡོམ་པ་སྐྱེ། དེ་ཆོ་གའི་དུས་སུ་ཐོབ། དེ་ལམ་བདེན་པ་བཞིས་སྦྱངས་ནས། འབྲས་བུ་སྲིད་པ་གསུམ་ན་དགྲ་བཅོམ་པ་ཐོབ། གཉིས་པ་ཁྱད་པར་གྱི་སྐྱབས་འགྲོ་ལ་གསུམ། དང་པོ་སྐྱབས་གནས་ངོས་བཟུང་བ་ནི། སངས་རྒྱས་ནི་སྤངས་རྟོགས་ཕུན་སུམ་ཚོགས་པ་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། དེ་ཡང་ཆོས་སྐུ་དག་པ་གཉིས་ལྡན། ལོངས་སྐུ་ངེས་པ་ལྔ་ལྡན། སྤྲུལ་སྐུ་མ་ངེས་ལྔ་ལྡན། ཆོས་ནི། རྒྱུའི་ཐེག་པ་དོན་དམ་རྣམ་པར་ངེས་པའམ། མཚན་ཉིད་མེད་པའི་འཁོར་ལོ་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་བྱེད། དགེ་འདུན་ནི་གཞན་དོན་སེམས་ཀྱི་དགེ་འདུན་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སྤྱོད་པའོ། །གཉིས་པ་སྐྱབས་སུ་འགྲོ་བྱེད་ཀྱི་གང་ཟག་ནི། བྱང་ཆུབ་སེམས་དཔའ་གང་ཟག་སྟེ་དབང་པོ་རྣོན་པོ་དང་། རྟུལ་པོའི་རིགས་གཉིས་སོ། །གསུམ་པ་སྐྱབས་སུ་འགྲོ་ཚུལ་ནི། ཚད་མེད་པ་བཞིའི་སྒོ་ནས་རང་གཞན་གཉིས་ཀྱི་དོན་བྱེད་པའོ། །ཁྱད་པར་གྱི་སྐྱབས་འགྲོ་དེ་ལ་བརྟེན་ནས་བྱང་སེམས་ཀྱི་སྡོམ་པ་སྐྱེ། དེ་སེམས་བསྐྱེད་ཀྱི་དུས་སུ་ཐོབ། དེ་ལམ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྦྱངས་ནས། འབྲས་བུ་བསྐལ་པ་གྲངས་མེད་གསུམ་ནས་སངས་རྒྱས་ཐོབ་བོ། །གསུམ་པ་བླ་ན་མེད་པའི་སྐྱབས་འགྲོ་ལའང་གཉིས་ཏེ། གསང་སྔགས་སྤྱིའི་སྐྱབས་འགྲོ་དང་། ཁྱད་པར་ཨ་ཏིའི་སྐྱབས་འགྲོའོ། །དང་པོ་ལ་གསུམ་ལས། དང་པོ་སྐྱབས་གནས་ངོས་བཟུང་བ་ནི། སངས་རྒྱས་ནི་སྐུ་ལྔ་དབྱེར་མེད་གཅིག་དང་དུ་མ་དང་བྲལ་བ། ཆོས་ནི་འབྲས་བུ་རྡོ་རྗེ་ཐེག་པ་ལུང་དུ་བསྟན་ཅིང་རྨད་དུ་བྱུང་བ། བསླབ་པ་གསུམ་གང་དུ་ཡང་བསྟན་ཏུ་བཏུབ་སྟེ། གསང་སྔགས་ཀྱི་ཆོས་ལ་གཙོ་བོར་བྱེད། དགེ་འདུན་ནི་ཡང་དག་དོན་གྱི་དགེ་འདུན་ཏེ་མི་དགེ་བ་ངང་གིས་མི་གནས་པའོ། །གཉིས་པ་སྐྱབས་སུ་འགྲོ་བྱེད་ཀྱི་གང་ཟག་ནི། གསང་སྔགས་རིག་པ་འཛིན་པའི་རྣལ་འབྱོར་ཏེ་སྡོམ་པ་གསུམ་ལྡན་ནོ། །གསུམ་པ་སྐྱབས་སུ་འགྲོ་ཚུལ་ནི། རང་གཞན་གྱི་ལུས་ངག་ཡིད་གསུམ་དང་དཀོན་མཆོག་གསུམ་དབྱེར་མེད་པས་ཡུལ་དང་ཡུལ་ཅན་གཉིས་མེད་ཀྱི་ཚུལ་དུ་འགྲོའོ། །བླ་མེད་ཀྱི་སྐྱབས་འགྲོ་དེ་ལ་བརྟེན་ནས། གསང་སྔགས་ཀྱི་སྡོམ་པ་སྐྱེ་སྟེ། དེ་དབང་གི་དུས་སུ་ཐོབ། དེ་ལམ་རིམ་པ་གཉིས་ཀྱིས་སྦྱངས་ནས་སྐྱེ་བ་གཅིག་གམ་གཉིས་སམ། གསུམ་མམ། ལྔ་ནས་སངས་རྒྱས་སོ། །གཉིས་པ་ཨ་ཏིའི་སྐྱབས་འགྲོ་ལ་གསུམ་སྟེ། དང་པོ་དཀོན་མཆོག་གསུམ་པོ་ངོས་བཟུང་བ་ནི། རིག་པ་སྐུ་བཞིར་གནས་པ་སངས་རྒྱས་དཀོན་མཆོག དེ་ཉིད་དབྱིངས་སྟོང་པ་དང་དབྱེར་མེད་པའོ། །དེ་ཤེས་ཀྱི་ཤེས་པ་ཆོས་དཀོན་མཆོག་སྟེ། ཨ་ཏི་ཡོ་ག་ཁྱད་པར་རྨད་དུ་བྱུང་བ་ངེས་པ་དོན་གྱི་ཆོས་སོ། །གཤིས་ལ་སྡིག་པ་མ་གྲུབ་ཅིང་། ངོ་བོ་ཟག་པ་མེད་པའི་དགེ་བར་གནས་པ་ནི་ཡང་དག་དོན་གྱི་དགེ་འདུན་ནོ། །གཉིས་པ་གང་ཟག་ངོས་བཟུང་བ་ནི། སྐྱེས་མཆོག་གང་ཟག་ཡང་རབ་ཨ་ཏིའི་རྣལ་འབྱོར་རོ། །གསུམ་པ་སྐྱབས་སུ་འགྲོ་ཚུལ་ལ་གསུམ། དཀོན་མཆོག་གསུམ་རང་གི་སེམས་ལ་གྲུབ་པར་ཤེས་པ་ནི་དོན་དུ་གཉེར་བའི་སྐྱབས་འགྲོ། རང་གི་སེམས་མ་ཡིན་པའི་དཀོན་མཆོག་གསུམ་ལོགས་ན་མེད་པར་རྟོགས་པ་ནི་གཞན་སེལ་བའི་སྐྱབས་འགྲོ། སེམས་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་གཅིག་དང་དུ་མ་དང་བྲལ་ཞིང་། མཐའ་གང་ལ་ཡང་མི་གནས་པ། གཉིས་མེད་རང་གྲོལ་དུ་རྟོགས་པ་ནི་ཡང་དག་བླ་མེད་ཀྱི་སྐྱབས་འགྲོའོ། །དེས་ན་སངས་རྒྱས་ཀྱི་བཀའ་བཞིན་དུ་སྒྲུབ་ཅིང་གསུང་ན་བླ་མ་ཡིན། དེའི་གསུང་བཞིན་དུ་སྒྲུབ་ན་སློབ་མ་ཡིན། དེའི་ཆ་རྐྱེན་སྒྲུབ་ན་ཡོན་བདག་ཡིན། དེ་ལྟ་བུ་གང་ན་ཡོད་པ་དེ་ན་སངས་རྒྱས་ཀྱི་བསྟན་པ་ཡོད་དོ་གསུངས། གསུམ་པ་ཇི་ལྟར་འགྲོ་ཚུལ་གྱི་དམིགས་ཁྲིད་དངོས་ནི། ཁྲིད་གཞུང་སོ་སོའི་དགོངས་པ་ལྟར་འཆད་ཤེས་པར་བྱ་སྟེ། འདིར་སྨིན་གླིང་རྡོར་སེམས་ལྟ་བུར་མཚོན་ན། འཇིགས་རུང་འཁོར་བའི་སྡུག་བསྔལ་མེ་ཡི་འོ བས་དང་འདྲ་བ་ལས། སེམས་ཅན་ཐམས་ཅད་སྒྲོལ་བའི་སྐྱབས་དཔུང་ར་མདའ་དེ་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཞུ་སྙམ་དུ། རང་ཉིད་འཁོར་བ་ལ་འཇིགས་པ་དང་། དཀོན་མཆོག་གི་ཡོན་ཏན་ལ་དད་པ་དང་། གཞན་སེམས་ཅན་ལ་དམིགས་པའི་སྙིང་རྗེ་གསུམ་དང་མ་བྲལ་བའི་ངང་ནས་ལུས་སེམས་རྣལ་དུ་ཕབ་སྟེ། རང་གར་གནས་པའི་ས་ཕྱོགས་འདི་ཉིད་ཡིད་དུ་འོང་ཞིང་ཉམས་དགའ་བའི་ཞིང་ཁམས་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རང་བཞིན་ཅན་ནམ། ཡང་ན་བཻཌཱུཪྱའི་ས་གཞི་ལ་གསེར་གྱི་མིག་མང་རིས་སུ་བྲིས་པ། མཐའ་བསྐོར་ཐམས་ཅད་རིན་པོ་ཆེའི་ར་བས་ཟླུམ་པོར་བྱས་པ། བདུད་རྩིའི་ཆུ་དང་། དཔག་བསམ་གྱི་ཤིང་མེ་ཏོག་གི་ཚལ། འདོད་ཡོན་གྱི་ལྷ་མོ། སྤྲུལ་པའི་བྱ་ཚོགས་སྐད་སྙན་པར་སྒྲོགས་པས་གང་བ། མནན་ན་ནེམ་ཞིང་བཏེག་ན་འཕར་སྙམ་བྱེད་པ། ཡངས་ཤིང་རྒྱ་ཆེ་ལ་ཁོད་སྙོམས་པའི་དབུས་སུ་དཔག་བསམ་གྱི་ཤིང་གི་སྡོང་པོ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྩ་བ་བརྟན་ཞིང་ཡལ་འདབ་རྒྱས་པ་མེ་ཏོག་དང་འབྲས་བུའི་ཁུར་གྱིས་དུད་པ། རྒྱ་ཁྱོན་ནམ་མཁའི་དབྱིངས་ཁྱབ་པ། དེའི་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་ཕན་ཚུན་ཐམས་ཅད་གསེར་གྱི་ཐ་གུས་བྲིས་པ། མེ་ཏོག་གི་ཆུན་འཕྱང་དང་ཁ་དོག་སྣ་ཚོགས་པའི་དར་དཔྱངས། རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་དང་། གསེར་དངུལ་གྱི་དྲིལ་གཡེར་ལ་སོགས་པས་མཛེས་པར་སྤྲས་པ། རླུང་གཡོས་པ་ཙམ་གྱིས་མི་རྟག་སྡུག་བསྔལ་སྟོང་བདག་མེད་ལ་སོགས་པའི་ཆོས་ཀྱི་སྒྲ་སྐད་ལྷང་ལྷང་དུ་སྒྲོག་པ། དེ་ཡང་དངོས་འཛིན་གདོས་བཅས་ཅན་གྱི་རྣམ་པ་མ་ཡིན་པ་འཇའ་ཚོན་འོད་ཀྱི་རང་བཞིན་ཅན་དུ་གསལ་བཏབ། དེ་ལ་གསལ་སྣང་ཐོན་པ་ན། དབུས་ཀྱི་ཡལ་ག་ལ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པ། དེའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ངོ་བོ་རང་གི་རྩ་བའི་བླ་མ་ཉིད་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་previous hit དྲིལབུ next hit་ད ཀུར་བརྟེན་པ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འོད་དང་འོད་ཟེར་མུ་མེད་པ་འཕྲོ་བའི་བདག་ཉིད་ཅན་སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། གསུང་ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོག་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་མཉམ་པར་འཇོག་པའི་བདག་ཉིད་དུ་གསལ་བའི་དབུ་གཙུག་ནས་ཡར་བརྒྱུད་པའི་བླ་མ་རྡོ་རྗེ་འཆང་བློ་གྲོས་འཐའ་ཡས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན། གནུབས་ཆེན་ཡང་སྲིད་ཕྲིན་ལས་རྣམ་རྒྱལ། དབང་ཆེན་སྤྲུལ་པ་པདྨ་བསྟན་འཛིན། བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་རྒྱལ། ཟབ་གཏེར་སྒོ་འབྱེད་རིག་འཛིན་འགྱུར་མེད་རྡོ་རྗེ། ལོ་ཆེན་བཻ་རོ་ཙ་ན། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། ཨོ་རྒྱན་པདྨ་འབྱུང་གནས། པཎ་ཆེན་བི་མ་མི་ཏྲ། གྲུབ་པའི་རིག་འཛིན་ཧཱུྃ་ཀ་ར། ཟུང་འཇུག་མཐར་ཕྱིན་ཤྲཱི་སེང་ཧ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། ལོངས་སྐུ་རྡོ་རྗེེ་སེམས་དཔའ། ཆོས་སྐུ་ཀུན་ཏུ་བཟང་པོའི་བར་ཐོག་བརྩེགས་ཀྱི་རྣམ་པ་ཅན་དཀོན་མཆོོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་བསམ། དེ་ནས་ཕྱོགས་བཞིའི་ཡལ་ག་ལ་གདན་མཐོ་ཞིང་ཡངས་པར། མདུན་མར་ཁྱད་པར་གྱི་སངས་རྒྱས་དཀོན་མཆོག་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་ཞི་བ་དང་ཁྲོ་བོའི་རོལ་གར་བསམ་གྱིས་མི་ཁྱབ་པ། གཡས་སུ་ཐུན་མོང་གི་སངས་རྒྱས་སྟོན་པ་ཐུབ་པའི་དབང་པོ་ལ་འཁོར་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཆགས་བྲལ་མཆོག་གི་སྤྲུལ་པའི་སྐུའི་རྣམ་པ་ཅན་གྱིས་བསྐོར་བ། རྒྱབ་ཀྱི་ཡལ་གར་ངོ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ལ་རྣམ་པ་འོད་ལྔའི་དྲྭ་མིག་གི་ནང་དུ་གླེགས་བམ་བྲག་རི་བརྩེགས་པ་ལྟ་བུ། གཡོན་དུ་ཐུན་མོང་གི་དགེ་འདུན་ཉེ་བའི་སྲས་ཆེན་བརྒྱད་དང་ཉན་ཐོས་མཆོག་བརྒྱད་གནས་བརྟན་བཅུ་དྲུག་སོགས་བྱང་སེམས་ཉན་རང་འཕགས་པའི་ཚོགས། དེ་ཐམས་¡eཅད་ཞུ་མཆན། ¡fཀྱི་མཐའ་བསྐོར་དུ་ཁྱད་པར་གྱི་དགེ་འདུན་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་དམ་པ་ཆོས་སྐྱོང་{སྐྱོངས་འདིའི་རིགས་འདི་ལྟར་ཞུས། }བའི་སྲུང་མ་ཡེ་ཤེས་པ་རྣམས་སྤྲིན་ཕུང་གཏིབ་པ་ལྟར་མངོན་སུམ་གྱིས་བཞུགས་པ། དེ་ཐམས་ཅད་ཀྱང་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་ལས་མ་གཡོས་བཞིན་དུ་ཐུགས་རྗེ་ལ་བྲི་གང་དང་དགོངས་པ་ལ་མཐོ་དམའ་མེད་པར་དྭངས་པའི་མཁའ་ལ་གཟའ་སྐར་ཤར་བ་ལྟར་གསལ་བཏབ་པ་ནི་སྐྱབས་སུ་འགྲོ་བའི་ཡུལ་ཡིན་ལ། སྐྱབས་སུ་འགྲོ་བའི་གང་ཟག་ནི་རང་གི་གཡས་སུ་ཚེ་འདིའི་ཕ། གཡོན་དུ་མ། མདུན་དུ་དགྲ། རྒྱབ་ཏུ་གཉེན། མཐའ་བསྐོར་དུ་དགྲ་གཉེན་བར་མ་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེག་པ་ལྟར་འཁོད་པར་བསམས་ལ། དེ་དག་གི་བྱང་རང་གིས་དྲངས་ཏེ། ལུས་གུས་པའི་སྒོ་ནས་པུས་མོ་བཙུགས། ལག་པ་ཐལ་མོ་སྦྱར། ངག་གུས་བའི་སྒོ་ནས་སྐྱབས་འགྲོའི་ཚིག་ཉིད་ཁ་ཙམ་ཚིག་ཙམ་མ་ཡིན་པར་འུར་དིར་དིར་སྒྲོག་ཅིང་། ཡིད་གུས་པའི་སྒོ་ནས་མཐོར་གཏོང་། དམར་གཏོང་། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་རེ་ལྟོས་ཁྱེད་རྣམས་ལས་མེད་པས་ཅི་མཛད་ཁྱེད་རང་ཤེས། བདག་དང་བདག་གི་མ་སེམས་ཅན་ཐམས་ཅད་སྤྱིར་འཁོར་བ་སྡུག་བསྔལ་གྱི་འཇིགས་པ། དགོས་ཐེག་དམན་རང་དོན་ཡིད་བྱེད་ཀྱི་འཇིགས་པ། ཡང་སྒོས་ཐ་མལ་འཁྲུལ་འཛིན་གྱི་འཇིགས་པ་སྟེ་འཇིགས་དང་སྡུག་བསྔལ་ཐམས་ཅད་ལས་དུས་མྱུར་བ་ཉིད་དུ་བསྐྱབ་ཏུ་གསོལ་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོས། ན་མོཿ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ སོཊ༴ སྐྱབས་འགྲོའི་ཚིག་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པ་གྲངས་བསགས། དེ་ཡང་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་སེལ་བ་དང་། མཐུན་རྐྱེན་ཚོགས་གཉིས་རྫོགས་པ་དང་། མྱུར་དུ་བྱང་ཆུབ་ཐོབ་པའི་ཆེད་དུ་སྐྱབས་སུ་འགྲོ། ཚེ་འདིའི་འཇིགས་པ་དང་། བར་དོའི་འཁྲུལ་སྣང་དང་ཕྱི་མའི་སྐྱེ་གནས་ཀྱི་འཇིགས་པ་དང་། ལམ་ལོག་པར་ཞུགས་པ་སོགས་ལས་སྐྱོབ་པ་དང་། ལམ་གྱི་ཡོན་ཏན་སྔར་མ་སྐྱེས་པ་སྐྱེས་པ་དང་། སྐྱེས་པ་བརྟན་ཞིང་གོང་དུ་འཕེལ་བ་སོགས་ཀྱི་འདོད་པའི་དོན་ལ་གསོལ་བ་གདབ། མཐར་ཐུན་འཇོག་ཁར། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། བདག་སོགས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། སེམས་ཅན་ཐམས་ཅད་འཇའ་འོད་ཀྱི་ལམ་ནས་བྱེའུ་ཁྱུ་འཕུར་བ་ལྟར་འུར་དིར་གྱིས་དག་པའི་ཞིང་དུ་སོང་བར་བསམ། མཐར་རྩ་བའི་བླ་མའི་སྐུ་ལས་འོད་ཟེར་འཕྲོས། འཁོར་གྱི་སྐྱབས་ཡུལ་རྣམས་ལ་ཕོག་པས་ཀུན་ཀྱང་འོད་ཀྱིས་གོང་བུར་ཞུ་ནས་རྩ་བའི་བླ་མ་ལ་ཐིམ་པས་གཟི་མདངས་སྔར་ལས་ཀྱང་ཆེ་བར་བསམ། རྩ་བའི་བླ་མ་ཉིད་རང་གི་སྤྱི་བོར་བྱོན་ནས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་སེམས་དང་བླ་མའི་ཐུགས་གཉིས་སུ་འཛིན་པའི་རྟོག་པ་དང་ཕྲལ་ནས་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་པ་ནི་མཐར་ཐུག་དོན་དམ་པའི་སྐྱབས་འགྲོ་སྟེ། རྗེས་ལ་བསྔོ་བ་བྱ། ནུབ་མོ་ཉལ་བའི་ཚེ་ན་ཡང་སྐྱབས་ཡུལ་གྱི་རྟེན་དེ་ཉིད་མ་བསྡུས་པར་དེ་ལ་མགོ་ཕྱོགས་ཏེ། གློ་གཡས་འོག་ཏུ་བཅུག་པའི་སེང་གེའི་ཉལ་སྟབས་ཀྱིས་མོས་གུས་དུང་ངེ་བའི་ངང་ལ་གཉིད་དུ་འགྲོ་བར་བྱ། ཐོ་རེངས་ལྡང་བའི་ཚེ་སྐྱབས་ཡུལ་རྣམས་ཀྱིས་ཕྱག་ཌ་དྲིལ་འཁྲོལ་བས་སད་པར་མོས་ལ། སྟོད་གཡོགས་ཐབས། སྨད་གཡོགས་ཤེས་རབ། སྐ་རགས་ཐབས་ཤེས་ཟུང་འཇུག ཞྭ་དང་གོན་པ་བླ་མའི་ངོ་བོར་བསམ་པ་དང་། ལས་ཅི་ལ་ཐུག་ཀྱང་བླ་མ་དཀོན་མཆོག་གསུམ་མི་སྤོང་སྙམ་དུ་བསམ་ཞིང་། ནམ་ཟ་འཐུང་གི་ཚེ་ནའང་ཕུད་མཆོད་པའི་ཚུལ་དུ་འབུལ་ཞིང་། རི་སོགས་གྱེན་ལ་ཡར་འཛེགས་ཏེ་འགྲོ་བའི་ཚེ་སེམས་ཅན་རྣམས་བདེ་ཆེན་གྱི་ཞིང་དུ་དྲངས་ནས་འགྲོ་སྙམ་པ་དང་། ཐུར་དུ་འགྲོ་བའི་ཚེ་སེམས་ཅན་ཐམས་ཅད་ངན་སོང་ལས་དྲང་བའི་ཕྱིར་འགྲོ་བ་ཡིན་སྙམ་པ་དང་། ཕྲེད་དུ་འགྲོ་བ་ན་སྐྱབས་ཡུལ་རྣམས་ཕྲག་པར་གསལ་བཏབ་ལ་སེམས་ཅན་ཐམས་ཅད་དང་འགྲོགས་ཏེ་སྐོར་བར་བསམས་ལ་སྐྱབས་འགྲོ་འདོན་པ་སོགས་སྤྱོད་ལམ་རྣམ་བཞི་གང་གི་སྐབས་སུའང་མོས་གུས་དང་མ་བྲལ་བར་ལམ་དུ་ཁྱེར་རོ། །གསུམ་པ་རྗེས་བསླབ་བྱ་དང་ཕན་ཡོན་གྱི་ཁྱད་པར་བསྟན་པ་ལ་གོང་སྨོས་ལྟར་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ལ་གཉིས། བསླབ་བྱ་དངོས་དང་བསྲུང་བའི་ཕན་ཡོན་ནོ། །དང་པོ་ལ་གཉིས། རྒྱུའི་བསླབ་བྱ་དང་། འབྲས་བུའི་བསླབ་བྱའོ། །དང་པོ་ལ་གསུམ། སྤང་བའི་བསླབ་བྱ་གསུམ། སྒྲུབ་པའི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་རྗེས་འབྲེལ་དང་བཅས་པའོ། །དང་པོ་ནི། པཎ་ཆེན་བི་མ་ལས་མཛད་པའི་སྐྱབས་འགྲོ་ཡན་ལག་དྲུག་པ་ལས། སྐྱབས་གསུམ་དང་པོའི་བསླབ་བྱ་ནི། །གནོད་སྦྱིན་མི་བརྟེན་ཕྱག་མི་འཚལ། །གཉིས་པ་སེམས་ཅན་ཐམས་ཅད་ལ། །འཚེ་བ་སྤང་ཞིང་བརྩེ་བར་བྱ། །གསུམ་པ་བདག་དང་གཞན་གྱི་ཡུལ། །སྡིག་པ་ཅན་དང་འགྲོགས་པ་མིན། །ཞེས་དང་། མདོ་མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་གཞན་ལ་ཕྱོགས་མི་བྱེད། །ཅེས་སོ། །འདིའི་སྟེང་དུ་ཀུན་མཁྱེན་ཆོས་རྗེས་ངལ་གསོ་ལས། བླ་མར་སྐྱབས་སོང་མཆོད་འོས་མི་བསླུ་ཞིང་། །དམ་པ་རྣམས་ལ་སྐུར་འདེབས་མི་སྙན་སྤངས། །ཞེས་དང་། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ལ་བསྟེན་པས་ནི་མཆོད་པར་འོས་པ་མི་བསླུ་བ་དང་། སྐྱེས་བུ་དམ་པ་རྣམས་ལ་མི་སྙན་པ་སྨྲ་བ་ཡོངས་སུ་སྤང་བར་བྱ་ཞིང་། དམ་པའི་ཆོས་ཀྱི་རྗེས་སུ་འགྲོ་བར་བྱའོ། །ཞེས་གསུངས་པའི་དོན་ཉིད་བསྣན་པར་མཛད་དོ། །གཉིས་བ་ནི། བི་མ་ལས། སྐུ་གཟུགས་ཚིགས་སུ་བཅད་པ་དང་། །ལྷན་པ་སེར་པོ་བཏབ་པ་ལའང་། །དད་མོས་སྒོ་ནས་སྟོན་པར་བརྟག །ཞལ་ནས་གསུངས་པ་མཐའ་དག་ལ། །སྐུར་བ་མི་གདབ་སྤྱི་བོར་བླངས། །གང་ཟག་དག་དང་མ་དག་ལ། །དམ་པར་བལྟ་བར་བྱ་བ་ཡིན། །ཞེས་གསུངས། གསུམ་པ་ནི། གཞི་བསྡུ་བར་སྐྱེས་བུ་དམ་པ་ལ་བསྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། དགེ་འདུན་དང་རྗེས་སུ་མཐུན་པར་བསྒྲུབ་པ་ནི་སྐྱབས་སུ་འགྲོ་བའོ་ཞེས་བཤད་དོ། །གཞན་ཡང་ལས་ཅི་ལ་ཐུག་ཀྱང་དཀོན་མཆོག་གསུམ་མི་སྤང་བ་དང་། ཆེ་བའི་ཡོན་ཏན་རྗེས་སུ་དྲན་པ་དང་། ཐ་ན་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་དང་། ཉིན་མཚན་དུས་དྲུག་ཏུ་སྐྱབས་འགྲོ་ལ་བརྩོན་པ་སོགས་ཏེ། བི་མ་ལས། ལུས་སྲོག་ཕྱིར་ཡང་གསུམ་མི་སྤང་། །དུས་འདིར་རྐྱེན་རྣམས་ཅི་བྱུང་ཡང་། །མགོན་སྐྱབས་གཞན་དུ་བཙལ་བ་མིན། །ཆེ་བའི་ཡོན་ཏན་ཟས་དག་གིས། །རྟག་ཏུ་དྲན་ཅིང་མཆོད་པ་ཡིན། །རྒྱུན་གྱི་སྐྱབས་འགྲོ་བརྗོད་བྱ་བ། །དུས་དྲུག་རྒྱུན་གྱི་བསྐུལ་མ་ཡིན། །ཞེས་གསུངས་སོ། །གཉིས་པ་འབྲས་བུའི་བསླབ་བྱ་ནི། འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་མཉམ་པ་ཆེན་པོར་ཤེས་པའི་ལྟ་བས་ཐག་བཅད་པའི་དོན་ལ་མཉམ་པར་བཞག་ཅིང་སྣང་སྲིད་དཀྱིལ་འཁོར་ཆེན་པོར་ཤེས་པར་བྱ་བ་སྟེ། ངལ་གསོ་ལས། འབྲས་བུའི་བསླབ་བྱ་མཉམ་ཉིད་ནན་ཏན་བྱ། །བཟང་ངན་མི་རྟོག་མཆོག་དམན་བླང་དོར་མིན། །སྤྲོས་ལ་མི་བརྟེན་ཆོས་ཉིད་གཉུག་མར་སྦྱང་། །ཐམས་ཅད་ལྷུན་རྫོགས་དཀྱིལ་འཁོར་གཅིག་ཏུ་སྦྱང་། །ཞེས་དང་། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པར་འདོད་པས། ཆོས་གང་ལའང་མི་དམིགས་ཤིང་རྗེས་སུ་མི་མཐོང་བའི་ཚུལ་གྱིས་བསླབ་པར་བྱ་སྟེ། གང་ཞེ་ན། འདི་ནི་མཆོག་གོ །འདི་ནི་དམན་ནོ། །འདི་ནི་ནོར་བའོ། །འདི་ནི་སངས་རྒྱས་པའི་ཆོས་སོ། །འདི་ནི་གཞན་ཀུན་དུ་རྒྱུ་དག་གི་ཆོས་སོ་ཞེས་གཉིས་སུ་མཐོང་བའི་ཚུལ་གྱིས་དཔྱད་པར་མི་བྱའོ། །ཞེས་གསུངས། འདི་ནི་དེང་སང་གི་དུས་ན་རང་གཞན་ཀུན་གྱི་སྙིང་ལ་བཅང་བྱའི་གདམས་ངག་གི་གནད་གལ་པོ་ཆེ་སྟེ། དེ་ལས་གཞན་དུ་འདི་ནི་རང་ལུགས་སོ། །འདི་ནི་གཞན་ལུགས་སོ། །འདི་ནི་ཆོས་ཡང་དག་པའོ། །འདི་ནི་ཡང་དག་པ་མ་ཡིན་ནོ་ཞེས་སོགས་ཆོས་དང་གྲུབ་མཐའི་ཕྱོགས་ཞེན་ལ་བརྟེན་ནས་སྨྲ་བ་མང་པོ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སུ་རིག་པར་བྱ་སྟེ། དེས་སྐྱབས་འགྲོའི་བསླབ་བྱ་དང་འགལ་བར་མ་ཟད་ཆོས་སྤོང་བའི་རྣམ་སྨིན་གྱི་སྒྲིབ་པ་མི་བཟད་པ་མྱོང་བར་འགྱུར་ཏེ། རྣམ་པར་འཐག་པ་བསྡུས་པའི་མདོ་ལས། དེ་ལྟར་མི་བླུན་པོ་དེ་དག་ངན་སོང་དུ་འགྲོ་བར་བདུད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར། དེ་ལའང་སྐྱོན་འདོགས་པར་སེམས་སོ། །དེ་བཞིན་གཤེགས་པས་གནང་བའི་ཆོས་སྨྲ་བ་དེ་ལའང་སྐྱོན་འདོགས་པར་སེམས་སོ། །ཞེས་དང་། འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་ན་དམ་པའི་ཆོས་སྤོང་བའོ། །དམ་པའི་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་ཡིན་ནོ། །དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །ཞེས་དང་། རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ལས། བདག་གི་སེམས་ཀྱི་གནས་གཏན་ལ་མ་ཕབ་པར་རྣམ་པར་འཁྲུལ་བས་འདི་སྐད་དུ། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ་རང་བཟོ་ཅན་གྱིས་རང་བཟོར་བྱས་པ་ཡིན་ནོ་ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ། །གསང་བའི་བདག་པོ། མི་བླུན་པོ་དེ་ནི་འགྲོ་བ་གཉིས་སུ་འགྲོ་བར་རིག་པར་བྱ་སྟེ། གཉིས་གང་ཞེ་ན། སེམས་ཅན་དམྱལ་བ་དང་དུད་འགྲོའོ། །གསང་བའི་བདག་པོ། དེ་དག་ལ་དགེ་བའི་རྩ་བའི་རྒྱུ་ཅུང་ཟད་ཀྱང་ཡོད་པར་ང་མི་སྨྲའོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། གང་གིས་འཛམ་བུ་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་ལས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་དང་། སྟོང་ཕྲག་བརྒྱ་པ་ལས། མཚམས་མེད་པ་ལྔས་ནི་ཆོས་སྤོང་བར་འགྱུར་བ་འདི་ཡི་གཟུགས་བརྙན་ཙམ་དུའང་མི་སྤྱོད་དོ། །ཤཱ་རིའི་བུ། ཆོས་སྤོང་བའི་བསམ་པས་འདི་སྐད་དུ། འདི་ལ་ཁྱེད་དང་བདག་གིས་བསླབ་པར་མི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །ཞེས་ཟེར་ཞིང་དེ་བདག་ཉིད་ཀྱང་སྤངས་ལ་གཞན་དག་ལ་ཡང་མོས་པ་མེད་པར་བྱེད་ཅིང་། བསམ་དང་གཞན་གྱི་བསམ་པ་ཉམས་པར་བྱེད་པ། བདག་གཞན་ཆུད་གསན་པར་དགའ་བ། བདག་ཉིད་ཀྱང་ཕྱིར་སྤོང་བར་འདོད་པ། གཞན་ལ་ཡང་སྤང་དུ་འཇུག་པ། ཆོས་འཇིག་པའི་ལས་བསགས་པ་དེའི་བཟུགས་བརྙན་དུའང་འགྱུར་རེ་སྐན{ཀན}། ཞེས་དང་། མཇམ་དཔལ་རྩ་རྒྱུད་ལས། གང་ཞིག་ཆོས་མཆོག་གཙོ་བོ་འདི། །རྒྱལ་བས་གསུངས་པའི་ཆོས་ཀྱི་མཛོད། །ས་སྟེང་མིས་ནི་སྤོང་བྱེད་པ། །དེ་ནི་མནར་མེད་དམྱལ་བར་འགྲོ། །བསྐལ་པ་ཆེན་པོར་དེ་འཚོད་ཅེས། །རྣམ་པ་དུ་མས་དབྱེ་བ་བསྟན། །ནམ་ཞིག་གོང་དུ་འབྱུང་བ་ཡི། །མི་ཡི་ལུས་སུ་སྐྱེས་ན་ཡང་། །དབུལ་ཞིང་ནད་མང་གླེན་པ་དང་། །ཀླ་ཀློ་དག་ཏུ་སྐྱེ་བར་འགྱུར། །འཇིག་རྟེན་སྨད་པར་འགྲོ་བ་སྟེ། །དེ་ནི་མཛེ་ཅན་ནད་པར་འགྱུར། །ལྐུག་ཅིང་འོན་པ་ཡན་ལག་ཉམས། །བློོ་ཉམས་ལོང་བ་ཉིད་དང་ནི། །རྩུབ་ཅིང་རྟག་ཏུ་འཇིགས་པའི་གཟུགས། །ས་སྟེང་ཡི་དྭགས་ལྟ་བུར་སྣང་། །གོས་ངན་སེམས་ནི་ངན་པ་དང་། །སེན་མོ་དང་ནི་ལུས་ཀྱང་ངན། །སྲིན་བུ་རྣམས་ཀྱིས་ཟོས་པ་དང་། །ཤུ་བ་གཡན་པ་ཡང་དག་ལྡན། །མདོ་སྡེ་འདི་དག་སྤང་བ་ན། །གང་དང་གང་གི་འགྲོ་བར་འགྱུར། །དེ་དང་དེར་ནི་སྐྱེ་བ་ན། །བློ་ངན་རྨོངས་པར་སྐྱེ་བར་འགྱུར། །ཞེས་དང་། བརྒྱད་སྟོང་པ་ལས། རབ་འབྱོར་ཆོས་ཀྱིས་ཕོངས་པར་གྱུར་པའི་ལས་བསགས་པ་དེ་ནི་ངན་སོང་ལོག་པར་ལྟུང་བ་རྣམས་སུ་སྐྱེ་ཞིང་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་ལོ། །དེར་ཡང་མེ་ཡི་སྡུད་པའི་བསྐལ་པ་བྱུང་བ་དེའི་ཚེ་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་རྣམས་སུ་འདོང་ཞིང་། དེར་ཡང་མེ་ཡི་སྡུད་པའི་བསྐལ་པ་བྱུང་ན་ཡང་གཞན་གྱི་དམྱལ་བར་སྐྱེ་བ་སོགས་དཔག་ཏུ་མེད་པ་གསུངས་ཤིང་། དེ་བཞིན་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའ་རྣམས་ལ་ངན་དུ་སེམས་པའི་འབྲས་བུ་ཡང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་སྲས་པོ་དེ་དག་ལ། །མི་གང་མི་དགའ་བྱེད་པ་དེ། །ལྷ་དང་མི་ནི་སྤངས་ནས་སུ། །དེ་དག་དམྱལ་བ་སྤྱོད་ཡུལ་འགྱུར། །བྱུང་ཆུབ་སེམས་དཔའ་རྣམས་ལ་ནི། །མི་གང་ལ་ལ་གནོད་བྱེད་པ། །མིག་མེད་པའམ་ལོང་བ་དང་། །སྡུག་བསྔལ་དཔུང་གཉེན་མེད་པར་འགྱུར། །ཤི་འཕོས་ནས་ནི་མནར་མེད་འགྲོ། །དེ་ནི་འབར་ཞིང་འཇིགས་སྐྲག་འགྱུར། །ལུས་ནི་ཆེན་པོར་གྱུར་ནས་ཀྱང་། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར། །ཚེ་རབས་དེ་དང་དེ་དག་ཏུ། །དེ་ལུས་དཔག་ཚད་ཙམ་གྱུར་ཏེ། །དེ་ནི་ཕྲུམ་ལྟར་ཟླུམ་གྱུར་ལ། །ཀུན་ནས་ཡོངས་སུ་བཟའ་བར་འགྱུར། །དེ་ཚེ་ལུས་དང་མགོ་བོ་ནི། །ལྔ་སྟོང་ཡོད་པར་འབྱུང་འགྱུར་ཞིང་། མགོ་བོ་དེ་དག་རེ་རེ་ལའང་། །ལྕེེ་ནི་ལྔ་བརྒྱ་ཐམ་པ་ཡོད། །གཅིག་ལའང་ཐང་གཤོལ་བརྒྱ་དག་གིས། །ལྕེ་ནི་རབ་ཏུ་རྨོ་བར་འགྱུར། །ཞེས་དང་། མདོ་གཞན་ལས་ཀྱང་དེ་དང་མཐུན་པར་གསུངས་ཏེ། ཚུལ་དེ་ལ་དགོངས་ནས། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ངའམ་ང་འདྲ་བས་ཆོས་དང་གང་ཟག་གི་ཚོད་གཟུང་བར་བྱ་ཡི། གང་ཟག་གིས་གང་ཟག་དང་ཆོས་ཀྱི་ཚོད་གཟུང་བར་མི་བྱ་སྟེ། ལྟུང་བར་འགྱུར་བའི་ཕྱིར་རོ། །ཞེས་དང་། བདེ་མཆོག་ཉུང་ངུའི་རྒྱུད་ལས། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཡུལ་གྱི་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཟབ་མོའི་ཆོས་འདི་སྟོན་པ་ན། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །གང་གིས་འདིར་བདག་ཡུལ་མིན་པ། །གང་གི་ཆོས་ཉིད་མི་ཤེས་ཡིན། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཤེས་རབ་ཆེན་པོ་རྣམས་གྱིས་མཁྱེན། །ཞེས་དང་། མདོ་རྒྱན་ལས། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་བས་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་གསུངས་པ་ཉིད་སེམས་ལ་བཞག་ནས་བདག་ཉིད་སྲུང་བར་བྱེད་པ་འདི་དོན་ཆེ་བར་འཁུམས་སོ། །དེ་ལྟར་འཕྲོས་དོན་ཅུང་ཟད་སྨོས་ནས། ཉམས་པའི་རྒྱུ་གཞན་ཡང་། ངལ་གསོ་ལས། གཏོང་རྒྱུ་བཏགས་པ་ཁས་ལེན་འདས་པ་དང་། །མཚན་ཉིད་པ་ནི་ལོག་ལྟ་སྐྱེས་པས་གཏོང་། །བསླབ་བྱ་ཉམས་པས་དམན་པར་ལྟུང་བ་སྟེ། །བག་ཡོད་དྲན་པས་བསྒྲིམས་ཏེ་བླང་དོར་བྱ། །ཞེས་གསུངས་ཏེ། དེ་ཡང་སྙིང་པོ་བྱང་ཆུབ་ཏུ་སངས་རྒྱས་པ་ན་ཆོ་གས་བླང་བའི་དུས་འདས་པས་གཏོང་རྒྱུ་བཏགས་པ་བ་དང་། ལོག་ལྟ་སྐྱེས་ནས་དཀོན་མཆོག་གསུམ་སྤངས་པ་དང་། སྒྲུབ་མ་ནུས་ཏེ་སྐྱབས་འགྲོའི་བསླབ་པ་ཕུལ་བ་ནི་གཏོང་རྒྱུ་མཚན་ཉིད་པ་ཡིན། འཇིག་རྟེན་པའི་ལྷ་ལ་ཕྱག་འཚལ་བ་སོགས་བསླབ་བྱ་ཅུང་ཟད་ཉམས་པ་ནི་དམན་པར་ཕྱོགས་པ་ཞེས་བྱ། དེ་ལྟར་སྐྱབས་འགྲོའི་བསླབ་པ་ཉམས་པའི་ཉེས་པའང་། རྒྱལ་པོ་རིགས་ལད་པ་ལྟར་ནང་པའི་ཁོངས་སུ་མི་ཆུད། ཚོང་པ་སྐྱེལ་མས་བསླུས་པ་ལྟར་ཅི་བྱེད་འཇིགས་པ་དང་བཅས། གྱང་འགྱེལ་བའི་རི་མོ་ལྟར་བསླབ་སྡོམ་ཐམས་ཅད་འཇིག་པར་སླ། དཔུང་གཉེན་དང་བྲལ་བའི་དམངས་ལྟར་གནོད་པ་དང་འཚེ་བ་མང་། ཁྲིམས་ལས་འདས་པའི་སྐྱེ་བོ་ལྟར་དམ་བཅའ་ཉམས་པས་ངན་སོང་དུ་སྐྱེ་བ་སོགས་མཐའ་ཡས། དེས་ན་ཉམས་པའི་ཉེས་དམིགས་ལ་བསམས་ཏེ་འགྱོད་བཤགས་དང་། ཕྱིན་ཆད་སྡོམ་སེམས་ཀྱིས་སྡོམ་པ་སླར་བླངས་ནས་སོར་ཆུད་པར་བྱའོ། །གཉིས་པ་བསྲུང་བའི་ཕན་ཡོན་ནི། སློབ་དཔོན་བི་མ་ལས། མུ་སྟེགས་སྤྱོད་ལས་ལོག་པ་ཡིན། །གསུམ་དུ་མི་སྐྱེ་རྟེན་དུ་འགྱུར། །བར་ཆད་མེད་པས་ནད་ཉུང་རིང་། །བྱང་ཞིང་སོག་པའི་ཕན་ཡོན་ནོ། །ཞེས་ནང་པ་སངས་རྒྱས་པའི་གྲལ་དུ་ཆུད་པ། ངན་འགྲོར་མི་སྐྱེ་བ། སྡོམ་པ་ཀུན་གྱི་རྟེན་དུ་གྱུར་པ། བར་ཆད་མེད་པ། ནད་ཉུང་བ། ཚེ་རིང་བ། སྡིག་སྒྲིབ་བྱང་བ། ཚོགས་གཉིས་རྫོགས་ཤིང་མྱུར་དུ་སངས་རྒྱས་ཐོབ་པ་སྟེ་ཕན་ཡོན་ཆེན་པོ་བརྒྱད་གསུངས་ཤིང་། དེ་ཡང་འདི་ལྟར་སྐྱབས་སུ་སོང་བ་ཙམ་གྱིས་ངན་སོང་གི་སྒོ་གཅོད་ཅིང་། མཐོ་རིས་དང་ཐར་པའི་ལམ་པོ་ཆེར་ཚེ་རབས་ཐམས་ཅད་དུ་འགོད་ནུས་པ་ཡིན་ཏེ། ཕག་གི་རྟོགས་བརྗོད་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་ཀྱང་སྤངས་ནས་ནི། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །ཞེས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་མྱུར་དུ་རྫོགས་པར་གྱུར་བའང་། མྱང་འདས་ལས། གསུམ་ལ་སྐྱབས་སུ་འགྲོ་བ་གང་། །བསོད་ནམས་ཡེ་ཤེས་དམ་པའི་ཚོགས། །འཇིག་རྟེན་རྒྱལ་བའི་ཆོས་འཕེལ་བས། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཞེས་སོ། །ཡོན་ཏན་ཚད་མེད་པར་འཐོབ་ཅིང་རྟག་པར་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་བའང་། ཁྱེའུ་རིན་ཆེན་བྱིན་གྱིས་ཞུས་པའི་མདོ་ལས། གང་དག་སངས་རྒྱས་ལ་སྐྱབས་སུ་སོང་བ་དེས་ནི་དགེ་བའི་ཆོས་ཐམས་ཅད་མངོན་པར་འཕེལ་བ་ཡིན་ནོ། །ངོ་ཚ་ཤེས་པ་ཡིན་ནོ། །ཁྲེལ་ཡོད་པ་ཡིན་ནོ། །ཆོས་ལ་སྐྱབས་སུ་སོང་བ་དེ་དག་ནི་བག་ཡོད་པ་ཡིན་ནོ། །ཡོན་ཏན་ཚོགས་མང་བ་ཡིན་ནོ། །རྟག་ཏུ་ཚེ་རབས་དྲན་པ་ཡིན་ནོ། །ཆོས་ཀྱི་བགོ་སྐལ་གྱི་ཚོགས་དང་ལྡན་པ་ཡིན་ནོ། །དགེ་འདུན་ལ་སྐྱབས་སུ་སོང་བ་དེ་དག་གི་སེམས་ལས་སུ་རུང་བ་ཡིན་ནོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་མང་བ་ཡིན་ནོ། །རྟག་ཏུ་རིགས་བཙུན་པ་ཡིན་ནོ། །རྨི་ལམ་དུའང་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་མི་འབྲལ་བ་ཡིན་ནོ། །ཞེས་སོ། །དཀར་ཕྱོགས་ཀྱི་ལྷས་སྲུང་ཞིང་དགེ་བའི་རྩ་བ་གོང་འཕེལ་དུ་འགྱུར་བའང་། དེ་ཉིད་ལས། གཞན་ཡང་དཀར་པོ་ལ་དགའ་བའི་ལྷ་རྣམས་ཀྱིས་བསྲུང་བ་ཡིན་ནོ། །དགེ་བའི་རྩ་བ་དག་ཀྱང་སྤེལ་ལོ། །ཞེས་སོ། །འཇིགས་དང་འཚེ་བ་ཐམས་ཅད་སེལ་ཞིང་བདུད་དང་ངན་སོང་གི་གནོད་པས་མི་བརྫི་བའང་། མདོ་རྒྱལ་མཚན་དམ་པ་ལས། དགེ་སློང་དག་ཁྱོད་དགོན་པ་དང་། དུར་ཁྲོད་དང་། འབྲོག་སྟོང་ལ་སོགས་པ་ན་འདུག་ཀྱང་རུང་། གསུམ་ལ་སྐྱབས་སུ་སོང་ཞིག་དང་། འཇིགས་པ་དང་། སྡུག་བསྔལ་བ་དང་། སྤུ་ཟིང་ཞེས་བྱེད་པ་དེ་དག་མེད་པར་འགྱུར་རོ། །ཞེས་དང་། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་གསད་པར་མི་ནུས་ཏེ་། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་སོ། །མདོར་ན་གནས་སྐབས་སུ། ཉོན་མོངས་པ་དང་། འཚེ་བ་དང་ཐེག་པ་དམན་པའི་ལམ་དང་། འཁོར་བ་དང་ངན་སོང་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་སྐྱོབ་ཅིང་ཡོན་ཏན་ཀུན་གྱི་རྟེན་གཞིར་གྱུར་པ་དང་། མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་དོན་ཐམས་ཅད་ཐོབ་པར་བྱེད་ཅིང་། མཐར་ཐུག་སངས་རྒྱས་ལ་སྐྱབས་སུ་སོང་བས་སངས་རྒྱས་ཉིད་འགྲུབ། ཆོས་ལ་སྐྱབས་སུ་སོང་བས་ཆོས་ཀྱི་འཁོར་ལོ་བསྐོར། དགེ་འདུན་ལ་སྐྱབས་སུ་སོང་བས་ཕྱིར་མི་ལྡོག་པའི་དགེ་འདུན་རྒྱ་མཚོ་ལྟ་བུ་འདུ་བས་སྲིད་ཞིའི་རྒུད་པ་སེལ་བ་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་པ་ཡིན་ཏེ། མདོ་རྒྱན་ལས། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་། །ཉེས་པར་སྤྱོད་པ་ཐམས་ཅད་དང་། །རྒ་དང་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབ། །འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་གནས་མིན་དང་། །འཇིགས་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབ་ཀྱི་དམ་པ་ཡིན། །ཞེས་དང་། མྱང་འདས་ལས། གང་སུ་གསུམ་ལ་སྐྱབས་སུ་གྲོ། །དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། མི་གང་གསུམ་ལ་སྐྱབས་སུ་འགྲོ། །དེ་ཡིས་ཚོགས་ཀྱང་རབ་རྫོགས་ཤིང་། །སངས་རྒྱས་ཉིད་ཀྱང་འགྲུབ་པ་དང་། །ཆོས་དང་དགེ་འདུན་འཐོབ་པར་འགྱུར། །ཞེས་དང་། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཕྱི་ནང་གསང་བའི་སྐྱབས་འགྲོའི་བསླབ་བྱ་བླ་མའི་དམར་ཁྲིད་ལས་གསུངས་པ་ནི། དང་པོ་ཕྱིའི་སྐྱབས་འགྲོའི་བསླབ་བྱ་ལ་ཁྱད་པར་གྱི་བསླབ་བྱ་གསུམ་དང་ཐུན་མོང་གི་ལྔ་བཅས་བརྒྱད་ལས། དང་པོ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་སྤངས། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་ལ་མི་འགྲོགས་པ་གསུམ་ཡིན། དང་པོ་ལྷ་གཞན་ལ་ཕྱག་མི་འཚལ་བ་ནི། ལྷ་གཞན་གུ་ལང་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་དེ་ལ་སོགས་པ་འཇིག་རྟེན་པའི་ལྷ་ལ་ཕྱག་འཚལ་ན་སྐྱབས་འགྲོ་ཉམས། དེ་རྣམས་ལ་སྐྱབས་སུ་སོང་ན་སྐྱབས་འགྲོའི་སྡོམ་པ་འཆོར། གཉིས་པ་སེམས་ཅན་ལ་འཚེ་བ་སྤངས་བ་ནི། ཆེ་རབ་གསོད་པ་ཡིན། དེས་སྐྱབས་འགྲོའི་སྡོམ་པ་འཆོར། ཁོང་ཁྲོས་རྡེག་པ་དང་འཁོལ་བ་དང་སྣ་འབིགས་པ་དང་གོ་རར་འཇུག་པ་དང་རྩིང་བ་འབལ་བ་སོགས་བྱས་ན་སྡོམ་པ་ཉམས་པ་ཡིན། གསུམ་པ་མུ་སྟེགས་ཅན་ལ་མི་འགྲོགས་པ་ནི། ལྟ་སྤྱོད་རྟག་ཆད་དུ་འཛིན་པའི་མི་དང་འགྲོགས་ན་སྡོམ་པ་ཉམས། དེ་དང་ལྟ་སྤྱོད་བསྟུན་ན་སྐྱབས་འགྲོའི་སྡོམ་པ་འཆོར་བ་ཡིན་ནོ། །ཐུན་མོང་གི་བསླབ་བྱ་ལྔ་ལས། དང་པོ་དུས་རྟག་ཏུ་དཀོན་མཆོག་མཆོད་ཅིང་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་ནི། དཀོན་མཆོག་གིི་རྟེན་གྱིི་སྤྱན་སྔར་ཅི་འབྱོར་པའི་མཆོད་པ་བཤམས་ལ། མཆོད་པ་ལ་འབྱོན་པར་གསོལ་བ་གདབ། མཆོད་པ་དངོས་ལ་བཞི་ལས། དང་པོ་ཕྱག་གི་མཆོད་པ་ནི། རང་གི་ལུས་དྲང་པོར་བསྲངས་ལ་ཐལ་མོ་སྦྱར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡིད་ལ་དྲན་པར་བྱ་ཞིང་ཕྱག་འཚལ་བས། དེ་རྣམས་ཀྱི་ཞབས་འཁོར་ལོས་མཚན་པ་ལ་གཏུགས་པར་བསམ་མོ། །གཉིས་པ་རྫས་ཀྱི་མཆོད་པ་ནི། མེ་ཏོག་ལ་སོགས་པ་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བ་དང་། ཏིང་ངེ་འཛིན་གྱི་མཆོད་པ་དང་། བདག་གི་ལུས་ཀྱང་འབུལ་ལོ། །གསུམ་པ་བསྟོད་པའི་མཆོད་པ་ནི། དབྱངས་དང་ལྡན་པའི་སྒོ་ནས་བྱའོ། །བཞི་པ་བསྒྲུབ་པའི་མཆོད་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མི་ཕྱེད་པར་བསྒོམས་ནས་དེ་ལས་བྱུང་བའི་དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་སྨོན་ལམ་འདེབས་པ་ཡིན། དཀོན་མཆོག་གསུམ་ལ་ཆུ་ཕོར་གང་དང་དུད་པ་རྡུལ་གཅིག་གི་དགོས་པ་མེད། རང་ལ་སངས་རྒྱས་ཀྱི་འོད་ཟེར་འཇུག་པའི་རྒྱུ་ཡིན། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་ནི། ཟས་ཀྱི་ཕུད་ཀྱིས་ལྷ་བཤོས་གསུམ་བཅད་ལ་ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ། དེ་ནས་རང་གི་ཡི་དམ་གྱི་ལྷ་ལ་དཀོན་མཆོག་གསུམ་པོ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པར་བསམས་ལ། དེ་རྣམས་ལ་བདུད་རྩིའི་མཆོད་པ་བཞེས་ཤིག་པར་འབུལ། དེ་ཙམ་མ་ཤེས་ན་དཀོན་མཆོག་བཞེས་ཤིག་པར་འབུལ། ཐ་ན་འབུལ་རྒྱུ་གཅིག་ཀྱང་མེད་ཀྱང་ཉི་མ་རེ་ལ་ཆུ་ཕོར་བ་རེ་འབུལ་ལོ། དེ་ལྟར་མ་ཕུལ་ན་སྐྱབས་འགྲོའི་སྡོམ་པ་ཉམས་པ་ཡིན། དཀོན་མཆོག་ལ་ཟས་ཀྱི་དགོས་པ་མེད། རང་གི་ཚོགས་མ་ཚོར་བར་བསགས་པ་ཟ་གཏོར་ཡིན། གཉིས་པ་ལུས་སྲོག་དང་གཙིགས་དང་བྱ་དགའི་ཆེད་དུ་དཀོན་མཆོག་གསུམ་མི་སྤོང་བ་ནི། ལུས་ཀྱི་ཕྱིར་མི་སྤོང་བ། མིག་འབྱིན་པ་དང་། སྒྱིད་པ་གཅོད་པ་དང་། རྣ་བ་གཅོད་པ་དང་། སྣ་གཅོད་པ་དང་། ཡན་ལག་གཞན་གཅོད་ཟེར་ཡང་གཅོད་དུ་འཇུག་པ་ལས་མི་སྤོང་བ་ཞིག་དགོས། སྲོག་གི་ཕྱིར་ཡང་མི་སྤོང་བ་ནི། གསོད་ཟེར་ཡང་གསོད་དུ་འཇུག་པ་ལས་སྐྱབས་འགྲོ་མི་སྤོང་བ་ཞིག་དགོས། གཙིགས་དང་བྱ་དགའི་ཆེད་དུ་མི་སྤོང་བ་ནི། འཛམ་བུའི་གླིང་རིན་པོ་ཆེས་བཀང་ལ་སྦྱིན་གྱིས། སྐྱབས་འགྲོ་ཐོངས་ཟེར་ཡང་མི་གཏོང་བ་ཞིག་དགོས་སོ། །གསུམ་པ་རང་ལ་ན་ཚ་དང་སྐྱིད་སྡུག་ཅི་བྱུང་ཡང་ཐབས་གཞན་མི་བཙལ་བ་ནི། རང་ལ་ན་ཚ་སོགས་བྱུང་དུས། མཎྜལ་དང་མཆོད་པ་རྣམ་ལྔ་བཤམས་ལ་དཀོན་མཆོག་གསུམ་ལ་ཕུལ་ཏེ། དེ་ནས་སྐྱབས་འགྲོ་བྱ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གི་ན་ཚ་དང་མི་དང་མི་མ་ཡིན་པ་དང་། འབྱུང་པོ་དང་འབྱུང་པོ་ལས་གྱུར་པ་ཐམས་ཅད་མི་འབྱུང་ཞིང་། ཞི་བ་དང་བཀྲ་ཤིས་བདེ་ལེགས་ཐམས་ཅད་འབྱུང་བར་མཛད་དུ་གསོལ་ཞེས་གསོལ་བ་གདབ། གཞན་ཡང་ཚོགས་བསགས་ཀློག་འདོན་དང་གཏོར་མ་ལ་སོགས་པ་ནི་སྐྱབས་འགྲོའི་རྒྱུར་འགྲོ་བར་བྱས་པས་ཆོག དེས་ཀྱང་མ་ཕན་ན་དཀོན་མཆོག་ལ་བྱིན་རླབས་མེད། ཆོས་མི་བདེན་སྙམ་དུ་ལོག་ལྟ་སྐྱེ་མི་རུང་། བདག་རང་གི་ལས་ངན་ཟད་པའི་དུས་ན་སོས་ཏེ་འོང་སྙམ་དུ་བསམ། མོ་བོན་ལ་སོགས་པ་གཞན་ཐམས་ཅད་མི་བཙལ་བར་སྐྱབས་འགྲོ་འབའ་ཞིག་བྱའོ། །བཞི་པ་ཕྱོགས་གར་འགྲོ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིད་ལ་དྲན་པར་བྱས་ལ་མཆོད་པ་བྱ་ཞིང་སྐྱབས་སུ་འགྲོ་བ་ནི། སང་ལྟ་བུ་ཤར་དུ་འགྲོ་ན། དེའི་རིང་ལྟ་བུར་མཎྜལ་དང་མཆོད་པ་བཤམས་ལ། ཕྱོགས་འདེའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་འགྲོ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་འདི་ཚུན་ཆད་དུ་འགྲོ་བ་ལ་དེ་བར་དེར་མ་ཕྱིན་ཚུན་ཆད་ལ་མི་དང་མི་མ་ཡིན་པའི་བར་ཆད་མི་འབྱུང་ཞིང་བཀྲ་ཤིས་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་ལ་འགྲོ། དེ་རིང་མ་གྲུབ་ན་ཡང་ནམ་འགྲོ་བའི་དུས་ན་དེ་ལྟར་བྱ། འགྲོ་བའི་ཚེ་ཐེམ་པའི་ཕྱི་རོལ་ནས་གོམ་པ་བཅུའམ་བདུན་ཚུན་ཆད་ལ་སྐྱབས་འགྲོ་མ་དྲན་ན་སྐྱབས་འགྲོ་ཉམས་པ་ཡིན། དེའི་དུས་ཀྱིས་མི་ཕན་པ་ལས་ཕྱིས་ནི་མི་འཆོར། ལར་སྐྱབས་འགྲོ་ལ་བློ་ཁེལ་ན་བསླུ་མི་སྲིད་དོ། །ལྔ་པ་སྐྱབས་འགྲོའི་ཡོན་ཏན་དྲན་པར་བྱས་ལ་ཡང་དང་ཡང་དུ་བསླབ་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ན། རེ་ཡང་དཀོན་མཆོག་ལ་རེ། ལྟོས་ཀྱང་དཀོན་མཆོག་ལ་ལྟོས། སྐྱབས་ཀྱང་དཀོན་མཆོག་ཁོ་ན་ལ་འགྲོ། གསོལ་བ་ཡང་དཀོན་མཆོག་ལ་བདེབས། བྱིན་རླབས་ཀྱང་དཀོན་མཆོག་ལ་ཞུ་དགོས། ད་ལྟའི་དུས་ཀྱི་དཀོན་མཆོག་གི་རྟེན་ལུགས་སུ་བླུགས་པ་དང་། འབུར་དུ་དོད་པ་དང་། རིས་སུ་བྲིས་པ་དང་། མཆོད་རྟེན་དང་། པོ་ཏི་དང་། གླེགས་བམ་ལ་སོགས་པ་ལ་ཆོས་ཀྱི་སྐུར་མོས་པ་བྱས་ལ་ཕྱག་མཆོད་དང་གསོལ་བ་གདབ། འདིས་ཆོས་སྐུའི་ངོ་བོར་ཝལ་གྱིས་རྟོགས་ནས་འགྲོ་བ་ཡང་སྲིད། དེ་ལྟར་མ་གྱུར་ཀྱང་ད་ལྟར་དཀོན་མཆོག་གསུམ་ལ་ཕྱག་དང་མཆོད་པ་སོགས་བྱས་ཤིང་ལས་ཀྱི་འབྲེལ་བ་བཞག་པས་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་གདུལ་བྱར་འགྱུར་བ་ཡིན། རང་ལ་ཡོན་ཏན་དང་བདེ་བ་ཅི་བྱུང་ཡང་བླ་མ་དང་དཀོན་མཆོག་གི་བྱིན་རླབས་ཡིན་པར་བསམ། དེས་བྱིན་རླབས་འཇུག་པ་ཡིན། རང་ལ་སྐྱོན་དང་སྡུག་བསྔལ་ཅི་བྱུང་ཡང་རང་གི་ལས་ངན་ཡིན་པར་བསམ། དེས་ལས་ངན་ཐམས་ཅད་འཛད་པ་ཡིན། ལར་རང་གིས་དཀོན་མཆོག་ལ་བློ་མ་ཁེལ་བར། དཀོན་མཆོག་ལ་བྱིན་རླབས་མི་འདུག་ཟེར་ནས་ལོག་ལྟར་འཛིན་ན་དམྱལ་བའི་གཏིང་ནས་མི་ཐར་རོ། །དེ་ལྟར་སྐྱབས་སུ་སོང་བ་ལ་ཡོན་ཏན་བརྒྱད་ཡོད་དོ། །དང་པོ་ནང་པ་སངས་རྒྱས་པའི་ཁྱུར་ཚུད་པ་ནི། དཀོན་མཆོག་ལ་སྐྱབས་སུ་སོང་ན་ནང་པ་སངས་རྒྱས་པ་ཟེར་བ་ཡིན། སྐྱབས་འགྲོ་མ་སྐྱེས་ན་གང་ཟག་འཕགས་པ་དང་སྒོམ་ཆེན་སངས་རྒྱས་དངོས་ཡིན་ཟེར་ཡང་ནང་པ་སངས་རྒྱས་པའི་ཁྱུར་མི་ཚུད་དོ། །གཉིས་པ་སོ་སོར་ཐར་པ་ལ་སོགས་པ་སྡོམ་པ་མཐའ་དག་གི་རྟེན་དུ་རུང་བ་ནི། སྐྱབས་འགྲོའི་སྡོམ་པ་ཤོར་ན་དེ་ལ་བརྟེན་པའི་སྡོམ་པ་ཐམས་ཅད་ཀྱང་འཆོར། སོར་འཇུག་པ་ཡང་སྐྱབས་འགྲོའི་སྡོམ་པ་སོར་ཆུད་པས་ཆོག་སྟེ། དེ་ཡང་རང་གིས་དཀོན་མཆོག་གསུམ་ལ་མོས་པ་བྱས་ནས། དེའི་སྤྱན་སྔར་སྡོམ་པ་བླང་བས་ཆོག་གོ །གསུམ་པ་སྔར་བྱས་ཀྱིས་སྡིག་པ་ཐམས་ཅད་ཟད་པར་འགྱུར་བ་ནི། བསྙེན་གནས་ནས་གསང་སྔགས་ཀྱི་སྡོམ་པ་མན་ཆད་ཀྱི་ཐོག་མར་གསུམ་ལ་བསྐྱབས་སུ་འགྲོ་བའི་སྡོམ་པས་ལས་ཐམས་ཅད་སྲབ་ཅིང་ཟད་པར་བྱེད་དོ། །དེ་ཡང་སྐྱབས་འགྲོ་ཁྱད་པར་ཅན་གྱིས་སྒྲིབ་པ་གཏན་ནས་འཛད། ཐུན་མོང་བས་ལས་ཀྱི་སྒྲིབ་པ་སྲབ་པར་བྱེད། ཡང་སྐྱབས་འགྲོ་གཤའ་མ་ཤིག་རྒྱུད་ལ་སྐྱེས་ན་ལས་ཀྱི་སྒྲིབ་པ་གཏན་ནས་འཛད། ཚིག་ཙམ་གྱིས་ཀྱང་སྲབ་པར་བྱེད། ཡང་འགྲོ་འཆག་ཉལ་འདུག་དུས་རྟག་ཏུ་སྐྱབས་འགྲོ་བྱས་ན་གཏན་ནས་འཛད། མདོ་ལོང་མདོ་ལོང་གིས་ཀྱང་སྲབ་གསུངས། བཞི་པ་རྒྱུད་ལ་བསོད་ནམས་རྒྱ་ཆེན་པོ་དང་ལྡན་པར་འགྱུར་བ་ནི། འཇིག་རྟེན་པའི་བསོད་ནམས་ཚེ་རིང་བ་དང་། ནད་མེད་པ་དང་། དཔལ་དང་གཟི་མདངས་དང་ལྡན་པ་དང་། འབྱོར་པ་རྒྱ་ཆེན་པོ་ལ་སོགས་པ་ཡང་སྐྱབས་འགྲོ་ལས་འབྱུང་ལ། འཇིག་རྟེན་ལས་འདས་པའི་བླ་ན་མེད་པའི་བྱང་ཆུབ་ཀྱང་སྐྱབས་འགྲོ་ལས་འབྱུང་བའོ། །ལྔ་པ་ཚེ་འདིའི་བར་དུ་གཅོད་པ་མི་དང་མི་མ་ཡིན་ཐམས་ཅད་ཀྱིས་མི་ཚུགས་པ་ནི། རང་ལ་སྐྱབས་འགྲོ་གཤའ་མ་ཞིག་བློ་ལ་སྐྱེས་ཙམ་ན། ཚེ་འདི་ལ་མིའི་བར་དུ་གཅོད་པས་ཀྱང་མི་ཚུགས། མི་མ་ཡིན་ཀླུ་དང་རྒྱལ་པོ་ལ་སོགས་པས་ཀྱང་མི་ཚུགས་སོ། །དྲུག་པ་ཇི་ལྟར་བསམ་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་བ་ནི། སྐྱབས་འགྲོ་གཤའ་མ་ཞིག་རྒྱུད་ལ་སྐྱེས་ན་ཅི་བསམ་པ་ཐམས་ཅད་མི་འགྲུབ་པ་མི་སྲིད་དེ། སྐྱབས་འགྲོ་ལ་བློ་ཁེལ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་གསོལ་བ་བཏབ་ན་ཅི་འདོད་འོང་བ་དང་འདྲའོ། །བདུན་པ་ངན་སོང་དང་ངན་འགྲོ་དང་ལོག་པར་མི་ལྟུང་བ་ནི། ངན་སོང་ནི་དམྱལ་བ་ཡི་དྭགས་དུད་འགྲོ་ལ་བྱ། ངན་འགྲོ་ནི་ཡུལ་མཐའ་འཁོབ་ལ་སོགས་པ་ཆོས་མེད་པའི་ཡུལ་དུ་སྐྱེ་བ་ཡིན། ལོག་པར་ལྟུང་བ་ནི་མུ་སྟེགས་ཏེ། དེ་དག་ཏུ་མི་ལྟུང་བར་འདོད་ན་ཡང་སྐྱབས་འགྲོ་ཁོ་ན་བྱའོ། །བརྒྱད་པ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕན་ཡོན་ནི། ཕན་ཡོན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཐེག་པ་ཆེན་པོ་གསང་སྔགས་ནས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བར་བཤད་དེ། དེ་ཡང་མྱུར་དུ་འཚང་རྒྱ་བ་ལས་མེད། དུས་རེས་འགའ་སྐྱབས་འགྲོ་བྱས་པས་ཆོག་སྙམ་པའི་དོགས་པ་བཅད་ལ་ཡང་དང་ཡང་དུ་ཉིན་མཚན་མེད་པར་སྐྱབས་སུ་འགྲོ་བར་བྱ་དགོས། དེ་ལྟར་བྱས་ན་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་ངེས་པར་འཐོབ་བོ། །སྐྱབས་འགྲོ་ལ་རེམ་ན་ཆོས་མང་པོ་བྱ་མི་དགོས། བྱང་ཆུབ་ལས་འཆོལ་དོགས་མེད་དོ། །རང་ལ མ་ལོག་པར་སོང་གིས་དོགས་པ་ལ་ཡང་ལམ་རྣལ་མ་དང་ཕྲད་པར་གསོལ་བ་བཏབ་པས་དེ་དང་ཅིས་ཀྱང་འཕྲད། སྟོང་ཉིད་དང་ལྷའི་དཀྱིལ་འཁོར་བསྒོམ་པ་སོགས་ཆོས་ཟབ་མོ་སྐྱེར་མ་འདོད་པ་ཀུན་ལ་ཡང་སྐྱབས་སུ་འགྲོ་བས་སྒྲིབ་པ་འབྱོངས་ཤིང་ཚོགས་བསགས་པས་སྐྱེ་བ་ཡིན། དེ་ལྟར་བྱས་པས་སྐྱོབ་ལུགས་ཀྱང་། སངས་རྒྱས་རྣམས་ཀྱིས་སེམས་ཅན་རྣམས་འཁོར་བ་ནས་དངོས་སུ་ཕྱག་གིས་ཁྲིད་ནས་གདོན་ནམ་སྙམ་ན། དེ་ལྟར་མི་བཏུབ་སྟེ། གལ་ཏེ་བཏུབ་ན་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས་སེམས་ཅན་གཅིག་ཀྱང་མ་ལུས་པར་འདོན་མོད། འོ་ན་ཅིས་སྐྱོབ་ན་ཆོས་ཀྱིས་སྐྱོབ། སྐྱབས་འགྲོ་རྒྱུད་ལ་སྐྱེས་ན་ཆོས་གཞན་བྱ་མི་དགོས། དཀོན་མཆོག་གི་ཐུགས་རྗེས་མི་སྐྱོབ་མི་སྲིད་དོ། །གཉིས་པ་ནང་གི་སྐྱབས་འགྲོའི་བསླབ་བྱ་ལའང་སྔར་ལྟར་བརྒྱད་ལས། ཁྱད་པར་གྱི་བསླབ་བྱ་གསུམ་ནི། དང་པོ། བླ་མ་ལ་སྐྱབས་སུ་སོང་ནས་བླ་མ་ལ་ངན་སེམས་འཕྱ་སེམས་རྨི་ལམ་ཙམ་དུའང་མི་བྱ། གཉིས་པ། ཡི་དམ་ལ་སྐྱབས་སུ་སོང་ནས་ཡི་དམ་གྱི་སྒོམ་བཟླས་རྒྱུན་མི་བཅད། གསུམ་པ། མཁའ་འགྲོ་ལ་སྐྱབས་སུ་སོང་ནས་ཚོགས་དང་བསྐང་བཤགས་སོགས་དུས་ཀྱི་མཆོད་པ་རྒྱུན་མི་བཅད་པའོ། །ཐུན་མོང་གི་བསླབ་བྱ་ལྔ་ནི། དང་པོ། ཅི་ཟ་ཅི་འཐུང་གི་ཕུད་བདུད་རྩིར་བྱིན་གྱིས་བརླབས་ལ། བླ་མ་སྤྱི་བོར་བསྒོམས་ལ་མཆོད། ཡི་དམ་སྙིང་གར་བསྒོམས་ཏེ་མཆོད། མཁའ་འགྲོ་ལྟེ་བར་བསམ་སྟེ་མཆོད་པའོ། །གཉིས་པ། ཕྱོགས་གང་དུ་འགྲོ་ཡང་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་གསོལ་བ་གདབ། བླ་མ་སྤྱི་བོར་བསྒོམ། རང་ཡི་དམ་དུ་བསྒོམ། མཁའ་འགྲོ་ཆོས་སྐྱོང་དཔུང་གཉེན་དུ་བསྒོམས་ཏེ་འགྲོ་བར་བྱའོ། །གསུམ་པ། ལུས་དང་སྲོག་གི་ཕྱིར་ཡང་མི་སྤོང་བར་བླ་མ་སྙིང་བཞིན་བསམ། ཡི་དམ་མིག་བཞིན་བསམ། མཁའ་འགྲོ་ལུས་བཞིན་བསམ་པ་ལ་བསླབ་པའོ། །བཞི་པ། རང་ལ་ན་ཚ་སྐྱིད་སྡུག་ཅི་བྱུང་ཡང་བླ་མ་ལ་གསོལ་བ་གདབ། ཡི་དམ་ལ་མཆོད་པ་བྱ། མཁའ་འགྲོ་ལ་གཏོར་ཚོགས་གཏོང་བ་མ་ཡིན་པ། མོ་བོན་སོགས་ཐབས་གཞན་མི་བཙལ་བ་ལ་བསླབ་བོ། །ལྔ་པ། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་ཡོན་ཏན་དྲན་པས་ཡང་ཡང་སྐྱབས་སུ་འགྲོ་བ་སྟེ། བླ་མ་ལ་སྐྱབས་སུ་སོང་བས་བྱིན་རླབས་འཇུག ཡི་དམ་ལ་སྐྱབས་སུ་སོང་བས་ཕྱག་རྒྱ་ཆེན་པོའི་སྐུ་འཐོབ། མཁའ་འགྲོ་ལ་སྐྱབས་སུ་སོང་བས་བར་ཆད་སེལ་བ་ཡིན་ནོ། །དེ་ལྟར་ནང་གི་སྐྱབས་འགྲོ་བགྱིས་པའི་ཕན་ཡོན་ཡང་། བླ་མ་ལ་སྐྱབས་སུ་སོང་བས་རང་ཉིད་འཆིང་བའི་བློ་ལས་སྐྱོབ། མི་ཤེས་གཏི་མུག་གི་བར་ཆད་སེལ། ལྷག་མཐོང་རིག་པའི་ཚོགས་རྫོགས། རྟོགས་པ་རང་ཤར་གྱི་དངོས་གྲུབ་འབྱུང་ངོ་། །ཡི་དམ་ལ་སྐྱབས་སུ་སོང་བས་ཐ་མལ་འཁྲུལ་འཛིན་ལས་སྐྱོབ། ཞེ་སྡང་ན་རག་གི་སྡུག་བསྔལ་སེལ། རང་བྱུང་གི་ཚོགས་སོག ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་ངོ་། །མཁའ་འགྲོ་ལ་སྐྱབས་སུ་སོང་བས་བར་ཆད་འབྱུང་པོ་ལས་སྐྱོབ། ཡི་དྭགས་དབུལ་ཕོངས་ཀྱི་སྡུག་བསྔལ་སེལ། ཞེན་གྲོལ་ཆགས་མེད་ཀྱི་ཚོགས་རྫོགས། བདེ་ཆེན་ལོངས་སྐུའི་དངོས་གྲུབ་ཐོབ་པ་ཡིན་ནོ། །གསུམ་པ་གསང་བའི་སྐྱབས་འགྲོའི་བསླབ་བྱ་ལའང་སྔར་ལྟར་གཉིས་ལས། ཁྱད་པར་གྱི་བསླབ་བྱ་གསུམ་ནི། དང་པོ། ལྟ་བ་རྟོགས་པ་དང་ལྡན་པ་ལ་བསླབ་པ། སེམས་ཅན་ཐམས་ཅད་དང་སངས་རྒྱས་རྒྱུ་མཉམ་པས་སངས་རྒྱས་ལོགས་ནས་ཐོབ་རྒྱུ་མེད་པར་གདེང་བཅའ། སྣང་སེམས་ཐ་མི་དད་དུ་རྟོགས་པས་སྣང་སྟོང་དབྱེར་མེད་གདིང་བཅའ་བ་ལ་བསླབ་བོ། །གཉིས་པ། སྒོམ་པ་ཉམས་དང་ལྡན་པ་ལ་བསླབ་པ། ཤེས་པ་ཕྱིར་མ་བཞག ནང་དུ་མི་དགུག རང་བབས་ལྷུག་པ་གཏད་མེད་དུ་གཞག་པ་ལ་བསླབ་བོ། །གསུམ་པ། སྤྱོད་པ་རོ་སྙོམས་དང་ལྡན་པ་ལ་བསླབ་པ། འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་བསྒོམ་དུ་མེད་ཀྱང་། ཡེངས་སུ་སྐད་ཅིག་ཀྱང་མེད་པ་ལ་བསླབ་བོ། །ཐུན་མོང་གི་བསླབ་བྱ་ལ་བདུན་ཏེ། སངས་རྒྱས་སེམས་སུ་རྟོགས་ཀྱང་བླ་མ་མི་སྤང་། སྣང་བ་སེམས་སུ་རྟོགས་ཀྱང་འདུས་བྱས་ཀྱི་དགེ་རྩ་རྒྱུན་མི་གཅད། དམྱལ་བ་ལ་དོགས་པ་མེད་ཀྱང་སྡིག་པ་ཕྲ་མོ་ནས་སྤང་། སངས་རྒྱས་ལ་རེ་བ་མེད་ཀྱང་ཆོས་གང་ལའང་སྐུར་བ་མི་གདབ། རང་ལ་ཏིང་ངེ་འཛིན་ཁྱད་པར་ཅན་མཐོང་ཡང་ང་རྒྱལ་དང་རློམ་པ་མི་བྱ། རང་གཞན་གཉིས་སུ་མེད་པར་གོ་ཡང་སེམས་ཅན་ལ་སྙིང་རྗེ་རྒྱུན་མི་གཅད། འཁོར་བ་དང་མྱང་འདས་གཉིས་མེད་དུ་རྟོགས་ཀྱང་རྟག་ཏུ་དགོན་པར་གོམས་པར་བྱ་བ་ལ་བསླབ་པ་དང་བདུན་ནོ། །དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་གྱི་ཁྱད་པར་ཡང་། ལྟ་བ་ལ་སྐྱབས་སུ་སོང་བས་རྟག་ཆད་གཉིས་ལས་སྐྱོབ། ལོག་ལྟ་ཞེན་འཛིན་གྱི་བར་ཆད་སེལ། ཆོས་ཉིད་འོད་གསལ་གྱི་ཚོགས་སོག སྐུ་གསུམ་འགག་མེད་ཀྱི་དངོས་གྲུབ་འབྱུང་ངོ་། །སྒོམ་པ་ལ་སྐྱབས་སུ་སོང་བས་ལྟ་བས་ཀྱང་སྒོམ་པ་ལ་སྐྱོབ་པར་བྱེད། སྟོང་ཞེན་བག་ཆགས་ཀྱི་བར་ཆད་སེལ། གཉིས་མེད་ཟུང་འཇུག་གི་ཚོགས་སོག ཐག་ཆོད་ཡེ་གྲོལ་གྱི་དངོས་གྲུབ་འབྱུང་ངོ་། །སྤྱོད་པ་ལ་སྐྱབས་སུ་སོང་བས་ལོག་སྤྱོད་ཆད་ལྟ་ལས་སྐྱོབ་པར་བྱེད། ཚུལ་འཆོས་ཐོ་ཅོའི་བར་ཆད་སེལ། ཆགས་མེད་ཟིང་ལོང་གི་ཚོགས་སོག ཅི་སྤྱད་དགེ་བར་འགྱུར་བའི་དངོས་གྲུབ་འབྱུང་ངོ་། །དེ་ལྟ་བུའི་སྐྱབས་འགྲོ་ཕྱི་ནང་གསང་གསུམ་དུ། ཆོས་ཕྱི་ནང་ལྟ་བ་མཐོ་དམན། སྔགས་མཚན་ཉིད་རྩ་བ་གཅིག་ཏུ་འདུས་པའི་མན་ངག་ཡིན་ནོ། །འདི་ལྟར་བྱས་ན་ཆོས་ཆོས་སུ་འགྲོ། ཆོས་ལམ་དུ་འགྲོ། ལམ་འབྲས་བུར་སྨིན་འགྲོ། མཁར་ཆེན་བཟའ་ཡིས་དེ་ལྟར་ཤེས་པར་གྱིས་ཤིག ཅེས་གསུངས་སོ། །རིན་ཆེན་རྣམ་གསུམ་ཞེས་པའི་མཚན་འདི་ཡང་། །བསྐལ་པ་བྱེ་བ་ཕྲག་བརྒྱར་རྙེད་དཀའ་བས། །ད་རེས་སྔོན་བསགས་དཔལ་གྱིས་འབྱོར་དུས་འདིར། །འབྲལ་མེད་སྐྱབས་སུ་བསྟེན་ཅིག་ཤེས་ལྡན་རྣམས། །སྐྱབས་འགྲོའི་ཁྲིད་ཀྱི་སྐབས་སོ། །། །


previousཐ་མར་དགེ་བ་རྡོ་རྗེ་ཐེག་པའི་ལམ་གྱི་སྔོན་འགྲོ་དངོས་བཤད་པ།next