Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཅིག་པ།

31 occurrences of འབར་བ་
[Clear Hits]


  
  
  
12   
ཐེག་པ་ཆེན་པོ་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་ཆུང་པདྨ་དཀར་པོའི་འཁྲི་ཤིང་།
  
  
 
  
16   
  
 


31 occurrences of འབར་བ་
[Clear Hits]

 
previousཐེག་པ་ཆེན་པོ་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་ཆུང་པདྨ་དཀར་པོའི་འཁྲི་ཤིང་།next

ཐེག་པ་ཆེན་པོ་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་ཆུང་པདྨ་དཀར་པོའི་འཁྲི་ཤིང་།

༄༅། །མཧཱཡཱནཨུཔདེཤཤཱསྟྲཙིནྟཱརཏྣཀོཥཔྲྀཏྟིཨལམཱཔུཎྜརིཀཁཊྭངྒནམབིཧརཏིསྨ།
༄༅། །ཐེག་པ་ཆེན་པོ་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་ཆུང་པདྨ་དཀར་པོའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོའི་ཁམས། །གློ་བུར་སྒྲིབ་པའི་སྦུབས་ལས་ཡོངས་གྲོལ་བས། །ཟག་མེད་ཡོན་ཏན་མཁའ་དང་རབ་མཉམ་པའི། །སྐུ་གསུམ་སྟོན་འཁོར་བསྟན་པར་བཅས་ཀུན་རྒྱལ། །རྒྱལ་བའི་ཆོས་ཚུལ་ཟབ་དང་རྒྱ་ཆེའི་བཅུད། །ཇི་བཞིན་སྡུད་མཁས་ཀུན་མཁྱེན་ཆོས་ཀྱི་རྗེ། །དེ་ཡི་རིང་ལུགས་འཛིན་མཛད་བརྒྱུད་པར་བཅས། །དཔལ་མགོན་བླ་མའི་ཞབས་ལ་ཕྱག་བྱས་ནས། །བསྟན་ལ་གུས་དང་གཞན་ལ་ཕན་འདོད་བློས། །འཇམ་དཔལ་དགྱེས་པའི་གསུང་གི་སྒྲོན་མ་ལ། །བརྟེན་ནས་ཡིད་བཞིན་མཛོད་ཀྱི་ཚིག་གི་འགྲེལ། །ངོ་མཚར་པདྨ་དཀར་པོའི་འཁྲི་ཤིང་སྤེལ། །འདིར་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་དང་ཞལ་མི་གཉིས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱི་ཞལ་སྔ་ནས་སྩལ་པའི། ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེའི་གནད་མཐའ་དག་གསལ་བར་སྟོན་པའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ཉིད། ཐམས་ཅད་མཁྱེན་པ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་གསུང་གི་སྒྲོན་མེའི་སྣང་བ་ལ་བརྟེན་ནས་ཚིག་འགྲེལ་མདོར་བསྡུས་སུ་འཆད་པ་ལ། མཚན་གྱི་དོན། བྱ་བ་རྩོམ་པའི་ཕྱག གཞུང་གི་དོན། མཇུག་གི་དོན་དང་བཞི་ལས། དང་པོ་ནི། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨུ་པ་དེ་ཤ་ཤསྟྲ་ཙིནྟཱ་རཏྣ་ཀོ་ཥ་ནཱ་མ། བོད་སྐད་དུ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའིམཛོད་ཅེས་བྱ་བ། དེ་གཉིས་ཤན་སྦྱར་ན། མ་ཧཱ་ཡཱ་ན། ཐེག་པ་ཆེན་པོའི། ཨུ་པ་དེ་ཤ། མན་ངག་གི་ཤཱསྟྲ། བསྟན་བཅོས། ཙིནྟཱ་རཏྣ་ཡིད་བཞིན་རིན་པོ་ཆེའི། ཀོ་ཥ་མཛོད། ནཱ་མ་ཅེས་བྱ་བ་སྟེ། མཚན་གྱི་དོན་ནི། ཡཱ་ནའི་སྒྲ་ལས་དྲངས་ན་ཁྱོགས་སམ་བཞོན་པ་ལ་འཇུག་པས་གང་དུ་འདེབས་པར་བྱེད་པའི་དོན་གྱིས་ཐེག་པ་སྟེ། དབྱེ་ན་འདིས་འདེགས་པ་ལམ་དང་། འདིར་འདེགས་པ་འབྲས་བུའི་ཐེག་པ་གཉིས་སོ། །དེ་ལ་ཡང་། དམིགས་པ་དང་། སྒྲུབ་པ་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། ཐབས་མཁས་དང་། གྲུབ་པ་དང་། ཕྲིན་ལས་ཏེ་ཆེན་པོ་བདུན་དང་ལྡན་པས་ཆེན་པོ། ཚེགས་ཆུང་ངུས་དོན་ཆེན་པོ་བདེ་བླག་ཏུ་རྟོགས་པར་བྱེད་ནུས་པས་མན་ངག་གི། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པས་བསྟན་བཅོས། དམ་ཆོས་རྒྱ་མཚོ་ལྟ་བུའི་སྙིང་པོ་བསྡུས་པའི་ལམ་དང་འབྲས་བུའི་འདོད་པ་ཐམས་ཅད་འཇོ་བས་ཡིད་བཞིན་རིན་པོ་ཆེའི་མཛོད་ཅེས་བྱ་བ་སྟེ་དཔེ་དོན་འབྲེལ་བ་ཅན་གྱི་སྒོ་ནས་སོ། །གཉིས་པ་ནི། ཉོན་མོངས་པ་དང་ཉེས་པའི་ཟུག་རྔུ་ཀུན་དང་བྲལ་བས་འཇམ་ཞིང་། མཁྱེན་གཉིས་སམ་དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་དང་ལྡན་པ་རྒྱལ་ཀུན་ཡེ་ཤེས་ཀྱི་སྐུ་ཅན་རྟག་པར་བགྲེས་རྒུད་གཞོམ་གཞིག་དང་བྲལ་བ་རྒྱལ་སྲས་གཞོན་ནུའི་ཚུལ་འཆང་བས་གཞོན་ནུར་གྱུར་པ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །གསུམ་པ་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག བརྩམ་བྱ་བསྟན་བཅོས་ཀྱི་ལུས་དངོས། མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ། དང་པོ་ལ། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ་གཉིས། དང་པོ་ནི། དམིགས་མེད་ཞི་བའི་ཐུགས་རྗེའི་མཁའ་དབྱིངས་རང་བཞིན་གྱིས་འོད་གསལ་ཞིང་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ནི་ཆོས་ཀྱི་སྐུ་ཡིན་ལ། ལོངས་སྤྱོད་རྫོགས་པའི་སྐུ་ནི་ཤེས་བྱ་ཐམས་ཅད་གཟིགས་པའི་མཁྱེན་པ་དང་སེམས་ཅན་ཐམས་ཅད་ལ་བརྩེ་བའི་བྱམས་པ་ཆེན་པོ་གཉིས་ཀྱི་ཟླ་བའི་དཀྱིལ་འཁོར་ཀུན་ནས་གང་བས་མཛེས་པར་བྱས་ཤིང་། དེ་ཉིད་ཀྱི་ངང་ལས་མཐའ་ཡས་པའི་སྐྱེ་དགུའི་འདོད་པ་ཐམས་ཅད་སྟེར་བའི་སྤྲུལ་པའི་རྣམ་པར་རོལ་པ་ཚད་མེད་པ་མངོན་པར་སྣང་བ་ཅན་ཏེ། དེས་གནས་སྐབས་སུ་ཕན་པ་དང་མཐར་ཐུག་ཞི་བདེའི་དོན་གཉིས་ཀྱི་འོད་ཟེར་སྟོང་ཕྲག་སེམས་ཅན་གྱི་ཁམས་ལ་འཕྲོ་བའི་ཕྲིན་ལས་བསམ་མི་ཁྱབ་པ་མངའ་བ་དེ་ལ་ཕྱག་འཚལ་ལོ། །ཞེས་པའོ། །འདིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་བསྔགས་པ་སྟེ། དེ་ཡང་སངས་རྒྱས་རྣམས་སྐུ་གསུམ་མཚན་ཉིད་པ་དང་། བྱང་སེམས་རྣམས་ཀྱང་རྗེས་མཐུན་ཐོབ་པས་དེ་སྐད་དུ་བྱ་ཞིང་། འདིས་བསྟན་བཅོས་འདི་ཉིད་ཀྱི་རྡོ་རྗེའི་གནས་བརྗོད་བྱ་ཟབ་རྒྱས་ཀུན་བསྡུས་ཏེ། གཞི་སྐུ་གསུམ་དབྱེར་མེད་ལྷུན་གྲུབ། ལམ་སྐུ་གསུམ་དབྱེར་མེད་ཟུང་འཇུག འབྲས་བུ་སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོ་ངོས་བཟུང་པའོ། །དེ་ལྟར་མཆོད་པར་བརྗོད་པས། བསྟན་བཅོས་ཀྱི་རང་བཞིན་རྟོགས་པ། རྩོམ་པ་མཐར་ཕྱིན་པ། བློ་གྲོས་མཆོག་ཏུ་འགྱུར་བ། བར་ཆད་ཞི་བ། རང་ཉིད་དམ་པར་རྟོགས་པ་སྟེ་དགོས་པ་ལྔ་དང་ལྡན་པ་ཡིན་ནོ། །གཉིས་པ་ནི། བྱང་ཆུབ་འདོད་པའི་སྐྱེ་བོ་གང་ཡིན་པ་ནི་ཆོས་ཀྱི་སྐལ་བ་བཟང་པོ་ཅན་ཏེ། དེ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བ་གང་ཡིན་ན། ཐར་པའི་མཆོག་མི་གནས་པའི་མྱང་འདས་ཡིན་ཏེ། མྱང་འདས་དེ་ཉིད་དངོས་སམ་བརྒྱུད་ནས་སྒྲུབ་པའི་ཐབས་མང་དུ་མཆིས་པ་ལས། ཀུན་གྱི་ནང་ནས་རྩེ་མོར་གྱུར་པ་སྟེ་དེ་ལས་གོང་ན་མེད་པ་ཞིག དེང་སང་གི་དུས་འདིར་གཞུང་རྩོམ་པ་པོ་ཀུན་མཁྱེན་ཆོས་རྗེ་བདག་གིས་ཟབ་ཅིང་རྒྱ་ཆེ་བའི་ཚུལ་གྱིས་རབ་ཏུ་གསལ་བར་བྱའོ། །ཞེས་བརྩམ་པ་མཐར་ཕྱིན་པར་བྱ་བའི་ཕྱིར་དམ་བཅའ་བ་སྟེ། གཞན་དུ་བྱ་དཀའ་བ་དང་། སྒྱིད་ལུག་པ་དང་། གཞན་གྱིས་འཚེ་བ་དང་། རང་གི་སྐྱོ་ངལ་མཐོང་ནས་བར་མ་དོར་འདོར་བར་སེམས་པ་ལས་ཡོངས་སུ་བསྲུང་བའི་ཕྱིར་རོ། །བསྟན་བཅོས་འདིའི་དགོས་འབྲེལ་ནི། ཟབ་དང་རྒྱ་ཆེའི་གནས་ཀྱི་ཁྱད་པར་གང་ཞིག་འཁོར་བ་སྤང་ཞིང་ཐར་བ་བསྒྲུབ་པར་འདོད་པས་ཐོས་བསམ་སྒོམ་གསུམ་གྱི་ངོ་བོ་གང་ཡིན་པ་ནི་འདིས་བརྗོད་བྱ། དེའི་རང་བཞིན་ལེའུ་ཉེར་གཉིས་ལས་ལེགས་པར་བརྟགས་ཏེ་འདི་ལ་བརྟེན་ནས་ཐར་ལམ་དུ་ཞུགས་པ་དགོས་པ། ཞུགས་པ་མཐར་ཕྱིན་པའི་བྱང་ཆུབ་འགྲུབ་པ་ཉིང་དགོས། དེ་དག་གཅིག་ལ་གཅིག་བརྟེན་ནས་འབྱུང་བ་འབྲེལ་བའོ། །གཉིས་པ་ལ། འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དང་། མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་བསྟན་པ་གཉིས། དང་པོ་ལ། སྣང་ཚོད་འཇིག་རྟེན་གྱི་བཀོད་པ་དང་། དེ་དག་གི་བདེ་སྡུག་གི་སྣང་ཚུལ་བསྟན་པ་གཉིས། དང་པོ་ལ། གཞི་གང་ལས་སྣང་བ་དང་། གང་སྣང་བའི་འཇིག་རྟེན་གཉིས། དང་པོ་ལ། གཞི་ཆོས་ཉིད་ངོས་བཟུང་བ་དང་། དེ་ལས་ཇི་ལྟར་སྣང་ཚུལ་གཉིས། དང་པོ་ནི། ཐོག་མའི་ཆོས་ཉིད་དེ་ཐོག་མ་མེད་པ་ནས་གནས་པས་འཕོ་འགྱུར་མེད་པ། ཉི་ཟླ་ལྟར་རང་བཞིན་གྱིས་འོད་གསལ་བའི་ལྷུན་གྲུབ་ཆེན་པོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་བདེ་གཤེགས་སྙིང་པོ་ཉིད་ཡིན་ལ། དེ་ལ་འཁོར་འདས་ཀྱི་ཆོས་ཀུན་བརྟེན་པའི་ཆ་ནས་གནས་ལུགས་དོན་གྱི་ཀུན་གཞི་ཞེས་བྱ། དེ་ཉིད་རང་བཞིན་གྱིས་སྟོང་ཞིང་བདག་མེད་པ་སྤྲོས་པའི་སྤྱོད་ཡུལ་ལས་འདས་པའི་འདུས་མ་བྱས་ཆེན་པོ། ཡེ་ནས་རྣམ་པར་དག་པ་ཉི་མཁའ་ལྟ་བུ་དེ་ཉིད་ཀྱི་ངང་ལས་མ་རིག་པའི་བག་ཆགས་གཡོས་པས་སེམས་ཅན་རྣམས་འཁྲུལ་ཏེ། དེ་ཡང་ཐོག་མེད་ནས་གནས་པའི་འོད་གསལ་ཆེན་པོ་ཉི་མ་ལྟ་བུ། འདུས་མ་བྱས་ཤིང་ཡེ་ནས་རྣམ་པར་དག་པ་ནམ་མཁའ་ལྟ་བུ་སྟེ། མཁའ་ཉིས་མཚོན་པའི་སྣང་སྟོང་ཟུང་འཇུག་ཆེན་པོ་འཁོར་འདས་ཀུན་ལ་ཁྱབ་པའི་གཞི་དབྱིངས་དེར། འཁོར་ཆོས་ལས་དང་ཉོན་མོངས་པ་རྣམས་བརྟེན་པ་མེད་པའི་ཚུལ་གྱིས་བརྟེན་པ་ནི་ཉི་མཁའི་ངོ་བོ་ལ་སྤྲིན་ཕུང་བརྟེན་པ་ལྟར་གཞི་ལ་མ་རེག་མ་འབྱར་ལ་དེའི་ངང་ལ་གནས་པ་སྟེ། དོན་ལ་རང་བཞིན་མེད་པས་རྟེན་བརྟེན་པར་མ་གྲུབ་བཞིན་དུ་བརྟེན་པར་སྣང་བ་ནི་བཏགས་པ་སྟེ། རྒྱུད་བླ་མ་ལས། ས་ནི་ཆུ་དང་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་བརྟེན། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་སོ། །མྱ་ངན་ལས་འདས་པའི་ཆོས་རྣམས་ཉི་མ་དང་ཟེར་ལྟར་དབྱེར་མེད་དུ་བརྟེན་ཏེ་ཡེ་ནས་འདུ་འབྲལ་མེད་པར་གནས་པའི་ཕྱིར་རོ། །གཉིས་པ་ལ། ཇི་ལྟར་སྣང་ཚུལ་དངོས། དེའི་རང་བཞིན་བརྟག་ཅིང་ཤེས་པར་གདམས་པ་གཉིས། དང་པོ་ལ། བག་ཆགས་གསུམ་གྱིས་སྣང་བ་འབྱུང་ཚུལ་མདོར་བསྟན། དེ་རྒྱས་པར་བཤད་པ་གཉིས། དང་པོ་ནི། ཐོག་མེད་ཀྱི་མ་རིག་པའི་སྟོབས་ཀྱིས་མེད་བཞིན་ཀུན་ཏུ་བརྟགས་པའི་གློ་བུར་སྒྲིབ་པའི་སྤྲིན་དང་འདྲ་བ། གཟུང་བ་དང་འཛིན་པར་འཁྲུལ་པ་མངོན་གྱུར་མིན་པའི་བག་ལ་ཉལ་ལངས་པས། གཟུགས་སོགས་ཡུལ་དང་དེ་འཛིན་པའི་རྣམ་ཤེས་ཀྱི་ཚོགས་དོན་དང་རང་གི་ལུས་སུ་མེད་བཞིན་སྣང་བའི་བག་ཆགས་ཏེ། དེའི་དབང་གིས་རིག་པའི་རང་བཞིན་འོད་གསལ་བའི་སྙིང་པོ་མེ་ལོང་གི་སྟེང་དུ་རྡུལ་ཆགས་པ་ལྟར་བསྒྲིབས་ཏེ། དེ་ཡང་ཐོག་མེད་ནས་རྗེས་སུ་ཞུགས་པའི་མ་རིག་པ་ནི་མེད་བཞིན་ཡོད་པར་སྣང་བའི་རྣམ་རྟོག་ཙམ་ཡིན་པས་འདི་ཙམ་ན་ཡོད་མེད་ཅེས་བཞག་མི་ཤེས་ལ། དངོས་པོའི་དེ་ཁོ་ན་ཉིད་ཇི་བཞིན་མི་མཐོང་བའི་མ་རིག་པ་དེས་ཀུན་བརྟགས་གློ་བུར་གྱི་འཁྲུལ་པ་བསྐྱེད་ལ། དེ་ཡང་གཟུང་འཛིན་གྱི་བདེན་ཞེན་ཕྲ་མོ་ནས་བརྩམས་ཏེ། བག་ཆགས་གསུམ་སྨིན་པའི་ཡུལ་དོན་ལུས་རགས་པ་སྣང་བའི་བར་གྱིས་སྣང་བ་དེ་ཡིས་ཁམས་སྒྲིབ་པ་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་པ་ལྟར་རོ། །དེ་ལྟ་བུའི་འཁྲུལ་པ་མ་རིག་པ་བརྟགས་ན་མེད་བཞིན་པ་ཡིན་པ་དེ་མེད་སྣང་སྒྱུ་མའི་རོལ་པ་ལྷན་སྐྱེས་ཀྱི་ཡེ་ཤེས་ལས་མི་འདའ་ཡང་འགྲོ་བ་རྣམས་དེས་འཁྲུལ་གཞི་བྱས་ཏེ་མེད་བཞིན་དུ་སྲིད་པར་འཁྱམས་པའོ། །དཔེ་ཇི་ལྟར་ན་སྤྲིན་གྱིས་མཁའ་དབྱིངས་ལ་གནས་པའི་ཉི་མ་བསྒྲིབས་པར་གྱུར་པ་ན་ཉི་མ་མི་སྣང་སྤྲིན་སྣང་བ་བཞིན་དུ། གདོད་མ་ནས་འོད་གསལ་བའི་དབྱིངས་དང་ཡེ་ཤེས་ཉི་མཁའ་ལྟ་བུ་དང་ཆོས་སྐུ་དང་གཟུགས་སྐུ་ལ་ཡོད་པའི་ཡོན་ཏན་ཚད་མེད་པ་དག་སོ་སྐྱེའི་གནས་སྐབས་ན་མི་མངོན་པར་འཁྲུལ་སྣང་སྤྲིན་འདྲ་བའི་བདེ་སྡུག་སྣ་ཚོགས་སུ་སྣང་བ་ཡིན་ནོ། །དེ་ལྟར་སེམས་ཀྱི་རང་བཞིན་འོད་གསལ་ཞིང་། སྒྲིབ་པ་སྦྱང་རུང་གློ་བུར་བ་ཡིན་ཏེ། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཉིད། །སྒྲིབ་པ་རྣམས་ནི་གློ་བུར་བ། །ཞེས་སོ། །དེ་བཞིན་དུ། འཇིག་རྟེན་ན་སྤྲིན་ལས་ཆར་བྱུང་སྟེ་དེས་ལོ་ཏོག་འཕེལ་བར་བྱེད་པ་བཞིན་དུ། མ་རིག་གཟུང་འཛིན་གྱི་སེམས་སྤྲིན་འོད་གསལ་བའི་དབྱིངས་ལ་རབ་ཏུ་གཡོས་པས། འཁོར་བར་འདུ་བྱེད་པའི་དགེ་བ་དང་སྡིག་པའི་ལས་ཀྱི་ཆར་བབས་པ་སྟེ་རབ་ཏུ་མང་པོ་བསགས་པ་དེས་བསྐྱེད་པའི་འབྲས་བུ་ནི་ཁམས་གསུམ་འཁོར་བའི་རང་བཞིན་ནོ་སྟེ། ལས་སྣང་སོ་སོར་བདེ་སྡུག་སྣ་ཚོགས་ཀྱི་ལོ་ཏོག་འཕེལ་བར་བྱེད་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ། སྣང་བ་གསུམ་གྱི་རང་བཞིན་དངོས་བསྟན་པ་དང་། དེ་ལ་ལོག་རྟོག་དགག་པ་གཉིས། དང་པོ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། འཁོར་བར་མེད་བཞིན་འཁྲུལ་པའི་སྣང་བ་ཇི་སྙེད་པ་དེ་ཐམས་ཅད་ཀྱང་བསྡུ་ན་གནས་དོན་ལུས་ཀྱི་བག་ཆགས་གསུམ་དུ་འདུ་བ་ཉིད་ལས་ཞེས་སོ། །གཉིས་པ་ནི། ཐོག་མེད་ནས་བག་ཆགས་རྣམ་པ་མི་འདྲ་བ་གསུམ་ཀུན་གཞི་ལ་བཞག་པས་སྣང་བ་མི་འདྲ་བ་གསུམ་འབྱུང་སྟེ། དེ་ཡང་ཡུལ་གྱི་བག་ཆགས་སྣོད་བཅུད་ཀྱི་འཇིག་རྟེན་གྱིས་བསྡུས་པ་དང་། དེ་ལ་བརྟེན་པའི་གཟུགས་སོགས་ཡུལ་ལྔ་པོ་རྣམས་ནི་ཕྱི་ནང་གང་ནའང་མེད་ཀྱང་ཕྱི་རོལ་ན་ཡོད་པ་ལྟར་དོན་དུ་ཞེན་ནས་ཡུལ་དུ་བྱེད་པ་སྟེ། ཞེན་ཡུལ་ལ་འདི་ནི་གཟུགས་སོ་ཞེས་སོགས་ཕྱི་རོལ་དུ་རྟོག་པ་ནི་གཟུང་བའི་རྟོག་པའོ། །ནང་བདག་ཉིད་ཀྱི་སེམས་སུ་སྣང་བ་དོན་གྱི་བག་ཆགས་རྣམ་ཤེས་ཚོགས་བརྒྱད་དེ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་རྟེན་ཀུན་གཞིའི་རྣམ་ཤེས་དང་། དེ་ལས་མཆེད་པ་གཞན་རྣམས་ཏེ། དེ་དག་ལ་རྟོག་པ་ནི་འཛིན་པའི་རྣམ་རྟོག་གོ །ཇི་ལྟར་འཛིན་པ་ཡིན་ཞེ་ན། ཀུན་གཞི་བག་ཆགས་ཀྱི་ས་པ་དེ། ངོ་བོ་ནི་མ་རིག་པ། རྣམ་པ་ཡུལ་སྣང་གང་དང་ཡང་མ་འབྲེལ་བའི་རྟོག་མེད་ཙམ་དུ་གནས་པ་གཟུགས་མེད་པའི་བག་ཆགས་འཛིན་པ་ཡིན་ལ། དེའི་ངང་ལས་གསལ་དྭངས་རིག་པའི་ཆ་ཙམ་ཡུལ་དང་མ་འབྲེལ་བ་ནི་ཀུན་གཞིའི་རྣམ་ཤེས་ཏེ་གཟུགས་ཀྱི་བག་ཆགས་འཛིན་ཅིང་། དེ་ལས་མཆེད་པའི་མིག་སོགས་སྒོ་ལྔའི་རྣམ་ཤེས་རྟོག་མེད་ཀྱང་གཟུགས་ཀྱི་ས་པའི་ཏིང་ངེ་འཛིན་གྱི་བག་ཆགས་འཛིན་ཏོ། །ཉོན་མོངས་པ་ཅན་གྱི་ཡིད་དང་། ཡིད་ཤེས་གཉིས་ཀྱིས་ནི་འདོད་པའི་བག་ཆགས་འཛིན་ཏེ། ཚོགས་བརྒྱད་པོ་དེ་དག་ཀྱང་རང་རང་གི་ཡུལ་རྟོག་མེད་དང་རྟོག་བཅས་ཀྱི་འཛིན་པ་ཡིན་པའི་ཕྱིར་སེམས་ཞེས་བྱ། དེས་ཀུན་ནས་བསླང་སྟེ་བསགས་པའམ་དེ་ལ་བརྟེན་པའི་དགེ་སྡིག་གི་ལས་རྣམས་ནི་སེམས་ལ་བག་ཆགས་པ་གསེར་ལ་གཡའ་བཞིན་དུ་གནས་སོ། །ལུས་ཀྱི་བག་ཆགས་འགྲོ་དྲུག་སོ་སོའི་གཟུགས་སམ་ལུས་སུ་སྣང་ཞིང་མངོན་པར་ཞེན་པ་སྟེ། དེ་ཡང་ལུས་བྱིང་ཙམ་དང་། དེ་ལ་བརྟེན་པའི་ཡན་ལག་དང་ཉིང་ལག་གི་ཚོགས་པ་ཐམས་ཅད་ལ་ལུས་ཞེས་བརྟག་གོ །ཐ་ན་རྨི་ལམ་དུའང་མེ་ཆུ་གཡང་ས་སོགས་ལ་འཇིགས་ཤིང་འཛེམ་པ་དང་། སྡུག་བསྔལ་གྱི་རྣམ་པ་སྣ་ཚོགས་སུ་མྱོང་བར་བྱེད་པའོ། །གསུམ་པ་ནི། དེ་གསུམ་སོ་སོར་སྣང་བའི་དོན། དེ་ལྟར་ཀུན་གཞིའི་སྟེང་དུ་བག་ཆགས་གསུམ་པོ་དེ་ཐོག་མ་མེད་པའི་དུས་ནས་བཞག་པ་དེ་ཡི་རྒྱུན་མཐུད་དེ་གོམས་པས་ཚེ་ར བས་ཀུན་དུ་བག་ཆགས་ཉིད་མ་ཟད་ཀྱི་རིང་ལ་དེ་ལྟར་སྣང་བ་ཡིན་ཏེ། མདོ་རྒྱན་ལས། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །ཞེས་སོ། །གཉིས་པ་ལོག་རྟོག་དགག་པ་ནི། ཐེག་ཆེན་གྱི་ཚུལ་མི་ཤེས་པ་དག་སྣོད་བཅུད་འཁོར་འདས་ཐམས་ཅད་རང་གི་སེམས་ཡིན་ནོ་ལོ་སྟེ་ཡིན་ཞེས་མངོན་རློམ་བཅས་སྨྲ་བར་བྱེད་ལ། དེ་ལྟར་ན་ཐེག་ཆེན་ལས་སྣང་བ་རྣམ་པ་གསུམ་གསུངས་པའི་དོན་ལ་ཤིན་ཏུ་རྨོངས་ཏེ། སེམས་སུ་བག་ཆགས་བཞག་པ་དག་སེམས་ཡིན་གྱི། ལུས་དང་ཡུལ་དུ་བཞག་པ་དག་སེམས་ག་ལ་ཡིན། ཡིན་ན་སྐྱོན་མང་པོ་ཡོད་དེ། ལུས་སྣང་བ་ལྟར་ཡོད་རེག་གཟུགས་སུ་ཡོད་པ་ལྟར། སེམས་ཀྱང་དེར་ཐལ་བ་དང་། སེམས་བཞིན་ལུས་ཀྱང་མཐོང་མི་རུང་བ་དང་། སེམས་ལ་མདོག་དབྱིབས་སོགས་ཡོད་པར་ཐལ་བ་དང་། གཅིག་སངས་རྒྱས་པའམ་ངན་སོང་དུ་སོང་དུས། དེ་ལ་གང་སྣང་ཀུན་དེར་འགྱུར་བ་དང་། མང་པོ་སྣང་ཡུལ་གཅིག་པས་ཤེས་པ་གཅིག་ཏུ་འགྱུར་བ་དང་། སྣང་བ་ཞིག་ན་སེམས་དེར་འགྱུར་བ་དང་། ས་ཆུ་མེ་རླུང་སེམས་པ་ཅན་དུ་འགྱུར་བས་མུ་སྟེགས་རིག་བྱེད་པ་དག་གི་ཕྱོགས་ལ་བསླན་པར་རིགས་སོ། །ཕན་ཚུན་འཆོལ་ཏེ། ཤེས་པས་ཡུལ་རིག་པ་ལྟར་བེམ་པོས་ཀྱང་རིག་པར་ཐལ་ཞིང་། ཕྱི་ནང་ཡོད་གནས་ཀྱང་བརྗེས་ཏེ་སེམས་ཕྱི་ན་ཡོད་པ་དང་། ཕྱི་ནང་དུ་སྣང་བར་མི་འཐད་དེ་ངོ་བོ་གཅིག་པས་སོ། །ཧ་ཅང་ཐལ་ཏེ། རང་མ་སྐྱེས་བའི་དུས་ནས་རང་སེམས་ས་ཕྱོགས་འདིར་གྲུབ་པར་ཐལ་པ་དང་། རང་ཤི་ན་ཕྱོགས་འདིའི་སྣང་བ་ཐམས་ཅད་ཕྱོགས་འདིར་མེད་པར་ཐལ་ཏེ་འདི་རང་གི་སེམས་ཡིན་ལ། སེམས་དེ་རང་གི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་རང་ཡུལ་གཞན་དུ་སོང་ན་སྣང་བ་སེམས་འདི་ཡང་དེར་འགྲོ་བར་ཐལ། ཡང་ན་རང་སེམས་འདིར་ལུས་པར་ཐལ། དེ་ལ་སོགས་པ་སྐྱོན་གྱི་རྣམ་གྲངས་རབ་ཏུ་མང་བའི་ཕྱིར་སྐྱོང་བྱེད་ཅེས་བ་ལང་རྫིའི་མིང་སྟེ་དེ་དག་གི་ལུགས་ངན་པ་དེ་སྤོངས་ཤིག དེ་དག་ན་རེ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་སོགས་བཅོམ་ལྡན་འདས་ཀྱིས་གསུངས་པས་སེམས་མ་ཡིན་ནམ་ཞེ་ན། དེ་ནི་སྣང་བ་དང་སྣང་ཡུལ་ཐ་དད་པའི་དབང་དུ་བྱས་པའི་སྣང་བ་སེམས་ཡིན་པར་གསུངས་ཏེ་སྣང་མི་སྣང་དུ་འཛིན་པ་རང་སེམས་ཡིན་གྱི། སྣང་ཡུལ་རི་སོགས་སེམས་ཡིན་པར་མ་གསུངས་སོ། །དེས་ན་ངྷ་དུ་རའི་སྣང་བ་ལྟར་ཕྱི་ནང་གང་དུ་མ་གྲུབ་པས་མེད་སྣང་འཁྲུལ་པའི་སྣང་བ་ཙམ་དོན་ལ་ཡིན་ཀྱང་། ཐ་སྙད་དུ་དེ་གཉིས་གཅིག་མིན་པས། དེ་ལ་སྣང་བ་དང་སྣང་ཡུལ་བྱེད་པ་ཤིན་ཏུ་གཅེས་སོ། །གཉིས་པ་སྣང་བ་དེ་དག་གི་རང་བཞིན་ཤེས་པར་བྱ་བ་ལ། དངོས་དང་། དེ་ལྟར་བརྟགས་པའི་ཕན་ཡོན་གཉིས། དང་པོ་ལ། སྣང་གསུམ་སྒྱུ་མ་ལྟར་སྣང་བར་ཤེས་པ་དང་། སྣང་བ་དེ་དག་སེམས་ལ་རག་ལས་པར་བསྟན་པ་གཉིས། དང་པོ་ནི། འདི་ལྟར་ཡུལ་དུ་སྣང་བ་ལས་གཟུང་བའི་རྣམ་རྟོག་སྐྱེ་བ་དང་། དོན་ཚོགས་བརྒྱད་ལས་འཛིན་པའི་རྣམ་རྟོག་སྟེ་དེ་ལྟར་གཟུང་འཛིན་རྣམ་གཉིས་སྐྱེ་ཞིང་། དེ་ཡི་ལུས་ནི་བདེ་སྡུག་ལས་བྱུང་བའི་ཉོན་མོངས་པ་གསུམ་འཛིན་པའི་གཟེབ་དང་བདེ་སྡུག་བསྒྲུབ་པར་བྱ་བའི་གནས་དང་གཟུང་འཛིན་དུ་སྐྱེ་བའི་རྟེན་བྱེད་དེ། མི་མཁས་པའི་དབང་གིས་སྣང་བ་གསུམ་ལ་བདེན་པར་ཞེན་པས་རྟག་ཏུ་སྲིད་པར་འཁོར་བ་ཡིན་ནོ། །དེ་ལྟར་འཁོར་བ་དང་དེ་བསྐྱེད་པའི་ལས་འདི་དག་ཐམས་ཅད་དོན་དམ་པ་ལ་ལྟོས་ན་རང་བཞིན་གྱིས་གྲུབ་པ་མེད་ན་ཡང་། ཀུན་རྫོབ་ཏུ་གཟུང་བ་དང་འཛིན་པའི་རྣམ་རྟོག་གི་དབང་གིས་རྟེན་འབྲེལ་སྒྱུ་མར་སྣང་བ་འགོག་ཏུ་མེད་པས། ཇི་སྲིད་གཟུང་འཛིན་གྱི་སེམས་དབྱིངས་སུ་མ་ནུབ་ཀྱི་བར་དུ་རྒྱུ་དང་འབྲས་བུ་དང་དགེ་སྡིག་གི་ལས་དང་ལས་དེའི་འབྲས་བུ་བདེ་སྡུག་སོགས་ངེས་པར་ཡོད་དེ་གཟུང་འཛིན་གྱི་རྟོག་པ་མ་རིག་པ་དེ་ཡིས་སྤྲུལ་པ་སྟེ། དེས་ན་ཀུན་རྟོག་དབྱིངས་སུ་མ་ནུབ་ཀྱི་བར་དུ་ལས་འབྲས་ཀྱི་བླང་དོར་ཚུལ་བཞིན་དུ་བྱ་བ་གཅེས་སོ། །གཉིས་པ་ལ་དངོས་དང་། དེའི་དཔེ་འགོད་པ་གཉིས། དང་པོ་ནི། སེམས་ཀྱིས་ཡུལ་ལ་གཡོ་བའི་ལས་འདུ་བྱེད་ཅིང་དེ་ལྟར་གཡོས་ནས་སེམས་ཀྱིས་དགེ་མི་དགེ་ལུང་མ་བསྟན་གྱི་ལས་ཀུན་སོག་པར་བྱེད་ལ། དེའི་འབྲས་བུ་ཡང་སེམས་ལ་རྨི་ལམ་ལྟར་བདེ་སྡུག་སྣ་ཚོགས་པ་སྣང་ཞིང་དེ་ལ་སེམས་ཀྱིས་གཟུང་འཛིན་དུ་བརྟགས་པས་ན། འཁོར་བའི་བྱེད་པ་པོ་འཁྲུལ་པའི་སེམས་ཡིན་པས་འདི་ཉིད་གདུལ་བའི་སླད་དུ་འབད་པར་མཛོད་ཅིག ཅེས་གདམས་པ་སྟེ། གཞི་ལས་གཞི་སྣང་བྱུང་བ་ནི་ད་ལྟའི་རིག་པ་སྐད་ཅིག་གཅིག་གི་སྟེང་ནས་བཞག་ན་ཤེས་ཀྱི། མཚན་འཛིན་རྟོག་དཔྱོད་ཀྱི་བློས་དུས་འདི་ཙམ་ནས་བྱུང་བ་ཞེས་དཔྱད་པར་མི་བྱའོ། །གཉིས་པ་ནི། དཔེ་ཇི་ལྟར་ན་དྷ་དུ་ར་ཡིས་མྱོས་པ་ལས། སྐྱེས་པ་བུད་མེད་སོགས་སྣ་ཚོགས་པའི་སྣང་བ་མི་འདྲ་བ་ཅི་ཤར་ཡང་། ཐམས་ཅད་འཁྲུལ་པའི་གཟུགས་ཏེ་དོན་ལ་མེད་པ་དེ་བཞིན་དུ་རང་སེམས་འཁྲུལ་པ་ཡི་སྟོབས་ཀྱིས་ཉེ་བར་སྦྱར་བ་ཡི། འགྲོ་བ་དྲུག་གི་འཁྲུལ་པའི་སྣང་བ་མ་ལུས་ཇི་སྙེད་པ་ཀུན། ཕྱི་ནང་གང་དུའང་མ་གྲུབ་པའི་མེད་སྣང་སྟོང་པའི་རང་བཞིན་ཅན་གྱིས་གཟུགས་བརྙན་ཡིན་པར་ཤེས་པར་མཛོད་ཅིག གཉིས་པ་བརྟགས་པའི་ཕན་ཡོན་ནི། དེ་ལྟར་ན་འཁོར་བའི་རང་བཞིན་གཟུགས་བརྙན་བཞིན་བདེན་པར་མེད་པ་འདི་ཐོག་མ་གང་ལས་བྱུང་བ་གཞི་འོད་གསལ་ཆེན་པོ་ལ་བརྟག་པར་གྱིས་ཤིག དེ་ཤེས་པ་ཡིས་མྱ་ངན་ལས་འདས་པའི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཤེས་ཤིང་། འཁོར་བའི་སྣང་བ་ཆ་བཅས་གཞི་མེད་དུ་གྲོལ་ཏེ་སྲིད་ལས་རྣམ་གྲོོལ་བ དེ་གཤེགས་འཇིག་རྟེན་གྱི་དབང་པོར་འགྱུར་བ་ཡིན་ནོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས་གཞི་ལས་འཁོར་བའི་གྲུབ་ཚུལ་བསྟན་པའི་ལེའུ་སྟེ་དང་པོའི་འགྲེལ་པའོ།། །། ༈ གཉིས་པ་གང་སྣང་བའི་འཇིག་རྟེན་བསྟན་པ་ལ། འདུལ་བྱེད་ཀྱི་ཞིང་ཁམས་སྤྱིི་དང་བྱེ་བྲག་མདོར་བསྟན་པ་དང་། བྱེ་བྲག་མི་མཇེད་ཀྱི་ཞིང་རྒྱས་པར་བཤད་པ་གཉིས། དང་པོ་ལ། འདུལ་བྱེད་ཞིང་དང་སྟོན་པ་སྣང་ཚུལ་མདོར་བསྟན། དེ་རྒྱས་པར་བཤད། དེ་དག་གི་དོན་བསྡུས་ཤིང་དེ་ལ་དད་པའི་ཕན་ཡོན་བསྟན་པ་གསུམ། དང་པོ། དེ་ལྟར་མ་རིག་པའི་དབང་གིས་ཁམས་གསུམ་འཁོར་བ་སྒྱུ་མ་ལྟར་སྣང་བ་ན། རྒྱལ་བའི་ཐུགས་རྗེ་ཚད་མེད་པས་གཟིགས་ཏེ་ཡོངས་སུ་གདུལ་བའི་ཞིང་ཁམས་རྣམ་པར་བཀོད་དེ། མཐའ་ཡས་པའི་འགྲོ་བའི་དོན་ཀུན་འབད་མེད་དུ་སྒྲུབ་པ་ལ་ཡིད་བཞིན་གྱི་ནོར་བུ་བཞིན་དུ། གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་སྲིད་པ་ནས་ཞི་བར་རབ་ཏུ་འདྲེན་པར་མཛད་དེ། གསང་སྙིང་ལས། མ་རིག་སྨིན་མཛད་འདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །ཞེས་གསུངས་པ་ལྟ་བུ་སྟེ། ཇི་ལྟར་མཛད་པ་རྒྱ་ཆེ་བའི་ཚུལ། ཕྱོགས་བཅུ་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་གྱི་ཞིང་མཐའ་ཡས་པ་རྣམས་སུ། དུས་གསུམ་གྱི་རྒྱལ་བས་ཁྱབ་ཅིང་སེམས་ཅན་གྱི་དོན་ཆེན་པོ་མཛད་པ་བསམ་མི་ཁྱབ་པ་ལས། བྱེ་བྲག་ཞིང་འདིའི་སྟོན་པས་ཇི་ལྟར་འདུལ་བའི་ཚུལ་རྣམས་རེ་ཞིག་མདོར་བསྡུས་ཏེ་རབ་ཏུ་བསྟན་པར་བྱ་བ་ནི་ཞེས་སོ། །གཉིས་པ་ལ་ཞིང་རྒྱས་བཤད་དང་། སྟོན་པ་རྒྱས་བཤད་གཉིས། དང་པོ་ལ་སྐུ་གསུམ་གྱི་ཞིང་སྤྱིར་བསྟན་པ་དང་། གཞི་སྙིང་མེ་ཏོག་གིས་བརྒྱན་ཞིང་བྱེ་བྲག་བསྟན་པ་གཉིས། དང་པོ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་སྟོན་པ་ཡིད་བཞིན་རྣམ་པར་རོལ་པ་དཔལ་ཀུན་ཏུ་བཟང་པོ་ཉིད་ཐོག་མ་མེད་པའི་དུས་སུ་མངོན་པར་བྱང་ཆུབ་ནས་ཆོས་སྐུའི་ངང་དེ་ལས་ལོངས་སྐུ་རིགས་ལྔའི་སངས་རྒྱས་སུ་ལྷུན་གྱིས་གྲུབ་སྟེ་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་ནས་རྒྱལ་དང་སེམས་དཔའ་གྲངས་མེད་པ་སྤྲུལ་པ་ལས། ཁྱད་པར་དུ་ཐུགས་གསུང་སྐུ་ཡི་སེམས་དཔའ་ཕྱག་རྡོར་དང་སྤྱན་གཟིགས་འཇམ་དཔལ་གསུམ་སྤྲུལ་ནས། འགྲོ་བ་དྲུག་གིས་གནས་རིས་སུ་སེམས་ཅན་སོ་སོའི་དོན་མཛད་ཅིང་དུས་རིང་ཐོག་མཐའ་མེད་པར་སྲིད་པ་ཇི་སྲིད་མ་སྟོང་གི་བར་བཞུགས་པ་ལས་ཞེས་སོ། །གཉིས་པ། དེ་ལྟ་བུའི་མཁའ་ཁྱབ་ཀྱི་ཞིང་བཀོད་པའི་ཆས་གཞལ་ན་སྐྲ་རྩེའམ་ཡུང་འབྲུའི་ཁྱོན་ཙམ་དུ་སྣང་བའི། ཁྱད་པར་མི་མཇེད་འཇིག་རྟེན་འདིའི་དོན་མཛད་པ་ཡང་ཆོས་སྐུའི་དབྱིངས་ནས་དེ་དང་དབྱེར་མེད་པའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་སྣང་བ་ལས་རང་ཤར་བ་ནི་ལྷུན་གྲུབ་སྟུག་པོ་བཀོད་པའི་ཞིང་ཡིན་ལ། དེར་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པའི་དགོངས་པ་ལས་མི་གཡོ་བར་འོད་ཟེར་བསམ་མི་ཁྱབ་པར་སྤྲོས་ཏེ། ལོངས་སྐུའི་ཞིང་དང་སངས་རྒྱས་དཔག་ཏུ་མེད་པར་སྤྲུལ། དེ་དག་རེ་རེས་ཀྱང་བྱང་སེམས་སར་གནས་དཔག་ཏུ་མེད་པའི་དོན་མཛད་པ་དང་། ལོངས་སྐུ་དེ་དག་རེ་རེའི་ཐུགས་ཀ་ནས་ཀྱང་སྤྲུལ་སྐུའི་ཞིང་དང་སངས་རྒྱས་དཔག་མེད་སྤྲུལ་ཏེ་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པ་ལས། བྱེ་བྲག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་བཀོད་དེ་དོན་མཛད་པའི་ཚུལ་ནི། རང་སྣང་འོད་གསལ་སྟུག་པོ་བཀོད་པ་ནས། ཡེ་ཤེས་རྣམ་ལྔའི་རང་རྩལ་ལས་རང་སྣང་བའི་རིགས་ལྔ་ལས་ཁྱད་པར་རྣམ་སྣང་ལས་འོད་འཕྲོས་པས་ནམ་མཁའ་ལ་འོད་ཟེར་དེ་དག་ཀུན་ཏུ་འཁྱིལ་བས་འོག་གཞི་རིན་པོ་ཆེན་པདྨ་མཁའ་ལྟར་ཡངས་པ། དེ་ལ་བརྟེན་པའི་ཕྱིར་པདྨའི་སྙིང་པོས་བརྒྱན་པའི་ཞིང་། སངས་རྒྱས་ལོངས་སྤྱོད་རྫོགས་སྐུས་ཉེ་བར་བརྟེན་པ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་སྟེ། རྒྱ་ཆེ་བའི་ཚད་མི་མཇེད་འབུམ་ཕྲག་བཅུ་ཡི་རྡུལ་ཕྲན་དང་གྲངས་མཉམ་པའི་ཞིང་གིས་ཞིང་གཅིག་པུ་དེར་བརྒྱན་པའོ། །དེ་ལྟ་བུའི་པདྨ་ཆེན་པོའི་སྟེང་དེ་ན་རྣམ་པར་སྣང་མཛད་གངས་ཆེན་མཚོའི་སྐུའི་སྐྱིལ་ཀྲུང་གཅིག་གིས་པད་སྡོང་ཁེབས་པར་དུས་རྟག་པ་རྒྱུན་དུ་བཞུགས་པ། དེ་ཡི་བ་སྤུའི་བུ་ག་ཐམས་ཅད་ནས་སྤོས་ཆུའི་རྒྱུན་གངས་ཆེན་མཚོ་འབབ་པ་དེ་ཡི་སྟེང་དུ་སངས་རྒྱས་ཀྱི་ཞིང་གྲངས་མེད་ཅིང་བརྗོད་ལས་འདས་པ་བཀོད་པས་སེམས་ཅན་དེ་སྙེད་ཚད་མེད་པའི་དོན་མཛད་ཅིང། ཁྱད་པར་ཕྱག་གཉིས་མཉམ་བཞག་གི་སྟེང་ན་སྤོས་ཆུའི་རྒྱ་མཚོ་ལས་པད་སྡོང་རྒྱ་ཆེན་པོ་ཟེའུ་འབྲུ་དཔག་ཡས་པའི་སྟེང་། ཟེའུ་འབྲུ་རེ་རེ་བཞིན་ཡང་ཞིང་ཁམས་དཔག་ཏུ་མེད་པ་གནས་ཏེ། དེ་ཡང་ཟེའུ་འབྲུའི་སྟེང་གི་ཞིང་རྣམས་ཡས་མན་དུ་ཉེར་ལྔ་བརྩེགས་མར་གནས་ཏེ་ཕན་ཚུན་ཕྲད་དུ་ཞིང་དཔག་ཏུ་མེད་པར་གནས་པ་ནི་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཞེས་སོ། །དེ་ལས་ཁྱད་པར་དུ་ཟེའུ་འབྲུ་དབུས་མའི་སྟེང་ཉིད་ན་སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་ཏེ། ཕན་ཚུན་གྲངས་མེད་ཟ་འོག་བེར་ཁྱིམ་ཁ་ཕྱེ་བ་བཞིན་གཟུགས་བཀོད་སྣ་ཚོགས་པས་བཀྲ་བའོ། །བརྩེགས་མ་དེའི་འོག་གཞི་དང་པོ་དཔལ་འབྱུང་འོད་ཟེར་རྣམ་སྣང་ཞིང་ཞེས་བྱ་ལ་དེ་ན་བདེ་གཤེགས་དྲི་མེད་མར་མེ་བཞུགས། དེ་ཡི་སྟེང་ན་རིམ་པར་གཉིས་པ་པདྨོ་དཔལ་གྱིས་བརྒྱན་པ་སྟེ་བདེ་གཤེགས་སེང་གེའི་འོད་ཟེར་དྲི་མེད། གསུམ་པ་རིན་པོ་ཆེའི་རྒྱན་སྣང་བ་བཀོད་པའི་ཞིང་ན་སངས་རྒྱས་རྡོ་རྗེ་འོད་ཟེར། བཞི་པ་མེ་ཏོག་སིལ་མ་བཀྲམ་པ་སྟེ་དེ་ན་སངས་རྒྱས་འོད་ཟེར་དགའ་བའི་སྟོབས། ལྔ་པ་དགེ་བ་སྣ་ཚོགས་དག་པའི་ཞིང་ན་སངས་རྒྱས་དབང་པོའི་དཔལ། དྲུག་པ་མེ་ཏོག་ཤིན་ཏུ་རྒྱས་པའི་ཞིང་སྟེ་སངས་རྒྱས་གྲགས་པ་དབང་ཕྱུག བདུན་པ་ཡང་དག་འབྱུང་བའི་གཟི་བརྗིད་དབྱངས་ན་སངས་རྒྱས་ཡེ་ཤེས་རྒྱ་མཚོ། བརྒྱད་པ་སྒྲ་དབྱངས་མི་ཟད་སྒྲོགས་པའི་ཞིང་ན་སངས་རྒྱས་གཟི་བརྗིད་ཐུབ་མེད། དགུ་པ་རྡོ་རྗེ་རྒྱལ་མཚན་ན་སངས་རྒྱས་འཕགས་པའི་རྒྱལ་པོ། བཅུ་པ་ནི་རྣམ་པར་སྣང་བ་ཞེས་བྱ་བ་ཡིན་ལ་དེ་ན་སངས་རྒྱས་ཆོས་ཉིད་ཚད་མེད། བཅུ་གཅིག་པ་སྣང་བའི་མདོག་ཅེས་བྱ་བའི་ཞིང་ནས་སངས་རྒྱས་ཚངས་པའི་དབང་པོ། བཅུ་གཉིས་པ་ནི་རྣམ་སྣང་དང་བའི་ཞིང་སྟེ་དེ་ན་སངས་རྒྱས་འོད་ཟེར་བཀོད་པ་བཞུགས་སོ། །བཅུ་གསུམ་པ་ནི་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཡིན་ལ། འདིར་སྐྱེས་པའི་སེམས་ཅན་རྣམས་དུག་གསུམ་འདྲེས་མར་གྱུར་པས་མི་མཇེད་པའི་ཕྱིར་རམ་ཡང་ན་ལས་ཉོན་ནམ་སྡུག་བསྔལ་ལས་མི་མཇེད་པས་དེ་སྐད་ཅེས་བྱ་སྟེ། དེས་ན་ཐེག་པ་ཆེན་པོ་གསང་སྔགས་ཀྱི་འདུལ་ཞིང་དུ་གྱུར་པ་ཡིན་ནོ། །ཞིང་འདི་ཡི་འདབ་འབྱོར་དུ་ཤར་ན་ཁེབས་པ་དང་ལྡན་པ་དང་། ལྷོ་ན་རྟག་པ་དང་། ནུབ་ན་རྡུལ་བྲལ་དང་། བྱང་ན་ཡོངས་སུ་དགའ་བའི་ཞིང་ཞེས་བྱ་བ་ཡོད་ལ་འདི་ཡི་སྟེང་ན་འོད་འཕྲོ་སྣང་བ་དྲི་མེད་ཅེས་བྱ་བའི་ཞིང་ཁམས་ནི་བཅུ་བཞི་པ་སྟེ་དེ་ན་སངས་རྒྱས་ཉི་མ་དྲི་མེད་སྤྱན་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ནས་ཡར་རིམ་པ་བཞིན་བཅོ་ལྔ་པ་ནི་རིན་ཆེན་འབྱུང་གནས་རབ་ཏུ་བརྒྱན་པའི་སྙིང་པོ་ཞེས་བྱ་བའི་ཞིང་ན་སངས་རྒྱས་ཆགས་མེད་ཡེ་ཤེས་བཞུགས། བཅུ་དྲུག་པ་རྡུལ་དང་བྲལ་བའི་ཞིང་ན་སངས་རྒྱས་དཔལ་གྱི་རྒྱལ་མཚན། བཅུ་བདུན་པ་ཡོངས་སུ་དག་པར་སྣང་བའི་ཞིང་ན་སངས་རྒྱས་ནམ་མཁའ་ཀུན་ཏུ་སྣང་བའི་འོད། བཅོ་བརྒྱད་པ་རིན་ཆེན་འོད་འཕྲོ་ན་སངས་རྒྱས་བསོད་ནམས་སྤྲིན་གྱིས་འཕགས་པ། བཅུ་དགུ་པ་རབ་ཏུ་སྣང་བ་ན་སངས་རྒྱས་སྣང་བྱེད་མར་མེའི་རྒྱལ་པོ། དེ་བཞིན་དུ་ཉི་ཤུ་པ་སྣང་བྱེད་ཀྱི་ཞིང་ན་སངས་རྒྱས་འོད་ཟེར་བཀོད་པ། ཉི་ཤུ་གཅིག་པ་འོད་བྱེད་ཀྱི་ཞིང་ན་སངས་རྒྱས་ཀུན་ཏུ་གཟིགས་པའི་དབང་པོ། ཉེར་གཉིས་པ་འོད་འཕྲོ་བཀོད་པའི་ཞིང་ན་སངས་རྒྱས་འོད་ཟེར་རྒྱལ་པོ། ཉེར་གསུམ་པ་སྣང་ལྡན་གྱི་ཞིང་ན་སངས་རྒྱས་ཀུན་ཏུ་སྣང་མཛད། ཉེར་བཞི་པ་རབ་མཛེས་ཀྱི་ཞིང་ན་སངས་རྒྱས་མེ་ཏོག་ཀུན་ཏུ་རྒྱས་པ། ཉི་ཤུ་ལྔ་པ་མདངས་རབ་ཏུ་དགའ་བའི་ཞིང་ན་སངས་རྒྱས་རབ་ཏུ་དགའ་བའི་དཔལ་ཞེས་བྱ་བ་བཞུགས་སོ། །དེ་ལྟར་ལྔ་ཚན་རྣམ་ལྔའི་རང་བཞིན་གྱི་ཞིང་དེ་ཡང་། ཡས་ནས་མར་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཏེ། སྐུ་ཡི་སྐུ་སོགས་ཞིང་ཁམས་ཉི་ཤུ་རྩ་ལྔ་ཡོད་པ་ལས། མི་མཇེད་ནི་ཐུགས་ཀྱི་ཐུགས་ཏེ་ཁྱད་པར་གྱི་ཞིང་ཞེས་བྱ་ལ། གསང་ཆེན་ཚེ་གཅིག་གིས་གྲོལ་བར་ངེས་པའི་སྙིང་པོས་བརྒྱན་པས་ཞིང་ཁྱད་པར་བའོ། །གཉིས་པ་སྟོན་པར་སྣང་ཚུལ་ལ། ཞིང་བྱེ་བྲག་གི་སྟོན་པར་སྣང་ཚུལ་དང་། དེ་ལ་དོགས་པ་སྤང་བ་གཉིས། དང་པོ་ནི། དེ་ལྟར་ལོངས་སྐུའི་གཞིར་གནས་སམ་སྐུའི་སྣང་བ་ལ་བརྟེན་པའི་ཞིང་རྣམས་སུ། ལོངས་སྤྱོད་རྫོགས་པ་རྣམ་སྣང་ཆེན་པོ་ཡི་འོད་ཟེར་འཕྲོས་པའི་རྩེ་མོ་ནས། སྤྲུལ་པས་འདུལ་བྱེད་སྟོན་པ་གང་ལ་གང་འདུལ་སོ་སོར་སྣང་བས་སེམས་ཅན་དེ་དག་གི་དོན་མཉམ་དུ་མཛད་པ་ཡིན་ནོ། །དེ་ལས་ཁོལ་དུ་བྱུང་བ་ཁྱད་པར་སྟོང་གསུམ་མི་མཇེད་འཇིག་རྟེན་འདིར་མཚན་དང་ཆོས་ཐ་དད་པས་འདུལ་བར་གཟིགས་ནས་སངས་རྒྱས་སྟོང་གི་སྒྲོན་མ་རྣམ་པར་བཀོད་པར་མཛད་དེ། དེ་ཡང་སྔོན་ཐོག་མ་བསྐལ་པ་མཛེས་པར་སྣང་བ་ལ་ཁྱེའུ་སྟོང་སྤྲུལ་ནས། གཞན་དོན་དུ་སེམས་བསྐྱེད་པ་ནས་རིམ་གྱིས་ལམ་སྦྱོང་ཚུལ་བསྟན་ཏེ་མཐར་སངས་རྒྱས་པའི་མཛད་པ་ཡོངས་སུ་རྫོགས་པར་སྟོན་པ་ནི་རང་བཞིན་ནམ་ངོ་བོ་གཅིག་ཉིད་དེ་ལྟར་རྣམ་འཕྲུལ་སངས་རྒྱས་སྟོང་དུ་སྣང་བ་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་རྣམས་ནི་སྨིན་བྱའི་ཕྱིར། བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །རབ་ཏུ་མང་པོ་སྟོན་མཛད་ནས། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་གསུངས་པ་ལྟར། སེམས་བསྐྱེད་པ་དང་། ལམ་སྦྱོང་པ་དང་། ས་ནས་སར་འཕར་བ་དང་། བྱང་ཆུབ་ཐོབ་པ་སོགས་སྟོན་ཅིང་། ཐ་ན་བྱ་དང་རི་དྭགས་སོགས་ཀྱི་བར་དུའང་སྟོན་པར་བྱེད་དོ། །དེའང་སངས་རྒྱས་སྟོང་གི་ནང་ནས། འཁོར་བ་འཇིགས། གསེར་ཐུབ། འོད་སྲུང་རྣམས་སྔར་བྱོན་ཟིན་ནས། ད་ལྟ་བཞི་པ་ཤཱཀྱ་ཐུབ་པ་སྟེ། སྟོན་པ་འདི་ཉིད་ལ་ཡང་ཐེག་དམན་རྣམས་སོ་སྐྱེ་འཆིང་བ་ཀུན་ལྡ ན་གཅིག་གིས་ལམ་བགྲོད་པས་སངས་རྒྱས་པར་འདོད་ལ། ཐེག་ཆེན་ཁ་ཅིག་དགའ་ལྡན་ནས་འཕོ་བ་ནས་བཟུང་རྡོ་རྗེ་གདན་དུ་མཉམ་པར་བཞག་པ་ཚུན་ས་བཅུའི་སེམས་དཔའ། དེ་ནས་སངས་རྒྱས་པར་འདོད། ཁ་ཅིག་དཀའ་བ་སྤྱད་པའི་ཚེ་ཐུགས་འོག་མིན་དུ་སངས་རྒྱས། དེ་ནས་བྱང་ཆུབ་སྙིང་པོར་བདུད་འདུལ་བ་སོགས་མཛད་ཟེར། ཁ་ཅིག་འོག་མིན་དུ་ཐོག་མར་སངས་རྒྱས་ནས་ཕྱིས་ཞིང་འདིར་མཛད་པ་བཅུ་གཉིས་སྤྲུལ་ལོ་ཞེས་ཟེར། དེ་ཐམས་ཅད་ཀྱི་ལུགས་དང་པོ་སྟོན་པ་འདི་ཚོང་དཔོན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་ཆེན་དྲུང་དུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སངས་རྒྱས་པར་འདོད། འདིར་ནི་དེ་ཐམས་ཅད་ཐོག་མེད་ནས་སངས་རྒྱས་པ་དེའི་རྣམ་འཕྲུལ་དེ་ལྟར་བསྟན་གྱི་སེམས་ཐོག་མར་བསྐྱེད་དུས་ནས་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་འདོད་དོ། །གཉིས་པ་ནི། རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀར་སྐབས་འགར་འདོད་པ་མཐུན་པས་ཐུན་མོང་བའི་ལུང་། མདོ་སྡེ་པདྨ་དཀར་པོ་ལས། སྔོན་གྱི་བསྐལ་པ་ཆེན་པོ་མཛེས་པར་སྣང་བ་ནས་འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་པོ་ཆེ་བཀོད་པའི་རྒྱལ་པོ་ཞེས་བྱ་འཇིག་རྟེན་ན་བྱོན་པའི་ཚེ། རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་རྣམ་པར་དག་པ་ཅན་ཞེས་བྱ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྐྱོང་གི་བུ་སྟོང་རྣམས་སོ་སོར་སེམས་བསྐྱེད་ནས། ཐོག་མར་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ནས། ཐ་ཆུང་བློ་གྲོས་མཐའ་ཡས་ཀྱི་བར་རིམ་པ་བཞིན་སངས་རྒྱས་འཁོར་བ་འཇིགས་ནས་མོས་པར་སྣང་གི་བར་དུ་འཚང་རྒྱ་བར་གསུངས་པ་དང་། འདིར་སངས་རྒྱས་གཅིག་གི་སྤྲུལ་པར་བསྟན་པ་དེ་གཉིས་མི་འགལ་བ་ནི། བསྐལ་པ་བཟང་པོ་འདི་ཡི་གདུལ་བྱའི་ངོར་སངས་རྒྱས་ཀྱི་རྣམ་འཕྲུལ་དེ་ལྟར་བསྟན་པ་སྟེ། བསྟན་པའི་དགོས་ཆེད་ཐེག་དམན་རྣམས་ཐེག་ཆེན་ལ་འཇུག་པ་དང་གནས་སྐབས་དེར་བུ་སྟོང་པོ་ལུང་བསྟན་པས་ནི་ལྷ་མི་ཁྲག་ཁྲིག་ཕྲག་གྲངས་མེད་པ་བཟོད་ཐོབ་བྱང་ཆུབ་ཏུ་ངེས་པའི་ཕྱིར་ཡིན་ཏེ། དེས་ན་དེ་ཐམས་ཅད་སངས་རྒྱས་གཅིག་གི་རོལ་པ་ཡིན་པའི་ཚུལ་འདི་དོན་གྱི་དགོངས་པར་བཟུང་པར་བྱའོ། །མདོར་བསྡུས་ཤིང་དད་པར་གདམས་པ་ནི། དེ་ལྟར་སངས་རྒྱས་ཀྱི་ཐུགས་རྗེས་སྲིད་པ་གསུམ་གྱི་འགྲོ་བ་རྣམ་པར་གྲོལ་བའི་ཕྱིར། སྣ་ཚོགས་པའི་ཐབས་ཆེན་མང་པོས་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བ་ལ་འགོད་པར་མཛད་པའི་སླད་དུ། ཚད་མེད་པའི་ཞིང་ཁམས་དང་སྟོན་པར་སྤྲུལ་པས་འགྲོ་བ་ཀུན་གྱི། མཐའ་ཡས་པའི་རེ་བ་མཐའ་དག་སྐོང་ཞིང་བྱང་ཆུབ་གསུམ་གྱི་ས་མཐོར་འདྲེན་པར་མཛད་པ་ཡིན་པས། རྒྱལ་བའི་བྱིན་རླབས་དང་རྣམ་པར་འཕྲུལ་བ་ནི་དེ་འདྲའོ་སྟེ་ཚད་མེད་བསམ་མི་ཁྱབ་པར་ཤེས་པར་བྱའོ། །དེ་ལྟར་ཐེག་ཆེན་ནས་བཤད་པའི་ཞིང་དང་སྟོན་པ་རྣམ་འཕྲུལ་དང་བཅས་པའི་ཚུལ་རྒྱ་མཚོ་ལྟ་བུ་འདི་ཐོས་ནས་མི་དངངས་ཏེ་མི་སྐྲག་པར་དད་པར་གྱུར་པ་དེ་དག་མྱུར་དུ་བྱང་ཆུབ་ཀྱི་སྙིང་པོ་མཛེས་པར་བྱེད་པའི་འཇིག་རྟེན་གྱི་མགོན་པོར་འགྱུར་ཏེ། སངས་རྒྱས་ཕལ་པོ་ཆེ་ལས། གང་གིས་ཐེག་པ་ཆེན་པོའི་ཚུལ་རྒྱ་མཚོ་མི་ཟད་པ་སྣ་ཚོགས་ལ་འཇུག་པའི་སྒོ་རབ་ཏུ་ཐོས་ནས། མི་དངངས་ཤིང་དད་པར་གྱུར་པ་དེ་དག་ནི་མྱུར་དུ་བྱང་ཆུབ་སྙིང་པོ་མཛེས་པར་བྱེད་པའོ། །ཞེས་རྒྱ་ཆེར་གསུངས་པ་བཞིན་ནོ། །ཐེག་པ་ཆེན་པོ་མན་ངག་གི་བསྟན་བཅོས་ཡིད་བཞིན་རིིན་པོ་ཆེའི་མཛོད་ལས། འགྲོ་བའི་དོན་དུ་ཞིང་ཁམས་རྣམ་པར་འཀོད་པའི་ལེའུ་སྟེ་གཉིས་པའི་འགྲེལ་པའོ།། །། ༈ གཉིས་པ་བྱེ་བྲག་མི་མཇེད་ཀྱི་ཞིང་རྒྱས་པར་བཤད་པ་ལ། སྡོམ་གྱིས་མདོར་བསྟན་པ། ཡན་ལག་རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་ལྟར་རྒྱལ་བའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་སྣང་བ་ལས། ཁྱད་པར་མི་མཇེད་ཀྱི་འཇིག་རྟེན་བསྟན་པ་ནི། ཆགས་པ་དང་གནས་པ་དང་འཇིག་པ་དང་སྟོང་པའི་བསྐལ་པ་རྣམ་པ་བཞི་ལས་ཞེས་སོ། །གཉིས་པ་ལ། ཆགས་པའི་བསྐལ་པ་བཤད་པ། གནས་བསྐལ་བཤད་པ། འཇིག་སྟོང་གི་བསྐལ་པ་བཤད་པ་གསུམ། དང་པོ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ་ནི། དེ་ཡང་སྟོང་པའི་བར་བསྐལ་ཉི་ཤུ་རྫོགས་ནས་དང་པོ་ཆགས་པའི་མགོ་འཛིན་པ་ལ་ཡང་བཅུད་རྣམས་ཡས་ནས་མར་རིམ་པས་ཆགས་ཤིང། ནམ་མཁའ་ལ་བརྟེན་པའི་སྣོད་གཞལ་མེད་ཁང་རྣམས་ཀྱང་དེ་བཞིན་ནོ་སྟེ་ཡས་ནས་མར་ཆགས་པ་ཡིན་ལ། ས་གཞི་ལ་བརྟེན་པའི་སྣོད་རྣམས་འོག་མ་ནས་རིམ་པར་མས་ནས་ཡར་ཆགས་ཏེ། འདི་དག་གི་ཚུལ་ཐུན་མོང་བ་མདོ་དང་མཐུན་པ་དག་ནི་འཇིག་རྟེན་གདགས་པ་དང་། ཐུན་མིན་གོང་དུ་འཕགས་པ་དག་ནི་ཕལ་པོ་ཆེ་དང་། རྒྱུད་ཀྱི་གནས་ཇི་ལྟ་བ་བཞིན་དུ་མདོར་བསྡུས་ཏེ་རིམ་པས་དབྱེ་བ་ནི་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། སྣོད་ཆགས་ཚུལ་དང་། བཅུད་ཆགས་ཚུལ་གཉིས། དང་པོ་ལ། སྣོད་སྤྱིར་བསྟན་པ་དང་། དེ་ལས་སྟོང་དང་པོ་སོགས་སུ་འཇོག་ཚུལ་བཤད་པ་གཉིས་ཀྱི་དང་པོ་ལ། བསྟན་བཤད་གཉིས། དང་པོ་ནི། རྟེན་གཞི་འབྱུང་བ་རྣམས་དང་རྟེན་རི་ལ་སོགས་པ་དང་བརྟེན་པ་སེམས་ཅན་རྣམས་དང་གསུམ་པོ་དག་ལས་ཞེས་སོ། །གཉིས་པ་ལ། རྟེན་གཞི་དཀྱིལ་འཁོར་ལྔ་བཤད་པ། རྟེན་རི་གླིང་མཚོ་གསུམ་བཤད་པ། དེ་ལ་བརྟེན་པ་སེམས་ཅན་གྱི་གནས་བྱེ་བྲག་པ་བཤད་པ་གསུམ། དང་པོ་ནི། དང་པོ་འབྱུང་བ་རིམ་བརྩེགས་ཀྱི་སོ་སོའི་རང་བཞིན་གྱི་ཚུལ་ནི། སྟོང་པའི་བར་བ སྐལ་རྫོགས་པའི་རྗེས་དེ་ཉིད་དུ། སེམས་ཅན་སྤྱི་མཐུན་གྱི་ལས་ལས། དང་པོ་ཡིད་མཁའ་རྣམ་པར་དག་པ་ཞེས་པའི་ནམ་མཁའ་དཀར་ཞིང་གསལ་བའི་འོད་དང་ལྡན་པ། རྒྱ་ཁྱོན་ནི་སྟོང་གསུམ་ཆེན་པོ་གཅིག་གི་སྣོད་དང་ཚད་མཉམ་པ་ཆགས་ཤིང་། དེའི་སྟེང་དུ་རླུང་ཆགས་ཏེ། རླུང་དེ་ཡང་སྲུབ་བྱེད་ཀྱི་རླུང་སྔོ་ལ་འཕྱུར་བ་ལང་བ་ལས། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ཕྱོགས་ཀུན་ཏུ་བརྡལ་བས་ནམ་མཁའ་ལ་ན་བུན་ལྟ་བུར་འཁྲིགས། རྩུབ་འགྱུར་གྱི་རླུང་ཡཾ་ཞེས་རང་སྒྲ་དང་བཅས་པས་མཁའ་ལ་སྤྲིན་བཞིན་གཏོར། རྣམ་པར་སྡུད་བྱེད་ཀྱི་རླུང་གིས་དེ་དག་བསྡུས་པས་རྒྱ་ཆེ་ཞིང་དཔང་འཐུག་པར་བྱས་པ་དང་། སྨིན་བྱེད་མེའི་རླུང་དམར་གསལ་ལས་མེ་མཆེད་ནས་བསྲེགས་པས་རླུང་དཀྱིལ་འཇམ་ཞིང་ཁོད་སྙོམས་པར་ཆགས། འབྱེད་བྱེད་ཀྱི་རླུང་ཁ་དོག་སྣ་ཚོགས་པ་འུར་གྱིས་ལངས་པ་ལས་དེ་དག་སོ་སོར་གཏོར་ཏེ། དེ་ལྟར་རླུང་རྣམ་པ་དྲུག་པོས་རིམ་པ་བཞིན་བསྲུབས་པ་དང་བརྡལ་བ་དང་གཏོར་བ་དང་སྡུད་པ་དང་ཆགས་པ་དང་སོ་སོར་གཏོར་བར་བྱེད་པ་དེའི་རྗེས་སུ་སྲུབ་བྱེད་ཀྱི་རླུང་གིས་བསྲུབས་པས་ལེགས་པར་ཆགས་ཏེ། དེ་ཡང་མདོག་ལྗང་ཁུ་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་དང་འདྲ་བ་ལ་མུ་ཁྱུད་ཟླུམ་པོས་བསྐོར་བ་དང་བཅས། རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་ལ། །རྒྱར་ནི་གྲངས་མེད་པ་བྱེད་ལས་སྲ་ཞིང་མཁྲེགས་པ་རྡོ་རྗེ་དང་འདྲ་བ་ཆུ་སོགས་བརྟེན་པའི་ལས་བྱེད་དོ། །དེ་ནས་སྟེང་གི་མཁའ་ལ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འདུས་པ་ལས། རླུང་དཀྱིལ་དེ་ཡི་སྟེང་དུ་ཆར་ཤིང་རྟའི་སྲོག་ཤིང་གི་ཚད་ཙམ་དུ་བབས་པས་ཆུ་ཡི་དཀྱིལ་འཁོར་ནི། ཞི་བ་གསལ་དག་གི་ཆུ་ཞེས་བྱ་བ་ཀུན་ནས་ཟླུམ་པ་ཟླ་བ་རྒྱས་པ་ལྟ་བུ། རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་ཉི་ཁྲི་ཡོད་ལ། དེ་གཞིན་དུ་མི་འབོ་བ་ནི་རྟེན་བྱེད་རླུང་གིས་མཐའ་ནས་བསྐོར་ཏེ་གནས་པ་ཡིན་ནོ། །དེ་ནས་རླུང་དཀྱིལ་ལས་སྲུབ་བྱེད་ཀྱི་རླུང་བྱ་བ་གཟིར་སྒྲ་བཅས་བྱུང་བ་དག་གིས་ཆུ་དེ་རྣམས་བསྡུས་ཤིང་བསྲུབས་པས། དེ་སྟེང་གསེར་ལས་གྲུབ་པའི་ས་ཡི་དཀྱིལ་འཁོར་གྲུ་བཞི་པ་མཚོ་ལ་དར་ཆགས་པ་ལྟར་གྱུར་ཏེ། རྔམས་སུ་དཔག་ཚད་སུམ་འབུམ་ཉི་ཁྲི་ལ། རྒྱ་ཁྱོན་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ཕྱེད་དང་ལྔ་པ་སྟེ་ལྔ་བཅུ་རྩ་ལྔ་དང་བཅས་པའོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ་ནི། དེ་ཡི་སྟེང་དུ་རྟེན་ནི་རི་དང་མཚོ་དང་གླིང་རྣམས་ལས། ཞེས་སོ། །གཉིས་པ་ལ། རི་བཤད་པ་དང་། མཚོ་བཤད་པ། གླིང་བཤད་པ་གསུམ། དང་པོ་ལ། རི་གླིང་ཐུན་མོང་གི་རྒྱུ་དང་། སོ་སོའི་ངོ་བོ་གཉིས། དང་པོ་ནི། གསེར་གྱི་ས་གཞིའི་སྟེང་དུ་སྨིན་བྱེད་གྱི་རླུང་གིས་ཆུ་དང་ས་ཡི་དཀྱིལ་བསྲུབས་ཤིང་ནམ་མཁའ་ལ་ཁམས་སྣ་ཚོགས་པ་ཅན་གྱི་སྤྲིན་ལས་ཆར་གྱི་རྒྱུན་ཡུན་རིང་དུ་བབས་པས། ལྷུན་པོ་བྱེ་བ་ཕྲག་བརྒྱ་དང་དེ་བཞིན་དུ་གསེར་གྱི་རི་བདུན་དང་ལྕགས་རི་མུ་ཁྱུད་གླིང་བཞི་གླིང་ཕྲན་དང་བཅས་པ་བྱེ་བ་ཕྲག་བརྒྱ་པོ་རྣམས་ནི། ཁམས་འབྱེད་སྡུད་ཀྱི་རླུང་རབ་དང་འབྲིང་དང་ཐ་མའི་རླུང་གིས་རིམ་པར་གྲུབ་པ་ཡིན་ནོ། །གཉིས་པ་ལ་ལྷུན་པོ་བཤད་པ་དང་། རི་བདུན་བཤད་པ་གཉིས། དང་པོ་ལ། དངོས་དང་། རི་གླིང་ཐུན་མོང་གི་ཡས་མན་གྱི་ཚད་བསྟན་པ་གཉིས། དང་པོ། དབུས་ཀྱི་རི་རབ་རིན་པོ་ཆེན་སྣ་བཞིི་ལས་གྲུབ་སྟེ་དེ་ཡང་ཤར་སོགས་ཕྱོགས་བཞི་རིམ་པ་བཞིན་དུ། དངུལ་དང་བཻཌཱུར་དང་པདྨ་རཱ་ག་དང་གསེར་ལས་གྲུབ་པ་སྟེ། དེ་ཡི་དབང་གིས་ཕྱོགས་བཞིའི་ནམ་མཁའ་འང་ཁ་དོག་དཀར་པོ་དང་སྔོན་པོ་སོགས་དེ་བཞིན་དུ་སྣང་བ་ཡིན་ནོ། །དེ་ཉིད་མཛེས་བྱེད་རི་རབ་དེ་ལ་ཆུའི་སྟེང་ན་བང་རིམ་བཞི་ལས་འོག་མ་ནི་རླུང་གི་བང་རིམ་གཡུའི་རྡོ་རྗེ་ཅན་ཏེ་ནང་གི་རི་རབ་ནས་ཞེང་དུའམ་ཕྱིར་དཔག་ཚད་སྟོང་ཕྲག་བཅུ་དྲུག་འཕགས་ལ། ཆུར་ནི་ཇི་ཙམ་ཡོད་པ་ཞེང་དུ་ཟུར་ནས་ཟུར་གྱི་རིང་ཚད་ལ་དེ་སུམ་འགྱུར་ཡིན་པ་ཕྱི་མ་ཀུན་ལ་ཤེས་པར་བྱའོ། །གཉིས་པ་ཆུ་ལས་གྲུབ་པའི་བང་རིམ་རྣམ་པར་སྤུངས་པ་སྟེ་སྟོང་ཕྲག་བརྒྱད་ཞེང་དུ་ཕྱིར་འཕགས་སོ། །གསུམ་པ་ཤེལ་འོད་ འབར next hit་བཞི་སྟོང་ཕྱིར་འཕགས་པའོ། །བཞི་པ་འཁོར་ལོ་རྣམ་པར་བརྩེགས་པ་ཉིས་སྟོང་ཕྱིར་འཕགས་པ་སྟེ། བང་རིམ་བཞི་པོ་དེ་དག་ཆུ་མཚམས་ནས་བཟུང་གཅིག་གི་སྟེང་ནས་གཅིག་སྟེང་དུ་འཕགས་པའི་བར་ཐག་ནི་སྟོང་ཕྲག་བཅུ་བཅུ་སྟེ་བཞི་ཁྲི་ཡོད་པས་རི་རབ་ཀྱི་ཕྱེད་དུ་སླེབ་པའོ། །གཉིས་པ་ནི། ཤིན་ཏུ་མཛེས་ཤིང་ལྷུན་ཆགས་པས་ལྷུན་པོ་སྟེ་དེ་ནི་ཆུ་ལས་དཔག་ཚད་བརྒྱད་ཁྲི་གྱེན་དུ་འཕགས་པ་སྟེ། ཆུ་ཡི་ནང་དུ་རི་དགུ་དང་གླིང་བཅུ་གཉིས་པོ་ཀུན་མཚུངས་པར་དཔག་ཚད་བརྒྱད་ཁྲི་ཐུར་དུ་ནུབ་ཅིང་རྩ་བ་གསེར་གྱི་ས་གཞིར་གནས་པའོ། །གཉིས་པ། གསེར་གྱི་རི་བདུན་གྱིས་ལྷུན་པོ་ལ་གྲུ་བཞིར་བསྐོར་བ་ནི། རི་ནང་མ་ཤིང་རྟའི་གཉའ་ཤིང་ལྟར་རྩེ་མོ་དྲངས་པས་གཉའ་ཤིང་འཛིན་དང་། དེ་བཞིན་དུ་དེའི་ཕྱི་རོལ་དུ་རིམ་པ་བཞིན་གཤོལ་མདའ་ལྟར་རྩེ་མོ་དྲངས་པས་གཤོལ་མདའ་འཛིན་དང་། རྩེ་མོ་ན་སེང་ལྡེང་གི་ནགས་ཡོད་པས་སེང་ལྡེང་ཅན་དང་། རྩེ་མོ་མཛེས་པས་ལྟ་ན་སྡུག་པ་དང་། སྟེང་ན་བྲག་རྟའི་རྣ་བ་ལྟ་བུ་ལོགས་སུ་ཆད་པ་གཅིག་ཡོད་པས་རྟ་རྣ་དང་། རྩེ་མོ་ནང་དུ་ཅུང་ཟད་འདུད་པས་རྣམ་འདུད་དང་། དེ་ཀུན་གྱི་མཐར་འཁོར་ལོའི་མུ་ཁྱུད་ལྟར་བསྐོར་བས་མུ་ཁྱུད་འཛིན་རི་རྣམས་ཏེ། ནང་མའི་ཕྱེད་ཕྱེད་དུ་ཕྱི་མའི་གནམ་འཕང་ངམ་རྩེ་མོ་སླེབས་པ་སྟེ། གསེར་རི་དང་པོ་ལ་དཔག་ཚད་བཞི་ཁྲི། གཉིས་པ་ལ་ཉི་ཁྲི། གསུམ་པ་ལ་ཁྲི། བཞི་པ་ལ་ལྔ་སྟོང་། ལྔ་པ་ལ་ཉིས་སྟོང་ལྔ་བརྒྱ། དྲུག་པ་ལ་སྟོང་དང་ཕྱེད་སུམ་བརྒྱ། བདུན་པ་ལ་དྲུག་བརྒྱ་ཉི་ཤུ་རྩ་ལྔའོ། །ཞེང་དུ་ཆུ་ལས་གྱེན་དུ་འཕགས་པའི་དཔང་རང་ལ་ཇི་ཡོད་པ་དེ་ཙམ་མོ། །ཐམས་ཅད་ཀྱི་ཕྱི་རོལ་འཁོར་ཡུག་གི་རི་ནི་ལྕགས་ལས་གྲུབ་པ་སྟེ། ཚད་མུ་ཁྱུད་འཛིན་རིའི་ཕྱེད་དུ་སླེབ་ཅེས་གྲགས་ཏེ་ཆུ་ནས་སུམ་བརྒྱ་དང་ཕྱེད་དང་བཅུ་གསུམ་འཕགས་པ་ཡིན་ནོ། །གཉིས་པ་མཚོ་ནི། རི་དེ་དག་གི་ནང་གི་མཚོ་ཡི་བྱེ་བྲག་ཀྱང་། རྒྱུ་ནི་སྟེང་གི་ནམ་མཁའ་ལས་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་བབས་པས་རི་དང་གླིང་ཀུན་གྱི་བར་རྣམས་ཆུས་ཡོངས་སུ་གང་བས་མཚོ་གཅིག་ཏུ་གྱུར་པའོ། །དེ་ལ་ཀླུ་དགའ་བོ་སོགས་ཀླུ་ཆེན་བརྒྱད་རོལ་ཞིང་རྩེ་བའི་གནས་ཡིན་པས་རོལ་མཚོ་སྟེ། དེ་ནི་འདུལ་བ་ལུང་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་དང་དྲི་མ་མེད་པ་དང་། །འཐུངས་ན་ལྟོ་བར་བྱམས་པ་དང་། །མགྲིན་པ་ལ་ཡང་མི་གནོད་དང་། །ཡན་ལག་བརྒྱད་ལྡན་ཆུར་འདོད་དོ། །ཞེས་པ་ལྟར་ཡན་ལག་བརྒྱད་ལྡན་ཆུས་གང་བའི་མཚོ་དེ་དག་གི་ཚད་དམ་ཞེང་རྣམས་ནི་རི་བདུན་རང་རང་སོ་སོ་དང་མཉམ་ཞིང་། ཆུར་ཡང་ཤར་ནུབ་ལྟ་བུའི་རྒྱ་མཚོའི་ཚད་ནི་ཕྱོགས་བཞི་རེ་རེའང་སུམ་འགྱུར་ཀུན་ལ་མཚུངས་པ་ཡིན། དེ་ཡང་རི་རབ་ནི་རྩ་རྩེ་གཉིས་ཀར་བརྒྱད་ཁྲི་ཡིན། རོལ་མཚོ་ནང་མ་རི་རབ་དང་མཉམ་པར་བརྒྱད་ཁྲིའི་ཞེང་ཡིན་ལ། དེ་ལ་སུམ་འགྱུར་ཏེ་ཁྲི་ཕྲག་ཉེར་བཞི་ཡོད། རོལ་མཚོ་ཕྱི་མ་ཕྱི་མ་ལ་ནང་མ་ནང་མ་ཀུན་བསྣན་པའི་ཞེང་སུམ་འགྱུར་ཡིན་ལ། དེའི་སྟེང་དུ་རི་ནང་མའི་ཞེང་གཅིག་གིས་ལྷག་གམ་དཔྱད་གསུངས། མུ་ཁྱུད་འཛིན་ནས་མུ་ཁྱུད་འཛིན་ཆེན་པོའི་བར་ལ་ཁོར་ཡུག་བ་ཚྭ་ཅན་ཕྱི་ཡི་རྒྱ་མཚོའི་ཞེང་དུ་སུམ་འབུམ་དང་སྟོང་ཕྲག་ཉི་ཤུ་རྩ་གཉིས་ཀྱི་དཔག་ཚད་དང་ལྡན་པ་སྟེ་ཡོད་དོ། །གསུམ་པ་གླིང་ནི། རྒྱུ་རླུང་གི་བྱེད་སྡུད་སྔར་དང་འདྲ་བ་ལས་གླིང་རྣམས་ཀྱི་འོག་གི་ས་གཞི་ཆུ་དང་ཁད་མཉམ་པ་ལ་ཅུང་ཟད་མཐོ་ཙམ་པ་སྟེ། དེ་ལས་ཤར་གླིང་ནི། འཛམ་གླིང་གི་མི་ལས་ལུས་ཆེར་འཕགས་པས་ལུས་འཕགས་ཏེ་དབྱིབས་ཟླ་གམ་བཅད་ཁ་རི་རབ་ལ་བསྟན་ཞིང་འབུར་འཁོར་ཡུག་ལ་བསྟན་པའི་ངོས་གསུམ་ངོས་རེ་ལ་དཔག་ཚད་ཉིས་སྟོང་རེ་དང་འབུར་ངོས་ཆུང་བ་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །ལྷོ་གླིང་ནི། བྱང་ཕྱོགས་མཚོ་མ་དྲོས་པའི་འགྲམ་ན་ཤིང་འཛམ་བུ་བྲྀཀྵ་ཡོད་པས་འཛམ་གླིང་སྟེ་དབྱིབས་སོག་ཁ་ཤིང་རྟ་ལྟ་བུ་ངོས་རིང་བ་གསུམ་དེ་དང་འདྲ་སྟེ་དཔག་ཚད་ཉིས་སྟོང་ཉིས་སྟོང་དང་། ལྷོ་ཕྱོགས་འཁོར་ཡུག་ངོས་ཀྱི་ཐུང་བ་གཅིག་ལ་དཔག་ཚད་ཕྱེད་དང་བཞི་པ་དབུས་སུ་བྱང་སེམས་སྲིད་པ་ཐ་མ་པའི་བཞུགས་གནས་རྡོ་རྗེའི་གདན་དང་སྙིང་པོ་བྱང་ཆུབ་ཀྱི་ཤིང་གིས་བརྒྱན་པའོ། །ནུབ་གླིང་ནི། འདོད་འཇོའི་བ་དང་སྟོབས་ཆེན་གྱི་གླང་པོ་ལ་ཤས་ཆེར་སྤྱོད་པས་བ་གླང་སྤྱོད་དེ་དབྱིབས་ཟླུམ་པོ་ཁོར་ཡུག་ཏུ་དཔག་ཚད་བདུན་སྟོང་དང་ལྔ་བརྒྱ། ཁ་ཞེང་དུ་སྟོང་ཕྲག་ཕྱེད་དང་གསུམ་ཡོད་དོ། །བྱང་གླིང་ནི། ཤ་ཟའི་སྐད་དུ་སྨྲ་བས་སམ་རང་ཉིད་འཆི་བའི་ཞག་བདུན་གྱི་གོང་ནས་དཔག་བསམ་ཤིང་ལས་སྒྲ་མི་སྙན་པར་གྲགས་པས་སྒྲ་མི་སྙན་གྱི་གླིང་སྟེ་དབྱིབས་གྲུ་བཞི་ངོས་རེའི་ཆ་ལ་དཔག་ཚད་ཉིས་སྟོང་མཐའ་བསྐོར་དུ་བརྒྱད་སྟོང་ངོ་། །གླིང་བཞི་པོ་དག་གི་གླིང་ཕྲན། ཤར་གྱི་གླིང་ཆེན་གཡས་གཡོན་དུ་ལུས་དང་ལུས་འཕགས་ཆུང་ངུ་གཉིས། དེ་བཞིན་དུ་ལྷོར་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཏུ་གཡོ་ལྡན་དང་ནི་དེ་བཞིན་ལམ་མཆོག་འགྲོ། བྱང་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་རྣམས་ནི་མདུན་རི་རབ་ལ་བསྟན་ཞིང་ཚད་ནི་རང་གླིང་གཙོ་བོའི་ཕྱེད་ཆའོ། །གསུམ་པ་བརྟེན་པ་སེམས་ཅན་གྱི་གནས་ལ་བསྟན་བཤད་གཉིས། དང་པོ། བྱེ་བྲག་ཏུ་བརྟེན་པ་སེམས་ཅན་གྱི་གནས་གཞན་མཐོ་རིས་དང་ངན་སོང་རྣམ་པ་གཉིས་ལས་ཞེས་སོ། །གཉིས་པ་ལ། ངན་སོང་དང་མཐོ་རིས་ཀྱི་གནས་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ་ནི། ངན་སོང་དག་གི་ཞེས་པས་བསྟན། གཉིས་པ་ལ། དམྱལ་བ། ཡི་དྭགས། དུད་འགྲོ་གསུམ། དང་པོ། དམྱལ་བའི་རང་བཞིན་གྱི་གནས་ནི། འཛམ་གླིང་གི་གངས་ཏི་སེའི་འོག་ནས་དཔག་ཚད་ཉི་ཁྲི་ན་མནར་མེད་པ་ཡོད་ལ། དེའི་སྟེང་ཉི་ཁྲིའི་ཆ་ལ་རབ་ཏུ་ཚ་བ་དང་ཚ་བ་ངུ་འབོད་ཆེན་པོ་དང་ངུ་འབོད་བསྡུས་འཇོམས་ཐིག་ནག་ཡང་སོས་ཏེ་གཞན་བདུན་པོ་བརྩེགས་མར་གནས་ཏེ་དེ་དག་གི་བར་ན་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་བཅད་པའོ། །ཚ་དམྱལ་གྱི་གནས་དེ་དང་འདབ་འབྱོར་གྱི་ཚུལ་དུ་གྲང་དམྱལ་བརྒྱད་པོ་ཡང་ཚ་དམྱལ་རྣམས་ལ་སྡུག་བསྔལ་དང་གནས་སོགས་ཕན་ཚུན་འགྲན་པ་བཞིན་དུ་གནས་ཏེ། དེ་ཡང་ཡང་སོས་ནས་བྱང་དུ་དཔག་ཚད་ཉི་ཤུ་ན་ཆུ་བུར་ཅན་གྱི་གནས་ཡོད་པ་ལྟར་དེའི་འོག་ནས་འོག་ཏུ་རིམ་པ་ལྟར། ཆུ་བུར་རྡོལ་བ། ཨ་ཆུ་ཟེར་བ། ཀྱེ་ཧུད་ཟེར་བ། སོ་ཐམ་ཐམ་པ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ཆེན་པོ་ལྟར་གས་པ་རྣམས་གནས་སོ། །ཉི་ཚེ་བའི་གནས་ལ་ཕྱོགས་གཅིག་ཏུ་ངེས་པ་མ་མ ཆིས་ཤིང་སྟེ་མིའི་གནས་སོགས་ཐ་དད་པར་མང་པོའི་གནས་དང་རེ་རེའི་གནས་ཀྱང་ཡོད་དོ། །ཉེ་འཁོར་བ་ནི་ཚ་དམྱལ་རྣམས་ཀྱི་འཁོར་དུ་གནས་ཏེ་ཕྱོགས་བཞིར་ལྷག་པའི་གནོད་པ་བཞི་བཞི་སྟེ་བཅུ་དྲུག་ཡོད་དོ། །གཉིས་པ། ཡི་དྭགས་རྣམས་ནི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་རྩ་བའི་གནས་ཡོད་ཅིང་། ཡན་ལག་ནི་ལྷ་དང་མིའི་འཇིག་རྟེན་དག་ནའང་ཡོད་དོ། །གསུམ་པ། དུད་འགྲོ་བྱིངས་ཀྱི་གནས་ནི་ཕྱིའི་རྒྱ་མཚོ་ཆེན་པོ་སྟེ། ཁ་འཐོར་བ་ནི་འདོད་པའི་ལྷ་དང་མིའི་ཡུལ་ནའང་གནས་པ་ཡིན་ཏེ་དེ་ཡང་ས་དང་ཐང་དང་རི་དང་ཤིང་དང་ཆུ་དང་ནམ་མཁའ་དང་མེའི་ནང་ན་ཡང་ཡོད་པར་བཤད་དོ། །གཉིས་པ་མཐོ་རིས་ལ། མི་དང་ལྷ་གཉིས་ལས། དང་པོ། མཐོ་རིས་ཀྱི་མི་རྣམས་ཀྱི་གནས་ནི་གླིང་བཞི་གླིང་ཕྲན་གསུམ་བཅས་བདུན་པོ་སྟེ། རྔ་ཡབ་ཀྱི་གླིང་ཕྲན་ནི་སྲིན་པོ་གནས་པའི་ཕྱིར་མི་ལས་གཞན་ཡིན་ནོ་སྟེ་ཡི་དྭགས་ཀྱི་འགྲོ་བར་སྡུད་དེ། གསང་སྙིང་ལས། ཡི་དྭགས་སྲིན་པོ་ཆེན་པོ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལྷ་ལ་བསྟན་བཤད་གཉིས། དང་པོ། ལྷ་ཡི་གནས་ལ་འདོད་གཟུགས་གཉིས་ལས་ཞེས་བསྟན། གཉིས་པ་ལ། འདོད་ལྷ། གཟུགས་ཁམས་གཉིས། དང་པོ་ལ། དངོས་དང་། ཞར་ལ་ལྷ་མིན་བཤད་པ་གཉིས། དང་པོ་ལ་མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ། འདོད་ལྷའི་གནས་དྲུག་སྟེ་ཞེས་པས་བསྟན། གཉིས་པ་ལ། ས་ལ་བརྟེན་པ་དང་། མཁའ་ལ་བརྟེན་པ་གཉིས། དང་པོ་ལ། རྒྱལ་ཆེན་རིས་བཞི་དང་སུམ་ཅུ་རྩ་གསུམ་གཉིས། དང་པོ། རྒྱལ་ཆེན་རིས་བཞི་ནི་རི་རབ་ཀྱི་བང་རིམ་བཞི་དང་། ཉི་ཟླ་དང་། སྐར་མའི་གཞལ་མེད་ཁང་ན་གནས་ཏེ། དེ་ཡང་རི་རབ་ཀྱི་བང་རིམ་དང་པོར་ལག་ན་ཡོལ་གོ་ཐོགས་པ། །གཉིས་པར་མེ་ཏོག་ཕྲེང་ཐོགས། གསུམ་པར་སྦྲང་ཆང་གིས་རྟག་མྱོས། བཞི་པར་ཕྱོགས་བཞིར་རྒྱལ་ཆེན་བཞི་འཁོར་དྲི་ཟ་གྲུལ་བུམ་ཀླུ་གནོན་སྦྱིན་གྱི་རིགས་རྣམས་གནས་ཏེ། དེ་རྣམས་ཀྱི་ཕོ་བྲང་། ཤར་ན་ཡུལ་འཁོར་སྲུང་གི་ཕོ་བྲང་ཡུལ་འཁོར་སྲུང་། དེ་བཞིན་དུ་ལྷོོར་འཕགས་སྐྱེས་པོའི་འཕགས་སྐྱེས། ནུབ་ཏུ་སྤྱན་མི་བཟང་གི་སྣ་ཚོགས་གཟུགས། བྱང་ན་རྣམ་ཐོས་སྲས་ཀྱི་ལྕང་ལོ་ཅན་རྣམས་ཀུན་ཀྱང་ངོས་རེར་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ་འབྱོར་པ་ཚད་མེད་པས་བརྒྱན་པའོ། །གཞན་ཡང་གཉའ་ཤིང་འཛིན་རིའི་སྟེང་གི་ཕྱོགས་བཞི་ན་རྒྱལ་ཆེན་བཞིའི་ཕོ་བྲང་ཡོད་ཅིང་། གསེར་གྱི་རི་བདུན་དང་ཁོར་ཡུག་གི་རིའི་རྩེ་མོ་དང་། རི་དང་ཤིང་དང་ནགས་ཀྱི་ལྷ་ཡན་ཆད་རྒྱལ་ཆེན་རིགས་བཞིའི་ལྷར་གཏོགས་པས་དེ་དག་གི་གནས་རིས་ཤིན་ཏུ་མང་པོ། ཁྱད་པར་དུ། ལྷུན་པོའི་ཕྱེད་གཉའ་ཤིང་འཛིན་གྱི་རྩེ་དང་མཉམ་པའི་ཐད་སོ་ན་ཉི་ཟླ་གཟའ་སྐར་རྣམས་འཆར་ཏེ། དེ་ཡང་ཉི་མའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ་ང་གཅིག་ཁ་ཞེང་དང་ཁོར་ཡུག་ལ་སུམ་འགྱུར། འོག་གཞི་མེ་ཤེལ་མཐའ་ཆགས་ཏེ་ཁ་སྐྱོར་རམ་ར་བ་གསེར་ལས་གྲུབ་པ། ཟླ་བའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ་པ་ཁོར་ཡུག་སུམ་འགྱུར། འོག་གཞི་ཆུ་ཤེལ་མཐའ་ཆགས་དངུལ་ལས་གྲུབ་པ་གཉིས་ཀའི་རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་གཅིག་གི་བཅོ་བརྒྱད་ཆ་གཅིག་སྟེང་དུ་གནས་སོ། །དེ་གཉིས་ཀའི་ནང་ན་ལྷ་ཡི་གྲོང་ཁྱེར་གནས་སྟེ། སྐྱེད་མོས་ཚལ་དང་རིན་པོ་ཆེའི་རྫིང་བུ་དང་ནང་ན་ལམ་སྲང་དང་རིན་པོ་ཆེན་སྣ་ཚོགས་བཀྲ་བའི་ས་གཞི་ལ་མེ་ཏོག་མན་ད་ར་བའི་ཆར་བ་པུས་ནུབ་ཙམ་དུ་ངང་གིས་འབབ་ཅིང་། མེ་ཏོག་རྙིང་པ་རྣམས་རླུང་གིས་འདོར་ཞིང་གསར་པ་གསར་པར་འགྲེམས་པ། དེ་ན་ལྷའི་བུ་ཉི་མ་དང་ཟླ་བའི་གྲོང་ཁྱེར་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ལྷ་དང་ལྷ་མོ་མང་པོས་གང་ཞིང་དགའ་བར་བྱས་པའོ། །སྐར་མའི་ཚོགས་ཀྱང་ཆུ་ཤེལ་སྙིང་པོ་ལས་གྲུབ་པ་སྟེ། གསེར་གྱི་ར་བས་ལེགས་པར་བསྐོར་ཞིང་ས་གཞི་དང་ལམ་སྲང་ལྷ་ཡི་གྲོང་ཁྱེར་སོགས་ཀྱིས་བརྒྱན་པ། རྒྱ་ཁྱོན་ཆུང་བ་རྣམས་རྒྱང་གྲགས་གཅིག་ནས་ཆེ་བ་རྣམས་དྲུག་གི་བར་རིམ་པར་ཡིན་ནོ། །འདི་ལ་པནྜི་ཏ་ཛི་ན་མི་ཏྲ་སོགས་ཁ་ཅིག་གིས་སྐར་མའི་རྒྱུ་གསེར་ཟངས་ཆུ་ཤེལ་འཁར་བ་ཅི་རིགས་ལ་ཚད་རྒྱང་གྲགས་གཅིག་ནས་བཅོ་བརྒྱད་པར་ཡིན་ནོ་ལོ་སྟེ་ཞེས་འདོད་དོ། །གཉིས་པ་ལ་གནས་སྤྱི་དང་། འབྱོར་པའི་ཁྱད་པར་གཉིས། དང་པོ། དབུས་ཀྱི་རི་རབ་ཀྱི་སྟེང་ན་དབང་པོ་དང་ཉེ་དབང་བཅས་སུམ་ཅུ་རྩ་གསུམ་འདུག་པའི་གནས་ནི། མ་འདྲེས་པ་དང་ཕྲེང་previous hit འབར next hit་དང་གཟི་བརྗིད་མཆོག་ལ་སོགས་པ་ཉེ་དབང་གི་གནས་རིས་སུམ་ཅུ་རྩ་གཉིས་དང་། གཙོ་བོའི་སྟེ་བརྒྱ་བྱིན་གྱི་གནས་བཅས་ཏེ་སུམ་ཅུ་རྩ་གསུམ་པོ་མཐོ་རིས་ཀྱི་ཡུལ་ཡིན་ནོ། །རི་རབ་ཀྱི་རྩེ་མོའི་ངོས་བཞིའི་རྒྱ་ཁྱོན་ལ། ངོས་རེར་དཔག་ཚད་བརྒྱད་ཁྲིར་གནས་པའི་སྟེང་ཞེས་སོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ། གྲོང་དང་སྐྱེད་ཚལ་དང་ས་གཞི་དང་ཤིང་ཆེན་པོ་དང་འདུན་ས་བཟང་པོ་སྟེ་ལྔར་གནས་པ་ལས་ཞེས་པས་བསྟན། གཉིས་པ་ལ་དེ་ལྟར་ལྔ་ལས། དང་པོ་གྲོང་ནི། རི་རབ་ཀྱི་སྟེང་ལྷའི་གྲོང་ཁྱེར་ལྟ་ན་སྡུག་གི་དབུས་ན་རྣམ་པར་རྒྱལ་བའི་ཁང་བཟང་མཆོག ངོས་རེ་ན་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ། མཐའ་བསྐོར་དུ་སྟོང་ཡོད་པ་ལྷ་ཡི་གྲོང་ཁྱེར་ལྟ་ན་སྡུག་ལས་གྱེན་དུ་དཔག་ཚད་ཕྱེད་དང་ལྔ་འཕགས་ཤིང་། ཁང་བཟང་དེ་ལ་བ་གམ་བརྒྱད་དེ་རེ་རེ་ལ་ཁང་བརྩེགས་བདུན་བདུན་གནས། དེ་དག་རེ་རེར་གནས་ཁང་བདུན་བདུན་གྱིས་བརྒྱན་ནོ། །དེའི་ཕྱི་རོལ་དུ་སྐྱེད་མོས་ཚལ་དང་རིན་ཆེན་གྱི་རྫིང་བུ་བཞི་དང་རྫིང་འགྲམ་ན་འདོད་དགུ་འབྱུང་བའི་དཔག་བསམ་གྱི་ཤིང་དང་བཅས་པའོ། །དེ་ཡི་ཕྱི་རོལ་ན་ལྷ་སྤྱིའི་གྲོང་ཁྱེར་ལྟ་ན་སྡུག་ངོས་རེར་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ་འཕང་དུ་ཕྱེད་དང་གསུམ་སྟེ་རྒྱུ་གསེར་ལས་བྱས་པ། གསེར་གྱི་ར་བས་བསྐོར་ཞིང་མཛེས་པ་སྟེ། དེ་ལ་དགུ་བརྒྱ་དང་དགུ་བཅུ་རྩ་དགུའི་གྲངས་ཀྱི་སྒོ་ཆེན་པོ་རྣམས་དང་ལྡན་ཞིང་། སྒོ་རེ་རེའི་འཕང་དུ་དཔག་ཚད་ཕྱེད་དང་གསུམ་པ་སྟེ། ཞེང་དུ་ཕྱེད་དང་གཉིས་བཅས་སྒོ་རེ་ལ་སྒོ་སྲུང་ལྷའི་བུ་གོ་མཚོན་ཅན་ལྔ་བརྒྱ་རེ་དང་ལྡན་པ། གྲོང་ཁྱེར་དེའི་ལམ་སྲང་རིང་ཚད་སྲིད་དུ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ། ཞེང་དུ་བཅུ་གཉིས་འཇམ་ཞིང་བདེ་བ་སྟེ། གཡས་གཡོན་ན་རིན་པོ་ཆེའི་རྫིང་བུ་དང་རིན་ཆེན་ལྗོན་ཤིང་དང་པདྨས་བརྒྱན་པའི་རིན་པོ་ཆེའི་རྫིང་བུ་བྱ་སོགས་སྐད་སྙན་པར་སྒྲོགས་པ། གྲོང་ཁྱེར་གྱི་ཕྱི་རོལ་ན་རིན་ཆེན་གྱི་ར་བ་རིམ་པ་བདུན་གྱིས་བསྐོར་བའི་བར་བར་ན་འོ བས་བདུན་ཆུ་མཚོ་ངང་པས་བརྒྱན་པའི་ནང་དུ་རིན་ཆེན་གྱི་གྲུ་ན་ལྷ་རྣམས་ཞུགས་ཏེ་རྩེད་འཇོ་འཕེལ་བ། རི་རབ་ཀྱི་རྩེ་མོའི་མཚམས་བཞིར་ཁང་བརྩེགས་བཞི་ཡོད་དེ། དེ་ཡང་དཔངས་སུ་དཔག་ཚད་ཕྱེད་དང་ལྔ་པ་ལ། ངོས་རེར་དཔག་ཚད་བརྒྱ་དང་ཉི་ཤུ་རྩ་ལྔ་པ། ཁོར་ཡུག་ཏུ་ལྔ་བརྒྱ་ཡོད་པ་ན་གནོད་སྦྱིན་ལག་ན་རྡོ་རྗེའི་ལྷ་རིགས་གནས་སོ། །ཁང་བརྩེགས་བཞི་པོའི་བར་ཐང་རི་རབ་ཆེན་པོའི་ཁ་ཆག་ལ་ཕྱོགས་ཀྱི་རིན་པོ་ཆེའི་ར་བ་དཔག་ཚད་གསུམ་པས་བསྐོར་བའོ། །གཉིས་པ་སྐྱེད་ཚལ་ནི། ལྷ་ཡི་རྩེ་ས་སྐྱེད་མོས་ཚལ་གྱི་ར་བ་རྣམ་པ་བཞི་ཡོད་པ་ཡང་། གྲོང་ཁྱེར་ལྟ་{བལྟ་འདིའི་རིགས་འདི་ལྟར་ཞུས།} ན་སྡུག་ནས་དཔག་ཚད་ཉི་ཤུ་ཉིད་ཕྱོགས་བཞིར་འདས་པའི་མཚམས་ན་གནས་པ་ལས། ཤར་ན་ཤིང་རྟ་སྣ་ཚོགས་ཀྱིས་བརྒྱན་པའི་སྐྱེད་མོས་ཚལ། རོ་བྲོ་བའི་རིན་ཆེན་རྫིང་བུ་བཞི་དང་ལྗོན་ཤིང་སྣ་ཚོགས་དང་ལྷའི་གོས་དང་རྒྱན་དང་ལྷ་ཡི་བུ་མོས་མཛེས་ཤིང་བརྒྱན་པས་དགའ་བར་བྱས་འོ། །ལྷོ་ན་རྩུབ་འགྱུར་ཞེས་བྱ་བའི་སྐྱེད་མོས་ཚལ་རྫིང་དང་མེ་ཏོག་སོགས་རྩུབ་པར་གྱུར་པ་ཡོད་པས། ལྷ་རྣམས་ལྷ་མིན་དང་གཡུལ་འགྱེད་པའི་ཚེ་ན་དེར་ཞུགས་ཤིང་སྤྱོད་པ་ན་ཞེ་སྡང་འཕེལ་བར་བྱེད་པ་སྟེ། ཤིང་ལས་རིན་པོ་ཆེའི་མཚོན་ཆ་དང་གོ་ཆ་ཤིན་ཏུ་སྲ་བ་རྣམས་འབྱུང་བའོ། །ནུབ་ན་འདྲེས་མའི་ཚལ་ཞེས་བྱ་བ་རྫིང་བུ་བཟང་པོ་ནས་སྣ་ཚོགས་པའི་ལོངས་སྤྱོད་མཁོ་དགུ་འདྲེས་མར་འབྱུང་ཞིང་ལྷ་ཕོ་མོ་འདྲེས་མར་རྩེ་བའོ། །བྱང་ན་དགའ་བའི་ཚལ་ཞེས་བྱ་བ་ལྷ་ཡི་བུ་མོས་གང་ཞིང་། བསྐལ་བཟང་འདྲེན་པ་སྟོང་གི་བཞུགས་ཁྲི་རིན་པོ་ཆེའི་ཤིང་གི་ནང་དུ་ཡོད་པ་དང་། དེ་ལས་ལྷ་རྣམས་ཀྱི་ཚེ་སྔ་ཕྱི་ལེགས་ཉེས་འཇིགས་པ་ཡོད་མེད་ཀྱི་མཚན་མ་གསལ་བ་དང་བཅས། དེར་ཕྱིན་ཅིང་ལོངས་སྤྱོད་པས་དགའ་བ་ལྷག་པར་འཕེལ་བ་ཡིན་ནོ། །སྐྱེད་ཚལ་གྱི་གཞི་དེ་དག་ཆུ་དང་ཞེང་གཉིས་ཀར་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ་སྟེ་མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ། དབྱིབས་ལེགས་ཤིང་གསེར་གྱི་ར་བ་དཔག་ཚད་གཅིག་པས་ཡོངས་སུ་བསྐོར་ཞིང་ར་བ་ལ་རིན་ཆེན་སྣ་བཞིའི་ལྕོག་གིས་ཀུན་ནས་མཛེས་པར་བརྒྱན་པ། ནང་གི་གཞི་རྣམས་ན་གསེར་གྱི་བྱེ་མ་བརྡལ་བ། ཚོན་སྣ་བརྒྱ་རྩ་གཅིག་གིས་སྤེལ་བ། ཤིན་ཏུ་འཇམ་ཞིང་རེག་ན་བདེ་བ་རིན་ཆེན་སྐྱེད་ཚལ་དང་མཚོ་དང་རྫིང་བུ་ཡིད་དུ་འོང་བའི་ཆུ་བྱས་གང་བ། མེ་ཏོག་མནྡར་གསར་པ་ཕང་ཕུང་ཆགས་ཤིང་པུས་ནུབ་ཙམ་དུ་ཁེབས་པ་ལ་བུང་བ་སྙན་པར་སྒྲོགས་པས་གར་བྱེད་པ། དེ་དག་ཏུ་འགྲོ་བའི་ལམ་ཡང་ཆུར་དཔག་ཚད་ཉི་ཤུ་ཞེང་དུ་ཕྱེད་གཉིས་པ། གསེར་གྱི་བྱེ་མ་བརྡལ་ཞིང་ཙནྡན་གྱི་ཆུས། ཆག་ཆག་བཏབ་པའི་འགྲམ་ན་ཤིང་ལྗོན་པ་མེ་ཏོག་དང་འབྲས་བུས་བརྒྱན་པ་ཚར་དུ་སྦྲེང་བ་སོགས་བཀོད་པས་མཛེས་པར་བརྒྱན་པའོ། །གསུམ་པ་ས་གཞི་ནི། ཕྱོགས་བཞིའི་ཚལ་རྣམས་ལས་ཕྱི་རོལ་དུ་གཞལ་བའི་དཔག་ཚད་ཉི་ཤུ་ན། ས་གཞི་བཟང་པོ་རྣམ་བཞི་ནི་ཤར་ནས་རིམ་པ་བཞིན་དུ། ས་གཞི་སྣ་ཚོགས་ཞེས་བྱ་བ་དང་། དེ་བཞིན་དུ་རྩུབ་འགྱུར་དང་འདྲེས་པ་དང་དགའ་བ་སྟེ། རིན་ཆེན་གྱི་ས་གཞིར་ལྗོན་ཤིང་དང་ཆུ་མཚོས་བརྒྱན་པའི་ཐང་ཉམས་བདེ་བ་ཚད་དང་བཀོད་པ་སོགས་ཚལ་རྣམས་དང་འདྲ་བའོ། །བཞི་པ་ཤིང་ནི། ལྷ་རྣམས་ཉེ་བར་སྤྱོད་པའི་དཔག་བསམ་གྱི་ཤིང་ནི་གྲོང་ཁྱེར་མཆོག་དེའི་བྱང་ཤར་ན། ཡོངས་འདུ་ས་བརྟོལ་ཞེས་པ་འཕང་དུ་སྟེ་གྱེན་དུ་དཔག་ཚད་བརྒྱ་འཕགས་ཤིང་། རྩ་བར་དཔག་ཚད་ལྔ་ཐུར་དུ་ཟུག་པ་ཕྱོགས་བཞིའི་ཡལ་ག་ལ་དཔག་ཚད་ལྔ་ཕྲག་བཅུ་བཅུ་སྟེ་ལྔ་བཅུ་ལྔ་བཅུ་རབ་ཏུ་རྒྱས་པ། སྙིང་པོའི་རྩེ་མོ་གདུགས་ལྟར་འདུག་པ་ལའང་དཔག་ཚད་ལྔ་བཅུས་བརྒྱན་པ། དེ་སྙེད་ཤིང་དེའི་འོད་ཀྱིས་ཕྱོགས་རྣམས་གསལ་བར་བྱས་པ་སྟེ་དཔག་ཚད་ལྔ་བཅུ་ཁོ་ར་ཁོར་ཡུག་ཏུ་ཁྱབ་པ། ཤིང་དེ་ལས་དྲི་བསུང་ཞིམ་པོས་རྫི་ཕྱོགས་དཔག་ཚད་བརྒྱ་ཚུན་དང་། རྫི་ཕྱོགས་མ་ཡིན་པར་ལྔ་བཅུར་ཁྱབ་པའི་ལྷ་རྣམས་ཀྱི་འདོད་པའི་ཡོན་ཏན་ཡིད་ལ་བསམ་པ་དང་མཉམ་དུ་འབྱུང་བའི་ཤིང་ཡིན་ལ། དེའི་དྲུང་དུ་རིན་ཆེན་ཨར་མོ་ནིག་དང་འདྲ་བ་རབ་ཏུ་དཀར་བའི་རྡོ་ལེབ་མཛེས་པ་སྟེ། དེའི་ཚད་ཆུ་དང་ཞེང་དུ་དཔག་ཚད་ལྔ་བཅུ་ལྔ་བཅུའི་རང་བཞིན་གྲུ་བཞི་པ་མཐའ་སྐོར་དུ་ཉིས་བརྒྱ་དང་འཕང་དུ་{འཕངས་སུ}དཔག་ཚད་ཕྱེེད་དང་དྲུག་དང་བཅོ་བརྒྱད་ཀྱི་ཆ་གཅིག་གིས་ལྷག་པ་ལ། དབུས་ན་དབང་པོའི་ཁྲི་དང་ལྷ་གཞན་རྣམས་ཀྱི་ཁྲིར་བཅས་བཀོད་པས་མཛེས་ཤིང་མེ་ཏོག་གི་ཆར་པ་འབབ་པར་ལྷ་རྣམས་དབྱར་དུས་སུ་ཟླ་བ་བཞིར་འདོད་ཡོན་ལ་ལོངས་སྤྱོད་ཅིང་གནས་སོ། །ལྔ་པ་འདུན་ས་ནི། གྲོང་ཁྱེར་བལྟ་ན་སྡུག་ནས་དཔག་ཚད་ཕྱེད་དང་བཞིའི་གཞལ་བའི་ལྷོ་ནུབ་ན་ཆོས་བཟང་ལྷ་ཡི་འདུན་ས་སྟེ། ཆུ་དང་ཞེང་དུ་དཔག་ཚད་སུམ་བརྒྱ་མཐའ་སྐོར་དུ་དགུ་བརྒྱ་དབྱིབས་ཟླུམ་པོ། དབུས་ན་རིན་ཆེན་གྱི་ཁང་བརྩེགས་འོད་འབར་བ། ཅུང་ཟད་ཙམ་གྱིས་ས་ལ་མ་རེག་པར་བཏེགས་པའི་ཁང་བུ་དོན་ཐམས་ཅད་གྲུབ་པར་བྱེད་པ་ཞེས་བྱ་བའི་དྲུང་དུ་ལྷ་རྣམས་འདུས་ནས་རང་གི་སྲིད་དང་རང་རང་གི་བྱ་བ་ལས་ཉམས་པ་བསྲུང་བའི་ཕྱིར་འདུས་སར་འགྲོ་བའི་གནས་ཡོད་དོ། །དེས་ས་གཞི་ལ་བརྟེན་པའི་གནས་བཤད་ཟིན་ནས། གཉིས་པ་ནམ་མཁའ་ལ་བརྟེན་པ་ནི། སུམ་ཅུ་རྩ་གསུམ་གྱི་སྟེང་གི་ནམ་མཁའ་ལ་བརྟེན་པའི་འདོད་ལྷའི་གནས་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་བཞི་པོ་ནི། རྒྱུ་ཟག་བཅས་བསོད་ནམས་ཆ་མཐུན་གྱི་དགེ་བས། དུས་ནི་སུམ་ཅུ་རྩ་གསུམ་པའི་སྔར་ཆགས་ལ། གནས་ཁང་ནི་གཟའ་སྐར་བཞིན་དུ་ནམ་མཁའ་ལ་སྣང་བ་སྟེ། དེ་དག་གི་རྒྱ་ཚད་སུམ་ཅུ་རྩ་གསུམ་ལས་འཐབ་བྲལ་ཉིས་འགྱུར་གྱིས་ཆེ་བས་མཚོན་དེ་ནས་བཟུང་སྟེ་གོང་ནས་གོང་དུ་ཉིས་འགྱུར་དུ་འཕགས་པ་ཡིན་ནོ། །གཉིས་པ་ལྷ་མིན་ནི། ལུས་དང་རྫུ་འཕྲུལ་ལོངས་སྤྱོད་སོགས་ལྷ་དང་འདྲ་ཡང་རིགས་དང་སྐལ་བ་མི་འདྲ་བས་ལྷ་མ་ཡིན་ཏེ། དེ་དག་གི་རྩ་བའི་གནས་རི་རབ་ཆུ་མཚམས་མན་ཆད་ཀྱི་ཁོང་གསེང་ནང་ནས་རིམ་པས་ཆུ་མཚམས་ན་སྒྲ་གཅན་དང་དེ་འོག་དཀར་ཕྲེང་དེ་འོག་འགུལ་ཕྲེང་དང་དེ་འོག་གསེར་གྱི་ས་གཞིར་ཐགས་བཟང་རིས་རྣམས་གནས་ཏེ་རིམ་པར་སྟོབས་འབྱོར་སོགས་གོང་མ་ལས་འོག་མ་རྣམས་བཟང་ངོ་། །དེ་དག་འཕེན་བྱེད་ཀྱི་རྒྱུ་ནི་ཡི་དྭགས་སུ་སྐྱེ་བའི་ལས་ཀྱིས་ཏེ་མི་དགེ་བས་འཕངས་པ་ལ། རྫོགས་བྱེད་ལྷ་ཡི་ལས་ཀྱིས་ཏེ་དགེ་བས་རྫོགས་པར་བྱས་པས་ལྷ་དང་འགྲན་པའི་དཔལ་དང་འབྱོར་པས་མཛེས་པ་སྟེ་དཀར་ཕྲེང་དང་སྒྲ་གཅན་ནི་རྒྱལ་ཆེན་བཞིའི་ལྷ་དང་འདྲའོ། །རི་རབ་ཁོང་གསེང་གི་འོག་གཞི་གསེར་གྱི་ས་གཞི་བཟང་པོའི་དབུས་སུ་ལྷ་མིན་གྱིས་རྒྱལ་པོ་ཐགས་བཟང་གནས་ཏེ། ལྷའི་དབང་པོའི་ཁང་བཟང་མཆོག་རྣམ་པར་རྒྱལ་བ་ལྟ་བུ་ནི་གདམས་པ་ཅན་ཞེས་བྱ་བ་དང་། དེ་བཞིན་དུ་གྲོང་ཁྱེར་གྱི་མིང་གསེར་ལྡན་དང་འདུན་ས་ནོར་བཟང་དང་། ཕྱོགས་བཞིའི་སྐྱེད་ཚལ་ནི་ཀུན་དགའ་ར་དང་རབ་དགའ་དང་དགའ་བ་དང་དགའ་བའི་ཀུན་དགའ་ར་བ་ཞེས་པ་སྟེ་བཞིའོ། །ས་གཞིའི་མིང་ཡང་ཚལ་དེ་རྣམས་དང་འདྲ་བ་སྟེ། ཤིང་གི་མཆོག་ནི་ཙི་ཏྲ་པ་ཏྲིའོ། །རྡོ་ལེབ་ནི་རབ་ཏུ་བཟང་པོ་དང་སྐྱེད་ཚལ་ན་སྤྱོད་པའི་གླང་ཆེན་ཏི་སེ་གངས་བརྩེགས་དང་། གཡུལ་གྱི་གླང་པོ་བཟོད་པར་དཀའ་བ་དང་རྟ་ཡི་མཆོག་ནི་རབ་མྱུར་ཞེས་བྱ་བ་དག་ཡོད་དོ། །གཞན་ཡང་འཛམ་གླིང་སོགས་ངེས་མེད་ན་ཡོད་པའི་བདུད་རིགས་ཀྱི་མི་མ་ཡིན་ཕལ་དག་ཀྱང་ལྷ་མིན་གྱི་ཁོངས་སུ་གཏོགས་པ་ཡིན་ནོ། །གཉིས་པ་གཟུགས་ཁམས་ལ། གནས་དང་། རྒྱ་ཁྱོན་གཉིས། དང་པོ་ལ། གཟུགས་ཁམས་ཀྱི་གནས་བསྟན་པ། ཞར་ལ་གཟུགས་མེད་ལ་དངོས་སྣང་གི་གནས་མེད་ཚུལ་གཉིས། དང་པོ་ནི། འདོད་ཁམས་ལས་གྱེན་དུ་འཕགས་པའི་གཟུགས་ཁམས་ཀྱི་གནས་རིས་རྣམ་པ་བཅུ་བདུན་ནམ་བཅོ་བརྒྱད་ནི། འཇིག་རྟེན་པའི་བསམ་གཏན་དང་པོ་ནས་བཞི་པའི་བར་ཆུང་འབྲིང་ཆེ་བ་ཐོབ་པས། ཚངས་རིས་ནས་བཟུང་འབྲས་བུ་ཆེའི་བར་རོ་སྟེ། བསམ་གཏན་དང་པོ་ཆུང་ངུ་དང་འབྲིང་དང་ཆེན་པོ་བསྒོམས་པ་རྫོགས་པ་ལས། ཚངས་རིས་དང་། ཚངས་པ་མདུན་ན་འདོན་དང་། ཚངས་ཆེན་གསུམ། དེ་བཞིན་དུ་བསམ་གཏན་གཉིས་པ་ཆུང་འབྲིང་ཆེ་གསུམ་གྱི་འོད་ཆུང་། ཚད་མེད་འོད། འོད་གསལ་གསུམ། གསུམ་པ་ཆུང་འབྲིང་ཆེ་གསུམ་གྱིས། དགེ་ཆུང་། ཚད་མེད་དགེ། དགེ་རྒྱས་གསུམ། བཞི་པའི་གསུམ་གྱིས་སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་སྟེ་སོ་སྐྱེའི་གནས་གཞན་གསུམ་གྱི་བར་དུའོ། །དེའི་གོང་དུ་འཕགས་པའི་གནས། ཟག་མེད་ཐོབ་པའི་གང་ཟག་གིས་བསམ་གཏན་བཞིི་པོ་སྤེལ་མར་རབ་ཏུ་བསྒོོམས་པས་ཏེ། དེ་ཡང་བསམ་གཏན་དང་པོ་དང་བཞི་པ་སྤེལ་བ་ཆུང་ངུ་། བསམ་གཏན་དང་པོ་དང་གཉིས་པ་བསྡོམས་པ་ལས་བཞི་པ་སྤེལ་བ་འབྲིང་། དང་པོ་གཉིས་པ་གསུམ་པ་གསུམ་དང་བཞི་པ་སྤེལ་བ་ཆེན་པོ། བསམ་གཏན་བཞི་པོ་ནང་ཚན་རེ་རེ་ཞིང་བཞི་པ་དང་སྤེལ་བ་ཆེས་ཆེ་བ། དེ་དག་ཐོད་རྒལ་དུ་བསྒོམས་པ་མཆོག་ཏུ་ཆེ་བ་སྟེ། ཐོད་རྒལ་ནི་བསམ་གཏན་བཞི་པོའི་ལ་ལ་དོར་ནས་མཆོངས་{ འཕྱོངས་}པའི་བར་དུ་བཞི་པ་བསྒོམ་པས་ཏེ། མས་ཡར་རིམ་དང་། རིམ་མིན་དུ་གཅིག་ནས་གསུམ་གྱི་བར་ནས། ཡས་མར་བོར་པའི་བར་དུ་བཞི་པ་བསྒོམས་པའོ། །དེ་ལྟར་བསྒོམས་པས་མི་ཆེ་བ་ནས་ཏེ། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་གྱི་བར་དག་ཏུ་འཕགས་པའི་གནས་ཏེ་སྔ་མ་སོ་སྐྱེའི་གནས་རྣམས་ལས་གཞན་གཙང་མའི་རིས་རྣམ་པ་ལྔའོ། །བཅོ་བརྒྱད་པ་ནི་བཅུ་བདུན་པོ་དེ་དག་གི་གོང་ན་སྟེ་གནས་གཙང་ལྔ་ལས་འདས་པ་ན་སྲིད་པ་ཐ་མ་པའི་བྱང་སེམས་སམ་དབང་ཕྱུག་ཆེན་པོའི་གནས། འོག་མིན་རྣམ་མཛེས་ཞེས་ས་བཅུ་ཡོངས་སུ་རྫོགས་པར་ཐོབ་པའི་བྱང་སེམས་འཕགས་པ་འབའ་ཞིག་གི་གནས་དྭངས་ཤིང་གསལ་ལ་བཀོད་པ་ཚད་མེད་པ་ཡོངས་སུ་རྫོགས་པ་ཉན་རང་འཕགས་པས་གཙང་རིས་ལྔ་བགྲོད་པ་ལས་ཆེས་ཁྱད་པར་དུ་འཕགས་པའི་གནས་ཀྱིས་ཕྱེ་བ་ཡིན་ནོ། །གཉིས་པ་ནི། གཟུགས་མེད་པ་བཞི་པོ་ལ་དངོས་སྣང་གཟུགས་སུ་གྲུབ་པའི་གནས་རགས་ཕྲ་གང་ཡང་མེད་དོ། །གཉིས་པ་ལ། གཟུགས་ཁམས་ཀྱི་རྒྱ་ཁྱོན་དང་། ཞར་ལ་གནས་སོ་སོའི་མཐོ་ཁྱད་བསྟན་པ་གཉིས། དང་པོ། གཟུགས་ཁམས་ཀྱི་ལྷ་གནས་དེ་དག་ལ་རྒྱ་ཁྱོན་གྱི་ཚད་ནི་བསམ་གཏན་བཞི་རིམ་པ་བཞིན་ཏེ། བསམ་གཏན་དང་པོའི་ལྷ་གནས་གསུམ་གྱི་རྒྱ་ཁྱོན་དང་གླིང་བཞི་པའི་འཇིག་རྟེན་གྱི་ཚད་དང་མཉམ། དེ་བཞིན་དུ་བསམ་གཏན་གཉིས་པ་དང་སྟོང་གཅིག་པ་སྤྱི་ཕུད་ཀྱི་འཇིག་རྟེན། གསུམ་པ་དང་སྟོང་གཉིས་པ་བར་མའི་ཁམས། བཞི་པའི་སོ་སྐྱེའི་གནས་གཞན་གསུམ་པོ་དང་སྟོང་གསུམ་གྱི་སྟོང་ཆེན་པོ་ཚད་མཉམ་པ་སྟེ་དེ་ལྟར་ཚངས་རིས་ནས་འབྲས་བུ་ཆེ་ཡི་བར་དུ་བསྟན་པ་སྟེ། གནས་གཙང་རིས་ལྔ་ལ་བརྒྱ་ཁྱོན་ཚད་མེད་པ་མཁའ་ལ་གཟའ་སྐར་རམ་འཇའ་ཚོན་ཤར་བ་ལྟར་གནས་པར་འདོད་དོ། །གཉིས་པ། གནས་རིས་དེ་དག་གི་མཐོ་ཁྱད་ཀྱི་བར་ཐང་ལ་གྱེན་དུ་འཛམ་བུའི་གླིང་ཉིད་ནས་རྒྱལ་ཆེན་རིས་བཞིའི་རྩ་བའི་གནས་ཀྱི་བར་དང་དེ་ནས་སུམ་ཅུ་རྩ་གསུམ་གྱི་གནས་ཀྱི་བར་ལ་སོ་སོར་དཔག་ཚད་བཞི་ཁྲི་བཞི་ཁྲི་ཡོད་པ་སྟེ། དེ་ནས་འཐབ་བྲལ་ལམ་མཚེ་མར་བརྒྱད་ཁྲི་དགའ་ལྡན་དུ་ཆིག་འབུམ་དྲུག་ཁྲི་ཡོད་པའི་ཆས་གཞལ་ཏེ་དེ་ལྟར་གོང་ནས་གོང་མར་བགྲོད་པའི་བར་སྣང་ལ་འཛམ་བུའི་གླིང་ནས་རང་རང་གི་གནས་དེར་ཇི་ཙམ་ཞིག་ཡོད་པའི་བར་ཐག་གོང་མ་གོང་མར་བརྩིས་པ་ཡིས་འོག་མིན་གྱི་བར་དུ་མཐོ་ཁྱད་ཤེས་པར་བྱའོ། །གཉིས་པ་དེ་ལས་སྟོང་དང་པོ་སོགས་ཀྱི་འཇོག་ཚུལ་ལ། གླིང་བཞི་རི་རབ་འདོད་ལྷའི་གནས་དྲུག་པོ་དང་ཚངས་པའི་འཇིག་རྟེན་གཅིག་དང་བཅས་པ་ལ་གླིང་བཞི་པ་ཡི་འཇིག་རྟེན་གྱི་ཁམས་ཞེས་བྱ། དེའི་མཐར་ཁོར་ཡུག་གི་མུ་ཁྱུད་དཔག་ཚད་བཞི་ཁྲི་འཕགས་པས་ཉི་ཟླའི་འཆར་ཚད་དང་མཉམ་པས་བསྐོར་བའོ། །དེ་ཉིད་སྟོང་ཕྲག་གཅིག་གི་མཐར་སུམ་ཅུ་རྩ་གསུམ་དང་མཐོ་ཁྱད་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྤྱི་ཕུད་སྟོང་གི་འཇིག་རྟེན་གྱི་ཁམས་ཞེས་བྱ། སྤྱི་ཕུད་དེ་ཉིད་གཅིག་ནས་གཉིས་སུ་བགྲངས་པའི་སྟོང་ལ་བར་མའི་འཇིག་རྟེན་གྱི་ཁམས་ཡིན་ཏེ་གཞན་འཕྲུལ་དང་མཉམ་པའི་ལྕགས་རིས་ཀུན་ནས་བསྐོར་བའོ། །དེ་སྟོང་ལ་སྟོང་གསུམ་གྱི་འཇིག་རྟེན་ཆེན་པོ་ཞེས་བྱ་སྟེ་དེའི་མཐར་ཚངས་རིས་དང་མཉམ་པའི་ལྕགས་རིས་བསྐོར་བ་ན། གླིང་བཞི་རི་རབ་ཚངས་པའི་འཇིག་རྟེན་བར་ཐེར་འབུམ་གཅིག་སྟེ་བྱེ་བ་ཕྲག་བརྒྱ་རེ་ཡོད་དེ། འདི་དག་རྣམས་ནི་འོག་གཞི་རླུང་གི་དཀྱིལ་འཁོར་ཡང་གཅིག་ལ་བརྟེན་པས་ཐོག་མར་ཡང་མཉམ་དུ་ཆགས་ཤིང་མཐར་ཡང་མཉམ་དུ་འཇིག་པ་དང་གནས་པ་ཡིན་ནོ། །ཐེག་པ་ཆེན་པོ་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྣོད་ཆགས་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའི་འགྲེལ་པའོ།། །། ༈ གཉིས་པ་བཅུད་ཆགས་ཚུལ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ནས་ནང་བཅུད་ཀྱི་སེམམ་ཅན་ཆགས་པའི་ཚུལ་ལ་ཡང་། གཟུགས་མེད་ཀྱི་ཁམས་དང་གཟུགས་ཀྱི་ཁམས་དང་འདོད་པའི་ཁམས་ཏེ་གསུམ་དུ་ཡོད་པ་ལས། ཞེས་སོ། །རྒྱས་བཤད་ལ། གཟུགས་མེད། གཟུགས། འདོད་ཁམས་གསུམ། དང་པོ་ལ། དངོས་དང་། སྒྲ་དོན། རྩོད་སྤང་གསུམ། དང་པོ། ཐོག་མར་གཟུགས་མེད་བཞིའི་རང་བཞིན་བསྟན་པ་ནི། སྔར་ལེའུ་དང་པོར་བཤད་པ་བཞིན་ཐོག་མའི་འོད་གསལ་ཆེན་པོ་ལས་འཁྲུལ་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པའི་སས་བསྡུས་པའི་རིག་པ་རྟོག་མེད་བསམ་གཏན་བཞིའི་རྒྱར་ཆུད་དེ་གོལ་བས། གཟུགས་མེད་བཞི་པོ་གོང་ནས་འོག་མར་མཆེད་དེ། དེའི་རྒྱུ་ནི་སོ་སོ་རང་གི་རིག་པ་མདའ་ལྟ་བུ། དེས་ཉེར་ལེན་ཞི་གནས་གོལ་ས་ཅན་སྟོང་ལྟ་བུ། འཕེན་བྱེད་ཀྱི་ལས་བསོད་ནམས་ཆ་མཐུན་གཞུ་རྒྱུད་དང་མཐེབ་མཛུབ་ལྟ་བུས་འཕང་ནས། གཟུགས་མེད་ས་པ་འབེམ་འདྲ་བ་ལ་ཕྱིན་ཏེ་གནས་པའོ། །དེ་ཡང་བསམ་གཏན་བཞི་པ་སྣང་ཡུལ་མ་བཀག་པའི་གསལ་བ་ཙམ་སྟེ། ཞེན་ཡུལ་མི་གསལ་བློས་རྟོག་དཔྱོད་མེད་པ་དང་། ཡོད་པ་གཉིས་ཆར་མ་ཡིན་པའི་རོ་མྱོང་ལ་ཞེན་ནས་བསྒོམས་པས་སྲིད་རྩེ་སྟེ་ཡོད་མིན་མེད་མིན། གསུམ་པ་རྟོག་དཔྱོད་ཞི་བའི་དགའ་བདེས་བརླན་པ་ཅི་ཡང་མི་དམིགས་པའི་ངང་དུ་ཡུལ་དང་བྲལ་བར་བསྒོམས་པས་ཅི་ཡང་མེད་པ། གཉིས་པ་དཔྱོད་པ་ཙམ་དང་བཅས་པའི་བསམ་གཏན་གསལ་བར་བྱུང་ཚོར་བཀག་པའི་རྣམ་ཤེས་ཙམ་དུ་བསྒོམས་པས་རྣམ་ཤེས་མཐའ་ཡས། དང་པོ་རྟོག་བཅས་རགས་པའི་འདུ་ཤེས་ནུབ་པ་ཡུལ་མི་གསལ་བ་ནམ་མཁའ་ལྟར་དངོས་པོ་མེད་པ་བསྒོམས་པས་ནམ་མཁའ་མཐའ་ཡས་སུ་གོལ་ལོ། །དེ་ལྟར་གོལ་བའི་བསམ་གཏན་བཞི་པོ་ཡང་རྩ་བ་འོད་གསལ་སྙིང་པོ་ལས། འཁྲུལ་དུས་གོང་ནས་འོག་ཏུ་མཆེད་ལ། ཕན་ཚུན་འཁོར་དུས་མ་ངེས་སོ། །འོན་ཀྱང་ཕལ་ཆེར་འོག་མ་འོག་མར་ལྷུང་བ་ཤས་ཆེ་སྟེ་འཆི་ཁར་སྔར་གྱི་སྲིད་རྩེའི་ཏིང་འཛིན་ཞིག་ནས། ཅི་ཡང་མེད་པའི་འདུ་ཤེས་ཙམ་དུ་ཤར་བས་ཅུང་ཟད་རགས་པར་སོང་ལ། དེ་ཉིད་ཚོར་བ་བདེ་བས་དེའི་ངང་ལ་ཆགས་པས་དེར་ལྷུང་ལ། དེ་བཞིན་དུ་རྣམས་ཤེས་ཀྱི་འཆི་ཀར་ནམ་མཁའ་མཐའ་ཡས་ཀྱི་སེམས་ཤར་ནས་དེར་རོ་མྱོང་མཚུངས་ལྡན་གྱིས་སྐྱེ་བ་ཡིན་ཏེ། སྔར་ནས་ཏིང་འཛིན་ལ་རྒྱུན་རིང་གོམས་པས། དེར་ཡང་དེའི་སེམས་གྲུབ་སླ་བའི་ཕྱིར་རོ། །དེ་དག་གི་རྟེན་གང་ན་ཡོད་ཅེ་ན། བཀོད་པ་ཆེན་པོ་འཇིག་རྟེན་བཀོད་པའི་ལེའུ་ལས་བྱུང་བ་བཞིན་ནམ་མཁར་བརྟེན་ནས་རིམ་པར་གནས་པའི་ཚུལ་ནི། མཁའ་དབྱིངས་ངང་ན་ཞིང་འདི་བཀོད་པའི་རྩེ་མོའི་ཆ་པདྨ་རྣམ་པར་བརྩེགས་པ་ཞེས་བྱ་བའི་ནམ་མཁའ་ལ། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཉེར་བར་བརྟེན་ཏེ། ནང་གི་ཏིང་ངེ་འཛིན་སྲིད་རྩེའི་ངང་གཅིག་གིས་བསྐལ་ཆེན་བརྒྱད་ཁྲི་འདའ་སྟེ་དེའི་ཡུན་ལ་གནས་སོ། །དེའི་འོག་དཔག་ཚད་སྟོང་ཕྲག་སུམ་ཅུ་ན། ཡིད་རྣམ་པར་རོལ་པའི་འཁོར་ལོ་ཅན་གྱི་ནམ་མཁའ་ལ། ཅི་ཡང་མེད་པའི་སྐྱེ་མཆེད་ལ་བརྟེན་པའི་ལྷ་རྣམས་ནི་བསྐལ་ཆེན་དྲུག་ཁྲིའི་བར་དུ་གནས་པའོ། །དེ་ནས་དཔག་ཚད་སྟོང་ཕྲག་ཉི་ཤུའི་འོག་ཏུ་ཡིད་རྣམ་པར་རོལ་པའི་འཁོར་ལོ་འཕྲོ་བ་ཞེས་པའི་ནམ་མཁའ་ལ། རྣམ་ཤེས་མཐའ་ཡས་པའི་ལྷ་རྣམས་བསྐལ་ཆེན་བཞི་ཁྲིར་གནས་སོ། །དེའི་འོག་དཔག་ཚད་སྟོང་ཕྲག་གཅིག་ཉིད་གཞལ་བ་ན་སྤྲིན་ཆེན་རྣམ་པར་རོལ་པ་ཞེས་པའི་ནམ་མཁའ་ལ་ནམ་མཁའ་མཐའ་ཡས་ཀྱི་ལྷ་རྣམས་བསྐལ་ཆེན་ཉི་ཁྲིར་གནས་སོ། །འདི་དག་ནང་གི་ཏིང་ངེ་འཛིན་གྱི་དགའ་བདེ་ལ་སྤྱོད་པའོ། །གཉིས་པ་ནི། དེ་ཡང་ཁམས་གཞན་གྱི་གཟུགས་ལྟར་མེད་པའི་ཆ་ནས་དེ་ལྟར་བརྗོད་ཀྱང་། ཏིང་ངེ་འཛིན་གྱི་ལུས་ཙམ་དུ་ཡོད་པར་བསྟན་ཏེ། དེ་ལྟར་ཡང་གཟུགས་མེད་རྣམ་པ་བཞི་པོ་ཡི་ལྷ་དེ་ཡང་། འདོད་ཁམས་དང་གཟུགས་ཁམས་པ་ཇི་བཞིན་དུ་གདོས་བཅས་ཤ་ཁྲག་གི་ལུས་དང་སྣང་བ་འོད་ཀྱི་ལུས་མིན་པས། རྣམ་ཤེས་སམ་རིག་པ་མི་གཡོ་བར་ཏིང་ངེ་འཛིན་གྱི་ལུས་ལ་རྩེ་གཅིག་ཏུ་བརྟེན་པ་ཉིད་དོ། །དེར་མ་ཟད་ཡི་དྭགས་ཕལ་མོ་ཆེ་དག་དང་བར་དོའི་སེམས་ཅན་བཞིན་དུ་གཟུགས་རང་མཚན་པ་མེད་ཀྱང་རྨི་ལམ་ནང་ལྟར་ཡོད་སྙམ་པའི་བག་ཆགས་འགྱུ་བྱེད་ཡིད་ཀྱི་ལུས་སུའང་མེད་པས་ན། རྣམ་ཤེས་སམ་རྣམ་རྟོག་འགྱུ་བ་མངོན་གྱུར་པ་ནུབ་པས་ནང་གསལ་དྭངས་ལ་མི་གཡོ་བའི་ཏིང་འཛིན་ཞི་བདེར་གནས་སོ། །དེ་བཞིན་དུ་དམྱལ་བ་ལྟར་མྱོང་བ་རིག་པའི་སྡུག་བསྔལ་གྱི་ལུས་ཀྱང་མེད་པས་གཟུགས་མེད་དང་། རྩེ་གཅིག་ཞི་བདེའི་བསམ་གཏན་གྱི་ཆུ་བོས་བརླན་པ་དེ་ཡི་ཕྱིར་རིག་པ་ཏིང་འཛིན་གྱི་ངང་དུ་ཤེས་པ་ཙམ་གྱི་ཆར་གནས་པས། སྟོང་པ་ལྟར་སྣང་གི་ལུས་སམ་སྟོང་རིག་ཏིང་འཛིན་གྱི་ལུས་ཞེས་བྱ། འདི་ནི་ཐུན་མིན་སྔགས་དང་ཤིན་ཏུ་མཐུན་པའི་གནད་གལ་པོ་ཆེ་སྟེ། རྡོ་རྗེ་གསུམ་གྱི་བསྒྲུབ་གཞི་གཉུག་མའི་སྒོ་གསུམ་པོ་ནམ་ཡང་འབྲལ་མི་ཤེས་ལ། དེའི་སྟེང་གི་བག་ཆགས་ཕྲ་བའང་འཕོ་མེད་ཀྱི་སྐུ་མཐར་ཐུག་མ་གྲུབ་བར་དུ་མི་ལྡོག་པས་གཟུགས་མེད་ལའང་ཏིང་འཛིན་གྱི་ལུས་ཡོད་ཅིང་། དེ་ལྟ་ན་ཐེག་ཆེན་གྱི་མདོ་རྣམས་ལས་ཀྱང་སྟོན་པ་ལ་གཟུགས་གཟུགས་མེད་ཀྱི་ལྷས་བསྐོར་བ་དང་། སྟོང་གསུམ་དར་ཡུག་གི་དཔེའི་སྐབས་སུ། གཟུགས་མེད་པའི་གཞལ་ཡས་ཁང་གི་ཚད་དུ་ནི་གཟུགས་མེད་པའི་གཞལ་ཡས་ཁང་བྲིས་ཞེས་སོགས་གསུངས་པའི་དོན་རྣམས་ཀྱང་བདེ་བླག་ཏུ་འཆད་ནུས་སོ། །ཁམས་གསུམ་བརྩེགས་མར་གནས་པ་ལུགས་འདིར་མ་ཟད་དུས་ཀྱི་འཁོར་ལོའི་དགོངས་པའང་ཡིན་ནོ། །གསུམ་པ་ནི། དེ་ལྟར་རྟེན་སྟོང་རིག་གི་ལུས་དང་ནམ་མཁའ་བརྟེན་པའི་ཚུལ་ཙམ་ཞིག་བསྟན་པས་གཟུགས་མེད་པ་ལ་གནས་ས་དང་གཟུགས་ཡོད་པར་འདོད་པ་མིན་ཏེ། གནས་ནི་ཁང་ཁྱིམ་དང་ཡུལ་ལ་སོགས་པ་ཡིན་པར་གྲགས་པ་སྟེ། གཟུགས་ནི་རང་གི་མཚན་ཉིད་ཕན་ཚུན་དུ་སྣང་ནུས་པ་ཡིན་ན། དེ་མེད་པའི་ཕྱིར་ན་གཟུགས་དང་གནས་དངོས་སུ་སྣང་བ་མེད་དོ། །གལ་ཏེ་ཕན་ཚུན་བརྟེན་པར་བསྟན་པས་གཟུགས་ཡོད་དགོས་ན་མིང་བཞི་ཡི་ཕུང་པོ་ཉིད་ཀྱང་དེ་ལྟར་གཟུགས་ཡོད་པས་འགྱུར་བ་ཉིད་དེ། གཟུགས་ཕུང་འདི་ལ་སེམས་རྒྱུད་བརྟེན་ནས་གནས་པར་འདོད་པ་བཞིན་གཟུགས་མེད་པ་མིང་བཞིའི་ཕུང་པོ་ལ་སེམས་རྒྱུད་བརྟེན་པར་འདོད་པས་སོ། །ནམ་མཁའི་གོ་རིམ་ཙམ་ཞིག་བསྟན་པས་གནས་དེར་འགྱུར་ན། གཟུགས་མེད་གང་དུ་ཤི་བ་ན། །དེར་ནི་མིང་བཞིའི་ཕུང་པོ་གནས། །ཞེས་གང་དུ་ཤི་ས་དེ་ན་ཡོད་པར་འདོད་པའང་དེ་དང་ཅིས་མི་མཚུངས། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་གང་དུ་འགྲོ་བའི་ནམ་མཁའི་རིམ་པ་དེར་ངང་གིས་གནས་ཏེ། ཁམས་གསུམ་གྱི་གོང་མ་ཡིན་པའི་ཕྱིར། དེས་ན་ཚུལ་འདི་ནི་རྒྱུད་སྡེར་རབ་ཏུ་བཤད་དེ། བཀོད་པ་ཆེན་པོ་ཡིད་བཞིན་མཆོག་གི་རྒྱུད་དང་། བི་མ་ལས་མཛད་པའི་མུ་ཏིག་ཕྲེང་བའི་རྒྱུད་འགྲེལ་དང་། པདྨའི་བསྟན་པའི་སྲོག་ཤིང་ལས་གསལ་བར་གསུངས་པའི་ཕྱིར། ལེགས་བཤད་དམ་པའི་ཕུལ་དུ་འདི་ཟུངས་ཤིག་ཅེས་གདམས་པའོ། །གཉིས་པ། དེ་ནས་གཟུགས་ཁམས་པ་དག་གི་རང་བཞིན་བཤད་པ་ནི་རྒྱུ་བསམ་གཏན་བཞི་དང་དགེ་བ་བཅུ་སྤྱོད་འབྲས་ཀྱིས། གདོས་བཅས་ཀྱི་དངོས་པོར་མེད་པའི་འོད་ཀྱི་ལུས་ལ་སེམས་ཀྱི་རྒྱུད་བརྟེན་ནས། ཚ་གྲངས་བཀྲེས་སྐོམ་ན་འཚེ་རྒས་རྒུད་སོགས་མེད་པར་ཏིང་ངེ་འཛིན་གྱི་དགའ་བས་ཉིན་མཚན་རིས་སུ་མེད་པར་དུས་འདའ་བས་ཡུན་རིང་དུ་གནས་པ་ཡིན་ནོ། །དེ་ཡང་འཕགས་པའི་གནས་ལྔ་ནི། ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ཀྱི་འོག་དག་ནས་དཔག་ཚད་སྟོང་ཕྲག་ཉི་ཤུ་གཞལ་བ་ན། རིན་ཆེན་འཆིང་བུ་རྣམ་པར་བཀོད་པ་ཞེས་བྱ་བའི་ནམ་མཁའ་ལ། གོང་མ་ནམ་མཁའ་མཐའ་ཡས་པ་མར་ཐིགས་པའི་ཚུལ་དུ་ལྷུང་བ་ལས་མཆེད་པ་ཞེས་ཏིང་འཛིན་གོང་མ་ལས་རགས་པའི་དོན་བཟུང་བའི་འདུ་ཤེས་ཡོད་པ་ལས་སྣང་བ་འོད་གསལ་དྭངས་པའི་གཟུགས་ཕྱི་ནང་མེད་པར་ཟང་ཐལ་ཞིང་རྫུ་འཕྲུལ་གྱིས་འགྲོ་བ་ཏིང་འཛིན་སྐྱོན་མེད་འཕགས་པའི་གནས་ཐོབ་སྟེ། གནས་གཞན་གཟུགས་སུ་སྣང་བ་ཀུན་གྱི་རྩེར་གྱུར་པས་འོག་མིན་ཞེས་བྱ་སྟེ་དེར་གནས་པའི་ལྷ་རྣམས་ཀྱང་། ལུས་བོངས་ཀྱི་ཚད་དཔག་ཚད་ཁྲི་དང་དྲུག་སྟོང་ལ། ཚེ་ཡི་ཚད་ཀྱང་བར་གྱི་བསྐལ་པ་དེ་སྙེད་དེ་ཁྲི་དྲུག་སྟོང་ཐུབ་བོ། །དེ་བཞིན་དུ་རིན་ཆེན་མཐོན་མཐིང་སྤྲས་པའི་ནམ་མཁའ་ལ། ལྟ་བ་རྣམ་པར་དག་པ་མཐོང་བས་ཤིན་ཏུ་མཐོང་བ་སྟེ་ལུས་བོངས་དཔག་ཚད་ནི་བརྒྱད་སྟོང་ལ་ཚེ་ཡང་བར་བསྐལ་གྱི་གྲངས་དེ་སྙེད་དོ། །རིན་ཆེན་རྣམས་མཛེས་ཞེས་བྱའི་ནམ་མཁའ་ལ། གོང་མ་ལས་མཆེད་པ་ལུས་སེམས་ཉེར་ཞིའི་བདེ་བ་གྱ་ནོམ་པ་དང་ལྡན་པས་གྱ་ནོམ་སྣང་བའི་ལྷ་སྟེ། ལུས་བོངས་དཔག་ཚད་བཞི་སྟོང་གསལ་བ་ལས། ཚེ་ཡང་བར་བསྐལ་དེ་སྙེད་དུ་ཐུབ་པ་ཡིན་ནོ། །རིན་ཆེན་ཟེ་བ་སྨུག་གུ་ཞེས་བྱའི་ནམ་མཁའ་ལ། ལུས་སེམས་ལ་འདོད་གདུང་ཉེ་བར་ཞི་བས་མི་གདུང་བ་སྟེ་དཔག་ཚད་ཉིས་སྟོང་གི་ལུས་ལ་ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །རིན་ཆེན་ཤེལ་གྱི་ཁང་བུ་བརྩེགས་པའི་ནམ་མཁའ་ལ། སྔར་བས་ཏེ་གོང་མ་ལས་ལུས་བོངས་ཆུང་བས་མི་ཆེ་བ་སྟེ་ལུས་བོངས་དཔག་ཚད་སྟོང་དང་ཚེ་ཡང་བར་བསྐལ་སྟོང་ཕྲག་གཅིག་ཡིན་ནོ། །དེ་ནས་སོ་སྐྱེའི་གནས་རྣམས་ནི། རིན་ཆེན་རབ་མཛེས་རྣམ་པར་བརྡལ་བའི་ནམ་མཁའ་ལ་སོ་སྐྱེའི་བསོད་ནམས་ཆ་མཐུན་གྱི་དགེ་འབྲས་ཆེ་བས་འབྲས་བུ་ཆེའི་ལྷ་དཔག་ཚད་ལྔ་བརྒྱའི་ལུས་དང་། ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །རིན་ཆེན་ཀ་ལི་མདོག་མཛེས་ཀྱིས་སྤྲས་པའི་ནམ་མཁའ་ལ་ཚད་མེད་བཞིའི་བསོད་ནམས་ལས་གཙོ་བོར་སྐྱེས་པ་བསོད་ནམས་སྐྱེས་ཀྱི་ལྷ་སྟེ་ལུས་བོངས་དཔག་ཚད་ནི་ཉིས་བརྒྱ་ལྔ་བཅུ་དང་བར་བསྐལ་དེ་སྙེད་ཀྱི་ཚེ་ཐུབ་བོ། །རིན་ཆེན་སྤྲིན་ཚོགས་རྣམ་པར་སྟུག་པོའི་ནམ་མཁའ་ལ། སྤྲིན་མེད་པའི་ཉི་མའི་སྣང་བ་དང་འདྲ་བས་སྤྲིན་མེད་ལྷ་སྟེ་དེ་ཡི་ལུས་བོངས་དཔག་ཚད་ནི་བརྒྱ་དང་ཉེར་ལྔ་བར་གྱི་བསྐལ་པ་དེ་སྙེད་ཀྱི་ཚེའོ། །རིན་ཆེན་འོད་རྣམ་པར་འབྱིན་པ་ཞེས་བྱའི་ནམ་མཁའ་ལ། དགེ་བ་རྒྱ་ཆེར་རྒྱས་པའི་འབྲས་བུས་བསྐྱེད་པའི་ཕྱིར་དགེ་རྒྱས་ཏེ་དཔག་ཚད་དྲུག་ཅུ་རྩ་བཞིའི་ལུས་དང་ཚེ་ཡི་ཚད་ཀྱང་བར་བསྐལ་དེ་སྙེད་དོ། །རིན་ཆེན་ཨིནྡྲ་ནཱི་ལའི་ནམ་མཁའ་ལ། དགེ་རྩ་འབྲིང་དུ་སྤྱད་པ་ཚད་མེད་པའི་འབྲས་བུ་ལས་བྱུང་བས་ཚད་མེད་དགེའི་ལྷ་སྟེ་ལུས་བོངས་དཔག་ཚད་ནི་སུམ་ཅུ་རྩ་གཉིས་བར་བསྐལ་དེ་སྙེད་ཀྱི་ཚེའོ། །རིན་ཆེན་པེ་ཏང་ཀི་ལིང་གིས་སྤྲས་པའི་ནམ་མཁའ་ལ། གོང་མ་ལས་དགེ་རྩ་ཆུང་བས་དགེ་ཆུང་སྟེ་དཔག་ཚད་བཅུ་དྲུག་གི་ལུས་དང་བར་བསྐལ་དེ་སྙེད་ཀྱི་ཚེའོ། །རིན་ཆེན་ཤྲཱི་ཀུ་ཏྲའི་ནམ་མཁའ་ལ་ཁ་དོག་དང་འོད་ཟེར་ཤིན་ཏུ་གསལ་བས་འོད་གསལ་ཏེ་དཔག་ཚད་བརྒྱད་ཀྱི་ལུས་བོངས་དང་ཚེ་ཡང་དེ་དང་མཚུངས་པར་ལྡན་ཏེ་བར་བསྐལ་བརྒྱད་དོ། །རིན་ཆེན་ཀེ་ཀེ་རུས་རྣམ་པར་སྤྲས་པའི་ནམ་མཁའ་ལ། ལུས་ལ་འོད་ཚད་མེད་ཡོད་པས་ཚད་མེད་འོད་ཀྱི་ལྷ་སྟེ་དཔག་ཚད་བཞི་པའི་ལུས་དང་ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །རིན་ཆེན་དཔའ་བའི་འོད་ཀྱི་ནམ་མཁའ་ལ། གོང་མ་བས་འོད་འཕྲོ་བ་ཆུང་བས་འོད་ཆུང་སྟེ་དཔག་ཚད་གཉིས་ཙམ་གྱི་ལུས་དང་ཚེ་ཡང་བར་བསྐལ་དེ་མཚུངས་སོ། །རིན་ཆེན་ཀེ་རུ་ཛ་ཡི་ནམ་མཁའ་ལ། འདོད་པའི་སྐྱོན་དག་པས་ཚངས་ལ་འོག་མ་ལས་ལུས་ཆེ་བས་ཚངས་ཆེན་ཏེ་ལུས་བོངས་དཔག་ཚད་ཕྱེད་དང་གཉིས་པ། ཚེ་ཡང་བར་གྱི་བསྐལ་པ་དེ་སྙེད་དོ། །རིན་ཆེན་ས་མི་ཀ་ཡི་ནམ་མཁའ་ལ། ཚངས་པ་ཆེན་པོའི་མདུན་ན་འདོན་བྱེད་པས་ཚངས་པ་ཀུན་འཁོར་ཏེ་དཔག་ཚད་གཅིག་གི་ལུས་དང་ཚེ་ཡང་བར་བསྐལ་གཅིག་གོ །རིན་ཆེན་པི་ཏང་ཀ་ཡི་ནམ་མཁའ་ལ། སྡིག་པ་སྤངས་ཏེ་ཚད་མེད་བཞི་ལ་གནས་པས་ཚངས་རིས་ཏེ་དཔག་ཚད་ཕྱེེད་ཀྱི་ལུས་ཏེ་གཞུ་འདོམ་ཉིས་སྟོང་དང་བར་བསྐལ་ཕྱེད་ཀྱི་ཚེའོ། །དེ་ལྟར་གཟུགས་ཁམས་རྣམས་ཀྱི་ཚེ་ཚད་བར་བསྐལ་ཁོ་ནའི་དབང་དུ་མཛད་པ་འདི་གཞན་དང་ཅུང་མི་འདྲ་ཡང་། སྤྱིར་གནས་རིས་རྣམས་ཀྱི་ཚེ་ཚད་མི་འདྲ་བ་སྣ་ཚོགས་མདོ་ནས་གསུངས་པ་དང་། གནས་ཀྱི་ཚད་དབྱིབས་མི་འདྲ་བ་མདོ་རྒྱུད་སོ་སོར་གསུངས་པ་སྣ་ཚོགས་ཡོད་པས་གཞན་ལ་བརྟེན་ནས་འདི་མི་འཐད་པར་མི་བསམ་སྟེ། འགྲེལ་ཆུང་ལས། གང་གི་ཕྱིར་འདི་ནི་རྣམ་པར་བཞག་པ་གཞན་ཁོ་ན་སྟེ། དེའི་ཕྱིར་ཐེག་པ་གཞན་ལ་བརྟེན་ནས་ནི་ནམ་དུ་ཡང་སུན་འབྱིན་བརྗོད་པར་མི་བྱའོ། །ཞེས་གསུངས་པ་བཞིན་ནོ། །ཐོག་མར་གཟུགས་མེད་ནས་འོག་མིན་དུ་མཆེད་པ་སོགས་འདི་ལ་འཕགས་པ་འོག་སར་ལྷུང་བ་མི་སྲིད་པས་ཐེག་དམན་ལྟར་ན་མི་འདོད་ཀྱང་། ཐེག་ཆེན་གྱི་མདོ་ལས་བྱང་སེམས་རྣམས་གནས་གོང་འོག་ཀུན་ཏུ་སྐྱེ་བ་ལེན་པར་གསུངས་པ་བཞིན་ཤེས་པར་བྱའོ། །གཟུགས་ཁམས་ཀྱི་ལྷ་དེ་དག་རང་རང་གི་གཞལ་མེད་ཁང་དང་བཅས་རྫུས་ཏེ་སྐྱེས་པས་ཕ་དང་མ་མེད་པ་དང་དབང་པོ་ཀུན་རྫོགས་དང་པོ་ནས་གོས་དང་བཅས་སྐྱེ་བ་དང་། ཏིང་ངེ་འཛིན་གྱི་ཟས་ལ་སྤྱོད་པས་ཁམས་ཟས་ཀྱིས་མི་འཚོ་བ་སྟེ། རྣམ་པ་བཞི་ཡོན་ཏན་དེ་དག་གི་རང་བཞིན་ཉིད་དེ། གཞན་ཡང་འདོད་ཁམས་ལྟ་བུའི་སྡུག་བསྔལ་དང་། རྣམ་རྟོག་རགས་པ་མངོན་གྱུར་ཁྲོ་བ་སོགས་མེད་དེ་ཞི་གནས་ཀྱིས་བརླན་པའི་ཕྱིར་རོ། །དེ་དག་བྱམས་སོགས་ཚད་མེད་བཞི་སྔར་བསྒོམས་པའི་འབྲས་བུ་མངོན་དུ་བྱས་པ་སྟེ། འོན་ཀྱང་ཉོན་མོངས་དང་ལྡན་ཞིང་སྒྲིབ་པ་དང་བཅས་པས་འཆི་འཕོ་དང་གནས་པ་ལ་རང་དབང་མེད་ཕྱིར་གནས་ངན་ལེན་གྱི་སྡུག་བསྔལ་ཡོད་ལ། ཁམས་གོང་མའི་ཏིང་འཛིན་གྱི་ཚོར་བདེ་ལ་ཆགས་པ་དེ་དག་ལ་སྲིད་པའི་འདོད་ཆགས་ཞེས་བྱའོ། །གསུམ་པ་འདོད་ཁམས་ལ། མཐོ་རིས་དང་། ངན་སོང་གཉིས། དང་པོ་ལ། ལྷ་དང་མི་གཉིས་ལས། དང་པོ་ལ། དངོས་དང་། ཞར་བྱུང་ལྷ་མིན་གཉིས། དང་པོ་ལ་བསྟན་བཤད་གཉིས། དང་པོ། འདོད་པའི་ཁམས་ལ་ལྷ་ཡི་རིགས་དྲུག་ཡོད་པ་དེ་ཉིད་བཤད་པ་ནི་ཞེས་སོ། །གཉིས་པ་ལ། ནམ་མཁའ་ལ་གནས་པ་དང་། ས་ལ་གནས་པའོ། །དང་པོ་ལ་གནས་སོ་སོའི་བྱེ་བྲག་དང་། གནས་དེ་དག་གི་ཁྱད་པར་གྱི་ཆོས་འགའ་བཤད་པའོ། །དང་པོ་ལ། གནས་རིས་བཞི་ཡོད་པའི་གོང་མ་དེ་ནི་ཚངས་རིས་ནས་འོག་ཏུ་གཞལ་བ་ན་ཡོད་དེ། དཔག་བསམ་གྱི་ཤིང་རིན་ཆེན་རབ་ཏུ་བརྒྱན་པ་ཞེས་པའི་ནམ་མཁའ་ལ། གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་དབང་བྱེད་པས་སམ། སྤྲུལ་བའི་རྫས་རང་གིས་སྤྲུལ་ཡང་གཞན་དུ་སྣང་བའི་འབྱོར་པར་གྱུར་པས་གཞན་འཕྲུལ་དབང་བྱེད་པ་སྟེ་རྒྱང་གྲགས་ཕྱེད་དང་གཉིས་ཀྱི་ལུས་ཏེ་གཞུ་འདོམ་ཕྱེད་དང་བརྒྱད་བརྒྱའི་རང་བཞིན་ཏེ། ཚེ་ཚད་མིའི་ལོ་སྟོང་དྲུག་བརྒྱ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཁྲི་དང་དྲུག་སྟོང་ཐུབ་པ་ཡིན་ནོ། །དེ་བཞིན་དུ་དེའི་འོག་དཔག་བསམ་གྱི་ཤིང་མཐོང་མཛེས་ཞེས་བྱ་བས་བརྒྱན་པའི་ནམ་མཁའ་ལ། རང་གིས་སྤྲུལ་པ་ལ་དབང་བྱེད་པའི་ལོངས་སྤྱོད་ཡོད་པས་འཕྲུལ་དགའ་བ་སྟེ་རྒྱང་གྲགས་གཅིག་དང་བཞི་ཆའི་ལུས་ཏེ། དེ་གཞུ་འདོམ་དུ་བྱས་ན་ལྔ་བརྒྱ་དང་བརྒྱ་དང་ཉི་ཤུ་རྩ་ལྔའོ། །ཚེ་ཚད་མི་ལོ་བརྒྱད་བརྒྱ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་བརྒྱད་སྟོང་གི་བར་དུ་གནས་པ་ཡིན་ནོ། །དེའི་འོག་དཔག་བསམ་གྱི་ཤིང་མིག་མཛེས་ཞེས་པས་བརྒྱན་པའི་ནམ་མཁའ་ལ། དགའ་ལྡན་ཞེས་ཐེག་པ་ཆེན་པོའི་ཆོས་ཀྱི་མཆོག་དང་ལོངས་སྤྱོད་གཉིས་ཀའི་དགའ་བ་དང་ལྡན་པ་ཅན་ཏེ། བསྐལ་བཟང་སངས་རྒྱས་ཀྱི་རྒྱལ་ཚབ་རེ་རྟག་པར་བཞུགས་པའི་གནས། རྒྱང་གྲགས་གཅིག་གི་ལུས་ཡིན་པས་གཞུ་འདོམ་ལྔ་བརྒྱ་སྟེ། མི་ལོ་བཞི་བརྒྱ་ཉིན་ཞག་གཅིག་བརྩིས་པའི་རང་ལོ་བཞི་སྟོང་བར་རྙེད་ཐུབ་པའོ། །དེའི་འོགདཔག་བསམ་གྱི་ཤིང་ཡིད་འགྱུར་བ་ཞེས་པས་བརྒྱན་པའི་ནམ་མཁའ་ལ། ལྷ་མ་ཡིན་གྱི་འཐབ་རྩོད་དང་བྲལ་བས་འཐབ་བྲལ་ལམ་ལྷ་ཁྱེའུ་ཕོ་མོ་གཉིས་པང་ན་དུས་གཅིག་ལ་སྐྱེ་བས་མཚེ་མ་ཞེས་བྱ་སྟེ་ལུས་བོངས་རྒྱང་གྲགས་གཅིག་ལ་ཆ་བཞིར་བྱས་པའི་ཆ་གསུམ་སྟེ་གཞུ་འདོམ་སུམ་བརྒྱ་དང་བདུན་ཅུ་རྩ་ལྔའོ། །མི་ལོ་ཉིས་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པ་ཡི་རང་ལོ་ཉིས་སྟོང་གི་བར་སྙེད་དུ་གནས་པའོ། །གཉིས་པ། དེ་ལྟར་འདོད་ལྷའི་ལོངས་སྤྱོད་ནི་ཕུན་སུམ་ཚོགས་ཏེ། བདུད་རྩིའི་ཁ་ཟས་དང་བཏུང་བ་ལྷའི་གོས་དཔག་བསམ་གྱི་ཤིང་ལས་གང་འདོད་འབྱུང་བ་ལ་སོགས་པ་ཤིན་ཏུ་རྒྱ་ཆེ་བ་ཡོད་པའོ། །གཙོ་བོར་ནི་ཁམས་ཀྱི་ཟས་དང་འཁྲིག་པའི་བདེ་བ་ཡིན་པས། ཕོ་མོ་འདོད་པ་སྤྱོད་པ་ལའང་གཞན་འཕྲུལ་ནས་རིམ་པ་བཞིན། གཞན་འཕྲུལ་ལ་ཕན་ཚུན་བལྟས་པ་ཙམ་གྱིས་ཚིམ་པ་དང་དེ་བཞིན་དུ་འཕྲུལ་དགར་དགོད་པས་དང་དགའ་ལྡན་ན་ཕན་ཚུན་ལག་བཅང་གིས་རེག་པས་དང་མཚེ་མ་ན་གཉིས་གཉིས་ཕན་ཚུན་འཁྱུད་པས་ཚིམ་པ་སྟེ། དེ་དག་རིམ་བཞིན་གཞན་འཕྲུལ་ན་གཅིག་དང་འཕྲུལ་དགར་གཉིས་དང་དགའ་ལྡན་ན་གསུམ་དང་མཚེ་མར་བཞིར་ལྡན་པ་ཉིད་དེ་སུམ་ཅུ་རྩ་གསུམ་མན་ཆད་ན་བཞི་ག་ཡོད་པའོ། །ལྷའི་བུ་བུ་མོ་དེ་དག་བཙའ་བའང་པང་ནས་གོས་མེད་པར་གཅེར་བུར་རྫུས་ཏེ་སྐྱེ་བ་སྟེ། གཞན་འཕྲུལ་དབང་བྱེད་ལ་བྱིས་པ་ལོ་བཅུ་ལོན་པའི་ན་ཚོད་ནས་བཟུང་ལོ་ལྔའི་བར་རིམ་བཞིན་ཏེ། འཕྲུལ་དགའ་བ་ལོ་དགུ་པ། དགའ་ལྡན་པ་བརྒྱད་པ། འཐབ་བྲལ་བ་བདུན་པ། སུམ་ཅུ་རྩ་གསུམ་པ་དྲུག་པ། རྒྱལ་ཆེན་བཞི་ལོ་ལྔ་པའི་ཚད་དེ་དེ་ཡང་འཛམ་གླིང་ཚེ་ལོ་བརྒྱ་པའི་དུས་ཀྱི་བྱིས་པ་རྣམས་ཀྱི་ན་ཚོད་དང་མཚུངས་པ་ཉིད་དོ། །གཉིས་པ་ས་ལ་བརྟེན་པ་ལ། རྩ་གསུམ་པ་དང་། རྒྱལ་ཆེན་རིས་བཞི་གཉིས། དང་པོ། དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་གྱིས་བརྒྱན་པའི་ས་གཞི་ལ། ཕྲེང་འབར་ལ་སོགས་པ་གནས་སུམ་ཅུ་རྩ་གསུམ་གྱི་དབང་པོར་གྱུར་པས་སུམ་ཅུ་རྩ་གསུམ་པ་སྟེ་རྒྱང་གྲགས་བཞི་ཆ་གཉིས་ཏེ་གཞུ་འདོམ་ཉིས་བརྒྱ་ལྔ་བཅུའི་རང་བཞིན་ཅན་གྱི་ལུས་དང་ལྡན་ཞིང་། ཚེ་ཚད་མི་ཡི་ལོ་བརྒྱ་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་སྟོང་ཕྲག་གཅིག་གོ །གཉིས་པ་ནི། རི་རབ་རིན་ཆེན་སྣ་བཞི་ལས་གྲུབ་པའི་བང་རིམ་ལ་རྩ་གསུམ་ལས་མཆེད་པའི་ལྷ། སྡེ་རིས་བཞིའི་ཁོངས་སུ་གཏོགས་པའི་ཆ་ནས་རྒྱལ་ཆེན་རིས་བཞིའི་ལྷ་རྒྱང་གྲགས་བཞི་ཆའི་ལུས་ཏེ་གཞུ་འདོམ་བརྒྱ་དང་ཉི་ཤུ་རྩ་ལྔའོ། །ཚེ་ཚད་མི་ལོ་ལྔ་བཅུ་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱའི་བར་དུ་གནས་པའོ། །གཉིས་པ་ལྷ་མིན་ནི། དེའི་འོག་རི་རབ་ཁོང་གསེང་ལ་གནས་པའི་ལྷ་མིན་ནི་སྔར་ལྷའི་རིགས་མ་རུངས་པ་འགའ་ལས་ཆད་པ་སྟེ་དེ་རྣམས་ལའང་རིགས་ནི་རྣམ་པ་ལྔ་ཡོད་དེ། ཚེ་དཔལ་ལྷ་ཡི་རིགས་ནི་དཔལ་དང་སྐལ་བ་བཟང་ལ་ངང་ཚུལ་དགེ་བས་ཆོས་ལ་དགའ་བ་དང་། སྟོབས་ཆེན་གནོད་སྦྱིན་གྱི་རིགས་འབྱོར་པ་དང་མཐུ་དཔལ་རྫུ་འཕྲུལ་ཆེ་བ་དང་། རྩུབ་འགྱུར་བདུད་ཀྱི་རིགས་ནག་ཕྱོགས་ལ་དགའ་བ་དང་། གསོད་བྱེད་སྲིན་པོའི་རིགས་སེམས་ཅན་ལ་འཚེ་ཞིང་མཁའ་ལ་རྒྱུ་བ་ཡི་དྭགས་དང་ཕྱོགས་མཐུན་པ་དང་། གདུག་པ་ཀླུ་ཡི་རིགས་ཕྱེད་ལུས་ལོངས་སྤྱོད་དང་བདེ་སྡུག་འདྲེས་མར་སྤྱོད་ཅིང་བླུན་པར་གནས་པ་སྟེ་འགྲོ་བའང་དེ་སྟེ་རང་རང་སོ་སོའི་ཁོངས་སུ་བསྡུའོ། །ཁ་ཅིག་གིས་ལྷ་དང་དུད་འགྲོ་གཉིས་སུ་བསྡུ་བར་བཤད། ལུས་དང་ཚེ་ཡང་མ་ངེས་ཏེ་སྣ་ཚོགས་པའོ། །གཉིས་པ་མི་ལ། གླིང་བཞི་སྤྱིར་ཆགས་ཚུལ་དང་། བྱེ་བྲག་འཛམ་གླིང་ཆགས་ཚུལ་གཉིས། དང་པོ། སྔོན་གྱི་བསྐལ་པ་དང་པོའི་མི་རྣམས་འོད་གསལ་གྱི་ལྷའི་རིས་ལས་མཆེད་དེ། དེ་ཡང་རྒྱུད་འགའ་ཞིག་ལས་དགའ་ལྡན་ནས་ལྷའི་བུ་གཉིས་པདྨ་ལས་བརྫུས་ཏེ་སྐྱེས་པ། ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་དང་ཟླ་བ་དྲི་མ་མེད་པ་ཞེས་བྱ། དེ་གཉིས་འཛམ་གླིང་དུ་འོངས་པ་ལས་མཆེད་པར་བཤད་དེ། འདི་གཉིས་མི་འགལ་ཏེ། དེའི་ཚེ་ཡུལ་འདིའི་མིང་ལ་དགའ་ལྡན་བརྩེགས་པ་ཞེས་གྲགས། དེ་ཡང་མི་མེད་པས་ལྷ་དང་མི་ཞེས་སོ་སོར་ཕྱེ་བ་མེད་དོ། །གང་ལྟར་ཡང་འཛམ་བུའི་གླིང་དུ་མི་ཆགས་ནས་རིང་ཞིག་གནས་པ་ལས་གཉིས་སོགས་མང་དུ་མཆེད་ཅིང་འོད་དང་ཟ་ཐང་ངམ་བསོད་ནམས་བགས་ཀྱིས་བྲི་བ་ན། ཤར་ལུས་འཕགས་སུ་གོང་མའི་ལྷ་ལས་གཅིག་འོང་བའི་འོག་ཏུ་མི་ཕལ་རྫུས་སྐྱེས་ཀྱི་ཚུལ་གྱིས་མཆེད། དེ་ནས་སྒྲ་མི་སྙན་པ་སུམ་ཅུ་རྩ་གསུམ་པའི་ལྷ་ལས་མཆེད་ཅིང་། དེ་ལས་བ་གླང་སྤྱོད་པའང་ལྷ་ལས་ཉེ་བར་མཆེད་ནས་མང་དུ་འཕེལ་ཏེ་སོ་སོའི་གླིང་ཕྲན་གྱི་མི་ཡང་མཆེད་དོ། །གླིང་དེ་དག་གི་མའི་ལུས་བོངས་ཀྱང་། འཛམ་གླིང་གི་ལུས་ཚད་ཚེ་ལོ་དཔག་མེད་ཐུབ་པ་ནས་བཟུང་བརྒྱད་ཁྲི་ཡན་ཆད་དུ་རང་ཁྲུ་སུམ་ཅུ་རྩ་གཉིས་ཡིན་ལ། །ཕྱིས་ནས་རིམ་གྱིས་བྲི་བས་ཚེ་ལོ་བརྒྱ་པའི་དུས་སུ་ཁྲུ་བཞི་དང་ད་ལྟ་ལྔ་བཅུ་རྩ་བཞི་པའི་དུས་ན་ཕྱེད་དང་བཞི་པ་ཉིད། དེ་མཐར་ཚེ་ལོ་བཅུ་པའི་བར་ཇེ་ཐུང་དུ་བྲིའོ། །ཤར་ལུས་འཕགས་ཀྱི་མི་རྣམས་རང་ཁྲུ་བརྒྱད་པ་སྟེ། ཚེ་ལོ་ཉིས་བརྒྱ་དང་ལྔ་བཅུ་ཐུབ་པའོ། །ནུབ་བ་གླང་སྤྱོད་ཀྱི་མི་རྣམས་ལུས་རང་ཁྲུ་བཅུ་དྲུག་པ་ཚེ་ལོ་ལྔ་བརྒྱ་དང་། བྱང་སྒྲ་མི་སྙན་པ་ཚེ་ཚད་ལོ་སྟོང་སྟེ། ལུས་རང་ཁྲུ་སུམ་ཅུ་རྩ་གཉིས་ངེས་པ་ཡིན་ཏེ་ཕྱི་མ་འདི་ལ་དུས་མ་ཡིན་པར་འཆི་བའང་་མི་འབྱུང་ངོ་། །འདིར་རང་ཁྲུ་ཞེས་པ་གཟུགས་མཐའ་བཤད་པའི་སྐབས་ནས་བྱུང་བའི་ཁྲུ་ཚད་རང་དེ་ཡིན་གྱི། སོ་སོའི་ལུས་ཀྱི་ཁྲུ་མིན་ནོ། །གཉིས་པ་ལ། དང་པོ་རྫུས་ཏེ་སྐྱེས་ནས་ཆགས་ཚུལ་དང་། མཐར་སྐྱེ་གནས་ལྷག་མ་རིམ་གྱིས་བྱུང་ཚུལ་གཉིས། དང་པོ་ལ་དངོས་དང་། ཞར་ལ་གླིང་གི་ཁྱད་ཆོས་དང་མཐུན་པའི་སྒྲ་དོན་བཤད་པ་གཉིས། དང་པོ། ཁྱད་པར་འཛམ་བུ་གླིང་གི་སེམས་ཅན་ཆགས་ཚུལ་ནི། འོད་གསལ་གྱི་ལྷ་ལས་བསོད་ནམས་ཆུང་ངུ་ཞིག་གླིང་འདིར་འོངས་པའི་རྗེས་སུ་ཡང་གཅིག་དེ་བཞིན་དུ་བྱུང་བས། དེ་ལ་དགའ་ནས་ཟླ་ཞེས་མངོན་པར་བརྗོད་པའམ་བོས་ཏེ་དེ་ནས་སྔར་ལྟར་མང་ཞིག་མཆེད་དོ། །དེ་ཀུན་ཀྱང་རྫུ་འཕྲུལ་གྱིས་མཁའ་ལ་འགྲོ་ཞིང་གཟུགས་མཛེས་དབང་པོ་ཀུན་ཚང་ཁ་དོག་གསལ་ལ་འོད་དང་བཅས་པ་ཏིང་འཛིན་གྱི་དགའ་བདེའི་ཟས་ལ་སྤྱོད་པ། ཚེ་ལོ་དཔག་མེད་ཐུབ་ཅིང་ཉོན་མོངས་མངོན་གྱུར་མེད་ལ་བདེ་སྐྱིད་ལྷ་དང་འགྲན་པ་སྟེ། དེ་ཡི་ཚེ་བསྐལ་པ་དང་པོ་ཞེས་བྱའོ། །དེའི་ཚེ་གྲོང་སོགས་སོ་སོ་བ་མེད་པས་ས་གཞི་ཁོད་མཉམ་ཞིང་མཛེས་པ་སྟེ། ཉི་ཟླ་གཟའ་སྐར་དང་དུས་ཚིགས་ཀྱི་དབྱེ་བ་མེད་ཅིང་སྐྱེས་པ་དང་བུད་མེད་ཀྱི་རིགས་སོ་སོ་བ་མེད་པས་ཀུན་ཀྱང་རྫུས་ཏེ་སྐྱེས་པ་འབའ་ཞིག་ལ་དེ་དག་སྤྱི་མིང་དུ་སེམས་ཅན་ཞེས་བྱ་བར་གྲགས་སོ། །དེ་ནས་ཡུན་རིང་མོ་ཞིག་ན་མཁའ་དབྱིངས་ཏེ་ནམ་མཁའ་ལས། མི་ཉིད་སྣང་ངོ་ཞེས་པའི་སྒྲ་ཆེན་པོ་བདུན་གྲགས་པས་དེ་ཚུན་ཆད་ནས་བདག་ཅག་ནི་མིའོ་ཞེས་གྲགས་སོ། །དེ་ནས་བཟུང་ཚེ་དང་ལུས་ཀྱི་འོད་ཀྱང་བྲི་བསོད་ནམས་ཀྱང་ཆུང་། ཉོན་མོངས་མངོན་གྱུར་པ་མེད་ཀྱང་ལངས་སུ་ཉེ་སྟེ། འདི་དུས་གླིང་གཞན་གྱི་མི་རྣམས་ཀྱང་མཆེད་པ་ཡིན་ནོ། །གཉིས་པ། འཛམ་བུ་གླིང་ཞེས་མིང་རབ་ཏུ་གྲགས་པ་ཡང་། ཡུལ་དབུས་རྡོ་རྗེ་གདན་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་གངས་རིའི་རྒྱལ་པོ་ཏི་སེ་ཡོད་ལ་དེའི་བྱང་ན་རི་སྤོས་ངད་ལྡན། དེ་གཉིས་ཀྱི་བར་ན་ཀླུའི་རྒྱལ་པོ་མ་དྲོས་པ་གནས་པའི་མཚོ་ཆེན་པོ་ནི། དབྱིབས་གྲུ་བཞི་ཆུ་ཞེང་དཔག་ཚད་ལྔ་བཅུ་པ་ཡན་ལག་བརྒྱད་ལྡན་གྱི་ཆུ་ཡིས་གང་བའོ། །འདིའི་ཡན་ལག་བརྒྱད་ནི་མིའི་ཆུ་ཡིན་པས་ལྷའི་དེ་དང་མི་འདྲ་སྟེ། འདུལ་བ་ལུང་ལས། གཙང་ལ་འཇམ་དང་དག་པ་དང་། །དྭངས་དང་བསིལ་དང་རྙོག་པ་མེད། །འཐུངས་ན་ལྟོ་ལ་མི་གནོད་དང་། །མགྲིན་པ་ལ་ཡང་བྱམས་པ་སྟེ། །འདི་དག་ཡན་ལག་བརྒྱད་ལྡན་ཆུ། །ཞེས་སོ། །མཚོ་དེའི་ཕྱོགས་བཞིའི་ཁ་འབབ་ཀྱི་ཆུ་ནི་བྲག་གཟུགས་ཐ་དད་པ་བཞི་ཡོད་པའི་ཁ་ལས་འབབ་པའི་ཆུ། ཤར་ཕྱོགས་གླང་པོ་ཆེའི་ཁ་ནས་གངྒཱ། ལྷོོ་ཁྱུ་མཆོག་གི་ཁ་ནས་སིནྡྷུ། ནུབ་རྟ་མཆོག་གི་ཁ་ནས་པཀྵུ། བྱང་སེང་གེའི་ཁ་ནས་སི་ཏའམ། གཞུང་ཁ་ཅིག་ལས། ཤར་རྟ་མཆོག་གི་ཁ་ནས་ལོ་ཧི་ཏ་དངུལ་གྱི་བྱེ་མ་འདྲེན་པ། ལྷོོ་གླང་པོའི་ཁ་ནས་གངྒཱ་གསེར་གྱི་བྱེ་མ་འདྲེན་པ། ནུབ་རྨ་བྱའི་ཁ་ནས་སིནྡྷུ་རིན་ཆེན་སྣ་ཚོགས་ཀྱི་བྱེ་མ་འདྲེན་པ། བྱང་སེང་གེའི་ཁ་ནས་པཀྵུ་རྡོ་རྗེའི་བྱེ་མ་འདྲེན་པར་བཤད་དེ་གང་ལྟར་ཡང་མི་འགལ་ལ། དེ་རྣམས་ཀྱིས་མ་དྲོས་མཚོ་ལ་ལན་བདུན་གཡས་སུ་བསྐོར་བ་ཞེས་ཕྱིའི་རྒྱ་མཚོ་ལ་མ་བསླེབས་པར་འཁྱོགས་བདུན་ལ་སྙན་ངག་ཏུ་བརྗོད་ནས། ལུང་ཆེན་ཐ་དད་ནས་བྱུང་བའི་ཆུ་བྲན་ལྔ་བརྒྱའི་འཁོར་ཏེ་དེར་བབས་ནས་འདྲེས་ཀྱང་ཆེར་སོང་བ་མི་མངོན་པ་དེ་དག་དང་ལྷན་ཅིག་ཏུ་རང་རང་གི་ཕྱོགས་ཀྱི་ཕྱོགས་བཞིའི་མཐའི་རྒྱ་མཚོར་ངང་གིས་འབབ་པ་ཡིན་ནོ། །མཚོ་མ་ཕམ་པ་དེའི་གཡས་འགྲམ་དུ་ཤིང་ཛམྦུ་བྲིཀྵའི་སྡོང་པོ་ལས། ཤིང་ཏོག་མཚོར་ལྷུང་བ་ཆུའི་རྐྱེན་ལས་གསེར་དུ་གྱུར་པ་ནི། གསེར་གཞན་ཕལ་པ་ལན་གྲངས་བཅུ་དྲུག་བཞུས་པའི་གསེར་ཞུན་དང་མཚུངས་སོ། །དེ་ལྟ་བུའི་འཛམ་བུའི་ཤིང་གིས་གླིང་འདི་བརྒྱན་པའི་ཕྱིར་མིང་དེ་སྐད་དུ་གྲགས་སོ། །གཉིས་པ་སྐྱེ་གནས་ལྷག་མ་རིམ་གྱིས་བྱུང་ཚུལ་ནི། དེ་ནས་མི་རྣམས་དགའ་བདེས་གཡེངས་པར་གྱུར་པས་བསོད་ནམས་གསར་དུ་མི་སོགས་པས་བགས་ཀྱིས་ཟད་ནས། ཚེ་ལོ་བྱེ་བ་དག་ཐུབ་པ་ན་མི་རྣམས་སྒོང་སྐྱེས་ཏེ། ཀུན་ཀྱང་འབྱུང་བཞིའི་རྡུལ་ཕྲན་དྭངས་པ་འོད་ལྔའི་སྒོ་ང་ལས་སྐྱེས་ཤིང་། ལུས་ཀྱི་འོད་ནི་འདོམ་བདུན་ཡོད་ལ། གང་བསམ་སར་ལས་ཀྱི་རླུང་གིས་མཁའ་ལ་འགྲོ་བ། ཟས་སུ་འབྱུང་བའི་དྭངས་མ་ཟ་ཞིང་རང་བཞིན་གྱིས་དགེ་བཅུ་ལ་གནས་པའོ། །དེ་ནས་ཡང་སྔོན་ལས་ཀྱིས་ཚེ་ལོ་བགས་ཀྱིས་བྲི་ནས་ས་ཡ་དྲུག་འབུམ་ཐུབ་པ་ན། ལུས་ཀྱི་འོད་ཀྱང་བྲི་ནས་མདའ་གང་ཙམ་དང་། འདིའི་དུས་སུ་དྲོད་དང་རླན་གཤེར་ཙམ་ལས་སྐྱེ་བ་སྟེ། འདོད་འཇོའི་བ་ལས་ནམ་འདོད་པ་ན་བདུད་རྩི་ལྟ་བུའོ་ཞོ་འབྱུང་བས་ལུས་གསོ་བའི་རྐྱེན་བྱེད་པ་དང་འགྲོ་འདོད་པ་ན་མཉམ་དུ་ཅང་ཤེས་ཀྱི་རྟ་མཆོག་རེ་ཡང་མི་དེ་སྐྱེས་པ་དང་མཉམ་དུ་བྱུང་ངོ་། །དེ་ནས་ཀྱང་མི་རྣམས་འདོད་པས་གཡེངས་པར་གྱུར་ནས་ཚེ་དཔལ་འབྱོར་བའང་རིམ་གྱིས་བྲི་བར་གྱུར་ཏེ་ཚེ་ལོ་དགུ་ཁྲི་བར་གྱུར་པ་ན། སླར་ཡང་མི་རེ་སྐྱེ་བ་ན་དཔག་བསམ་གྱི་ཤིང་རེ་ཡང་མཉམ་དུ་སྐྱེ་ཞིང་དེ་ལས་འདོད་པ་འབྱུང་སྟེ། ཤིང་དེའི་འབྲས་བུ་དྲི་རོ་ཕུན་སུམ་ཚོགས་པ་དག་ཟ་ཞིང་ལོ་མ་གོས་སུ་གྱོན། དེའི་ཚེ་ཕོ་མོའི་མཚན་མ་ནི་མ་དོད་ལ། ཕན་ཚུན་མཐོང་བ་དང་རེག་ན་བདེ་བ་འབྱུང་སྟེ་གཏི་མུག་བག་ཉལ་ལངས་པ་ལས་འདོད་ཆགས་བག་ལ་ཉལ་དངོས་སུ་ལངས་སུ་ཉེ་བའི་དུས་སོ། །དེ་ནས་རིང་ཞིག་ན་ཕོ་མོའི་དབང་པོའི་སྲོལ་དོད་དེ་འབུར་འབུར་པོ་དང་ཤོང་བུ་ཙམ་ཞིག་ལས་དངོས་སུ་ནི་མེད་ཅིང་། དེ་དག་ཕན་ཚུན་བལྟས་པས་རེག་པའི་འདོད་ཆགས་བྱུང་། འདིའི་དུས་སུ་ང་རྒྱལ་དང་ཕྲག་དོག་བག་ལ་ཉལ་ལངས་ཤིང་། ཞེ་སྡང་བག་ཉལ་ལངས་པས་ཤིང་དེ་བཅད་པ་ལས་འདོད་འབྱུང་གི་ལྗོན་ཤིང་དེ་ཡང་ནུབ་པར་གྱུར་ཏོ། །དེ་ནས་ཚེ་དང་བསོད་ནམས་ཀྱང་བགས་ཀྱིས་བྲི་བ་ཡིས་ལོངས་སྤྱོད་སྔ་མ་ནུབ་ནས། སྔོན་བསྐལ་པ་ཆགས་རྗེའི་ཆུའི་རྒྱུན་བབ་པས་མཚོ་གླིང་ཐམས་ཅད་གང་བའི་སྟེང་དུ་འོ་སྤྲིས་བཞིན་ཆགས་པས་ས་བཅུད་ཅེས་སྦྲང་རྩིའི་རོ་དང་འདྲ་ཞིང་མར་གསར་གྱི་ཁ་དོག་ལྟ་བུའི་ས་ཡི་བཅུད་ཟ་ཞིང་། ཕོ་མོ་ཕན་ཚུན་དགོད་པས་ཚིམ་པའི་འདོད་ཆགས་བྱུང་། ཁ་ཟས་རགས་པའི་རྒྱུ་དེས་ལུས་ཀྱི་འོད་ཉམས་གཏི་མུག་གི་དབང་གིས་མུན་པ་བྱུང་། དེའི་ཚེ་སྤྱི་མཐུན་གྱི་ལས་ཀྱིས། ཉི་ཟླ་དང་གཟའ་སྐར་ཡང་བྱུང་། དེ་ལ་བརྟེན་ནས་ཉིན་མཚན་ལ་སོགས་པ་དུས་ཚིགས་ཀྱི་དབྱེ་བའང་ཡོད་པར་གྱུར་ཏོ། །དེ་ནས་ང་རྒྱལ་དང་ཕྲག་དོག་མངོན་གྱུར་སྐྱེས་པས་སྔར་གྱི་ས་བཅུད་ཀྱང་ནུབ་ནས་རིམ་པ་བཞིན་དུ་ས་ཡི་ཞག་ཁ་དོག་དོང་ཀའི་མེ་ཏོག་ལྟར་དམར་བ་རོ་སྦྲང་རྩི་མ་བསྐོལ་བ་ལྟ་བུ་བྱུང་བ་ལ་ལོངས་སྤྱོད་པ་དང་ནི། དེ་ཡང་ནུབ་ནས་མྱུ་གུའི་ཚལ་མདོག་སེར་ནང་བརྔས་ན་ནང་སྐྱེ་བ་དང་། དེ་ཡང་ནུབ་ནས་ཡང་མ་རྨོས་ཤིང་མ་བཏབ་པར་རང་སྐྱེས་པ་ཕུབ་མ་མེད་པའི་འབྲས་ས་ལུ་གཙང་མ་ནང་བརྔས་ན་ནུབ་སྐྱེ་བ་བྱུང་ཞིང་། རགས་པའི་ཟས་དེས་བཤང་གཅིའི་ལམ་དང་ནི་ཕོ་མོའི་དབང་པོའང་ལེགས་པར་དོད་པར་གྱུར་པས་དེ་སྦས་ཕྱིར་རས་བལ་ཐགས་སུ་བྱས་པའི་སྨད་གཡོགས་བྱུང་། དེའི་ཚེ་ཕན་ཚུན་ཆགས་པས་འཁྱུད་ཅིང་དབང་པོ་གཉིས་སྦྱོར་བའི་འདོད་ཆགས་བྱུང་སྟེ་སྦྲུམ་པར་ཡང་གྱུར་ཏེ་མངལ་སྐྱེས་བྱུང་། འཁྲིག་པ་ལ་ངོ་ཚའི་དབང་གིས་དེ་སྦད་ཕྱིར་འཇག་མའི་ཁྱིམ་ཡང་བྱུང་བ་སྟེ། དེ་དག་ཡན་ཆད་དགེ་བ་བཅུ་ལ་ངང་གིས་རྫོགས་པར་སྤྱད་པས་བསྐལ་པ་རྫོགས་ལྡན་ནོ། །དེ་ནས་རིང་ཞིག་ལོན་པ་ན་ལེ་ལོས་བསོག་འཇོག་བྱས་པ་ཡིས་འབྲས་ལ་ཕུབ་ཤུན་ཡོད་ཅིང་བརྔས་པའང་མངོན་པར་གྱུར་ཏེ། དེའི་ཚེ་འབྲས་ཞིང་རྣམས་སོ་སོར་བགོས་པས་ཕན་ཚུན་བརྐུ་བ་བྱུང་ཞིང་། དེ་ཡི་ཚེ་མི་རང་བཞིན་བཟང་པོའི་སྐྱེས་བུ་ཞིག་མི་ཀུན་གྱིས་བཀུར་བས་རྒྱལ་པོ་ཞེས་བྱ་སྟེ། མང་པོས་བཀུར་བའི་རྒྱལ་པོ་ཞེས་ཐོག་མར་བྱུང་ངོ། །མི་ཕལ་བ་དེ་དག་གི་ནང་ནས་འགའ་ཞིག་ཁྱིམ་ནས་ཕྱི་རོལ་དུ་ཕྱོགས་པ་ལ་བྲམ་ཟེ་ཞེས་གྲགས་གཙང་སྦྲ་ལ་སྤྱོད་པ་བྱུང་ཞིང་། འགའ་ཞིག་ནི་ཁྱིམ་ལ་གནས་ཤིང་འབྱོར་པ་དང་ལྡན་པར་བྱས་ཏེ་ཕ་མ་བཀུར་བར་བྱེད་དེ། དེ་དག་གི་མིང་ཡང་རྗེའུ་རིགས་ཞེས་སུ་གྲགས། འགའ་ཞིག་ཆོས་མིན་ཏེ་མི་དགེ་བ་ལ་སྤྱོད་པས་དམངས་སམ་གདོལ་པའི་རིགས་ཞེས་མི་རིགས་རྣམ་པ་བཞིར་གྲགས་པའང་དེ་ནས་བྱུང་ངོ་། །གཉིས་པ་ངན་སོང་ལ། དམྱལ་བའི་ཆགས་ཚུལ་དང་། ཡི་དྭགས་དང་དུད་འགྲོའི་ཆགས་ཚུལ་གཉིས། དང་པོ། ངན་སོང་དག་ལས་དམྱལ་བའི་སེམས་ཅན་རྣམས་ནི། སྐྱེས་བུ་གང་ཞིག་དམྱལ་བའི་བདག་པོར་འགྱུར་བའི་ལས་བསགས་པས། ཐོག་མར་གཤིན་རྗེའི་རྒྱལ་པོར་གྱུར་པའི་རྗེས་སུ་དེ་ཡི་འཁོར་དུ་གྱུར་པའི་དམྱལ་བའི་སྲུང་མ་རྣམས་རྫུས་ཏེ་སྐྱེས་པ་དང་ཁྱི་དང་བྱ་དང་མེ་དང་མཚོན་ཆ་ལ་སོགས་པ་རྣམས་ཀྱང་རང་རང་གི་ལས་ཀྱི་དབང་གིས་བྱུང་ལ། དེ་བཞིན་ཚ་གྲང་གི་དམྱལ་བ་རྣམས་ཀྱང་བྱུང་བར་གྱུར་ཏེ། མི་ཤེས་པ་དག་དེ་ཐམས་ཅད་མེད་ཟེར། དོན་དམ་པར་མེད་ཟེར་ན་ད་ལྟའི་སྣང་བའང་མེད་པར་མཚུངས་ལ། ཐ་སྙད་དུ་མེད་ཟེར་ན། དེ་དག་ཀྱང་རྒྱུ་རྐྱེན་གྱིས་ཇི་ལྟར་གསུངས་པ་བཞིན་རྨི་ལམ་གྱི་སྣང་བ་ལྟར་ཡོད་དོ། །དེ་ཡང་བྱེད་པོ་རང་གིས་ལས་ལས་གཞན་དུ་མེད་པ་ཡིན་ཀྱང་། མེད་པར་གྱུར་པ་ནི་མིན་ནོ། །གཉིས་པ། དེ་བཞིན་དུ་ཡི་དྭགས་དང་དུད་འགྲོའི་འགྲོ་བ་ཇི་ལྟར་ཆགས་པའི་ཚུལ་ཡང་། རང་རང་གི་ལས་ཀྱིས་ཏེ་སྔོན་འདོད་ཆགས་ཀྱི་སྒོ་ནས་ལས་བསགས་པ་རྣམས་ཡི་དྭགས་ཕྱི་དང་ནང་དང་སྤྱི་མཐུན་དང་སྒོས་ཁུར་སྒྲིབ་པ་ཅན་རྣམས་དང་། གཏི་མུག་གིས་ལས་བསགས་པ་རྣམས་དུད་འགྲོ་སྟེ་གནས་རིས་དེ་དང་དེར་སྣང་སྟེ། ཡུལ་དོན་ལུས་ཀྱི་སྣང་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་སྣ་ཚོགས་པར་སྣང་བ་ཡིན་ནོ། །གསུམ་པ་སྣོད་བཅུད་ཆགས་པའི་བསྐལ་པའི་མཇུག་བསྡུ་བ། དེ་ལྟར་དང་པོའི་ནམ་མཁའ་རྣམ་དག་ནས་བརྩམས་དམྱལ་བ་མནར་མེད་པའི་གནས་སུ་སེམས་ཅན་གཅིག་སྐྱེས་པ་དེ་སྲིད་ཀྱི་བར་སྙེད་དུ་ཆགས་པའི་བསྐལ་པ་སྟེ། སྣོད་ཆགས་པ་ལ་བར་གྱི་བསྐལ་པ་གཅིག་དང་ནི། བཅུད་ཆགས་པ་ལ་བཅུ་དགུ་སྟེ་བསྡོམས་པས་བར་སྐལ་ཉི་ཤུ་ཉིད་ནི་འཇིག་རྟེན་ཆགས་པའི་བསྐལ་པ་ཡིན་པར་ལགས་པར་གསུངས་སོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བཅུད་ཀྱི་སེམས་ཅན་ཆགས་པའི་རང་བཞིན་བསྟན་པའི་ལེའུ་སྟེ་བཞི་པའི་འགྲེལ་པའོ།། །། ༈ གཉིས་པ་གནས་པ་ལ། གང་གནས་པའི་འཇིག་རྟེན་བཤད་པ། དེ་དག་གི་རྩོམ་གཞི་ཕྲ་བ་ངོས་བཟུང་བ་གཉིས་ལས། དང་པོ་ལ་བསྟན་བཤད་གཉིས། །དང་པོ། དེ་ནས་གནས་པའི་བར་བསྐལ་ཉི་ཤུ་བསྟན་པ་ནི། ཐོག་མ་དང་བར་དང་ཐ་མ་གསུམ་ཉིད་དེ། དང་པོ་མི་རྣམས་ཚེ་ལོ་དཔག་ཏུ་མེད་པ་ནས་བཟུང་ནས་མཐར་ཚེ་ལོ་བཅུ་པའི་བར་དུ་འབྲི་བའི་ཚུལ་ཡང་དཔག་མེད་ནས་བརྒྱད་ཁྲིའི་བར་དུ་ལོ་ཉིས་བརྒྱ་ཉིས་བརྒྱས་ལོ་རེ་འབྲི་ལ། བརྒྱད་ཁྲི་ནས་བཅུ་པའི་བར་བརྒྱ་རེའི་མཚམས་ནས་ལོ་རེ་རེ་འགྲིབ་རྐྱང་པ་ནི་ཡ་ཐོག་རིང་མོ་འགྲིབ་པའི་བསྐལ་པའོ། །དེ་ནས་ཡར་བརྒྱད་ཁྲིའི་བར་དུ་འཕེལ་བ་དང་བཅུ་པའི་བར་མར་འགྲིབ་པ་གཉིས་ཟུང་གཅིག་གིས་ཏེ་དེ་གཉིས་གཅིག་ཏུ་བསྡོམས་པའི་ཚན་པ་བཅོ་བརྒྱད་ནི་འཕེལ་འགྲིབ་ཀྱི་བར་ཁུག་ཅེས་བྱ་སྟེ། དེ་ཡང་ཁུག་པའི་སྐབས་སུ་ལོ་བརྒྱ་བརྒྱ་དག་ན་སྟེ་ལོ་བརྒྱ་རེའི་མཚམས་སུ་བཅུ་ཉི་ཤུ་བཞི་བཅུ་བརྒྱ་སོགས་སྡེ་ཚན་གྱིས་འཕེལ་འགྲིབ་བྱེད་དོ། །དེ་ལྟར་གྱི་ཟུང་གཅིག་དང་ཡ་ཐོག་མ་ཐོག་གི་བརྒྱད་ཁྲི་དང་བཅུ་པའི་བར་གྱི་འགྲིབ་རྐྱང་གཅིག་དུས་རིང་ཐུང་མཉམ་པར་བཤད། བར་ཁུག་བཅོ་བརྒྱད་རྫོགས་པའི་རྗེས་དེ་ནས་སྔར་བཞིན་ཚེ་ལོ་དཔག་མེད་བར་དུ་སྡེ་ཚན་གྱིས་ཡར་སྐྱེ་སྟེ་འཕེལ་བ་དང་། དཔག་མེད་ནས་མར་བཅུ་པའི་བར་དུ་ཡ་ཐོག་ལྟར་མར་འགྲིབ་པའི་ཁུག་པ་དེ་ལ་ནི་མ་ཐོག་རིང་མོ་ཞེས་སུ་གྲགས་པ་ཡིན། སྐབས་འདིར་ཕྱག་མཆན་དུ། དཔག་མེད་ནས་ཕྲི་བའི་བརྒྱད་ཁྲི་པའི་དུས་སུ་གནས་པའི་མགོ་བརྩམས། བརྒྱད་ཁྲི་ནས་བཅུ་བར་ཡ་ཐོག བར་ཁུག་བཅོ་བརྒྱད། མ་ཐོག་བཅུ་ནས་བརྒྱད་ཁྲི་བར་འཕེལ། དེ་ནས་དཔག་མེད་བར་འཕེལ་ཀྱང་། དེ་ཡན་ཆད་མ་ཐོག་ལ་མི་ཐེ་བར། འཇིག་བསྐལ་ལ་རྩིའི་་་་དཔེ་ནང་མི་གསལ་མ་སྙམ། བར་ཁུག་བཅོ་བརྒྱད་ཀྱི་ཡར་འཕེལ་བརྒྱད་ཁྲི་ལས་འཕེལ་མི་སྲིད་དོ་གསུངས། བར་ཁུག་རྣམས་རྫོགས་རྗེས་ཚེ་ལོ་དཔག་མེད་དུ་འཕེལ་བའི་གཅིག་འགྲིབ་དུས་སངས་རྒྱས་མོས་པ་འབྱོན། ཁ་ཅིག་མ་ཐོག་ལ་བརྒྱད་ཁྲི་ལས་འཕེལ་བར་མི་འདོད་པ་ནི་མི་འཐད་དེ། མོས་པའི་སྐུ་ཚེ་བསྟན་པ་སྔར་གྱི་སངས་རྒྱས་རྣམས་དང་མཉམ་པར་དེ་མི་རྫོགས་པའི་ཕྱིར། དེས་ན་ཚུལ་འདི་མཛོད་སོགས་དང་ཅུང་མི་འདྲ་ཡང་ལུགས་འདི་ལྟར་ན་སངས་རྒྱས་མོས་པའི་སྐུ་ཚེ་དང་མཛད་ཕྲིན་སོགས་མདོ་ནས་ཇི་སྐད་གསུངས་པ་ལྟར་འཇོག་ནུས་པ་སོགས་ཀྱི་འཆད་ཚུལ་བླ་མེད་དོ། །དེས་ན་ཡ་ཐོག་འགྲིབ་རྐྱང་གཅིག་པུ་བར་ཁུག་གཅིག་ལས་ཡུན་རིང་ཞིང་། མ་ཐོག་འཕེལ་འགྲིབ་ཁུག་པ་ཅན་དེ་ལས་ཀྱང་ཤིན་ཏུ་རིང་བས་ཡ་ཐོག་མ་ཐོག་གི་ཡུན་བསྡོམས་པ་དང་། བར་ཁུག་བཅོ་བརྒྱད་པོ་གཅིག་ཏུ་བསྡོམས་པའི་ཡུན་མཉམ་མོ། །དེ་ལྟར་ཡ་ཐོག་མ་ཐོག་བར་ཁུག་དང་བཅས་པ་ལ་བར་བསྐལ་ཉི་ཤུ་ཡོད་པ་ལ་ནི་རང་བཞིན་གྱིས་གནས་པའི་བསྐལ་པར་འདོད་པ་ཡིན་ནོ། །གཉིས་པ་ལ། འཕེལ་འགྲིབ་ཀྱི་ཚུལ་བཤད་པ་དང་། གནས་དུས་ཀྱི་ཆོས་བཤད་པ་གཉིས། དང་པོ་ལ་བསྟན་བཤད་གཉིས་ཀྱི་དང་པོ། གང་སྨོས་འདི་དག་གི་ཡར་འཕེལ་དང་མར་འགྲིབ་ཀྱི་ཁྱད་པར་ཅུང་ཟད་བཤད་པ་ནི། ཞེས་སོ། །གཉིས་པ་ལ། འགྲིབ་ཚུལ་བཤད་པ་དང་། འཕེལ་ཚུལ་གཉིས། དང་པོ། ཚེ་ལོ་བརྒྱད་ཁྲི་པའི་དུས་ན་འཛམ་གླིང་འདིར་རྒྱལ་པོའི་ཕོ་བྲང་དང་གྲོང་ཁྱེར་སོགས་ཀྱི་འབྱོར་པ་ཚད་མེད་པ་ཡིས་ས་བཞི་བརྒྱན་པས་གྲོང་ཕན་ཚུན་བྱ་གག་འཕུར་བས་སླེབ་ཙམ་འདབ་འབྱོར་དུ་གང་སྟེ། བུ་མོ་རྣམས་ལོ་ལྔ་བརྒྱ་ན་ཁྱིམ་ཐབ་ལ་གཏོང་། མི་རྣམས་ཀྱི་ནད་ནི་ཟས་མི་ཟ་བ་དང་། འདོད་པས་གཟིར་བ་ཙམ་ལ་བྱེད། ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་དུ་སྤྱི་བོ་སྐྱེས་དང་། གསོ་སྦྱོང་འཕགས་སོགས་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་སྒྱུར་བ་དག་ཀྱང་མང་དུ་བྱུང་ཞིང་འབྱོར་པ་རྒྱ་ཆེ་བས། འདོད་ལྷའི་ཡུལ་དང་འགྲན་པ་ཡོད་དོ། །དེ་ནས་མི་དགེའི་དབང་གིས་མར་རིམ་པར་འགྲིབ་སྟེ་བདུན་ཁྲི་དང་དྲུག་ཁྲི་པ་དང་ཉི་ཁྲི་པ་ནས་མཐར་ཚེ་ལོ་བཅུ་པའི་བར་དུ་ཚེ་དང་ལོངས་སྤྱོད་དང་མདངས་སྟོབས་དང་ཡུལ་གྱི་ཡོན་ཏན་ཐམས་ཅད་འགྲིབ་ནས། མཐར་ཚེ་ལོ་བཅུ་པའི་ཚེ་ན་མི་རྣམས་རྣམ་རྟོག་དང་ཉོན་མོངས་ལྷག་པར་དུ་རགས་ཤིང་། མི་རྣམས་ཀྱི་ལུས་བོངས་ཚེ་ལོ་བརྒྱ་པའི་མི་རྣམས་ཀྱི་མཐོ་གང་ཆག་གང་ལ། གོས་མེད་པས་ཉིན་འཚིག་ནུབ་འཁྱགས་དབུལ་ཞིང་ཕོངས་ལ་འཚེ་བས་གདུངས་པ། འབྲུ་བཟང་པོ་རྣམས་ནུབ་སྟེ་ཞག་དྲུག་ཅུས་སྨིན་པའི་བྲ་བོ་གཅིག་པུའི་ཁ་ཟས་དང་། གོས་སུ་སྐྲ་ཡི་ལྭ་བ་གྱོན་ཞིང་དར་ཟབ་ལ་སོགས་པ་ནུབ། ལན་ཚ་གཏན་མེད་ཞོ་དང་ཏིལ་སོགས་ལས་མར་མི་འབྱུང་། དེའི་ཚེ་ཕ་མ་དང་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་མི་བཀུར་བར་སྨོད་ཅིང་མི་དགེ་བྱེད་པ འི་སྐྱེ་བོ་ངན་པ་རྣམས་ལ་བསྟོད་པར་བྱེད་དོ། །སྐྱེ་བོ་དེ་དག་ཟད་བྱེད་མཚོན་དང་ནད་དང་མུ་གེ་གསུམ་ལས། དང་པོ་མཚོན་གྱི་བསྐལ་པ་འབྱུང་བའི་ཚུལ་ནི། མི་རྣམས་ཕན་ཚུན་གནོད་སེམས་ཀྱིས་འཁྲུགས་ཅིང་ཞེ་སྡང་བ་ལས། དེ་དག་ཕན་ཚུན་འཐབ་པའི་ཚེ་ས་ལས་ཅི་བླངས་པ་ཐམས་ཅད་མཚོན་ཆ འི་རང་བཞིན་དུ་འགྱུར་ཞིང་། མི་རྣམས་གཅིག་གིས་གཅིག་བསད་ནས་ཐམས་ཅད་ངན་སོང་གི་གནས་དམྱལ་བ་རྣམས་སུ་ལྟུང་བར་འགྱུར་རོ། །དེ་ནས་མི་དགེ་སྤྱད་པས་ལྷ་སྲིན་འཁྲུགས་ནས་གཏོང་བའི་གསོར་མི་རུང་བའི་ནད་ཀྱིས་ཐེབས་ཤིང་ཕལ་ཆེར་འཆི་བར་འགྱུར་རོ། །དེ་ནས་མི་རྣམས་ཀྱི་ལྷག་མ་ལུས་པ་རྣམས་མུ་གེས་ཚར་འབྱིན་པར་བྱེད་དེ། དེ་ཡང་འབྲུ་གང་རྙེད་ཟ་མ་ཏོག་ཏུ་བཅུག་ནས་སྲུང་བ་གབ་ཚེ་བ་དང་། སྔོན་མི་ཤི་བའི་རུས་གོང་དཀར་པོ་བསྡུས་ནས་འདི་ཟས་ཟ་བའི་རུས་པའོ་ཞེས་བསྐོལ་ནས་འཐུང་བ་རུས་གོང་བ་དང་། འབྲུའི་བྲེ་ཁ་རྙེད་པ་ཆུ་མང་པོའི་ནང་དུ་བསྐོལ་ནས་འབྲུ་དེ་ཐུར་མས་ཉབ་པར་བྱེད་པ་ཐུར་མ་པ་སྟེ་བཀྲེས་སྐོམ་གྱི་མེ་འབར་བས་རབ་ཏུ་གདུངས་སོ། །དེ་ཡང་མཚོན་བསྐལ་ཞག་བདུན། ནད་བསྐལ་ཟླ་བདུན་ཞག་བདུན། མུ་གེ་ལོ་བདུན་ཟླ་བདུན་ཞག་བདུན་དུ་འབྱུང་བས་མི་རྣམས་ཟད་པར་བྱེད་དོ། །རྣལ་འབྱོར་སྤྱོད་པའི་ས་ལས་ཚེ་ལོ་སུམ་ཅུ་པ་ལ་མུ་གེ། ཉི་ཤུ་པ་ལ་ནད། བཅུ་པ་ལ་མཚོན་འབྱུང་བར་བཤད། འདི་རྣམས་བྱང་གླིང་ལ་གཏན་མི་འབྱུང་། གླིང་གཞན་གཉིས་ལ་འདིའི་ཚེ་བཀྲེས་པ་དང་མདོག་ངན་པ་ཙམ་འབྱུང་བར་བཤད་དོ། །གཉིས་པ། དེ་ནས་གོང་དུ་ཇི་ལྟར་འཕེལ་བའི་རིམ་པ་བསྟན་པ་ནི། དགེ་བ་ཅན་འགའ་ཞིག་ལུས་པ་རིའི་སུལ་སོགས་སུ་ཡིབ་ནས་ཞག་བདུན་ཆུས་འཚོ་སྟེ་སླར་གྲོང་ཁྱེར་དུ་འོངས་པ་ན་དེ་དག་གཅིག་གིས་གཅིག་མཐོང་བ་ན་དགའ་བའི་སེམས་སྐྱེས་ཏེ། ཨེ་མ་མི་གསོན་པོ་དག་མཐོང་ཞེས་དེ་དག་འདུས་ནས་སྔར་མི་དགེའི་རྒྱུ་ལས་བྱུང་བར་རིགས་ནས་རང་རྒྱུད་སྡོམ་པར་བྱེད་ཅིང་། དེ་ནས་བྱམས་པའི་སྤྲུལ་པ་རང་ལས་གཟུགས་དང་ལང་ཚོས་འཕགས་པ་མཐོང་ནས་དེའི་རྒྱུ་དྲིས་ནས་སྲོག་གཅོད་སྤངས་པས་ནད་མེད་ཅིང་མདངས་སྟོབས་དང་ལྡན་པར་གྱུར་ནས་བུ་དང་བུ་མོ་རྣམས་ཀྱང་ཚེ་ལོ་ཉི་ཤུ་པར་གྱུར། དེ་བཞིན་དུ་སྤྲུལ་པར་རེ་རེས་རྐྱེན་བྱས་ཏེ་མ་བྱིན་ལེན་སྤངས་པས་དེ་དག་གི་བུ་བུ་མོ་རྣམས་བཞི་བཅུ་པ་སྟེ་དེ་ནས་རིམ་བཞིན་དུ། འདོད་ལོག་དང་། རྫུན་དང་། ཕྲ་མ་དང་། ངག་འཁྱལ་དང་ཚིག་རྩུབ་མོ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་ལྟ་དང་། ཆོམ་རྐུན་དང་མཐུ་སོགས་ཀྱིས་གཞན་ནོར་གཉེར་བ་ལྟ་བུ་མི་རིགས་པའི་འདོད་པ་དང་། གཡེམ་དང་ལིངས་འདེབས་སོགས་ཆོས་མ་ཡིན་པའི་ལོངས་སྤྱོད་ལ་ཆགས་པ་དང་། རྒྱལ་པོ་དང་བྲམ་ཟེའི་བསྟན་བཅོས་སོགས་འཚེ་བ་དང་ལྡན་པ་ལོག་པའི་ཆོས་ཏེ་ཕྱི་མ་གསུམ་བསྡོམས་པ་གཅིག་ཏུ་བརྩིས་པའི་ཕྱིན་ཅི་ལོག་པའི་ལྷག་མ་དགུ་སྟེ། དེ་རྣམས་སྤངས་ནས། ཕ་མ་དགེ་སྦྱོང་བྲམ་ཟེ་རྒན་སོགས་སུ་མི་འཛིན་པ་སྤངས་ཏེ་དེ་དག་གཙོ་བོར་གཟུང་ཞིང་བཀུར་པ་ཡིས། བུ་ཚ་རྣམས་རིམ་པར་ལོ་བརྒྱ་དང་། ཉིས་བརྒྱ་དང་། ལྔ་བརྒྱ་དང་། སྟོང་དང་ནི། ཉིས་སྟོང་དང་། ལྔ་སྟོང་དང་། ཁྲི་དང་། ཉི་ཁྲི་དང་། བཞི་ཁྲི་དང་། བརྒྱད་ཁྲིའི་བར་དུ་གོང་ནས་གོང་དུ་འཕེལ་ལོ། །ཚེ་འཕེལ་བ་བཞིན་དུ་གཟུགས་དང་ལོངས་སྤྱོད་སོགས་ཕུན་གསུམ་ཚོགས་པ་དག་ཀྱང་ཉིས་འགྱུར་གྱིས་འཕེལ་ཏེ། དེ་ལྟར་བར་ཁུག་གི་འཕེལ་འགྲིབ་རྣམས་རེ་རེ་ལ་མི་རབས་བཅུ་གཉིས་རེ་ཡོད་པ་སྟེ། ཡ་ཐོག་མ་ཐོག་གཉིས་ནི་དེ་བས་རིང་བ་ཡིན་ཏེ་སྔར་བཤད་ཟིན་ཏོ། །གཉིས་པ་གནས་དུས་ཆོས་ཀྱི་བྱེ་བྲག་ལ། སྤྱི་དང་། བྱེ་བྲག་གཉིས། དང་པོ། དེ་ལྟར་གནས་པའི་དུས་ཀྱི་རིང་ལ་འཇིག་རྟེན་དུ་གྲགས་པའི་ཆོས་ལུགས་ལ་ཚད་མེད་ཀྱང་འདོར་བསྡུས་པའི་ཆོས་ཀྱི་བྱེ་བྲག་ཀྱང་། ལྷ། ལྷ་མིན། མི། དུད་འགྲོ། ཡི་དྭགས། དམྱལ་བ་སྟེ་འགྲོ་བ་དྲུག་དང་། སྒོང་། མངལ། དྲོད་གཤེར། རྫུས་སྐྱེས་ཏེ་སྐྱེ་བ་རྣམ་པ་བཞི་དང་། ཡོངས་བཟུང་གི་གཞི་དྲུག་ནི། གནས་པའི་གཞི་རླུང་སོགས་འོག་གཞི། བརྟེན་པའི་གཞི་ཁང་ཁྱིམ་སོགས། ཟས་ཀྱི་གཞི་ཁམས་ཟས་ཀྱི་རྒྱུ་ལོ་ལེགས་པ། བདེ་བའི་གཞི་ཟས་གོས་མལ་ཆ་སོགས། སྣང་བའི་གཞི་གཟུགས་སོགས་སྣང་བའི་རྒྱུ་ཉི་ཟླ་སྒྲོན་མེ། ལུས་གནས་པའི་གཞི་ཁམས་རེག་སེམས་ཤེས་ཀྱི་ཟས་བཞིའོ། །ཁ་ཅིག་གིས་ཐོག་ཐ་གཅིག་ཏུ་བྱས་ཏེ། དེའི་སྟེང་དུ་གཏམ་གྱི་གཞི་གླེང་བའི་ཡུལ་དང་འདོད་པའོ། །དུས་བཅུ་ནི། བསྐལ་པ། ལོ། ཟླ་བ། ཟླ་ཕྱེད། ཉིན། མཚན། སྐད་ཅིག ཐང་ཅིག ཡུད་ཙམ། དུས་ཚིགས་རྣམས་སོ། །དེ་ལས་བསྐལ་པ་ལ། བར་བསྐལ་དང་ཆེན་པོ་གཉིས། སྐད་ཅིག་ལ། དུས་མཐའ། དེའི། བྱ་རྫོགས་གསུམ། དུས་ཚིགས་ལ་དགུན་སོགས་བཞིར་དབྱེའོ། །དེ་ལས། དུས་མཐའི་སྐད་ཅིག་ཡུལ་གཅིག་ལ་ཤེས་པ་ལམ་གྱིས་སྐྱེ་བ། དེ་བརྒྱ་ཉི་ཤུའི་ཡུན་ལ་དེའི་སྐད་ཅིག བྱ་རྫོགས་ནི་སེ་གོལ་ནས་སངས་རྒྱས་ཀྱི་བར་བྱ་བ་གཅིག་མགོ་བརྩམས་ནས་གྲུབ་ཚུན་ཆད་དོ། །ཐང་ཅིག་ནི་དེའི་སྐད་ཅིག་མ་དྲུག་ཅུའོ། །དེ་སུམ་ཅུ་ལ་ཡུད་ཙམ་གཅིག ལྷག་མ་གོ་སླའོ། །ཡོངས་སུ་བཟུང་བའི་དངོས་པོ་བཅུ་བདུན་ནི། བདག ཕ་མ། བུ་ཚ། ཆུང་མ། བྲན། འཕྲལ་དགོས་སྒྲུབ་པའི་ལས་བྱེད་པ། གཙོ་བོའི་མཐུ་ལ་བརྟེན་ནས་འཚོ་བ་ཞོ་ཤས་འཚོ་བ། ཡིད་འཐད་ཀྱི་གྲོགས་མཛའ་བཤེས། གྲོས་དང་ལས་ལ་འདུ་བ་བློན་པོ། ཕའི་ཕྱོགས་ཀྱི་ཉེ་དུ། མའི་ཕྱོགས་སྣག་གི་གཉེན་མཚམས། ཞིང་། ཁྱིམ། ཕར་འཚོང་རྒྱུ་ཟོང་དགྲམ་པའི་དངོས་པོ། བསོད་ནམས་དགེ་བ་བསགས་པ། བྱ་བ་སྣ་ཚོགས་ཀྱི་ལས་མཐའ་ལ་སྦྱོར་བ། ནོར་བསོགས་པའི་དངོས་པོའོ། །ལོངས་སྤྱོད་ཀྱི་ཡོ་བྱད་བཅུ་བཞི་ནི། ཟས། སྐོམ། གོས། བཞོན་པ། རྒྱན། གླུ་བྲོ། བཞད་དགད། རོལ་མོའི་སྒྲ། སྤོས། མེ་ཏོག་གི་ཕྲེང་བ་རྒྱུད་པ། བྱུག་པ། སྣོད་སྤྱད། སྣང་བ། ཕོ་མོ་དགའ་མགུར་སྤྱོད་པའོ། །རྒྱུན་གྱི་རྗེས་སུ་སྤྱོད་པ་བརྒྱད་ནི། འདིར་བསྟན་མ་ཡིན་པའི་སྤྱོད་ལམ་གཞན་ལ་ཡོངས་སུ་བརྟག་པ། གོས་ཀྱིས་དཀྲི་བ། ཁ་ཟས་བཟའ་བཏུང་། ལུས་ཀྱི་བསྙེན་བཀུར་བྱ་བ། གཉིད་ལོག་པ། འཁྲིག་སྤྱོད། དེ་དང་ལྡན་པའི་རྩོལ་བ། དེའི་གཏམ་རྣམས་སོ། །འཇིག་རྟེན་གྱི་སྤྱོད་པ་བཅུ་ནི། ཚིག་སྣ་ཚོགས་སྨྲ་བ། ལན་ནམ་སྔོན་བྱུང་གི་གཏམ་བྱེད་པ། ཕན་ཚུན་ནམ་སོ་སོར་དགའ་ཞིང་མགུ་བར་བྱེད་པ། བག་མ་གཏོང་བ། བག་མ་ལེན་པ། མིང་ནས་འབོད་པ་གཡར་འདྲེན་པ་སྟེ་མགྲོན་འབོད་པ། ལྷག་པར་ཟ་བ། འདུས་ཏེ་ཟ་བ། རྩོད་པ་བྱེད་པ་ལ་གཅིག་གྲོགས་གཅིག་གིས་བྱེད་པའོ། །གཏམ་ནི་རྣམ་པ་གསུམ་སྟེ། ངེས་འབྱུང་སོགས་ཡང་དག་པའི་ཆོས་དང་ལྡན་པ། ཉོན་མོངས་ཅན་ཆོས་དང་ལྡན་པ་མ་ཡིན་པ། དེ་ལས་གཞན་ལུང་མ་བསྟན་མེ་ཆུ་སོགས་བརྗོད་པའོ། །ཉེས་རྩོམ་ཉེར་གཉིས་ནི། འབྲུ་སོགས་བྲེས་གཞལ་བླུགས་ལ་སྒྱུ་བྱེད་པ། རིན་ཆེན་སོགས་འདེགས་པའི་སྲང་ལ་སྒྱུ་བྱེད་པ། རས་སོགས་ཚད་ཀྱིས་གཞལ་བ་ལ་སྒྱུ་བྱེད་པ། བྱ་བ་མ་ཡིན་པ་ལོག་པའི་ལས་ལ་སྦྱོར་བ། འཐབ་པ། སྐྱོན་མཚང་འབྲུ་བ། དྲག་ཏུ་རྩོད་པ། ཤགས་འགྱེད་པ། སྐུར་འདེབས་ཀྱིས་གཤེ་བ། འཁུ་སེམས་ཀྱིས་ཁྲོ་བ། གནོད་པ་སོགས་དམ་བཅའ་བ། ལུང་ངག་གིས་བསྡིགས་པ། ཐལ་དབྱུག་སོགས་ཀྱིས་བརྡེག་པ། གསོད་པ། འཆིང་བ། གོ་རར་ཏེ་བརྩོན་སོགས་སུ་འཇུག་པ། རྐང་ལག་སོགས་གཅོད་པ། ཡུལ་གཞན་དུ་སྤྱུག་པ། མགོ་སྐོར་གྱིས་གཡོ་བྱེད་པ། བསླུ་ཐབས་ཀྱིས་འབྲིད་པ། ཁྲོས་རྔམས་ཀྱི་འཇིགས་སྟངས་སྟོན་པ་དྲག་ཤུལ། རྫུན་དུ་སྨྲ་བ་རྣམས་སོ། །དེ་བཞིན་དུ་སེམས་ཅན་གྱི་རིགས་དྲུག་ཅུ་རྩ་གསུམ་ནི། དམྱལ་བ། ཡི་དྭགས། དུད་འགྲོ། ལྷ། མི། ལྷ་མིན། བར་སྲིད། རྒྱལ་རིགས། རྗེའུ་རིགས། དམངས་རིགས། བྲམ་ཟེ། སྐྱེས་པ། བུད་མེད། མ་ནིང། ངན་པ། འབྲིང་། བཟང་པོ། ཁྱིམ་པ། རབ་བྱུང་། དཀའ་ཐུབ་ཅན། དེ་མ་ཡིན་པ། སྡོམ་པ་ཅན། སྡོམ་ཅན་མིན་པ་སྡོམ་མིན། སྡོམ་པ་མེད་པའང་མ་ཡིན་པ་བར་སྡོམ། འདོད་ཆགས་དང་བྲལ་བ། ཆགས་བྲལ་མ་ཡིན་པ། ལོག་པར་ངེས་པ། ཡང་དག་ཉིད་དུ་ངེས་པ། གཉིས་ཀར་མ་ངེས་པའི་ཕུང་པོ། དགེ་སློང་། དགེ་སློང་མ། དགེ་སློབ་མ། དགེ་ཚུལ། དགེ་ཚུལ་མ། དགེ་བསྙེན། དགེ་བསྙེན་མ། ཁ་ཏོན་པ། ཞལ་ཏ་བྱེད་པ། བསྙེན་པར་རྫོགས་ནས་ལོ་བཅུ་ཡན་ལོན་པ་གནས་བརྟན། ལོ་ལྔ་སོགས་ལོན་པ་བར་མ། རིང་པོར་མ་ལོན་པ་གསར་བུ། རབ་བྱུང་གི་མཁན་པོ། བསླབ་པ་སྦྱིན་པ་སོགས་སློབ་དཔོན། མཁན་བུ་རྣམས་ལ་ལྷན་གཅིག་གནས་པ། ཉེ་གནས། གློ་བུར་དུ་ལྷགས་པ། དགེ་བསྙེན་སོགས་དགེ་འདུན་གྱི་ལས་བྱེད་པ། རྙེད་པ་འདོད་པ། བཀུར་སྟི་འདོད་པ། ཡོ་བྱད་སྙུངས་པ། མང་དུ་ཐོས་པ། མཁས་ཤིང་བསོད་ནམས་དང་ལྡན་པ། ཆོས་ཀྱི་རྗེས་སུ་མཐུན་པས་ཆོས་ལ་ཞུགས་པ། འདུལ་བ་འཛིན་པ། མདོ་སྡེ་འཛིན་པ། མ་མོ་འཛིན་པ། སོ་སྐྱེ། བདེན་མཐོང་། སློབ་པ། མི་སློབ་པ། ཉན་ཐོས། རང་རྒྱལ། བྱང་སེམས། འཁོར་ལོས་སྒྱུར་བ་རྣམས་སོ། །དུས་བརྒྱད་ནི། མངལ་ན་གནས་པའི་དུས། ཕྱིར་བཙས་པ། དེ་ནས་རྩེད་མོ་མི་ནུས་པ་བྱིས་པ། རྩེད་མོ་ནུས་པ་གཞོན་ནུ། འདོད་པ་ལ་སྤྱོད་ནུས་པ་ལང་ཚོ། ལྔ་བཅུ་མན་ཆད་དར་བབས། བདུན་ཅུ་མན་རྒས་པ། དེ་ཡན་འཁོགས་པའི་དུས་སོ། །མངལ་དུ་འཇུག་པ་བཞི་ནི། ཤེས་བཞིན་དུ་འཇུག་ལ་མ་ཤེས་པར་གནས་ཤིང་འབྱུང་བ་འཁོར་ལོས་སྒྱུར་བ། ཤེས་བཞིན་འཇུག་ཅིང་གནས་ལ་མི་ཤེས་པར་འབྱུང་བ་ཉན་རང་། གསུམ་ཀ་ཤེས་པ་བྱང་སེམས། གསུམ་ཀ་མི་ཤེས་པ་འགྲོ་བ་གཞན་རྣམས་སོ། །འཚོ་བ་དྲུག་ནི། ཞིང་ལས་འདི་ཕྱག་མཆན་ན་མེད། མཆན། ཚོང་། ཕྱུགས་འཚོ་སྐྱོང་། རྒྱལ་པོ་ལ་བརྟེན་པའི་ཞོ་ཤས་འཚོ་བ། ཡི་གེ་འབྲི་བ་དང་གྲངས་ཀྱི་ཤོད་དགོད་པ། སྐར་རྩིས་སོགས་རྩིས་ཀྱི་ལས། དེ་ལས་གཞན་པའི་བཟོ་གནས་གང་རུང་ལ་བརྟེན་ནས་འཚོ་བའོ། །ཀུན་ནས་བསྲུང་བ་དྲུག་ནི། གླང་པོ་ཆེའི་ཚོགས་དང་། རྟའི། ཤིང་རྟའི། དཔུང་བུ་ཆུང་གི། ནོར་གྱི། མཛའ་བཤེས་ཀྱི་ཚོགས་དང་བཅས་ཏེ་རང་སྡེ་སྲུང་བའོ། །ང་རྒྱལ་བདུན་ནི། ཆུང་ངུ་བས་བདག་འཕགས་པའམ་མཉམ་པ་དང་མཉམ་སྙམ་དུ་སེམས་ཁེངས་པ་ང་རྒྱལ། དེ་བཞིན་མཉམ་པ་ལས་འཕགས་མཆོག་དང་མཉམ་སྙམ་པ་ཆེ་བའི་ང་རྒྱལ། མཆོག་ལས་ཀྱང་བདག་འཕགས་སྙམ་པ་ང་རྒྱལ་ལས་ཀྱང་ང་རྒྱལ། ལྔ་ཕུང་བདག་དང་བདག་གིར་བཟུང་ནས་སེམས་ཁེངས་པ་ངའོ་སྙམ་པའི་ང་རྒྱལ། ཆེས་འཕགས་པ་ལས་བདག་ཅུང་དམན་ཡང་སྤྱིར་རང་བཟང་སྙམ་པ་ཅུང་ཟད་སྙམ་པའི་ང་རྒྱལ། ཡོན་ཏན་གོང་མ་མ ཐོབ་པ་ལ་ཐོབ་པར་རློམ་པ་མངོན་པའི་ང་རྒྱལ། སྐྱོན་ལ་ཡོན་ཏན་དུ་བརླམས་ནས་སེམས་ཁེངས་པ་ལོག་པའི་ང་རྒྱལ་ལོ། །རྒྱགས་པ་རྣམ་པ་བདུན་ནི། ནད་མེད་པས། ལང་ཚོས། གསོན་པས། རིགས་ཀྱིས། གཟུགས་ཀྱིས། དབང་ཕྱུག་གིས། ཐོས་པས་རྒྱགས་པ་སྟེ་དེ་རྣམས་ཀྱིས་ཡིད་མགུ་ནས་འཐིག་པའོ། །ཐ་སྙད་བཞི་ནི། །གཞན་ལས་ཐོས་པ། རང་གིས་བྱེ་བྲག་ཕྱེད་པ། དབང་པོས་མཐོང་བ། རང་རིག་གམ་མངོན་ཤེས་ཀྱིས་རྣམ་པར་ཤེས་པ་སྟེ་དེ་དག་ལ་བརྟེན་ནས་གཞན་ལ་ཐ་སྙད་དུ་བརྗོད་པའོ། །ཐ་སྙད་མང་པོའི་གཞི་ནི་སྤྱིར་ཚོགས་དྲུག་གི་ཡུལ་ལ་དགག་སྒྲུབ་ཀྱི་ཐ་སྙད་སྣ་ཚོགས་རྣམ་པར་གཞག་པ་སྟེ། ཤེས་བརྗོད་འཇུག་གསུམ་གྱི་ཐ་སྙད་རྣམས་གང་ལ་འཇུག་པའི་གཞི་དེར་ངེས་པའི་ཚིག་གི་གཞི་དང་། སྤྲོས་པའི་གཞི་དང་། དོན་བསྡུ་བའི་གཞི་ཞེས་བྱ་སྟེ་རྣམ་གྲངས་སོ། །དེ་ལས་འགྲེལ་ཆེན་དུ་ཡིད་ཡུལ་ཆོས་ཁམས་ཀྱི་རྣམ་དབྱེ་བཅུ་ཙམ་བཀོད་པ་ནི་མཚོན་བྱེད་དུ་མཛད་པ་སྟེ། རྒྱས་པར་ནི་ཕྱི་ནང་གི་སྐྱེ་མཆེད་ཀྱི་རབ་ཏུ་དབྱེ་བ་དྲུག་བརྒྱ་དྲུག་ཅུ་སོགས་སུ་བཤད་པ་ས་སྡེ་ལས་ཤེས་པར་བྱའོ། །མཁས་པར་བྱ་བའི་དོན་རྣམ་པ་དྲུག་ནི། ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་གནས་གནས་མིན་དབང་པོ་རྣམས་ཏེ། དེ་ལ་ཕུང་པོ་ནི་གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་ལྔའོ། །ཁམས་ནི་ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཀྱི་ཁམས་ཏེ་དྲུག་གོ །སྐྱེ་མཆེད་ནི། མིག་རྣ་སྣ་ལྕེ་ལུས་ཡིད་གཟུགས་སྒྲ་དྲི་རོ་རེག་ཆོས་ཏེ་བཅུ་གཉིས་སོ། །རྟེན་འབྲེལ་ནི་མ་རིག་འདུ་བྱེད་རྣམ་ཤེས་མིང་གཟུགས་སྐྱེ་མཆེད་རེག་ཚོར་སྲེད་ལེན་སྲིད་པ་སྐྱེ་བ་རྒ་ཤི་སྟེ་བཅུ་གཉིས་སོ། །གནས་གནས་མིན་ནི། བདེན་བཞིའི་མྱང་འདས་ཀྱི་རྒྱུ་འབྲས་གཉིས་བླང་བྱ་ཡིན་པས་གནས་དང་། འཁོར་བའི་རྒྱུ་འབྲས་སྤང་བྱ་ཡིན་པས་གནས་མིན་ནོ། །དབང་པོ་ནི་མིག་རྣ་སྣ་ལྕེ་ལུས་ཀྱི་དབང་པོ་ལྔ་དང་དད་བརྩོན་དྲན་ཏིང་ཤེས་རབ་སྟེ་རྣམ་བྱང་གི་དབང་པོ་ལྔ་རྣམ་གྲོལ་གྱི་དབང་པོ་དང་བཅུ་གཅིག་སོགས་ལྟར་རོ། །སངས་རྒྱས་ཀྱི་བཀའ་ཡི་དངོས་པོ་དགུ་ནི། སེམས་ཅན་གྱི་དངོས་པོ་གཟུགས་སོགས་ཕུང་ལྔ། ལོངས་སྤྱོད་ཀྱི་དངོས་པོ་སྐྱེ་མཆེད་བཅུ་གཉིས། སྐྱེ་བའི་དངོས་པོ་རྟེན་འབྲེལ་ལུགས་འབྱུང་བཅུ་གཉིས། གནས་པའི་དངོས་པོ་ཟས་བཞི། ཀུན་ཉོན་དང་། རྣམ་བྱང་གི་དངོས་པོ། སྡུག་ཀུན། འགོག་ལམ་བཞི། སྣ་ཚོགས་ཀྱི་དངོས་པོ་ཁམས་ཚད་མེད་པ། སྟོན་པ་པོའི་དངོས་པོ་སངས་རྒྱས་བྱང་སེམས་ཉན་ཐོས་གསུམ། བསྟན་པར་བྱ་བའི་དངོས་པོ་བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཏེ། ལུས་ཚོར་སེམས་ཆོས་ཀྱི་དྲན་པ་ཉེར་བཞག་བཞི། མི་དགེ་བ་མི་སྐྱེད། སྐྱེས་པ་སྤོང་དགེ་བ་སྐྱེད་སྤེལ་གཉིས་བཅས་ཡང་དག་པར་སྤོང་བ་བཞི། འདུན་སེམས་དཔྱོད་ཏིང་སྟེ་རྫུ་འཕྲུལ་གྱི་རྐང་པ་བཞི། དད་བརྩོན་དྲན་ཏིང་ཤེས་རབ་སྟེ་དབང་པོ་ལྔ། དེ་རྣམས་མི་མཐུན་ཕྱོགས་ལས་རྒྱལ་བའི་སྟོབས་ལྔ། དྲན་པ། ཆོས་རབ་རྣམ་འབྱེད། བརྩོན་འགྲུས། ཤིན་སྦྱངས། ཏིང་འཛིན། དགའ་བ། བཏང་སྙོམས་ཡང་དག་སྟེ་བྱང་ཆུབ་ཀྱིི་ཡན་ལག་བདུན། ཡང་དག་པའི་ལྟ་རྟོག་ངག་ལས་མཐའ་འཚོ་བ་རྩོལ་བ་དྲན་པ་ཏིང་འཛིན་ཏེ་འཕགས་ལམ་ཡན་ལག་བརྒྱད་རྣམས་སོ། །འཁོར་གྱི་དངོས་པོ་བརྒྱད་ནི། རྒྱལ་རིགས། བྲམ་ཟེ། ཁྱིམ་བདག་དགེ་སྦྱོང་། རྒྱལ་ཆེན་བཞིའི་རིགས། སུམ་ཅུ་རྩ་གསུམ་པ། བདུད་དང་། ཚངས་པའི་འཁོར་རྣམས་སོ། །དེ་ལ་སོགས་པར་གྲགས་ཞེས་པའི་དོན་ནི་འདི་ཙམ་དུ་མ་ཟད། རྒྱལ་པོ་ལུགས་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། དེད་དཔོན་རྣམས་ཀྱི་རྒྱ་མཚོ་དང་ནོར་བུ་བཏགས་པ་སོགས་ཀྱི་བསྟན་བཅོས་ཕྱི་ནང་ཐུན་མོང་དུ་གྲགས་བའི་ཆོས་ལུགས་ཐམས་ཅད་བསྐལ་པ་གནས་པའི་དུས་འདིར་བྱུང་བ་ཡིན་ནོ་ཞེས་པའི་དོན་ཏོ། །གཉིས་པ་ནི། དེ་ལྟར་གནས་པའི་ཚེའམ་བསྐལ་པ་འདི་ལ་ཁམས་གསུམ་འདིར་ཆོས་གང་ལྡན་མི་ལྡན་གྱི་ཁྱད་པར་གཞན་བསྟན་པ་ནི། བཀྲེས་སྐོམ་ནི་འདོད་པ་ན་ཡོད་ལ་གཟུགས་དང་གཟུགས་མེད་གཉིས་ན་མེད་དོ། །གླིང་གཞན་གསུམ་ན་ཁ་ཟས་ཀྱི་རྣམ་པ་མང་པོ་དང་ལྡན་ཞིང་། སྒྲ་མི་སྙན་ན་ས་དང་ཤིང་ལས་བྱུང་བའི་འབྲས་ས་ལུ་གཅིག་པུ་ཉིད་དོ། །འདོད་ལྷ་དྲུག་ནི་བདུད་རྩི་ཁ་དོག་བཞི་ལ་སྤྱོད་ཅིང་དེ་ཡན་ཆད་ཏིང་འཛིན་གྱི་ཟས་ལ་སྤྱོད་དེ་ཁམས་ཀྱི་ཟས་མེད་དོ། །མི་ལ་བཤང་གཅི་ཡོད་ཅིང་ལྷ་རྣམས་ལ་ཡོད་པ་མིན་ནོ། །གླིང་གསུམ་ན་ཆར་འབབ་པ་ལ་ཆེ་ཆུང་སྣང་བ་སྟེ་སྒྲ་མི་སྙན་དང་ལྷ་རྣམས་ལ་དེ་མེད་དོ། །དེ་བཞིན་དུ་ནོར་དང་འབྲུ་ཉོ་ཚོང་དང་ལོ་ལེགས་ཉེས་དང་ཆེད་དུ་བྱས་པའི་གནས་ཁང་ཀྱང་དེ་དང་མཚུངས་པ་ཉིད་དེ་གླིང་གསུམ་ལས་གཞན་གཉིས་ལ་མེད་དོ། །གླིང་གསུམ་དང་འདོད་ལྷའི་གནས་ན་སྔོ་སེར་དཀར་དམར་གྱི་ཁ་དོག་བཞི་ཀ་ཡོད་ལ། གཟུགས་དང་སྒྲ་མི་སྙན་ན་དཀར་པོ་ཉིད་དེ་གཟུགས་མེད་ལ་ཁ་དོག་མེད་དོ། །གླིང་གསུམ་ན་རས་བལ་དང་དར་ཟབ་དང་སྣལ་མའི་གོས་ལྗིད་ཀྱང་ཆེ་ལ། སྒྲ་མི་སྙན་དང་འདོད་ལྷ་དྲུག་ན་དཔག་བསམ་ཤིང་ལས་བྱུང་བའི་གོས་སྲབ་འཇམ་ཡང་བ་སྟེ། བྱང་གི་གོས་ལ་སྲང་གཅིགརྒྱལ་ཆེན་རིགས་བཞི་ལ་སྲང་ཕྱེད། རྩ་གསུམ་པར་བཞི་ཆ། འཐབ་བྲལ་བརྒྱད་ཆ། དགའ་ལྡན་ལ་བཅུ་དྲུག་ཆ། འཕྲུལ་དགར་སུམ་ཅུ་རྩ་གཉིས་ཆ། གཞན་འཕྲུལ་ལ་དྲུག་ཅུ་རྩ་བཞིའི་ཆ་གཅིག་སྟེ། ཚངས་རིས་ཡན་ཆད་གཞལ་དུ་མེད་པའི་གོས་ཡོད་ཅིང་། དེ་ཡན་ཆད་གོས་གྱོན་བཞིན་སྐྱེ་ལ་གོས་ལའང་ཁ་དོག་བཞི་ཀ་ཡོད་དོ། །གླིང་གསུམ་ན་ཚ་གྲང་ཡོད་ལ་སྒྲ་མི་སྙན་དང་ལྷ་ལ་མེད་དོ། །སྒྲ་མི་སྙན་རྣམས་མ་གཏོགས་པའི་འདོད་པའི་ལྷ་དང་མི་རྣམས་ལ་བག་མ་གཏོང་ལེན་ཡོད་ལ་གོང་མའི་གཟུགས་ཀྱི་ཁམས་ན་མེད་དོ། །རྗེ་འབངས་དང་བྲན་གཡོག་ཕོ་མོ་ཉིད་ཀྱང་དེ་དང་མཚུངས་པར་བརྗོད་དེ། བྲན་སོགས་གླིང་གསུམ་དང་འདོད་ལྷར་ཡོད་ལ་བྱང་དང་གོང་མ་གཉིས་ལ་མེད། ཁམས་གོང་མ་གཉིས་ན་ཕ་མ་དང་ཕོ་མོ་མེད་ལ་འོག་མ་ལ་ཡོད་དོ། །འདོད་ལྷ་དྲུག་ལ་ནོར་ཡོད་འབྲུ་མེད་ཅིང་སྒྲ་མི་སྙན་ན་འབྲུ་ཡོད་ནོར་མེད་ལ་གཉེན་ལ་མངོན་ཞེན་མེད་དེ་གཟུགས་ཁམས་དང་འདྲ་བ་ཉིད་ཡིན་ནོ། །གླིང་གཞན་གསུམ་ནི་འབྲུ་དང་ནོར་དང་གཉེན་དང་ལྡན་པ་ཉིད་ཡིན་ལ། ཚངས་རིས་ལ་སོགས་གོང་མའི་ཁམས་ན་དེ་གསུམ་ཆར་མེད་དོ། །རྫུས་སྐྱེས་རྣམས་ཤི་བའི་ཚེ་རོ་མེད་ལ་སྐྱེ་གནས་གཞན་རྣམས་ལ་རོ་དང་བཅས་པའོ། །གོང་དུ་བགྲོད་པའང་རང་གི་རྫུ་འཕྲུལ་གྲུབ་པའམ་ཁམས་གོང་མའི་ལྷ་སོགས་གཞན་ལ་བརྟེན་ནས་གོང་མར་ཕྱིན་པར་འགྱུར་གྱི། དེ་ལས་གཞན་དུ་འོག་མས་གོང་མ་རྣམས་མཐོང་བ་མེད་དོ། །དེ་བཞིན་དུ་ཚངས་རིས་ལ་སོགས་པ་གོང་མ་རྣམས་འཛམ་གླིང་དུ་འོང་བའི་ཚེ་འོག་མའི་སར་བརྟེན་པའི་སེམས་ཀྱིས་སྤྲུལ་པས་འོངས་ཏེ་སེམས་ཅན་གྱི་སེམས་ཀྱི་སྣང་ཚུལ་ཐ་དད་པས་གང་དུ་འཁྲུལ་པའི་རླུང་སེམས་འདུ་བ་ལས་གྱུར་པའི་ཕྱིར་རོ། །གཞན་འཕྲུལ་མན་ཆད་འདོད་པའི་ས་མཚུངས་པས་ལུས་དངོས་ཀྱིས་འོང་བའོ། །གླིང་བཞིའི་མི་ལ་ཉིན་མཚན་སྣང་བའི་ཆ་ནས་བྱེད། བྱང་དུ་ནམ་ཕྱེད་དུས། ཤར་དུ་ཉི་ནུབ། ལྷོར་ཉིན་ཕྱེད། ནུབ་ཉི་མ་འཆར་བ་ལྟ་བུས་འཁོར་བ་ཡིན་ལ། གཉའ་ཤིང་འཛིན་ཡན་ཉི་ཟླ་མེད་ཀྱང་། འདོད་ལྷར་པདྨོ་བྱེ་བ་དང་ཟླུམ་པས་འབྱེད་དེ་སྣང་བའི་བྱ་བ་ནི་ལུས་ཀྱི་འོད་ཀྱི་བྱེད་པ་ཡིན་ནོ། །སྒྲ་མི་སྙན་པ་རྣམས་ཤི་ནས་སུམ་ཅུ་རྩ་གསུམ་དུ་སྐྱེ་ལ་ལྷ་མི་གཞན་རྣམས་ནི་གང་དུ་སྐྱེ་བ་མ་ངེས་ཏེ་ལས་ཀྱིས་དབང་གིས་སྣ་ཚོགས་པ་ཉིད་དོ། །གཉིས་པ་རྩོམ་གཞི་ཕྲ་བ་ངོས་བཟུང་བ་ལ་བསྟན་བཤད་གཉིས། དང་པོ། གོང་བཤད་དེ་དག་རྣམས་ཀྱང་བསྡུ་ན་གསུམ་ཉིད་དེ། བེམ་པོ་རྣམས་གཟུགས་དང་། རྣམ་ཤེས་ནི་དུས་དང་། ལྡན་མིན་སོགས་མིང་ལས་རབ་ཏུ་དབྱེ་བའོ། །གཉིས་པ་ལ། གཟུགས་ཀྱི་མཐའ། དུས་ཀྱི་མཐའ། མིང་གི་མཐའ་གསུམ། དང་པོ། གཟུགས་ཀྱི་མཐའ་ནི་ཕྲ་རབ་ཀྱི་རྡུལ་ཏེ་བདུན་འགྱུར་གྱིས་བརྩི་སྟེ། ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག དེ་བདུན་ལྕགས་རྡུལ་ཏེ་དེ་རས་སོགས་ཀྱིས་ཕྱིས་པས་ཟད་པ་དང་། དེ་བདུན་ཆུ་རྡུལ་ཏེ་རིམ་གྱིས་སྐམ་པ་དང་། དེ་བདུན་རི་བོང་རྡུལ། དེ་བདུན་ལུག་རྡུལ། དེ་བདུན་གླང་རྡུལ་ཏེ་དེ་གསུམ་སོ་སོའི་སྤུ་རྩེའི་ཚད་དང་། དེ་བདུན་ཉི་ཟེར་རྡུལ། དེ་བདུན་སེམས་ཅན་སྲོ་མ། དེ་བདུན་ཤིག དེ་བདུན་ནས། དེ་བདུན་སོར་མོ་གཅིག སོར་མོ་ཉི་ཤུ་རྩ་བཞི་ཁྲུ་གང་སྟེ། ཁྲུ་བཞི་ལ་གཞུ་འདོམ་གང་། དེ་ཉིད་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་སྟེ་གྲོང་ལས་དེ་སྲིད་སྤགས་པ་དགོན་པའི་ཚད་དུ་བསྟན། རྒྱང་གྲགས་བརྒྱད་ལ་དཔག་ཚད་ཅེས་བྱ་སྟེ་དེས་རི་གླིང་སོགས་ཀྱི་ཚད་གཞལ་བར་བྱའོ། །གཉིས་པ། དུས་ཀྱི་མཐའ་ནི་དུས་མཐའི་སྐད་ཅིག་མ་སྟེ་དེ་ནི་སྐྱེས་བུ་སྟོབས་ལྡན་གྱི་སེ་གོལ་གྱི་ཡུན་ལ་ཆ་དྲུག་ཅུ་རྩ་བཞིར་ཕྱེ་བ་སྟེ་ཤོ་མང་གི་འདབ་མ་རེ་བཞིའམ་དྲུག་ཅུ་ཕུག་པའི་ཡུན་གྱི་ཆ་གཅིག་སྟེ་རེ་རེ་ཕུག་པའི་ཚད་ཡིན་ལ། དེ་བརྒྱ་ཉི་ཤུ་ལ་དེ་ཡི་སྐད་ཅིག དེ་དྲུག་ཅུ་ལ་ཐང་གཅིག་སྟེ་ཞག་གི་དགུ་བརྒྱའི་ཆའོ། །ཐང་གཅིག་སུམ་ཅུ་ལ་ཡུད་ཙམ་གཅིག དེ་སུམ་ཅུ་ལ་ཉིན་ཞག་གཅིག དེ་སུམ་ཅུ་ཟླ་བ་གཅིག དེ་བཅུ་གཉིས་ལ་ལོ་གཅིག་སྟེ་དེས་ཚེ་དང་དུས་སོགས་ཀྱི་ཚད་འཇོག་གོ །གསུམ་པ། མིང་གི་མཐའི་ནི་ཀ་སོགས་ཡི་གེ་སིལ་བུ་འདུས་པ་ལས་ཀ་བ་ལྟ་བུའི་མིང་འབྱུང་ཡང་དེ་བརྟགས་ན་ཡི་གེ་སིལ་བུ་ཉིད་དེ། དཔེར་ན་སྤུ་དང་དེ་གྲུབ་པས་ཐག་པ་དང་སྤུ་ཉག་ལས་གཡག་རྔ་དང་རྩ་ཉག་རེ་རེ་འདུས་པ་ལས་ནེའུ་གསེང་དུ་གྲུབ་པ་བཞིན། ཀ་བ་རིང་པོ་ལྟ་བུ་མིང་ལས་དོན་ཐ་དད་སྟོན་པའི་ཚིག་འབྱུང་ཞིང་དེ་ལས་བཀའ་དང་བསྟན་བཅོས་ཀྱི་ལེའུ་དང་བམ་པོ་དང་སྡེ་ཚད་དུ་གྲུབ་པ་ཉིད་དེ། དེ་ལྟར་གྲུབ་པ་དེ་ཡང་བརྟགས་ན་མིང་དོན་མི་འབྲེལ་བར་ཡི་གེ་སིལ་བུ་ཕན་ཚུན་རང་ས་ན་གནས་པས་མ་འབྱར་བའོ། །དེའི་ཕྱིར་ཡེ་ནས་སྐྱེ་སོགས་ཀྱི་ངོ་བོར་མེད་བཞིན་སྣ་ཚོགས་སུ་འཆར་བ་མི་འགག་པས། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྤྲུལ་པ་དང་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གནས་པའི་བསྐལ་པ་བསྟན་པའི་ལེའུ་སྟེ་ལྔ་པའི་འགྲེལ་པའོ།། །། ༈ གསུམ་པ་འཇིག་སྟོང་གི་བསྐལ་པ་བཤད་པ་ལ། འཇིག་སྟོང་གི་ཚུལ་བཤད་པ་དང་། དེ་ལས་བརྩམས་ཏེ་ཐར་པར་བསྐུལ་བ་གཉིས། དང་པོ་ལ། འཇིག་པ་དང་། སྟོང་པ་གཉིས། དང་པོ་ལ། འཇིག་པའི་ཐོག་མ་ངོས་བཟུང་བ་དང་། ཇི་ལྟར་འཇིག་ཚུལ་དང་། འཇིག་པའི་ཡུན་བཤད་པ་གསུམ། དང་པོ། གནས་བསྐལ་རྫོགས་པའི་རྗེས་དེ་ནས་འཇིག་པའི་བསྐལ་པ་བསྟན་པ་ནི། གནས་པའི་བསྐལ་པ་རྫོགས་པའི་ཉིན་ནས་དམྱལ་བའི་འཇིག་རྟེན་དུ་སེམས་ཅན་གསར་དུ་སྐྱེ་བར་མི་འགྱུར་བ་གང་ཡིན་པ་དེ་ནི་འཇིག་པའི་ཐོག་མ་དང་པོ་དེ་ནས་འཇོག་པ་སྟེ། གང་དག་དམྱལ་བར་འགྲོ་བའི་ལས་བསགས་པ་རྣམས་ནི་ཞིང་གཞན་གྱི་དམྱལ་བར་འགྲོ་ཡི། འདིའི་དམྱལ་བར་གསར་དུ་སྐྱེ་བ་ཆོས་ཉིད་ཀྱིས་མི་སྲིད་པ་ཡིན་ནོ། །གཉིས་པ་ལ། བཅུད་འཇིག་པ་དང་། སྣོད་འཇིག་པ་གཉིས། དང་པོ་ལ། ངན་སོང་དང་། མཐོ་རིས་གཉིས། དང་པོ། དེའི་དུས་སུ་དམྱལ་བ་དེ་ནས་ལས་ཟད་པ་རྣམས་ནི་མཐོ་རིས་སུ་སྐྱེ་བར་འགྱུར་ཞིང་། དམྱལ་བ་མྱོང་ངེས་ཀྱི་ལས་མ་ཟད་པ་རྣམས་འཇིག་རྟེན་གཞན་དག་གི་དམྱལ་གནས་རྣམས་སུ་འཕོ་བར་འགྱུར་བ་ཡིན་ལ་དེ་ལྟར་གྱིས་དམྱལ་བ་མས་ནས་སྟོང་ཞིང་། དེ་བཞིན་དུ་ཡི་དྭགས་དང་དུད་འགྲོ་རྣམས་ཀྱང་དེ་དང་མཚུངས་ཏེ། ངན་སོང་གསུམ་ན་སེམས་ཅན་གཅིག་ཀྱང་མེད་པར་འགྱུར་རོ། །གཉིས་པ་ལ། མི་དང་། ལྷ་གཉིས། དང་པོ། མི་ཡི་འཇིག་རྟེན་གླིང་བཞིའི་འཇིག་ཚུལ་ཡང་། སྒྲ་མི་སྙན་པ་རྣམས་ཆོས་ཉིད་ཀྱིས་སུམ་ཅུ་རྩ་གསུམ་དུ་སྐྱེ་བར་འགྱུར་ཞིང་། གླིང་གཞན་གསུམ་མཚུངས་པར་བསམ་གཏན་གྱི་སེམས་སྐྱེ་བ་ནི། རྒྱུ་གང་གིས་ན། འཛམ་གླིང་གི་མི་ཞིག་ལ་སློབ་དཔོན་མེད་པར་ཆོས་ཉིད་ཀྱིས་བསམ་གཏན་གཉིས་པའི་ཏིང་ངེ་འཛིན་ཐོབ་ནས་དེས་གཞན་ལ་བསྒྲགས་པ་ནི། འདོད་ཉིན་གྱིས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་དང་ཞི་བ་ནི་འདི་ཡིན་ནོ། །ཞེས་སྨྲས་པས་སྒྲ་དེས་ཚེགས་མེད་པར་འཛམ་གླིང་ཁྱབ་ཅིང་མི་རྣམས་ཀྱང་དེའི་རྗེས་སུ་བསླབས་པས་ཏིང་འཛིན་སྐྱེས་ནས་འོད་གསལ་གྱི་ལྷར་སྐྱེས་ཏེ་འཛམ་གླིང་སྟོང་པ་ན། ཤར་དང་། ནུབ་ཀྱང་དེ་བཞིན་ཏེ་མདོར་ན་གླིང་གསུམ་དུ་བསྒྲགས་པའི་ཚེ་མི་རྣམས་ཀུན་གྱིས་བསམ་གཏན་གཉིས་པ་ཐོབ་ནས་ཤི་འཕོས་ཏེ་འོད་གསལ་གྱི་ལྷར་སྐྱེས་ཏེ་གླིང་རྣམས་སྟོངས་པ་ན་གླིང་ཕྲན་རྣམས་ཀྱང་དེ་དང་འདྲ་བར་སྟོངས་པར་འགྱུར་བ་ཡིན་ནོ། །གཉིས་པ་ལ། འདོད་ལྷ་དང་། གཟུགས་གཉིས། དང་པོ། དེ་བཞིན་དུ་འདོད་ཁམས་ཀྱི་ལྷ་རྣམས་ཀྱིས་ཀྱང་ཆོས་ཉིད་ཀྱིས་བསམ་གཏན་གཉིས་པ་ཐོབ་ནས་སྒྲ་བསྒྲགས་པ་སོགས་ཀྱིས་འོད་གསལ་དུ་སྐྱེས་པའི་ཚེ་འདོད་ཁམས་རིམ་པས་སྟོངས་ཞེས་བྱའོ། །གཉིས་པ། དེ་ནས་གཟུགས་ཁམས་འཇིག་པའང་དེ་བཞིན་ཏེ། ཆོས་ཉིད་ཀྱིས་བསམ་གཏན་གཉིས་པ་ཐོབ་ཅིང་དེ་ཐོབ་པར་བསྒྲགས་པའི་སྒྲ་ཐོས་ནས་བསམ་གཏན་གཉིས་པ་བསྒྲུབས་པས་ཚངས་པའི་ལྷ་རྣམས་ཀུན་ཀྱང་འོད་གསལ་གྱི་ལྷར་སྐྱེས་ཏེ་ཚངས་གནས་རྣམས་སྟོངས་པར་གྱུར་པ་ཡིན་ནོ། །གཉིས་པ་སྣོད་ལ། རྒྱུ་གང་གིས་འཇིག་དང་། ཇི་ལྟར་འཇིག་པའི་ཁྱད་པར་གཞན་བསྟན་པ་གཉིས། དང་པོ། བཅུད་སྟོང་པའི་རྗེས་དེ་ནས་སྣོད་ཀྱི་འཇིག་རྟེན་ཇི་ལྟར་འཇིག་པ་ནི། མེ་དང་ཆུ་དང་རླུང་གིས་རིམ་པར་སྲེག་པ་དང་བཤལ་བ་དང་འཐོར་བར་བྱེད་པ་སྟེ། དེ་ཡང་དཀའ་འགྲེལ་ལས། འཇིག་བསྐལ་ནི་ཡར་སྐྱེ་མར་འགྲིབ་ཉི་ཤུ་ཉི་ཤུ་སྟེ་བཞི་བཅུ་ནས་འཇིག་ལ། དེ་ཡང་གནས་པའི་བར་བསྐལ་ཉི་ཤུ་རྫོགས་པའི་མཐར་བཅུ་པ་ནས་ཡར་འཕེལ་བར་རྩོམ་པ་ན་འཇིག་པའི་མགོ་རྩོམ་སྟེ་ངན་སོང་གསུམ་སྟོངས་ནས་མི་རྣམས་ཆོས་ཉིད་ཀྱིས་བསམ་གཏན་ཐོབ་ནས་གོང་མར་སྐྱེ་བ་སོགས་བསམ་གཏན་གསུམ་པའི་བར་རིམ་པས་སྟོངས་པ་ན། དང་པོ་མེས་ལན་བདུན་འཇིག་ཅེས་ཉི་མ་བདུན་རིམ་བཞིན་ཤར་བས་ཚངས་གནས་མན་བསྲེགས་པ་ལ་བཞེད་ཅིང་། དེའི་རྗེས་ལ་མཁའ་ལས་ཆར་གྱི་རྒྱུན་ཐེངས་བདུན་དུ་བབས་པས་བསམ་གཏན་གཉིས་པའི་ཐོག་མ་མན་ཆད་འཇིག་ལ། སྔར་བསྲེགས་པའི་ཐལ་བ་ཆུ་དང་འདྲེས་པར་གནས་སོ། །དེ་ཡི་རྗེས་ཐོག་ཏུ་རླུང་དྲག་པོ་ལན་གཅིག་ལྡང་བསམ་གཏན་གསུམ་པ་མན་ཆད་དང་སྔར་གྱི་སྐྱོ་མ་དེ་དག་ཀྱང་ཕྱོགས་བཅུར་འཐོར་ཏེ་ཅིང་ཡང་མི་སྣང་བར་བྱེད་དོ། །དེ་ལྟར་འཇིག་ཐེངས་གཅིག་ལ་མེ་ཆུ་རླུང་གསུམ་ག་འབྱུང་ཞིང་བསམ་གཏན་གསུམ་པ་མན་ཆད་འཇིག་པའི་ལུགས་ཡིན་པས་མཛོད་ཀྱིས་ལུགས་སོགས་དང་གཏན་མི་འདྲ་སྟེ། མཛོད་ལས། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་གསུངས་ལ་ལུགས་འདིར་མེ་བདུན་དང་ཆུ་བདུན་ཀྱང་རིམ་བཞིན་དུས་གཅིག་ཏུ་བྱུང་བར་འཆད་པ་ཡིན་ནོ། །ལྷ་རྒན་པོ་དག་གིས་སྔོན་ཡང་བྱུང་ཞེས་སྒྲོག་ཅེས་པ་ནི་མཛོད་སོགས་ལྟར་ན་གོང་མའི་ལྷ་རེ་རེའི་ཚེ་ལ་འཇིག་པ་དུ་མ་བྱུང་བས་ཉམས་སུ་མྱོང་བའི་དོན་དུ་འཆད། འདིར་འཇིག་རྟེན་ཆགས་འཇིག་གི་རྒྱུས་ཤེས་པ་དག་གིས་གཏམ་སྨྲ་བ་ཙམ་ལས་སྔར་མཐོང་བར་མི་འཆད་དོ། །ཞེས་སོགས་གསུངས་པ་ལྟར་ཤེས་པར་བྱ་ལ། དེ་ཡང་དང་པོར་སྣོད་སྟོང་པ་འདིར་ཉི་མ་ཤིན་ཏུ་ཚ་བ་གཅིག་གིས་ཏེ་གཅིག་ཡང་ཡང་ཤར་བས་རྩྭ་དང་ཤིང་དང་ནགས་ཚལ་ཐམས་ཅད་སྲེག དེ་ནས་ཡུན་རིང་ཞིག་ན་ཉི་མ་གཉིས་ཀྱིས་ཏེ་གཉིས་ཤར་བས་ལྟེང་{ལྡེང} ཀ་དང་ཆུ་ཀླུང་ཆུང་ངུ་མ་ལུས་པ་རིམ་པར་སྐེམ། དེ་བཞིན་དུ་ཉི་མ་གསུམ་གྱིས་ཆུ་ཀླུང་ཆེན་པོ་ཐམས་ཅད་སྐེམ། བཞི་ཡིས་མ་དྲོས་པའི་མཚོ་ཆེན་པོ་ཡང་སྐེམ་པ་སྟེ། ལྔ་ཡིས་མཐའི་རྒྱ་མཚོ་དཔག་ཚད་བརྒྱར་སྐེམས་ཤིང་དེ་ནས་རིམ་གྱིས་ཉིས་བརྒྱ་ནས་བརྒྱད་ཁྲིའི་བར་དང་མཐར་བ་ལང་གི་རྨིག་རྗེས་ཙམ་ནས་ཆུ་ཐིགས་པ་གཅིག་ཀྱང་མེད་པར་སྐེམ་པར་བྱེད་ཅིང་། དྲུག་གིས་ས་ཆེན་པོ་གངས་རི་དང་བཅས་པའང་སྲེག མཐར་བདུན་གྱིས་ཏེ་ཉི་མ་བདུན་ཤར་བས་རི་གླིང་གསེར་གྱི་ས་གཞིའི་བར་ཐམས་ཅད་ལྷག་མ་མེད་པར་སྲེག་པ་ཡིན་ནོ། །སླར་ཡང་ཐུར་དུ་འབར་བའི་མེ་དེས་དམྱལ་བའི་གཞི་ཐམས་ཅད་དུ་ཁྱབ་པས་དེ་ཡང་སྲེག་ཅིང་previous hit འབར next hit་ན། མེ་དེ་གྱེན་དུ་རླུང་གིས་རབ་ཏུ་བསྐྱོད་པ་ཡིས། བསམ་གཏན་དང་པོའི་གནས་ཚངས་པའི་གཞལ་མེད་ཁང་སྟོང་པ་རྣམས་བསྲེགས་པ་ན། འོད་གསལ་གྱི་ལྷ་ཡི་བུ་ཆུང་ངུ་རྣམས་མེ་ལ་དངངས་ཤིང་སྐྲག་པ་དང་། རྒན་པོ་དག་གིས་སྔོན་ཡང་འདི་འདྲ་བ་བྱུང་ཞེས་སྒྲོག་པ་ཐོས་པས་མ་འཇིགས་ཞེས་སྨྲ་བར་བྱེད་ལ་དེ་ལྟར་མེ་ཡིས་ལན་བདུན་བསྲེགས་པའི་རྗེས་སུ། བསམ་གཏན་གཉིས་པ་དང་གསུམ་པའི་ལྷ་རྣམས་ཀྱིས་ཀྱང་ཆོས་ཉིད་ཀྱིས་གོང་མའི་སེམས་གྲུབ་ནས་དགེ་རྒྱས་སོགས་སུ་གོང་བཞིན་སྐྱེ་བར་འགྱུར་ལ། དེ་ནས་ནམ་མཁའ་ལས་ཆར་ལན་བདུན་བབས་པས་སྟོང་གསུམ་ཁྱབ་པ་ལས། བསམ་གཏན་གཉིས་པ་མན་ཆད་ལན་ཚྭ་ཆུར་ཞུ་བར་ལྟར་ཞིག་པར་འགྱུར་ཞིང་། སྔར་མས་བསྲེགས་པའི་ཐལ་བ་ཆུ་དང་འདྲེས་པར་གནས་སོ། །དེ་ནས་སྔར་གྱི་ཆུས་སྦྱངས་པའི་སྐྱོ་མ་དེ་དགས་རླུང་གིས་ཕྱོགས་བཅུར་གཏོར་བ་ཡིས་བསམ་གཏན་གསུམ་པ་མན་ཆད་ཞིག་པར་འགྱུར་ཏེ། རྡུལ་ཕྲན་ཆ་མེད་དུ་བག་ལ་ཞ་ནས་མཁའ་དབྱིངས་གཅིག་ཏུ་འཁྱིལ་ནས་ཅི་ཡང་བལྟར་མེད་པའི་རང་བཞིན་སྟོང་པ་གཅིག་ཏུ་གནས་སོ། །གཉིས་པ། དེ་ལྟར་འཇིག་མི་འཇིག་གི་རྒྱུ་མཚན་ཡང་བསམ་གཏན་གསུམ་པོ་ན་རིམ་པ་བཞིན་དུ། བསམ་གཏན་དང་པོ་མན་ཆོད་དུ་རྟོག་དཔྱོད་མེ་འདྲ་བ་དང་། གཉིས་པར་བསམ་གཏན་གྱི་དགའ་བདེ་ཆུ་དང་འདྲ་བ་དང་། གསུམ་པ་ན་དབུགས་ཀྱིི་འབྱུང་རྔུབ་གཡོ་འགུལ་རླུང་དང་འདྲ་བ་སྟེ་སྐྱོན་གསུམ་དང་མཚུངས་པར་ལྡན་པས་རིམ་པར་འབྱུང་བ་མེ་ཆུ་རླུང་གསུམ་གྱིས་འཇིག་པར་བྱེད་པ་ཡིན་ནོ། །དེས་ན་རྣལ་འབྱོར་པ་ལ་ཡང་བསམ་གཏན་དེ་དང་འདྲ་བར་འབྱུང་བས་གནོད་མི་གནོད་མི་གནོད་ཀྱང་ཤེས་ལ། དེ་ཡང་སེམས་སེམས་བྱུང་གི་རྟོག་པ་མ་འགགས་པར་འགྱུ་བ་རང་ས་ན་གནས་ཏེ་ཚོར་བ་དགའ་མི་དགའ་དང་རླུང་འགྱུ་བ་མ་དག་གཞིན་སངས་རྒྱས་ཀྱི་དགོངས་པའི་ངང་ལ་གནས་པར་འདོད་པ་ནི། འཇིག་རྟེན་པའི་བསམ་གཏན་ཡང་མ་གྲུབ་ན། འཇིག་རྟེན་ལས་འདས་པ་འགྲུབ་རེ་སྐན། དེས་ན་བསམ་གཏན་ཐོབ་པས་བྱུང་ཚོར་གྱི་འདུ་ཤེས་པས་སེམས་སེམས་བྱུང་གི་འཇུག་པ་བཞི་དགོས་པའི་གནད་འདི་ལ་ཐུག་པ་ཡིན་ནོ། །བསམ་གཏན་བཞི་པ་ན་སྐྱོན་དེ་གསུམ་མེད་པས་འབྱུང་བ་གཞན་གྱིས་མི་འཇིག་ཀྱང་། རང་རང་གི་ལས་ཀྱིས་གནས་རིས་དེ་ནས་གཞན་དུ་འཆི་འཕོ་བར་སྣང་བས་རྟག་པ་མིན་ནོ། །འབྱུང་བ་གཞན་གཉིས་ཀྱིས་མི་འཇིག་པ་ཅི་སྙམ་ན། ནམ་མཁའ་ནི་གོ་འབྱེད་པའི་ཆ་ཙམ་ལས་འཇིག་བྱེད་དུ་ཡེ་ནས་མེད་ལ། ས་ཡིས་མི་འཇིག་སྟེ་གཞིག་བྱའི་ཡུལ་ལམ་སྣོད་ཀྱི་རང་བཞིན་དུ་སྐྱེས་ཀྱི་འཇིག་བྱེད་དུ་མ་སྐྱེས་པའི་ཕྱིར་ནའོ། །དེ་ཡང་བསམ་གཏན་གྱི་གནས་གང་འཇིག་ཀྱང་མ་འཇིག་པའི་སྔོན་དུ་དེ་ཡི་ལྷ་རྣམས་ནི་གོང་མར་སྐྱེ་བ་ཆོས་ཉིད་ཀྱིས་ལགས་པར་ཏེ་ཡིན་པར་གསུངས་པ་ནི། ལུང་ལས། དགེ་སློང་དག་འདི་ལྟ་སྟེ་དཔེར་ན་བསམ་གཏན་གྱི་གནས་དག་འཇིག་པའི་སྔོན་རོལ་དུ་ལྷ་དེ་དག་དགེ་རྒྱས་དང་འབྲས་བུ་ཆ ེ་བའི་བར་དུ་འཕོ་བ་ལྟར། དགེ་བ་བཅུ་ལེགས་པར་སྤྱོད་པ་དག་གི་ལུས་བོར་ཏེ་རྣམ་པར་ཤེས་པ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ཡིན་ནོ། །ཞེས་སོ། །གསུམ་པ་ཡུན། དེ་ལྟར་འཇིག་པའི་མགོ་བརྩམས་ནས། མཐར་ཞིག་པར་གྱུར་པ་ཡི་བར་དུ་བར་བསྐལ་ཉི་ཤུ་ཡོད་པའོ། །གཉིས་པ་སྟོང་བསྐལ་ཞར་བྱུང་བཅས་པ་ནི། དེ་ལྟར་ཞིག་ནས་སྟོངས་ཏེ་ནམ་མཁའ་གཅིག་གི་ངང་དུ་གནས་པ་ནི་འདུས་བྱས་འདུས་མ་བྱས་ཀྱི་དབྱིངས་སུ་གནས་པ་སྟེ། གཟུགས་སྐུ་ཆོས་སྐུའི་དབྱིངས་སུ་ཞི་བའི་མཚོན་བྱེད་དུ་བྱུང་བའོ། །སྟོང་པའི་ཚད་ནི་བར་བསྐལ་ཉི་ཤུའི་ཡུན་དང་མཉམ་པ་ཡིན་ལ་དེ་ནས་སླར་ཡང་འཇིག་རྟེན་གྱི་ཁམས་གཅིག་གསར་དུ་ཆགས་པའི་མགོ་རྩོམ་མོ་སྟེ་རྩོམ་པར་བྱེད་དོ། །གཉིས་པ་ཐར་པར་བསྐུལ་བ་ནི། དེ་ལྟར་ཕུན་སུམ་ཚོགས་པའི་བཀོད་པ་ཐ་དད་པར་སྣང་བའི་འཇིག་རྟེན་འདི་ཡང་མི་བརྟན་པར་ཞིག་ནས་མེད་པར་འགྱུར་བའི་སྐབས་ཡོད་ན། རང་གི་ཚེ་ལ་ཡིད་བརྟན་མེད་པས་སྲིད་པ་ལ་དགའ་བའི་རང་བཞིན་དེ་སྤོངས་ལ། ཞི་བདེ་གཏན་དུ་ཐར་པའི་མཆོག་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ་འབད་པར་མཛོད་ཅིག་ཅེས་རྗེས་སུ་གདམས་པའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཇིག་པ་དང་སྟོང་པའི་བསྐལ་པ་བསྟན་པའི་ལེའུ་སྟེ་དྲུག་པའི་འགྲེལ་པའོ།། །། ༈ གཉིས་པ་འཇིག་རྟེན་དེའི་བདེ་སྡུག་སྣང་ཚུལ་ལ། མཚམས་སྦྱོར་བའི་ཚུལ་གྱིས་མདོར་བསྟན། དེ་དག་གི་རང་བཞིན་རྒྱས་པར་བཤད། སྡུག་བསྔལ་གསུམ་བསྟན་ཏེ་བཤད་པའི་མཇུག་བསྡུ་བའོ། །དང་པོ། གོང་དུ་བཤད་པ་དེ་ལྟར་སྣོད་བཅུད་ཀྱི་རང་བཞིན་ཇི་ལྟ་བ་བསྟན་པ་ལས། ད་ནི་དེ་ཡི་བདེ་བ་དང་སྡུག་བསྔལ་དང་བདེ་སྡུག་སྤེལ་མའི་སྣང་ཚུལ་བཤད་པ་ནི། དེ་ཡང་འགྲོ་བ་དྲུག་པོ་རང་རང་གི་ལས་ཀྱིས་བདེ་སྡུག་སོ་སོར་མྱོང་བ་ཡིན་ཏེ། དགེ་བས་བདེ་འགྲོ་ཡི་རྟེན་དང་གཞན་ཡང་བདེ་བ་ཐམས་ཅད་དང་། མི་དགེ་བས་ངན་འགྲོ་དང་སྡུག་བསྔལ་ཐམས་ཅད་བསྐྱེད་དོ། །དགེ་སྡུག་སྤེལ་མས་ནི་བདེ་སྡུག་འདྲེས་མར་མྱོང་བ་སྟེ། དེ་ནི་ལུས་ཚུལ་སྣ་ཚོགས་པའི་དབང་གིས་ད་ལྟའི་སེམས་ཅན་གྱི་བདེ་སྡུག་སྣ་ཚོགས་པ་མངོན་དུ་སྣང་བ་ཡིན་ནོ། །གཉིས་པ་ལ་ཁམས་གོང་མའི་རང་བཞིན་དང་། འདོད་པའི་རང་བཞིན་གཉིས། དང་པོ་ལ། བདེ་བ་ཡོད་ཚུལ་དང་། སྡུག་བསྔལ་ལས་མ་འདས་ཚུལ་གཉིས། དང་པོ། འདི་ལྟར་བསམ་གཏན་བཞི་དང་གཟུགས་མེད་པ་བཞིའི་ཁམས་ན་ཡང་། རྒྱུ་བསམ་གཏན་དང་དགེ་བས་བསྐྱེད་པའི་འབྲས་བུ་བསམ་གཏན་གྱི་ཞི་བའི་བདེ་བ་དང་། ཚེ་རིང་པོ་བསྐལ་པར་གནས་པ་དེ་ལྟ་བུ་ཡོད་ཀྱང་ཞེས་སོ། །གཉིས་པ། འོན་ཀྱང་འདུ་བྱེད་ཟག་བཅས་འཁོར་བའི་ཆོས་ཡིན་པའི་ཕྱིར་རྟག་པ་མེད་དེ། སྔོན་གྱི་མི་དགེའི་ལས་ཀྱི་དབང་གིས་གནས་རིས་དེ་ནས་ཚེ་འཕོ་བའི་སེམས་མངོན་དུ་གྱུར་པའི་ཚེ། ཕྱི་མའི་གནས་རིས་མངོན་ཤེས་ཀྱིས་མཐོང་ནས་དེ་ལ་སེམས་སྐྲག་པའི་སྡུག་བསྔལ་དང་ལྡན་པ་ཡིན་ནོ། །གཉིས་པ་འདོད་ཁམས་ལ་བསྟན་བཤད་གཉིས། དང་པོ། འདོད་པའི་ཁམས་ནའང་ལས་སྣ་ཚོགས་པའི་དབང་གིས་བདེ་བ་དང་སྡུག་བསྔལ་སྣ་ཚོགས་པ་དང་ལྡན་པ་ཡིན་ཏེ། ཞེས་སོ། །གཉིས་པ་ལ་ངན་འགྲོ་དང་། བདེ་འགྲོ་གཉིས། དང་པོ་ལ། སྡུག་བསྔལ་དང་། བདེ་བ་ཡོད་ཚུལ་གཉིས། དང་པོ། སེམས་ཅན་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་འཇིག་རྟེན་ན། སྔོན་རང་རང་གི་མི་དགེས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་བ་ནི། རིམ་པར་ཚ་གྲང་དང་བཀྲེས་སྐོམ་དང་གསོད་གཅོད་བརྡེག་འཚོག་སོགས་བཟོད་པར་དཀའ་བ་རང་རང་གི་ལས་མ་རྫོགས་པར་ཡུན་རིང་དུ་མྱོང་བར་འགྱུར་བའོ། །གཉིས་པ་ནི། གནས་རིས་དེ་རྣམས་སུ་ཡང་རང་རང་གི་སྔོན་གྱི་དགེ་བས་བསྐྱེད་པའི་བདེ་བའི་འབྲས་བུ་ནི། ཡི་དྭགས་ན་ཡང་ཟས་སོགས་རྙེད་པ་དང་། དམྱལ་བ་སོགས་སམ་ནད་ཀྱིས་ཉེན་པ་ན་བར་སྐབས་ཅུང་ཟད་བདེ་བ་དང་། ཉི་ཚེ་བ་དང་ཀླུ་སོགས་ཀྱང་ཉིན་མཚན་དང་སྔ་དྲོ་ཕྱི་དྲོ་སོགས་འགྱུར་ཏེ་བདེ་བར་སྣང་བ་དང་བར་འགའ་སྡུག་བསྔལ་ཆུང་བ་དང་། རྒྱལ་བ་དང་དེའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་འོད་བཀྱེ་བས་སྡུག་བསྔལ་ཞི་བར་འགྱུར་བ་གང་ཡིན་པ་དེ་ཡང་། རྐྱེན་སངས་རྒྱས་ཀྱི་འོད་ཡིན་ཡང་རྒྱུ་དེའི་བདེ་བ་བསྐྱེད་པའི་རང་གི་ལས་ཀྱི་འབྲས་བུ་སྟེ། འདི་ལྟར་བདེ་སྡུག་གཉིས་དུས་གཅིག་ལ་ཕན་ཚུལ་སྤེལ་མར་སྣང་བ་ནི་རང་རང་གི་ལས་ལས་གྱུར་པ་ཡིན་ནོ། །གཉིས་པ་བདེ་འགྲོ་ལ། མི་དང་། ལྷ་མིན། ལྷ་གསུམ། དང་པོ་ལ། བདེ་བ་དང་། སྡུག་བསྔལ་གཉིས། དང་པོ། འདི་ལྟར་མི་ཡི་འགྲོ་བ་རྣམས་ལ་ཡང་གནས་དང་ལོངས་སྤྱོད་དང་འཁོར་དང་གྲགས་པ་དང་འབྱོར་བ་དང་ཚེ་རིང་བ་དང་ནད་མེད་པ་སོགས་བདེ་བའི་ཆར་སྣང་བ་རྣམས་ནི་དགེ་འབྲས་རྣམ་པ་སྣ་ཚོགས་སུ་སྣང་བའོ། །གཉིས་པ། རྟེན་དེ་ལ་སྡུག་བསྔལ་ཡང་ནི་སྐྱེ་བ་དང་རྒ་བ་དང་ན་བ་འཆི་བ་དང་། བཤེས་བྱམས་པ་དང་བྲལ་བ་དང་དགྲ་སྡང་བ་དང་འཕྲད་ཅིང་མི་འདོད་པ་ཐོག་ཏུ་བབ་པ་དང་། གཉེན་ཤི་བ་སོགས་ཀྱིས་སྡུག་བསྔལ་བ་དང་འབྱོར་པ་རྒུད་ཅིང་བྲེལ་ཞིང་ཕོངས་པས་ཉེན་པ་དང་། གཞན་གྱིས་མི་བསྔགས་པ་སྟེ་གཏམ་ངན་བརྗོད་པ་དང་ཚ་གྲང་དང་བཀྲེས་སྐོམ་ལ་སོགས་པ་སྣ་ཚོགས་མང་པོ་དང་ལྡན་པའི་སྡུག་བསྔལ་བཟོད་པར་དཀའ་བ་རྣམས་དང་ལྡན་ཏེ། དེ་ཀུན་ཀྱང་རང་གི་འཁྲུལ་པའི་སྣང་བ་སྟེ་རྒྱུ་ལས་དང་ཉོན་མོངས་པ་ལས་གྱུར་པའོ། །གཉིས་པ་ལྷ་མིན་ལ། སྡུག་བསྔལ་དང་། བདེ་བ་གཉིས། དང་པོ། ལྷ་མིན་རྣམས་ལའང་རང་བཞིན་གྱིས་ཕྲག་དོག་ཆེ་བས་ལྷ་ཡི་དཔལ་ལ་སྡང་བའི་ཕྱིར་རྒྱུད་འཁྲུགས་པ་དང་ཡིད་མི་བདེ་བ་དང་། ལྷ་མ་ཡིན་ཕན་ཚུན་གཅིག་གིས་གཅིག་གི་བདེ་བ་ལ་མི་བཟོད་པས་འཚེ་ཞིང་རྒྱུད་མ་དུལ་བས་མི་བསྲུན་པའི་རང་བཞིན་རྩུབ་པ་སྟེ་དེ་སོགས་སྡུག་བསྔལ་མང་པོ་དང་ལྡན་པ་ཡིན་ནོ། །གཉིས་པ། དགེ་འབྲས་ཀྱིས་མེ་ཏོག་གི་ཕྲེང་བ་ནོར་བུའི་དྲྭ་བས་བཅིངས་ཤིང་བརྒྱུས་པ་སོགས་ལོངས་སྤྱོད་སྣ་ཚོགས་པས་འབྱོར་བའི་སྐྱེད་མོས་ཚལ་དང་། བདུད་རྩིའི་ཁ་ཟས་དང་། ཁང་བརྩེགས་དང་། རྟ་གླང་བཞོན་པ་སོགས་བདེ་མང་ཡུན་རིང་སྤྱད་ཀྱང་དེས་ངོམས་པར་གྱུར་པ་ནི་མེད་དོ། །གསུམ་པ་ལྷ་ལ། སྤྱི་དང་། བྱེ་བྲག་གཉིས། དང་པོ་ལ། བདེ་བ། སྡུག་བསྔལ་གཉིས། དང་པོ། སྡུག་བསྔལ་གཉིས། དང་པོ། གཞན་འཕྲུལ་དབང་བྱེད་ལ་སོགས་པའི་འདོད་ལྷ་དྲུག་གི་གནས་ན་ཡང་། གོང་དུ་སྨོས་པ་ལྟར་དགེ་འབྲས་བདེ་བ་མང་ཞིང་ལྷ་ཡི་འབྱོར་པས་ཉམས་དགའ་བར་གྱུར་ཡང་ཞེས་སོ། །གཉིས་པ། དེའི་ལས་ཟད་པ་ན་རྨི་ལམ་སད་པ་བཞིན་དུ་དེ་དག་སྤངས་ནས་སྐྱབས་མེད་པར་འཇིག་རྟེན་གཞན་དུ་འགྲོ་དགོས་ལ། དེའི་ཚེ་འཆི་འཕོ་དང་ལྟུང་བའི་སྡུག་བསྔལ་ནི་དཔག་ཏུ་མེད་པ་དང་ལྡན་ནོ། །གཉིས་པ་བྱེ་བྲག་ལ། བདེ་བ་དང་། སྡུག་བསྔལ་གཉིས་ལས། དང་པོ། ཁྱད་པར་དུ་རི་རབ་ཀྱི་རྩེར་གནས་པའི་ལྷ་རྣམས་ཀྱིས་དགེ་བའི་ལས་མཐུན་པར་བསགས་པས་བསྐྱེད་པའི་འབྱོར་པ་དང་བདེ་བ་རབ་ཏུ་མང་པོ་དང་ལྡན་ཏེ། དེ་ཡང་གྲོང་དང་སྐྱེད་ཚལ་དང་རྡོ་ལེབ་དང་ཤིང་ཆེནདང་། དབང་པོའི་བཙུན་མོ་འཁོར་དུ་མས་བསྐོར་བ་དང་། དབང་པོའི་བུ་སྟོང་ཤིན་ཏུ་དཔའ་བ་དང་། མེ་ཏོག་གིས་མགོར་བརྒྱན་པའི་ལྷ་མོ་རྣམས་ཀྱིས་གང་བ། བྱ་བ་ཅི་ཡང་ཤེས་པའི་ཅང་ཤེས་མཐོན་ཀ་སྤྲིན་གྱི་བཞོན་པ་བསྐྱོད་པ་དང་འདྲ་བས་སྤྲིན་གྱི་ཤུགས་འཆང་སྟེ་རྟ་ཡི་མཆོག་དང་། རབ་ཏུ་བརྟན་པའི་གླང་པོ་ཆེ་ས་སྲུང་གི་བུ་མཛེས་པ་ཉིད་ཀྱི་མགོ་བོ་སུམ་ཅུ་རྩ་གསུམ་གྱི་སྟེང་ཉེ་དབང་དབང་པོ་དང་བཅས་པ་རོལ་ཞིང་། རྩེ་དགའི་དུས་སྟོན་ཉིན་མཚན་ཕྱེད་པ་དེ་བར་མེད་དུ་སྤྱོད་པར་བྱེད་དོ། །གཉིས་པ་ལ། སྡུག་བསྔལ་སྤྱིར་བསྟན་པ་དང་། འཐབ་རྩོད་ཀྱི་སྡུག་བསྔལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། དེ་ན་སྡུག་བསྔལ་ཡང་ནི་འཆི་འཕོ་ལྟུང་བ་དང་། ལྷ་མིན་རྣམས་དང་འཐབ་རྩོད་ཀྱིས་གཡུལ་འགྱེད་པར་བྱེད་དོ། །གཉིས་པ། དེ་ལྟར་རྩོད་པའི་རྒྱུ་ནི་གསུམ་སྟེ་འཛམ་བུ་གླིང་པས་ལས་དགེ་སྡིག་སྟོབས་ཆེན་པོ་བས གས་པ་དང་ནི། དཔག་བསམ་གྱི་ཤིང་རྩ་བ་ལྷ་མིན་གྱི་གནས་སུ་ཡོད་པས་དེའི་ཕྱིར་རྩོད་པ་དང་། ལྷ་རྣམས་ལྷ་མིན་གྱི་བུ་མོ་ལ་ལྟད་མོ་ལྟ་བ་ལས་དེ་དག་ཕྲག་དོག་པར་གྱུར་ནས་རྩོད་པའོ། །དེ་ལྟར་རྒྱུ་ཚོགས་པའི་ཚེ། དགའ་བོ་དང་ཉེར་དགའ་ལ་སོགས་པའི་དཀར་ཕྱོགས་ཀྱི་ཀླུ་དག་དང་དེ་བཞིན་དུ་ཧུ་ལུ་དང་ཧུ་ལུ་ཀ་ཆེན་པོ་སོགས་ནག་པོ་ཡི་ཀླུ་རྣམས་འཐབ་པ་དང་དེའི་རྗེས་སུ་བར་སྣང་གི་ལྷ་བྲན་རྣམས་དཀར་ནག་སོ་སོའི་ཕྱོགས་བཟུང་ནས་དང་པོར་འཁྲུགས་པ་སྟེ། དེ་དག་རང་རང་གི་ཕྱོགས་སམ་སྲིད་དང་སྡེ་རིས་དང་བཅས་རྩོད་ཅིང་དམག་འགྱེད་པར་བྱེད་པ་ཡིན་ཏེ། དང་པོར་དཀར་ཕྱོགས་ཀྱི་ཀླུ་མཆོག་བརྒྱད་དང་ནག་པོ་ཡི་ཀླུ་རྣམས་གཡུལ་འགྱེད་པ་ན་བར་སྣང་གི་ལྷས་ཀླུའི་དམག་གི་རྒྱབ་དཔུང་གནོན་པར་བྱེད་དོ། །དེའི་ཚེ་ལྷ་མིན་གྱི་སྒྲ་གཅན་འཁྲུགས་ཏེ་རྩོད་པ་ལས་ལྷ་རྣམས་ཕམ་པར་གྱུར་པ་དེ་ཡི་ཚེ་ཀླུ་དང་བར་སྣང་གི་ལྷས་སྦྲན་པས་རྒྱལ་ཆེན་རིས་བཞིའི་ལྷ་མཆོག་རྣམས་ལྷགས་ཏེ་ལྷ་མིན་ཕམ་པ་ན། དཀར་འཕྲེང་གནས་ནས་དང་འགུལ་འཕྲེང་གི་ལྷ་མིན་རྣམས་ཀྱིས་འཁྲུགས་པ་འགྱེད་པ་ལས། ལྷ་མིན་ཕམ་པར་གྱུར་པའི་ཚེ་ཐགས་བཟང་རིས་སྦྲན་པས། དེ་ཁྲོས་ནས་རྐང་པ་ས་ལ་བསྡབས་པའམ་བསྐྱོད་པ་ཡིས། རི་རབ་ཀྱང་འགུལ་བའི་ཚེ་དེའི་ལྟས་སུ་རིག་ནས། དབང་པོ་བརྒྱ་བྱིན་ཉེ་དབང་གི་འཁོར་དང་བཅས་པ་རྩུབ་འགྱུར་གྱི་ཚལ་དུ་སོང་སྟེ་གོ་ཆ་སྲ་བ་དག་རབ་ཏུ་བགོས་ཤིང་མཚོན་བླངས་ཏེ། གཡུལ་གྱི་གླང་པོ་ཆེ་རབ་བརྟན་གྱི་བཞོན་པ་དང་ལྷ་ཡི་དཔུང་དང་བཅས་རི་རབ་ཀྱི་ཆུ་མཚམས་ལ་ཐུག་པར་བསུ་བའི་ཚུལ་ལས། ལྷ་མིན་དང་གཡུལ་འགྱེད་པའི་ཚེ་ན་ཕན་ཚུན་དུ་རི་རབ་འཕེན་ཞིང་སྒྲ་གཅན་གྱི་མིག་གིས་མི་བཟོད་པས་ཉི་ཟླ་ལག་པས་འཛིན་ཅིང་བསྒྲིབས་སོ། །དེའི་ཚེ་ལྷ་རྣམས་ལྷ་མིན་ལས་གྱེན་དུ་མི་འགྲེང་བདུན་ཙམ་དུ་འཕགས་པ་ནི་རབ་དཀར་བསོད་ནམས་ཀྱི་སྟོབས་ལས་གྱུར་པ་ཡིན་ནོ། །དེ་ལྟར་འཐབ་པས་ལྷ་མིན་གྱི་དཔུང་རྣམས་རྒྱལ་ན་གྱེན་དུ་བདས་ཏེ་རི་རབ་ཀྱི་རྩེར་སོན་ཞིང་ལྷ་རྣམས་ཀྱི་གྲོང་ཁྱེར་ལྟ་ན་སྡུག་གི་སྒོ་འཕར་ཞག་བདུན་དུ་གཅོད་ནས་འདུག་གོ །ལྷ་མིན་རྣམས་ཕམ་པར་གྱུར་ན་ལྷ་ཡི་དཔུང་གིས་ཕྱིར་བདས་དེ་གསེེར་གྱི་ས་གཞིའི་སྟེང་གི་ལྷ་མིན་གྱི་གྲོང་ཁྱེར་གསེར་ལྡན་གྱི་སྒོ་འཕར་ཞག་བདུན་དུ་བཅད་དེ་གནས་པ་ཡིན་ནོ། །དེ་ལྟར་ཞག་བདུན་པ་སོང་བ་ན་ན མ་མཁའ་ནས་གང་ཕམ་པ་དེ་ཉིད་རྒྱལ་བ་གྱུར་ཅིག གང་རྒྱལ་བ་དེ་ཕམ་པར་གྱུར་ཅིག ཟེར་བའི་སྒྲ་གྲགས་པའི་རྐྱེན་གྱིས་དམག་རྣམས་སོ་སོའི་གནས་སུ་གྱེས་ཏེ་རང་རང་བདེ་བར་འཁོད་པ་ཡིན་ནོ། །དེ་ལྟར་ལྷ་དང་ལྷ་མིན་གཉིས་པོ་ཕན་ཚུན་རྩོད་པ་ལས་བྱུང་བའི་སྡུག་བསྔལ་མང་པོ་དང་ལྡན་ཏེ་སྡར་མ་རྣམས་འབྲོས་པའམ་བྱེར་ཞིང་། སྒྲ་གཅན་མཐོང་བ་སོགས་ཀྱིས་བརྒྱལ་བར་གྱུར་པ་སོགས་སྙིང་གས་སྙམ་བྱེད་པའི་མྱ་ངན་དང་མཚོན་གྱིས་རྨས་པ་སོགས་ཀྱི་སྡུག་བསྔལ་ཆེན་པོ་སྐྱེ་བ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། སྔར་སྨོས་པ་དེ་དང་འདྲ་བའི་འཁོར་བ་ནི་བཟོད་པར་དཀའ་བ་སྡུག་བསྔལ་ཆེ་བས་མེ་ཡི་འོབས་དང་འདྲ་བ་དེ་ལས། བློ་དང་ལྡན་པ་རྣམས་ཀྱིས་ངེས་པར་ཐར་པ་བྱང་ཆུབ་བསྒྲུབ་པ་ལ་བརྩོན་པར་བྱ་དགོས་སོ། །ཅིའི་ཕྱིར་ན། འཁོར་བའི་གནས་འདི་ན་ཡིད་བརྟན་དུ་རུང་བ་འགའ་ཡང་མེད་དེ། གནས་སྐབས་སུ་བདེ་བར་སྣང་ཡང་འགྱུར་བའི་སྡུག་བསྔལ་གྱི་རང་བཞིན་ཉིད་ཡིན་ལ། གཏན་དུ་འདུ་བྱེད་ཀྱི་སྡུག་བསྔལ་ཡོད་པས་གཅིག་ནས་གཅིག་ཏུ་འཁོར་བ་ཟོ་ཆུན་གྱི་འཁྱུད་མོ་དང་འདྲ་སྟེ། དེ་ལྟར་སྡུག་བསྔལ་གསུམ་ལས་མ་འདས་པ་དེ་ཡི་ཕྱིར་འཁོར་བ་དེ་ལས་ཐར་བའི་ཕྱིར་བརྩོན་པ་བསྐྱེད་འཚལ་ལོ། །ཐེག་པ་ཆེན་པོའི་མན་ངན་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྣོད་བཅུད་ཀྱི་བདེ་སྡུག་བསྟན་པའི་ལེའུ་སྟེ་བདུན་པའི་འགྲེལ་པའོ།། །། ༈ རྡོ་རྗེའི་གནས་གཉིས་པ་མྱང་འདས་ཀྱི་རང་བཞིན་བླང་བྱར་བསྟན་པ་ལ། སྦྱོང་བྱེད་ལམ་བཤད་པ་དང་། སྦྱངས་པའི་འབྲས་བུ་བཤད་པ་གཉིས། དང་པོ་ལ། ལམ་དངོས་དང་། ལམ་དེ་ཇི་ལྟར་བགྲོད་པའི་ཚུལ་གཉིས། དང་པོ་ལ། ཐོས་པ་དང་། བསམ་པ་དང། སྒོམ་པ་གསུམ། དང་པོ། གང་ལས་ཐོས་པར་བྱ་བའི་ཡུལ། ཇི་ལྟར་ཐོས་པར་བྱ་བའི་ཚུལ། ཐོས་པ་དངོས་ཀྱི་དོན་གཏན་ལ་དབབ་པ་གསུམ། དང་པོ་ལ། མཐུན་ཕྱོགས་དགེ་བའི་བཤེས་གཉེན་བསྟེན་པར་གདམས་པ་དང་། མི་མཐུན་ཕྱོགས་སྡིག་གྲོགས་སྤང་བར་གདམས་པ་གཉིས། དང་པོ་ལ། མཚམས་སྦྱར་ཏེ་མདོར་བསྟན་པ་དང་། དེ་རྒྱས་བཤད་གཉིས། དང་པོ། འཁོར་བའི་རང་བཞིན་སྤང་བྱར་ཤེས་པའི་རྗེས་དེ་ནས་ཐར་དཀའ་གཏིང་ཟབ་གནོད་པ་དུ་མའི་གནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་དེ་ལས་བརྒལ་བར་བྱ་བའི་ཕྱིར། ཡང་དག་ལམ་གྱི་ས་མཁན་དེད་དཔོན་མཚུངས་མེད་དཔལ་ལྡན་བླ་མ་ཉིད་བསྟེན་པར་བྱའོ། །གཉིས་པ་ལ། བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། བསྟེན་དགོས་པའི་རྒྱུ་མཚན། ཇི་ལྟར་བསྟེན་ཚུལ་གསུམ། དང་པོ་ལ། བཤེས་གཉེན་གྱི་མཚན་ཉིད་བདུན་བསྟན་པ་དང་། དེ་ལས་ཅི་རིགས་བསྟེན་རུང་བར་བསྟན་པ་གཉིས། དང་པོ་ལ། ཡིད་བཞིན་མཆོག་གི་བླ་མ་ནས་བརྩམས་ཏེ་བདུན་པོ་རིམ་པས། མཚན་ཉིད་དང་པོ། དེ་ཡང་ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་པའི་ཐབས་ལ་མཁས་པ་དང་། གཞན་ལ་ཕན་པའི་ཐུགས་རྗེ་དཔག་ཏུ་མེད་པ་ཡོད་ཅིང་། ཐུབ་གསུངས་མདོ་དང་རྒྱུད་སྡེ་མང་དུ་ཐོས་པའི་ཡིད་བཞིན་ནོར་བུའི་མཛོད་ཁང་མངའ་བ་འགྲོ་བའི་ཁ་ལོ་གྱེན་དུ་འདྲེན་པའི་ཕྲིན་ལས་ཅན། སྐུ་གསུང་ཐུགས་ལ་ཉེས་པའི་སྐྱོན་ཀུན་དང་བྲལ་ཞིང་ཡོན་ཏན་མཐའ་དག་རྫོགས་པའི་བླ་མ་ནི་ཡིད་བཞིན་མཆོག་གི་བླ་མ་ཞེས་བྱ་སྟེ་བི་མ་དང་བཻ་རོ་ལྟ་བུ་ཡིན་ཏེ། དེ་ནི་སྙིགས་མའི་དུས་སུ་སངས་རྒྱས་དངོས་སུ་བྱོན་པ་དང་མཚུངས་པས་རབ་ཏུ་དྭངས་པའི་སྲི་ཞུ་དང་གུས་པའི་སྒོ་ནས་སྤྱི་བོས་བསྟེན་པར་བྱའོ། །མཚན་ཉིད་གཉིས་པ། རང་བཞིན་ཡོན་ཏན་རྫོགས་པའི་བླ་མ་ནི་ཤིང་རྟ་ཆེན་པོ་ཐོགས་མེད་དང་རྗེ་བཙུན་གྲགས་པ་ལྟ་བུ་སྟེ། དགོངས་འདུས་ལས། རིགས་བཟང་སེམས་དལ་ཁོང་དུལ་དང་། ཞེས་སོགས་ཀྱིས་བསྟན་པ་བཞིན། རིགས་ཀྱི་ཡོན་ཏན་རྒྱལ་རིགས་སོགས་སུ་སྐྱེས་པས་རིགས་བཟང་ཞིང་ངོ་ཚ་ཁྲེལ་ཡོད་དང་ལྡན་པ། སྔོན་ཚོགས་བསགས་པས་དབང་པོ་ཚང་ཞིང་དག་པ། ཐེག་ཆེན་གྱི་རིགས་སུ་སྐྱེས་པས་བྱམས་པ་དང་སྙིང་རྗེ་ཆེ་བ། ཐེག་པ་མཆོག་ལ་མཁས་པས་སྐྱེས་ཐོབ་ཀྱི་ཤེས་རབ་རྒྱ་ཆེ་ཞིང། ཆོས་མང་དུ་ཐོས་པ་དང་གཟུང་འཛིན་ཉོན་མོངས་ཆུང་བས་སྒོ་གསུམ་ངང་གིས་དུལ་ཞིང་བཟོད་པ་ཆེན་པོ་དང་ལྡན་པ། གསོང་བ་སྟེ་རྒྱུད་དྲང་ཞིང་འཇམ་པ་དེས་ལ་སེམས་གྱ་གྱུ་མེད་པ་སྟེ། ཡིད་བཞིན་རིན་པོ་ཆེན་ལྟ་བུ་དེ་ནི་དད་བརྒྱའི་གཙུག་གིས་བསྟེན་པར་བྱའོ། །མཚན་ཉིད་གསུམ་པ། སྲིད་པ་ལས་རྣམ་པར་གྲོལ་བ་མཆོག་རབ་བླ་མ་ནི་རྒྱལ་སྲས་ཞི་བ་ལྷ་དང་འབྲོམ་སྟོན་པ་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་ལྟ་བུ་སྟེ། ཕ་ཡུལ་དང་འབྲེལ་ཐག་ཆོད་པས་རྒྱང་བསྲིང་བ། འཁོར་བར་སྡུག་བསྔལ་ཤེས་པས་མི་ཆོས་རྒྱབ་ཏུ་བོར་བ། ནོར་སྙིང་པོ་མེད་པས་དགོས་མེད་ཀྱི་རང་བཞིན་རྒྱུད་ལ་སྐྱེས་ཏེ་ནོར་རྫས་ལ་ཞེན་པ་ཆུང་བ། རྒྱུ་འབྲས་ལ་ཡིད་ཆེས་པས་དགེ་སྡིིག་བླང་དོར་བྱེད་པ། ཚེ་འདི་སྦུན་པ་ལྟར་བློས་ཐེངས་པས་ཡུན་གྱི་དོན་ཆེན་ཐར་པ་སྒྲུབ་པ་ཐེག་ཆེན་གྱི་དོན་དང་ལྡན་པའི་སྒོ་ནས་འགྲོ་དོན་ཐབས་མཁས་ལ་སྤྱོད་པ་སྟེ་གདུལ་བྱའི་རྒྱུད་བརྟགས་ཤིང་ཆོས་སྟོན་པའི་ངོ་མཚར་ཆེན་པོ་དང་ལྡན་པ་དཔལ་ལྡན་བླ་མ་ཆོས་ཀྱི་རྗེ་དེ་ནི། དུས་རྟག་ཏུ་འབྲལ་བ་མེད་ཅིང་སྐྱོ་ངལ་མེད་པར་བསྟེན་པར་བྱའོ། །མཚན་ཉིད་བཞི་པ། ཤེས་རབ་རྒྱ་ཆེ་བའི་སྐལ་བཟང་བླ་མ་ནི་ཀླུ་སྒྲུབ་དང་རོང་ཟོམ་ཀུན་མཁྱེན་ཆེན་པོ་རང་ཉིད་དང་རྗེ་བླ་མ་མི་ཕམ་ལྟ་བུ་སྟེ། ཕྱི་ནང་གི་རིག་གནས་ཀུན་མཁྱེན་པའི་ཤེས་བྱའི་དཀྱིལ་འཁོར་རྒྱས་ཤིང་། བྱེ་བྲག་ཏུ་ཐོས་བསམ་རྒྱ་ཆེ་བས་གྲུབ་མཐའི་གཞུང་སོ་སོའི་ཚིག་དོན་ལ་མཁས་པ། དེ་ལས་ཀྱང་ཐེག་ཆེན་གྱི་ལྟ་སྤྱོད་ཕུལ་དུ་བྱུང་བ་གཞན་གང་གིས་སྨད་དུ་མེད་པ་ལ་ལུང་རིགས་དང་ལྡན་པར་རམ་དེ་གཉིས་ཀྱི་སྐྱེ་བར་ནས་འདོད་པས་ཆོས་གང་ལ་རང་བཟོ་དང་གཟུ་ལུམ་གཡོ་བག་མེད་པར་གདུལ་བྱའི་བློ་རིགས་བརྟགས་ནས་དེ་དང་མཐུན་པར་ཆོས་སྟོན་ཅིང་། བདུད་དང་གོལ་ས་གཅོད་པ་ལ་མཁས་པས་བྱང་ཆུབ་ཀྱི་ལམ་ལ་འདྲེན་པ་དེ་ནི་དེད་དཔོན་བློ་གྲོས་ཀྱི་མིག་ཅན། རིན་ཆེན་ཐར་གླིང་བགྲོད་པའི་གཉེན་དེ་ནི་གུས་པས་བསྟེན་པར་བྱའོ། །མཚན་ཉིད་ལྔ་པ། རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མ་ནི་ན་རོ་དང་མི་ལ་ཕྱིས་དུས་འདིར་འཇམ་མགོན་རྣམ་གཉིས་ལྟ་བུ་སྟེ། དགེ་བའི་བཤེས་གཉེན་གོང་མ་མཉེས་བྱས་གྲུབ་ཐོབ་ཀྱི་བརྒྱུད་པ་འཛིན་པ། བླ་མའི་ཐུགས་མཛོད་ལོན་པས་སྙན་བརྒྱུད་གདམས་པ་དང་ལྡན་པ་གོང་མའི་ཕྱག་བཞེས་མཐོང་བས་དོན་གཉིས་ཀྱི་སྒྲུབ་པ་ལ་མཁས་པ། རྟག་ཏུ་སྒྲུབ་ལ་བརྩོན་པས་དངོས་གྲུབ་སྤྲིན་ཚོགས་ལྟར་བརྙེས་པ། གོང་མའི་བྱིན་རླབས་ཞུགས་པས་གཞན་སྣང་བསྒྱུར་ནུས་པ་དང་། སྣ་ཚོགས་ཐབས་མཁས་ཀྱིས་འགྲོ་བ་ཐར་པའི་ལམ་སྣ་འདྲེན་པ། རང་རྒྱུད་ཆོས་དང་འདྲེས་པས་དཀོན་མཆོག་གསུམ་ཚང་བ། རྒྱལ་བའི་བྱིན་གྱིས་བརླབས་པས་མདོ་རྒྱུད་ཀྱི་བཀའ་བབས་པ། གསང་སྔགས་ཀྱི་སྐལ་བ་ཆེ་བས་བཀའ་བབ་ཀྱི་དམ་ཚིག་གཙང་མར་གྱུར་པ། དེ་འདྲའི་མཁས་གྲུབ་འགྲོ་བའི་དཔལ་མགོན་གང་ཡིན་པ་དེ་སྤྱི་བོས་བསྟེན་པར་བྱའོ། །མཚན་ཉིད་དྲུག་པ། ཐུགས་རྗེས་ལམ་སྣ་འདྲེན་པའི་བླ་མ་ནི་ཏེ་ལོ་དང་མར་པ་ལྟ་བུ་སྟེ། བྱང་ཆུབ་ཀྱི་སེམས་འབྱོངས་པས་ཇི་མཛད་རྟག་ཏུ་གཞན་དོན་སྤྱོད་པ། བླ་མའི་བྱིན་རླབས་ཞུགས་པས་གཞན་སྣང་བྱིན་གྱིས་རློབས་ནུས་པ། གནས་ལུགས་ཀྱི་དོན་ལ་སྦྱར་བས་ལྟ་སྒོམ་སྤྱོད་པ་དང་འབྲས་བུའི་ཉམས་མྱོང་གི་དྲོད་རྟགས་དང་ལྡན་པ། རིག་པ་གནད་དུ་ཚུད་པས་ནུས་མཐུ་རབ་ཏུ་ལྡན་ཞིང་གདོན་བགེགས་སོགས་ཀྱི་བར་ཆད་སེལ་བ། རྫུ་འཕྲུལ་དང་ཐབས་ལ་མཁས་པས་ལོག་ལྟ་དབང་དུ་འདུ་བ། གཞན་དོན་ལ་མཁས་པས་ཐར་ལམ་དུ་འགྲོ་བ་འདྲེན་པའི་མཆོག མཚུངས་མེདའཇིག་རྟེན་གྱི་རྒྱན་དུ་གྱུར་པ་དེ་ནི་གུས་པས་བསྟེན་པར་བྱའོ། །མཚན་ཉིད་བདུན་པ། མཐར་ཐུག་སྙིང་པོའི་དོན་སྟོན་པའི་བླ་མ་ནི་ཤྲཱི་སེདྷ་དང་ལྕེ་བཙུན་སེང་གེ་དབང་ཕྱུག་ལྟ་བུ་སྟེ། ཐུགས་རྗེ་ཚད་མེད་པས་འབྲེལ་ཚད་རྣམ་གྲོལ་ཟབ་མོའི་དོན་ལ་སྦྱོར་བ། ལམ་ཟབ་སྙིང་པོའི་དམར་ཁྲིད་ལ་མཁས་པས་རང་གནས་ཆོས་སྐུ་དང་སྤྲོད་པ། རྩལ་སྦྱངས་ཀྱི་བོགས་འདོན་ཟབ་མོས་ཉམས་རྟོགས་གོང་འཕེལ་དུ་བྱེད་པ། མཐར་ཕྱིན་རྟོགས་པ་མངའ་བས་གདུལ་བྱ་གནས་ལུགས་གཞི་ལ་སྐྱེལ་བ་སྟེ་མ་ནོར་བར་ངོ་འཕྲོད་པ། ཐབས་ལམ་ཟབ་མོས་གང་ཡང་ལམ་དུ་སྒྱུར་ནུས་པ། གདམས་པ་མང་པོ་དང་ལྡན་པས་ཤེས་རྒྱུད་འགྲོལ་བ་ལ་མཁས་པ། ཡང་རྩེའི་དགོངས་པ་མངའ་བས་ཚེ་འདིར་འཁོར་བའི་ཆུ་བོ་སྒྲོལ་ནུས་པ། དེད་དཔོན་ཡིད་བཞིན་རིན་པོ་ཆེ་སྨན་པའི་རྒྱལ་པོ་དེ་འདྲ་བ་ནི། ཀུན་ལས་ཀྱང་འཕགས་ཕྱིར་མཚུངས་པ་མེད་པ་ཉིད་གུས་པས་བསྟེན་པར་བྱའོ། །གཉིས་པ། གོང་དུ་ཇི་སྐད་བཤད་པའི་ཡོན་ཏན་གྱི་མཆོག་དེ་དག་ལས། ཀུན་དང་ལྡནཔའི་བླ་མ་ནི་ཨུ་དུམྦཱ་ར་ཙམ་སྟེ་སྙིགས་དུས་རྙེད་པར་དཀའ་ན་ཡང་། དེ་ལས་ཕལ་ཆེར་དང་ལྡན་པའང་སངས་རྒྱས་དང་འདྲ་ཞིང་། དེ་དག་གི་ནང་ནས་ཡོན་ཏན་དྲུག་ཚན་ཙམ་ལྡན་པ་དེ་ཡང་བསྟེན་དུ་རུང་སྟེ། དེ་ལྟ་བུ་ཡང་སྙིགས་མའི་དུས་འདིར་རབ་ཏུ་རྙེད་དཀའི་ཕྱིར་རབ་ཏུ་གུས་པ་ཆེན་པོས་བསྟེན་པར་བྱའོ། །གཉིས་པ་བསྟེན་དགོས་པའི་རྒྱུ་མཚན་ལ། བསྟན་བཤད་གཉིས། དང་པོ། དེ་ལྟའི་དགེ་བའི་བཤེས་གཉེན་ཉིད་འབྲལ་མེད་རྒྱུན་དུ་བསྟེན་པར་གདམས་པ་ལ་ཡང་གཏན་ཚིགས་རྣམ་པ་དྲུག་ལས། ཞེས་པའོ། །གཉིས་པ་ལ། གཏན་གྱིས་འདུན་གྲོས་སྟོན་པ། བླང་དོར་གྱི་མིགས་ཕྱེད་པ། ཞིང་མཆོག་ཏུ་གྱུར་པ། སྐྱབས་བླ་ན་མེད་པ། ཡོན་ཏན་རྒྱས་པར་བྱེད་པ། སྟོན་པ་སངས་རྒྱས་ཀྱི་བྱ་བ་བྱེད་པ་སྟེ། རྒྱུ་མཚན་དྲུག་པོ་རིམ་པར་སྟོན་པ་ལས། རྒྱུ་མཚན་དང་པོ། རང་གཞན་ལ་གཏན་གྱི་འདུན་གྲོས་ཐར་ལམ་ཟབ་མོ་ཉིད་སྟོན་པར་བྱེད་པ་པོ། མཚན་ལྡན་གྱི་བླ་མ་ལས་གཞན་རྒྱལ་བློན་གཙོ་བོ་ཕ་མ་སོགས་གང་གིས་ཀྱང་སྟོན་པར་མི་འགྱུར་བ་དེ་ཡི་ཕྱིར་ན་རྟག་ཏུ་བླ་མ་བསྟེན་པར་བྱའོ། །གཉིས་པ། དགེ་བ་སྒྲུབ་པ་དང་སྡིག་པ་སྤང་བ་སོགས་བླང་དོར་ཟབ་མོ་སྟེ་གཞན་གྱིས་ཤེས་མི་ནུས་པའི་གནད་སྟོནཔར་བྱེད་ཅིང་། སྡུག་བསྔལ་གྱི་ནད་སེལ་ཞིང་མ་རིག་འཐིབ་པོ་སེལ་བ། ཤེས་རབ་ཀྱི་མིག་འབྱེད་ཅིང་ཐར་པའི་ལམ་སྣང་བར་བྱེད་པ། བླ་མ་ལས་གཞན་སུ་ཡང་མེད་པའི་ཕྱིར་རྟག་ཏུ་བསྟེན་དགོས་སོ། །གསུམ་པ། ཐར་ལམ་བྱང་ཆུབ་སྒྲུབ་པའང་ཚོགས་གཉིས་རྫོགས་པ་ལ་རག་ལས་ཤིང་། ཚོགས་གསོག་པ་དེ་ཡི་རྟེན་ཡང་བླ་མ་ལས་ལྷག་པ་གཞན་ལྷ་དང་བཅས་པའི་འཇིག་རྟེན་ཀུན་ན་མེད་པར་གསུངས་པའི་ཕྱིར། ཞིང་གི་མཆོག་ཏུ་གྱུར་པས་ན་གུས་པས་རྟག་ཏུ་བསྟེན་པར་བྱ་སྟེ། ཀུན་ཏུ་ཁ་སྦྱོར་གྱི་རྒྱུད་ལས། ཡེ་ཤེས་ཀུན་སེམས་ཞེས་བྱ་བའི། །རྒྱལ་བ་ཀུན་གྱི་སློབ་དཔོན་མཆོག །དངོས་གྲུབ་སྣ་ཚོགས་སྟེར་བས་ན། །བློ་དང་ལྡན་པས་རྟག་མཆོད་བྱ། །གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་མཆོད་བསོད་ནམས་ལས། །སློབ་དཔོན་བ་སྤུའི་ཁུང་གཅིག་མཆོག །དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་གཟིགས། །ཞེས་དང་། སྡོང་པོ་བཀོད་པ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རག་ལས་སོ། །སྨོན་ལམ་གྱི་སྒོ་ཐམས་ཅད་ཀྱང་དེ་ལས་འབྱུང་ངོ་། །དགེ་བའི་རྩ་བ་ཐམས་ཅད་ཀྱང་དེས་བསྐྱེད་དོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱང་དེས་སྒྲུབ་པའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། དེ་བཞིན་རྣལ་འབྱོར་བསྒོམས་པས་ཀྱང་བསོད་ནམས་དཔག་མེད་ཐོབ་སྟེ། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམས་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་གར་ལན་སྟོང་བསྟིམས་བྱས་པས། །བརྒྱ་འགྱུར་རྒྱུ་དང་ཆར་མི་ཕོད། །དེས་ན་རྟག་ཏུ་དྲན་པ་ཡིས། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་གསུངས། བླ་མའི་ཕྱོགས་སུ་བྱ་བ་བྱས་པ ས་ཀྱང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །བླ་མས་བསྒོ་བ་བཞིན་བསྒྲུབ་ན། །འདོད་པ་ཐམས་ཅད་འགྲུབ་པ་དང་། །བསོད་ནམས་དཔག་ཏུ་མེད་པ་ཐོབ། །རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པར་སུས་བྱས་པ། །འདི་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་ཕྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་སོ། །བཞི་པ། ངན་འགྲོའི་སྲིད་པ་དང་བར་ཆད་ཀྱི་འཇིགས་པ་རྣམས་ལས་སྐྱོབ་པའི་ཕྱིར་སྐྱབས་ཀྱི་དམ་པའང་བླ་མ་ལས་གཞན་མེད་དེ་སུས་ཀྱང་མི་ནུས་པའི་ཕྱིར། སྒྱུ་དྲྭ་ལས། འཁོར་བའི་འཇིགས་ལས་ངེས་སྐྱོབ་ཅིང་། །མྱ་ངན་འདས་པར་འདྲེན་པ་མཆོག །བླ་མ་ཉིད་ལས་གཞན་ཡོད་མིན། །ཞེས་གསུངས། སངས་རྒྱས་མེད་དམ་ཞེ་ན། ཡོད་མོད་ཀྱི་སངས་རྒྱས་ཉིད་ཀྱང་བླ་མ་ལ་བསྟེན་པའི་ཕྱིར་ཏེ། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་པས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་འབྱུང་། །ཞེས་གསུངས། བླ་མའི་གསུང་བཞིན་སྒྲུབ་ན་སྲུང་མ་དམ་ཅན་རྒྱ་མཚོས་ཀྱང་བར་ཆད་དང་གནོད་པ་ཀུན་ལས་སྐྱོབ་སྟེ། དགོངས་འདུས་ལས། བཀའ་ཟུར་མ་བཅག་ཆོས་བསྲུང་ན། །ཆོས་སྐྱོང་སྲུང་མ་མཐུ་ཆེན་རྣམས། །བུ་བཞིན་རྟག་ཏུ་སྲུང་བར་བྱེད། །ཅེས་སོ། །དེས་ན་ངན་སོང་སོགས་ལོག་འགྲོའི་འཇིགས་པ་དང་བྲལ་བའི་ཕྱིར་ཡང་རྟག་ཏུ་བླ་མ་བསྟེན་པར་བྱ་དགོས་སོ། །ལྔ་པ། རང་རྒྱུད་ལ་ཡོན་ཏན་རྫོགས་པར་བྱེད་པ་ཡང་བླ་མ་ལས་གཞན་མེད་དེ། བླ་མ་ལ་བརྟེན་ན་དེ་ལས་ཕུན་སུམ་ཚོགས་པ་མཐའ་དག་འབྱུང་བའི་ཕྱིར། ལས་དང་པོ་པ་ཐོག་མར་ལམ་དུ་ཞུགས་པ་དང་བར་དུ་ལམ་ལ་སློབ་པ་ན་བདུད་ཀྱི་ལས་ལས་འདའ་བ་དང་། མཐར་ཡང་བྱང་ཆུབ་འདོད་པས། རྣམ་གྲོལ་གྱི་ཡོན་ཏན་ཚད་མེད་པས་འབྱོར་བའི་སླད་དུ་ཡིད་རབ་ཏུ་དང་བ་དང་གུས་པས་བསྟེན་པར་བྱའོ། །དྲུག་པ། ཁྱད་པར་ད་ལྟ་སྙིགས་མའི་དུས་ཀྱི་གདུལ་བྱ་ལ་ཐུགས་བརྩེ་བ་དང་ལྡན་པ་བླ་མ་ལསགཞན་ཞིག་བདག་ཅག་གི་སྟོན་པར་མི་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་བཞུགས་མོད་ཀྱི་རང་རང་གི་ལས་ཀྱིས་བསྐལ་པས་ཞལ་མི་སྟོན་ཞིང་གསུང་མི་འབྱོན་ལ། བྱོན་ཀྱང་བླ་མ་དམ་པས་མཛད་རྒྱུ་དང་སྟོན་རྒྱུ་ལས་ལྷག་གཞན་མ་མཆིས་པས། ཡོན་ཏན་སངས་རྒྱས་དང་མཉམ་ཡང་རང་ལ་བཀའ་དྲིན་གྱི་ངོས་ནས་རྒྱལ་བ་ལས་ལྷག་པའི་གུས་པ་ཆེན་པོས་བསྟེན་པར་བྱ་དགོས་ཏེ། གསང་འདུས་ལས། ཁམས་རྣམས་དང་ནི་འཕྲིན་ལས་དང་། །རང་བཞིན་མཉམ་པ་ཉིད་ཀྱི་ཕྱིར། །སངས་རྒྱས་ཀུན་དང་བླ་མ་མཉམ། །འགྲོ་བ་གང་ལ་ལམ་སྟོན་ཕྱིར། །སངས་རྒྱས་ཉིད་ལས་མཆོག་ཏུ་འཕགས། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ཇི་ལྟར་བསྟེན་པའི་ཚུལ་ལ། དངོས་དང་། དེ་ལྟར་བསྟེན་པའི་ཕན་ཡོན་གཉིས། དང་པོ་ལ། ཐོག་མར་དགེ་བའི་བཤེས་གཉེན་བཙལ་ནས་བསྟེན་པ་དང་། བར་དུ་མཉེས་པས་བསྒྲུབས་ཏེ་བསྟེན་ཚུལ་གཉིས། དང་པོ་ལ། གུས་པས་བཙལ་ཞིང་བསྟེན་པ་དང་། དེ་ལྟར་བསྟེན་དགོས་པའི་རྒྱུ་མཚན་དཔེས་བསྟན་པ་གཉིས། དང་པོ། དེ་ཡང་དཔལ་ལྡན་བླ་མ་དམ་པ་གོང་བཤད་ཀྱི་ཡོན་ཏན་ལྡན་པ་དག གནས་གང་ན་བཞུགས་པའི་ཡུལ་ཕྱོགས་དེར་བགྲོད་དེ། ཡིད་དང་བ་དང་། ངག་གུས་པ་དང་། ལུས་ཀྱི་སྲི་ཞུ་ཆེན་པོ་དང་ལྡན་པས་ཐོག་མ་ཉིད་ནས་མཉེས་པར་བྱས་པའི་སྒོ་ནས་བཤེས་གཉེན་ཡང་དག་པར་བཙལ་བར་བྱ་སྟེ་ཐོག་མའི་རྟེན་འབྲེལ་མ་འཕྱུགས་པ་གལ་ཆེ། དེ་ཡང་ཆོས་ནས་བཤད་པའི་མཚན་ཉིད་ཚང་ན་འཇིག་རྟེན་པའི་ལུགས་ཀྱི་སྐྱོན་གཞན་ཡོད་ཀྱང་བསྟེན་པར་བྱ་སྟེ། ཁྱད་པར་དགེ་བའི་བཤེས་གཉེན་ནི་གཡོ་སྒྱུ་མེད་ཅིང་ཡིད་ལ་བསམ་པ་དང་། ངག་ཏུ་བརྗོད་པ་དུས་མཐུན་པ་གཞི་ཆེ་བས་ཅུང་འགྲོགས་དཀའ་བར་མངོན་ཡང་། དཀའ་བ་བཟོད་པས་བསྟེན་དགོས་སོ། །དེ་ལྟར་རྙེད་ནས་ཡིད་སྐྱོ་བ་དང་ལུས་ངལ་དུབ་མེད་པར་བསྟེན་པར་བྱ་སྟེ། གདུལ་བྱའི་སྣོད་བརྟག་པའི་ཕྱིར་མཛད་སྤྱོད་ཞི་དྲག་སོགས་གང་གནང་ཡང་དེས་མི་སུན་པར་དོན་ཆེན་སྒྲུབ་པ་ལ་ངང་མི་ཐུང་བར་ཡུན་ནམ་ངང་ཆེན་གུས་པས་བསྲིང་བར་བྱའོ། །དེའི་ཚེ་བདུད་ཀྱི་བར་དུ་གཅོད་པས་བླ་སློབ་བར་དབྱེན་བཅོས་པ་དང་། མཐུན་རྐྱེན་འབྱོར་དཀའ་བ་དང་མི་མཐུན་པའི་རྐྱེན་རྣམས་གྲངས་མང་པོ་འབྱུང་བས། ལམ་འཕྲང་སོགས་བགྲོད་དཀའ་བས་ཡིད་འབྱུང་བ་དང་། བླ་མ་དང་ཆོས་ལས་བློ་ཕྱིར་ཕྱོགས་པ་སོགས་ཀྱི་བློ་ངན་མང་པོ་སྐྱེ་བ་ལ། དེ་ཉིད་བདུད་དུ་ཤེས་ནས་སྤངས་ཏེ་སླར་ཡང་གུས་པ་མཆོག་གིས་ཡིད་བཞིན་གྱི་ནོར་བུ་རྙེད་པ་མི་འདོར་བ་ལྟར་སྤྱི་བོས་བསྟེན་པར་བྱའོ། །གཉིས་པ་ལ། རང་ལ་ཕན་འདོགས་པའི་རྒྱུ་མཚན་དཔེས་བསྟན་པ་དང་། གུས་པར་བྱ་དགོས་པའི་རྒྱུ་མཚན་དཔེས་བསྟན་པ་གཉིས། དང་པོ། ཇི་ལྟར་ཆུ་རྙོག་པ་ལས་དྭངས་པ་ཡི་ཁྱད་པར་གྱིས་གཟུགས་བརྙན་འཆར་བ་དང་རྐྱེན་གྱིས་རྙོག་པས་ནུབ་པར་བྱེད་ཅིང་ཆུ་རྙོག་པ་དེ་དང་བྲལ་བར་བྱེད་པའི་རྒྱུ་ནོར་བུ་ཆུ་དྭངས་ཡིན་པ་ལྟར། རང་སེམས་སྒྲིབ་པས་རྙོག་པའི་ཆུ་དྭངས་པར་བྱེད་ཅིང་ཡོན་ཏན་གྱི་གཟུགས་བརྙན་སྟོན་པར་བྱེད་པའང་ཡིན་ལ། རྡོ་ཡི་ཁམས་ཀྱི་གསེར་དང་ས་འོག་ན་གནས་པའི་རིན་ཆེན་གྱི་གཏེར་དང་། པདྨའི་ནང་ན་གནས་པའི་བདེ་གཤེགས་ཀྱི་སྐུ་གཟུགས་ཇི་ལྟ་བ་དང་མཚུངས་པར། རང་རྒྱུད་ཀྱི་ཁྱབ་བདག་བདེ་གཤེགས་སྙིང་པོའི་ཁམས་ཡེ་ནས་སྒྲིབ་ཉོན་གྱིས་མ་གོས་པས་གཙང་བ་བྱང་ཆུབ་ཀྱི་སྙིང་པོ་ཅན་ཉེ་བར་སྟོན་པར་བྱེད་ཅིང་། མཚན་མོའི་མུན་ནག་ལ་སྣང་བ་བྱུང་བ་ཇི་ལྟ་བུ་དང་། ཐར་གླིང་གང་དུ་ཉེ་བར་བགྲོད་པ་ལ་དེད་དཔོན་མཁས་པ་བཞིན་དང་འཁོར་བའི་ཆུ་གཏེར་ཟབ་མོའི་འབྱུང་གནས་སམ་ཀློང་དག་ལས་ཕ་རོལ་དུ་བགྲོད་པར་བྱེད་པ་ཡིན་པས། དེ་ལྟར་ཤེས་ནས་དམ་པ་རྣམས་ལ་བསྟེན་པར་བྱ་དགོས་ཏེ། ཇི་ལྟར་བསྟེན་ཚུལ་སྡོང་པོ་བཀོད་པའི་མདོ་སོགས་ལས་རྒྱ་ཆེར་གསུངས་པ་བཞིན་ནོ། །གཉིས་པ། ཕྱི་རོལ་པ་དག་རང་གཞན་ལ་ཕན་པའི་དོན་མེད་པའི་དཀའ་ཐུབ་མེ་ལྔ་བསྟེན་པ་སོགས་ལ་འབད་པ་དང་། འཇིག་རྟེན་པ་དག་ཚེ་འདིའི་དཔུང་གཉེན་གྱི་དོན་དུ་རྗེ་བོ་བཀུར་བ་དང་། དར་ཅིག་འཇིགས་པས་སྐྱེལ་མ་དཔའ་བོ་བསྟེན་པ་དང་། ཡུལ་གྱི་རྒྱལ་པོའང་རིན་པོ་ཆེ་དང་གདུགས་སོགས་ཀྱིས་མཆོད་པ་དང་། བཟོ་སོགས་ཀྱི་རིག་པ་སློབ་པའི་སློབ་དཔོན་ལའང་བསྙེན་བཀུར་བ་དང་། ནད་ལ་ཕན་ཕྱིར་སྨན་པ་མཆོད་པ་དང་། ཟས་གོས་སོགས་ཀྱིས་ཕན་འདོགས་པའི་གྲོགས་ཀྱི་ཕྱིར་རང་གི་སྲོག་ཀྱང་གཏོང་ནུས་པའི་དཔེ་ལ་བསམ་སྟེ། དོན་མེད་པ་དང་གནས་སྐབས་ཀྱི་ཉི་ཚེ་བ་དེ་རྣམས་ལ་གཅེས་སྤྲས་ཀྱིས་བཀུར་ན། གཏན་དུ་ཕན་ཞིང་དོན་ཆེ་སྲིད་ཞིའི་རྒུད་པ་སེལ་ཞིང་དོན་གཉིས་ཀྱི་འདོད་པ་སྦྱིན་པའི་བླ་མ་མཆོག་ལ་བཀུར་སྟི་དང་རིམ་གྲོ་ཅིས་མི་བྱེད་སྙམ་དུ་བསམ་སྟེ་དགེ་བའི་བཤེས་གཉེན་བསྟེན་པ་ལ་བརྩོན་པར་བྱའོ། །དེས་ནི་རྒྱུ་མཐུན་གྱི་འབྲས་བུས་ཚེ་འདིར་བསྟོད་བཀུར་སོགས་དང་ཕྱི་མར་སངས་རྒྱས་ཀྱི་ཞིང་དུ་སྐྱེས་ནས་བྱང་ཆུབ་འགྲུབ་པ་སོགས་འདི་ཕྱིར་བདེ་ལེགས་ཀྱི་ཆོས་ཀུན་ཡིད་བཞིན་དུ་འགྲུབ་བོ། །གཉིས་པ་མཉེས་པས་བསྟེན་པར་བྱ་བ་ལ། ཟང་ཟིང་གིས། སྤྱོད་ལམ་གྱིས། སྒྲུབ་པས་མཉེས་པར་བྱ་བ་གསུམ། དང་པོ། རང་ལ་བདོག་པས་ཏེ་ཡོད་དོ་ཅོག་གིས་བླ་མ་ཉེ་བར་མཉེས་པར་བྱ་དགོས་ཏེ། ཅིའི་ཕྱིར་ན། མདོ་ལས། ཚིགས་སུ་བཅད་པ་གཅིག་ལུང་ནོས་སམ་བླང་བའི་སློབ་དཔོན་དེ་ལ་ཡི་གེའི་གྲངས་ཇི་སྙེད་ཡོད་པའི་བསྐལ་པར་རྙེད་པ་དང་། བཀུར་སྟི་དང་། མཆོད་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཀྱང་། ད་དུང་སློབ་དཔོན་གྱི་གུས་པ་ཡང་མ་རྫོགས་ན་ཆོས་ཀྱི་གུས་པ་ལྟ་ཅི་སྨོས་ཞེས། ཆོས་ཀྱི་ཚིགས་བཅད་རེ་རེའི་ཡོན་ནི་གཞལ་དུ་མེད་པར་གསུངས་པའི་ཕྱིར་དང་། དེ་ལྟར་མཆོད་ན་གནས་སྐབས་སུ་ཚོགས་རྫོགས་དང་བར་ཆད་ཞི་ཞིང་དཔལ་འབྱོར་ལྡན་པ་དང་། མཐར་བྱང་ཆུབ་ཞི་བ་མྱུར་དུ་ཐོབ་པར་འགྱུར་བས་ན། རང་གིས་ཅུང་ཟད་ཙམ་ཕུལ་བ་ལ་ངས་དེ་ལྟར་ཕུལ་ཡོད་པས། ཆོས་ལོས་གནང་སོགས་ཁེ་རྔམས་དང་། མདུན་དུ་དྲིན་མི་སྒྲོག་ཅིང་། སྐྱེ་བོ་གཞན་དག་གི་གམ་དུ་ཡང་ངས་དེ་ཕུལ་ཞེས་མི་བགྲང་ལ། ཕུལ་བ་དེར་སླར་འགྱོད་པ་ཡང་མི་བྱ་སྟེ། རང་ཉིད་ཀྱི་འདི་ཕྱིའི་དོན་ཆེན་པོ་འགྲུབ་པའི་ཐབས་ཡིན་པའི་ཕྱིར་སུ་ཞིག་ལ་རྔན་བསྒྲང་། རང་གི་དགེ་བ་སྤེལ་བའི་ཕྱིར་ཕུལ་ན་ལེན་མཁན་དྲིན་ཆེའི། ནན་དུ་ཕུལ་ཅིག་མ་བྱས་པས་ཀྱང་དྲིན་དྲང་དུ་ཅི་ཡོད། དེས་ན་བཀའ་དྲིན་ལ་བསམ་ནས་འབྱོར་བ་ལེགས་དགུས་ཏེ་གང་ཅེས་ཤིང་སྙིང་དུ་སྡུག་པ་དེས་མཆོད་ཅིང་རྟག་ཏུ་བསྙེན་བཀུར་བར་བྱའོ། །གཉིས་པ་ལ། བསྟན་བཤད་གཉིས། དང་པོ། ལུས་ངག་གི་སྤྱོད་ལམ་མཆོག་གིས་བླ་མ་མཉེས་པར་བྱ་བ་ཡང་། ཞེས་སོ། །གཉིས་པ་ལ། ལུས། ངག ཡིད་གསུམ། དང་པོ་ལ། བླང་བྱ་དང་། སྤང་བྱ་གཉིས། དང་པོ། བླ་མ་ལ་ལུས་ཀྱིས་ཕྱག་དང་བསྐོར་བ་དང་མེ་ཏོག་དང་ཚོགས་སོགས་མཆོད་པ་འབུལ་བ་དང་། བླ་མ་ལ་མེ་ཆུ་སོགས་ཀྱི་བར་ཆད་བསྲུང་བ་དང་། མངག་གཞུག་སྟེ་བང་ཆེན་གྱི་བྱ་བ་བྱེད་བ་དང་། འཕྲལ་ལ་ཉེར་འཁོའི་གཡོག་བྱ་བ་དང་། གཤེགས་པར་ལྡང་སྟེ་ཞབས་འབྲིང་བྱེད་པ་དང་། བཞུགས་སར་གདན་འདིང་བ་སོགས་བ ཀུར་སྟི་སྣ་ཚོགས་བྱ་ཞིང་བླ་མའི་ཉེ་འཁོར་རྣམས་ལའང་ཚུལ་དེ་དང་མཐུན་པར་བྱའོ། །གཉིས་པ། སྤང་བྱའི་སྤྱོད་ལམ་བླ་མ་མི་གུས་པ་དང་བག་གཟོན་མེད་པ་ནི། བླ་མ་ལ་མ་གུས་པའི་རྣམ་པས་མིག་འབྲུ་ཚུགས་སུ་བལྟ་བ་དང་། བཞིན་གཉེར་ཏེ་བལྟ་བ་དང་། དྲུང་དུ་སེ་གོལ་ལམ་ཐལ་མོ་རྡེབ་པ། ལུས་ཀྱི་རྒྱབ་སྟོན་པ་དང་། ཟུར་སྟོན་པ་དང་། དྲུང་དུ་རྐང་ལག་རྐྱོང་བ་དང་། ཉལ་བ་དང་། གློ་ས་ལ་ཕབ་སྟེ་འཕྲེས་པ་དང་། བླ་མའི་སར་གཞན་དང་འཐབ་པ་དང་། ཀུ་རེས་ཕན་ཚུལ་ལག་འཛིངས་བྱེད་པ་དང་། རྩེད་འཇོ་བཞད་གད་དང་། གོས་སོགས་ཀྱི་འཇོ་སྒེག་བྱེད་པ་དང་། མཆིལ་མ་དང་སྣབ་དྲུང་དུ་འདོར་བ་དང་། སྐུའི་གྲིབ་མ་བགོམ་{འགོང}བ་དང་། བཞུད་ཚེ་མ་གནང་བཞིན་དུ་མདུན་ནས་འགྲོ་བ་དང་། སླད་བཞིན་དུ་ཞབས་རྗེས་བརྫི་སྟེ་འགྲོ་བ་དང་། བླ་མའི་ལྷྭམ་དང་སྟན་དང་བཞོན་པ་དང་ནོར་རྫས་ལ་མ་གནང་བར་སྤྱོད་པ་དང་། སྐུ་ལ་མཐོའ མ་དབྱུག་པ་སོགས་ཀྱིས་ཚད་འཇལ་བ་དང་། ན་བཟའ་དང་བཞུགས་གདན་སོགས་ལ་བགོམ་པ་དང་། དྲུང་དུ་སྐྱིལ་ཀྲུང་སོགས་སྒེག་ཆོས་ཀྱིས་འདུག་པ་སོགས་མཉམ་འགྲོགས་ཀྱི་མ་གུས་པའམ་མི་ཤེས་པའི་དབང་གིས་ཉེས་པ་དེ་དག་སྤང་བར་བྱའོ། །གཉིས་པ་ངག་ལ། བླང་དོར་གཉིས། དང་པོ། ངག་གིས་ཀྱང་འཇམ་ཞིང་སྙན་པའི་སྒོ་ནས་བསྟོད་པ་དང་སྐྱབས་སུ་འགྲོ་བ་དང་། ཚིག་འཇམ་ཞིང་རྣ་བར་སྙན་པས་ཞེ་ས་རིམ་གྲོ་དང་བཅས། ཇི་སྐད་གསུང་པ་བཞིན་སྒྲུབ་ཅིང་ཅི་གསུང་ན་ཡང་མི་ཟློག་པར་ལེགས་ཞེས་བརྗོད། གཞན་དག་ལའང་བླ་མའི་ཡོན་ཏན་བརྗོད་པར་བྱ་ཞིང་། དུས་རྒྱུན་དུ་དབྱངས་སྙན་དད་དད་བཅས་པས་གསོལ་བ་གདབ་པ་སོགས་ལ་བརྩོན་པར་བྱའོ། །གཉིས་པ། ངག་གི་སྒོ་ནས་མི་དགེ་བ་སྣ་ཚོགས་པ་ཐམས་ཅད་སྤང་བར་བྱ་སྟེ། གང་ཞེ་ན། བླ་མའི་དྲུང་དུ་རྫུན་དང་ཕྲ་མ་དང་། ཚིག་རྩུབ་དང་དོན་མེད་ཀྱི་འབྲུ་འབྲེལ་མེད་རང་གའི་ཅ་ཅོ་དང་། དགོས་མེད་ཀྱི་ངག་འཁྱལ་དང་། ཉོན་མོངས་ཅན་གྱི་བྲེ་མོའི་གཏམ་དང་། བླ་མའི་བཀའ་གཅོག་པ་དང་། ཚིག་གདོང་ནས་ཟློག་སྟེ་བར་གཅོད་པ་དང་། སྙིང་ནང་འཇུག་པའི་ཞེ་གཅོད་དང་། ལྐོག་ནས་གཤེ་བ་དང་། རྩོད་པ་སོགས་ཅོ་འདྲི་བ་ལ་སོགས་ངག་གི་སྒྲིབ་པ་རྣམས་སྤང་བར་བྱའོ། །གསུམ་པ་ཡིད་ལ། བླང་བྱ། སྤང་བྱ་གཉིས། དང་པོ། ཡིད་ཀྱིས་ཀྱང་བླ་མའི་ཡོན་ཏན་རྗེས་སུ་དྲན་པ་བྱ་ཞིང་། དད་ཅིང་གུས་པ་ཆེན་པོས་དགེ་བའི་བཤེས་གཉེན་དང་འཕྲད་པར་དཀའ་བའི་བློ་བསྐྱེད་ལ། བླ་མ་དེས་རྗེས་སུ་བཟུང་བའི་འགྲོ་བ་གཞན་ཐམས་ཅད་ལའང་གུས་པར་བྱའོ། །གཉིས་པ། ཡིད་དད་པ་མེད་པ་ཙམ་མ་དད་པ་དང་། གསུང་སོགས་ལ་སླར་ཡང་ལོག་པར་ལྟ་བ་སྟེ་སྐྱོན་དུ་མཐོང་བ་དང་། བླ་མ་ལ་ཁོང་ཁྲོ་བ་དང་། རྟག་ཏུ་བླ་མའི་སྐྱོན་ལ་སེམས་པ་དང་། རིགས་གཟུགས་སོགས་དམན་པ་ལ་བརྙས་བཅོས་ཀྱི་སེམས་དང་། འགྲན་སེམས་དང་འཁོར་སོགས་ལ་གནོད་ཅིང་འཚེ་བའི་སེམས་དང་། བླ་མ་ལས་རང་བཟང་སྙམ་པ་ང་རྒྱལ་གྱི་སེམས་དང་། མཛད་སྤྱོད་གང་ཞིག་མི་ལེགས་པའམ་ཆོས་དང་འགལ་བར་འཛིན་པ་དང་། སྤྱོད་ཡུལ་ཡིད་དུ་མི་འོང་བར་སེམས་པ་མ་དད་པའི་སེམས་དང་། བླ་མའི་རྫས་ལ་བརྣབ་སེམས་དང་། གནོད་སེམས་དང་། གསུང་ལ་བདེན་པར་མི་འཛིན་པའི་ལོག་ལྟའི་སེམས་རྣམས་སྤང་བར་བྱའོ། །གསུམ་པ་སྒྲུབ་པ་ནི། བླ་མས་སྒྲུབ་པ་གྱིས་ཤིག་ཅེས་པའི་གསུང་བཞིན་རྗེས་སུ་བསྒྲུབས་པས་མཆོད་པ་ནི་བླ་མ་ལས་ཇི་ལྟར་ཐོས་པ་དམ་པའི་དོན་རྣམས་ལ་ཡང་ཡང་བསམ་པར་བྱ་སྟེ། འདུ་འཛིས་དབེན་པའི་ནགས་མཐར་སོང་ལ་སྙིང་པོའི་དོན་སྒྲུབ་པ་ལ་འབད་ཅིང་། དེ་ཡང་བརྩོན་པས་ཉིན་མཚན་མེད་པར་སྒྲུབ་པས་དུས་འདའ་བར་གྱུར་ན་གྲུབ་ཐོབ་གོང་མའི་གདུང་འཚོབ་ཅིང་བཟུང་བ་ཡིན་ལ། དཔལ་ལྡན་བླ་མའི་རྣམ་ཐར་བདག་ཉིད་ཀྱིས་བསྒྲུབ་པ་ཡང་ཡིན་པས་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་བསམ་པར་བྱས་ལ། བདག་ཀྱང་དུས་དེང་ནས་བཟུང་མགོན་དེ་ཡི་རྗེས་སུ་བསླབས་ཏེ། དམ་པའི་གོ་འཕང་མཆོག་ཐོབ་པར་བྱེད་པའི་དོན་དུ་ཐོས་པ་དང་བསམ་པ་དང་བསྒོམ་པའི་ཚུལ་ལ་ནན་ཏན་གྱིས་བརྩོན་པར་བྱའོ་སྙམ་དུ་ཡིད་དམ་བཅའ་བར་བྱའོ། །གཉིས་པ་ཕན་ཡོན་ནི། དེ་ལྟར་སྣ་ཚོགས་པའི་ཐབས་མང་པོ་ཉིད་ཀྱི་སྒོ་ནས་ཚུལ་བཞིན་དུ་བླ་མ་བསྟེན་པའི་ཡོན་ཏན་ནི་མཐའ་ཡས་ཏེ། མདོར་བསྡུ་ན་ཡང་དག་པའི་ལམ་དུ་ཆུད་པ་དང་། རང་གཞན་གྱི་བླང་དོར་དམིགས་རྣམ་ཕྱེད་པ་དང་། ཚོགས་གཉིས་རྫོགས་པ་དང་སྒྲིབ་གཉིས་བྱང་བ་དང་། གནས་སྐབས་དང་མཐར་ཐུག་གི་བར་ཆད་ཐམས་ཅད་རབ་ཏུ་ཞི་ཞིང་། རང་ཡང་སྐྱེ་བོ་དམ་པའི་གྲངས་སུ་བགྲང་བའི་གནས་ཐོབ་ནས། །མྱུར་དུ་མི་གནས་པའི་མྱང་འདས་ཆེན་པོ་ཐར་པའི་གྲོང་དུ་ཕྱིན་པར་འགྱུར་ཏེ། དགོངས་འདུས་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །མཚན་ཉིད་བཟང་ལྡན་བླ་མ་ལ། །བཀུར་ནས་རིམ་གྲོ་ཆེར་བྱས་པས། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །དཔེར་ན་ཞིང་རབ་གཤིན་པོ་ལ། །ས་བོན་བཏབ་ན་འཕེལ་རྒྱས་བཞིན། །ཞེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཀོན་མཆོག་བསམ་པའི་ཡུལ། །བླ་མ་མི་སྤང་བླ་མ་བཀུར། །མོས་དང་བསམ་པའི་བྱེ་བྲག་གིས། །བླ་མ་འགྲུབ་འགྱུར་ཐེ་ཚོམ་མེད། །བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་ལྟའོ། །དེ་ལས་བྱུང་བའི་དངོས་གྲུབ་ནི། །རྣལ་འབྱོར་པ་ཡིས་བཟའ་བར་བྱ། །དེ་ཡིས་དཔལ་ལྡན་རྫོགས་སངས་རྒྱས། །དངོས་གྲུབ་ཀུན་གྱི་ལས་ཀྱི་མཐའ། །བླ་མ་མཉེས་པ་ཉིད་ལས་བྱུང་། །ཞེས་དང་། མེ་ལྕེ་འཁོར་ལོའི་རྒྱུད་ལས། འདི་ལས་ཡོན་ཏན་གྱུར་པ་ནི། །སྟོང་གསུམ་འཇིག་རྟེན་གཞལ་མེད་པའི། །རྡུལ་ཕྲན་གྲངས་དང་མཉམ་ནུས་མིན། །དེ་ཕྱིར་བླ་མ་ཉིད་སྨོས་སོ། །ཞེས་དང་། ཀུན་བཟང་ཆེ་བ་རང་གནས་ཀྱི་རྒྱུད་ལས། རྫོགས་པ་ཆེན་པོ་ཨ་ཏི་ལས། །བྱུང་བའི་བླ་མ་དྲིན་ལྡན་ཉིད། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟད་དེ་ཡིས་འཛིན་པར་འགྱུར། །ཞེས་གསུངས། ཞར་ལ་བླ་མ་མ་བསྟེན་པའི་སྐྱོན་ཡང་། ཐར་པའི་ལམ་སྣ་མི་ཟིན་པ་དང་། ཡོན་ཏན་གྱི་ཚོགས་དང་མི་འཕྲད་པ་དང་། ལེགས་པའི་ཆོས་ལས་ཉམས་པ་དང་། སྡུག་བསྔལ་གྱི་དྲྭ་བར་ཚུད་པ་དང་། འཁོར་བའི་འདམ་དུ་བྱིང་བ་སོགས་དཔག་ཏུ་མེད་དོ། །དེས་ན་སྐྱོན་ཡོན་ལ་བླང་དོར་ཤེས་པའི་སྒོ་ནས་བླ་མ་དམ་པ་བསྟེན་ཅིང་། མཉེས་པ་སྒྲུབ་པ་ལ་འབད་པར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོའི་མཛོད་ལས་དགེ་བའི་བཤེས་གཉེན་བསྟེན་པའི་ལེའུ་སྟེ་བརྒྱད་པའི་འགྲེལ་པའོ།། །། ༈ གཉིས་པ་མི་དགེ་བའི་བཤེས་གཉེན་སྤང་བ་ལ། མཚམས་སྦྱོར་ཏེ་མདོར་བསྟན། དེ་དག་རྒྱས་པར་བཤད་པ་གཉིས། དང་པོ། དེ་ལྟར་དགེ་བའི་བཤེས་གཉེན་ལེགས་པར་བསྟེན་ནས། དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་དང་བཅས་པ་སྤང་བར་བྱ་དགོས་ཏེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་དགེ་བའི་རྩ་བ་མངོན་པར་འདོད་པས་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ། །སྡིག་པའི་གྲོགས་པོ་དག་ལ་ནམ་ཡང་བསྟེན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དགེ་བའི་ཕྱོགས་ལ་བར་དུ་གཅོད་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་ལ། མི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། དེ་སྤོང་དགོས་པའི་རྒྱུ་མཚན། དེ་ལྟར་སྤངས་པའི་ཕན་ཡོན་གསུམ། དང་པོ། དེའི་མཚན་ཉིད་ཅི་ལྟ་བུ་སྙམ་ན། དེ་ཡང་རྩ་བའི་ཉོན་མོངས་པ་དྲུག་ཤས་ཆེ་བས་རང་རྒྱུད་ངན་པ། ཚེ་འདིའི་ཆེ་ཐབས་དོན་དུ་གཉེར་ཞིང་སྲིད་པ་ལས་ཡིད་མ་བྱུང་བ། ཐོས་བསམ་རྒྱ་ཆུང་བས་ཤེས་བྱའི་གནས་ལ་རྨོངས་པ། དད་པ་དང་བརྩོན་འགྲུས་མི་ལྡན་པས་རང་རྒྱུད་དགེ་ཚོགས་ལས་རིང་དུ་བྱེད་པ། ཆོས་དང་རང་རྒྱུད་འཛོལ་{འཇོལ}བས་སྒོོ་གསུམ་མ་དུལ་བ། ང་རྒྱལ་གྱི་རི་མཐོ་བས་ཁེངས་པ་དང་། གཞན་སྣང་ཐབས་ཀྱིས་བསླུ་བ་བཅོས་པའི་ཚུལ་འཆོས་ཅན། ཕྲག་དོག་ཆེ་བས་གཞན་ལ་གཤེ་ཞིང་ཕྱོགས་འཛིན་ཆེ་བས་དག་སྣང་ཆུང་བ། ཡོན་ཏན་ཉམས་མྱོང་མེད་པས་དད་པ་དང་མོས་གུས་མེད་པ། ཏིང་ངེ་འཛིན་གྱིས་མ་བརླན་པས། ཟས་སྐོམ་དང་ནོར་ལ་ཆོག་ཤེས་མེད་པ་དང་། ཐར་ལམ་དང་ལས་འབྲེལ་མེད་པས་ལོག་པའི་ཆོས་ལ་སྲེད་པ། ཡང་དག་པའི་བླ་མ་མེད་པས་བརྒྱུད་པའི་བྱིན་རླབས་མ་ཞུགས་པ། ངོ་ཚ་དང་གཉེན་པོ་ཆུང་བས་སྡོམ་དང་དམ་ཚིག་འཆལ་ཞིང་། ཞི་དུལ་དང་བཟོད་པ་མེད་པས་རང་རྒྱུད་རྩུབ་པ། ཀུན་སྤྱོད་དང་སྐལ་བ་ངན་པས་འགྲོགས་ཚད་ལ་ཉོན་མོངས་འགོ་བ། ཐོས་བསམ་དང་བསགས་པ་ཆུང་བས་རང་གཞན་ལོག་པའི་ལམ་ལ་འགོད་པ། བདུད་དང་བགེགས་ཆེན་ཞུགས་པས་རང་གཞན་བཀྲ་མི་ཤིས་པ། གོམས་པ་ཉོན་མོངས་ཆེ་བས་མི་དགེ་འཕེལ་ཞིང་། ལེགས་པའི་ཆོས་དང་རིང་བས་བཀྲ་ཤིས་དང་དགེ་ལེགས་ཐམས་ཅད་འགྲིབ་པ་སྟེ། དེ་ནི་སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་དང་བཅས་པའི་མཚན་ཉིད་ལགས་སོ། །གཉིས་པ་ལ། དེ་དག་དང་འགྲོགས་པའི་ཉེས་པ་དང་། དེས་ན་དེ་སྤང་བར་གདམས་པ་གཉིས། དང་པོའི་སྤྱི་དང་བྱེ་བྲག་གཉིས། དང་པོ། དེ་ལྟ་བུའི་མི་དགེ་བའི་བཤེས་གྲོགས་དང་འགྲོགས་པའི་ཉེས་པ་ནི་ཚད་མེད་དེ། རེ་ཞིག་བསྡུ་ན། རང་རྒྱུད་ངན་ཞིང་བླ་མ་དང་མཆེད་གྲོགས་ལ་དག་སྣང་ཆུང་བ་དང་ཕྱོགས་རེ་ཙམ་གྱིས་ཁེངས་ཤིང་རང་ཕྱོགས་ལ་མཆོག་ཏུ་འཛིན་པ་དང་། བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པ་དང་། ཡང་དག་པའི་དམ་པའི་ཆོས་སྤོང་ཞིང་གྲུབ་མཐའ་གཞན་ལ་ཟུར་གྱིས་སྨོད་པ་དང་། ཐེག་ཆེན་ཚུལ་བཞིན་སྟོན་པའི་དགེ་བའི་བཤེས་གཉེན་ལ་མི་བསྔགས་ཤིང་སྐུར་བ་འདེབས་པ་དང་། ནོར་རྫས་ལ་སྲེད་ཅིང་དུག་ལྔ་རགས་པས་ཆགས་སྡང་གི་དུག་མདའ་འཕེན་པ། འཇིག་རྟེན་ཚེ་འདིའི་དབང་དུ་གྱུར་པ་དང་། ཐར་པའི་ལམ་ལ་རྒྱབ་ཀྱིས་ཕྱོགས་པ་སྟེ། མདོར་ན། དགེ་ལེགས་ཐམས་ཅད་འགྲིབ་ཅིང་མི་དགེ་བ་ཐམས་ཅད་ངང་གིས་འཕེལ་བ་ཡིན་པས་དང་པོ་ནས་སྡིག་པ་འཕེལ་བའི་སློབ་དཔོན་དང་གྲོགས་ལ་བསྟེན་འདྲིས་མི་བྱའོ། །གཉིས་པ། རྣམ་གྲངས་གཞན་ཡང་རང་ཉིད་གང་དང་འགྲོགས་པ་དེ་ཡི་སྐྱོན་ནམ་ཉེས་པ་དེ་འཕྲལ་དུ་འགོ་བར་འགྱུར་སྟེ། གྲོགས་སམ་བླ་མའི་རིགས་གཏི་མུག་ཅན་བསྟེན་ན་ཐོས་བསམ་དང་ཤེས་རབ་འགྲིབ། ཞེ་སྡང་ཅན་དང་འགྲོགས་པ་ལས་གདུལ་བར་མ་རུངས་པའི་རང་རྒྱུད་ངན་ཞིང་གདུག་རྩུབ་ཆེ། དེ་བཞིན་དུ་འདོད་ཆགས་ཅན་ལས་ཡུལ་ཟས་ནོར་དང་བུད་མེད་སོགས་ལ་འདོད་ཅིང་སྲེད་པ་འཕེལ། ང་རྒྱལ་ཤས་ཆེ་བ་དང་འགྲོགས་ན་ཕྱོགས་རིས་སུ་གཅོད་པ་དང་ཕྱོགས་གཉིས་སུ་འཛིན་པའི་ཉེས་པ་འགོ ཕྲག་དོག་ཤས་ཆེ་དང་འགྲོགས་ན་གཞན་ལ་འགྲན་སེམས་ཀྱི་ཟུག་རྔུ་ཉིད་སྐྱེད་དོ། །སྐྱོན་དེ་དག་སྤེལ་མ་དང་འགྲོགས་ན་རང་ལ་ཡང་ཉེས་ཀུན་སྤེལ་མར་འགོ་ཞིང་། གཞན་ཡང་ངེས་འབྱུང་མེད་པ་དང་། ཚེ་འདིར་མངོན་པར་དགའ་བ་དང་། ཚེ་འདིའི་འདུན་གྲོས་མཁན་དང་། རྩེ་འཇོ་མཁན་དང་། འཇོ་སྒེག་ཅན་ཏེ་འཕྱོར་པོ་ལྟ་བུ་དང་། ཆེ་བཙན་ལ་དགའ་བ་དང་། ནོར་ལ་སྲེད་པ་དང་། ཚོང་ཁེ་སྤོགས་མཁན་དང་། བཟོ་ཡི་ལས་བྱེད་པ་ལ་སོགས་གང་དང་འགྲོགས་པར་གྱུར་པ་དེ་དང་དེའི་ཀུན་སྤྱོད་སྐལ་བ་ངན་པ་དག་བདག་ལ་ཡང་འགོས་པར་འགྱུར་བས་དེ་དག་དང་འགྲོགས་པ་སྤང་བར་བྱའོ། །ཁྱད་པར་བཤེས་གཉེན་ཐོས་བསམ་ལ་རྨོངས་པ་དག་དང་འགྲོགས་པའི་ཉེས་པ་ཡང་ཤིན་ཏུ་ཆེ་སྟེ། སྤྱིར་འཁོར་རྩ་མ་རིག་པ་ལས་བྱུང་བའི་ཕྱིར་དང་། བྱེ་བྲག་ལམ་སྒྲུབ་པ་ལ་སློབ་དཔོན་མི་ཤེས་པ་བསྟེན་པ་གྱོང་ཆེ་སྟེ་ལམ་མ་ཡིན་པ་ལ་སྦྱོར་བའི་ཕྱིར། དེ་ཡང་ཐོས་བསམ་ཚིག་གིས་སངས་རྒྱས་མི་ཐོབ་ཅེས་བཀའ་ལུང་ལ་སྐུར་བ་འདེབས་པ་དང་། དེ་བཞིན་དུ། བྱས་ཆོས་འཁོར་བ་ཡིན་པས་བྱར་མེད་ནམ་མཁའ་ལྟ་བུ་སྒོམས་ཤིག་ཅེས་ལམ་ཚོགས་གཉིས་དང་། སངས་རྒྱས་ཀྱི་ས་ན་སྟོབས་སོགས་བཤད་པ་དྲང་དོན་ཡིན། དོན་ལ་ཅི་ཡང་མེད་ཅེས་འབྲས་བུ་དང་། གནས་ལུགས་བདེ་གཤེགས་སྙིང་པོ་ཡོན་ཏན་ལྷུན་གྲུབ་ཏུ་གསུངས་པ་ལ་དྲང་དོན་དུ་འདོད་པས་གཞི་ལ་དང་། ས་ལམ་ཏིང་འཛིན་སོགས་དྲང་བ་ཙམ་ལས་དོན་ལ་མེད་ཅེས་རྣམ་གྲོལ་གྱི་ཡོན་ཏན་ལ་སྐུར་བ་འདེབས་པ་སོགས་མདོ་རྒྱུད་མན་ངག་ལུང་རིགས་གང་དང་ཡང་མི་མཐུན་པར་སྟོན་པ་བླ་མའི་གཟུགས་བརྙན་ཏེ། དེ་ལྟ་བུ་དང་འགྲོགས་ན་དང་པོ་ཤེས་ཀྱང་བརྗེད། ཕྱིས་ཡོན་ཏན་གསར་དུ་སྐྱེ་བའི་གནས་མེད་དེ། སྒྲ་ཚད་སོགས་ཤེས་བྱའི་གནས་ཐམས་ཅད་ལ་རྨོངས་པར་འགྱུར་བ་དང་། གཞུང་ལུགས་ཕྱོགས་རེས་ཁེངས་ནས་གྲུབ་མཐའ་མཐའ་དག་བློར་མི་ཤོང་བ་དང་། ཐར་པར་བགྲོད་པའི་ལམ་ཡང་དག་མི་ཤེས་པ་དང་། ལྟ་སྤྱོད་ཕྱིན་ཅི་ལོག་པའི་ལམ་དུ་བགྲོད་པར་འགྱུར་བས་གཏན་གྱི་འདུན་མ་འཆུགས་པའི་ཉེས་པ་ཡོད་པའི་ཕྱིར་སྤང་བར་བྱ་ཞིང་དེ་ལྟ་བུས་གཞན་ལ་མི་ཤེས་བཞིན་དུ་ཆོས་སྟོན་པ་ནི་སེམས་ཅན་དམྱལ་བ་ཆེན་པོའི་རྒྱུར་སངས་རྒྱས་མཛོད་ཀྱི་མདོ་ལས་གསུངས་སོ། །ཁྱད་པར་རང་གི་བླ་མ་དང་ཆོས་ལ་མི་དད་པ་དང་། དགེ་ཕྱོགས་ལ་བརྩོན་མེད་ལེ་ལོ་ཅན་སོགས་དང་འགྲོགས་པས་བྱིན་རླབས་ཀྱི་ན་བུན་ཡལ། ཐར་པའི་ལམ་དང་བྲལ། དགེ་བ་འགྲིབ་ཅིང་མི་དགེ་བ་འཕེལ། བསྟན་པའི་སྤྱི་སྲོལ་ཉམས། ཚོགས་གཉིས་ཀྱི་འཕེལ་སྒོ་ཆད། སྒྲུབ་ལ་གཡེལ་ཞིང་དངོས་གྲུབ་ཡིད་སྨོན་དུ་ལུས། སྔར་ཡོད་ཀྱི་དད་པ་མོས་གུས་སོགས་ཡོན་ཏན་གྱི་ཚོགས་རྣམས་ཉམས་པར་བྱེད་དེ། དྲན་པ་ཉེར་བཞག་ལས། དགེ་བའི་ཆོས་ཐམས་ཅད་ཀྱི་བར་དུ་གཅོད་པའི་གཙོ་བོ་ནི་སྡིག་པའི་གྲོགས་པོ་ཡིན་ལ། དེ་དང་ལྷན་ཅིག་འགྲོགས་པའམ། གཏམ་སྨྲ་བའམ་གྲིབ་མ་ཕོག་པ་ཙམ་ཡང་སྤང་བར་བྱའོ། །ཞེས་གསུངས། གཞན་ཡང་ཐེག་པ་དམན་པའི་རིགས་ཅན་དང་འགྲོགས་ན་རང་ཉིད་གཅིག་པུ་ཞི་ལ་མོས་ཏེ་ཐེག་ཆེན་གྱི་སྐལ་བ་ཆད། འགྲོ་དོན་ལ་སེམས་སྟོབས་ཆུང་ཞིང་གཞན་དོན་ལ་བརྩོན་པ་གཡེལ། རྩ་བ་སྙིང་རྗེ་མེད་པ་སོགས་ཐེག་པ་མཆོག་གི་དོན་དང་འགལ་བས་ཉེས་པ་མང་པོ་དང་ལྡན་པ་སྟེ་རང་རྒྱུད་ལ་འགོ་བར་འགྱུར་རོ། །དེ་བཞིན་དུ་ཡང་དག་པའི་ལྟ་བ་དང་ཏིང་ངེ་འཛིན་མེད་པ་དང་འགྲོགས་ན་ཆོས་ཉིད་ཀྱི་དོན་ལས་རིང་། བསླབ་པ་འཆལ་བ་དང་འགྲོགས་ན་སྲུང་སྡོམ་འཆོར། སྣང་སྟོང་ཟུང་འཇུག་མཉམ་པ་ཆེན་པོའི་དོན་རིགས་ལམ་གྱིས་མ་དྲངས་པར་ཐ་མལ་རིག་ཅིང་ཤེས་པ་ཙམ་གནས་ལུགས་སུ་བརླམས་ནས་སྐྱོང་བ་དང་འགྲོགས་ན་གནས་ལུགས་ལ་སྒྲོ་འདོགས་མི་ཆོད་པ་དང་། རྙེད་པ་འཚོལ་བ་དང་འགྲོགས་ན་ལྟོ་གོས་ཀྱི་ཁོལ་བོར་འཆོལ། གནད་མེད་དབེན་པར་གཅིག་པུར་ཞེན་པ་དང་འགྲོགས་ན་སངས་རྒྱས་ཀྱི་ཆོས་ལས་ཉམས། སྟོང་པ་ཁ་འབྱམས་ཀྱི་ལྟ་བ་ཅན་དང་འགྲོགས་ན་རྒྱུ་འབྲས་ཁྱད་དུ་གསོད། ཆོས་ལ་ཉམས་ལེན་ཅུང་ཟད་ཀྱང་མེད་པའི་ཐ་སྙད་མཁན་དང་འགྲོགས་པ་ན་དོན་མེད་ཚིག་ལ་དགའ་ཞིང་ཉམས་ལེན་དྲེད་པོར་འཆོར་བ་སོགས་དེ་དག་གི་ཉེས་པའམ་བྱུར་འགོ་བས། ཆོས་ཐམས་ཅད་དོན་མེད་ཚིག་ཕྱིར་ཙམ་དུ་འབྲེང་བ་ནེ་ཙོའི་འདོན་པ་འདྲ་བར་རང་གི་རྒྱུད་ལ་ཕན་པ་ཅུང་ཟད་ཀྱང་མེད་པར་འགྱུར་བ་ཡིན་ནོ། །གཉིས་པ་ལ། དངོས་དང་། བརྟགས་ནས་སྤང་དགོས་པའི་འཐད་པ་དཔེས་འགོད་པ་གཉིས། དང་པོ། གོང་སྨོས་དེ་དག་དང་འགྲོགས་པས་ཐར་ལམ་གྱི་བར་དུ་གཅོད་པར་བྱེད་དེ། ཅིའི་ཕྱིར་ན་སྔར་ཡོད་ཀྱི་དགེ་བ་མཐའ་དག་འགྲིབ་ཅིང་མི་དགེ་བ་འཕེལ་བས་གནས་སྐབས་ཀྱི་བདེ་འགྲོའི་གནས་ཙམ་ཀྱང་མི་འགྲུབ་ན། མཐར་ཐུག་ཞི་བདེའི་བྱང་ཆུབ་འགྲུབ་པ་སྨོས་ཅི་དགོས་ཏེ་གནས་མེད་སྐབས་མེད་དོ། །དེས་ན་སྡིག་པའི་གྲོགས་པོ་སྤང་བ་ལ་བརྩོན་པར་བྱའོ། །གཉིས་པ་ལ། ཆོམ་རྐུན་གྱི་དཔེས་བཤེས་གཉེན་ངན་པ་སྤང་བར་གདམས་པ་དང་། སྐྱེལ་མ་དང་ཉོ་ཚང་གི་དཔེས་སྟོན་པ་དང་ཆོས་ལྟར་སྣང་བ་སྤང་བར་གདམས་པ་གཉིས། དང་པོ། ཇི་ལྟར་ལམ་འཕྲང་འབྲོག་དགོན་པར་བགྲོད་པའི་མགྲོན་པོ་དག་ཆོམ་རྐུན་གྱི་འཇིགས་པས་བཅོམ་པ་ལའང་འཇིགས་པར་ལྟ་ན། ཆོམ་རྐུན་དེ་ཡིས་ཚེ་འདི་ཡི་ནོར་དང་། ཆེས་ན་སྲོག་ཙམ་འདོར་གྱི་དེ་ལས་གཏན་གྱི་བདེ་བ་འཕྲོག་པར་ཡོང་མི་ནུས་ལ། མི་དགེའི་བཤེས་གཉེན་བསྟེན་པའི་འགྲོ་བ་རྣམས་ནི། དམ་པས་བརྙས་ཤིང་སྨད་པ་དང་། དཀར་ཕྱོགས་ཀྱི་ལྷས་འདོར་བས་གནོད་འཚེ་མང་ཞིང་། སྡུག་བསྔལ་འབྱུང་གནས་ཏེ་མི་འདོད་པ་ཐམས་ཅད་ཐོག་ཏུ་འབབ་པས་མཐོང་བའི་ཆོས་ཚེ་འདིར་ཡང་ཕུང་ལ། ཕྱི་མར་ངན་སོང་གི་འགྲོ་བར་འགྲོ་ཞིང་གཏན་དུ་སྲིད་མཚོར་འཁྱམ་མོ། །དེས་ན་གཏན་དུ་བདེ་བའི་ནོར་མཆོག་བྲལ་བར་བྱེད་པ་ལ་མི་འཇིགས་པའི་སྐྱེ་བོ་དེ་ནི་བདུད་ཀྱིས་བསླུས་པ་ལགས་ཏེ་བསླུས་པར་རིགས་སོ། །གཉིས་པ། འདི་ལྟར་འཇིག་རྟེན་ན་ཡང་འཇིག་རྟེན་པ་དག་གིས་རབ་ཏུ་རྟོག་པའི་དཔེ་བཤད་ན། ཇི་ལྟར་སྐྱེལ་མའི་གང་ཟག་གམ་སྐྱེལ་མར་བཟུང་བའི་ཡུལ་དེ་བཟང་པོ་ཞིག་གམ་ངན་པ་ཞེས་རང་གིས་རྟོག་ཅིང་གཞན་ལ་འདྲི་སྟེ། དེས་སྐྱེལ་ཨེ་ཐུབ་རྟོག་པར་བྱེད་དོ། །ཉིན་གཅིག་གི་སྐྱེལ་མ་ལ་དེ་ལྟར་བརྟགས་ན་གཏན་གྱི་ཐར་པ་འདོད་མཁན་རྣམས་ལ་ནི་བཤེས་གཉེན་བཟང་ངན་ཇི་འདྲ་ཞེས་དྲི་རྟོག་མེད་པ་དེ་ནི་བློ་གྲོས་བླུན་པོ་བདུད་སྡེས་དངོས་སུ་བཅོམ་པ་ཞེས་བྱ་སྟེ་ལོག་པའི་བཤེས་གཉེན་ནི་གཏན་བདེ་འཕྲོག་པའི་བདུད་དངོས་ཡིན་པས་སོ། །དར་ཟབ་སོགས་ཕལ་པའམ་དངོས་པོ་དམན་པའི་ནོར་དག་ཉོ་ཚོང་བྱེད་ན་ཡང་། རང་གིས་མི་ཤེས་པ་དག་གཞན་ལ་དྲི་བར་བྱེད་མོད། དེང་སང་གང་བྱུང་གི་ཆོས་ལྟར་སྣང་བ་བཅོས་མ་སྣ་ཚོགས་ཀྱི་ལམ་དེར་འཇུག་པ་དག་ནི་རྣམ་དཔྱོད་ཀྱི་མིག་མེད་པས་ཐོས་བསམ་སྣང་བ་སྒྲིབ་པའམ་མདོངས་པར་སོང་བ་ཡིན་ལ། དེ་དག་གིས་ཐོས་བསམ་གྱི་ཤེས་རབ་ཀྱི་མིག་དང་ལྡན་པ་གཞན་ལ་ཞེན་ལྟའི་དབང་གིས་དྲི་བའི་རྟོག་པ་ཙམ་ཡང་མེད་པར། རྟོག་གེའི་རང་བཟོའི་ཆོས་དེ་སྤེལ་བས་ཐར་འདོད་སྐྱེ་བོ་མང་པོ་བདུད་ཀྱིས་བསླུས་པར་གྱུར་ཏོ། །གསུམ་པ་བརྟགས་ནས་སྤང་བའི་ཕན་ཡོན་ནི། དེས་ན་འདིར་ནི་སྡིག་པའི་གྲོགས་པོ་བརྟགས་ཏེ་སྤང་བར་བྱ་ལ། དེ་ཡི་ཕན་ཡོན་གྱི་མཆོག་དམ་པ་ཚད་མེད་དེ། ལམ་ཕྱིན་ཅི་ལོག་པར་མི་ལྟུང་བ་དང་། དུས་རྟག་ཏུ་དགེ་བ་འཕེལ་བ་དང་། དམ་པས་བསྟོད་ཅིང་ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོ་རབ་ཏུ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་མི་བརྗེད་པའི་དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་རྒྱ་ཆེ་བ་དང་ལྡན་ཞིང་། ཚེ་འདིར་ཡང་བདེ་ལ་ཕྱི་མར་ལེགས་པ་སྟེ། ཕལ་པའི་མཐོ་རིས་ལས་འཕགས་པའི་བདེ་བ་ཅན་སོགས་དག་པའི་ཞིང་ལ་མངོན་བརྗོད་དུ་མཐོ་རིས་གང་གཱའི་ཆུ་ངོགས་སུ་གྲགས་པ་དེར་ལེགས་པར་བགྲོད་པ་སྟེ་ཕྱིན་ཅིང་ཞིང་དེ་རྣམས། རྒྱལ་བའི་སྲས་ས་ལ་གནས་པ་རྣམས་དང་དེ་དག་གི་བསོད་ནམས་དང་ཡེ་ཤེས་ལས་བསྐྲུན་པའི་འབྱོར་པ་དཔག་བསམ་གྱི་ཤིང་ལ་སོགས་པས་ཡོངས་སུ་གང་བ་དག་མཐོང་ཞིང་ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན་གྱིས་རྣམ་པར་འཕྲུལ་ཞིང་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་སོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྡིག་པའི་གྲོགས་པོ་སྤང་བའི་ལེའུ་སྟེ་དགུ་པའི་འགྲེལ་པའོ།། །། ༈ གཉིས་པ་ཇི་ལྟར་ཐོས་པ་བྱ་བའི་ཚུལ་ལ། སློབ་དཔོན་གྱིས་འཆད་ཚུལ་དང་། སློབ་མའི་ཉན་ཚུལ་གཉིས། དང་པོ་ལ། ལེའུ་མཚམས་སྦྱོར་བ་དང་། སྐབས་དོན་དངོས་གཉིས། དང་པོ། དེ་ལྟར་སྡིག་པའི་གྲོགས་པོ་བརྟགས་ནས་སྤངས་པར་བྱས་ཤིང་། དགེ་བའི་བཤེས་གཉེན་ཡོངས་སུ་བསྟེན་པ་ན། དེ་ལས་དོན་དུ་གཉེར་བྱ་ཐར་པའི་རྒྱུར། དང་པོ་ཐོས་པའི་ཤེས་རབ་བསྐྱེད་པར་བྱ་དགོས་ཏེ། ཐོས་པའི་ཤེས་རབ་འདི་ནི་ཐར་པའི་རྩ་བ་ལགས་པར་གསུངས་པའི་ཕྱིར། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། ཞེས་སོ། །གཉིས་པ་ལ། གང་ལ་བཤད་པའི་ཡུལ། ཇི་ལྟར་བཤད་པའི་ཚུལ། དེ་ལྟར་བཤད་པའི་ཕན་ཡོན་གསུམ། དང་པོ། དེ་ལ་བླ་མ་གང་ཞིག་མང་དུ་ཐོས་ཤིང་ཡོན་ཏན་བཅུ་ལྡན་གྱི་སྟེ། གདུལ་བྱའི་བློ་རིགས་མི་ཤེས་པ། ཤེས་བྱའི་དོན་ལ་རྨོངས། ངག་ཚིག་གི་སྡེབ་མི་ཤེས་པ། ཟང་ཟིང་གི་རྙེད་པ་ལ་ལྟ་བ། ཆོས་ལ་དཔེ་མཁྱུད་བྱེད། འཇིག་རྟེན་གྱི་གྲགས་པ་འདོད་པ། ཆོས་ལ་སྦྱོར་བ་ཞན་པ། གཞན་དོན་གྱི་ལས་ལ་སྐྱོ་བ། ང་རྒྱལ་དང་ཕྲག་དོག་ཆེ་བ། ཆོས་ལ་སེར་སྣ་བྱེད་པ། ཆོས་དང་རང་རྒྱུད་འཛོལ་བའི་ཉེས་པ་སྟེ་དེ་བཅུ་དང་བྲལ་བའི་ཟློག་ཕྱོགས་ཀྱི་ཡོན་ཏན་བཅུ་དང་ལྡན་པ་ལས་ཐོས་པར་བྱའོ། །དེ་ལྟ་བུའི་བླ་མ་མཆོག་དེས་སྐལ་བཟང་གི་སློབ་མ་རྣམས་ལ་དམ་པའི་ཆོས་ནི་ཡོངས་སུ་འཆད་པ་ན། ཐོག་མར་སྣོད་དེ་ཉེད་ཀྱི་དབང་པོ་ལེགས་པར་བརྟག་པ་གཅེས་ཏེ། སྣོད་དེ་ཡང་བྱིས་པ་བཙས་ནས་རིང་དུ་མ་ལོན་པ་དང་། དེ་ལས་ན་ཚོད་རྒན་པ་བཞིན་ཡིན་ཏེ། དེ་གཉིས་ནི་ཁ་ཟས་ཐ་དད་པ་སྟེ་འཇམ་དང་རྩུབ་ཆེ་བ་ལྟར་གདུལ་བྱ་དེ་ཡི་ཆོས་ཀྱང་རང་བཞིན་ཐ་དད་པ་ཡིན་ཏེ་བློ་དབང་གིས་ཆོས་ཐེག་པ་ཆེ་ཆུང་སྣ་ཚོགས་སུ་སྣང་བ་སྟེ། བཀོད་པ་ཆེན་པོ་ལས། དམན་པ་གསུམ་ལ་བསྟན་པ་ནི། །འདུལ་བ་མདོ་སྡེ་མངོན་པ་སྟེ། །འབྲིང་པོ་གསུམ་ལ་ངས་བསྟན་པ། །ཀྲཱི་ཡ་ཡོ་ག་ཨུ་པའོ། །ཆེན་པོ་རིམ་ལྡན་གསུམ་དག་ལ། །བསྐྱེད་དང་རྫོགས་པ་ཆེན་པོ་བསྟན། །ཞེས་དང་། ཞི་བ་ལྷས། དམན་ལ་མཆོག་གི་ཆོས་མི་བསྟན། །རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ། གོ་རིམ་ཇི་ལྟར་བཤད་པ་དང་། ཆོས་གང་བཤད་པ། ཚུལ་ཇི་ལྟར་འཆད་པ་གསུམ། དང་པོ་ལ། དངོས་དང་། དེ་ལྟར་བཤད་པའི་ཕན་ཡོན། མ་བཤད་པའི་ཉེས་དམིགས་གསུམ། དང་པོ། དེ་ལྟར་བརྟགས་ནས་ཐེག་དམན་ནས་བརྩམས་ཏེ་ཆེན་པོའི་བར་རིམ་པར་ཁྲིད་པའི་ཚུལ་གྱིས་བཤད་པར་བྱ་སྟེ། དེང་སང་རིག་རྐྱང་ངོས་ཟིན་པས་ཆོས་ཟེར་བ་ལྟར་མི་བྱ་སྟེ། དེ་ལྟར་ན་སངས་རྒྱས་ཀྱིས་དེ་ཁོ་ན་ལས་གཞན་དུ་གསུངས་པ་དོན་མེད་དུ་ཐལ་བ་དང་། ཐབས་རྒྱ་ཆེན་པོ་མི་ཤེས་པས་ཐབས་དང་བྲལ་བས་སངས་རྒྱས་མི་འགྲུབ་པ་དང་། ད་ལྟའི་རིག་པ་དེའང་ཐོས་པ་དང་བླ་མའི་རྣལ་འབྱོར་ལ་བརྟེན་དགོས་པས་རང་ཚིག་བསལ་བ་ལ་ཞུགས་པ་ཡིན་ནོ། །སྤྱིར་སློབ་དཔོན་གདུལ་བྱའི་ཁམས་དབང་བསམ་པ་བག་ལ་ཉལ་མཁྱེན་པ་ཞིག་ན་དང་པོ་ནས་ཟབ་མོའི་དོན་བསྟན་ཀྱང་ཐོད་རྒལ་དུ་ཡེ་ཤེས་སྐྱེ་བ་སྲིད་ཀྱང་། མངོན་ཤེས་མེད་པའི་གང་ཟག་གིས་དེ་ལྟར་མི་རུང་ལ་གལ་ཏེ་ཐེག་ཆེན་གྱི་རིགས་ཅན་ལའང་ཐེག་པ་རིམ་གྱིས་བཤད་པ་མི་འགལ་ལོ། །འོ་ན་ཐེག་ཆེན་གྱི་རིགས་ལ་དམན་པ་བཤད་པར་མི་བྱ་ཅི་ལྟར་གསུངས་ཞེ་ན། དེ་ནི་དམན་པ་ངེས་དོན་དུ་བཟུང་ནས་བཤད་པ་ལ་ཟེར་གྱི། ལར་མི་བཤད་པ་མིན་ཏེ། གོང་མ་གོང་མའི་ལམ་སྟེགས་དང་། གོང་མ་རྟོགས་པའི་རྒྱུ་སྟེ་ཆོས་ཐམས་ཅད་དེ་བཞིན་ཉིད་ལ་གཞོལ་ཞིང་འབབ་པ་ཤ་སྟག་ཡིན་པའི་ཕྱིར་རོ། །གཉིས་པ། དེ་ལྟར་བཤད་པ་དེས་ནི་ཐེག་པའི་གོང་འོག་གི་རིམ་པ་ཤེས་པ་དང་། ཡོན་ཏན་གོང་ནས་གོང་དུ་འཕེལ་བ་དང་། ཟབ་མོའི་དོན་རྟོགས་དཀའ་བ་ལ་འཇིགས་དངངས་དང་སྐྲག་པ་མེད་པ་དང་། ལམ་གོང་མ་ལ་ཡང་ཐོས་རྒྱ་ཆོད་པས་ནོར་བ་མེད་ཅིང་། ལྟ་སྤྱོད་ཟུང་འབྲེལ་ཏེ་རིས་སུ་མ་ཆད་པར་འགྱུར་རོ། །དེ་ཡང་ཡེ་ཤེས་རོལ་པ་ལས། སྟོང་པ་ཉིད་དང་སྙིང་རྗེའི་བདག །དཔལ་ལྡན་འབྱོར་པ་དམ་པའི་ལམ། །རྣམ་འབྱོར་ཅན་གྱིས་བརྩོན་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ། །ཅེས་གསུངས་པ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཁམས་ཀྱི་སྐུ་གསུམ་ལ་སྒྲིབ་པའི་དྲི་མ་བསལ་ནས། ཆོས་སྐུ་དང་གཟུགས་སྐུ་མངོན་དུ་བྱེད་ལ། ཐབས་སྙིང་རྗེ་ཆེན་པོས་ཉན་རང་གི་ཞི་བ་ལས་བཟློག་ནས་སེམས་ཅན་གྱི་དོན་བྱེད་ཅིང་། ཤེས་རབ་སྟོང་ཉིད་བསྒོམས་པས་སྲིད་པའི་ཆ་ལས་རྣམ་པར་གྲོལ་བའི་ཕྱིར་ནའོ། །གསུམ་པ། དེ་ལྟར་རིམ་པར་མ་བཤད་པའི་སྐྱོན་ནི་ཚད་མེད་དེ། གོང་འོག་སྔ་ཕྱིའི་རིམ་པ་དང་བྲལ་བས་སངས་རྒྱས་བསྟན་པའི་སྤྱི་སྲོལ་རིམ་གྱིས་འཇོག་པའི་རིམ་པ་ལས་ཉམས་པ་དང་། བློ་ཆུང་བ་རྣམས་ཟབ་མོའི་དོན་ལ་དངངས་སྐྲག་སྐྱེ་ཞིང་ལོག་ལྟས་ཆོས་འདོར་བ་དང་། གོ་རིམ་བཞིན་འོག་མའི་གནད་མ་ཤེས་པས་གོང་མའི་གནད་ཕྲ་བའི་དོན་ཟབ་མོར་ཏེ་ཞིབ་པར་མི་རྟོགས་པ་དང་། རྒྱ་ཆེ་བའི་ཐབས་འདུས་བྱས་ཀྱི་དགེ་བ་ཁྱད་དུ་གསོད་པ་དང་། དངོས་པོའི་དོན་ལ་རང་བཞིན་མིན་པའི་སྒྲོ་སྐུར་རྒྱར་འགྱུར་བ་དང་། དགེ་སྡིག་གི་རྒྱུ་འབྲས་ཞིབ་ཏུ་མི་བྱེད་པར་འཆོལ་བ་དང་། རང་གི་རྒྱུད་དང་བསྟུན་དེ་ལམ་གྱི་བླང་དོར་མི་ཤེས་པ་དང་། ཤེས་བྱ་སྤྱིའི་དོན་ལ་རྨོངས་པ་དང་། ཐེག་ཆེན་གྱི་སེམས་བསྐྱེད་དང་གཞན་དོན་སྙིང་རྗེ་སྤངས་པ་དང་། སྟོང་པ་ཁ་འབྱམས་ཀྱི་ལྟ་བ་དང་ལྡན་ཏེ་ངན་འགྲོར་བསླུས་པ་དང་། ཅིར་ཡང་བྱར་མེད་ཟེར་ནས་ཆོས་མེད་ཐ་མལ་དུ་ལུས་པ་དང་། མ་སྨིན་པའི་འགྲོ་ལ་སྔགས་ཀྱི་ཟབ་དོན་གསང་བ་སྒྲོག་པ་སྟེ། དེ་ལ་སོགས་པའི་ཉེས་པ་མང་པོ་དང་ལྡན་པའི་ཕྱིར་ཐེག་པ་རིམ་གྱིས་བཤད་དགོས་པ་ཡིན་ནོ། །གཉིས་པ་གང་བཤད་པ་ལ། སྤྱི་དང་། བྱེ་བྲག་གཉིས། དང་པོ། གང་བཤད་བྱའི་ཆོས་ནི་གོང་དུ་བགྲོད་པར་བྱ་བའི་ལམ་དང་འབྲས་བུའི་ཆོས་ཐེག་པ་ཆེ་ཆུང་གི་རྣམ་གྲངས་ཐམས་ཅད་དང་། གང་ཞིག་ཤེས་ནས་བླང་བར་བྱ་བ་ལ་འགོག་ལམ་གྱིས་བསྡུས་པ་མྱང་འདས་ཕྱོགས་ཀྱི་ཆོས་དང་། དོར་བར་བྱ་བ་འཁོར་བའི་ཆོས་སྡུག་བསྔལ་ཀུན་འབྱུང་། ཐུན་མོང་དུ་གྱུར་པ་ཤེས་བྱ་རིག་པའི་གནས་སུ་གྱུར་པ་རྣམས་ཐམས་ཅད་དེ། དུས་གཅིག་ལ་ལམ་མི་བགྲོད་ཅིང་ཆོས་གཅིག་ཁོ་ནས་ཐར་པ་མི་འགྲུབ་པའི་ཕྱིར་ཏེ། མདོ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །གཞན་དག་ཚར་བཅད་རྗེས་སུ་བཟུང་བ་བྱ་ཕྱིར་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་སོ། །གཉིས་པ་ནི། དེ་ལས་ཀྱང་བྱེ་བྲག་དུ་དང་པོའི་ལས་ཅན་རྣམས་ལ་ལས་རྒྱུ་འབྲས་ཀྱི་ཆོས་དང་། ལམ་ལ་ཞུགས་པ་རྣམས་ལ་ཐེག་པ་གོང་འོག་གི་གྲུབ་མཐའི་རྣམ་གྲངས་དང་། གཞན་དོན་སྤྱོད་པ་རྣམས་ལ་རིག་པའི་གནས་ལྔ་སོགས་དང་ཟབ་ཅིང་རྒྱ་ཆེའི་སྟེ་ཟབ་པ་དོན་དམ་དང་། རྒྱ་ཆེ་བ་ཀུན་རྫོབ་དང་ལམ་སོགས་ཀྱི་རིམ་པ་རྣམས་དང་། ཁྱད་པར་ངེས་འབྱུང་སྒྲུབ་པ་སྙིང་པོར་བྱེད་པ་རྣམས་ལ། ཚིག་ཉུང་ལ་དོན་དུ་དྲིལ་བས་མྱུར་དུ་ཐར་པར་བགྲོད་པའི་གནད་ཟབ་མོ་རྣམས་སོ་སོའི་བློ་རིམ་དང་མཐུན་པ་རྣམ་པར་བཤད་དོ། །གསུམ་པ་ཚུལ་ཇི་ལྟར་འཆད་པ་ལ། མི་མཐུན་ཕྱོགས་སྤང་བ་དང་། མཐུན་ཕྱོགས་བསྒྲུབ་པ་གཉིས། དང་པོ། དེ་ལྟར་ཆོས་འཆད་པ་དེ་ལ་ཡང་མི་མཐུན་པའི་རྐྱེན་རྣམས་སྤང་བྱར་བསྟན་པ་ནི། ཕྱི་དང་ནང་གི་འདུ་འཛིར་གྱུར་པ་བསྙེན་བཀུར་ཕྱིར་མགྲོན་དུ་བོས་པས་དུས་འགྱངས་པ། ཟང་ཟིང་གི་རྙེད་པ་དང་། མྱོས་པའི་རྒྱུ་ཆང་དང་། དྲན་པ་མི་གསལ་བའི་རྒྱུ་གཉིད་རྨུགས་དང་། བསྙེལ་ཏེ་དྲན་པ་ཉམས་པ་ལ་སོགས་ཐོས་པའི་དོན་ལ་བར་ཆད་དུ་འགྱུར་བ་རྣམས་སྤང་བར་བྱའོ། །གཉིས་པ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ། ཆོས་འཆད་པའི་ཕྱོགས་དེར་ཁྲི་དང་སྟན་བཏིང་ལ་མདུན་སོགས་སུ་མཆོད་པ་སྣ་ཚོགས་དང་། མཎྜལ་ལ་སོགས་པའི་བཀོད་པས་བརྒྱན་པར་བྱ་ཞིང་། དེ་ནས་ཆོས་སྟོན་པ་པོ་བཤམས་པའི་སྟན་ལ་སྐྱིལ་ཀྲུང་དྲང་པོར་བཅསཏེ་དྲན་པ་ཉེ་བར་བཞག་པས་འཁོད་དོ། །གཉིས་པ་ལ། བསམ་པ་ཕུན་སུམ་ཚོགས་པར་བྱ་བ་དང་། སྦྱོར་བ་ཕུན་སུམ་ཚོགས་པར་བྱ་བ་གཉིས། དང་པོ། གཞན་དོན་དུ་སེམས་བསྐྱེད་དེ་སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་མིག་རྙེད་པར་བྱ། ཡེ་ཤེས་ཀྱི་སྒྲོན་མེ་སྦར་བར་བྱ། སངས་རྒྱས་ཀྱི་ཆོས་ཡུན་རིང་དུ་གནས་པར་བྱ་སྙམ་པ་དང་། བསྐྱེད་རྫོགས་ཀྱི་ངང་ལ་གནས་བཞིན་གྱིས་བཤད་པར་བྱ་སྟེ། གང་ཞེ་ན། སྤྲུལ་སྐུའི་ཆོས་སྡེ་སྣོད་གསུམ་ལ་རང་ཉིད་ཤཱཀྱའི་རྒྱལ་པོ་དང་། ལོངས་སྐུའི་ཆོས་གསང་སྔགས་ཕྱི་ནང་ལ་རིགས་ལྔའི་གཙོ་བོ་རྡོ་རྗེ་འཆང་དང་། ཆོས་སྐུ་ནམ་མཁའ་འདྲ་བའི་ཆོས་རྫོགས་པ་ཆེན་པོ་རྣམས་ལ། ཀུན་ཏུ་བཟང་པོ་དང་། ཡུམ་ཀུན་ཏུ་བཟང་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཡུམ་བསམ། ཡང་ན། མདོ་རྒྱུད་གང་འཆད་པའི་རང་རང་ཆོས་དེའི་སྟོན་པར་བསམ་ལ་གང་འཆད་པའི་ཆོས་ཀྱི་ཚིག་དོན་གྱི་ཆ་ལ་ཚིག་ནོར་བ་དང་དོན་འཁྲུལ་པའི་སྐྱོན་དང་ངག་ལྡབ་ལྡིབ་ཟློས་པ་སོགས་ཀྱི་སྐྱོན་མེད་པར། དོན་གསལ་ཞིང་དབྱངས་སྙན་པའི་སྒོ་ནས་གདུལ་བྱའི་མོས་པ་དང་འཚམ་པར་ཇི་བཞིན་པར་བཤད་དོ། །དེའི་ཚེ་ཆོས་ཀྱི་སྒྲ་དབྱངས་ཡན་ལག་དྲུག་ཅུར་གྱུར་པ་དེས་འཇིག་རྟེན་གྱི་ཁམས་ཀུན་ཁྱབ་པར་གྱུར་ཏེ། དེ་ཉིད་སེམས་ཅན་ཀུན་གྱིས་ཐོས་ནས་མ་རིག་པ་སངས། གཟུངས་སྤོབས། ཏིང་འཛིན་ཐོབ་པར་བསམ་ལ་རྫོགས་རིམ་ཡང་རང་བཞིན་ལྟ་བའི་རྩིས་ཀྱིས་ཟིན་པའི་ངང་ལས་མི་གཡོ་བར་བྱའོ། །གཉིས་པ། དེ་ཚེ་ཆོས་འཆད་པའི་ཕ་རོལ་ཕྱིན་པ་དྲུག་ནི། ཚིག་དོན་ལེགས་པར་བཤད་པ་ཆོས་ཀྱི་སྦྱིན་པ་སྟེ། ཟང་ཟིང་སོགས་དོན་གཉེར་གྱི་ཉོན་མོངས་མེད་པར་བཤད་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། སྐྱོ་ངལ་བཟོད་པ་ནི་བཟོད་པ་དང་། འཆད་པ་ལ་སྤྲོ་བས་བརྩོན་འགྲུས་ཏེ། ཚིག་དོན་ལ་མ་ཡེངས་པར་སེམས་པ་བསམ་གཏན་དང་། ཚིག་དོན་རྣམ་པར་འབྱེད་པ་དང་འཆད་དུས་རྨི་ལམ་སྒྱུ་མར་ཤེས་པ་ཤེ་རབ་བློ་སྟེ་དེ་ལྟར་དྲུག་གོ །གསུམ་པ། རྗེས་ལ་སྒྱུ་མ་ལྟ་བུའི་ངང་འཁོར་གསུམ་བདེན་མེད་དུ་ཤེས་པས་ཆོས་བཤད་པའི་དགེ་བསེམས་ཅན་གྱི་དོན་དུ་བསྔོ་བར་བྱ་ཞིང་། འདི་ལྟར་དོན་དམ་པའི་ཆོས་ལ་སྤྱད་དུ་ཡོད་ཅིང་འཆད་ཉན་སོགས་ལ་བར་ཆད་མེད་པ་འདི། རྫོགས་པའི་སངས་རྒྱས་དང་རྩ་བརྒྱུད་ཀྱི་བླ་མ་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་དང་། ཆོས་ལ་སྤྱོད་པའི་ལུས་རྟེན་བསྐྱེད་པའི་ཕ་མ་སོགས་ཀྱི་དྲིན་ཡིན་པས་དེ་རྣམས་ཀྱི་བཀའ་དྲིན་དྲན་པའི་སྒོ་ནས་དམ་ཆོས་ལ་གུས་པ་བསྐྱེད་ཅིང་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པར་གྱུར་ཅིག་སྙམ་དུ་བསམ་པར་བྱའོ། །གསུམ་པ་ཕན་ཡོན་ནི། དེ་ལྟར་དམ་ཆོས་ལེགས་པར་བཤད་པ་དེ་ཡི་ཕན་ཡོན་ཡང་། རང་རྒྱུད་ལ་དྲན་པ་དང་ཏིང་འཛིན་སྐྱེ་བ་དང་། ཉོན་མོངས་ཀྱི་རྙོག་མ་བྲལ་བ་དང་། གཟུངས་དང་སྤོབས་པ་ཟད་མི་ཤེས་པ་ཐོབ་པ་དང་། སངས་རྒྱས་ཀྱི་ཆོས་མཛོད་འཛིན་པ་དང་། བདེ་བར་གཤེགས་པ་ལས་ཆོས་ཐོས་པའི་སྐལ་བ་ཅན་དུ་འགྱུར་བ་དང་། ལྷ་མིས་བསྟོད་ཅིང་འཇིག་རྟེན་སྙན་པར་གྲགས་པ་དང་། བསམ་དགུ་ཡིད་བཞིན་དུ་འགྲུབ་པ་དང་། ཚེ་རབས་ཀུན་ཏུ་ཆོས་ཀྱི་སྣང་བ་དང་མི་འབྲལ་ཞིང་། མྱུར་དུ་བདེ་བར་གཤེགས་པའི་གོ་འཕང་ཐོབ་ནས་འགྲོ་བ་མཐའ་དག་ལ་ཆོས་ཀྱི་ཆར་འབེབས་པ་སོགས་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་ཐམས་ཅད་ཐོབ་པར་འགྱུར་ཏེ་ཞིབ་པར་མདོ་སྡེ་རྣམས་ནས་རྒྱ་ཆེར་བསྔགས་པ་བཞིན་ནོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཆད་པ་པོ་སློབ་དཔོན་གྱི་ལེའུ་སྟེ་བཅུ་པའི་འགྲེལ་པའོ།། །། ༈ གཉིས་པ་སློབ་མས་ཇི་ལྟར་ཉན་ཚུལ་ལ། བསྟན་བཤད་གཉིས། དང་པོ། དེ་ནས་ཉན་པར་བྱེད་པ་སློབ་མའི་ཆོས་ཀྱི་ཚུལ་ནི། ཞེས་སོ། །གཉིས་པ་ལ། སྐྱོན་ཡོན་གྱི་སྒོ་ནས་གང་གིས་ཉན་པ་པོ་བསྟན་པ་དང་། དུས་ནམ་གྱི་ཚེ་ཉན། ཚུལ་ཇི་ལྟར་ཉན་པར་གདམས་པ་གསུམ། དང་པོ་ལ། མདོར་བསྟན་པ་དང་། བྱེ་བྲག་རྒྱས་པར་བཤད་པ་གཉིས། དང་པོ། རྣ་བ་མི་གཏད་ཁ་སྦུབ་ལྟ་བུ། ཡིད་ལ་མ་བཞག་པ་ཞབ་རྡོལ་ལྟ་བུ། ཉོན་མོངས་པ་དང་འདྲེས་པ་དུག་ཆེན་ལྟ་བུ་སྟེ་སྣོད་ཀྱི་སྐྱོན་གསུམ་དང་། ང་རྒྱལ་དང་། མ་དད་པ་དང་། དོན་དུ་གཉེར་བ་མེད་པ་དང་། ཕྱི་རོལ་དུ་རྣམ་པར་གཡེང་བ་དང་། ནང་དུ་སྡུད་པ་དང་། སྐྱོ་བས་ཉན་པ་སྟེ་དྲི་མ་དྲུག་དང་། འཆད་འགྱུར་ཉེས་པ་སོ་དྲུག་བཅས་སྐྱོན་རྣམས་སྤངས་ལ། ཡོན་ཏན་སུམ་ཅུ་རྩ་དྲུག་དང་ལྡན་པས་གུས་པས་མཉན་པར་བྱའོ། །གཉིས་པ་ལ་ཉེས་པ་སུམ་ཅུ་རྩ་དྲུག་བཤད་པ་དང་། ཡོན་ཏན་སུམ་ཅུ་རྩ་དྲུག་བཤད་པ་གཉིས། དང་པོ་ཉེས་པ་སུམ་ཅུ་རྩ་དྲུག་ནི། མ་གུས་ལ་སོགས་དང་པོར་ཆོས་ལ་མི་འཇུག་པའི་བདུད་ཀྱི་ལས་དྲུག་ནི། ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས། ལེ་ལོ་དང་། སྙོམ་ལས་དང་། ཆོས་དང་ཆོས་སྨྲ་བ་ལ་མ་དད་པ་དང་། དགེ་བའི་བཤེས་གཉེན་ལ་སྲི་ཞུས་མི་འདུད་པ། བསྟན་པ་བཞིན་ཡིད་ལ་མི་བྱེད་པ། འཇིག་རྟེན་འདི་ལ་སེམས་པས་ལས་དང་ལས་ཀྱི་རྣམ་སྨིན་ཁྱད་དུ་གསོད་པའོ། །ཞེས་དང་། ང་རྒྱལ་ལ་སོགས་ཐབས་ལ་སྒྲིབ་པའི་ལས་དྲུག་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རང་གི་རྒྱུད་ལ་བདུད་ཞུགས་པས་ང་རྒྱལ་ཆེ་བ་དང་། ལས་ཀྱི་སྒྲིབ་པས་ཆོས་སྤོང་བ་དང། རྒྱང་འཕེན་པའི་གསང་ཚིག་འཚོལ་བས་ཉེ་བར་བསྟན་པ་ཉན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཉན་པ་དང་། དགེ་བའི་བཤེས་གཉེན་ལ་ལོག་པར་ལྟ་བ་དང་། ཆོས་ལ་ལོག་པར་ལྟ་བའོ། །ཞེས་དང་། ཚུལ་དུ་འཆོས་པ་ལ་སོགས་ཆོས་ཉན་ཟིན་ཀྱང་སྤང་བའི་ལས་དྲུག་ནི། དེ་ཉིད་ལས། སྡིག་པ་འདོད་པས་ལུས་སེམས་ཚུལ་འཆོས་པ་དང་། ང་རྒྱལ་གྱིས་ཆོས་སྨྲ་བ་ལ་མི་གུས་པ་དང་། ཐེ་ཚོམ་གྱིས་ཆོས་ལ་མི་གུས་པ་དང་། ཚུལ་འཆོས་ཀྱིས་ལོག་པར་འཚོ་བ་དང་། ཕ་མ་དང་མཁན་པོ་དང་སློབ་དཔོན་ལ་མི་གུས་པ་དང་། ལུས་སེམས་རྩུབ་པས་རྟག་ཏུ་མི་མཐུན་པར་རྩོད་པའོ། །ཞེས་དང་། ཟང་ཟིང་གཉེར་སོགས་ཆོས་ཇི་བཞིན་མི་འགྲུབ་པར་གཡེང་བར་བྱེད་པའི་དོན་གྱི་སྐྱོན་དྲུག་ནི། དེ་ཉིད་ལས། འཇིག་རྟེན་གྱི་བྱ་བྱེད་མང་བ། ཟང་ཟིང་གི་རྙེད་པ་མང་བ། ངག་ཚིག་བྲེ་མོའི་གཏམ་གྱི་སྦྱོར་བ་མང་བ། སྡིག་པའི་གྲོགས་ཀྱི་མཛའ་བཤེས་མང་བ། ལོག་པར་རྟོག་པའི་བློ་མང་བ། ལས་ངན་པའི་དབང་གིས་ནད་གདོན་མང་བའོ། །ཞེས་དང་། རྙེད་བཀུར་ཆགས་སོགས་རེ་ཞིག་ཆོས་བཟུང་ཡང་དེ་ལས་ལོག་པར་འཁྱོགས་པའི་སྐྱོན་དྲུག་ནི། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། བཀའ་དྲིན་གྱི་བྱས་པ་མི་གཟོ་ཞིང་གཡོ་བྱེད་པ། རྙེད་པ་དང་བཀུར་སྟི་ལ་ཆགས་པར་ཆོས་སྒྲུབ་པ། ཕ་རོལ་གྱི་རྙེད་པ་ལ་ཕྲག་དོག་སེར་སྣ་བྱེད་པ། ཆོས་སྨྲ་བའི་ཡོན་ཏན་ལ་མི་སེམས་པར་འཁྲུལ་པ་འཚོལ་བ། སྡིག་པའི་སློབ་དཔོན་ལ་དད་ཅིང་བརྟེན་པ། རྟོག་གེ་འཚོལ་གྱི་བསོད་ནམས་ཀྱི་ཡོན་ཏན་མི་འཚོལ་བའོ། །ཞེས་དང་། ཐེག་ཆེན་ཇི་བཞིན་མི་བྱེད་པར་གཞན་དུ་བྱེད་སོགས་གོལ་བའི་ཆོས་དྲུག་སྟེ། འཇམ་དཔལ་རྣམ་པར་འཕྲུལ་བའི་མདོ་ལས། བྱང་ཆུབ་སེམས་དཔའ་སྡེ་སྣོད་མི་འཚོལ་བར་མུ་སྟེགས་བྱེད་ཀྱི་རྫུ་འཕྲུལ་འཚོལ་བ་དང་། འཇིག་རྟེན་པའི་ཞལ་ཏ་བྱེད་ཅིང་མང་དུ་ཐོས་པ་མི་འཚོལ་བ་དང་། ཚིག་གི་ཐོས་པ་འཚོལ་ཞིང་དེའི་རྣམ་པར་གྲོལ་བ་མི་འཚོལ་བ་དང་། ཉན་རང་གི་སྡེ་སྣོད་འཚོལ་གྱི་བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་འཚོལ་བ་དང་། ཐབས་ལ་མཁས་པ་མངོན་དུ་མི་བྱེད་པར་ཉོན་མོངས་པ་ཟད་པ་འཚོལ་བ་དང་། རིག་པའི་གནས་ལ་མཁས་པར་འདོད་ཀྱི་དགེ་བའི་བཤེས་གཉེན་མི་འཚོལ་བའོ། །ཞེས་སོ། །དེ་ལྟར་ཉེས་པ་སུམ་ཅུ་རྩ་དྲུག་སྤངས་ལ་ཉན་པར་བྱའོ། །གཉིས་པ། གང་གི་ཚེ་ལེགས་པའི་ཚུལ་གྱིས་ཇི་ལྟར་མཉན་པར་བྱ་བ་ནི། ནོར་བུའི་འདུ་ཤེས་ལ་སོགས་གཅེས་པའི་འདུན་པ་དྲུག་བསྟེན་པ་ནི། ལག་བཟང་གིས་ཞུས་པའི་མདོ་ལས། ཆོས་སྨྲ་བའི་བླ་མ་ལ་རིན་པོ་ཆེའི་གཏེར་དུ་ཤེས་པར་དང་། ཆོས་ལ་ཡིད་བཞིན་ཡི་ནོར་བུར་འདུ་ཤེས་པ་དང་། ཆོས་ཉན་པ་ལ་རབ་ཏུ་དགོན་པའི་འདུ་ཤེས་དང་། ཆོས་འཛིན་ཅིང་བསམ་པ་ལ་གཅེས་པའི་དོན་ཡོད་པར་འདུ་ཤེས་པ་དང་། ཆོས་ལ་སོ་སོར་རྟོག་པ་ལ་ཚེ་རབས་བརྒྱར་མི་རྙེད་པར་འདུ་ཤེས་པ་དང་། ཆོས་འཚོལ་བ་སྤང་བ་རྣམས་ལ་བདུད་རྩི་བོར་ནས་དུག་ལ་སྤྱོད་པར་འདུ་ཤེས་པ་དང་། ཉན་ཅིང་སེམས་པ་རྣམས་ལ་དོན་དང་བཅས་པར་འགྱུར་བའི་འདུན་པ་བསྟེན་པར་བྱའོ། །ཞེས་སོ། །དེ་རྣམས་ཀྱི་རྒྱུ་བྱས་ནས་ཉོན་མོངས་བཟོད་སོགས་དཀའ་བའི་སྤྱོད་པ་དྲུག་གིས་གོ་བགོ་བ་ནི། དེ་ལས། དགེ་བའི་བཤེས་གཉེན་དང་ཆོས་ཀྱི་ཕྱོགས་སུ་ཚ་བ་དང་གྲང་བའི་ཉོན་མོངས་པ་བཟོད་པ། བཀྲེས་པ་དང་སྐོམ་པས་ཉོན་མོངས་པ་བཟོད་པ། ངན་སྨྲས་དང་རྒྱ་གད་ཀྱིས་ཉོན་མོངས་པ་བཟོད་པ། ངལ་དུབ་འགྲོ་ལས་ཀྱིས་ཉོན་མོངས་པ་བཟོད་པ། ཡོ་བྱད་གཏོང་བ་དང་འཚོལ་བས་ཉོན་མོངས་པ་བཟོད་པ། གཅེས་པར་འཛིན་པའི་སྲོག་ལའང་བརྡོས་ཏེ་བཟོད་པར་བྱ་བ་གཅེས་སོ། །ཞེས་སོ། །ཐོས་མང་གཉེེར་སོགས་རྐྱེན་གྱིས་མི་འགྱུར་བ་དྲུག་གིས་བསྟེན་པར་བྱ་ནི། དེ་ཉིད་ལས། ཆོས་སྟོན་པ་དང་ཆོས་ཀྱི་ནན་ཏན་ལྷུར་བྱེད་པ་ལ་མདུང་ཐུང་གིས་ཀྱང་མི་བཟློག་པར་འབད་དོ། །ཐོས་པ་མང་དུ་བསོགས་པ་དང་། ཐོས་པ་མང་དུ་འཛིན་པ་དང་། ཆོས་ཀྱི་དོན་ཤེས་པ་དང་། དེ་ཉིད་ཀྱི་སྤྱོད་པ་དང་ལྡན་པ་དང་། གཞན་ཡང་དེ་ལྟ་བུ་ལ་བསྟེན་པ་དང་། དེ་ལྟ་བུ་ལ་བསྙེན་བཀུར་བྱེད་པའོ། །ཞེས་སོ། །སྙིང་རྗེ་བསྐྱེད་སོགས་ཆེད་དུ་བྱ་བའི་ཁྱད་པར་དྲུག་ནི། དེ་ལས། དགེ་བའི་རྩ་བ་ཐམས་ཅད་ཤེས་པར་བྱ་བ་དང་། ཤེས་ནས་དེ་དག་ཚུལ་བཞིན་དུ་བསྒྲུབ་པ་དང་། སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་དང་། དཀོན་མཆོག་གསུམ་གྱི་གདུང་མི་བཅད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྟེ། ཆེད་དུ་བྱ་བ་དེ་ལྟ་བུ་དང་ལྡན་པར་བྱའོ། །ཞེས་སོ། །བྱེ་བྲག་ཤེས་སོགས་དགོས་པ་རྣམ་པ་དྲུག་དང་མ་བྲལ་བར་བྱ་བ་ནི། འོད་སྲུང་གིས་ཞུས་པ་ལས། ཐོས་ནས་ཆོས་ཀྱི་བྱེ་བྲག་ཤེས་པར་བྱ་བའི་དགོས་པ་དང་། ཤེས་ནས་བྱ་བ་མ་ཡིན་པ་མི་བྱེད་པའི་དགོས་པ་དང་། གཞན་ལའང་དེ་ལྟར་བསྟན་པའི་དགོས་པ་དང་། དེ་ལྟར་བསྟན་པས་རང་དང་གཞན་གྱིས་རྣམ་པར་གྲོལ་བ་ཐོབ་པའི་དགོས་པ་དང་། རང་གཞན་གྱིས་ཤེས་རབ་སྦྱོང་བའི་དགོས་པ་དང་། ཕྱོགས་བཞི་ནས་ལྷགས་པ་རྣམས་ཀྱི་ཐེ་ཚོམ་གཅོད་པའི་དགོས་པ་སྟེ། དེ་ལྟར་དྲུག་གིས་ཉན་པ་ལ་བརྩོན་པར་བྱའོ། །ཞེས་སོ། །ཆོས་འཚོལ་ལ་སོགས་བྱ་བ་རྣམ་པ་དྲུག་ནི། ཤིན་ཏུ་རྒྱས་པ་ཆེན་པོ་སངས་རྒྱས་ཕལ་པོ་ཆེ་ལས། གཡོ་དང་སྒྱུ་མེད་པར་བསམ་པ་ཐག་པ་ནས་ཆོས་འཚོལ་བ་དང་། རང་གི་ཆེད་མ་ཡིན་པར་ཀུན་ལ་ཕན་པའི་ཆེད་དུ་འཚོལ་བ་དང་། རྙེད་པ་དང་བཀུར་སྟི་མི་འདོད་པར་འགྲོ་བའི་ཉོན་མོངས་པ་སྤོང་བར་འདོད་པས་འཚོལ་བ་དང་། གཟུ་ལུམ་མ་ཡིན་པར་ཤེས་རབ་ཀྱི་འཇུག་པས་འཚོལ་བ་དང་། ཡིད་གཉིས་མེད་པར་ཀུན་གྱི་ཐེ་ཚོམ་གཅོད་པའི་ཕྱིར་འཚོལ་བ་དང་། རློམ་སེམས་དང་འདོད་པ་མེད་པར་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར་འཚོལ་བ་སྟེ། ཡོངས་སུ་འཚོལ་བ་དེ་ལྟ་བུས་བཙལ་བར་བྱའོ། །ཞེས་སོ། །དེ་ལྟར་ཡོན་ཏན་སུམ་ཅུ་རྩ་དྲུག་དང་ལྡན་པས་ཉན་པར་བྱ་སྟེ། འདི་རྣམས་ཀྱི་ལུང་ཁུངས་སོགས་མཐའ་དཔྱད་ཞིབ་པར་དཀའ་འགྲེལ་ལས་ཤེས་པར་བྱའོ། །གཉིས་པ། མཉན་པའི་དུས་ནི་རང་གི་ཉོན་མོངས་པའི་གཉེན་པོར་འགྲོ་ཆེ་བའི་དུས་སུ་སྟེ། དེ་ཡང་དོན་གཉེར་གྱི་འདུན་པ་དང་། ན་སོ་གཞོན་པ་སོགས་ཀྱི་སྐབས་སུ་ཐོས་པ་རྒྱ་ཆེར་བྱ་བ་གལ་ཆེ་སྟེ། ཐོག་མར་བསྟན་པ་ལ་ཞུགས་པའི་དུས་འཁོར་འདས་ཀྱི་སྐྱོན་ཡོན་ཤེས་ནས་བླང་དོར་ལ་འཇུག་པའི་ཕྱིར་དང་། རང་རྒྱུད་སྦྱོང་བའི་ཚེ་གང་ལའང་རྨོངས་པ་ཟློག་པའི་ཕྱིར་དང་། རྒྱུན་དུ་ཉམས་སུ་ལེན་པའི་དུས་དགེ་སྦྱོར་བོགས་འབྱིན་པའི་ཕྱིར་དང་། ཤེས་རྒྱུད་འགྲོལ་བ་ལའང་ཉན་དགོས་ཏེ་ཐེ་ཚོམ་གྱི་སྤྲོས་པ་གཅོད་པའི་ཕྱིར། དེས་ན་ད་ལྟ་ལམ་ལ་དང་པོར་ཞུགས་པ་ནས་མཐར་ཕྱིན་གྱི་བར་དུ་དུས་སུ་འདོམས་པ་སྟེ་སྐབས་སུ་བབས་པའི་གདམས་པ་ཟབ་པ་དང་རྒྱ་ཆེ་བ་བཙལ་བར་བྱ་སྟེ་རང་གི་ཉམས་རྟོགས་གོང་དུ་བྱར་ཡོད་པའི་ཕྱིར། དེས་ན་དང་པོར་འདིས་ཆོག་ཅེས་གང་རུང་གཅིག་ལ་ཞེན་ནས་དབེན་པར་བསྒྲུབས་ཀྱང་མཐར་མི་འཁྱོལ་བས། ལམ་གོལ་བ་དང་ལོག་པ་མི་ཚོར། མིས་བལྟས་ན་ཆོས་བྱས་པར་སྣང་ཡང་རང་ལ་སྐྱེད་ཅི་ཡང་མེད་པའི་ཕྱིར་རོ། །གསུམ་པ་ལ། དངོས་དང་། དེའི་ཕན་ཡོན་གཉིས། དང་པོ་ལ། སྦྱོར་དངོས་རྗེས་གསུམ། དང་པོ། དེ་ཡང་འཇིག་རྟེན་པའི་ཚོང་སོགས་རྣམ་གཡེང་དང་། ཡོ་བྱད་ནང་དུ་འདུ་བ་དང་། དེའི་དབང་གིས་སྒོ་གསུམ་བྲེལ་བས་འཛི་བའམ་འཛེང་བ་སྟེ་དེ་རྣམས་སྤངས་ལ། ཆོས་ཀྱི་མཆོད་པ་དངོས་སུ་ཆོས་སྟོན་པ་པོའི་ཁྲི་སྟན་དང་མེ་ཏོག་སོགས་འབུལ་བ་དང་། བདག་པོས་མ་བཟུང་བ་དང་བཟུང་བའི་མཆོད་པའི་སྤྲིན་སྣ་ཚོགས་བསམ་ལ་ཡིད་ཀྱིས་མཆོད་ནས་སྒེག་ཆོས་གདུགས་དང་འཁར་བ་སོགས་སྤང་ཞིང་ལུས་ཀྱིས་ཕྱག་འཚལ་བ་དང་དྲང་པོར་འདུག་སྟེ་ཐལ་མོ་སྦྱར་བས་འཁོད་པར་བྱའོ། །གཉིས་པ་ལ། བསམ་སྦྱོར་ཕུན་ཚོགས་གཉིས། དང་པོ། ཆོས་ཀྱི་ཚིག་དོན་ལས་སེམས་གཞན་དུ་མ་ཡེངས་པར་དགའ་དང་གུས་པའི་ཚུལ་གྱིས་མཉན་པར་བྱ་སྟེ། དེ་ཡང་རང་ཉིད་སྐྱེས་པ་ཡིན་ན་འཇམ་དཔལ་དམར་སེར་ཨུཏྤལ་གྱི་སྟེང་ན་རལ་པོད་འཛིན་པ་དང་། བུད་མེད་ཡིན་ན་སྒྲོལ་མ་ལྗང་གུ་ཨུཏྤལ་འཛིན་པར་བསམ་པ་ཡི་སྙིང་ནང་དུ། ཆོས་འཆད་པ་པོའི་ཞལ་ནས་ཆོས་ཀྱི་འོད་ཟེར་བྱུང་བ་ཕོག་པས་མི་ཤེས་པའི་མུན་པ་སངས། བློ་གྲོས་ཀྱི་པདྨོ་རྒྱས་པར་བསམ་པ་མན་ངག་ཡིན་ནོ། །དེའི་ཚེ་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་དང་ལྡན་པར་བྱས་ཏེ་ཡིད་རབ་ཏུ་དང་བ་དང་ལུས་ངག་གུས་པའི་རྣམ་འགྱུར་དང་བཅས། རྩེ་གཅིག་པའི་ཡིད་ཀྱིས་མཉན་པར་བྱ་སྟེ། དེས་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་ནི། བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། འདུན་པའི་རྣམ་པ་དང་། བསམ་པའི་རྣམ་པ་དང་། དེ་བཞིན་དུ་ལྷག་པའི་བསམ་པ་དང་། སྤྱོད་པ་དང་། དགེ་བའི་བཤེས་གཉེན་ཀྱི་རྣམ་པ་དང་། ང་རྒྱལ་མེད་པའི་རྣམ་པ་དང་། བག་ཡོད་པའི་རྣམ་པ་དང་། རི་མོར་བྱེད་པའི་རྣམ་པ་དང་། མཐུན་པའི་རྣམ་པ་དང་། བཀའ་བློ་བདེ་བའི་རྣམ་པ་དང་། བསྙེན་བཀུར་བའི་རྣམ་པ་དང་། རིམ་གྲོ་བསྐྱེད་པའི་རྣམ་པ་དང་། ཕུ་དུད་བྱ་བའི་རྣམ་པ་དང་། རྣ་བ་གཏད་དེ་ཉན་པ་དང་། ཡིད་ལ་བྱེད་པ་དང་། མི་གཡེང་བ་དང་། གནས་པ་དང་། ཡིད་བཞིན་གྱི་ནོར་བུ་དང་། སྨན་དུ་འདུ་ཤེས་པའི་རྣམ་པ་དང་། ཉོན་མོངས་པའི་གཅོང་ནད་འབྱིན་པའི་རྣམ་པ་དང་། དྲན་པའི་སྣོད་ཀྱི་རྣམ་པ་དང་། རྟོགས་པ་ཤེས་པའི་རྣམ་པ་དང་། བློ་གྲོས་འདོད་པའི་རྣམ་པ་དང་། བློ་ལ་འཇུག་པའི་རྣམ་པ་དང་། ཆོས་ཉན་པས་མི་ངོམས་པའི་རྣམ་པ་དང་། གཏོང་བ་སྤེལ་བའི་རྣམ་པ་དང་། དུལ་ཞིང་ཅང་ཤེས་པའི་རྣམ་པ་དང་། མང་དུ་ཐོས་པ་བསྟེན་པའི་རྣམ་པ་དང་། གུས་པས་དགའ་བའི་རྣམ་པ་དང་། ལུས་བདེ་བའི་རྣམ་པ་དང་། ངག་ཞི་བའི་རྣམ་པ་དང་། སེམས་རབ་ཏུ་དགའ་བའི་རྣམ་པ་དང་། མི་སྐྱོ་བར་ཉན་པའི་རྣམ་པ་དང་། ཚིག་ཉན་པའི་རྣམ་པ་དང་། དོན་སེམས་པའི་རྣམ་པ་དང་། ལེགས་པར་སྤྱད་པ་ཉན་པའི་རྣམ་པ་དང་། ནན་ཏན་གྱིས་ཉན་པའི་རྣམ་པ་དང་། གཞན་གྱིས་བསྟན་པ་ཉན་པའི་རྣམ་པ་དང་། བསྡུ་བའི་དངོས་པོ་ཉན་པའི་རྣམ་པ་དང་། ཆོས་མ་ཐོས་པ་ཉན་པའི་རྣམ་པ་དང་། མངོན་པར་ཤེས་པ་ཉན་པའི་རྣམ་པ་དང་། ཐེག་པ་གཞན་མི་འདོད་པའི་རྣམ་པ་དང་། ཕ་རོལ་ཏུ་ཕྱིན་པ་ཉན་པའི་རྣམ་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པའི་རྣམ་པ་དང་། ཐབས་ལ་མཁས་པ་ཉན་པའི་རྣམ་པ་དང་། ཚངས་པའི་གནས་ཉན་པའི་རྣམ་པ་དང་། དྲན་པ་དང་ཤེས་བཞིན་ཉན་པའི་རྣམ་པ་དང་། སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ་དང་། མི་སྐྱེ་བ་ལ་མཁས་པའི་རྣམ་པ་དང་། མི་སྡུག་པའི་རྣམ་པ་དང་། བྱམས་པའི་རྣམ་པ་དང་། རྟེན་འབྲེལ་གྱི་རྣམ་པ་དང་། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་གྱི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པ་ཉིད་ཀྱི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་དང་། མངོན་པར་འདུ་མི་བྱེད་པའི་རྣམ་པ་དང་། དགེ་བ་འདུ་བྱེད་པའི་རྣམ་པ་དང་། བདེན་པས་བྱིན་གྱིས་བརླབས་པའི་རྣམ་པ་དང་། ཆུད་མི་གཟོན་པའི་རྣམ་པ་དང་། རང་དབང་གི་རྣམ་པ་དང་། བདག་གི་སེམས་བསྲུང་བའི་རྣམ་པ་དང་། རང་གི་ཕྱོགས་བསྲུང་བའི་རྣམ་པ་དང་། ཕ་རོལ་གྱི་ཕྱོགས་བདུད་དང་མུ་སྟེགས་དང་། ཉོན་མོངས་པ་ཚར་གཅོད་པའི་རྣམ་པ་དང་། ནོར་བདུན་ལ་བསྟེན་པའི་རྣམ་པ་དང་། དབུལ་བ་ཚར་གཅོད་པའི་རྣམ་པ་དང་། མཁས་པས་བསྔགས་པའི་རྣམ་པ་དང་། མཁས་པས་མངོན་པར་དགའ་བའི་རྣམ་པ་དང་། འཕགས་པ་ཀུན་ཤེས་པའི་རྣམ་པ་དང་། འཕགས་པ་མ་ཡིན་པ་མོས་པར་བྱེད་པའི་རྣམ་པ་དང་། བདེན་པའི་རྣམ་པ་དང་། ཕུང་པོའི་ཉེས་པ་སྤོང་བའི་རྣམ་པ་དང་། འདུས་བྱས་ཀྱི་ཉེས་པ་འཇལ་བའི་རྣམ་པ་དང་། དོན་ལ་རྟོན་པའི་རྣམ་པ་དང་། ཆོས་ལ་རྟོན་པའི་རྣམ་པ་དང་། ཡེ་ཤེས་ལ་རྟོན་པའི་རྣམ་པ་དང་། ངེས་དོན་གྱི་མདོ་སྡེ་ལ་རྟོན་པའི་རྣམ་པ་དང་། སྡིག་པ་ཐམས་ཅད་མི་བྱ་བའི་རྣམ་པ་དང་། རང་གཞན་ལ་ཕན་པའི་རྣམ་པ་དང་། ལེགས་པར་བྱས་པའི་ལས་ཀྱི་རྣམ་པ་ལ་མི་འགྱོད་པའི་རྣམ་པ་དང་། བྱེ་བྲག་ཏུ་འགྲོ་བའི་རྣམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པའི་རྣམ་པ་སྟེ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞིའོ། །ཞེས་གསུངས་ཏེ་འདི་དག་གི་དབྱེ་བསལ་ཞིབ་པར་དཀའ་འགྲེལ་ལས་ཀྱང་ཤེས་པར་བྱའོ། །གཉིས་པ། སྦྱོར་བ་ཕར་ཕྱིན་དྲུག་ནི། ཆོས་ཕྱིར་མེ་ཏོག་དང་ཁྲི་སྟན་སོགས་དབུལ་བ་སྦྱིན་པ་སྟེ། སྒོ་གསུམ་གྱི་ཉེས་སྤྱོད་རབ་ཏུ་བསྡམས་ཤིང་སྲོག་ཆགས་ལ་མི་གནོད་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། ཚ་གྲང་སོགས་ཀྱི་གནོད་པ་བཟོད་པ་བཟོད་པ། བླ་མ་ལ་གསོལ་བ་འདེབས་ཤིང་ཉན་པ་ལ་སྤྲོ་བ་བརྩོན་འགྲུས་ཏེ། སེམས་མ་ཡེངས་པར་རྩེ་གཅིག་ཏུ་ཐོས་པ་འཛིན་པ་བསམ་གཏན་ཉིད་དང་། ཐེ་ཚོམ་གྱི་སྒྲོ་འདོགས་གཅོད་པ་དང་། ཉན་པ་པོ་དང་། ཆོས་དང་བླ་མ་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཆོག་གོ །གསུམ་པ། རྗེས་ལ་ཆོས་ཐོན་དུས་སུ་ཐར་ལམ་སྣང་བའི་ཆོས་དང་། དེ་སྟོན་པའི་བླ་མ་བཀའ་དྲིན་ཆེ་སྙམ་དུ་བསམ་ཞིང་དྲིན་དྲན་པ་དང་། ཆོས་ཐམས་ཅད་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ངང་ལས་དགེ་རྩ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཀྱང་བྱའོ། །གཉིས་པ། ལེགས་པར་ཉན་པ་དེ་ཡི་ཕན་ཡོན་ཤིན་ཏུ་ཚད་མེད་དེ། ཆོས་སྟོན་པའི་རྔའམ་གཎྜི་བསྒྲགས་པ་ཡི་སྒྲ་ཙམ་ཐོས་པའི་སེམས་ཅན་དེ་ཡང་ངན་སོང་ལས་རྣམ་པར་གྲོལ་ནུས་ན་ཚུལ་བཞིན་དུ་ཉན་པ་སོགས་ལ་སྨོས་ཅི་འཚལ་ཏེ། གཎྜིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྜི་བརྡུངས་པའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་གྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་འཚལ། །ཞེས་སོ། །གཞན་ཡང་ཤེས་རབ་དང་ཏིང་ངེ་འཛིན་དང་མི་བརྗེད་པར་དྲན་པའི་གཟུངས་སོགས་ཀྱང་ཐོབ་ཅིང་། སྤང་བླང་གི་མཚམས་ཕྱེད་པ་དང་། རང་རྒྱུད་ཀྱི་དགེ་བ་འཕེལ་ཞིང་སྡིག་པ་ཀུན་སྲབ་ཅིང་བྱང་བ་དང་། ལྷ་དང་མིས་བསྟོད་ཅིང་མ་རིག་པའི་མུན་པ་སངས་པ་དང་། ཤི་འཕོས་ནས་ཀྱང་ཞིང་དག་པར་སྐྱེས་ཏེ་པདྨའི་སྟེང་ན་མཛེས་པའི་རྟེན་ཐོབ་ཅིང་། སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་ལས་ཟབ་པ་དང་རྒྱ་ཆེན་པོའི་ཆོས་ཐོས་ཤིང་མྱུར་དུ་ཆོས་ཀྱི་རྒྱལ་པོ་མྱ་ངན་མེད་པའི་མཆོག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བ་སོགས་ཞིབ་པར་མདོ་སྡེ་རྣམས་ནས་རྒྱ་ཆེར་གསུངས་པ་བཞིན་ཤེས་པར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཉན་པ་པོ་སློབ་མའི་ཆོས་ཀྱི་ལེའུ་སྟེ་བཅུ་གཅིག་པའི་འགྲེལ་པའོ།། །། ༈ གསུམ་པ་ཐོས་པ་དངོས་ཀྱི་དོན་གཏན་ལ་དབབ་པ་ནི། ལེའུ་འདིའི་གཞུང་གི་དོན་ཤིན་ཏུ་རྒྱ་ཆེ་ཞིང་ཟབ་པས་ཚིག་འགྲེལ་ཉུང་ངུ་ཙམ་གྱིས་དོན་རྫོགས་པར་སྟོན་མི་ནུས་ཤིང་རྩ་བའི་འགྲེལ་ཆེན་དང་། དེའི་དོན་བསྡུས་རྗེ་བླ་མས་མཛད་པ་ཟུར་དུ་བཞུགས་པ་བཅས་ཤིན་ཏུ་གསལ་ཞིང་རྒྱས་པར་དེར་ཤེས་པར་བྱ་ལ། འདིར་ས་ཁོངས་འཛིན་བྱེད་ཙམ་དུ། ས་བཅད་དང་གཞུང་རྩ་བའི་ཚིག་འགྲེལ་ཙམ་ཞིག་འགོད་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། ཆོས་འཆད་ཉན་ཇི་ལྟར་བྱ་བའི་ཚུལ་བསྟན་པའི་རྗེས་དེ་ནས་གང་ཞིག་གཏན་ལ་དབབ་བྱའི་ཆོས་བསྟན་པ་ནི། སྤྱིར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་མ་ལུས་པ་སྟེ་མཐའ་ཡས་ཀྱང་། སྐབས་འདིར་བསྡུ་ན། གང་ཞིག་ཤེས་ནས་སྤང་བླང་དུ་བྱ་བའི་དབང་གིས། སྤང་བྱ་ཕྱི་རོལ་མུ་སྟེགས་པ་དང་། བླང་བྱ་ནང་པ་སངས་རྒྱས་པ་གཉིས་སུ་འདུ་བར་བསྟན་པའོ། །གཉིས་པ་ལ། སྤང་བྱ་ཕྱི་རོལ་པ་དང་། བླང་བྱ་ནང་པ་གཉིས། དང་པོ་ལ། བསྟན་བཤད་གཉིས། དང་པོ། དེ་ལ་དང་པོ་ཤེས་ནས་སྤང་བ་བྱ་བ་ཕྱི་རོལ་མུ་སྟེགས་བྱེད་ཀྱི་སྡེ་པ་ལ། སྟོན་པ་དྲུག་དང་། འཇིག་ཚོགས་ལ་ལྟ་བ་ཉི་ཤུ་དང་། ལྟ་བ་ངན་པ་དྲུག་ཅུ་རྩ་གཉིས་དང་། སུམ་བརྒྱ་དྲུག་ཅུ་དང་། སྡེ་ཚན་ངེས་པས་བཅུ་གཅིག་དང་། ཐམས་ཅད་བསྡུ་བ་ཏརྐ་སྡེ་ལྔ་སྟེ་དོན་དྲུག་ཏུ་བསྡུས་ཏེ་བཤད་པར་བྱའོ། །གཉིས་པ་ལ། སྟོན་པ་དྲུགའཇིག་ཚོགས་ཉི་ཤུ། དྲུག་ཅུ་རྩ་གཉིས། སུམ་བརྒྱ་དྲུག་ཅུ། སྡེ་ཚན་བཅུ་གཅིག ཏརྐ་སྡེ་ལྔ་བཤད་པ་དྲུག དང་པོ། སྟོན་པ་དྲུག་ནི་འགྲོ་སྐྱོང་གི་བུ་འོད་སྲུང་རྫོགས་བྱེད་འཇིག་རྟེན་སྔ་ཕྱི་ལས་རྒྱུ་འབྲས་དགྲ་བཅོམ་སོགས་མེད་པར་འདོད་པ་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་ཆུ་ལྷས་འཆིང་གྲོལ་མེད་དེ་ངོ་བོས་བྱུང་བར་འདོད་པ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དགེ་སྡིག་གི་འབྲས་བུ་མེད་པར་འདོད་པ་དང་། མི་ཕམ་སྐྲ་ཡི་ལྭ་བ་ཅན་ཐམས་ཅད་དུས་ཀྱིས་བྱས་པ་འདོད་པ་དང་། ཀཏིའི་བུ་ནོག་ཅན་གང་དུའང་ཁས་མི་ལེན་པ་ངན་གཡོའི་ལྟ་བ་འཛིན་པ་དང་། གཅེར་བུ་པ་གཉེན་གྱི་བུས་ཐམས་ཅད་སྔོན་ལས་སུ་འདོད་པ་སྟེ། དེ་དག་རང་རང་སོ་སོའི་ལྟ་བ་ངན་པ་ལ་ཆགས་པ་ཏེ་དེ་དག་རིག་པས་དཔྱད་ན་ཀུན་ཏུ་སྨད་པར་བྱ་བ་ཁོ་ནའོ། །གཉིས་པ། གཟུགས་སོགས་ཏེ་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་ཕུང་པོ་ལྔ་པོ་དེ་དག་རེ་རེ་བཞིན་བདག་ཡིན་པ་སྟེ་བདག་ཕུང་གཅིག་པར་འདོད་པ་ལྔ་དང་། དེ་བཞིན་ཕུང་པོ་ལྔ་པོ་དེ་རེ་རེར་བདག་གནས་པར་འདོད་པ་དང་། བདག་ལ་བརྟེན་པ་ལས་གཟུགས་སོགས་ལྔ་པོ་དེ་བྱུང་བར་འདོད་པ་དང་། གཟུགས་སོགས་ལྔ་པོ་དེ་ལ་བདག་དེས་དབང་སྒྱུར་ཏེ་ལྡན་པར་འདོད་པ་སྟེ་ཕྱི་མ་བཅོ་ལྔ་བདག་ཕུང་ཐ་དད་དུ་འདོད་པའོ། །དེ་དག་ནི་བདག་ཏུ་རྟོག་པ་ཉི་ཤུ་སྟེ། དཔྱད་ན་བདག་ཕུང་གཅིག་ཐ་དད་གང་དུའང་མ་དམིགས་པས་ན་ཡང་དག་པར་རྟོག་པ་མིན་པའི་ཕྱིར་གཞི་དེ་ལས་ཉོན་མོངས་པ་དང་ཉེས་པ་ཀུན་འཛིན་པར་བྱེད་པའི་ལྟ་བ་ངན་པའོ། །གསུམ་པ། རྟག་པར་སྨྲ་སོགས་ཏེ་ཐམས་ཅད་རྟག་པར་སྨྲ་བ་བཞི། ཁ་ཅིག་ཆད་བར་སྨྲ་བ་བཞི། མཐའ་ཡོད་མེད་དུ་སྨྲ་བ་བཞི། ལྷ་མི་སྤང་བར་སྨྲ་བ་བཞི། རྒྱུ་མེད་པར་སྨྲ་པ་གཉིས་ཏེ་སྔོན་གྱི་མཐའ་ལ་བརྟེན་པ་བཅོ་བརྒྱད་དང་། འདུ་ཤེས་ཡོད་པར་སྨྲ་བ་བཅུ་དྲུག་དང་། སོགས་ཁོང་ནས། མེད་སྨྲ་བརྒྱད། ཡོད་མེད་གཉིས་ཀ་མིན་པའི་འདུ་ཤེས་ཅན་བརྒྱད། ཆད་སྨྲ་བདུན། ཚེ་འདིར་མྱ་ངན་ལས་འདས་པར་སྨྲ་བ་ལྔ་བཅས་ཕྱི་མཐའ་ལ་བརྟེན་པའི་བཞི་བཅུ་ཞེ་བཞི་སྟེ། གཉིས་ཀ་བསྡོམས་པའི་ལྟ་བ་དྲུག་ཅུ་རྩ་གཉིས་པོ་དེ་ཀུན་ཀྱང་དངོས་པོའི་གནས་ཚུལ་བཞིན་མིན་པའི་ལྟ་བ་ངན་པ་ལ་བཞུགས་པས་ན། གནས་ཚུལ་ཡང་དག་པའི་དོན་ལས་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་སྲིད་པ་མཛེས་པར་བྱེད་པ་ཉིད་དེ་འཁོར་བར་འཆིང་བྱེད་འབའ་ཞིག་གོ །བཞི་པ། ལོ་མ་ཅན་དང་། རྒྱལ་དཔོག་པ། འཇིག་རྟེན་མེད་པ་སོགས་སྟོན་པ་བརྒྱ་དང་ཉི་ཤུ་པོའི་ལུགས་དེ་ཉིད་ནི། སྔར་བྱུང་བ། ད་ལྟ་ཡོད་པ། ཕྱིས་འབྱུང་བའི་ཆ་ནས་ཏེ་དུས་གསུམ་དུ་བསྒྲེས་པས་སུམ་བརྒྱ་དྲུག་ཅུ་པོ་ཡང་། ཡང་དག་པའི་ལམ་དང་བྲལ་བ་ཡིན་ཏེ་རྟག་ཆད་ཀྱི་ལྟ་བར་འཁོར་མོར་འཕྱན་ཏེ་སྲིད་པར་འཁྱམས་པས་སོ། །ལྔ་པ་ལ། མདོར་བསྟན། རྒྱས་བཤད། གོང་གི་དོན་བསྡུས་ཏེ་དགག་པ་གསུམ། དང་པོ། སྟོན་པ་དང་གཞུང་ལོག་པའི་སྡེ་ཚན་རྣམ་རིགས་བསྡུ་ན་བཅུ་གཅིག་དང་སྔ་རྗེས་བསྡོམས་པས་སུམ་བརྒྱ་དྲུག་ཅུ་རྩ་གཉིས་ནི། གོང་སྨོས་སྔོན་མཐའ་ལ་བརྟེན་པ་བཅོ་བརྒྱད་དང་། ཕྱི་མཐའ་ལ་བརྟེན་པ་བཞི་བཅུ་རྩ་བཞི་དང་། འཆད་འགྱུར་ད་ལྟ་བའི་མཐའ་ལ་བརྟེན་པ་སྡེ་ཚན་བཅུ་གཅིག་ལས་ཕྱེ་བ་སུམ་བརྒྱ་བཅས་དེ་ལྟར་གསུམ་དུ་ཕྱེ་བ་སྟེ། ཞེས་སོ། །གཉིས་པ། ཉན་ཐོས་ལ་མགོ་སྙོམས་པ་ཐ་སྙད་པ་སོགས་མགོ་སྙོམས་བཅུ་དང་། སྤྱི་རྟག་པར་འདོད་པ་སོགས་རྟག་པ་ཐེར་ཟུག་པ་དགུ་དང་། རྒྱལ་དཔོག་པས་སྐྱེས་བུ་ཐམས་ཅད་མཁྱེན་པར་སྒྲུབ་པ་ལ་མི་སྨྲ་བ་གཏན་ཚིགས་སུ་འགོད་པ་སོགས་བསྙོན་{སྨྱོན་}སྨྲ་དྲུག་དང་། ཕུར་བུ་པས་ཀུན་རྫོབ་ཀྱང་མེད་པར་སྒོམ་པ་སོགས་བསམ་གཏན་ལ་དད་པ་བདུན་དང་། སྔར་སྨོས་པའི་འོད་སྲུང་རྫོགས་བྱེད་སོགས་སྟོན་པ་དྲུག་དང་། འཇིགས་མེད་ཐོབ། ཉི་ཟླ་གྲགས་སོགས་བློན་པོ་རྣམ་པ་དྲུག་དང་། མོས་ཆགས་སོགས་ཀྱི་འདུ་ཤེས་ཅན་ཏེ་ཞར་བྱུང་བཞི་དང་། སེར་བུ་བོང་དེད་ཀྱི་སྡེ་སོགས་ཏརྐ་སྡེ་དྲུག་དང་། རང་བཞིན་རྒྱུར་ལྟ་བ་སོགས་རྒྱུར་ལྟ་བཞི་དང་། ཤང་ཀ་དུང་འཛིན་སོགས་རྟག་ཆད་ཀྱི་མཁན་པོ་རྣམ་པ་གཉིས་དང་། རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་དང་བཅས་དེ་ལྟར་སྡེ་ཚན་བཅུ་གཅིག་གོ །དེ་དག་ལ་ནང་གི་དབྱེ་བས། མགོ་སྙོམས་པའི་གྲུབ་མཐའ་བརྒྱ། རྟག་པའི་བརྒྱ་རྩ་གཅིགབསྙོན་སྨྲ་བའི་བཅོ་བརྒྱད། བསམ་གཏན་པའི་ཉི་ཤུ་རྩ་བརྒྱད། བློན་པོ་དྲུག་གི་སུམ་ཅུ་རྩ་དྲུགཞར་བྱུང་བཞི། ཏརྐ་སྡེ་དྲུག རྒྱུར་ལྟ་བཞི། མཁན་པོ་གཉིས། གསང་བ་པ་བཅས་ཐམས་ཅད་བསྡོམས་པས་སུམ་བརྒྱ་ཡོད་པ་ནི་ད་ལྟར་གྱི་མཐའ་ལ་བརྟེན་པའོ། །གསུམ་པ། ལྟ་བ་སུམ་བརྒྱ་དང་དྲུག་ཅུ་རྩ་གཉིས་པོ་དེ་དག་ཀྱང་བསྡུ་ན་རྟག་ཆད་གཉིས་སུ་འདུ་བ་ཡིན་ལ། དེ་དགག་པ་ནི། རྟག་པ་ཡིན་ན་དངོས་པོ་རྣམས་རགས་ཕྲའི་འགྱུར་བ་དང་མི་ལྡན་པར་ཐལ་བའི་ཕྱིར་དང་། རྟག་པ་ལ་དོན་བྱེད་པ་མེད་པས་རྟག་པ་མེད་ལ། དེ་ལྟར་དུ་ཆད་པའང་ག་ལ་ཡོད་དེ་དངོས་པོ་རྣམས་རང་གི་རྒྱུ་རྐྱེན་ལ་ལྟོས་པ་དང་། མེད་པ་ནམ་མཁའ་སོགས་ཆད་པའི་རྒྱུར་མ་གྲུབ་བོ། །དྲུག་པ་ལ། བསྟན་བཤད་གཉིས། དང་པོ། དེ་ལྟར་ཕྱི་རོལ་པ་རང་བཞིན་མང་ལྡན་རྣམ་གྲངས་མཐའ་ཡས་པ་དེ་དག་ཉིད་ཀྱང་། གཞུང་བསྡུ་ན་གྲངས་ཅན་པ་དང་། བྱེ་བྲག་པ་དང་། སྤྱོད་པ་པ་དང་། གཅེར་བུ་པ་དང་། ཕུར་བུ་པ་དང་དེ་ལྟར་ཏརྐ་སྡེ་ལྔ་ལས་དང་པོ་བཞི་རྟག་པ་དང་། ཕྱི་མ་གཅིག་ཆད་པར་སྨྲ་བ་ཉིད་དོ། །གཉིས་པ་ལ་དེ་ལྟར་ལྔ་ལས། དང་པོ། གྲངས་ཅན་པ་དག་གིས་ཤེས་བྱ་ཐམས་ཅད་དེ་ཉིད་ཉེར་ལྔར་བསྡུས་ཏེ། དེ་ཡང་། བདག་དང་། གཙོ་བོ་དང་། རྣམ་འགྱུར་དག་གི་རང་བཞིན་ཤེས་པས་གྲོལ་བར་སྨྲ་བ་གང་ཡིན་པ་དེ་ནི་རྫུན་ཏེ། རང་བཞིན་གཅིག་ལ་རྣམ་པ་ཐ་དད་སོགས་འགལ་བ་མང་པོ་ཉེ་བར་སྡུད་པ་ཡིན་པའི་ཕྱིར་རོ། །གཉིས་པ། བྱེ་བྲག་པ་དག་གིས། རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། བྱེ་བྲག་དང་། འདུ་བ་སྟེ་ཤེས་བྱའི་དོན་དྲུག་ཤེས་པ་དག་གིས་རྣམ་གྲོལ་བསྒྲུབ་པ་སྟེ། དེ་ཆོས་ཅན། ཡང་དག་པ་མ་ཡིན་པ་ཉིད་དེ། རིགས་པས་བརྟགས་ན་འགལ་བའི་ཕྱིར་རོ། །གསུམ་པ། སྤྱོད་པ་བས་ཁྱབ་འཇུག་ལྷར་འཛིན་ཅིང་རིག་བྱེད་བཞི་ཚད་མར་སྨྲ་བ་སྟེ། དེ་ཡང་། འཇུག་པ་བཅུ་ལྡན་གྱི་ཁྱབ་འཇུག སྐྱེས་བུས་མ་བྱས་པའི་རིག་བྱེད། དངོས་པོ་རྒྱུ་མེད། ཤེས་པ་རང་གིས་རང་མི་རིག་པ་སོགས་དམ་བཅའ་བཅུ་ལས་གྲོལ་བ་སྒྲུབ་པར་འདོད་པ་སྟེ། དེ་ཡང་རྒྱུ་འབྲས་ཀྱི་འབྲེལ་བ་མི་འཐད་པས། དམ་བཅའ་དེ་བཅུ་རྣམ་གྲོལ་ལ་ཕན་པའི་དོན་མེད་པས། ཕྱིན་ཅི་ལོག་གི་གཞུང་གང་ཡིན་པ་དེ་ནི་དོར་བར་བྱའོ། །རིག་བྱེད་ཚད་མར་བྱེད་པ་སྤྱོད་པ་པའི་སྡེ་དེ་ལས་ཁྱད་པར་དུ་གསང་ཚིག་ལ་བརྟེན་ནས། སྣོད་བཅུད་ཐམས་ཅད་བདག་གཅིག་གི་ངོ་བོར་བློས་རྣམ་པར་བཏགས་ཏེ་དེས་གྲོལ་བར་སྨྲ་བའི་ཕྱོགས་དེ་ནི། ནམ་མཁའ་ལྟར་ཁྱབ་པ འི་བདག ངོ་བོ་སེམས་ཅན་ཡིན་པ། ལུས་ཡོད་པ། ཁྱབ་པ་རྟག་པ། གཅིག་པུ་སོགས་ཀྱི་ཁྱད་པར་དགུ་དང་ལྡན་པ་ཉིད་དུ་བཏགས་དེ་བསྒོམས་པས་བདག་དེའི་ངང་དུ་གྲོལ་བར་འདོད་པའོ། །ཚུལ་འདི་ལྟ་བུ་ནི་རང་གི་ཡང་དག་མ་ཡིན་པའི་ཀུན་རྟོག རྒྱ་མཚོའི་རླབས་ཅན་གྱི་རང་བཞིན་ཤིན་ཏུ་བརྒལ་དཀའ་བ་སྲིད་པའི་ཆུ་གཏེར་གསར་དུ་བྱེད་པ་དེ་ནི་མཚར་བའི་གནས་ཏེ། བརྟགས་ན་བཞད་གད་ཀྱི་གནས་སུ་འོས་པའི་ཕྱིར་རོ། །བཞི་པ། གཅེར་བུ་པའམ་ནམ་མཁའི་གོས་ཅན་དག་ཚངས་པའི་རྗེས་སུ་འགྲོ་བ་སྟེ་ཚངས་པ་ལྷར་འཛིན་ཞིང་། བྲམ་ཟེའི་སྟོན་པ་རྒྱལ་བ་དམ་པས་བསྟན་པའི་ལམ་དེ་ཉིད་ཚད་མར་བྱེད་པ་ཡིས། དཀའ་ཐུབ། སྡོམ་པ། ཉོན་མོངས། བཅིངས་གྲོལ་སོགས་ཤེས་བྱ་ཚིག་གི་དོན་བདུན་དུ་སྨྲ་ཞིང་། དེ་ཡང་ཡུལ་དུས་གྲངས་ཀྱིས་དུ་མའམ་ཐ་དད་ལ་རང་བཞིན་གཅིག་པར་འདོད་དོ། །དེས་ནི་དངོས་པོའི་གནས་ཚུལ་ལེགས་པར་མ་རྟོགས་པས་དམ་པའི་དོན་དེ་ཁོ་ན་ཉིད་ཇི་ལྟ་བ་སྤངས་པས་ན། སྲིད་པའི་ནགས་ཁྲོད་སྟུག་པོར་གནས་པ་ཡིན་ནོ། །ལྔ་པ། ཕུར་བུ་པའམ་རྒྱང་འཕེན་པ་དག་ལྷ་ཕུར་བུའི་རྗེས་སུ་འབྲང་སྟེ་གཞུང་རྒྱུད་དྲུག་སོགས་ལ་བརྟེན་ནས། འབྱུང་བཞི་དོན་དམ། ལུས་སེམས་རྫས་གཅིག འཇིག་རྟེན་སྔ་ཕྱི་དང་། ལས་རྒྱུ་འབྲས་མེད་པར་འདོད་པ་སོགས་གཞུང་ལམ་བདུན་པོ་ལ་ཉེ་བར་བརྟེན་ནས། ཆད་རྐྱང་སྨྲ་བ་ནམ་མཁའི་རྗེས་སུ་འགྲོ་བས་ན་ལམ་ངན་པ་དེས་རང་གཞན་གཉིས་ཀ་བསླུ་བའི་ཕྱིར་འཇིག་རྟེན་ཀུན་ལ་གནོད་པར་བྱེད་པ་ཡིན་ཏེ། དོ་ཧ་ལས། ནམ་མཁའི་ཡིད་ཅན་གནོད་བྱེད་ལམ་གྱི་གཟུགས། །ཐར་པའི་ཆེད་དུ་བདག་ཉིད་འགྲོ་བྱེད་བསླུ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་བླང་བྱ་ནང་པ་ལ། བསྟན་བཤད་བསྡུ་གསུམ་ལས། དང་པོ། སྤྱིིར་ཕྱི་ནང་གི་ཁྱད་པར་ཡང་། བརྟེན་པ་སྐྱབས་ཀྱི་ཁྱད་པར་མཆོག་གསུམ་སྐྱབས་སུ་ཁས་ལེན་པ་ནང་པ། མི་ལེན་པ་ཕྱི་པ། གནས་ལུགས་ལྟ་བའི་ཁྱད་པར་ཐུན་མོང་བ་ཆོས་ཀྱི་སྡོམ་བཞི་དང་ཐུན་མིན་མཐའ་བྲལ་བསམ་བརྗོད་ལས་འདས་པ་ཁས་ལེན་པ་ནང་པ། མི་ལེན་པར་རྟག་ཆད་ཀྱི་མཐར་ལྷུང་བ་ཕྱི་པ། སྒོམ་པ་གོམས་པའི་ཁྱད་པར་ཐུན་མོང་བ་མཆོག་གསུམ་སྐྱབས་སུ་འཛིན་པས་བདག་མེད་པའི་དོན་ཆོས་སུམ་ཅུ་རྩ་བདུན་གྱི་རིམ་པ་དང་ཐུན་མིན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་བསྒོམ་པ་ནང་པ། མི་བསྒོམ་པར་རྟོག་པ་བཀག་ཙམ་དང་བདེ་གསལ་མི་རྟོག་ཙམ་ཕྱོགས་རེའི་ངང་ལ་སེམས་འཛིན་པ་ཕྱི་པ། སྤྱོད་པའི་ཁྱད་པར་དུག་གསུམ་གྱི་རང་བཞིན་ཡུལ་ལ་ཞེན་པ་དང་། གཞན་ལ་འཚེ་བ་ལམ་གྱི་གེགས་སུ་འདོད་པ་ནང་པ། མི་འདོད་པ་ཕྱི་པ། འབྲས་བུ་ལམ་དེ་ཉིད་ཀྱིས་དངོས་སུ་ཐར་པ་གསུམ་གང་རུང་ཐོབ་པ་ནང་པ། མི་ཐོབ་པ་ཕྱི་རོལ་པའོ། །ཁྱད་པར་དེ་ལྡན་གྱི། ཐར་པ་དམ་པའི་རྗེས་འགྲོ་ཞེས་ཐར་ལམ་བགྲོད་པ་ལ་མ་ནོར་ཞིང་མི་བསླུ་བ་རྒྱལ་བའི་གཞུང་ལམ་སྟེ་ནང་པ་སངས་རྒྱས་པའི་ལུགས་གང་དག་འཛིན་པ་དེ་ལ་ཡང་རྣམ་པ་གཉིས་ཏེ། ཐེག་པ་དམན་པ་དང་། ཐེག་པ་བླ་ན་མེད་པའོ། །གཉིས་པ་ལ། ཐེག་པ་ཆུང་ངུ་དང་། ཆེན་པོ་གཉིས། དང་པོ་བསྟན་བཤད་གཉིས། དང་པོ། རང་ཉིད་ཞི་བ་ཙམ་མཐར་ཐུག་གི་གཉེར་བྱའི་གཙོ་བོར་བྱས་ཏེ། གཞན་ལ་ཕན་འདོགས་ནའང་རང་དོན་སྒྲུབ་པའི་དགེ་བར་སེམས་པས་བློ་ཆུང་ཞིང་། སྤྱོད་པ་དང་སྨོན་ལམ་རླབས་པོ་ཆེ་གཞན་དོན་དུ་སྒྲུབ་པ་མེད་པས་ཐབས་ཀྱི་རིམ་པ་དམན་པ་དང་། ལྟ་བའང་བདག་མཐའ་དག་གིས་སྟོང་པའི་ཆོས་ཉིད་མ་རྟོགས་པས། རང་གི་ལྟ་བའི་མཐའ་གང་ཟག་གི་བདག་དང་། གཟུང་བ་རང་བཞིན་མེད་པ་ཙམ་ལ་དག་གྲོལ་དུ་ཤེས་ནས་ལམ་བསྒོམ་པ་ལ་འཇུག་པས། ཐེག་ཆེན་ལ་ལྟོས་ནས་དམན་པ་སྟེ། དེ་ལའང་ནང་ཚན་དུ་དབང་པོའི་རིམ་པས་རྣམ་པ་གཉིས་ཏེ། ཉན་ཐོས་པ་དང་ནི། རང་སངས་རྒྱས་ཀྱི་ཐེག་པ་ཉིད་དོ། །གཉིས་པ་ལ། ཉན་ཐོས། རང་རྒྱལ་གཉིས། དང་པོ་ལ་སྤྱི་བྱེ་བྲག་གཉིས། དེའི་དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ། དབང་པོ་དམན་པ་ཉན་ཐོས་པ་དེ་ལ་ནི་སྡེ་ཚན་ནམ་སྡེ་བ་སོ་སོའི་དབྱེ་བ་དང་། ཐར་པ་འཚོལ་བའི་རང་བཞིན་དང་། གྲུབ་པའི་མཐའ་རབ་ཏུ་དབྱེ་བ་སྟེ་རྣམ་པ་གསུམ་ཉིད་དོ། །གཉིས་པ་རྒྱས་བཤད་ལ། སྡེ་ཚན། རང་བཞིན། གྲུབ་མཐའ་གསུམ། དང་པོ། ཉན་ཐོས་རྩ་བའི་སྡེ་བ་ཕལ་ཆེན་པ་དང་། གནས་བརྟན་པ་གཉིས་ལས་རབ་ཏུ་དབྱེ་བས་སྡེ་ཚན་བཅོ་བརྒྱད་དེ། ཕལ་ཆེན་པ་ལས་གྱེས་པའི་ཕལ་ཆེན་པ། ཐ་སྙད་གཅིག་པ། འཇིག་རྟེན་ལས་འདས་པར་སྨྲ་བ། མང་དུ་ཐོས་པ། རྟག་པར་སྨྲ་བ། མཆོད་རྟེན་པ། ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེ་དང་བརྒྱད་གྱེས་ལ། གནས་བརྟན་པ་ལས། གངས་རི་བ། ཐམས་ཅད་ཡོད་པར་སྨྲ་བ། རྒྱུར་སྨྲ་བ། གནས་མ་བུ་བ། ཆོས་མཆོག་པ། བཟང་པོའི་ལམ་པ། ཀུན་གྱིས་བཀུར་བ། མངས་སྟོན་པ། ཆོས་སྟོད་པ། ཆར་བཟང་འབེབས་པ་སྟེ་བཅུར་གྱེས་པས་བཅོ་བརྒྱད་དང་། ཕྱིས་ནི་ཡོད་སྨྲ་ལས། རྣམ་པར་བྱེ་སྟེ་ཡོད་སྨྲ་དང་། གོས་དམར་བ་གཉིས་སུ་གྱེས་པས་མཚོན་གཞན་ཡང་དབྱེ་བ་ཡོད་པར་བཤད་དོ། །གཉིས་པ། ཉན་ཐོས་ཀྱི་ལམ་གང་ཞིག་རྟེན་ཚུལ་ཁྲིམས་རྣམ་དག་ལ་གནས་ནས། ཤེས་བྱ་ཕུང་ཁམས་སྐྱེ་མཆེད་ཀྱི་གཞི་ལ། བདེན་བཞིའི་འཇུག་ལྡོག་མ་ནོར་བའི་ཚུལ་གྱིས་ཐོས་པ་དང་བསམ་པས་སྒྲོོ་འདོགས་ཆོད་པར་བྱས་ནས། གཤེ་ཡང་སླར་མི་གཤེ། ཁྲོས་ཀྱང་སླར་མི་ཁྲོ། བརྡེགས་ཀྱང་སླར་མི་བརྡེག མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་སྟེ་དགེ་སྦྱོང་གི་ཆོས་བཞི་དང་། འདོད་ཆུང་ཆོག་ཤེས་སྦྱངས་ཡོན་སོགས་ལ་གནས་པ་དང་། དུག་གསུམ་གྱི་གཉེན་པོ་དང་བདེན་བཞི་རྟེན་འབྲེལ་བྱང་ཕྱོགས་སོགས་ལམ་བསྒོམ་པ་དང་། འབྲས་བུ་འཁོར་བ་ལས་ཐར་པ་དག་ཐེག་ཆེན་དང་ཐུན་མོང་དུ་མཐུན་པའི་ཕྱིར་བླང་བར་བྱ་བ་ཡིན་ལ། འོན་ཀྱང་རང་དོན་ཡིད་བྱེད་ཀྱི་བློ་དང་ལམ་དང་འབྲས་བུའི་ཆོས་ལ་བདེན་པར་ཞེན་པ་དག་ཐེག་ཆེན་ལམ་གྱི་དགག་བྱ་ཉིད་དོ། །གསུམ་པ། སྡེ་པ་དེ་ཀུན་གྱི་གྲུབ་པའི་མཐའ་དག་ལ་དབྱེ་ན། རྣམ་པ་གཉིས་ཏེ་ཐུན་མོང་བ་དང་སོ་སོའི་རིམ་པའོ། །དང་པོ་ཐུན་མོང་གི་འདོད་པ་ལ། ཡུལ་བདེན་བཞི། རྩོམ་བྱེད་དོན་དམ། དགྲ་བཅོམ་མཐར་ཐུག ཀུན་གཞི་མེད་པ། ཐེག་ཆེན་མེད་པ། ས་བཅུ་མེད་པ། སངས་རྒྱས་རང་རྒྱུད་པར་འདོད་པ་སྟེ་རྣམ་པ་བདུན་ཉིད་དེ། འདི་ནི་ཐེག་ཆེན་ལམ་གྱི་མི་མཐུན་ཕྱོགས་ལམ་དམན་པ་དགག་བྱ་ཡིན་པས་དེའི་ཚུལ་ནི་སྐབས་འདིར་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་ལ་བསྟན་བཤད་གཉིས། དང་པོ། ཉན་ཐོས་ཀྱི་གྲུབ་མཐའ་སོ་སོའི་རང་བཞིན་རྒྱས་པར་བསྟན་པ་ལ་རྣམ་པ་གཉིས་ཉིད་དེ་བྱེ་བྲག་སྨྲ་པ་དང་། མདོ་སྡེ་སྤྱོད་པའོ། །གཉིས་པ་ལ། བྱེ་སྨྲ་དང་། མདོ་སྡེ་པ་གཉིས། དང་པོ། བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོའི་རྗེས་སུ་སྨྲ་བ་བྱེ་བྲག་སྨྲ་བས་ནི། ཤེས་བྱ་གཞི་ལྔ་སོགས་ཏེ། འཇིག་པ་དོན་གཞན། དུས་གསུམ་རྫས་གྲུབ། བརྗོད་མེད་ཀྱི་བདག་ཤེས་པས་རང་དང་ཡུལ་མི་རིག་པ། མཚན་མཚོན་ཐ་དད། ཆུད་མི་ཟ་བའི་རྫས་ཏེ་རྣམ་པ་བདུན་གྱིས་གཞུང་གི་དོན་རིག་པར་བྱ་བའི་གྲུབ་མཐའ་དེ་ཡང་ཡང་དག་པ་ཇི་བཞིན་མིན་ཏེ་གྲུབ་མཐའི་ཞེ་འདོད་ཅི་རིགས་དང་འདྲེས་པའི་ཕྱིར་རོ། །གཉིས་པ། ཉན་ཐོས་མདོ་སྡེ་སྤྱོད་པས་སྐྱེད་བྱེད་རྐྱེན་བཞི་སོགས་ཏེ། སྣང་བ་བློ། ཡུལ་ལྐོག་གྱུར། རྡུལ་བར་མེད། དབང་པོ་ནུས་པ། མི་ལྡན་པ་ཀུན་བཏགས། མྱང་འདས་དངོས་མེད་དེ་གྲུབ་པའི་མཐའ་རྣམ་པ་བདུན་གྱི་ཚུལ་དུ་སྨྲ་བ་དེ་ཡང་ཡང་དག་པའི་ལྟ་བ་མིན་ཏེ་དངོས་པོར་སྨྲ་བའི་སྐྱོན་དང་བཅས་པའི་ཕྱིར་རོ། །གཉིས་པ། དབང་པོ་འབྲིང་རང་རྒྱལ་གྱི་རིགས་དང་ལྡན་པའི་གང་ཟག་རང་སངས་རྒྱས་རྣམས་ནི། སྔོན་གོམས་པའི་སྟོབས་ཀྱིས་སྲིད་པ་ཐ་མའི་དུས་སུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་སྒོ་ནས། ཡང་དག་པའི་དོན་དམིགས་པར་བྱས་ནས། གང་ཟག་གི་བདག་དང་། གཟུང་བ་རང་བཞིན་མེད་པར་ཤེས་པས་བདག་མེད་ཕྱེད་གཉིས་རྟོགས་པ་དང་འབྲས་བུ་རང་རྒྱལ་དགྲ་བཅོམ་ཐོབ་པའང་། ཐེག་པ་ཆེན་པོའམ་མཐར་ཐུག་གི་དོན་ལས་གཞན་དུ་གྱུར་པ་སྟེ་དམན་པ་ཉིད་དོ། །གཉིས་པ་ཐེག་པ་ཆེན་པོ་ལ། རྒྱུའི་ཐེག་པ་དང་། འབྲས་བུའི་ཐེག་པ་གཉིས། དང་པོ་ལ། སྤྱི་བྱེ་བྲག་གཉིས། དང་པོ། རྒྱ་མཚོ་ནི་ཤིན་ཏུ་ཚད་མེད་པའི་མིང་ཡིན་ལ། དེ་ལས་ཀྱང་ཆེས་ཚད་མེད་པའི་མིང་དུ་གངས་ཆེན་མཚོ་ཞེས་གྲགས་པས་ན། དེ་དང་འདྲ་བ་ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་ཚད་མེད་པའི་སངས་རྒྱས་ཀྱི་ཐེག་པ་ཆེ་པོ་ནི་འགྲོ་སྒྲོལ་གྱི་གོ་ཆ་མཆོག་ཏུ་བརྟན་པ་སོགས་ཆེན་པོ་བདུན་གྱིས་འཕགས་ཏེ། དེ་ཡང་མདོ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པ་ལྟར། དམིགས་པ་ཆེན་པོ་བདག་ཆོས་ཉིད་ནམ་མཁའ་དང་འདྲ་བ་ལ་དམིགས་པ། སྒྲུབ་པ་ཆེན་པོ་རང་གཞན་གྱི་དོན་གཉིས་སྒྲུབ་པ། ཡེ་ཤེས་ཆེན་པོ་བདག་མེད་གཉིས་རྟོགས་ཀྱི་མཁྱེན་པ་སྙིང་རྗེ་དང་ཟུང་དུ་འཇུག་པ། བརྩོན་འགྲུབ་ཆེན་པོ་བསྐལ་པ་གྲངས་མེད་པར་སེམས་ཅན་གྱི་དོན་དུ་སྤྲོ་བ། ཐབས་ལ་མཁས་པ་ཆེན་པོ་སྲིད་ཞིར་མི་གནས་པ། གྲུབ་པ་ཆེན་པོ་སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ། ཕྲིན་ལས་ཆེན་པོ་འཁོར་བ་ཇི་སྲིད་བར་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བ་རྣམས་ཐེག་དམན་ལ་མེད་ཅིང་ཐེག་ཆེན་ལ་ཡོད་པས་ཁྱད་པར་དུ་འཕགས་པས་ན། ཐེག་པ་ཆེན་པོ་ནི་ཐབས་ཤེས་དང་། རྣམ་གྲོལ་གྱི་སྒོ་ཡངས་པས་ནམ་མཁའ་དང་འདྲ་སྟེ་ལམ་འབྲས་གཉིས་ཆར་ཡང་ཚད་མེད་པའི་བདེ་བ་དང་ཡོན་ཏན་གྱི་གནས་སུ་གྱུར་པས་གཞལ་མེད་ཀྱི་ཁང་ཆེན་ཉིད་དེ། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །རྒྱུ་དེས་དེ་ནི་ཐེག་པ་ཆེ་ཞེས་རབ་བརྗོད་དོ། །ཞེས་སོ། །གཉིས་པ་ལ། བསྟན་བཤད་གཉིས། དང་པོ། ངོ་བོ་ཆོས་ཀུན་བདེན་མེད། ལམ་ཚོགས་གཉིས་ཟུང་འཇུག འབྲས་བུ་བྱང་ཆུབ་ཐོབ་པར་འདྲ་བས་ཐེག་པ་མཆོག་གི་རང་བཞིན་ཡིན་པ་ཙམ་ལ་ཐ་དད་མ་མཆིས་ཀྱང་། དེ་དག་གི་ཤིང་རྟ་འདྲེན་པར་བྱེད་པའི་སྲོལ་འབྱེད་ཀྱི་ལྟ་བ་གསུམ་ཉིད་ལས། སེམས་ཙམ་པ་དང་། རང་རྒྱུད་པ་དང་། ཐལ་འགྱུར་པ་ཞེས་སུ་གྲགས་པ་ཡིན་ནོ། །གཉིས་པ་ལ། སེམས་ཙམ། རང་རྒྱུད། ཐལ་འགྱུར་གསུམ། དང་པོ། རྣལ་འབྱོར་སྤྱོད་པ་སེམས་ཙམ་པ་ནི་ཆོས་ཐམས་ཅད་སེམས་ཙམ་དུ་འདུ་ཞིང་། དེ་ཡང་གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་རང་རིག་རང་གསལ་ཙམ་དོན་དམ་དུ་འདོད་པ་སྟེ། དེ་ལ་སེམས་ཙམ་སྤྱི་ཡི་འདོད་པ་དང་། ཁྱད་པར་རྣམ་བདེན་རྫུན་གྱི་ཚུལ་གཉིས་ཀྱི་རིམ་པ་ཡོད་པ་ལས། འདོད་དོན་ཐུན་མོང་བ་སྤྱིི་ནི་གཟུང་འཛིན་གྱི་ཆར་མེད་པའི་ཤེས་པ་རང་རིག་རང་གསལ་ལམ་ཡེ་ཤེས་དོན་དམ་དུ་འདོད་པ་དང་། ཀུན་བཏགས་གཞན་དབང་ཡོངས་གྲུབ་སྟེ་མཚན་ཉིད་གསུམ་ལ་སོགས་པའི་སྤྱི་ཆིངས་ཀྱིས་ཆོས་ཀུན་བཅིངས་ནས། དམིགས་པའི་ཡུལ། སྤྱོད་པའི་ཚུལ། གྲུབ་པའི་འབྲས་བུ་གསུམ་གྱིས་བསྡུས་ཏེ་གྲུབ་པའི་མཐའ་རྣམ་པར་འཇོག་པ་ཉིད་དོ། །བྱེ་བྲག་སོ་སོའི་དབྱེ་བ་ལ། དོན་དུ་སྣང་བ་འདི་དག་ནང་གི་ཤེས་པ་ཉིད་དུ་བདེན་པར་འདོད་པ་དང་། མི་འདོད་པའི་ཁྱད་པར་ལས་རྣམ་པར་བདེན་པ་དང་། རྣམ་པར་རྫུན་པ་གཉིས་སུ་གྲགས་པ་སྟེ། དེ་ཡང་ནི་རྣམ་ཤེས་བདེན་གྲུབ་ཏུ་འདོད་པ་སོགས་དངོས་པོའི་གནས་ཚུལ་ཡང་དག་མ་ཡིན་པའི་ཀུན་རྟོག་གིས་གསར་དུ་སྦྱར་བ་ཉིད་ཡིན་ནོ། །གཉིས་པ། དབུ་མ་རང་རྒྱུད་པ་དག་གི་སྡེ་པས། གནས་སྐབས་སུ་ཆོས་ཐམས་ཅད་བདེན་པ་གཉིས་སུ་རྣམ་པར་དབྱེ་བ་ཡི་སྒོ་ནས། ཆོས་རྣམས་ལ་ཡོད་པ་བདེན་གྲུབ་དང་ཐ་སྙད་དུ་མེད་པའི་སྤྲོས་པ་དག་རབ་ཏུ་འགོག་པར་བྱེད་ཅིང་ཁྱད་པར་ཐ་སྙད་ཀྱིས་གཞལ་ནས་ཀུན་རྫོབ་ཏུ་སྣང་བའི་རྣམ་གཞག་ཞིབ་མོར་བྱེད་པ་དེ་ལ་ཡང་། དབྱེ་ན་གྲུབ་མཐའ་གོང་འོག་གཉིས་བྱུང་བའི་གཉིས་ཀའང་། རང་བཞིན་ནམ་ཆོས་ཉིད་རྣལ་མའི་དོན་བ དེན་གཉིས་རོ་མཉམ་ལས་གཞན་དུ་གྱུར་པ་སྟེ། སྤྲོས་པའི་དྲྭ་བར་འཆེལ་བ་ཤས་ཆེ་བའི་ཕྱིར་རོ། །གསུམ་པ། རྒྱལ་བའི་དགོངས་པ་མཐར་ཐུག་སྙིང་པོའིདོན་ཏེ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་གྲུབ་མཐའི་རྩེ་མོར་གྱུར་པ་དབུ་མ་ཐལ་འགྱུར་པས་ནི་ཡོད་མེད་ཡིན་མིན་གྱི་དམིགས་པ་དང་བཅས་པའི་སྤྲོས་པ་ཀུན་འགོག་པར་བྱེད་པ་སྟེ། གཤིས་ཅི་ཡང་མ་གྲུབ་པའི་གནས་ལུགས་བློ་ལས་འདས་པ་བདེན་པ་དབྱེར་མེད་ཆེན་པོར་ཡེ་ནས་དག་པའི་ཚུལ་གྱིས་སྒྲུབ་པས་ན། རང་ལུགས་ལ་ཁས་ལེན་གྱི་དམ་བཅའ་མེད་པའི་དབང་གིས། ཕ་རོལ་ཁས་ལེན་དང་བཅས་པ་ལ་རང་གི་ཁས་བླང་གི་ཐལ་བ་འཕེན་པ་ལས་དངོས་ཞེན་གྱི་དམ་བཅའ་ཐམས་ཅད་འཇིག་པར་མཛད་པ་སྟེ། འདི་ལྟར་སྣང་སྲིད་ཀྱི་ཆོས་ཀུན་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་སྟེ། དངོས་པོ་རྣམས་བརྟེན་ནས་སྐྱེ་བ་དང་། དངོས་མེད་རྣམས་བརྟེན་ནས་བཏགས་པའོ། །དེ་ལྟར་རྟེན་འབྲེལ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་དམ་རང་བཞིན་མེད་པ་སྟེ། རང་བཞིན་ཡོད་ན་བརྟེན་ནས་འབྱུང་བ་མི་འཐད་ལ། བརྟེན་ནས་འབྱུང་བའི་ཕྱིར་མཐའ་བཞིའི་སྐྱེ་བ་དང་། གཅིག་ཐ་དད་ཀྱི་ངོ་བོར་གྲུབ་པ་ཅུང་ཟད་ཀྱང་མེད་པས་ན་བདེན་གཉིས་དབྱེར་མེད་སྒྱུ་མ་ལྟ་བུ་རྟག་ཆད་ཀྱི་མཐའ་ཕྲ་བ་དང་བྲལ་བ་ཉིད་ཀྱི་སྒོ་ནས། ལམ་ཚོགས་གཉིས་དང་འབྲས་བུ་སྐུ་གཉིས་ལ་སོགས་པའི་ཐེག་ཆེན་གྱི་ཆོས་རྣམས་མཐར་ཕྱིན་པར་བྱེད་དོ། །གཉིས་པ་འབྲས་བུའི་ཐེག་པ་ལ། ཁྱད་ཆོས་དང་། ཁྱད་གཞི་བཤད་པ་གཉིས། དང་པོ། འབྲས་བུ་བླ་ན་མེད་པ་གསང་སྔགས་རྡོ་རྗེ་ཐེག་པ་ཉིད་ནི། མཚན་ཉིད་རྒྱུ་ཡི་ཆོས་ལས་ཁྱད་པར་དུ་མས་འཕགས་ཏེ། དེ་གཉིས་ཀ་སངས་རྒྱས་སྒྲུབ་པར་དོན་གཅིག་ནའང་མ་རྨོངས་པ་དང་ཐབས་མང་བ་དང་དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་ངོར་བྱས་པས། ཁྱད་པར་དུ་བྱས་པའོ། །དེ་ཡང་རྒྱུའི་ཐེག་པར་ཁམས་བདེ་གཤེགས་སྙིང་པོ་ས་བོན་དུ་ཡོད་པ་རྐྱེན་ཚོགས་གཉིས་ལས་གོང་དུ་འཕེལ་བས་དུས་རིང་མོ་ཞིག་ནས་འབྲས་བུ་སངས་རྒྱས་སུ་འགྲུབ་པར་འདོད་པས་རྒྱུ་འབྲས་སྔ་ཕྱིར་ཁས་ལེན་ལ། རྡོ་རྗེ་ཐེག་པས་ནི། རང་བཞིན་འོད་གསལ་བའི་སྙིང་པོ་ཡོན་ཏན་ལྷུན་གྲུབ་ཏུ་གནས་པ་ནམ་མཁའ་ལྟ་བུའི་ཉིད་སྦྱང་གཞིར་བྱས་ནས། དེའི་སྟེང་ན་སྦྱང་བྱ་འཁོར་བའི་ཆོས་ཚོགས་བརྒྱད་ཡུལ་དང་བཅས་པ་སྤྲིན་ལྟ་བུ་དེ། སྦྱོང་བྱེད་དབང་དང་བསྐྱེད་རྫོགས་ཀྱི་ཐབས་ཟབ་མོ་རླུང་དང་འདྲ་བས་མྱུར་དུ་བསལ་ནས། སྦྱངས་འབྲས་དོན་གྱི་ཀུན་གཞི་མངོན་དུ་གསལ་བའི་སངས་རྒྱས་ཉིད་དུས་ཐུང་ངུས་འགྲུབ་པར་བྱེད་པ་ཡིན་པས་དོན་ལ་རྒྱུ་འབྲས་དབྱེར་མེད་པའི་གྲུབ་མཐའ་སྨྲ་བའོ། །དེ་ཡང་རྒྱུ་འབྲས་དབྱེར་མེད་དངོས་ནི། རྣལ་འབྱོར་བླ་མེད་ན་གསལ་ཞིང་། རྫོགས་པ་ཆེན་པོ་བྱ་རྩོལ་མེད་པར་མཐར་ཕྱིན་པ་ཡིན་མོད། མདོ་ལ་ལྟོས་ནས་བྱ་རྒྱུད་ལའང་མ་རྨོངས་པ་སོགས་ཀྱི་ཁྱད་ཆོས་ཡོད་ལ། རྒྱུད་སྡེ་དྲུག་ཀྱང་སྔ་མ་སྔ་མ་ལ་ལྟོས་ནས་ཕྱི་མ་ཕྱི་མ་མ་རྨོངས་པ་སོགས་ཀྱིས་ཁྱད་པར་དུ་འཕགས་སོ། །གཉིས་པ་ལ། བསྟན་བཤད་གཉིས། དང་པོ། ཁྱད་པར་ཅན་གྱི་གསང་སྔགས་དེ་ལའང་ཡོན་ཏན་གྱི་ཆེ་བ་མཆོག་དང་ལྡན་པའི་རྒྱུད་རྣམ་པ་བཞི་སྟེ། མི་རིགས་བཞི་དང་དབང་པོའི་རིམ་པ་དང་ཉོན་མོངས་ཆེ་ཆུང་སོགས་ལ་ལྟོས་ནས་བྱ་བ་ལ་སོགས་པའི་རྒྱུད་སྡེ་བཞིར་གསུངས་པ་དག་ལས། ཞེས་སོ། །གཉིས་པ་ལ། གསང་སྔགས་ཕྱི་པ་དང་། ནང་པ་གཉིས། དང་པོ་ལ། སོ་སོའི་རྣམ་གཞག་དང་། ཐུན་མོང་གི་རྣམ་བཞག་གཉིས། དང་པོ་ལ། བྱ་བ། སྤྱོད་པ། རྣལ་འབྱོར་གསུམ། དང་པོ། བྱ་བའི་རྒྱུད་དུ་གཞི་སྣང་སྟོང་བདེན་པ་གཉིས་ཀྱི་རང་བཞིན་ཤེས་ཤིང་ལྟ་བས། ཕྱིའི་ཁྲུས་དང་གཙང་སྦྲ་ལ་སོགས་ཀྱི་ལུས་ངག་གི་སྤྱོད་པ་གཙོ་བོར་ཀུན་ཏུ་སྤྱོད་པ་ཡིས་ལྷ་ཡེ་ཤེས་སེམས་དཔའ་རྗེ་བོ་ལྟ་བུ་དངོས་གྲུབ་སྩོལ་བ་པོ་དང་། བདག་དམ་ཚིག་པ་ཁོལ་པོ་ལྟ་བུ་དངོས་གྲུབ་ནོད་པ་པོར་ལྟ་བས་གནས་སྐབས་འདོད་གཟུགས་ཀྱི་རིག་འཛིན་དང་མཐར་ཐུགས་གི་དངོས་གྲུབ་སྐྱེ་བ་བཅུ་དྲུག་ན་སངས་རྒྱས་ཐོབ་པར་འདོད་པའོ། །གཉིས་པ། སྤྱོད་པའི་རྒྱུད་དུ་ནི། ཕྱིའི་ཁྲུས་སོགས་གཙང་སྦྲ་བྱེད་པ་དག་དང་ནང་གི་ཏིང་ངེ་འཛིན་གཙོ་ཆེ་ཆུང་མེད་པར་བྱས་ནས་ནི། བདག་དང་ལྷ་སྤུན་ནམ་གྲོགས་སུ་ལྟ་བའི་ཚུལ་གྱིས་དངོས་གྲུབ་ཐོབ་པར་འདོད་པ་ཡིན་ཏེ། ལྟ་བ་ཡོ་ག་དང་སྤྱོད་པ་ཀྲི་ཡ་ལྟར་རོ། །གསུམ་པ། རྣལ་འབྱོར་ཕྱི་པའི་རྒྱུད་དུ་གཙང་སྦྲ་ལ་སོགས་པའང་ལམ་སྒྲུབ་པའི་གྲོགས་ཙམ་ལ། ནང་གི་སེམས་ཀྱི་སྒོམ་པ་ནི་གཙོ་བོར་འདོད་པ་སྟེ། དམ་ཚིག་དང་ཆོས་དང་ལས་དང་ཕྱག་ཆེན་ཏེ་ཕྱག་རྒྱ་བཞི་དང་། ཞིང་དང་གནས་ཕུན་སུམ་ཚོགས་པའི་རྒྱུ་གདན་པད་ཟླ། ཆོས་ཕུན་ཚོགས་ཀྱི་རྒྱུ་གསུང་ཡིག་འབྲུ། དུས་ཕུན་ཚོགས་རྟག་པ་བསམ་མི་ཁྱབ་པའི་རྒྱུ་ཐུགས་ཕྱག་མཚན། འཁོར་དང་སྟོན་པ་ཕུན་ཚོགས་རྒྱུ་སྐུ་ཡོངས་རྫོགས། སྐུའི་ངོ་བོའམ་ཡེ་ཤེས་ཕུན་ཚོགས་ཀྱི་རྒྱུ་ལྷ་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པ་སྟེ་མངོན་བྱང་རྣམ་པ་ལྔ་ཡི་སྒོ་ནས་འཇུག་ཅིང་། རང་ཉིད་དམ་ཚིག་པར་གསལ་བ་ལ། གཞན་དག་པའི་ཞིང་ནས་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ཏེ་བསྟིམས་ནས་གཉིས་མེད་དུ་བསྒོམས་པས་དངོས་གྲུབ་ཐོབ་པར་འདོད་པའོ། །གཉིས་པ། བྱ་སྤྱོད་རྣལ་འབྱོར་ཏེ་སྔགས་ཕྱི་རྒྱུད་གསུམ་པོ་དེ་དག་ཀུན་ཀྱང་བདེན་གཉིས་རེས་འཇོག་ཏུ་འཛིན་པར་བྱེད་དེ། ཆོས་ཅན་སྣང་བ་ཀུན་རྫོབ་ཀྱི་རང་བཞིན་ལྷར་བསྒོམས་ནས། དེའི་རྗེས་སུ་ལྷར་སྣང་བསྡུས་ནས་མི་དམིགས་པ་དོན་དམ་སྤྲོས་བྲལ་དུ་བསྒོམ་པ་ཤས་ཆེའོ། །གཉིས་པ་ནང་པ་ལ། སྔགས་ཕྱི་པ་ལས་འཕགས་ཚུལ་དང་། ནང་པ་དངོས་བཤད་པ་གཉིས། དང་པོ། གཞི་དང་ལམ་དང་འབྲས་བུའི་ཁྱད་པར་གསུམ་གྱིས་སྔགས་ཕྱི་པ་དང་ནང་དང་གསང་བའི་གསང་སྔགས་ཀྱི་རང་བཞིན་ཤེས་པར་བྱ་སྟེ། དེ་ཡང་དང་པོ་གཞི་སྨིན་བྱེད་དབང་གི་དུས་སུ་བུམ་དབང་གཙོ་ཆེ་བ་ཕྱི་པ་དབང་གོང་མ་གསུམ་གཙོ་ཆེ་བ་ནང་པའོ། །གཉིས་པ་ལམ་དག་མཉམ་བླང་དོར་མེད་པར་ལྟ་བའི་དབང་གིས་བསྐྱེད་རྫོགས་ཟུང་འཇུག་རེས་འཇོག་མེད་པར་བསྒོམ་པ་ནང་པ། དེ་མི་ནུས་པ་ཕྱི་པ། དེའི་དབང་གིས་སྤྱོད་པ་བླང་དོར་ཅན་གནས་དང་ཟས་གོས་སོགས་གཙང་བར་སྤྱོད་པ་ཕྱི་པ། མཉམ་པར་སྤྱོད་པ་ནང་པ། གསུམ་པ་འབྲས་བུ་གྲོལ་བ་དུས་ཀྱི་ཁྱད་པར་ནི་ཚེ་འདི་ལས་སངས་རྒྱས་པ་ནང་པ། སྐྱེ་བ་གཞན་དུ་སངས་རྒྱ་བ་ཕྱི་པའོ། །གཉིས་པ་ལ་སྤྱིའི་ངོ་བོ་དང་། བྱེ་བྲག་སོ་སོའི་དབྱེ་བ་གཉིས། དང་པོ། རྣལ་འབྱོར་ཆེན་པོ་སྔགས་ནང་པ་དེ་དག་སྤྱིའི་འདོད་པ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཀུན་དབྱེར་མེད་མཉམ་པའི་ངང་དུ་གནས་པ་སྟེ་དེ་ཡང་མཐའ་བཞིའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབུ་མ་ཆེན་པོ་རོ་མཉམ་དུ་དག་པ་ནི་ཟབ་པ་དང་། དེ་ལས་ཁྱད་པར་སྣང་ཆ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་ཀུན་སངས་རྒྱས་རིགས་ལྔ་ལ་སོགས་པ་དག་པའི་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་ཤེས་པས་ཚུལ་དེ་ལྟར་རྣམ་པར་སྒོམ་པ་ནི་རྒྱ་ཆེ་བ་སྟེ་ཀུན་རྫོབ་ཀྱི་སྣང་བ་ལྷ་དང་། དེ་ཡང་དོན་དམ་དང་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་ཡེ་ཤེས་ལྷག་པའི་བདེན་པ་དབྱེར་མེད་དོ། །དེའི་དབང་གིས་བཟའ་བཏུང་གོས་རྒྱན་སོགས་འདི་ལྟར་ཚོགས་དྲུག་གི་སྣང་བ་གང་ཡང་མ་སྤངས་རང་སར་གྲོལ་བའི་ཐབས་མཆོག་རྒྱལ་པོས་ལམ་གྱི་གྲོགས་སུ་བསྒྱུར་ནས། སྤྱོད་ལམ་ཐམས་ཅད་དུ་རྒྱ་ཆེ་བ་བསྐྱེད་རིམ་དང་། ཟབ་མོ་རྫོགས་པའི་རིམ་པ་གཉིས་ཡེ་ནས་འདུ་འབྲལ་མེད་པར་ཟུང་དུ་འཇུག་པའི་དོན་ལྷག་པའི་བདེན་པ་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཆེན་པོ་ཉིད་དུ་བསྒོམས་པས་ཚེ་འདིར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བཞེད་པ་ཡིན་ནོ། །གཉིས་པ་ལ། བསྟན་བཤད་གཉིས། དང་པོ། དེ་ལ་བྱེ་བྲག་ཏུ་དབྱེ་ན་ཉོན་མོངས་པ་དུག་གསུམ་གྱི་གཉེན་པོ་དང་། དབང་པོའི་རིམ་པ་སོགས་ལ་ལྟོས་ནས་ཕ་རྒྱུད་དང་མ་རྒྱུད་དང་གཉིས་མེད་ཀྱི་རྒྱུད་གསུམ་དུ་ཡོད་པ་དག་ལས་ཞེས་སོ། །གཉིས་པ་ལ། ཕ་རྒྱུད། མ་རྒྱུད། གཉིས་མེད་རྒྱུད་གསུམ། དང་པོ། དེ་གསུམ་ག་ངོ་བོ་ཟུང་འཇུག་གི་ཡེ་ཤེས་བསྒོམ་པར་འདྲ་ཡང་བསྐྱེད་པའི་རིམ་པ་དང་། དེའི་ཡན་ལག་ཕྲིན་ལས་སྣ་ཚོགས་སྒྲུབ་པའི་ཚུལ་དང་། ཐབས་སྣང་བའི་ཡེ་ཤེས་སྒྱུ་ལུས་དང་། རླུང་གཏུམ་མོའི་རྣལ་འབྱོར་རྫོགས་པའི་རིམ་པ་དང་། མངོན་སྤྱོད་ཀྱི་ལས་གཙོ་བོར་འདོད་པ་ནི། རྣལ་འབྱོར་ཆེན་པོ་ཕ་ཡི་རྒྱུད་བླ་ན་མེད་པ་ཡིན་ཏེ། གདུལ་བྱ་ཞེ་སྡང་ཅན་དང་། ཕྱི་སྤྲོས་པ་ལ་འཆེལ་བའི་གང་ཟག་གདུལ་བའི་ཐབས་སུ་བསྟན་པའོ། །གཉིས་པ། རྒྱུད་གང་དུ་བསྐྱེད་རྫོགས་གཉིས་ལས་རྫོགས་རིམ་དང་། ཐབས་ཤེས་གཉིས་ལས་ཤེས་རབ་སྟོང་པ་ཉིད་དང་། དེའི་ལམ་འོད་གསལ་གྱི་རྣལ་འབྱོར་དང་། ཐབས་ལམ་ཐིག་ལེ་འཇུ་འདུལ་ལ་བརྟེན་པའི་བདེ་བ་དང་། ཕྲིན་ལས་ཀྱི་ནང་ནས་དབང་གི་ལས་སོགས་གཙོ་བོར་འདོད་པ་ནི། རྣལ་འབྱོར་བླ་མེད་མ་ཡི་རྒྱུད་ཅེས་བྱ་སྟེ། གདུལ་བྱ་འདོད་ཆགས་ཅན་དང་། ནང་ལུས་ལ་གནད་དུ་བསྣུན་ནུས་པ་དབང་པོ་འབྲིང་གི་གདུལ་བྱ་འདུལ་བའི་ཐབས་སུ་བསྟན་པའོ། །གསུམ་པ། ཐབས་ཤེས་དང་བསྐྱེད་རྫོགས་ཀྱི་ཕྱོགས་དེ་གཉིས་ཀ་གཙོ་ཆེ་ཆུང་མེད་པར། དག་མཉམ་ཡེ་ཤེས་ཆེན་པོ་ཐིག་ལེ་ཉག་གཅིག་རང་རིག་པ་བྱང་ཆུབ་ཀྱི་སེམས་ཆོས་ཀུན་གྱི་གནས་ལུགས་མཐར་ཐུག་པ་གཙོ་བོར་འདོད་པ་ནི་གསང་སྔགས་གཉིས་སུ་མེད་པའི་རྒྱུད་སྡེ་བླ་ན་མེད་པ་ཞེས་བྱ་སྟེ། གཏི་མུག་ཅན་དང་། དབང་རབ་བྱ་རྩོལ་མེད་པར་འཇུག་པའི་གདུལ་བྱ་འདུལ་བའི་ཐབས་སུ་བསྟན་པ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་གདུལ་བྱའི་བློའི་རིམ་པ་དང་སྦྱར་ཏེ་གསུངས་པའི་ནང་པ་སངས་རྒྱས་པའི་ལུགས་ཀྱི་ཆོས་ཀུན་མདོར་བསྡུ་ན་དེ་ཙམ་མོ་སྟེ་དེ་འདིར་འདུ་བར་བསྟན་པ་ཡིན་ནོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བཤད་བྱ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའི་འགྲེལ་པའོ།། །། ༈ གཉིས་པ་བསམ་པའི་ཤེས་རབ་ལ། སྤྱི་དང་། ཁྱད་པར་གྱི་བསམ་བྱ་གཉིས། དང་པོ། དེ་ལྟར་ཕྱི་ནང་གི་གྲུབ་མཐའ་སོགས་ཐོས་པ་དམ་པས་བརྒྱན་པའི་རྗེས་སུ། བསམ་པ་ལས་བྱུང་བའི་ཤེས་རབ་ངེས་པར་རྒྱུད་ལ་བསྐྱེད་པར་བྱ་དགོས་སྟེ། དེ་ཡང་སྔར་བཤད་ཐོས་པའི་དོན་རྣམས་ཐམས་ཅད་ངེས་པ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་ལ་རག་ལས་པའི་ཕྱིར་རོ། །གཉིས་པ་ལ། བསྟན་བཤད་གཉིས། དང་པོ། ཁྱད་པར་དུ་བསམ་པར་བྱ་བ་དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ། དད་པའི་ཕན་ཡོན། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་ཏེ་རྣམ་པ་ལྔ་པོ་ཉིད་ལས། ཞེས་སོ། །གཉིས་པ་ལ། རྟེན་ཆོས་ལ་ཕྱོགས་པའི་བསམ་བྱ། སེམས་ལ་ཆོས་སྣང་བའི་བསམ་བྱ། ཆོས་ཡང་དག་པར་འགྲུབ་པའི་བསམ་བྱ་གསུམ། དང་པོ་ལ། རྟེན་དོན་ཡོད་པར་བྱ་བའི་བསམ་བྱ་དང་། མྱུར་དུ་དོན་ཡོད་པར་བྱ་བའི་བསམ་བྱ་གཉིས། དང་པོ་ལ། རང་བཞིན་མདོར་བསྟན། རྣམ་གྲངས་རྒྱས་པར་བཤད། དེ་ལྟར་བསམ་པའི་ཕན་ཡོན་གསུམ། དང་པོ་། དེ་ཡང་དང་པོ་བྱང་ཆུབ་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་རྙེད་པར་དཀའ་བ་བསམ་པ་ནི། ཞེས་སོ། །གཉིས་པ་ལ། རྙེད་དཀའི་ཚུལ་བསམ་པ་དང་། དེ་ཤེས་ནས་དོན་ཡོད་པར་བྱ་བའི་ཚུལ་གཉིས། དང་པོ་ལ། མི་མཐུན་ཕྱོགས་བྲལ་བའི་ཚུལ། མཐུན་རྐྱེན་ཚང་བ། དེ་ལྟ་བུའི་རྙེད་དཀའི་དཔེ་བསམ་པ་གསུམ། དང་པོ་ལ་བསྟན་བཤད་གཉིས། དང་པོ། མི་ཁོམ་པ་བརྒྱད་ལས་ལོག་སྟེ་མིར་གྱུར་བ་དང་། དབང་པོ་ཚང་བ་དང་། ཆོས་ལྡན་གྱི་ཡུལ་དུ་སྐྱེས་པ་དང་། བཟང་པོའི་ལས་འཕྲོ་སད་པ་དང་། ལས་མཐའ་མ་ལོག་པ་དང་། བསྟན་པ་གནས་པ་ལ་དད་པ་དང་། ཆོས་ལྡན་གྱི་གྲོགས་མང་པོ་དང་ལྡན་པ་འདི་ལྟ་བུ་ཤིན་ཏུ་རྙེད་པར་དཀའ་འོ། །གཉིས་པ་ལ། མི་ཁོམ་པ་དང་བྲལ་ཚུལ། མིར་གྱུར་པ། ཕྱི་མ་དྲུག་བཤད་པ་གསུམ། དང་པོ་ལ། བསྟན་བཤད་བསྡུ་གསུམ། དང་པོ། དང་པོ་ཆོས་སྒྲུབ་པར་མི་ཁོམ་པའི་གནས་ལས་བསམ་སྟེ་དལ་བ་རྙེད་དཀའ་བ་བསྟན་པ་ནི། ཞེས་སོ། །གཉིས་པ་ལ་གསུམ། རང་རྒྱུད་རྟེན་གྱི་མི་ཁོམ་པ་བརྒྱད། འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པ་བརྒྱད། རིགས་ཆད་བློ་ཡིས་མི་ཁོམ་པ་བརྒྱད་དོ། །དང་པོ། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་གསུམ་ནི་རང་རང་གི་སྡུག་བསྔལ་གྱིས་མནར་ནས་བྲེལ་བས་ཆོས་སྒྲུབ་མི་ཁོམ་ལ། དེ་བཞིན་དུ་ཚེ་རིང་ལྷ་ནི་ཐོས་བསམ་གྱི་རྟེན་འགགས་པས་དང་། མཐའ་འཁོབ་ཀླ་ཀློ་ནི་ཆོས་ཀྱི་སྣང་བ་མེད་པས་དང་། ལོག་པར་ལྟ་བ་མུ་སྟེགས་བྱེད་སོགས་ལྟ་བ་ལོག་པས་དང་། སངས་རྒྱས་ཀྱིས་སྟོང་པ་མུན་བསྐལ་ཏེ་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་པས་དང་། ལྐུགས་པ་ནི་དབང་པོ་སྤྱི་དང་ཁྱད་པར་ཡིད་དབང་བླུན་པས་ཆོས་ལ་མི་འཇུག་པ་དང་། བརྒྱད་པོ་ནི་མི་ཁོམ་པ་སྟེ་དམ་པའི་ཆོས་ཀྱི་སྣོད་དུ་མ་གྱུར་ཏོ། །གཉིས་པ། མིར་གྱུར་པ་གང་ཞིག་ཆོས་སྤྱོད་པའི་ཡུལ་དུ་སྐྱེས་ཀྱང་། དུག་ལྔ་ཤིན་ཏུ་རགས་པས་རང་རྒྱུད་རྟག་ཏུ་འཁྲུགས་པ་དང་། བླུན་རྨོངས་སྡིག་གྲོགས་ཀྱིས་ཁྲིད་པ་དང་། ལྟ་སྤྱོད་ཕྱིན་ཅི་ལོག་ལམ་ནོར་བའི་བདུད་ཀྱིས་ཟིན་པ་དང་། ཆོས་སློབ་འདོད་ཀྱང་བརྩོན་འགྲུས་མེད་པའི་ལེ་ལོ་ཅན་དང་། བརྩོན་ཀྱང་ཡོན་ཏན་མི་སྐྱེ་བ་སྡིག་སྒྲིབ་ཅན་ལས་ངན་གྱི་མཚོ་ཆེན་རྡོལ་བ་དང་། རང་དབང་མེད་པར་བྲན་སོགས་གཞན་དབང་དུ་གྱུར་པ་དང་། ཚེ་འདིའི་ཉེས་པའམ་ནད་སོགས་ཀྱིས་འཇིགས་སྐྱོབ་ཙམ་དུ་ཆོས་སྒོར་ཞུགས་ཀྱང་ཆོས་མིན་བྱེད་པ་དང་། ཆོས་ལྟར་བཅོས་ནས་རྙེད་སོགས་སྒྲུབ་པའི་གཟུགས་བརྙན་པ་སྟེ། འཕྲལ་བྱུང་རྐྱེན་གྱིས་ཆོས་ལ་ལོངས་ཇི་བཞིན་སྤྱོད་མི་ཁོམ་པ་རྣམ་པ་བརྒྱད་དེ། འདི་ནི་ཐར་ལམ་དང་ལས་འབྲས་འབྲེལ་མེད་པས་ཆོས་ཀྱི་སྣོད་མིན་ཏེ་རྟེན་ཕྱིན་ཅི་ལོག་ཡིན་ནོ། །གསུམ་པ། ཚེ་འདིར་ཟས་ནོར་གཉེན་འདུན་སོགས་ཀྱི་འཆིང་བ་དམ་པོ་དང་ལྡན་པ་དང་། མི་གཞི་ངན་པས་ཀུན་སྤྱོད་ཤིན་ཏུ་ངན་པ་བཅོས་སུ་མེད་པ་དང་། ངན་སོང་སོགས་འཁོར་བའི་ཉེས་པ་ཐོས་ཀྱང་དེས་མི་སྐྲག་པ་དང་། དཀོན་མཆོག་གི་ཡོན་ཏན་སངས་རྒྱས་ཀྱི་རྣམ་ཐར་སོགས་ཐོས་ཀྱང་དད་པ་ཅུང་ཟད་མེད་པ་དང་། གཅིག་ཏུ་མི་དགེ་སྡིག་སྤྱོོད་ལ་དགའ་བས་སྒོ་གསུམ་ཉེ་བར་མ་ཞི་བ་དང་། ཁྱི་ལ་རྩྭ་བཞག་པ་བཞིན་དུ་ཆོས་ལ་དོན་གཉེར་གྱི་སེམས་པ་ཅུང་ཟད་མེད་པ་དང་། ཐུན་མོང་གི་སེམས་བསྐྱེད་དང་སྡོམ་པ་རལ་བ་དང་། སྔགས་ལ་ཞུགས་ནས་དམ་ཚིག་ཉམས་པ་ཞེས་བྱ་བ་རྣམས་ནི། རེ་ཞིག་ཐར་པའི་རིགས་ཆད་པ་ཞེས་དམན་པ་ལ་དགག་སྒྲ་སྦྱར་བ་ཡིན་ཏེ་བློ་ཡིས་དབང་གིས་མི་ཁོམ་པ་རྣམ་པ་བརྒྱད་དེ། རང་རྒྱུད་ཆོས་ལས་རིང་གྱུར་ཐར་ལམ་གྱི་སྒྲོན་མེ་ནུབ་པ་ཞེས་བྱའོ། །གསུམ་པ། དེ་ལྟར་ཆོས་ཡང་དག་པ་སྒྲུབ་པ་མི་ཁོམ་པའི་གནས་ཉེར་བཞི་པོ་དེ་དག་རྣམས་སུ་བདག་ཅག་མ་སྐྱེས་པས་དལ་བ་ཐོབ་པ་ལ་སྤྲོ་དགའ་བསྐྱེད་དེ་དམ་པའི་ཆོས་སྒྲུབ་པ་ལ་མྱུར་དུ་འབད་པར་འཚལ་ལོ། །གཉིས་པ་མིར་གྱུར་པ་ནི། འདི་ལྟར་སེམས་ཅན་སྤྱི་བཙན་ལ་བསམ་ན་མཐའ་དང་མུ་མེད། བྱེ་བྲག་ཏུ་འཛམ་བུའི་གླིང་གི་ནགས་ཚལ་དང་ཆུ་ཀླུང་སོགས་གཅིག་ལ་ཡོད་པའི་དུད་འགྲོ་ཙམ་གྱི་ལུས་མཐོང་བ་ལ་དཔགས་ནའང་། མི་ཡི་ལུས་ཐོབ་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྙེད་པ་དང་འདྲ་སྟེ་ཤིན་ཏུ་དཀོན་ལ། མི་ཡི་ལུས་ཀྱི་ནང་ནས་ཀྱང་རྡོ་དང་སོག་པོ་སོགས་ཀྱི་སྐྱེ་བོ་གཞན་ལ་བསམ་ནའང་དད་པ་དང་ལྡན་པ་ཆོས་བྱེད་པའི་རིགས་ཅན་དེ་བས་ཀྱང་དཀོན་པའི་ཕྱིར་སངས་རྒྱས་ཐོབ་པ་དང་མཚུངས་སོ། །དེ་བས་དུས་རྟག་ཏུ་དལ་འབྱོར་རྙེད་དཀའ་བའི་ཚུལ་ལ་བསམ་པར་འབད་འཚལ་ལོ། །གསུམ་པ་ཕྱི་མ་དྲུག་ནི། དེ་བཞིན་དུ་མིག་སོགས་དབང་པོ་མ་ཚང་བ་དང་། སངས་རྒྱས་བསྟན་པ་མེད་པའི་ཡུལ་མཐའ་འཁོབ་ཏུ་སྐྱེས་པ་དང་། དཀོན་མཆོ་གསུམ་སྐད་ཅིག་ཀྱང་མི་དྲན་ཅིང་སྐྱབས་འགྲོ་རྡོག་གཅིག་ཀྱང་བརྗོད་མ་མྱོང་བའི་ཆོས་ལ་ལས་འབྲས་མེད་པ་རྣམས་དང་། དང་པོར་ཆོས་སྒོར་ཞུགས་ཀྱང་ཕྱིས་ལས་ཀྱི་མཐའ་ལོག་ཅིང་སྡིག་པ་རྟག་ཏུ་བྱེད་པ་རྣམས་དང་། སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པ་མུ་སྟེགས་བྱེད་སོགས་དང་། ཆོས་མིན་སྡིག་པའི་གྲོགས་པོ་ཤིན་ཏུ་གྲངས་མང་བའི་ཚུལ་ལ་རབ་ཏུ་བསམ་པར་བྱས་ནས། བདག་དེ་དག་རྣམས་སུ་མ་གྱུར་ཅིང་ཆོས་ལྡན་གྱི་གྲོགས་དང་འགྲོགས་སུ་ཡོད་པའི་ལུས་རྟེན་ཁྱད་པར་ཅན་རྙེད་པ་འདི་ཉིན་མཚན་ཀུན་ཏུ་ངེས་པར་བསམ་པར་བྱའོ། །གཉིས་པ་མཐུན་པའི་རྐྱེན་ལ་བསྟན་བཤད་གཉིས། དང་པོ། ཆོས་ལ་སྤྱོད་པའི་འབྱོར་པ་ལེགས་པར་ཚང་བ་ནི། ཞེས་སོ། །གཉིས་པ་ལ་རང་འབྱོར་དང་། གཞན་འབྱོར་གཉིས། དང་པོ། སྔར་གྱི་དཀར་པོའི་ལས་འཕྲོ་སད་པ་སྟེ་དེའི་འབྲས་རྟགས་ཀྱིས་ཡིན་པར་བསྟན་པའམ་སྟོན་པར་བྱེད་པ་ཡང་། བདག་མིར་གྱུར་པ་དང་། བསྟན་པ་གནས་པའི་ཡུལ་དབུས་སུ་སྐྱེས་པ་དང་། ཐོས་བསམ་གྱི་རྟེན་དབང་པོ་ཚང་ཞིང་། ཐར་ལམ་གྱི་གནས་བསྟན་ལ་དད་པ་དང་། འཇུག་པའི་སྒོ་ལས་ཀྱི་མཐའ་མ་ལོག་པར་གྲུབ་མཐའ་ལོག་ལྟའི་རིགས་སུ་མ་སྐྱེས་པས་ཡང་དག་པའི་ལྟ་བ་ཅན་ཏེ། དེ་དག་ཐོབ་པར་ཤིན་ཏུ་དཀའ་བ་ཡིན་ལ་དེ་ཐོབ་པ་ནི་དཀར་པོའི་ལས་འཕྲོར་ལྡན་པ་ཡིན་ནོ། །གཉིས་པ། ཆོས་སྤྱོད་པའི་རྐྱེན་གཞན་འབྱོར་ཚང་བས་རྙེད་པར་དཀའ་བ་ལ་བསམ་ནས་ཀྱང་ཆོས་ལ་བརྩོན་པ་དགོས་ཚུལ་ཡང་། སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དེས་ཆོས་གསུངས་པ་དང་། བསྟན་པ་དེ་གནས་པ་དང་། བསྟན་པ་དེ་ཡི་རྗེས་སུ་ཞུགས་ཤིང་ནན་ཏན་བྱེད་པ་གཞན་ཡོད་པ་དང་། བརྩེ་ལྡན་དགེ་བའི་བཤེས་དང་རང་ཆོས་བྱས་ན་སྦྱིན་བདག་སོགས་མཐུན་པའི་རྐྱེན་འབྱོར་པ་འདི་ལྟ་བུ་རབ་ཏུ་དཀོན་པའི་ཕྱིར་བརྩོན་འགྲུས་བརྩམ་འཚལ་ལོ། །གསུམ་པ། དལ་འབྱོར་དེ་ཉིད་དཔེས་མཚོན་ཏེ་རྙེད་པར་དཀའ་བ་ཡང་། མཚོ་དབུས་སུ་རླུང་གིས་གཡེངས་པའི་གཉའ་ཤིང་བུ་ག་གཅིག་པ་རུས་སྦལ་ཞར་བ་ལོ་བརྒྱ་བརྒྱ་ན་ཆུ་ཁར་ལན་རེ་ཡོང་བའི་མགྲིན་པར་ཆུད་པ་ནི་སྲིད་ཀྱི་ངན་སོང་གི་འགྲོ་བ་ལས་ཐར་ཏེ་མིར་གྱུར་པ་ནི་དེ་ལས་ཀྱང་རྙེད་པར་དཀའོ། །དེ་བཞིན་དུ་རྩིག་ངོས་ཀྱི་ཞལ་ཞལ་ལོགས་ལ་སྲན་མ་གཏོར་བ་ཆགས་སྲིད་ཀྱི། མིར་གྱུར་ན་ཡང་ཡུལ་དབུས་སུ་སྐྱེ་བ་དཔེ་དེ་བས་དཀོན་ནོ། །དེ་བཞིན་དུ་མེ་ཏོག་ཨུ་དུམྦཱ་ར་འཇིག་རྟེན་དུ་འབྱུང་དཀའ་བ་དེ་བཞིན་དུ་སངས་རྒྱས་འབྱུང་བ་དཀོན་པ་དང་། ཡང་དཔེ་དེ་བཞིན་དུ་དམ་ཆོས་གསུངས་པ་དང་། དེ་བས་ཀྱང་ཆོས་སྒོར་ཞུགས་པ་དང་། ཞུགས་ཀྱང་ཡང་དག་པའི་ལམ་དང་ཕྲད་པ་དེ་བས་ཀྱང་དཀོན་པ་ཡིན་ནོ། །གཞན་ཡང་ཁབ་མིག་ཏུ་རས་ཡུག་ཆུད་པ་དཀའ་བ་བས་ཀྱང་། ཡང་དག་པའི་ལམ་རྙེད་ནས་དེ་དག་ཚུལ་བཞིན་སྒྲུབ་པ་བྱེད་པ་དཀོན། རྒྱ་མཚོའི་གླིང་དག་ནས་ཡིད་བཞིན་གྱི་ནོར་བུ་རྙེད་པ་བས་ཀྱང་ཡང་དག་པའི་བླ་མ་རྙེད་པར་དཀའ་བས་ན། ཚུལ་དེ་དག་བསམས་ལ་སྙིང་ནས་བརྩོན་པས་དམ་ཆོས་ཚུལ་བཞིན་དུ་སྒྲུབ་པར་འཚལ་ལོ། །གསུམ་པ་དལ་འབྱོར་དོན་ཡོད་པར་བྱ་བ་ལ། དོན་མེད་ཀྱི་བྱ་བ་དོར་བ་དང་། དོན་ཡོད་པར་སྒྲུབ་པ་གཉིས། དང་པོ། རང་གཞན་ལ་གཏན་དུ་ཕན་པའི་དོན་མེད་པ་འཇིག་རྟེན་གྱི་བྱ་བ་རྣམས་དོར་ནས་ཇི་ལྟར་སྒྲུབ་པའི་ཚུལ་ཡང་། སྡུག་བསྔལ་ལས་གཏན་དུ་ཐར་པའི་རྒྱུར་འགྱུར་བའི་དགེ་བ་མ་གཏོགས་པ་གཞན་ཐ་མལ་གྱི་བྱ་བ་གང་ཡང་སྙིང་པོ་མེད་པར་ཤེས་པས་དོར་ནས་ཡང་དག་པའི་ཆོས་ལ་བརྩོན་པར་བྱེད་དགོས་ཏེ། འཇིག་རྟེན་ཚེ་འདིའི་འཁྲུལ་བའི་བྱ་བ་ཐམས་ཅད་ནི་གཏན་དུ་ཕན་པའི་དོན་མེད་ཅིང་སྡུག་བསྔལ་གསུམ་གྱི་རྒྱུའམ་དེ་དང་འབྲེལ་བ་ཡིན་ལ། རང་འཆི་དུས་མི་ཕན་ཞིང་སྙིང་པོ་ཅུང་ཟད་ཀྱང་མེད་པ་དེའི་ཕྱིར། དུག་སྦྲུལ་གྱི་གཟེབ་བརྙེད་པའམ་རིམས་ནད་ཀྱིས་ཤི་བའི་གོས་དང་ཟས་དུག་ཅན་བཞིན་ངེས་པར་སྤང་འཚལ་ལོ། །དེ་ཡང་ཚེ་འདིའི་བྱ་གཞག་སོ་ནམ་ཡུན་གྱི་དོན་སྲིད་མེད་པ་ཡུལ་ཞིང་གི་སོ་ཚིས། དེ་བཞིན་དུ་གྲོགས་དོན་མེད་ཁྱོ་ཤུག་དང་ཉེ་འབྲེལ། གྲོས་འདུན་དོན་མེད་ཚེ་འདིའི་ཆེ་ཐབས་དང་། ལོངས་སྤྱོད་དོན་མེད་ཟས་ནོར་གྱི་གཉེར་ཁ། འཁྲུགས་པ་དོན་མེད་དགྲ་གཉེན་ཕྱོགགས་རིས་ཀྱི་རྩོད་པ། གྲུབ་མཐའ་ཡུན་གྱི་དོན་སྲིད་མེད་པ་མཐར་འཛིན་གྱི་ལྟ་བ་ངན་པ་རྣམས་དལ་འབྱོར་ཆུད་གསོན་པར་བྱེད་ཅིང་ཕུང་ཁྲོལ་གྱི་རྩ་བ་ལགས་པས་སྤང་བར་བྱའོ། །གཉིས་པ། དུས་རྟག་ཏུ་འདྲིས་པའི་དོན་མི་བརྗེད་པའི་དྲན་པ་དང་། དེའི་དོན་ལ་དཔྱོད་པའི་ཤེས་བཞིན་དང་བླང་དོར་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་དང་ལྡན་པས། དལ་འབྱོར་འདི་ལ་བསམས་ཏེ་ཐར་པའི་མཆོག་བྱང་ཆུབ་བསྒྲུབ་པར་བྱ་དགོས་ཏེ། དེ་ཡང་འགྲོ་བ་དང་། ལྡང་བ་དང་། འཆག་པ་དང་། ཉལ་བ་དང་། འདུག་པ་དང་། ཟས་ཟ་བ་ལ་སོགས་པ་ནའང་། ལེ་ལོ་ལ་སོགས་པ་སྟེ་སྙོམ་ལས་དང་། བཏང་སྙོམས་དང་། གཡེངས་པ་དང་། །འདུ་འཛི་དང་། ལུས་ངག་ཡིད་གསུམ་མ་ཞི་བའི་ལུང་མ་བསྟན་བཅས་སྐྱོན་དྲུག་པོ་རྣམས་སྤངས་ནས། མངོན་མཐོ་ལྷ་མི་དང་ངེས་ལེགས་ཐར་པ་མཆོག་སྟེ་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་བསྒྲུབ་པ་ན། བཀྲེས་པས་ཟས་དང་། སྐོམ་པས་ཆུ་དང་། དབུལ་པོས་ནོར་མཐོང་བ་ལ་སོགས་པའི་དཔེས་མཚན་བཅས་མཚན་མེད་ཀྱི་དགེ་སྦྱོར་གང་ལའང་འདོམ་ཀ་མེད་པར་ཐད་ཀར་འཇུག་སྟེ་ཉིན་མཚན་ཀུན་ཏུ་སྡིག་པ་སྤང་ཞིང་དགེ་བ་ལ་བརྩོན་པར་བྱའོ། །གསུམ་པ། དེ་ལྟར་དལ་འབྱོར་རྙེད་དཀའ་བར་བསམ་པ་དེ་ཡི་ཕན་ཡོན་ཚད་མེད་ཀྱང་བསྡུ་ན། ཚེ་འདིའི་བྱ་བ་དོན་མེད་དུ་ཤེས་ནས་བློས་ཐོངས་ཤིང་ཕྱི་མ་དོན་དུ་གཉེར་བས་ལས་འབྲས་དང་མི་འགལ་བར་སྤྱོད་པ་དང་། ཐོས་བསམ་སྒོམ་པའི་དོན་ལ་བརྩོན་འགྲུས་མེ་བཞིན་previous hit འབར next hit་དང་། དལ་ཁོམ་མེད་པར་ཉིན་མཚན་དགེ་བས་དུས་འདའ་ཞིང་སྡིག་པའི་གྲོགས་པོ་སྤོང་བ་དང་། འཁོར་བའི་འདུན་མ་བོར་བས་འཆི་དུས་སྤྲོ་དགའ་དང་བཅས་ཏེ་ཐར་པའི་ལམ་སྣ་ཟིན་པས་དམ་ཆོས་ཚུལ་བཞིན་སྒྲུབ་སྟེ་མྱུར་དུ་སྲིད་གསུམ་འཁོར་བའི་རྒྱ་མཚོའི་ཕ་རོལ་ཞི་བ་མྱང་འདས་སངས་རྒྱས་ཀྱི་སར་འགྲོ་བར་འགྱུར་རོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོའི་མཛོད་ལས། དལ་འབྱོར་རྙེད་པར་དཀའ་བ་བསམ་པའི་ལེའུ་སྟེ་བཅུ་གསུམ་པའི་འགྲེལ་པའོ།། །། ༈ གཉིས་པ་རྟེན་མྱུར་དུ་དོན་ཡོད་པར་བྱ་བའི་ཕྱིར་མི་རྟག་པ་བསམ་པ་ལ། བསམ་པར་བྱ་བ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། དེ་བསམ་པའི་ཕན་ཡོན་གསུམ། དང་པོ། ཇི་སྐད་བཤད་པ་དེ་ལྟར་རྙེད་དཀའི་རྟེན་དལ་འབྱོར་ཕུན་ཚོགས་རྙེད་པར་གྱུར་ཀྱང་། འདུས་བྱས་ཡིན་ཕྱིར་སྐད་ཅིག་གིས་མི་རྟག་ཅིང་འཇིག་པའི་ཆོས་ཅན་ཡིན་ཏེ། འདོད་གཟུགས་གཟུགས་མེད་ཀྱི་སྲིད་པ་གསུམ་པོ་མི་རྟག་སྒྱུ་མའི་རང་བཞིན་བསླུ་བར་འགྱུར་བ་སྟེ་མྱུར་དུ་འཆི་བའི་རང་བཞིན་ལས་མ་འདས་སོ། །གཉིས་པ་ལ་མི་རྟག་པའི་ཚུལ་བསམ་པ་དང་། དེ་གོམས་པའི་ཚད་གཉིས། དང་པོ་ལ། འཆི་ངེས་པ། འཆི་ཚེ་གཞན་གྱིས་མི་ཕན་པ། དེས་ན་འཆི་བ་དྲན་པར་གདམས་པ་གསུམ། དང་པོ་ལ། མི་རྟག་པ་སོ་སོའི་རང་བཞིན་བསྟན་པ་དང་། དེ་དག་གི་མཇུག་བསྡུ་བ་གཉིས། དང་པོ་ལ། རགས་པ་རྒྱུན་གྱི་མི་རྟག་པ་དང་། ཕྲ་བ་སྐད་ཅིག་གི་མི་རྟག་པ་གཉིས། དང་པོ་ལ། རྒྱུན་འཇིག་པའི་མི་རྟག་པ་དང་། རྒྱུན་འགྱུར་བའི་མི་རྟག་པ་གཉིས། དང་པོ་ལ། སྣོད་མི་རྟག་པ་དང་། བཅུད་མི་རྟག་པ་གཉིས། དང་པོ། འདི་ལྟར་རི་རབ་དང་བཅས་པའི་གླིང་བཞིའི་འབྱོར་པས་བརྒྱན་པ་ཡི་ཕྱི་སྣོད་ཀྱི་འཇིག་རྟེན་ཀྱང་ནམ་ཞིག་མི་རྟག་པར་འཇིག་སྟེ་ནམ་མཁའ་གཅིག་ཏུ་འགྱུར་བའི་དཔེས་ཆུ་ཡི་དབུ་བ་རྡོས་འདྲའི་སྙིང་པོ་མེད་པའི་ལུས་ཀྱང་དེ་ལྟར་མི་རྟག་སྟེ་མྱུར་དུ་འཇིག་པར་ཤེས་པར་གྱིས་ཤིག གཉིས་པ་ལ། ལུས། འདུས་པ། ལོངས་སྤྱོད། བདེ་བ་མི་རྟག་པ་བཞི། དང་པོ། སྤྱིར་འཛམ་གླིང་གི་ཚེ་ལ་ངེས་པ་མེད་ཅིང་བྱེ་བྲག་ད་ལྟ་ལྔ་བཅུ་ཁ་རལ་དུ་སོང་བས་ཚེ་ཐུང་བ་སྟེ། ད་ལྟའི་ས་སྟེང་ན་ཡོད་པའི་མི་དང་དུད་འགྲོ་སོགས་འགྲོ་བ་འདི་ཀུན་ཀྱང་། ད་སྟེ་ལོ་བརྒྱའི་ནང་དུ་ངེས་པར་མེད་ཅིང་ཤི་བར་འགྱུར་ལ། དེར་མ་ཟད་ཚེ་རིང་བསྐལ་པར་ཐུབ་པ་ནས་ཐུང་བ་སྐད་ཅིག་མ་དང་བར་མ་ལོ་ཟླ་ཞག་སོགས་ཐུབ་པ་གང་ཡིན་ཡང་འདྲ་སྟེ་སྐྱེས་པ་ཐམས་ཅད་རིམ་བཞིན་དུ་རྒས་གཞོན་བར་མའི་གོ་རིམ་མེད་པར་འཆི་བ་མངོན་སུམ་དུ་གྱུར་པས་ཀྱང་བདག་གི་ཚེ་ཡང་དེ་དང་འདྲ་བར་མྱུར་དུ་འགྲོ་ཞིང་འཆི་བར་འགྱུར་བ་སོམས་ཤིག གཉིས་པ། གཞན་ཡང་ཚོང་འདུས་ཀྱི་ས་དང་། ལམ་གྱི་གཞི་མདོ་དང་། མགྲོན་ཁང་གི་གནས་རྣམས་སུ། ཕྱོགས་ཀྱི་སྐྱེ་བོ་མང་པོ་འདུས་ཤིང་མྱུར་དུ་ཕྱོགས་ཕྱོགས་སུ་གྱེས་པའི་དཔེས། ད་ལྟ་བདག་དང་དགྲ་གཉེན་བར་མའི་སེམས་ཅན་གནས་གཅིག་ཏུ་འདུས་པ་འདི་རྣམས་ཀྱང་ཡུན་རིང་མི་འགྲོགས་པར་མྱུར་དུ་འབྲལ་ཞེས་ངེས་པར་སྙིང་ནས་བསམ་པར་བྱའོ། །གསུམ་པ། སྔོན་ལོངས་སྤྱོད་དང་འབྱོར་པ་ཕུན་སུམ་ཚོགགས་པ་དང་ལྡན་པའི་གྲོང་རྣམས་དེང་སང་སྟོངས་ཤིང་མེད་པར་གྱུར་པའི་དཔེས། བདག་གི་ནོར་རྫས་ཁང་པ་སོགས་བསགས་པའང་ངེས་པར་འཛད་ཅེས་ནོར་རྣམས་གང་ལ་ཡང་མི་རྟག་སྙིང་པོ་མེད་པས་གང་ལའང་མ་ཆགས་པར་ཆོས་ཕྱོགས་སུ་བཏང་ནས་སྙིང་པོ་ལེན་པ་ལ་བརྩོན་པར་བྱའོ། །བཞི་པ། མཐོ་རིས་ཀྱི་གྲོང་གི་འབྱོར་པས་མངོན་པར་མཐོ་བ་ལྷའི་དབང་པོ་བརྒྱ་བྱིན་དང་མིའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་ཀྱང་ཤི་བའི་འོག་ཏུ་རང་དབང་མེད་པར་ངན་འགྲོར་ལྟུང་བའི་དཔེས། རང་ཉིད་ཅུང་ཟད་འབྱོར་ཚེ་དེའི་དྲེགས་པས་སྙེམས་པ་མེད་པར་དུལ་ཞིང་བག་ཡོད་པར་མཛོད་ཅིག གཉིས་པ་རྒྱུན་འགྱུར་བའི་མི་རྟག་པ། ཕྱི་སྣོད་འཇིག་རྟེན་འཛམ་གླིང་འདིར་ཡང་སྔོན་རྫོགས་ལྡན་གྱི་དུས་དང་། སུམ་ལྡན་དང་། ཉིས་ལྡན་དང་། ཐ་མ་རྩོད་ལྡན་གྱི་དུས་བཞིར་འགྱུར་བ་དང་། ནང་བཅུད་མི་ཚེ་གཅིག་ལའང་བཙས་པ་བུ་ཆུང་གི་དུས། བྱིས་པ་གཞོན་པའི་དུས། དར་ལ་བབ་པའི་དུས། རྒས་ཤིང་འཁོགས་པའི་དུས་དང་བཞིར་ན་ཚོད་འགྱུར་བ་དང་། ལོ་གཅིག་ལའང་། དཔྱིད་ས་བོན་རྨོ་རྐོའི་དུས། དབྱར་ལོ་འདབ་རླན་རྒྱས་དུས། སྟོན་འབྲས་བུ་བཅུད་རྫོགས་ཀྱི་དུས། དགུན་ས་སྐམ་རྡོ་འཁྱགས་ཀྱི་དུས་དང་བཞིར་འགྱུར་བས་ཀྱང་མི་རྟག་འཆི་བར་ངེས་ཀྱིས་རྟག་འཛིན་སྤོངས་ལ་མྱུར་དུ་ཆོས་ལ་བརྩོན་པར་མཛོད་ཅིག །གཉིས་པ་ཕྲ་བའི་མི་རྟག་པ། འདི་ལྟར་གཟུགས་སོགས་རགས་པར་སྣང་བའི་ཆོས་རྣམས་ནི་མི་རྟག་ཅིང་བདེན་པར་མེད་དེ་གཟུགས་མཐའ་རྡུལ་ཕྲན་ཆ་མེད་དང་། དུས་ཀྱི་མཐའ་ནི་སྐད་ཅིག་ཆ་མེད་ལས་མ་འདས་ཤིང་། དེ་ཡང་བར་སྣང་གི་གློག་འགྱུ་བ་དང་། རི་གཟར་གྱི་འབབ་ཆུ་བཞིན་དུ་སྐད་ཅིག་གིས་འགྱུར་ཞིང་སྐྱེ་འགག་བྱེད་པས་མི་རྟག་པས་ཡུལ་ལ་ཞེན་པ་སྤོང་ལ་མྱུར་བ་ཉིད་དུ་དམ་པའི་ཆོས་སྒྲུབས་ཤིག་ཅེས་གདམས་པའོ། །གཉིས་པ་དོན་བསྡུ། ཕྱི་སྣ་ཚོགས་སྣང་བ་སྣོད་ཀྱི་ཁྱད་པར་དང་། ནང་བཅུད་ཀྱི་འགྲོ་བ་ཀུན་ཀྱང་མི་བརྟན་པར་གཡོ་སྟེ་འཇིག་པར་འགྱུར་ཞིང་སྒྱུ་མ་དང་ཆུ་ཤིང་བཞིན་དུ་སྙིང་པོ་མེད་པ་ཞིག་གཤིས་ཀྱིས་ཡིན་པ་དེའི་ཕྱིར་མི་རྟག་ཅེས་བྱ་བས་འཁོར་བ་འདི་བདག་ཏུ་བྱས་པའམ་བདག་གིར་བྱས་ནས་བཟུང་ཞེས་པ་ཏིང་ངེ་འཛིན་གྱི་རྒྱན་ཏེ་དགོས་པ་ཚངས་རིས་སོགས་སྣོད་བཅུད་ཀུན་ཀྱང་མི་རྟག་པའི་གཞན་དབང་ཅན་ཡིན་གྱི་རང་དབང་མེད་ཅེས་སྟོན་པའི་ཚིག་གི་ཉམས་བཏོན་པ་ཡིན་ཏེ། རྡོ་འཕང་གི་མདོར། འདི་ལས་སྟོབས་ཆེ་བ་མི་རྟག་པ་ཞེས་གསུངས་པ་བཞིན་ནོ། །དེས་ན་མི་རྟག་པས་བདག་ཏུ་བཟུང་སྟེ་བཏང་བ་འགའ་ཡང་མེད་དོ། །རྒྱུ་འབྱུང་བཞི་འདུས་པ་ལས་བྱུང་བའི་ཕྱིར་སྣོད་བཅུད་ཐམས་ཅད་དུས་ནམ་ཞིག་ངེས་པར་འཇིག་པ་ཅན་ཡིན་ལ། རྒྱུན་མ་ཞིག་གི་བར་དེར་ཡང་ལུས་ཅན་རྣམས་ཀྱང་སྐད་ཅིག་གིས་གཡོ་བའི་གྲོང་ཁྱེར་རྙིངས་ཤིང་མྱགས་པར་འགྱུར་བ་སྟེ། དེ་ཡང་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། བསགས་པའི་ཐ་མ་འཛད། མཐོན་པོའི་ཐ་མ་ལྷུང་བ་སྟེ་མི་རྟག་པའི་མཐའ་བཞིས་བསྡུས་པའི་ཕྱིར་རྟག་པ་འགའ་ཡང་མེད་དོ། །ཁྱད་པར་སྐྱེས་བུའི་ཚེ་ལ་ངེས་པ་མེད་ཅིང་ནམ་འཆི་ཆ་མེད་པས་བདག་ངེས་པར་འཆི་ཞེས་སྙིང་ནས་བསམ་པར་བྱའོ། །གཉིས་པ་འཆི་ཚེ་གཞན་གྱིས་མི་ཕན་པ་ལ། འཇིག་རྟེན་གྱི་བྱ་བས་མི་ཕན་པ་དང་། དམ་པའི་ཆོས་ཀྱིས་ཕན་ཚུལ་གཉིས། དང་པོ་ལ། གང་གིས་ཀྱང་འཆི་བ་ལ་མི་བསྟོངས་པ་དང་། གང་ལའང་ཡིད་བརྟན་མེད་ཚུལ་གཉིས། དང་པོ། རང་ཉིད་འཆི་བར་གྱུར་པའི་ཚེ་རྟེན་པའི་གནས་དང་བསགས་པའི་ལོངས་སྤྱོད་དང་འབྲེལ་བའི་གཉེན་དང་ལུས་ཀྱི་དཔའ་རྩལ་དང་མཐུ་སྟོབས་ཀྱི་དཔུང་གཉེན་ཚངས་དབང་སོགས་ལྷ་དང་སྨན་དང་སྨན་པ་ཟས་གོས་ལ་སོགས་ཐམས་ཅད་ཀྱིས་ཀྱང་སྟོངས་པ་སྟེ་ཕན་པ་འགའ་ཡང་མེད་པས་འཆི་དུས་ཕན་པའི་དམ་པའི་ཆོས་སྒྲུབས་ཤིག་ཅེས་གདམས་པའོ། །གཉིས་པ། གང་དུ་ཚོང་འདུས་ཀྱི་མགྲོན་པོ་དར་ཅིག་ཚོགས་ཀྱང་གྱེས་ནས་འགྲོ་ལ་ལམ་དུའང་འཇིགས་པའི་དགྲ་ཡོད་པར་ལྟར་རང་ཅག་སོ་སོར་གྱེས་པའི་ཚེ་ནའང་འཆི་བདག་གི་བདུད་དང་བར་དོའི་འཁྲུལ་སྣང་སོགས་ཀྱི་འཇིགས་པ་མཐའ་ཡས་ཤིང་། རང་གི་ལུས་ནི་ཆུ་འགྲམ་གྱི་ལྗོན་ཤིང་དང་འདྲ་ལ་འཆི་བ དག་ཆུ་བོ་དང་འདྲ་བས་བརྐོ། འབྲུག་དང་བྲག་ཆའི་སྒྲ་རྗེས་མེད་པ་ལྟར་བསྟོད་སྨད་སོགས་ཀྱང་དེ་དང་འདྲ། སྤྲིན་དང་ན་བུན་ལྟར་སེམས་ཀྱི་རྟོག་པ་ཐམས་ཅད་ཀྱང་ཡལ་ནས་འགྲོ། འགྲོ་བ་སྔར་ཤི་བ་དང་ད་ལྟར་ཤི་བ་རྣམས་ལ་བསམས་ཏེ་རང་ལ་ནང་དུ་སྦྱར། ཉི་ཟླའི་འགྲོས་དང་མར་མེ་ཤི་བ་སོགས་ལ་བལྟས་ཏེ། རང་གི་ཚེ་མི་རྟག་ཅིང་གཡོ་བས་མྱུར་དུ་འཆི་བ་སོམས་ཤིག གཉིས་པ་ཆོས་ཀྱིས་ཕན་ཚུལ། འཆི་བའི་དུས་དང་བར་དོ་སོགས་སུ་སྐྱབས་དང་དཔུང་གཉེན་ནི་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡི་དམ་དང་མཁའ་འགྲོའི་ཚོགས། ཆོས་སྤྱོད་དགེ་སྦྱོར་ཚོགས་གཉིས་སོགས་ཏེ། དེས་ལམ་སྣ་འདྲེན་ཞིང་བར་ཆད་སེལ་ལ་བདེ་ཆེན་ཐར་པའི་གོ་འཕང་མཆོག་ཐོབ་པའི་ཕྱིར། དམ་པ་བསྟེན་ཞིང་དེས་བསྟན་པའི་སྙིང་པོའི་དོན་སྒྲུབ་པར་འཚལ་ལོ། །གསུམ་པ། ཟ་འཆག་ཉལ་འདུག་སོགས་སྤྱོད་ལམ་ཀུན་ཏུ་འཆི་བ་མི་རྟག་པ་དྲན་པར་བྱ་ཞིང་ཡང་དག་པའི་ལམ་ལ་བསྐུལ་མ་གདབ་པར་བྱ་སྟེ། མྱང་འདས་ལས། ཞིང་རྨོ་བ་རྣམས་ཀྱི་ནང་ནས་སྟོན་གྱི་ལོ་ཐོག་རྙེད་པ་འདི་ཉིད་མཆོག་གོ །རྗེས་ཐམས་ཅད་ཀྱི་ནང་ནས་ཁྱུ་མཆོག་གི་རྗེས་མཆོག་གོ །འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་དང་། འཆི་བའི་འདུ་ཤེས་མཆོག་གོ། །འདིས་ནི་ཁམས་གསུམ་གྱི་འདུ་ཤེས་ཐམས་ཅད་ཟློག་པར་བྱེད་དོ། །ཞེས་གསུངས། གཉིས་པ། དེ་ཉིད་གོམས་པའི་ཚད་ནི་ཕྱི་ནང་གི་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་མི་རྟག་པར་འཇིག་པར་མཐོང་བས་ཞེན་ཆགས་མི་སྐྱེ་ཞིང་། དགེ་ལ་བརྩོན་འགྲུས་མེ་previous hit འབར next hit་དང་འདྲ་བར་ལྡན་པ་དང་། འཁོར་བའི་སྡུག་བསྔལ་ལ་འཇིགས་སྐྲག་སྐྱེ་བ་དང་། དོན་མེད་ཚེ་འདིའི་བྱ་བ་འདོར་བ་དང་། སྐད་ཅིག་ཙམ་ཡང་ཐ་མལ་སོས་དལ་དུ་མི་སྡོད་པར་སྒོ་གསུམ་དགེ་བ་ལ་སྤྱོད་ཅིང་། འཁོར་བ་ལས་ངེས་འབྱུང་དང་སྐྱོ་ཤས་སྐྱེ་བ་དང་ཚེ་འདིའི་བྱ་བ་ལ་བློ་སྣ་ཐུང་བ་འབྱུང་སྟེ་མི་རྟག་པ་སྙིང་ནས་གོམས་པའི་རྟགས་ཚད་དོ། །གསུམ་པ། མི་རྟག་པ་གོམས་པ་དེ་ཡི་ཕན་ཡོན་ཤིན་ཏུ་མཐའ་ཡས་ཏེ། གཤེད་མས་ཟིན་པ་དང་། རི་དྭགས་རྒྱ་ལ་ཆུད་པ་དང་འདྲ་བར་མཐོང་བས་འཁོར་བའི་ཉེས་པ་སྤོང་བ་དང་། སྔར་མེད་པའི་ཡོན་ཏན་མང་པོ་ངང་གིས་འདུ་སྟེ། རྟག་འཛིན་ལས་གྲོལ་བའམ་བློ་ལོག་པ་དང་། དགྲ་གཉེན་ལ་ཆགས་སྡང་ཞིག་པ་དང་། རྟག་ཏུ་དགེ་བ་ལ་རབ་ཏུ་བརྩོན་པ་དང་། ཚེ་འདི་འཁྲུལ་པར་ཤེས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རབ་ཏུ་རྫོགས་པ་དང་། ཆོས་དང་མཐུན་པའི་གྲགས་པ་དང་ལྡན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་ལྷ་རྣམས་ཀྱིས་དགོངས་པའམ་གཟིགས་ཤིང་། བདེ་བར་ཚེ་ཡི་དུས་བྱེད་པ་དང་། ཤི་ནས་ཀྱང་མཐོ་རིས་ལྷ་མིའི་འཇིག་རྟེན་དུ་འགྲོ་ཞིང་། རྟེན་དེར་ཡང་ལམ་གྱི་མཐུན་རྐྱེན་ཐམས་ཅད་ཚོགས་ནས་མྱུར་དུ་འཆི་བ་མེད་པའི་བདུད་རྩིའི་གོ་འཕང་མཆོག་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཚེ་མི་རྟག་པར་བསམ་པའི་ལེའུ་སྟེ་བཅུ་བཞི་པའི་འགྲེལ་པའོ།། །། ༈ གཉིས་པ་སེམས་ལ་ཆོས་སྣང་བའི་བསམ་བྱ་དད་པ་ལ། བསམ་བྱ་མདོར་བསྟན། དེ་རྒྱས་པར་བཤད། དེ་ཡི་ཕན་ཡོན་གསུམ། དང་པོ། དེ་ལྟར་འདུས་བྱས་མི་རྟག་པར་རྟོགས་པའི་རང་བཞིན་གྱི་རྗེས་སུ། དཀར་ཆོས་ཀུན་གྱི་རྩ་བ་གཅིག་ཏུ་གཅེས་པ་དད་བའི་དཔུང་ཚོགས་བསྐྱེད་པར་བྱ་སྟེ། རིན་ཆེན་ཕྲེང་བ་ལས། དད་པ་ཉིད་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་སོ། །གཉིས་པ་ལ། དད་པའི་རང་བཞིན། དེ་བསྐྱེད་དགོས་པའི་རྒྱུ་མཚན། ཇི་ལྟར་བསྐྱེད་པའི་ཚུལ་གསུམ། དང་པོ། སྤྱིར་གཞུང་རྣམས་ལས་དད་པའི་རྣམ་གྲངས་དབྱེ་བསྡུ་མང་དུ་གསུངས་ཀྱང་། འདིར་དྲུག་སྟེ། འདོད་པའི་དད་པ་ནི། ངོ་བོ་འཁོར་འདས་རྒྱུ་འབྲས་བླང་དོར་དུ་བྱེད་པའོ། །ངེས་ཚིག་དཀར་པོའི་ཆོས་ལ་འདོད་ཅིང་སྤྲོ་བས་སོ། །དབྱེ་ན། འཁོར་བ་སྤོང་འདོད། མྱང་འདས་ཐོབ་འདོད། དེ་གཉིས་ཀྱི་རྒྱུ་ཀུན་བྱང་ལ་བླང་དོར་བྱེད་པ་གསུམ་མོ། །མཐུན་དཔེ་ནི། འདོད་ཅན་ནོར་ཚོལ་བ་ལྟ་བུའོ། །རྒྱུད་ལ་སྐྱེས་པའི་རྟགས་ཚད་ནི། འཇིག་རྟེན་གྱི་བྱ་བ་ལ་མི་མོས་ཤིང་ཐོས་བསམ་སྒོམ་སོགས་ལ་འཇུག་པའོ། །ཕན་ཡོན་ནི། ཡོན་ཏན་འཕེལ་ཞིང་ཉེས་ཀུན་འགོག་པའོ། །དེ་བཞིན་དུ། མོས་པའི་དད་པ། ངོ་བོ་བླ་མ་མཆོག་གསུམ་སྟེ་ཡུལ་མཆོག་ལ་སེམས་རབ་ཏུ་གཞོལ་བ་སྟེ་དགའ་བ། ངེས་ཚིག་ཡུལ་མཆོག་དེ་རྣམས་ཀྱི་རྗེས་སུ་འཇུག་པར་མོས་པ། དབྱེ་བ། བླ་མར་བསྟེན་བྱ། སངས་རྒྱས་བསྒྲུབ་བྱར། ཆོས་ལ་ལམ། དགེ་འདུན་གྲོགས་སུ་མོས་པ་བཞི། མཐུན་དཔེ་བུ་མའི་ཕྱིར་འཕྲེང་བ་ལྟ་བུ། རྟགས་ཚད་ཡུལ་དེ་རྣམས་ཀྱི་མཚན་ཐོས་པའམ་དྲན་པ་ཙམ་གྱིས་རྟགས་ལུས་ངག་ལ་འཆར་བ། ཕན་ཡོན་སེམས་མཆོག་སྐྱེ་ཞིང་། རྟག་ཏུ་དཀོན་མཆོག་དང་མི་འབྲལ་བའོ། །གུས་པའི་དད་པ། ངོ་བོ་བཀའ་ལས་མི་འདའ་ཞིང་བག་ཡོད་མཆོག་དང་ལྡན་པ། ངེས་ཚིག་སྒོ་གསུམ་ཡུལ་གོང་མ་ལ་འདུད་པ། དབྱེ་ན། ལུས། ངག་ཡིད་ཀྱིས་བཀུར་བ་གསུམ། མཐུན་དཔེ་རྒྱལ་པོ་ལ་འབངས་ཀྱིས་བཀུར་བ་ལྟ་བུ། རྟགས་ཚད་ང་རྒྱལ་དང་ཁེངས་སེམས་མེད་པ། ཕན་ཡོན་དགེ་རྩ་སྡུད་པ་དང་། རང་གི་སེམས་དུལ་ཞིང་གཞན་སེམས་སྲུང་བའོ། །དང་བའི་དད་པ། ངོ་བོ་ཡུལ་གོོང་མ་རྣམས་ཀྱི་ཡོན་ཏན་ལ་སེམས་རབ་ཏུ་དང་བ། ངེས་ཚིག་གཡོ་སྒྱུའི་དྲི་མ་མེད་པས་སེམས་དང་བ། དབྱེ་ན། ཀུན་རྫོབ་སྣང་ཆའི། དོན་དམ་ཤེས་རབ་ཀྱི། ཟུང་འཇུག་ཆ་མཉམ་གྱི་དགེ་བ་ལ་དང་བའི་དང་བ་གསུམ། མཐུན་དཔེ་ནོར་བུ་ཆུ་དྭངས་ཀྱིས་རྙོག་མ་སེལ་བ་ལྟ་བུ། རྟགས་ནི་སྒོ་གསུམ་སྡིག་དང་མི་འདྲེ་བར་དགེ་ལ་སྤྲོ་བ། ཕན་ཡོན་རྒྱལ་བའི་ཆོས་ལ་རབ་དགའ་སྐྱེ་བ་སོགས་སོ། །ཡིད་ཆེས་པའི་དད་པ་ནི། ངོ་བོ་གཞི་ལམ་འབྲས་བུའི་ཆོས་ལ་ཐེ་ཚོམ་ཟད་པ། ངེས་ཚིག་དེ་སྟོན་པའི་ལུང་དང་རིགས་པ་ལ་ཡིད་ཆེས་པ། དབྱེ་ན། འཁོར་བ་རྒྱུ་འབྲས་སྤང་བྱ། འདས་པ་རྒྱུ་འབྲས་བླང་བྱ། ལུང་མ་བསྟན་དགོས་མེད་དུ་ཡིད་ཆེས་པ་གསུམ། མཐུན་དཔེ་སྟོན་གྱི་ལོ་ཐོག་ལ་ཡིད་ཆེས་པས་སོ་ནམ་བྱེད་པ་ལྟ་བུ། རྟགས་ཚད་བླ་མ་དང་མཆོག་གསུམ་ལ་ཡིད་ཆེས་པའི་ངེས་ཤེས་ཐོབ་པ། ཕན་ཡོན་དབང་པོ་རྣོ་བ་དང་དད་པའི་སྟོབས་ལ་གཞན་གྱིས་མི་བརྫི་ཞིང་ཉོན་མོངས་སེལ་བའོ། །ཆོས་ཟབ་མོ་ལ་ངེས་པར་སེམས་པའི་དད་པ་ནི། ངོ་བོ་ཐོས་བསམ་སྒོམ་པ་ཡི་ཆོས་ཀྱི་མཆོག་ངེས་དོན་སྙིང་པོ་རྣམས་ལ་ལྷག་པར་དད་པའོ། །ངེས་ཚིག་དེའི་དོན་མཐོང་ནས་ངང་ལ་འཇོག་པ། དབྱེ་ན་ངེས་དོན་གྱི་གཞུང་ཐོས་པ་དང་། བསམ་པ་དང་། སྒོམ་པ་ལ་ངེས་པར་སེམས་པའི་དད་པ་གསུམ། མཐུན་དཔེ་རྡོའི་ནང་ནས་གསེར་རྙེད་པ་འཆང་བ་ལྟར་ཡང་དག་པའི་ཆོས་ལ་གཅེས་སྤྲས་བྱེད་པ། རྟགས་ནི་ཉིན་མཚན་དུ་ཉམས་ལེན་དང་མི་འབྲལ་བ། ཕན་ཡོན་ནི་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པའོ། །དེ་ལྟར་དྲུག་པོའང་བསྡུ་ན་དང་འདོད་ཡིད་ཆེས་ཀྱི་དད་པ་གསུམ་དུ་འདུ་སྟེ། མོས་པ་དང་། གུས་པ་དང་། དང་བ་གསུམ་ནི་དད་པའི་དད་པ་དང་། འདོད་པ་དང་། ཡིད་ཆེས་གཉིས་ནི་ཡིད་ཆེས་ཀྱི་དད་པར་གཏོགས་ལ། ངེས་སེམས་ནི་འདོད་པའི་དད་པ་ཉིད་ཡིན་ཏེ། ལམ་མ་ནོར་བ་ལ་ཞུགས་པས་འཁོར་བ་སྤང་ཞིང་ཐར་པ་འདོད་པའི་ཕྱིར་རོ། །གཉིས་པ་ལ། དད་པ་དང་ལྡན་པའི་ཡོན་ཏན། མི་ལྡན་པའི་ཉེས་དམིགས་གཉིས། དང་པོ། དད་པའི་རང་བཞིན་ས་གཞི་བཟང་པོ་སྟེ་ཞིང་ས་གཤིན་པོ་དང་འདྲ་སྟེ་དཀར་པོའི་ཆོས་ཀུན་གྱི་གཞིར་གྱུར་ཅིང་དགེ་ཚོགས་ཀྱི་ལོ་ཏོག་རྣམ་པར་འཕེལ་བར་བྱེད་དོ། །དེ་བཞིན་དུ་དད་པ་གཟིངས་དང་འདྲ་སྟེ་སྲིད་པའི་ཆུ་བོ་ལས་སྒྲོལ། སྐྱེལ་མ་དཔའ་བོ་དང་འདྲ་སྟེ་བདུད་དང་ཉོན་མོངས་ལས་སྐྱོབ། བཞོན་པ་བཟང་པོ་དང་འདྲ་སྟེ་ཐར་པའི་གླིང་དུ་འདྲེན། ནོར་བུའི་རྒྱལ་པོ་ལྟར་ཅི་བསམ་པའི་རེ་བ་འགྲུབ་པ་སྟེ། དཔའ་བོ་དང་འདྲ་སྟེ་སྡིག་ཏོ་མི་དགེ་བའི་ཆོས་ཀུན་ཟིལ་གྱིས་གནོན། དེས་ན་ཚོགས་བསགས་པར་གྱུར་པའི་དམ་པ་སྟེ་འཕགས་པ་རྣམས་ཀྱི་ནོར་བདུན་གྱི་ནང་ནས་རྩ་བར་གྱུར་པས་ན་མཆོག་ལགས་སོ། །གཉིས་པ། ཆོས་ཀྱི་སྐལ་བ་མེད་པ་རྣམས་ལ་དད་པ་ཅུང་ཟད་ཀྱང་མེད་པས་དེ་ཡི་སྐྱོན་ནི་ཤིན་ཏུ་མཐའ་ཡས་པ་དང་ལྡན་ཀྱང་རེ་ཞིག་བསྡུ་ན། རྒྱ་མཚོའི་གཏིང་གི་རྡོ་སྟེང་དུ་མི་འབྱུང་བ་དང་འདྲ་སྟེ་ཐར་པའི་སྐམ་དང་བྲལ་ཏེ་སྐམ་སར་འབྱུང་མི་སྲིད། མཉེན་པ་མེད་པའི་གྲུ་དང་འདྲ་སྟེ་སྲིད་མཚོ་ལས་སྒྲོལ་དུས་མེད། ལག་རྡུམ་གསེར་གླིང་དུ་ཕྱིན་པ་དང་འདྲ་སྟེ་དགེ་བའི་བགོ་སྐལ་ལོན་པ་མེད། ས་བོན་མེས་ཚིག་པ་དང་འདྲ་སྟེ་བྱང་ཆུབ་ཀྱི་མྱུ་གུ་མེད། ལོང་བ་ལྷ་ཁང་དུ་ཕྱིན་པ་དང་འདྲ་སྟེ་ཆོས་ཀྱི་གཟུགས་སྣང་བ་མེད། རྒྱ་མཚོའི་རྦ་ཀློང་འཁོར་བའི་དོང་ཟབ་མོར་ཆུད་པ་དང་འདྲ་སྟེ་གཏན་དུ་འཁོར་བར་འཁྱམས་སོ། །སྐབས་འདིར་འགྲེལ་ཆེན་དུ་སྦྱང་མོ་ཞེས་འདུག་ཀྱང་སྔོན་གྱི་ཡིག་རྙིང་ཟུར་ཆུང་པའི་ཞལ་གདམས་བརྒྱད་ཅུ་པར། གཡང་མོ་འཁོར་དོང་དུ་ཚུད་པ་དང་འདྲ་སྟེ་སྡུག་བསྔལ་གྱི་གནས་ནས་མི་ཐར་ཞེས་འདུག་པས་གཡང་མོ་ལུག་གི་མིང་ཡིན་པས་དེ་ལྟར་ཡིན་ནམ་སྙམ་སྟེ་བརྟག་པར་བྱའོ། །དེས་ན་ནམ་ཡང་བྱང་ཆུབ་ཐོབ་མི་སྲིད་པའི་སྐྱོན་ཡོད་དོ། །གསུམ་པ་ལ། དང་པོ་དད་པ་བསྐྱེད་པ། མཐར་བརྟན་པར་བྱ་བ་གཉིས། དང་པོ་ལ། རྒྱུ་རྐྱེན་འབྲས་བུའི་རྣམ་པར་གཞག་པ་དང་། དེ་དག་གི་མཇུག་བསྡུས་ཏེ་དད་པར་གདམས་པ་གཉིས། དང་པོ་ལ། དད་པ་སྐྱེ་བའི་རྒྱུ། སྤེལ་བའི་རྐྱེན། འབྲས་བུ་གོམས་པའི་ཚད་གསུམ། དང་པོ་ལ། བླང་བྱ་དད་པ་སྐྱེ་བའི་རྒྱུ། སྤང་བྱ་འགྲིབ་པའི་རྐྱེན་གཉིས། དང་པོ་ལ། ཡུལ་གང་ལས་སྐྱེ་བ་དང་། ཚུལ་གང་གིས་འཕེལ་བ་གཉིས། དང་པོ། ཆོས་དཀར་པོའི་ཕུལ་དུ་བྱུང་བ་དད་པ་སྐྱེ་བའི་ཡུལ་དྲུག་ནི། འདོད་པའི་དད་པ་ཡུལ་སྲིད་པ་ལ་དེའི་རང་བཞིན་མཐོང་སྟེ་སྐྱོ་བས་སྐྱེ། མོས་པའི་དད་པ་སྡིག་པའི་གྲོགས་ངན་པ་ལ་སྐྱོ་བ་སྐྱེས་པ་ལས་སྐྱེ། གུས་པའི་དད་པ་ཚེ་འདིར་མངོན་པར་སྐྱོ་བས་སྐྱེ། དང་བའི་དད་པ་ཡུལ་མཆོག་གི་རྟེན་ནས་རྣམ་ཐར་སོགས་གཏམ་རྒྱུད་ཐོས་པ་དག་ལས་སྐྱེ། ཡིད་ཆེས་པའི་དད་པ་རྒྱུ་འབྲས་ཀྱི་ཆོས་ཐོས་པ་ལས་སྐྱེ། ཆོས་ལ་ངེས་སེམས་ཀྱི་དད་པ་ཆོས་ཟབ་མོ་ལ་ཐོས་བསམ་བྱས་པ་དག་ལས་སྐྱེ་བས་ཡུལ་དེ་དག་གི་རང་བཞིན་ལ་དམིགས་ནས་སྐྱེར་གཞུག་པར་བྱའོ། །གཉིས་པ། དད་པ་འཕེལ་བའི་རྒྱུ་ལ་བརྟེན་ནས་ཉིན་རེ་བཞིན་གོང་དུ་སྤེལ་བ་ཡང་། བླ་མ་དམ་པ་ལ་བསྟེན་ཏེ་མོས་གུས་སྙིང་ནས་བྱས་པ་ལས་འཕེལ་བ་དང་། དེ་བཞིན་དུ། དགེ་བའི་གྲོགས་ཆོས་དང་རང་སེམས་འདྲེས་པ་ལ་བསྟེན་པ་དང་། མདོ་རྒྱུད་ཟབ་མོར་བལྟས་པ་དང་། འཆི་བ་ཡེངས་མེད་དུ་བསམ་པ་དང་། ལས་འབྲས་ལ་ཡིད་ཆེས་བྱས་པ་དང་། ཐོས་བསམ་སྒོམ་པ་ལ་སྔར་བས་བརྩོན་པ་ཆེར་བསྐྱེད་པ་སྟེ། རྒྱུ་དེ་རྣམས་ལས་དད་པ་གོང་འཕེལ་ཉིད་དུ་འགྲུབ་པས་རྟག་ཏུ་སྤེལ་བ་ལ་བརྩོན་པར་བྱའོ། །གཉིས་པ། དད་པ་འགྲིབ་པའི་རྐྱེན་ནི་རང་ཉིད་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སུ་བླ་མའི་སྐྱོན་ལ་རྟོག་པ་དང་། ཐ་མལ་གྱི་གྲོགས་དད་པ་མེད་པ་དང་འགྲོགས་པ་དང་། འདོད་ཡོན་རང་གར་སྤྱོད་པ་དང་། ལེ་ལོ་སྙོམ་ལས་ཀྱིས་ཉམས་ལེན་གྱི་བརྩོན་འགྲུས་འགྲིབ་པ། འཇིག་རྟེན་གྱི་བྱ་བ་མང་བ། དེ་དག་ལ་སོགས་ཏེ་ཆོས་བྱེད་སྤྱིའི་སྐྱོན་ལ་རྟོག་པ། དཀོན་མཆོག་ལ་མོས་གུས་མེད་པ་སོགས་ཆོས་མིན་གྱི་ལས་རྣམས་ཏེ། མདོར་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་དུས་སུ་འགྲིབ་པར་གསུངས་ཏེ། ཡུམ་ལས། བདུད་སྡིག་ཏོ་ཅན་ནི་ལས་དང་པོ་པ་དག་གི་མདུན་དུ་འོངས་ནས་མོས་པ་དག་ཀྱང་ཟློག་པར་བྱེད། བྱང་ཆུབ་སེམས་དཔའི་སྤྱོད་པ་དག་ཀྱང་ཕྱིར་ཕྱོགས་པར་བྱེད་དོ། །ཞེས་སོ། །འདིའི་དུས་སུ་བཟློག་པའི་ཐབས་ནི། བླ་མ་དཀོན་མཆོག་ཆོས་གྲོགས་དང་བཅས་པའི་ཡོན་ཏན་བསམ། ཆོས་བྱེད་ཐམས་ཅད་ལ་དག་སྣང་མོས་གུས་བསྐྱེད། ཕ་རོལ་ངན་པར་མཐོང་བ་དེ་རང་མ་དག་པའི་རྟགས་ཏེ་དུང་སེར་འཛིན་བཞིན་ནོ་སྙམ་དུ་རང་ལ་གྲོས་གདབ་ལ་ཐ་མལ་པ་དང་མི་འགྲོགས། འདོད་ཡོན་གྱི་ཉེས་དམིགས་བསམ། དད་པ་འགྲིབ་རྐྱེན་དེ་བདུད་དུ་ཤེས་ནས་སྤང་བར་བྱའོ། །གཉིས་པ་སྤེལ་བའི་རྐྱེན་ནི། དད་པ་རྐྱེན་ལས་སྐྱེ་བའི་དུས་སུ་དེ་ལ་བརྟེན་ནས་བསྐྱེད་པ་ནི། སྐྱེ་ཤིའི་འཕོ་འགྱུར་མཐོང་དུས་དད་པ་སྐྱེ་བའི་རྐྱེན་ཡིན་པས་གཞན་པ་ཤི་བ་བགྲངས་ལ་དད་པ་བསྐྱེད་དགོས་པ་དང་། དེ་བཞིན་དུ། ནད་གདོན་བར་ཆད་ཀྱིས་གཙེས་དུས་དགེ་བསྐུལ་གྱི་སློབ་དཔོན་དུ་ཤེས་པར་བྱ། རྐྱེན་ངན་དང་སྡུག་བསྔལ་ཐོག་ཏུ་བབ་དུས་བྱང་ཆུབ་ཀྱི་འདྲེན་པར་ཤེས་པར་བྱ་བ་དང་། དམ་པའི་ཆོས་ཐོས་དུས་ཡང་དག་པའི་འཇུག་ལྡོག་ལ་དམིགས་ནས་བསྐྱེད་པ་དང་། གོང་མའི་རྣམ་ཐར་ཐོས་དུས་དཀར་སྤྱད་ཆོས་ལ་སྤྱོད། སངས་རྒྱས་དང་བྱང་སེམས་ཀྱི་སྐྱེས་རབས་མཐོང་དུས་ཐེག་ཆེན་བྱང་ཆུབ་ལ་དམིགས་ནས་དད་པ་བསྐྱེད་དགོས། དེ་ཡང་ཉིན་རེ་བཞིན་དེ་དག་གི་རྐྱེན་ལས་དད་པ་འཕྲལ་དུ་སྐྱེས་ཚེ་འཕྲོ་མཐུད་ལ་དད་པའི་མཆོག་རབ་རྟག་ཏུ་བསྒོམ་པར་བྱ་སྟེ་གང་ལའང་སྣུམ་དྲེད་མ་ཁྱེར་བ་གཅེས་སོ། །གསུམ་པ། དེ་ལྟར་དད་པ་སྐྱེས་པའི་ཚད་ནི་སྲིད་པའི་འཁྲུལ་སྣང་ལ་སྐྱོ་ཞིང་ཡིད་བྱུང་བ་སྐྱུག་ནད་ཅན་ཟས་མཐོང་བ་ལྟ་བུ། བླ་མ་དཀོན་མཆོག་ལ་གུས་པ་བུ་ཆུང་མ་ལ་གདུང་བ་ལྟ་བུ། ཐོས་བསམ་ལ་དོན་དུ་གཉེར་བ་སྐོམ་པ་ཆུས་གདུང་བ་ལྟ་བུ། བསླབ་པ་གསུམ་ལ་གཅེས་སྤྲས་བྱེད་པ་དབུལ་པོས་གསེར་གཡུ་རྙེད་པ་ལྟ་བུ། དགེ་སྦྱོར་ཉམས་ལེན་ལ་སྤྲོ་བ་ཚོང་པ་གསེར་གླིང་དུ་བྱིན་པ་ལྟ་བུ་འབྱུང་ཞིང་། སྡིག་པ་ལ་ཤིན་ཏུ་འཛེམ་པ་མིག་ཏུ་རྡུལ་སྤངས་པ་ལྟ་བུ། ཐེག་པ་ཐམས་ཅད་ལ་དད་པ་འདོད་ཅན་ཚོང་འདུས་སུ་ཕྱིན་པ་ལྟ་བུས། ཡོན་ཏན་གྱི་ཁྱད་པར་གོང་མ་ཐོབ་པ་རྣམས་སུ་དད་པ་སྐྱེས་པའི་ཚད་དུ་བཞེད་དེ། དེའི་དུས་སུ་རང་རྒྱུད་ཆོས་ཀྱིས་ཐུལ་བས་ཆོས་དང་གང་ཟག་མ་འཛོལ་བ་ཡིན་ནོ། །གསུམ་པ་མཇུག་བསྡུ། དད་པ་འགྲིབ་ན་བསྐྱེད་པའམ་བཙལ་བའི་ཐབས་ཀྱིས་དད་པ་རང་རྒྱུད་ལ་མ་བསྐྱེད་ན། ཡོན་ཏན་གཞན་ཡོད་ཀྱང་མི་ཕན་ཏེ་གཟུགས་མཛེས་ཀྱང་མིག་མེད་པ་དང་འདྲ། དད་པ་མེད་ན་དགེ་ལེགས་ཐམས་ཅད་མི་འགྲུབ་ཅིང་དུས་གཏན་དུ་སྲིད་པར་འཁྱམས་ཏེ་ཐར་པའི་དུས་མེད། དེ་ཡི་ཕྱིར་དུ་མི་རྟག་པ་དང་ལས་རྒྱུ་འབྲས་དང་གོང་མའི་ཡོན་ཏན་དང་ཆོས་ཀྱི་དཀོན་པ་དང་བླ་མའི་བཀའ་དྲིན་དང་མཆེད་གྲོགས་ཀྱི་དག་སྣང་དང་སངས་རྒྱས་ཀྱི་ཡོན་ཏན་བསམ་པ་སོགས་གང་དང་གང་ལ་བརྟེན་ནས་ཀྱང་དད་པ་བསྐྱེད་པའི་ཐབས་ལ་འབད་པར་བྱ་སྟེ་སྐད་ཅིག་ཀྱང་འགྲིབ་ཏུ་ཕོངས་པས་སོ། །གཉིས་པ་བརྟན་པར་བྱ་བ་ལ། སྤང་བྱ་དང་། བླང་བྱ་གཉིས། དང་པོ། དད་པའི་འདྲ་མིན་གྱི་གོལ་ས་དྲུག་ཤེས་ནས་སྤང་བར་བྱ་བ་ནི། ཁ་ཅིག་བླ་མ་དམ་པའི་དྲུང་དུ་འགྲོགས་ཚེ་དད་པ་ཆེ་ལྟར་བྱེད་ཀྱང་དེ་ལས་གཞན་དུ་སོང་ཚེ་དེ་ལྟར་མིན་པ་སྟེ་མི་དད་པ་དང་། དེ་བཞིན་དུ། ཅུང་ཟད་ཙམ་གྱི་རྐྱེན་གྱིས་དད་པ་འཕེལ་བར་སླ་ཡང་མི་བརྟན་ཏེ་མྱུར་དུ་འགྲིབ་པ་ཅན་དང་། ནད་གདོན་སོགས་རྐྱེན་ངན་གྱིས་གཙེས་ཚེ་དད་པ་ཆེ་ཆེ་འདྲ་ཡང་དེ་སོལ་ནས་དད་པ་ཅུང་ཟད་མེད་པ་དང་། བློ་མང་བས་དགེ་སྦྱོར་གཅིག་འཕྲོ་ལ་གཅིག་བརྩེགས་ཏེ་གང་ལའང་འཇུག་ལ་ཐང་མི་ཐུབ་པ་སྟེ་གཅིག་ཀྱང་མཐར་མི་ཐོན་པ་དང་། བླ་མ་དང་ཆོས་ཟབ་མོ་གཅིག་ཏུ་མ་ངེས་པ་སྟེ་གཅིག་ལ་མི་བྱེད་པར་གང་བདེར་གར་བབས་སུ་སྤྱོད་པ་ཅན་དང་། གང་ལ་ཡང་གཏད་སོ་མེད་པར་བ བ་ཅོལ་དུ་དད་པ་ཕྲ་མོའི་རྐྱེན་གྱིས་བཟློག་པ་གློ་བུར་ཡེ་འདྲོག་ཅན་ཏེ། འདི་དྲུག་པོ་སྤངས་ལ་ཐོག་མར་བརྟགས་ནས་ཆོས་དང་བླ་མར་གང་བཟུང་བ་དེ་ལ་ཡིད་ཆེས་ཀྱི་བློ་གཏད་རྒྱུན་དུ་བྱ་བ་གཅེས་སོ། །གཉིས་པ། དང་པོར་ཆོས་དང་བླ་མའི་མཚན་ཉིད་རབ་ཏུ་བརྟགས་ནས་དད་པ་སྐྱེས་པའི་ཡུལ་རྣམས་ལ། ཕྱིས་ནས་རྐྱེན་ཅི་བྱུང་ཡང་མི་འགྱུར་བ་རི་རྒྱལ་ལྟ་བུ་དང་འཕེལ་བ་དང་འགྲིབ་པ་མེད་པ་ཉི་མ་ལྟ་བུ། མཐའ་དབུས་མེད་པ་ནམ་མཁའ་ལྟ་བུ། ཁ་གཏིང་མེད་པ་རྒྱ་མཚོ་ལྟ་བུ། བྱས་ཡུས་མེད་པ་མ་ལྟ་བུ། ཐང་ལྷོད་དམ་གྲིམ་ལྷོད་གཉིས་མེད་པ་གཞུ་མོའི་རྒྱུད་དང་མཚུངས་པ་དང་། སྐྱོ་དུབ་མེད་པའི་དད་པ་གྲུ་ཟམ་ལྟ་བུ་ལ། རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ཆེན་པོ་བཞིན་དང་། གུས་པའི་རྒྱུད་མཉེན་ལྕུག་ལྡན་པ་དར་ཐག་ལྟ་བུ་ལ། གཞན་གྱིས་བསྒྱུར་རམ་བཀའ་བཀྱོན་སོགས་རྐྱེན་གྱིས་མི་འཕྲོག་པའི་དད་པ་ནམ་མཁའ་ལྟ་བུར་བསྟེན་པར་བྱའོ། །གསུམ་པ། དད་པའི་ཕན་ཡོན་རྣམ་གྲངས་དཔག་ཏུ་མེད་ཀྱང་མདོར་བསྡུ་ན། དཀར་པོའི་ཆོས་ཀུན་གྱི་གཞིར་གྱུར་པ་དང་། འཁོར་བའི་སྡུག་བསྔལ་སེལ་བ་དང་། བྱང་ཆུབ་ཀྱི་ལམ་སྣ་འདྲེན་པ་དང་། ཆོས་ཟབ་མོའི་སྣོད་དུ་གྱུར་པ་དང་། སངས་རྒྱས་དང་བྱང་སེམས་སོགས་དམ་པ་རྣམས་ཀྱིས་ཐུགས་ལ་དགོངས་ཤིང་། ངོ་ཚ་ཁྲེལ་ཡོད་ཤེས་རབ་སོགས་ཡོན་ཏན་ཕུན་ཚོགས་དང་ལྡན་ཞིང་དཀར་ཕྱོགས་ཀྱི་ལྷས་སྲུང་བ་དང་། བདེ་བར་གཉིད་ལོག་ཅིང་སད་པ་དང་། བདེ་བར་ཚེ་འཕོས་ནས་སངས་རྒྱས་ཀྱི་ཞིང་དག་པར་སྐྱེས་ཏེ་བླ་མ་དང་ཆོས་ཀྱི་སྣང་བ་དང་མི་འབྲལ་ཞིང་དཀོན་མཆོག་གསུམ་གྱི་གདུང་འཚོབ་པ་དང་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སོགས་འདི་ཕྱིའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་འགྱུར་བ་དེའི་ཕྱིར་སྐྱེ་བོ་དམ་པའི་ཚུལ་དགེ་བ་དང་ལྡན་པས། སྔར་སྨོས་ཀྱི་དད་པ་དྲུག་པོ་ཡུལ་དྲུག་ལ་དམིགས་ནས་བརྒྱ་འགྱུར་དུ་བརྩོན་པ་དེ་ཡང་། དགེ་བ་བཅུ་དང་ཕར་ཕྱིན་བཅུ་དང་ཕྱོགས་བཅུའི་བླ་མ་དང་དཀོན་མཆོག་དང་སེམས་ཅན་གྱི་ཚོགས་ལ་དམིགས་པར་འགྲེས་པས་དད་བརྒྱའི་{པའི་ལྷག}འདབ་མ་སྟོང་རྒྱས་པ་ལ་ནན་ཏན་མཛོད་ཅིག་ཅེས་ལེགས་པར་གདམས་པའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དད་པའི་རང་བཞིན་བསམ་པའི་ལེའུ་སྟེ་བཅོ་ལྔ་པའི་འགྲེལ་པའོ།། །། ༈ གསུམ་པ་ཆོས་ཡང་དག་པར་འགྲུབ་པའི་བསམ་བྱ་ལ། ཐུན་མོང་སྲིད་ཞིའི་དགེ་བ་འགྲུབ་པའི་བསམ་བྱ་དང་། ཐུན་མིན་ངེས་ལེགས་ཀྱི་ཆོས་འགྲུབ་པའི་བསམ་བྱ་གཉིས། དང་པོ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ། དང་པོ། དེ་ལྟར་དད་པ་བསྟན་པའི་རྗེས་ཐོབ་དེ་ནས་དད་ལྡན་རྣམས་ཀྱིས་བསམ་པར་བྱ་བ། རྒྱུ་འབྲས་ལས་ཏེ་དེ་ཡང་བདེ་བའི་རྒྱུ་ལས་དགེ་བ་དང་། སྡུག་བསྔལ་གྱི་རྒྱུ་མི་དགེ་བ་སྡིག་པ་སྟེ། དེ་གཉིས་ཀྱི་ཁེ་ཉན་ཤེས་པར་བྱས་ཏེ་བླང་དོར་ཚུལ་བཞིན་བྱ་དགོས་ཏེ། སོ་སོ་ཐར་པ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལ། ཆ་མཐུན་གཉིས་ཀྱི་དབྱེ་བ་དང་། སོ་སོའི་རང་བཞིན་གཉིས། དང་པོ། དགེ་བའི་ལས་དེ་ལ་ནི་དབྱེ་ན་ཟག་བཅས་བདེ་བའི་རྒྱུར་གྱུར་པ་བསོད་ནམས་ཆ་མཐུན་དང་། ཟག་མེད་མྱང་འདས་ཀྱི་རྒྱུ་ཐར་པ་ཆ་མཐུན་སྟེ་རྣམ་པ་གཉིས་དག་ལས། ཞེས་སོ། །གཉིས་པ་ལའང་བསོད་ནམས་ཆ་མཐུན་དང་། ཐར་པ་ཆ་མཐུན་གཉིས། དང་པོ་ལ། སྤྱི་བྱེ་བྲག་གཉིས། དང་པོ། སྲིད་པའི་བདེ་འབྲས་ཙམ་བསྐྱེད་པའི་དགེ་བ་རྣམས་ནི་བསོད་ནམས་ཆ་མཐུན་ལགས་པར་རམ་ཡིན་པར་ཐུབ་པས་གསུངས་སོ། །གཉིས་པ་ལ། བླང་བྱ་དགེ་བཅུ་དང་། སྤང་བྱ་མི་དགེ་བཅུ་སྟེ་གཉིས། དང་པོ་ལ། ལས་ཀྱི་ངོ་བོ་དང་། འབྲས་བུ་གཉིས། དང་པོ། བསོད་ནམས་ཆ་མཐུན་གྱི་དགེ་བ་དེ་ལ་རྣམ་གྲངས་མང་ཡང་ཆེ་ལོང་ཞིག་བསྡུ་ན་དགེ་བ་བཅུ་སྟེ། སྲོག་གཅོད་མ་བྱིན་ལེན་འདོད་ལོག་གསུམ་སྤངས་པ་ལུས་ཀྱི་དགེ་བ་གསུམ་དང་། དེ་བཞིན་རྫུན་ཕྲ་འཁྱལ་རྩུབ་བཞི་སྤངས་པ་ངག་གི་བཞི་དང་། བརྣབ་གནོད་ལོག་ལྟ་སྤངས་པ་ཡིད་ཀྱི་དགེ་བ་གསུམ་དག་སྟེ། ཞེས་སོ། །གཉིས་པ་ལ་སྤྱི། བྱེ་བྲག མཇུག་བསྡུ་གསུམ། དང་པོ། སྨོས་མ་ཐག་པའི་དགེ་བ་འདི་བཅུ་བསམ་གཏན་བཞི་དང་གཟུགས་མེད་བཞིའི་ཏིང་འཛིན་དང་མ་འབྲེལ་བར་རྐྱང་བས། འདོད་པའི་ཁམས་ཀྱི་ལྷ་མིའི་བདེ་འབྲས་བསྐྱེད་པ་ཉིད་དེ། དགེ་བཅུ་བསམ་གཏན་བཞི་དང་གཟུགས་མེད་ཀྱི་ཏིང་འཛིན་དང་འབྲེལ་ན་ཁམས་གོང་མ་གཟུགས་གཟུགས་མེད་གཉིས་སོ། །གཉིས་པ་ལ། རྣམ་སྨིན་སོགས་ཀྱི་འབྲས་བུ་དང་། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་གཉིས། དང་པོ། དགེ་བཅུའི་འབྲས་བུ་ལས། རྣམ་སྨིན་གྱི་འབྲས་བུ་དགེ་བས་བདེ་འགྲོ་མཐོ་རིས་ཀྱི་ལྷ་མིའི་རྟེན་དང་གནས་སྐབས་བདེ་བའི་རིགས་ཀུན་བསྐྱེད་པར་བྱེད་དོ། །གཉིས་པ། སྤྱིར་བདག་འབྲས་ཡུལ་ལ་སྨིན་པས་མེ་འབྲས་ཀྱིས་བརྒྱན་ཅིང་འཚེ་བ་མེད་ལ་བགྲོད་བདེ་བ་སོགས་ཕུན་སུམ་ཚོགས་པ་དང་། རྒྱུ་མཐུན་ལ་བྱེད་པ་རྒྱུ་མཐུན་གང་དུ་སྐྱེས་ཀྱང་དགེ་བཅུ་སོ་སོ་རང་རང་དེ་བྱེད་པར་སྤྲོ་བ་དང་། མྱོང་བ་རྒྱུ་མཐུན། སྲོག་གཅོད་སྤངས་པས་ཚེ་རིང་ཞིང་ནད་མེད་པ་ཡི་བདེ་བ་ཐོབ་ཅིང་། དེ་བཞིན་དུ། མ་བྱིན་ལེན་སྤངས་པས་འབྱོར་པ་ཕུན་སུམ་ཚོགས་པ་དང་། ལོག་པར་གཡེམ་པ་སྤངས་པས་ཁྱིམ་ཐབ་ཀྱི་བུད་མེད་དགྲ་ཟླ་མེད་པར་རང་དབང་ཐོབ་པ་དང་། རྫུན་དུ་སྨྲ་བ་སྤངས་པས་གང་ཟག་གཞན་གྱིས་བསྟོད་པ་དང་། ཚིག་རྩུབ་མོ་རྣམས་སྤངས་པས་སྙན་པར་སྨྲ་བས་བདེ་བ་ཐོབ་པ་དང་། ཕྲ་མ་རྣམས་པར་སྤངས་པས་གཞན་གྱིས་མཐོང་ན་མི་མཐུན་མེད་པ་དང་། ངག་འཁྱལ་བ་སྤངས་པས་ཚིག་བཟུང་བར་འོས་པར་འགྱུར་བ་དང་། བརྣབ་སེམས་སྤངས་པས་ཡིད་ལ་རེ་བ་འགྲུབ་པ་སྟེ། གནོད་སེམས་སྤངས་པས་ཡིད་འོང་མཐོང་ན་ཞི་ཞིང་ངེེས་པར་གཞན་གྱིས་སེམས་པ་དང་། ལོག་ལྟ་སྤངས་པས་རྒྱུ་འབྲས་ལ་ཡིད་ཆེས་པ་སོགས་ལྟ་བ་བཟང་པོ་རྒྱུད་ལ་སྐྱེ་སྟེ། རྒྱུ་མཐུན་གྱི་འབྲས་བུའོ། །གསུམ་པ་མཇུག་བསྡུ་བ། དེ་ལྟར་མཐོ་རིས་སུ་བགྲོད་པའི་ཤིང་རྟ་ནི་དགེ་བ་བཅུ་ཡིན་པས་མངོན་མཐོ་དང་བདེ་བ་འདོད་པ་རྣམས་ཀྱིས་དང་དུ་ལོངས་ཤིག གཉིས་པ་མི་དགེ་བ་ལ། མི་དགེའི་འབྲས་བུ་བསྟན་པ་དང་། དེའི་མཇུག་བསྡུ་བ་གཉིས། དང་པོ་ལ། སྤྱི་བྱེ་བྲག་གཉིས། དང་པོ། དེ་ལྡོག་མི་དགེའི་ལས་སྲོག་གཅོད་པ་སོགས་བཅུ་པོ་ནི། རྣམ་སྨིན་ངན་སོང་གསུམ་དུ་སྡུག་བསྔལ་མྱོང་བའི་རྒྱུ་ཡིན་ནོ། །གཉིས་པ་ལ། རྣམ་སྨིན་དང་། མྱོང་བ་རྒྱུ་མཐུན་གཉིས། དང་པོ། དེ་ལྟ་བུའི་མི་དགེ་བ་བཅུ་ཆེ་པོ་དང་འབྲིང་དང་ཆུང་ངུས་སྤྱད་པས་གོ་རིམ་བཞིན། རྣམ་སྨིན་གྱི་འབྲས་བུ་དམྱལ་བ་དང་ཡི་དྭགས་དང་དུད་འགྲོར་ལྷུང་བར་འགྱུར་ཏེ་ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་སོགས་སྣ་ཚོགས་པའི་སྡུག་བསྔལ་དང་ལྡན་པ་ཡིན་ནོ། །གཉིས་པ། གལ་ཏེ་མཐོ་རིས་ཐོབ་ཀྱང་དེ་ཡི་འབྲས་བུ་སྡུག་བསྔལ་བ་འགྲུབ་སྟེ། དབང་གི་འབྲས་བུས་ཡུལ་ཚེར་མ་ཅན་དང་ལོ་ཏོག་མི་སྨིན་པ་སོགས་ཡུལ་ཡིད་དུ་མི་འོང་ཞིང་བཀྲ་མི་ཤིས་པའོ། །བྱེད་པ་རྒྱུ་མཐུན་མི་དགེ་གང་བྱེད་དེར་སྐྱེ་ལ། མྱོང་བ་རྒྱུ་མཐུན་གྱིས་འདི་ལྟར་སྲོག་བཅད་པས་ནི་གང་དུ་སྐྱེས་ཀྱང་ཚེ་ཐུང་བ་དང་ནད་མང་ཞིང་། མ་བྱིན་པ་བླངས་པས་དབུལ་ཞིང་ཕོངས་པར་འགྱུར་བ་དང་། ལོག་པར་གཡེམ་པས་ཁྱིམ་ཐབ་དགྲ་ཟླར་བཅས་པར་འགྱུར་ལ། རྫུན་དུ་སྨྲས་པས་རང་ལ་སྐྱོན་མེད་ཀྱང་སྐུར་བ་འདེབས་པ་མང་བར་འགྱུར་ཞིང་། ཕྲ་མས་མཛའ་བཤེས་དང་བྲལ་བ་དང་འཁོར་ཕན་ཚུན་མི་མཐུན་པར་འགྱུར། རྩུབ་མོས་རང་ལ་མི་སྙན་པ་བརྗོད་པ་མང་བ་དང་། འཁྱལ་བས་ངག་མི་བཙུན་ཏེ་སུས་ཀྱང་བདེན་པར་མི་འཛིན་པ་དང་། བརྣབ་སེམས་ཀྱིས་ཡིད་ལ་རེ་བ་མི་འགྲུབ་ཅིང་། གནོད་སེམས་ཀྱིས་གཞན་གྱིས་འཇིགས་ཤིང་བག་ཚ་བ་དང་བཅས། ལོག་ལྟས་ལྟ་བ་ངན་པ་ཉིད་རྒྱུད་ལ་སྐྱེ་བར་འགྱུར་རོ། །གསུམ་པ་མཇུག་བསྡུ་བ། དེ་ལྟར་མི་དགེ་བའི་ལས་བཅུ་པོ་བདེ་བའི་སྲོག་འཕྲོག་པའི་ཕྱིར་དུག་དང་འདྲ་བས་བདག་དོན་སེམས་ཤེས་པ་རྣམས་ཀྱིས་ངོས་ལྐོག་གང་དུའང་རབ་ཏུ་སྤང་བར་བརྩོན་འཚལ་ལོ། །གཉིས་པ་ཐར་པ་ཆ་མཐུན་ལ། མཚན་ཉིད་དང་ངོ་བོ་གཉིས། དང་པོ། ཐར་པའི་ལམ་ནི་ཞི་བ་བྱང་ཆུབ་གསུམ་གང་རུང་གི་གོ་འཕང་སྒྲུབ་པར་བྱེད་ཅིང་། རྒྱུ་སྲིད་པ་ལས་འདའ་བར་བྱེད་པ་དང་འབྲས་བུ་སྡུག་བསྔལ་མཐའ་དག་སྤོང་བར་བྱེད་པའོ། །གཉིས་པ་ལ་ཐེག་གསུམ་སྤྱིར་བསྟན་པ་དང་། ཐེག་ཆེན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། སྐྱེས་བུ་གང་ཞིག་ཐེག་པ་གསུམ་གྱི་ལམ་ལ་ཞུགས་པའི་འགྲོ་བ་ནི་ཉན་ཐོས་ཀྱི་ལམ་འཚོལ་བར་སེམས་བསྐྱེད་ནས་ལམ་དང་པོ་དྲན་པ་ཉེར་བཞག་བསྒོམ་པ་ནས་ཡོངས་རྫོགས་ཀྱི་བར་སྤྱོད་པའི་གང་ཟག་ནི་སྐྱེས་བུ་ཆུང་ངུ་། དེ་བཞིན་དུ་རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་འབྲིང་པོ། ཐེག་པ་ཆེན་པོར་སེམས་བསྐྱེད་ནས་ལམ་སྒྲུབ་པ་ཆེན་པོ་སྟེ། དེ་རྣམས་ཀྱིས་ལེགས་པར་བསྒྲུབ་པ་ནི། སྐྱེས་བུ་གསུམ་གྱི་སོ་སོའི་སེམས་བསྐྱེད་ནས་དམིགས་རྣམ་སོགས་རང་གཞུང་ནས་བཤད་པ་ལྟར་རང་ལམ་གྱིས་བྱམས་སོགས་ཚད་མེད་བཞི་བསྒོམ་ཞིང་། སྦྱིན་སོགས་ཕར་ཕྱིན་དྲུག་སྤྱོོད་པ་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བ སྒྲུབ་པ་སྟེ། ཉིན་མཚན་གྱི་དུས་ཀུན་ཀྱང་བརྩོན་པའི་སྟོོབས་ཀྱིས་དགེ་བར་འགྱུར་བ་རྣམས་བྱ་བ་ཡིན་ནོ། །གཉིས་པ་ལ་ལམ་གྱི་མདོ་གནད་བསྟན་པ་དང་། ལམ་གྱི་ཆིངས་བཤད་པ་གཉིས། དང་པོ། ཁྱད་པར་ཐེག་པ་ཆེན་པོའི་ལམ་གྱི་དགེ་བ་རླབས་པོ་ཆེ་མཐའ་དག་བསྡུ་ན། སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་པ་མེད་པ། རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཉིད་དེ་མོས་སྤྱོད་ཀྱི་སྐབས་འདིར་དེ་གསུམ་གྱིས་མ་ཟིན་ན་ཕལ་ཆེར་དོན་མེད་དུ་འགྱུར་བ་དང་། དེ་གསུམ་གར་ཡང་ཐབས་ཤེས་འདུ་འབྲལ་མེད་པའི་ཕྱིར་རོ། །གཉིས་པ། གང་ཞིག་རྩོམ་པ་ཐམས་ཅད་གཞན་དོན་འབའ་ཞིག་སྤྱོད་པ་ནི་ཐེག་པ་ཆེན་པོ་ཡིན་ལ། དེ་ཡང་གཞུང་བསྡུ་ན་ལྟ་བ་ཆོས་ཉིད་སྤྲོས་བྲལ་ནམ་མཁའ་དང་འདྲ་བ་ཕྱི་དང་ནང་དང་ཕྱི་ནང་སྟོང་པ་ཉིད་སོགས་སྟོང་པ་བཅོ་བརྒྱད་དམ་ཉི་ཤུ་པོ་དང་། སྒོམ་པ་རང་བཞིན་གྱིས་འོད་གསལ་བ་ཉི་མ་ལྟ་བུ་དང་ཐེག་ཆེན་རང་ལམ་གྱི་དྲན་པ་ཉེ་བར་བཞག་པ་བཞི་སོགས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དང་། སྤྱོད་པ་སེར་སྣ་སོགས་མི་མཐུན་ཕྱོགས་ཀྱིས་སྐྱོན་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། འབྲས་བུ་བླ་མེད་བྱང་ཆུབ་སྟེ་སངས་རྒྱས་པའི་སྤངས་རྟོགས་ཀྱི་ཡོན་ཏན་ཇི་སྙེད་པ་རྣམས་འགྲུབ་པ་ཡིན་ཏེ་ཐེག་ཆེན་གྱི་གཞི་ལམ་འབྲས་བུའི་ཆོས་ཀུན་དེ་ཙམ་དུ་འདུས་པར་བསྟན་ཏོ། །གསུམ་པ་ལས་ཀྱིི་མཇུག་བསྡུ་བ་ལ། སྤང་བླང་སོ་སོའི་མཇུག་བསྡུ་བ་དང་། མཐར་ཐུག་གི་བླང་བྱ་ངོས་བཟུང་བའོ། །དང་པོ། སྤང་བྱ་སྤང་བའི་ཚུལ། བླང་བྱ་བླང་བའི་ཚུལ་གཉིས། དང་པོ། འདི་ལྟར་སྣང་ཞིང་སྲིད་པས་བསྡུས་པའི་འཁོར་བའི་ཆོས་གནས་དང་བདེ་སྡུག་ལ་སོགས་པའི་སྣང་ཚུལ་མི་འདྲ་བ་འདི་རྣམས་ཀུན་ཀྱང་ཀུན་གཞི་ལ་དགེ་དང་མི་དགེའི་བག་ཆགས་བཞག་པ་ལས་བྱུང་བའི་སྣང་གཟུགས་ཏེ། དེས་ན་དགེ་མི་དགེའི་ལས་མ་ཟད་ཀྱི་བར་དུ་འཁྲུལ་པའི་སྣང་བ་འདིས་ཀྱང་སྟོངས་མི་སྲིད་དེ། དྷ་དུ་རའི་འཁྲུལ་སྣང་བཞིན་ནོ། །རྒྱུ་མཚན་དེ་ཡི་ཕྱིར་ན་མི་དགེ་བ་སྤང་བར་བྱ་དགོས་པས་སེམས་ཉིད་རྟོགས་པ་གཅིག་པུས་ཆོག་གི་ལས་འབྲས་ལ་བརྩོན་མི་དགོས་སོ་ཞེས་ནམ་ཡང་སྨྲ་བར་མི་བྱའོ། །གཉིས་པ། དགེ་བའི་འབྲས་བུས་སྤྱིར་བདེ་བ་ཐམས་ཅད་དང་ཁྱད་པར་དག་པའི་རྒྱལ་སྲས་རྣམས་ཀྱི་ལམ་གྱི་ཡོན་ཏན་སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས་དང་། མཐར་ཐུག་སྒྲིབ་པ་ལས་རྣམ་པར་གྲོལ་བ་རྒྱལ་བའི་ཡོན་ཏན་གྱི་འབྱོར་པ་ཕུན་སུམ་ཚོགས་པ་ཀུན་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་སྒྲིབ་བྱེད་གློ་བུར་པ་ཉོན་ཤེས་ཀྱི་སྒྲིབ་གཉིས་བྲལ་སྟོབས་ཀྱིས་ཡིན་ལ། དེ་ཡང་བྲལ་བྱེད་ཀྱི་རྒྱུ་ཐེག་ཆེན་ལམ་གྱི་དགེ་ཚོགས་ལས་བྱུང་བར་ཤེས་ནས་འབད་པར་མཛོད་ཅིག ཅེས་གདམས་པའོ། །གཉིས་པ་མཐར་ཐུག་གི་བླང་བྱ་ལ། དངོས་དང་། ཇི་ལྟར་བླང་ཚུལ་གཉིས། དང་པོ། གོང་དུ་སྨོས་པ་ལྟར་དགེ་བའང་མཆོག་ཕལ་གཉིས་ལས་ཕལ་པ་བསོད་ནམས་ཆ་མཐུན་ཙམ་ནི་འཁོར་བའི་རྒྱུ་ཡིན་པས། དེ་ལས་ལོག་སྟེ་ཐར་པ་ཆ་མཐུན་གྱི་དགེ་བ་དམ་པ་གསུམ་ལྡན་གྱིས་བསྒྲུབ་པར་བྱ་སྟེ། འཁོར་བ་སྤང་དགོས་པའི་ཕྱིར་ན་དེའི་རྒྱུ་ཟག་བཅས་ཀྱི་ལས་ཀྱང་སྤང་བར་འཚལ་ལོ་སྟེ་བསོད་ནམས་ཆ་མཐུན་ནི་སྲིད་པའི་རྒྱུ་བྱེད་པས་དོན་གྱིས་མི་དགེ་བར་གཏོགས་པའི་ཕྱིར། ཀླུ་སྒྲུབ་ཀྱིས། དགེ་བ་ལས་ནི་བདེ་འགྲོ་དང་། །མི་དགེ་བ་ལས་ངན་འགྲོ་སྟེ། །གཉིས་ལ་མི་རྟེན་ཐར་པ་ལགས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ། དེ་ལྟ་བུའི་ཐར་པ་ཆ་མཐུན་དེ་གང་ཞེ་ན། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་སྔ་མ་ལྔ་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་ནི་སྣང་མེད་ཡེ་ཤེས་ཀྱི་ཚོགས་ཏེ་དེ་ལྟར་ཚོགས་གཉིས་ལ་བསྟེན་པར་མཛོད་ཅིག་ཅེས་གདམས་སོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ལས་རྒྱུ་འབྲས་བསམ་པའི་ལེའུ་སྟེ་བཅུ་དྲུག་པའི་འགྲེལ་པའོ།། །། ༈ གཉིས་པ་ཐུན་མིན་ངེས་ལེགས་འགྲུབ་པའི་བསམ་བྱ་ལ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་བསམ་པ་དང་། མྱང་འདས་ཞི་བདེར་བསམ་པ་གཉིས། དང་པོ་ལ་བསྟན་བཤད་བསྡུ་གསུམ། དང་པོ། ལས་འབྲས་བསམ་པའི་རྗེས་དེ་ནས་ལས་ཉོན་གྱི་དབང་གིས་རང་དབང་མེད་པར་འཁོར་བའི་སྡུག་བསྔལ་བསམ་པར་བྱ་སྟེ། འཁོར་བ་འདི་ལ་བླང་བྱའི་སྙིང་པོ་མེད་ཅིང་རང་བཞིན་གྱིས་འགྱུར་བས་རྟག་མི་ཐུབ་པའི་ཕྱིར། ཁམས་གསུམ་དང་རིགས་དྲུག་གི་སྲིད་པའི་གནས་ན་བདེ་བ་མེད་ཅིང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས་པས། དེ་ལས་དུས་མྱུར་དུ་འདའ་བའི་ཐབས་ལ་བརྩོན་པས་འབད་པར་བྱའོ། །གཉིས་པ་ལ། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷ་ཡི་སྡུག་བསྔལ་དྲུག དང་པོ་ལ། བསྟན་བཤད་གཉིས། དང་པོ། ངན་སོང་དམྱལ་བའི་གནས་ན་ཚ་གྲང་བཅད་གཏུབ་སོགས་སྡུག་བསྔལ་གྱི་སྡུག་བསྔལ་དཔག་ཏུ་མེད་པ་དང་ལྡན་པ་ཉིད་དོ། །གཉིས་པ་ལ། ཚ་དམྱལ། གྲང་དམྱལ་གཉིས། དང་པོ་ལ། དངོས་དང་། ཚེ་ཚད་གཉིས། དང་པོ་ལ། དངོས་གཞིའི་གནས་དང་། ཉེ་འཁོར་གཉིས། དང་པོ། ཚ་དམྱལ་བརྒྱད་པོ་གོང་མ་གོང་མ་ལས་འོག་མ་འོག་མ་བདུན་འགྱུར་གྱིས་སྡུག་བསྔལ་ཆེ་སྟེ། དེ་ལ་ཡང་སོས་པ་རྣམས་ཕན་ཚུན་མཐོང་བ་ན་ཞེ་སྡང་གིས་མཚོན་གྱིས་འདེབས་རེས་བྱས་པ་ལས་ཐམས་ཅད་ཤི་བ་ན། ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་མ་ཐག་སྔར་ལྟར་སོས་ཏེ། དེ་ལྟར་ཡང་ཡང་སྐྱེ་ཞིང་ཤི་བའི་སྡུག་བསྔལ་བཟོད་གླགས་མེད་དོ། །ཐིག་ནག་པ་ནི་ལུས་ལ་ཐིག་ནག་པོ་བརྒྱད་དམ་བཅུ་དྲུག་སོགས་བཏབ་སྟེ་ལྕགས་ཀྱི་སོག་ལེ་མེ་previous hit འབར་བས་ཡང་ཡང་གཤོག་ཅིང་འབྱར་བས་སྡུག་བསྔལ་ next hit་སྟེ། བསྡུས་འཇོམས་ནི་རི་ཡི་བར་དང་གཏུན་དང་ལྗོངས་སུ་ནམ་མཁའ་ནས་ལྕགས་ཀྱི་ཐོ་previous hit ་མེ་འབར next hit་བས་བཙིར་{རྩི} བཞིན་འཐག་པ་དང་། ངུ་འབོད་ནི་ལྕགས་ཀྱི་ཁྱིམ་སྒོ་མེད་པ་མེ་འབར་བར་སྲེག་པར་བྱེད་ཅིང་། ངུ་འབོད་ཆེན་པོ་ལྕགས་ཁྱིམ་སྔ་མ་ལྟ་བུ་ཉིས་རིམ་དུ་ཆུད་ནས་སྲེག་པར་བྱེད་དོ། །ཚ་བ་ནི་མདག་མེ་བར་བའི་ས་གཞི་ལ་ལུས་ཀྱི་པགས་པ་བཤུས་ཏེ་ལྕགས་ཀྱི་ཕུར་བུས་བརྒྱངས་པའི་སྟེང་དུ་ཐོ་བས་བརྡུང་བ་དང་། རབ་ཏུ་ཚ་བ་ནི་ཕྱི་ནས་སྟེང་འོག་ཕྱོགས་མཚམས་ཀྱི་མེ་previous hit འབར next hit་དང་ནང་གློ་སྙིང་ལས་འབར་བའི་མེས་གདུང་ཞིང་གཞན་ཡང་ལྕགས་ཀྱི་ཐོ་ལུམ་མེ་previous hit འབར next hit་དང་ཟངས་ཞུན་བསྐོལ་མ་ཁར་དབང་མེད་དུ་བླུགས་པས་ལུས་ཀུན་རྡུལ་དུ་སྲེག་པ་དང་། མནར་མེད་ནི་སྡུག་བསྔལ་གྱིས་དེ་ལས་ཆེར་མནར་དུ་མེད་པས་དེ་སྐད་ཅེས་བྱ་སྟེ་ལྕགས་ཁང་མེ་ཆེས་འབར་བས་བསྲེག་སྟེ་དངུལ་དང་དངུལ་སྐོང་ལྟར་སྡུག་བསྔལ་བཟོད་གླགས་མེད་དེ། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་ཐོ་བས་བརྡུང་བ་དང་། དགྲ་སྟྭས་འཚོག་པའམ་གཤོག་པ་དང་སོག་ལེས་གཤོག་པ་དང་གཏུན་དུ་ཕྱེ་མར་འཐག་པ་དང་། ཟངས་ཁོལ་མར་འཚོད་པ་དང་མདུང་རྩེ་གསུམ་སོགས་ཀྱིས་འབིགས་པ་དང་། ལྕགས་ལེབ་མེ་previous hit འབར་བས་མགོ་མཇུག་ཐག་པས་འཆིང་ next hit་ལྟར་དཀྲི་བ་སོགས་ཀྱི་སྡུག་བསྔལ་དཔག་ཏུ་མེད་དོ། །གཉིས་པ། ཚ་དམྱལ་གྱི་ཕྱི་རོལ་ཕྱོགས་བཞིར་ཉེ་འཁོར་བཅུ་དྲུག་སྟེ། རོ་མྱགས་ཤིང་རུལ་བའི་འདམ་ན་སྲིན་བུ་ལྕགས་ཟངས་ཀྱི་མཆུ་ཅན་མང་པོས་ཟ་བ་དང་། ཐལ་ཚན་གྱི་ཆུ་བོ་རབ་མེད་དུ་ཤ་རུས་ཚིག་ཅིང་འབྲལ་བ་དང་། སྤུ་གྲིའི་ཐང་དུ་རྐང་པ་གཤོག་པ་དང་། རལ་གྲི་ལོ་མའི་ཚལ་གྱིས་ལུས་གཅོད་པ་དང་། ལྕགས་ཀྱི་ཤལ་མ་རིའི་སྡོང་པོར་འབབ་འཛེགས་བྱས་པས་ལྕགས་ཀྱི་ཐུར་མས་འབིགས་པ་སྟེ་དེ་དག་ཕྱོགས་བཞི་ན་བཞི་བཞིས་ཀུན་ནས་འཁོར་ལྷགས་པ་བཅུ་དྲུག་ཅེས་བྱ་སྟེ། གནས་དེར་ངན་སོང་དམྱལ་བ་པ་རྣམས་བར་བསྐལ་ཕྱེད་དུ་སྡུག་བསྔལ་སྣ་ཚོགས་པ་ལ་སྤྱོད་པར་དྲན་ཉེ་ལས་གསུངས་ཤིང་ཉི་ཚེ་ལ་གནས་དང་སྡུག་བསྔལ་ཚེ་ཚད་སོགས་གཅིག་ཏུ་ངེས་པ་མེད་པ་ཡིན་ནོ། །གཉིས་པ། དེ་དག་གི་ཚེ་ཚད་ནི། ཡང་སོས་ལ་སོགས་དྲུག་པོ་ནི་འདོད་ལྷའི་ཚེ་དང་ཉིན་ཞག་མཉམ་པ་ཡི་རང་ལོ་དེ་སྙེད་བར་དུ་ཐུབ་པ་སྟེ། དེ་ཡང་རྒྱལ་ཆེན་རིས་བཞིའི་རང་ལོ་ལྔ་བརྒྱ་ཡང་སོས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་བོ། །དེ་བཞིན་སུམ་ཅུ་རྩ་གསུམ་པའི་ལོ་སྟོང་དང་། མཚེ་མའི་ཉིས་སྟོང་དང་། དགའ་ལྡན་པའི་བཞི་སྟོང་དང་། འཕྲུལ་དགའི་བརྒྱད་སྟོང་དང་། གཞན་འཕྲུལ་དབང་བྱེད་པའི་ཁྲི་དྲུག་སྟོང་རྣམས་རང་རང་གི་ཉིན་ཞག་རེར་བྱས་པའི་ཐིག་ནག་གིས་རང་ལོ་སྟོང་དང་། བསྡུས་འཇོམས་ཀྱིས་ཉིས་སྟོང་དང་། ངུ་འབོད་ཀྱིས་བཞི་སྟོང་དང་། ངུ་འབོད་ཆེན་པོས་བརྒྱད་སྟོང་དང་། ཚ་བས་རང་ལོ་ཁྲི་དྲུག་སྟོང་དང་། རབ་ཏུ་ཚ་བས་བར་བསྐལ་ཕྱེད་ཐུབ་ཅིང་། མནར་མེད་པ་ནི་བར་བསྐལ་གཅིག་ཏུ་གནས་པར་གསུངས་སོ། །གཉིས་པ་གྲང་དམྱལ་ལ། དངོས་དང་། ཚེ་ཚད་གཉིས། དང་པོ། གངས་རི་སོགས་ཀྱི་གནས་དང་ཁ་བའི་བུ་ཡུག་ལངས་པ་ཡིས་རབ་ཏུ་སྦྲེབས་པ་སྟེ་འཁྱགས་པའི་ལུས་ཅན་རྣམ་པ་བརྒྱད་ནི། ལུས་ལ་ཆུ་བུར་མཐེ་བོང་ཙམ་པ་ཅན་དང་། དེ་དག་བརྡོལ་ནས་རྨར་སོང་བ་ཆུ་བུར་རྡོལ་བ་ཅན་དང་། ཨ་ཆུ་ཆུ་ཟེར་ནས་སྨྲེ་སྔགས་འདོན་པ་དང་། ཀྱི་ཧུད་ཀྱི་སྒྲ་ཙམ་ལས་མི་ཐོན་པ་དང་། སོ་འཐམ་ཞིང་སྐད་མི་ཐོན་པ་དང་། པདྨ་ལྟར་ལུས་བཞི་ཚལ་དུ་གས་པ་དང་། རྨ་དེ་དག་ཕྱི་ནང་ལོག་ནས་ཆུ་རྒྱུས་ཕྲ་མོས་སྒྲེལ་བ་ཨུཏྤལ་ལྟར་གས་པ། ཚལ་བ་བཅུ་དྲུག་གམ་སུམ་ཅུ་རྩ་གཉིས་ནས་བརྒྱ་སྟོང་དུ་གས་པ་པདྨ་ཆེན་པོ་ལྟར་གས་པ་སྟེ། གྲང་བས་ཉམ་ཐག་པའི་སྡུག་བསྔལ་ཕ་མཐའ་ཡས་སོ། །གཉིས་པ། དེ་དག་གི་ཚེ་ཚད་ཡུལ་ཀོ་ས་ལའི་ཏིལ་ཁལ་བརྒྱ་ཤོང་བའི་སྣོད་ལ་ཏིལ་སྦྱངས་ཟེར་ལ་དེ་ཏིལ་གྱིས་ཕྱུར་བུར་བཀང་བའི་ནང་ནས་ལོ་བརྒྱ་རེ་སོང་བ་ན་ཏིལ་གཅིག་སྟེ་རེ་རེ་ཕྱུང་བས་ཏིལ་དེ་ཀུན་ཟད་པར་གྱུར་པ་ན་ཆུ་བུར་ཅན་གྱི་ཚེ་ཚད་རྫོགས་པ་ཡིན་ལྷག་མ་གཞན་རྣམས་གོང་གི་ཚད་དེ་ཉི་ཤུར་འགྱུར་གྱིས་རིང་བ་ཡིན་ནོ། །གཉིས་པ་ཡི་དྭགས་ལ། དངོས་དང་། ཚེ་ཚད་གཉིས། དང་པོ། ཟས་སྐོམ་ཡིད་ལ་བཏགས་པས་ཡི་དྭགས་ཏེ་རྟག་ཏུ་བཀྲེས་སྐོམ་དང་གཞན་གྱིས་འཚེ་བས་སྡུག་བསྔལ་བ་སྟེ། དབྱེ་ན། ཕྱི་ཡི་སྒྲིབ་པ་ཅན་ནགས་ཚལ་དང་ཆུ་ཀླུང་སོགས་ཡུལ་བཟང་དགུ་མཐོང་ནའང་བལྟས་པའི་མོད་ལ་བསྐམས་ཤིང་མགལ་དུམ་སོགས་སུ་སྣང་བ་དང་། དབྱར་ཟླ་བས་ཀྱང་བསྲེག་ལ་དགུན་ཉི་མའང་གྲང་བ་སོགས་དུས་ཚིགས་ཀྱང་ཕྱིན་ཅི་ལོག་ཏུ་སྣང་བ་དང་། ནང་གི་སྒྲིབ་པ་ཅན་གློ་སྙིང་ལས་མེ་previous hit འབར་ཞིང་ཁ་ནས་དུད་པ་མེ་ལྕེར་བཅས་པ་འཐུལ་ next hit་དང་། སྤྱི་མཐུན་གྱི་སྒྲིབ་པ་ཅན་ཟས་སྐོམ་ཡིད་ལ་བཏགས་བཞིན་བཅུ་གཉིས་ཀྱི་ལོར་ཡང་ཆུ་ཡི་སྒྲ་ཙམ་ཡང་མི་ཐོས་ཤིང་ཚུར་གཞན་གྱིས་འཚེ་བ་དང་། ཟས་སོགས་མཐོང་ཡང་གཞན་གྱིས་བསྲུང་བར་སྣང་བས་སྤྱད་དབང་མེད་པ་དང་། ལུས་རི་རབ་ཙམ་ལ་ཁ་ཁབ་མིག་ཙམ་ཡོད་པས་མི་གཙང་གྱི་ནར་བོར་བའི་ཁ་ཟས་ཀྱང་དང་པོ་ཁར་མི་ཚུད་ཚུད་ཀྱང་མགུལ་བར་མ་བསླེབས་པར་ཁ་ཡི་དུག་གིས་སྐམ་པ་སོགས་སྡུག་བསྔལ་ཤིན་ཏུ་མི་བཟད་པ་དང་ལྡན་པའོ། །གཉིས་པ། ཚེ་ཚད་ནི་མི་ཡི་ལོ་བརྒྱ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱར་ཏེ་མི་ལོ་ཁྲི་དང་ལྔ་སྟོང་དུ་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ནོ། །གསུམ་པ་དུད་འགྲོ་ལ། དངོས་དང་། ཚེ་ཚད་གཉིས། དང་པོ། དུད་འགྲོ་རྣམས་ལ འང་བྱིང་ན་གནས་པ་སོགས་གཅིག་གིས་གཅིག་ཟ་ཞིང་འཚེ་བ་དང་། ཁ་འཐོར་བ་བདག་ཏུ་བཟུང་བ་རྣམས་ལ་རྨོས་རྨོ་བ་སོགས་བཀོལ་སྤྱོད་དང་ཤ་ལྤགས་སོགས་ཀྱི་ཕྱིར་གསོད་པ་དང་རྐང་ལག་དང་ཤ་སོགས་གཅོད་པས་མཚོན་སྡུག་བསྔལ་མང་པོ་དང་ལྡན་པ་ཡིན་ནོ། །གཉིས་པ། ཚེ་ཚད་ལ་མ་ངེས་ཏེ། དེ་ཡང་རིང་བ་ཀླུ་སོགས་བསྐལ་པ་རེ་ཙམ་དང་ཐུང་བ་རྣམས་སྐད་ཅིག་ཙམ་ལ་སོགས་ཏེ་མ་ངེས་སོ། །བཞི་པ། མི་རྣམས་ལ་ཡང་བདེ་བའི་གོ་སྐབས་མེད་དེ། སྐྱེ་རྒ་ན་འཆི་སྟེ་རྩ་བའི་སྡུག་བསྔལ་བཞི་དང་། དགྲ་སྡང་བ་དང་ཕྲད་པ་དང་གཅན་གཟན་སོགས་ཀྱི་འཚེ་བ་མང་ཞིང་། བཤེས་བྱམས་པ་དང་བྲལ་བ་དང་། ཡོ་བྱད་དང་བུ་ལ་སོགས་པ་འདོད་པས་ཕོངས་པ་དང་། ནད་གདོན་སོགས་མི་འདོད་པ་མྱོང་ཞིང་ཐོག་ཏུ་བབ་པ་དང་། རྙེད་བཀུར་གྲགས་པ་སོགས་འདོད་པ་མ་གྲུབ་པ་དང་ཚ་གྲང་དང་ངལ་དུབ་དང་། རང་གིས་ཕར་ཕན་བཏགས་པའི་ལན་དུ་ཚུར་གནོད་སྐྱེལ་བ་དང་། བྱས་པའི་དྲིན་མི་གཟོ་བ་དང་། འཁོར་གྱིས་ལོག་པར་སྒྲུབ་པ་དང་། དོན་མེད་པར་གཞན་གྱིས་ཕྲག་དོག་དང་། དེའི་དབང་གིས་མི་བསྔགས་ཏེ་ངན་པར་སྒྲོགས་པ་དང་། དོན་མེད་པར་སྒྲོ་སྐུར་བྱུང་བ་སྟེ་སྡུག་བསྔལ་དཔག་ཏུ་མེད་ཅིང་ཚེ་ཚད་ཀྱང་སྒྲ་མི་སྙན་ལས་གཞན་གླིང་གསུམ་ན་ཕལ་ཆེར་དུས་མིན་དུ་འཆི་བ་སོགས་ཀྱིས་ངེས་པ་མེད་དོ། །ལྔ་པ། རི་རབ་ཀྱི་ཁོང་གསེང་ན་གནས་པའི་ལྷ་མིན་རྣམས་ལའང་གཞན་ལ་ཁོང་ཁྲོ་བ་དང་། ལྷ་སོགས་དང་གཡུལ་འཁྲུགས་པ་དང་། འདོད་པ་མ་གྲུབ་ལ་མི་འདོད་པ་ཐོག་ཏུ་འབབ་པ་དང་། འཆི་བ་ལ་སོགས་ཏེ་སྣ་ཚོགས་པའི་སྡུག་བསྔལ་མང་པོ་དང་ལྡན་པས་བདེ་བའི་གོ་སྐབས་མེད་ཅིང་ཚེ་ཚད་ཡང་གཅིག་ཏུ་ངེས་པ་མེད་དོ། །དྲུག་པ། ལྷ་རྣམས་ལ་ཡང་འདོད་པ་ན་འཆི་འཕོ་བ་དང་ལྟུང་བ་ལ་སོགས་པའི་སྡུག་བསྔལ་དང་། གོང་མ་གཉིས་ནའང་སྲིད་པར་ཉིང་མཚམས་སྦྱོར་བའི་སྡུག་བསྔལ་གྱི་ཆུ་མཚོ་མཐའ་ཡས་ཤིང་དཔག་ཏུ་མེད་ལ་ཚེ་ཚད་ནི་སྔར་བཤད་པ་བཞིན་ནོ། །གསུམ་པ་དོན་བསྡུ། དེ་ལྟར་འཁོར་བ་མེ་ཡི་འོབས་དང་འདྲ་སྟེ་བདེ་བའི་སྐབས་མེད། ཟོ་ཆུན་འཁྱུད་མོ་བཞིན་དུ་གནས་རིས་སོ་སོར་གཅིག་ནས་གཅིག་ཏུ་སྐྱེ་ཤིའི་ཁ་བརྒྱུད་དེ། དུས་ཐོག་མ་མེད་པ་ནས་བདེ་སྡུག་འདི་མ་སྤྱད་བྱ་བ་དང་། གནས་འདིར་མ་བསྡད་པ་དང་། འདིའི་མངལ་དུ་མ་གནས་པ་མེད་ཅིང་ནུ་ཞོ་རྒྱ་མཚོ་བས་ལྷག་པ་འཐུང་སྟེ་ད་དུང་ལམ་ལ་མ་འབད་ན་འདི་ཙམ་ན་ཐར་ཞེས་ཐ་མ་མེད་པས། དེ་ལས་བློ་བཟང་རྣམས་ཀྱིས་ཐར་པའི་ཕྱིར་བརྩོན་པས་སྤྲོ་བ་བསྐྱེད་པར་བྱའོ། །གཉིས་པ་མྱང་འདས་ཞི་བདེར་བསམ་པ་ནི། མི་བརྟན་གཡོ་ཞིང་སྙིང་པོ་མེད་པ་དེ་འདྲ་བའི་འཁོར་བ་ལས་གཏན་དུ་ཐར་པའི་མཆོག་ནི་མྱ་ངན་ལས་འདས་པ་སྟེ། ཉོན་མོངས་པའི་ནད་ཞི་བ་དང་། སྡུག་བསྔལ་དང་བྲལ་བས་བདེ་བ་དང་། མྱ་ངན་གྱི་མེ་གཞིལ་བས་བསིལ་བའི་ཆོས་གསུམ་དང་ལྡན་པའི་བདུད་རྩི་བླ་ན་མེད་པ། རྒྱུན་འགག་པ་དང་རྒྱུན་འགྱུར་བ་དང་ཕྲ་བའི་མི་རྟག་པ་གསུམ་མེད་པས་རིམ་པར་རྟག་པ་དང་བརྟན་པ་དང་འཕོ་འགྱུར་མེད་ཅིང་རང་བཞིན་སྤྲོས་དང་བྲལ་བ་སྟོབས་སོགས་ཡོན་ཏན་གྱི་རང་བཞིན་གྱིས་ལུས་རྫོགས་པ་སྟེ། དེ་ཕན་ཆོད་རྒ་བ་དང་ཤི་བའི་འཇིགས་པ་མེད་ཅིང་སྒྲིབ་པ་གཉིས་དང་བྲལ་བ། ལས་ཉོན་གྱིས་རྙོག་པ་མེད་ཅིང་འགྲོ་བ་ཀུན་གྱི་ཕན་བདེའི་གནས་ཏེ། སྡུག་བསྔལ་ལས་སྐྱོབ་པས་འགྲོ་བའི་སྐྱབས་དང་ཐར་པའི་ལམ་སྟོན་པས་དཔུང་གཉེན་དུ་གྱུར་པ་དེར་བློ་གྲོས་བཟང་པོ་དང་ལྡན་པ་རྣམས་ཀྱིས་བགྲོད་པའི་ཕྱིར་བརྩོན་པར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འཁོར་བ་སྡུག་བསྔལ་དུ་རྟོག་ཅིང་མྱང་འདས་བདེ་བར་བསམ་པའི་ལེའུ་སྟེ་བཅུ་བདུན་པའི་འགྲེལ་པའོ། །། །༈ གསུམ་པ་བསྒོམ་པའི་ཤེས་རབ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ལྟར་བསམ་བྱའམ་བསམ་པའི་ཤེས་རབ་ཡོངས་སུ་རྫོགས་པ་ན། སྒོམ་བྱུང་གི་ཤེས་རབ་ཉིད་རྒྱུད་ལ་བསྐྱེད་པར་བྱ་དགོས་སོ། །དེ་ལ་ཉན་ཐོས་རང་རྒྱལ་ཐེག་ཆེན་ཏེ་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་ལམ་གསུམ་བསྒོམ་པ་ཡོད་ཀྱང་དེ་དག་ལས་འདིར་ནི་ཐེག་པ་ཆེན་པོ། དེ་ལས་ཀྱང་འབྲས་བུ་བླ་ན་མེད་པ་གསང་བ་སྔགས་ཀྱི་རྩེ་མོར་གྱུར་པ་རྫོགས་རིམ་འོད་གསལ་སྙིང་པོའི་དོན་ལ་འཇུག་པར་བྱ་བ་ཡིན་ནོ། །གཉིས་པ་ལ། གནས་ལུགས་གཏན་ལ་དབབ་པ་དང་། སྒོམ་པས་ཉམས་སུ་བླང་བ་གཉིས། དང་པོ་ལ། དགོས་པ་དང་བཅས་ཏེ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། དེ་ལྟར་རྟོགས་པའི་ཕན་ཡོན་གསུམ། དང་པོ། དེ་ལ་དང་པོ་བསྒོམ་པའི་སྔོན་དུ་གནས་ལུགས་ཤེས་པ་གཅེས་ཏེ། ལྟ་བ་ནི་མིག་དང་འདྲ་བའི་ཕྱིར་རོ། །གནས་ལུགས་དེ་ལའང་ཐེག་པའི་དབང་གིས་ཕྱོགས་རེ་ནས་གཏན་ལ་ཕབ་པ་སོགས་རྣམ་པ་མང་ན་ཡང་མདོ་རྒྱུད་ཐམས་ཅད་ཀྱི་ངེས་པའི་སྙིང་པོ་བདེན་པ་དབྱེར་མེད་དེ་ནི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་མཐར་ཐུག་པ་ན་གནས་པའི་མཛོད་ཁང་ཡིན་ཏེ། དེ་ཡང་རྡོ་རྗེ་ཐེག་པ་ཕྱི་རྒྱུད་གསུམ་ལྟ་བ་མཚན་ཉིད་ཐེག་པ་དང་ཆ་འདྲ་བར་དོན་དམ་པར་གང་ཡང་མ་གྲུབ་པའི་རང་བཞིན་དུ་གཏན་ལ་འབེབས་ལ། དེང་སང་གི་སྔགས་པ་ཕལ་ཆེར་དེའི་རྗེས་སུ་འབྲང་ངོ་། །ནང་པ་གསུམ་གྱིས་ཀུན་རྫོབ་ལྷའི་རང་བཞིན་དུ་སྣང་བ་ཉིད་ནས་བདེན་པ་དབྱེར་མེད་དུ་འཇོག་པས་བདེན་པ་ཐ་དད་དུ་འཛིན་པ་དོར་ནས་ཆོས་ཐམས་ཅད་ངེས་དོན་འབའ་ཞིག་གི་སྙིང་པོར་གཏན་ལ་འབེབས་པས། ལྷུན་གྲུབ་སྙིང་པོའི་ཁམས་ཀྱི་གློ་བུར་གྱི་སྒྲིབ་པ་སེལ་བ་ཙམ་ལས། ངོ་བོ་རྒྱུ་འབྲས་ཐ་དད་དུ་མི་འདོད་པས། འདུས་མ་བྱས་རང་སྣང་བའི་དཀྱིལ་འཁོར་དུ་ཤེས་པར་བྱེད་དོ། །དེ་ལམ་དུ་བྱེད་ཚུལ་ཕ་མ་གཉིས་མེད་ཀྱི་རིམ་པས་ཐ་དད་ཀྱང་ངོ་བོ་གྲུབ་སྡེ་གཅིག་པར་ཁས་ལེན་ཏེ་དཔེར་ན་བུམ་པའི་བདེན་འཛིན་ལོག་ཀྱང་སྣང་ཙམ་གྱི་བུམ་པར་རྣམ་པར་འཇོག་པ་སྟེ། དོན་ལ་བུམ་པ་བཀག་ཤུལ་གྱི་མེད་རྐྱང་གི་རྗེས་སུ་འབྲང་བ་མིན་པར། བུམ་པ་ཁེགས་ཀྱང་བུམ་སྣང་དེ་ཡོད་པར་འཇོག་ཤེས་དགོས་པ་བཞིན་དངོས་པོའི་བདེན་འཛིན་གཞིག་པའི་ཕྱིར་དང་པོར་རིགས་པས་དཔྱད་ནས་བཀག་ཀྱང་དོན་ལ་དགག་རྐྱང་ཙམ་ཞིག་མཐར་ཐུག་ཏུ་མ་གྲུབ་སྟེ་སྣང་སྟོང་འདུ་འབྲལ་མེད་པ་ཉིད་གནས་ལུགས་ཡིན་གྱི་ཕྱོགས་སུ་ལྷུང་བ་མ་ཡིན་ནོ། །དེས་ན་རྣལ་དོན་དུ་བདེན་གྲུབ་དང་དགག་རྐྱང་འཛིན་པ་གཉིས་ཀ་བློས་ཕར་ཀུན་ཏུ་བཏགས་པ་ཙམ་དུ་ཟད་ལ། ཆོས་ཉིད་གཤིས་ལ་གང་དུའང་མ་གྲུབ་སྟེ་སྣང་སྟོང་མཉམ་པ་ཉིད་དུ་གནས་པས་ན་སྣང་སྟོང་འདི་གཉིས་གཅིག་སྤངས་ནས་གཅིག་ལ་མཆོག་ཏུ་ཞེན་པར་མི་བྱའོ། །དེ་ལྟར་མ་གོ་བར་ཅི་ཡང་མེད་པར་འཛིན་པ་ནི། ཕྱང་ཆད་ཐེག་ཆེན་གྱི་ལམ་དང་རིང་བ་ཞེས་བྱ་ལ། སྒོས་སུ་རྡོ་རྗེ་ཐེག་པའི་སྐལ་བ་མེད་པ་ཞེས་བྱའོ། །གཉིས་པ་ལ། གཞི་བདེན་གཉིས་དབྱེར་མེད་དུ་གཏན་ལ་ཕབ་པ། ལམ་འཁོར་འདས་དབྱེར་མེད་དུ་ཉམས་སུ་ལེན་པ། ཐོབ་བྱ་གཞི་འབྲས་དབྱེར་མེད་དུ་ལ་བཟླ་བ་གསུམ། དང་པོ་ལ། བདེན་གཉིས་དབྱེར་མེད་ཀྱི་ངོ་བོ། དབྱེར་མེད་པའི་རྒྱུན་མཚན་གཉིས། དང་པོ། རྡོ་རྗེ་ཐེག་པའི་སྙིང་པོའི་དོན་ཀུན་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་ལ། ཕ་རྒྱུད་ཀྱི་རྫོགས་རིམ་ཟབ་གསལ་གཉིས་མེད་ཀྱི་ཡེཤེས་ཐབས་རླུང་གི་རྣལ་འབྱོར་དང་། མ་རྒྱུད་ཀྱི་བདེ་གསལ་བསམ་མི་ཁྱབ་པའི་ཐབས་ཐིག་ལེའི་རྣལ་འབྱོར་དང་། གཉིས་མེད་ཀྱི་རྫོགས་རིམ་འོད་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐབས་ཕྲ་མོའི་རྣལ་འབྱོར་དུ་བྱ་བ་གསུམ་ཆར་མན་ངག་འདིར་ཆ་མཉམ་དུ་སྟོན་པ་སྟེ། ཆ་མཉམ་ནི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པས་དེ་གཏན་ལ་འབེབས་པའི་ཕྱིར་རོ། །དེས་ན་དེ་དག་གི་གཞི་ཡི་གནས་ཚུལ་མ་ཤེས་ན་གང་ཡང་མི་འབྱུང་བས། རིག་པའི་ཡེ་ཤེས་བདེན་པ་དབྱེར་མེད་དེ་ཡི་རང་བཞིན་ཇི་ལྟ་བུ་ཞེ་ན། གདོད་མ་ནས་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་ཡིན་ཏེ། དེ་ཡང་ཐོག་མ་མེད་པ་ནས་ཡོད་མེད་ལ་སོགས་པའི་མཐའ་བཞིའི་སྤྲོས་པ་རབ་ཏུ་ཞི་བའི་སྤྲོས་མེད་ཀྱི་བདག་དམ་པ། ཡོན་ཏན་གྱི་དཀྱིལ་འཁོར་གང་བས་མཛེས་པ་ཉི་མ་ལྟ་བུ་དང་སྒྲིབ་པ་མེད་པའི་དབྱིངས་སམ་ཆོས་ཉིད་ནམ་མཁའ་བཞིན་ཏེ། འོད་གསལ་དེའི་རང་བཞིན་ལས་གཞི་ལམ་འབྲས་བུའི་གནས་སྐབས་ནམ་དུ་ཡང་མི་གཡོ་བས་ལྷུན་གྲུབ་འདུས་མ་བྱས། རང་བཞིན་གྱིས་སྒྲིབ་གཉིས་རྣམ་དག་ཆེན་པོར་ཡེ་ནས་གནས་ཏེ་ཐ་དད་དུ་བྱ་བ་ཡོད་མ་མྱོང་བས་སྣང་སྟོང་ཐ་དད་དུ་དབྱེར་མེད་པ་སྟེ། མཚན་བརྗོད་ལས། རང་བཞིན་གྱིས་ནི་དག་པའི་བདག །ཐོག་མ་མེད་ནས་སྤྲོས་མེད་བདག །ཅེས་དང་། དྲི་མ་མེད་པས་གཙང་བ། ཀུན་ལ་ཁྱབ་པས་བདག་དམ་པ། འགྱུར་བཅས་ཀྱི་ཟུག་རྔུ་མེད་པས་སམ་སྡུག་བསྔལ་གྱིས་ཟིལ་གྱིས་མི་ནོན་པས་བདེ་བ། འཕོ་འགྱུར་མེད་པས་རྟག་པ་སྟེ། ཚུ་རོལ་མཐོང་བའི་བློ་ལས་བསྐལ་དོན་ཕ་རོལ་ཏུ་གྱུར་པའི་དབང་དུ་བྱས་ནས། མདོ་སྡེ་རྒྱན་ལས། བཙང་བདག་བདེ་དང་རྟག་ཉིད་ཕྱིར། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་སོ། །དེ་ཡང་སྔར་མེད་པའི་ཡོན་ཏན་སོ་མ་དེའི་སྟེང་དུ་གྲུབ་པའམ་གཞག་ཏུ་མེད་ལ། གློ་བུར་པ་ཙམ་ལས། རང་བཞིན་པའི་སྐྱོན་ནམ་དྲི་མ་ཕྱིར་བསལ་དུ་མེད་པས་སྐྱོན་སྤང་བ་ཕྱིར་འགྲོ་བ་དང་། ཡོན་ཏན་ནང་དུ་འོང་བ་མེད་པ་ཉིད་ནི་གནས་ལུགས་ཡང་དག་པའི་དོན་ཏེ། དེ་རྟོགས་པའམ་མཐོང་བས་གྲོལ་ནུས་པར། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་སོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ། འོད་གསལ་བའི་ཡེ་ཤེས་དེ་ལ་འཁོར་བ་ཀུན་རྫོབ་པའི་སྣང་བ་སྤྲིན་དང་འདྲ་བས་མ་རེག་པའམ་སྒྲིབ་པའི་གཞི་མེད་པས་འཁྲུལ་པར་སྣང་བ་ཙམ་ཡང་དོན་ལ་རང་བཞིན་གྱིས་མ་གྲུབ་པས་རྣམ་པར་ཆད་ལ། དེ་མ་གྲུབ་ན་སྣང་ཚོད་སྟོང་ཉིད་དུ་གཞལ་བའི་དོན་དམ་པའང་མ་གྲུབ་པས་བདེན་གཉིས་སུ་རྣམ་པར་དབྱེ་བའི་ཡུལ་ལས་འདས་པས་ན། དབྱིངས་ལ་གྲུབ་མཐའི་བློས་བཏགས་པའི་བདེན་པ་གཉིས་ལས་འདས་པའི་ཕྱིར་བློས་དམིགས་པའི་སྤྲོས་པ་ཀུན་ཞི་བ་འདི་ལེགས་པར་རྟོགས་ན། དབྱིངས་ལ་བདེན་པ་གཉིས་མ་གྲུབ་པས་བདེན་པ་དབྱེར་མེད་ཞེས་བརྗོད་པ་འདི་ལ་ནི་ཀུན་རྫོབ་ཏུ་གྲུབ་པ་དང་དོན་དམ་དུ་མ་གྲུབ་ཅེས་ཀྱང་བརྗོད་དུ་མེད་དོ། །དེས་ན་སྣང་སྟོང་ཕྱོགས་རེ་བ་མིན་པ་ལ་བདེན་པ་དབྱེར་མེད་ཅེས་བརྗོད་པའང་། བདེན་པ་ཡོད་པའི་བློ་ལ་ལྟོས་ནས་དེ་དབྱེར་མེད་དུ་བཞག་གི། རང་གི་ངོ་བོ་ལ་དབྱེར་ཡོད་མེད་སོགས་ཀྱང་མེད་དེ་སྤྲོས་པ་དབྱིངས་སུ་ཞི་བ་ཉིད་དོ། །དེ་ལྟར་ན་དབྱིངས་དེ་ལ་སྣང་ངོ་ཞེས་སམ་མི་སྣང་སྟེ་སྟོང་ངོ་ཞེས་པའི་རང་བཞིན་གཉིས་ཆར་ཡང་མེད་པས། བདེན་པ་གཉིས་པོ་དེ་ཡང་དབྱེར་མེད་ཅེས་སུ་བརྗོད་དེ། སྒྱུ་འཕྲུལ་བླ་མ་ལས། དོན་དམ་ཀུན་རྫོབ་དབྱེར་མེད་པ། །མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། །ཞེས་གསུངས། དེས་ན་ཐ་སྙད་དུ་བཏགས་པའི་བདེན་གཉིས་སྣང་ཚོད་འདི་ལ་ཡང་སོ་སོར་དབྱེར་མེད་ན། གཤིས་འོད་གསལ་ལ་ལྟ་ཅི་སྨོས་ཏེ་གསལ་འགྲིབ་མེད་པ་ཉི་མའི་དཀྱིལ་འཁོར་བཞིན་ནོ། །གཉིས་པ་རྒྱས་བཤད་ལ། སྣང་ཚུལ་ཐ་སྙད་ལ་བདེན་པ་གཉིས་སུ་དབྱེ་བ། གནས་ཚུལ་དོན་དམ་པར་དབྱེར་མེད་གཅིག་ཏུ་བསྟན་པ་གཉིས། དང་པོ། དོན་ལ་དེ་ལྟར་དབྱེར་མེད་ཀྱང་ཐ་སྙད་དུ་དབྱེར་ཡོད་དེ། སྤྱིར་དོན་དམ་དང་ཀུན་རྫོབ་ཀྱི་འཇོག་ཚུལ་འདི་ལ་སྣང་ཚུལ་དང་གནས་ཚུལ་གྱིས་བཞག་པ་ནི་སྣང་ཆ་དང་སྟོང་ཆ་ལ་འཇོག་པས་དེ་ནི་འཁོར་འདས་གཉིས་ཀ་འདྲ་ཞིང་མཉམ་ལ། འདིར་གནས་ཚུལ་དང་སྣང་ཚུལ་མཐུན་པ་དང་མི་མཐུན་པ་ལ་དོན་དམ་དང་ཀུན་རྫོབ་ཏུ་འཇོག་པའི་ལུགས་ཏེ། འདི་ཐ་སྙད་དཔྱོད་པའི་ཚད་མས་ཡང་དག་དང་ཡང་དག་མིན་པར་ཕྱེས་ནས་བདེན་གཉིས་འཇོག་ཚུལ་ཡིན་པས་དེའི་ཚུལ་གྱིས་རབ་ཏུ་དབྱེ་ན། འདི་ལྟར་དོན་གྱི་སྙིང་པོ་འོད་གསལ་ལ་སྒྲིབ་པའི་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཚོགས་བརྒྱད་ཡུལ་སེམས་གཉིས་སུ་སྣང་ཞིང་གཉིས་སུ་ཞེན་པའི་འཁྲུལ་སྣང་འཁོར་བའི་ཆོས་རྣམས་ཀུན། སྣང་བ་ལྟར་མི་བདེན་ཞིང་སྙིང་པོ་མེད་པས་བསླུ་བའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ལགས་ཤིང་། ཟབ་པ་སྟོང་ཉིད་དང་ཞི་བ་སྤྲོས་པའི་མཚན་མ་དང་བྲལ་བ་དང་རང་བཞིན་གྱིས་འོད་གསལ་བ་ཟག་པ་མེད་པའི་ཡོན་ཏན་གྱི་ཆོས་ཡེ་ནས་ལྷུན་གྱིས་གྲུབ་པས་འབྲས་བུ་ལ་སྨོན་པ་མེད་པས་རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཆོས་ནི་ནམ་ཡང་རྫུན་པ་དང་བསླུ་བའི་ཆོས་ཅན་མིན་པས་འགྱུར་བ་མེད་པའི་རང་བཞིན་ཡིན་པའི་ཕྱིར་དོན་དམ་བདེན་པར་འདོད་དེ། དཔེར་ན་སྤྲིན་དང་ཉི་མ་ལྟར་སྒྲིབ་ཡུལ་འོད་གསལ་དེ་དོན་དམ་བདེན་པ། སྒྲིབ་བྱེད་འཁོར་བའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཀུན་རྫོབ་བདེན་པའོ། །དེས་ན་བདེན་གཉིས་འདི་ལ་དོན་བྱེད་ནུས་མི་ནུས་དང་། སྐྱེ་སོགས་ཡོད་མེད་དང་། བསླུ་མི་བསླུ་སོགས་དབྱེ་སྒོ་མང་ཡང་། འདིར་བསླུ་མི་སླུ་སྟེ། དེ་ལྟར་འཇོག་པའི་གནད་ནི་འཁོར་འདས་དབྱེར་མེད་པར་སྒྲུབ་པའི་གནད་ཀྱིས་ཏེ། དེ་ལྟའི་སྒྲིབ་པ་སྣང་ལ་མ་གྲུབ་པས་ནམ་ཡང་འོད་གསལ་ལ་གོས་སུ་མེད་པའི་ཕྱིར། དབྱེ་བ་ལ་འདྲེས་དགོས་པ་ལས་དྲི་མ་གློ་བུར་པ་དང་། འོད་གསལ་རང་བཞིན་གྱིས་གནས་པ་དང་། དེ་གཉིས་མཚན་ཉིད་མི་མཐུན་པས་གཅིག་དང་ཐ་དད་གང་དུའང་འདྲེས་པ་མེད་པས་དབྱེར་མེད་ཅེས་བཏགས་པའོ། །གཉིས་པ། གཉིས་སྣང་དང་བཅས་པའི་སྤྱོད་ཡུལ་དུ་མི་བརྟན་གཡོ་བའི་ངང་ཚུལ་ཅན་གྱི་ཀུན་རྫོབ་འདི་ལྟར་སྣ་ཚོགས་སུ་སྣང་བ་འདི་ཡང་། སྒྱུ་མ་ཆུ་ཟླ་སྤྲུལ་པ་གཟུགས་བརྙན་བཞིན་དུ་བརྟགས་ན་རང་བཞིན་དུ་གྲུབ་པ་རྡུལ་ཙམ་མེད་ལ། མེད་ཀྱང་སྣང་ནི་སྣང་བ་གང་ཡིན་པ་འདི་དག་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཤིན་ཏུ་བརྟགས་ན་རགས་པའི་གཞི་དང་ཕྲ་བའི་རྩ་བར་གྱུར་པའི་དངོས་པོ་ཕྲ་རབ་རྡུལ་ཙམ་ཡང་གྲུབ་པ་མེད་པས་རང་བཞིན་གྱིས་ནམ་མཁའ་དང་འདྲ་བར་སྟོང་ཞིང་། ཆོས་རང་རང་གི་མཚན་ཉིད་ཀྱིས་གྲུབ་པ་རྣམ་པར་ཆད་པའམ་བྲལ་བ་སྟེ། མ་བརྟགས་མ་དཔྱད་པར་བག་ཡང་ཉམས་དགའ་བ་ཙམ་གྱི་སྤྱོད་ཡུལ་དུ་ནི་རྣམ་པ་སྣ་ཚོགས་པའི་རང་བཞིན་དུ་སྣང་བ་ནི་དཔེར་ན་མེད་བཞིན་སྣང་བ་སྒྱུ་མ་བཞིན་ནོ། །མེད་བཞིན་དུ་སྣང་བའི་རྒྱུ་ཅི་སྙམ་ན་ཐོག་མེད་ནས་གོམས་པའི་བག་ཆགས་གང་ཞིག་འཁྲུལ་པའི་རང་བཞིན་ཅན་གྱི་རྟེན་འབྲེལ་གྱི་དབང་ལས་བྱུང་བ་ཡིན་ཏེ་བརྟགས་ན་མེད་ལ་མ་བརྟགས་ན་ཡོད་པས་འཁྲུལ་སྣང་ཞེས་བྱ། ཇི་ལྟར་དྷ་དུ་ར་ཟོས་པ་ཡི་གང་ཟག་གི་མིག་ལམ་དུ་གླང་པོ་སོགས་སྣ་ཚོགས་སུ་སྣང་བ་བཞིན་ནོ། །དེ་ལྟར་འཁྲུལ་པའི་སྣང་བ་འདི་དག་རང་བཞིན་གྱིས་ཆོས་ཀྱི་བདག་གིས་སྟོང་ཞིང་གང་ཟག་གི་བདག་མེད་པ་དེ་ཉིད། སྣང་བ་དེ་ཡི་གནས་ལུགས་ཡིན་པའི་ཕྱིར་སྟོང་པའི་ཆ་དེ་ལ་དོན་དམ་ཞེས་བྱ་ཞིང་དེའི་སྣང་ཆ་ལ་ཀུན་རྫོབ་ཅེས་སུ་བཞག་པ་སྟེ། དེ་ལྟར་སྣང་བའི་དུས་ཉིད་ནས་ཀྱང་སྐྱེ་བ་དང་། གནས་པ་སོགས་སུ་རང་བཞིན་གྱིས་གྲུབ་པ་མེད་པས་ན། ཆོས་དེ་དང་དེའི་རང་བཞིན་ནམ་གནས་ལུགས་ནི་སྣང་སྟོང་འདུ་འབྲལ་མེད་པར་གནས་པ་དེ་ཡིན་པའི་ཕྱིར་བདེན་པ་དབྱེར་མེད་པ་ཉིད་དོ། །མདོར་ན་ཀུན་རྫོབ་སྣང་སྟོང་གི་ཟླས་ཕྱེ་བའི་བདེན་པ་གཉིས་པོ་ངོ་བོ་ལ་དབྱེ་བ་ཐ་དད་སོ་སོ་བ་མ་གྲུབ་སྟེ་གཉིས་ཆར་གཞི་མེད་པའི་ཕྱིར། སེམས་འགྲེལ་ལས། དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི། །གནས་མེད་སྒྱུ་མ་དང་མཚུངས་ཤིང་། །ཞི་བ་སྲིད་པ་གཉིས་མེད་པ། །སྟོང་པ་ཉིད་ནི་རྟག་ཏུ་སྒོམ། །ཞེས་གསུངས། དེ་ལྟར་ཐ་སྙད་ཀྱི་བདེན་པ་གཉིས་རིལ་པོ། འདིར་ཀུན་རྫོབ་ཏུ་བཞག་ནས་མ་གྲུབ་པ་ཉིད་གཏན་ལ་འབེབས་ཏེ། མདོ་རྒྱན་ལས། གཞན་གྱི་མར་ནི་གང་འདོད་པ། །དེ་ནི་གཞན་གྱི་ཆུང་མ་ཉིད། །གཞན་གྱི་དོན་དམ་གང་ཡིན་པ། །དེ་ནི་གཞན་གྱི་ཀུན་རྫོབ་ཉིད། །ཅེས་སོ། །དེས་ན་ཐ་སྙད་པས་དོན་དམ་དུ་འདོད་ཀྱང་བློས་དཔྱད་པ་ལ་དངོས་པོ་དང་དོན་སྤྱི་དངོས་མེད་འཛིན་པ་ལས་མེད་པས་ན་ཀུན་རྫོབ་ཉིད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ལམ་འཁོར་འདས་དབྱེར་མེད་ལ། དངོས་དང་། དེ་ལ་ལོག་རྟོག་དགག་པ་གཉིས། དང་པོ་ལ། གནས་ལུགས་ལ་འཁོར་འདས་དབྱེར་མེད་དུ་བསྟན་པ་དང་། སྣང་ཚུལ་གྱིས་མི་གནོད་པར་བསྟན་པ་གཉིས། དང་པོ། འཁོར་བར་སྣང་བའི་ཆོས་དེ་ཡི་རང་བཞིན་གདོད་ནས་རྣམ་པར་དག་པ་སྐྱེ་མེད་སྟོང་ཆ་དབྱིངས་དོན་དམ་དང་། མཁྱེན་ཆ་འོད་གསལ་བའི་དོན་དམ་ཞེས་ཡེ་ཤེས་དང་འབྲས་བུའི་དོན་དམ་བསྟན་ཏེ། དེ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་ལ་ལྡོག་ཆས་ཕྱེ་ན་མེ་ལོང་མཉམ་ཉིད་སོགས་ལྔ་དང་། དེ་ལ་བརྟེན་ནས་སྐུ་ལྔ་འབྱུང་བས་ན་འབྲས་བུ་དང་ཡེ་ཤེས་ཀྱི་དོན་དམ་ནི་འོད་གསལ་ལ་འདུ་བས། དེ་ལྟར་དབྱིངས་ཡེ་གཉིས་པོ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པས་ན། སྣང་ཚུལ་འཁོར་བ་མ་གྲུབ་པས་གནས་ཚུལ་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟེ་གཤིས་ལ་འཁོར་འདས་གཉིས་སུ་མེད་ཅིང་བདེན་པ་གཉིས་སུ་དབྱེར་མེད་པའི་ཚུལ་གཅིག་པུ་ཉིད་དོ། །དེས་ན་འོད་གསལ་དོན་དམ་མྱ་ངན་ལས་འདས་པའི་རང་བཞིན་དང་། འཁོར་བ་གདོད་ནས་དག་པའམ་རང་བཞིན་མེད་པ་གཉིས་གྲུབ་མ་གྲུབ་ཆོས་འགལ་བས་དབྱེ་བ་མེད་པས་དབྱེར་མེད་དུ་ཤེས་པར་བྱའོ། །འོ་ན་མྱང་འདས་མ་གྲུབ་པར་བཤད་མོད་ཅེ་ན། བཏགས་པའི་ཞེན་པ་འགོག་པ་ལ་དགོངས་ཀྱི་མཚན་ཉིད་ཆད་པའི་མ་གྲུབ་པ་མིན་ནོ། །གཉིས་པ། འདི་ལྟར་འཁྲུལ་སྣང་འཁོར་བའི་ཆོས་སུ་སྣང་ཡང་སྣང་བ་ལྟར་དུ་འཁོར་བ་བདེན་པར་མ་གྲུབ་པས་ན་རང་བཞིན་མེད་པ་ཉིད་དེ། གལ་ཏེ་སྣང་བ་ལྟར་བདེན་པར་གྲུབ་ན་མྱང་འདས་སུ་མི་རུང་བའི་ཕྱིར། དེས་ན་དབྱིངས་ཀྱི་དོན་དམ་དང་འཁོར་བ་གཉིས་ཐ་དད་སོ་སོར་དབྱེ་བའི་ཆོས་རིགས་པས་དཔྱད་བཟོད་དུ་མེད་པས། འཁོར་འདས་གཉིས་དབྱེར་མེད་མཉམ་པ་ཉིད་དུ་བསྟན་པ་ཡིན་ནོ། །དོན་དམ་པར་འཁོར་བ་སྣང་ལ་མ་གྲུབ་པའི་མ་གྲུབ་པའི་ཆ་དེ་དང་། དབྱིངས་ངོ་བོ་ཉིད་ཀྱི་དག་པའི་དོན་དམ་ལ་གཅིག་ཆོས་འགལ་བས་ཀྱང་འདྲེར་མེད་དོ། །འཁོར་བས་གོས་པ་མེད་པའི་ཕྱིར་ངོ་བོ་ཉིད་ཀྱིས་རྣམ་དག་ཏུ་བསྟན་པས་དེ་ཉིད་དབྱེར་མེད་དོ། །སྣང་མུན་འདྲེས་པའི་དབྱེར་མེད་ཅེས་བྱ་བ་མེད་པ་བཞིན་ནོ། །འཁོར་བ་མ་གྲུབ་པས་དབྱེ་ཆོས་མེད་པ་དེའི་ཕྱིར་ཡང་འོད་གསལ་དང་དབྱེར་མེད་ཅེས་བརྗོད་དེ། ཉིན་མཚན་གྱི་དབྱེར་མེད་དང་། དངོས་པོ་དང་རི་བོང་གི་རྭ་བཞིན་ནོ། །གཉིས་པ། བདེན་པའམ་འཁོར་འདས་དབྱེར་མེད་ཀྱི་དོན་འདི་ལས་གཞན་དུ་རྟོག་པ་ནོར་བའམ་ལོག་པའི་བློ་དེ་ནི་གནས་ལུགས་ཐེག་པ་བླ་ན་མེད་པའི་དོན་ལ་རབ་ཏུ་རྨོངས་པ་ཡིན་ཏེ། གང་ཞེ་ན། འཁོར་འདས་གཉིས་སྣང་ཙམ་དུ་གྲུབ་པ་ཡང་ངོ་བོ་རང་བཞིན་མེད་པས་དབྱེར་མེད་ལ། དོན་དམ་པར་གཉིས་ཀ་གཞི་མ་གྲུབ་པས་དབྱེ་བའི་ཡུལ་མེད་ཅེས་འདོད་པའང་། ཐེག་པ་བླ་མེད་ཀྱི་དོན་ལ་རྨོངས་ཤིང་གཏི་མུག་པ་ཞེས་བྱ་སྟེ། རང་བཞིན་མ་གྲུབ་པར་འདྲ་བ་ཙམ་དང་སྟོང་རྐྱང་ཕྱང་ཆད་ལ་བདེན་པ་དབྱེར་མེད་ཀྱི་དོན་རྫོགས་པར་བཟུང་བ་མི་འཐད་དེ། ཅིའི་ཕྱིར་ན། འཁོར་འདས་སྣང་ཙམ་གྱི་ཐ་དད་ལ། དོན་དམ་རང་བཞིན་མ་གྲུབ་པའི་དགག་ཆ་ཙམ་དུ་དབྱེར་མེད་པ་ཙམ་གྱིས་འཁོར་འདས་དབྱེར་མེད་ཆེན་པོའི་དོན་རྟོགས་པ་མིན་ཏེ། འཁོར་འདས་དབྱེར་མེད་ཆེན་པོ་ནི་རང་བཞིན་གཉུག་མ་གྲུབ་བསལ་མེད་པ་ཙམ་ཞིག་ཆོས་ཀུན་གྱི་རང་བཞིན་ནམ་གནས་ལུགས་སུ་གྲུབ་པ་དེ་ལ་མྱང་འདས་ཆེན་པོ་ཞེས་ཐ་སྙད་གདགས་པ་ཡིན་ལ། དེའི་དོན་ཇི་ལྟ་བ་བཞིན་བློ་ཡུལ་ལས་འདས་ཤིང་གཉིས་ཆོས་འཁོར་འདས་ཀྱི་ཟླས་ཕྱེ་བའི་མྱང་འདས་མིན་པས། སྣང་ཆ་ནས་དེ་གཉིས་སོ་སོར་དབྱེ་ཞིང་སྟོང་ཆ་ནས་དབྱེར་མེད་ཅེས་པ་དེ་ལ་བརྟགས་ན། འཁོར་འདས་སྣང་དུས་སོ་སོར་དབྱེ་བར་སྣང་བཞིན་དུ་དབྱེར་མེད་མི་འཐད་དེ། ཀ་བུམ་སོ་སོར་སྣང་བཞིན་ཀ་བུམ་དབྱེར་མེད་པ་མི་འཐད་པ་བཞིན་དང་། སྟོང་པར་འདྲ་བ་ཙམ་གྱིས་དབྱེར་མེད་དོ་སྙམ་ན་མ་ཡིན་ཏེ། འཁོར་འདས་དབྱེར་སྣང་ན་སྣང་བ་ཐ་དད་ལ་ལྟོས་པའི་སྟོང་པའམ་རང་བཞིན་མེད་པའང་དབྱེར་ཡོད་ཁོ་ནའམ་ཐ་དད་དེ། ཀ་བའི་སྟེང་གི་དངོས་པོ་དང་། བུམ་པའི་སྟེང་གི་དངོས་པོ་བཞིན་ནོ། །གལ་ཏེ་འདྲ་བ་ཙམ་གྱིས་དབྱེར་མེད་ཡིན་ན་ཆོས་ཐམས་ཅད་ཤེས་བྱར་མཚུངས་པས་རང་བཞིན་དབྱེར་མེད་པའི་གཅིག་པར་འགྱུར་བས་གཅེར་བུ་པའི་ལུགས་རྣལ་མ་ཁས་བླངས་པ་ཡིན་ནོ། །དེས་ན་རང་བཞིན་མ་གྲུབ་ཙམ་གྱི་ཆ་ཁོ་ན་བཟུང་བའི་སྟོང་རྐྱང་ནི་འཁོར་བ་མིན་ལ་མྱང་འདས་ཀྱང་མིན་ཞིང་། དེ་གཉིས་ཀའི་རང་བཞིན་ནམ་གནས་ལུགས་མཐར་ཐུག་ཀྱང་མིན་ཏེ་སྟོང་པ་ཆིག་རྐྱང་གི་ཕྱོགས་སུ་ལྷུང་བའི་ཕྱིར་རོ། །དགག་པ་དེ་རང་ལའང་མཚུངས་ཏེ་འཁོར་འདས་གཉིས་པོ་སྣང་ཙམ་དུ་དབྱེར་མེད་པ་སུས་ཀྱང་ཁས་བླང་མི་ནུས་པའི་ཕྱིར་སྙམ་ན་མི་མཚུངས་ཏེ། འཁོར་འདས་ཞེས་སོ་སོར་སྣང་བའི་གཉིས་ཆོས་ཀྱི་རྣམ་པར་དབྱེ་བ་མཐར་ཐུག་གི་དོན་ལ་ཡེ་ནས་མ་གྲུབ་པའི་ཕྱིར་ན་གཉིས་སུ་སྣང་བའང་མེད་ཅིང་དེ་ལྟར་ན་སོ་སོའི་ཆོས་ཉིད་ཅེས་བློས་རྣམ་པར་གཞག་པའི་ཡུལ་ཡང་ཡེ་ནས་མེད་པས་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བ་ཞེས་གསུངས་ཏེ། རྣམ་གྲངས་མིན་པའི་མྱང་འདས་ཡིན་ནོ། །དེས་ན་ཐ་དཔྱོད་ངོར་དོན་དམ་དུ་འཁོར་བ་མེད་ཀྱང་གྲོལ་བའང་མེད་ན། འབད་པ་དོན་མེད་པ་དང་ཡང་འཁོར་བ་སོགས་ཀྱི་སྐྱོན་མང་ངོ་། །དེའི་ཕྱིར་མིག་སྐྱོན་ཅན་གྱི་དུང་ལ་སེར་འཛིན་བཞིན་གནས་ལུགས་མཐར་ཐུག་གཉུག་མའི་གཤིས་ལ། འཁོར་བ་མ་གྲུབ་ཀྱང་ད་ལྟ་འཁྲུལ་ངོ་ན་སྣང་། དོན་དམ་འོད་གསལ་སྐུ་དང་ཡེ་ཤེས་ཀྱི་ཆོས་ཀུན་ཡེ་ནས་འདུ་འབྲལ་མེད་པར་བྲལ་མི་ཤེས་ཀྱི་ཆོས་ཉིད་དུ་གྲུབ་ཀྱང་ད་ལྟ་གློ་བུར་གྱི་སྒྲིབ་པ་ཅན་ལ་མི་སྣང་། སྒྲིབ་བྱེད་དེ་དང་བྲལ་ཏེ་སངས་རྒྱས་དུས་གནས་ཚུལ་ཇི་ལྟ་བ་བཞིན་སྣང་བ་ཡིན་ཞེས་བྱ་བར་བཞག་གོ །དེས་ན་ད་ལྟ་ཡིད་དཔྱོད་ཀྱི་རྣམ་པས་གང་ཡང་མེད་པར་འཛིན་པ་དེ་ཉིད་ཆད་པར་ལྟ་བ་ཡིན་པས། ཐར་པར་འདོད་པ་རྣམས་བརྟེན་པར་མི་བྱའོ། །དེའི་ཕྱིར་གཤིས་སྤྲོས་བྲལ་མཉམ་པ་ཉིད་ལ་སྒྲོ་བཏགས་པའི་གྲུབ་མ་གྲུབ་མེད་ཀྱང་། ཐ་དཔྱོད་ངོར་གནས་ཚུལ་མཐར་ཐུག་གཟིགས་པའི་སངས་རྒྱས་ཀྱི་མཁྱེན་པ་བཞིན་རང་བཞིན་རྣམ་དག་ཆེན་པོར་དོན་ལ་གྲུབ་པ་ཉིད་ཡོད་པར་རྒྱུད་སྡེ་ཟབ་མོར་གསུངས་པ་ཡིན་པས། རྟོག་གེའི་རིགས་པ་ངན་སྐྱུགས་དང་འདྲ་བས་ནམ་ཡང་སུན་དབྱུང་བར་མི་བྱའོ། །མདོར་ན་དོན་དམ་པར་འཁོར་འདས་ཐ་དད་ན་སྲིད་ཞི་མཉམ་ཉིད་དང་འབྲས་བུའི་ཐེག་པ་འགྲུབ་ཐབས་མེད། ཐ་སྙད་དུ་འཁོར་འདས་འདྲ་བར་བྱས་ནས་མཉམ་པའི་དོན་གདེང་དུ་མ་གྱུར་ན་རྒྱུ་འབྲས་འཆོལ་བས་གཉིས་ཀ་བཀག་པ་སྟེ་དེས་ན་ཕྱོགས་རེ་བའི་ལམ་ལ་ཞེན་པར་མི་བྱ་ཞིང་། དེ་ལྟར་འཁོར་བ་མ་གྲུབ་ལ་སྣང་བ་འདི་གློ་བུར་རྒྱུ་རྐྱེན་འཁྲུལ་པའི་དབང་གིས་སྣང་བའི་ཕྱིར། ཇི་སྲིད་འཁྲུལ་སྣང་མ་ལོག་གི་རིང་ལ། འཁྲུལ་ངོོར་ཇི་ལྟར་སྣང་བ་བཞིན་བདེ་སྡུག་དང་རྒྱུ་འབྲས་སོགས་བསླུ་མེད་དུ་ཡོད་པས། དེ་ཡི་ཕྱིར་དུ་དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་ཤེས་ཤིང་བརྩོན་པས་ལག་ཏུ་ལོན་པ་གཅེས་སོ། །གསུམ་པ་ཐོབ་བྱ་གཞི་འབྲས་དབྱེར་མེད་ལ། ངོ་བོ་མདོར་བསྟན། རང་བཞིན་རྒྱས་པར་བཤད། དེ་དག་གི་མཇུག་བསྡུ་བ་གསུམ། དང་པོ། དུས་ཀུན་ཏུ་འགྱུར་བ་མེད་ཅིང་འཕགས་པ་རྣམས་ཀྱི་གཟིགས་ངོར་མི་བསླུ་བའི་དོན་དམ་བདེན་པའི་ངོ་བོའམ་རང་བཞིན་དེ་ནི། ཡེ་ནས་སྒྲིབ་པ་མེད་ཅིང་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་རྒྱུ་རྐྱེན་ལ་མ་ལྟོས་པར་ཡེ་ནས་གནས་པའམ་ལྷུན་གྱིས་གྲུབ་པའི་འདུས་མ་བྱས་ཆེན་པོ་ཉིད་ཡིན་ཏེ། དེ་ནི་ངོ་བོ་སྟོང་ཞིང་རང་བཞིན་གསལ་བ། དེ་ཡང་མི་ཤེས་པ་ལས་ལོག་པའི་རིག་པ་ཡེ་ཤེས་གང་ཞིག་གསལ་སྟོང་དབྱེར་མེད་ཡུལ་ཡུལ་ཅན་དང་བྲལ་བའི་ཚུལ་གྱིས་རང་གསལ་བའི་རང་བཞིན་ཅན་ཏེ་གསལ་སྟོང་རིག་པ་དེ་གསུམ་དབྱེར་མེད་མཉམ་པ་ཆེན་པོའི་ཆོས་ཉིད་དེ། རྒྱུད་བླ་མ་ལས། ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལ། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ངོས་བཟུང་བ། དེ་མ་རྟོགས་པའི་ཕྱོགས་གཞན་དགག་པ་གཉིས། དང་པོ་ལ་དངོས་དང་། དེའི་མིང་གི་རྣམ་གྲངས་གཉིས། དང་པོ་ལ། དོན་གྱི་ངོ་བོ་མདོར་བསྟན། དེ་དཔེས་རྒྱས་པར་བཤད། དེ་དག་གི་མཇུག་བསྡུ་བ་གསུམ། དང་པོ། རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོ་འདི་ཉིད་ལ མ་རྐྱེན་ལ་མ་ལྟོས་པར་འཁོར་འདས་ཀུན་གྱི་སྤྱི་གཞིར་གནས་པས་འབྲས་བུ་གསང་སྔགས་ཀྱི་སྐབས་སུ་གཞི་རྒྱུད་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཞེས་ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་པ་ལས་ཐ་དད་དུ་དབྱེ་བའི་ཀུན་རྫོབ་མི་རྙེད་པའི་རང་བཞིན་གྱི་དབྱིངས་དེ་ལ་རང་བཞིན་རྣམ་དག་ཅེས་བྱ་ཞིང་། དེའི་ངང་དུ་དུས་གསུམ་རྟོག་པས་བཟོ་རྒྱ་དང་བྲལ་ཏེ་རང་བྱུང་ལྷུན་གྲུབ་ཆེན་པོར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བབས་ཀྱིས་གནས་པས་དེ་སྐད་ཅེས་བྱ་སྟེ། གསར་དུ་རྒྱུ་རྐྱེན་གྱིས་སྒྲུབ་པ་མིན་པར་ཡེ་ནས་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་དང་སངས་རྒྱས་ཀྱི་ཆོས་ཀུན་ལྷུན་གྱིས་རྗོགས་པས་བྱང་ཆུབ་བླ་ན་མེད་པའི་སྙིང་པོ་ཅན་ཏེ་སྙིང་པོ་ནི་ཡོན་ཏན་གྱི་ཆོས་ཀུན་གྱི་གཞིའམ་རྟེན་ཡིན་པའི་དོན་གྱིས་སོ། །དེ་ལྟ་བུའི་རང་བཞིན་སྒྲིབ་པའི་དྲི་མ་ཀུན་ཡེ་ནས་མི་གནས་པའི་ཚུལ་གྱིས་རྣམ་པར་དག་ཅིང་། དྲི་མ་དེའི་རྒྱུ་རྣམ་པར་རྟོག་པའི་སྤྲོས་པ་མ་ལུས་པ་དང་བྲལ་བས་ན་མཐའ་འམ་ཕྱོགས་སུ་ལྷུང་བ་ཀུན་དང་བྲལ་བ་ནི་སྤངས་པ་ཆེན་པོ་དང་། དབྱིངས་དེ་ཉིད་ཟབ་མོ་སྐུ་དང་རྣམ་རྟོག་ཞི་བའི་ཡེ་ཤེས་དང་གདོད་ནས་འདུ་འབྲལ་མེད་པའི་རྟོགས་པ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །སྐུ་ལྔ་དང་འདུ་འབྲལ་མེད་ཀྱང་མེན་ཤེལ་གྱི་རང་མདངས་རྐྱེན་དང་མ་ཕྲད་པ་ལྟར་སོ་སྐྱེའི་ངོར་མི་སྣང་ཞིང་བློས་བརྟག་དཔྱད་ཀྱིས་ཇི་བཞིན་རྟོགས་པར་མི་ནུས་པས་ཟབ་པའོ། །འོད་གསལ་བའི་རང་གདངས་མཁྱེན་ཆ་ཡེ་ཤེས་མ་འགགས་པར་ཡོད་ཀྱང་། མཐའ་བཞིའི་རྣམ་པར་རྟོག་པའི་གཟེབ་ཏུ་མ་ཚུད་པར་སྤྲོས་པ་ཀུན་རྣམ་པར་ཞི་བའི་ངང་ཚུལ་ཅན་དུ་གནས་པས་ན་ཤིན་ཏུ་རྟོགས་པར་དཀའ་བ་སྟེ། དེ་ལྟར་བདེ་གཤེགས་སྙིང་པོའི་ཚུལ་ནི་ས་བཅུའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་མཚན་མོའི་གཟུགས་མཐོང་བ་ལྟར་ཡོད་པར་ཤེས་ཀྱི་ཇི་བཞིན་རྟོགས་མི་ནུས་པར་མདོ་ལས་གསུངས་སོ། །དེ་ལྟ་ནའང་བླ་མའི་མན་ངག་སྙིང་པོར་བྱས་ན་སོ་སྐྱེའི་ས་ནའང་ཡིད་ཆེས་ཤིང་དེ་ལ་རྣལ་འབྱོར་དུ་བྱེད་པ་ཡོད་པ་ནི་སྔགས་ཀྱི་ཁྱད་ཆོས་ཏེ་ཚུལ་དེས་སྔགས་ལམ་ཟབ་ཅིང་མྱུར་བར་གྲུབ་པ་ཡིན་ནོ། །དོན་འདི་ནི་མདོ་སྡེའི་ཡང་བཀའ་ཐ་མ་དོན་དམ་རྣམ་པར་ངེའི་པའི་ཆོས་ཀྱི་རྣམ་གྲངས་སུ་གཙོ་བོར་གསུངས་ལ། རྒྱུད་ཀྱི་དངོས་གཞི་ཡིན་པས། འདིར་དེའི་རང་བཞིན་རྟོགས་པར་བྱ་བ་ནི། རྒྱུད་བླ་མ་དང་། མྱ་ངན་ལས་འདས་པ་དང་། སྒྱུ་འཕྲུལ་ཆེན་པོ་ལ་སོགས་པའི་གནས་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། སྒྱུ་འཕྲུལ་ལས། རང་བྱུང་ཡེ་ཤེས་བྱང་ཆུབ་སེམས། །བྱང་ཆུབ་སྙིང་པོ་འདུས་མ་བྱས། །ཀུན་རྫོགས་ཡོན་ཏན་འབར་བས་བརྒྱན། །ལྷུན་གྲུབ་དཀྱིལ་འཁོར་བླ་མེད་པའོ། །ཞེས་དང་། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །གཉིས་པ་དཔེ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ། གཞི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་བདེ་བར་གཤེགས་པའི་སྙིང་པོའི་ཁམས་འདི་ཉིད་འགྲོ་བ་ཀུན་ལ་སེམས་ཀྱི་ཆོས་ཉིད་ཀྱི་ཚུལ་དུ་ཡོད་པའི་དཔེ་ནི། ས་འོག་གི་གཏེར་དང་། བུམ་ནང་གི་མར་མེ་དང་། པད་ནང་གི་སྐུ་དང་འདྲ་བར་ཟབ་མོའི་དོན་ལ་ཕྱིན་ཅི་མ་ལོག་པར་དཔྱོད་ནུས་པའི་མཁས་པས་ཤེས་པར་བྱའོ། །གཉིས་པ་ལ། གཞི་སོ་སྐྱེའི་གནས་སྐབས་ཀྱི་དཔེ། འཕགས་པའི་སའི་གནས་སྐབས་ཀྱི་དཔེ། མཐར་ཐུག་དག་པའི་སྐབས་ན་ཡོད་ཚུལ་གྱི་དཔེ་གསུམ། དང་པོ། ཇི་ལྟར་མི་དབུལ་པོའི་ཁང་པའི་ས་འོག་ན་རིན་ཆེན་ཟད་མི་ཤེས་པའི་གཏེར་ཡོད་པ་དེ་གཞན་དུ་བཙལ་མི་དགོས་པར་རང་ཁྱིམ་ལ་ཡོད་ཀྱང་དེ་ཉིད་མ་ཤེས་པར་དབུལ་ཞིང་ཕོངས་པ་ལྟར། ལྷུན་གྲུབ་གཞིར་གནས་ཀྱི་སངས་རྒྱས་རང་ལ་ཡོད་པར་གྱུར་ཀྱང་། ལུས་དང་ངག་དང་སེམས་ཏེ་ཚོགས་བརྒྱད་ས་ལྟ་བུས་བསྒྲིབས་པས། སྲིད་པའི་ཉེས་ཚོགས་ལས་ཉོན་སྡུག་བསྔལ་གསུམ་གྱི་དབུལ་བས་དུས་རྒྱུན་དུ་ཕོངས་པ་དེ་ལས། དེ་ལྟར་ཡོད་པར་རྟོགས་པའི་ལྷ་ཡི་མིག་དང་ལྡན་པའི་མིས་མཐོང་ནས། གཏེར་དེ་ཉིད་འབྱིན་པའི་ཐབས་བསྟན་པ་བཞིན་དབུལ་པོ་དེས་ཕྱུང་བས། རང་གཞན་གྱི་དབུལ་བ་སེལ་ཞིང་འབྱོར་པ་ཕུན་སུམ་ཚོགས་པ་བྱེད་པ་ལྟར། བླ་མ་དགེ་བའི་བཤེས་གཉེན་སོགས་དམ་པ་རྣམས་ཀྱིས་གདོད་མའི་གཞི་ཡི་གནས་ལུགས་དག་མཉམ་སྤྲོས་བྲལ་བདེ་བ་ཆེན་པོ་དེ་ཉིད་ངོ་སྤྲད་པའམ་བསྟན་པས། དེའི་དོན་ཇི་བཞིན་པར་རྟོགས་པའམ་ལྟ་བས་རྙེད་པ་ལྟར་ལམ་སྒྲུབ་པས་སངས་རྒྱས་རང་ལས་རྙེད་པས། རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པ་ཆོས་ཀྱི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་གྱུར་པ་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་ས་དེ་མ་ཤེས་གཏེར་དེས་ཀྱང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བསལ་དང་བཞག་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ་། །ཞེས་སོ། །གཉིས་པ། དཔེ་ཇི་ལྟར་ན་བུམ་པའི་ནང་གི་སྒྲོན་མེ་རྟག་ཏུ་འོད་གསལ་ཡང་། བུམ་པས་བསྒྲིབས་ཏེ་ཕྱི་རོལ་དུ་འོད་ཀྱི་སྣང་བ་མི་མངོན་པ་ལྟར། སྙིང་པོའི་ཆོས་སྐུ་རང་བཞིན་གྱིས་འོད་གསལ་བའི་མར་མེ་རང་ལ་གནས་ན་ཡང་། གློ་བུར་ཉོན་ཤེས་ཀྱི་སྒྲིབ་པའི་བུམ་པས་བསྒྲིབས་པའི་ཕྱིར་ཡོན་ཏན་གྱི་ཚོགས་ཡོངས་སུ་མི་སྣང་ངོ་། །དེ་ལས་བུམ་པ་བཅག་ན་བུམ་ནང་གི་སྒྲོན་མེའི་འོད་སྣང་བ་ལྟར། ས་རྣམས་ཀྱི་རང་རང་གི་ངོ་སྐལ་གྱི་སྒྲིབ་པ་གང་ཡིན་པ་རིམ་པས་བྲལ་བའམ་མཐར་ཐུག་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་བཅོམ་པ་ན། འཇིག་རྟེན་གྱི་མུན་པ་སེལ་བའི་སྒྲོན་མེ་ཆེན་པོ་སངས་རྒྱས་ཉིད་འཇིག་རྟེན་ཁམས་ཀུན་ཏུ་སྣང་བར་བྱེད་པ་ཡིན་ཏེ། དཔལ་མགོན་ཀླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཇི་ལྟར་བུམ་ནང་མར་མེ་ནི། །ཕྱི་རོལ་ཀུན་ཏུ་མི་སྣང་ལྟར། །དེ་བཞིན་ཆོས་ཀྱི་དབྱིངས་འདི་ཡང་། །འཁོར་བར་འོད་ནི་གསལ་མ་ཡིན། །བུམ་པ་དེ་ཉིད་བཅག་གྱུར་ན། །ཐམས་ཅད་ཀུན་ཏུ་སྣང་བ་ལྟར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །སྒྲིབ་པ་ཀུན་ཏུ་བཅོམ་གྱུར་པ། །དེ་ཚེ་ནམ་མཁའི་མཐར་ཐུག་གསལ། །ཞེས་སོ། །གསུམ་པ། ཇི་ལྟར་པདྨའི་ནང་དུ་བདེ་གཤེགས་ཀྱི་སྐུ་མཚན་དཔེ་ལྡན་པ་ཡོད་ཀྱང་། པདྨས་གཏུམས་པའི་ཕྱིར་སྐུ་དེ་ཕྱི་རོལ་དུ་སྣང་བ་མེད་པ་དེ་བཞིན་དུ་གཟུང་འཛིན་འཁྲུལ་པའི་བག་ཆགས་འདབ་སྟོང་གིས་བསྒྲིབས་པས་རང་བཞིན་གྱིས་འོད་གསལ་བའི་རྒྱལ་བའི་དབང་པོ་མཐོང་བར་མི་ནུས་སོ། །ནམ་ཞིག་ན་པདྨའི་འདབ་མ་ཁ་ཕྱེ་བ་ན་སྐུ་དེ་གསལ་བར་སྣང་བ་ལྟར། གཟུང་འཛིན་འཁྲུལ་སྣང་གི་འདབ་མ་ལས་གྲོལ་བའི་ཚེ། སྤངས་རྟོགས་མཐར་ཕྱིན་པའི་བྱང་ཆུབ་སྐུ་གསུམ་པོ་རང་ལ་སྣང་བར་འགྱུར་ཏེ། རྒྱུད་བླ་མ་ལས། ཇི་ལྟར་མདོག་ངན་པདྨའི་སྦུབས་གནས་པ། །མཚན་སྟོང་གིས་འབར་དེ་བཞིན་གཤེགས་པ་ཉིད། །དྲི་མེད་ལྷ་ཡི་མིག་ལྡན་མིས་མཐོང་ནས། །ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་བྱེད་པ། །དེ་བཞིན་བདེ་གཤེགས་མནར་མེད་གནས་རྣམས་ལའང་། །སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ཏེ། །སྒྲིབ་མེད་ཕྱི་མཐའི་མུར་གནས་ཐུགས་རྗེ་ཡི། །བདག་རྐྱེན་སྒྲིབ་པ་ལས་ནི་གྲོལ་བར་མཛད། །ཅེས་སོ། །གསུམ་པ། རྒྱུ་མཚན་དེའི་ཕྱིར་ཆོས་ཀྱི་དབྱིངས་དོན་དམ་པ་རང་བཞིན་གྱིས་འོད་གསལ་བ་སྙིང་པོའི་དཀྱིལ་འཁོར་ནི། །གསར་དུ་རྒྱུས་སྒྲུབ་པ་མིན་པར་རང་ལ་གཞི་དུས་ན་ཡོད་པའི་གནས་ལུགས་སུ་ཤེས་པའམ་མཁྱེན་པར་མཛོད་ཅིག སེམས་ཅན་དང་སངས་རྒྱས་ཀུན་ལ་ཁྱད་མེད་པར་སངས་རྒྱས་ཀྱི་སྙིང་པོས་དབྲི་བསྣན་མེད་པར་ཁྱབ་པས་གྲོལ་གཞི་ལྷུན་གྱིས་གྲུབ་པའི་ཆོས་ཉིད་འདི་ཡོད་པར་ཤེས་པར་བྱའོ། །འདི་ལྟ་བུའི་དགོངས་པ་དྲང་དོན་དུ་བྱེད་པས་སྟོང་པ་སྤྲོས་བྲལ་དོན་དམ་དུ་འདོད་པ་དག་ཆད་པའི་མཐར་ལྷུང་ངོ་། །བྲལ་བའི་གཞི་མེད་ན་གང་གི་སྟེང་དུ་སངས་པ་དང་རྒྱས་པ་དང་། གྲོལ་བ་དང་འདས་པའི་ཐ་སྙད་གདགས། གཞི་མེད་ནི་གང་གིའང་གཞིར་མི་རུང་བས་སྤྲོས་པ་དང་བྲལ་བའི་དོན་དམ་གྱི་ཆ་འབྲལ་གཞིར་མེད་དོ། །དེས་ན་དོན་འདི་ནི་ངེས་པའི་སྙིང་པོ་ཡིན་པས། ཐར་པ་འདོད་པ་དག་གིས་རྟོགས་བྱའི་གཞི་དང་། ལྟ་བ་རྣམས་ཀྱི་རྩེ་མོར་ཟུངས་ཤིག ཅེས་གསུངས་ཏེ། འདིའི་དོན་བྲལ་གཞི་ཡེ་ནས་གནས་པའི་ཆོས་ཉིད་ཟུང་འཇུག་སྤྲོས་བྲལ་ཆེན་པོ་ཀུན་མ་ཤེས་པར། སྤྲོས་པའི་རྒྱུན་ཆད་པའི་མཐར་དབྱིངས་སྒྲིབ་བྲལ་འབའ་ཞིག་དོན་དམ་དུ་འདོད་པ་ན། སྔ་རབས་པ་འགའ་ཞིག་གི་ལུགས་ཐེག་དམན་མྱང་འདས་དང་འདྲ་ཞིང་མར་མེ་འགགས་པ་ལྟར་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་པས་དངོས་པོའི་གནས་ཚུལ་མ་ཡིན་པས་རིགས་པའི་ལམ་གྱིས་ཤིན་ཏུ་ཡང་དགག་བྱར་གྱུར་པའོ། །བྲལ་གཞི་ཆོས་ཀུན་གྱི་གནས་ལུགས་ཟུང་འཇུག་འོད་གསལ་ཆེན་པོ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ན། བྲལ་འབྲས་རང་བྱུང་ཡེ་ཤེས་ཀྱི་སྐུ་ཞེས་བྱ་ལ། ངོ་བོའི་ཆ་ནས་གཞི་འབྲས་དབྱེར་མེད་དུ་བཞུགས་པའི་གནད་འདི་ངེས་དོན་གྱི་མདོ་སྡེ་རྣམས་དང་། ཟབ་མོའི་སྔགས་རྒྱུད་རྣམས་ཀྱི་བསྟན་བྱའི་སྙིང་པོ་དྲི་མ་མེད་པ་ཡིན་པས་དེའི་ཚུལ་ཇི་ལྟ་བ་བཞིན་དུ་གཏན་ལ་དབབ་པར་བྱའོ། །དེས་ན་རིགས་གཉིས་ཀྱང་དབྱིངས་སྣང་སྟོང་གི་ཆར་འཇོག་པ་དང་། མཐར་ཐུག་འཆར་གཞི་དོན་དམ་དབྱིངས་ཀྱི་སྐུ་གསུམ་པོ་བྲལ་འབྲས་དང་། དེ་ལས་ཤར་བའི་གདུལ་བྱ་གཞན་སྣང་ཀུན་རྫོབ་ཀྱི་སྐུ་གཉིས་སྨིན་འབྲས་སུ་འཇོག་པའི་གནད་ཀྱང་འདི་ལ་ཐུག་པ་ཡིན་ཏེ་ཇི་བཞིན་ཤེས་པ་དེང་སང་དཀོན་ནོ། །གཉིས་པ་ཐ་སྙད་ལ་རྨོངས་པ་བཟློག་པའི་ཕྱིར་མིང་གི་དབྱེ་བ་བསྟན་པ་ནི། དབྱིངས་ལྷུན་གྱིས་གྲུབ་པའི་རང་རིག་པ་རང་བྱུང་གི་ཡེ་ཤེས་འདི་ལ་མིང་གི་རྣམ་གྲངས་མང་དུ་ཡོད་དེ། གང་ཞེ་ན། མ་རྟོགས་ན་འཁོར་བ་དང་རྟོགས་ན་མྱང་འདས་འབྱུང་བའི་ཆ་ནས་དབྱིངས་ཞེས་རབ་ཏུ་བརྗོད་ཅིང་། སེམས་ཀྱི་དམ་པ་ཞེས་བྱ་སྟེ། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །ཡེ་ནས་རང་བཞིན་འདུས་མ་བྱས་རང་ལ་རང་ཆས་སུ་ཡོད་པས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རམ་སངས་རྒྱས་ཅེས་ཀྱང་བྱ། ཡོན་ཏན་རྫོགས་ཀྱང་དྲི་མས་བསྒྲིབས་པ་ལྟར་སྣང་བའི་ཕྱིར་སངས་རྒྱས་ཀྱི་སྙིང་པོའི་ཁམས་དང་ནི། ཆོས་ཀུན་གྱི་རང་བཞིན་ནམ་གནས་ལུགས་ཡིན་པའི་ཕྱིར་དོན་དམ་བདེན་པ་དང་། གདོད་ནས་སྒྲིབ་གཉིས་གྱི་དྲི་མ་དག་པའི་ཕྱིར་འོད་གསལ་དྲི་མེད་ཀྱི་ཡེ་ཤེས་ཉིད་དང་། ཡོད་མེད་དམ་སྒྲོ་སྐུར་གྱི་མཐའ་གཉིས་ཀྱི་གནས་བསལ་བའམ་སྤངས་པས་དབུ་མའི་རང་བཞིན་དང་། མཐའ་བཞིའི་སྤྲོས་པ་ཀུན་ལས་འདས་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྟོང་གསལ་གཉིས་སུ་མེད་པ་རང་བཞིན་རྣམ་དག་ཆེན་པོ་ཡིན་པའི་ཕྱིར་བདེན་པ་དབྱེར་མེད་དང་། རྒྱུན་དང་སྐད་ཅིག་མའི་ཆོས་ལས་འདས་པའི་ཕྱིར་འཕོ་འགྱུར་མེད་པས་ན་ཆོས་ཉིད་དེ་བཞིན་ཉིད་དང་། འདི་ལ་སྐྱོན་རྣམས་སྦྱང་དུ་ཡོད་ལ་བྲལ་ཤེས་པས་སྟོང་ལ། ཡོན་ཏན་དབྱེར་མེད་པས་མི་སྟོང་སྟེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། །གཞན་ཡང་ལྷག་པའི་བདེན་གཉིས་དབྱེར་མེད། དང་པོའི་སངས་རྒྱས། གཉུག་མའི་སེམས་ཀུན་ཏུ་བཟང་པོ་ལ་སོགས་པར་བློ་གྲོས་ཀྱི་མིག་མདོ་རྒྱུད་སྙིང་པོའི་དོན་ལ་རྒྱས་པའམ་ལྡན་པའི་མཁས་པ་རྣམས་བཞེད་དོ། །གཉིས་པ། ཚུལ་དེ་མི་ཤེས་པའི་ཕྱོགས་བཀག་པ། ཟུང་འཇུག་གི་རང་བཞིན་གཞིའི་གནས་ཚུལ་འདི་ལྟ་བུའི་མི་ཤེས་པར་སྟོང་པ་ཕྱང་ཆད་པ་སྟེ། སྣང་བ་འགོག་པའི་སྟོང་རྐྱང་ཙམ་ལ་ཚིག་ཏུ་ཡོད་མེད་མཐའ་བྲལ་ཞེས་སྨྲ་ཡང་དོན་དུ་མེད་པ་ལས་མ་འདས་པས། བྲལ་རྒྱུའི་དྲི་མ་ཉོན་མོངས་གང་གི་སྟེང་དུ་བྲལ་བའི་གཞི་ཟུང་འཇུག་གི་ཡེ་ཤེས་དགོས་པ་ལ་དེ་མི་ཤེས་པར་གཉིས་ཀ་མེད་པར་འཛིན་པ་ཕལ་ཆེར་ལེགས་ནའང་སྲིད་རྩེའི་ལྟ་བ་ཅན་ཏེ་འཁོར་བའི་ས་བོན་འདེབས་ཤིང་། ཕལ་ཆེར་ངན་སོང་དུ་བགྲོད་པའི་ཕྱིར། དེ་དག་ཤཱཀྱའི་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར། ཅི་ཡང་མེད་པ་ཕྱང་ཆད་ནམ་མཁའ་ལྟ་བུའི་ཡིད་ཅན། ལོག་པར་ལྟ་བ་འཛིན་པ་ཕུར་བུ་པའི་ཁོངས་སུ་གཏོགས་པ་ལ་ཆ་ལུགས་འཛོལ་བ་ཙམ་དུ་ཟད་དེ། དེ་ནི་གོས་ངུར་སྨྲིག་སྤངས་ནས་ཐལ་བའི་སྐྱོ་མས་བྱུགས་པར་བྱས་ན་རུང་སྟེ་ཐམས་ཅད་མཚུངས་པས་རྒྱང་འཕེན་པར་ཕྱོགས་ཀུན་མཚུངས་པར་རུང་བ་ཡིན་ནོ། །གསུམ་པ་མཇུག་བསྡུ་བ། གང་འདིར་ལྷ་མིའི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་བཀའ་འཁོར་ལོ་ཐ་མར་བདེ་གཤེགས་སྙིང་པོའི་མིང་ཙམ་དང་སྔགས་སུ་དེའི་དོན་གསལ་རྒྱས་སུ་བསྟན་པའི་ཕྱིར་ངེས་དོན་མདོ་རྒྱུད་ཀྱི་ཆོས་ཀྱི་མཛོད་ཇི་སྙེད་ཅིག་གསུངས་པ་ཀུན་གྱི་སྙིང་པོ་མཐར་ཐུག་པ་ནི་འོད་གསལ་རྡོ་རྗེ་རྩེ་མོའི་ལམ་གྱི་ཉམས་ལེན་ལྷུན་གྲུབ་གཞི་ཡི་གནས་ལུགས་འདི་ཡིན་ནོ་ཞེས་ཤེས་པར་བྱའོ། །གསུམ་པ་དེ་ལྟར་རྟོགས་པའི་ཕན་ཡོན་ནི། ཟབ་པ་ལས་ཀྱང་ཆེས་ཟབ་པས་ཡང་ཟབ་ལྟ་བའི་མཐར་ཐུག་དེ་ལས་གོང་ན་མེད་པ་འདི་ཤེས་པས། ཉན་རང་དང་སྲིད་རྩེའི་ཏིང་འཛིན་དུ་མི་གོལ་བ་དང་སྒྲིབ་གཉིས་ལས་གྲོལ་ནུས་པ་དང་རྟག་ཆད་སོགས་ཀྱི་མཐའ་ཀུན་དང་བྲལ་ཞིང་ལམ་འདིས་སངས་རྒྱས་བསྒྲུབ་པ་དོན་ཡོད་པའམ་ལམ་བླ་ན་མེད་པ་ཡིན་པས་མྱུར་དུ་འཚང་རྒྱ་ཞིང་ངེས་དོན་གྱི་མདོ་རྒྱུད་ཀུན་གྱི་སྙིང་པོ་རྟོགས་པས་དེ་ཀུན་ལ་ལྟ་བའི་བློ་གྲོས་ཀྱི་མིག་དང་ལྡན་པ་ཡིན་པས། དེའི་ཕྱིར་གནས་ལུགས་གཞི་ཡི་འོད་གསལ་མཁྱེན་པར་མཛོད་ཅིག འདིར་ཁ་ཅིག་གིས་གསང་སྔགས་འདི་སེམས་ཙམ་པ་དང་ལྟ་བ་གཅིག་སྟེ། རྩེ་མོ་དབུ་མའོ་ཞེས་ཟེར་བའང་ཕྱོགས་མ་གོ་བར་སྣང་སྟེ། སེམས་ཙམ་པས་འགྱུར་མེད་རྟག་པ། རིག་ཙམ་རང་གསལ་དུ་འདོད་ལ། འདིར་ལྷུན་གྲུབ་འདུས་མ་བྱས་རྟག་ཆད་ལས་འདས་པ། ཡོན་ཏན་ལྷུན་གྱིས་གྲུབ་པའི་ཁམས་འདོད་པས་མི་མཚུངས་ལ། སེམས་ཙམ་པས་ཀུན་གཞི་ཚོགས་བརྒྱད་དེ་ཉིད་གནས་འགྱུར་བས་ཡེ་ཤེས་སུ་འདོད་ལ། འདིར་དེ་དག་བསལ་བས། རང་བྱུང་གི་ཡེ་ཤེས་མངོན་དུ་གྱུར་པ་ཙམ་ལ་གནས་གྱུར་ཏུ་བཏགས་པ་གཉིས་ཁྱད་པར་ཤིན་ཏུ་ཆེའོ་གསུངས། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གནས་ལུགས་གཏན་ལ་དབབ་པའི་ལེའུ་སྟེ་བཅོ་བརྒྱད་པའི་འགྲེལ་པའོ།། །། ༈ གཉིས་པ་སྒོམ་པས་ཉམས་སུ་ལེན་པ་ལ། སྔོན་འགྲོ། དངོས་གཞི་རྗེས་གསུམ། དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། སྨོས་མ་ཐག་པ་དེ་ལྟར་ལྷུན་གྲུབ་གཞི་ཡི་གནས་ལུགས་ཟབ་མོ་ཤེས་ནས་ཐེག་ཆེན་གསང་སྔགས་ཀྱི་རྣལ་འབྱོར་པས། བསྐྱེད་རྫོགས་ཟུང་འབྲེལ་དུ་ཉམས་སུ་ལེན་པའམ་བསྒོམ་པར་བྱ་སྟེ། དེ་ལ་ཐོག་མར་སྔོན་དུ་འགྲོ་བ་ནི། སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། གསང་སྔགས་ཕྱི་ནང་རྒྱུད་སྡེ་གང་མོས་ཀྱི་བསྐྱེད་པའི་རིམ་པ་རྒྱས་བསྡུས་གང་རུང་ཞིག་བསྒོམ་པ་སྔོན་དུ་འགྲོ་བར་བྱའོ། །གཉིས་པ་ལ། ལམ་གྱི་གཞི་སྐྱབས་འགྲོ། ལམ་གྱི་རྩ་བ་སེམས་བསྐྱེད། ལམ་གྱི་རྟེན་བསྐྱེད་རིམ་བསྒོམ་པ་གསུམ། དང་པོ་ལ། སྐྱབས་སུ་འགྲོ་བའི་ཡུལ། སྐྱབས་སུ་འགྲོ་བའི་ཚུལ། སྐྱབས་སུ་སོང་བའི་ཕན་ཡོན་གསུམ། དང་པོ་ལ། བསྟན་བཤད་གཉིས། དང་པོ། སྐྱབས་སུ་འགྲོ་བའི་ཡུལ་ནི་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཉིད་དེ། དེ་ཡང་སྤྱིར་རྒྱུ་ཡི་ཡུལ་ནི་གཞན་རྒྱུད་ཀྱིས་བསྡུས་པའི་དཀོན་མཆོག་གསུམ་ཡིན་ལ། སྐྱབས་འགྲོ་ནི་འབྲས་བུ་གྲུབ་པར་བྱ་བའི་དོན་དུ། སྟོན་པ་ལམ་གྲོགས་ཀྱི་ཚུལ་གྱིས་སྐྱབས་སུ་འགྲོའོ། །འབྲས་བུའི་ཡུལ་ནི་མ་འོངས་པ་ན་རང་རྒྱུད་ལ་འཁྲུངས་པའི་དཀོན་མཆོག་གསུམ་ཡིན་ལ། སྐྱབས་འགྲོ་ནི་དེ་འགྲུབ་པར་བྱ་བའི་སྨོན་པས་དགེ་བ་བྱེད་ཅིང་རྒྱུ་ལ་འཇུག་པའོ། །སྐབས་འདིར་བསྐྱེད་རྫོགས་ལྷ་ཡི་དཀྱིལ་འཁོར་དུ་སྒྲུབ་པ་ནི་འབྲས་བུའི་དོན་ལ། བསོད་ནམས་ཀྱི་ཞིང་ལ་ཚོགས་གསོག་པ་ནི་རྒྱུའི་དོན་ནོ། །དེ་ལྟར་ན་སྐྱབས་སུ་འགྲོ་བར་ཆོས་ཉམས་སུ་ལེན་པ་ཀུན་འདུས་སོ། །གཉིས་པ་ལ། རྒྱུའི་སྐྱབས་འགྲོ་དང་། འབྲས་བུའི་སྐྱབས་སུ་འགྲོ་བ་གཉིས། དང་པོ་ལ། གནས་སྐབས་སྐྱབས་གསུམ་གྱི་རྣམ་པར་བཞག་པ་དང་། མཐར་ཐུག་སྐྱབས་གཅིག་ཏུ་སྒྲུབ་པ་གཉིས། །དང་པོ། རྒྱུ་ཡི་སྐྱབས་འགྲོའི་ཡུལ་དུ་གྱུར་པ་ནི་གཞན་རྒྱུད་ཀྱིས་བསྡུས་པ་བྱོན་ཟིན་པའི་སངས་རྒྱས་ནི་སྐུ་གསུམ་གྱི་བདག་ཉིད་སྤང་བྱ་ཀུན་སྤངས་ཤིང་རྟོགས་བྱ་ཀུན་རྟོགས་པས་གཞན་དོན་གྱི་ཕྲིན་ལས་རྒྱུན་ཆད་པ་མེད་པ་དང་ལྡན་པ་དང་། ཆོས་ནི་འགོག་པ་དང་ལམ་གྱིས་བསྡུས་པའི་བདེན་པ་རྣམ་པ་གཉིས་སོ། །དགེ་འདུན་ནི་ཐེག་པ་ཆེན་པོའི་སར་བཞུགས་པའི་རྒྱལ་སྲས་འཕགས་པ་རྣམས་ཏེ། གནས་སྐབས་དེ་གསུམ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་མཚུངས་པར་སྐྱབས་སུ་འགྲོ་བ་ཡིན་ནོ། །གཉིས་པ། མཐར་ཐུག་གི་སྐྱབས་ནི་སངས་རྒྱས་ཆོས་ཀྱི་སྐུ་ཉག་གཅིག་སྟེ། དེ་ནི་དཀོན་མཆོག་མཐར་ཐུག་ཡིན་པ་དང་སྐྱབས་ཀྱི་དམ་པ་གཏན་དུ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་གཞན་གཏན་སྐྱབས་མིན་པ་ཅིས་ན། ལམ་བདེན་ཀུན་རྫོབ་ཡིན་པ་དང་། རྒྱལ་སྲས་རྣམས་སྒྲིབ་པ་དང་བཅས་པའི་ཕྱིར། འགོག་པ་མཐར་ཐུག་པའི་སངས་རྒྱས་ཉིད་ལས་མ ཐར་ཐུག་གི་སྐྱབས་གང་ཞིག་ཡོད་དེ་མེད་དོ། །གཉིས་པ་འབྲས་སྐྱབས་ལ། དངོས་དང་། རྒྱུ་འབྲས་ཀྱི་འབྲེལ་བ་བསྟན་པ་གཉིས། དང་པོ། འབྲས་བུའི་སྐྱབས་འགྲོ་དཀོན་མཆོག་རྣམ་པ་གསུམ་པོ་དེ་མ་འོངས་པ་ན་རང་རྒྱུད་ལ་གྲུབ་པར་འདོད་པའི་སླད་དུ་སྨོན་པ་ཡིན། དེའང་སྨོན་པ་སེམས་བསྐྱེད་དང་མི་འདྲ་སྟེ། སེམས་བསྐྱེད་གཞན་དོན་དང་། འདིར་རང་དོན་ལ་དམིགས་པ་སོགས་ཀྱི་ཁྱད་པར་ཡོད་དོ། །གཉིས་པ། དེ་ཡང་ཐུན་མོང་བ་རྒྱུ་ཡི་སྐྱབས་འགྲོས་རྒྱུ་བྱས་ཏེ་ལམ་སློབ་མཐར། ཐུན་མིན་མཐར་ཐུག་རང་རྒྱུད་ལ་འོད་གསལ་ལྷུན་གྲུབ་ཀྱི་སངས་རྒྱས་སམ་དཀོན་མཆོག་འབྲས་བུའི་སྐྱབས་འགྲོ་ཉིད་མངོན་སུམ་དུ་གྲུབ་པར་འདོད་པ་ཡིན་ནོ། །གཉིས་པ་ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ལ། འདུན་པ་དང་། ཆོ་གའི་ཚུལ་གཉིས། དང་པོ། སངས་རྒྱས་ལ་ལམ་སྟོན་པ་པོ་དང་། ཆོས་ལ་ལམ་དངོས་དང་ནི། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་ཀྱི་ཚུལ་དུ་ཤེས་པས་སྐྱབས་སུ་འགྲོ་བ་སྟེ་མགོན་སྐྱབས་སུ་ཁས་ལེན་པ་ཡིན་ནོ། །གཉིས་པ། དེ་ལྟར་སྐྱབས་ཡུལ་རྣམས་ཤེས་ནས་སྐྱབས་སུ་འགྲོ་བ་དངོས་ལ། མདུན་གྱི་ནམ་མཁར་སེང་ཁྲི་པད་ཉི་ཟླ་བའི་གདན་སྟེང་རྩ་བའི་བླ་མ་རྡོ་རྗེ་འཆང་ལ་དཀོན་མཆོག་གསུམ་པོ་དེས་བསྐོར་བར་རབ་ཏུ་བསམས་ལ། དངོས་བཤམས་དང་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱ་མཚོས་མཆོད་ཅིང་། ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། གསོལ་བ་གདབ་པ་སོགས་བྱས་ནས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ། དཀོན་མཆོག་གསུམ་ལ་གདོང་ཕྱོགས་པས་བྱང་ཆུབ་བར་དུ་ཁྱོད་ཁོ་ན་བརྟེན་ནོ་སྙམ་པས་སྐྱབས་སུ་འགྲོ་བར་བསམ་ལ། བླ་མ་དང་སངས་རྒྱས་དང་ཆོས་དང་ཚོགས་མཆོག་དགེ་འདུན་རྣམས་ལ། ལན་གསུམ་གྱི་བར་དུ་སྐྱབས་སུ་འགྲོ་བར་བསམ་ཞིང་བརྗོད་པར་བྱའོ། །གསུམ་པ། དེ་ཡི་ཕན་ཡོན་གནས་སྐབས་སུ་བསམ་པ་འགྲུབ་པ་དང་། ནང་པ་སངས་རྒྱས་པར་ཚུད་པ་དང་། ཡོན་ཏན་གྱི་ཆོས་ཀུན་གྱི་རྟེན་དུ་འགྱུར་པ་དང་། མི་དང་མི་མིན་སོགས་ཀྱིས་གནོད་པས་མི་བརྫི་བ་དང་སངས་རྒྱས་ཀྱི་ཞབས་དྲུང་དུ་སྐྱེ་བ་དང་། མཐར་ཐུག་དོན་དམ་གྱི་དཀོན་མཆོག་གསུམ་པོ་འགྲུབ་པར་འགྱུར་བ་སོགས་ཕན་ཡོན་ཚད་མེད་པས། དེའི་ཕྱིར་ཐོག་མར་སྐྱབས་སུ་འགྲོ་བར་བྱའོ། །བསླབ་བྱ་དུས་རྒྱུན་དུ་སྐྱབས་འགྲོ་བྱ་བ་དང་། བླ་མར་སྐྱབས་སུ་སོང་བས་དགེ་བའི་བཤེས་གཉེན་ལ་གུས་ཤིང་སྡིག་གྲོགས་མི་བསྟེན། །སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་ཕྱག་མི་འཚལ། ཆོས་ལ་སོང་བས་སེམས་ཅན་ལ་འཚེ་བ་སྤང་། དགེ་འདུན་ལ་སོང་བས་མུ་སྟེགས་བྱེད་དམ་རྒྱུ་འབྲས་ལ་སྐུར་པ་འདེབས་པའི་མི་དང་མི་འགྲོགས་པ་དང་། སྐུ་གཟུགས་སོགས་མཐོང་ནའང་དད་པས་ཕྱག་མཆོད་བྱ་ཞིང་མ་གུས་པ་མི་བྱའོ། །གཉིས་པ་སེམས་བསྐྱེད་ལ། ངོ་བོ། དབྱེ་བ། བསྐྱེད་ཚུལ། ཕན་ཡོན་བཞི། དང་པོ་ལ། མཚན་ཉིད། རང་བཞིན། གང་ལྟར་བསྐྱེད་པའི་ཁྱད་པར་དཔྱད་པ་གསུམ། དང་པོ། དེ་ནས་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་མཆོག་བསྐྱེད་པ་ལ། མཚན་ཉིད་ནི་སེམས་ཅན་གཞན་གྱི་དོན་ཕྱིར་བདག་ཉིད་སངས་རྒྱས་ཐོབ་པར་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་སོ། །གཉིས་པ་ནི། གཞན་གྱི་དོན་ཕྱིར་སངས་རྒྱས་ཐོབ་པར་འདོད་པ་སྟེ་སྨོན་པ་དང་། དེ་ཐོབ་པའི་བྱ་བ་ལ་འཇུག་པ་འཇུག་པ་སེམས་བསྐྱེད་དེ་སྦྱོར་བ་ལག་ལེན་གྱིས་དངོས་སུ་མ་ཟིན་པ་དང་ཟིན་པའི་ཁྱད་པར་རམ་རང་བཞིན་གྱིས་དབྱེ་བ་རྣམ་པ་གཉིས་ཡིན་ནོ། །གསུམ་པ་ལ། སེམས་སེམས་བྱུང་གང་ལྟར་བསྐྱེད། རྣམ་ཤེས་ཡེ་ཤེས་གང་ལྟར་བསྐྱེད་པའི་ཁྱད་པར་གཉིས། དང་པོ། ཉི་མ་དང་ཟེར་བཞིན་དུ་སེམས་དང་སེམས་བྱུང་མཚུངས་པར་འཇུག་པས་ན་གཙོ་སེམས་བསྐྱེད་པས་ནི་དེའི་འཁོར་དུ་གྱུར་པའི་སེམས་བྱུང་རྣམས་ཀྱང་ཞར་ལ་བསྐྱེད་པར་འགྱུར་ཏེ། དེ་ཡང་སེམས་ནི་དོན་གྱི་ངོ་བོ་ཀ་བ་ལྟ་བུ་རང་སྟོབས་ཀྱིས་རིག་ལ། སེམས་བྱུང་གིས་དོན་གྱི་ཁྱད་པར་སྦོམ་ཕྲ་སོགས་རང་སྟོབས་ཀྱིས་རིག་པར་བྱེད་པ་བཞིན་ནོ། །གཉིས་པ། དང་པོ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པས་ཆོག་མོད། ཉེས་པའི་ཆ་ཅན་སེམས་ཅིའི་ཕྱིར་བསྐྱེད་ཅེ་ན། བདེན་མོད་འཁོར་བའི་དུས་འདི་ན་སེམས་དང་སེམས་བྱུང་གིས་བྱ་བ་བྱེད་པ་ཁོ་ན་རྣམ་པར་གཡོ་བས་ན། ཡེ་ཤེས་དེ་དངོས་སུ་མི་སྣང་བའི་ཕྱིར་ན་ཡེ་ཤེས་ལ་ནུས་པ་འཇོག་ཕྱིར་སེམས་བསྐྱེད་དེ་དགོས་པར་བྱུང་སྟེ། དེ་བསྐྱེད་པས་ཡེ་ཤེས་རབ་ཏུ་གསལ་བའི་དོན་ལ་ནུས་པ་འཇོག་པ་ཡིན་ནོ། །གཅིག་ཏུ་ན་སྨོན་པ་རྗེས་སྦྱོར་གྱི་ཡུལ་ཅན་ནི་སེམས་བསྐྱེད་པ་ཡིན་ལ། འཇུག་པ་མཉམ་བཞག་གི་དུས་ན་སེམས་ཡེ་ཤེས་སུ་བསྐྱེད་པ་ཡིན་ཏེ། སྒྱུ་འཕྲུལ་ལས། སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་སོ། །ས་བཅུའི་རྒྱུན་མཐར་སངས་རྒྱས་ཀྱི་ཡེ་ཤེས་སྐད་ཅིག་དང་པོའི་ཚེ་སེམས་སེམས་བྱུང་གཉིས་ཆར་འགག་པས། དེས་བསྐྱེད་པའི་སེམས་བསྐྱེད་པ་ཆོ་ག་ལས་ཉེ་བར་ཐོབ་པའི་སེམས་བསྐྱེད་རྒྱུན་ཆད་པའམ་ལྡོག་ན་ཡང་དེས་སེམས་བསྐྱེད་རྒྱུན་ཆད་པའི་སྐྱོན་དུ་མི་འགྱུར་ཏེ། སྔར་དོན་དམ་པའི་ཡེ་ཤེས་སུ་བསྐྱེད་པ་དང་། སེམས་བསྐྱེད་དེ་ཡི་ནུས་ལྡན་ཏེ་ནུས་པ་ཡེ་ཤེས་ལ་བགོས་པའམ་བཞག་པ་ཡིན་ལ། ཡེ་ཤེས་ནི་མ་འགགས་པས་སངས་རྒྱས་ཀྱི་སར་ཡང་ཁམས་དེའི་སྒྲིབ་པ་བྲལ་སྟོབས་ཀྱིས་གསལ་དུ་སོང་ནས་སངས་རྒྱས་ཀྱི་ཐུགས་རྗེས་སེམས་ཅན་གྱི་དོན་མཛད་པ་དེ་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་བྱར་བརྗོད་དེ། དེ་ཡང་སྔར་སེམས་བསྐྱེད་པ་ནི། སེམས་ཅན་གྱི་དོན་བྱ་བར་དམ་བཅས་པ་མི་གཏོང་བ་ཙམ་ཡིན་ལ། ད་འབྲས་བུ་དམ་བཅས་པ་དེ་མངོན་དུ་གྱུར་པ་ན། ཡེ་ཤེས་ཟད་པ་མེད་པས་སེམས་ཅན་གྱི་དོན་རྟག་ཏུ་མཛད་པ་ཡིན་པས། སེམས་བསྐྱེད་ནས་ད་དུང་དོན་མཛད་དོ་སྙམ་པ་མེད་ཀྱང་སེམས་ཅན་གྱི་དོན་ལ་བསྙེལ་བ་མེད་པས། རྒྱུའི་ནུས་པ་ནམ་ཡང་མི་ཆད་པ་ཡིན་པས་ཡེ་ཤེས་ལ་བགོས་པ་ཞེས་བྱ་ཡི། རང་མཚན་པར་མི་བཟུང་ངོ་། །དེས་ན་སེམས་བསྐྱེད་པ་སོགས་ནི། ཁམས་ཀྱི་དྲི་མ་བྲལ་བར་བྱེད་པ་ཙམ་དུ་ཟད་ཀྱི། དྲི་མ་བྲལ་བའི་སངས་རྒྱས་ཀྱི་ས་ན་སེམས་ཀྱིས་བསྡུས་པའི་ལམ་ཀུན་འགགས་ཀྱང་། དེ་དག་གི་འབྲས་བུ་ཡེ་ཤེས་ལ་ཆད་པ་མེད་པར་ཤེས་པར་བྱའོ། །སངས་རྒྱས་ཀྱི་ས་ན་དོར་བ་མེད་པའི་སྟོང་པ་ཉིད་ཡོད་པའི་ཕྱིར་དང་། དོན་དམ་སེམས་བསྐྱེད་ཐོབ་ལ་ཉམས་པ་མེད་པའི་ཕྱིར་དོན་དམ་སེམས་བསྐྱེད་ཡོད་ལ། ཀུན་རྫོབ་སེམས་བསྐྱེད་ཀྱང་། ཆོ་གས་ཐོབ་པ་དང་། ད་གཟོད་ཐོབ་བྱའི་སེམས་བསྐྱེད་དུ་མེད་ཀྱང་། ཐུགས་རྗེ་ཆེན་པོས་དོན་མཛད་པ་དུས་ལས་མི་ཡོལ་བའི་སེམས་བསྐྱེད་ཡོད་པར་གསུངས་སོ། །གཉིས་པ་དབྱེ་བ། ཐེག་ཆེན་ཚོགས་ལམ་དང་སྦྱོར་བར་ཏེ་སྦྱོར་ལམ་དེ་གཉིས་སུ་སྙིང་པོ་ཡེ་ཤེས་ཀྱི་ཁམས་དེའི་རང་བཞིན་ཉིད་ལུང་ལ་བ རྟེན་ནས་མོས་པས་དོན་སྤྱིའི་ཚུལ་དུ་མཇལ་བས་ན། སྨོན་འཇུག་གི་སེམས་བསྐྱེད་དེ་ཡང་མོས་པ་ལས་བྱུང་བའི་སེམས་བསྐྱེད་ཞེས་བརྗོད་དོ། །དེ་བཞིན་དུ་དང་པོའི་ས་ནས་བདུན་པའི་བར་ཉིད་དུ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ལོག་པས། ཞིང་དང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ་གཟིགས་པས་ཁམས་ཀྱི་སྒྲིབ་པ་ཕྱོགས་རེ་རྣམ་པར་དག་པས་ཡེ་ཤེས་རྒྱ་ཆེ་སྤྲིན་བར་གྱི་ཉི་ཟེར་གྱི་སྣང་བ་ལྟར་ལྷག་བསམ་དག་པས་ལྷག་བསམ་དག་པའི་སེམས་བསྐྱེད་ཅེས་བརྗོད་དོ། །དག་པའི་སར་ནི་སྟེ་དག་ས་གསུམ་གྱིས་བརྒྱད་པར་ཡིད་ཤེས་ལོག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དགུ་པར་སྒོ་ལྔ་ཡི་རྣམ་ཤེས་ལོག་པའི་ཞིང་དག་པ་དང་། བཅུ་པར་ཀུན་གཞིའི་རྣམ་ཤེས་རྣམ་པར་དག་པས་ཡེ་ཤེས་ཕུན་སུམ་ཚོགས་པ་ལ་དབང་ཐོབ་པའི་ཕྱིར་སྨོན་ལམ་དང་ཡོན་ཏན་རྒྱ་ཆེ་བས་རྣམ་པར་སྨིན་པའི་སེམས་བསྐྱེད་ཅེས་སུ་བརྗོད་དོ། །རྒྱུན་མཐར་སེམས་སེམས་བྱུང་གི་བག་ཆགས་ཀུན་གཞི་དང་བཅས་པ་གཏན་ནས་ཟད་པས་ཁམས་ལ་སྒྲིབ་བྱེད་མཐའ་དག་དང་བྲལ་བ་སངས་རྒྱས་ཀྱི་ས་སྟེ། དེ་ནི་ཉི་མ་སྤྲིན་བྲལ་བཞིན་དུ་ཁམས་དེའི་ཡོན་ཏན་ཅི་ཡོད་པ་ཐམས་ཅད་མངོན་དུ་གྱུར་པས་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་བྱ་བར་བརྗོད་དེ་དག་པའི་སེམས་དཔའ་རྣམས་ཀྱིའང་སྤྱོད་ཡུལ་ལས་འདས་པ་ཡིན་ནོ། །གསུམ་པ། ཇི་ལྟར་སེམས་བསྐྱེད་པའི་ཚུལ་ཡང་རྣམ་པ་གཉིས་ཡིན་ཏེ་བླ་མ་མཆོག་དང་དཀོན་མཆོག་གི་རྟེན་གྱི་དྲུང་དུ་ལེན་པ་གཉིས་སོ། །དང་པོ་ལྟར་བླ་མར་ལེན་པའི་ཚེ་བླ་མ་དེ་ཡིས་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་སེམས་བསྐྱེད་ཀྱི་རང་བཞིན་སོགས་ཀྱི་ཆོས་བཤད་དེ་བློ་བཅོས་ནས། སྔོན་འགྲོ་ཡན་ལག་བདུན་པ་དང་རྟེན་སྐྱབས་འགྲོར་བཅས་པ་སོང་ནས། དངོས་གཞི་རྒྱལ་བ་སངས་རྒྱས་དང་དེ་སྲས་བྱང་སེམས་རྣམས་དང་བླ་མ་རྡོ་རྗེ་འཛིན་པ་མཆོག་རྣམས་དགོངས་སུ་གསོལ། ཞེས་དགོངས་གསོལ་ལེགས་པར་བརྗོད་པའི་རྗེས་སུ། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་བསླབ་པ་ལ་གནས་པ་ལྟར། དེ་བཞིན་དུ་བདག་གིས་ཀྱང་འགྲོ་བ་ཀུན་ལ་ཕན་པའི་དོན་དུ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་རིམ་པ་བཞིན་དུ་སློབ་ཅིང་གནས་པར་བགྱིའོ། །དེ་སྐད་ཅེས་ནི་ལན་གསུམ་བརྗོད་པར་བྱ་ཞིང་། རྗེས་རང་གཞན་དགའ་བ་བསྒོམ་པ་སོགས་བྱའོ། །གཉིས་པ་གང་ཟག་དམ་པ་ཁ་ཅིག་གིས་ཐོག་མ་ནས་སམ། ཕལ་གྱིས་ཕྱིས་གསོ་དུས་སམ་ཡང་ནས་ཡང་དུ་བསྐྱེད་དུས་བླ་མ་ལས་གཞན་དཀོན་མཆོག་གི་རྟེན་གྱི་དྲུང་སོགས་སུ་ལེན་པ་སྟེ། ལེན་ཚུལ་སྔར་དང་འདྲའོ། །བཞི་པ། སེམས་བསྐྱེད་དེ་ཡི་ཕན་ཡོན་དམ་པ་ཚད་མེད་དེ། སེམས་བསྐྱེད་ཐོབ་མ་ཐག་ནས་མ་ཉམས་པར་ཡོད་རིང་ཐམས་ཅད་དུ་མིང་དོན་གནས་གྱུར་ཏེ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མིང་ཐོབ་ཅིང་ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་མཆོད་སྡོང་སྟེ་མཆོད་གནས་སུ་འགྱུར་བ་དང་། དགེ་བ་ཐམས་ཅད་ཐར་པའི་མཆོག་མི་གནས་པའི་མྱང་འདས་ཀྱི་ལམ་དུ་འགྱུར་ཞིང་ལུང་མ་བསྟན་ཆད་ནས་རྟག་ཏུ་བསོད་ནམས་རྒྱ་ཆེན་ཐོབ་པ་དང་། སྡིག་པ་མཐའ་ཡས་པའི་ཉེས་པ་ཟད་པ་དང་། བསོད་ནམས་དཔག་ཏུ་མེད་པ་ངང་གིས་འཕེལ་བ་དང་། ཐར་ལམ་མ་ནོར་བར་རྙེད་ཅིང་། གནས་སྐབས་མངོན་མཐོ་དང་། མཐར་ཐུག་ངེས་ལེགས་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་མཆོག་འགྲུབ་པ་ཡིན་ནོ། །གསུམ་པ་བསྐྱེད་རིམ་ལ། བསྟན་བཤད་གཉིས། དང་པོ། དེ་ལྟར་སྐྱབས་སུ་འགྲོ་བ་དང་སེམས་མཆོག་བསྐྱེད་པར་གྱུར་མ་ཐག་ཐེག་ཆེན་གྱི་ལམ་དུ་ཚུད་པས། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རྗེས་སུ་ཞུགས་པར་འདོད་པའི་སྐལ་བ་བཟང་པོ་དང་ལྡན་པའི་འགྲོ་བ་མཆོག་གིས། ཐོག་མར་རང་རང་གང་ལ་མོས་པའི་ཡི་དམ་གྱི་ལྷར་བསྐྱེད་པའི་རིམ་པ་བསྒོམ་མོ། །གཉིས་པ་ལ། སྔོན་དུ་འགྲོ་བའི་ཆོས་དང་། དངོས་གཞི་གཉིས། དང་པོ། བསྐྱེད་རིམ་དེའི་སྔོན་དུ་བདེ་བར་གཤེགས་པའི་ཐུགས་རིག་སྔགས་ཀྱི་ངོ་བོར་ཤར་བའི་ལྷའི་རིག་གཏད་དང་། ལྷ་བསྒོམ་པ་སོགས་ཀྱི་རྗེས་སུ་གནང་བ་དང་། སྔགས་བླ་མེད་ཀྱི་དབང་བཞི་ལ་སོགས་པ་བརྒྱུད་སྡེ་མཆོག་ལས་གསུངས་པ་བཞིན་ནུས་རུང་གིས་འབྲས་བུ་སྨིན་ངེས་སུ་སྨིན་པར་བྱས་ལ་དེ་རྗེས་ལམ་བསྒོམ་པར་བྱའོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ། དེ་ལྟར་སྨིན་པ་དེ་ཉིད་གྲོལ་བར་བྱེད་པ་ཐབས་བསྐྱེད་པ་དང་ཤེས་རབ་རྫོགས་པའི་རིམ་པའི་དོན་ལ་བསྒོམ་པར་བྱའོ། །གཉིས་པ་ལ། དངོས་གཞི་བསྐྱེད་རིམ་དང་། ཞར་བྱུང་རྫོགས་པའི་རིམ་པ་བསྟན་པ་གཉིས། དང་པོ་ལ་དངོས་དང་། དེའི་ཕན་ཡོན་གཉིས། དང་པོ། རྣལ་འབྱོར་ཆེན་པོའི་དབང་དུ་བྱས་ཏེ་འདི་ལྟར་ཕྱི་སྣོད་དུ་སྣང་བ་འོག་མིན་གྱི་ཞིང་ཁམས་དང་། ནང་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོ། རང་ལུས་འོད་གསལ་གྱི་དཀྱིལ་འཁོར་ཏེ་གཞལ་ཡས་ཁང་མཛེས་མཚན་ཉིད་ཚང་བ། ངག་གསང་སྔགས་ཀྱི་རང་བཞིན་ཏེ་སེམས་ནི་རིགས་ལྔ་ཡེ་ཤེས་ཀྱི་ལྷར་གསལ་བའོ། །གཉིས་པ། དེས་མ་དག་ཐ་མལ་གྱི་ཞེན་པ་འགོག་ཅིང་། དབྱིངས་ཀྱི་རྗེས་འགྲོ་སྟེ་དབྱིངས་རང་བཞིན་གྱིས་འོད་གསལ་བའི་སྣང་ཆ་སྐུ་དང་ཡེ་ཤེས་ལམ་དུ་བྱེད་པས་འབྲས་བུ་དེའི་རྗེས་སུ་འགྲོ་སྟེ་དེ་འདྲ་འགྲུབ་པ་ལ་མི་བསླུ་ཞིང་གཟུགས་སྐུ་ལ་སྒྲིབ་པའི་དྲི་མ་སེལ་བའི་དགོས་པ་ཡོད་དོ། །གཉིས་པ། རྫོགས་རིམ་ནི་བསྐྱེད་རིམ་གྱི་ངང་དེ་ཉིད་དམ། ལས་དང་པོ་པས་བསྐྱེད་རིམ་བསྒོམ་པ་དེའི་རྗེས་སུ་བསྐྱེད་རིམ་བསྡུས་ནས་སེམས་ཉིད་མི་དམིགས་པ་ཆོས་ཉིད་སྟོང་པ་ཉིད་དང་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ཟུང་དུ་འཇུག་པ་རྫོགས་པའི་རིམ་པ་བསྒོམ་པར་བྱ་སྟེ། དེ་ཡང་བསྐྱེད་རིམ་བསྡུས་ནས་སྟོང་པར་བསྒོམས་པས་བསྐྱེད་རིམ་སྒྱུ་མར་ཞེན་པ་འགོག བསྐྱེད་རིམ་ཉིད་ཀྱི་ངང་དུ་རྫོགས་རིམ་བསྒོམས་པས་སྟོང་པར་ཞེན་པ་འགོག སྔར་སེམས་ལྷར་གསལ་ནས་འདིར་སེམས་ཉིད་རྫོགས་རིམ་དུ་བསྒོམ་པ་ནི་གཟུགས་སྐུ་དང་ཆོས་སྐུ་སྣང་བ་དང་སྟོང་པ་ལམ་དུ་བྱེད་པ་ཡིན་ནོ། །མི་ཤེས་པ་དག་སེམས་ཀྱི་འཕྲོ་འདུ་དང་། རྣམ་པ་ལ་རྫོགས་རིམ་དུ་འདོད་པ་འཁྲུལ་ཏེ། སྣང་བ་དང་རྣམ་པ་ཆོས་ཅན་ཡུལ་དུ་བྱེད་པའི་ཕྱིར་རོ། །རྫོགས་པ་ནི་སྟོང་པ་དང་རྣམ་མེད་ཆོས་ཉིད་ཡུལ་དུ་བྱེད་པ་ཡིན་ནོ། །བརྟན་པ་ཐོབ་ནས་དབྱེར་མེད་ཟུང་དུ་འཇུག་དུས་ཀྱང་སྣང་སྟོང་ངམ་བསྐྱེད་རྫོགས་ལྡོག་པ་དེ་བཞིན་དུ་གནས་སོ། །འདི་ནི་ངེས་དོན་གྱི་རྒྱུད་སྡེའི་དགོངས་པ་ཡིན་པས་སྐལ་བཟང་རྣམས་ཀྱིས་དང་དུ་ལེན་པར་རིགས་སོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། བསམ་གཏན་གྱི་སྔོན་དུ་འགྲོ་བའི་ལེའུ་སྟེ་བཅུ་དགུ་པའི་འགྲེལ་པའོ།། །། ༈ གཉིས་པ་དངོས་གཞི་ལ། བསྟན་བཤད་གཉིས། དང་པོ། དེ་ལྟར་སྔོན་འགྲོ་རྫོགས་པའི་རྗེས་དེ་ནས་དངོས་གཞི་ཇི་ལྟར་བསྒོམ་པ་ནི། དང་པོར་དབེན་ཞིང་ཡིད་དུ་འོང་བའི་གནས་དག་ཏུ་སྟན་བདེ་བར་འདུག་ནས། སྔོན་དུ་འགྲོ་བའི་ཆོས་སྐྱབས་སེམས་བསྐྱེད་རིམ་རྒྱས་བསྡུས་རྣམས་རིམ་པར་རྫོགས་མ་ཐག་པར། དངོས་གཞི་རྫོགས་རིམ་འོད་གསལ་ཡེ་ཤེས་ཀྱི་དོན་ལ་མཉམ་པར་བཞག་པའམ་བསྒོམ་པར་བྱའོ། །གཉིས་པ་ལ། ཐབས་ཞི་གནས་སྒྲུབ་པ་དང་། ཐབས་བྱུང་ལྷག་མཐོང་བསྒོམ་པ་གཉིས། དང་པོ་ལ། སྤྱི་དང་ཁྱད་པར་གཉིས། དང་པོ། འོད་གསལ་དེ་ཡང་ཐབས་མེད་པར་ཤེས་རབ་ཀྱི་ཕར་ཕྱིན་མི་སྐྱེ་བས། ཐོག་མར་སྣ་ཚོགས་པའི་ཐབས་ཀྱིས་བསམ་གཏན་ནམ་ཞི་གནས་བཙལ་བར་བྱ་སྟེ། དང་པོར་དམིགས་པའི་རྟེན་ལ་བརྟེན་ནས་མི་དམིགས་པ་སྐྱེ་བ་སྟེ། མི་དམིགས་པ་དེ་ལས་ཆོས་ཉིད་ཡེ་ཤེས་མཐའ་དང་བྲལ་བ་འཆར་བས་ན། དང་པོ་ཞི་གནས་བསྐྱེད་པའི་རིམ་པ་དེ་ཡང་རང་རང་གི་རྒྱུད་ལས་མི་འདྲ་བའི་སྒོ་དུ་མ་ཇི་སྐད་གསུངས་པ་བཞིན་དུ་བསྒོམ་པར་བྱའོ། །གཉིས་པ་ལ། མདོར་བསྟན། རྒྱས་བཤད། དེ་ཐབས་ཡིན་ཚུལ་གསུམ། དང་པོ། བླ་མེད་ཕ་མ་གཉིས་སུ་མེད་པ་གསུམ་ཆར་དྲིལ་ནས་ཉམས་སུ་ལེན་པའི་སྐབས་འདིར་ནི་མདོར་བསྡུས་ཏེ་ཅུང་ཟད་བསྟན་པ་ནི། རྡོ་རྗེའི་ལུས་ལ་རྩ་གནས་དེ་ལ་རླུང་དང་ཁམས་རང་བཞིན་གྱིས་བརྟེན་པའི་ཕྱིར་དེ་དག་ལ་གནད་དུ་བསྣུན་པ་གཅེས་ཏེ། དེ་ཡང་རྩ་རླུང་ཁམས་ཀྱི་འདུ་འཕྲོ་ལ་བརྟེན་ནས་སྣང་བ་སྣ་ཚོགས་འཆར་ཞིང་། དེ་དག་ལ་གནད་དུ་བསྣུན་པས་རང་བྱུང་ཡེ་ཤེས་ཀྱི་ཐིག་ལེ་རང་གནས་ལམ་དུ་བྱེད་ནུས་པས་རྩ་གནད་དུ་འགྲོ་བ་ལུས་གནད། རླུང་གནད་དུ་འགྲོ་བ་ལ་སྲོག ཐིག་ལེ་གནད་དུ་འགྲོ་བ་ལ་རྩོལ་བ་གལ་ཆེའོ། །འདིར་ཕ་རྒྱུད་པ་ཁ་ཅིག་རླུང་ཁོ་ནའི་ཐབས་ལས་སྐྱེས་པའི་ཤེས་པ་གསལ་བ་དེ་ཙམ་དོན་དམ་དུ་འདོད་པ་དང་། མ་རྒྱུད་ཁ་ཅིག་ཐིག་ལེ་ལས་སྐྱེས་པའི་བདེ་གསལ་རྟོག་མེད་ཙམ་དོན་དུ་འདོད་ཅིང་། དེ་དག་གི་ཐབས་ཁོ་ན་ལ་ལྟ་བ་མཆོག་ཏུ་འཛིན་པའང་ཐར་པའི་ལམ་མ་ཡིན་ཏེ། ཡེ་ཤེས་གྲུབ་པ་ལས། ལུས་ཀྱི་སྦུད་པ་གང་ཡིན་དང་། །སྦུད་པ་འབུད་པར་བྱེད་པ་དག །དེ་དག་ཁྱད་པར་མ་མཐོང་སྟེ། །དེ་ཉིད་མཐོང་བའི་རྣལ་འབྱོར་པས། །སྦུད་པ་ཡིན་ནི་བྱ་བ་ནོན། །ཞེས་དང་། དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡེ་ཤེས་སྐྱེད་ན་སྨྲ། །དེ་ནི་བདེ་བ་ཆེ་ཡིན་ཞེས། །རྒྱལ་བ་མཆོག་གིས་མ་གསུངས་སོ། །བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །མཆན་ཁུང་གཡའ་འཕྲུགས་ལས་བྱུང་བ། །ཅི་ཡི་ཕྱིར་ན་བདེ་ཆེན་མིན། །ཞེས་སོ། །དེས་ན་ལམ་དངོས་མ་ཡིན་པས་ཞེན་པར་མི་བྱ་ལ། ལམ་གྱི་ཆ་རྐྱེན་ཡིན་པས་མ་རྫོགས་རིང་ལ་དོར་བ་ཡང་མི་བྱ་བར་འབད་པར་བྱའོ། །གཉིས་པ་ལ། རྟེན་རྩ་ལུང་གི་རྣལ་འབྱོར་དང་། བརྟེན་པ་ཁམས་ལ་བསླབ་པའི་རྣལ་འབྱོར་གཉིས་གཉིས། དང་པོ། སྲོག་གི་སྦྱོར་བས་རླུང་ལ་མ་བསླབས་ན་ཁམས་ལས་སུ་མི་རུང་བའི་ཕྱིར་རླུང་བསྒོམ་པ་ནི། རྩ་གནད་དུ་འགྲོ་ཕྱིར་ལུས་ཀྱི་ཆ་བསྲངས་ཏེ་རྡོ་རྗེ་སྐྱིལ་ཀྲུང་བཅས་ལ། ལག་པ་པུས་མོ་ལ་བཀབ། མཇིང་པ་ཅུང་ཟད་དགྱེ། དབུགས་ནི་ཐད་སོར་དར་ཅིག་བཞག མིག་ནི་འགུལ་བར་མི་བྱ་བར་ཧ་རེ་བལྟ། རླུང་རོ་གསུམ་མམ་དྲུག་ཕྱིར་སངས་ཀྱིས་གདོན། དེ་ནས་འཇམ་རླུང་དལ་བུས་ནང་དུ་བཟུང་སྟེ་སྟེང་འོག་གི་རླུང་གཉིས་ནི་ཁ་སྦྱར་དུ་འཆིང་། དམིགས་པ་ལུས་དབུས་སུ་རྩ་གསུམ་ཀ་བ་ལྟར་ཡོད་པའི་སྤྱི་མགྲིན་སྙིང་ལྟེ་བ ཞིར་འཁོར་ལོ་བཞི་གདུགས་ལྟར་གསལ། རོ་རྐྱང་གཉིས་ཀྱི་མར་སྣ་སྤུ་ནག་གུ་ལ་ཐུག་པ་དབུ་མར་འདུད་ནས་ཡོད་པ། ཡར་སྣ་སྣ་བུག་གཉིས་ན་ཡོད་པ་ནས་རླུང་ཞུགས་ནས་དབུ་མར་སོང་བས་གསལ་བདེ་མི་རྟོག་པའི་ཡེ་ཤེས་སྐྱེ་བར་བསྒོམ། དེ་ཡང་དབྱར་མེ། སྟོན་རླུང་། དགུན་ཆུ། དཔྱིད་སའི་རླུང་རྒྱུ་བས་དེའི་གཉེན་པོར་གོ་བཟློག་པའམ། ནམ་མཁའི་རླུང་འབའ་ཞིག་གམ་ནད་ཁམས་དང་བསྟུན་ནས་གང་འཕྲོད་སྒོམ་པའོ། །དེ་ལ་ཁ་དོག་དང་གྲངས་དང་རེག་བྱ་དང་དབྱིབས་བསྒོམ་སྟེ། ཁ་དོག་ནི་ས་རླུང་སེར། ཆུ་དཀར། མེ་དམར། རླུང་ལྗང་། ནམ་མཁའི་རླུང་མཐིང་གའོ། །གྲངས་ནི་ཕྲེང་བ་ལ་བགྲངས་པས་སྔར་ལས་ཉུང་ངུ་འགྲོ་ཞིང་རེག་བྱ་ནི་ལྕི་གཡོ་བསྲེག་སོགས་འབྱུང་བ་སོ་སོའི་མཚན་ཉིད་བཞིན་ལ། དབྱིབས་ཀྱང་རིམ་པ་ལྟར། གྲུ་བཞི་དང་། ཟླ་གམ་དང་། གྲུ་གསུམ་དང་། གཞུ་བདུང་བ་ལྟ་བུ་དང་། ཀུན་ནས་ཟླུམ་པར་བསྒོམ་པ་ཡིན་ནོ། །དེའང་རླུང་ཁ་སྦྱར་ནས་དལ་གྱིས་ཕྱིར་སོང་དུས། ལྷག་མ་ཅུང་ཟད་བཟུང་ལ་སྔ་མ་བཞིན་ཁ་དོག་དང་དབྱིབས་དབུ་མའི་ནང་སྙིང་གི་ཐད་སོར་བསྒོམས་ནས། འཁོར་ལོ་བཞི་ཡི་དབུས་སུ་ཡང་། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་ཆུ་རླུང། མགྲིན་པ་ལོངས་སྤྱོད་དུ་ས་རླུང། སྙིང་ནང་དུ་ནམ་མཁའི་རླུང་། ལྟེ་བར་མེ་རླུང་རྣམས་ཀྱི་ཁ་དོག་དང་དབྱིབས་བསྒོམ་པར་བྱ་སྟེ་དེ་ལྟར་གཅིག་བརྟན་ནས་གཅིག་བསྒོམས་པས་རླུང་ལྔ་ལས་སུ་རུང་བའི་རྟགས་ནང་ཤེས་པ་གསལ་ལ་རྟོག་མེད་དང་། སྣང་བ་སྣ་ཚོགས་ཀྱི་སྟོང་གཟུགས་མཐོང་སྟེ། དེ་ཡང་གཡས་རླུང་དབུ་མར་ཚུད་རྟགས་དུ་བ། གཡོན་རླུང་ཚུད་པས་སྨིག་རྒྱུ་དེ་བཞིན་དུ་གཡོན་མེ་རླུང་ལ་མར་མེ་དང་འོད་འབར། ཆུ་རླུང་ལ་སྤྲིན་དང་མཐོང་ཁུང་གི་ཟླ་ཟེར། ས་རླུང་ལ་གསེར་མདོག་དང་གློག་ལྟ་བུ་དང་། ནམ་མཁའི་རླུང་ལ་དང་པོར་མཐིང་ག་ལས་འོད་ལྔའི་ཐིག་ལེའོ། །ཐམས་ཅད་དབུ་མར་ལས་སུ་རུང་བའི་རྟགས་སུ་འོད་ལྔའི་འཇའ་ཚོན་དང་ཐིག་ལེ་ལྷ་སྐུ་མཆོད་རྟེན་གཞལ་མེད་ཁང་དྲྭ་བ་དྲྭ་ཕྱེད་པདྨ་སོགས་དང་། དེའི་དུས་སུ་འགྲོ་དྲུག་གི་འཁོར་ལོར་རླུང་སེམས་འདུས་རྟགས་རིགས་དྲུག་སོ་སོའི་ཡུལ་སྣང་ཡང་འཆར་བས་གནས་སྦྱོང་གི་གདམས་ངག་གིས་ཐམས་ཅད་འཁྲུལ་པར་ཤེས་ནས་སེམས་ཅན་ལ་སྙིང་རྗེ་བསྐྱེད། རྨི་ལམ་དང་སྒྱུ་མ་ལྟ་བུར་ཐག་བཅད། ལུས་གནད་དང་དམིགས་གནད་བསྒྱུར་ལ་བསྒོམ། དེའི་ཚེ་ཐབས་དེས་རྣམ་རྟོག་རང་འགག་ཤེས་པ་གསལ་དྭངས་ཕྱེད་པར་གནས་པ་འབྱུང་བས་དེ་ཉིད་ངོ་བོ་ཡོད་མེད་སྤྲོས་བྲལ་ནམ་མཁའ་ལྟ་བུ་མི་རྟོག་ཡེ་ཤེས་སུ་ངོ་སྤྲད་ནས། གང་དུ་ཡང་དམིགས་པ་མེད་པར་བསྒོམ་ན་ཆོས་ཉིད་དོན་གྱི་ཡེ་ཤེས་ལྷག་མཐོང་གི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམས་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་མཐོང་སྣང་ལ་དགག་སྒྲུབ་དང་ཞེན་ན་ཕྱི་རོལ་པའི་ལམ་དང་ཁྱད་མེད་པས་སྣང་བ་འཛིན་མེད་ཀྱི་ཤེས་རབ་དང་མ་བྲལ་བ་གལ་ཆེའོ། །དེ་ལྟར་བསྒོམས་པས་ཇི་ཞིག་ན་ད་ལྟའི་རླུང་ཉིས་བརྒྱ་ལྔ་བཅུ་རྩ་བརྒྱད་ཀྱི་རིང་ལ། དེ་དུས་དབུགས་གཅིག་ལས་མི་རྒྱུ་ཞིང་མཐར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་དབུགས་གཅིག་གི་རིང་ལ་འགག་སྟེ། རླུང་ལས་སུ་རུང་བའི་ཡོན་ཏན། ལུས་ཡང་བ་དང་། འཇགས་མའི་རྩེ་ལ་སྐྱིལ་ཀྲུང་བཅའ་ནུས་པ་དང་། མངོན་ཤེས་དང་རྫུ་འཕྲུལ་རྐང་མགྱོགས་སོགས་དངོས་གྲུབ་ཕྲན་ཚེགས་འགྲུབ་བོ། །གཉིས་པ། དེ་ནས་རྩོལ་བའི་སྦྱོར་བས་ཁམས་ལ་མ་བསླབས་ན་ཏིང་འཛིན་བསམ་གྱིས་མི་ཁྱབ་པ་མི་འགྲུབ་པས་དེའི་ཚུལ་ལ་བསླབ་པའི་རིམ་པ་ཡང་། སྤྱིར་གཏུམ་མོ་ཡེ་ཤེས་ཀྱི་འཁོར་ལོ། བདེ་བ་ཆོས་ཉིད་ཀྱི་འཁོར་ལོ། རྩལ་སྦྱོང་བོགས་འབྱིན་གྱི་འཁོར་ལོ་དང་གསུམ་ཡོད་ཀྱང་། ཕྱི་མ་གཉིས་དམིགས་རྣམ་མི་འདྲ་བ་ཙམ་སྟེ། འདིར་སྔ་མ་ལྟར་བཤད་ན་ལུས་གནད་དང་རྩ་འཁོར་སྔར་དང་འདྲ་བ་ལས། ལྟེ་བའི་ཐད་དབུ་མའི་ནང་ན་ཨ་ཤད་རེག་བྱ་ཚ་previous hit ་རྟ་རྔ་ཙམ་ལས་འབར next hit་བའི་མེ་ཡིས། སྤྱི་བོའི་ཧམ་ཐུར་བལྟ་རི་བོང་ཅན་ཏེ་ཟླ་བ་ལྟ་བུ་བཞུ་བས་བྱང་སེམས་ཀྱིས་དབུ་མའི་ནང་གང་བས་བདེ་བ་ཆེན་པོ་རྒྱས་པའི་ངང་ལ་བཞག་སྟེ་དར་གཅིག་མི་རྟོག་པར་སྦྱངས་པའི་རྗེས་སུ། འཁོར་ལོ་བཞི་ཡི་དབུས་སུ་རྩ་དབུ་རྐྱང་རོ་གསུམ་གྱི་དབུས་མར་སྟེང་འོག་གི་གནས་ལས་རོ་རྐྱང་གི་དྭངས་མ་ཉི་ཟླའི་འགྲོས་ཅན་ཁམས་དཀར་དམར་ཏེ། རོ་མའ་ིདྭངས་མ་དཀར་པོ་དང་། རྐྱང་མའི་དམར་པོ་གཉིས་དབུ་མར་ཡར་སྣ་དང་མར་སྣ་ནས་མཉམ་དུ་ཞུགས་ཏེ། སྙིང་གི་དབུས་སུ་དེ་གཉིས་རྣམ་པར་འདྲེས་ཏེ་བདེ་སྟོོང་ངམ་ཨེ་ཝཾ་ཟུང་དུ་འཇུག་པ་ནི། ཐིག་ལེ་འོད་ཁ་དོག་ལྔ་ལྡན་དུ་གསལ་བ་ཆེས་ཕྲ་སྟེ་ཇེ་ཕྲར་གྱུར་ནས་མཐར་འོད་གསལ་མི་དམིགས་པའི་ངང་ཉིད་དུ་གཞག་པར་བྱ་སྟེ། བདེ་མཆོག་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་སོ། །ཐབས་དེ་ལས། གང་ཟག་མཆོག་རབ་རྣམས་ལ་བདེ་སྟོང་མི་ཤིགས་པའི་ཡེ་ཤེས་རང་ལུས་ཐབས་ལྡན་གྱིས་སེམས་སེམས་བྱུང་འགགས་ནས་ཞི་གནས་ཀྱི་ངང་དུ་རིག་པ་ཡེ་ཤེས་ནམ་མཁའི་གཟུགས་ཅན་ཏེ་རྡོ་རྗེ་ནམ་མཁའི་དཀྱིལ་ལམ་ཉི་མ་སྤྲིན་བྲལ་ལྟ་བུ་འཆར་ཏེ་སྒྲིབ་བྱེད་མེད་པས་སོ། །གཞན་ཕལ་པའང་མི་རྟོག་པའི་ཞི་གནས་འགྲུབ་པ་ཡིན་ནོ། །གསུམ་པ། ཁ་ཅིག་རྩ་རླུང་དེ་འདྲ་ཕྱི་རོལ་པ་ལའང་ཡོད་པས་དམན་སྙམ་ན། རླུང་ནི་སྔགས་ཁོ་ནས་ཀྱང་མིན་ཏེ། ཉི་མའི་སྙིང་པོའི་མདོ་དང་བསྟན་བཅོས་མཛོད་སོགས་ཐེག་པ་ཆེ་ཆུང་དག་ལས་རྣམ་རྟོག་གི་གཉེན་པོར། རླུང་བསྒོམས་པ་དང་ནི། ཕྱི་རོལ་གྱི་དམིགས་པའི་རྟེན་ལ་སེམས་བཟུང་བས་ཞི་གནས་སྒྲུབ་ཚུལ་གསུངས་པ་དང་འདི་ནི་མཚུངས་པར་བསྟན་པ་ཡིན་ཀྱང་དོན་ལ་འདི་ཉིད་ཁྱད་པར་འཕགས་སོ། །གཉིས་པ་ཐབས་བྱུང་ལ། རང་བྱུང་འོད་གསལ་གྱི་ལྷག་མཐོང་ངོས་བཟུང་བ་དང་། ལོག་པར་རྟོག་པ་གཞན་གྱི་ལུགས་དགག་པ་གཉིས། དང་པོ་ལ་ཐོག་མར་ངོ་སྤྲོད་པའི་ཚུལ། བར་དུ་ངང་སྐྱོང་བའི་ཚུལ། མཐར་དེ་ལས་ཡོན་ཏན་འབྱུང་བའི་ཚུལ་གསུམ། དང་པོ། ཐབས་དེས་འགྲུབ་པའི་ལྷག་མཐོང་ངམ་རང་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ལ་ཡོད་པ་ཉིད་ངོ་སྤྲད་པ་ནི། སྔར་རླུང་དུས་ཀྱི་རིག་པ་གསལ་ལ་རྟོག་མེད་དང་ཐིག་ལེའི་དུས་ན་བདེ་བའི་རིག་པ་གཉིས་པོའ་ིངང་དེར་རིག་ངོ་ལ་ཅེར་གྱིས་བལྟས་པས། བདེ་གསལ་མི་རྟོག་ཙམ་དུའང་གནས་པ་དང་མི་གནས་པ་དང་། ཡོད་པ་དང་མེད་པ་དང་ཡིན་པ་དང་མིན་པ་སོགས་དཔེས་མཚོན་པ་དང་ངག་གིས་བརྗོད་པ་ཀུན་ལས་འདས་པའི་དོན་རང་མདངས་རང་རིག་མཐའ་བཞིའི་སྤྲོས་པ་དང་བྲལ་བ། ཡིད་ཆེས་ངེས་ཤེས་ཀྱི་ངང་ནས་དྭངས་གསལ་ལྷག་གེ་བ། རྒྱ་ཡོངས་སུ་མ་ཆད་ཅིང་ཕྱོགས་རིས་སུ་ཆད་པ་མེད་པ་ནམ་མཁའ་ལྟ་བུ་ལ། དྭངས་གསལ་མི་གཡོ་བ་ཉི་ཟླའི་དཀྱིལ་འཁོར་བཞིན་དང་། ཀུན་རྟོག་གི་རྙོག་མ་དང་བྲལ་བ་རྒྱ་མཚོ་ལྟ་བུ་དེ་ནི། རང་བྱུང་གི་ཡེ་ཤེས་སམ་དབང་བཞི་པའི་ཡེ་ཤེས་སེམས་ཉིད་འོད་གསལ་བའི་ཀྱིལ་འཁོར་དུ་དམ་པ་རྣམས་ཀྱིས་ངོ་སྤྲད་པར་མཛད་དེ། སེམས་སེམས་བྱུང་གི་སྤྲོས་པ་ཞི་བའི་རང་རིག་དེ་ཉིད་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་རང་བྱུང་གི་ཡེ་ཤེས་དང་། རྫོགས་པ་ཆེན་པོ་དང་། དབུ་མ་ཆེན་པོ་དང་། སྦྱོར་བ་ཡན་ལག་དྲུག་གི་སྙིང་པོ་དང་། ལམ་འབྲས་བུ་དང་བཅས་པའི་ངོ་བོ་དང་། སྤྲོས་པ་མ་ལུས་པ་ཞི་བའི་ཞི་བྱེད་དང་། གནས་ལུགས་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་ཡིན་ནོ་ཞེས་བླ་མས་གསུངས་ཤིང་ཁོ་བོས་ཀྱང་ཉམས་སུ་མྱོང་བ་ཅུང་ཟད་སྐྱེས་པའི་དོན། མདོ་རྒྱུད་ན་ལེགས་པར་བཞུགས་པར་མཐོང་སྟེ། གསང་འདུས་ལས། སྒོམ་པ་མེད་པ་སྒོམ་པ་དངོས། །སྒོམ་པ་ཉིད་ནི་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་དང་། གཞན་ཡང་བསམ་གྱིས་མི་ཁྱབ་པའི་རིམ་པ་སོགས་ལས་རྒྱ་ཆེར་གསུངས་ཤིང་། མདོ་ལས་ཀྱང་། ཀུན་ཏུ་རྟོག་པས་མ་བརྟགས་པ། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་པ་མེད་ཅིང་ཡིད་བྱེད་མེད། །དམིགས་པ་མེད་ལ་ཕྱག་འཚལ་འདུད། །ཅེས་སོགས་གསུངས་པའི་བཀའ་ལུང་ལ་ཡིད་ཆེས་པ་ཡིན་པས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཐར་པ་འདོད་པའི་མཁས་པ་དག་གིས་རྟག་ཏུ་བསྒོམ་པར་བྱའོ། །ཞེས་གདམས་པར་མཛད་དོ། །གཉིས་པ། དེ་ལྟར་ཟབ་ཞི་སྤྲོ་བསྡུ་མེད་པ་རྒྱ་མཚོ་དང་འདྲ་བའི་ངང་དུ་བསྒོོམ་དུས་ཕྱི་ནང་གི་མཚན་མའི་རྣམ་རྟོག་གང་དང་གང་ཤར་ཡང་དེའི་རྗེས་སུ་མི་འབྲང་ཞིང་མི་དགག་པར་གཞག་པར་བྱ་སྟེ། དེ་ཡང་ཡུལ་ལ་འཕྲོ་བའི་རྟོག་པ་ཤར་ན་ཤར་བ་ངོས་བཟུང་ལ་རྗེས་སུ་མི་འབྲང་། ངོ་བོ་མི་དགག རང་ཞི་ལ་གློད་ནས། བསྒོམ་པ་སྔ་མའི་རང་མདངས་མ་ཤོར་བར་བྱས་པས། གནས་ལུགས་འོད་གསལ་གྱི་ངང་དེར་རྣམ་རྟོག་རྦ་རླབས་དང་འདྲ་བ་ཆུ་ལ་རླབས་བཞིན་རང་ཐིམ་རང་ཞིར་འགྲོ་སྟེ། སེམས་ཉིད་ལས་བྱུང་ཞིང་དེའི་ངང་དུ་གྲོལ་བའི་ཕྱིར་ཐ་དད་མེད་པའོ། །དེས་ན་ངོ་ཤེས་པ་དང་རང་སར་གློད་པས་རྣམ་རྟོག་རང་བཞིན་གྱིས་ཞི་ནས་བསྒོམ་པ་སྔ་མའི་ངང་གི་དྭངས་ཆ་ལྷག་མཐོང་གི་གདངས་དེ་མ་ཤོར་བར་གཅེས་ཏེ། ཀུན་བྱེད་ལས། བསྒོམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་དང་། །མ་ཡེངས་རེ་དོགས་ཆད་ན་སྒོམ་པ་ཡིན། །ཞེས་སོ། །ཇི་ལྟར་བསྒོམས་ཡང་ཤེས་པ་མ་བྱིང་བ་དང་མ་རྨུགས་པ་དང་རྟོག་པ་རྒོད་པར་མ་གྱུར་ཅིང་། སྒོམ་ཉམས་ལ་མ་ཆགས་པ་དང་ངང་ལས་མི་གཡོ་བ། དབུགས་འབྱུང་རྔུབ་ཀྱི་རྒྱུ་བ་ཀུན་དང་བྲལ་ཏེ་མི་ཚོར་བ་ལྟ་བུ་སྟེ། དེ་ལྟར་རྟོག་དཔྱོད་དགའ་བདེ་རླུང་འབྱུང་རྔུབ་སྟེ་སྐྱོན་རྣམས་དང་བྲལ་བའི་བསམ་གཏན་དྭངས་པས་རང་བྱུང་འོད་གསལ་གྱི་ཤེས་རབ་དང་དབྱེར་མེད་པ་རྒྱུན་ཆད་མེད་པའི་རང་བཞིན་ཅན་གྱི་རང་བྱུང་ཡེ་ཤེས་ལྷན་ཅིག་སྐྱེས་པ་བསྒོམ་པར་བྱ་སྟེ། འདི་ནི་ཡང་ཟབ་སྙིང་པོའི་གདམས་པ་ཡིན་ནོ། །གསུམ་པ། དེ་ལྟར་མ་ནོར་བའི་ཏིང་འཛིན་འདི་ཉིད་གོམས་པ་ལས་ཆུ་དྭངས་པར་གཟུགས་བརྙན་སྣང་བ་ལྟར་རིག་པ་དྭངས་པའི་ཆ་ལས་བར་དུ་ཆོད་ཅིང་བསྒྲིབ་པའི་གཟུགས་མཐོང་བ་སོགས་སྤྱན་ལྔ་དང་། མངོན་པར་ཤེས་པ་དྲུག་སོགས་སྐྱེ་བར་འགྱུར་ཞིང་། ཉིན་མཚན་ཁོར་ཡུག་ཏུ་ཏིང་ངེ་འཛིན་གཅིག་གིས་དུས་འདའ་བས་ཁྱད་པར་ཏེ་ཁྱད་མེད་པར་འགྲོ་བ་དང་། མི་བརྗེད་པའི་གཟུངས་ཀྱི་སྤྲིན་དང་། ལྷག་མཐོང་གི་ཡེ་ཤེས་ཀྱི་ཉི་མ་ཁོང་ནས་འཆར་བ་སྟེ་ནང་ནས་རྡོལ་བའི་ཚུལ་གྱིས་སོ། །ཐབས་འདིས་རྩ་རླུང་ལས་སུ་རུང་བས་ལུས་སེམས་ལ་དགའ་བདེ་དང་། ཏིང་ངེ་འཛིན། སྤྲུལ་བསྒྱུར་ལ་སོགས་པའི་ཡོན་ཏན་གྱི་ཚོགས་གོང་དུ་འཕེལ་བས། ས་དང་ལམ་རྣམ་གོང་ནས་གོང་དུ་བགྲོད་ཅིང་ཐུན་མོང་དང་མཆོག་གི་གྲུབ་པ་རྣམ་གཉིས་ཐོབ་པར་འགྱུར་བ་ཡིན་པས། དེའི་ཕྱིར་ན་འདི་འདྲའི་གནད་ལ་གོམས་པར་མཛོད་ཅིག གཉིས་པ་ལོག་རྟོག་དགག་པ་ལ། ཕྱོགས་སྔ་གསུམ་སོ་སོའི་ལུགས་འབྲེལ་མེད་དུ་བསྟན་པ་དང་། དེ་འདྲའི་རིགས་ཅན་གཞན་དང་ཡང་ཐུན་མོང་དུ་དགག་པའི་མཇུག་བསྡུ་བ་གཉིས། དང་པོ། བསམ་གཏན་པ་གང་ལ་འདི་ལྟར་ཟབ་མོའི་གནད་མེད་པར་སྤྲོས་བྲལ་ཚིག་ཙམ་ཏུ་ཤོར་ཏེ་ད་ལྟའི་ཤེས་པ་འོག་འགྱུ་འཕྲེང་གསུམ་འདི་ག་སྤྲོས་བྲལ་ཡིན་པས་གང་ཤར་ཅི་འགྱུས་སེམས་སུ་ངོ་ཤེས་ན་དེས་ཆོག་ཅེས་ཡེ་ཤེས་སྤངས་པའི་ཐ་མལ་གྱི་རྣམ་པར་རྟོག་པའི་བཟོ་རྒྱས་ཏེ་བཟོས་པའི་རྒྱས་མཐའ་བྲལ་ཡིན་པར་གདེང་བཅས་པའམ་གདེང་བསྐྱེད་དེ། རྟོག་བཟོའི་རྒྱ་དེས་རྣམ་རྟོག་ཅི་སྐྱེས་པ་ཐམས་ཅད་སྐྱེ་འགགས་གྲངས་སུ་འདེབས་པར་བྱེད་པ་རྣམས་ཀྱང་། གནས་ལུགས་ཡང་དག་པའི་དོན་དང་རྒྱང་རིང་སྟེ་གནམ་ས་བཞིན་ཡིན་ནོ། །ཡང་ཁ་ཅིག་མདོ་རྒྱུད་ཀྱི་ལུང་མེད་པར་སྙན་རྒྱུད་ཡིན་ཟེར་ད་ལྟའི་ཤེས་པ་ཟང་ཐལ་ཆིག་རྫོགས་སམ་ཆིག་ཆོད་ཡིན་ཞེས་འདས་མ་འོངས་ཀྱི་རྣམ་ཤེས་འབྲེལ་ཐག་ཆད་པ་ཡི་ད་ལྟའི་བར་གྱི་ཤེས་པ་སྟོང་ཧད་དེ་བ་ཅིར་ཡང་མ་གྲུབ་པ་ངོས་བཟུང་ནས་ཚིག་གིས་ཀྱང་ས་ལེ་ཧྲིག་གེ་ཞེས་སྔ་ཕྱིའི་བར་མཚམས་ངོས་བཟུང་ནས་དེས་གནས་ལུགས་རང་བྱུང་གི་ཡེ་ཤེས་ཀྱི་དོན་མཐོང་བར་འདོད་པས་དོན་མེད་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་ཏེ། གནད་གཞན་མེད་པར་ཤེས་པ་སྐད་ཅིག་ཡུད་ཙམ་ངོས་བཟུང་དུ་འགྱུར་བའི་ཕྱིར་འདས་འོངས་གཉིས་དང་ཅིས་མི་འདྲ། སྔ་ཕྱི་གཉིས་པོ་སྒོམ་མིན་པ་བཞིན་དུ་བར་དེར་ཡང་སུ་ཡིས་བཅུག་སྟེ་གསུམ་ག་འདྲ་བས་སོ། །དེས་ན་དེ་འདྲའི་ལམ་ངན་མདོ་རྒྱུད་དང་འགལ་བས་ཐར་པ་འདོད་ན་དེ་རིང་དུ་སྤང་བར་བྱའོ། །ཡང་ཁ་ཅིག་གང་ཡང་ཡིད་ལ་མ་བྱས་པ་དེ་གཅིག་པུས་ཆོག་བྱས་པས་ལན་པ་ཡིན། དེས་ན་རབ་ཀྱིས་ད་ལྟའི་ཤེས་པ་རང་སོར་ཐ་མལ་དུ་བཞག འབྲིང་གིས་སྐྱོན་ཡོན་ཕྱེས་ནས་ས་ལེ་ཧྲིིག་གེའི་ངང་ལ་བསྐྱངས་པས་ཕྱིས་འཆར། ཐ་མས་འགྱུ་བའམ་གནས་པ་གང་རུང་གཅིག་གམ་སོ་སོར་རྩལ་སྦྱང་བའམ་བསྐྱངས་པས་ཕྱིས་འབྲིང་དང་རབ་ཏུ་འགྱུར་རོ་ཞེས་སྨྲ་བ་ནི། མུན་པ་ལྟ་བུའི་བློ་ཅན་སྔོན་མེད་པའི་བླུན་པོ་གླང་ཆེན་མྱོས་པ་ཞིག་གོ །གཤིས་ལ་དེ་གསུམ་གང་གནས་པ་ཡིན། མི་གནས་པ་བསྒོམས་ནས་གཟོད་གནས་སུ་རེ་ན་མི་སྲིད་དེ་སོལ་བ་ནག་པོ་ལས་གཞན་དུ་མི་འགྱུར་བ་བཞིན་ནོ། །སོར་བཞག་ཀྱང་རབ་མ་ཡིན་ཏེ། འཁོར་བ་བརྒྱུད་དུས་དེ་འབའ་ཞིག་ཡོད་པས་འཁོར་བ་དང་ཐ་མལ་པ་ཡང་གྲོལ་བར་རིགས་པ་དང་། གཞག་བྱ་འཇོག་བྱེད་འགལ་བས་མ་གྲུབ་པ་དང་། གཏི་མུག་ལུང་མ་བསྟན་ལ་སྒོམ་དུ་རེ་བ་ཡིན་ནོ། །མདོར་ན་དེ་དང་དེ་འདྲ་བའི་སྐྱེ་བའི་ལོག་རྟོག་མཐའ་མེད་ཡོད་དེ། ཡོད་མེད་གཉིས་བྲལ་གྱི་སེམས་གཞི་གྲུབ་ཏུ་འདོད་པ་བསམ་མི་ཁྱབ་པའི་བདག་བསྒོམ་པ་དང་དོན་གཅིག་པ་སོགས་དེ་དག་ཀུན་ཀྱང་ངེས་དོན་གྱི་ཆོས་སྐལ་མེད་པ་འབའ་ཞིག་གོ །གཉིས་པ། ངེས་དོན་མཐར་ཐུག་སྟོན་པའི་མདོ་རྒྱུད་ཀྱི་གཞུང་ལུགས་ཀུན་ལས་སེམས་སེམས་བྱུང་གི་འཇུག་པ་དབྱིངས་སུ་ཞི་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་མཆོག་ཏུ་ཟབ་ཅིང་ཞི་བ་ཡོད་མེད་སོགས་མཐའ་བཞིའི་སྤྲོས་པ་དང་བྲལ་བའི་གནས་ལུགས་བསྒོམ་པར་གསུངས་ཏེ། རྒྱ་ཆེར་རོལ་པ་ལས། ཟ བ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་དང་། རྡོ་རྗེ་བཀོད་པ་ལས། འོད་གསལ་བ་ཡི་ཡེ་ཤེས་ནི། །སེམས་དང་སེམས་བྱུང་ཀུན་དང་བྲལ། །བསམ་མེད་བརྗོད་པ་ལས་འདས་པ། །མཐའ་བྲལ་ནམ་མཁའ་ལྟ་བུའོ། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་ནི། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། ཞེས་གསུངས་པ་ཡིན་པས་ན། དེ་དང་འགལ་བར་གྱུར་པའི་སེམས་ཕྱང་ཆད་སྟོང་པ་དང་བདེན་གྲུབ་ཀྱི་རྟག་པ་དང་། ཡོད་མེད་གཉིས་བྲལ་གྱི་སེམས་གཞི་གྲུབ་ཏུ་འདོད་པ་སོགས་ལམ་ངན་ཇི་སྙེད་པ། དེང་སང་ཤིན་ཏུ་དར་བས་ཐར་པར་འདོད་པ་རྣམས་ཀྱིས་བརྟགས་ཏེ་སྤང་བར་བྱའོ། །རྩ་བའི་ས་བཅད་གསུམ་པ་རྗེས་ཀྱི་བྱ་བ། བསྐྱེད་རྫོགས་གང་བསྒོམ་པའི་མཉམ་བཞག་དངོས་གཞིའི་ངང་དེ་ལས་ལངས་མ་ཐག རང་གཞན་ཐམས་ཅད་སྒྱུ་མར་ཤེས་པའི་སྒོ་ནས་དགེ་རྩ་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུར་ཡོངས་སུ་བསྔོ་བར་བྱ་ཞིང་། རྗེས་ཐོབ་ཀྱི་སྣང་བར་སྣང་སྲིད་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་དུ་ཤེས་པར་བྱ་སྟེ། དེ་ཡང་བདེན་མེད་སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་གྱིས་སྤྱད་པར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འོད་གསལ་མཆོག་གི་བསྒོམ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའི་འགྲེལ་པའོ།། །། ༈ གཉིས་པ་ལམ་ཇི་ལྟར་བགྲོད་ཚུལ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ལྟར་བསྒོམས་པས་གང་དུ་བགྲོད་པའི་ལམ་གྱི་རིམ་པ་ཡང་། ཕྱི་མདོ་དང་ནང་གསང་སྔགས་པས་ཇི་ལྟར་གསུངས་པ་གཉིས་སྦྱར་ཏེ་ལེགས་པར་བཤད་པ་ནི་ཚོགས་ལམ་དང་སྦྱོར་ལམ་དང་མཐོང་ལམ་དང་སྒོམ་པའི་ལམ་བཞི་པོ་ཡོངས་སུ་རྫོགས་པས་མཐར་འབྲས་སངས་རྒྱས་འགྲུབ་པ་དེའི་ཕྱིར། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་མདོ་ལམ་དུ་བསྟན་པ་དང་། སྔགས་སུ་དཀྱིལ་འཁོར་དག་གིའང་རྣམ་དག་གི་ཆོས་སུ་གསུངས་པས། མདོ་དང་སྔགས་གསར་རྙིང་གུང་མཐུན་པར་འབྱུང་སྟེ། འཁོར་ལོ་བཞི་པོའི་རླུང་སེམས་ལས་སུ་རུང་བའི་ཚེ་ཚོགས་སྦྱོོར་བསྒོམ་གྱི་ལམ་བཞིའི་ཡོན་ཏན་རྣམས་རིམ་བཞིན་གྱིས་འཆར་བ་ཡིན་སྟེ། དབུ་མ་ལ་རོ་རྐྱང་གཉིས་ཀྱི་མདུད་པ་ཉེར་གཅིག་རེ་ཡོད་པའི་རྩ་མདུད་གཉིས་གཉིས་གྲོལ་བ་ལ་ས་ས་རེ་རེ་སྟེ། ས་བཅུའི་ཡོན་ཏན་ནང་ནས་འཆར་ཞིང་ཐ་མ་གྲོལ་བས་སངས་རྒྱས་ཀྱི་ས་འགྲུབ་པར་བི་མ་དང་པད་འབྱུང་སོགས་མཁས་གྲུབ་རྣམས་བཞེད་དོ། །དེ་ཡང་ས་ལམ་དང་ཡོན་ཏན་ཕྱི་ནས་མིན་པར་ནང་གི་རྟོགས་པའི་རྩལ་ཆ་ཞིག་ལ་བཞེད་པས། དེ་ལ་ཕྱི་ནང་འཇུག་པ་གཅིག་པའི་དབང་གིས་ནང་གི་ས་ལམ་ནི། སྤྱིར་རྟེན་པ་ཡེ་ཤེས་ཀྱི་ཐིག་ལེ་བདེ་གཤེགས་སྙིང་པོ་སྒྲིབ་པའི་དྲི་མ་དང་བྲལ་བའི་ཆ་ལ་ས་ལམ་སོགས་བཏགས་ཏེ། དེ་ཡང་སྒྲིབ་བྱེད་འཁོར་བའི་རླུང་སེམས་འགགས་པས་ཡེ་ཤེས་ཀྱི་རང་བཞིན་དེ་ཙམ་སྟོབས་འཕེལ་བ་ཡིན་ལ། དེ་ལ་རླུང་སེམས་ལས་སུ་རུང་བ་དང་། འབྱོངས་པ་གཉིས། དང་པོ་ནི་དེར་ཚུད་དུས་ཡིན་ལ། འབྱོངས་པ་ནི་དེ་དག་གི་རྩ་ཕྲན་དང་བཅས་པའི་མདུད་པ་གྲོལ་དགོས་སོ། །གཉིས་པ་ལ། དངོས་དང་། ས་ལམ་གྱི་ཡོན་ཏན་ལྡན་ཚུལ་ལ་སྤྱད་པ་གཉིས། དང་པོ་ལ། ཚོགས་སྦྱོར་མཐོང་སྒོམ་བཞི། དང་པོ་ལ། སྤྱི་བྱེ་བྲག་གཉིས། དང་པོ། དེ་ཡང་ཇི་ལྟ་ན། ལྟེ་བ་སྤྲུལ་པའི་འཁོར་ལོར་རླུང་སེམས་ལས་སུ་རུང་བས་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་པོའི་དྲོད་རྟགས་འཆར་བ་སྟེ། སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང་བ་དང་། སྤྱན་དང་མངོན་ཤེས་རྫུ་འཕྲུལ་ཕྲ་མོ་གྲུབ་པས་སྤྲུལ་པ་འགྱེད་ནུས་པ་ཡིན་ནོ། །གཉིས་པ་ལ། ཚོགས་ལམ་ཆུང་ངུ། འབྲིང་། ཆེན་པོ་གསུམ། དང་པོ། ཚོགས་ལམ་ཆུང་ངུར་དྲན་པ་ཉེར་བཞག་བཞི་བསྒོམ་པ་སྟེ། དེ་ཡང་ཐེག་པ་འོག་མ་ལས་འཕགས་པས་ལུས་ལྷར་བསྐྱེད་པ་ནི་ལུས་དྲན་པ་ཉེར་བར་བཞག་པ། བྱུང་ཚོར་གྱི་རྣམ་རྟོག་བདེ་ཆེན་གྱི་ཡེ་ཤེས་བསྒྱུར་བ་ནི་ཚོར་བ་དྲན་པ་ཉེ་བར་བཞག་པ་སྟེ། སེམས་དང་སེམས་བྱུང་གི་སྤྲོས་པ་མཐའ་དག་ཉེར་ཞིའི་བསྒོམ་པ་དེ་སེམས་དྲན་པ་ཉེར་བཞག་རྫོགས་པའི་རིམ་པ་སྟེ། སྣང་བཏགས་ཀྱི་ཆོས་འདི་ཀུན་བདེན་མེད་སྒྱུ་མར་ཤེས་པ་ནི་ཆོས་དྲན་པ་ཉེར་བཞག་ལགས་པར་རྒྱུད་ལས་གསུངས་ཏེ། སྒྱུ་འཕྲུལ་དམ་པ་ལས། སྔགས་པ་གང་ཞིག་རྣལ་འབྱོར་ལ་བརྩོན་པས། བདག་བྱིན་གྱིས་བརླབ་པ་ནི་ལུས་དྲན་པ་ཉེ་བར་བཞག་པ་སྟེ། ལྷའི་ངོ་བོ་ཉིད་དུ་སྣང་བ་གཟུགས་བརྙན་ལྟ་བུའོ། །ཀུན་ཏུ་རྟོག་པ་ཡེ་ཤེས་ཆེན་པོ་གནས་སྐབས་ནི་ཚོར་བའི་ངོ་བོ་ཉིད་བདེ་བ་ཆེན་པོའོ། །སྤྲོས་པའི་ཕྱོགས་ལས་རྣམ་པར་རྒྱལ་བ་ནི་འདིར་སེམས་མི་དམིགས་པ་ཉིད་དོ། །གཟུགས་བརྙན་གྱི་ངོ་བོ་ཉིད་དུ་སྒྱུ་མར་སྦྱོང་བ་ནི་ཆོས་ཀྱི་རང་བཞིན་ནོ། །ཞེས་སོ། །དེ་ཡང་ལམ་འོག་མར་ལུས་སོགས་དེ་དག་སྟོང་བདག་མེད་དུ་བསྒོམ་པ་ཡིན་ཀྱང་། འདིར་ཆོས་ཅན་སྣང་བ་དེ་ཡང་རང་བཞིན་གྱིས་དག་པས་ན་ལྷའི་རྣམ་རོལ་དུ་ཤེས་ཤིང་། དེ་ཡང་བདེན་མེད་དུ་ལྟ་བས་ལྷ་སྐུ་སྣང་ལ་རང་བཞིན་མེད་པར་བསྒོམས་པས་ཁྱད་པར་དང་བཅས་པ་ཉིད་དོ། །གཉིས་པ། ཚོགས་ལམ་འབྲིང་དུ་ཡང་དག་སྤོང་བ་བཞིའི་རིམ་པ་ནི། དེ་ལྟར་སྔར་གྱི་དྲན་པ་ཉེར་བཞག་བཞི་པོ་བསྒོམས་པས། དགེ་དང་མིི་དགེ་ཡི་སྤང་གཉེན་ལ་བདེན་པར་ཞེན་པ་བཞི་པོ་ཡང་དག་པར་སྤོང་བ་སྟེ། བཞི་གང་ཞེ་ན་མི་དགེའི་ཆོས་རྣམས་ད་ལྟ་མ་སྐྱེས་པ་སླར་མི་བསྐྱེད་ཅིང་། སྐྱེས་པ་གཞོམ་པའི་ཕྱིར་ལུས་ཀྱིས་འབད་ངག་གིས་རྩོལ་ཡིད་ཀྱིས་བརྩོན་འགྲུས་བརྩམ་པ་དང་། དགེ་བའི་ཆོས་རྣམས་སྔར་མ་སྐྱེས་པ་རང་རྒྱུད་ལ་བསྐྱེད་པ་སྟེ། སྐྱེས་པ་སྤེལ་བའི་ཕྱིར་སྒོ་གསུམ་གྱིས་འབད་རྩོལ་བརྩོན་འགྲུས་བརྩམ་པའི་སྤང་གཉེན་རང་བཞིན་དུ་ཞེན་པའོ། །འདིར་ནི་སྤང་གཉེན་རང་གྲོལ་མཉམ་པ་ཉིད་རྟོགས་པས་འོག་མ་ལས་འཕགས་པར་བསྟན་པའོ། །གསུམ་པ། ཚོགས་ལམ་ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་ཡང་། བསྐྱེད་རྫོགས་ཀྱི་དོན་ལ་མ་ཡེངས་པར་རྩེ་གཅིག་ཏུ་དྲན་པས་དོན་འཛིན་པ་དང་འདུན་པས་བསྒོམ་པ་དང་དཔྱོོད་པས་གོལ་ས་ཡིན་མིན་རྟོག་པ་དང་སེམས་པས་རྩེ་གཅིག་ཏུ་བསྒོམ་པ་རྣམས་ཀྱིས། ཏིང་ངེ་འཛིན་མི་མཐུན་ཕྱོགས་ཀྱི་སྐྱོན་མེད་ཅིང་ཞི་བ་བསྒོམ་པ་ལས་རླུང་སེམས་ལས་སུ་རུང་བས་རྫུ་འཕྲུལ་ལེགས་པར་གྲུབ་ནས་པདྨ་ཅན་སོགས་དག་པའི་ཞིང་བགྲོད་དེ་སངས་རྒྱས་སྤྲུལ་པའི་སྐུར་ཆོས་རབ་ཉན་པས་ཁམས་ཀྱི་དྲི་མ་སྦྱོང་ཞིང་ཡི་དམ་ལྷའི་ཞལ་མཐོང་བ་དང་། ལུང་བསྟན་ཐོབ་པའོ། །གཉིས་པ་སྦྱོར་ལམ་ལ། སྤྱི་བྱེ་བྲག་གཉིས། དང་པོ། སྙིང་ཁ་ཆོས་ཀྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་བས་སྦྱོར་བའི་ལམ་གྱི་ཡོན་ཏན་འཆར་བ་ནི་ཞེས་སོ། །གཉིས་པ་ལ། དྲོད་རྩེ་གཉིས་དང་། བཟོད་མཆོག་གཉིས་བཤད་པ་གཉིས། དང་པོ། སྔར་གྱི་བསྐྱེད་རྫོགས་ཟུང་འཇུག་གི་དོན་དེ་ལ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་རྣམ་པས་བསྒོམ་པ་རང་དབང་དུ་གྱུར་ཏེ་སྤང་བྱ་འཇོམས་པ་ལ་ནུས་ལྡན་དུ་གྱུར་པ་ནི་དབང་པོ་ལྔ་ཉིད་དོ། །དེ་དྲོད་དང་རྩེ་མོར་བསྒོམས་པ་ཡིས། དྲོད་སྣང་བའི་ཡེ་ཤེས་མི་རྟོག་པ་ལ་ཐེ་ཚོམ་དང་མི་ཁོམ་པ་ཟད་པ་སོགས་ཀྱི་རྟགས་ཀྱིས་མཚན་པ་དང་། རྩེ་མོ་མཆེད་པའི་ཡེ་ཤེས་དགེ་རྩ་བརྟན་པ་ལ་སོགས་ཐོབ་ཅིང་། ཆོས་ཀུན་ལ་མངོན་ཞེན་མེད་པའི་རྨི་ལམ་དང་སྒྱུ་མའི་རང་བཞིན་དུ་འབྱོངས་པ་དང་། ངག་གི་བདེན་པའི་ཚིག་འགྲུབ་པ་དང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་དང་ལྡན་པ་དང་། ལུས་ཀྱི་ཤིག་སྲོ་དང་འབུ་སྲིན་མེད་པ་ཡིན་ནོ། །གཉིས་པ། དད་སོགས་ལྔ་པོ་དེ་མིི་མཐུན་པས་བརྫི་མི་ནུས་པ་སྟོབས་ལྔའི་རང་བཞིན་ཅན་དེ་བཟོད་པ་དང་ཆོས་མཆོག་ཏུ་བསྒོམས་པས། བཟོད་པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པ་ཐོབ་པའི་ཡེ་ཤེས་ངན་སོང་རྣམས་ཆད་པ་དང་། ཆོས་མཆོག་དེ་མ་ཐག་པའི་ཏིང་འཛིན་ཉེ་བར་ཐོབ་པའི་ཡེ་ཤེས་དགེ་རྩ་བརྟན་པ་སྟེ་ཐར་པ་བྱང་ཆུབ་ལས་མི་འགྱུར་བ་དང་། ཏིང་ངེ་འཛིན་དང་རྫུ་འཕྲུལ་སོགས་སྔོན་ལས་མཆོག་ཏུ་འཕགས་པ་ཐོབ་པའོ། །གསུམ་པ་མཐོང་ལམ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་བས། རྣམ་པར་མི་རྟོག་པའི་ཡེ་ཤེས་བདེན་པ་དངོས་སུ་མཐོང་ནས་འཕགས་པས་དང་པོ་མཐོང་ལམ་གྱི་ཡོན་ཏན་དུས་སྐད་ཅིག་མ་རེ་ལ་ཏིང་ངེ་འཛིན་བརྒྱ་ཐོབ་པ། སངས་རྒྱས་བརྒྱ་མཐོང་བ། སངས་རྒྱས་བརྒྱས་བྱིན་གྱིས་བརླབས་པར་ཤེས་པ། འཇིག་རྟེན་གྱི་ཁམས་བརྒྱ་བསྐྱོད་པ། ཞིང་བརྒྱར་འགྲོ་བ། ཞིང་བརྒྱ་སྣང་བར་འོད་ཟེར་འགྱེད་པ། སེམས་ཅན་བརྒྱ་སྨིན་པ། བསྐལ་པ་བརྒྱར་གནས་པ། སྔོན་དང་ཕྱི་མའི་མཐའ་བརྒྱ་ལ་ཡེ་ཤེས་འཇུག་པ། ཆོས་ཀྱི་སྒོ་བརྒྱ་འབྱེད་པ། ལུས་བརྒྱར་སྟོན་པ། ལུས་རེ་རེ་ལ་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བར་སྟོན་པ་སྟེ་བརྒྱ་ཕྲག་བཅུ་གཉིས་ལ་དབང་སྒྱུར་ཞིང་། ལོངས་སྐུའི་ཞིང་དུ་བགྲོད་ནས་རིགས་ལྔའི་སངས་རྒྱས་ཀྱི་ཞལ་མཐོང་ཞིང་ཆོས་ཉན་པ་ཡིན་ནོ། །དེའི་ཚེ་དྲན་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་དང་བརྩོན་འགྲུས་དང་བཏང་སྙོམས་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་སྟེ་དེ་ལྟར་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དག་ཀྱང་རྫོགས་པར་ཡོད་པར་འགྱུར་རོ། །བཞི་པ་བསྒོམ་ལམ་ལ། སྤྱི། བྱེ་བྲག་གཉིས། དང་པོ། སྐྱི་བོ་བདེ་ཆེན་གྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་བས་སྒོམ་ལམ་གྱི་ས་དགུའི་ཡོན་ཏན་རྣམས་འཆར་བ་སྟེ་ཞེས་སོ། །གཉིས་པ་ལ། སའི་ངོ་བོ། ཡོན་ཏན། ནང་དང་སྦྱར་བ་གསུམ། དང་པོ། སྤྱིར་ས་དང་པོ་ནས་བཅུ་པའི་བར་ལ་རིམ་པ་བཞིན་སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཤེས་རབ་ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་དེ་བཅུ་པོ་རེ་རེ་གཙོ་བོར་ལྡན་ལ། གཞན་དགུ་དགུ་འཁོར་དུ་ལྡན། དེའང་ས་དང་པོའི་སྐད་ཅིག་བཅུ་དྲུག་པ་ནས་སྒོམ་ལམ་དུ་གཏོགས་པས་སྐད་ཅིག་བཅོ་ལྔ་པོ་དེ་ལ་རབ་ཏུ་དགའ་བ་ཞེས་བྱ། སྐད་ཅིག་བཅུ་དྲུག་པ་ནས་བཟུང་རིམ་པར་སྒོམ་ལམ་གྱི་ས་དགུ་སྟེ། དེ་ཡང་ཆུང་ངུའི་ཆུང་ངུ་ས་གཉིས་པ་དྲི་མ་མེད་པ། ཆུང་ངུའི་འབྲིང་ས་གསུམ་པ་འོད་བྱེད་པ། ཆུང་ངུའི་ཆེན་པོ་ས་བཞི་པ་འོད་འཕྲོ་བ་སྟེ་ཆུང་ངུ་གསུམ་དང་། དེ་བཞིན་དུ་འབྲིང་གི་ཆུང་ངུ་ས་ལྔ་པ་སྦྱང་དཀའ་བ། འབྲིང་གི་འབྲིང་ས་དྲུག་པ་མངོན་དུ་གྱུར་པ། འབྲིང་གི་ཆེན་པོ་ས་བདུན་པ་རིང་དུ་སོང་བ་སྟེ་འབྲིིང་པོ་གསུམ་དང་། ཆེན་པོའི་ཆུང་ངུ་ས་བརྒྱད་པ་མི་གཡོ་བ། ཆེན་པོ་འབྲིང་ས་དགུ་པ་ལེགས་པའི་བློ་གྲོས། ཆེན་པོའི་ཆེན་པོ་ས་བཅུ་པ་ཆོས་ཀྱི་སྤྲིན་ཏེ་ཆེན་པོ་གསུམ་མོ། །དེ་ལྟར་སྒོམ་ལམ་གྱི་ས་དགུ་པོའི་ཡེ་ཤེས་ཀྱིས། སྒོམ་སྤང་གི་དྲི་མ་དགུ་པོ་རགས་རིམ་ནས་སྤོང་སྟེ། སྒོམ་ལམ་ཆུང་ངུའི་ཆུང་ངུ་ས་གཉིས་པ་དྲི་མ་མེད་པས་སྒོམ་སྤང་ཆེན་པོའི་ཆེན་པོ་སྤོང་བ་ནས། སྒོམ་སྤང་ཆུང་ངུའི་ཆུང་ངུ་སྒོམ་ལམ་ཆེན་པོའི་ཆེན་པོ་ས་བཅུ་པས་སྤང་བའི་བར་གྱིས་སོ། །གཉིས་པ། ས་དེ་དག་སོ་སོའི་ཡོན་ཏན་རླབས་ཆེ་བ། སྔར་བཤད་པ་རྒྱ་ཕྲག་བཅུ་གཉིས་པོ་ས་འདི་དག་དུ་སྐད་ཅིག་རེ་ལ་དུས་མཉམ་པར་གོང་དུ་འཕེལ་བ་ནི། ས་གཉིས་པར་སྟོང་ཕྲག་བཅུ་གཉིས་ལ་སོགས་པ་སྟེ། གསུམ་པར་འབུམ་ཕྲག་བཅུ་གཉིས། བཞི་པར་ཁྲག་ཁྲིག་བརྒྱ། ལྔ་པར་ཕྲག་ཁྲིག་ཕྲག་སྟོང་། དྲུག་པར་ཁྲག་ཁྲིག་ཕྲག་འབུམ། བདུན་པར་བྱེ་བ་ཁྲག་ཁྲིག་འབུམ། བརྒྱད་པར་སྟོང་གསུམ་འཇིག་རྟེན་འབུམ་གྱི་རྡུལ་ཕྲན་གྱི་གྲངས་སྙེད་དང་། དགུ་པར་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་ཕྲན་གྱི་གྲངས་དང་མཉམ་པའི་དང་། ས་བཅུ་པར་ཞིང་ཁམས་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་ལྟ་བ་ལ་སོགས་པ་བཅུ་གཉིས་སྐད་ཅིག་གཅིག་ལ་བྱེད་པའོ། །དེ་ལ་སོགས་པ་གཞན་ཡང་རྒྱ་ཆེན་པོ་དང་ལྡན་ཏེ་ས་བརྒྱད་པར་ཡིད་ཤེས་གནས་གྱུར་པས་རྣམ་པར་མི་རྟོག་པ་དང་། དགུ་པར་འཛིན་བཅས་སྒོ་ལྔའི་རྣམ་ཤེས་གནས་གྱུར་པས་ཞིང་དག་པ་དང་། བཅུ་པར་ཀུན་གཞིའི་རྣམ་ཤེས་གནས་གྱུར་པས་ཕྲིན་ལས་ཕུན་སུམ་ཚོགས་པ་རྣམས་ལ་དབང་འབྱོར་པ་དང་། དེ་བཞིན་དུ་ཚེ་དང་། སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། མོས་པ་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། ཡེ་ཤེས་དང་། ཆོས་ལ་དབང་བ་སྟེ་དབང་བཅུ་ཡང་ཐོབ་སྟེ། སྤྱིར་དབང་བཅུ་ཐོབ་པ་ཙམ་ནི། མ་དག་ས་བདུན་ནས་ཡོད་ལ། ཕུལ་བྱུང་ནི་དག་པ་ས་གསུམ་ན་ཡོད། ཤིན་ཏུ་རྣམ་དག་ནི་སངས་རྒྱས་ཀྱི་ས་ན་ཡོད་དོ། །གསུམ་པ་ལ་སྤྱི་བྱེ་བྲག་གཉིས། དང་པོ། དེའི་ཚེ་འཁོར་ལོ་སོ་སོའི་རྩ་འདབ་ཕྲ་མོའི་མདུད་པ་རབ་ཏུ་གྲོལ་བས། དེར་ཡེ་ཤེས་ཀྱི་རླུང་ཆུད་པ་དང་། འཁོར་བའི་རང་བཞིན་ཉོན་མོངས་ཅན་གྱི་རླུང་སེམས་ནུབ་པ་དུས་མཚུངས་པར། མྱ་ངན་འདས་ཞི་ཡེ་ཤེས་ཀྱི་རླུང་མཆོག་ཏུ་འཕེལ་པའམ་གྲུབ་པ་ཡིན་ནོ། །གཉིས་པ། དེ་ལྟར་ས་བཅུའི་བགྲོད་པ་དེ་དག་ལས་ཀྱང་། རིམ་བཞིན་དབུ་མར་རོ་རྐྱང་གིས་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པ་ལས། དང་པོ་གཉིས་གྲོལ་བས་ས་དང་པོ་དང་དེ་ནས་གཉིས་གྲོལ་བས་ས་གཉིས་པ་སོགས་རིམ་པ་ས་བཅུ་པོ་རེ་རེ་ཐོབ་ཅིང་། མཐར་ཐ་མ་གྲོལ་བས་གཙུག་ཏོར་རྩེ་མོའི་ས་མཆོག་སྟེ་རྡོ་རྗེ་འཆང་འ གྲུབ་པ་ཡིན་ནོ། །གཉིས་པ་ཡོན་ཏན་གྱི་ཚུལ་ལ་དཔྱད་པ་ལ། སྤྱི་བྱེ་བྲག་གཉིས། དང་པོ། དུས་གང་གི་ཚེ་ས་གོང་མ་གོང་མའི་རྟོགས་པར་ཕྱིན་པར་གྱུར་ཅིང་། སངས་རྒྱས་ཀྱི་སའི་བར་དུ་བགྲོད་པ་དེ་དག་ལ་ནི། སའི་ཡོན་ཏན་འདི་དག་ཆོས་ཉིད་ཀྱིས་ཉི་མ་དང་འོད་ཟེར་བཞིན་དུ་འབྲལ་མེད་དུ་ཡོད་པ་ཡིན་ནོ། །གཉིས་པ་ལ། གཞན་ལུགས་དགག་པ། རང་ལུགས་བཞག་པ་གཉིས། དང་པོ། སྟོང་ལྟའི་ཕྱོགས་ལ་ཞེན་པ་ཁ་ཅིག་གིས་ས་དང་ལམ་གྱི་ཡོན་ཏན་རྣམས་དོན་ལ་མེད་པས་དྲང་དོན་ཡིན་ཟེར་བ་དང་། ལ་ལ་ན་རེ་ས་དེའི་རྟོགས་པ་ནི་ཐོབ་ཀྱང་ས་དེ་ཡི་ཡོན་ཏན་མེད་པའི་མུ་དང་། ཡོད་པ་དང་མེད་པ་གཉིས་ཀའི་མུ་སྟེ་ཆ་གཉིས་སུ་འདོད་པ་རྣམས་ནི་རྨོངས་པའི་བློ་ཡིན་ཏེ། འཇིག་རྟེན་ན་ཉི་མ་མེད་ཅེས་པའམ། ཡོད་ཀྱང་འོད་མེད་པའམ་འོད་ཡོད་མེད་གཉིས་ཀ་ཡིན་ཟེར་བ་དང་འདྲའོ། །དེས་ན་དེ་དག་གི་ས་རང་རང་གི་ལྟ་བ་ལ་ཆགས་ཤིང་ཞེན་པར་བྱས་ནས། མ་ནོར་བའི་ཆོས་ལ་སྐུར་བ་འདེབས་པ་ཡིན་པས་འདི་ཉིད་སྤང་བར་བྱའོ། །འོན་ཀྱང་རང་བཞིན་དུ་ནོར་མ་ནོར་དཔྱད་ནས་འདོར་ལེན་བྱེད་པ་ཙམ་ལས། སྡང་ཞེན་གྱི་བསམ་པས་མི་བྱ་སྟེ་རྩ་ལྟུང་སྐྱེད་པ་སོགས་སྡིག་པ་འཕེལ་བའི་ཕྱིར། དེས་ན་དེ་དག་སྙིང་རྗེའི་སེམས་ཀྱིས་བཟློག་ཐུབ་ན་བཟློག མི་ཐུབ་ན་མི་རྩོད་པར་ནམ་ཞིག་ལམ་ངན་འདི་ལས་ལོག་པར་གྱུར་ཅིག་སྙམ་དུ་བྱ་ཞིང་། ཆོས་ཐམས་ཅད་མཉམ་པ་ཉིད་ཕྱོགས་ཞེན་མེད་པ་ལ་སེམས་བཞག་གོ །གཉིས་པ། རང་གི་ལུགས་སམ་གང་འདིར་ནི་ལམ་བསྒོམས་པ་ལས་དེའི་ཡོན་ཏན་གྱི་ཚོགས་རྣམས་དབྱར་ཁའི་མེ་ཏོག་བཞིན་དུ་རྣམ་པར་འཕེལ་ཞིང་། ཡོན་ཏན་དང་ལྡན་པའི་ས་ལམ་དེ་ལྟ་བུ་བགྲོད་ནས་སངས་རྒྱས་གྲུབ་པར་འདོད་པ་དེའི་ཕྱིར། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ནི་གདུལ་བྱའི་དོན་གྲུབ་པ་ལ་ཡིད་བཞིན་གྱི་ནོར་བུ་དང་འདྲ་ཡང་། དེ་ཉིད་བེམ་པོའི་དཔེ་མིན་ཏེ་མཁྱེན་ཆའི་ཡེ་ཤེས་དང་བཅས་པར་རྟོག་མེད་ལྷུན་གྱིས་གྲུབ་པའི་ཚུལ་འདི་ལས་མཐའ་ཡས་པའི་འགྲོ་བ་ཀུན་ལ་སྲིད་རྩེའི་སྟེ་སྲིད་པའི་མཐའི་བར་དུ་ཁྱབ་པ་ཡིན་ནོ། །དེ་ལྟ་བུའི་ཚལ་འདི་ནི་ངེས་པ་དོན་གྱི་མདོ་རྒྱུད་ཀུན་ལས་དགོངས་པ་མཐུན་པར་གསུངས་པས་ཤེས་རབ་མིག་ཅན་རྣམས་ཀྱིས་རིག་པར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས་ལམ་བགྲོད་པའི་ས་མཚམས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའི་འགྲེལ་པའོ།། །། ༈ གཉིས་པ་འབྲས་བུ་ལ། བསྟན། བཤད། བསྡུ་གསུམ། དང་པོ། དེ་ལྟར་བསྒོམས་པས་དྲི་མ་མ་ལུས་པ་ཀུན་གཞི་བག་ཆགས་དང་བཅས་པ་དང་སེམས་སེམས་བྱུང་གི་འཇུག་པ་མཐའ་དག་འགགས་ཏེ་རྣམ་པར་དག་པའི་འབྲས་བུ་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ་དང་རྟོགས་པ་མཐར་ཕྱིན་ཏེ་སྐུ་དང་ཡེ་ཤེས་ཀྱི་ཚོགས་མངོན་དུ་གྱུར་པ་སྟེ། དཔེ་ཇི་ལྟར་ན་ཉི་ཟླ་སྒྲིབ་བྱེད་ཀྱི་སྤྲིན་དང་བྲལ་བ་བཞིན་དུ། རིགས་ཁམས་ཀྱི་སྒྲིབ་པ་ཀུན་དང་བྲལ་བ་ན་བྱང་ཆུབ་ཅེས་བྱ་སྟེ་ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་ཚོགས་རང་སྣང་བ་ཡིན་ཏེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་སོ། །གཉིས་པ་ལ། སྤྱི་བྱེ་བྲག་གཉིས། དང་པོ། འདི་ལྟར་ལུས་དང་དོན་དང་ཡུལ་དུ་སྣང་བ་ཡི་སྒྲིབ་པའི་བག་ཆགས་གསུམ་པོ་ལས་རབ་ཏུ་གྲོལ་ཏེ། ཇི་ལྟར་བུམ་པ་ཆག་པ་ན་མར་མེ་གསལ་བ་དང་། པདྨ་ཁ་བྱེའི་ནང་གི་སྐུ་མཐོང་བ་བཞིན་དུ་ལྷུན་གྱིས་གྲུབ་པའི་ཡོན་ཏན་རྣམས་རྫོགས་པ་སྟེ་མངོན་སུམ་དུ་སྣང་བ་ཡིན་ནོ། །དེ་ཡང་སྒྲིབ་གསུམ་གྱི་བག་ཆགས་སོ་སོར་གྲོལ་བ་ལས། ཡུལ་དུ་སྣང་བའི་བག་ཆགས་གྲོལ་བས་འོག་མིན་སོགས་ཞིང་ཁམས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྣང་བ་དང་། དོན་དུ་སྣང་བའི་བག་ཆགས་རྣམ་ཤེས་ཚོགས་བརྒྱད་ལས་གྲོལ་བས་ཡེ་ཤེས་ལྔར་སྣང་སྟེ། ཀུན་གཞི་དབྱིངས་སུ་ནུབ་པ་ཆོས་དབྱིངས། ཀུན་གཞིའི་རྣམ་ཤེས་ནུབ་པ་མེ་ལོང་། ཉོན་ཡིད་ནུབ་པ་མཉམ་ཉིད། ཡིད་ཤེས་ནུབ་པ་སོར་རྟོག སྒོ་ལྔའི་རྣམ་ཤེས་ནུབ་པ་བྱ་གྲུབ་ཡེ་ཤེས་སུ་རང་སྣང་བ་དང་། ལུས་སུ་སྣང་བའི་བག་ཆགས་སམ་སྒྲིབ་པ་ལས་གྲོལ་བས་རྒྱལ་བའི་སྐུ་རྡོ་རྗེ་རིགས་ལྔ་སྣང་བ་སྟེ། དེ་དག་ཀྱང་བསྡུ་ན་ཇི་སྙེད་པ་དང་ཇི་ལྟ་བ་བཞིན་གཟིགས་པའི་ཡེ་ཤེས་གཉིས་པ་རྣམ་པར་དག་པ་ཡིན་ཏེ་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་བདེ་བ་ཆེན་པོ་ནི་གཅིག་དང་དུ་མའི་སྤྲོས་པ་མེད་པས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཡིན་ལ། ཆོས་ཅན་སྣང་བ་ལོངས་སྤྱོད་རྫོགས་པ་དང་ཡེ་ཤེས་ལྔ་སོ་སོར་མ་འདྲེས་པའི་ཆ་ནི་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཏེ། གཉིས་ཀ་ཡང་སོ་སོ་མ་ཡིན་ངོ་བོ་གཅིག་པས་ལྷུན་གྱིས་གྲུབ་པ་ཉིད་དོ། །ཕྱིར་གདུལ་བྱ་ལ་ལྟ་བའི་ཡེ་ཤེས། ཇི་སྙེད་པས་གདུལ་བྱའི་ཁམས་དང་མོས་པ་སོགས་རྒྱུ་འབྲས་རྡུལ་ཕྲན་གྱི་གྲངས་སོགས་མ་འདྲེས་པར་འགྲོ་ལ་ཇི་ལྟར་སྣང་བ་དེ་ལྟར་ཡེ་ཤེས་སྐད་ཅིག་པོ་དེས་མཁྱེན། ཇི་ལྟ་བས་ངོ་བོ་ཉིད་མེད་པ་ནམ་མཁའ་ལྟ་བུ་གཞི་མེད་གདོད་ནས་དག་པར་གཟིགས་ཏེ། དེ་གཉིས་མིི་འགལ་བར་བདེན་གཉིས་ཀྱི་རིམ་པའི་ཆོས་སྤང་བླང་ཀུན་རྫོབ་ཇི་སྙེད་དང་། སྤང་བླང་མེད་པ་དོན་དམ་ཇི་ལྟ་བ་ལས་བརྩམས་ཏེ་སྡེ་སྣོད་དང་རྒྱུད་སྡེའི་ཆོས་ཀུན་གསུངས་པས་སོ། །དེས་ན་ཞི་སྐུ་སོགས་དེ་ཐམས་ཅད་ཡེ་ཤེས་འབའ་ཞིག་གི་རང་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ལ། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་གསུམ། དང་པོ་ལ་སྐུ་ལྔ་སོ་སོར་བཤད་པ་དང་། རང་བཞིན་གཅིག་ཏུ་བསྟན་པ་གཉིས། དང་པོ་ལ། སྐུ་གསུམ་བཤད་པ། བདེ་ཆེན་གྱི་སྐུ་བཤད་པ། མངོན་བྱང་རྡོ་རྗེའི་སྐུ་བཤད་པ་གསུམ། དང་པོ། དེ་ཡང་ཆོས་ཀྱི་སྐུ་སྤྲོས་པ་མེད་ཅིང་ཡོན་ཏན་གྱི་གོ་སྐབས་ཡངས་པའི་འབྱུང་གནས་དམ་པར་གྱུར་པ་དང་། དེའི་ངང་ལས་ལོངས་སྤྱོད་རྫོགས་པ་མཚན་རྫོགས་རིགས་ལྔའི་སངས་རྒྱས་སུ་རང་གསལ་བའི་སྣང་བ་ཉིད། ས་བཅུའི་བྱང་ཆུབ་སེམས་དཔའ་ལའང་དེ་དང་ཆ་འདྲར་སྣང་བ་དང་། མ་དག་པའི་འགྲོ་བ་རྣམས་ལ་བྱང་ཆུབ་མཆོག་གི་སྤྲུལ་པའི་སྐུ་སོགས་བཟོ་དང་སྐྱེ་བ་སྣ་ཚོགས་པ་རྣམས་སུ་སྣང་བ་ནི་རིམ་པར་ནམ་མཁའ་དང་དེའི་ངང་དུ་ཉི་ཟླ་བཞིན་དང་། དེའི་གཟུགས་བརྙན་དྭངས་པའི་མ ཚོར་སྣང་བ་བཞིན་ནོ། །གཉིས་པ། བསམ་གྱིས་མི་ཁྱབ་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་ནི། སྐུ་གསུམ་དང་ཡེ་ཤེ་ཀུན་གྱི་བདག་ཉིད་དེ། དེ་དག་གཅིག་ཐ་དད་དང་བྲལ་བའི་རང་བཞིན་ཏེ་ཟག་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མཚོན་བརྗོད་ལས་འདས་པ་ངོ་བོ་ཉིད་ཀྱི་སྐུ་དེ་ནི་སྐུ་དང་ཡེ་ཤེས་ཀུན་ལ་ཁྱབ་པའི་བདག་ཉིད་དབྱེར་མེད་པའི་ཆོས་ཉིད་དེ། རང་བྱུང་ཟག་མེད་ཀྱི་ཡེ་ཤེས་བདེ་ཆེན་གཅིག་པུ་ཉིད་ལས་གཞན་ཞིག་ཡོད་པ་མ་ཡིན་ནོ། །གསུམ་པ། མངོན་པར་བྱང་ཆུབ་པ་མི་འགྱུར་རྡོ་རྗེའི་བདག་ཉིད་ཀྱི་སྐུ་ནི། སྤངས་རྟོགས་མཐར་ཕྱིན་པ་དེ་ལ་ནམ་ཡང་གཞན་དུ་འཕོ་འགྱུར་མེད་པ་ཡིན་ནོ། །གཉིས་པ་རང་བཞིན་གཅིག་ཏུ་བསྟན་པ་ནི། དེ་ལྟར་སྐུ་ལྔ་པོ་རྣམས་ཀྱང་ངོ་བོ་དབྱེར་མེད་གཞི་དབྱིངས་གཅིག་སྟེ། གང་དུ་གཅིག་ན་འོད་གསལ་སྙིང་པོ་སྒྲིབ་ཀུན་བྲལ་བས་མངོན་དུ་གྱུར་པ་གཅིག་པུ་ཉིད་དེ། དེ་ལ་ལྡོག་ཆས་དབྱེ་ན། ངོ་བོ་སྟོང་ཆ་ཆོས་སྐུ་དང་། རང་བཞིན་སྣང་ཆ་ལོངས་སྐུ་དང་། སྣ་ཚོགས་འཕྲོ་བའི་ཆ་སྤྲུལ་སྐུ་དང་། སྤངས་རྟོགས་དབྱེར་མེད་པས་མངོན་བྱང་རྡོ་རྗེའི་སྐུ་དང་། བདེ་ཆེན་གཅིག་པུར་དབྱེར་མེད་པ་བདེ་ཆེན་ངོ་བོ་ཉིད་སྐུ་སྟེ། དེ་ལྟར་སྐུ་ལྔ་ཐ་དད་དུ་བརྗོད་ཀྱང་བརྡ་ཙམ་དང་བཏགས་པ་ཙམ་ཉིད་ཡིན་གྱི་དོན་ལ་ཐ་དད་དུ་མེད་དོ། །གཉིས་པ། ཡེ་ཤེས་སྐུ་ལྔ་པོ་དེ་ལ་བརྟེན་པའི་ཡེ་ཤེས་རྣམ་པ་ལྔ་ཡང་། ངོ་བོ་ཆོས་ཉིད་སྤྲོས་པ་ཞི་བ་ཆོས་དབྱིངས། རང་བཞིན་འོད་གསལ་བ་མེ་ལོང་། ཐམས་ཅད་རོ་མཉམ་པ་མཉམ་ཉིད། མ་འདྲེས་པ་སོ་སོར་རྟོག་པ། ཤེས་བྱ་ཐོགས་མེད་དུ་མཁྱེན་པ་བྱ་གྲུབ་ཡེ་ཤེས་ཏེ། དེ་ལྔ་ནི། རང་བཞིན་གྱིས་རིག་པ་དང་དབྱེར་མེད་ལྷུན་གྲུབ་ཏུ་གནས་ཏེ། དང་པོ་ཆོས་དབྱིངས་ཆོས་སྐུའི་ཡེ་ཤེས་དང་། དེ་བཞིན་གཉིས་པ་མེ་ལོང་ལོངས་སྐུའི་བདག་ཉིད་དང་། གསུམ་པ་མཉམ་ཉིད་བདེ་བ་ཆེན་པོའི་དང་། ལྷག་མ་སོར་རྟོག་བྱ་གྲུབ་གཉིས་སྤྲུལ་སྐུའི་ཡེ་ཤེས་སྟེ་མངོན་བྱང་ནི་ལྔ་ཀའི་འོ། །དེ་ལྔ་ངོ་བོ་དབྱེར་མེད་ལ་ལྡོག་པ་ཐ་དད་ཉིད་དེ། དེ་ཡང་ཡེ་ཤེས་འདི་ལྔ་ངོ་བོ་ལྷུན་གྲུབ་ཀྱི་རིག་པ་དང་དབྱེར་མེད་དུ་ཡོད་ཀྱང་སློབ་ལམ་དུ་བསྒྲིབས་ནས་མི་མངོན་པའོ། །དེ་ལ་སྒྲིབ་པའི་ཆ་ལྔ་ནི་ཀུན་གཞི་སོགས་གོང་སྨོས་ལྔ་དང་། གཞན་ཡང་འདོད་ཆགས་སོར་རྟོག ཞེ་སྡང་མེ་ལོང་། གཏི་མུག་ཆོས་དབྱིངས། ང་རྒྱལ་མཉམ་ཉིད། ཕྲག་དོག་བྱ་གྲུབ་སྟེ་དག་བྱ་གནས་གྱུར་རྒྱུའི་ཆ་འདི་རྣམས་སྤྲིན་དང་འདྲ་བ་ཡིན་ལ། དེ་སེལ་བྱེད་ཆོས་ཀྱི་ཚིག་དོན་འཛིན་པས་མེ་ལོང་ཡེ་ཤེས་མཐོང་བའི་སྒྲིབ་པ་སེལ། དེ་བཞིན་དུ་སེམས་ཅན་རྣམས་ལ་མཉམ་ཉིད་བྱང་ཆུབ་སེམས་བསྒོམས་པས་མཉམ་ཉིད་དང་། གཞན་ལ་ཆོས་བསྟན་པས་སོར་རྟོག་དང་། གཞན་དོན་བྱས་པས་བྱ་གྲུབ། དེ་ཁོོ་ན་ཉིད་བསྒོམས་པས་ཆོས་དབྱིངས་ཡེ་ཤེས་ལ་སྒྲིབ་པའི་དྲི་མ་བསལ་ནས་ཡེ་ཤེས་དེ་རྣམས་སྣང་བ་ཡིན་ནོ། །དེ་དག་ཀྱང་བསྡུ་ན་གཉིས་སུ་འདུ་སྟེ། ཆོས་དབྱིངས་མཉམ་ཉིད་གཉིས་ཇི་ལྟ་དང་། གཞན་གསུམ་ཇི་སྙེད་མཁྱེན་པའི་ཡེ་ཤེས་སུ་ཤེས་པར་བྱ་སྟེ་ཞིབ་པར་སངས་རྒྱས་ཀྱི་ཡེ་ཤེས་བསམ་མི་ཁྱབ་པ་ལ་ཡིད་ཆེས་ཤིང་དད་པར་བྱའོ། །གསུམ་པ། མཛད་པའི་ཕྲིན་ལས་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཉིད་སྤྲུལ་སྐུའི་རྣམ་པར་རོལ་པ་སྟེ། འགྲོ་བ་གང་ལ་ཐབས་གང་གིས་འདུལ་བ་དེ་ལ་ཆོས་དང་སྐུ་སོགས་དེ་ལྟར་དུ་སྣང་ཞིང་། སེམས་ཅན་གྱི་མོས་པའི་རྗེས་སུ་འགྲོ་བ་དང་རང་རང་གི་བློ་དང་འཚམ་པར་སྐད་ཅིག་སྔ་ཕྱི་མེད་པར་འབྱུང་སྟེ། རྒྱུད་བླ་མ་ལས། གདུལ་བྱའི་ཁམས་དང་འདུལ་བའི་བྱ་བ་དང་། །གདུལ་བྱའི་ཐབས་དང་དེ་ཡི་རང་བཞིན་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་སོ། །ཕྲིན་ལས་དེ་ཡང་དུས་སྲིད་པ་ཇི་སྲིད་ཀྱི་བར་དུ་མཐར་ཐུག་གི་ཕན་པ་དང་གནས་སྐབས་ཀྱི་བདེ་བ་མཐའ་དག་ལ་འགོད་པར་མཛད་པ་སྟེ། དེ་དག་ཀྱང་བསྡུ་ན་ལམ་གྱི་རྟེན་མཐོ་རིས་ལ་འགོད་པ་དང་། དེ་ལ་སོགས་པའི་འགྲོ་བ་རྣམ་བྱང་ཆུབ་གསུམ་གྱི་ལམ་ལ་འགོད་པ་དང་། མཐར་ཐུག་དེ་ཐམས་ཅད་འབྲས་བུ་སངས་རྒྱས་ཀྱི་ས་ལ་འགོད་པར་མཛད་པའི་ཚུལ་གྱིས་འགྲོ་བ་ཀུན་ཀྱང་ཐར་པའི་ལམ་དུ་འདྲེན་པར་མཛད་པའོ། །དེའང་བསྡུ་ན་ཕྲིན་ལས་རྒྱ་ཆེ་བ་སེམས་ཅན་གྱི་གནས་རིས་ཁྱབ་པར་འཇུག་པ་དང་། གཅིག་ཏུ་ཕན་པ་རྒྱུན་མི་ཆད་པ་འཁོར་བ་མ་སྟོང་གི་བར་དང་། མཛད་པ་དུས་ལས་མི་ཡོལ་བར་མཁའ་ཁྱབ་གདུལ་བྱའི་དོན་དུས་མཉམ་དུ་མཛད་པ་དང་གསུམ་དུ་འདུ་སྟེ། བཞི་བརྒྱ་པ་ལས། སངས་རྒྱས་རྣམས་ཀྱི་མཛད་པ་ནི། །རྒྱུ་མེད་འགའ་ཡང་ཡོད་མ་ཡིན། །དབུགས་ཀྱང་སེམས་ཅན་རྣམས་ལ་ནི། །སྨན་སླད་ཁོ་ནར་ཡང་དག་འབྱུང་། །ཞེས་དང་། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་རླབས། །དུས་ལས་ཡོལ་བར་གྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལས། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་སོ། །གསུམ་པ་དོན་བསྡུ་བ། མདོར་ན་སངས་རྒྱས་ཀྱི་སའི་སྤངས་རྟོགས་ཀྱི་ཡོན་ཏན་མངོན་པར་བྱང་ཆུབ་པ་ཞི་བ་ཆོས་སྐུའི་ངང་ན་མཚན་དཔེ་དང་སྟོབས་སོགས་ཇི་སྙེད་ཅིག་བསྟན་པ་འདི་དག་རྣམ་གྲོལ་འབྲས་བུའི་མཆོག་རབ་བླ་ན་མེད་པའི་མེ་ཏོག་རབ་ཏུ་རྒྱས་པའི་བྱང་ཆུབ་དམ་པ་སྟེ། དེ་ཡང་ལོག་ཞིག་ནས་མིན་པར་སྔར་གཞི་དུས་སུ་རང་ལ་ཡོད་པའི་འོད་གསལ་བླ་མས་ངོ་སྤྲོད་པའི་དོན་ཉམས་སུ་བླངས་པས་སྒྲིབ་པ་མཐའ་དག་དང་བྲལ་བའི་འོད་གསལ་མཐར་ཐུག་པའམ་ཡོངས་སུ་རྫོགས་པ་མངོན་དུ་གྱུར་པས། འཇིག་རྟེན་གསུམ་གྱི་མགོན་པོ་ཆོས་ཀྱི་རྗེ་དོན་གཉིས་ལྷུན་གྱིས་གྲུབ་པའི་གོ་འཕང་ཐོབ་པ་ཡིན་ནོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྒོམ་པ་མཐར་ཕྱིན་པ་འབྲས་བུའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའི་འགྲེལ་པའོ།། །། ༈ གསུམ་པ་མཇུག་ཡོངས་སུ་རྫོགས་པའི་བྱ་བ་ལ། ཚུལ་ཇི་ལྟར་བརྩམས་པ་དང་། དེ་ལྟར་བརྩམས་པའི་དགེ་བ་བསྔོ་བ་གཉིས། དང་པོ་ལ། དགོས་པ་དང་བཅས་པའི་གཞུང་ཇི་ལྟར་བརྩམས་ཚུལ་དང་། རྩོམ་པ་པོ་ཅི་ལྟ་བུས་བརྩམས་ཚུལ་གཉིས། དང་པོ། དེ་ལྟར་མདོ་དང་རྒྱུད་དང་དགོངས་འགྲེལ་དང་བླ་མ་དམ་པའི་མན་ངག་རྣམས་ཀྱི་སྙིང་པོའི་དོན་གཅིག་ཏུ་བསྡུས་ནས། དོན་དེ་ལྟ་བུ་ཕྱི་རབས་སྐལ་བཟང་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱ་བའི་ཕྱིར། དང་པོ་ཐོས་པའི་ཤེས་རབ་དང་། དེ་ནས་བསམ་པ་དང་སྒོམ་པའི་རིམ་པ་མ་ནོར་བའི་ལམ་དེ་ཡིས་འཁོར་འདས་སྤང་བླང་དུ་བྱ་བའི་ཚུལ་གྱིས་ལེགས་པར་བཤད་པ་ཡིན་ནོ། །གཉིས་པ། དེ་ལྟ་བུའི་ཚུལ་འདི་ནི་རྩོམ་པ་པོ་ཐེག་པ་མཐའ་དག་གི་དོན་ལ་བློ་གྲོས་ཡངས་པའི་མཁྱེན་རབ་ནམ་མཁའ་ལྟ་བུ་ལ། ཐོས་བསམ་སྒོམ་པའི་ཆུ་འཛིན་ཚད་མེད་པ་རབ་ཏུ་འཁྲིགས་ཏེ། འགྲོ་ཁམས་ལ་དམིགས་པའི་བྱང་ཆུབ་ཀྱི་སེམས་དྲི་མ་མེད་པ་ནི་གནས་སྐབས་ཕན་པ་དང་། མཐར་ཐུག་བདེ་བར་འདོད་པའི་བརྩེ་བའི་གློག་ཕྲེང་རབ་ཏུ་གསལ་ཞིང་། གདུལ་བྱའི་ཁམས་སུ་ཆོས་དབྱིངས་རབ་ཏུ་དགའི་ལེགས་བཤད་ཀྱི་འབྲུག་སྒྲ་སྒྲོགས་པ་ལས་འཐོན་པའི་རིན་ཆེན་ཆོས་ཆར་ལྷ་དང་བཅས་པའི་འཇིག་རྟེན་ན་བསྟན་པ་གསལ་ཞིང་ཡུན་རིང་དུ་གནས་པའི་རྒྱན་དུ་གྱུར་པ་ཞིག་བརྩམས་སོ། །གཉིས་པ་ལ་གཞུང་བརྩམས་པའི་དགེ་བ་བསྔོ་བ་དང་། བསྔོ་བ་དེའི་དོན་བསྡུས་ཏེ་བསྔོ་བ་གཉིས། དང་པོ་ལ། རིགས་ལྔ་ལས་རྣམ་སྣང་གང་ཆེན་མཚོ་ཐོབ་པར་བསྔོ་བ་ནི། བསོད་ནམས་བྱ་བའི་དངོས་པོ་རྣམས་ལས་ཆོས་སྐྱི་སྦྱིན་པ་མཆོག་ཏུ་གྱུར་པས་སྟོན་ཀའི་ཟླ་བ་རྒྱས་པ་དང་འདྲ་བ་ཤིན་ཏུ་དཀར་བ་དེས། འགྲོ་བ་ཀུན་གྱི་ཆོས་དབྱིངས་རྣམ་པར་དག་པའི་ནམ་མཁའ་ལ་ཤིན་ཏུ་མི་གཡོ་བ་སྟེ། རྟག་ཏུ་མཉམ་པར་བཞག་པ་ཟག་མེད་ཀྱི་ཡེ་ཤེས་དང་། མཚན་དཔེའི་རོལ་པས་འོག་མིན་ན་བྱང་སེམས་རྣམས་ཀྱི་དོན་རྟག་ཏུ་མཛད་པའི་ཐུགས་རྗེའི་ལྷ། མགོན་པོ་རྣམས་སྣང་གང་ཆེན་མཚོར་གྱུར་པ་དེ་ཐོབ་པར་ཤོག་ཅིག རྡོ་རྗེ་མི་བསྐྱོད་པར་བསྔོ་བ་ནི། ཆོས་དཀར་རབ་ཏུ་དགེ་བ་དྲི་མ་མེད་པ་བདུད་རྩིའི་ཆུ་ཀླུང་དུ་བཀོད་པ་གང་དེས་སྐྱེ་དགུའི་ཚོགས་འདི་ཀུན་གྱི་ཉོན་མོངས་པའི་རྙོག་མ་དང་བྲལ་ཞིང་མེ་ལོང་ལྟ་བུའི་ཡེ་ཤེས་ཀླུ་དབང་གིས་གནས་སུ་གྱུར་པ་དང་། གཏིང་དཔག་དཀའ་བས་ཟབ་ཅིང་རྒྱ་ཆེའ་ིཡངས་པར་གྱུར་པའི་བརྩེ་བའི་སྤྲིན་གསེར་གྱི་སྙིང་པོ་ཅན་དང་ལྡན་པར་ཤར་ཕྱོགས་མངོན་དགའི་ཞིང་གི་མགོན་པོ་མི་འཁྲུགས་པའི་མཚོ་ཆེན་པོ་དེ་ཐོབ་པར་ཤོག་ཅིག རིན་ཆེན་འབྱུང་གནས་སུ་བསྔོ་བ་ནི། ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོ་མངའ་བའི་མཆོག་དགེ་དྲི་མ་མེད་པ་དེ་ཉིད་ཀྱིས་རྒྱུ་ཚོགས་གཉིས་ལས་གྲུབ་པ་ཡོན་ཏན་མ་ལུས་པ་རྫོགས་པའི་གཙོ་བོ། སྲིད་ཞིའི་བདེ་བ་མ་ལུས་པའི་འབྱུང་གནས་ཕན་བདེའི་ཆར་འབབ་པ། མགོན་པོ་རིན་ཆེན་འབྱུང་ལྡན་ཡོན་ཏན་གྱི་འབྱོར་པ་མཐའ་ཡས་པ་དེ་ཐོབ་པར་ཤོག་ཅིག སྣང་བ་མཐའ་ཡས་སུ་བསྔོ་བ་ནི། ཀུན་ཏུ་དགེ་བའི་དགེ་བ་འདི་ཡིས་བདག་དང་མཐའ་ཡས་པའི་འགྲོ་བ་ཀུན། གནས་སྐབས་སུ་དུས་མ་ཡིན་པ་འཆི་བ་དང་། མཐར་ཐུག་འཆི་བདག་ལ་སོགས་པའི་བདུད་བཞི་པོ་རྣམ་པར་བཅོམ་སྟེ། སྐྱེ་རྒ་ན་འཆིའི་མཚོ་ཆེན་ལས་སྒྲོལ་བར་བྱེད་པ་པོ། མགོན་པོ་ཚེ་མཐའ་ཡས་པ་དེ་ཉིད་ཐོབ་པར་ཤོག་ཅིག དོན་ཡོད་གྲུབ་པར་བསྔོ་བ་ནི། ཚིག་དོན་རྒྱན་གྱི་བཀོད་པ་ཕུན་སུམ་ཚོགས་པའི་ཡིད་བཞིན་དགེ་མཆོག་རྒྱ་ཆེན་ལྷུན་མཐོ་བ་འདི་ཡིས། འགྲོ་བ་ཀུན་ཀྱང་སྐྱེ་དགུ་མཐའ་དག་གི་འདོད་དགུའི་རེ་བ་ཡིད་བཞིན་དུ་རྫོགས་པའི་དཔལ་མངའ་བའི་ཕྲིན་ལས་མཐར་ཕྱིན་པ། མཆོག་ཐུན་གྱི་དངོས་གྲུབ་ཆར་བཞིན་དུ་འབེབས་པའི་མགོན་པོ་དོན་ཀུན་གྲུབ་པ་ལས་རབ་རྫོགས་པའི་ཞིང་གི་འདྲེན་པ་དེ་ཐོབ་པར་ཤོག་ཅིག གཉིས་པ་ལ། གཏན་དང་སྐབས་ཀྱི་ཕན་བདེའི་རྒྱུར་བསྔོ་བ་དང་། ཕན་བདེའི་རྒྱུའི་གཙོ་བོ་ཆོས་ཚུལ་རྒྱས་པའི་ཆེད་དུ་བསྔོ་བ་གཉིས། དང་པོ། རིགས་ལྔའི་རྒྱལ་པོར་ཡོངས་སུ་བསྔོས་པ་ལས་བྱུང་བའི་ཡིད་བཞིན་བསྔོ་བ་རྒྱ་ཆེན་པོར་གྱུར་པ་དེས། རང་གཞན་སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་བརྒལ་ནས་དྲུག་པ་རྡོ་རྗེ་འཆང་ཆེན་ཀུན་ཏུ་བཟང་པོའི་གོ་འཕང་ལ་གནས་པས་མཐར་ཐུག་གི་རེ་བ་འགྲུབ་ཅིང་། གནས་སྐབས་སུ་ཚེ་རབས་ཀུན་ཏུ་སྒོ་གསུམ་གྱི་རྩོམ་པ་ཅི་བྱེད་གཞན་ལ་ཕན་ཕྱིར་བརྩོན་ཞིང་། ཆོས་ཀྱི་རྔ་བོ་ཆེ་བསྒྲགས་པས་འཇིག་རྟེན་གསུམ་དུ་གྲགས་ཤིང་མ་རིག་པའི་མུན་པ་ཐམས་ཅད་བདག་ཁོ་ནས་བསལ་བར་ཤོག་ཅིག་ཅེས་སྤྱོད་པ་རླབས་པོ་ཆེར་བསྔོ་བའོ། །གཉིས་པ། བདག་གིས་གཅིག་ཏུ་ཕན་པའི་བློས་སྦྱར་བའི་ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན་དུ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་དར་ཞིང་རྒྱས་པས་གྲགས་པའི་འོད་སྟོང་འཕྲོ་བར་གྱུར་ཏེ། འགྲོ་བ་ཀུན་གྱི་བློ་གྲོས་ཀྱི་པདྨོ་རབ་ཏུ་རྒྱས་པར་བྱེད་ཅིང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པས་འགྲོ་བའི་བདེ་སྐྱིད་མངོན་པར་འཕེལ་བའི་དཔལ་དུ་འབར་བར་ཤོག་ཅིག བཞི་པ་མཇུག་གི་དོན་ལ་མཛད་བྱང་ནི། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཅེས་བྱ་བ། རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་དགེ་སློང་རྡོ་རྗེ་འཛིན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་ལེགས་པར་སྦྱར་བ་རྫོགས་སོ། །དགེའོ། །དགེའོ། །དགེའོ།། །། ཞེས་ཐོག་ཐ་བར་གསུམ་ཀུན་ཏུ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་མཛེས་པར་བྱས་པའོ། །སྨྲས་པ། ཟབ་དང་རྒྱ་ཆེའི་ཆོས་མཛོད་དག་བྱེད་གཏེར། །ཀུན་མཁྱེན་ཆོས་རྗེའི་མཁྱེན་རབ་ལྷུན་པོ་ཡིས། །བསྲུབས་ལས་ཉེར་ཐོན་ལེགས་བཤད་རི་བོང་ཅན། །མཁས་མང་དབང་ཕྱུག་རལ་པའི་རྩེ་ན་མཛེས། །ཐ་སྙད་ཤེས་བྱའི་ར་བས་ལེགས་བསྐོར་གཞིར། །ཐོས་བསམ་སྒོམ་པའི་རི་གླིང་བཀོད་ལེགས་ཤིང་། །ངེས་དོན་མན་ངག་ཉི་ཟླའི་རྣ་ཆ་ཅན། །ཐུབ་བསྟན་མཛེས་པའི་རྒྱན་མཆོག་འདི་མཚུངས་སུ། །ཆོས་ཉིད་བདེན་པ་ལེགས་གཟིགས་འཕགས་ཆེན་གྱིས། །ཟང་ཟིང་མེད་པར་བརྩེ་བས་རྗེས་འཇུག་ལ། །ལེགས་འདོམས་རབ་འབྱམས་ཤེས་བྱའི་ཆོས་ཚུལ་འབུམ། །གཅིག་བསྡོམས་འདི་འདྲ་གཞན་ན་འདུག་གམ་སོམས། །གཞན་བརྗོད་བྲག་ཆའི་ལད་མོས་ཡིད་ཚིམ་པའི། །དེང་སང་སྐྱེ་བོ་ཕལ་ལ་ཅི་ཆ་ཡང་། །ཟོལ་མེད་སྔ་འགྱུར་བརྒྱུད་པ་འཛིན་རྣམས་ལ། །མན་ངག་རིན་ཆེན་སྲིད་གསུམ་འབྱོར་ལས་ལྷག །དེས་ན་མཁྱེན་བཟང་ཟུར་ཕུད་ལྔ་པའི་གར། །འཇམ་དཔལ་དགྱེས་པའི་ལེགས་བཤད་ཉི་གཞོན་གྱིས། །ཆེས་ཆེར་བཞད་པའི་རྣམ་འགྲེལ་པདྨ་དཀར། །དེང་དུས་སྤྱོད་ཡོད་བཀའ་དྲིན་མི་ཆེའམ། །དེ་སླད་དམ་པའི་བཀའ་དྲིན་གསོ་འདོད་དང་། །སྐལ་མཉམ་གཞན་ལའང་ཕན་འདོད་ལྷག་བསམ་གྱིས། །བདག་བློ་དམན་ཞིང་སྦྱང་བའི་མཐུ་ཆུང་ཡང་། །ཚུལ་འདིར་ཞུགས་ལ་སྤྲོ་བས་བརྩོན་པ་ལགས། །འདི་ན་བླ་མའི་གསུངས་དང་གཞུང་འགྲེལ་ལས། །ཅུང་ཟད་བཏུས་ལས་རང་བཟོ་མེད་རློམ་ཡང་། །རྨོངས་དང་མ་རིག་འཁྲུལ་པས་བསླད་གྱུར་ན། །འཕགས་དང་མཁས་པའི་སྤྱན་སྔར་མི་འཆབ་མཐོལ། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་ཀྱིས། །མཁའ་ཁྱབ་འགྲོ་ཀུན་ལམ་གྱི་སྣོད་གྱུར་ནས། །དཀའ་བ་མེད་པར་རྫོགས་སྨིན་སྦྱངས་མཐར་ཕྱིན། །ཁྱབ་བདག་དྲུག་པའི་གོ་འཕང་མངོན་བྱེད་ཤོག །ཆོས་ཚུལ་དྲི་མེད་ནོར་བུའི་རྒྱལ་མཚན་མཆོག །སྲིད་མཐའི་བར་དུ་མི་ཉམས་ཆེས་བརྟན་ཞིང་། །ཕན་བདེའི་གྲུ་ཆར་ཕྱོགས་ཀྱི་མཐར་ཁྱབ་པའི། །གྲགས་པའི་རྔ་སྒྲས་ས་གསུམ་མཛེས་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་སྔ་འགྱུར་བརྒྱུད་པ་ཡི། །རིང་ལུགས་དྲི་མེད་མཆོག་དང་མི་འབྲལ་ཞིང་། །ཆོས་བརྒྱད་བྲལ་བའི་འཆད་རྩོད་རྩོམ་གསུམ་གྱིས། །བསྟན་པ་རིན་ཆེན་ཕྱོགས་བརྒྱར་སྤེལ་བྱེད་ཤོག །བཀྲ་ཤིས་གང་ཞིག་གཞི་རྒྱུད་འོད་གསལ་ཁམས། །ལམ་རྒྱུད་ཐོས་བསམ་སྒོམ་པས་ལེགས་སྦྱངས་པས། །འབྲས་རྒྱུད་སྐུ་དང་ཡེ་ཤེས་ཕྲིན་ལས་ཆེ། །མངོན་སྣང་དོན་གཉིས་འབྱོར་པས་མཛེས་གྱུར་ཅིག །ཅེས་པའང་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་ཞལ་སྔ་ནས་སྩལ་པའི་ས་བཅད་དང་རྩ་མཆན་གཉིས་རྩ་བར་བཟུང་རྗེ་དེ་ཉིད་ཀྱིས་མཛད་པའི་དཀའ་འགྲེལ་དང་། གཞུང་གི་འགྲེལ་ཆེན་ལས་ཀྱང་ཚིག་རེ་གཉིས་བླང་སྟེ། འཇམ་མགོན་རྣམ་གསུམ་གྱི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་སྙོམ་ལས་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རང་ལོ་ང་གསུམ་པ་ས་ཟླའི་ཚེས་ལ་དབང་ལུང་ཕྲན་ཚེགས་འཆད་སྤེལ་གྱི་ཞར་ལ་རང་གནས་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་དབེན་སྤྱིལ་དུ་བྲིས་པའི་ཡི་གེ་པ་ནི་བསླབ་གསུམ་ལྡན་པ་ཨ་ཌི་ཡཱ་ནས་མཛད་པ་སྟེ། འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག། །།

སྔ་འགྱུར་ཐེག་དགུའི་ཚོགས་བཤད་མདོར་བསྡུས་ནོར་བུའི་ཏམྦུ་ར།


previousཐེག་པ་ཆེན་པོ་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་ཆུང་པདྨ་དཀར་པོའི་འཁྲི་ཤིང་།next