སྤྱི་དོན་གསུམ་པ། སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་པ་བཀའ་གཏེར་གཉིས་ལས་བཀའ་མའི་ཕྱོགས་ཀྱི་སྐྱེས་བུ་དམ་པ་རྣམས་ཇི་ལྟར་བྱོན་ཚུལ།
༡ ལོ་ཆེན་བཻ་རོ་སོགས་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱིས་ཐུགས་དཀའ་སྤྱད་ཆེན་པོས་བསྟན་པ་འཛིན་སྤེལ་གནང་ཚུལ། སྤྱི་དོན་གསུམ་པ་གསང་ཆེན་རྡོ་རྗེ་ཐེག་པ་སྔ་འགྱུར་རྙིང་མར་གྲགས་པའི་རིང་ལུགས་ལ་བཀའ་གཏེར་གཉིས་ལས་བཀའ་མའི་ཕྱོགས་ལས་དངོས་གྲུབ་བརྙེས་ཤིང་གསལ་བཤད་སྒྲུབ་ཀྱི་བྱ་བ་བྱེད་པའི་སྐྱེས་བུ་དམ་པ་རྣམས་ཇི་ལྟར་བྱོན་ཚུལ་གྱི་རྣམ་གཞག་ཅུང་ཟད་བརྗོད་པར་བྱའོ། དེ་ཡང་ཐོག་མར་མདོ་རྒྱུ་སེམས་གསུམ་ལས་སེམས་ཕྱོགས་ལའང་སེམས་ཀློང་མན་ངག་གསུམ་གྱི་དངོས་པོ་སེམས་ཀློང་གཉིས་ནི་སློབ་དཔོན་བཻ་རོ་ཙ་ན་ལས་བྱུང་སྟེ། དེ་ཡང་རྒྱ་གར་གྱི་དགེ་སློག་ཨ་ཝ་བྷུ་ཏི་ཚེ་འཕོས་པ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དུ་གྱུར་ཏེ་བསྟན་པ་བཙུགས། སྔོན་གྱི་བག་ཆགས་ལས་རྒྱ་གར་ན་རྩོལ་མེད་ཀྱི་ཐེག་པ་ཡོད་པར་ཤེས་ནས་ལེན་པ་རའདོད་དེ་སྤྲོ་བ་དྲིས་པ་ན་གཞན་མ་རྙེད་ནས། སྔོན་ཨོ་རྒྱན་དུ་རྒྱལ་པོ་སཱ་ལ་དེ་ཝ། ཁ་ཆེར་ཙནྡྲ་གི་ཏ། སིང་གའི་ཡུལ་དུ་དགེ་སློང་ལེགས་པའི་བློ་གྲོས། དེས་མཁན་པོ་ལ་མ་གུས་པས་ཕྱི་མར་ཚ་བ་རོང་གི་ཕྱུགས་རྫིར་སྐྱེས། དེ་ནས་ཨ་(སྟོད་ཆ།༢༧༨)ཝ་དྷཱུ་ཏི། དེ་ནས་ཚ་བཱ་རོང་གི་དགེ་སློང་པརྞ་ལས་བོད་དུ་སྐྱེས་པ་པ་གོར་བཻ་རོ་ཙ་ན་མཁྱེན་པ་ཆེ་ཞིང་རྫུ་འཕྲུལ་ཐོབ་པ་དེ་དང་། ཚུལ་ཁྲིམས་སྲུང་ཕྱིར་རང་སྲོག་བཏང་བའི་དགེ་སློང་བྷཱུ་ཧུ་རའི་སྐྱེ་བ་གཙང་ལེགས་གྲུབ་དང་གཉིས་རྒྱ་གར་དུ་ཆས་ཏེ་ཨཱ)་པ་ལོའི་གླིང་དུ་སྦྲགས་པས། བཻ་རོ་ལ་བུ་མོ་ཞིག་གིས་ཁོག་པ་དྲལ་ནས་སྙིང་གི་ཆུ་སེར་བཙིར་བ་དང་། མི་སྙིང་ཉེར་གཅིག་ཟོས་པ་དང་། མི་དཀར་པོ་ཞིག་གིས་སྤྱི་བོར་ཨ་ཞིག་བཞག་པས་ཨ་མེར་འབར་ཏེ་ལུས་ཚིག་པ་དང་། བྱང་ཆུབ་ཀྱི་ཤིག་རྩ་བ་བཏོན་ནས་བོད་དུ་འཁྱེར་འོང་བ་དང་། ནམ་མཁའ་ནས་ཉི་ཟླ་གཉིས་ཤར་བ་ཟླ་བ་ནམ་མཁར་ནུབ་ཅིང་ཉི་མ་ཧས་པོ་རི་ལ་ཤར་ཏེ་ཡང་ནུབ་ནས་ཚ་བ་རོང་དུ་ཤར། ཡང་བོད་དུ་ཤར་བ་རྨིས་པས། སྒྲིབ་པ་དག་པ་དང་། མཁས་པ་ཉེར་གཅིག་གི་དགོངས་པ་ལོན་པ་དང་། རྣམ་སྨིན་གྱི་ལུས་འདག་པ་དང་། མན་ངག་གི་ཆོས་ལོན་པ་དང་། ལེགས་གྲུབ་སྔར་འདས་ཤིང་ཉིད་ཀྱང་ཚ་བ་རོང་དུ་སྤྱུགས་པ་དང་། སླར་བོད་ལ་ཕན་པར་ཤེས་སོ། བཻ་རོ་ལ་ལམ་དུ་ཁང་པ་དིབ་པ། མཚོན་ཟུག་པ། མེ་ཆུ་དུག་སོགས་ཀྱི་གནོད་པ་སོགས་ཤི་ལ་ཐུག་པ་ལྔ་བཅུ་རྩ་བདུན་བྱུང་ཡང་མ་གནོད། གཅན་ཕྲེང་བས་གསོད་པར་བརྩམས་པ་རྫུ་འཕྲུལ་བསྟན་པས་ལྡོག །རྒྱ་གར་དུ་བརྟོལ་ཏེ་གསེར་རྣམས་ས་ལ་སྦས་ཏེ་མན་ངག་གི་ཆོས་ལ་སུ་མཁས་ཐམས་ཅད་ལ་དྲིས་པས་སློབ་དཔོན་ས་ལ་སྦས་ཏེ་མན་ངག་གི་ཆོས་ལ་སུ་མཁས་ཐམས་ཅད་ལ་དྲིས་པས་སློབ་དཔོན་ཤྲི་སིང་ཧཱ་ཞེས་བྱ་བ་མཁས་པ་ཉེར་ལྔའི་ཐུགས་སྲས་པཎྜི་ཏ་སྟོང་གི་སློབ་དཔོན་འཇམ་དཔལ་དང་དངོས་སུ་མཇལ་བ་ཞིག་དྷ་ན་ཀོ་ཤའི་གནས། སེང་ལྡེང་བསིལ་བྱེད་ཀྱི་ཚལ། ཙན་དན་དྲི་ཞིམ་གྱི་ནགས་རིན་པོ་ཆེ་ཟ་མ་ཏོག་སྤུངས་པའི་ཁབ་བྱ་བར་བཞུགས་ཞེས་ཐོས་ནས་(སྟོད་ཆ།༢༧༩)བཙལ་བས་རྒྱལ་པོ་ཞིག་གིས་གཙུག་ལག་ཁང་དེ་འདི་ཡིན་ཏེ་འདི་ན་ཀེ་ཚང་ཆེན་པོ་དགུ་ལས་ཐོག་མ་ན་སྟོན་པ་དགའ་རབ་རྡོ་རྗེ་ཆོས་ཉིད་སྐྱེ་འགག་མེད་པའི་དངོས་གྲུབ་ཐོབ་པ་རིག་པ་ཀློང་དུ་ཤར་བའི་སྐྱེས་བུ་དེའི་སྤྱན་སྔར་མཁས་པ་དགོངས་རྒྱུད་རྣམ་པར་དག་པ་བཅུ་དྲུག་བཀའི་ལུང་ནོད་ཅིང་བཞུགས་པ་ལས་དགོངས་པ་ཀློང་དུ་གྱུར་ཏེ་སྨྲ་བསམ་ཚིག་ལས་འདས་པར་བཞུགས་སོ། མཁས་པ་ཕྱི་མ་བདུན་ད་དུང་ཚིག་ལ་ཆགས་པས་ལམ་ཟློས་ཏེ་ཀེ་ཚང་གཉིས་པ་ན་བཞུགས་སོ། གསུམ་པ་ན་བཱི་མ་ལ་མི་ཏྲ་ལ་སོགས་པ་བཞུགས་སོ། གནས་དེ་ན་བྲམ་ཟེ་མ་རྒན་མོ་ཞིག་ཡོད་པ་ལ་དྲིས་ཤིག་ཅེས་བསྟན། བྲམ་ཟེ་མོ་ལ་དྲིས་པས་དེས་པྲ་སེ་ནས་མི་རྟོགས་པའི་ཐབས་བྱས་ཏེ། མན་ངག་གི་ཆོས་བོད་དུ་འཁྱེར་བའི་ལྟས་སུ་པཎྜི་ཏ་རྣམས་ཀྱ་ིརྨི་ལམ་ལོག་པ་བཤད་དེ་མན་ངག་འཐོབ་པར་ལུང་བསྟན། བྲམ་ཟེ་མོ་ཤེལ་གྱི་བློ་གྲོས་ཅུ་ལེན་དུ་འོག་བ་ལ་ཕྲིན་སྲིངས་ཤིག་པར་བསྟན་ཏོ། འདི་ལྟར་ན་ནོར་བཟང་གི་རྣམ་ཐར་གྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱི་རྣམ་ཐར་དུ་ཁང་བརྩེགས་བཅུའི་བཅུ་པ་ན་སངས་རྒྱས་རྣམས་ཆོས་བགྲོ་བ་དང་དགུ་པ་ནས་བཅུ་པ་རྣམས་གནས་པ་སོགས་བཤད་པ་ལྟར་གནས་འདི་ཡང་ངག་པའི་སྣང་བའི་གནས་ཕལ་པས་མཐོང་བར་མི་ནུས་པ་ཞིག་ཡིན་པར་སྣང་ལ་ཀེ་ཚང་ཞེས་པའང་ཁང་བརྩེགས་ཀྱི་འགྱུར་ཁྱད་དུ་སྣང ་ངོ་། ཆུ་ཆུན་མ་ལ་ཕྲིན་དུ་མར་བསྲིངས་ཀྱང་མ་གྲུབ་ནས་བཻ་རོས་ལྟ་སྟངས་ཀྱིས་ཆུ་བན་ས་ལ་སྦྱར་བས་འཁུར་མ་ནུས་ནས་ཁྱོད་ཀྱང་རྫུ་འཕྲུལ་དང་ལྡན་པར་གདའ་སྟེ་བདག་ལའང་འདི་ལྟ་བུ་ཡོད་ཟེར་ནས་མོས་རང་གི་བྱང་ཁོག་ཕྱེ་བས་རྡོ་རྗེ་དབྱིངས་ཀྱི་ལྷ་སོ་བདུན་བཀྲ་ལམ་མེར་བསྟན། ཐབས་ཀྱིས་ནང་དུ་བརྟོལ་བར་གྱིས་ལ་བཱི་མ་(སྟོད་ཆ།༢༨༠)ལ་ལ་སོགས་པའི་མཁས་པ་རྣམས་བཞུགས་པ་ལ་ཕྱག་གྱིས་བརྡ་འདི་བསྟན་པ་ལ་ལན་འདི་གྱིས་བསླབས། སྐབས་བཙལ་ནས་སྒོའི་གསེང་ཞིག་ལ་ནང་དུ་བརྟོལ་ཏེ་ཕྱག་བྱས་བརྡ་ལན་གྱིས་མཉེས། ནང་པར་ཤྲཱི་སིདྷ་ལ་ཤོག་ཕྲིན་ཕུལ་བས་མཇལ་ཏེ་གསེར་དཔག་མེད་ཕུལ། རྩོལ་མེད་ཀྱི་ཐེག་པ་སྟོན་པར་ཞུས་བས་དོ་ནུབ་མཚན་མ་བརྟག་གི་གསུངས་ནས་ནང་པར། མཚན་མ་བཟང་པོ་བོད་ལ་ཕན་ཐོགས་ངེས། དེ་ཡང་སྒྲོན་བསྐལ་མུན་བསྐལ་གྲགས་མེད་འདས་པའི་སྔོན་དུ་བསྐལ་པ་དགའ་བ་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱུང་བའི་ཐ་མ་མངོན་རྫོགས་རྒྱལ་པོས་མན་ངག་རྣམས་ཐུགས་ཀྱི་སྲས་བདུན་ལ་གཏད་པས་དེ་དག་རིམ་པར་སངས་རྒྱས། དེ་ནས་མུན་བསྐལ་ལྔ་བརྒྱའི་འོག་ཏུ་བསྐལ་པ་འདི་ལ་སངས་རྒྱས་སྟོང་བྱུང་བའི་ཤཱཀྱའི་བསྟན་པ་ལ་རྒྱུ་འབྲས་ལ་ཟློ་བའི་ཐེག་པ་འདི་བྱུང་སྟེ་དང་པོ་རྒྱ་གར་དུ་དར་ནས་ཨོ་རྒྱན་གྱི་ཡུལ་དུ་འཁོར་བ་ལན་གསུམ་སྟོང་པར་བྱེད། དེ་ནས་གསང་བ་དམ་པ་འདི། མཐའ་འཁོབ་ཡུལ་དུ་རྒྱས་པར་འགྱུར། ཞེས་པ་བརྒྱད་པའི་བྱང་སེམས་ཤིག་གིས་བླངས་ཏེ་མཐའ་འཁོབ་རྒྱལ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལ་སྟོན། དེར་གཞན་འདུལ་བའི་དུས་ལ་མ་བབས་ཏེ་ཚ་བའི་ཡུལ་དུ་ས་བདུན་པའི་བྱང་སེམས་ལྐོག་མ་ན་སྨེ་བ་ཡོད་པ་ཞིག་དང་རང་རྒྱལ་གྱི་སྤྲུལ་པ་ཞིག་ལ་སྟོན། དེས་ས་བདུན་པའི་བྱང་ྀཾམས་ཤིག་ལ་སྟོན། དེ་ནས་རིམ་པར་ས་ལྔ་པ་དང་བརྒྱད་པ་དང་བདུན་པ་དང་གསུམ་པའི་ས་དང་དེ་ནས་བརྒྱད་པ་དང་བདུན་པའི་སར་སྤེལ་བ་དང་བདུན་རྒྱུད་ལ་བསྟན་ནས་གྲུབ་པ་ཐོབ་པར་འགྱུར་ལ། དེ་ནས་ས་བརྒྱད་པ་ཞིག་ལ་བསྟན་ཏེ་དེས་ཐུན་མོང་དང་མ་ཡིན་པའི་ཚོགས་ལ་བསྟན་པས་ལ་ལས་ནི་གོ་ ལ་ལས་(སྟོད་ཆ།༢༨༡)ནི་མ་གོ་ལ་ལ་ཉམས། ལ་ལ་གོལ་ཞིག་བཀའ་ཉམས་ནས་གླེགས་བམ་མང་པོ་བྲིས་ཏེ་སྣོད་མིན་གྱི་ལག་ཏུ་འབྲིམས་ན་དེས་མན་གག་ནམས་ལྷ་སྲིན་རྣམས་འཁྲུགས་ཏེ་བསྐལ་པ་ཕྲ་མོ་འཇིག་གོ། མན་ངག་འདི་དང་ཕྲད་པའི་སྐྱེས་བུས་བླ་མ་སངས་རྒྱས་ཉིད་དུ་མཐོང་བར་བྱས་ཏེ་གསང་བར་སྤྱད་ན་མྱ་ངན་ལས་འདའོ། བསྐལ་ལ་འདིའི་འོག་ཏུ་མུན་པའི་བསྐལ་པ་ལྔ་བརྒྱ་འབྱུང་། དེ་ནས་སྒྲོན་མའི་བཀྶ་པ་བཟང་ལྡན་བྱ་བ་ལ་གསང་བའི་སྣོད་ལྡན་གྱི་གང་ཟག་མོས་པའི་རྡོ་རྗེ། སྟོབས་ཀྱི་རྡོ་རྗེ། ཤུགས་འཆང་བའི་རྡོ་རྗེ། རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་དང་བཞིས་གྲུབ་པར་འགྱུར་རོ། དེས་ན་དུས་ལ་བབས་པས་ན་ཁྱེད་ལ་བསྐུར་བར་བྱེ་སྟེ་བསྐུར་ཐབས་མ་ལེགས་ན་འུ་ཅག་གསུམ་གའི་སྲོག་ལ་འོང་། ཡུལ་འདིར་ཡང་གང་དགར་སྤྱད་དུ་མེད་དེ་རྒྱལ་པོས་ཚོར་ན་མན་ངག་རང་ཡང་མེད་པར་བྱེད་པས་ཁྱེད་གཉིས་ཆོས་གཞན་ཉན་པ་ལྟར་གྱིས་ལ་པཎྜི་ཏ་བརྒྱད་པོར་གསེར་ཕུལ་བ་ལ་རྒྱུ་འབྲས་ཀྱི་ཆོས་ཉོན་ཞིག །མཚན་མོ་མན་ངག་གི་ཆོས་བསྟན་གྱི་གསུངས་ཏེ་དེ་ལྟར་བྱས། མཚན་མོ་པྲ་སེ་ནས་མི་ཟིན་པའི་ཐབས་བྱས་ཏེ་མན་ངག་བཤད་ཅིང་དར་དཀར་ལ་ར་དཀར་མོའི་འོ་མས་བྲིས་ཏེ་དུད་པས་བདུགས་ནས་ཡི་གེ་གསལ་བ་བྱས། རྫུ་འཕྲུལ་དང་འཕྲུལ་ཐབས་ཀྱིས་མན་ངག་ནི་དཔེ་བམ་པོ་བརྒྱ་དང་ལྔ་བཅུ་རྩ་བཞི་བྱུང་བའི་ཚེ་གཙང་རིས་ཀྱི་མགོན་པོ་སུམ་བརྒྱ་དྲུག་ཅུ་དང་སྔགས་ཕྱི་ནང་གི་སྲུང་མ་ཐམས་ཅད་ལྷགས་ཏེ་ཕྱག་དང་བསྐོར་བ་བྱས་ནས་བདག་ཅག་ཆོས་སྲུག་རྣམས་ནི་བཀའ་འདི་རྣམས་ཀྱི་རྗེས་སུ་མཆིའོ་ཁྱད་པར་མན་ངག་སྙན་བརྒྱུད་ཀྱི་རྗེས་སུ་མཆིའོ་རབ་ཏུ་ཡང་མཆིའོ། སྣོད་དང་མི་ལྡན་པ་ཐོབ་ལོ་ཤེས་ལོ་མཁས་ལོ་བཙུན་ལོ་ཉན་ལོ་ཐོས་ལོ་སྒྲུབ་(སྟོད་ཆ།༢༨༢)ལོ་ཙམ་གྱིས་ཆོག་པ། དད་པ་གཏིང་ནས་མེད་པ། ཞེན་པ་མ་ལོག་འཛིན་ཆགས་མ་ཁྲོལ་བ། ཆོས་དང་འབུལ་བ་ལ་ཕམ་རྒྱལ་རིཙ་བའི་མི་ལག་འགྲིམས་ཙ་ན་དམ་ཉམས་སུ་སོང་བ་ཡིན་པས་དེས་ན་བདག་ཅག་རྣམས་མི་དགའ་ཤིན་ཏུ་རབ་ཏུ་ཡང་མི་དགའ་སྟེ། བདག་ཅག་ལ་ལ་ནི་ཕ མ་བསད་པ་སྙམ་བྱེད་ལ་ལ་ནི་བུ་གཅིག་སྟོར་བ་སྙམ་བྱེད་དཔྲལ་མིག་ཕྱུང་བ་སྙམ་བྱེད་ཁོང་གི་སྙིང་ཕྱུང་བ་སྙམ་བྱེད་ནོར་བུ་རིན་པོ་ཆེ་སྟོར་བ་སྙམ་བྱེད་ལ། དེའི་ཚེ་ནད་དང་མུ་གེ་འཁྲུགས་པས་གཡོས་རླུང ནག་དང་བུ་ཡུག་སོགས་མི་ཤེས་པ་སྣ་ཚོགས་པ་འོང་བས། ན་རག་ཆེན་པོ་ཡང་ཡོངས་སུ་འཕེལ། སློབ་དཔོན་ཡང་ཚེ་ཐུང་ནད་མང་། སློབ་མ་རྣམས་ཕོངས་ཤིང་དུག་དང་གྲིར་འཆི། ཆོས་པ་རྣམས་མཐུ་ཆུང་། བོན་དང་མུ་སྟེགས་དང་སྲིན་པོ་བདུད་དུ་ལྡང་། དེའི་ཚེ་ལ་ལས་མན་ངག་འདི་རྣམས་སྲེག །ལ་ལས་རུལ་དུའཛུད། ལ་ལས་ནི་འཚོང་། ལ་ལས་ནི་བསྲེགས་ཤིང་བསླད། དེ་ལ་བརྟེན་ནས་འདི་འཆང་ཞིང་ཐུགས་ལ་འཆང་བ་རྣམས་སངས་རྒྱས་ཀྱི་ངོ་བོ་ཉིད་ཡིན་ཀྱང་དེ་ལ་ལ་ལས་སྐུར་བ་འདེབས། ལ་ལས་སྨོད། ལ་ལས་སུན་འབྱིན། རྐྱེན་དེས་སངས་རྒྱས་ཀྱི་བསྟན་པ་འཇིག་པར་འགྱུར་རོ། དེས་ན་ཤིན་ཏུ་གསང་བར་སྦོས་ཤིག་ཤིན་ཏུ་གསང་བས་ཆོངས་ཤིག་གསང་བར་ཡིད་ལ་གྱིས་ཤིག་ཅེས་མགྲིན་གཅིག་ཏུ་མི་སྣང་བར་གྱུར་ཏོ། དེ་ཡང་རེས་ནགས་ཚལ་གྱི་དབུས། རེས་རི་བོའི་རྩེ། རེས་ནམ་མཁའི་མཐོངས། རེས་རྒྱ་མཚོའི་ནང་དུ་བཤད་དེ་ཐོག་མར་བོད་དུ་མན་ངག་འབྱུང་བའི་རྟགས་སུ་རིག་པའི་ཁུ་བྱུག །ཚང་ཞིང་རྫོགས་པའི་རྟགས་སུ་རྩལ་ཆེན་སྤུགས་པ། དེ་བཞིན་དུ་བསམ་གཏན་སྟོན་པ་ཐིག་ལེ་དྲུག་པ་ཐེག་པ་ཐམས་ཅད་ཀྱི་ལྟ་(སྟོད་ཆ།༢༨༣) སྤྱོད་ཁོངས་སུ་ཆུད་པ་ཁྱུང་ཆེན་ཐེག་པ་ཐམས་ཅད་ལས་ཁྱད་འདོན་པ་མི་ནུབ་རྒྱལ་མཚན་ཏེ་ཆེ་བ་ལྔེཾ། གྲུབ་མཐའ་ཐམས་ཅད་འདུས་པ་ཡིད་བཞིན་ནོར་བུ་ཆོས་དང་གང་ཟག་གི་ཆེ་བར་བྱུང་བ་ཆེ་བཙན་དམ་པ་ཐེག་པ་གོང་འོག་གི་སྐྱོན་ཡོན་འབྱེད་པ་སྤྱི་སྤྱོད་རྒྱལ་པོ་ཤེས་རབ་གསུམ་ལ་བརྟེན་པ་ཀུན་འདུས་རིག་པ་སྟེ་ཆུང་བ་བཞི། གདམས་པ་ལ་རག་པར་སྟོན་པ་བདེ་བ་རབ་འབྱམས་འབྲས་བུ་སྐུ་གསུང་ཐུགས་སྟོན་པ་སྲོག་གི་འཁོར་ལོ་དཔེ་དོན་རྟགས་གསུམ་སྟོན་པ་སེམས་རིག་དང་ནམ་མཁའ་རྒྱལ་པོ་སྟེ་འབྲིང་བཞི། དྲང་ངེས་དབྱེ་བ་བདེ་བ་ཕྲ་བཀོད། ཐེག་པའི་ཤན་འབྱེད་པའི་སྤྱི་ཆིངས་རིགས་པ་དང་མི་འགལ་བ་རྡོ་ལ་གསེར་ཞུན་སྤྱོད་པ་དང་དམ་ཚིག་སྟོན་པ་རྩེ་མོ་བྱུང་རྒྱལ་ཏེ་ཆེ་བའི་ཕྱོགས་བཞི། འཆལ་བ་ཚར་གཅོད་པ་རྨད་བྱུང་བཤད་དེ་སེམས་སྡེ་བཅོ་བརྒྱད་དོ། དེའི་ཚེ་བཻ་རོས་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞལ་མཐོང་ཆོས་ཐོས་ཏེ་བཻ་རོ་ཙ་ནར་མིང་བཏགས་སོ། སྤྱིར་སད་མི་བདུན་རབ་ཏུ་བྱུང་ཚེ་བཻ་རོ་ཙ་ན་རཀྵི་ཏ་ཞེས་རྣམ་སྣང་སྲུང་བའམ་རྣམ་སྣང་འཚོར་མིང་བརྗེས་པ་ཡིན་ཀྱང་སླར་ཡང་རྣམ་པར་སྣང་མཛད་ཉིད་དུ་བཏགས་པའོ། དེས་ལེགས་གྲུབ་ཚིམ་སྟེ་རྒྱལ་པོ་ལ་ངོ་སོ་འདོད་པས་བོད་དུ་སོང་བ་གཅན་ཕྲང་བས་བསད་དོ། བཻ་རོ་ཙ་ན་མ་ཚིམ་སྟེ་ཡིད་མི་བདེ་བར་འདུག་པ་ན་བླ་མས་ཁྱོད་ནའམ་གསུངས་པར། མཐོང་སྟེ་མ་ཕྲད་རང་སེམས་ན། མྱངས་ཏེ་མ་ཚིམ་རང་སེམས་ན། ནད་གཞི་ལ་སེམས་སྡེ་བཅོ་བརྒྱད་པོའི། གདེང་མ་རྙེད་པར་འདོད་པ་བརྙེད། མཐར་ཕྱིན་གྱི་སྨན་ཞིག་ད་གཏོང་འཚལ། ཞུས་པས། ངས་ཐམས་ཅད་བསྟན་ཟིན་ན་ཁྱོད་ཅི་ལ་བརྡུགས་གསུངས་པ་ན། ལྟ་བ་ཕྱོགས་རིས་མེད་པ་དེ།(སྟོད་ཆ།༢༨༤) ལས་དང་རྟོག་པའི་ཕྲེང་ལ་བརྡུགས། སྤྱོད་པ་བླང་དོར་མེད་པ་དེ། འདོད་རྩོལ་གཉིས་ཀྱི་ཕྲེང་ལ་བརྡུགས། ལམ་ལ་བསྒྲོད་དུ་མེད་པ་དེ། ལུང་དང་རིགས་པའི་ཕྲེང་ལ་བརྡུགས། རང་བྱུང་ཡེ་ཤེས་ཆེན་པོ་དེ། བག་ཆགས་སྟུག་པོའི་ཕྲེང་ལ་བརྡུགས། དུས་གསུམ་སངས་རྒྱས་དགོངས་པ་དེ། །བྱིང་རྒོད་གཉིས་ཀྱི་ཕྲེང་ལ་བརྡུགས། འབྲས་བུ་སྐུ་གསུམ་ལྷུན་གྲུབ་དེ། བརྡ་དོན་འཕྲད་པའི་ཕྲེང་ལ་བརྡུགས། རྫོགས་ཆེན་བྱ་བྲལ་ལྷུན་གྲུབ་དེ། །བརྡ་དོན་དབྲལ་བའི་ཕྲེང་ལ་བརྡུགས། སངས་རྒྱས་སྤྱོད་ཡུལ་རང་དབང་དེ། །སྤྱི་བླུགས་ཚངས་པའི་དབང་ལ་བརྡུགས། །ཆ་ལ་སེམས་སྡེ་བཅོ་བརྒྱད་པོས། །ཕྲེང་བརྒྱད་སྐྱེལ་མ་མ་ཤོགས་པས། །བདག་རང་བཻ་རོ་ཙ་ན་ཡང་། །ཡུལ་དུ་འགྲོ་བ་ཕྲེང་ལ་བརྡུགས། །ཞུས་པས་སློབ་དཔོན་གྱིས་ཀྱང་ཁྱད་པར་བ་སྟོན་པར་དགོངས། པཎ་ཆེན་རྣམས་ཀྱི་རྨི་ལམ་གཉིས་པ་ལོག་ཏེ་ཆུ་ཐམས་ཅད་བོད་དུ་བབས་པ་དང་ཤི་རྩིང་ཐམས་ཅད་བོད་དུ་སོང་བ་སོགས་རྨིས། རྒྱུད་སྡེ་དྲུག་ཅུ་དང་དབང་མན་ངག་དང་། ཁྱད་པར་དུ་འབྲས་བུ་རང་ཆས་སུ་སྟོན་པ་རྒྱ་མཚོའི་ཀློང་བསྟན་པས་རྟོགས་པའི་མཐར་ཕྱིན་ཀྱང་སྒྲོ་འདོགས་གཅོད་པའི་ཕྱིར། སྐུ་གསུམ་སྟོན་པ་མཆོག་གི་སྲས། ཐམས་ཅད་མཁྱེན་པ་བདག་གི་ཕ། བློ་ཡི་རེ་དོགས་བཅད་པའི་ཕྱིར། །དབུ་བསྙུང་བཞེས་པའི་ཆོས་ཤིག་ཞུ། །ཞུས་པས། ཆོས་ཀྱི་དབྱིངས་ལ་ཟད་མེད་ཀྱང་། དེ་བཞིན་ཉིད་ནི་གཅིག་ཤེས་ན། མ་ལུས་དེ་ལ་ཡོངས་སུ་རྫོགས། དེ་ལས་ཡོད་ན་ས་དྷི་ཀན། གསུངས་སོ། དེ་ནས་བླ་མའི་ཞལ་ནས་གདམས་པ་འདི་ལ་བཙའ་ལུགས་གསུམ་བྱིན་པ་བཞི་མི་སྦྱིན་པ་བཞི་ཡོད་དེ་(སྟོད་ཆ།༢༨༥)འཁོར་འདས་ཐམས་ཅད་གསལ་བར་བྱེད་པའི་ཕྱིར་མིག་འབྲས་ལྟར་བཙའ། ཐེག་པ་ཀུན་གྱི་བཅུད་ཡིན་པས་ཁོང་སྙིང་ལྟར་བཙའ། ཆོས་ཀུན་གྱི་རྩ་བ་ཡིན་པས་སྲོག་ལྟར་བཙའོ། དད་ལྡན་འཇམ་རིག་ཡུན་བརྟན་ལ། ངེས་དང་འགྲེལ་ཊཱིཀ་མན་ངག་རྣམས། །གྲངས་བཏབ་བསྟེབས་ཏེ་བྱིན་པར་བྱ། །དཔུང་བཟང་ཡུན་རིང་སྣོད་ལྡན་ལ། །རྦ་སྲི་མེད་པར་ཚང་བར་བྱིན། །དང་བ་ཅན་ལ་མི་ཞུ་ཡང་། །ནན་གྱིས་བྱིན་ཞིང་གཏད་གཉེར་བྱ། །དད་ཅན་ཤེས་རབ་ཆུང་བ་ལ། །ཡིད་དང་སྦྱར་ལ་བྱིན་པར་བྱ། །ཁོང་ཁྲོ་ཆེ་ཞིང་དད་མེད་ལ། །ཚིག་འགས་བྲིད་ལ་མི་སྦྱིན་བསྐྲད། །ཕྱོགས་ཙམ་གྱིས་བྲིད་མི་སྦྱིན་བསྐྲད། །མོ་སྒོམ་ཡི་གེར་བྲི་རིངས་ལ། །ཆོས་གཞན་གྱིས་བྲིད་མི་སྦྱིན་བསྐྲད། ནོར་ཕྱིར་ཆོས་ཚོལ་དད་མེད་རིགས། དང་པོ་ཉིད་ནས་བརྟགས་ཏེ་སྤང་། འོན་ཀྱང་བོད་ཀྱི་རྒྱལ་པོ་ལ། སྟོན་ཅིག་གསུངས་ནས་རྗེས་སུ་གནང་། དགའ་རབ་རྡོ་རྗེ་དང་མཇལ་བར་ལུང་བསྟན་ནས་བཙལ་བས་མཁའ་འགྲོས་ཨོ་རྒྱན་དུ་སོང་ཞིག་པར་ལུང་བསྟན་ཏེ་ཨོ་རྒྱན་གྱི་དུར་ཁྲོད་དུ་འོད་ཀྱི་ཁྱེའུ་ཆུང་ངུ་བཞུགས་པ་དང་མཇལ། རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་བཅུ་བཞི་བསྟན་ཏེ་ནམ་མཁའ་ལ་འོད་དུ་ཡལ། སླར་ཤྲི་སིདྷའི་དྲུང་དུ་འོངས་པས་སློབ་དཔོན་གྱི་ཞལ་ནས། རང་སེམས་ཡེ་ཤེས་རྡོ་རྗེ་འདི། ཡོད་མེད་དབུས་སུ་མི་དམིགས་ཤིང་། རྟག་ཆད་མཐའ་ལ་མི་གནས་པ། སྒྲོ་སྐུར་མེད་པའི་ཆོས་ཉིད་ལ། བླང་དོར་མེད་པར་བློ་བཞག་སྟེ། འདི་ཞེས་སྒོམ་པའི་འདུ་ཤེས་བྲལ། དེ་ནི་དགོངས་པའི་མཐར་ཐུག་གོ །(སྟོད་ཆ།༢༨༦) སེམས་ནི་སངས་རྒྱས་ཀུན་གྱི་དངོས། །སེམས་ཀྱིས་སེམས་ལ་ལྟ་བ་ན། སེམས་ཀྱི་སྐྱོན་དང་གོལ་ས་བརྟག །དེ་ནས་ཉམས་དང་དྲོད་ཚད་སྐྱེ། །རང་སྣང་དཀྱིལ་འཁོར་རང་ལ་འཆར། སེམས་ནི་ཁ་དོག་ཅིར་མི་དམིགས། །དབྱིབས་ཀྱི་རྣམ་པ་གང་ཡང་མེད། །སེམས་ནི་རྒྱ་ཀུལས་མ་སྐྱེས་ཏེ། །རྐྱེན་གྱིས་རྣམ་པར་འཇིགས་པ་མེད། །ཐོག་མར་མ་བྱུང་མཐར་མི་འགྲོ། །དུས་གསུམ་ཀུན་ཏུ་སོང་ཞིང་དབེན། །འདི་འདྲ་ཞེས་སུ་བསྟན་དུ་མེད། །བདག་གཞན་ཟུང་འཛིན་བཏང་སྙོམས་དང་། །རྒྱུ་རྐྱེན་གང་གི་འང་སྤྱོད་ཡུལ་མིན། །བྱིང་རྒོད་གཉིས་པོ་འདི་ལ་མེད། ཇི་བཞིན་པ་ཡི་ངང་དུ་ཞོག །ཡིག་འབྲུ་ཕྱག་མཚན་སྐུར་མི་དམིགས། །སྒྲ་དང་ཚིག་ལས་འདས་པར་སྒོམ། །སྙམ་བྱེད་བློའམ་འཇིགས་འི་བློ། །ཀུན་ལ་རེ་དོགས་མེད་པར་བཞག །ཅིར་ཡང་རྟོག་པར་མི་བྱའོ། །སྟོང་པའི་ངང་ལས་མ་གཡོས་ན། །དབུགས་ཀྱི་རྒྱུ་བ་མི་ཚོར་ཞིང་། །ཕུང་པོ་ཡོད་པར་མི་མངོན་ཏེ། །ནམ་མཁའ་སྟོང་པའི་ངང་ཉིད་ལས། །རིག་པ་ཡེ་ཤེས་ཤར་བའི་དྲོད། །སྐར་མའི་འོད་འདྲ་གློག་འབྱུང་འདྲ། །ཉི་མ་ཤར་བའི་འོད་འདྲ་གསལ། གཅིག་གོ་ཀུན་རྫོགས་མན་ངག་ཡིན། ཞེས་གནད་ཀྱི་ཞལ་ཆེམས་ཐུགས་ཀྱི་མཛོད་བརྟོལ་ཏེ་རླུང་གིས་ཀྱང་ཐོས་སུ་མི་རུང་བར་མཛད་ནས་བཻ་རོ་ཉིད་ལ་གདམས་ཏེ་སློབ་དཔོན་འོད་དུ་ཡལ། དེའི་ཚེ་རྐང་མགྱོགས་གྲུབ་པའི་མཆོག་ཀུ་མ་ར་དང་ཀུ་ཧ་ར་དྷ་ཏུ་བྱ་བ་གཉིས་ཡོད་པ་ལས་བཻ་རོས་ཀུ་མ་ར་དང་གྲོགས་པོར་བྱས་གསེར་བྱིན་ནས་རྐང་མགྱོགས་བསླབས་པས་གཏན་གྱི་རྐང་མགྱོགས་ཕ་བུ་ལ་ཡང་མི་སྟེར་བས། བོད་དུ་མ་སླེབ་བར་གྱིས་རྐང་མགྱོགས་སྦྱིན་ནོ་ཟེར་ནས་ཅུང་ཟད་(སྟོད་ཆ།༢༨༧)བྱིན་ཏེ་རེ་མ་ཏིའི་རྐང་མགྱོགས་བསྒྲུབས་པས་སྤྱིར་གླགས་གཟན་ལ་འཇུམས་པ་ལྟར་མགྱོགས་པ་ཡོད་ཀྱང་གོ་བོས་རི་རྩིབས་གཅོད་པ་ཙམ་བཻ་རོས་གྲུབ། རྐང་མགྱོགས་ཀྱི་གཙོ་བོ་གཅིག་ཤོས་ལ་ཡང་རྔན་པ་བཅུག་སྟེ་བོད་མི་མ་མཐོང་གནོད་སྦྱིན་ཤ་བའི་རུ་ཅན་སོང་ངོ་བར་སྒྲོགས་སུ་བཅུག་སྟེ་ཆས་དེ་ལྟར་བུར་ཞུགས་ཏེ་བྱོན། ལམ་དུ་ཡང་སྐལ་ལྡན་འགའི་དོན་མཛད། བོད་དུ་མྱུར་བར་ཕེབས་ཏེ་རྒྱལ་པོས་ཞབས་ཐིལ་གཙུག་ཏུ་བླངས་པས་རྒྱལ་པོ་ལ་ཉིན་མོ་རྒྱུ་འབྲས་ཀྱི་ཆོས་དང་མཚན་མོ་རྫོགས་པ་ཆེན་པོ་རྩོལ་མེད་ཀྱ་ིཐེག་པ་བསྟན། བཻ་རོ་བོད་དུ་ཞལ་ཕྱོགས་ནས་བྱོན་པའི་ནུབ་ནས་བཟུང་སྟེ་རྒྱ་གར་བའི་རྨི་ལྟས་གསུམ་པ་ལོག་པས་མན་ངག་གི་ཅོས་བདུད་དུ་ཤོར་བར་ཤེས་ཏེ་རྡོ་རྗེ་གདན་དུ་བལྟས་པ་ན་རྒྱ་རུ་སྤོད་ཞིག་ཅིང་ཆོས་མ་ཚང་བར་ཤེས། རྒྱལ་པོ་དང་པཎྜི་ཏ་གཅིག་ལ་གཅིག་ཡིད་མ་ཆེས་ཏེ་རྒྱལ་པོས་པཎྜི་ཏ་རས་ལ་གསང་ནས་རྡོ་རྗེ་གདན་ནམ་ཨ་སུ་ར་གསུང་བའི་བྲག་ཕུག་གམ་བྱ་རྒོད་ཕུང་པོར་སྦས་སམ་ཡང་ཟེར་སྟེ་མི་སྣང་བར་བྱས། བོད་ཐེ་ཚོམ་སྐྱེད་ཕྱིར་ཕྲ་མེན་གྱི་ངན་སྔགས་ཁྱེར་སོང་བས་བོད་མི་རླག་པའི་ཐབས་གྱིས་ཤིག་ཅེས་རྐང་མགྱོགས་པ་བཏང་སྟེ་རུ་བཞི་ཐམས་ཅད་དུ་བསྒྲགས་པས་བོད་ལྦོན་རྣམས་ཀྱིས་བཅུགས་ལ་ཉན་ཏེ་འདི་མི་གསོད་ན་རྒྱལ་ཁྲིམས་བཤིག་པར་བགྲོས་ཏེ་རྒྱལ་པོ་ལ་གསོལ། བཙུན་མོ་ཚེ་སྤོང་བཟས་ཀྱང་བཻ་རོ་ཙ་ན་སླུ་བར་མ་ཚུགས་པའི་སེམས་ངན་བྱས་ཏེ་བློན་པོ་རྣམས་བསླད། རྒྱལ་པོ་ལ་ནན་གྱིས་ཞུས་པ་ན་ཏབས་མ་རྙེད་ནས་བསད་པར་ཞལ་གྱིས་བཞེས་ཏེ་སྤྲང་པོ་ཞིག་ལ་བཻ་རོའི་ཆས་བཅོས་ནས་མི་རྣམས་ཀྱིས་མ་སླེབ་པ་ཙམ་ལ་ཟངས་སུ་བཅུག་སྟེ་ཆུར་བསྐུར། གདན་ཁྲིའི་འོག་ཏུ་གནམ་སྒོ་སྔོ་ཐེམ་ཅན་ལས་(སྟོད་ཆ།༢༨༨)བབས་སར་བཻ་རོ་བཞུགས་ཏེ་རྒྱལ་པོས་ནམ་ཕྱེད་ན་ཆོས་ཉན་པ་ལས་ནང་འཁོར་བ་ཞིག་གིས་མཐོང་། དེ་ནས་རྒྱལ་པོའི་གདུགས་ཁང་བྱ་བའི་ཕྱིར་ཀ་བ་ཁོང་སྟོང་སྒོ་ཅན་དུ་བྱས་པར་སློབ་དཔོན་བཞུགས་པ་ན་བཙུན་མོས་ཤེས་ཏེ་བློན་པོ་རྣམས་ལ་བསྙད་དེ་བོད་འབངས་སྤྱིས་ནན་གྱིས་གསོལ་བས་ཐབས་མ་རྙེད་ཅིང་སྤྱུག་པར་ཞལ་གྱིས་བཞེས། སློབ་དཔོན་གྱིས་ཀྱང་ཚ་བ་རོང་དུ་སྔོན་གྱིས་ལས་འབྲེལ་ཞིག་ཡོད་པས་དེ་འགྲོའི་གསུངས་ནས་རྒྱལ་བློན་ཐམས་ཅད་ཀྱིས་བསྐྱལ། དཀའ་བ་བཅོ་བརྒྱད་ལ་སོགས་པའི་མགུར་མང་པོ་མཛད་དེ་གཤེགས། རྒྱལ་མོ་རོང་པའི་ཡུལ་མི་རྣམས་ཀྱིས་བོད་ཀྱི་རྟོག་ཆེན་པར་དགོས་ནས་སྦལ་དོང་དུ་ཞག་བདུན་དང་ཤིག་སྣ་ཚོགས་པའི་དོང་དུ་ཞག་བདུན་བསྒྱུར། སྐྱེ་བ་མང་པོའི་གོང་དུ་ཡུལ་དེའི་ནེ་ལེར་གྱུར་ཚེ་སྦལ་པ་ཟོས་པ་དང་། ཡུལ་དེར་དགེ་སློང་ཞིག་གྱུར་ཚེ་ཤིག་དོར་བ་བྱས་ཟོས་པའི་རྣམ་སྨིན་གྱི་ཐ་མར་ཞལ་གྱིས་བཞེས་ཏེ་དགེ་སློང་པུ་རྞའི་སྔོན་གནས་དྲན་པ་གསུངས་པས་གྲུ་དང་མདོ་གཞེར་ལ་སོགས་པརགཡལ་བློན་རྣམས་ཀྱིས་རྒྱལ་པོའི་མེས་སུ་གཏོགས་པའི་དགེ་སློང་པུརྞ་ཡིན་པར་ཤེས་ནས་བཤགས་པ་དང་བཀུར་སྟི་བྱས། འོན་ཀྱང་རྒྱལ་པོ་དེའི་སྲས་གཡུ་སྲ་སྙིང་པོ་མ་དད་ནས་བུ་གཅིག་ཤི་བའི་ཕ་མ་དང་། རྒན་རྒོན་འཆིར་གཏུགས་པ་དང་སྐྱེས་པ་བུད་མེད་ལང་ཚོ་ཅན་བརྩེ་བ་རྣམས་རིམ་པར་བཏང་སྟེ་ཆོས་བྱས་ན་བུ་དང་ཕྲད་དམ། རྒས་པ་གཞོན་ནུར་ལྡོག་གམ། བརྩེ་དགའ་འདི་ལས་ལྷག་པའི་བདེ་སྐྱིད་ཆོས་ལ་ཡོད་དམ་བྱ་བ་རིམ་པས་དྲི་བཅུག་པས། བུ་བས་རང་ཉིད་ཀྱང་འཆི་བ་དང་། རྒས་དུས་ཆོས་དྲན་ཀྱང་འཕྱིས་པ་དང་། ཐམས་ཅད་མི་རྟག་པ་རྣམས་རིམ་པར་གསུངས་པས་དེ།(སྟོད་ཆ།༢༨༩) དག་ཀྱང་དད་ཅིང་གཡུ་སྒྲ་ཡང་ཅུང་ཟད་དད་ནས་འོག་རྟ་ཕུལ་ཏེ་ཆེས་ཞུས་པས་མ་གནང་བ་དང་། ཡང་ཁྲུས་ལ་གདན་དྲངས་ནས་ཆུའི་ནང་དུ་གདམས་པ་མི་གནང་ན་ཆུ་ལ་སྐྲོད་དོ་ཞེས་བསྡིགས་པས། ཡོན་དང་དད་པ་གཉིས་མེད་པར། །ནན་ཚིར་བྱས་པས་ཆོས་ཁུགས་སམ། །འཆི་ན་གཉིས་ཀ་འཆི་མོད་དེ། །ང་ཆི་འོག་མིན་གནས་སུ་འགྲོ། །ཁྱོད་ཤི་ངན་སོང་གསུམ་དུ་འགྲོ །ཁྱོད་ཀྱིས་ཕོད་ན་ང་ཡིས་ཕོད། གསུངས་པས་སྐྲག་སྟེ་བཟོད་གསོལ་བྱས། ཡག་དཔེ་ཆ་བརྐུས་ནས་ཀུན་བྱེད་ཀྱི་རྒྱུད་བྲིས་ཏེ་ང་ལ་ཡང་ཆོས་ཡོད་ཟེར་བས། རྡོ་རྗེ་སེམས་དཔའ་དགའ་རབ་འཇམ་དཔལ་གྱི། ཞལ་ནས་གསུངས་པའི་མན་ངག་ངེས་པའི་དོན། །རྒྱལ་བའི་དགོངས་པ་ཤིན་ཏུ་གཏིང་ཟབ་པ། །ཡིག་ནག་ཚིག་གིས་བྱང་ཆུབ་རྙེད་པ་མིན། །ཞེས་གསུངས་པས་དད་པ་དྲག་ཏུ་སྐྱེས། །དུས་ནས་རྗེས་སུ་བཟུང་བར་ཞུས་པས་རྒྱུ་འབྲས་ཀྱི་ཆོས་གསུངས་པས་མ་ཚིག་སྟེ་ཚེ་འདིར་འཚང་རྒྱ་བའི་གདམས་པ་ཞུས་པས། ལུས་ཀྱི་སྒོ་ནས་བྲན་གཡོག་ཅི་དགོས་བྱེད་པ་བླ་མའི་སྐུ་དགྲ་འདུལ་བ། ཕྱག་སྐོར་གྱིས་སྒྲིབ་པ་སྦྱང་པ་སྟེ་ལུས་ཀྱི་སྦྱང་བ་གསུམ། ངག་གིས་ཞེ་ས་དང་གསོང་པོར་སྨྲ་བ། སྐུ་དགྲ་ལ་དྲག་སྔགས་ཀྱི་དམོད་པ་འབེབས་པ། རྟག་ཏུ་གསོལ་བ་འདེབས་པ་སྟེ་ངག་གི་སྦྱང་བ་གསུམ། ཡིད་ཀྱིས་རྟག་ཏུ་བླ་མའི་རྣལ་འབྱོར་སྒོམ་པ། ཅི་གསུངས་མོས་དང་དེ་ལྟར་སྦྱང་བ་བགུ། ཁྱིམ་དང་ཉེ་འབྲེལ་སྤོང་བར་ཕོད་པ་སོགས་པོད་པ་བཅུ་གསུམ་བྱེད་ནུས་ན་བསྟན་ནོ་ཞེས་གསུངས་པས་ཅི་གསུངས་སྒྲུབ་པར་དམ་བཅས་པ་ན། འོ་ན་ཨོ་རྒྱན་གྱི་ཡུལ་རྡོ་རྗེའི་གདན་རྣམས་སུ་སོང་ལ་(སྟོད་ཆ།༢༩༠)དགའ་རབ་རྡོ་རྗེ་དང་མཁས་པ་ཉེར་ལྔ་རྣམས་ལ་གསེར་འདི་འབུལ་དུ་སོང་ཞིག །དེ་རྣམས་ཀྱི་གདམས་པ་གདབ་བོ་ཞེས་གསེར་མང་པོ་བསྐུར་བ་དང་བཀའ་ཉན་ཏེ་ཨོ་རྒྱན་དུ་འགྲོ་བར་ཁོང་རང་གི་ཡབ་ཡུམ་བློན་འབངས་དང་བཅས་པས་བཻ་རོ་ཉིད་ལ་གཏུགས་པ་འཐད་ཟེར་ནས་གྲོས་བཏབས་པས་སྲོག་ལ་བབས་ཀྱང་བླ་མའི་བཀའ་སྒྲུབ་ཟེར་ནས་འགྲོ་བར་ཆས་པའི་ཚེ་སློབ་དཔོན་གྱི་ཞལ་ནས་ཁྱོད་དེ་ཙམ་དུ་བླ་མའི་བཀའ་སྒྲུབ་ན་ཨོ་རྒྱན་དུ་འགྲོ་མི་དགོས། འདི་ཉིད་དུ་རྗེས་སུ་བཟུང་གིས་ཉམས་སད་བྱས་པ་རྣམས་ལ་བཤགས་པ་གྱིས་ཤིག་ཅེས་གསུངས་ནས་གཡུ་སྒྲས་ལུས་ལོངས་སྤྱོད་ཐམས་ཅད་ཅད་ཕུལ་ཏེ་གདམས་ངག་དུ་མ་གནང་། འདི་སྐབས་ཐང་ཡིག་དང་འདྲ་འབག་སོགས་འདོད་ཚུལ་མི་འདྲ་བ་མང་དུ་སྣང་ཡང་ལོ་རྒྱུས་ཀྱི་བབས་རྣམས་བསྒྲིགས་ན་རྒྱལ་མོ་ནི་ཡུལ་གྱི་མིང་དང་རིགས་རྒྱལ་པོའི་སྲས་ཡིན་ལ་མཚན་གཡུ་སྒྲ་སྙིང་པོ་ཡིན་པ་དང་། ཉམས་སད་བྱས་པ་དང་། མཁས་པར་གྱུར་ནས་བཱི་མ་ལ་བསམ་ཡས་སུ་བྱོན་པའི་དུས་རྒྱལ་བློན་ལ་ལ་ཡོགས་དོར་དུ་བཏག་ནས་བོད་འབངས་ཐམས་ཅད་འགྱོད་དོ། །སྐྱེ་བ་སྔ་ཕྱི་དྲན་པས་བྱང་ཆུབ་སེམས་དཔའ་ཡིན་ཡང་དག །མན་ངག་གི་ཆོས་ཁྱད་པར་ཅན་རྙེད་པས་སྤྲུལ་སྐུ་ཡིན་ཡང་དག་སོགས་ལྷའི་སྤྱན་ཐོབ་རྐང་མགྱོགས་གྲུབ། བཟོད་པ་ཐོབ་་བདེན་པ་མཐོང་། སྒྲིབ་གཉིས་བྱང་། སངས་རྒྱས་ཀྱི་སྤྲུལ་པ། སྟོན་པའི་ཞལ་སྐྱིན། ས་བརྒྱད་པ་ཐོབ་པ་ཡིན་ཡང་དག །ཅེས་བཻ་རོ་ལ་ཡང་དག་བཅུ་གཅིག་གི་བསྟོད་པ་ཕུལ་ནས་བཻ་རོ་སྤྱན་འདྲེན་དུ་བཏང་བས་ཐུགས་གཏིང་ནས་མཉེས་ཏེ་གདམས་ངག་ཚད་སྤྲུགས་(སྟོད་ཆ།༢༩༡)སུ་དེར་རྫོགས་པ་འདི་དག་པར་དཔའ་བོ་གཙུག་ལག་སོགས་བཞེད་པས་དེ་ལྟར་དུ་བྲིས་པ་ཡིན་ནོ། །སློབ་དཔོན་བཻ་རོས་ཀྱང་རྒྱ་ནག་བྱོན་ཏེ་གྲུབ་ཐོབ་དང་མཁའ་འགྲོ་མ་རྣམས་དང་དགོངས་ཉམས་བསྡུར། །ཁམས་སུ་ཡང་གཞན་དོན་མཛད། བོད་དུ་བྱོན་ནས་རྒྱལ་བློན་ཐམས་ཅད་ལ་ཆོས་གསུངས་སོ། །སྤྱིར་སློབ་དཔོན་ཆེན་པོ་འདིས། ཐོག་མར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གསུངས། དེ་ནས་ཚ་བ་རོང་དུ་སྤྱུགས་པས། རྒྱལ་རོང་བྲག་ལྷ་མགོན་པོའི་དགོན་པར་གཡུ་སྒྲ་སྙིང་པོ་ལ་གསུངས། དེ་ནས་ཚ་རོང་སྟག་རྩེ་མཁར་དུ་གསང་སྟོན་ཡེ་ཤེས་བླ་མ་ལ་གསུངས། དེ་ནས་སྟོད་ཁུང་རོང་གི་བྲག་དམར་དགོན་རྫོང་དུ་སྤང་སངས་རྒྱས་མགོན་པོ་ལ་གསུངས། དེ་ནས་དབུས་སུ་གཉགས་དང་། ལི་བཟའ་ཤེས་རབ་སྒྲོན་མར་གསུངས་ཏེ་རིམ་པ་ལྔར་གྲགས། ཕྱི་མ་འདིས་བཻ་རོ་ལི་ཡུལ་དུ་སྤྱན་དྲངས། མཐར་བ་སིང་གི་ནགས་སུ་དགུང་ལོ་སུམ་བརྒྱ་དྲུག་ཅུ་ན་ཟུང་འཇུག་གི་སྐུ་བརྙེས་པར་གྱུར་ཏོ། དེ་ལས་གཉགས་ཀྱིས་སོག་པོ་དཔལ་གྱི་ཡེ་ཤེས། གྲྭ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོ་བྲན་དཔལ་གྱི་གཞོན་ནུ་སོགས་ལས་རིམ་པར་བརྒྱུད་པའི་ལུགས་གཅིག །ཡང་སོག་པོས་སངས་རྒྱས་ཡེ་ཤེས་ལ་སོགས་ཏེ་རིམ་པར་བརྒྱུད་པའི་ལུགས་གཅིག །ཡང་གཙང་ཤཱ་ཀ་རྡོར་གྱིས་སྤང་ར་ཀྵི་ཏ་ལ། དེས་ཡར་ཟི་དར་མ་ཤེས་རབ། དེས་ཟེར་མོ་དགེ་སློག་མ། དེས་མར་པ་ཤེས་རབ་འོད། དེས་ལྷ་རྗེ་སྒྲོ་ཕུག་པ་ལ་བཀའ་དྲིན་ནོད་དུ་འོངས་པ་དང་། ནད་དྲག་པོ་ཞིག་བྱུང་བ། ཤངས་ཀྱི་ལང་ཟ་སྟོན་པ་དར་མ་བསོད་ནམས་ཀྱིས་བཅོས་པས། དེའི་དྲིན་ལན་དུ་རྡོ་རྗེ་མེ་ལོང་(སྟོད་ཆ།༢༩༢)དང་། ལམ་རྣམ་བཀོད་དང་། ཟབ་མོའི་དབང་གི་མན་ངག་དང་། མདོའི་འགྲེལ་པ་ལུང་བསྟན་རྡོ་རྗེ་སོགས་བི་མ་ལ་ལས་བརྒྱུད་པའི་གདམས་པ་དང་། སེམས་ཕྱོགས་མ་ལུས་པ་གནང་ངོ་། དེ་ལས་གསང་བདག་སྒྲོ་ཕུག་པར་བརྒྱུད་པ་དེ་བྱུང་བ་ཡིན། གསང་བདག་སྒྲོ་ཕུག་པ་ནས། དམ་པ་ཤཱཀྱ་རྒྱལ། མཁས་པ་ལྕེ་སྟོན་ཡབ་སྲས། བླ་མ་ཐང་སྟོན་འབུམ་མེ། ཆོས་རྗེ་བླ་སྐྱབ་རྡོ་རྗེ། དྲིན་ཅན་མཁས་པ་ཆེན་པོ། མཁའ་འགྲོ་དཔལ་གྱི་ཡེ་ཤེས། མ་ཅིག་དྲིན་ཅན་ཟུར་མོ། ཆོས་རྗེ་སངས་རྒྱས་རིན་ཆེན་ནས། འགོས་ལོ་ཆེན་པོ་ལ་བརྒྱུད་པའང་ཡོད་ལ་གཞན་བརྒྱུད་པ་ཤས་ཆེ་བ་མདོ་སྒྱུ་སོགས་དང་མཚུངས་པས་འོག་ཏུ་འཆད་འགྱུར་ལས་ཤེས་སོ། རྫོགས་པ་ཆེན་པོ་ཀློག་གི་སྡེའི་སྐོར་ལ། ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོའི་དོན་ཀློང་དགུ་དང་ཚིག་བམ་པོ་ཉི་ཁྲི་ཞེས་འབྱུང་བ་ལ། བམ་པོ་ཉི་ཁྲི་ནི་གྲུབ་པའི་སྐྱེས་བུ་རྣམས་ཀྱི་ཕུག་ན་བཞུགས་པའི་དབང་དུ་བྱས་པ་ཡིན་གྱི། འདིར་གཞུང་ཚར་བར་འགྱུར་བ་ནི་མེད་དོ། ཀློང་དགུ་ནི། དང་པོ་ལྟ་བུའི་ཀློང་། གཉིས་པ་སྤྱོད་པའི་ཀློང་། གསུམ་པ་དཀྱིལ་འཁོར་ཀློང་། བཞི་པ་དབང་གི་ཀློང་། ལྔ་པ་དམ་ཚིག་ཀློང་། དྲུག་པ་སྒྲུབ་པའི་ཀློང་། བདུན་པ་ཕྲིན་ལས་ཀྱི་ཀློང་། བརྒྱད་པ་ས་ལམ་གྱི་ཀློང་། དགུ་པ་འབྲས་བུའི་ཀློང་སྟེ་དགུའོ། གཞན་ཡེ་ཤེས་གསང་བ་ལ་སོགས་པའི་རྒྱུད་ལ་བསྟེན་པའི་རྡོ་རྗེ་ཟམ་པའི་མན་ངག་རྣམས། བཻ་རོ་ཙཱ་ནས་སྤྲངས་མི་ཕམ་མགོན་པོ་ཤེས་བྱ་བ་ལོ་བརྒྱད་ཅུ་རྩ་ལྔ་ལོན་པ་ཞིག་ལ་གནང་བས་བརྒྱུད་པ་ཐམས་ཅད་ལ་འཇའ་ལུས་ཤ་སྟག་བྱུང་བའི་ལོ་རྒྱུས་ནི། དེ་ཡང་སློབ་དཔོན་བཻ་རོ་ཙ་ན་སླར་བོད་དུ་ལོག་ནས་བྱོན་འི་ལམ་ཀར་སྤྲང་(སྟོད་ཆ།༢༩༣)མི་ཕམ་མགོན་པོ་ཞེས་པ་རྒས་ཤིང་ཁོག་པས་ཤིན་ཏུ་ཉམ་ཐག་པའི་མ་རྒན་ཞིག་དང་མཇལ། གདམས་ངག་བཏབས་ཀྱང་། རྒས་ཆེས་ཏེ་ལུས་ཀྱིས་ཟུང་མ་ཏུབ་པས་སྒོམ་ཐག་སྒོམ་རྟེན་དང་བཅས་ཏེ་ལུས་གནད་འཆར་བཅུག །གདམས་པ་ཡིད་ལ་ཟིན་པའི་ཕྱིར་ཚུལ་ཤིང་གཏད། སྔར་བཞིན་པའི་དུས་ཆོས་མ་ཐུབ་ཅིང་། རྒས་ཏེ་འཁོར་དང་གཉེན་འདུན་ཡང་སྡང་བར་གྱུར་པ་ཞིག སློབ་དཔོན་གྱིས་གསུངས་བཞིན་ཉམ་སསུ་བླངས་པས་སྐྱེ་བ་མེད་པའི་དོན་རྟོགས། དགའ་ཆེས་ཏེ་ལོབ་དཔོན་གྱི་མགུལ་ནས་འཁྱུད་ནས་ཞག་གཅིག་གིར་བར་དུ་མ་བཏང་། ཉམས་སུ་བླངས་པས་ལོ་ཡང་ལྔ་བརྒྱ་ཐུབ་ཟེར། སྤྲང་རྒན་པོའི་སློབ་མ་ངན་ལམ་བྱང་ཆུབ་རྒྱལ་མཚན་ཡིན་ཏེ། དེ་ནི་ཡུལ་དབུ་རུ་ངན་ལམ་རལ་གསུམ་པ་དགེ་སློང་ལོ་དྲུག་ཅུ་རྩ་བདུན་ལོན་པ་ཞིག་གིས་རྒྱལ་མོ་སྟག་རྩེ་མཁར་དུ་བྱོན། སྤྲང་མི་ཕམ་མགོན་པོ་ལ་གདམས་པ་ཞུས་པས་གནང་སྟེ། ད་ཡུལ་དུ་མ་འགྲོ་ཝ་སེང་གེ་བྲག་ལ་སྒོམས་གསུངས། སློབ་དཔོན་གྱི་བཀའ་བཞིན་ཉན་ཏེ་དེར་བྱོན་ནས་བསྒོམས་པ་སལོ་བརྒྱ་དང་བདུན་ཅུ་རྩ་གཉིས་ལོན་པའི་ཚེ་ཕུང་པོ་ལྷག་མེད་དུ་གཤེགས། དེ་ལ་སློབ་མ་ཟ་དམ་རིན་ཆེན་དབྱིག་བྱ་བ་མདོ་ཁམས་སྟོད་པ་ཞིག་བྱུང་། དེས་ངན་ལམ་ལ་གདམས་པ་ཞུས། ཝ་སེང་གེ་བྲག་ཉིད་དུ་བླ་མ་དང་འབྲལ་བ་མེད་པར་སྒོམ་བཞིན་བཞུགས་པས། ལོ་བརྒྱ་དང་བཞི་བཅུ་ཞེ་བཞི་ལོན་པའི་ཚེ་ཕུང་པོ་ལྷག་མེད་དུ་གཤེགས། དེ་ལ་ཡར་ཀླུང་འཕྱོས་ནས་ཁུ་འགྱུར་གསལ་བའི་མཆོག་ཅེས་བྱ་བའི་སློབ་མ་རྟེན་དགེ་སློང་ཡིན་པ། ལོ་ལྔ་བཅུ་རྩ་བདུན་ལོན་པ་ཞིག་བྱུང་། ཟ་དམ་རིན་ཆེན་གྱིས་གདམས་ངག་གནང་བས་ཡུལ་དུ་ལོག་པའི་བསམ་པ་སྤངས།(སྟོད་ཆ།༢༩༤)ཝ་སེང་གེ་བྲག་ཉིད་དུ་བཞུགས་ནས་བསྒོམས་པས་ཁུ་འགྱུར་གསལ་ལོ་བརྒྱ་དང་བཅུ་བདུན་ལོན་ཚེ་ཕུང་པོ་ལྷག་མེད་དུ་གཤེགས། དེ་ལྟར་སློབ་དཔོན་དེ་གསུམ་ཀ་ཝ་སེང་གེ་བྲག་ཅེས་བྱ་བར་སྦྲུལ་གྱི་ལོ་ལ་གཅིག་རྟེན་ལ་གཅིག་སྐུ་ན་བུན་ནམ་འཇའ་ཚོན་ཡལ་བ་བཞིན་དུ་གཤེགས། དེ་ལ་སློབ་མ་བྱང་ཆུབ་གྲགས་ཞེས་བྱ་བ། ཡུལ་ཉང་གཡུ་འབྲུག་སྟོད་པ་རྟེན་དགེ་སློང་ལོ་བཞི་བཅུ་རྩ་གཉིས་ལོན་པ་ཞིག་བྱུང་། ཁུ་འགྱུར་གསལ་བ་ལས་གདམས་པ་ཞུས་ཡར་ལོག །བསམ་ཡས་མཆིམས་ཕུར་སྒོམ་གྱིན་བཞུགས་ཙ་ན། དབུ་རུ་ཞྭའི་ཉང་ཤེས་རབ་འབྱུང་གནས་གནས་ཞེས་བྱ་བ་དགེ་སློང་བགྲེས་པོ་ཞིག་བཞུགས་འདུག་པ་མཇལ། ཁོང་ན་རེ། བསྙེན་པར་རྫོགས་ནས་ལོ་ང་རྒན་ཡང་གདམས་པ་ཁྱད་ཆེ་བར་འདུག །རྗེས་སུ་གཟུང་འཚལ་ཞུས་པས། ཉང་བྱང་ཆུབ་གྲགས་ཀྱིས་ཁོང་ལ་གདམས་པ་རྣམས་བྱིན། ཕུག་པོ་ཆེ་དང་། ཡང་རྫོང་དུ་བཞུགས། རང་གི་སློབ་མ་དང་། ཡང་སློབ་དག་ལ་འབྱུང་བཞི་ཟད་པར་གྱི་སྤྲུལ་བསྒྲུར་བསྟན། མཐར་རང་ཉིད་གཙང་རྒྱ་མ་ཉེ་དུ་ཁའི་ཕུང་པོ་རི་བོ་ཆེ་ལ་ད་ལྟ་རང་འདུག་པའི་འཕྲོལ་རི་ཟུར་ན་ཡར་སྐུ་ལུས་སྤྲིན་ཆས་པ་བཞིན་དུ་ཕུང་པོ་ལྷག་མེད་དུ་གཤེགས་སོ། དེར་ཉང་ཤེས་རབ་འབྱུང་གནས་ཀྱིས་མཆིམས་ཕུ་དཔལ་གྱི་ནགས་ཁྲོད། སྒྲགས་ཀྱི་ཡང་རྫོང་། ཕུག་པོ་ཆེ་རྣམས་སུ་བཞུགས། །དེར་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་ཤར་ནས་ཕུག་པོ་ཆེ་ལྷ་རིའི་རྩེ་མོ་ལ་ཡོད་པའི་ཤུག་པ་རྐང་གཅིག་པར་ན་བཟའ་དང་། ཕྲེང་བ་དང་། ཀ་པཱ་ལ་རྣམས་གཟེད་ནས། སྐུ་ནམ་མཁའ་ལ་འཇའ་ཚོན་དེངས་པ་བཞིན་སོང་ངོ་། དེ་ལ་སློབ་མ་ཡུལ་ལོ་མོ་བ། རུས་སྦ་ཡིན་པ་(སྟོད་ཆ།༢༩༥)ཞིག་བྱུང་བས་སློབ་དཔོན་སྦ་སྒོམ་དུ་གྲགས། དེ་རང་གི་ཡུལ་ན་ཡོད་པའི་ཚེ་འཁྲུག་པ་ཡོད་པས། ཡུམ་ན་རེ། བུ་འདི་སྲིང་མོ་དྲུག་གི་མིང་པོ་གཅིག་པོ་ཡིན། །སློབ་དཔོན་ཤེས་རབ་འབྱུང་གནས་ལ་འཚོལ། མ་ཤི་བ་རང་གིས་ཆོག་ཟེར་ལོ་བཅུ་དྲུག་པ་ཞིག་ཉང་ལ་བཅོལ་ནས་ཡོད་ཙ་ན། སྔར་གྱི་ཉང་བྱང་ཆུབ་གྲགས་པ་དེ་ཕུང་པོ་ཆེ་དང་། ཡང་རྫོང་དང་། མཆིམས་ཕུ་རྣམས་སུ་ཤ་བ་གཅིག་ཁྲིད་ནས་འབྱོན་པས། ཉང་ཤ་བ་ཅན་ཞེས་ཀྱང་གྲགས། ཕུག་པོ་ཆེར་ཕྱི་མའི་རེས་བྱོན་ཙ་ན། ངས་ཁྱོད་གཉིས་ལ་ལྟད་མོ་ཞིག་བསྟན་གྱིས་ལྟོས་ཤིག་གསུངས། དེ་སློབ་དཔོན་ཤེས་འབྱུང་དང་། སྦ་སྒོམ་གཉིས་ཀྱིས་གཡས་གཡོན་ནས་བལྟས་ཙ་ན། སློབ་དཔོན་དབུས་ན་ཡོད་པ་དེ་མི་སྣང་བར་སོང་། དེར་ངོ་མཚར་སྐྱེས་ནས་ཡོད་ཙ་ན། རླུང་འཚུབ་གྲུ་གང་པ་ཞིག་ཏུ་གྱུར་ནས་ཕར་བསྐྱིལ་ཚུར་བསྐྱིལ་བྱས། དེ་མེར་སོང་། དེའང་ཆུ་གཏོར་གཏོད་པའི་འཁར་གཞོང་ཞིག་ཏུ་འཕོས་ནས་ཆུར་ལྟེམ་གྱིས་སོང་། དེས་འཚུབ་ཅིག་གི་ངང་ལ་སློབ་དཔོན་རང་དུ་ཀྲོང་གིས་སོང་། དེ་ལྟར་འབྱུང་བཞི་ཟད་པར་གྱི་སྐྱེ་མཅེད་ལ་དབང་བསྒྱུར་ནས་འདི་སྐད་དུ། འབྱུང་བའི་སྙིགས་མ་དྭངས་ནས་དྭངས་མ་མ་ཡལ་བའི་བར་དུ་དེ་ལྟར་འོང་བ་ཡིན། ཤེས་རབ་ཀྱིས་སྒོམ་རྒྱུ་མེད་པའི་དོན་མཐོང་ཡང་། བརྡ་ལ་ཡེངས་པ་མེད་པར་བསྐྱངས་ན་དེ་ལྟར་དུ་རང་དབང་ཐོབ་པ་ལ་ཚེགས་མེད། མ་ཡེངས་པར་སྐྱོང་བ་གལ་ཆེ་བ་ཡིན་གསུངས། དེ་ནས་རེ་ཞིག་ན་སྦ་སྒོམ་གྱིས་བལ་བུའི་ནགས་ལ་ཤིང་འཐུ་བར་ཕྱིན་པས། ཁོང་རང་གི་འཇག་སྤྱིལ་མེ་དམར་བུན་བུན་འདུག་པ་མཐོང་། སློབ་དཔོན་ནི་མེ་མི་འབུད། མ་ཤོར་བ་ཡིན་ནམ་སྙམ་བལྟར་ཕྱིན་པས། འཇག་སྤྱིལ་(སྟོད་ཆ།༢༩༦)སྔར་བཞིན་ལས་མེ་མི་སྣང་། སློབ་དཔོན་ལ་དེ་ཅི་ཙུག་ཡིན་དྲིས་པས། ངས་མེའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཡིན། ངའི་བླ་མ་ཉང་ཆུང་ཆུབ་གྲགས་པའི་དེ་མི་དྲན་ནམ་གསུངས། ཡང་སྐབས་ཤིག་སློབ་དཔོན་གྱི་བཞུགས་སར་ཆུ་ལྟེམ་མེ་འདུག་པ་མཐོང་། མཐར་སློབ་དཔོན་གྱིས། ང་མི་འདུག་ན་ལྷ་རིའི་རྩེ་མོ་ལ་ལྟོས་ཤིག་གསུངས། རེ་ཞིག་ན་སློབ་དཔོན་མ་བྱུང་ན་རི་ལ་སྐྱོ་སེང་ལ་བཞུད་པ་ཡིན་གྱི། སང་དགོང་འབྱོན་དུ་འོང་སྙ་ཙ་ན་ཡང་མ་བྱོན། བལྟར་ཕྱིན་ཙ་ན། ན་བཟའ་དང་། དབུ་ཞྭ་དང་། བྷོ་དྷི་ཙིའི་ཕྲེང་བ་ལ་སོགས་པ་ཤུག་པ་ལ་གཟེད། སློབ་དཔོན་ཕུང་པོ་ལྷག་མེད་དུ་གཤེགས་སོ། །འདི་ནི་རང་བཞིན་རྫོགས་པ་ཆེན་པོ་ལ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས། མེ་དཔུང་དང་རིག་འཛིན་གྱི་འཆི་ལུགས་ཞེས་པའི་ཡ་གྱལ་གཅིག་ཡིན་ནོ། །སྦ་སྒོམ་ལོ་ཉི་ཤུ་རྩ་བཞི་ལོན་ཙ་ན་ཉང་ཤེས་འབྱུང་གིས་གདམས་པ་བཏབ་པ་ཡིན། སྦ་སྒོམ་འདི་རྟེན་དགེ་བསྙེན་དུ་བཞུགས། མཚན་ཡེ་ཤེས་བྱང་ཆུབ་ཏུ་གྲགས། རྟོགས་པ་ཁྱད་པར་ཅན་མངའ། རྡོ་ལ་འདམ་རྫབ་ལྟར་མཛད། བྲག་ལ་སྐུའི་པར་འདེབས། དགུང་ལོ་དགུ་བཅུ་རྩ་བརྒྱད་ལོན་པའི་ཚེ་སྐུ་སྙུན་པ་མེད་པར་གཤེགས། ཇོ་མོ་གང་མོས་ཕྱི་རོལ་གྱི་མི་རྣམས་ལ་པུར་མཇལ་མ་བཏང་བར་མཆོད་ཁང་དུ་པུར་མེད་པ་ལ་སྦྱངས་པས། འོད་རྫ་མ་ཙམ་ཞིག་ནམ་མཁའ་ལ་འགྲོ་བའི་ཕྱི་རོལ་གྱི་མི་ཀུན་གྱིས་མཐོང་། ཤུལ་དུ་གདུང་རུས་གཅིག་ཀྱང་མ་བྱུང་ངོ་། དེའི་སློབ་མ་ནི་འཛེང་སྟེ་ཡུམ་མཚར་དགུ་སྐྱེད་དེ་ཞེས་བྱ་བ་ཡར་ཀླུང་ཐང་ཆུང་པའི་མ་ཇོ་ཡིན། ཐང་ཆུང་བཙད་པོའི་བུ་ཆེ་བས་ཕབ་ནས་འཛེང་འཁྲུངས། ལོ་བཅུ་དྲུག་ལོན་པའི་དུས། འགྲུལ་ཟླ་(སྟོད་ཆ།༢༩༧)ཁ་ཤས་དང་བཅས་དོལ་གྱི་གདོང་སྣར་ཚོང་ལ་ཕྱིན་ཙ་ན། དོལ་གྱི་འཚེར་ཆུང་ན་མི་མང་པོ་སྤུངས་འདུག །བལྟར་ཕྱིན་པས་དམ་པ་རྒྱ་གར་དང་མཇལ། ཟླ་བ་བཅུ་བཞིར་དམ་པའི་ཕྱག་ཕྱིར་འབྲངས། གཙང་གི་གནས་གཞི་བཟངས་ཅན་དུ་སླེབ་ཙ་ན། དམ་པས་སྣམ་བུ་གཅིག་གནང་ནས། ཁོང་ངང་ཐུང་འདུག་པས་ཁྱོད་རང་ཡུལ་དུ་ལོག དྭགས་པོ་ནས་ཁམ་བུ་ཁྱེར་ལ་ཤོག དོལ་དུ་འགྲོ་བའི་ཟླ་བོ་འདུག་གོ་གསུངས། དེར་འཛེང གིས་ལམ་དུ་ཞུགས་པ་ན། དམ་པ་ཚུར་འབྲེང་གིས་བྱོན། འཛེང་གི་འདན་པ་གཉིས་ནས་འཇུས་ཏེ། ཅི་ཡང་མ་ཡིན་གནས་གྱུར་པ། གནས་གྱུར་པ་ལ་གཉིས་འཛིན་མེད། ཅེས་གསུངས་ནས་མགོ་ཐུག་ལན་གཉིས་བརྒྱབ་པས། སེམས་ཧད་དེ་བ་ལས། ཤེས་པ་བཀྲ་གསལ་བ་ཞིག་བྱུང་། ཁ་ནང་ན་ཆུ་ཁྱིལ་ལེ་སྣང་། དེ་ནི་དམ་པས་བྱིན་གྱིས་བརླབས། རྡོ་རྗེ་ཟམ་པ་དང་མཇལ་བའི་ལུང་བསྟན་པར་འདུག་སྟེ། དུས་ཕྱིས་ལས་མ་གོ་གསུངས། དམ་པས་རྟེན་འབྲེལ་འགའ་ཙམ་དང་། སྔགས་ཀྱི་གནད་མང་དུ་གནང་། རྒྱང་རོ་ཚལ་མར་ཡི་གེ་དྲུག་པའི་གདམས་ངག་གནད་མང་དུ་ལུང་བསྟན། དེ་ནས་དབུས་སུ་བྱོན། ཨ་ཁུ་དཔལ་འབར་ལས་ཁྲག་འཐུང་། དེས་དཀར། གནུབས་ཤང་པོ་ཆེ་ལ་ཀྲི་ཡ་དང་། ཁ་འབར་མའི་གཏོར་ཆེན་ཞུས། ཁོང་གིས་གཙང་དུ་བ་རི་བ་ལ་འབུལ་བ་བསྐྱེལ་དུ་བཏང་བས། བ་རི་ལའང་འཇམ་དཔལ་དང་ཁྱུང་སྒྲུབ་ཞུས། དགེ་བཤེས་སྦོ་ལ་སྔ་འགྱུར་རིགས་ཞུས། དེ་ནས་སུམ་ཅུ་རྩ་ལྔ་ལོན་པའི་ཚེ་(སྟོད་ཆ།༢༩༨)ངམ་ཤོད་རྒྱུད་ལྕང་ཚིགས་སུ་བྱོན། ཕུང་པོ་ཆེའི་ལ་ཁ་ན་དགེ་བཤེས་བཙན་ཁ་བོ་ཆེ་རྒྱ་གར་ནས་བྱོན་མ་ཐག་པ་ཞིག་ཇོ་མོ་བས་སྤྱན་དྲངས་ནས་ཆོས་དང་བཟའ་དང་ལྟད་མོ་ཡོང་ཟེར། ནངས་པར་སྔ་བར་བྱོན་ཙ་ན། བུད་མེད་ཅིག་ན་རེ། ཁྲབ་ནས་ལམ་ཟུར་འདི་ནས་ཡར་ཕྱིན་ན། སློབ་དཔོན་སྦ་སྒོམ་བྱ་བ་ལྟོ་སྟེར་བ་ལ་ཡངས་པ་ཞིག་ཡོད་ཟེར། ཕྱིན་པས་རྣལ་འབྱོར་པ་ཚོ་གཅིག་གིས་ཀྱང་སླེབས་ནས་ཚབ་དྲངས། ཕྱེ་ཟངས་ཀྱི་ཀེ་བུ་རེ་ཡང་གཏོང་གི་འདུག དེ་ཚོར་བྱིན་ཟིན་ནས། དེ་ན་གསར་བུ་གཅིག་ཀྱང་འདུག་གསུངས་ནས་ཆུ་བུམ་པ་གང་ལེན་དུ་བཅུག ཆུ་གཏོར་མཛད་ནས་ཕུག་ཆུང་ཟུར་འཁྲིད། ཚོད་མ་ཀེ་རུ་ཕོར་པ་གང་བྱིན། དེ་ནུབ་ཀྱང་བཟའ་བ་བྱིན་ནས་བྲག་རྩ་ཞིག་ཏུ་ཉལ། ནངས་པར་འགྲོ་དགོས་སེམས་ཙ་ན། ཡང་ལྟོ་བྱིན་ནས་ངའི་ཉེ་གནས་བཙུན་ཆུང་ཞིག་ཡོད་པ་ཟོ་ཐང་དུ་གསེར་ལེན་དུ་སོང་བ་ཆར་ཆེས་པས་མ་བྱུང་། ཤིང་ཞིག་འཐུས་གསུངས། དེར་ནགས་ཁྲོད་ནས་ཤིང་ཁུར་ཆེ་བ་གཅིག་བསྐྱལ་བས། སྦ་སྒོམ་མཉེས་ནས་ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་དང་རྫོགས་པ་ཆེན་པོ་སྐོར་བདུན་རང་ཆས་བྱ་བ་བཤད། དེར་ཉེ་གནས་ཀྱང་བྱུང་། དེ་ང་མ་སླེབས་པས་སློབ་དཔོན་འོ་བརྒྱལ་སེམས་ཙ་ན་ཁྱེད་ཀྱིས་གོ་བཅད་འདུག་པ་ད་དུག་ཞག་འགའ་ཙམ་བཞུགས་ཟེར་ཡང་ཡར་ཀླུངས་ལན་གཅིག་བསྐོར་ནས་བྱུང་། དེར་སྦ་སྒོམ་གང་ཟག་ཁྱད་པར་ཅན་དུ་ཤེས་ནས་ཡུལ་དུ་མ་ཕྱིན་པར་འོན་དང་ཟངས་རི་ཡན་ཆད་དུ་བསོད་སྙོམ་བྱས། སྒྱེ་གཅིག་ཉོས། ནས་སྒྱེ་གང་དང་བཅས་པ་སློབ་དཔོན་སྦ་སྒོམ་ལ་ཕུལ་བས། ཁྱོད་ཀྱིས་ངའི་གཡོག་བྱས་པ་ཡིན་པས་དེས་རུང་། འདི་ལ་ཁྱོད་རང་གི་རྒྱགས་ཀྱིས། ང་ལ་(སྟོད་ཆ།༢༩༩)མན་ངག་རྡོ་རྗེ་ཟམ་པ་ཞེས་བྱ་བ་སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་ལུས་གཅིག་ལ་ཕུང་པོ་ལྷག་མེད་དུ་སངས་རྒྱས་པའི་བརྒྱུད་པ་བྲེང་མ་ཆད་པ་ཞིག་ཡོད། ད་གང་ཕན་ཆད་སུ་ལའང་མ་སྨྲས་པ་ཡིན། ད་ཁྱོད་ལ་སྦྱིན་ནོ་གསུངས་ནས་ནན་གྱིས་ཕུལ་ནས་འདི་སློབ་དཔོན་རང་ལ་བསྔགས་པ་ཡིན། གདམས་ངག་ཐུགས་ལ་གདགས་པར་ཞུ། བརྒྱག་བརྙེད་དེ་འོང་བྱས་པས། ཕྱག་གཡོན་པ་སསྤྱི་བོ་ནས་བཟུང་། གཡས་པས་ལྟག་ཁུག་ནས་རྟབ་རྟབ་བྱེད་ཅིང་། འོར་ཆེ་དམ་ཚིག་ཅན་དུ་འདུག། གདམས་ངག་གིས་ཕན་ཐོགས་པར་གདའ་གསུངས། དེར་ལོ་ཆུང་གི་སྔགས་པ་གཅིག་ལ་གཤིན་རྗེ་དམར་པོའི་སྒྲུབ་ཐབས་ཤིག་བྱིན་པས། སྲན་ནས་ཁལ་བརྒྱད་བྱུང་། ལོ་མོ་དང་འཕྲུལ་དུ་སྲུང་སྐྱོབ་ཞར་རེ་ཙམ་བྱས་པསཆོས་རྒྱགས་ལྡང་བ་རྙེད། དེར་རྡོ་རྗེ་ཟམ་པའི་བྱིན་རླབས་ཞུ་བ་ལ་ཚོགས་ཀྱི་ཡོ་བྱད་མ་ཚོགས་པའི་ངང་། སློབ་དཔོན་གྱིས་བྱིན་རླབས་ད་ལ་བྱ། ཕྱི་ནས་པར་ཆད་འོང་གསུངས། གངས་བར་དུ་གྲོགས་པོ་གཅིག་ལ་སིར་མོ་གཅིག་བཅོལ་བའི་རིན་སློང་དུ་ཕྱིན་བས། མ་ཇོའི་ཤམ་ཐབས་གཅིག་ཐོབ། དེའི་རྣམ་པ་ཚོ་ཕྲལ་ནས་བཅོངས། ཆང་ཕུད་དང་། གཏོར་མ་དང་། ནས་བྲེ་ལྔ་ཞ་གཟུགས་གཅིག་རྣམས་ལ་བརྟེན་ནས། མར་མེའི་དོད་ཉིན་པར་བྱའོ་གསུངས་ནས་གྲོལ་ལམ་དབང་བཞི་རྫོགས་པར་བསྐུར། གདམས་ངག་མ་ལུས་པ་གནང་། ཕྱི་ནས་ཀྱང་བྱིན་རླབས་ལན་བཞི་ཙམ་ཟུས། ནས་དང་གསེར་ལ་སོགས་པའི་འབུལ་བ་ལན་ལྔ་བརྒྱལ། རེ་ཞིག་ན་སྣང་བ་འདི་གུས་རྫུན་པའི་ཆོས་ཅན་ཡིན་གསུངས་ནས། ཆུ་རྡོ་ཞིག་ལ་ཕྱག་ཆར་གྱིས་བརྒྱབ་པས་གྲུ་མོ་ཡན་ཆད་ཐིམ་གྱིས་སོང་། ཡང་སྐུ་(སྟོད་ཆ།༣༠༠)ལུས་ཕྱིར་བཤིགས་ཀྱི་མཛད་པས་བྲག་ལ་འདལ་གྱིས་ཐལ་ནས་རྗེས་ཝལ་ལ་བྱུང་། ཕུག་ཆུང་རོང་ནས་ལྟ་སྟངས་ཀྱིས་ཤུག་པའི་གདུང་མང་པོ་བཀུག་ཇོ་མོའི་མཆོད་ཁང་ཕུབ་པའི་ཤིང་ཡིན་གསུངས། དེ་ལྟ་བུའི་སློབ་དཔོན་ལས་རྡོ་རྗེ་ཟམ་པའི་སྐོར་མ་ལུས་པ་ཐོབ་ཅིང་། གཞན་ཡང་ཇོ་བོ་རྗེའི་ཕ་རོལ་དུ་ཕྱིན་པའི་ལ་རྐཡང་ཁུག་སོགས་ཀྱང་ཐོབ། དེ་བཞིན་དུ་ཡུ་མོ་ལས་སྦྱོར་དྲུག ཁམས་པ་ལུང་པ་ལས་ཐུན་བརྒྱད་མ། སྣེའུ་ཟུར་པའི་སློབ་མ་ལས་དམིགས་དང་སྐོར་གསུམ། ཤོང་བུ་ལོ་ཙཱ་བ་ལས་འགྲེལ་ཆུང་། དགེ་བཤེས་དགྲོ་སྒོམ་ལས་ནཱ་རོའི་ཐབས་ལམ་ཞུས་ཤིང་། རྡོ་རྗེ་ཟམ་པ་ཕར་ལ་བཤད། སྙུན་གདངས་ལས་སྒྲོན་སྤྲུལ་དང་རྒྱབ་ཤང་། རྫ་བོར་བ་ལས་བདུད་རྩི་ཐིགས་གསུམ། རི་ཁྲོད་དུ་རླུང་ཆུང་ལས་རྣར་རྒྱུད་ཚིགས་གསུམ། རླུང་ངམ་ཆེན་པོ་ལས་པོ་ཧའི་མན་ངག། ལབ་སྒྲོན་ལས་གཅོད་ཡུལ། རྒྱལ་བ་སྦ་སྟོན་ལས་རྡོ་སྐོར་བདུན་པ། གནུབས་ཤངས་ཆེན་ལས་བ་རི་བའི་ཀྲི་ཡའི་ཆོས་བཅོ་ལྔ། དེང་རི་ཀུན་དགའ་ལས་གདམས་པ་སྣ་ཚོགས་སོགས་ཐོབ་པ་ཤིན་ཏུ་མང་། དྭགས་པོ་ལྷ་རྗེ་ལས་ཆོས་དྲུག་དང་། སྐྱེས་སྦྱོར་ཞུས། རྟོགས་པ་ཉམས་བསྡུར་བས་ཤིན་ཏུ་མཉེས། སྤྱན་ངག་རྣལ་འབྱོར་གྱི་གྭ་ས་རུ་སྤྱོད་པ་བྱས་པས་བརྟུལ་ཞུགས་ཅན་དུ་གྲགས། གྲོགས་མཆེ་དཀྱང་ཨ་ཙ་ར་སྟག་ཤམ་ཅན་དང་། བླ་མ་དབུ་འདྲེན་པ་དང་། བླ་མ་ཐུད་ཁ་འབར། བླ་མ་དྲེད་འབྱོར། ཞང་འགྲོ་སྨྱོན་ལ་སོགས་དེ་ཙ་ནའི་རྣལ་འབྱོར་གྱི་དབང་པོ་ཤ་སྟག་དང་འགྲོགས། གཙང་དུ་ཅེར་བུ་ལོ་ལྔ་བྱས། གཞན་ཡང་སྣང་བ་ལ་ཐོག་བརྫིས་ཤིན་ཏུ་ཆེ་བས་དགུན་འཁྱགས་པའི་རུམ། དབྱར་ཆུ་བོའི་གཞུང་། མ་ངེས་པའི་གཡང་(སྟོད་ཆ།༣༠༡)རོང་ཟབ་མོར་མཆོངས་པ་དང་། མགོ་རྡེབ་པ་དང་། མཚོན་བརྡེག་པ་ལ་སོགས་ཏེ་སྤྱོད་པ་ཚན་པོ་ཆེ་མ་བྱས་བྱ་བ་མེད་པས་དཔའ་བོ་འཛེང་ཆུང་དུ་གྲགས། སོ་མང་བཙན་ལ་ཕྱག་རྒྱ་ཆེན་པོ་བཏབ་པས་འཁྲུང་སྣང་ཡེ་ཤེས་སུ་གནས་འགྱུར། རི་ཁྲོད་ཀླུང་ཆུང་པ་དང་། དངུལ་མོ་རྒྱ་ལེ་ལྕམ་ལ་ཡི་གེ་བཞི་དང་རྫོས་ཆེན་བཏབས་པས་འཁྲུལ་ཞིག་ཆེན་པོར་གྱུར་ཏེ་མཐར་ཕུང་པོ་ལྷག་མེད་དུ་དེངས། དེ་བཞིན་དུ་མ་ཧོ་དད་པ་ཅན་དང་། ཁམས་པ་སྙིང་རུས་ཅན་ཞིག་ལ་རྡོ་རྗེ་ཟམ་པ་བསྟན་པས་མཇོ་མོན་ཁ་ཟེར་མོའི་མཚོ་དང་། ཁམས་པ་ཀོང་པོ་མཚོ་རྫོང་དུ། ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས་ཀྱིས་ཕུང་པོ་ལྷག་མེད་དུ་སོང་། རས་པ་སྒོམ་སྟག ཤོ་རས། རྒྱ་རས། རླུང་རས་སོགས་ལ་གདམས་པ་བཏབ་པ་ཙམ་གྱིས་བདེ་དྲོད་འབར། དེ་བཞིན་དུ་ཆོས་ཉིད་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུ་སོང་བ་ཤིན་ཏུ་མང་། འཛིང་དྷརྨ་བྷོ་དྷི་ཉིད་ཀྱི་གསུང་ནས་ཀྱང་། ངའི་གམ་དུ་ལོ་ཙཱ་བ་ཡང་བཞི་ཙམ་བྱུང་། རབ་བྱུང་དང་། སྟོན་ཆེན་དང་། སྒོམ་པ། སྒོམ་མ་ཡུས་པོ་ཆེ་རང་མཐོང་ཅན་མང་ཞིག་བྱུང་། ཚུལ་བཞིན་ཉམས་སུ་ལེན་པ་ཨ་ཅང་ཆེ་སྟེ། དྭགས་པོར་ཉམས་ལེན་ཨེན་རེ་བྱེད་པའི་ཉ་མ་བཅུ་གཅིག་ཙམ། དང་པོར་འཆི་དུས་ཐེབས་པ། འཆི་ཁར་གནད་གཅོད་མེད་པ། རོ་ལ་འཇའ་ཟུག་པར་བྱུང་བ་ཡིན། ངའི་གདམས་པ་འདི་ལ་བལ་མོ་བལ་ལས་བྱེད་པ་དང་། ཕ་མ་སྲིའུ་གསོ་བ་བ་འདྲ་བའི་ཉམས་ལེན་ལོ་ལྔ་དྲུག་ཅིག་བྱས་ན། ཕུང་པོ་ལྷག་མེད་དུ་སོང་ནས་ཤུལ་དུ་མིའི་ལུས་པོ་མི་ཡོང་ངེས་གསུངས། རྫུ་འཕྲུལ་གྱི་བཀོད་པ་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་བས། རེས་སྐུ་ལུས་འཇའ་རུ་འཁྱིལ།(སྟོད་ཆ།༣༠༢)རེས་ཞབས་ས་ལ་མི་རེག་པར་གཤེགས། སྣང་སེམས་རོ་གཅིག་ཏུ་འདྲེས་པས། ཐག་རིང་པོའི་ས་ཡང་ཡུད་ཙམ་ལ་འཁོར། གཞན་སེམས་གཤེགས་ལ་སོགས་པའི་མངོན་པར་ཤེས་པ་ཐོགས་མེད་མངའ་བས། མ་འོངས་པ་ཐམས་ཅད་ལུང་སྟོན། ལྷའི་མིག་དག་པས། ཇོ་སྲས་མ་རྡོ་རྗེ་སྐྱིད་ཀྱི་བུ་ནམ་ཕྱེད་ན་གཉིད་ལོག་པ་རྒྱ་མཐོངས་ནས་མར་རྦབ་ཏུ་འཆོར་ལ་ཁད་པ་གཟིགས། སྣང་བ་ལ་ཉིན་མཚན་མེད་པས། ནུབ་མོ་སྦུར་མིའི་ཁྲོད་དུ་རྒྱ་ཁབ་ལྷུང་བ་བདེ་བླག་ཏུ་མཐོང་བ་སོགས་ཡོད། ཕྱི་རེས་གཙང་དུ་ལོ་བདུན་བཞུགས་ནས་སླར་ཕུང་པོ་ཆེར་བྱོན་པས། སློབ་དཔོན་སྦ་སྒོམ་གྱིས། ནམ་མཁའ་འདི་ཁོང་དུ་ཆུད་པར་གྱིས། དེ་རྟེན་མེད་དུ་རྟོགས་ནས་སྒོམ་མེད་ཀྱི་གཟེར་ཆེན་ཐེབས་པ་ཡིན་གསུངས་པས་ངེས་ཤེས་གཏིང་ནས་འདྲོངས། དེ་ནས་དྭགས་པོ་ཞུ་རུ་བཞུགས་ཤིང་བླ་མ་ཞལ་གདམས་ལས་གུ་རུ་ཞི་བ་སྡེ་སྐོར་བདུན་པའི་གདམས་པ་ཞུས། དེའི་ལྷ་ཟུར་དགོན་པར་བརྡ་བཞི་ལོ་གསུང་བསྐྱངས་པས་ཆོས་ཐམས་ཅད་ལ་བྱན་ཚུད། སྤྲོས་བྲལ་གྱི་དགོངས་པ་ནམ་མཁའ་ལྟ་བུར་སོང་། ལར་དཀའ་ཐུབ་ལ་ཤིན་ཏུ་བཟོད་པས། ཕུག་པོ་ཆེར་རྡོ་རྗེ་ཟམ་པ་ཞུས་ནས་བདུད་རྩིའི་དཀའ་ཐུབ་མཛད་པས་རིམས་ཀྱིས་བརྫི་བར་མ་ནུས། གནུབས་ཤངས་པོ་ཆེའི་དྲུང་དུ་བླ་མའི་བྲན་གྱི་དཀའ་ཐུབ་བྱས་པས་གར་ཕྱིན་དུ་བླ་མས་ཐུགས་ལ་འདོགས། དམ་པ་རྒྱ་གར་དྲུང་དུ་རྟོག་དཔྱོད་ཀྱི་དཀའ་ཐུབ་བྱས་པས་ཆོས་ཐམས་ཅད་ལ་རང་བྱན་ཚུད། སྐྱིད་ཁུང་དུ་ཡུར་པའི་བཟླས་པ་དཀའ་ཐུབ་བྱས་པས་འཇིག་རྟེན་གྱི་ལྷ་འདྲེས་ཅི་སྨྲས་ཉན། ཇོ་བོ་བཀའ་གདམས་པའི་ས་རུ་ཞི་དུལ་གྱི་དཀའ་ཐུབ་བྱས་པས་གར་ཕྱིན་དུ་གཞན་གྱིས་བྱམས། ཡི་གེ་བཞི་(སྟོད་ཆ།༣༠༣)ལ་མི་སྡོད་པ་གསུམ་གྱི་དཀའ་ཐུབ་བྱས་པས་བདེ་དྲོད་འབར་ནས་གཅེར་བུ་ལོ་ལྔ་བྱས། དེ་ལ་ངེས་ཤེས་སྐྱེས་ཕག་མོ་མངོན་བྱུང་ལསགརུབ་པའི་དཀའ་ཏུབ་བྱས་པས་འགུར་མོའི་ནུབ་ཕྱོགས་སུ་རྗེ་བཙུན་མའི་ཞལ་གཟིགས། བརྡ་མང་པོ་གནང་། གནུབས་ཡུལ་རོང་དུ་རྨི་ལམ་སྦྱངས་པས་སྣང་བ་ཐམས་ཅད་རྨི་ལམ་དུ་ཤེས། གཞུ་སྟོང་ཏི་སྒྲོའི་ཤེལ་ཕུག་ཏུ་ཁྲོ་བོ་བདུད་རྩི་འཁྱིལ་བའི་ཞལ་མཐོང་། མི་མ་ཡིན་ཞིག་གིས་བསྙེན་བཀུར་ཆེར་བྱས། བཙུན་གཟུགས་གཅིག་ནམ་མཁའ་ལ་འཕུར་ནས་ཕར་འགྲོ་ཚུར་འགྲོ་བྱེད་པ་མཐོང་། བཙལ་བས་མ་རྙེད་མི་ཡིན་མིན་མ་ཤེས་གསུངས། དྭགས་པོ་ཞུ་རུ་ཨ་རྫི་བསྒྲུབས་པས་ཉི་མ་དྲོ་ཁར་ཞལ་གཟིགས། དམ་བསྲེ་བྱེད་སྙམ་ཙ་ན་ཇོ་མོ་ཕྱལ་ལེ་བྱོན་ནས། བུད་མེད་ཅན་ཟེར་ནས་འོད་གཅིག་ཏུ་ཡལ། ལྷ་ཟུར་དུ་བཅུད་ལེན་གྱི་སྒྲུབ་པ་བྱས་པས་ཚེ་དཔག་མེད་ཞལ་མཐོང་། ཆོས་མང་པོའི་རྣམ་གཞག་རྒྱུད་ལ་ཤར། ཨོ་དཀར་བྲག་ཏུ་སྒྲུབ་པ་མཛད་པས་བདེ་མཆོག་ཡབ་ཡུམ་ཞལ་གཟིགས། ལན་ཅིག་འགྲོ་སྙིང་འདོད་པ་ཞིག་བྱུང་ནས། མོན་འགར་གྲོང་མོ་ཆེའི་མདུན་དུ་བྱོན། ཆུའི་རྫིང་མོ་ཞིག་ལ་ཐུབ་ཆོད་བྱས་མཆོངས་པས། འཁྱགས་པ་ཆག་ནས་ཆུར་བྱིང་། སྐྱེངས་པའི་རྣམ་རྟོག་ཅིག་ཤར་ཙ་ན། །མི་རྣམས་ངོ་མཚར་སྐྱེས་ནས་དགུན་གྲང་བདོ་བ་ལ་ཆུ་ལ་ཙམ་ཚུགས་པ། ལྕགས་བསྲེགས་ཆུ་ལ་བཙུད་པ་འདྲ་བ་བྱུང་ཟེར། རང་ལ་འཁྱགས་པའི་སྣང་བ་ནི་བྱུང་གསུངས། ཡང་ལན་ཅིག་ཇོ་མོ་དང་གཉིས་ཀྱིས་ཤིང་འཐུར་ཕྱིན་པས་ཤིང་ཁུར་ཆེ་བ་གཅིག་རྙེད། དེ་ཁུར་ནས་མཐའ་ཆེན་པོ་ཞིག་གི་ཁར་སླེབས་པ་དང་། འདི་ནི་རྨི་ལམ་དུ་འདུག་སྙམ་ནས་(སྟོད་ཆ།༣༠༤)མཆོངས་པས་བྱ་བབས་པ་བཞིན་དུ་སོང་། ཇོ་མོ་ན་རེ། བལ་མ་ཁྱེད་མིའམ་ཞིག་མི་འདུག །དམ་པ་རྒྱ་གར་དྲན་ཟེར། དེ་ཡན་གདམས་པ་མང་དུ་མ་འཕེལ། གྲོང་ཆོག་མཛད་ཅིང་གསང་སྤྱོད་བསྐྱངས། དེ་ནས་ཐག་རིང་ནས་སློབ་མ་མང་དུ་བྱུང་ནས་འཕེལ། རེ་ཞིག་ན་བལ་བུ་དོར་ལས་སྤྱན་དྲངས། གདམས་ངག་གསུངས་པས། ཉི་མ་སྔ་དྲོ་དང་པོ་ལ་འཇའི་གདུགས་དང་རེ་མིག་མང་པོ་བྱུང་། ཆོས་ཐོན་ནས་རི་ལོགས་ལ་སྐྱོ་སངས་ལ་བྱོན། འཇའ་དེ་བླ་མ་གྲོངས་པའི་རྟགས་མི་དཀའ་བ་མིན་ནམ་ཞུས་པས། ངའི་བླ་མ་སྦ་སྒོམ་གྱིས། འབར་སྟོན་ཤེས་རབ་གྲགས་སྤུན་གཉིས་ལ་གདམས་པ་འདི་གནང་བའི་དུས་ཀྱང་ངམ་ཤོད་ལུང་པ་དང་། ཕུག་པོ་ཆེའི་རི་ལོགས་ཁེངས་པ་ཙམ་བྱུང་བ་ཡིན། གདམས་པ་འདི་ལ་རྟགས་འདི་འོང་གསུངས། ཡང་བླ་མ་འདི་འཛིན་ན་བཞུགས་པའི་དུས་སུ། སློབ་མ་ཇོ་སྲས་འཛཻང་གི་དྲུག་དུ་བྱོན་པས། མཆོད་རྟེན་རྩ་བའི་གད་རྩ་ཞིག་ན་བཞུགས་འཇུག །དེ་ནས་དབྱེན་ཁང་དུ་པྱིན་ཙ་ན་བླ་མ་འཛེང་ནི་མ་མཐོང་། འོད་ཕུབ་ཙམ་ཞིག་འདུག །རྩར་ཉེ་ཙ་ན་འོད་དེ་མི་འདུག་ནས་དེ་ཅུག་ལགས་ཞུས་པས། མཉམ་པར་གཞག་པའི་རྟགས་ཡིན་མི་ལ་མ་སྨྲ་གསུངས། ཡང་ཨ་ཇོ་དངོས་གྲུབ་ལ་མཛེ་བྱུང་བས། ངས་བཟླས་གྲོགས་བྱས་པས་མཛེ་ནི་མ་གསོས། ངས་ཕྱག་ན་རྡོ་རྗེའི་ཞལ་མཐོང་། དགོད་བྲོ་གསུངས། གཅོད་ཡུལ་དང་། རིམ་པ་ལྔ་ལ་སོགས་པའི་གདམས་པའི་དོན་གྱི་ཐོབ་བྱ་གང་ཡིན་པ་ཉམས་འོག་ཏུ་ཆུད་པའི་འཛེང་སྒོམ་དྷརྨ་བྷོ་དྷི་འདི་དགུང་ལོ་བརྒྱ་དང་གཉིས་ལོན་པའི་དུས་ཤིག་སྙུན་པ་ལྟར་བསྟན་(སྟོད་ཆ།༣༠༥)པས། འཁོར་རྣམས་ཀྱིས་བླ་མ་གྲོངས་ཀྱིས་དོགས་ཙ་ན། ཞལ་ནས་མ་དང་རྨི་ལམ་བཟང་། ང་མི་འཆི། རྒྱལ་པོ་རིའི་སྟེང་ན་འདུག་པ་ལ་ཉི་ཟླ་གཉིས་ཤར་བྱུང་། རུས་པའི་སྤྱིལ་པོ་མང་པོའི་སྟེག་ན་བུད་མེད་མང་པོ་འདུག་པས། བླ་མ་འཛེང་ཁྱོད་ལོ་བཞིན་ཤོག་ཟེར་བ་ཞིག་རྨིས་གསུངས། ཡང་རེ་ཞིག་ན། ངས་ལོ་མག་པོ་ལོན་ཏེ་ང་རང་ལའང་ཏིག་པོ་བཤད་རྒྱུ་མེད་གསུངས། དེ་ནི་རྟོག་དཔྱོད་ལ་འཛིན་པ་དག་པ་སནང་དུ་དགོངས་པ་ཟད་སར་འཁྱོལ་བའི་རྟོགས་ཡིན་ནོ། །དེར་འཁོར་རྣམས་ཀྱིས་དགེ་རྩ་ཞིག་མཛད་པར་ཞུས་པས། འདུས་བྱས་ཀྱི་དགེ་རྩ་ལ་ཐུགས་མི་གཏོད། བཅུད་ལེན་ཞིག་མཛད་པར་ཞུས་པས་ཀྱང་། བཅུད་ལེན་བྱས་ན་ལོ་བཅུ་ཙམ་ཚེ་བསྲིང་ནུས་ཏེ། དུས་དན་གྱིས་ཚེ་རིང་བ་ལ་དགོས་པ་མེད་གསུངས། གཞན་ལ་སྐྱོ་བ་ཡང་དག་བསྐུལ་ནས་སྐུ་གཤེགས། པུར་སྦྱངས་པས་ནམ་མཁའ་འཇས་གང་། མཆོད་རྟེན་དང་རིང་བསྲེལ་ཡང་མང་དུ་བྱོན་ནོ། འདི་ནི་ཚོགས་པ་བསྐྱངས་པས་སྙིགས་མ་འཇའ་ལུས་སུ་མ་དེངས་ཀྱང་། དོན་ཀྱི་ཀ་དག་ཆོས་ཟད་ཀྱི་ས་ལ་མྱ་གན་ལས་འདས་པའི་རྟགས་མཐའ་དག་ཚང་ཞིང་སྙན་བརྒྱུད་རྡོ་རྗེ་ཟམ་པའི་དར་རྒྱས་ཀྱང་འདིའི་རིང་ནས་ཆེ་བར་བྱུང་སྟེ་དངོས་ཀྱི་སློབ་མ་ཡང་། སློབ་དཔོན་ཀུན་བཟང་། འཛེང་ཇོ་སྲས་དང་། བཙན་ཐང་བ་ཉང་དྷརྨ་སིདྡྷི་དང་། སློབ་དཔོན་གསེར་ལུང་པ་དང་། བླ་མ་དུ་རྡོ་རྗེ་རྒྱལ་མཚན་དང་། གཟིགས་ཡེ་ཤེས་དབང་པོ་དང་། གཡག་སྟོན་ཟླ་བ་འོད་ཟེར་ལ་སོགས་མང་དུ་བྱོན་ནོ། དགུང་ལོ་ཡང་བརྒྱ་དང་བཅུ་བདུན་ལོན་ཚེ་གཤེགས་པ་ཡིན། འདི་ཇོ་འབྲོམ་དང་། ཕྱྭ་པ་ཆོས་ཀྱི་སེང་གེ་དང་། རྗེ་བཙུན་མི་ལ་དཔོན་སློབ་དང་སྔ་(སྟོད་ཆ།༣༠༦)ཕྱི་ཐོག་མཉམ་པ་ཙམ་ཡིན་ནོ། །དེ་ལ་འཛེང་ཇོ་སྲས་ནི། སྔགས་པའི་རིགས་ལས་ཆུང་ངུ་ནས་ཡིག་རྩིས་ལ་སྦྱངས། འོལ་ཁའི་ལྷ་བྲིས་པ་ལས་སྒྱུ་འཕྲུལ་ལ་སོགས་རྙིང་མ་དང་། དགྱེས་རྡོར་དང་མཚན་བརྗོད་ཞུས། དེར་སློབ་དཔོན་ལྷ་བྲིས་པས་འདའ་ཀར། ངས་གཞུང་ཆེན་པོ་འདི་ཙམ་ཤེས་ཀྱང་འཆི་ཁར་ཕན་པ་ཨ་རོ་ཐུན་བདུན་ལས་མ་བྱུང་། ཁྱོད་ཀྱང་གཞུང་མ་བསླབས་པར་གདམས་ངག་ཁོ་ན་ལ་ནན་གྱིས། དྭགས་པོ་ན་ཁྱོད་རང་གི་བླ་མ་འཛེང་བྱ་བ་ཞིག་ཡོད་འདུག་པ་དེར་སོང་ཞེས་ལུང་བསྟན། གངས་བར་དུ་རྫོགས་ཆེན་ལྷུན་གྲུབ་མཁན་སློབ་དཔོན་ཟམ་གྱི་སར་དབྱར་དགུན་ཐོག་ནས་སློབ་དཔོན་འཛེང་ལ་དཔལ་ལུང་དུ་རྡོ་རྗེ་ཟམ་པ་ཚར་གསུམ་ཞུས། བྱིན་རླབས་མཛད་ནས། ཁྱེད་རང་རེ་ཞིག་གཙང་ལ་སོང་ལ་གཞུང་སློབ། གཙང་ནས་འཁོར་ཙ་ན་ཨ་མིས་དགོན་པ་གཅིག་ཀྱང་བསྡེབ་པ་ཅི་གསུངས། དེར་གདམས་པ་མི་གནང་བར་དགོངས་ནས། གཞན་སུས་ཤེས་དྲིས་པས། གྲྭ་ཕྱིའི་ཇོ་སྲས་ཞང་ལ་སྐྱབས་བྱ་བས་ཤེས་གསུངས། དེ་ལ་ཞུ་བར་སེམས་ཙ་ན་ཁོང་གྲོང་། ཡང་དྭགས་པོ་རང་དུ་ལོག་ནས་འཛེང་ལ་ཞུས་པས་ཀྱང་མ་གནང་། སློབ་མ་ཞིག་ལ་ཞུ་བསམ་ནས། ཤོ་སྐྱམ་དུ་སློབ་དཔོན་དུའི་སྤྱན་སྔར་ཕྱིན་ཙ་ན། རེ་བ་ཙམ་བཅོས་ནས་འདིས་མི་འོང་ད་དུང་དྭགས་པོར་སོང་ལ་ཞུས་གསུངས། ཡང་དྭགས་པོར་བྱོན་ནས་ཞུས་པས། ཅིས་ཀྱང་འདོད་ན་གདམས་པ་ལ་ནན་ཏན་བྱེད་དགོས་པ་ཡིན་གསུངས་ནས་རྫོགས་པར་གནང་། དབྱར་དགུན་ཐོག་འགའ་སློབ་དཔོན་གྱི་དྲུང་དུ་བསྡད། ལོ་དྲུག་ཙམ་ལོན་ནས་ཕྲན་ཚེགས་རྣམས་ཀྱང་རྫོགས། གཞན་(སྟོད་ཆ།༣༠༧)ལ་བྱིན་རླབས་མཛད་པའི་ལས་སློབ་ཀྱང་བྱས། ཐོད་པའི་སློབ་མ་རོག་པོ་དགའ་དང་། མ་ཇོ་བཟླ་བ་སོགས་པ་ལྔ་བཅུ་སམ་གྱིས་རྡོ་རྗེ་ཟམ་པ་ཞུས་པས་ཇོ་སྲས་ཀྱིས་ཤོད། ཁྱེད་ཚོས་ཉོན་གསུངས་ནས་སློབ་དཔོན་གྱིས་ཁྲི་ཁ་ནས་གསུངས། དཔོན་སློབ་གཉིས་ལོ་ངོ་བཅོ་བརྒྱད་ཙམ་དུ་འགྲོགས། གདམས་ངག་གི་བཀའ་ཕོག་ནས་བརྒྱུད་འཛིན་དུ་བསྐོས་སོ། དེ་ལྟར་འཛེང་དྷརྨ་བྷོ་དྡྷི་དང་། ཇོ་སྲས་འཛེང་ཆུང་སྨོན་པ་གཉིས་ཀའི་སློབ་མ་སློབ་དཔོན་ཀུན་བཟང་ཡིན་ཏེ། དེ་ནི་ཁུ་བོ་ཕ་ཇོ་དབུས་པ་ཕག་མོ་གྲུ་པའི་སློབ་མ་སྒོམ་ཆེན་བཟང་པོ་ཞིག་ཡིན། མ་ཟི་བཟའ་དེས་ཆོག་བྱ་བ། མ་ཇོ་སྨྱོན་མ་བསམ་འགྲུང་བྱ་བ་ལས་ཆོས་ཐོས་པ་གཉིས་ཀ་ལ་རྨི་ལམ་གྱི་ལྟས་བཟང་པོ་དང་བཅས་ཏེ་འཁྲུངས། ལོ་བརྒྱད་དགུ་ལ་སློབ་དཔོན་ཀོར་སོན་རཱ་ཛ་ལ་སློབ་གཉེར་ཅུང་ཟད་རེ་བྱས། བཅོ་ལྔ་ལོན་པའི་ཚེ་ཁོང་གྲོངས་ནས་སློབ་དཔོན་དུའི་གམ་དུ་ལོ་ལྔ་ཙམ་ཞི་བྱེད་ཞུ་ཞིང་བསྡད་ནས་ཞབས་ཏོག་འགྲུབ་ཚད་བྱས། གསེར་ལུང་དགོན་པར་སློབ་དཔོན་དུའི་སར་ཇོ་སྲས་འཛེང་དང་མཇལ་ནས། འཛེང་གིས་གསང་སྒྲུབ་དང་། ཕག་མོ་མངོན་འབྱུང་ཞུས། རྡོ་རྗེ་ཟམ་པ་ལྷག་མ་ལུས་བར་དབུ་སྙུང་བཞེས་པའི་ནུབ་ཀྱི་རེས་ལ་དཔོན་སློབ་གཉིས་ཀ་ལ་རྨི་ལམ་བཟང་པོ་རྨིས། དེར་འཛེང་ཆུང་བས་ཁྲིད་ནས་འཛེང་དྷརྨ་བྷོ་དྷི་དང་མཇལ་བའི་ཚེ། བཅོ་ལྔའི་ཟླ་བའི་རུམ་ན་སྐར་མ་གཉིས་ཐིམ་པ་རྨིས། འཛེང་ཆེན་པོ་ལ་རྡོ་རྗེ་ཟམ་པ་ཚར་གཅིག་ཞུས། དེ་ནས་འཛེང་ཇོ་སྲས་སྤུང་རིང་དུ་སྤྱན་དྲངས་ནས་རྡོ་རྗེ་ཟམ་པ་ཚར་བདུན་ཞུས། དྭགས་པོར་དགུན་ཐོག་བཞི་ཕྱིན། རྡོ་རྗེ་ཟམ་པ་ཚར་ཕྱེད་པ་གཅིག་དང་བཅུ་བཞི་ཐོབ། ཇོ་སྲས་དང་ལོ་(སྟོད་ཆ།༣༠༨)བརྒྱད་འགྲོགས་ནས་རྡོ་རྗེ་ཟམ་པ་ཚར་བདུན་ཞུས། ཕྱི་ནས་ཤོ་རུ་ཚར་གཉིས། གསེར་ལུང་དུ་ཚར་གཅིག །གཞན་ལ་གསུང་འཕྲོར་མཇལ་བ་དང་དྲིལ་བས་འཛེང་མེས་དབོན་གཉིས་ལ་རྡོ་རྗེ་ཟམ་པ་ཚར་སུམ་ཅུ་རྩ་ལྔ་ཐོབ། གཉིས་ཀའི་གདམས་པ་བཀའ་བབས་ནས་གཞུང་བཤད་ཆེ་ཆུང་གཉིས་ཀྱང་མཛད་དོ། འདི་ལ་སྲས་སྤྲུལ་སྐུ་འོད་འབར་སེང་གེ་བྱ་བ་བྱུང་། དེ་ནི་བློ་རྣོ་བ་ཤེས་རབ་ཕུན་སུམ་ཚོགས་པ་ཞིག་སྟེ། ལོ་བཅུ་བཞི་པ་ལ་རྡོ་རྗེ་ཟམ་པ་གསུངས། དེས་བརྒྱུད་འཛིན་ཇི་མགོན་ལ་གནང་། དེས་བྱ་མེད་ཚུལ་རིན་ལ་གནང་ངོ་། ཡང་འཛེང་གིས་ཡར་ཀླུངས་བཙན་ཐང་པ་ཉང་དྷརྨ་སིདྷ་ལ་རྡོ་རྗེ་ཟམ་པ་བཤད་པས་བྱིན་རླབས་ཞུགས། རྟོགས་པ་ཐོད་རྒལ་དུ་སྐྱེས། དུར་ཁྲོད་དགོན་པར་བཞུགས་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད། མཐར་དགུང་ལོ་དོན་བདུན་པ་ལ་གཤེགས། འདི་ནས་བརྒྱུད་པའི་གཞུང་བཤད་ཀྱང་ཡོད་དོ། དེའི་སློབ་མ་བཛྲ་པཱ་ནི། དེའི་སློབ་མ་བླ་མ་ལྷའོ། ཡང་འཛེང་གིས་གསེར་ལུག་པ་ལ་བཤད། དེས་སློབ་དཔོན་རང་གྲོལ། དེས་སྲས་པོ་ཆོས་རིན་ལ་བཤད་དོ། །ཡང་འཛེང་གིས་དུ་རྡོ་རྗེ་རྒྱན་ལ་བཤད། དེས་དུ་སྟོན་དད་པ་བརྩོན་འགྲུས། དེའི་སློབ་མ་ཞིག་གིས་བྱས་པའི་གཞུང་བཤད་ཀྱང་ཡོད། ཡང་འཛེང་གིས་གཟིགས་ཡེ་ཤེས་དབང་པོ། དེས་མཁན་པོ་ལ་ཁ་བ། དེས་སློབ་དཔོན་མགོན་སྐྱབས། དེས་སློབ་དཔོན་གོ་རི་བ། དེས་བོ་སྟོན་ལ་བཤད་དེ་བོ་སྟོན་གྱི་གཞུང་བཤད་ཀྱང་གནང་ངོ་། དེས་བོན་སྟོན་ལ་བཤད་དེ་བོ་སྟོན་གྱི་གཞུང་བཤད་ཀྱང་གནང་ངོ་། ཡང་འཛེང་གིས་སྤུང་རིང་བ་གཡག་སྟོན་ཟླ་བ་འོད་ཟེར། དེས་ཀློག་སྟོན་དགེ་འདུན་སྐྱབས། འདི་ནས་བརྒྱུད་པའི་གཞུང་བཤད་ཀྱང་ཡོད། ཡང་སྤུང་རིང་བ་གཡག་སྟོན་གྱིས་ལོ་བརྒྱ་ལ་(སྟོད་ཆ།༣༠༩)ཉེ་བ་ཐུབ། དེས་འོན་ནག་སྟོན་པ་གླ་རུ་བན་དེ་ལ་བཤད་ཀྱང་དར། ཡང་འཛེང་གིས་སྐྱ་ཚེ་ཡེ་ཤེས་དབང་ཕྱུག་ལ་བཤད། དེས་གཟིགས་ཡེ་ཤེས་དབང་པོ། དེས་མཁན་ཆེན་ངུར་པ། དེས་དུ་སྟོན་བཛྲ་ཤྭ་ར། དེས་མཁན་ཆེན་བསོད་ནམས་རྒྱལ་མཚན། དེས་མཁན་ཆེན་ཤེས་རབ་རྒྱལ་མཚན། དེས་མཁན་ཆེན་གཞོན་ནུ་ཤེས་རབ། དེས་སློབ་དཔོན་གཞོན་ནུ་གྲགས་པ། །དེས་མཁན་ཆེན་སངས་རྒྱས་བཟང་པོ། དེས་བླ་མ་བརྩོན་འགྲུས་དབང་ཕྱུག །དེས་མཐའ་བཞི་གྲགས་པ་རིན་ཆེན། དེས་སློབ་དཔོན་ཤཱཀྱ་རྒྱལ་པོ་འདི་སྐུ་གཞོན་ནུའི་ཚེ་ཁྲབ་ལ་ཁར་རབ་ཏུ་བྱུང་། ལོ་དུས་ལ་བསྙེན་པར་རྫོགས། མཛོད་དང་འདུལ་བ་ལ་བྱང་བས་སྐྱོར་ལུང་དུ་གྲྭ་སྐོར་མཛད། ཐུགས་དམ་འཕེལ་བར་བཞུགས་པ་ལ། སྐུ་ན་ཧ་ཅག་མཐོ་བས་སྤྱན་མི་གསལ་ཡང་གཞན་གྱིས་སྤྱན་ཚབ་བྱས་ཏེ་རྗེས་སུ་བརྗོད་ནས་གསུངས་པ་སོགས་ཐུགས་སྐྱེད་ཤིན་ཏུ་ཆེ། དགུང་ལོ་བརྒྱར་ཉེ་བར་བཞུགས་ནས་གཤེགས་པའི་རྗེས་ཐུགས་ལས་རིང་བསྲེལ་ཟད་པ་མེད་པར་བྱོན་པ་བྱུང་། འདིས་འགོས་ལོ་གཞོན་ནུ་དཔལ་གསུངས་པ་ཡིན་ནོ། །དེ་ནས་སྤྱན་སྔ་ཞྭ་དམར་བ་བཞི་པ། ཤེལབརག་པ་ཆོས་ཀྱི་བློ་གྲོས། ཁྱུང་ཚང་རས་པ་བློ་གྲོས་དཔལ་ལྡན། ཆོས་དབང་བསྟན་འཛིན་ཉི་མ་སོགས་ནས་སྨྱོས་སྟོན་པྲིན་ལས་ལྷུན་གྲུབ་ཡས་སྲས་ནས་རིམ་པར་བདག་གི་བླ་མའི་བར་དུ་བྱིན་རླབས་བརྒྱུད་པའི་བཀའ་མ་ཆད་པར་བྱོན་པ་ཡིན་ནོ། ཡང་མ་འགོས་ལོ་གཞོན་ནུ་དཔལ་ནས། པཎ་ཆེན་འབུམ་ཕྲག་གསུམ་པ་སོགས་གཞན་ཡང་བརྒྱུད་ཚུལ་མང་ངོ་། བླ་མ་ཕྱི་མ་རྣམས་ཀྱི་སྐུ་ཚེ་སོགས་ཞིབ་པར་མ་ངེས་ན་འང་ཕལ་ཆེར་དགུང་ལོ་བརྒྱད་ཅུར་ཉེ་བར་བཞུགས་ཞེས་(སྟོད་ཆ།༣༡༠)གྲགས། སྤྱིར་བཻ་རོ་ཙ་ནའི་སྐུ་ཚེའི་སྟོད་ལ་རྗེ་མངའ་བདག་རྒྱལ་པོས་གདམས་པ་ཕོག་ཀྱང་རྒྱལ་པོ་སྙན་སྲབ་ཅིང་བཙུན་མོ་དང་བློན་པོ་གདུག་པ་ཆེས་པས་ཆོས་མཐར་མ་ཕྱིན། སྐུ་ཚེའི་སྨད་ལ་རྒྱལ་མོ་གཡུ་སྨྲ་སྙིང་པོ་ལ་རྫོགས་པར་གནང་། གཡུ་སྒྲ་ཁམས་སུ་ལོག་ནས་སྤྲང་སངས་རྒྱས་མགོན་པོར་རྒྱས་གཏད་རྒྱ་གསུམ་པའི་ལུགས་ཚང་བ་ཞིག་བཞག་ཟེར་བ་ལུགས་གཞན་ཡིན། དེ་ནས་མར་བྱོན་ཏེ་རྒྱ་བློ་གྲོས་གཞོན་ནུ་ལ་རྒྱུད་ཉི་ཤུ་རྩ་ལྔ་ཕྲ་མོ་བཅས་པ་གཏད། དེ་ནས་ཞིང་གཞན་དུ་འཕོ་ཁར་དབས་རྡོ་རྗེ་རྒྱལ་མཚན་ལ་རྫོགས་པར་གནང་། དེས་མདོ་སྨད་ད་ན་ཏིག་དགོན་པར་བསྐྱངས་ཞེས་ལོ་རྒྱུས་སུ་གསལ་བ་རྣམས་སེམས་སྡེ་བརྒྱད་པ་བར་མའི་སྐོར་ཡིན་ཀྱང་དེང་སང་རྒྱུན་མི་སྣང་ངོ་། དེ་དག་ནི་སློབ་དཔོན་བཻ་རོ་ཙ་ན་ལས་ཇི་ལྟར་བྱུང་བའི་ཚུལ་ལོ། ཡང་རྫོགས་ཆེན་ཁམས་ལུགས་སུ་གྲགས་པ་ནི། ཨ་རོ་ཡེ་ཤེས་འབྱུང་གནས་ལས་བབ་སྟེ། ཨ་རོ་ནི་སྤྲུལ་པའི་སྐུ་ཡིན་ཏེ། ཆུ་མིག་རིང་མོའི་བྱེ་གསེབ་ཏུ་བུ་ཆུང་ངུ་ཞིག་ཏུ་སྤྲུལ་ནས་བཞུགས་པ་ལ། ལྷ་བཙུན་མ་ཞིག་ཁམས་བསེང་དུ་ཕྱིན་པས་མཐོང་། སྙིང་རྗེ་ཡང་ཁྱེར་པྱིན་ན་ཡ་ག་བྱུང་གིས་དོགས་ནས། གནས་གཞིའི་དཔོན་ལ་འདི་འདྲ་བ་ཞིག་འདུག་སྨྲས་པས། འོ་ན་སྙིང་རྗེ་ལོང་ལ་ཤོག་ཟེར་བས་བླངས། རོ་འདྲ་བར་ཉལ་ཞིང་ཁ་ནས་ཨ་ཨ་ཟེར་བས་ཨ་རོར་བཏགས། ཕྱིས་འགྲོ་ཤེས་ནས་དགེ་འདུན་ཆོས་སྤྱོད་བྱེད་པའི་ཀུན་དགའ་ར་བར་ཕྱིན། དགེ་འདུན་རྣམས་ན་རེ། ཨ་རོ་ཁྱོད་འདིར་ཅི་བྱེད་ཟེར་བ་ལ། ང་ཡང་འདིར་ཆོས་སྤྱོད་བྱེད་བྱས་པས། ཁྱོད་ཀྱིས་ཆོས་ཤེས་སམ་ཟེར་བ། བདག་གིས་ཆོས་མང་པོ་ཡང་དག་པ་ཤེས་(སྟོད་ཆ།༣༡༡)བྱས་པས། འོ་ན་འདི་ཡང་ཤེས་སམ་བྱས་ནས་སྤྱོད་འཇུག་གི་གཞུང་གཅིག་གཏད་པས་ལེགས་པ་བཏོན་བྱུང་། ཁྱེད་ལ་མ་གྲགས་པའི་ཆོས་ཀྱང་ཤེས་ཟེར་ནས་ཨ་རོ་ལུགས་ཀྱི་གདམས་ངག་གི་མིང་འགའ་ཞིག་བཏོན་པས། དེར་དགེ་འདུན་ཐམས་ཅད་ཧ་ལས་ཏེ། ཨ་རོ་དང་ཨ་རོས་ཏེ་ཡེ་ཤེས་ཀྱི་འབྱུང་གནས་སུ་གདའོ་ཟེར་བས། མཚན་ཡེ་ཤེས་འབྱུང་གནས་སུ་ཆགས། དེར་ཡུན་རིང་བར་བཞུགས་ནས་གདམས་པ་ཟབ་མོས་གདུལ་བྱ་རྣམས་བསྐྱངས་ནས་འགྲོ་བའི་དོན་མཛད། དེའི་སློབ་མ་ཡང་ཁམས་ཀྱི་ཡ་ཟི་བོན་སྟོན། ཁ་རག་གི་བྲུ་རོ་ཤ་རྒྱལ་བུ། དབུས་ཀྱི་བྲུམ་ཤིང་ཤེས་རབ་སྨོན་ལམ། གཙང་གི་ཅོག་རོ་ཟངས་དཀར་མཛོད་ཁུར་རོ། །ཡ་ཟི་བོན་སྟོན་གྱིས་དབུས་གཙང་དུ་བྱོན་ནས་གཅོད་རྒྱན་གོང་གི་གྲུ་གུ་ཀློང་འབྱུང་ལ་བཤད། དེས་བྲེས་ཆུ་བར་གྱི་གླེན་སྒོམ་ཚུལ་ཁྲིམས་སྙིག་པོ་ལ་བཤད། དེ་ནི་ངས་རོའི་རྣ་བར་ཆོས་བཤད་ན་རོ་འགུལ། ནམ་མཁའི་བྱ་ལ་སྒོམ་བཏབ་ན་ཡང་ཐེབ་ཅེས་ཟེར། དེས་སྦ་སྒོམ་བསོད་ནམས་རྒྱལ་མཚན་ལ་བཤད། དེ་ནི་ཡུལ་འཕན་ཡུལ་སྤྲས་ཀྱི་འཇུ་བ། ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་དང་མཇལ་ནས་རྟོགས་པ་ཕུལ་བས་དགྱེས་ཏེ། ད་ཁྱོད་ཀྱི་དེ་ལ་བྱམས་པ་དང་སྙིང་རྗེའི་སྣོན་མ་ཞིག་ཐོབ་ལ་སྒོམས། སྒོམ་སྐོན་བྱུང་ན་བྱམས་པ་དང་སྤྱན་རས་གཟིགས་འཚོས་པ་ལ་འོང་གི་འདུག་གསུངས། ཇོ་བོས་བོད་ཀྱི་རྩོམ་པ་འགའ་རེ་གཟིགས་པས་དགྱེས་རྒྱུ་ཙམ་མ་བྱུང་བ་ལ། ཨ་རོའི་ཐེག་ཆེན་རྣལ་འབྱོར་གཟིགས་པས། འདིར་ཚིག་སྙན་ངག་ཆེ་དོན་ཤིན་ཏུ་བཟང་གསུངས་ནས་དགྱེས། སྦ་སྒོམ་དེ་པུ་ཏོ་བའི་ཡབ་ཀྱི་མཆོད་གནས་ཡིན་པ། པུ་ཏོ་བས་ར་སྒེང་དུ་མ་བྱོན་གོང་དུ་ཁོང་ལ་སྒོམ་གྱི་(སྟོད་ཆ།༣༡༢)གདམས་པ་ཞུས་པས། ཁོང་གི་ཞལ་ནས། ཕྱིས་པུ་ཏོ་བ་དགེ་བཤེས་ཆེན་པོར་གྱུར་པའི་ཚེ་ན་སྦ་སྒོམ་གྱི་ཆོས་དེ་ཅི་འདྲ་ཞིག་ཡིན་ནམ་སྙམ་དུ་དགོངས་པ་ལ། མནལ་ལམ་རྟགས་ཅན་ཞིག་བྱུང་བས། སྦ་སྒོམ་གྱི་ཆོས་དེ་ཡང་ཡང་དག་པ་ཞིག་ཡིན་པར་འདུག་གསུངས། སྦ་སྒོམ་གྱི་སློབ་མ་ཁ་རག་སྒོམ་ཆུང་ཡིན་ནོ། འདི་སྙིང་ཐིག་གི་ལོ་རྒྱུས་སུ་ལྡང་མས་སྙིང་ཐིག་གི་གདམས་པ་བཏབས་པས་གྲོལ་བའི་ལོ་རྒྱུས་ཀྱང་ཡོད་མོད། འོན་ཀྱང་ཁ་རག་པའི་སློབ་མ་ལྷོ་པ། དྷརྨ་སྐྱབས་དང་རྡུལ་སྟོན་རྡོ་རྗེ་རིན་ཆེན་གཉིས་སོགས་ལས་མང་དུ་འཕེལ་ལོ། ཡང་ཨ་རོ་ཉིད་ཀྱི་བརྒྱུད་པ་ནི། སྦ་སྒོམ་གྱིས་གཙང་རོང་གི་དམ་པ་འཛིན་སྒོམ། དེས་ཡར་འབྲོག་གི་བ་ར་སྒོམ་ཆེན། དེས་ཡུལ་ཆོས་ཀྱི་ཇོ་མོ་མྱང་མོ། དེས་སྐྱི་མཁར་བའི་ལྷ་རྗེ་ལྷ་ཁང་པ། །དེས་དབུས་པ་སྟོན་ཤཱཀྱ། དེས་ཞིག་པོ་བདུད་རྩི་ལ་གནང་ནས་བརྒྱུད་པ་མང་དུ་འཕེལ་ལོ། གཞན་ཡང་ཅོག་རོ་ནས་ཡ་ཟི་བོན་སྟོན་དང་། དེ་ཉིད་ལ་རོང་ཟོམ་ཆེན་པོས་གསན་པའི་བརྒྱུད་པའང་ཡོད་དོ། དེ་དག་ནི་རྫོགས་ཆེན་སེམས་ཀློང་གི་སྐོར་རྣམས་སོ། ད་ནི་མན་ངག་སྡེའི་ཤིང་རྟ་ཆེན་པོ་སློབ་དཔོན་བི་མ་ལས་བརྒྱུད་པའི་སྙིང་ཏིག་གི་ལོ་རྒྱུས་བཤད་པར་བྱ་སྟེ། དེ་ཡང་བོད་ཡུལ་དུ་འཇམ་དཔལ་དང་སྤྱན་རས་གཟིགས་ཐ་མི་དད་པའི་སྐུའི་བཀོད་པ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་གྲུབ་ནས། མཁན་སློབ་ཆོས་གསུམ་གདན་འཛོམས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་བསྟི་སྟང་བླ་ལྷག་ཏུ་མཛད་པའི་སྐབས་ཤིག་ན། སྔོན་ཆོས་རྒྱལ་ཉིད་སྐུ་གཞོན་ནུའི་དུས་སྐུ་རྫི་ཡིན་པ་ལ། ཕྱིས་བླ་(སྟོད་ཆ།༣༡༣)ཡི་མཆོད་གནས་སུ་གྱུར་པ་ཉང་ཏིང་འཛི་བཟང་པོ་ཞེས་བྱ་བ། ཞི་གནས་ཀྱི་ཏིང་འཛིན་ལོ་བདུན་དུ་མི་འཆོར་ཞིང་། ཤའི་སྤྱན་གྱིས་གླིང་བཞི་དུས་གཅིག་ཏུ་གཟིགས་པ་དེས་བཙན་པོ་ལ་ལུང་བསྟན་ནས་མཁས་སིང་གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་རྒྱ་གར་ནས་སྤྱན་དྲངས་པར་བསྐུལ་ཞིང་། རྒྱལ་པོ་ཉིད་ཀྱིས་ཀྱང་སྔོན་རྒྱ་གར་དུ་དགེ་སློབ་ཨ་བ་དྷུ་ཏི་བར་གྱེས་པའི་བག་ཆགས་ཀྱིས་རྒྱ་གར་ན་རྒྱུ་འབྲས་ལས་འདས་འི་རྩོལ་མེད་ཀྱི་ཐེག་པ་ལྟར་མི་མངོན་པར་ཡོད་པར་དགོངས་ནས། བི་མ་ལ་རྒྱ་གར་རྒྱལ་པོ་དྷརྨཏ་ཏེ་ཨིནྡྲ་བྷུ་ཏི་ཆུང་བའི་མཆོད་གནས་སུ་བཞུགས་པ་ལ་སྤྱན་འདྲེན་པར་ཀ་ཅོག་གཉིས་མངགས་ཏེ་བི་མ་ལས་ཀྱང་གདམས་ངག་གི་མཆོག་ཐམས་ཅད་བསྣམས་ཨ་ཙ་ར་སའི་སྙིང་པོ་གཡོག་ཏུ་ཁྲི་ནས་བོད་དུ་བྱོན་ནོ། །དེའི་ཚེ་རྒྱ་གར་བ་ཐམས་ཅད་ཀྱི་རྨི་ལམ་འཁྲུགས་ཤིང་རྩི་ཤིང་དང་མེ་ཏོག་ཐམས་ཅད་ཀྱང་ཁ་བོད་དུ་བལྟས། མཁའ་འགྲོ་མ་ཐམས་ཅད་ཀྱིས་ཅོ་ངེས་བཏབ། ཆུ་ཚོད་ཀྱི་རྩིས་ཐམས་ཅད་ཀྱང་འཁྲུགས་པས་ཅིས་ལན་བརྟགས་པ་ན་བུད་མེད་མཁའ་འགྲོ་མ་ཞིག་ན་རེ། པཎྜི་ཏ་མཁས་པ་ཞིག་འབྲས་བུ་གསང་སྔགས་ཀྱི་སྙིང་པོ་ཐམས་ཅད་དཔེ་ཙམ་ཡང་མ་བཞག་པར་བསྣམས་ཏེ་བོད་དུ་བྱོན་པས་ལན་ཟེར་བ་དང་རྒྱ་གར་བ་རྣམས་ཀྱིས་བོད་ཐེ་ཚོམ་སྐྱེད་པའི་ཕྱིར་རྐང་མགྱོགས་བཏང་སྟེ་བི་མ་ལའི་སྔོན་དུ་བོད་དུ་སླེབས་པར་བྱས་ནས་ཕྲ་མེན་གྱི་ངན་སྔགས་མཁན་པོ་ཞིག་ཁྲིད་སོང་ངོ་ཞེས་བསྒྲགས་པས་པཎྜི་ཏ་བསམ་ཡས་སུ་ཕེབས་ཀྱང་བོད་རྣམས་ཐེ་ཚོམ་ཟོས་ཏེ་རྒྱལ་པོ་དང་མ་མཇལ། དབུ་ཚ་ལ་དུ་ལྡེར་ཚོ་ལ་ཕྱག་མཛད་པས་ལྡེར་ཚོ་ས་ཕུང་དུ་ཞིག་པས་སླར་ལ་ཐེ་ཚོམ་ཆེར་སྐྱེས། ཡང་བི་མ་ལས་ས་ཕུང་གི་སྤྱི་(སྟོད་ཆ།༣༡༤)བོར་ཕྱག་བཞག་ཅིང་དབུའི་ཞྭ་བཀོན་པ་ཙམ་གྱིས་སྔ་མ་ལས་ཆེས་ལེགས་ཤིང་འོད་དང་ལྡན་པར་གྱུར། ཐེ་ཚོམ་སེལ་ཕྱིར་སྐྱབས་འགྲོ་ཡན་ལག་དྲུག་པ་ཡང་མཛད་པས་ཡིད་ཆེས་ཏེ་རྒྱལ་པོས་ཕྱག་མཛད་པའི་ཚེ་རྒྱལ་པོའི་ཐུགས་ཀར་རིགས་གསུམ་མགོན་པོ་བཀྲ་ལམ་མེ་བཞུགས་པ་བི་མ་ལས་གཟིགས་ཤིང་སྣོད་དག་པ་གཞན་འགས་ཀྱང་མཐོང་། བི་མ་ལས་ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་སེ་རྒོལ་བརྡབས་པས་དབུ་ཞྭ་རིན་པོ་ཆེའི་བྲོག་ཞུར་གྱུར་ཏེ་རིགས་ལྔའི་སྐུ་ལམ་གྱིས་བྱུང་བ་རྒྱལ་པོ་ལ་སོགས་པས་གཟིགས། ནམ་མཁའ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྤྲུལ་ནས་རྒྱལ་བློན་རྣམས་ལ་མངོན་སུམ་དུ་བསྟན། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་སོགས་གསང་སྔགས་ཕྱི་ནས་དང་། སོ་སོ་ཐར་པའི་རྒྱ་ཆེར་འགྲེལ་པ་ལ་སོགས་མཚན་ཉིད་ཀྱི་ཆོས་ཀྱང་མང་དུ་བསྒྱུར་ཞིང་བཤད། འདིའི་ཚེ་བི་མ་ལས་ལོ་ཉིས་བརྒྱར་ཉེ་བ་ཙམ་བཞེས་ཤིང་། དེར་ཕར་ཕྱིན་དང་དབུ་མ་སོགས་གསུངས་པའི་ཚེ་བི་རོ་ཙ་ན་ཚ་བ་རོང་དུ་བཞུགས་པས་བོད་ཀྱི་རྒྱལ་བློན་ལ་ལ་ཡོགས་འདོར་དུ་གཡུ་སྒྲ་སྙིང་པོ་བཏང་བས། དེས་སློབ་དཔོན་གྲོལ་བཞུད་པའི་ཞུལ་དུ་ཆོས་ཁྲི་ལ། ཉན་ཐོས་བྱིས་པའི་ཆོས་ཀྱིས་འཚང་མི་རྒྱ། ཕོ་རོག་རྡོ་རྗེ་འགྲོས་ཀྱིས་ས་མི་ཆོད། བྱ་བ་བྲིས་པ་གཟིགས་ནས་དྲིས་པ་ན་ད་ཅི་སྤྲང་པོ་ཞིག་འདི་ན་འདུག་ཟེར། བཙལ་བས་གཡུ་སྒྲ་སྙིང་པོ་རྙེད་དེ་སེམས་སྨད་ལྔ་ལ་མཁས་པར་གཟིགས་ནས་སླར་ཁོང་ལ་འཚམ་པའི་ཕྱི་འགྱུར་བཅུ་གསུམ་པོ་བསྟན་པས་སེམས་སྨད་བཅོ་བརྒྱད་དུ་གྲགས། སྤྱིར་སྒྱུ་འཕྲུལ་སོགས་པའི་ཆོས་དུ་མ་གཉགས་ལ་སོགས་པས་བསྒྱུར། གསང་བ་བླ་མེད་ཀྱི་རྒྱུད་མན་ངག་ནི་གཞན་སུ་ལ་ཡང་ཆ་མེད་པར་བཙན་པོ་ཡབ་སྲས་ཉང་། སྐ་ཅོག་གཉིས་(སྟོད་ཆ།༣༡༥)ཏེ་ལྔ་ལ་ལྐོག་ཆོས་སུ་མཛད་ནས་སྲོད་དང་ཐོ་རེངས་ཀྱི་ཚེ་བསྒྱུར་ཞིང་གནང་། དེ་དུས་རྨ་ནི་འདས་ནས་མེད། རྒྱལ་པོ་དང་ཉང་ལས་མེད་པར་འདོད་པ་ནི་རྒྱུས་ཆུང་བ་ཡིན་ཅེས་ཀུན་མཁྱེན་ཆེན་པོས་གསུངས་སོ། དེ་ཡང་ཤིན་ཏུ་ཟབ་པའི་ཆོས་འདི་ལྟ་བུ་བློར་མི་ཚུད་ཅིང་ལྟ་སྤྱོད་ཟུང་འབྲེལ་དུ་ཚུལ་བཞིན་སྤྱོད་པ་མི་འབྱུང་བས་མ་འོངས་པའི་སྐལ་ལྡན་གྱི་དོན་དུ་སྦ་བར་བཀས་བཅད། ཟབ་པ་པོད་བཞི་སོགས་གསང་བ་སྙིང་ཐིག་གི་སྐོར་རྣམས་མཆིངས་ཕུའི་དགེ་གོང་དུ་བོད་ཡིག་ཏུ་བསྒྱུར་ནས་སྦས། ཐིག་ལེའི་སྐོར་གྱི་རྒྱུད་མན་ངག་གི་རྒྱ་དཔེ་རྣམས་མ་འོངས་པ་ན་ཚོང་འདུས་ཀྱི་འོ་མ་ལྟར་བསླད་ཅིང་ཉམས་འགྲོ་བར་གཟིགས་ནས་ཞུས་དག་གིས་ཕྱི་མོའི་ཆེད་དུ་སྦས། དེ་ལྟར་ལོ་བཅུ་གསུམ་བོད་དུ་བཞུགས། དེ་ནས་རྒྱ་ནག་ཏུ་གཤེགས་ཏེ་སླར་ཡང་མུ་ནེ་བཙན་པོ་འདས་པའི་རྗེས་ལ་རྒྱ་ནག་ནས་གདན་དྲངས་ནས་བྱོན་ཚུལ་ཕུར་པའི་ལོ་རྒྱུས་ལས་འབྱུང་སྟེ་གཤམ་དུ་གསལ། སྤྱིར་པཎ་ཆེན་འདི་ཉིད་འཕོ་བ་ཆེན་པོའི་སྐུ་གྲུབ་པས་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་སྐུ་དེ་ཉིད་མ་བསྡུས་པར་བཞུགས་པ་ཡིན་ལ་ལོ་བརྒྱ་བརྒྱ་ན་བོད་དུ་སྐུའི་བཀོད་པ་རེ་འབྱུང་ནས་རྫོགས་པ་ཆེན་པོའི་ལྟ་སྒོམ་ནོར་བ་རྣམས་བསལ་བར་བྱེད་དོ། པཎ་ཆེན་འདིས་དགའ་རབ་རྡོ་རྗེ་ཉིད་ལན་བདུན་དུ་མཇལ་ནས་གསན་ཅིང་མ་འོངས་པ་ན་བསྟན་པའི་བཙས་འཇིག་རྟེན་གཞན་དུ་འཕོས་པའི་ཚེ་རྡོ་རྗེའི་གདན་དུ་འོད་ཀྱི་སྐུར་ཡལ་བར་འགྱུར་རོ། དེ་སྐབས་ཨ་ཙ་ར་སའི་སྙིང་པོ་མཆིམས་ཕུ་ལ་གྲོངས་པས་ལྟས་ཁྱད་པར་ཅན་བྱུང་སྟེ་བི་མ་ལ་གྲོངས་པར་ནོར་བ་བྱུང་ངོ་། བི་མ་ལ་བཞུད་ནས་ལོ་ལྔ་བཅུ་རྩ་ལྔ་ན་ཉང་ཏིང་འཛིན་བཟང་པོ་དེ་རྒྱུད་རྣམ་པ་དག་སྟེ།(སྟོད་ཆ།༣༡༦) དེ་ཡང་སྙིང་ཐིག་གི་ལོ་རྒྱུས་སོགས་སུ་བི་མ་ལས་གཞན་ལ་སྣོད་བཏགས་པས་མ་རྙེད། ཉང་ལ་ཨ་ཙ་ར་རྒྱ་གར་དུ་འགྲོ་བལ་གསེར་མང་པོ་དགོས་པས་ཁྱོད་ཀྱིས་ཡོད་ཚད་གསེར་དུ་དྲིལ་ལ་ང་ལ་ཕུལ་ཞིག་གསུངས་པས་རྒྱལ་པོ་དང་གཉགས་སོགས་ལ་མི་གསུང་བར་བདག་ལ་དེ་ལྟ་བུ་གསུང་བ་བསོད་ནམས་ཆེ་སྙམ་ནས་ས་གཞིས་ཐམས་ཅད་གསེར་དུ་དྲིལ་ནས་གསེར་མང་པོ་ཕུལ་བ་ན་ང་ལ་གསེར་གྱིས་དགོས་པ་མེད། སྣོད་བརྟགས་པ་ཡིན་གསུངས་ནས་སྙིང་ཐིག་རྫོགས་པར་གནང་བར་བཤད། དེར་ཉང་ཏིང་འཛིན་བཟང་པོས་རྡོ་རྗེ་ལེགས་པ་བྲན་དུ་བཀོལ་ནས། གཙུག་ལག་ཁང་བཞེངས་པར་བརྩམ་པ་ན། རྡོར་ལེགས་ཀྱིས་མདོ་ཁམས་སུ་སེར་བ་ཕབ་སྟེ་འབྲུ་རྔ་མོང་གི་རྒྱབ་ཁལ་ལྔ་བརྒྱ་ལོངས་པ་དྲངས། འཛམ་བུའི་གླིང་གི་དངོས་གྲུབ་དང་བཅུད་ཐམས་ཅད་བསྡུས་པའི་དངོས་གྲུབ་ལོངས་ཤིག་ཟེར་བ་ན། ཉང་བན་ཆེན་པོས་རྫུ་འཕྲུལ་གྱི་ཞྭ་མོ་ནམ་མཁའ་ལ་གཟེད་པས་རྡོར་ལེགས་ཀྱིས་ལན་གསུམ་བཀང་ཡང་མ་ཁེངས་པས་ཡུལ་ཕྱོགས་དེའི་ལོངས་སྤྱོད་ཀྱི་རྟེན་འབྲེལ་ལ་ཅུང་ཟད་གཞར་ཟེར། སྣོད་ཀྱི་མིང་ལས་ཞྭ་ལྷ་ཁང་དུ་གྲགས། དེར་ཉང་གིས་དཔེ་བརྒྱུད་རྣམས་ཀ་བའི་བསམ་ལེ་དང་། ཀེའུ་ཚང་རིམ་གསུམ་དུ་གཏེར་དུ་སྦས་ཏེ་ལོ་བརྒྱའི་བར་དུ་མི་སྣང་བར་མཛད་ནས། དམ་ཅན་རྡོ་རྗེ་ལེགས་པ་ལ་གཏད། སྙན་བརྒྱུད་རྣམས་བཀའ་སྲོལ་མི་ཉམས་པའི་ཆེད་དུ་འབྲོ་རིན་ཆེན་འབར་བ་ལ་བཤད། དེ་ལྟར་ཉང་བན་ཆེན་པོས་སེམས་ཅན་གྱི་དོན་དང་། བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་ལྷ་ས་བྲག་ལྷ་ཡི་ཕུག་གི་ནམ་མཁའ་ལ་འོད་ཕུང་དུ་ལྷག་མ་མེད་པར་གཤེགས་སོ། ཉང་ཏིང་འཛིན་བཟང་པོ་དེ་ཕུང་པོ་ལྷག་མེད་དུ་དེངས་ནས་ལོ་བརྒྱ་(སྟོད་ཆ།༣༡༧)ལོན་ཞིང་ཉང་མི་དར་མ་དང་དུས་མཚུངས་པ། དབུ་རུ་གཞོའི་ལྡང་མ་དགེ་མཆོག་གི་བུ་གནས་བསྟན་ལྡང་མ་པ་ལྷུན་གྲུབ་རྒྱལ་མཚན་ཞེས་བྱ་བ། ངོ་བོ་བི་མ་ལའི་སྤྲུལ་པར་གྲགས་ཀྱང་རྣམ་པ་གནས་བརྟན་དཀྱུས་མའི་ངང་ཚུལ་དུ་སྣང་བ་ཞིག་ལ་རྡོ་རྗེ་ལེགས་པས་ལུང་བསྟན་ནས་སྔར་སྦས་པའི་ཚུལ་དུ་སྣང་བ་ཞིག་ལ་རྡོ་རྗེ་ལེགས་པས་ལུང་བསྟན་ནས་སྔར་སྦས་པའི་གཏེར་རྣམས་ཕྱུང་། སྦ་བློ་གྲོས་ལས་ཚིག་བརྒྱུད་ཀྱང་མཉན་ནས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་ཉམས་སུ་བླངས། མན་ངག་རྙེད་ནས་བཅོ་ལྒད་པ་ལ་བཤད་རྒྱུད་གཞག་པའི་སྣོད་འཚོལ་དུ་བྱོན་པ་ན། ཉང་སྟོད་ནས་ལྕེ་བཙུན་སེང་གེ་དབང་ཕྱུག་ཅེས་བྱ་བ་བརྙེད། དེ་ལ་གདམས་པ་རིམ་པ་བདུན་དུ་བཏབ། དེ་དང་ཉེ་བར་ཁ་རག་སྒོམ་ཆུང་ལའང་བཏབ་པས་ཁོང་ཡང་དེས་གྲོལ། ལྕེ་བཙུན་ལ་དཔེ་རྣམས་དག་པར་བྲིས་ལ་ཁྲའི་ཟླ་བ་ལ་སྐྱོལ་ཅིག་གསུངས། ཕྱི་ཞིག་ལྕེ་བཙུན་གྱིས་འབུལ་བ་ཤིན་ཏུ་མང་པོ་དག་བཅས་བྱོན་པས་སྙེ་ཐང་དུ་མལ་གྲོའི་བཀའ་གདམས་པ་བྱ་བ་དང་ཕྲད། དེས་ལྡང་མ་གཤེགས་པའི་གཏམ་བཤད་པས། འབུལ་བ་རྣམས་གནས་གཞི་ཞིག་འདུག་པའི་དགེ་འདུས་རྣམས་ལ་ཕུལ། ཉང་བཀའ་གདམས་པ་ན་རེ། ལྡང་མ་དེ་གནས་བརྟན་ཡིན་པ་ཙམ་ལས་གག་ཟག་བཟང་པོར་སྔར་སུས་ཀྱང་མ་རིག །སྐུ་གཤེགས་པའི་དུས་ནམ་མཁའ་འཇས་ཁེངས། སྐུ་གདུང་དང་རིང་བསྲེལ་དཔག་ཏུ་མེད་པར་བྱོན་པས་ཐམས་ཅད་ངོ་མཚར་ཞིང་འགྱོད་པ་སྐྱེས་གདའ། ཁྱེད་ཀྱང་འབུལ་བ་འདི་ཙམ་ཁྱེར་ལུགས་ཀྱིས་གདམས་ངག་ཁྱད་པར་ཅན་ཡོད་མཆི་མ་བདག་ལ་སྩོལ་ཅིག་ཞུས་པས་གདམས་པ་བྱིན་དེས་གཞོའི་ཏི་སྒྲོ་བྲག་ལ་ལོ་གཉིས་བསྒོམས་པས་ཕུང་པོ་ལྷག་མེད་དུ་སོང་བ་ཡིན་ནོ། །(སྟོད་ཆ།༣༡༨) དེ་ལ་ལྕེ་བཙུན་ཆེན་པོ་ནི། ཡུལ་ཉང་རོ་གཉན་ཚོའི་ལྕེ་ཐུབ་པའི་དབང་པོ་ཞེས་བྱ་བའི་བུ་གཞོན་ནུ་ནས་ཆོས་མང་པོ་ལ་ཐོས་པའི་ཕ་རོལ་ཏུ་སོན་པ་ཞིག་ཡིན། གནས་བརྟན་ལྡང་མ་བ་དང་རི་གཟར། རྒོད་པོ་ལུང་དུ་མཇལ། ཁ་རག་ཏུ་གདམས་པ་གསུང་བའི་དུས་བཏབ་སྟེ་རྫོགས་པར་ཐོབ། སློབ་དཔོན་གཤེགས་ནས་གཏེར་དཔེ་རྙིང་པ་རྣམས་ལང་གྲོ་འཆད་པ་སྟག་འདྲའི་ཆུ་མིག་གི་རྩ་དང་། འུ་ཡུག་དང་། ཇལ་གྱི་ཁུ་སྟེ་གཏེར་ཁ་གསུམ་དུ་སྦས། འུ་ཡུག་ནས་ཤངས་མན་ཆོད་ཀྱི་རི་རྒྱུད་རྣམས་ལ་འཕོ་ཞིང་སྒོམ་པའི་ཚེ། རྨི་ལམ་ན་ཨ་ཙ་ར་ཞིག་བྱུང་ནས། བདག་ནི་བི་མ་མི་ཏྲ་མཁས་པ་སྟེ། སྐལ་ལྡན་སྙིང་པོའི་ཡང་བཅུད་འདོན་འདོད་ན། མཆིམས་ཕུ་བྲག་དམར་དགེ་གོང་ཡར་འདེབས་ལ། གསང་བ་སྙིང་ཏིག་སྙིང་དང་འདྲ་བ་ཡོད། དེ་དག་ཁྱེར་ལ་འུ་ཡུག་ཕྱི་གོང་དུ། སུས་ཀྱང་མཐོང་བ་མེད་པར་ལོ་བདུན་སྒོམས། ཟག་བཅས་ཕུང་པོ་སྣག་བ་མ་ཡིན་ནོ། །ཞེས་གསུངས་པ་ཐོས་ནས་མཆིམས་ཕུར་བྱོན། བུད་མེད་དུང་སོ་འཕོར་མ་གཡུའི་སྨིན་མ་ཅན་ཞིག་གིས་དཔེ་རྣམས་བྱིན། སླར་འུ་ཡུག་ཕྱི་གོང་རྫའི་ར་བར་བཞུགས་པས་བི་མ་ལ་དངོས་སུ་བྱོན། ཟླ་བ་ཕྱེད་དུ་དབང་ཁྲིད་གདམས་པ་རྫོགས་པར་གནང་ནས་སློབ་དཔོན་བི་མ་ལ་རྒྱ་ནག་ཏུ་གཤེགས། སྤྲུལ་པའི་སྐུ་ཞང་སྟོན་ལ་གདམས་ངག་རྫོགས་པར་བྱིན་ནས། ལོ་བརྒྱ་དང་ཉི་ཤུ་རྩ་ལྒ་ན་ནམ་མཁའ་ལ་འཇའ་འོད་ཀྱི་ཕུང་པོ་གཅིག་ཏུ་གཤེགས་སོ། གཏེར་སྦས་པའི་ལོ་སུམ་ཅུ་ན་རོང་སྣར་མདའི་ལྕེ་སྒོམ་ནག་པོས་ཁ་ཤས་བཏོན་ནས་རང་ཉམས་བླངས་ཤིང་། གཞན་མང་པོ་ལའང་(སྟོད་ཆ།༣༡༩)བཤད། དེ་བཞིན་དུ་ལ་འགྲོ་འཆད་པ་སྟག་ནས་ཤངས་པ་རས་བ་ཞེས་བྱ་བས་ཀྱང་བཏོན་ནས་དར་རྒྱས་བྱུང་ཞེས་གྲགས། དེ་ལ་སྤྲུལ་སྐུ་རྒྱལ་བ་ཞང་སྟོན་ནི། ཡུལ་ཡར་འབྲོག་དོ་ནང་དུ་འཁྲུངས། མཚན་བཀྲ་ཤིས་རྡོ་རྗེ་ཞེས་བྱ་སྟེ། ལོ་བཅུ་གཅིག་པར་བླ་མ་ལྕེ་སྒོམ་ལ་གདམས་པ་མང་དུ་ཞུས། དེ་ནས་ཉི་ཤུ་རྩ་གཅིག་གི་བར་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ནས། སྡེ་སྣོད་གསུམ་དང་རྒྱུད་སྡེ་གསར་རྙིང་གི་ཕྱོགས་ཐམས་ཅད་ལ་སྦྱངས་པས་མཁྱེན་རབ་ཀྱི་པདྨོ་རྒྱས། ཉང་སྟོད་ཁུ་ཡུལ་ན་ཡོད་པའི་ཚེ། ནམ་མཁའ་ལས་བླ་མ་དང་། ཐུགས་རྗེ་ཆེན་པོ། སྒྲོལ་མ་ལ་སོགས་པའི་ཞལ་མཐོང་ཞིང་ལུང་བསྟན་ཐོབ། རྡོ་རྗེ་ལེགས་པ་མི་དཀར་ཞྭ་དཀར་ཅན་དུ་བྱས་པས་དངོས་གྲུབ་བྱིན་གྱིས་འདོང་ཟེར་ནས་ཁྲིད། ཉང་སྨད་པ་ཚབ་ཏུ་ལྷ་གསོལ་བ་མང་པོས་བཟའ་བཏུང་བྱིན་པས་དངོས་གྲུབ་དེ་ལ་ཟེར་རམ་སྙམ་ཙ་ན། མི་དཀར་དེས་དངོས་གྲུབ་གཞན་དུ་ཡོད་ཀྱིས་འདོང་ཟེར་འོད་ཀྱིས་ལམ་སྣ་བྱས་ནས་བྱོན། ཁང་སྟོང་ཞིག་ཏུ་ཉལ་བས་འདིར་འདུག་མི་རུང་གཞན་དུ་དེངས་ཟེར་བས། བྲག་ཕུག་ཅིག་ཏུ་བྱོན་ཙ་ན་ཁང་སྟོང་འགྱེལ། ཁོའི་སྤྲུལ་པས་བཟའ་བཏུང་ཡང་བྱིན། འུ་ཡུག་མདའ་ན་འཁྲུག་པ་ཆེན་པོ་ཡོད་པ་ཡང་རྡོ་རྗེ་ལེགས་པས་བསྒྲིབས་ནས་དམག་གིས་མ་མཐོང་། དེར་བྲག་སེང་གེ་འདྲ་བའི་རྩེར་སླེབས་ཙ་ན་ཁོ་སྟོར། ཕྱིར་ལོག་གོ་སྙམ་ནའང་མ་ཐར། ཆ་མ་ཕྱེད་པའི་ངང་ལ་བལྟས་ཙ་ན་བྲག་ཕུག་ཁ་བྱང་བསྟན་གྱི་སྒོ་རྩྭས་འགགས་པ་མཐོང་། དེ་བྲུས་པས་དང་པོར་སྦྲུལ་དང་སྦསལ་པ་ཞིག་ཤིག་སྣང་། དེ་ནས་ཁ་བྱང་རྙེད་དུས་མི་དཀར་དེས་སྒྲོན་མེ་བཏེགས་བྱུང་བས། དར་ཅིག་ན་གདོད་(སྟོད་ཆ།༣༢༠)སྐད་ཤིན་ཏུ་མི་བསྲུན་པ་ཞིག་བྱུང་། ཁོས་བརྡ་སྦྱར་བས། ངས་ཨ་ལྕེ་བོས་ཀྱི་ཟེར་བའི་མོད། ཨེ་ཀ་ཙ་ཊཱི་སྤྱན་གཅིག་ཁྲག་ཏུ་ཁོལ་བ། མཆེ་བ་གཙིགས་ཤིང་བལྟར་མི་བཟོད་པ་ཙམ་དུ་བྱུང་། ཁོས་འདི་ནི་ལུང་བསྟན་པ་དེའོ་བྱས་པས། ཚོགས་འཁོར་བརྒྱ་རྩ་བརྒྱད་ཐོང་། ལོ་གསུམ་དུ་སུ་ལའང་མ་བཤད་ཟེར། བྲག་ཕུག་གི་སྒོ་རྩ་ནས་གཡུ་གཉིས་རྙེད་པ་ལས་རྒྱུ་བྱས། ཚོགས་འཁོར་བརྒྱ་རྩ་བརྒྱད་བཏང་། ལོ་ཉི་ཤུ་རྩ་ལྔ་ལ་དབུས་སུ་བྱོན། མཆིམས་ཕུ་ནས་བི་མ་ལའི་ཆོས་གཏེར་ཡང་ཐོན། དངོས་སུ་ཡང་ཞལ་མཇལ་ནས་རྗེས་སུ་གནང་བ་ཐོབ། སླར་ཤངས་རྟ་ནག་ཏུ་བྱོན་པའི་ཟམ་ཁར་ལྕེ་བཙུན་ཆེན་པོ་དང་མཇལ། གསང་བ་སྙིང་ཏིག་གི་གདམས་པ་རྫོགས་པར་ཐོབ། སྐུ་ན་མཐོན་པོར་སོང་ནས་བརྒྱུད་འཛིན་གྱི་སླད་དུ་སྲས་ཉི་འབུམ་བསྐྲུན། ངས་ཚོགས་པ་མ་བསྐྱངས་ནས་ཕུང་པོ་ལྷག་མེད་འོང་བ་ཡིན་གསུངས། ལུས་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་ལ་དབང་ཐོབ་པས་རེས་འགའ་རྒྱལ་བ་རིགས་ལྔར་གསལ། སྐུ་ལུས་ལ་གྲིབ་མ་གཏན་ནས་མི་མངའ། རྫོགས་པ་ཆེན་པོའི་ཆོས་གསུང ་དུས་འཇའ་གུར་འཁྱིལ་བ་སོགས་ངོ་མཚར་གྱི་ལྟས་མང་པོ་ཡོད། དགུང་ལོ་བདུན་ཅུ་དོན་གཅིག་པམེ་མོ་ཕག་གི་ལོ་ས་ག་ཟླ་བའི་ཉེར་གཉིས་ལ་ཤར་ཕྱོགས་ཀྱི་ནམ་མཁའ་ལས་སྒྲ་ཆེན་པོ་ལན་བདུན་བསྒྲགས་ཤིང་ས་ཆེན་པོ་ལན་གསུམ་གཡོས། འཇའ་དང་། འོད་དང་། སིལ་སྙན་གྱི་སྒྲ་དང་། དྲི་ཞིམ་གྱི་ངད་ལ་སོགས་པ་གདོད་མའི་ས་ལ་མངོན་པར་བྱང ཆུབ་པའི་རྟགས་མ་ལུས་པ་བསྟན་ཏེ་གཤེགས་སོ། དེའི་ཕྱི་ནུབ་པུར་སྦྱངས་པས་གདུང་ཆེན་ལྔ་དང་། རིང་བསྲེལ་ཁ་དོག་ལྔ་པ་སྐུའི་རྒྱལ་ཚབ་ཏུ་བཞག །མེ་ཏོག་ཆར་དང་འཇའ་གུར་(སྟོད་ཆ།༣༢༡)ལ་སོགས་པས་འགྲོ་བ་མང་པོ་དད་པའི་གནས་ལ་སྦྱར་ཞིང་རང་བཞིན་གྱི་བསམ་གཏན་ལ་གནས་པ་བྱུང་ངོ་། དེའི་སློབ་མ་སྲས་ཉི་འབུམ་སྟེ། ཡུམ་རྒྱལ་མོ་གཡང་དེའི་ལྷུམས་སུ་ཞུགས་པའི་དུས་ཉི་མ་མང་པོ་དུས་གཅིག་ལ་ཤར་བ་བྱུང་བས། ཡབ་ཀྱིས་སེམས་ཅན་གྱི་མ་རིག་པའི་མུན་པ་གསལ་བ་ཞིག་ཡོང་ངོ་ཞེས་ལུང་བསྟན་ནས་མཚན་ཉི་མ་འབུམ་དུ་བཏགས། ལོ་ལྔ་ནས་རིམ་པར་ཡབ་ལས་གསང་བ་སྙིང་ཏིག་ཏི་དབང་ཁྲིད་གསམས་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་མཛད། དགུང་ལོ་བཅུ་པ་ལ་ཆེ་སར་བཏོན་དུས་རྒྱུད་བཅུ་བདུན་ལ་བཤད་པ་མཛད་པས་བུ་སློབ་ཀུན་ངོ་མཚར་སྐྱེ་བ་བྱུང་། ལོ་ཉི་ཤུའི་བར་དུ་སྒྲུབ་པ་ཁོ་ན་ལ་ནན་ཏན་མཛད། དེ་ནས་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་འཛིན་དང་འགྲོགས་ནས་རྔོག་རྒྱལ་རྩེའི་པར་གསར་མའི་རྒྱུད་མན་ངག་དང་བཅས་པ་ལ་གསན་པ་མཛད། ཉི་ཤུ་རྩ་གཉིས་པ་ལ་ཇོ་མོ་རྒྱ་གར་དངོས་གྲུབ་ཀྱི་རྟེན་དུ་བཟུང་། ཉི་ཤུ་རྩ་བདུན་ལ་འཁོན་གྲགས་པ་རྒྱལ་མཚན་དང་། བླ་མ་སྟག་སོ་བ་བསྟེན་ནས་རྒྱུད་གསུམ་གདམས་ངག་དང་བཅས་པ་དང་། བདེ་མཆོག་མ་ལ་གྱོ་ལུགས་མཁྱེན་པར་མཛད། ཁ་རག་གི་འབྲུག་སྟོན་གྲགས་པ་ལས་བདེ་མཆོག་དང་། རྗེ་བཙུན་མ་རྭ་ལུགས། ཡེ་ཤེས་མགོན་པོ་སོགས་ཞུས། ཞང་གཡུ་བྲག་པ་དང་གཡུང་གི་རྟོག་རྡོ་རྗེ་སེང་གེ་ལ་སོགས་ཏེ་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་མདོ་རྒྱུད་དུ་མ་ལ་ཐོས་བསམ་ཕྱོགས་མེད། ཚིག་དོན་ཆེན་མོ་ཞེས་བྱ་བའི་བསྟན་བཅོས་ཀྱང་མཛད་དེ་ལྒེཾ་བཅུ་རྩ་དྲུག་ལ་གཤེགས། པུར་སྦྱངས་པས་གདུག་རིགས་ལྔ་བྱོན། འཇའ་ཚོན་གྱི་གུར་ཕུབ། ཆོ་འཕྲུལ་ཟླ་བ་ཁུག་ཆོས་མེ་ཏོག་(སྟོད་ཆ།༣༢༢)སྐྱེས་པ་སོགས་བྱུང་ངོ་། འདི་སྒྲ་ཐལ་འགྱུར་ནས་ཕྱག་རྡོར་གྱི་སྤྲུལ་བཛ་ཕ་ལར་ལུང་བསྟན་པ་ལ་ངོས་འཛིན་པར་གྲགས་སོ། དེའི་སློབ་མ་གུ་རུ་ཇོ་འབོར་ཏེ། གཅུང་པོ་ཟླ་བ་འབུམ་གྱི་སྲས་ཡིན། ལོ་བདུན་མན་ཆད་ལྐུགས་པ་འདྲ་བར་ཡོད་པ་ལ། བརྒྱད་ནས་ཤེས་རབ་མེ་ལྟར་འབར། བཅོ་བརྒྱད་ཀྱི་བར་དུ་ཁུ་བོ་ཉི་འབུམ་དང་འགྲོགས། གསང་བ་བླ་མེད་ཀྱི་དབང་ཁྲིད་གདམས་པ་དང་བཅས་རྫོགས་པར་མཛད་ཅིང་རྒྱུད་ཀྱི་བཤད་ལ་ཐོས་པས་སྒྲོ་འདོགས་གཅོད་པ་དང་། མན་ངག་གི་དོན་ལ་སྒོམ་པས་ཉམས་སུ་བླངས་པ་ལ་བརྩོན། བཅུ་དགུ་ནས་ཉི་ཤུའི་བར་ས་སྐྱ་ལོ་ཙཱ་བ་ལས་རྒྱུད་གསུམ་མན་ངག་དང་བཅས་པ་དང་། བདེ་མཆོག་མ་ལ་གྱོ་ལུགས་ཉན། དབུ་ཚད་ལ་སོགས་པའི་རིག་པའང་ཁོང་དུ་ཆུད་པར་བྱས། དེ་བཞིན་དུ་ཁྲོ་ཕུ་ལོ་ཙཱ་བ་ལས་མི་ཏྲ་ཛོ་ཀོའི་གདམས་པ་དང་། ཆུ་མིག་པ་ལས་ཚད་མ་བསྡུས་པ། བལ་པོ་གྲགས་འབུམ་ལས་དོ་ཧ་དང་ཕྱག་ཆེན་ཁ་འཐོར་སོགས་འཁས་གྲུབ་དུ་མ་ལས་སྡེ་སྣོད་དང་རྒྱུད་ལུང་མང་པོ་ལོ་སུམ་ཅུ་རྩ་དྲུག་ཚུན་མཉན་པས་རིག་པ་རྣོ་ཞིང་ཐོས་པ་ཤིན་ཏུ་མང་བར་གྲགས། སྒྲུབ་པ་མཛད་རེས་ཡི་དམ་གྱི་ལྷ་མང་པོའི་ཞལ་མཐོང་བ་ཡིན་ཏེ་ཐུགས་སྒམ་པས་མི་གསུངས། ལྷ་སར་ཇོ་བོར་མཆོད་པ་ཕུལ་དུས་འོད་ཀྱི་ཐིག་ལེའི་ཁོང་ནས་འཕགས་པ་ལག་ན་པདྨ་དང་། རྡོ་རྗེ་འཛིན་པ་ཞལ་གཟིགས། ཐོ་རེངས་ཤིག་ཚེ་དཔག་མེད་ཀྱི་ཞལ་མཐོང་། ངེད་ཅག་ལ་ཚེ་རིང་བརྒྱུད་མེད་ཀྱང་ཁོ་བོ་ལེགས་པར་བྱུང་བ་དེའི་བྱིན་རླབས་ཡིན་གསུངས། དེ་ལྟར་ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེའི་མངའ་བདག་གིས་འགྲོ་བ་འདྲེན་པའི་དེད་དཔོན་དུ་གྱུར་ནས་དྲུག་ཅུ་པ་ལ་གཤེགས། ཞག་བདུན་(སྟོད་ཆ།༣༢༣)དུ་འཇའི་དྲ་བས་འབྲེལ། སྐུ་གདུང་ལ་ༀ་ཨཱཿཧཱུྃ་དང་རིང་བསྲེལ་མང་ལ་པོ་བྱོན་ཏོ། དེའི་སློབ་མ་འཁྲུལ་ཞིག་སེང་གེ་རྒྱབ་པ་ཡིན་ཏེ། གཡོ་རུ་གྲའི་ཕུ་བོ་གང་ཕྲེང་གི་གྲོང་དུ་ཉི་མ་རྩེ་ཤར་ལ་འཇའི་གུར་ཕུབ་ཅིང་འཁྲུངས། ལོ་དགུ་ནས་རིགས་སད་དེ་དག་སྣང་དང་མོས་གུས་དཔག་མེད་ཤར། དགུང་ལོ་བཅུ་པའི་ཚེ་སྣང་བ་འདི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ལ་སྲ་ཞིག་འཐས་འཐས་འདྲ་བ་མི་བདེན་སྙམ་པ་དང་། བཅུ་གཉིས་པ་ལ་འཁོར་བ་ལ་སྐྱོ་བ་ཚད་མེད་པ་སྐྱེས་ནས་ཆོས་འབའ་ཞིག་ལས་གཞན་གང་གིས་ཀཡང་མི་ཕན་པར་ངེས་ཤེས་རྙེད། བཅུ་གསུམ་གྱི་ཐོ་རངས་ཉི་ཟླ་དུས་གཅིག་ལ་ཤར་བའི་རྨི་ལམ་སད་དུས། འཕགས་པ་ཐུགས་རྗེ་ཆེན་པོའི་མཐོང་། ཚེ་གཅིག་གྲིས་གྲོལ་བ་སྙིང་ཏིག་གི་དོན་སྒོམས་ཤིག་གསུངས། དེ་ནས་བཟུང་སྙིང་རྗེ་ཕྱོགས་མེད་རྒྱས། འགྲོ་བ་ཀུན་ལ་བུ་གཅིག་པའི་འདུ་ཤེས་ཤར། རྐྱེན་རེ་ལ་བརྟེན་ནས་གཞན་ལ་མཐོ་འགྲོགས་དག་ཁྱད་གསོད་མི་བྱེད་པའི་དམ་བཅའ་བྱས། ལུས་ཀྱི་སྲིན་བུ་དག་སྙིང་རྗེ་ཆེན་པོས་མི་འདོར་ཞིང་། ལོང་སྤྲང་དང་དམན་པ་ཁོ་ན་ལ་བྱམས་པ་ཐིག་པ་ཆེན་པོའི་རིགས་སད་པའི་རྟགས་ཁྱད་པར་ཅན་མངའ། བཅོ་བརྒྱད་ལ་སྣང་བ་བདེན་མེད་དུ་རྟོགས་པས་སྨྱོན་པ་ཁྲོག་ལངས་པ་ལྟ་བུར་སོང་སྟེ། ཕ་མས་ལྷ་གསོལ་བའི་ཡོ་བྱད་བསགས་པ་གཏོར་ཞིང་། ཕོ་གདོན་རྒྱལ་པོ་མཆོད། མོ་གདོན་བསེན་མོ་མཆོད། ཅེས་བྱས་པས། ཁྱོད་འདྲ་བའི་བུ་སྐྱེ་བ་ཟེར་འཐབས། ཉི་ཤུ་ལ་མཁན་པོ་ལྡེའུ་སྒང་པ་དང་། སློབ་དཔོན་བཀྲ་པ་སྒང་པ་ལས་རབ་ཏུ་བྱུང་། ཉི་ཤུ་རྩ་ལྔ་ལོན་ཚེ་སྲི་ཞིལ་གྱི་སེང་གེ་རྒྱབ་ཏུ་བྱོན། སེང་གེ་(སྟོད་ཆ།༣༢༤)རྒྱབ་པ་ལས་ཚལ་པའི་ཆོས་བསྐོར། བླ་མ་ཙ་རི་པ་ལས་སེང་གེ་མཇིང་བསྣོལ། རས་པ་དྲི་མེད་འོང་། ལྷ་རི་དཔལ། གཞོན་ནུ་འབུམ། སྟོན་ཆར། བྱང་ཡོན། ཇོ་སྲས་སུ་གྲགས་པ་རྣམས་ལས། གསང་སྔགས་གསར་རྙིང་། ཞི་བྱེད། གཅོད་ཡུལ། ཕྱག་ཆེན་སོགས་ཆོས་མང་དུ་ཉན། ཁྱད་པར་དུ་ཐུགས་རྗེ་ཆེན་པོའི་ལུང་བསྟན་བཞིན་གུ་རུ་ཇོ་འབེར་ལས་རྫོགས་པ་ཆེན་པོཐོས་པས། རྟོགས་པ་ཐོད་རྒལ་དུ་སྐྱེས། ཁྲོ་བོ་མ་ལ་སོགས་པའི་རི་ཁྲོད་དང་ལུང་སྟོང་རྣམས་སུ་ལོ་མང་པོའི་བར་དུ་སྒྲུབ་པ་ཁོ་ན་ལ་གཞོལ་བས་དགོངས་པ་ཀ་དག་གི་སར་གཤེགས། སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད་ནས། དྲུག་ཅུ་རྩ་བཞི་ལ་ཐེག་པ་མཆོག་གི་འབྲས་བུ་ཐོབ་པའི་རྟགས་ཁྱད་པར་བ་རྣམས་མངོན་དུ་ལུང་བསྟན་ནས་འོག་མིན་དུ་གཤེགས་སོ། དེའི་སློབ་མ་གྲུབ་ཆེན་མེ་ལོ་རྡོ་རྗེ་ནི། སྒྲགས་ཀྱི་ཕུར་རྣལ་འབྱོར་པ་བསམ་ཡས་ཀྱི་སྲས་སུ་བཙས། ལོ་དགུ་ན་གྲུབ་ཐོབ་ཟ་ལུང་པ་དང་། མཁན་པོ་སེ་ལུག་པ་ལས་རབ་ཏུ་བྱུང་། དེ་དུས་གཤིན་པོའི་དགེ་རྩར་ཡུམ་རྒྱས་འབྲིང་བསྡུས་གསུམ་ཁོ་ན་སྒྲོགས་པས་ལོ་བཅུ་དྲུག་འི་དུས་སྒྲགས་ཀྱི་ཕུའི་ཞོགས་སྟེང་བྱ་བར་བརྒྱད་སྟོང་བརྒྱ་རྩ་མཛད་པས་གནས་ལུགས་ཀྱི་དོན་རྟོགས། དེ་ནས་ཕྱོགས་མེད་དུ་འགྲིམས་ཏེ། མཚུར་ཕུའི་ངོ་བོ་རས་པ་སོགས་བླ་མ་མང་པོ་བསྟེན། ཤ་འུག་སྟག་སྒོ་དང་། མཁར་ཆུ་ལ་སོགས་པའི་གནས་ཆེན་མང་པོར་བྱོན། ནས་བྲེ་གང་གིས་ཟླ་བ་གཅིག་དང་ཞག་ཉི་ཤུའི་འཚེ་བ་བྱས་པ་སོགས་དཀའ་ཐུབ་ལ་ཤིན་ཏུ་བཟོད་པ་ཞིག་ཡིན། དཀའ་(སྟོད་ཆ།༣༢༥)བ་སྤྱད་པའང་བསམ་གྱིས་མི་ཁྱབ། ལོ་བཅོ་བརྒྱད་པའི་ཚེ་སེང་གེ་རྒྱབ་པ་སངས་རྒྱས་དབོན་པོ་མཇལ་ནས་མན་ངག་སྙིང་ཏིག་ཐོབ། དེ་མན་ངག་གིས་འཚེངས་བསམ་པའི་སྤོབས་པ་སྐྱེས་ཏེ་བསྒོམ་སྔོན་འགྲོའི་དུས་རང་ནས་ཞག་དྲུག་ཏུ་རྡོ་རྗེ་སེམས་དཔའི་ཞལ་ཉིནམཚན་མེད་པར་མཐོང་། དངོས་གཞིའི་དུས་བརྒྱུད་པའི་བླ་མ་རྣམས་རྨི་ལམ་དུ་མཇལ་ནས་བྱིན་གྱིས་བརླབས། ཉི་ཤུ་རྩ་གསུམ་པར་སངས་རྒྱས་རས་པ་ལས་རྡོ་རྗེ་ཕག་མོ་ལ་སོགས་པའི་གཏེར་ཆོས་དུ་མ་གསན་ནས་བསྒྲུབས་པས། རྡོ་རྗེ་ཕག་མོ་མངོན་སུམ་དུ་མཇལ། བྲག་ལ་གསང་རྡོར་བསྣུན་པས་ཐིམ་གྱིས་སོང་། རྟ་མགྲིན། སྒྲོལ་མ། སྤྱན་རས་གཟིགས། སློབ་ཆེན་ཆེན་པོ། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔལ། བི་མ་ལ། ཟ་ལུང་པ། སངས་རྒྱས་རས་པ། འགྲོ་མགོན་ཕག་གྲུ་རྣམས་ཞལ་གཟིགས། དུང་ལུང་དུ་མཁའ་འགྲོའི་སྒྲ་ཤིན་ཏུ་སྙན་པས་སྐྱེ་རྒྱུན་ཆོད་པའི་ལུང་བསྟན་བྱུང་། ཀ་བ་ཅན་དུ་ཕག་མོ་དམར་མོ་དང་། གྲུབ་ཐོག་ཟ་ལུང་པ་ནམ་མཁའི་ཀློང་དུ་མཇལ། དར་ཕུག་ན་བཞུགས་པའི་ཚེ་རྨི་ལམ་ན་ཕག་མོ་གཙོ་འཁོར་ལྔ་མཐོང་དེར་མནལ་སད་ཙ་ན། འོད་ཀྱི་ཕག་མོ་དངོས་སུ་གཟིགས། སྐྱིད་སྐྱིད་ཕུག་ཏུ་ཉམས་འབར་བས་ཞབས་བྲོ་མཛད་པའི་ཞབས་རྗེས་དང་ཕྱག་མཛུབ་ཀྱིས་བྲག་ལ་སྐྱིད་སྐྱིད་ཟེར་བ་མང་དུ་བྲིས་པ་དེང་སང་མཇལ་དུ་ཡོད། སྐྱབས་གནས་རྫོང་དུ་རྡོ་རྗེ་སེམས་དཔས་རྨི་ལམ་དུ་རྫོགས་པ་ཆེན་པོའི་དབང་བསྐུར། སྤྱིར་བླ་མ་མང་པོ་བསྟེན་ཅིང་ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ་བཞུགས། བཀའ་དྲིན་འགྲན་ཟླ་བྲལ་བ་སྒྲུབ་ཐོབ་ཟ་ལུང་པ། མཚུར་ཕུའི་དོ་བོ་རས་པ། འཁྲུལ་ཞིག་སེང་གེ་རྒྱབ་པ་ལས་སྙིང་པོའི་དོན་རྙེད་པ་(སྟོད་ཆ།༣༢༦)ཡིན། འདི་བརྟུལ་ཞུགས་ཤིན་ཏུ་ཆེ་བས་ཞིག་པོའི་སྱོད་པ་བླང་དོར་མེད་པས་གསང་བ་སྔགས་ཀྱི་དམ་ཚིག་ལསགརཇི་བཞིན་པར་སྦྱོང་ནུས། རྒོད་ཕྲུག་ནམ་མཁའ་ལ་ལྡིང་བ་མཐོང་བས་རིག་པ་བརྟུལ་ཞུགས་ཀྱི་དར་ཐོས་ནས་ནམ་མཁའི་ལམ་ལ་འགྲོ་བ་དང་། བྲག་ལ་འདམ་ལྟར་བྱེད་པ་བྱུང་། མཁན་པ་ལྗོངས་དང་། མཁན་པ་གླིང་དང་། སེང་གེ་རྫོང་དང་། མཁར་ཆུ་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་ཤིང་འགྲོ་དོན་མཛད། ཚེ་ཚད་སུམ་ཅུ་རྩ་བདུན་ཡིན་པ་ལ། སློབ་དཔོན་ཀུན་དགའ་ཞེས་པའི་སྐལ་ལྡན་ཞིག་གིས་གསོལ་བ་བཏབ་པས། དགུང་ལོ་དྲུག་ཅུ་རྩ་གཅིག་བར་དུ་བཞུགས་ནས་དུར་ཁྲོད་ལ་ཁར་སྐུ་གཤེགས་པའི་ཚེ་འོད་ཅེན་པོ་སྒྲ་དང་བཅས་པ་ནུབ་ཕྱོགས་སུ་ཡལ་བ་ཀུན་གྱིས་མཐོང་། པུར་གྱི་རྣམ་པ་སྦྱང་དུས། ནམ་མཁའི་ལམ་ནས་པུར་ཁང་ལ་འོད་ལྔའི་སྣམ་བུ་བརྐྱང་བ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང་ཞིང་། སྐུ་ལྔ་ཐོབ་པའི་རྟགས་ཀྱི་གདུངས་རིགས་ལྔ་ཡང་རྒྱུད་ལས་ཇི་སྐད་བཤད་པ་བཞིན་བྱོན་ཏོ། འདི་གྲུབ་ཐོབ་ཨོ་རྒྱན་པ་དང་དུས་མཚུངས། ཨོ་རྒྱན་པ་ལས་བཅུ་ཕྲག་ལྷག་ཙམ་གྱིས་བགྲེས་ལ་སྐུ་ཚེ་ཡང་རིང་ངོ་། མེ་ལོང་པའི་སློབ་མ་ནི་རིག་འཛིན་ཀུ་མ་རཱ་ཛ་སྟེ། གཡོ་རུ་འོན་པར་གསར་རྫིང་ཁ་ཞེས་བྱ་བའི་གྲོང་རྡལ་དུ་འཁྲུངས། ཐར་པ་རྒྱན་དུ་བཏགས། ཆུང ་ངུ་ནས་དད་པ་དང་སྙིང་རྗེ་དང་ཤེས་རབ་ལ་སོགས་ཏེ་འཕགས་པའི་ནོར་གྱི་ཁྱད་ཆོས་མང་པོ་མངའ་བས་ཀློག་ཡིག་མ་བསླབས་པར་མཁྱེན། ལོ་བདུན་ལ་ཀོང་པོ་འོར་ཤོད་མཐོ་སྟེངས་དགོན་པའི་བླ་མ་དགྱེས་རྡོར་བ་ལས། ཀྱེ་རྡོ་རྗེ་དང་། བདེ་མཆོག་གི་དབང་ཞུས། ལོ་དགུ་པའི་ཚེ་མཁན་པོ་(སྟོད་ཆ།༣༢༧)གཙང་བ་ལས་ཡོངས་རྫོགས་ཀྱིད་གེ་བསྙེན་བླངས། སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ཀྱི་ཆོས་སྐོར་ལ་སྦྱངས། བཅུ་གཉིས་པ་ལ་ཕག་མོ་གྲུའི་མཁན་པོ་ཡེར་པ་བ་དང་སློབ་དཔོན་མངའ་རིས་པ་ལས་རབ་ཏུ་བྱུང་། མཚན་གཞོན་ནུ་རྒྱལ་པོར་བཏགས། འདུལ་བ་ལ་བསླབས། རིན་པོ་ཆེ་གྲགས་ཡེར་བ་པ་ལས་ལོ་ལྔའི་བར་དུ་ནཱ་རོ་ཆོས་དྲུག་ལ་སོགས་པ་དང་། མཚར་སྟེངས་པ་ལས་བརྟག་གཉིས་ཉན། དཔོན་སངས་ཤེ་ལས་བཟོ་རིག་པ་བསླབས། ཡི་གེ་དྲུག་པ་བཟླས་པས་ཤེལ་གྱི་ཁང་བུ་ཞིག་ན་ཐུགས་རྗེ་ཆེན་པོ་ཞལ་འཛུམ་པ་མཐོང་། ཁྱུང་ནག་ཤག་དར་ལས་རྙིང་མའི་རྒྱུད་ལུང་མན་ངག་མང་དུ་ཞུས། ངང་ཕུག་ཏུ་མེ་ལོང་རྡོ་རྗེ་དང་མཇལ། ཕྱག་རྒྱ་ཆེན་པོའི་ཁྲིད་ཞུས་པས་སེམས་གཅེར་མཐོང་དུ་ངོ་འཕྲོད། དེ་ནས་གྲུབ་ཆེན་པ་མོན་གྱི་མཁའ་འགྲོ་གླིང་ལ་གཤེགས་པའི་ཕྱག་ཕྱི་ལ་བྱོན། རྡོ་རྗེ་ཕག་མོའི་ཆོས་སྐོར་སོགས་ཞུས་ནས་བསྙེན་པ་མཛད་པས། ཚེས་བཅུའི་ནུབ་ཅིག་ཨོ་རྒྱན་པདྨ་དང་མཇལ། ཨེ་མ་རིགས་ཀྱི་བུ། རྟག་ཏུ་ཆོས་གྱིས་ཤིག་གསུངས། དེ་ནས་མཚུར་པུར་བྱོན་ནས་གཉན་རས་དང་དར་མ་མགོན་པོ་ལས་ཀརྨ་པའི་ཆོས་སྐོར་རྣམས་ཞུས། དེ་ནས་ལ་སྟོད་དིང་རི་དང་། སྦུད་ཏྲར་བྱོན་པས། གྲུབ་ཆེན་ཨོ་རྒྱན་པ་དང་། རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་དགུང་ལོ་བདུན་པ་རབ་ཏུ་བྱུང་མ་ཐག་པ་དང་མཇལ། ཨོ་རྒྱན་པ་ལས་གདམས་པ་མང་དུ་ནོང་། དེ་ནས་ལོ་འགའ་ཨོ་རྒྱན་པས་གཉན་རས་ལས་སྙིང་ཏིག་ཞུས་པའི་ཟླ་ལ་ཚང་བར་ཐོབ། རྒྱ་སྨན་པ་ནམ་མཁའ་རྡོ་རྗེ་ལས་གསང་སྐོར་གནད་ཀྱི་ངོ་སྤྲོད་དང་། སྐལ་ལྡན་པ་ཆོས་ཀྱི་སེང་གེ་ལས་གསང་བ་གནད་ཀྱི་མེ་ལོང་སོགས་རྫོགས་ཆེན་གསང་བའི་སྐོར་(སྟོད་ཆ།༣༢༨)ཞུས། སླར་མཁར་ཆུར་གྲུབ་ཆེན་མོ་ལོང་རྡོ་རྗེར་གསང་བ་སྙིང་ཐིག་དབང་ཁྲི་གདམས་པ་དང་བཅས་པ་ལེགས་པར་ཐོབ། འབུལ་རྒྱུ་གཞན་མེད་པས་ལུས་ངག་ཡི་ཞབས་ཏོག་དང་། དབྱར་རིལ་པོ་གཉིས་སུ་རི་མོ་མཛད། ནས་ཁལ་བཞི་བཞི་གནང་བའི་གཉིས་གཉིས་ཀྱིས་ཤོག་བུ་ཉོས། མཚན་མོ་དཔེ་རྣམས་བྲིས། ཕྱེད་སོས་མར་མེ་དང་གསོལ་མཛད་པས། དཀའ་ཐུབ་ཀྱི་མཐུས་ཤིག་ནད་དྲག་པོ་ཞིག་བྱུང་། བྱིན་རླབས་དད་པའི་རྗེས་སུ་འབྲང་བས་ཐུགས་དམ་ཡང་ཁྱད་པར་ཅན་འཁྲུངས། བླ་མ་མཉེས་ནས་འགྲོ་དོན་གྱིས་ཤིག་པའི་རྗེས་སུ་གནང་བ་ཐོབ། དབང་གྲལ་དུ་བླ་མའི་དབུའི་བར་སྣང་ལ་མགོན་པོ་ཕྱག་བཞི་པ་དང་། སྒོའི་ཐད་ན་ཨེ་ཀ་ཛ་ཊཱི་མཐིང་མོ་ཞིང་དབྱུག་དང་སྦྱང་མོ་བརྣམས་པ་བོང་ཉིས་ཐོག་ཙམ་པ། ཕྱི་ངོས་ན་ལས་ཀྱི་མ་མོ་ཁྲག་རལ་ཅན་ལག་པས་ཁྲག་བཅུས་ནས་འཐུང་བ་རྣམས་མཐོང་། ལོ་བརྒྱད་དུ་བླ་མ་འདུལ་འབྲེལ་མེད་པར་བསྟེན། ཨོ་རྒྱན་གྱི་སྒྲུབ་ནས་སྨྱུག་ཚལ་སྦུག་ཏུ་དགུན་ཐོག་ཅིག་བཞུགས་པས་རྡོ་རྗེ་ཕག་མོས་ཞལ་གཟིགས། དེ་ནས་ཤེས་རབ་ཕྱོགས་མེད་དུ་རྒྱས། རེ་ཞིག་ཡར་ཀླུངས་མཚར་སྟེངས་ཀྱི་རི་ཁྲོད་བཏབ་ནས་བཞུགས། དེ་ནས་བླ་མ་འདའ་བར་མཁྱེན་ནས་མཁར་ཆུར་བྱོན་ཙ་ན། བླ་མའི་སྲས་གཉིས་དང་ས་སྐྱགས་སུ་འཛོམ། སླར་ལོག་ཉི་ཤུ་ལྔའི་དུས་མཆོད་བཙུགས། ཙ་རི་ལ་བྱོན་པ་སཀྲིག་མོ་ལྷའི་ནེའུ་གསིང་གི་རྡོ་སྐུ་ལ་འཇའ་ཚོན་སྣ་ལྔ་ཟུག་པ་སོགས་བྱུང་། དེ་ནས་མཚུར་ཕུར་ཆོས་རྗེ་རང་བྱུང་རྡོ་རྗེ་སགདན་དྲངས་ཏེ་སྙིང་ཏིག་གི་གདམས་པ་རྣམས་ཕུལ། ཤངས་སུ་བྱོན་ནས་ལྕེ་སྒོམ་ནག་པོའི་བརྒྱུད་པ་སློབ་དཔོན་སྒོམ་པ་ལ་གསང་སྐོར་སྙན་བརྒྱུད་རྣམས་དང་བསམ་(སྟོད་ཆ།༣༢༩)གཏན་མིག་གི་སྒྲོན་མེ་ཞུས། དིང་རི་སྣ་དམར་དུ་དབོན་པོ་བྱང་སྒྲུབ་ལ་ཡང་དགོན་པའི་རི་ཆོས་རྣམས་ཉན། ཨོ་རྒྱན་པ་རིན་ཆེན་དཔལ་དང་ཡང་མཇལ། མར་ལམ་བླ་མ་བཀྲ་ལུང་པ་ལས་གཤིན་རྗེ་དགྲ་ནག་ལ་སོགས་པ་ཞུས། སློབ་དཔོན་ཡེ་མགོན་ལ་སོགས་པ་བཤེས་གཉེན་མང་དག་ལས་གསང་སྐོར་དང་། རྒོད་ཚང་པའི་ཁྲིད་ཀྱིས་སྐོར། ཨ་རོའི་ཁྲིད་མོ་ཆེ་དོན་སྐོར་ལ་སོགས་པ་བོད་ན་གྲགས་པ་ཆེ་བའི་རྫོགས་རིམ་ཕལ་མོ་ཆེ་ཁོང་དུ་ཆུད། ཆོས་ཕྱིར་དཀའ་སྤྱད་བཟོད་པས་ཙཱ་རི་གསར་མ་བགྲོད་ནས་རྙིང་མའི་གཡུ་མཚོའི་འགྲམ་དུ་གཅིག་པུར་ཟླ་བ་བརྒྱད་བཞུགས། ཆོ་འཕྲུལ་ཆེན་པོ་བྱུང་བ་གཤིས་ཐོག་ཏུ་རོ་སྙོམས་པས་གཞི་བདག་དབང་དུ་འདུས་ནས་ཁང་པར་གདན་དྲངས་བསྙེན་བཀུར་བྱས། ཛམ་བྷ་ལས་ནོར་བུ་བྱིན་ནོ། །མཚོ་ནག་དུ་འོད་ལྔའི་ཝུ་བ་སེལ་བོ་ཙམ་ཞིག་ཐིམ་འགྲོ་བ་གཟིགས། ཐུགས་ངེས་འབྱུང་དང་སྐྱོ་ཤས་ཀྱིས་རྒྱུད་བརླན་པས་རྟག་ཏུ་ཤམ་པོ་ལ་སོགས་གངས་ཁྲོད་དང་ལུང་སྟོང་འབའ་ཞིག་ཏུ་ལྷགས་སྐྱོབ་ཙམ་ལ་བརྟེན་ནས་བཞུགས་པས་སློབ་མའི་ཚོགས་མང་པོ་འཁོར་བ་མཐའ་ཅན་དུ་མཛད། སྤྲུལ་པའི་སྐུར་གདོན་མི་ཟ་བ་ཀརྨ་པ་རང་བྱུང་རྡོ་རྗེ་དང་། རྒྱལ་བ་ཀློང་ཆེན་པ་གཉིས་རྫོགས་པ་ཆེན་པོའི་སློབ་མའི་གཙོ་བོར་གྱུར་པས་བསྟན་པ་འདི་སྤེལ་བའི་ཕྲིན་ལས་ལ་མུ་དང་མཐར་མ་སོན། དེ་སྐད་དུ་འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱིས། ཆོས་འདིའི་བསྟན་པའི་དག་པོ་ཀུན་མཁྱེན་ཀློང་ཆེན་པ་ཡིན། རྒྱལ་བ་རང་བྱུང་རྡོ་རྗེའི་དུས་ཕྲིན་ལས་རྒྱ་ཆེ་ཞེས་གསུངས་པས་མཚོན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཤིན་ཏུ་གོམས་པས་སྙིང་རྗེ་ཆེན་པོའི་གཞན་དབང་གིས་གྲོང་དང་ཡུལ་འཁོར་མང་པོ་དག་ལའང་ཐབས་(སྟོད་ཆ།༣༣༠)ལ་མཁས་པས་ཐར་པའི་ས་བོན་འདེབས་པ་ཁོ་ན་ལྷུར་མཛད་ཅིང་། ཀོང་པོ་ནས་ཨེ་ལ་ཐུག་གི་བར་འཇིགས་པས་ཉེན་པའི་ལམ་འཕྲང་ལ་འགྲོ་བ་དག་གི་དབུགས་འབྱིན་པ་དང་། རི་དྭགས་དང་ཉ་ལ་སོགས་པའི་སེམས་ཅན་ཉམ་ཆུང་བ་དེ་དག་ལ་ཐུགས་ཤིན་ཏུ་བརྩེ་བས་བདོག་པ་ལ་ཕོངས་སེམས་མེད་པས་རི་རྒྱ་དང་། ལམ་རྒྱ་དང་། ཆུ་རྒྱ་ལ་སོགས་པ་མཛད་ནས་བདེ་འཇམ་ལ་བཀོད། གང་དུ་བཞུགས་པའི་ལུང་པ་དང་། ཡུལ་གྲོང་ཐམས་ཅད་ཀྱི་སད་སེར་ཡམས་ནད་ལ་སོགས་པ་ཞི་བར་མཛད་ཅིང་ཕན་པ་འབའ་ཞིག་ལྷུར་ལེན། སྙིང་ཏིག་གི་གདམས་པ་རྫོགས་རིམ་གཞན་དང་མ་འདྲེས་པར་རང་སྐད་ཀྱིས་གྲུབ་མཐའ་བསླངས་ཏེ་འཆད་ནུས་པ་དང་། ཤངས་ལ་སྨེ་བ་ཨའི་རི་མོ་ཅན་མངའ་བ་དང་། སྔགས་བདག་གཟའ་དམ་ཅན་རྣམས་ཀྱིས་བཀའ་ལ་ཉན་ཅིང་མི་ལབ་པ་བཞིན་དུ་ཡོད་པ་དང་། མངོན་པར་ཤེས་པས་གདུལ་བུཡའི་བསམ་པ་མཁྱེན་ནས་གཞན་རྒྱུད་འདུལ་ལུགས་མཁས་པ་དང་། རྒྱུད་བྱིན་གྱིས་རློབ་ནུས་པ་དང་། རྗེས་སུ་བཟུང་བའི་སྐལ་ལྡན་ཀུན་ལ་འདས་དུས་རྟགས་ཁྱད་པར་ཅན་འབྱུང་བ་སོགས་སློབ་དཔོན་བི་མ་ལའི་སྐུ་བཀོད་པར་གྲགས་ཤིང་ཐལ་འགྱུར་ལས་དགེ་སློང ་དཔལ་ལྡན་ཞེས་ལུང་བསྟན་ཏོ། །དེ་ལྟར་དོན་གྱི་འགྲོ་དོན་བསམ་གྱིས་མི་ཁྱབ་པའི་ངང་ནས་བདུན་ཅུ་རྩ་བརྒྱད་ཆུ་མོ་ལུག་གི་ལོའི་སྟོན་ཟླ་འབྲིང་པོའི་ཉི་ཤུ་ལྔ་ལ་སྒྲ་དང་། འོད་དང་། གུར་ཁྱིམ་ལ་སོགས་པའི་རྟགས་ངོ་མཚར་བ་དང་བཅས་སྐུ་གཤེགས་པས་ཉེ་གནས་སྒོམ་དར་ལ་སོགས་པ་དྲུང་ན་ཡོད་པ་རྣམས་ཀྱི་མོས་གུས་ཆེན་པོས་གདུང་བ་བསྐྱེད་པས་སླར་བཞེངས་ཏེ་སྐྱིལ་མོ་ཀྲུང་བཅས། ཞལ་འཛུམ་པའི་ངང་ནས་ཁྱེད་རྣམས་(སྟོད་ཆ།༣༣༡)མྱ་ངན་མ་བྱེད། ང་ཤི་བ་མིན་གསུངས་ནས་གདམས་ངག་དང་ཞལ་ཏ་ཅི་རིགས་པ་བྱོན། ཞག་བཅུ་གསུམ་སྐུ་ཚེ་སླར་ལ་བསྲིངས། དེར་ཚེས་བདུན་གྱི་ཉིན་གཤེགས་པའི་ཕྱི་ན་ཇི་ལྟར་བགྱི། བླ་མ་ཀུན་མཁྱེན་པ་གདན་འདྲེན་ནམ་ཞུས་པས། ཁོང་འོ་བརྒྱལ་དུ་མ་འཇུག་ད་གཟོད་ཆོས་ཀྱ་ིཞུན་མཐར་མ་ཆོད་པ་ཡོད་ན་དེར་སོང་། ཁ་ཏ་མང་པོ་སྔར་ནས་བྱས་ཟིན་ཅལ་ཅོལ་མ་སྨྲ་གསུངས། དྲང་སྲོང་ཅོག་པུའི་འདུག་སྟངས་དང་། ཆོས་སྐུའི་གཟིགས་སྟངས་ཀྱི་ངང་ལས་ཞལ་འཛུམ་པར་མཛད། ཚེས་བརྒྱད་ཀྱི་ཐོ་རེངས་ཁ་ན་གདོད་མའི་གྲོང་ཁྱེར་ག་ལ་བ་དེར་གཤེགས་སོ། ཉི་ཤུ་ལྔ་ལ་བུར་བཞུས་པས་དབུ་ཐོད་རིལ་པོར་བྱོན་པའི་ནང་ན་རིགས་ལྔའི་ཚོམ་དཀྱིལ་དང་། སྙན་གོང་གཡས་ན་རྗེ་བཙུན་མ་མཐིང་ཚོན་གང་པ། གདུང་རིགས་ལྔ་དང་། རིང་བསྲེལ་ལ་སོགས་པ་བྱོན་ཞིང་། འཇའའི་གུར་གྱིས་ཁོ་ར་ཁོར་ཡུག་ཏུ་དཀྲིགས་སོ། ཆོས་རྗེ་རང་བྱུང་རྡོ་རྗེ་ནས་བརྒྱུད་པ་ལྟར་ན། དེ་ལ་རྒྱལ་བའི་དབང་པོ་ཀརྨ་པ་རང་བྱུང་རྡོ་རྗེ་ནི། ཆོས་ཀྱི་དབྱིངས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེའི་ཀླུས་བསྐུལ་ནས་སེམས་ཅན་རྣམས་ལ་ཚད་མེད་པའི་སྙིང་རྗེས་གཟིགས་ཏེ་སྟོད་ལུང་དུ་རྒན་རྒོན་གཉིས་ཀྱི་བུ་ཤི་བའི་རོ་ལ་གྲོང་འཇུག་གི་རྣམ་པས་གཤེགས་ཙ་ན། ཤི་མིག་གསོན་ལ་ལྟ་བ་ལྟས་ངན་ཡིན་ཟེར་ནས་མིག་ཁབ་ཀྱིས་གཙགས། དལ་འབྱོར་གྱི་ཆོས་བརྒྱད་ཚང་བའི་ལུས་གཞན་དུ་གྱུར་པས་སླར་ཕེབས་ཏེ། རྣལ་འབྱོར་ཕོ་མོ་གཉིས་ཀྱི་བུར་སྲིད་པ་བཟུང་། སྔོན་གནས་རྗེས་སུ་དྲན་པ་ལ་སྒྲིབ་བྱེད་སྐྲའི་རྩེ་མོ་ཙམ་ཡང་མེད་པས་མངལ་(སྟོད་ཆ།༣༣༢)གྱི་དྲི་མས་གཏན་ནས་མ་གོས་པ་རྒྱ་གར་ན་ཤཱཀྱ་ཐུབ་པ་དང་། བོད་དུ་སྐྱེས་བུ་ཅེན་པོ་འདི་ལས་མེད་པར་གྲགས། རྒྱ་བོད་གཉིས་ཀར་སངས་རྒྱས་ཀྱི་བསྟན་པའི་སྲོག་ཤིང་གཅིག་པུར་བཞུགས། མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས་ཤིང་གྲུབ་པའི་རྣམ་པར་ཐར་པ་ལ་སུས་ཀྱང་འགྲན་དུ་མེད། གངས་ཅན་གྱི་མཁས་གྲུབ་དང་ཆེ་དགུ་ཐམས་ཅད་ཀྱིས་མཐུན་པར་བཀུར། ཐུགས་རྗེའི་ཤུགས་ཀྱིས་རྒྱ་ནག་གི་རྒྱལ་པོ་ཚངས་པ་ལྟ་བུས་ཀྱང་མཆོད་ཅིང་དེ་ཉིད་བསྟན་པ་ལ་བསམ་ཡས་མཆིམས་ཕུ་དང་གཡའ་མ་ལུང་སོགས་ཚེ་ཆུང་གཏེར་དུ་བཞེས་ནས་གོང་མ་རྒྱལ་པོའི་སྐུ་ཚེ་བསྲིངས། ལྷག་པའི་ཐུགས་བསྐྱེད་བཟང་པོས་བསྟན་པ་མཐའ་དག་འཕེལ་རྒྱས་མཛད། ཁྱད་པར་སྔོན་སྦྱངས་རིགས་ཀྱི་ནུ་སཔ་རྣམ་དཔྱོད་ཟབ་མོས་གསལ་བས་བསྟན་པ་ཐམས་ཅད་ཀྱི་སྙིང་པོའི་མཐར་ཐུག་རྫོགས་པ་ཆེན་པོ་ཡིན་པར་དགོངས་ཏེ། གོང་མ་པཀྴིའི་ཐུགས་དམ་རྫོགས་ཅེན་གྱིས་མཚོན་པ་རྣམས་་གཉན་རས་ལ་གསན་ཅིང་། དེ་དང་སྙེ་མདོ་བ་ཀུན་དགའ་དོན་གྲུབ་ལ་སྙིང་ཐིག་གི་དབང་ཁྲིད་སྔ་ཕྱིར་གསན་ཡང་། གདམས་པ་གཞན་དང་འདྲེས་པར་དགོངས་ཤིང་། ཐུན་མོང་མ་ཡིན་པའི་གནད་ཇི་བཞིན་རྟོགས་པ་གྲུབ་ཆེན་མེ་ལོང་རྡོ་རྗེར་ངེས་ཤེས་ཀྱིས་གསན་པར་བརྩམས་ཀྱང་རྟེན་འབྲེལ་མ་འགྲིག་རིག་འཛིན་ཀུ་མཱ་རཱ་ཛ་སྔར་ཨོ་རྒྱན་པ་དང་། གཉན་རས་ལ་ཆོས་གསན་དུས་མཆེད་ཡིན་ཡང་། ཕྱིས་གྲུབ་ཐོབ་ཆེན་པོའི་སློབ་མར་གྱུར་ཏེ། རྫོགས་ཆེན་ལ་མཁྱེན་རྟོགས་འགྲན་མེད་དུ་དགོངས་ནས་དེ་ལ་གསན་པ་དང་། སློབ་དཔོན་ཆེན་པོ་བི་མ་ལ་རང་གི་མཛོད་སྤུར་ཐིམ་པ་གཟིགས་པའི་རྐྱེན་གྱིས་རྫོགས་པ་ཆེན་པོའི་དོན་ཇི་བཞིན་པ་ཐུགས་སུ་བྱོན། ཀུན་(སྟོད་ཆ།༣༣༣)ཏུ་བཟང་པོ་ཐུགས་ཀྱི་ཀློང་ན་རང་གསལ་ཏེ་དགོངས་པའི་གཏེར་མཛོད་ཆེན་པོ་ལ་དབང་བསྒྱུར་ནས་ཀརྨ་སྙིང་ཏིག་ཅེས་གྲགས་པའི་གདམས་པ་ཡང་བྱུང་སྟེ། གདམས་ངག་གི་ཡི་གེ་མཛད་པར་ཡང་འདི་ལྟར་ཆེད་དུ་བརྗོད་པ་ནི། ཇི་སྐད་དུ། རྒྱལ་བས་གསུངས་པའི་དམ་ཆོས་ཀུན་གྱི་བཅུད། ལུང་དང་རྟོགས་པར་འབྲེལ་བ་གསང་སྔགས་དོན། །རྫོགས་རིམ་སྙིང་ཕྱུང་མངོན་སུམ་ལྟ་བའི་གནད། །མན་ངག་དེམས་དང་མཐུན་པར་བདག་གིས་བསྡེབས། ཡི་གེ་རྣམས་ལ་བལྟས་པའི་རྟོག་དཔྱོད་མིན། བདག་ནི་བི་མ་ལ་ཡིས་བྱིན་གྱིས་བརླབས། ཀརྨའི་ཡང་དགོན་དབེན་པར་འདུག་པའི་ཚེ། ནམ་ལངས་དུས་མཐར་ཤར་གྱི་ཕྱོགས་རོལ་ནས། །ལྟ་བས་མི་ངོམས་འོད་ཀྱིས་མཛེས་པ་ནི། །མངོན་སུམ་ལྟར་སྣང་བདག་གི་མཛདོ་སྤུར་ཐིམ། དེ་ནས་འབད་མེད་གནད་འདི་ཐམས་ཅད་གོ། །འདི་ནི་ཆོས་ཀུན་མཐུན་ཞིང་ཁྱད་པར་དུ། །མངོན་སུམ་རིག་པའི་ཁྱད་ཀྱི་འཕགས་པ་ཡིན། །ཞེས་སོགས་ཆེད་དུ་བརྗོད་ཅིང་ཉམས་བཞེས་ཀྱི་སྙིང་པོ་དང་། ཐུན་མོང་མིན་པའི་སྐལ་ལྡན་ཁོ་ན་ལ་རྣག་ཆོས་སུ་སྩལ་ཞིང་། འདི་ནི་སློབ་དཔོན་ཆེན་པོ་པདྨ་ལས་བརྒྱུད་པ་ཞིག་འོང་ཐང་དགོངས་པའི་ཚེ་སློབ་དཔོན་སངས་རྒྱས་གཉིས་པས་ཞལ་གཟིགས། མན་ངག་སྙིང་ཏིག་དངོས་སུ་ཐོབ་ཀྱང་ཚིག་བརྒྱུད་ལ་ནན་ཏན་དུ་བྱ་བའི་ཕྱིར་ཤོའི་རྒྱལ་སྲས་ལེགས་ལྡན་པ་སྤྱན་དྲངས་ནས་ཙ་རི་དགོན་གསར་དུ་རྫོགས་པར་གསན། གཏེར་སྟོན་གྱི་རྣམ་ཐར་ན་ཤོག་སེར་སྟེང་ནས་གཏེར་སྟོན་ཉིད་ཀྱིས་ལུང་ཕུལ་བར་བཤད་འདུག །སླར་སློབ་མ་རྣམས་ལ་རྩལ་དུ་བཏོན་ནས་གསུངས། བཀའ་ལས་ཆོས་འདི་ལྟ་བུ་ནུབ་ཏུ་ཕངས་པས་གཡུང་སྟོན་རྡོ་རྗེ་དཔལ་གྱིས་(སྟོད་ཆ།༣༣༤)གཙང་། ཡེ་རྒྱལ་བས་ཁམས་ཀོང་། ཡེ་ཤེས་རྒྱལ་མཚན་པས་ཧོར་དང་རྒྱ་ནག །སྤྲུལ་སྐུ་བས་དབུས་སུ་དར་བར་གྱིས་ཞེས་སྨན་ལུང་པ་ཤཱཀྱ་གཞོན་ནུ་སོགས་ལ་རྗེས་སུ་གདམས། ས་ལ་གནས་པའི་བྱང་སེམས་ཀྱིས། རྒྱ་མཚོའི་བར་དུ་སྤེལ་བར་བྱེད། ཅེས་པ་དེ་ཡིན་པར་གྲགས། ཀུན་མཁྱེན་ཉིད་ཀྱིས་ཇི་ལྟར་གདམས་པ་བཞིན། གཡུང་སྟོན་ནས་ཀརྨ་པ་རོལ་པའི་རྡོ་རྗེ། མཚུར་ཕུ་འཇམ་དབྱངས་ཆེན་པོ་སོགས་ལས་ཀར་འབྲུག་འབྲི་སྟག་སོགས་དང་། སྨན་ལུང་བ་ནས་དྭགས་སྟོན་དང་གཉེན་སྟོན་ལས་བརྒྱུད་པ་དང་གཞན་ཡང་བརྒྱུད་པ་ཐ་དད་པ་མང་དུ་བྱུང་འདུག་སྟེ་ཐམས་ཅད་སྨོས་ཀྱིས་མི་ལངས་ཏེ། འདི་དག་ཀྱང་བསྟན་པའི་ཆུ་མགོ་གཅིག་ཡིན་ནོ། །རྒྱལ་བ་གཉིས་པ་དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོའམ། ཀློང་ཆེན་རབ་འབྱམས་ནི། གཡོ་རུ་གྲྭའི་ཆ་སྟོད་གྲོང་དུ་ངན་ལམ་བཙན་པོ་འོད་ཀྱི་དཀྱིལ་འཁོར་ཅན་ཞེས་བྱ་བ་མ་སྨད་པའི་རིགས་ཀྱི་ཡོན་ཏན་ཅན་ནོ། །རུས་ནི་རོག་སྟེ་སད་མི་བདུན་གྱི་ནང་ཚན་ཛྙ་ན་ཨིནྡྲ་རཀྵི་ཏའམ། བོད་སྐད་དུ་ཡེ་ཤེས་དབང་པོ་སྲུང་བ་སྟེ་སློབ་དཔོན་ཆེན་པོའི་དངོས་སློབ་དགེ་སློང་རྒྱལ་བ་མཆོག་དབྱངས་དང་གདུང་གཅིག་པའི་རབས་ཉེར་ལྔ་པ། མེས་པོ་ལྷ་སྲུང་ཞེས་བདུད་རིཙའི་བཅུད་ལེན་གྲུབ་པས་ལོ་བརྒྱ་དང་ལྔར་འཚོ་བ་དེའི་སྲས་སློབ་དཔོན་བསྟན་པ་སྲུང་ཞེས་རིག་གནས་དང་། སྔགས་ཀྱི་རྣལ་འབྱོར་ལ་རང་བྱོན་པ་འབྲོམ་བཟའ་མ་བསོད་ནམས་རྒྱན་ཅེས་བྱ་བ་དང་འདུས་པ་ལས་སྐྱེ་བའི་མྱུ་གུ་བཟུང་ངོ་། དེའི་ཚེ་ཡུམ་གྱིས་སེང་གེ་ཆེན་པོ་གཅིག་གི་དཔྲལ་བ་ན་ཉི་མའི་འོད་ཟེར་འབར་(སྟོད་ཆ།༣༣༥)བས་སྲིད་པ་གསུམ་ལྷག་གེར་གསལ་བ་ཞིག་རང་ཉིད་ལ་ཐིམ་པར་རྨིས་སོ། དེ་ནས་རབ་བྱུང་ལྔའི་ཕུར་བུ་ས་སྤྲེའུ་དབོ་ཟླ་བའི་ཚེས་བཅུའི་ཉིན་མངལ་གྱི་ཆུ་འཛིན་ལས་རྣམ་པར་གྲོལ། གཞོན་ནུ་དོན་གྲུབ་ལ་ལྷའི་དབང་པོས་བྱ་བ་བཞིན་དུ་ནམ་གྲུ་རེ་མ་ཏིས་ངེས་བསྲུངས་པ་ཡིན་ཞེས་ལག་ཏུ་བླངས། སླར་ཡུམ་ལ་གཏད་ནས་མི་སྣང་བར་སོང་། གསུང་བྱེ་བའི་ཚེ་དད་པ་དང་སྙིང་རྗེ་བློ་གྲོས་ཀྱི་མཐུ་རྣམས་སྐྱེ་བས་ཐོབ་པའི་རྟགས་སུ་གསལ། ལོ་ལྔ་ནས་འབྲི་ཀློག་བརྡ་བསྟན་པ་ཙམ་གྱིས་ཚིགས་མེད་པར་མཁྱེན། བདུན་ནས་བཟུང་ཡབ་ལས། བཀའ་བརྒྱད་བདེ་གཤེགས་འདུས་པ། རྟ་མགྲིན། ཕུར་པ། གུ་རུ་ཞི་དྲག་རྣམས་ཀྱི་དབང་ལུང་མན་ངག་ཕྱག་བཞེས་དང་བཅས་པ་དང་སྨན་རྩིས་ལ་སོགས་པའང་གསན་ཅིག་ཀུན་ཆུབ་པར་མཛད། དགུ་པ་ལ་གྲ་ཕྱིའི་ཚོང་འདུས་སུ་ཉི་ཁྲི་དང་བརྒྱད་སྟོང་པ་བརྒྱ་ཚར་སྒྲོགས་པས་ཚིག་དོན་ཐུགས་སུ་ཆུད། བཅུ་གཉིས་པ་ལ་བསམ་་ཡས་སུ་མཁན་པོ་བསམ་གྲུབ་རིན་ཆེན་དང་། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་། མཚན་ཚུལ་ཁྲིམས་བློ་གྲོས་སུ་གསོལ། འདུལ་བ་ལ་སྦྱངས་ཤིང་བཅུ་བཞི་པ་ལ་བཤད་གསར་མཛད་པས་མཁས་པའི་གྲགས་པ་ཐོན། བཅུ་དགུ་པ་གསང་ཕུ་ནེའུ་ཐོག་ཏུ་སློབ་དཔོན་ཆེན་པོ་བཙན་དགོན་པ་དང་། ཁྱད་པར་བླ་བྲང་པ་ཆོས་དཔལ་རྒྱལ་མཚན་དང་། ཆོས་གྲགས་གཉིས་པར་གྲགས་པ་གཞོན་ནུ་རིན་ཆེན་གཉིས་གཙོ་བོར་བསྟེན་ཅིང་། ཕར་ཚད་ཀྱི་གཞུང་འགྲེལ་མཐའ་དག་གསན་ནས་ཚིག་དོན་རྣམས་མཁས་པར་སྦྱངས། སློབ་དཔོན་གཞོན་ནུ་རྒྱལ་པོ་ལས་དབུ་མ་རྩ་འཇུག་སོགས་ཀྱི་གཞུང་འགྲེལ་མན་ངག །དཔང་ལོ་ཆེན་པོ་ལས་མངོན་པ་དང་། ཏིང་འཛིན་རྒྱལ་པོ་(སྟོད་ཆ།༣༣༦)སོགས་ཟབ་མོ་མདོ་ལྔའི་བཤད་པ་སྙན་ངག་སོགས་ཐ་སྙད་ཀྱི་གཙུག་ལག་རྣམས་ཀྱང་གསན་ཅིང་། དེ་དག་གི་ཚིག་དོན་མཐའ་དག་ལོ་གསུམ་ལ་ཀུན་ཆུབ་པར་གྱུར་ཏེ། ལུང་རིགས་སྨྲ་བའི་སྡེ་རྣམས་སུ་གྲྭ་བསྐོར་མཛད་པས། གཞུང་ཚོགས་ཀྱི་རྒྱ། མཁྱེན་རབ་ཀྱི་རྩལ། རིག་པའི་རྣམ་འགྱུར་ཀུན་ལ་ཐོགས་པ་མི་མངའ་བས། ཐམས་ཅད་ཀྱིས་བསྔགས་པའི་ཡུལ་དུ་མཐུན་སྣང་གྲུབ་ཅིང་། བསམ་ཡས་པ་ལུང་མང་པོ་ཞེས་མཚན་དུ་ཐོགས། དེ་དག་གི་སྔ་ཕྱི་ཅི་རིགས་པར་དན་བག་པ་གཞོན་ནུ་དོན་གྲུབ་ལས། མདོ་སྒྱུ་འཕྲུལ་སེམས་ཕྱོགས་ཀྱི་དབང་ཁྲིད་བཤད་བཀའ་ཐམས་ཅད་དང་། གསང་འདུས་སྦྱོང་རྒྱུད་ལ་སོགས་པ། སློབ་དཔོན་བཀྲ་སིས་རིན་ཆེན་ལས་བདེ་མཆོག་དང་། ལམ་འབྲས་སྦྱོར་དྲུག ཞི་བྱེད་རྫོགས་ཆེན་སེམས་ཕྱོགས་ཀྱི་སྐོར། སློབ་དཔོན་གཞོན་ནུ་རྡོ་རྗེ་ལས། སྤྱོད་འཇུག་དང་བསླབ་བཏུས་བསྟན་རིམ་ལ་སོགས་པ། མཐིང་མ་བ་སངས་རྒྱས་གྲགས་འོད་ལས། བཀའ་བརྒྱད་བདེ་གཤེགས་འདུས་པ་སོགས་གསང་སྔགས་གཏེར་མ་མང་པོ་དང་། གཞན་ཡང་ཆོས་རྗེ་རང་བྱུང་རྡོ་རྗེ། བླ་མ་འཇམ་དབྱངས་པ། རིན་པོ་ཆེ་ཁྲོ་ཕུ་བ། ཁང་དམར་བ། བླ་མ་ཚང་འདུས་པ། ཟ་ལུང་རིན་པོ་ཆེ། ཤུག་གསེབ་རི་པ་སོགས་ཡོངས་སུ་འཛིན་པའི་བཤེས་གཉེན་ཉི་ཤུ་ལྷག་ཙམ་ལས་གསང་སྔགས་གསར་རྙིང་གི་དབང་བཀའ་རྗེས་གནང་། མདོ་སྔགས་ཀྱི་གཞུང་ཆེ་ཆུང་མང་པོའི་བཤད་པ་དང་ལུང་ཟབ་ཁྲིད་གདམས་ངག་རྩིས་སོགས་ཐ་སྙད་ཀྱི་ཕྱག་ཁྲིད་སོགས་ཤེས་བྱའི་ཆོས་ཚུལ་མཐའ་དག་ལ་སྦྱངས་ཤིང་མཁས་པར་མཛད། གསང་ཕུར་སྡེ་སྣོད་ཀྱི་གསན་པ་མཛད་(སྟོད་ཆ།༣༣༧)པའི་སྐབས་དེ་རྣམས་སུ་མི་གཡོ་བ། དབྱངས་ཅན་ལ། ཕག་མོ་ཤེས་རབ་གསལ་བྱེད་རྣམས་ཀྱི་བསྙེན་སྒྲུབ་མཛད་པས་དེ་དག་ཞལ་གཟིགས་ཤིང་། ཁྱད་པར་ལྷ་མོ་དབྱངས་ཅན་མས་ཕྱག་མཐིལ་དུ་བཞག་སྟེ་གླིང་བཞི་རི་རབ་དང་བཅས་པ་ཞག་བདུན་དུ་བསྟན་པས་ཐོགས་པ་མེད་པའི་བློ་གྲོས་ཀྱི་མཐུ་གྲུབ། གསང་ཕུར་བཞུགས་སྐབས་ཁམས་པའི་ཆགས་སྡང་གི་རྩོད་པས་ཐུགས་ཕྱུངས་ཏེ་དབུར་སྟོད་རྒྱ་མ་ལྕོག་ལའི་བྲག་ཁུང་དུ་ཟླ་བ་བརྒྱད་མུན་མཚམས་ནས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དེའི་ཚེ་རྗེ་བཙུན་འཕགས་མ་མཛེས་སྡུག་མཚུངས་པ་མེད་པའི་ཡེ་ཤེས་ཀྱི་སྐུས་རིན་པོ་ཆེའི་ཅོད་པན་ཉིད་ཀྱི་དབུ་ལ་བཅིངས་ཏེ། རྟག་ཏུ་བྱིན་གྱིས་རློབ་ཅིང་དངོས་སྒྲུབ་སྩོལ་བར་དབུགས་དབྱུང་བ་ཐོབ། དགུང་ལོ་ཉེར་བདུན་པ་ལ་ཡི་དམ་ལྷས་ལུང་བསྟན་པའི་བླ་མ་རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛའི་སྤྱན་སྔར་ཕེབས། ཡར་སྟོད་སྐྱམ་གྱི་ཕུར་བཞུགས་པ་དང་མཇལ། སྤྱིར་དབང་དང་གདམས་པ་མང་དུ་གསན། ཁྱད་པར་གསང་བ་བླ་ན་མེད་པའི་དབང་དང་གདམས་པ་རྣམས་ཉམས་ཁྲིད་དུ་གསན་ནས་ཟས་གོས་མལ་སོགས་ཀྱི་དཀའ་སྤྱད་ལ་མི་ཞུམ་པའི་སྙིང་སྟོབས་ཀྱིས་ཉམས་ལནེ་ཆིག་སྒྲིལ་དུ་མཛད་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་ཉམས་རྟོགས་མཐར་ཕྱིན། གཞན་ཡང་དེ་དག་གི་རྒྱུད་འགྲེལ་གདམས་ངག་ཕྲན་ཚེགས་དང་བཅས་པ་རྣམས་ཀྱང་རྫོགས་པར་གསན་ཅིང་གདམས་པའི་གཏད་རྒྱ་དང་བཅས་པ་རྣམས་ཀྱང་རྫོགས་པར་གསན་ཅིང་གདམས་པའི་གཏད་རྒྱ་དང་བཅས་རྒྱལ་ཚབ་ཏུ་དབང་བསྐུར། མཆིམས་ཕུ་ལ་སོགས་པའི་དབེན་གནས་རྣམས་སུ་ལོ་གསུམ་མའི་དམ་བཅས་མཚོན་ལོ་(སྟོད་ཆ།༣༣༨)བདུན་དུ་ཟབ་ལམ་གྱི་སྒྲུབ་པ་ལ་ནན་ཏན་དུ་མཛད། སྐབས་འགར་བླ་མའི་དྲུང་དུ་བསྙེན་ནས་ཉམས་རྟོགས་ཀྱི་མཐའ་རྒྱ་ལེགས་པར་བཅད་པ་ལས། གནས་ལུགས་ཟབ་མོའི་ལྟ་བའི་གནད་སྒོམ་པ་ཏིང་ངེ་འཛིན་གྱི་དྲོད་རྟགས། ཤེས་བྱ་རབ་འབྱམས་ལ་ཐོགས་མེད་ཀྱི་མཁྱེན་པ། སྲི་ཞུའི་སྤྱོད་ལམ་བསྟེན་ཚུལ། འཁོར་གསུམ་ཡོངས་དག་གི་འབུལ་བ་མང་པོ་སོགས་སྒོ་མཐའ་དག་གིས་མཉེས་པར་བསྒྲུབས་ཤིང་ཐུགས་ཀྱི་སྲས་གཅིག་པུར་གྱུར། མཆིམས་ཕུར་སྒྲུབ་པའི་དམ་བཅར་བཞུགས་སྐབས། གུ་རུ་ཞི་དྲག །དཔལ་ཆེན་པོ་གཙོ་འཁོར། རྡོ་རྗེ་སེམས་དཔལ་དང་རྗེ་བཙུན་སྒྲོལ་མ་སོགས་ཡི་དམ་དུ་མའི་ཞལ་གཟིགས། མ་མགོན་གཟའ་དང་དམ་ཅན་རྣམས་ཀྱིས་འཕྲིན་ལས་སྒྲུབ་པར་དམ་ནོས། མཁའ་འགྲོ་རྣམས་དང་ཆོས་ཀྱི་བགྲོ་བ་མི་ལབ་པ་བཞིན་བྱུང་། ལྷ་སར་ཇོ་བོ་མཆོད་ནས་གསོལ་བ་བཏབ་པས། མཛོད་སྤུ་ལས་འོད་ཟེར་འཕྲོས་པ་རང་ལ་ཐིམ་པས་རྒྱ་གར་བྱ་རྒོད་ཕུང་རི་དང་ལི་ཡུལ་གྱི་བཀོད་པ་དེར་པཎྜི་ཏར་འཁྲུངས་ཚེ་ཆོས་མཁྱེན་པ་རྣམས་གསལ་བར་ཤར། ཀ་ནི་སྒོ་བཞིར་མ་ཅིག་ལབ་ཀྱི་སྒྲོན་འི་ཡེ་ཤེས་ཀྱི་སྐུ་མངོན་སུམ་པས་རྗེས་སུ་བཟུང་ནས་གཅོད་ཡུལ་གྱི་བཀའ་བབས་གཏད། སྙེ་ཕུ་ཤུག་གསེབ་ཏུ་སྐལ་བར་ལྡན་པ་དུ་མ་ལ་སྙིང་ཐིག་ཐོག་མར་གསུང་བའི་ཚེ་འོད་ཟེར་གོ་ཆོས་མཁའ་འགྲོ་སྙིང་ཐིག་གི་པུསྟི་གཟིགས་པུལ་བ་ན་སྲོག་སྒྲུབ་མས་གཏད་པར་གཟིགས་ཤིང་། དེ་སྐབས་ཤིག་ཏུ་བླ་མ་རས་མོ་བ་དག་གསུང་གླེང་མཛད་ཅིང་ཡོད་ཚེ་བུད་མེད་ནག་མོ་ཞིག་གིས་པུ་སྟི་ཞིག་ཕྱག་ཏུ་གཏད་སོང་བ་ལ་རས་མོ་བས་གཟིགས་ཚེ་ཌཱཀྐི་ཙི་རྟ་བྱ་བ་ཞིག་འདུག་པ་གཟིགས་མ་ཐག་བུད་མེད་དེ་ཆ་མེད་དུ་ཡལ་བ་ལ་ངོ་མཚར་སྐྱེས་ནས་དྲི་བ་ཞུས་པས།(སྟོད་ཆ།༣༣༩) སྲོག་སྒྲུབ་མས་བསྐུལ་བར་མཁྱེན་ཏེ་མཆིམས་ཕུར་མཁའ་འགྲོ་སྙིང་ཐིག་གསུང་བའི་ཞལ་བཞེས་མཛད། དེ་ནས་དགུང་ལོ་སོ་གནིས་པ་ཡོས་ཀྱི་ལོ་སྟོན་ཟླ་འབྲིང་པོ་ལ་མཆིམས་ཕུ་རི་མོ་ཅན་དུ་སྐལ་ལྡན་ཕོ་མོ་བརྒྱད་ལ་མཁའ་འགྲོ་སྙིང་ཐིག་གསུངས་དུས་རྣལ་འབྱོར་མ་ཞིག་ལ་དཔལ་སྔགས་ཀྱི་སྲུང་མ་བབས་པས་ཐམས་ཅད་ཐེ་ཚོམ་དུ་གྱུར་ཚེ། འདི་མཁའ་འགྲོ་དངོས་སུ་བབས་པ་ཡིན། ད་སྣང་སེམས་རོ་གཅིག་ཏུ་རྟོགས་པའི་རྣལ་འབྱོར་པ་ལ་བར་ཆད་མི་ཡོང་གསུངས་ཤིང་། དེའི་སྒྲུབ་རྫས་མ་ཚང་བ་དང་སྔགས་སྒྲ་མ་དག་པ་སོགས་ཀྱི་སྐྱོན་བསལ་ནས། བློ་སྒོམ་དང་བྲལ་ན་དགའ་བ་ལ། སྒོམ་བློ་དང་བྲལ་ན་ཨ་རེ་སྐྱིད། ཅེས་པའི་གླུ་ཡང་བླངས། དེ་ནས་ཁྲི་མ་ཐོན་བར་ཐམས་ཅད་ཉམས་འུར་ཏེ་གླུ་ལེན་བྲོ་བརྡུང་བྱེད་ཅིང་ཉིན་མཚན་ཐམས་ཅད་ཤེས་པ་བདེ་གསལ་མི་རྟོག་པའི་ཉམས་གཉིད་དུ་སོང་བ་མ་ཡིན་པ་ལ་གཉིད་ལྟར་དུ་སད་རྒྱུ་ཡོད་པ་དང་། བླ་མ་མཁའ་འགྲོ་ཆོས་སྲུང་གི་འདུ་བ་མང་པོ་དངོས་སུ་མཐོང་ཞིང་། མཁའ་འགྲོའི་སྒྲ་སྐད་སོ་སྒྲ་འུར་ཆོམ་ཧཱུྃ་ཕགས་སོགས་སྐྱི་བུང་བྱེད་པ་བྱུང་། རྣལ་འབྱོར་མ་ཞིག་ལ་རྡོ་རྗེ་ཕག་མོ་ཡེ་ཤེས་སུ་བབས་ནས་རྗེ་ཉིད་ལ་གཅིག་པུར་བསྒོན་ན་འོད་ལུས་འགྲུབ་ཀྱང་འགྲོ་ཕན་རྒྱ་ཆེར་མཛད་དགོས་པ་དང་། སྙིང་ཐིག་གི་བདག་པོ་ཡིན་པས་མན་ངག་ཀུན་འཆད་དགོས་པ་དང་། གཏེར་སྐལ་ཇི་ལྟར་ཡོད་དང་དེ་དག་འདོན་པའི་དུས་གནད། ལས་འབྲེལ་རྩལ་གྱི་རྗེས་སུ་ལོངས་སྐུའི་ཞིང་ཉུལ་བར་གསུངས་པ་ཉིད་ཡིན་པ་དང་། བི་མ་སྙིང་ཐིག་གིས་ལོ་བརྒྱ་དང་། མཁའ་འགྲོ་སྙིང་ཐིག་གིས་ལོ་ལྔ་བརྒྱར་གནས་ཏེ། ད་ནས་འགོ་བརྩམས་པ་ཡིན་སོགས་སྙིང་ཐིག་གཉིས་ཀྱི་འགྲོ་དོན་བྱུང་ཚུལ་སོགས་ལྐོག་(སྟོད་ཆ།༣༤༠)གྱུར་གྱི་ལུང་བསྟན་མང་པོ་གསུངས། གཞན་ཡང་བུད་མེད་དཀར་མོ་ཟ་འོག་གི་གོས་དང་དར་ཐོད་ཅན་གསེར་གཡུས་བརྒྱན་པ་སྐུ་ལ་ཐིམ་པ་ན། ལྷུན་གྲུབ་གདོད་ནས་སྟོང་པ་ཀ་དག་ངང་། བདེ་གཤེགས་ཀུན་བཟང་ཡབབ་ཡུམ་ལ་ཕྱག་འཚལ་བསྟོད། སེམས་ཉིད་སྒྲོས་དང་བྲལ་བ་ཆོས་ཉིད་དང་། གཏི་མུག་རང་སར་དག་པའི་ངོ་བོ་ཉིད། རྣམ་སྣང་ནང་ན་ཡོད་དེ་ཕྱི་ན་མེད། བདེ་གཤེགས་སངས་རྒྱས་རིགས་ལ་གསོལ་བ་འདེབས། །ཞེས་སོགས་ཀྱི་མགུར་བཞེངས་ཤིང་བྲོ་མཛད། ཡང་བར་སྣང་ལ་བུད་མེད་སྨུག་ནག་གསུམ་ལ་འཁྲབ་ཅིང་། ངས་ཡོང་ཡོང་བདེ་ཆེན་གྱི་གནས་ནས་ཡོང་། ལས་ཅན་གྱི་སློབ་མ་ཉུལ་དུ་ཡོང་། དམ་ཙིག་གི་གཙང་སྦྲ་བལྟ་རུ་ཡོང་། འགྲོ་དོན་མཛོད་ཅིག་རིགས་ཀྱི་བུ། ཟེར་རོ། ལུང་བསྟན་དགའ་སྟོན་གྱི་སྐབས་སུ་ཨོ་རྒྱན་བི་མ་ལ་ཕག་མོ་མཁའ་འགྲོ་མང་པོས་བསྐོར་བས་དབང་བསྐུར་ཞིང་སྐུ་ལ་ཐིམ་པ་ན། དགའ་ཡོ་སྐྱིད་དོ་རྣལ་འབྱོར་ཀུན། དུས་དོ་ནུབ་འོག་མིན་དག་པའི་ཞིང་། རང་ལུང་ལྷ་ཡི་ཕོ་བྲང་ན། སྟོག་གསལ་ཞི་ཁྲོའི་དཀྱིལ་འཁོར་ཟླ་ཤར། མ་རིག་གི་མུན་པ་སེལ་སྙིང་འདོད། འཁོར་བའི་རྒྱ་མཚོ་སྐེམ་སྙིང་འདོད། སོགས་ཀྱི་མགུར་མཛད། ཡག་རྡོ་རྗེ་གཡུ་སྒྲོན་མ་བབས་ཏེ་ངའི་གནས་སུ་ཕེབས་དགོས། ཞེས་དང་། ཆོས་སྲུང་ཙམ་ཡོད། ཁྲིད་ལ་མི་གྲངས་དུ་འཇུག་སོགས་དང་། ། ཡང་རྡོ་རྗེ་ཕག་མོ་བབས་ནས་ཅོག་ལའི་བྲག་ཕུག་ཏུ་བཞུགས་དུས་དངོས་གྲུབ་བྱིན་ཚུལ་དང་། མ་སྒྲུབས་ཀྱང་འགོ་བ་ཅི་ཡིན་གསུངས་པར། ང་ལ་སྒོམ་པའི་ལྷ་འདུག་གམ། བཟླ་བའི་སྔགས་འདུག་གམ།(སྟོད་ཆ།༣༤༡) མཆོད་པའི་ཡུལ་འདུག་གམ། རྣལ་འབྱོར་པ་དམ་ཚིག་དང་རྟོགས་པར་ལྡན་པ་ཀུན་ལ་རྒྱུན་དུ་ཡོད་པ་མ་ཤེས་སམ། ཞེས་དང་། སྙིང་ཐིག་ཆོས་ཀྱི་བདག་པོ་ཡིན་ཚུལ། དབང་གསུམ་པའི་བསྐུར་ལུགས། མཆིམས་ཕུའི་གཏེར་ཡོད་ཚུལ་སོགས་གསུངས། སྐབས་དེར་གདམས་པའི་དཀའ་གནད་ཐམས་ཅད་ཀྱང་ཐུགས་རྒྱུད་ལ་འཁྲུངས་ཤིང་། དེ་དག་མཚོ་རྒྱལ་ཡེ་ཤེས་སུ་ཕེབས་པས་འདི་དང་འདིའོ་ཞེས་ངོ་སྤྲོད་འབུལ་བར་མཛད། དེ་དུས་གུ་རུ་པདྨས་དྲི་མེད་འོད་ཟེར་ཞེས་དང་། མཚོ་རྒྱལ་གྱིས་རྡོ་རྗེ་གཟི་བརྗིད་ཅེས་མཚན་གསོལ། སྤྲོས་བཅས་ཀྱི་དབང་གི་ཐིག་སྣེ་བུ་དམེད་དམར་མོ་ཞིག་གིས་འཛིན་པ་དང་དཀྱིལ་འཁོར་ཡང་བུད་མེད་ཅིག་གི་འབྲི་གྲོགས་བྱེད་པ་བྱུང་། དེ་སྐབས་ནམ་གྲུ་རེ་མ་ཏི་ཡང་བབས་ནས་ཡུས་ཀྱི་རྣམ་པས་ཟབ་གཏེར་གྱི་སྐལ་བ་མང་དུ་ཡོད་པ་རྣམས་ཀྱི་སྲུང་མ་ཡིན་ཚུལ་གྱི་འར་འུར་མང་དུ་བྱེད་པ་ལ། ད་ནང་འོད་གསལ་གྱི་གཏེར་སྒོ་བྱེད་པ་ལ། བྲག་སེར་ཀའི་གཏེར་གྱི་དགོས་པ་མེད། གཏེར་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག །སྐལ་ལྡན་ཡིན་ཀྱང་ཆོག་ལ་མིན་ཡང་ཆོག །ང་ཆོས་ཟད་བློ་ཟད་ཀྱི་རྣལ་འབྱོར་ལ། ཁྱོད་གཏེར་སྲུང་གི་ཡུས་ཆེན་འཚོང་མི་དགོས། ཞེས་གསུངས། ཐོད་རྒལ་ངོ་སྤྲོད་ཀྱི་དུས་སུ་མཐིང་ཀ་ཁྱབ་པ་ཆེན་པོའི་འོད་དང་དབྱིངས་རྣམ་དག་ཐིག་ལེ་སྟོང་སྒྲོན་རྣམས་དཔེས་མཚོན་མི་དགོས་པར་མངོན་སུམ་དུ་སྟོན་པར་མཛད། ཡང་མཁའ་འགྲོ་བབས་ནས། གུ་རུ་དག་མཚོ་རྒྱལ་འདི་བཞིན་གསུངས། གཞན་ག་ན་ཡོད་ངོ་མཚར་ཆེ་ཟེར། རྡོ་རྗེ་ལེགས་པ་བབས་ནས་ཨོ་རྒྱན་རྫོང་དུ་འབྱོན་དགོས་པ་དང་སློབ་་སོགས་ཀྱི་ལུང་བསྟན་ཕུལ། ནམ་གྲུ་བབས་ནས་དེར་མི་བཞུད་པར་ཞུས་པ་ལ་དགའ་མི་(སྟོད་ཆ།༣༤༢)དགའ་སེམས་ཀྱི་ཆོ་འཕྲུལ་ཡིན་མོད་སོགས་གསུངས་པས་ཡི་རང་ཕུལ། གཞན་ཡང་ལྷ་རིངས་བྲག ཨོ་རྒྱན་རྫོང་། ཞྭ་ལྷ་ཁང་སོགས་གསོ་དགོས་པ་དང་། བསྟན་བཅོས་རྩོམ་པའི་རྗེས་གནང་ལུང་བསྟན་ཀྱང་ཐོབ། ཨོ་རྒྱན་ཆེན་པོ་ཡབ་ཡུམ་གྱིས་རྫོགས་པ་ཆེན་པོ་ཀུན་བཟང་དགོངས་པ་ཀུན་འདུས་སྐོར་ཏེ་གཏེར་ཀ་གཉིས་སུ་མཛད་དེ་མཆིམས་ཕུའི་མཆོད་རྟེན་དང་ལྷ་ཁང་གི་ཀ་གདན་ལ་སྦས་པའི་ཕྱི་མ་ཉིད་དབྱངས་ཅན་ལྷ་མོ་མཆེད་ལྔས་ལུང་བསྟན་པ་བཞིན་སྐབས་དེ་ཉིད་དུ་འདོན་པར་མཛད། དེ་ནས་གཤེགས་པའི་ལམ་དུ་རྡོ་རྗེ་གཡུ་སྒྲོན་མ་བསྟན་མ་བཅུ་གཉིས། ལྷ་རབས་མཆེད་དགུ་རྣམས་ཀྱིས་བསུས་ཏེ་གངས་རི་ཐོད་དཀར་དུ་བྱོན། དགོན་གནས་བཏབས་ཏེ་ཨོ་རྒྱན་རྫོང་གནས་སུ་བཏགས་ནས་དེར་སྐལ་ལྡན་གྱི་སློབ་མ་ཉི་ཤུ་རྩ་གཅིག་ལ་མཁའ་འགྲོ་སྙིང་ཐིག་གསུངས་པ་སོགས་ཆོས་འཁོར་ཡང་རྒྱ་ཆེར་བསྐོར། རྣལ་འབྱོར་པ་འོད་ཟེར་གོ་ཆས་བསྐུལ་ནས་མཁའ་འགྲོ་ཡང་ཐིག་ཡིད་བཞིན་ནོར་བུའི་ཡིག་ཆ་རྣམས་མཛད་པའི་ཚེ་འཇའ་འོད་དང་མཁའ་འགྲོའི་འདུ་བ་སོགས་ངོ་མཚར་བ་བྱུང་ཞིང་། ཡང་ཏིག་སྐོར་གསུམ། རང་གྲོལ་སྐོར་གསུམ། མཛོད་བདུན་ཕལ་ཆེ་བ་སོགས་གསུང་རྩོམ་ཀྱང་གནས་འདིར་མཛད་པ་ཁོ་ན་མང་། ཐོ་རེངས་ཁ་ཞིག་མཚན་ལམ་དུ་རིག་འཛིན་ཀུ་མ་རཱ་ཛ་བྱོན་ནས་སྡིགས་མཛུབ་མཛད་དེ་ཅང་མི་གསུང་བས་དབང་གི་བརྡར་མཁྱེན་གཤེགས་པའི་མཚན་མ་བྱུང་བ་ཡང ་ཏིང་ངེ་འཛིན་གཅིག་གིས་མོད་ལ་བཟློག ཉི་མ་རྩ་ཤར་གྱི་སྐབས་ཤིག་ཤར་ཕྱོགས་ཀྱི་ནམ་མཁའ་ནས་སྒྲ་ཞིག་བྱུང་སྟེ་གཟིགས་པས། འོད་ཀྱི་ཚོམ་བུའི་དབུས་སུ་ཀུན་བཟང་ནི་(སྟོད་ཆ།༣༤༣)ཁྲོའི་དཀྱིལ་འཁོར་མང་པོས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་གང་བ་དང་། བི་མ་ལ་སྐུ་མདོག་ལྗང་སེར་མཁའ་སྤྱོད་ཀྱི་བླ་མ་བཞི། ཀུ་མ་རཱ་ཛ་ལོངས་སྐུའི་ཆས་ཅན། ཨོ་རྒྱན་པདྨ་རྒྱལ་པོ་རྣམས་གཟིགས། སྐབས་དེ་ནས་ལྷ་དང་བླ་མའི་ཞལ་གཟིགས་ལུང་བསྟན་དང་། ལྷུན་གྲུབ་འོད་གསལ་ཚད་ཕེབས་ཀྱི་སྣང་བ་རྒྱུན་ཆགས་པར་བྱུང་ཞིང་སྐུས་བར་སྣང་རི་བྲག་ལ་ཐོགས་མེད་དུ་གཤེགས་པ་དང་། གསུང་གི་ཆ་ཤས་ཕྲ་མོས་ཀྱང་དཔྱོད་ལྡན་གྱི་ཡིད་འཕྲོག་ཅིང་། ཐུགས་རྟོགས་པི་གདེང་ནི་རྡོ་རྗེའི་གསུང་གིས་ཡང་ཡང་བསྟན་པ་སོགས་ཚད་རྣམས་ཀྱང་མངོན་སུམ་དུ་གྱུར། ལྷ་རིངས་བྲག་ཏུ་ཞི་ཁྲོའི་སྐོངས་ཀྱི་ཆོ་ག་མཛད་དུས་ན་མཁའ་ལ་ཞི་ཁྲོའི་དཀྱིལ་འཁོར་ཚོམ་བུར་བཅས་པ་དེར་ཡོད་ཀུན་གྱིས་མཐོང་། དེ་ཡལ་ནས་ལྷོ་ནུབ་མཚམས་ཀྱི་ནམ་མཁར་བི་མ་ལ་བཞུགས་པའི་ཕྱག་མཛུབ་ཤར་ལྷོ་མཚམས་སུ་གཏད་ནས་ལྷ་ཁང་གསོ་བའི་ལུང་བསྟན་གྱི་བསྐུལ་མ་མཛད། དེ་སྐབས་མནལ་ལམ་དུ་བི་མ་ལ་སེང་གེ་བཞིའི་ཁྲི་ལ་བཞུགས་པ་ཞིག་གིས། ང་ནི་ཀུ་མ་རཱ་ཛ་ཡིན། པདྨ་བརྩེགས་པའི་ཞིང་དུ་འགྲོ། །སངས་རྒྱས་བསྟན་པ་དར་བར་གྱིས། གསུངས་པས་བླ་མ་ཀུ་མ་རཱ་ཛ་གཤེགས་པར་མཁྱེན་ཏེ་དགོངས་པ་རྫོགས་ཐབས་སུ་འཁོར་གསུམ་ཡོངས་དག་ལན་གསུམ་དང་། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་མི་ནུབ་པའི་ཆེད་དུ་སྐུ་ལུས་དུ་མར་སྤྲུལ་བ་དང་། གཟའ་བདུད་བྲན་དུ་བཀོལ་བ་སོགས་རྫུ་འཕྲུལ་ངོ་མཚར་བས་ཐེག་མཆོག་རིན་པོ་ཆེའི་མཛོད་ཡུན་ཐུང་ངུས་གྲུབ་པར་མཛད། རྒྱ་མ་གནས་སུ་བསོད་ནམས་སེང་གེ་དང་སློབ་དཔོན་དཔལ་མཆོག་སོགས་དགེ་བཤེས་མང་དུ་འདུས་པ་ལ་སྙིང་ཐིག་གི་ཁྲིད་མཛད་ཚེ་དྲི་བ་ལ་ཐུག་་པ)༣༤༤)ན་བགྲོ་གླེང་བྱེད་པར་ཞུས་པས། དེ་ལྟར་ན་ཟླ་བ་གཅིག་གི་བར་དུ་མདོ་རྒྱུད་དཔང་དུ་བཞག་སྟེ་རྩོད་པ་བྱེད་གསུངས་ནས་ལུང་རིགས་གནམ་ལྕགས་འབར་བས་མཁས་རློམ་གྱི་རི་བོ་བསྙིལ། སྒོམ་པ་ཀུན་རིན་གྱིས་འབྲི་གུང་དུ་སྤྱན་དྲངས། གྲོག་ཨོ་རྒྱན་གྱི་དགོན་པ་ཕུལ་དད་པས་བསྙེན་ཅིང་གདམས་པ་དུ་མས་ཐར་ལམ་བསྟན། ལུང་བསྟན་བཞིན་ཞྭ་ལྷ་ཁང་ཞིག་གསོས་དུས་དབུ་རྩེའི་ཐད་ནས་གསེར་མགུ་ཚེ་གང་བཏོན་ནས་གཙུག་ལག་ཁང་གི་ཆ་རྐྱེན་དང་རྟེན་གྱི་ན་བཟར་གསོལ། གཏེར་མང་དུ་འདུ་གཔ་ལས་སྒྲུབ་ཐབས་ཟབ་པ་འགའ་ཞིག་བཞེས། དམ་ཅན་བྱིས་པར་བརྫུས་ནས་བཟོ་བོ་རྣམས་ཀྱི་གྲོགས་བྱས། རྡོ་རིང་གཉིས་པོ་སྔར་ཅབ་འགྱེལ་དུ་ཡོང་བ་ཐབས་འཕྲུལ་ཅིས་ཀྱང་མ་ལྷོངས་པ་ཆོས་རྗེ་ཉིད་ཀྱིས་བདེན་སྟོབས་བརྗོད་ནས་སྐུ་ཆོས་ཀྱི་གཡབ་མོས་མོད་ལ་ལྷོངས། ས་རྡོ་སེལ་དུས་འཐོན་པའི་མནན་པ་རྣམས་ལར་གནོན་པར་བརྩམས་པ་ན་ཐུག་ཆོམ་གྱི་སྒྲ་ཆེན་པོས་འཕར་ཞིང་ས་རྡོའི་ཆར་དང་རླུང་འཚུབ་མུན་སྲོད་པ་ལྟ་བུའི་ཆོ་འཕྲུལ་གྱིས་འཁོར་རྣམས་བག་ཁུམས་ཏེ་ཅི་བྱ་རྟོལ་དང་བྲལ་བ་ན་ཉིད་ཀྱིས་སྐུའི་འགྱུར་བ་དང་གསུང་གི་སྔགས་སྒྲ་དྲག་པོས་མནན་པས་ཆོ་འཕྲུལ་རྣམས་མོད་ལ་ཞི། རབ་གནས་མཛད་དུས་སངས་རྒྱས་བྱང་སེམས་ནམ་མཁའ་གང་བས་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བ་དང་། མགོན་པོ་བྱམས་པ། སྐྱེ་བ་གཉིས་འདས་པའི་འོག་ཏུ་པདྨ་བརྩེགས་པའི་ཞིང་དུ་རྒྱལ་བ་རི་རབ་མར་མེའི་རྒྱལ་མཚན་ཞེས་བྱ་བར་འགྱུར་རོ། ཞེས་ལུང་བསྟན་པ་ཟིགས་ཚེས་བཅུའི་མཆོད་པ་མཛད་ཚེ་སློབ་དཔོན་པདྨ་མཁའ་འགྲོའི་འཁོར་དང་བཅས་པ་བྱོན་ནས་བྱིན་གྱིས་བརླབས། ཏི་སྒྲོའི་མཁའ་འགྲོ་རྣམས་ཀྱིས་(སྟོད་ཆ།༣༤༥)བུམ་ཐང་དུ་འབྱོན་པར་ལུང་བསྟན། གནས་དེར་ཞི་ཁྲོའི་སྐོངས་བཤགས་ཡུན་རིང་དུ་མཛད། མིས་མི་ཐར་བའི་བྲག་གཡང་གཟར་པོ་ལ་རྒྱལ་མཚན་དང་བ་དན་བཙུགས། དེ་དག་ཏུ་འགྲོ་བ་མང་པོ་རྗེས་སུ་བཟུང་ནས་ཐར་པའི་ལམ་དུ་རིགས་སད་པར་མཛད། ཕྱིར་ལམ་ལྷ་སར་བྱོན་དུས་འབྲི་གུང་པའི་དབུ་བླར་སོང་གཤིས་ཀྱིས་ཡར་ཀླུངས་པས་ཐོ་མཚམས་པར་བརྩམས་པ་ན་མི་སྣང་བའི་རྫུ་འཕྲུལ་གྱིས་ངན་པ་དེ་དག་དམུས་ལུང་དུ་གྱུར། ཇོ་བོ་ལ་མཆོད་ཅིང་གསོལ་བ་བཏབ་པའི་ཚེ་སྐུ་ལས་འོད་ཟེར་འཕྲོས་པའི་སྟེང་གི་ནམ་མཁར་སངས་རྒྱས་བྱག་སེམས་གྲངས་མེད་བཞུགས་པས་བྱིན་གྱིས་བརླབས་པ་དང་། དམ་ཅན་མང་པོས་བྲན་བཞིན་དུ་དམ་བཅའ་ནོད། ཤུག་གསེབ་ཏུ་ལྷོ་མོན་དུ་ཐེགས་པར་ཕྱོགས། མཁའ་རི་སོགས་གཞི་བདག་རྣམས་ཀྱིས་ཕོ་མ་ནས་བསུས། ལ་ཡག་མན་ཐང་གནས་སུ་མཁན་ཆེན་པས་དབུས་སྐལ་ལྡན་དུ་མས་གུས་པར་མཆོད་ཅིང་ཟབ་ལམ་གྱི་གདམས་པས་སྨིན་པར་མཛད། བུམ་ཐང་དང་སྔ་ལོང་སོགས་མཐའ་འཁོབ་མུན་པའི་གླིང་ལྟ་བུར་དབང་ཁྲི་སེམས་བསྐྱེད་སོགས་སྐལ་བ་དང་འཚམས་པའི་ཆོས་ཀྱི་སྒྲོན་མེས་ཐར་པའི་ལམ་གསལ་བར་བསྟན། ཐར་འདོད་མང་པོ་འདུས་སྡེར་ཚོགས་པ་ལ་ཐར་པ་གླིང་དུ་མིང་བཏགས་ནས་ཏེ་ཞིག་བཞུགས། སླར་ཡང་ལྷོ་འབྲོག་གི་ཆེ་དགུས་སྤྱན་དྲངས་ལ་ཡག་ལྷ་ལུང་དང་མོན་བུམ་ཐང་གནས་སུ་དགེ་འདུན་གཙོ་བོར་གྱུར་པའི་འདུས་པ་སྟོང་ཕྲག་ལོངས་པ་ལ་གསང་བ་སྙིང་ཐིག་གི་དབང་ཁྲི་སྤྱི་དང་ཁྱད་པར་མཁན་ཆེན་འདུན་རྒྱལ་མཚན་ལ་གདམས་པའི་བཀའ་སྲོལ་རྫོགས་པར་གནས་ནས་བསྟན་པའི་གཉེར་གཏད།(སྟོད་ཆ།༣༤༦) ཡར་འབྲོག་ཏུ་ཁྲི་དཔོན་རྡོ་རྗེ་རྒྱལ་མཚན་པས་དད་པས་མཆོད། སྐལ་ལྡན་བཅོ་ལྔ་ལ་མཁའ་འགྲོ་སྙིང་ཐིག་དང་འདུས་པ་མང་པོར་ཆོས་འཁོར་རྒྱ་ཆེར་བསྐོར། མཁྱེན་རྟོགས་དང་འཕྲིན་ལས་ཀྱིས་ཕག་གྲུ་ཏཱ་སི་དད་པར་གྱུར་ནས་གཡོར་པོ་གཞུང་དུ་བསྙེན་བཀུར་བཟང་པོས་ཡུན་རིང་དུ་མཆོད་ཅིང་ཉིས་སྟོང་དུ་ལོངས་པའི་འདུས་པ་ལ་སྙིང་ཐིག་གི་དབང་ཁྲིད་དང་གོང་དཀར་དུ་སི་ཏུ་པ་གཙོ་བོར་གྱུར་པ་ལ་དབང་དང་གདམས་པ་དུ་མས་རྗེས་སུ་བཟུང་། ས་སྐྱ་པའི་བླ་མ་དམ་པ་དང་གསང་ཕུ་བ་གྲགས་བཟང་གིས་ལྟ་གྲུབ་ཀྱི་གནད་ལ་ཐེ་ཚོམ་གཅོད་པའི་དྲི་ཡིག་ཕུ་བར་ཆོས་དང་མཐུན་པའི་ལན་གྱིས་གུས་ཤིང་རངས་པར་མཛད། སྐྱི་ཤོད་གསང་མདར་གླིང་སྟོད་སློབ་དཔོན་ཡོན་རྒྱམ་པ་སོགས་འདུས་པས་བསྙེན་བཀུར་དང་ཆོས་ཀྱི་དྲི་བ་མང་དུ་བྱས་པ་ལུང་རིགས་དང་འབྲེལ་བའི་ལན་གྱིས་སྤོབ་པ་བཅོམས། གསེར་སྲང་བཅུ་སོགས་ཡོ་བྱད་མང་པོས་ཚིམ་པར་མཛད། ལྷ་སར་བྱོན་དགེ་འདུན་མག་པོའི་སེར་ཕྲེང་གིས་བསུས། ལྷ་ར་གཉིས་ཀྱི་བར་དུ་ཆོས་ཀྱི་ཁྲི་བརྩེགས་པའི་སྟེང་ནས་སེམས་བསྐྱེད་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། ཁེངས་པའི་བློ་ཅན་མང་པོ་ལུག་རིགས་ཀྱིས་བཏུལ་ནས་དད་པའི་གནས་ལ་བཀོད། གནས་རྟེན་རྣམས་ཅིང་བཤད་སྒྲུབ་ཀྱི་སྡེ་མང་པོར་ཚོགས་གསོག་རྒྱ་ཆེར་སྤེལ་ནས་བསྟན་འགྲོའི་ཕན་བདེ་རྒྱས་པའི་རྒྱུར་བསྔོས། སྙེ་ཕུ་ཤུག་གསེབ་ཏུ་ཕེབས་སྐལ་ལྡན་འདུས་པ་སྟོང་ཕྲག་བརྒལ་བ་ལ་ཟབ་ལམ་རྫོགས་པ་ཆེན་པས་སྨིན་པར་མཛད་ནས་དབུར་སྟོད་དུ་སྤྱན་དྲངས། དབང་དང་གདམས་པ་དུ་མས་བྱིན་གྱིས་བརླབས། དབུར་བཞུགས་ཀྱི་ཕོགས་ཕུལ་(སྟོད་ཆ།༣༤༧)ནས་གྲོག་ཨོ་རྒྱན་དགོན་པའི་ཕུའི་རྫ་འདབས་ནས་མདའི་བྲག་རྩ་ཡན་གང་བའི་ཆོས་ཉན། འབྲི་གུང་གི་མཁན་སློབ་སོགས་ཆོས་འཆད་ཀྱི་སློབ་དཔོན་བཞི་བཅུ་ཙམ་དང་མི་ཆེན་སྐྱ་བཙུན་མང་པོས་མཚོན་འདུས་པ་སུམ་སྟོང་དུ་ལོངས་པ་ལ་འོད་གསལ་རྡོ་རྗེ་སྙིང་པོའི་དབང་ཁྲིད་རྒྱབ་ཆོས་དང་བཅས་པ་གསུངས་ཤིང་ཡོ་བྱད་དུ་མའི་འགྱེད་ཆེན་གྱིས་ཀྱང་ཚིམ་པར་མཛད། སླར་ཡང་གཞན་དོན་ནུས་པ་བརྒྱ་ཕྲག་བརྒལ་བ་དབང་གོང་མ་སོགས་ཐུན་མོང་མིན་པའི་གདམས་པ་དང་རྒྱུད་འགྲེལ་མན་ངག་རྣམས་མཐའ་རྒྱས་སུ་སྩལ། ཆོས་ཐོན་པའི་ཚོགས་འཁོར་གྱི་ཚེ། རང་རེ་དཔོན་སློབ་ཆོས་འཁོར་བསྐོར་ནས་ཚོགས་མཆོད་བེད་པའང་ད་རེས་ཙམ་དུ་གདའ། ཁྱེད་རྣམས་ཀྱིས་ཚེ་འདི་བློས་བཏང་ནས་ཟབ་མོའི་ལམ་གྱིས་གཏན་བདེའི་སྙིང་པོ་ལོངས་པ་གྱིས་ཤིག་ཅེས་ཞལ་བཀོད་ཀྱང་ནན་ཏན་དུ་མཛད། ཞྭ་ལྷ་ཁང་དུ་མཆོད་ཅིང་སྨོན་ལམ་མཛད། དེར་ཁྲོམ་ཆོས་གསུངས་དུས་མེ་ཏོག་གི་ཆར་ངོ་མཚར་བ་བབས། བསམ་ཡས་དུད་གཏོང་དྲུག་གིས་སྤྱན་འདྲེན་ལ་བརྟེན་རྒྱ་མར་དད་ལྡན་དུ་མས་མཆོད་ཅིང་གདམས་པའང་ཅི་རིགས་པ་སྩལ་ནས་མཆིམས་ཕུར་ཕེབས། ཆོས་ཉན་མང་དུ་འདུས་པ་ལ་གསང་བ་བླ་ན་མེད་པའི་ཁྲིད་བཙུགས་ཚོགས་པ་ཆེས་པས་སྤྲོས་མེད་ཀྱི་དབང་ཞག་དུ་མར་སྦྲེལ་བ་ཆོས་བཅུ་དྲུག་གི་བར་དུ་གསུངས་ནས། འཁོར་བའི་རང་བཞིན་སྔར་ནས་ཤེས་ཟིན་ཏེ། འཇིག་རྟེན་ཆོས་ལ་སྙིང་པོ་མེད་པའི་ཕྱིར། ད་ནི་མི་རྟག་སྒྱུ་མའི་ལུས་འདོར་བས། གཅིག་ཏུ་ཕན་པའི་གདམས་ངག་བཤད་ཀྱི་ཉོན། ཞེས་པ་ལ་སོགས་པས་སྣ་དྲངས་ནས། ཐུགས་རྗེ་མངའ་བའི་མགོན་པོ་པདྨ་ཞལ། དབུགས་འབྱིན་མཛད་པ་དེ་ཡིས་(སྟོད་ཆ།༣༤༨)དེང་བཟུང་བས། །འགྲོ་བའི་དུས་བབ་འགྲོན་པོ་ལམ་ཞུགས་བཞིན། འཆི་བས་དགའ་བའི་རྙེད་པ་ལེགས་གྲུབ་པས། །རྒྱ་མཚོར་དོན་ཡོངས་གྲུབ་པའི་ཚོང་པ་དང་། །གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་དབང་དང་། བསམ་གཏན་གྲུབ་པའི་བདེ་བས་ཆེས་ལྷག་གོ །ང་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། །འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ། །ཞེས་དང་། ད་རེས་ཚེ་འདིར་འབྲེལ་པ་དེ་ལས་མེད། ཕྱོགས་མེད་སྤྲང་པོ་གང་བདེར་འཆི་བ་ལ། མྱ་ངན་མ་བྱེད་རྒྱུན་དུ་གསོལ་བ་ཐོབ། །ཅེས་སོགས་ཀྱི་ཞལ་ཆེམས་གསུངས་པ་བཞིན་དུ་དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པ་ཅུ་མོ་ཡོས་ཀྱི་ལོ་རྒྱལ་ཟླའི་ཚེས་བཅོ་བརྒྱད་ཀྱི་གྲོ་ཁར། དེ་ཡི་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། སྐྱེ་བ་སྐྱེད་མོའི་ཚལ་འགྲོ་ལྟར་རྟོགས་ནས། ཞེས་པ་དེ་སྐྱེས་བུ་ཆེན་པོ་འདིས་ཉམས་འོག་ཏུ་ཆུད་པས་ཆོས་སྐུའི་བཞུགས་སྟངས་ཀྱིས་གདོད་མའི་ཟད་པར་གཤེགས་སོ། དེའི་ཚེ་རྡུལ་བྲལ་གྱི་ནམ་མཁར་འཇའ་ཚོན་གྱི་གུར་དང་མེ་ཏོག་གི་ཆར་སོགས་ངོ་མཙར་བའི་ལྟས་ཟླ་མཆོད་ཀྱི་བར་རྒྱུན་ཆགས་པ་དང་། ཁྱད་པར་གདུང་སྲེང་ཁང་དུ་སྤྱན་དྲངས་ཚེ་ས་ལན་གསུམ་དུ་གཡོས། ཐུགས་ལྗངས་སྤྱན་གསུམ་མེས་མ་རྨས་པ་དང་རིགས་ལྔའི་གདུང་རིང་བསྲེལ་གྲངས་མེད་པ་བྱོན། ནང་རྟེན་སྐུ་འབག་དང་ཕྱི་རྟེན་བྱང་ཆེན་མཆོད་རྟེན་ཀྱང་གནས་དེར་བསྒྲུབས་སོ། དམ་པ་འདི་ཉིད་ཤེས་བྱ་ཐམས་ཅད་མཁྱེན་ཅིང་གཟིགས་པས་རྒྱལ་བའིབ་སྟན་པ་མདོ་སྔགས་སྤྱི་དང་། ཁྱད་པར་གསང་ཆེན་རྫོགས་པ་ཆེན་པོའི་ལམ་སྲོལ་ཇི་བཞིན་འཁྲུལ་མེད་དུ་སྟོན་པའི་གསུང་རབ་དུ་མ་མཛད་པ་མཁས་པ་ཕལ་གྱི་བློར་མ་ཤོང་བས་དངོས་སུ་འབེལ་གཏམ་དང་བརྒྱུད་ནས་བྲི་ཡིག་ཕུལ་བ་(སྟོད་ཆ།༣༤༩)ཀུན་ལ་རིགས་ཤིང་འཐད་པའི་ལན་མཛད་པས་ངེས་ཤེས་སྐྱེས་ནས་ཆོས་དང་གང་ཟག་ལ་དད་པ་ཐོབ་ཅིང་ཀུན་མཁྱེན་ཆོས་རྗེ་ཞེས་དོན་མཐུན་གྱི་མཚན་ཤུགས་འབྱུང་དུ་ཐོགས། མདོར་ན་བསིལ་ལྡན་ཁ་བའི་ལྗོངས་འདི་རམཁས་པ་དང་གྲུབ་པའི་ཚོགས་སུས་ཀྱང་འགྲན་པའི་ཟླ་དང་བྲལ་བའི་ཚུལ་རྗེ་ནིད་ཀྱི་ཞལ་སློབ་ལྡན་སྒོམ་ཆོས་གྲགས་བཟང་པོ་ཞེས་རྣམ་དཔྱོད་དང་ལྡན་པ་དེས། ངག་གི་དབང་པོའི་འཆད་ལུགས་མཐོང་ཙ་ན། སྐུ་མཆེད་གསུམ་གྱི་འཆད་ལུགས་དིགས་དིགས་པོ། །ཀློང་ཆེན་རབ་འབྱམས་རིག་གྲར་རྩོད་ཙ་ན། །སྣ་ཚོགས་རང་གྲོལ་ལྟ་དགོངས་མཐོང་ཙ་ན། ཆེན་པོ་གསུམ་གྱི་གྲུབ་མཐའ་ཡུལ་ཡུལ་པོ། །ཞེས་སོགས་ཀྱིས་བསྔགས་པ་བརྗོད་པ་ལྟར་རོ། །སྔོན་དབེན་པར་གཤེགས་ནས་མི་རིང་བའི་དུས་ཡན་ཆད་དུ་ཕར་ཚད་སོགས་གཞུང་བ་འགའ་ཡང་བློ་གསལ་ཅི་རིགས་པར་གསུངས། ཕྱིས་འགྲོ་དོན་མངོན་གྱུར་དུ་ཕྱོགས་ནས་སྟར་ཆགས་པའི་འཆད་ཉན་དགོན་གནས་ལ་བརྟེན་པ་མ་བསྐྱོངས། དེག་པའི་རི་ངོགས་རྣམས་སུ་ཕུག་པ་དང་རྡོར་བའི་སྐྱོར་བརྩིགས་རྩྭ་དང་ལོ་མའི་བླ་གབ་ཅན་གྱི་ཁང་བུ་ཙམ་ལ་བརྟེན་ནས་ཟང་ཟིང་གི་འཁོར་དང་ལོངས་སྤྱོད་ཀྱི་འཁྲི་བ་བཅད་ནས་སྒྲུབ་པ་ཁོ་ན་ལ་བཞུགས་ཀྱང་། ཐར་པ་དོན་གཉེར་གྱི་སྐལ་ལྡན་དུ་མ་བརྒྱུད་མར་འདུས་པ་ལ་སོ་སོའི་བློ་དང་འཚམས་པའི་མདོ་སྔགས་ཀྱི་གཞུང་བཤད་དབང་ཁྲིད་སོགས་ཆོས་ཀྱི་སྒོ་རིས་མེད་པར་གསུངས་ཤིང་། ཁྱད་པར་གསང་བ་བླ་ན་མེད་པའི་དབང་ཁྲིད་རྣམས་གཙོ་བོར་གསུངས་པ་ལས།(སྟོད་ཆ།༣༥༠) འདུས་པ་མང་བ་སུམ་སྟོང་ཙམ་ནས་བརྒྱ་ཕྲག་སོགས་མང་ཉུང་ཅི་རིགས་པ་ལ་ཡང་དང་ཡང་དུ་གསུངས་ཤིང་། དུས་མཉམ་གྱི་སྐྱེས་ཆེན་ཕལ་མོ་ཆེས་ཆོས་འདི་དང་འབྲེལ་བའི་མན་ངག་ཅི་རིགས་པ་མ་གསན་པ་མེད་པ་ལྟ་བུ་དང་། དབང་ལུང་མན་ངག་རྫོགས་པར་ཐོབ་པ་ནི་སྟོང་ཕྲག་མང་པོ་དང་། ཉམས་མྱོང་དྲོད་ཚད་ཐོབ་པའང་ཤིན་ཏུ་མང་བས་ལྗོངས་འདིའི་རི་སུལ་ཐམས་ཅད་རྫོགས་ཆེན་པོ་ཞེས་མིང་དོན་མཚུངས་པའི་སྲོལ་མ་ནུབ་ཙམ་དར། བར་སྐབས་སུ་ཤིན་ཏུ་དར་བ་རྣམས་ནི་དམ་པ་འདི་ཁོ་ནའི་མཐུར་ཤེས་པར་བྱའོ། དེ་ལྟར་ན་དམ་པ་འདི་ལ་སྤྱིར་མཁས་གྲུབ་ཀྱི་སློབ་མ་མཐའ་ཡས་ཀྱང་སྙིང་པོ་བསྡུ་བའི་སྐབས་སུ་སྒྲུབ་པ་ཁོ་ན་ཕན་ཡོན་ཆེ་བར་གདམས་པ་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་གཙོ་བོར་མཛད་པ་ཆེས་མང་བ་ལས། གཙོ་བོར་གྱུར་པ་ནི། མཁས་གྲུབ་ཁྱབ་བརྡལ་ལཧུན་གྲུབ་གུ་རུ་འོད་གསལ་རང་གྲོལ། མཁས་གྲུབ་བདེ་ལེགས་རྒྱ་མཚོ། བྱ་བྲལ་བཀྲ་ཤིས་འབྱུང་གནས། གྲོག་ཨོ་རྒྱན་ཆོས་རྗེ། རྒྱལ་སྲས་བཟོད་པ་གྲགས། ལྡན་སྡོམ་ཆོས་གྲགས་བཟང་པོ། འཁྲུལ་ཞིག་སངས་རྒྱས་དབོན་པོ། ཤུག་གསེབ་པ་ཡེ་ཤེས་རབ་འབྱམས་རྣམས་ཕྲིན་ལས་ཀྱི་རྒྱུན་རྒྱ་ཆེར་སྐྱོང་མཁན་ཡིན་ཅིང་། དེ་དག་ལས་སྙིང་པོའི་ཉམས་ལེན་དང་འཆད་ཉན་གྱི་ཕྲིན་ལས་བསྐྱང་བ་དུ་མས་ཕྱོགས་ཀུན་འགེངས་པར་སློབ་རྒྱུན་དང་ཆོས་བརྒྱུད་འཛིན་པ་བསམ་གྱིས་མི་ཁྱབ་སྟེ་རྒྱ་ཆེར་འཕེལ་བར་གྱུར་ཏོ། (སྟོད་ཆ།༣༥༡)སློབ་ཚོགས་དེ་དག་ལས་རང་ལུགས་བརྒྱུད་པའི་ལོ་རྒྱུས་ཟུར་ཙམ་སྨྲོས་ན་ཀུན་མཁྱེན་ཆེན་པོ་ནས་བརྒྱུད་ཚུལ་མང་དུ་གྱེས་པའི་ནང་ནས་ཡོངས་སུ་གྲགས་པའི་བརྒྱུད་ཚུལ་ཁྱད་པར་འཕགས་པ་གཅིག་ལ། བྱ་བྲལ་བཀྲ་ཤིས་འབྱུང་གནས་ནི། འཕན་ཡུལ་དགོན་རྙིང་དུ་ཁྱུང་པོའི་རིགས་སུ་འཁྲུངས། དགུང་ལོ་དྲུག་པ་ལ་ས་སྐྱ་པ་བླ་མ་བསོད་ནམས་རྒྱལ་མཚན་ལས་རབ་ཏུ་བྱུང་། སྤྱན་སྔ་བྱམས་ཆོས་པ། ཇོ་གདན་བློ་གྲོས་དཔལ། བླ་མ་སངས་འོད་པ། གུ་རུ་དཀོན་གཞོན་པ་སོགས་ལས་ཆོས་བཀའ་ཇི་སྙེད་པ་གསན། ཀུན་མཁྱེན་ཆེན་པོ་ལས་སྙིང་ཐིག་ཡ་བཞི་གཙོ་བོར་གྱུར་པའི་ཟབ་ཆོས་མང་དུ་གསན། ཀུན་མཁྱེན་པའི་ཞལ་སློབ་བསྟན་པ་སྤེལ་བའི་བཤེས་གཉེན་བཞིར་གྲགས་པའི་ཡ་གྱལ་ཡིན། ཁྱད་པར་མཁས་གྲུབ་ཐར་པ་གླིང་པ་ལས་བསྙེན་པར་རྫོགས་ཤིང་ཟབ་ཆོས་བུམ་པ་གང་བྱོར་གསན། རི་གཙུག་ཕྱུག་མོའི་མགུལ་དུ་ལོ་གསུམ་དུ་སྒྲུབ་པའི་ཉམས་ལེན་དང་། སླར་ཡང་བླ་མའི་སྐུའི་རིམ་གྲོ་པའང་མཛད་ནས། ཕྱིས་བླ་མ་གཤེགས་རྗེས་གདན་ས་རེ་ཞིག་གཟུང་བ་རྗེ་དབོན་ལ་གཏད་ནས་འཕན་ཡུལ་ཟིངས་པ་སྟག་མགོའི་རི་ཁྲོད་བཏབ། དེར་འགྲོ་ཕན་རྒྱ་ཆེར་མཛད་པས་སྟག་འགོ་བྱ་བྲལ་ཆོས་རྗེར་གྲགས། བུ་སློབ་ཚོས་བརྒྱུད་འཛིན་པ་མང་དུ་ཐོན། འདི་ལས་བརྒྱུད་པ་འགའ་ཞིག་ཏུ་སངས་རྒྱས་དབོན་ཞེས་འབྱུང་བ་ནི། མཁས་གྲུབ་བདེ་ལེགས་པའི་དབོན་པོ་ཡིན་གྱི། ཀུན་མཁྱེན་གྱི་དབོན་ཤེས་རབ་རྒྱ་མཚོ་དང་གཅིག་པར་མི་བཟུང་ངོ་། གུ་རུ་གཞན་ཕན་པ་ནི། དམར་རིགས་བསོད་ནམས་སེང ་གེ་ཞེས་པའི་སྲས་སུ་འཁྲུངས་ཆོས་རྡོ་རྗེ་སྐུ་བར་གྲགས་པ་དེའི་གཅུང་ཡིན། གཞོན་(སྟོད་ཆ།༣༥༢)ནུ་ནས་བསྟན་པའི་སྒོར་ཞུགས། ལྷོ་བྲག་ཕྱག་རྡོར་བ་ལ་ཡི་དམ་གྱིས་ལུང་བསྟན་པའི་སློབ་མ་བརྒྱད་ཀྱི་གཅིག་ཡིན། ཕྱག་རྡོར་ལོ་དྲུག་བསྒྲུབས་པས་ཞལ་གཟིགས། མི་རབས་བདུན་དུ་བྱིན་གྱིས་བརླབ་པའི་ལུང་བསྟན་ཐོབ། །དབུ་རུར་བྱ་བྲལ་ཆོས་རྗེ་ལས་སྙིང་ཐིག་ཡ་གཞི་གསན་པས་མཙོན་བླ་མ་མང་པོ་ལས་ཆོས་བཀའ་ཅི་རིགས་པ་གསན། ཁྱད་པར་རྫོགས་པ་ཆེན་པོ་ལ་སྒོམ་སྒྲུབ་དང་འཆད་སྤེལ་སྙིང་པོར་མཛད། རྒྱལ་སྣང་དུ་དུང་དགོན་གྱི་རི་ཁྲོད་བཏབ་ནས་དོན་གཉིས་ཀྱི་པྲིན་ལས་རྒྱ་ཆེར་བསྐྱངས། དེའི་སྲས་ནམ་མཁའ་རྡོ་རྗེ་ནི། དུང་དགོན་དུ་འཁྲུངས། རྩེ་ས་ཐོད་དུ་མཚན་ཉིད་ཀྱི་ཐོས་བསམ་དང་ཐལ་དུ་སྒོམ་ཁྲིད་རྣམས་ཞུས། ཁྱད་པར་ཡབ་ལས་རྫོགས་ཆེན་གྱི་གདམས་ཁྲིད་རྣམས་གསན་ཅིང་བསྒོམས་པས་ཉམས་རྟོགས་ཀྱི་ཀློང་བརྡོལ་ནས་རྫོགས་ཆེན་རྟོགས་པའི་མངའ་བདག་ཏུ་གྱུར། ཕྱག་རྡོར་བསྒྲུབས་པ་གཏུམ་པོ་ཁྱུང་ལྔས་བསྐོར་བ་གཟིགས། གཟའ་ཀླུ་སོགས་གདོན་ཅན་གྱི་ནད་པ་ལ་སྲུང་མདུད་དང་སྔགས་ཆབ་བཏབ་པས་ཀྱང་ནད་གདོན་ཞི་བའི་ནུས་པ་དང་ལྡན། རྫོགས་ཆེན་གསང་བ་སྙིང་ཐིག་ལ་ཉམས་ལེན་དང་ཡབ་ཀྱི་གདན་ས་དང་རི་བོ་ཁྲོན་སྟེང་དཔལ་སྡེངས་སོགས་ཀྱང་བཟུང་ནས་འགྲོ་ཕན་སྙིང་པོར་མཛད་པ་ཞིག་གོ། དེའི་སྲས་འོད་གསལ་ཀློང་ཡངས་ནི། རྒྱས་སྨན་སྐྱེད་སྦུག་ཏུ་འཁྲུངས། དེའི་སྲས་འོད་གསལ་ཀློང་ཡངས་ནི། རྒྱས་སྨན་སྐྱེད་སྦུག་ཏུ་འཁྲུངས། སྤྱན་གཡས་སུ་རབ་ཏུ་བྱུང་། དགུང་ལོ་དགུ་ནས་བཅུ་བཞིའི་བར་ཡབ་ཆོས་རྣམས་གསན་ཅིང་སྦྱངས། གནས་ལུགས་རང་ངོ་འཕྲོད། རང་སྣང་ཞི་ཁྲོའི་དཀྱིལ་འཁོར་དུ་གསལ་བར་ཤར། དུས་གནས་ཅི་རིགས་པར། གྲུབ་ཆེན་ཐང་སྟོང་རྒྱལ་པོ། གཏེར་ཆེན་པདྨ་གླིང་པ། འབྲུག་པ་རྒྱལ་(སྟོད་ཆ།༣༥༣)དབང་རྗེ། བྲག་སྒོ་བ་ཀུན་དགའ་བསམ་གཏན། ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན། ཐེལ་ལྷུན་བདེ་རབ་འབྱམས་པ། རྫོགས་ཆེན་པ་ཀུན་དགའ་བཀྲ་ཤིས། བྱམས་སྡིངས་པ་སངས་རྒྱས་རྣམ་རྒྱལ་སོགས་མཁས་གྲུབ་ཀྱི་བླ་མ་ལྔ་བཅུ་ཙམ་ལ་གསར་རྙིང་གི་གདམས་པ་མཐའ་ཡས་པ་གསན། ཁྱད་པར་ཡབ་དང་རྒྱལ་དབང་རྗེ་རྩེ་བའི་བླ་མར་བཟུང་ནས་དེ་གཉིས་ཀྱི་ཟབ་ཆོས་གསན་སྒོམ་དང་འཆད་སྤེལ་སྙིང་པོར་མཛད། རིག་འཛིན་ཀུ་མ་རཱ་ཛའི་བླ་མ་ནམ་མཁའ་རྡོ་རྗེའི་བསྟི་གནས་རྒྱས་སྨན་མིན་བཞི་དུས་ཀྱིས་ཉམས་པ་གསར་དུ་གསོས། ཟངས་མཚོ་དང་འོད་གསལ་གླིང་རྣམས་ཀྱི་སྒྲུབ་སྡེ་བཙུགས་ནས་ཕྱག་རྫོགས་བསྒོམ་པའི་སྲོལ་གཏོད། དགུང་ལོ་བརྒྱད་ཅུ་བརྒལ་བར་བཞུགས་ཤིང་། དབུས་གཙང་དྭགས་ཀོང་སོགས་སུ་ཕྱོགས་བྲལ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་སོ། །རྫོགས་ཆེན་པ་བསོད་ནམས་རིན་ཆེན་ནི། གཉམ་པེ་ཁུན་དུ་ཁྱུང་པོའི་རིགས་སུ་འཁྲུངས། ལོ་དྲུག་ནས་ཡི་གེ་བྲི་ཀློག་མཁས་པར་མཁྱེན། ཀཿཐོག་པ་བསོད་ནམས་བླ་མ་ལས་རབ་བྱུང་། རྫོགས་ཆེན་སྙིང་པོ་བསྡུས་པ་སོགས་གསན་ཅིང་རྫོགས་པ་ཆེན་པོ་ལ་རིགས་སད་པས། དེ་ཉིད་འཛིན་པའི་བཤེས་གེནན་དུས་དེར་གར་བཞུགས་ཀྱི་སར་དོན་གཉེར་དག་དཀའ་སྤྱད་ཆེན་པོས་བསྙེན་པ་ལས་རིན་པོ་ཆེ་འོད་གསལ་ཀློང་ཡངས། གྲུབ་ཆེན་ཀུན་བཟང་རྡོ་རྗེ། གཏེར་ཆེན་པདྨ་གླིང་པ། ཟབ་ལུང་པ་ཤཱཀྱ་བཟང་པོ། སྨན་རྩེ་བ་བློ་གྲོས་རྒྱལ་མཚན་སོགས་བླ་མ་མང་པོ་ལས་སྙིང་ཐིག་རྣམ་བཞིའི་གདམས་པ་ཆ་ལག་དང་བཅས་པས་མཚོན་གསན་སྒོམ་འཆད་སྤེལ་གྱི་ཕྲིན་ལས་སྙིང་པོར་མཛད། ཕྱིས་ཀོང་ཡུལ་གཙང་པོ་མོག་(སྟོད་ཆ།༣༥༤)དགུའི་དབེན་པར་སྒྲུབ་པའི་དམ་བཅས་བརྟན་པ་ཉིད་ནས་དགུང་ལོ་རེ་བརྒྱད་པ་ལ་གཤེགས་པས་ས་དེ་ཤིན་ཏུ་རྩུབ་ཅིང་མི་མ་ཡིན་གྱི་འདུ་ཚོགས་ཆེ་བས་མི་གཅིག་པུར་འགྲོ་མ་ནུས་པ་ཙམ་ཡོད་ཀྱང་། རྗེ་འདིས་སྒྲུབ་པ་མཛད་པ་དང་ཕྱིས་སྐུ་གདུང་རྡོ་གཉེན་གྲུ་བཞི་ཞིག་ཡོད་པའི་སྟེང་དུ་ཞལ་ཆེམ་ལྟར་ཞུགས་ལ་ཕུལ་བས། ས་དེ་རང་ཞིར་སོང་སྟེ་དུལ་བར་གྱུར་སྟབས། དེར་མཚུངས་མེད་བསྟན་འཛིན་རྡོ་རྗེས་སྒྲུབ་གྲྭ་བཙུགས་པ་ད་ལྟ་ཡང་མ་ཉམས་པར་གནས་པ་འདི་འོ། ཀུན་མཁྱེན་ངག་དབང་པདྨ་ནི། རྒྱས་སངས་གླིང་པའི་ལུང་ཟིན་ཆོས་བདག་གི་གཙོ་བོ་དཔལ་ལྡན་སེང་གེའི་སྲས་ཚ་དཔལ་འབར་དབང་ཕྱུག་གི་སྲས་སུ་ཀོང་པོ་རྐྱེན་བྱ་ཁྱུང་དུ་འཁྲུངས། དགུང་ལོ་བརྒྱད་པའི་དུས་ཀྱི་ཞབས་རྗེས་ཀྱང་ཤིན་ཏུ་གསལ་བ་ཡོད། ཆུང་ངུ་ནས་དམ་པའི་བག་ཆགས་གསལ་བར་སད། ཡབ་དང་། རྫོགས་ཆེན་པ་བསོད་ནམས་རིན་ཆེན་སོགས་བཤེས་གཉེན་མང་པོ་ལས་མདོ་སྔགས་ཀྱི་གསུང་རབ་མང་དུ་གསན་ཅིང་སྦྱངས། ཁྱད་པར་གསང་བ་སྙིང་ཐིག་དང་། སངས་རྒྱས་གླིང་པའི་གཏེར་ཆོས་ལ་མཁྱེན་རྟོགས་ཀྱི་རྩལ་རྫོགས། དགོངས་འགྲེལ་པ་བསྟན་བཅོས་ཀྱང་མང་དུ་མཛད། སློབ་མ་རྣམས་ལ་ཡི་དམ་ལྷའི་སྐུ་དང་། དབེན་པར་སྟག་སོགས་གཅན་གཟན་གྱི་གཟུགས་སོགས་སྟོན་པའི་ཡུལ་བསྒྱུར་བྱེད་ནུས་ཤིང་། རྫས་གཏེར་འགའ་ཡང་བཞེས། ཀོང་ཕྱོགས་སུ་རྙིང་མའི་བསྟན་འཛིན་གཅིག་ལ་མཁྱེན་པ་ཕྲིན་ལས་འགྲན་ལ་མེད་པའི་བཤེས་གཉེན་ཆེན་པ་དེའོ། རྫོགས་ཆེན་པ་བསོད་ནམས་དབང་པོ་ནི། ཀོང་བོ་རྐྱེན་ཚ་གཞུག་(སྟོད་ཆ།༣༥༥)ཏུ་སྐྱུ་རའི་རིགས་སུ་འཁྲུངས། གཞོན་ནུའི་དུས་ཁྱིམ་ཐབ་བཟུང་ནས་སྲས་མོ་ཞིག་ཀྱང་བྱུང་བ། བྱ་ཁྱུང་པ་རྒྱལ་དབང་བསྟན་འཛིན་གྱི་ཕྱག་རྒྱ་མོར་གྱུར། དགུང་ལོ་སོ་བདུན་པ་ལ་སྲིད་པའི་ལས་སྣང་ལ་ངེས་འབྱུང་དང་སྐྱོ་བ་དྲག་པོས་རྒྱུད་བསྐུལ་ཏེ་ཡབབ་ཡུམ་གཉིས་ཀས་བྱ་ཁྱུང་དུ་ཆོས་སྒོར་ཞུགས། ཀུན་མཁྱེན་ངག་དབང་པདྨ་ལས་རྫོགས་ཆེན་སྙིང་ཐིག་སོགས་ཆོས་ཀྱི་གསན་པ་རྒྱ་ཆེར་མཛད། རྒན་ཞུགས་ཀྱིས་རེ་ཆེན་པོ་མེད་ཀྱང་བླ་མས་པྱི་མཐའ་གཟིགས་ནས་གདམས་པ་ཐམས་ཅད་ཚད་སྤྲུགས་སུ་གནང་བ་ནན་ཏན་ཆེན་པོས་བསྒོམས་པས་ལུགས་ཀྱི་རང་ངོ་འཕྲོད། ཙཱ་རི་སྟག་ཚང་དོམ་ཚང་པུ་རི་ཟིལ་ཆེན་སོགས་སུ་དཀའ་སྤྱད་ཆེན་པོས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་ཉམས་རྟོགས་ཕུལ་དུ་ཕྱིན། འཕྱིས་འཚུངས་མེད་བསྟན་འཛིན་རྡོ་རྗེའི་བཀས་གཙང་པོ་མགོ་དགུའི་སྒྲུབ་སྡེར་བཞུགས། བཞུགས་ཁང་སྨྱུག་མའི་གཟེབ་སྤྱིལ་ད་ལྟའང་ཡོད། དེ་སྐབས་གཙང་བསམ་འགྲུབ་རྩེ་ནས་བཤེས་གཉེན་སྐྱེས་ཅེན་སོག་ཟློག་པས་མནལ་ལམ་དག་པ་འོད་གསལ་གྱིས་གཟིགས་ནས་རྒྱལ་བ་འབྲོམ་གྱིས་སྤྲུལ་པར་བསྔགས་ཤིང་བརྟན་བཞུགས་པུལ་བར། རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ། རྗོད་བྱེད་ཚིག་དང་སྒྲ་ལ་དབང་བ་མང་། དོན་གྱི་ཡེ་ཤེས་སྟོན་མཁས་ཁྱོད་མིན་སུ། ཞེས་སོགས་ཀྱི་བསྔགས་བརྗོད་སྩལ་བས་རྗེ་འདིའི་ཆོས་ཀྱི་ཕྲིན་ལས་ཀྱི་སྒོ་ཕྱེ་བའི་བདག་རྐྱེན་དུ་བྱུང་། དེ་ལ་བརྟེན་ནས་བཀའ་ཆོས་ཞུ་བ་མང་དུ་འདུས་པ་རྣམས་ལ་རྫོགས་ཆེན་སྙིང་ཐིག་སོགས་ངེས་དོན་ཟབ་མོའི་གདམས་པ་གཙོ་བོར་བསྟན་ནས་འགྲོ་དོན་བསྐྱངས། ཁྱད་པར་དུ་རྩེ་ལེ་སྤྲུལ་སྐུ་པདྨ་ལེགས་གྲུབ་དང་། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་སྤོ་བོ་རྦ་ཁ་སྤྲུལ་སྐུ་སོགས་སྐྱེས་མཆོག་དུ་མས་(སྟོད་ཆ།༣༥༦)མཚོན་སྐལ་ལྡན་མང་པོའི་དོན་མཛད་ནས། དགུང་ལོ་དོན་དྲུག་པ་ཤིང་གླང་སྨིན་དྲུག་ཟླ་བའི་ཉེར་ལྔ་ལ་ཀོང་ཡུལ་མགོ་དགུའི་སྒྲུབ་སྡེར་སྙུན་པ་མེད་པར་གཤེགས། གདུང་སྦྱངས་པས་དབུ་ཐོད་ལ་ཨ་རང་བྱོན་དང་རིང་བསྲེལ་མང་དུ་འཕེལ་ལོ། ལྷ་བཙུན་ཀུན་བཟུང་རྣམ་རྒྱལ་ནི། ལྷོ་རྒྱུད་བྱར་དུ་མེ་མོ་བྱ་ལ་འཁྲུངས། གུང་ལོ་བཅུ་གཅིག་པ་ལ་གསུང་སྙན་རི་ཁྲོད་དུ་སྤྲུལ་ཨོ་རྒྱན་དཔལ་འབྱོར་ལས་རབ་ཏུ་བྱུང་། དགོངས་འདུས་སོགས་ཆོས་བཀའ་མང་དུ་གསན། ཀོང་པོ་ཐང་འབྲོག་གྲྭ་ཚང་དུ་བྱོན་ནས་སྔགས་ཀྱི་གསན་སྦྱངས་མཛད། ཉེར་ལྔ་པ་ལ་རྫོགས་ཆེན་པ་བསོད་ནམས་དབང་པོ་ལས་གསང་བ་སྙིང་ཐིག་གི་དབང་ཁྲིད་གདམས་པ་མཐའ་རྒྱས་སུ་གསན་པས་ཆོས་ནིད་ཇི་བཞིན་པ་ངོ་འཕྲོད། གཞན་ཡང་ལོ་ཆེན་གཞན་ཕན་རྡོ་རྗེ་སོགས་མཁས་གྲུབ་ཀྱི་བླ་མ་བརྒྱ་ཕྲག་ཏུ་ཉེ་བ་ལས་ཆོས་ཀྱི་གསན་པ་མཐའ་ཡས་པ་མཛད། ཤེལ་རི་དང་མཆིམས་ཕུ་སོགས་དབེན་གནས་མཐའ་ཡས་པ་མཛད། ཤེལ་རི་དང་མཆིམས་ཕུ་སོགས་དབེན་གནས་མང་པོར་སྒྲུབ་པ་ལ་ནན་ཏན་མཛད་པས་རྟོགས་པ་ཀློང་དུ་གྱུར། གནས་དགོན་གྱི་བདག་བཟུང་མེད་པར་ཕྱོགས་བྲལ་གྱི་དབེན་པར་ཟབ་མོ་སྙིང་ཐིག་གཙོ་བོར་གྱུར་པའི་ངེས་དོན་གྱི་གདམས་པས་འགྲོ་དོན་མཛད་པས་རིག་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་ཕྲིན་ལས་རྣམ་རྒྱལ། གྲུབ་ཆེན་ཡེ་ཤེས་ཕུན་ཚོགས་སོགས་འགྲོ་ཕན་ཅན་གྱི་བུ་ཆེན་དང་། ཉམས་རྟོགས་ཅན་གྱི་སྒོ་ཆེན་ཕོ་མོ་མང་དུ་འཐོན། དུས་དེར་ལོ་ཆེན་གཞན་ཕན་རྡོ་རྗེ། ཀུན་མཁྱེན་གསུང་སྤྲུལ། ཀོང་པོ་རྒོད་ཚང་བ། སྙིད་ཕུ་རིག་འཛིན་སྙིང་པོ། དར་ལྡིང་པ་ཕྲིན་ལས་ལྷུན་གྲུབ།(སྟོད་ཆ།༣༥༧) རོང་བ་རྫོགས་ཆེན་པ་སོགས་རྫོགས་ཆེན་ལ་འཆད་ཉན་སྐྱོང་བ་ཐོག་མཉམ་མང་དུ་བཞུགས་ཀྱང་རྗེ་འདི་རྫོགས་ཆེན་འཆད་སྤེལ་གྱི་ཕྲིན་ལས་ལ་གཞན་འགྲན་མེད་ཅེས་སྤྲུལ་སྐུ་གཏེར་བདག་གླིང་པས་གསུངས། སྒོམ་བྱུང་ཤེས་རབ་ཀྱི་ཀློང་བརྡོལ་བས་བསྟན་བཅོས་ཀྱང་མང ་དུ་སྤེལ་བ་སོགས་ཕྲིན་ལས་རླབས་པོ་ཆེའི་ངང་ནས་ལྔ་བཅུ་རྩ་དྲུག་པ་ཆུ་ཕོ་འབྲུག་གི་ལོ་ལ་ཤེལ་བྲག་གི་ཡང་དགོན་དུ་གཤེགས་སོ། ཡང་སྲིད་ཆོས་རྒྱུན་སོགས་འབྲས་གཤོངས་སུ་བྱུང་བས་དེང་སང་འབྲས་གཤོངས་རྫོགས་ཆེན་པར་གྲགས། དག་སྣང་ཆོས་སྐོར་སོགས་བྱུང་ཚུལ་འོག་ཏུ་འཆད་དོ། རྫོགས་ཆེན་པ་ཀློང་རྫོགས་མཐའ་བྲལ་ནི། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་གྱི་དབོན་དུ་འཁྲུངས། སྐུ་ན་གཞོན་ནུ་ནས་མཁྱེན་རྟོགས་ཀྱི་རྩལ་རྫོགས། ཁྱད་པར་ལྷ་བཙུན་ཅེན་པོ་ལས་འོད་གསལ་རྡོ་རྗེ་སྙིང་པོ་སྙིང་ཐིག་ཡ་བཞིས་མཚོན་པའི་ཆོས་ཚུལ་དང་གདམས་པ་མཐའ་དག་བུམ་པ་གང་བྱོར་གསན། དབེན་པར་བསྒོམས་པས་གནས་ལུགས་རང་ངོ་འཕྲོད་ཅིང་ཉམས་རྟོགས་ཀྱི་རྩལ་རྫོགས་ནས་རྟོགས་པ་ཀློང་དུ་གྱུར། རྫོགས་ཆེན་གཙོ་བོར་གྱུར་པའི་འཆད་སྤེལ་གྱི་ཕྲིན་ལས་བསྐྱངས་པས་འགྲོ་དོན་གྱི་བཀའ་བབས། ལྷ་བཙུན་ཆེན་པོ་གཤེགས་རྗེས་ཀྱི་བྱ་བ་དང་། །དེ་ལས་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་གྱིས་གསན་པ་ཡིན་ཏེ་ལོ་རྒྱུས་རྒྱས་པ་གདན་རབས་སྐབས་སུ་འཆད་ལ། གྲུབ་དབང་རིན་པོ་ཆེའིསལོབ་མའི་གཙོ་བོ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན། གཏེར་ཆེན་ཉི་མ་གྲགས། དཔོན་སློབ་ནམ་མཁའ་འོད་གསལ་སོགས་དང་།(སྟོད་ཆ།༣༥༨) གཞན་ཡང་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པའི་ཀློང་བརྡོལ་ཞིང་། རིག་པ་ཚད་ཕེབས་ཀྱི་སར་ཕྱིན་པའི་རྟོག་པ་ཀློང་གྱུར་གྱི་རྣལ་འབྱོར་པ་རྟོགས་ལྡན་སེང་ཁྱུ་འབྲོག་པ་ཙམ་ཞིག་ཡོད་ཀྱང་། ཆོས་རྒྱུན་ཕལ་ཆེར་དཔོན་སློབ་རིན་པོ་ཆེ་ནས་འཕེལ་ར་སྣང་སྟེ། དེ་ལས་རྫོགས་ཆེན་རིན་པོ་ཆེ་སྤྲུལ་དབོན་ཟུང་གིས་སོ་སོར་གསན་ཅིང་། ཡང་དཔོན་སློབ་རིན་པོ་ཆེ་ནས་རིམ་བརྒྱུད། བདག་གི་བླ་མ་ཉི་སྤྲུལ་སེམས་དཔའ་ཆེན་པོ་ལ་རྟོགས་པ་དོན་བརྒྱུད་ཀྱི་བསྟན་པ་ལྟར་སྣང་ཙམ་མ་ཡིན་པ་གནས་ལུགས་ཉམས་མྱོང་དང་འབྲེལ་བ་སྙིང་པོའི་བསྟན་པ་རྣལ་མ་འདི་བྱུང་བ་ཡིན་ནོ། ཡང་བརྒྱུད་ཚུལ་གཅིག་ལ་ཀུན་མཁྱེན་ཆེན་པོ་ནས། མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ་སྟེ། རྗེ་འདི་ནི་ལྷོ་བྲག་གི་དད་སྤོར་ཡབ་དཔལ་འདྲེན་དང་། ཡུམ་བསམ་གྲུབ་སྐྱིད་ཀྱི་སྲས་འཁྲུངས། ཆུང་ངུ་ནས་དམ་པའི་རིགས་ཀྱི་ནུས་པ་བསལ་བར་སད། ལོ་ལྔ་ནས་འབྲི་ཀློག་སྦྱངས་པ་ཚགས་མེད་པར་མཁྱེན། བཅུ་གསུམ་པ་ལ་ལྷ་ལུང་གི་སྟན་གཅིག་པའི་སྡེར་རབ་ཏུ་བྱུང་། །བཅུ་བདུན་པ་ལ་ཆོས་ལུང་མཁན་ཆེན་བསོད་ནམས་གྲགས་ལས་བསྙེན་པར་རྫོགས། འདུལ་བའི་བསླབ་བྱ་ལག་ལེན་དང་ལུང་རྣམས་གསན། བཤེས་གཉེན་དུ་མ་ལས་ཕར་ཚད་འདུལ་མགོན་སོགས་མཁས་པར་སྦྱངས་ནས་མཚན་ཉིད་ཀྱི་འདུས་སྡེ་དུ་མར་བཤད་པས་སྙན་པའི་གྲགས་པ་ཐོན། རྒྱལ་སྲས་ཐོགས་མེད་པ་ལ་སེམས་བསྐྱེད་དང་བློ་སྦྱོངས་སོགས་གསན། འཇམ་དབྱངས་ལེགས་ལྡན་པ་ལ་ལམ་འབྲས་སོགས་སྐྱ་པའི་གདམས་པ་རྣམས་དང་། བླ་མ་ཀུན་རིན་པ་ལ་མ་ཏྲ་བརྒྱ་རྩ་སོགས་དང་། གཏེར་ཆེན་རྡོ་རྗེ་གླིང་པ་དང་རིན་ཆེན་གླིང་པ་གཉིས་ཀྱི་སོ་སོའི་གཏེར་ཆོས་(སྟོད་ཆ།༣༥༩)རྣམས་དང་། ཡེ་ཤེས་རྒྱལ་པོ་ལས་འཇམ་དཔལ་ཚེ་བདག་སོགས་ཡོངས་འཛིན་བཤེས་གཉེན་དུ་མ་ལས་མདོ་དང་སྔགས་གསར་རྙིང་གི་ཆོས་བཀའ་མང་དུ་གསན་ཅིང་ཀུན་ཆུབ་པར་མཛད། ཆོས་ལུང་མཁན་ཆེན་བྱང་སེམས་བསོད་ནམས་གྲགས་པའི་བཀས་ལྷ་ལུང་ཇོ་གདན་སྡེའི་མཁན་པོར་བསྐོས། དགེ་འདུན་རྣམས་ཆོས་དང་ཟག་ཟིག་གཉིས་ཀས་མཐུན་པར་བསྐྱངས་ཏེ་ཕུན་སུམ་ཚོགས་པའི་ཞིང་དུ་བསྒྲུབས། དེའི་ཚེ་ཀུན་མཁྱེན་ཆེན་པོ་ལྷོ་མོན་དུ་ཕེབས་དུས་མོན་ཐང་གནས་སུ་སྤྱན་དྲངས། ཕྱོགས་དེར་དབྱར་ངོ་གཅིག་ཏུ་བཞུགས་པ་ཚེ་རབས་ཀྱི་བླ་མར་ངེས་པས་དད་པ་གསུམ་གྱིས་གུས་པར་བསྙེན། གསང་བ་བླ་ན་མེད་པའི་དབང་ཁྲིད་སོགས་གདམས་པ་དུ་མ་སྨིན་པར་གསན། ཀུན་འཁྱེན་མོན་དུ་ཐེགས་རྗེས་ལྷ་ལུང་གི་ཡང་དགོན་ཟེ་མཁར་དུ་སྒྲུབ་ཁང་་བརྩེགས་ཏེ་རྣམ་གཡེང་གི་སྤྲོས་པ་ཐམས་ཅད་ནས་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་རྩེ་གཅིག་པའི་ཉམས་ལེན་ལོ་ལྔ་བར་མ་ཆད་དུ་བཞུགས་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་རྟོགས་པ་མཐར་ཕྱིན། ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས། རྣམ་རས་དང་སྡེ་ལྔ་སོགས་དམ་ཅན་མང་པོས་བཀའ་ནོད་ཅིང་ཕྲིན་ལས་མངོན་སུམ་དུ་བསྒྲུབ་པ་དང་། ཐོགས་པ་མེད་པའི་མངོན་ཤེས་ཀྱིས་ལྐོག་གྱུར་རྣམས་ཇི་བཞིན་པར་ལུང་སྟོན། ཀུན་མཁྱེན་ཆེན་པོ་མོན་ནས་སྤྱན་འདྲེན་པའི་གཙོ་བོར་མཛད་ནས་ལྷོ་བྲག་གི་སྐྱེ་བོ་ཀུན་གྱིས་གུས་པར་མཆོད། ཆོས་འཁོར་རྒྱ་ཆེན་བསྐོར་བར་བསྐུལ། ཁྱད་པར་མཁའ་འགྲོ་སྙིང་ཐིག་གི་གདམས་པ་གསན་ཅིང་སྔར་གསན་པ་རྣམས་ཀྱི་ཞུ་ཏིག་ཀྱང་མཛད། ཆོས་རྗེ་ཉིད་ཤིན་ཏུ་དགྱེས་པས་ཐུགས་ཀྱི་སྲས་སུ་བཟུང་ནས་གདམས་པའི་(སྟོད་ཆ།༣༦༠)གཏད་རྒྱ་མཛད་དོ། སྤྱིར་གསར་རྙིང་གི་ཆོས་སྒོ་རབ་འབྱམས་ལ་དབང་འབྱོར་ཡང་། ཁྱད་པར་གསང་ཆེན་རྫོགས་པ་ཆེན་པོ་ཆོས་རྗེའི་བཀའ་སྲོལ་ཉིད་བཤད་སྒྲུབ་ཀྱི་ཕྲིན་ལས་གཙོ་བོར་མཛད་པས། སྤྲུལ་པའི་སྐུ་གྲགས་པ་འོད་ཟེར། གཏེར་ཆེན་རྡོ་རྗེ་གླིང་པ། གུ་རུ་དོན་ཡོད་པ། བྱ་བཏང་རྒྱལ་མཚན་གྲགས། རྟོགས་ལྡན་ཡེ་དཔལ་བ་དང་། ཚུལ་ཁྲིམས་རྒྱལ་མཚན་སོགས་བསྟན་འཛིན་གྱི་སྐྱེས་མཅོག་དུ་མས་མཚོན་སྐལ་ལྡན་གྱི་བུ་སློབ་མཐའ་ཡས་པ་སྨིན་གྲོལ་དུ་མཛད་ནས་དགུང་ལོ་གོ་བདུན་བཞེས་པ་ས་ག་ཟླ་བའི་ཉི་ཤུ་གནིས་ལ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས། སྤུར་ཟླ་བ་གཅིག་ཏུ་མཆོད་ནས་ཞུགས་སུ་སྦྱངས་པས་རིང་བསྲེལ་མང་དུ་འཕེལ་བ་སོགས་ངོ་མཚར་བའི་ཆོ་འཕྲུལ་གྱིས་ཐམས་ཅད་དད་པ་ལ་བཀོད་དོ། རྒྱལ་སྲས་སྤྲུལ་སྐུ་གྲགས་པ་འོད་ཟེར་ནི། མཁའ་འགྲོ་སྙིང་ཐིག་གི་ཞུས་ལན་གསེར་འཕྲེང་དུ། ལས་འབྲེལ་རྩལ་གྱི་སྐྱེ་བ་ཕྱི་མ། ལོངས་སྐུའི་ཞིང་དར་གཅིག་མྱུལ། དེ་ནས་བུམ་ཐང་ཐར་པ་གླིང་དུ་སྐྱེ། ལོ་བཅོ་ལྔ་ནས་འགྲོ་བའི་དོན་བྱེད། སྲས་ཟླ་བ་གྲགས་པ་ཞེས་བྱ་བ་རྟ་མགྲིན་གྱི་སྤྲུལ་པ་ཞིག་འབྱུང་། དེས་ཀྱང་འགྲོ་དོན་བྱེད། ཅེས་སོགས་ལུང་བསྟན་པ་བཞིན་དུ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཉིད་ལྷུན་གྲུབ་འོད་གསལ་ཚད་ཕེབས་ཀྱི་སྣང་འབྱམས་ཀླས་པའི་ཕྱིར་ལོངས་སྐུའི་ཞིང་མྱུལ་བ་དང་། དེ་ལས་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་སྲས་ཀྱི་ཚུལ་དུ་ཤར་བ་སྟེ། ཡུམ་སྐྱེད་པ་ཡགས་ཞེས་པའི་སྲས་སུ་འཁྲུངས། ཆུང་ངུ་ནས་དམ་པའི་བག་ཆགས་སད། ཡུམ་ལ་གྲོས་འདེབས་ཀྱི་མགུར་གསུང་བ་དང་། དྲུང་དུ་(སྟོད་ཆ།༣༦༡)འདུས་པ་རྣམས་ལ་ཆོས་ཀྱི་བརྡ་སྟོན་པ་བྱུང་། དེ་དག་གི་ཚེ་སྔགས་སྲུང་གིས་པང་དུ་འཚོ་བ་དང་། དྲང་སྲོང་གིས་མེལ་ཚེ་མཛད་པ་མང་པོས་མཐོང་། ལོ་ལྔ་ལོན་པ་ན། ཆོས་རྗེས་ལུང་བསྟན་པ་བཞིན་མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ་ཀྱིས་ལྷ་ལུག་ཟེ་མཁར་དུ་གདན་དྲངས། ཆོས་དང་ཟང་ཟིང་གི་སྲི་ཞུས་ལེགས་པར་བསྐྱངས། དགུང་ལོ་བརྒྱད་པ་ལ་རབ་ཏུ་བྱུང་། མཚན་གྲགས་པ་འོད་ཟེར་དུ་བཏགས། དམ་པའི་ཆོས་ཀྱི་སྒོ་དུ་མ་ལ་གསན་བསམ་དང་ཁྱད་པར་གསང་བ་བླ་ན་མེད་པའི་དབང་ཁྲིད་ལུང་མན་ངག་སོགས་ཀུན་མཁྱེན་ཆེན་པོའི་བཀའ་སྲོལ་མཁན་ཆེན་ཉིད་ལ་མངའ་བ་མཐའ་དག་བུམ་པ་གང་བྱོར་གསན་ཅིང་ཀུན་ཆུབ་པར་མཛད། དགུང་ལོ་དགུ་པ་ལ་གོང་མའི་བུ་སློབ་རྣམས་ཀྱིས་དབུས་སུ་གདན་དྲངས། གྲྭ་བྱམས་སྡིངས། སྒྲགས་རི་བོ། སྙེ་ཕུ་ཤུག་གསེབ། རྒྱ་མ་འབྲི་གུང་སོགས་ཀྱི་དད་ཅན་མང་པོས་གུས་པར་མཆོད། དམ་པའི་ཆོས་ཀྱི་བདུད་རྩི་སྐལ་བ་བཞིན་བསྟན། གཡག་སྡེ་པཎ་ཆེན་གྱིས་ཀྱང་གུས་པར་མཛད་ནས། སྐྱེས་ཐོབ་འཕགས་པའི་ཤེས་རབ་ཀྱིས། །སྙིང་པོའི་དོན་ལ་དབང་འབྱོར་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། གྲགས་པ་འོད་ཟེར་རྒྱལ་གྱུར་ཅིག །ཅེས་ཆེད་དུ་བརྗོད་པས་ཀྱང་བསྔགས། སླར་ཡང་ལྷོ་རྒྱུད་དུ་ཕེབས་པའི་ལམ་ཡར་འབྲོག་ཏུ་བདག་ཆེན་བློ་གྲོས་རྒྱལ་མཚན་དང་། ཁྲི་དཔོན་རྡོར་རྒྱལ་གྱིས་བསྙེན་བཀུར་ཞིང་དམ་པའི་ཆོས་ཀྱི་བཀའ་དྲིན་ནོད། ལྷོ་བྲག་ལྷ་ལུང་སོགས་ནས་མོན་དུ་བྱོན། གླང་མ་མཐིལ་གྱི་སྒྲུབ་སྡེ་བཏབ། བུམ་ཐང་རྔན་ལོང་མན་ལོག་སོགས་མཐའ་འཁོབ་ཀྱི་ཞིང་རྣམས་སུ་འོད་གསལ་རྡོ་རྗེ་སྙིང་པོ་སོགས་དམ་པའི་ཆོས་ཀྱི་སྒྲོན་མེས་སྐལ་ལྡན་མང་པོའི་ཐར་ལམ་(སྟོད་ཆ།༣༦༢)གསལ། སླར་ཡང་བོད་ཀྱི་གདན་ས་རྣམས་སུ་ཕན་བདེའི་ཕྲིན་ལས་རྒྱ་ཆེར་བསྐྱངས། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པའི་བཀའ་སྲོལ་རྣམས་དར་རྒྱས་སུ་མཛད་པས། འཁྲུལ་ཞིག་སངས་རྒྱས་དབོན་པོ། སྲས་ཟླ་བ་གྲགས་པ། བྱ་བཏང་གྲགས་པ་རྒྱ་མཚོ། གླིང་སྨད་ཤེས་རབ་དཔལ་ལྡན། སྤྱད་ལུང་པ་གཞོན་ནུ་བློ་གྲོས་སོགས་མཁས་གྲུབ་ཀྱི་སློབ་མ་མང་དུ་བྱུང་། ཀུན་མཁྱེན་ཆེན་པོའི་དངོས་སློབ་ཐམས་ཅད་ཀྱིས་ཀྱང་ཆོས་ཀྱི་བདུད་རྩི་ཅི་ཐོབ་ཏུ་ནོད་ཅིང་རིང་ལུགས་འཛིན་པས་ཀུན་ཏུ་ཁྱབ་པར་མཛད་ནས་ལྔ་བཅུ་རྩ་བཞི་པ་གླང་ལོ་ཟླ་བ་བཞི་པའི་ཉེར་བཞི་ལ་སྐལ་ལྡན་བྱམས་པ་སྡིངས་སུ་ཞི་བར་གཤེགས། གདུང་སྦྱངས་པས་ལྷ་སྐུ་རིང་བསྲེལ་མང་དུ་འཕེལ། འཇའ་ཚོན་གྱི་གུར་ཁྱིམ་སོགས་ངོ་མཚར་བའི་རྟགས་ཀྱིས་དད་པ་ལ་བཀོད་དོ། འཁྲུལ་ཞིག་ཤེས་རབ་རྒྱ་མཚོས་སྙིང་ཐིག་ལན་བཞི་གསན་པའི་བར་མའི་གསན་ཡུལ་གཉིས་ཀ་ཀུན་མཁྱེན་གྱི་དངོས་སློབ་བརྒྱུད་སྲོལ་འདི་ལ་བྱིན་རླབས་ཆེ་བོ་གཅིག་འདྲེས་སུ་འདུ་ཞིང་བཀའ་དྲིན་ཆེ་ཡང་གསན་ཡུལ་ཐོག་ཐ་གནིས་གྲགས་ཆེ་བས་བག་ལ་ཞ་སྟེ་མཚན་ཙམ་ཐོས་པ་ཡང་ཉུང་བས་བློ་ལྡན་ངེས་ཤེས་འདྲེན་ཕྱིར་སྐབས་འདིར་འབྲེལ་ཆགས་སུ་སྨོས་ན། གསན་ཡུལ་གཉིས་པ་བླ་མ་ཨོ་རྒྱན་པ་ནི། དབུ་རུ་སྟོད་དུ་འཁྲུངས། འབྲི་ཁུང་པའི་འདུས་སྡེར་རབ་ཏུ་བྱུང་། སེམས་བསྐྱེད་སོགས་ཟབ་ཆོས་མང་དུ་གསན། གསང་ཕུར་འདུལ་བ་དང་དབུ་ཕར་སོགས་མཚན་ཉིད་ཀྱི་གཞུང་རྣམས་ལ་མཁས་པར་སྦྱངས། ཁྱད་པར་ཐེལ་གྱི་མཁན་སློབ་སོགས་ལས་འཇིག་རྟེན་མགོན་པོའི་ཟབ་ཆོས་མཐའ་དག་གསན་ཅིང་བསམ་བསྒོམ་གྱིས།(སྟོད་ཆ།༣༦༣) ཀུན་ཆུབ་པར་མཛད་ནས་དབེན་པར་ཐུགས་དམ་ལ་བཞུགས་པ་ལས། འབྲི་གུང་པའི་སྒོམ་པ་ཀུན་རིན་སྲིད་སྡེ་སྐྱོང་བའི་དམན་འཕྲུག་གི་སྡིག་གཡོས་ལ་ཡིད་ཕྱུངས་ཏེ་དམ་པའི་ཆོས་ལ་རིགས་སད། རྫོགས་པ་ཆེན་པོའི་ཟབ་ལམ་ལ་མོས་ཤིང་དུངས་པས་གསན་ཡུལ་གྱི་བླ་མ་ཀུན་མཁྱེན་ཉིད་འགྲན་ཟླ་མེད་པར་བླ་མ་འདིས་མཚམས་སྦྱར་བ་ལས། སྒོམ་པས་འབྲི་ཁུང་དུ་སྤྱན་དྲངས་ཏེ་ཞྭ་ལྷ་ཁང་བསོ་ནམ་གྱི་རྒྱུན་རྐྱེན་དང་ཨོ་རྒྱན་དགོན་པ་ཕུལ་བས་མཚོན་བསྙེན་བཀུར་ཐམས་ཅད་ཀྱིས་གུས་པར་བསྙེན་ཅིང་ཟབ་མོའི་གདམས་པ་སྩལ་བས་ཐར་པའི་ལམ་སྣེ་ཟིན་པར་མཛད། དེ་དག་ཏུ་ཆོས་གསུངས་སོ་ཅོག་དང་། ཁྱད་པར་རྒྱ་མ་གནས་དང་གྲོགས་ཨོ་རྒྱན་དུ་སྙིང་ཐིག་གསུངས་པ་གསན་ཅིང་གུས་པ་གསུམ་གྱིས་བསྟེན། ཆོས་རྗེའི་བཀས་རི་ཁྲོད་དེ་ཉིད་ཀྱི་འདྲེན་པར་བསྐོས། སྒོམ་སྒྲུབ་དང་ཆོས་འཆད་ཀྱིས་བླ་མའི་རྣམ་ཐར་བཟུང་། ཀུན་མཁྱེན་ཆེན་པོ་ལྷོ་མོན་དུ་འགྲོ་ཕན་ཡུན་རིང་མཛད་ནས་བོད་དུ་བྱོན་སྐབས་ཡར་འབྲོག་ཏུ་སྤྱན་འདྲེན་དུ་བྱོན་ཕྱིས་གྲོག་ཨོ་རྒྱན་དུ་འབྲི་ཁུང་སི་ཏུ་ཤཱཀྱ་བཟང་གིས་ཀུན་མཁྱེན་ཆེ་པོ་སྤྱན་དྲངས་ནས་ཆོས་གཞི་བཏེག་སྐབས་སྙིང་ཐིག་གིས་མཚོན་སྤྱི་སྒོས་སུ་ཆོས་གནང་བ་མཐའ་དག་གསན་ཅིང་། ཚོགས་ཀྱི་མཆོད་པ་དང་འཁོར་གསུམ་དག་པའི་འབུལ་བ་ཡང་ལན་མང་དུ་མཛད། ཤིན་ཏུ་དགྱེས་པས་ཕྱོགས་དེའི་བསྟན་པའི་གཉེར་གཏད། ཀུན་མཁྱེན་ཆེན་པོ་གཤེགས་རྗེས་སུ། བླ་མ་འདིས་གྲོག་ཨོ་རྒྱན་སོགས་སུ་ཀུན་མཁྱེན་ཆེན་པོའི་བཀའ་སྲོལ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྟར་ཆགས་སུ་ཀུན་མཁྱེན་ཆེན་པོའི་བཀའ་སྲོལ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྟར་ཆགས་སུ་བསྐྱངས་པ་ལས་སྐལ་ལྡན་གྱི་སློབ་མའི་འདུ་བ་རྒྱ་ཆེར་བྱུང་བའི་ཕུན་ཚོགས་བཟོད་པས་ཨེ་ཝཾ་དང་ཐང་སྐྱའི་བླ་(སྟོད་ཆ།༣༦༤)མ་འབྲི་གུང་དཔལ་འཛིན་དུ་གྲགས་པས་རྫོགས་ཆེན་གཙོར་སྨོས་པའི་རྙིང་མ་ལ་ཆོས་སྤོང་གི་སྒྲིབ་པའི་ཁུར་བཟོད་དཀའ་བ་ཡང་བླངས་སོ། ཞེས་གཏེར་བདག་གླིང་པས་གསུངས་སོ། །ཕྲིན་ལས་ཀྱི་རྒྱུན་བསྐྱངས་ཤིང་། ཞེས་གཏེར་བདག་གླིང་པས་གསུངས་སོ། །ཕྲིན་ལས་ཀྱི་རྒྱུན་བསྐྱངས་ཤིང་། སངས་རྒྱས་དབོན་ཤེས་རབ་རྒྱ་མཚོར་སྙིང་ཐིག་གི་དབང་ཁྲིད་སྒྲུབ་ཕྲིན་ཕྱག་བཞེས་དང་བཅས་པ་མཐའ་རྒྱས་སུ་གསུངས། ཁོང་པ་ཏི་སེར་སྒྲུབ་པ་ལ་འབྱོན་བཞེད་པ་ལས་ལྡོག་སྟེ་ཕྱོགས་འདིར་ཆོས་རྗེའི་ཕྲིན་ལས་སྐྱོང་བར་གདམས་པས། ཆོས་རྒྱུན་ལ་བཀའ་དྲིན་ཆེ་ཞིང་སྒྲུབ་གྲྭའི་རྒྱུན་ཡང་རིང་པོ་བྱུང་། ཀུན་མཁྱེན་གྱི་གསུང་རྣམས་སུ་ལྷུན་གྲུབ་གླིང་གི་གནས་ཞེས་པ་དེ་ཡང་རི་ཁྲོད་འདིའོ། གསན་ཕུལ་གསུམ་པ་རིན་པོ་ཆེ་འོད་གསལ་རང་གྲོལ་ནི། གཡོར་པོའི་གཞུང་དུ་ཡབ་དཔལ་མགོན་དང་། ཡུམ་སེ་མོ་ཞེས་པའི་སྲས་སུ་འཁྲུངས། ལོ་དགུ་པའི་དུས་བྱ་བྲལ། བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་ཞིག་གཟིགས་པས་དམ་པའི་ཆོས་རིགས་སད། དེའི་རྗེས་སུ་འབྲངས་ཏེ་ཐུགས་རྗེ་ཆེན་པོའི་གདམས་པ་གསན་ནས་ཉམས་ལེན་མཛད་པར་བྱིན་རླབས་ཀྱི་མཚན་མ་ཐོབ། བླ་མ་བསོད་ནམས་རྒྱལ་མཚན་ལས་དགེ་བསྙེན་དང་ཉེར་ལྔ་པ་ལས་མཁན་པོ་ཟུམ་ཕུ་བ་དང་སློབ་དཔོན་ཤཱཀ་དོན་བ་ལས་བསྙེན་པར་རྫོགས། སློབ་དཔོན་ལས་འདུལ་བའི་བསླབ་བྱ་ལག་ལེན་རྣམས་གསན་ནས་སྦྱངས། བླ་མ་ཤཱཀྱ་ཤེས་རབ་སོགས་ཡོངས་འཛིན་བཅུ་གསུམ་ཙམ་ལ། ས་རྙིང་དྭགས་ཤངས་ཞི་གཅོད་སོགས་ཆོས་བཀའ་མང་པོ་སྔ་ཕྱིར་གསན་ནས་སྙིང་པོ་ཉམས་ལེན་དུ་བསྒྲིལ། ཙཱ་རི་སོགས་དབེན་གནས་དུ་མར་བསག་སྦྱང་དང་དཀའ་སྤྱད་ཆེན་པོས་སྒྲུབ་པ་(སྟོད་ཆ།༣༦༥)ནན་ཏན་དུ་མཛད་པས་ཉམས་རྟོགས་ཀྱང་བཟང་པོ་འཁྲུངས། འོན་ཀྱང་གཡེང་བ་ཆུང་ཕྱིར་སྒྲུབ་པ་རྩེ་གཅིག་མཛད་བར་ཆད་བོར་བའི་གྲོགས་འགའ་ཞིག་དང་བསྟུན་ནས་ལྷོ་མོན་དུ་བྱོན། རེ་ཞིག་དབེན་པ་མཉམ་དུ་བརྟེན་ཡང་གྲོགས་རྣམས་རྙེད་འཚོལ་གྲོང་མྱུལ་གྱི་གཡེང་བར་འབྱམས། ཉིད་གཅིག་པུས་རྒྱ་ལེ་མཁར་གྱི་བྲག་ལ་སྒྲུབ་པའི་དམ་བཅའ་བརྟན་པར་བཞུགས་པས། ཡུལ་པ་ཐམས་ཅད་དད་དེ་གུ་རུ་འདི་བཟང་པོའོ་ཞེས་མཐུན་པར་བརྗོད་པས་དེ་ཕྱིན་ཆད་རིན་པོ་ཆེ་གུ་རུ་བར་གྲགས། སྐབས་དེར་ཆོས་རྗེ་ཀུན་མཁྱེན་ཆེན་པོ་བུ་མ་ཐང་དུ་པེབས་པ་གསན་ནས་མཇལ་བ་ལ་ཐུགས་དུངས་པས་འབྱོན་པར་བརྩམས་པ་ན། མོན་ནུབ་ཕྱོགས་པ་རྣམས་ཀྱིས་སྤྱན་དྲངས་ཏེ་སྔ་ལོང་དུ་ཕེབས་པ་དང་མཇལ། གུས་པ་མི་ཕྱེད་པས་བཏུད་དེ་ཚེས་བཅུའི་དུས་ཆེན་ལ་ཚོགས་སྟོན་གྱིས་མཆོད་ཅིང་ཡོན་འབུལ་མཛད་པ་དང་འབྲེལ་བར་ཕྱོགས་དེའི་སྐྱེ་བོ་སྟོང་ཕྲག་མང་པོར་ལོངས་པས་ཀྱང་རང་རང་གི་བདོག་དགུ་ཕུལ་ནས་འབྲེལ་ཚད་དོན་དང་ལྡན་པའི་མཚམས་སྦྱར། ཞབས་ཕྱིར་འབྲིང་ཏེ་མིན་ལོག་ཀུན་བཟང་གླིང་དུ་སྙིང་ཐིག་གི་གདམས་པ་གསན་ཅིང་། ཆོས་རྗེ་ཉིད་ཀྱིས་ཨོ་རྒྱན་གླིང་གི་རི་ཁྲོད་དུ་བསྐོས་པ་རེ་ཞིག་བཟུང་། སླར་ཡང་བུམ་ཐང་དུ་ཞབས་ཕྱིར་བསྙེགས་པ་ནས་བཟུང་ཕྱིས་ཀུན་མཁྱེན་ཆེན་པོ་ཞི་བར་མ་གཤེགས་ཀྱི་བར་ཉེ་བར་བཅར་བའི་སྐུའི་རིམ་གྲོ་དང་མཆོད་གཡོག་ཁྲིད་གཉེར་སོགས་སྒོ་ཏམས་ཅད་ནས་དགྱེས་པར་བསྒྲུབས་པས་ཟབ་རྒྱས་ཀྱི་གདམས་པ་ཐོབ་ཆེ་ཞིང་། ཁྱད་པར་གསང་བ་སྙིང་ཐིག་གི་ཁྲིད་བཀའ་ལན་ལྔ་མཐའ་རྒྱས་སུ་གསན་ཅིང་ཕྱིས་ཀུན་མཁྱེན་ཆེན་པོ་ཞི་བར་གཤེགས་པའི་དགོངས་པ་བསྐོང་བའི་མཆོད་འབུལ་(སྟོད་ཆ།༣༦༦)དང་། ཆོས་འཕྲོ་ཡང་འདི་ཉིད་ཀྱིས་གསུངས་པས་མཚོད་དམ་པའི་ཆོས་ཀྱི་ཕྲིན་ལས་མཐའ་ཡས། རྒྱལ་སྲས་སྤྲུལ་སྐུ་སོགས་བུ་སློབ་ཐམས་ཅད་ཀྱིས་ཀྱང་བཏུད། ཐར་པ་དོན་གཉེར་ལ་ཆོས་བཀའ་གསུང་བ་ཙམ་ལས་རྣམ་གཡེང་ཐམས་ཅད་སྤངས་ཏེ་མཆིམས་ཕུའི་གནས་ཆེན་དེ་ཉིད་དུ་སྒྲུབ་པ་ཁོ་ན་ལ་བཞུགས། འཁྲུལ་ཞིག་ཆེན་པོ་ལ་གསང་བ་སྙིང་ཐིག་སོགས་བླ་མའི་བཀའ་སྲོལ་ཐམས་ཅད་རྫོགས་པར་གཏད། མོན་ནས་རྒྱལ་སྲས་སྤྲུལ་སྐུ་དབུས་སུ་ཕེབས་པ་གྲྭའི་བྱམས་སྡིངས་སུ་མཇལ། ཟང་ཟིང་གི་ཡོ་བྱད་དང་བཀའ་མང་དུ་ཕུལ་ཞིང་ཚུར་ཡང་གསན་པ་ཅི་རིགས་མཛད། ཐུགས་ཡིད་གཅིག་ཏུ་འདྲེས། སླར་ཡང་མཆིས་ཕུར་སྒྲུབ་པའི་དམ་བཅའ་བརྟན་པ་ཉིད་ནས་རྩོལ་མེད་ཀྱི་ཡོ་བྱད་གང་འབྱོར་རྣམས་ཆོས་འཁོར་ཡས་མས་སུ་མཆོད་འབུལ་དང་བསམ་ཡས་སྡེ་དགོན་གྱི་འདུས་པར་ཚོགས་མཆོད་བསྙེན་བཀུར་སོགས་དགེ་བའི་དམིགས་སུ་ཐིམ་པར་མཛད་པས་མཚོན་དམ་པའི་རྣམ་རྣམ་ཐར་བཟང་པོ་གསེར་བཞིན་གསལ་བའི་ངང་ནས་གནས་ཆེན་དེ་ཉིད་དུ་ཞི་བར་གཤེགས་སོ། དེ་ལྟར་ཀུན་མཁྱེན་གྱི་དངོས་སློབ་དབུས་གཡོར་གཉིས་སུ་ཕྲིན་ལས་སྐྱོང་བ་རྣམས་ཀྱི་ནང་ནས་འཁྲུལ་གཞི་ཆེན་པོ་ལ་གདམས་པའི་བཀའ་བབས་གཏོད་པ་འདི་གཉིས་གཙོ་བའི་དབང་གིས་འདིར་འཕྲོས་དོན་དུ་བརྗོད་པ་ཡིན་ནོ། །འཁྲུང་ཞིག་སངས་རྒྱས་དབོན་པོར་གྲགས་པ་ཤེས་རབ་རྒྱ་མཚོ་ནི། བསམ་ཡས་སེམས་བསྐྱེད་གླིང་གི་འདབས་སུ་དགེ་བསྙེན་པདྨ་སྐྱབས་དང་། ཀུན་མཁྱེན་པི་དབོན་མོ་སྐྱེད་པ་ཞེས་པའི་སྲས་སུ་འཁྲུངས། ཆུང་ངུ་ནས་བཟང་པོའི་བག་ཆགས་སད་པས་དགེ་འདུན་ཚོགས་པའི་གཏོར་སྐང་(སྟོད་ཆ།༣༦༧)གསན་པས་ཀྱང་ངེས་འབྱུང་འཁུལ་ཏེ་ཆོས་སྒོར་འཇུག་པར་དུངས་ཀྱང་བུ་གཅིག་པའི་བསྒམ་བྱས་མ་གྲུབ་པ་ཁྱི་སྨྱོན་གྱིས་རྨུགས་པའི་རྐྱེན་གྱིས་དགུང་ལོ་བདུན་པ་ལ་མཁན་པོ་ཤེས་རིན་པ་དང་། སློབ་དཔོན་ཤེས་རྒྱལ་བ་ལས་རབ་ཏུ་བྱུང་ནས་བསམ་ཡས་ཚོགས་སྡེར་ཞུགས། ཆོས་སྤྱོད་སོགས་བློ་སྦྱོང་གི་སྐབས་སུ་མཛེ་ཅན་ཞིག་གི་ནད་གཡོག་མཛད་པའི་གྲིབ་ཀྱིས་ཐུགས་རབ་མི་གསལ་བས། མཆིམས་ཕུར་བླ་མ་ཀཱཀ་རིན་པ་ལ་འཇམ་དཀར་ཞུས་ནས་བསྙེན་པས་མི་དཀར་པོ་ཞིག་གིས་ཤེལ་འཕྲེང་བྱིན་པ་དང ་། མེ་ཏོག་དཀར་པོ་ཕོར་བུ་ཙམ་འཐུ་བ་རྨིས་པས་ཤེས་རབ་ཀྱི་རྩལ་བྱེ། སྔ་ཕྱི་ཅི་རིགས་པར། ཆོས་རྗེ་རང་བྱུང་རྡོ་རྗེ། བུ་སྟོན། རྒྱལ་སྲས་པ། བླ་མ་བསོད་ནམས་རྒྱལ་མཚན། ཇོ་ནང་ཕྱོགས་རྒྱལ་བ་རྣམས་དང་། མཁན་ཆེན་བསོད་ནམས་གྲགས་པས་མཚོན་ཆོས་ལུང་མཁན་རབས་བཞི་སོགས་བཤེས་གཉེན་དམ་པ་བཅུ་ཕྲག་ལྔ་ལྷག་པ་ལས་མདོ་དང་སྔགས་གསར་རྙིང་གི་ཆོས་ཚུལ་མཐའ་ཡས་པ་གསན། ཕྱིས་དགུང་ལོ་བཅོ་བརྒྱད་པ་ལ་བླ་མ་བསོད་ནམས་རྒྱལ་མཚན་དང་། སློབ་དཔོན་མཉྫུ་པ་ལ་མཁན་སློབ་ཞུས་ནས་བསྙེན་པར་རྫོགས་པའང་མཛད། བྱ་ལོར་བླ་མ་བསོད་ནམས་རྒྱལ་མཚན་གྱིས་བསམ་ཡས་ཀྱི་སོ་ནམ་རབ་གནས་ཀྱི་ཆོས་འཁོར་ལ་དབུས་ཀྱི་དགེ་འདུན་གྱི་སྡེ་མང་པོ་ཆོས་དཔོན་སོ་སོ་དང་བཅས་ཚོགས་པའི་དབུས་སུ་ཕར་ཕྱིན་གྱི་བཤད་གསར་དང་བསྙེན་བཀུར་བསྒྲུབས། སླར་ཡང་རྩེས་ཐང་གི་ཆོས་གྲྭར་གོ་ཤྲཱི་ཤཱཀྱ་རྒྱལ་མཚན་དང་། སློབ་དཔོན་དཔལ་རྒྱལ་བ་དང་། པཎྜི་ཏ་རྣམས་ལ་ཕར་ཚད་འདུལ་མངོན་རྣམས་སྦྱངས་ནས་མཁས་པའི་གནས་ཐོབ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ལྷོ་མོན་ནས་ཕྱིར་ཕེབས་པ་གཞུང་(སྟོད་ཆ།༣༦༨)གི་རི་བོར་བཞུགས་པའི་དྲུང་དུ་མཇལ། དངོས་པོའི་ཡོན་འབུལ་བ་དང་། འཁོར་གསུམ་བརྒྱ་ཙམ་ལ་དར་འགྱེད་མཛད། རྫོགས་ཆེན་གསང་སྐོར་དང་། ཀུན་བྱེད་སོགས་བཀའ་གཏེར་གྱི་དབང་ཁྲིད་མན་ངག་མང་པོ་གསན། ཞབས་ཕྱིའི་གྲོས་དབང་རྣམས་ཀྱིས། ཁྱེད་རག་དབོན་པོ་ངོ་མར་འདུག་པས་ཉེ་གནས་སུ་བཞུགས་ཞེས་བསྐུལ་ཡང་། ཆོས་རྗེའི་གསུང་གིས་ན་སོ་གཞོན་དུས་ཐོས་པ་བྱས་པ་ཁེབས་ཆེ། འོན་ཀྱང་མཚན་ཉིད་པ་འདི་དང་དད་ཆུང་བས་བློ་ཆུད་མ་ཟོས་པར་གྱིས་གསུང་ཐུགས་བརྩེ་བས་ཞལ་བསྐོས་དང་། སྐུ་གསུང་ཐུགས་རྟེན་དབུ་ཞྭ་ན་བཟའ་བཞུགས་སྟན་དང་བཅས་པ་གནང་ནས་དོན་གྱི་བརྒྱུད་པ་གཏད། སླར་ཡང་ཐོས་བསམ་ཅི་རིགས་པ་མཛད་སྐབས་ཁ་ཕྱིར་ལྟའི་ཐོས་པས་ཀྱང་། མཐར་ཐུག་སླེབ་སོ་ཆུང་བར་དགོངས་ནས་རྒྱལ་ནང་གི་དབེན་པར་སྒྲུབ་པ་བཞུགས་པས་སྒོམ་བྱུང་གི་ཤེས་རབ་རྩལ་བྱེ། དེའི་ཚེ་ཀུན་མཁྱེན་ཆེན་པོ་འབྲི་ཁུང་དུ་ཞུགས་པ་སྤྱན་འདྲེན་དུ་བྱོན་ནས་མཆིམས་ཕུར་སྙིང་ཐིག་གི་དབང་ཁྲིད་གསུངས་པ་ཁྲེགས་ཆོད་ཀྱི་ལམ་རྫོགས་པའི་མཚམས་སུ་ཞི་བར་གཤེགས་པའི་སྐུ་གདུང་གི་ཞབས་ཏོག་མཆོད་འབུལ་དང་། ཕྱི་ནང་གི་རྟེན་མཆོད་ཁང་དང་བཅས་པ་བསྒྲུབས། དེ་ནས་ཡབ་ཡུམ་གཉིས་ཀྱང་རིམ་པར་འདས་པ་རྗེས་སུ་བསྐྱངས་ནས་དབེན་པར་སྒོམ་སྒྲུབ་འབའ་ཞིག་མཛད་པར་དགོངས་དབུ་རུར་བྱོན། ཨེ་ཝཾ་དུ་པཎ་ཆེན་པ་ལ་ཆོས་འབྲེལ་ཞུས་ཤིང་། ཁྱད་པར་གྲོགས་ལྷུན་གྲུབ་གླིང་གི་རི་ཁྲོད་དུ་བླ་མ་ཨོ་རྒྱན་པ་དང་མཇལ། ཤིན་ཏུ་དགྱེས་པར་མཛད། གནས་དེར་རྡོ་རྗེ་ཕག་མོ་བསྙེན་པས་བྱིན་གྱིས་བརླབས་པའི་ལྟས་གཟིགས། བླ་མ་ཉིད་ལས་རྫོགས་ཆེན་གསང་བ་ཐིག་གི་དབང་ཁྲི་ལུང་རྒྱབ་ཆོས་དང་(སྟོད་ཆ།༣༧༠)བཏང་གྲགས་པ་རྒྱ་མཚོ་སོགས་སྐྱེས་ཆེན་རྣམས་ལ་གདམས་པའི་གཏད་རྒྱ་མཛད། སྐུ་ཚེའི་སྨད་ལ་སྒྲགས་རི་བོ་ཆེ་མིག་དཔལ་ནགས་ཁྲོད་དུ་བཞུགས་ནས་སྒྲུབ་པ་དང་ཆོས་འཆད་ལས་ནམ་ཡང་མི་གཡེལ་བ་ཉིད་ཀྱི་མཐར་གནས་དེ་ཉིད་དུ་ངོ་མཚར་བའི་ལྟས་དང་བཅས་ནས་གཤེགས་ཤིང་ས་དེར་ཟབ་ལམ་སྙིང་པོར་བྱེད་པའི་སྒྲུབ་གྲྭ་ཡང་མི་རབས་གཉིས་ཙམ་དུ་བྱུང་ངོ་། རྒྱལ་སྲས་ཟླ་བ་གྲགས་པ་ནི། སྤྲུལ་སྐུ་གྲགས་པ་འོད་ཟེར་གྱིས་མ་གཅིག་རྒྱལ་མཙན་འབུམ་ལས་རྒྱར་བཞེས་པ་ལས་སྲས་གཉིས་བྱུང་བའི་གཅེན་ཉི་མ་འོད་ཟེར་དབུ་རུ་བྱང་ཕྱོགས་ཀྱི་བུ་སློབ་རྣམས་ཀྱི་མགོན་དུ་སྤྱན་དྲངས་པ་ལས་གདུང་ཆོས་གཉིས་ཀའི་འགྲོ་ཕན་ཆེ་བར་བྱེད། གཅུང་ཟླ་བ་གྲགས་པ་ནི། ལུང་ཟིན་གྱི་སྲས་ཡིན་ཏེ། གྲྭ་ཡི་སྐལ་ལྡན་བྱསམ་པ་གླིང་དུ་འཁྲུངས། ཆུང་ངུ་ནས་སྐྱེས་བུ་དམ་པའི་མཚན་ཉིད་ཤིན་ཏུ་གསལ་བར་བྱུང་། དགུང་ལོ་ལྔ་ནས་འབྲི་ཀློག་སྒྲུབ་ཕྲིན་སོགས་ཚེགས་མེད་པར་མཁྱེན། ཡབ་ལས་འོད་གསལ་རྫོགས་པ་ཆེན་པོའི་དབང་ཁྲིད་སོགས་ཆོས་བཀའ་རྣམས་གསན་ཅིང་། དགུང་ལོ་བཅུ་གཉིས་ལ་རྩེས་ཐང་གི་ཆོས་གྲྭར་རབ་ཏུ་བྱུང་སྟེ་སློབ་དཔོན་རྒྱལ་བཟང་པ་བསྟེན་ནས་བསྡུས་ཚད་ཕར་ཕྱིན་འདུལ་སྤྱོད་འཇུག་རྣམས་སྦྱངས་ཏེ་མཁས་པར་མཁྱེན། བཅོ་བརྒྱད་པ་ལ་འཚལ་མིན་དུ་མཁན་ཆེན་བསོད་ནསམ་བཟང་པོ་ལས་བསྙེན་པར་རྫོགས། མཚན་བློ་གྲོས་བཟང་པོར་གསོལ། འདུལ་བ་ལུང་། བློ་སྦྱོང་སྦྱོར་དྲུག །རྟ་མགྲིན་ཡང་གསང་ཁྲོས་པ་སོགས་དབང་ཁྲིད་དང་ལུང་བཀའ་མང་དུ་གསན། གཞན་ཡང་གཙང་པ་བློ་བཟང་གྲགས་པ། འཇམ་(སྟོད་ཆ།༣༧༡)དབྱངས་ཁ་ཆེ། མཁན་ཆེན་སེང་གེ་དཔལ་བ་སོགས་མཁས་གྲུབ་མང་པོ་ལས་ཆོས་ཀྱི་རྣམ་གྲགས་མཐའ་ཡས་པ་གསན་ཅིང་སྦྱངས། ཁྱད་པར་འཁྲུལ་ཞིག་སངས་རྒྱས་དཔོན་པོ་ལས་སྙིང་ཐིག་མ་བུས་མཙོན་ཀུན་མཁྱེན་ཆོས་རྗེའི་བཀའ་སྲོལ་གྱི་དབང་ཁྲིད་མན་ངག་ཐམས་ཅད་བུམ་པ་གང་བྱོར་གསན་ནས་ཀུན་ཆུབ་པར་མཛད། ཤུག་གསེབ་པ་ཡེ་ཤེས་རབ་འབྱམས་ལས་མཁའ་འགྲོ་སྙིང་ཐིག་གཏེར་སྟོན་ནས་རྒྱསལ་སྲས་ལེགས་ལྡན་པར་རྒྱུད་པ་ཡང་གསན་ཏེ། དགུང་ལོ་བཅུ་བརྒྱད་ཡན་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད་པ་ནས། སྐབས་དེར་སྐལ་ལྡན་པོ་མོ་ཉིས་བརྒྱར་ལོངས་པ་ལ་མཁའ་འགྲོ་སྙིང་ཐིག་གི་ཆོས་སྒོ་ཕྱི། དེ་ནས་བཟུང་ལོ་རེ་བཞིན་སྙིང་ཐིག་རྣམ་གཉིས་ཀྱི་དུས་ཁྲིད་བསྟར་ཆགས་ལོ་མང་དུ་གསུངས་པས་དབུས་གཡོར་གྱི་གདུལ་བྱ་མཐའ་དག་སྨིན་གྲོལ་དུ་བཀོད། ཕྱིས་ལྷོ་མོན་དུ་བྱོན་པའི་ལམ་དུ་ལྷོ་བྲག་ཀབ་ཅན་དུ་སྤྲུལ་སྐུ་རྡོ་རྗེ་སེང་གེས་ཆོས་གཞི་བཏེག་ནས་ཕྱོགས་དེའི་དགེ་བའི་བཤེས་གཉེན་ཆེ་དགུས་མཚོན་དད་ལྡན་མང་པོ་དབང་པོ་དང་འཚམས་པའི་ཆོས་ཀྱིས་ཚིམ་པར་མཛད་ནས། སྤྲུལ་མཚོ་པདྨ་གླིང་དུ་ལོ་སྒྲུབ་ཀྱི་ཐུགས་དམ་ལ་བཞུགས། དེ་ནས་བུམ་ཐང་ལྡན་ལོང་སྤ་གྲོ་སོགས་སུ་ཕན་བདེའི་ཕྲིན་ལས་ཀྱིས་དད་ལྡན་རྣམས་དོན་ཡོད་པར་མཛད། དབེན་་གནས་ཆོས་རྗེ་བྲག་ཏུ་ལོ་གསུམ་གྱི་ཐུགས་དམ་དང་། བུམ་ཐང་བསམ་གཏན་གླིང་གི་སྒྲུབ་སྡེ་བཏབ། ཤར་ཀུ་རེ་ལུང་དང་དུད་རང་གི་བུ་སློབ་རྣམས་ཀྱིས་བསོད་ནམས་ཀྱི་ཞིང་དུ་སྤྱན་དྲངས། སེམས་བསྐྱེད་དབང་ཁྲིད་སོགས་མོས་པ་དང་མཚམས་པར་བསྟན། དེར་རྒྱ་གར་ཤར་གྱི་རྒྱལ་པོ་གཉིས་ཀྱིས་མཆོག་རྫས་རིན་ཆེན་སྤུངས་པ་དང་ཤ་འུག་དོམ་ཚང་སོགས་སུ་ཐུགས་(སྟོད་ཆ།༣༧༢)དམ་ལ་ཡུན་རིང་དུ་བཞུགས་ནས་ཟངས་ཡག་དང་གྲུ་ཤུལ་སོགས་སུ་བྱོན། དེ་དག་ཏུ་གཏེར་ཆེན་རརྣ་གླིང་པ་དང་། མགོན་རིན་པ་སོགས་ཀྱིས་གུས་པར་བཏུད་ཅིང་། །རྫོགས་པ་ཆེན་པོའི་དབང་ཁྲིད་མན་ངག་དང་བཅས་པ་མཐའ་རྒྱས་སུ་སྩལ། རིམ་བཞིན་གཏམ་ཤུལ་སྨྲ་བོ་ཅོག་པའི་བར་དུ་གདུལ་བྱ་མང་པོའི་དོན་མད་ནས་སླར་ཡང་བུམ་ཐང་དུ་ཕེབས། སྤྱིར་དམ་པ་འདི་ཆོས་ཐམས་ཅད་ལ་མཁྱེན་པ་ཡངས། སྒོམ་སྒྲུབ་ཉམས་མྱོང་གི་རྟོགས་པ་མཐོ། ཡི་དམ་ལྷ་ཡི་ཞལ་གཟིགས་རྒྱུན་མི་ཆད། ལས་ཅན་དུ་མས་རྟ་མགྲིན་གྱི་སྐུར་མཐོང་བ་ཡང་མང་དུ་བྱུང་། ཐོགས་པ་མེད་པའི་མངོན་ཤེས་ཀྱི་ལྐོག་གྱུར་རྣམས་ལུང་སྟོན་ཆོས་བཀའ་གནང་བའི་དུས་ཐམས་ཅད་དུ་འཇའ་འོད་སོགས་ངོ་མཚར་བའི་ལྟས་མང་། གང་དུ་འབྱོན་བཞུགས་མཛད་པའི་ས་དེར་ལོ་ལེགས་ནད་མེད་པ་སོགས་གདུལ་བྱ་མཐའ་དག་ཕན་བདེ་ལ་འགོད་པའི་ཕྲིན་ལས་མཐའ་ཡས། དམ་པའི་ཆོས་ཀྱི་རྩི་ཐོབ་འི་བུ་སློབ་ཀྱང་གོང་དུ་སྨོས་པ་དག་དང་། གཞན་ཡང་བྱམས་པན་ཆེན་བསོད་ནམས་རྣམ་རྒྱལ་དང་། གླིང་སྨད་ཁྲི་པ་ཤེས་རབ་དཔལ་ལྡན་སོགས་ཡོངས་སུ་གྲགས་པའི་བཤེས་གཉེན་དུ་མ་དང་། གསུང་བགྲོས་ཚུལ་བཞིན་དུ་སྐྱོད་པ་གྲུབ་ཆེན་ཀུན་བཟང་རྡོ་རྗེ་དང་། མཚུངས་མེད་ཤེས་རབ་བཟང་པོ། བླ་མ་མཐུ་ཆེན་པ་སོགས་མང་དུ་ཐོན། དེ་ལྟར་དགུང་ལོ་བཞི་བཅིུའ་བར་དུ་འགྲོ་བའི་དོན་མཛད་ནས་བྱི་བ་ལོ་ཕག་ཟླའི་གནམ་གང་ལ་བུམ་ཐང་བསམ་གཏན་གླིང་དུ་མྱ་ངན་ལས་འདས་ཤིང་། གདུང་སྦྱངས་པས་རྣལ་འབྱོར་མ་སོགས་ལྷ་སྐུ་དང་རིང་བསྲེལ་མང་བྱོན། ལྷོ་མོན་དང་དབུས་ཕྱོགས་སུ་དགོངས་པ་སྐོང་བའི་མཆོད་འབུལ་དང་ཕྱི་ནང་(སྟོད་ཆ།༣༧༣)གི་རྟེན་རྣམས་བསྒྲུབས་སོ། །གྲུབ་ཆེན་ཀུན་བཟང་རྡོ་རྗེ་ནི། ལྷོ་མོན་མན་ལོག་ཏུ་འཁྲུངས། ཆུང་ངུ་ནས་སྲིད་བདེ་འཁྲུལ་པར་ངེས་པའི་སྐྱོ་ཤས་བཅོས་མིན་དུ་ཤར་བ་ལས་འབྲས་བསླུ་མེད་ཀྱི་བླང་དོར་ངང་གིས་སྦྱོང་བ་བྱུང་། དམ་པ་འགའ་ཞིག་ལས་ལས་འབྲས་ཀྱི་རྣམ་གཞག་དང་སྐྱབས་འགྲོའི་སྡོམ་པ་ཡི་དམ་ལྷའི་དབང་རྗེས་གནང་བཟླས་ལུང་སོགས་ཆོས་ཀྱི་རྣམ་གྲངས་ཅི་རིགས་པ་གསན་ནས་དེ་དག་གིས་ཉམས་ལེན་ལ་རྒྱུན་དུ་བཙོན་པ་གཡེལ་མེད་དུ་མཛད་པས་སྐྱེ་བོ་ཐམས་ཅད་དད་ཅིང་ཆོས་མཐོང་གིས་བསྔགས་པའི་གནས་སུ་གྱུར། དེའི་ཚེ་རྒྱལ་སྲས་ཟླ་བ་གྲགས་པ་ལྷོ་མོན་དུ་ཕེབས་པ་ཐོག་མར་མཇལ་བ་ཙམ་ནས་བཟོད་མེད་ཀྱི་མོས་གུས་སྲོལ་དུ་ཆུད་པ་འཁྲུངས། དེ་ནས་བཟུང་ལོ་བདུན་གྱི་བར་བསྟེན་ནས་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པ་སྙིང་ཐིག་རྣམ་པ་གཉིས་ཀྱི་དབང་ཁྲིད་ལུང་རྒྱབ་ཆོས་དང་བཅས་པ་དང་། ཡང་ཐིག་གཉིས་སོགས་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཀའ་སྲོལ་གྱི་དབང་ཁྲིད་ལུང་མན་ངག་ཕྲིན་ལས་ཕྱག་བཞེས་དང་བཅས་པ་བུམ་པ་གང་བྱོར་གསན་ནས་བསམ་སྒོམ་དང་སྦྱངས་པ་ནན་ཏན་ཆེན་པོས་ཀུན་ཆུབ་པར་མཛད་ཅིང་། བླ་མའི་བཀས་བསྐུལ་ཏེ་གཞན་ལའང་ཅི་རིགས་པར་སྤེལ། ཆོས་རྗེ་རྒྱལ་སྲས་ཆེན་པོ་གཤེགས་པའི་ཚེ་གདུང་མཆོད་དགོངས་པ་བསྐང་བའི་བྱ་བ་རྣམས་ཀྱང་མཐར་ཕྱིན་པ་མཛད་ནས། ཟང་ཟིང་འདུ་ལོང་གི་གཡེང་བ་ཐམས་ཅད་བཅད་དེ་བུམ་ཐང་ཐར་པ་གླིང་། སྐུ་རྗེས་བྲག། སྤ་གྲོ་སྟག་ཚང་ཁོ་ཐང་ནགས་ཁྲོད་ལ་སོགས་པའི་དབེན་རི་ཁོ་ནར་ན་བཟའ་དང་འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་ཟབ་་ལམ་སྙིང་པོའི་སྒྲུབ་པ་རྩེ་གཅིག་པའི་ཉམས་ལེན་དང་(སྟོད་ཆ།༣༧༤)ཐར་འདོད་ཀྱི་སྐལ་ལྡན་འདུས་པ་དག་ལ་དབང་ཁྲིད་མན་ངན་ཅི་རིགས་གསུང་བ་ལས་གཡེལ་བ་མི་མངའ་བ་ཉིད་ཀྱིས་རང་དོན་གནས་ལུགས་ཟབ་མོའི་ཉམས་རྟོགས་མཐར་ཕྱིན། གཞན་དོན་གདུལ་བྱ་ཕན་བདེར་འགོད་པའི་ཕྲིན་ལས་ལ་དབང་འབྱོར། སྐབས་ཤིག་དབུས་ཕྱོགས་སུ་བྱོན་ནས་ལྷ་ས་དང་བསམ་ཡས་ལ་སོགས་པའི་གནས་ཆེན་རྣམས་ལ་མཆོད་འབུལ་དང་སྨོན་ལམ་མཛད། རྫོགས་ཆེན་པ་བསོད་ནམས་རིན་ཆེན་དང་། ལྕང་ལུང་པ་གཞོན་ནུ་བློ་གྲོས་སོགས་དབུ་གཡོར་གྱི་བུ་སློབ་ཡོན་བདག་དུ་མས་གུས་པས་མཆོད་ཅིང་དམ་པའི་ཆོས་ཀྱི་བདུད་རྩི་མོས་པ་བཞིན་སྩལ། འབྲི་ཁུང་ཆོས་རྗེ་རིན་ཆེན་ཕུན་ཚོགས་སོགས་ཆེན་པོ་དུ་མས་ཀྱང་ཞབས་ལ་བཏུད་ཅིང་ཆོས་གསན་པས་མཚོན་འགྲོ་པན་རྒྱ་ཆེར་མཛད་ནས་མཐར་གྱིས་བུམ་ཐང་གི་དབེན་པ་ཉིད་དུ་ཕལ་ཆེར་མཚམས་བཅད་ཀྱི་ཐུགས་དམ་ལ་བཞུགས་པ་དང་ཟབ་ལམ་གྱི་དབང་ཁྲིད་ཅི་རིགས་གསུང་བ་སྙིང་པོར་མཛད་པ་སོགས་དོན་གཉིས་ཀྱི་ཕྲིན་ལས་རྒྱུན་ཆགས་པ་ལས་ཉམས་པ་མེད་པར་རིང་ཞིག་བཞུགས་ནས་ཆོས་སྐུ་ཞི་བའི་དབྱིངས་སུ་ངོ་མཚར་བའི་ལྟས་དང་བཅས་ནས་གཤེགས་སོ། ཆོས་རྗེ་ཀུན་དགའ་མཚན་དཔལ་བཟང་པོ་ནི། མོན་མཐའ་ཡུལ་སྟན་ཆར་ཞེས་པར་མ་སངས་ཨར་པ་སྤུན་བརྒྱད་ཀྱི་རིགས་སུ་མེ་མོ་སྦྲུལ་ལོར་འཁྲུངས་པ་དང་དུས་མཚུངས་པར་ཆུ་མིག་གསར་དུ་ཐོན། སྐྱེ་བ་སྔོན་མའི་བག་ཆགས་གསལ་བར་གསུངས། བྲག་ལོགས་ལ་སོར་མོས་ཡིག་དྲུག་འདམ་ལ་བྲིས་པ་བཞིན་ཤར་བ་སོགས་དམ་པའི་མཚན་ཉིད་གསལ་བས། དགུང་ལོ་བཅུ་བཞི་པ་ལ་ལྷུན་གྲུབ་ཆོས་སྡེའི་བླ་མ་སོར་འབྲང་པ་གཞོན་ནུ་(སྟོད་ཆ།༣༦༥)ཚེ་དབང་གིས་བདག་རྐྱེན་མཛད་ནས་དབུས་སུ་བྱོན་སྤྱན་སྔ་ཆོས་གྲགས་པའི་དྲུང་དུ་རབ་ཏུ་བྱུང་། ཀུན་དགའ་རྒྱལ་མཚན་ཞེས་པའི་མཚན་བཏགས་ཆོས་དང་ཟང་ཟིང་གཉིས་ཀས་ལེགས་པར་བསྐྱངས། ཆགས་ལོ་རིན་ཆེན་ཆོས་རྒྱལ། འབུམ་རལ་པ་རིན་ཆེན་ཆོས་དབང་། ལོ་ཆེན་སྐྱོང་སྐྱོང་བཟང་པོ། སྤྲུལ་སྐུ་རྡོ་རྗེ་སེང་གེ། གཡུལ་རྒྱལ་བ་ཆོས་ཀྱི་ཤེས་རབ། ཀུན་བཟང་གླིང་པ་ཆོས་ཀྱི་དཔལ་བ་སོགས་བཤེས་གཉེན་དུ་མ་ལས་མདོ་སྔགས་ཐ་སྙད་དང་བཅས་པའི་ཆོས་ཀྱི་སགོ་རིས་མེད་པ་གསན་ཅིང་སྦྱངས་ནས་ཀུན་ཆུབ་པར་མཛད། གཡུལ་རྒྱལ་ཆོས་རྗེས་བཀྲ་སིས་དགེ་འཕེལ་དང་། ཉི་ལྡེའུ་གདན་སར་མངའ་གསོལ། ཕྱིས་ལྷུན་གྲུབ་ཆོས་སྡེ་ཡང་བཟུང་སྟེ་འགྲོ་ཕན་གྱི་ཕྲིན་ལས་སྐྱོང་བའི་སྐབས་སུ་སྔར་གྱི་ཐོས་སྒོམ་ཆོས་འཆད་རྣམས་ཀྱང་ཕྱི་ཤུན་ལྟར་སྣང་ཙམ་ལས་སྙིང་པོའི་དོན་ལ་མ་རེག་པར་དགོངས་པས་ཐུགས་ཕྱུངས་ཏེ་གནས་ལུགས་ཀྱི་དོན་བློ་གདེངས་ཐུབ་པ་ཞིག་དོན་གཉེར་གྱི་འདུན་པ་དྲག་ཏུ་འཁྲུངས། དེ་ལྟ་བུའི་གདམས་པ་གསན་པའི་ཡུལ་ནི། གྲུབ་ཆེན་ཀུན་བཟང་རྡོ་རྗེ་ཟབ་མོའི་ལམ་ལ་མཁྱེན་རྟོགས་སྒྲུབ་ཚུགས་ཐམས་ཅད་དུས་དེར་འགྲན་མེད་དུ་དགོངས་ཏེ་གསང་བ་བླ་ན་མེད་པའི་དབང་ཁྲིད་མན་ངག་དང་བཅས་གསན་ནས་ཉམས་ལེན་ནན་ཏན་དུ་མཛད་པས་ཉམས་རྟོགས་ཕུན་སུམ་ཚོགས་པ་འཁྲུངས། བླ་མ་དང་གདམས་པ་ལ་ཡིད་ཆེས་ཀྱི་མོས་གུས་མཐར་ཕྱིན་པས། ཕྱིས་ནས་མཁའ་འགྲོ་སྙིང་ཐིག་མ་བབུ་སོགས་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་བཀའ་སྲོལ་གྱི་གདམས་པ་ཆ་ལག་དང་བཅས་པ་གསན་ནས་སྙིང་པོའི་བཀའ་སྲོལ་གྱི་གདམས་པ་ཆ་ལག་དང་བཅས་པ་གསན་ནས་སྙིང་པོར་མཛད་ཀྱང་། གདུལ་བྱ་རྣམས་ལ་སོ་སོའི་མོས་བློ་དང་མཚམས་པར་རྒྱལ་བའི་བཀའ་འགྱུར་རོ་ཅོག་གིས་མཚོན་ (སྟོད་ཆ།༣༦༦)དམ་པའི་ཆོས་ཀྱི་སྒོ་ཐམས་ཅད་བསྟན་པས་བུ་སློབ་ཀྱང་འབྲི་གུང་པ་རིན་ཆེན་ཕུན་ཚོགས་ཡབ་སྲས། ཆོས་ལུང་མཁན་པོ་ཀུན་བློ་དང་། སྐྱེད་ཚལ་བ་ཤེས་རབ་རྒྱལ་མཚན་སོགས་ཆེ་བཙུན་མཁས་འི་བཤེས་གཉེན་མཐའ་ཡས་པ་དང་། སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང་རྫོགས་ཆེན་པ་བསོད་ནམས་རིན་ཆེན་སོགས་སྙིང་པོའི་བསྟན་འཛིན་དུ་མའང་བྱུང་། སྐུ་ཚེའི་སྨད་ལ་གནས་ནང་དང་ཡངས་པ་ཅན་གྱི་གདན་ས་ཡང་མཛད་པས་མཚོན་གཞན་ཕན་གྱི་ཕྲིན་ལས་ཕུན་སུམ་ཚོགས་པའི་ངང་ནས་དགུང་ལོ་བདུན་ཅུ་རྩ་གཉིས་པ་ས་ཕོ་འབྲུག་གི་ལོ་ལ་ཞི་བར་གཤེགས་སོ། སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ནི། རརྣ་གླིག་པའི་སྐྱེ་བ་ཡིན། དར་རྒྱས་ཆོས་སྡིང་གི་རི་ཁྲོད་བཏབས་ནས་འཆད་ཉན་དང་སྒྲུབ་ཕྲིན་ཟུང་འབྲེལ་མཛད། ལོ་རྒྱུས་རྒྱས་པ་འོག་ཏུ་འཆད་འགྱུར་ལས་ཤེས། བསྟན་འཛིན་གྲགས་པ་ནི་རིག་འཛིན་པདྨ་གླིང་པའི་སྐྱེ་བ་ཡིན། སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ལ་བཀའ་ཆོས་བུམ་པ་གང་བྱོར་གསན་ཅིང་ཕྲིན་ལས་ཀྱི་རྒྱུན་བསྐྱངས། མཁས་གྲུབ་མདོ་སྔགས་བསྟན་འཛིན་ནི། སྤྲུལ་སྐུ་སྣ་ཚོག་རང་གྲོལ་གྱི་སྐྱེ་བ་ཡིན། དར་རྒྱས་ཆོས་སྡིང་དུ་བཞུགས། པདྨ་གླིང་རྣམ་ཕྲུལ་བསྟན་འཛིན་གྲགས་པ་སོགས་བླ་མ་མང་པོ་ལས་གསན་བསམ་མཐར་ཕྱིན་པར་མཛད། ཁྱད་པར་སྙིང་ཐིག་ཆེན་མོའི་ཚིག་དོན་གྱི་་རྟོགས་པ་ཀློང་དུ་བྱུར་ཞིང་སྒོམ་སྒྲུབ་ཉན་བཤད་ཀྱིས་གཏན་ལ་ཕབས་པས་སློབ་མ་ཡང་མང་དུ་བྱུང་། མདོ་སྔགས་བསྟན་འཛིན་གྱི་སྲས་སུ་དར་རྒྱས་ཆོས་སྡིང་དུ་འཁྲུངས། བླ་མ་མང་པོ་(སྟོད་ཆ།༣༦༧)ལས་གསན་སྦྱངས་མཛད། ཁྱད་པར་ཡབ་ལས་བཀའ་ཆོས་རྫོགས་པར་གསན། འོད་གསལ་རྫོགས་པ་ཆེན་པོའི་སྒོམ་ཉམས་ཀྱི་རྟོགས་པ་མཐར་ཕྱིན་ཅིང་འཆད་སྤེལ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས། དེ་སྲས་རིག་འཛིན་གཏེར་བདག་གླིང་པ་ནི། ཡབ་ཆོས་རྙིང་མ་བཀའ་གཏེར་གཙོ་བོར་གྱུར་པའི་མདོ་སྔགས་གསར་རྙིང་ཐམས་ཅད་མ་གསན་པ་མེད། ཁྱད་པར་གསང་ཆེན་རྙིང་མའི་བསྟན་པའི་སྲོག་མཐུད་པར་མཛད་དེ་བཀའ་གཏེར་གྱི་བསྟན་པའི་བདག་པོར་གྱུར། རྙིང་མར་གྱུར་ཏོ་ཅོག་ལ་གཏེར་ཆེན་འདི་ལས་བཀའ་དྲིན་ཆ་བ་སུ་ཡང་མ་བྱུང་སྟེ་ལོ་རྒྱུས་རྒྱས་པ་གདན་རབས་སྐབས་སུ་འཆད་དོ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ནི། མདོ་སྔགས་རིག་གནས་དང་བཅས་པ་ལ་མཁྱེན་རབ་ཀྱི་པདྨོ་བྱེ། སྒྲུབ་ཕྲིན་འཆད་ཉན་གང་ལའང་ཤིན་ཏུ་མཁས་པས་གདན་ས་ཡུན་རིང་དུ་བསྐྱངས། དུས་འགྱུར་གྱི་སྐབས་མོ་སྨད་ཕྱོགས་འདིར་ཕེབས་པའང་བཀའ་གཏེར་ཆོས་ཚུལ་སྤྱི་དང་། སྙིང་ཐིག་ཡ་བཞི། རྡོ་རྗེ་ཟམ་པ། སྒྱུ་འཕྲུལ་གསང་སྙིང་གི་བཤད་རྒྱུན་སོགས་དར་རྒྱས་སུ་མཛད་པས་བཀའ་དྲིན་ཆེ། དེ་སྲས་མཁན་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་སྟེ། དེ་ལས་རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་ངེས་དོན་བསྟན་འཛིན་བཟང་པོས་སྙིང་ཐིག་ཆེན་མོ་གསན་པར་མཛད་དེ། དེ་དག་ནི་རང་ལུགས་རྒྱུད་པ་ཕྱི་མ་སྟེ། འོན་ཀྱང་ཡང་ཏིག་ཡིད་བཞིན་ནོར་བུ་ནི་རྒྱུད་པ་སྔ་མ་ཁོ་ནའོ། ཡང་རྫོགས་ཆེན་གེར་མ་མཁའ་འགྲོ་སྙིང་ཏིག་གི་བརྒྱུད་པ་ནི། ཀུན་མཁྱེན་ཀློང་ཆེན་པ་ནས་བརྒྱུད་ཚུལ་མང་ཡང་། རང་ལུགས་ནི་ཀུན་(སྟོད་ཆ།༣༧༨)མཁྱེན་པའི་སློབ་མ། རྒྱལ་བ་ཡེ་ཤེས་རབ་འབྱམས་ནི། ཐོག་མར་ས་ལུགས་ཀྱི་ཆོས་སྒོར་ཞུགས་པས་སྔགས་མཚན་ཉིད་ཐམས་ཅད་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པས་འཆད་རྩོད་རྩོམ་གསུམ་ལ་མ་རྨོངས་ཤིང་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ་ཆེན་པོར་གྱུར། འོན་ཀྱང་སྙིང་པོའི་དེ་ཉིད་འཚོལ་བ་ལ་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་དགོས་པར་གཟིགས་ཤིང་། དེའི་ཚེ་ཀུན་མཁྱེན་ཀློང་ཆེན་པའི་སྙན་པས་ཐུགས་འཕྲོག་ཅིང་རྫོགས་པ་ཆེན་པོ་སྙན་བརྒྱུད་ཀྱི་གདམས་པ་ཁྱད་པར་གྱི་བདག་པོར་གཟིགས་ནས་ཞབས་ཀྱི་པདྨོར་བཏུད། གསང་ཆེན་རྙིང་མའི་གདམས་ཟབ་རྒྱུད་དང་མན་ངག་དཔག་ཏུ་མེད་པར་གསན། ཁྱད་པར་རྫོགས་པ་ཆེན་པོའི་ཆོས་ཚུལ་སྤྱི་དང་བྱེ་བྲག་སྙིང་ཐིག་རྣམ་གཉིས་ཀྱི་བསྟན་པའི་བདག་པོར་གྱུར། ཁྱད་པར་ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་ཉམས་ལེན་ལ་བརྩོན་པས་དབེན་གནས་མང་པོར་དཀའ་ཐུབ་ཀྱི་སྲང་ལ་གཅུར་བས་རྟོགས་པ་ཀློང་དུ་གྱུར་ཏེ་ལྷུན་གྲུབ་གྱི་ས་ལ་གཤེགས། ཀློང་ཆེན་པས་ཀྱང་སློབ་མའི་གཙོ་བོ་ཞིག་ཏུ་འཛིན། ཕྱིས་སུ་སྙེ་ཕུ་ཤུག་གསེབ་ཏུ་བཞུགས་ནས་ཚོགས་པ་བསྐྱངས་པས་མཚན་ཡང་རིན་པོ་ཆེ་ཤུག་གསེབ་པར་གྲགས། སློབ་མའང་ཉམས་རྟོགས་དང་ལྡན་པ་མང་དུ་བྱུང་ངོ་། འཁྲུལ་ཞིག་བསམ་གཏན་བཟང་པོ་ནི། རྟེན་རྣལ་འབྱོར་པ་ཡིན། ཚེའི་རིག་འདིན་བརྙེས་པས་དགུང་ལོ་བརྒྱ་ཕྲག་ཏུ་ལོངས་པར་བཞུགས། རྒྱལ་བ་ཡེ་ཤེས་རབ་འབྱམས་ལས་རྫོགས་ཆེན་སྤྱི་དང་ཁྱད་པར་ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་གདམས་སྐོར་རྣམས་གསན་ཅིང་ཐུགས་ཉམས་སུ་བསྟར་བས་རྫོགས་པ་ཆེན་པོ་རང་སང་རིས་མེད་ཀྱི་དགོངས་པར་དབང་(སྟོད་ཆ།༣༧༩)འབྱོར་བས་སྣང་སེམས་ཆོས་སྐུར་འདྲེས། བརྒྱུད་འཛིན་སྐུའི་སྲས་སོགས་སྐལ་བ་དང་ལྡན་པ་རྣམས་ལ་རྫོགས་པ་ཆེན་པོའི་ཉམས་ཁྲིད་ཀྱང་ལན་མང་དུ་སྩལ་བས་སློབ་མའང་མང་དུ་བྱོན་ཏེ། དགུང་ལོ་བརྒྱ་ལྷག་ཙམ་ནས་ཟག་བཅས་ཀྱི་གཟུགས་སྐུ་གཞོན་ནུ་བུམ་སྐུའི་དབྱིངས་སུ་བསྡུ་བར་མཛད་ཅེས་གྲགས་སོ། གྲུབ་ཆེན་སྦྱིན་པ་བཟང་པོ་ནི། རྟེན་རྣལ་འབྱོར་པ། གསང་ཆེན་རྙིང་མའི་རིང་ལུགས་ལ་མཁས་ཤིང་། ཁྱད་པར་དུ་འཁྲུལ་ཞིག་བསམ་གཏན་བཟག་པོ་ལས་རྫོགས་ཆེན་སྤྱི་དང་ཁྱད་པར་ཟབ་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་མ་ལུས་པ་གསན་པས་མཁྱེན་རྟོགས་ཀྱི་རྩལ་རྫོགས་ཏེ། རྫོགས་པ་ཆེན་པོ་གཞི་ལམ་གྱི་རྟོགས་པ་མངོན་དུ་གྱུར་བ་ཞིག་གོ། །རྫོགས་ཆེན་པ་ཤཱཀྱའི་མཚན་ཅན་ནི། །ཐོག་མར་གཙང་གསེར་མདོག་ཅན་གྱི་ཆོས་གྲྭར་ཞུགས། དབུ་ཚང་ཕར་ཕྱིན་སོགས་ལ་མཁས་པར་སྦྱངས་ནས་ཐོས་བསམ་གྱི་སྒྲོ་འདོགས་ཡིན་ལུགས་སུ་ཆོད་པར་མཛད། མདོ་ཕྱོགས་ཀྱི་གསན་པ་རྫོགས་ནས་སྔགས་ལ་ཞུགས་ནས་ལུགས་ཀྱི་རྒྱུད་བཤད་སོགས་སྦྱངས། སྐབས་ཤིག་ན་སྔོན་གྱི་བག་ཆགས་སད་པ་ལྟ་བུས་རྫོགས་ཆེན་ལ་ཐུགས་མོས་ལྷག་པར་འཁྲུངས་པས་གྲུབ་ཆེན་པ་ལ་གཏུགས་ནས་རྫོགས་ཆེན་གྱི་ཉམས་ཁྲིད་གསན་ནས་ཉམས་ལེན་རང་བསྐྱངས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། སྣང་གྲགས་ཐམས་ཅད་ཡེ་ཤེས་རྒྱུ་འཕྲུལ་རྡོ་རྗེའི་རོལ་མོར་གཟིགས། རྫོགས་པ་ཆེན་པོའི་ཆོས་ལ་འཛིན་འཆད་སྤེལ་གསུམ་གྱིས་འཆད་ཉན་བསྐྱངས་པ་གཙོ་བོར་མཛད། སློབ་མའང་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱོན་ནོ། དེ་ནས་རིམ་པར་རྫོགས་ཆེན་བསོད་ནམས་རིན་(སྟོད་ཆ།༣༨༠)ཆེན་དང་བྱ་ཁྱུང་པ་ངག་དབང་པདྨ། རྗེ་འདི་རྫོགས་ཆེན་བསོད་ནམས་དབང་པོ་རྣམས་ཏེ་ལོ་རྒྱུས་གོང་དུ་བཤད་མ་ཐག་པ་དེ་ལྟར་ལགས་ཤིང་། རྫོགས་ཆེན་བསོད་ནམས་དབང་པོའི་སློབ་མ་ནི། རིག་འཛིན་ཆོས་ཀྱི་རྒྱ་མཚོ་ཡིན་ཏེ་སྤོ་བོ་རྦ་ཁ་དགོན་གསང་སྔགས་ཆོས་གླིང་གི་བླ་མ་ཡིན། སྐུ་ན་ཕྲ་མོའི་དུས་ནས་རྫོགས་ཆེན་པ་བསོད་ནམས་དབང་པོའི་ཞབས་པད་བསྟེན་ནས་གསང་ཆེན་རྙིང་མ་སྤྱི་དང་ཁྱད་པར་སྙིང་ཏིག་རྣམ་གཉིས་སོགས་རྫོགས་ཆེན་གྱི་གདམས་སྐོར་མ་ལུས་པ་གསན། རྗེ་དེས་ཀྱང་དོན་རྒྱུད་ཀྱི་བསྟན་པ་གཏོད་པར་མཛད། དུས་དེར་མཁས་གྲུབ་ཐམས་ཅད་ཀྱིས་སྐྱེས་ཆེན་རྩོད་མེད་དུ་བསྔགས། རྗེ་དེའི་དྲུང་ནས་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་གྱིས་གསན་པ་ཡིན་ཏེ། དེ་ཕྱིན་བརྒྱུད་ཚུལ་གོང་མ་རྣམས་དང་འདྲའོ། ༢ གངས་རིའི་ཁྲོད་འདིར་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་བབ་ཚུལ། ད་ནི་མདོ་རྒྱུ་སེམས་གསུམ་གྱི་བསྟན་པ་སྤྱིའི་བབས་ཚུལ་ལས། གངས་རིའི་ཁྲོད་འདིར་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་པོར་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མར་ཟུར་ལ་བབས་ཞེས་འཆད་པའི་དང་པོའི་སློབ་དཔོན་གཉགས་ཛྙཱ་ན་ཀུ་་ར་ནི། ཡུལ་ཡར་ཀླུང་ཤེལ་པའམ་འཕྱོས། རུས་ལས་མིང་དུ་ཆགས་པ་གཉགས་རྟག་སྒྲ་ལྷ་སྣང་དང་། སྲུ་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་བྱུང་། མགྲིན་པ་ན་སྨེ་བའི་རྡོ་རྗེ་རྒྱ་གྲམ་ཡོད། མཚན་རྒྱལ་བའི་བློ་གྲོས་སུ་བཏགས། མཁན་པོ་བྷོ་དྷི་སཏྭ་ལས་རབ་ཏུ་བྱུང་ཞིང་བསྙེད་པར་རྫོགས། མདོ་སྔགས་ཀྱི་ཆོས་མང་པོའི་(སྟོད་ཆ།༣༨༡)འགྱུར་བྱེད་སྤོབས་པ་བསམ་གྱིས་མི་ཁྱབ་པ་ཡིན། སློབ་དཔོན་ཆེན་པོ་དང་། བི་མ་ལ་དང་། བཻ་རོ་དང་། གཡུ་སྒྲ་སྙིང་པོ་ཀུན་ལ་བསྟེན་པས་བཀའི་ཆུ་བོ་བཞི་འདུས་པ་ཡིན་ཏེ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནས་ཡིག་དམར་ཁྲིད་དང་བཅས་པ། བྱིན་རླབས་དབང་གིས་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པའོ། །དེ་ལ་སློབ་དཔོན་ཆེན་པོས་བདུད་རྩི་ཡོན་ཏན་གྱི་དཀྱིལ་ལའཁོར་དུ་སྨིན་པར་མཛད་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་རྡོ་སྐམ་པོའི་ཁོང་ནས་གྲུབ་ཆུ་བཏོན། འདི་ལས་བརྒྱུད་པའི་སྒྱུ་འཕྲུལ་ཀྱང་ཡོད་དགོས་ཏེ། གཙོ་བོར་ཕུར་པ་ལས་མངོན་རྟགས་བརྙེས་པ་ཡིན། བཙན་པོ་ཁྲི་སྲོང་གཤེགས་པའི་ཕྱི་ཞིག་ན། བཙུན་མོ་ཚེ་སྤོང་བཟའ་བསམ་སྦྱོར་མི་བསྲུན་པས་ལོ་པཎ་ཕལ་ཆེར་དབུ་འཕང་སྨད། གཉགས་ཛྙཱ་ན་ཀུ་མཱ་ར་ཡར་འབྲོག་ཏུ་བཞུགས་པ་ལ། རང་གི་ཕ་སྤུན་གཉགས་དགེ་སྟོན་དགྲར་ལངས་ཏེ་འདི་མུ་སྟེགས་ཀྱི་སྔགས་མཁན་ཡིན་ནོ་ཟེར་གཡོ་ཅན་གྱི་ཁ་སྨྲས་བྱས། བསེ་ཞེས་བྱུགས་པའི་བྷནྡྷ་ནང་དམར་བ་ཡོད་པ་དེ་བརྐུས་ནས་སྐྱེ་བོ་བླུན་པོར་གྱུར་པ་དག་ལ་སྟོན་ཅིང་། བྷནྡྷའི་ནང་གྲི་རྩེས་དྲུད་ནས་འདི་ནི་ཟག་ཟོག་གི་ལས་སོ་ཞེས་དབྱེན་བཅོས། སྐྱེ་བོ་རྣམས་ཏེ་ཚོམ་སེལ་བའི་ཆེད་དུ། །གང་དུ་བཞུགས་པར་རིན་པོ་ཆེ་རྙེད་པར་སྤྲུལ་པས་མི་རྣམས་ཀྱིས་རྫུ་འཕྲུལ་དུ་ཤེས་ནས་ཁོའི་ངག་ལ་ཡིད་མི་གཏོད་ཀྱང་། ད་དུང་བྱ་བ་མང་པོ་བསགས་ནས་སྐུ་ལ་བརྡོ་པའི་ཐབས་སྣ་ཚོགས་བྱེད་པ་མཁྱེན་ནས་གཤེགས། ཀོང་པོ་མཆིམས་ཡུལ་གྱི་ཕུ་ན་ཕེབས་ཙ་ན། ལུང་(སྟོད་ཆ།༣༨༢)སྟོང་ཞིག་ན་ར་མ་བདུན་འགྲོ་ཞིང་འདུག །གཡོག་པོ་གླལ་མིག་འོག་བཙན་བྱ་བར་འདི་དེད་ཅིག་གསུངས་པས། ཁོ་ན་རེ། ར་ལ་བདག་པོ་ཡོད་མཆི་འདིས་ཅི་འཚལ་ཞུས་པས། ལུང་སྟོང་གི་ར་ལ་བདག་པོ་ག་ན་འོང་དེད་ཅིག་གསུངས། དེར་བདག་པོ་མཆིམས་བྱ་རོག་གིས་ཤེས་ཏེ་རྐུན་ཁག་ཕབ། ར་ལ་བདུན་འཇལ་དགོས་ཟེར། བདུན་འཇལ་སྤྲད་ཙ་ན། ད་དུང་མ་ཚིམ་པར་དབེན་པ་བཤིག ལྕགས་ཀྱི་ཐོ་བ་བཟུང་ནས་འདེད་དུ་བྱུང་། གཉགས་ཀྱིས་བྲོས་ནས་གཟུག་ལག་ཁང་གི་ནང་དུ་ཆུད། སྒོ་བཅད་པས་ཐེམ་པ་ལ་ཐོ་བ་བརྡེག་ཅིང་བཙུན་ཆུང་གི་མགོ་ལ་དེའུ་ཐེབས་ཟེར། དེར་ཡང་བཞུགས་སུ་མ་སྟེར་བས། དབུས་སུ་གཏད་དེ་བྱོན་ཙ་ན། འགྲོ་སྲས་ཆུང་བྱ་བ་ཤ་བ་ཞིག་དེད་ནས་བྱུང་བ་དང་ཕྲད། ཁོའི་རྟ་འདྲོགས་ཤ་བ་ཤོར་བས། ཁོ་ཡང་ཁྲོས་ཏེ་གསོད་དུ་བྱུང་བ་ལ་འབྲོས་པའི་འདུན་པ་ཞིག་གཏད་པས་ཁོས་མ་མཐོང་ནས་ཐར། དུས་དེ་ཙ་ན་ལྷ་སྲས་མུ་ནེ་བཙུན་པོ་ཡུམ་དམར་རྒྱན་གྱིས་དུག་ནས་རྫུ་འཕྲུལ་གྱིས་གཤེགས་པ་དང་མཇལ། གསེར་ཕྱེ་ལོང་མོ་གང་ཕུལ་བས། ལོ་ཙཱ་བ་དཔོན་གཡོག་སྐྱིད་དམ་གསུངས། ཡར་འབྲོག་སྒང་དུ་སྐྱིད་བགྱི་རྒྱུ། དགེ་ལ་སྟོན་གྱིས་མ་སྟེར་རོ། མཆིམས་ཡུལ་དབུས་སྐྱིད་བགྱི་རུ། །འགྲོ་སྲས་ཆུང་གིས་མ་སྟེར་རོ། །ཞེས་ཞུས་པས། ལོ་ཙཱ་བར་བརྙས་ན་བསྟན་པ་ལ་ཤིན་ཏུ་གནོད་པར་དགོངས་ནས། ཕུར་པ་ཕུན་སུམ་ཚོགས་པ་དང་། ཤམ་སྔོན་གཉིས་ཐུགས་ནས་ཕྱུང་སྟེ་བཤད། ལྷོ་བྲག་གཡར་ཆུ་སྣའི་བྲག་ཕུག་ཏུ་(སྟོད་ཆ།༣༨༣)ལོ་པཎ་ལྷན་ཅིག་པས་སེང་ཕུར་ཉི་ཤུ་རྩ་གཅིག་ལ་བརྟེན་ནས་བསྒྲུབས་པས་ཕུར་བུ་ཕན་ཚུན་འཁྲོལ་བ་ཙམ་དུ་གྲུབ། དེར་གཉགས་ཀྱིས་ཏིང་ངེ་འཛིན་གྱི་ངང་ནས་ཕུར་བུ་གདེངས་ཏེ་བྱ་རོག་ལའོ་བྱས་པས། སྟོང་ཁམས་ཀྱི་བྱ་རོག་ཐམས་ཅད་ཚོགས་བྱུང་། སླར་མཆིམས་བྱ་རོག་ལའོ་ཞེས་བསྒྲིལ་བས། མཆིམས་བྱ་རོག་ཟུང་ཞིག་བྱུང་། གཉགས་ཁྲོས་ནས་བྱ་རོག་གཅིག་ལ་དེངས་པས་མོད་ལ་ཤིའོ། དེར་བི་མ་ལས་མངོན་སྤྱོད་ཀྱི་མཐུས་བསད་པ་གྲུབ་ཀྱིས། ད་ཆོས་ཀྱི་མཐུས་གསོ་བ་ཨེ་འགྲུབ། གསོས་ཤིག་གསུངས་པས། སློབ་དཔན་ཛ་ལན་དྷ་རི་བ་དང་སློབ་མ་ནག་པོ་སྤྱོད་པ་བཞིན་གཉགས་ཀྱིས་སློང་མ་ནུས། བི་མ་ལས་བྱེ་མ་གཅིག་བཏབ་པའི་མོད་ལ་བྱ་རོག་གསོས་ཏེ་དེངས་པར་གྱུར་ཏོ། རྟོགས་པས་བདག་མ་བསྒྲལ་བར། དྲག་ཤུལ་གྱི་ལས་བརྩམས་པ་གྲུབ་ཀྱང་ཉེས་པ་ཆེའོ་གསུངས་ནས་གནས་ལུང་གི་ཆོ་ག་མཛད། དེར་མཆིམས་ལྷ་གཡག་དཀར་དུ་བརྫུས་ནས་བྱུང་བ་སྡུན་ལ་བསྒྲལ། དེ་ནས་མཆིམས་བྱ་རོག་བླ་སྦྱང་རབ་འབྲིང་ཐ་གསུམ། བྲག་དང་། ཁོལ་པོ། འོག་རྟ། སྒོ་ཁྱི། སྣག་གི་གཉེན་མཚམས་དང་བཅས་པ་ཕུར་བ་གདེངས་ཆོག་གི་མཐུས་བསྒྲལ་ནས་རབས་བཅད། དེ་ནས་ཕ་སྤུན་གཉགས་དགེ་སྟོན་ལ་བཏབ་པས་འདི་ལྟར་དྲག་པོ་མཐུའི་ལས་ནི་རྣམ་པ་ཞེ་སྡང་རྡོ་རྗེའི་རྟེན་འབྲེལ་ལ་ལྷག་པར་ལྟོས་པ་ཞིག་ལ། སློབ་དཔོན་བི་མ་ལའི་ཐུགས་རྗེས་གཉགས་ལ་སྙིང་རྗེ་ཆེན་པོའང་སྐྱེས། དགོངས་པ་ཆོས་ནིད་དུ་གྱུར་པས་ཡེ་མ་ཐེབས། དེར་སློབ་དཔོན་བི་མ་ལས་འདིར་གྲོགས་མངོན་སྤྱོད་ཀྱི་མཚན་དང་ལྡན་པ་ཞིག་རྙེད་ན་ཐེབས་གསུངས་པས་འཚོལ་དུ་བྱོན། དུས་དེ་ཙ་ན་མགར་བྱེད་པ་ལ་(སྟོད་ཆ།༣༨༤)སོག་པོར་འབོད་པས། སོག་པོ་བེག་ཙེ་ཞེས་བྱ་བ་ཁྲོ་བོའི་དབྱིབས་སུ་ཡོད་པ་ཞིག་རྙེད། དེའི་གཟུགས་མགོ་བོ་རྒྱ་མདུད་དུ་འགྲིལ་ཞིག་རོ་སྨད་ཟུར་གསུམ་པའི་རྣམ་པར་ཤར་བ་ལ་སོགས་མཚན་རྟགས་ཐམས་ཅད་ཚང་བར་གཟིགས། གཉགས་ཀྱིས་ཁོའི་ཕྱི་ན་མར་བྱོན། ཁོ་མགར་བྱེད་པའི་སྦུད་པ་འབུར་གྲོགས་མཛད་ཀྱིན་རྒྱུ་མཚན་ཉིད་ཀྱི་ཆོས་བཤད་པས་ཁོའི་རྣ་ལམ་དུ་མ་བྱུང་། ཀྲཱི་ཡོག་སྡེ་གསུམ་བཤད་པས་རེས་འགའ་ཙམ་ཉན་ཅིང་གཞན་ཐོ་བ་ཆེམ་ཆེམ་བརྡུང་སྐད། ནང་རྒྱུད་སྡེ་གསུམ་བད་ཀྱིན་ལྕགས་ཀྱི་ལྕུག་མ་སྙོད་པ་རྣམས་ཁྱུར་མི་བྱས་པས། ཁོ་ཡ་མཚན་སྐྱེས་ཏེ་འདི་ལྟ་བུའི་འཕྲུལ་ཅི་ལས་བྱུང་ཟེར། ད་ལྟ་བཤད་པའི་ཆོས་དེ་ཉམས་སུ་བླངས་པ་ལས་བྱུང་སྨྲས་པས། ཁོ་སིན་ཏུ་དད་དེ་ལག་ཆ་ཐམས་ཅད་ཕུལ་ནས་སློབ་མར་བྱས། ལྷ་དཔལ་གྱི་ཡེ་ཤེས་སུ་མིང་སྤོས། དེ་བཞིན་དུ་འོ་བྲན་དཔལ་གྱི་གཞོན་ནུ་ཡང་། ཕུར་པ་བསྒྲུབ་པའི་མཚན་ལྡན་དུ་ཤེས་ནས་དཔོན་སློབ་གསུམ་ཀས་བསྒྲུབས་པས། དེ་དགེ་སྟོན་གྱིས་ཚོར་ཏེ་གསོད་དུ་འགྲོ་བའི་སྟ་གོན་རྩོམ་པ་ན། གཞན་དག་གིས་བནྡྷེར་བརྙས་པ་མི་རུང་ཟེར་ནས་བཤོལ་བཏབ་ཀྱང་མ་ཉན། ནངས་པར་འགྲོ་རྒྱུའི་ནུབ་བུད་མེད་མང་པོས་མཐའ་བསྐོར་ནས་མགོ་བཅད་པར་རྨིས། དེ་ཆུང་མ་ལ་བཤད་པས་ནན་གྱིས་བཤོལ་བཏབ་ཀྱང་མ་ཉན་པར་རྟ་ལ་ཞོན་ནས་སོང་བ་ན། བྱ་ཆེན་པོ་ཞིག་འཕུར་བྱུང་ནས་རྟ་འདྲོགས་ཤ་ཁམ་ཐིགས་སུ་གྱུར་ཏེ་སྲུང་མས་དངོས་སུ་བསྒྲལ་བར་གྲགས། དེར་སོག་པོ་དཔལ་ཡེས་སྙིང་བཏོན་ནས་སློབ་དཔོན་ལ་ཕུལ་བས། སྡིག་པ་ཅི་ཡག་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྦྱང་། རང་གི་སེམས་ནི་ཡོངས་སུ་གདུལ། སེམས་ཅན་(སྟོད་ཆ།༣༨༥)ཐམས་ཅད་བདེ་གྱུར་ཅིག་གསུངས། མདོར་ན་སྐྱོབ་པའི་ལྷ་བྱ་ཁྲར་སྤྲུལ་པ་དང་། བླ་སྤྱང་། བྲན་ཁོལ། འོག་རྟ། སྒོ་ཁྱི། གཉན་མཚམས་ཚུན་ཆད་བསྒྲལ་ཞིག་རབས་བཅད། དེ་བཞིན་དུ་འགྲོ་སྲས་ཆུང་ནེའུ་ཐང་ལ་རྟ་ཁྱུ་འཚོ་བའི་རྣམ་པར་ཤེས་པའང་བཀུཏ་སྟེ་གདབ་ལས་ཀྱི་ཚར་བཅད། འགྲོ་ལྷ་སྤྱང་ཀི་སྔོན་པོར་བྱས་པ་དང་། བླ་སྤྱང་བྲན་ཁོལ་ཐམས་ཅད་སྔར་བཞིན་ཁ་དག་པར་བྱས། དེའང་གཉགས་ལོ་ཙཱ་ཆེན་པོ་འདིས་སངས་རྒྱས་དངོས་དང་མཚུངས་པའི་པཎ་གྲུབ་རྣམས་བསྟེན་པས། སྒྲ་ཚད་མཚན་ཉིད། སྔགས་ཕྱི་ནང་ཀུན་ལ་མཁྱེན་པ་ཤིན་ཏུ་ཆེ་བར་གྲགས། ལོ་ཙཱ་བ་ཆེན་པོ་བསྟེན་ནས་དམ་པའི་ཆོས་མང་པོ་བསྒྱུར། མདོ་སྒྱུ་སེམས་གསུམ་ཀའི་བསྟན་པའི་མངའ་བདག་ཏུ་གྱུར་ཅིང་ཉན་བཤད་ཀྱི་སྒོ་ནས་སློབ་མ་ཁྱད་པར་ཅན་མང་དུ་བསྒྲུན་པས་བཀའ་དྲིན་བསམ་གྱིས་མི་ཁྱབ། མཐར་སྙན་བརྒྱུད་རྡོ་རྗེ་ཟམ་པ་དང་། མན་ངག་སྡེ་ལས་དངོས་གྲུབ་ཆེན་པོ་བརྙེས་ཏེ་སྟོང་གསལ་འོད་ཀྱི་ཕུང་པོར་གཤེགས་སོ། དེ་ལ་སློབ་མའི་གཙོ་བོ་ནི། ཕུར་པ་མཁན་པོ་དག་དཔལ་བརྒྱད་དུ་འདྲ་བ་ཡོད་དོ། །འདིར་སོག་པོ་དཔལ་གྱི་ཡེ་ཤེས། གྲ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོ་བྲན་དཔལ་གྱི་གཞོན་ནུ། སྙན་དཔལ་དབྱངས། འཚུར་ནག་ཡེ་ཤེས་དཔལ། ཨུ་པ་ངག་དཔལ། ཐང་བཟང་དཔལ་གྱི་རྡོ་རྗེ། དགྱེ་འཕགས་པ་ཤེས་རབ། བྷུ་སུ་ཀུ་མཆོག་རྣམས་ཏེ། དབོན་བརྒྱུད་རྣམས་ལས་ཀྱང་ཕྲིན་ལས་རྒྱ་ཆེར་བྱུང་ངོ་། སོག་པོ་དཔལ་གྱི་ཡེ་ཤེས་ནི་ཡུལ་ཡར་འབྲོག་པ་ཡིན། སློབ་དཔོན་ཆེན་པོའི་དུས་ནས་དངོས་གྲུབ་བརྙེས་ཚར་བ་ཞིག་ཐུན་མོང་བའི་སྣང་ངོར་(སྟོད་ཆ།༣༨༦)མགར་གྱི་ཚུལ་དུ་བཞུགས། གཉགས་ལོ་ཆེན་པོ་དེ་མཁྱེན་པ་ཤིན་ཏུ་ཆེ་བས་སློབ་དཔོན་རྣམས་ལས་ཀྱང་རང་ཉིད་མཁས་སྙམ་པ་ལན་གསུམ་སྐྱེས་པས་སྲོག་ལ་བབས་པའི་དོགས་ཚར་གསུམ་བྱུང་བར་གྲགས། དེ་ལ་རྒྱུ་འབྲས་མི་སླུ་བའི་བདེན་པ་ལས་བདག་གིར་མཛད་པའི་ཚུལ་སྟོན་པ་ལ་བབས་པའི་སྐབས་ཤིག་ན། གཉགས་ལ་སྐུ་དགྲ་ལན་གསུམ་དུལངས་པའི་རེས་གཅིག་ཡུལ་ཉེ་འཁོར་གྱི་གཉགས་དམར་པ་སྤུན་གྱི་མི་ཤ་འཁོན་དུ་བྱས་ནས་སློབ་དཔོན་བཙོན་དུ་བཟུང་། སོག་པོ་དཔལ་ཡེ་དེ་དོན་ལ་གྲུབ་པའི་སྤྱོད་པ་འབའ་ཞིག་ཡིན་གྱི་རྣམ་པར་གཅན་གཟན་གྱི་གཉའ་ནས་འཛིན་པ་སོགས་བརྟུལ་ཕོད་པར་སྟོན་པས། སྐབས་འདིར་བླ་མའི་ཕྱིར་དུ་ལུས་སྲོག་འདོར་བའི་རྡོ་རྗེའི་དམ་ཙིག་གཉན་པོ་ལ་འཚལ་བས་བཙོན་སྲུང་པ་གཉིས་བཀུམ། སློབ་དཔོན་བཙོན་དོང་ནས་སྤྱན་དྲངས་པ་སོགས་སྐུ་དགྲ་ལན་གསུམ་བརྟུལ་ཞིང་། ཐུགས་ལན་གསུམ་བཟུང་བས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་མངོན་སུམ་པར་སྤྲུལ་ནས་རྗེས་སུ་བཟུང་བ་འདི་ཙམ་དོན་ལ་གནས་སོ། དེས་གནུབས་ཆེན་ལ་རྗེས་སུ་གདམས་པའོ། གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་འདི། བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནས། ཁྲི་བཀྲ་སིས་བརྩེགས་པ་དཔལ་གྱི་བར་ཅི་རིགས་པར་བྱུང་བར་འདོད་པ་དང་། ཡང་རལ་པ་ཅན་གྱི་དུས་སུ་བྱུང་ནས། ཁྲི་བཀྲ་ཤིས་བརྩེགས་པའི་བར་བཞུགས་པར་འདོད་པ་དང་། ཡང་སྔ་མ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་། ཕྱི་མ་རལ་པ་ཅན་གྱི་དུས་ན་བྱུང་ངོ་ཞེས་གཏན་ཚིགས་སྣ་ཚོགས་ཡོད་དེ་བཀའ་ཤོག་རྒྱ་བོ་ཆེར། རྒྱ་གར་མཁས་པ་བི་མ་མི་ཏྲ་དང་། ཨོ་རྒྱན་མཁན་པོ་པདྨ་(སྟོད་ཆ།༣༨༧)འབྱུང་གནས་དང་། །བལ་པོའི་མཁས་པ་བ་སུ་དྷ་ར་དང་། །བོད་ཀྱི་མཁས་པ་ཛྙ་ན་ཀུ་མཱ་རས། །བདག་ལ་གནང་བའི་མན་ངག་འདི་རྣམས་ཡིན། །ཞེས་པས་བཙན་པོ་ཁྲི་སྟོང་གི་དུས་ན་བྱུང་བར་རྩོད་པ་མེད་ལ། སྐུ་ཚེའི་ཚད་བརྒྱ་དང་བཅུ་གསུམ་ལ་གཏན་ཚིགས་བསྒྲིགས་ནས་བྱོན་པའི་དུས་ཕྱིར་བསྲིང་བ་དང་། རུས་གནུབས་དང་། ཡུལ་སྒྲགས་ལ་གཟུགས་བརྙན་གཉིས་པར་བཅོས་པས་སྔ་ཕྱི་གཉིས་པར་བྱུང་སྟེ་དེ་དག་ལ་སྙིང་པོ་མེད་དོ། །འདིར་ནི་གནུབས་ཀྱི་བན་ཆུང་སངས་རྒྱས། ལོ་ནི་བརྒྱ་དང་སུམ་ཅུར་ལོན་ཞེས་ཕྱི་མཐའི་ཐ་ཚིག་མིན་པར་སྐབས་ཀྱི་འཕྲོས་དོན་ལ་འང་བྱུང་བས་ཚེའི་རིག་པ་འཛིན་པ་བརྙེས་ནས་མངའ་བདག་དཔལ་འཁོར་བཙན་གྱི་བར་དུ་བཞུགས་པར་སྣང་ངོ་། །དེ་ལ་ཡབ་གནུབས་རིགས་གསལ་བའི་དབང་ཕྱུག་དང་། མཚན་རྡོ་རྗེ་ཁྲི་གཙུག་ཏུ་གྲགས། ལོ་བདུན་པར་འོ་བྲན་དཔལ་གྱི་གཞོན་ནུ་ལས་འབྲི་ཀློག་སྦྱངས། མཁན་པོ་བྷོ་དྷི་སཏྭ་ལས་རབ་ཏུ་བྱུང་། སློབ་དཔོན་བ་སུ་དྷ་ར་བསམ་ཡས་སུ་བྱོན་པ་དང་མཇལ་ནས་གསེར་སྲང་གསུམ་གྱི་འབུལ་བ་བྱས་ཏེ་མན་ངག་འགའ་ཞིག་ཐོས། སློབ་དཔོན་འབྱོན་ཁར་སླར་བལ་ཡུལ་དུ་ཤོག་ཅེས་པའི་རྗེས་སུ་གནང་བ་ཐོབ་པས་རྒྱ་བལ་ལ་འགྲོ་བའི་བློ་ཆུང་ངུ་ནས་སྐྱེས། སྤྱིར་རྒྱ་གར་ལ་ལན་བདུན་བྱོན་པའི་སྔ་རེས་དང་པོ་ལོ་བཅུ་གསུམ་པ་ཡིན་ཞེས་ཟེར། སློབ་དཔོན་ཆེན་པོ་པདྨའི་ཞབས་ལས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དངོས་གྲུབ་བརྙེས། རེ་ཞིག་ན་ཡུལ་གཞིས་བཅོངས་པའི་རིན། གསེར་ཟོ་ལྔ་བཅུ་བྱུང་བ་བསྣམས་ཏེ་(སྟོད་ཆ།༣༨༨)རྒྱ་བལ་ལ་གཏད་དེ་བྱོན། སློབ་དཔོན་བ་སུ་དྷ་ར་ལས་རྒྱུད་དང་མན་ངག་མང་དུ་ཐོས། དེས་མདོ་ལུང་གི་མཁན་པོ་ཆོས་རྒྱལ་སྐྱོང་དང་། དྲག་སྔགས་ཀྱི་མངའ་བདག་རོམ་བུ་གུ་ཧྱའང་བསྟེན། རྒྱ་གར་དང་། བལ་པོ་དང་། བྲུ་ཤའི་ཡུལ་ན་གནས་པའི་མཁས་པ་མང་ཞིག་བསྟེན། རྒྱ་གར་དུ་མཁན་པོ་ཆོས་རྒྱལ་སྐྱོང་ལས་མོད་ལུང་འགའ་ཞིག་དང་། ཁྱད་པར་བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས་ལས་མདོ་དགོངས་པ་འདུས་པ་ཡོངས་སུ་རྫོགས་པ་མཁྱེན་པར་མཛད། བསམ་ཡས་སུ་ལོ་ཙཱ་བ་ཆེན་པོའི་གྲྭར་བཞུགས་ཤིང་དམ་པའི་ཆོས་ཀྱང་བསྒྱུར། དབེན་པ་འབའ་ཞིག་བརྟེན་དགོངས་པ་ལ་སྤྱིར་དུས་འདི་ཙམ་ན་རྒྱལ་ཁྲིམས་ཞིག་ཅིང་། ཕྱོགས་རིས་ཀྱི་འཁྲུག་པ་དར་བའི་སྐབས་སུ་གྱུར་པ་གནུབས་ཆེན་ཡབ་སྲས་ལ་འོ་བརྒྱལ་ཆེན་པོ་བྱུང་། ཁྱད་པར་སྐུ་ཚེ་སྔ་མ་ལ་རྒྱ་གར་དུ་ཤན་པ་མ་རུ་ཙེ་བྱ་བར་འཁྲུངས་ནས་སེམས་ཅན་གྱི་དོན་མཛད་པས་དྲག་པོའི་གདུལ་ཞིང་ལྷག་མ་མ་ལུས་པར་རྫོགས་པར་མཛད་པ་དང་བོད་འདིར་དབོན་སྲས་ཀྱི་བསྟན་པ་ཉམས་པར་བྱེད་པས་མཚོན། སྔ་ཕྱིར་བསྟན་པ་ལ་གནོད་བྱེད་མང་དུ་བྱུང་བ་དེ་དག་དྲག་སྔགས་ཀྱིས་ཚར་བཅད་ནས་བསྟན་པ་སྲུང་བའི་ཕྱིར། རྒྱལ་བའི་ཕྲིན་ལས་ཀྱིས་བསྐུལ་བ་རྣམ་པའི་རྐྱེན་ཡུལ་པའི་ཁེངས་ལོང་སྔ་ཕྱི་བར་གསུམ་དུ་བྱུང་ནས་རིགས་ཀྱི་སྲས་གཉིས་བཀྲོངས་པས། ཇི་སྐད་དུ། ཉོན་མོངས་བོད་ཡུལ་དབུས་སུ་ཡངས། །འཚོ་བའི་ཟས་རྣམས་འབངས་ཀྱིས་ཕྲལ། ཞེས་དང་། བདག་འདྲ་གནུབས་ཀྱི་བན་ཆུང་ཡང་། སྙིང་ནས་ཆོས་བཞིན་བྱང་སེམས་སྐྱེས། ཞེ་སྡང་དགྲ་བོས་བྱེད་མ་སྟེར། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། ཞེ་སྡང་དེ་མ་ཐག་(སྟོད་ཆ།༣༨༩)ཏུ་བསྐྱེད། །དཀར་པའི་ཆེ་བ་འདོན་བསམས་ནས། །ངན་སྔགས་ཡིག་སྣ་སྣ་ཚོགས་བསླབས། །ཞེས་པ་ལྟར་རྒྱ་བལ་གྱི་ཡུལ་ནས་གཤེད་སྐོར་རྒྱ་མཚོའི་དྲག་སྔགས་རྣམས་སྤྱན་དྲངས་པ་ཡིན་ཏེ། བླ་མ་བཅུ་གཅིག་ཞབས་ནས་་བཏེག །འོན་ཀྱང་མཁས་པ་བཞི་ལ་གཏུགས། སློབ་དཔོན་དཔལ་གྱི་སེང་གེ་དང་། །རྒྱ་གར་ཁྲག་འཐུང་ནག་པོ་དང་། །ཕུང་བྱེད་ཤནྟིང་གབྷ་དང་། །བལ་པོ་བ་སུ་དྷ་ར་བཞི། མཁས་པ་བཞི་ཡི་ཐུགས་བརྟོལ་ནས། །ཟབ་པའི་མན་ངག་ཐུགས་ལ་བཏགས། །ཞེས་དང་། དེ་དག་ཀྱང་གནད་དུ་བསྡུས་པ་ལ་བལ་པོའི་སློབ་དཔོན་ཉིད་ལས་བྱུང་སྟེ། ཇི་སྐད་དུ། སློབ་དཔོན་བལ་པོའི་རྒྱལ་པོ་ཡིས། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །གནུབས་ཀྱི་བན་ཆུང་འདིར་ཤོག་གསུངས། བམ་ཆེན་རོ་ཡིས་དབང་བསྐུར་ནས། །ལྷ་རུ་འཇམ་དཔལ་ཚེ་བདག་གཏད། །ཅེས་པས་མཚོན་ནོ། །དེ་ལྟར་སློབ་དཔོན་འདི་རྒྱ་གར་དུ་བྱོན་པའི་རེས་ཤིག་རྡོ་རྗེ་གདན་ལ་ཚོགས་གསོག་མཛད་པས། ནམ་མཁའི་ཀློང་ནས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཞིག་རང་ཐད་ཁྲུ་གང་གི་སར་བྱུང་སྟེ་ལན་གཉིས་སུ་མ་ཟིན། གསུམ་པའི་ཚེ་པྱག་གཡས་པའི་མཐེབ་སྲིན་གྱི་བར་དུ་ཆགས་པའི་མོད་ལ་དེ་ཕྱག་ན་རྡོ་རྗེ་དངོས་ཀྱི་སྐུར་གྱུར། དབང་བསྐུར་བྱིན་གྱིས་བརླབས། སངས་རྒྱས་ཡེ་ཤེས་སུ་མིང་གི་ཅོད་པན་དཔྱངས། དབང་རྟགས་སུ་རྡོ་རྗེ་རྩེ་དགུ་པ་འབྲལ་མེད་དུ་འཆང་བ་ད་ལྟ་རོང་བྱམས་ཆེན་གྱི་ཐུགས་ཀ་ན་ཡོད་པར་གྲགས། རྒྱ་བལ་གྱི་རུ་མཚམས་རྡོ་རྗེ་རྩེ་ལྔའི་བྲག་ཕུག་ཏུ་སློབ་དཔོན་པདྨ་ལས་ཀྱང་གདམས་པ་ནོད་པ་སོགས་རྒྱུད་དང་མན་ངག་མང་པོ་ཐུགས་སུ་ཆུད། །དུར་ཁྲོད་དང་། མཚོ་གླིང་དང་།(སྟོད་ཆ།༣༩༠) མི་མ་ཡིན་དྲག་པོ་རྒྱུ་བའི་གནས་སུ་སྒྲུབ་པར་མཛད་པས། འཇམ་དཔལ་ཡ་མནྟ་ཀ་སོགས་ཏེ། ཡི་དམ་གྱི་ལྷ་དཔག་ཏུ་མེད་པས་ཞལ་གཟིགས། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ཡི་དྭགས་དྲག་པོ་དག་དང་ཡང་གཏམ་འགྲེ་ཞིག་མཆོད་པར་བྱེད། ནུས་པ་ཤིན་ཏུ་ཆེ་བས་ལྷ་སྲིན་ཀུན་གྱིས་སྟོང་སྲོག་ཕུལ། དུར་ཁྲོད་ཕུ་ལུང་ནག་པོར་ཨེ་ཀ་ཙ་ཊཱིས་ཞལ་བསྟན། །ཕྲམ་ཟེ་མོའི་ཐོད་པ་དངོས་གྲུབ་ཀྱི་རྫས་སུ་བྱིན། །པདྨ་གར་གྱི་དབང་ཕྱུག་གིས་མོན་ནག་ཁ་ཁྲིའི་ཐོད་པ་འང་དམ་ཚིག་གི་རྫས་སུ་སྤྲད། མངོན་ཤེས་དང་རྫུ་འཕྲུལ་ཐོག་པ་མེད་པར་གྲུབ། །བོད་ཡུལ་དབུས་ཀྱི་གནས་སྒྲགས་ཀྱི་ཡང་རྫོང་དུ་སྒྲུབ་གནས་ཀྱི་མཐིལ་མཛད། དེ་བཞིན་དུ་ཉུག་གི་རྡོ་རྗེ་སྒྲོམ་བུར་ཟླ་བ་དགུས་སེམས་ཉིད་བཙན་ས་ཟིན། གཙང་གི་ཕུང་པོ་རི་བོ་ཆེ་དང་། གཡུང་གི་རྫ་ལྷུགས་མོ་སོགས་ཞབས་ཀྱིས་བཅགས། །དྲུག་ཅུ་རེ་གཅིག་པར་སྒྲགས་སུ་ཁེངས་ལོག་བྱུང་བས་གཤིན་རྗེ་གཤེད་དྲག་སྔགས་རྣོན་པོས་གྲོང་ཁྱེར་མང་པོ་བརླག་པར་མཛད། ཇི་སྐད་དུ། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །སྒྲུབ་ཁང་ཡ་མའི་མཁར་ལ་བྱས། །སྒྲགས་ལ་ནག་པོའི་རྩེ་མོ་རུ། །ཉེ་འབྱེད་རླུང་གི་འཁོར་ལོ་བསྐོར། །སྒྲགས་ཀྱི་གྲོང་ཁྱེར་སུམ་ཅུ་རྩ་བདུན་བརླག །ཅེས་བྱུང་ངོ་། སླར་གནུབས་ཡུལ་གྲོང་དུ་བྲོས། དེར་ཡང་བཞུགས་སུ་མ་སྟེར་བས་སྙེ་མོ་བྱེ་མཁར་བཟུང་། གནས་དེར་ཡང་དམག་གི་ཆོས་པོས་བསྐོར་ཞིང་སྐུ་སྲོག་ལ་བསྔོ་བར་ཉེན་པ་ན། མཁར་གྱི་རྩེ་ནས་ལྷ་འདྲེ་གཉན་པོ་དཔང་དུ་གསོལ། །ཚིགས་སུ་བཅད་པའི་བདེན་པ་བདར། །ཆོས་གོས་བརྡབས་པས་དམ་ཅན་སྐྱོང་རྣམས་མངོན་སུམ་པར་བྱུང་སྟེ། །བདག་ཅག་གི་མཐུ་(སྟོད་ཆ།༣༩༡)རྩལ་གྱིས་རི་རབ་ཐལ་བར་རློག །ཉི་ཟླ་ཆ་ལང་རྡེབ། །གནམ་ས་བླ་འོག་བསྒྱུར་ནུས་ཀྱང་ཚེ་རབས་སྔ་མའི་ལན་ཆགས་བརྟོལ་བས་སྔོན་ཆད་གྲོགས་བྱེད་དུ་མ་ནུས། ད་ནི་བཀའ་བཞིན་འཚལ་ལོ་ཟེར་བས། ཆོས་གོས་ཀྱི་ཆ་ག་ནས་སེང་ལྡེང་གི་ཕུར་བབུ་བཏོན། དམ་ཅན་རྣམས་ཀྱིས་སྲོག་སྙིང་དྲངས། དམག་མི་ཡོད་པའི་རི་ལོགས་ལ་འདྲིལ་ཞིག་བསྡིགས་པས། རི་ལས་མེ་དཔུང་ཆེན་པོ་བྱུང་སྟེ་དམག་རྣམས་ཐམས་ཅད་བསྲེགས་ཤིང་བརླགས་པར་བྱས། སླར་རབ་ཏུ་འགྱོད་ནས་བསམ་གཏན་མིག་གི་སྒྲོན་མ་སྡིག་སྦྱོང་དུ་མཛད་པར་གྲགས། སྐུ་དགྲ་ཐུལ་རྗེས་ལོ་གསུམ་གྱི་བར་ལ་དབུལ་ཞིང་ཕོངས། །སོག་པོ་དཔལ་གྱི་ཡེ་ཤེས་ལས་སེམས་ཕྱོགས་དང་རྒྱུ་འཕྲུལ་ལ་སོགས་པ་གསན། སྒྲགས་ཡང་རྫོང་དུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་གཞོལ། །མངའ་བདག་རལ་པ་ཅན་གྱི་བར་ཡན་ཆོད་དུ་རྒྱ་གར་དང་བོད་ཀྱི་བར་དུ་འབྱོན་བཞུད་ཀྱི་ངང་དུ་ཡོད་པ་ལ། དར་མས་བསྟན་པ་བསྣུབས་པ་ཐུགས་ཀྱིས་མ་བཟོད་ནས་སླར་ཡང་དྲག་སྔགས་སྤུ་གྲི་རེག་ཆོད་མང་པོ་ཚགས་སུ་བཙུད་ནས་མངོན་སྤྱོད་ཀྱི་ཐུགས་རྗེས་མཚམས་སྦྱར་བར་དགོངས་པ་ལ། སྡིག་སྤྱོད་རྒྱལ་པོ་ལྷ་ལུང་དཔལ་གྱི་རྡོ་རྗེས་བསྒྲལ་ཟིན་པས་དྲག་སྔགས་འཆོལ་གྱིས་དོགས་ནས་གཏེར་དུ་སྦས། །མདོ་རྒྱུ་སེམས་གསུམ་གྱི་བསྟན་པའི་རྒྱན་སློབ་མའི་ཚོགས་ལ་མི་ནུབ་པར་སྤེལ་ནས་མཐར་རང་བཞིན་རྫོགས་པ་ཆེན་པོའི་ལམ་ནས་ལྷུན་གྲུབ་འོད་ཀྱི་ཕུང་པོར་མྱ་ངན་ལས་འདས་སོ། །འདི་ལ་བརྒྱུད་འཛིན་གྱི་སློབ་བུ་སྲས་ཀྱི་དམ་པ་གཅིག །ཐུགས་ཟིན་སྲས་བཞི་དང་ལྔར་བྱུང་བ་ལས། སྲས་ཀྱི་དམ་པ་ཡོན་ཏན་རྒྱ་མཚོ་ནི་སྐྱེ་(སྟོད་ཆ།༣༩༢)བ་སྔ་མ་ཡབ་སྲས་སུ་འབྲེལ་འདིར་གནུབས་ཁུ་ལུང་དུ་བཙས། སྐྱེ་བ་སྔ་མའི་ཕུ་བོ་རྒྱ་གར་དྷ་ན་དྷ་ལས་གནོད་སྦྱིན་མོའི་རྐང་མགྱོགས་བསྒྲུབས་ནས་གྲུབ་ཀྱང་གཤོག་པ་བཅག་པས་མ་ནུས། སླར་རྐང་མགྱོགས་གཅིག་ཤོས་བསྒྲུབས་པས་ཁོས་མཐུ་བའི་ནང་དུ་དྷ་ན་དྷ་ལ་ཁུར་ནས་མཚན་གུང་གཅིག་ལ་ཁུ་ལུང་ཡོན་ཏན་རྒྱ་མཚོའི་རྩར་བསྐྱལ། དེར་ཡོན་ཏན་རྒྱ་མཚོས་སྐྱེ་བ་སྔ་མ་རང་གི་གཅུང་པོར་གྱུར་པ་ལ་རྗེས་སུ་བརྩེ་བས་དབང་བསྐུར། ཡོན་བདག་ལ་ཐུན་མོང་གི་དངོས་གྲུབ་བྱིན་པས་མི་རབས་བདུན་ཚུན་ཆད་དར་བར་གྲགས། ཡོན་ཏན་རྒྱ་མཚོ་ལ་སྒྲུབ་གནས་གྲོང་དུ་མི་རུང་གསུངས་ནས་མཁར་གདོང་ཡོན་མོའི་གཙུག་རུམ་ལྟ་བུའི་ས་གནང་བསྟན་སྲུང་གཤིན་རྗེ་དམར་ནག་དང་། མ་གཤིན་གྱི་སྐོར་སོགས་བྱིན་ནས་རྒྱ་གར་དུ་གཤེགས། དེར་ཡོན་ཏན་རྒྱ་མཚོ་ལོ་སུམ་ཅུ་ལོན་པའི་ཚེ་ཁྱི་ར་ལ་འཁྱམས་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་སྣར་གྱི་ཤུག་ལ་ནག་པོར་བཞུགས་པ་དང་མཇལ་བས། རུས་གཅིག་པ་དང་སྐལ་བ་ཅན་དུ་དགོངས་ནས་ཆོས་སྐོར་བཅུག་སྟེ་རྗེས་སུ་བཟུང་། ལྟ་བུ་སྒང་དྲིལ། གབ་པ་མངོན་དུ་ཕྱུང་། གསང་བ་ཁོང་ལྟོ་ལྟར་ཕྱུང་། སྟར་ཁ་གེགས་སེལ་གྱི་ཚུལ་ཏེ་བཞི་ག་བཤད་པས་གདམས་པ་ཐམས་ཅད་རྫོགས་པར་གྲགས། འདི་ལའང་ཁེངས་ལོག་བྱུང་སྟེ་གཤེད་མ་བརྒྱས་བསྐོར་བའི་ཚེ་ཡང་། འབར་བ་ལྟ་སྟངས་ཀྱི་རྫུ་འཕྲུལ་མངོན་སུམ་དུ་གྲུབ་པས། སྤྱན་གཡས་པ་ནས་མེ་འབར། གཡོན་པ་ནས་ཆུ་འབྲུབ་པར་སྤྲུལ་པས་གླུགས་ལྟ་བའི་སྐབས་མ་རྙེད་པར་རང་རང་གི་ལག་ཆ་འཆོར་བའི་ངང་དུ་འབྲོས་དགོས་པ་བྱུང་། སྤྱིར་ཡི་དམ་མང་པོའི་ཞལ་གཟིགས། །དམ་ཅན་བྲན་དུ་འཁོལ། ཆོས་ཉིད་ཀྱི་བདེན་པ་མངོན་དུ་(སྟོད་ཆ།༣༩༣)གྱུར་པས་དངོས་གྲུབ་ཆེན་པོ་གཉིས་ཀ་བརྙེས་པ་ཞིག་ཡིན་ཏེ་རྣམ་ཐར་རྒྱས་པ་ཡི་གེའི་ལམ་དུ་འདྲེན་པར་མི་ནུས་པས་སོ་ལུགས་ཀྱི་ཡིག་ཆ་སོགས་ལས་ཤེས་སོ། ཐུགས་ཟིན་གྱི་སྲས་བཞི་ནི། སོ་ཡེ་ཤེས་དབང་ཕྱུག་ལ་ལྟ་བ་སྒང་དྲིལ་ཏེ་བཤད། པ་གོར་བློན་ཆེན་འཕགས་ལ་གཞུང་འགྲེལ་ཊི་ཀ་དང་སྦྱར་ནས་བཤད། དན་ཡོན་ཏན་མཆོག་ལ་སྟར་ཁ་གེགས་སེལ་གྱི་ཚུལ་དུ་བཤད། སྤུ་ལེགས་པའི་སྒྲོན་མེ་ལ་ཚིག་སྡེབ་སྦྱོར་ལེགས་པར་བཤད། བཞི་ཀ་ཚང་ན་ནི་ཡོན་ཏན་རྒྱ་མཚོ་ཡིན་ནོ། །འདི་ལ་སྲས་ཡེ་ཤེས་རྒྱ་མཚོ་དང་། །པདྨ་དབང་རྒྱལ་གཉིས་བྱུང་། ཡེ་ཤེས་རྒྱ་མཚོའི་སྲས་ལྷ་རྗེ་ཧཱུྃ་ཆུང་། འདིས་རྗེ་བཙུན་མི་ལ་ལ་དྲག་སྔགས་བསྟན་པས་མཐུ་ཆེན་གྱི་གྲགས་པ་ཐོན་པ་དེ་བྱུང་། ཡོན་ཏན་རྒྱ་མཚོ་ཡབ་སྲས་ཀྱི་སློབ་མ་ཉང་ཤེས་རབ་མཆོག །འདི་བསྐྱེད་རྫོགས་གསུམ་ཀ་ལ་མཁས་པར་གྲགས་ཤིང་དྭག་ལ་གཤོངས་ཀྱི་གཙུག་ལག་ཁང་ཡང་བཞེངས། །ཧའོ་སྒོལ་གྱི་བྲག་ལ་སྒྲུབ་པ་མཛད་པའི་ཚེ། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་གཟིགས། བྲག་ལ་རྡོ་རྗེ་བརྒྱབ་པས་འཇིམ་པ་ལ་བྱས་པ་བཞིན་ཐིམ་གྱིས་སོང་བ་སོགས་གྲུབ་པ་བརྙེས་པའི་ལོ་རྒྱུས་མང་དུ་ཡོད། དེའི་སློབ་མ་ཆོས་ལུང་ཉང་ཤེས་རབ་འབྱུང་གནས་ཡིན། བླ་མའི་ཐུགས་ཟིན་ཞིང་། བསྐྱེད་རྫོགས་གསུམ་ཀ་ལ་མཁས་པའི་གྲགས་པ་ཐོབ། དེ་དག་ལས་བརྒྱུད་པ་ཕལ་མོ་ཆར་རོང་ལུགས་སམ། །རུས་ལས་བཏགས་ཏེ་ཉང་ལུགས་ཀྱང་ཟེར་རོ། །ཡང་སོ་ཡེ་ཤེས་དབང་ཕྱུག་གི་སློབ་མ་ངན་ཐུང་བྱང་ཆུབ་རྒྱལ་མཚན།(སྟོད་ཆ།༣༩༤) ཀོང་བཙུན་ཤེས་རབ་ཡེ་ཤེས། ར་ཐུང་ཤེས་རབ་ཚུལ་ཁྲིམས་ཏེ་གསུམ་ཀ་ཡིན་གྱི་བྲེང་ཚགས་སུ་མི་འདྲེན་ཞེས་འགོས་གཞོན་ནུ་དཔལ་བ་བཞེད། ཡོན་ཏན་རྒྱ་མཚོ་ཡབ་སྲས་དང་། སོ་ཡེ་དབང་གཉིས་ཀའི་སློབ་མ་ཉང་ཤེས་རབ་མཆོག དེའི་སློབ་མ་ཡེ་ཤེས་འབྱུང་གནས། དེའི་སློབ་མ་ལྷ་རྗེ་ཟུར་པོ་ཆེ་སྟེ། ཟུར་པོ་ཆེ་ནི་སྟོག་ཚབ་འཕགས་པ་རིན་པོ་ཆེ་ལའང་ཐུག་པས། གནུབས་ཆེན་དང་། ཟུར་པོ་ཆེའི་བར་ན་བླ་མ་གཅིག་ཡོད་པ་ཡིན་ནོ། ད་ནི་ཐ་མ་ཟུར་ལ་བབས་པའི་རྣམ་གཞག་བཤད་པར་བྱ་སྟེ། དེ་ལ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་བསྟན་པ་ཕྱི་དར་ལ་སྔ་འགྱུར་གྱི་བསྟན་པའི་རྩ་བ་བཙུགས། །ཟུར་ཆུང་བ་ཤེས་རབ་གྲགས་ཀྱིས་ཡལ་ག་བརྐྱང་། ཟུར་ཤཱཀྱ་སེང་གེས་ལོ་འབྲས་རྒྱས་པར་མཛད་པས་ཟུར་མེས་དབོན་རྣམ་གསུམ་ཞེས་གྲགས། སྤྱིར་ཟུར་ཞེས་བྱ་བའི་གདུང་འདི་དང་པོར་རྒྱ་གར་ནས་ལྷགས་པ་ཞིག་སྟེ། འཕགས་པའི་ཡུལ་དུ་འོད་གསལ་ལྷ་དབང་གཞོན་ནུ་གཙུག་ཏོར་ཅན། དེའི་སྲས་མནྡྷ་ཟང་ཞུ་ཅན། དེའི་སྲས་ཟུར་བཤེས་གཉེན་སྟག་སྒྲ་ཅན། དེའི་སྲས་ཟུར་རིན་ཆེན་རྒྱ་མཚོ། དེའི་སྲས་མཚོ་བཟང་མིག་པོ་ཆེ། །དེབ་སྔོན་དུ་ལྷ་རྗེ་ཟུར་པོ་ཆེ་འདིའི་སྲས་སུ་འཆད་ཅིང་། གཞན་དུ་ཨ་ཙ་རའི་སྲས་སུ་འདོད་ཀྱང་། འདིར་ཀུན་མཁྱེན་འཇིགས་མེད་གླིང་པས་ཟུར་པའི་རབས་ནི་ཤུ་རྩ་བདུན་གྱི་ཡི་གེ་ཞིག་མཐོང་བ་དེ་ཉིད་བཙན་སར་བགྱིས་ཏེ་གསུངས་པ་ལྟར་མིག་པོ་ཆེ་ལ། ཟུར་ཨ་ཙ་ར། ཟུར་ཁ་ཅན་ལག་ཅན། ཟུར་བཟང་ཤེས་རབ་འབྱུང་གནས་ཏེ་སྲས་གསུམ་བྱུང་(སྟོད་ཆ།༣༩༥)བས། ཐ་ཆུང་ཤེས་འབྱུང་གི་སྲས་ལྷ་རྗེ་ཟུར་པོ་ཆེ། ཟུར་སྟོན་བླ་མ། ཟུར་སྒོམ་རྡོ་རྗེ་འབྱུང་གནས། ཟུར་སྒོམ་ཆུང་དང་བཞིར་བྱུང་ལ། ཆེ་བ་ཨ་ཙ་རས་རྒྱ་གར་ལ་བྱོན་པའི་སྲས་ཉི་མའི་སྙིང་པོ། སླར་བོད་དུ་བྱོན་ནས་ཐག་ལུང་པར་བཞུགས་པའི་སྲས་ཟུར་ཐག་པ་སྒོམ་ཆེན། དེའི་སྲས་ཟུར་ཆུང་ཤེས་རབ་གྲགས་པ་ཡིན་ཞེས་སྨྲའོ། དེ་ལ་ལྷ་རྗེ་ཟུར་པོ་ཆེ་ནི་དཔལ་ཆེན་འཇིག་རྟེན་ན་མངོན་སུམ་དུ་བྱོན་པ་ཡིན་ཏེ། ཡུལ་མདོ་ཁམས་ཀྱི་སའི་ཆ་ཡར་རྫོང་ངམ་གཡར་མོ་ཞེས་བྱ་བར། ཡུལ་ཡོན་བདག་མོ་བདེ་བ་ལྕམ་ཞེས་བྱ་བའི་སྲས་སུ་འཁྲུངས། ལྷུམས་སུ་བཞུགས་པའི་ཚེ་ཡབ་ཀྱི་མནལ་ལམ་དུ་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་ཕྱག་ཏུ་བྱུང་བ་དང་། འཕགས་པ་སྤྱན་རས་ཡུམ་ལ་ཐིམ་པ་སོགས་བྱུང་བས་སྤྲུལ་པའི་སྐུར་ཤེས་ནས་མཚན་ཤཱཀྱ་འབྱུང་གནས་སུ་བཏགས། ཡབ་ལས་འབྲི་ཀློག་མཁྱེན་པར་མཛད། སྒྱུ་འཕྲུལ་གྱི་སྐོར་དང་མན་ངག་ཕྲན་ཚེགས་ཞུས། བླ་ཆེན་དགོངས་པ་རབ་གསལ་ལས་ཚིགས་གསུམ་རིམ་ནོད་ཀྱི་ལོ་དུས་ལ་བསྙེན་རྫོགས། འདི་སྤྲུལ་པའི་སྐུར་འདུག་པས་མཚན་སྤོ་མི་དགོས་གསུངས། །མེས་པ་རིན་ཆེན་རྒྱ་མཚོའི་དྲུང་ནས་མཚན་ཉིད་སྡེ་གསུམ། ཀྲི་ཡ་རྣམ་འཇོམས། རྣམ་སྣང་སྒྱུ་དྲང་། དཔལ་མཆོག་དང་པོ་རྣམས་དང་། གསང་སྔགས་ནང་གི་མན་ངག་ཐབས་ལམ་ལ་སོགས་པའང་མཁས་པར་མཁྱེན། དེ་ཡང་གསུང་ལས། རྩ་རླུང་རྟ་རུ་ཞོན། གཏུམ་མོ་གོས་སུ་གྱོན། །གདམས་ངག་སྐྱེ་གྲོགས་སུ་ཁྲིད། །དད་པས་སྣ་དྲངས་ཏེ་མདོ་ཁམས་ཀྱི་ས་ཆ་བརྒལ་ནས་འདམ་གྱི་ཕྱོགས་སུ་ཉེ་བར་སླེབས་ཅེས་གསུངས་པ་ལྟར། ཁམས་ནས་འདམ་དུ་སླེབས་པའི་ཚེ། ལམ་ཆ་(སྟོད་ཆ།༣༩༦)མ་འཚལ་བ་ལ་སྤྲིན་གསེབ་ནས་ལྷའི་བུ་གཉིས་ཀྱིས་ལམ་བསྟན་ཏེ་དབུས་ཕྱོགས་སུ་བརྟོལ། ཡར་ཀླུངས་ན་མོ་ལུང་དུ་ཀྲི་ཡ་ལ་སྒྲུབ་པ་མཛད་པའི་ཚེ། ཐེག་པ་ཆེན་པོ་གསང་བ་བླ་ན་མེད་པའི་རིགས་སད་དེ། །སྤོང་ལེན་རྩོལ་བྱས་ཀྱི་ལམ་འདི་ནི་འཆིང་བའི་རྒྱུར་འདུག །ཚེགས་ཆུང་ལ་བྱ་སླ་བ་གསང་སྔགས་བླ་མེད་ཀྱི་ལམ་ཞིག་དང་མཇལ་བར་ཤོག་དགོངས་པའི་ནུབ། ནགས་ཚལ་ཅན་གྱི་རི་ལ་སྒོམས་ཟེར་བ་ཞིག་བྱུང་། དེར་གཙང་པོ་ལ་ལམ་རྒྱུས་བཅོལ་ནས་གཙང་ལ་གཏད་དེ་བྱོན། གསང་སྔེཾགས་ཀྱི་ཆོས་ལ་མཁས་གྲུབ་བརྙེས་པ་སུ་ཡོད་དྲིས་པས། ནགས་ཚལ་གསུམ་སྒྲིལ་བྱ་བ་ན་ཡོད་ཟེར། དེར་སྔར་གྱི་རྨི་ལམ་དྲན་ནས་བྱོན། །དགེ་གོང་གི་ལྕེ་ཤཱཀ་མཆོག་ལ་བདུད་རྩི་སྨན་སྒྲུབ་ལ་སོགས་པ་ཞུས། །སྤྱིར་ཟུར་ཆེན་ལ་བླ་མ་མང་དུ་བཞུགས་ཏེ། ཁྱད་པར་དུ་ཆོས་ལུང་གི་ཉང་ཡེ་ཤེས་འབྱུང་གནས་ལ་ཟུར་པའི་མེ་ཏོག་ཕོད་པའི་ཆོས་སྒྱུ་འཕྲུལ་དང་སེམས་ཕྱོགས་རྙེད་པ་ཡིན། ཐོ་གར་ནམ་མཁའ་ལྡེ་ལས་མདོ་དག་སྤར་ཁབ། རྫོགས་ཆེན་མན་ངག་དང་བཅས་པ། ཡུལ་གསེར་གྱི་གཉན་ནག་དབང་དྲག་དང་། །ལྕེ་ཤཱཀྱ་རྒྱལ་མཚན་ལས་གསང་དབང་ཐབས་ལམ་རིམ། ཉང་སྟོད་ཀྱི་འབྲེ་ཁྲོ་ཆུང་ལས་ཀ་དག་དང་ལྷུན་གྲུབ། སྒྱུ་འཕྲུལ་ལམ་རིམ། མཆིམས་ཕུའི་རོག་ཤཱཀ་འབྱུང་དང་ལྡན་མ་ཤེས་ཚུལ་ལ་ཡང་དག ཞུ་སྟོན་བསོད་ནམས་ཤཱ་ཀྱ་ལས་མདོ་ཡོངས་རྫོགས། སྟོང་ཚབ་བྱང་ཆུབ། རྒྱ་སྟོན་བློ་གྲོས། །བཀའ་སྡོད་ཡེ་ཤེས་སྙིང་པོ་རྣམས་ལའང་མདོ་ལུང་། དབང་སྒྲུབ། རྒྱུད་འགྲེལ་འཕྲིན་ལས་དང་བཅས་པ་གསན་ཞིང་། བླ་མ་དེ་དག་ཀྱང་རྟ་ལ་སོགས་པའི་བདོག་དགུའི་འབུལ་བ་དང་། འཁོར་གསུམ་ཡོངས་དག་གི་མཆོད་པས་མཉེས་པར་(སྟོད་ཆ།༣༩༧)བྱས་པ་འབའ་ཞིག་གོ ཚུལ་དེ་ལྟ་བུས་མཁས་པ་མང་པོའི་མན་ངག་བླངས། དགོངས་པ་ཉམས་འོག་ཏུ་ཆུད། སྡེ་སྣོད་དང་། རྒྱུད་སྡེའི་གྲུབ་མཐའ་ལ་མཁས་ཤིང་བྱང་ཆུབ་པར་བྱས་ནས། རྩ་རྒྱུད་དང་བཤད་རྒྱུད་བསྡེབས། རྩ་བ་དང་འགྲེལ་པ་བསྡེབས། རྒྱུད་དང་སྒྲུབ་ཐབས་སུ་བསྡེབས། སྒྲུབ་ཐབས་ཆོག་ཡིག་ལ་སོགས་པར་བསྡེབས་ནས་ལག་ལེན་དུ་ཐེབས་པར་བྱས། ནགས་ཚལ་ཅན་གྱི་རི་ལ་དཔལ་ཡང་དག་གི་སྒྲུབ་པ་ཁོ་ན་ལ་གཅིག་ཏུ་གཞོལ་བས་བསྐྱེད་རྫོགས་བཟླས་གསུམ་གྱི་གདིང་ཆེན་པོ་སྟོབས་སུ་གྱུར། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་གྲོལ་ནས་ཤེས་རབ་ཕྱོགས་མེད་དུ་རྒྱས། སློབ་མ་མང་དུ་འདུས་པ་ལ་མདོ་དང་སྒྱུ་འཕྲུལ་གྱི་འཆད་ཉན་ཀྱང་མཛད། རྒྱུན་དུ་གཡེང་བའི་ལས་ཐམས་ཅད་རྣམ་པར་སྤངས། ཆེ་ཐབས་དང་འདུ་འཛི་བཤིག །བྱང་ཆུབ་ཕྱི་དུས་ལ་མི་རེ་བ་ད་ལྟ་ཉིད་ཁོ་ནར་མངོན་དུ་མཛད་པའི་བརྩོན་འགྲུས་དྲག་པོ་རྒྱུད་ལ་བསྟེན་ནས་བསྒྲུབས་པས། རེ་ཞིག་ན་གཏོར་ལེན་དུ། རྣལ་འབྱོར་པའི་རྣམ་པ་ཅན་ཞིག་བྱུང་། དེ་ལ་ཅུང་ཟད་བྱིན་པས་ཁོས་རིལ་པོར་ཐོབ། རྩིག་པའི་དྲུད་ན་ཕར་འགྲོ་བ་དང་། ཟུར་པོ་ཆེ་འདི་སྙན་པ་དང་། ཡོན་ཏན་མངའ་བ་ཞིག་འདུག་སྟེ། རོག་ཤཱཀ་འབྱུང་གི་རྒྱུན་གཏོར་ཙམ་ཡང་མི་འདུག་ཟེར། དེ་ཉེ་གནས་ཀྱིས་ཐོས་ནས་བླ་མ་ལ་ཞུས་པས་བོས་ཤོག་གསུངས། འབོད་དུ་ཕྱིན་པས་ཡོང་མ་ཉན་པར་རོག་ཤཱཀ་འབྱུང་མཆིམས་ཕུ་ན་ཚེ་ལ་དབང་ཐོབ་ནས་ཡོད་པ་ཡིན། །ཟུར་པོ་ཆེ་ལ་ཆོས་ལེན་མི་ཐོགས་གྱིས་ཤིག་ཟེར། རྐང་པ་ས་ལ་མ་རེག་པར་སོང་། དེར་བཟང་སྒོམ་ཤེས་རབ་རྒྱལ་པོ་དྲིའུའི་ཁལ་(སྟོད་ཆ།༣༩༨)དང་བཅས་ཆོས་ལེན་དུ་བཏང་བས། བསམ་ཡས་སུ་སླེབས་ཏེ་དྲིས་ཙ་ན་སུ་ལའང་བཤད་རྒྱུ་མི་གདའ། སླར་རྒན་མོ་ཞིག་གིས། དེ་དང་པོ་ཙ་ན་མཆིམས་ཕུའི་རི་འདི་ལ་ཡོད་པ་ཡིན་ཟེར། རྫིའུ་གཅིག་གིས། རི་འདི་ལ་ཡོད་ཡོད་འདྲ། སྐབས་རེ་ཙ་ན་རྔ་དང་། །རུ་ལུ་ནི་སྒྲ་ངས་ཀྱང་ཐོས་ཟེར། དེར་བཟང་སྒོམ་གྱིས་རྩྭ་ཕང་ཕུང་ཡོད་པ་ཞིག་ཏུ་ཁལ་ཕོག དད་གུས་ཀྱིས་གསོལ་བ་བཏབ་པས། སྒྲ་ཆེན་པོ་དང་བཅས་བྲག་ཕུག་གི་སྒོ་དང་དེ་མཐོང་། །དེར་མོས་གུས་ཆེན་པོ་དང་བཅས་ཕུག་པར་ཐལ་གྱིས་སོང་བས། གསང་བའི་སྒྲོལ་གིང་བཅོ་བརྒྱད་ཀྱིས་འདུ་བར་འོང་བ་འདི་སྒྲོལ་ཞིག་ཟེར། དེར་བླ་མ་རོག་གིས་འདི་ལས་ཅན་ཡིན་པས་མ་རུང་གསུངས། ལོ་རྒྱུས་ཞུས་པས། ང་རོག་ཤཱཀ་འབྱུང་། སློབ་མ་ཟུར་ཤཱཀ་འབྱུང་། མཚམས་སྦྱོར་ཤེས་རབ་རྒྱལ་པོ། རྟེན་འབྲེལ་བཟང་གསུངས། དེར་བཟང་སྒོམ་ལ་སངས་རྒྱས་མཉམ་སྦྱོར། ཡང་དག་གི་བདག་གཞན་དཀྱིལ་འཁོར་བཅུ་གཉིས། ཡང་ཕུར་སྦྲགས་མ་ལ་སོགས་པའི་དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་ཀྱི་དབང་བསྐུར། དཔེ་དང་བཀའ་ལུང་རྗེས་སུ་གདམས་པ་ཐམས་ཅད་ཐོབ་སྟེ་བསམ་ཡས་རྒལ་བར་སླར་ལོག་སྟེ་དྲིས་པས། ཚངས་པ་དུང་ཐོད་ཅན་འགོ་བ་ཡིན་གསུངས་ནས་གསོལ་ཀའང་གནང་། སླར་གདམས་པ་བླ་མ་ཟུར་ཆེན་ལ་གསང་བའི་ངང་ནས་ཕུལ། དཔོན་སློབ་ཀུན་གྱིས་སྒོམ་སྒྲུབ་ལོ་དུ་མར་མཛད་ཅིང་འཆད་ཉན་བསྐྱངས་པས་འགྲོ་ཕན་ཆེ་བར་བྱུང་ནའང་། ཟུར་ཆེན་པོ་དབེན་པ་འབའ་ཞིག་ལ་ཐུགས་གཏོད་པས་འདི་ཡང་དགེ་སྦྱོར་གྱི་གཡེང་བར་འདུག་པས་བོ་དོང་མངའ་བདག་བྲག་ལ་(སྟོད་ཆ།༣༩༩)འགྲོ་གསུངས་ཏེ་དེར་གཅིག་པུས་སྒོམ་སྒྲུབ་ལ་ཞུགས་ཙ་ན། བུ་སློབ་རྣམས་ཀྱང་རྗེས་སུ་འབྲེངས་བྱུང་བས། ཁྱོད་རྣམས་ངའི་རྩར་ཡང་དོན་བྱང་ཆུབ་ཐོབ་པ་ལ་རེ་བ་ཡིན་ན་སྒོམ་སྒྲུབ་མིན་པ་གཞན་གང་གིས་ཀྱང་ཕན་མི་ཐོགས། འཇིག་རྟེན་གྱི་གཡེང་བ་རྒྱབ་ཏུ་ཞོག་ལ་སྒྲུབ་པ་ལ་འབུངས། ང་ཡང་སྒྲུབ་པ་ཁོ་ན་བྱེད་གསུངས་ཏེ་དཔོན་སློབ་ཀུན་སོ་སོར་སྒྲུབ་པ་མཛད། དེ་ནས་རེ་ཞིག་ན་མཁའ་འགྲོའི་ལུང་གིས་ས་སྨད་ལ་ཕེབས་ན་འགྲོ་དོན་ཆེ་བར་བསྐུལ་བས། རྟ་ནག་གི་ལུང་པར་བྱོན། འུག་པའི་ཚང་ཡོད་པའི་བྲག་ཕུག་ཁ་ཤར་བསྟན་ཞིག་ཏུ་ཡང་དག་ལྷ་དགུའི་སྒྲུབ་པ་མཛད་པས། དཔལ་ཆེན་པོ་ཡང་དག་ལྷ་དགིུའ་ཞལ་མངོན་སུམ་དུ་མཐོང་། དེ་ལྟར་བཞུགས་གནས་ཀྱི་མིང་ལས་བླ་མ་འུག་པ་ལུང་བ་ཞེས་ཀུན་ཏུ་གྲགས། དེར་སྒྲུབ་རྒྱགས་ཀྱང་དཀོན་ཞིང་། འབྱོན་པའི་ལུད་བསྟན་ཀྱང་བྱུང་ནས་སྨད་ཕྱོགས་སུ་ལྗོངས་རྒྱུ་བར་ཆས་པས། གཞི་བདག་ཟེ་རེ་མེ་བཙན་བྱ་བས་གཟུགས་བསྟན་ཏེ་བཞུགས་པར་ཞུས་པ་ན། ང་ལ་གནས་གཞན་དུ་འགྲོ་བའི་ལུང་བསྟན་ཡང་བྱུང་། རྒྱགས་ཀྱང་མེད་པས་འགྲོ་གསུངས་པས། དཔོན་སློབ་རྣམས་ཀྱི་འཚོ་བ་བདག་གིས་འབུལ། ཅིས་ཀྱང་བཞུགས་པར་ཞུ་ཞུས་པས། རེ་ཞིག་བཞུགས་པར་ཞལ་གྱིས་བཞེས། རྟ་ནག་གི་ཕྱུག་པོ་འུག་པ་ལུང་པ་ལ་བྱིན་རླབས་ཞུས་ཟེར་བས། ནད་པས་བླ་མའི་དྲུང་དུ་ཕྱིན་པས་ཞལ་མཐོང་བ་ཙམ་གྱིས་བདེར་སོང་། བྱིན་རླབས་ཞུས། ཚོགས་འཁོར་བྱས་མ་ཐག་ཏུ་ནད་ལས་གྲོལ། དེ་བཞིན་དུ་ནད་གདོན་གྱིས་མནར་ཚད་ལ་བྱིན་རླབས་དཔག་ཏུ་མེད་པ་བྱུང་བས་སྐྱེ་བོ་རྣམས་དད་དེ་སྐུ་(སྟོད་ཆ།༤༠༠)བསོད་ཆེན་པོ་སྐྱེས། བླ་མའི་དགོངས་པ་ལ། ཐུན་མོང་གི་བསོད་ནམས་འདི་མཆོག་བསྒྲུབ་པའི་བར་ཆད་ཆེན་པོ་ཡིན། རི་བོ་དགུ་འདུས་ལ་སྒོམ་དུ་འགྲོ་དགོངས་ནས་གཤེགས་ཙ་ན། གཞི་བདག་དེས་སྒྲུབ་རྒྱགས་ནི་ཕུལ་ཡོད། ཅིས་ཀྱང་བཞུགས་པར་ཞུ་ཟེར་བས་ཁྱོད་ཀྱི་འཚོ་བ་འདི་གཞི་དག་པོ་ཞིག་ཀྱང་དཀའ། འདུ་འགོད་ཀྱིས་གཡེང་བར་འགྱུར་བས་ད་ལན་འགྲོ་གསུངས་པས། ཁོ་གདོང་མཆི་མས་གང་ནས་ཅིས་ཀྱག་མི་བཞུགས་ན་བདག་ལའང་། ཐུགས་རྗེས་དགོངས་འཚལ་ཟུས་ནས་སྲོག་སྙིང་ཕུལ། བླ་མས་དགེ་བསྙེན་གྱི་སྡོམ་པ་ཕོག་ནས་བསྟན་པ་བསྲུང་བར་བསྒོས། མར་ལམ་ཇོ་མོ་སྣ་དམར་ཀྱང་དམ་ལ་བཞག །དེ་ནས་གཡས་རུ་ཐག་ཏུ་བྱོན། ཟུར་ཆུང་བ་ལ་ང་ལ་རི་བོ་དགུ་འདུས་སུ་སྒོམ་ཟེར་བའི་ལུང་བསྟན་བྱུང་བ་དེ་བྲག་རྒྱ་བོ་འདི་ཡིན་པར་འདུག་གསུངས་ནས་དཔོན་སློབ་ཐམས་ཅད་སྒྲུབ་པ་ལ་བཞུགས་སོ། །དེའི་ཚེ་ལྷ་རྗེ་ཟུར་པོ་ཆེ་ལ་སློབ་མ་རྩེ་མོ་བཞི། རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ཡོད་པའི་རྩེ་མོ་བཞི་་ནི། ལྷ་དགོངས་ཀྱི་རྩེ་མོར་གྱུར་པ་ཟུར་ཆུང་ཤེས་རབ་གྲགས། སྒྱུ་འཕྲུལ་གྱི་བཤད་པའི་རྩེ་མོར་གྱུར་པ་མི་ཉག་ཁྱུང་གྲགས། མཁྱེན་རྒྱའི་རྩེ་མོར་གྱུར་པ་ཞང་འགོས་ཆུང་། སྒོམ་སྒྲུབ་ཀྱི་རྩེ་མོར་གྱུར་པ་བཟང་སྒོམ་ཤེས་རབ་རྒྱལ་པོ། རྩེ་ལྐོག་ནི་ཆོས་ཀྱི་སྟེང་དུ་ཕོ་ཟའི་རྩེ་མོར་གྱུར་པ་རྩགས་བླ་མའོ། ཡང་རྩེ་ལྐོག་བརྒྱད་དུ་འདྲེན་པའང་ཡོད་དོ། །དེ་བཞིན་དུ་གྲུ་སྒོམ་སྦ་འགྱིང་། ཡུལ་སྒོམ་ནག་མོ། ལྕེ་སྒོམ་ཤཱཀ་རྒྱལ། ཟུར་སྒོམ་རྡོར་འབྱུང་། གཡུ་སྒོམ་ཇོ་འབར། སྦ་སྒོམ་བསོད་ནམས་སྙིང་པོ་ལ་སོགས་ཏེ་སྒོམ་ཆེན་བརྒྱ་རྩ་བརྒྱད་དོ། །དེ་ཐམས་ཅད་ཀྱང་ནམ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་(སྟོད་ཆ།༤༠༡)ཐོབ་པ་འབའ་ཞིག་ཏུ་གྲགས། དེ་ནས་རེ་ཞིག་ན་བླ་མའི་དྲུང་དུ་བུད་མེད་གསུམ་བྱུང་ནས། གཡས་རུ་ཤངས་ཀྱི་མདའ། ཤངས་ཆུའི་ཤར་ན་ལུང་པ་དབྱིབས་ཟླ་གམ། ཕུ་ན་བྲག་སྙིང་འདྲ་བ། མདའ་ན་ཐང་མ་ཏྲཾ་བསྒྲལ་བའི་པགས་པ་ལྟ་བུ། རི་དབྱིབས་གླང་པོ་ཆེའི་སྣ་འདྲ་བ་ལ་བྲག་སེག་གེའི་ཡ་ཐོད་ལྟ་བུ། རྫ་གསུམ་ནས་ཆུ་གསུམ་འབབ་པ་སྐུ་གསུམ་གྱི་དོན་རྙེད་པ་ཞིག་ཡོད་ཀྱི། དེར་བསྒོམ་ན་སྐྱེ་བ་འདི་ཉིད་ལ་འཚང་རྒྱ་ཞིང་། འགྲོ་དོན་ཡུན་རིང་བར་འགྱུར་རོ་ཞེས་ལུང་བྱིན་པས། ཟུར་ཆུང་པ་ལ་བྲག་རྒྱ་བོ་སྒྲུབ་གནས་ཀྱི་ཕ་ཕོགས་སུ་མཛད། བླ་མ་འཁོར་དང་བཅས་པ་མར་བྱོན། ས་དམིགས་མཁྱེན་ནས་ཞང་མོ་ཡོན་ཏན་རྒྱན་གྱིས་སྦྱིན་བདག་བྱས། དེས་ཕུལ་བའི་ཕུག་པར་བླ་མ་བཞུགས། ཟུར་ཆུང་པ་སོགས་སྒོམ་ཆེན་བརྒྱ་ལྷག་ཙམ་ཡོད་པ་ལུང་པའི་ཕུ་མདའ་ཐམས་ཅད་དུ་སྤྱིལ་པོ་དང་། བྲག་སྐྱིབས་དང་། བླ་མ་སངས་རྒྱས་དངོས་སུ་འཛིན་ཏོ། །དེར་ལོ་མང་པོ་སྒྲུབ་པ་མཛད། ཞི་བ་ཞེ་གཉིས་དང་ཁྲག་འཐུང་ལྔ་བཅུའི་ཞལ་མཐོང་། ཁྱད་པར་དུ་ཡང་དག་གི་ལྷ་ཚོགས་མི་དང་མི་ཕྲད་པ་བཞིན་གཟིགས་ནས་གསུངས་གླེང་མཛད། ཀཽ་རི་བརྒྱད་ལ་སོགས་པ་བྱོན་དུ་འཁོལ། མི་མ་ཡིན་རྣམས་ཀྱིས་ལས་གང་བཅོལ་ཉན་པ་བྱུང་། དེར་བླ་མའི་ཞལ་ནས། ངས་འུག་པ་ལུང་གིས་རྡོ་རི་བྲག་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་སུ་མཐོང་། ཁྱད་པར་དབེན་སེར་མོའི་ལྷོ་རི་འདི་རྒྱལ་བ་རིགས་ལྔར་རྒྱུན་དུ་མཐོང་བས་ཞི་བའི་ལྷ་ཁང་བཞེངས་གསུངས་ཏེ་སྟ་གོན་མཛད། སའི་དཔྱད་གཟིགས་ནས་ས་(སྟོད་ཆ།༤༠༢)དགྲ་ངན་པ་དག་བཅོས། ལྷོ་རི་ནག་ཐུར་དུ་རྒྱུག་པ་འདྲ་བའི་རྭ་དབྲག་ཏུ་ཟུར་པོ་ཆེ་དཔལ་ཆེན་པོའི་སྐུར་བཞེངས་ནས་ཞབས་གཡས་པ་བཞག་པར་ཞབས་རྗེས་ཀྱང་བྱུང་། དེར་ཧེ་རུ་ཀའི་སྐུ་འབུམ་ཕྲག་ཡོད་པའི་མཆོད་རྟེན་དང་། ཕྱོགས་བཞི་དབུས་དང་ལྔར། རྩེ་མོ་བཞི་དང་། རྩེ་ལྐོག་ལྔས་མཆོད་རྟེན་རེ་རེ་ཡང་བཞེངས། ཀླུ་དུང་སྐྱོང་གནས་པའི་ཆུ་མིག་ལ་ཟངས་བཀབ་ཁ་བཅད། དེའི་སྟེང་ན་གཙུག་ལག་ཁང་གི་རྨང་བཏིང་། ནེ་ཆུང་ཉང་སྟོད་རྩིས་ཀྱི་ལྷ་ཁང་དང་མཉམ་པ་བྱེད་པ་ལ། རྡོ་བཟོ་བས་ཅུང་ཟད་བསྐུམ་ཟེར། དེ་བཞིན་དུ་བཟོ་བོ་ཕལ་ཆེར་བསོད་ནམས་མ་ཡིན་པ་འདུ་བྱེད་པ་ལ་སྤོབས། ཤིང་ཐམས་ཅད་ཁད་མི་སྙོམས་ཤིང་། རིང་ཐུང་དུ་གནས་པ་ལ་སོགས་ཕྱག་རྫས་སྒྲོན་པའི་ཐབས་འབའ་ཞ ིག་བྱས་ཀྱང་། འདི་ལྟར་བྱང་ཆུབ་སེམས་དཔའ་གཏོང་བ་ལ་གོམས་པའི་སྙིང་སྟོབས་ལ་སེར་སྣ་དག་འཇུར་བུའི་རྣམ་རྟོག་གིས་བརྫི་བར་ནུས་པ་མ་ཡིན་པས་ནོར་རྫས་ལ་རྨི་ལམ་དང་སྒྱུ་མ་ལྟ་བུར་གཟིགས། ཀ་ཆེན་ཡ་གཅིག་བྲེགས་ཐལ་ཏེ་མ་སྙོམས་པ། ཞབས་ཀྱིས་སྒྲིལ་བས་རིང་ཐུང་སྙོམས་པའི་གྲུབ་རྟགས་བསྟན། དེ་ལ་རྡོ་རྗེའི་རྟགས་སྦྱར་ནས་ཡོད། དེ་བཞིན་དུ་ཀ་བ་ཀྱོག་པོར་གྱུར་པ་རྣམས་ཞབས་ཀྱིས་སྒྲིལ་བས་མདའ་ལྟར་འདྲོངས་པ་དང་། ལོག་སྒྲུབ་བཟོད་པ་སོགས་ཚད་མེད་པའི་ཐུགས་རྗེ་དང་ནུས་པ་མཐོང་བས། བཟོ་བོ་རྣམས་སླར་འགྱོད་པ་ཆེན་པོ་སྐྱེས། ལྷ་ཁང་ཚར་བའི་ཤིང་ལྷག་རྣམས་ལ་རྩིག་པ་མེད་པར་ཀ་བ་བཞིས་བཏེགས་པའི་སྒོ་ཁང་ཁྱད་འཕགས་ཞིག་བྱས་པར་འགྱོད་ཚངས་རྒྱ་ཕུགས་ཞེས་གྲགས་པ་ལ་དེ་སླར་མགོན་ཁང་དུ་མཛད། དེ་ལྟར་གཙུག་ལག་ཁང་དབུ་རྩེ་ཀ་བ་བཞི་པའི་ (སྟོད་ཆ།༤༠༣)རྣམ་སྣང་ཀུན་ཏུ་ཞལ་གྱིས་གཙོར་བྱས་པའི་ཞི་བའི་ལྷ་ཚོགས། ཁྱམས་སྟོད་ཀ་བ་བརྒྱད་ཀྱིས་སར་སྒོ་སྲུང་རྟ་བདུད་གཉིས། གློ་འབུར་ལྷོ་བྱང་གཉིས་ན་ཡུམ་ཆེན་མོ་དང་། མར་མེ་མཛད་ལ་མཆོད་ལྷ་བཞི་བཞིས་བསྐོར་བ་དང་། མགོན་ཁང་ན་ལེགས་ལྡན། དཔལ་ལྡན་ལྷ་མོ། ཚངས་པ་དང་། བརྒྱ་བྱིན་རྣམས་འབུར་སྐུ་བྱས། ཁྱམས་སྟོད་ཀ་བ་བརྒྱད་ཀྱི་བར་བླ་མ་བརྒྱུད་པའི་གྱང་རིས། སྐོར་ཁང་ལ་པདྨ་བརྒྱ་ལྡན་ལ་སོགས་པའི་དཀྱིལ་འཁོར་ཉི་ཤུ་རྩ་གསུམ། ཁྱམས་སྨད་ཀ་བ་ཉི་ཤུའི་སར་སངས་རྒྱས་སྟོང་རྩ། ཕྱོགས་བཅུའི་སངས་རྒྱས། ཚེ་དཔག་མེད་ལ་ཉེ་སྲས་ཀྱིས་བསྐོར་བ། སངས་རྒྱས་རབ་བདུན། མཛད་པ་བཅུ་གཉིས། བྱང་ཆུབ་སེམས་དཔའ་ཆོ་ལ་འཕགས། སྒྲོལ་མ་འཇིག་པ་བརྒྱད་སྐྱོབས། རིགས་གསུམ་མགོན་པོ། མ་ལ་ཡའི་ཞིང་བཀོད། སྲིད་པའི་ཙཀྲ་ལ་སོགས་པ་གྱང་རིས་སུ་མཛད། དེ་ལྟར་སྐྱ་བཟོ་གྲུབ་ནས། ད་ནི་ངའི་ལྷ་ཁང་ཐང་ཀ་ཡན་ཆོད་གསེར་གྱིས་བྱུག་པ་ཡིན། གསེར་འགྲོང་རི་ཕྱུགས་པོ་ལས་འདོན་གསུངས་ནས་དགོངས་པ་མཛད་པས། ནམ་ཕྱེད་ན་གཞི་བདག་བཙན་དེ་རྟ་པ་ནག་པོ་གཅིག་ཏུ་བྱས་ནས་བྱུང་། ཟུར་པོ་ཆེ་ལ་ཕྱག་དང་སྐོར་བ་བྱས་ནས་ལྷ་ཁང་གི་ཐང་ཀ་ཡན་ཆོད་གསེར་དུ་བྱུགས་ན། ངེད་ཀྱི་གསེར་མཛད་པས། རབ་ཏུ་གནས་པའི་ཚེ་རྒྱལ་བ་ཟུར་ཆེ་ཆུང་གིས་ཀུན་རིགས་རྣམ་སྣང་གི་དབུ་གཙུག་ནས་ཐུགས་ཀར་ཐོན། ཐུགས་ཀ་ནས་ཞུགས་དབུ་གཙུག་ཏུ་ཐོན་པ་ལ་སོགས་རྫུ་འཕྲུལ་གྱི་བཀོད་པ་ཟད་མི་ཤེས་པ་བསྟན་པས་བཟོ་བོ་རྣམས་སྙིང་ཐག་པ་ནས་དད་པར་གྱུར་ཏེ། བླ་མའི་ལྷ་(སྟོད་ཆ།༤༠༤)ཁང་རི་རབ་ཙམ་ལ། མཆོད་རྟེན་གྱིས་འདེགས་བྱེད་ཟེར། བསམ་ཡས་མཆོད་རྟེན་སྔོན་ཡོལ་དཔེ་བྱས་བཀྲ་ཤིས་སྒོ་མང་ལྷ་ཁང་གི་བྱང་ཕྱོགས་སུ་དད་བཞེངས་ཀྱིས་ཕུལ། བླ་མའི་མཚན་གདན་ས་ལ་ཆགས་པས་དཔལ་འུག་བྱ་ལུང་ཞེས་ཡོངས་སུ་གྲགས། ལྷ་རྗེ་ཟུར་པོ་ཆེའི་རིང་ལ་དབུ་བརྙེས། ཟུར་ཆུང་བས་སྲོལ་བཏོད། ཟུར་ཤཱཀ་སེང་གེས་དར་རྒྱས་སུ་མཛད་ཟེར་བ་དེ་གདན་རབས་འདིས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་ལ་བྱ་བ་རླབས་པོ་ཆེ་མཛད་པའི་རྣམ་གཞག་ཡིན་ནོ། དེ་ནས་འཆད་ཉན་ལ་སོགས་པས་འགྲོ་དོན་རྒྱ་ཆེན་པོ་མཛད། རེ་ཞིག་ན་དཔོན་སློབ་ཀུན་གྱིས་ཡང་དབེན་སེར་མོར་ཡང་དག་གི་ལོ་སྒྲུབ་མཛད་པས་མར་ཟད་དེ་མཆོད་མེ་མ་བྱུང་བས། ཆུ་མིག་ཞག་བདུན་དུ་མར་ཁུར་བྱིན་གྱིས་བརླབས་ནས་མར་ཁུ་འཛད་མེད་བླངས་ཆོག་པ་བྱུང་། དེར་ཐོག་མར་འཆད་ཉན་པ་རྣམས་བཤད་པ་ལ་གཙོ་བོར་འདོན་པས་དང་པོ་ཙ་ན་ཕྲིན་ལས་ཤེས་པ་ཉུང་སྟེ། ཁོང་རྣམས་ཆོས་རར་བགྲོ་གླེང་བྱེད་པའི་ཚེ་ཕྲིན་ལས་ཤེས་ཤིང་བགྲོ་གླེང་མེད་པ་དག་མི་ཤེས་པའི་ཕྱོགས་སུ་ཕུལ། རྒྱུན་གཏོར་ལྷན་ཅིག་ཏུ་གཏོད་པའི་ཚེ་ཕྲིན་ལས་ཤེས་པ་ཆོས་གྱེར་དུ་མ་ཉན། དེར་བླ་མའི་ཞལ་ནས། གང་ལ་མཐར་ཕྱིན་པ་གཅིག་གིས་གྲོལ་བ་ཡིན། གཅིག་གིས་གཅིག་ལ་ཁྱད་གསོད་མི་རུང་། ཐེག་པ་དགུའི་གྲུབ་མཐའ་རང་ས་ན་ཡོད་ཀྱི། །ཐེག་པའི་ཁ་འཛིན་པ་མ་ཡིན། གསུངས་པས་ཐམས་ཅད་ལ་དོན་གྱི་གོ་བ་ཁྱད་པར་ཅན་སྐྱེས་ནས་ཞི་དུལ་དུ་གནས་པ་བྱུང་། དེའི་དུས་སུ་བླ་མའི་ཞལ་ནས། སློབ་མ་རྩེ་མོ་བཞི་ལ། ལམ་ཉམས་སུ་ལེན་པ་ལ་གང་གལ་ཆེ། ཁྱེད་བཞི་པོ་གོ་བ་རེ་ཞོག་གསུངས་པ་ལ། ཟུར་ཆུང་བས། སྔར་ཞེན་གྱི་བག་ཆགས་ཚན་པོ་ཆེ་འདི། མ་(སྟོད་ཆ།༤༠༥)བསྒོམ་ན་མི་འཛད་པ་ཞིག་འདུག་པས། ཉམས་ལེན་ལ་བློ་ཐག་ཆོད་པ་གལ་ཆེ། འཕྲལ་གྱི་སྒྲིབ་པ་དྲི་མ་འདྲ་བ་འདི། ད་ལྟ་ནས་དག་དགོས་པ་འདུག་པས། ནང་དང་ནུབ་ཏུ་དགེ་སྦྱོར་བྱེད་པ་གལ་ཆེ། ཇི་སྲིད་གནས་ལུགས་མངོན་དུ་མ་གྱུར་གྱི་བར་དུ་བསོད་ནམས་ཀྱི་ཚོགས་བསགས་དགོས་པ་འདུག་པས། དགེ་བ་ཕྲ་ཞིང་ཕྲ་བ་ལ་བརྩོན་པ་གལ་ཆེ་ཞུས། དེ་བཞིན་དུ་གཞན་གསུམ་པོས་ཀྱང་རང་སའི་གོ་བ་རེ་ཞུས་པས། བླ་མ་མཉེས་ནས། དམ་པའི་ལྷ་ཆོས་བྱེད་པ་ལ། ལམ་ལྟ་སྒོམ་སྤྱོད་པ་གསུམ་དུ་གདབ། ལྟ་བ་ཞེས་མིང་དུ་བཏགས་པ་དེ། ལྟ་རྒྱུ་བྱུང་ན་ལྟ་བ་མིན། ལྟ་རྒྱུ་མེད་པའི་དོན་ལ་ལྟ། ཆོས་ཉིད་བརྗོད་མེད་ལམ་དུ་ཁྱེར། །ཞེས་པ་ལ་སོགས་པ་ལྟ་སྒོམ་སྤྱོད་པ་ལམ་ཁྱེར་གྱི་མགུར་གསུངས་པས་སློབ་མ་ཀུན་མོས་པ་མཆོག་ཏུ་འཕེལ། དེ་ནས་བླ་མ་ཟུར་པོ་ཆེས་འུག་པ་ལུང་དུ་ཚོགས་པ་བསྐྱངས་ཤིང་རྒྱུད་ཀྱི་བཤད་གྲྭ་དང་སྒོམ་གྲྭ་ཆེན་པོ་མཛད། ཟུར་ཆུང་བས་ཡང་དབེན་སྟོན་མོར་ཡང་དག་གི་སྒྲུབ་པ་མཛད་ཅིང་བཞུགས་པ་ན། ཤངས་ཀྱི་སྒྲུབ་ཁང་གདོང་ལ་རྒྱུའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གནིས་པ་ཀྲོང་ངེར་འདུག་པ་གཟིགས། སྒྲུབ་པ་ཐོན་ནས་བླ་མར་ལོ་རྒྱུས་ཞུས་པས། བླ་མའི་ཞལ་ནས་ཟུར་ཆུང་པ་དཔལ་ཆེན་པོ་མི་ཐུབ་པ་ཐོབ་པ་ཡིན། ང་ལ་རིག་འཛིན་ནམ་མཁའི་སྙིང་པོས་ཀྱང་ཧེ་རུ་ཀའི་སྐུ་བཞེངས་ན་བོད་འབངས་ལ་གནོད་པའི་གདོན་མཐུ་བོ་ཆེ་ཐུལ་ཞིང་འགྲོ་དོན་འབྱུང་བའི་ལུང་བསྟན་ཀྱང་ཡོད་པ། དེའི་སླད་དུ་འགྲོ་ཞེས་གསུངས། ཉེ་གནས་ལ། འོ་ཅག་ལྷ་ཁང་བཞེངས་པའི་ཡོ་བྱད་སྡོགས་ཤིག །ངེད་ཚོས་ས་འདུལ་བྱ་ཡི་གསུངས། བྲག་སེང་གེའི་ཡ་ཐོད་ཀྱི་ཁར་བཞུགས། གཏོར་མ་བཤམས།(སྟོད་ཆ།༤༠༦)བླ་མ་དཔལ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་ནས་སྟངས་སྟབས་མཛད་པའི་ཚེ། སངས་རྒྱས་མཐོང་བའི་སྐལ་བ་དང་ལྡན་པ་རྣམས་ཀྱིས་མངོན་སུམ་པའི་སྐུ་མཐོང་བ་བྱུང་། དེ་ནས་འགྲམ་རྡོ་སློང་བའི་དུས་ཟུར་ཆུང་བ་སྐུ་ལུས་སྦེག་ཅིང་ཞལ་རོད་ངན་པ་ལ་བརྙས་ནས། གཞན་ཀུན་གྱིས་འགྲམ་རྡོ་ཆེན་པོ་རེ་བཞག་གིན། ང་ཟུར་ཆུང་བས་གྱང་རྡོ་གཅིག་འཇོག་ཐང་ཞེས་ཟུར་ཟ་བར་བྱས་པས། ཟུར་ཆུང་པ་ན་རེ། དཔོན་སློབ་རྣམས་ཚ་བ་ལ་གཤེགས་ཤིག །ངེད་ཀྱང་ད་ལྟ་འདོང་གོ་ཟེར་ཏེ་མ་བྱོན། ཁོང་རྣམས་ཀྱིས་ཚ་བ་ཟིན་ནས་ཐོན་པ་དང་། གྱད་ཀྱི་རྡོ་ཐེག་པ་ལྟ་ཅི་སྨོས། བསྒུལ་བའང་མི་ནུས་པའི་ཕ་ཝང་ཆེན་པོ་བརྒྱད་རྨང་གི་ཕྱོགས་བཞི་མཚམས་བརྒྱད་དུ་བཞག་ནས། དེ་ལ་རྡོ་ཀར་གྱིས་ཟུར་ཆུང་བའི་གྱད་རྡོ་ལགས་བྱ་བ་བྲིས་པ་མཐོང་བས། གྲྭ་པ་རྣམས་སྤོབས་པ་སྨད་ཅིང་གཟུ་བོར་གྱུར་པ་དག་མོས་པར་གྱུར་ཏོ། དེར་ནག་ཕྱོགས་ཀྱི་ལྷ་འདྲེ་བྱེད་པ་མི་སྲུན་པས་ལྷ་ཁང་བརྩིགས་པའི་འགལ་རྐྱེན་དང་ཐོ་འཚམས་པའང་ཟུར་ཆུང་བས་གྱད་རྡོ་བཞག་པ་ཕྱིན་ཆད་ནས་ཞི་བར་གྲགས། ཤིང་བསྒྲིག་རན་པའི་ཚེ་ཀ་བ་བཞི་ཀྱོག་པོར་བྱུང་བ་བླ་མའི་ཞལ་ནས་འདི་ཟུར་ཆུང་བས་སྲོངས་ཤིག་གསུངས་པས། རླུང་ཁུག་པ་གཅིག་གི་ངང་ལ་དགྱེ་བ་དང་གུག་པའི་རྟེན་འབྲེལ་ཞིག་མཛད་ནས་མདའ་བཞིན་དུ་བསྲངས། ཐོག་ཕུབ་ཟིན་པ་ཙམ་ལ། ངས་ལྷ་བཟོ་བ་བཀུག་པས་ཁུག་ཡོང་གི་འདུག་གསུངས། ཞག་གཉིས་པ་ལྷ་བཟོ་ཤེས་པ་འགའ་ཞིག་ཆོས་ཞུ་རུ་བྱུང་། མ་མཁྱེན་པ་ལྟར་མཛད་པས། ཁྱེད་རྣམས་ཡོན་ཏན་མཁན་གྱི་རིགས་སམ་གསུངས། བདག་ཅག་རྣམས་ནི་ལྷ་བཟོ་མཁན་(སྟོད་ཆ།༤༠༧)ཏེ་སྐུ་དྲུང་དུ་ཆོས་ཞུར་བཅར་བ་ལགས་ཞུས་པས། རྟེན་འབྲེལ་བཟང་། ཅི་འདོད་པའི་ཆོས་ཀྱང་འོང་། དུས་ཀྱི་སྙེགས་མ་ལ་འགྲོ་དོན་ཆེན་པོ་འོང་བས་དཔལ་ཆེན་པོའི་སྐུ་བཞེངས་པ་ཡིན། ཁྱེད་རྣམས་ཀྱིས་དེ་བཞིན་དུ་འཚལ་ཞེས་གསུངས་པས། ཁོག་རྣམས་ཀྱང་དད་པ་ཤིན་ཏུ་བརྟན་པར་གྱུར་ནས་དཔལ་ཡང་དག་གི་བུམ་དབང་སྔོན་ལ་བསྐུར། དེ་ནས་དེ་བཞིན་གཤེགས་པའི་གདུང་རིང་བསྲེལ་དང་། བྲམ་ཟེ་བདུན་པའི་ཤ། དུར་ཁྲོད་བརྒྱད་ཀྱི་ས་རྡོ་ཆུ་ཤིང་། རིན་པོ་ཆེའི་རིགས། རྒྱ་བོད་རིག་འཛིན་གྱིས་བསྒྲུབས་པའི་ཆོས་སྨན་རྣམས་བསྲེས་པའི་ལྡེ་གུ་སྟ་གོན་བྱས། སྐུའི་ཚད་ཇི་ཙམ་བགྱི་ཞུས་པས། ཐོག་དཔངས་དང་བསྟུན་པར་གནང་། དེར་འབྲས་བུའི་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་མཚར་བ་དང་། རྔམས་པ་དང་། བཞད་པ་ཅི་ལྟ་བུ་ཞིག་བྱུང་ཡང་། བླ་མས་ཞལ་མཐོང་བ་ལྟར་མ་བྱུང་བས་སྐྱོར་ཅིག་གསུངས། ལན་མང་པོ་བསྐྱར་དགོས་པ་བྱུང་། རེས་གཅིག་ན། ད་ང་འདྲ་བ་ཞིག་ཤེས་སམ་གསུངས། ཤེས་མཆི་ཞུས་པས། དོ་ནུབ་གསོལ་བ་ཐོབ་ལ། སང་ང་ལ་ལྟ་རུ་ཤོག་གསུངས། སང་ཟུར་ཆུང་པ་དང་བཅས་ལྷ་བཟོ་རྣམས་ཀྱིས་དྲུང་དུ་ཕྱིན་པས། ཉེ་གནས་དོན་ཡོད་རྡོ་རྗེ་ལ་གཏེར་ཚོགས་གཤོམས་གསུངས། ཡང་དག་གི་ལས་གཞུང་བསྲངས། ཚོགས་འཁོར་མཛད་ནས་ད་ལྟོས་ཤིག་གསུངས་ཏེ་ལྟ་སྟངས་མཛད་པའི་མོད་ལ་ཧེ་རུ་ཀ་དངོས་སུ་གྱུར་ནས། དབུ་སྤྲིན་དང་ན་བུན་གྱི་མཚམས་ན་ལྷག་གེ་བ། ཞབས་གཡས་འུག་པ་ལུང་གི་ཧེ་རུ་ཀའི་བྲག་གདོང་དང་། གཡོན་བཙད་པོ་པུར་ཁང་གི་རི་རྩེར་བཞག་པ། ཞལ་གཅིག་ཕྱག་གཉིས། མཆེ་བ་གཅིགས་ཤིང་ལྗངས་འདྲིལ་བ། རྡོ་རྗེའི་(སྟོད་ཆ།༤༠༨)གཤོག་པས་བར་སྣནང་གང་བ་འཇིགས་ཤིང་རྔམས་པ་ཞིག་མཐོང་བ་དང་། ལྷ་བཟོ་བ་རྣམས་ཟིལ་མ་བཟོད་པར་དྲན་མེད་དུ་བརྒྱལ། བརྒྱལ་སོས་ཙ་ན་དགོངས་པ་གློད་ནས་བླ་མ་ཞལ་འཛམ་ལྷག་གེར་འདུག ད་ཤེས་སམ་གསུངས། ཞལ་གཅིག་ཕྱག་གཉིས་པའི་སྐུ་ཞིག་གསལ་བར་མཐོང་། དེ་ནས་གང་ཡང་དྲན་པ་མེད་པར་སོང་བས། དེ་བཞེངས་རྒྱུ་ཞལ་གསུམ་ཕྱག་དྲུག་པ་ཞིག་བསྟན་པར་ཞུས་པས། དེ་ཡང་ཟབ་སྟེ། གདུལ་བྱའི་དབང་གིས་ཞལ་གཅིག་ཕྱག་གཉིས་འབྱོན། ཞེས་གསུངས་ནས་དེ་ལྟར་བཞེངས་པའི་ཚེ། ལྟེ་བ་མན་ཆད་སྔ་མ་མཐོང་བས་མཚོན་པར་ནུས་ལ། ཡན་ཆད་ད་དུང་སྐྱོར་ཅིག་གསུངས་ལན་གྲངས་མང་པོ་བསྐྱར་དགོས་པ་བྱུང་བས། ཞལ་ནས་ཁྱེད་ཚོའི་སྒྲིབ་པ་མ་དག་པ་ཡིན། འཇིམ་པ་ལེགས་པར་སྦྱོར་ལ་འདིར་ཞོག ཆུ་མིག་ཕ ་གི་ངའི་བདུད་རྩི་ཀ་པཱ་ལ་གང་གཏོར་པ་ལས་བྱུང་བའི་སྒྲུབ་ཆུ་ཡིན་པས་ཁྲུས་གྱིས། ལྷ་ཁང་གི་ཕྱི་ལ་སྐོར་བ་ལ་ལན་བདུན་བསྐོར་ལ་ཤོག དེ་བར་དུ་འདིར་སུ་ཡང་མ་འོང་། ངས་དཔལ་ཆེན་པོ་ལ་གསོལ་བ་འདེབས་པ་ཡིན་གསུངས། ཁོང་རྣམས་དེ་ལྟར་བྱེད་པའི་རིང་ལ་ནང་ན་འཕྲོས་དིར་དིར་འདུག །ཁྲུས་དང་སྐོར་བ་ཚར་ནས་ནང་དུ་ཕྱིན་ཙ་ན། སྐུ་དྲུང་དུ་སུ་ཡང་མེད། བླ་མ་དགོང་པ་ལ་བཞུགས། འཇིམ་པ་རྣམས་ཟད། དཔལ་ཆེན་པོ་ལྟེ་བ་ཡན་ཆོད་རང་བྱོན་དུ་ཤར་འདུག་པས། བུ་སློབ་དག་ལྷ་བཟོ་བ་ཀུན་ངོ་མཚར་དཔག་ཏུ་མེད་པ་སྐྱེས་ཕྱག་འཚལ་བཞིན་དུ་བླ་མ་རང་གི་འདི་ལྟར་མཁྱེན་པ་ལ། ཁ་སང་ནས་མི་མཛད་པ། བདག་ཚོར་ཆོད་བག་མ་ལགས་མོད་ཞུས་པས། ང་ཉིད་ལྟ་བུའི་གང་ཟག་ལས། ང་ཉིད་ལྟ་བུའི་རྟེན་ཅིག་བྱུང་། སྙིགས་མའི་དུས་སུ་འགྲོ་བ་(སྟོད་ཆ།༤༠༩)འདྲེན། ནད་དང་གདོན་གྱི་གཉེན་པོར་འགྱུར། །སྔར་ཡང་ཧེ་རུ་ཀ་ཉིད་ལ་བརྟེན་ནས་ཧེ་རུ་ཀ་ཉིད་བྱུང་བ་ཡིན་ལ། ད་ཡང་ཧེ་རུ་ཀ་ཉིད་ལ་ཐིམ་པར་འགྱུར་རོ། །ཞེས་མ་འོང་པ་ཡང་བསྟན་ནོ། །སྔོན་དུས་ན་བྱོན་པའི་གྲུབ་པའི་སློབ་དཔོན་ཆེན་པོ་འདི་དག་ནི་གསང་བ་ལ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་འདི་ལྟར་མིའི་འདུ་ཚོགས་ཡངས་པོ་འོང་བར་གསང་སྒྲུབ་ལྟར་བཞེངས་ཤིན་ཏུ་གཉན་པ་སམི་གཏུབ་གསུངས། ཁྲོ་མོ་བརྒྱད་པོ་རྒྱུད་ལུགས་ལྟར་བཞེངས་ཤིག་གསུངས་ནས་བཞེངས། གཡས་ཕྱོགས་ཀྱི་གྱང་རིས་ལ་སྒྱུ་འཕྲུལ་ཞི་བ། གཡོན་ཕྱོགས་ལ་འབར་བ་ཁྲོ་བོའི་ལྷ་ཚོགས། མདུན་དུ་མདོ་ཡོངས་རྫོགས། སྟེང་དུ་དཀྱིལ་འཁོར་གསུམ་དང་། སྒོ་ཁང་ངོས་ལ་དཔལ་མགོན་མ་ཧཱ་ཀཱ་ལ་དྲག་པོ་གཤིན་རྗེ་ལྟར་སྒྲུབ་པ། སྟག་ཞོན་མོན་པ་སྡེ་བརྒྱད་དང་བཅས་པ་བྲིས། དེ་ནས་རབ་ཏུ་གནས་པའི་དུས་ལ་བབས་ཏེ། ཆང་མ་སུ་ལ་འཚོལ། ཤ་གང་ནས་འཚོལ་སོགས་རབ་སྟོན་གྱི་ཉེར་བསྡོགས་བྱ་བ་ན། ཉེ་གནས་ན་རེ། བཟོ་བོ་དང་། ལས་བྱེད། མགྲོན་པོའི་སྐྱོང་དར་མངས་པས་དངོས་པོ་ཕལ་ཆེར་ཟད། ད་དབུལ་བ་སྒུག་པ་དང་ཡོན་བདག་གི་སར་གཡར་སྐྱིའང་བྱེད་དགོས་པས་རབ་གནས་དུས་ལ་བྱེད། ཆང་གི་ནས་བཙལ་བས་མི་ལང་རྫ་མས་ཀྱང་མི་ཁོལ། དེ་བས་ཆང་མ་གླུ་ལ་འཚོལ། ཤ་རྙེད་པའང་དཀའ། རྙེད་ཀྱང་རིན་མི་འཁྱོངས། སྲམས་བོན་གྲོང་པའི་གླང་ལ་ཤ་རུ་བྱེད། རྩམ་པ་མི་མ་ཡིན་ལ་འདེགས་བསྐུལ་བས་ཆོག །དེ་ལྟར་བྱས་ན་མི་ལྡང་བ་གང་ཡང་མེད་གསུངས། དེར་བླ་མ་ཟུར་པོ་ཆེས། ནས་ཁལ་སྟོང་གི་ཆང་ལས་མི་འགྲོ།(སྟོད་ཆ།༤༡༠) ཁྱོད་རང་ནས་བྲེ་དྲུག་ཆོས། མིའི་མདུན་དུ་རབ་གནས་ཀྱི་ཆང་ཚོང་མང་པོ་ཡོད་པ་ལྟར་གྱིས། ཟུར་ཆུང་པས་ཀླུ་མོ་ཁུག་ཅིག་གསུངས། དེ་ནས་ཡ་ཟད་བྲག་གདོང་གི་བྲག་ལ་གནས་པའི་ཀླུ་བདུད་ཀྱི་སྲིག་མོ་དེ་ཟུར་ཆུང་པས་དགོངས་པ་མཛད་དེ་བཀུག་པས་སྦྲུལ་ཕྲ་མོ་ཞིག་བྱུང་། ལྟ་སྟངས་མཛད་པས། བུད་མེད་དཀར་མོ་ཞིག་ཏུ་སོང་། དེར་ཟུར་པོ་ཆེས། ང་ཡི་ལྷ་ཁང་རབ་གནས་ཀྱི་ཆང་མ་བྱེད་དགོས་གསུངས་པས། ངེད་གཙག་མ་ཀླུའི་རིགས་གྲིབ་ལ་སྡང་། སྐྱུར་ལ་འཛོམ། བླ་མའི་གཟིལ་བྱིན་ཡང་མི་བཟོད་པས་ཆང་འགོ་མི་ཐོན། ངའི་མིང་པོ་ལ་འཆོལ་བ་ཞུ། རྐྱེན་གང་དགོས་འབུལ་ཟེར། དེར་བླ་མས་འོན་ཟུར་ཆུང་བ་མིང་པོ་འགུགས་སམ། བྱིན་གྱིས་བརླབ་གསུངས་པས། བདག་གིས་འགུག་པར་འཚལ་ཟེར་ནས་ལྟ་སྟངས་མཛད་པས། སྡིག་པ་ཙ་ར་རྩིད་བུ་ཙམ་ཞིག་བྱུང་། ཏིང་ངེ་འཛིན་གྱིས་གཟིར་བས་གཟུགས་མངོན་དུ་བསྟན་བྱུང་། དེར་ཆང་མ་བྱེད་པར་བསྒོས་པས། བདག་ལྷ་འདྲེའི་རིགས་སུ་གཏོགས་པས་བྱ་དགའ་དང་སེམས་འཛིན་དུ་མ་དོགས། ཆང་མ་བྱེད་དུ་མི་ཁོམ་ཡང་། བླ་མའི་བཀའ་གཅོག་པར་མི་ནུས་ཟེར། དེར་ཁོང་གཉིས་ཀྱི་སྲོག་སྙིང་བླངས། དམ་ལ་བཞག །གནང་ཉིན་ཡོང་བས་གྲབས་མཛོད། ངེད་ཀླུའི་རིགས་གྲིབ་ལ་སྡང་བས་གཙང་ཞིང་སྡོད་ས་བཙན་པའི་ཐབས་ཞུ་ཟེར། དེར་བླ་མ་ཟུར་པོ་ཆེས། ངས་བྱིན་གྱིས་བརླབས་ཀྱིས་གསུངས། རྫ་མ་ཐེམ་བུ་གསུམ་པ་སྤོས་ཆུས་བཀྲུས། །བདུད་དང་ཀླུས་བསྟོན་པའི་མཐུན་རྫས་ཀྱང་འདུ་བྱས། ནས་བྲེ་དྲུག་གི་གླུ་མ་རྣམས་བླུགས། ཁ་ནས་དཀར་གཙང་མས་བཀང་། དེར་ཀླུ་བདུད་མིང་སྲིང་གཉིས་བཅུག །ཁ་བླ་མའི་ན་(སྟོད་ཆ།༤༡༡)བཟའ་ཕོད་ཀས་བཅད་ཕུ་དུང་ནས་ཆུ་བླུག་ཏུ་རུང་བ་བྱས། རྡོ་རྗེའི་མདུད་རྒྱས་བྱས་པས་ཀླུས་ཕྱོགས་པྱོགས་ཀྱི་ཆང་རྣམས་ཀྱི་བཅུད་བསྡུས་ཏེ་ཆང་ལ་འཛད་པ་མ་བྱུང་། དེར་ཉེ་གནས་ཀྱིས་ཆང་གིས་ལྡང་མཆི། །རྩམ་པ་ཇི་ལྟར་བྱེད་ཞུས་པས། ཕད་སྣོད་མང་པོ་གཡོར་ཞིག་གསུངས། དེར་བླ་མས་གཏོར་མ་གཅིག་མཛད། ཕད་བུའི་སྣོད་རྣམས་སུ་རྩམ་པ་ཁྱོར་བ་རེ་ཐོབ་ལ་ཞོག་གསུངས། དེ་ལྟར་བྱས་པས་སང་ཉིན་སྣོད་ཐམས་ཅད་རྩམ་པས་ཁེངས། ཡང་བླ་མའི་ཞལ་ནས་གྲྭ་པ་གཅིག་སྲམ་པ་བོན་གྲོངས་པའི་སར་དེངས་ལ། ངེད་རབ་གནས་བྱེད་པའི་ཆང་གི་སྦང་མ་མང་པོ་ཤིང་ནགས་ལ་ཕོ་བཏང་བ་འདི་ཕངས། གླང་རྣམས་སྦང་མ་ཟ་བར་ཐོང་གིས་གསུངས། ༑ེ་བཞིན་བྱས་པས་གླང་མངོ་བསྐུར་བྱུང་། བླ་མའི་གསུང་གིས་ཟུ་ཆུང་བས་སྒྲོལ་ལམ་གསོ་གསུངས་པས། བདག་བླ་མའི་བཀའ་བཞིན་བསྒྲུབ་པར་ཞུ་ཞུས་པས། ཟུར་པོ་ཆེས་དགོངས་པ་མཛད་དེ་ཐུན་རེ་འཕངས་པས་གླང་ཐམས་ཅད་ཉིལ་གྱིས་ཤི། །ནང་གི་དོན་སྣོད་རྣམས་ཀྱང་རང་སོང་ཞོག་ཕྱི་ཤ་རྣམས་བྲེགས་ཤིག་གསུངས་པས། ཉེ་གནས་སྐྲག་སྟེ། འདི་ས་དཔོན་སློབ་སྡིག་རྒྱལ་དུ་འདུག གླང་ལ་སྦང་མ་སྟེར་གསུངས་ནས་ཐམས་ཅད་བསད། ད་གླང་འདོན་མི་བྱུང་ན་ཇི་ལྟར་བྱེད་སྙམས་ནས་བློ་ཤིན་ཏུ་ཚུབས་པའི་ངང་ནས་རབ་གནས་ཀྱི་ཤ་སྟོན་བྱས། སྟོན་མོ་གྲུབ་ནས་གླང་འདོན་མི་བྱུང་། ཉེ་གནས་རྟབ་རྟབ་པོར་གྱུར་པ་དང་། བླ་མའི་གསུང་གིས་ཁོང་ཚོ་ལའང་་བཟའ་བ་བྱིན། ཟུར་ཆུང་པས་གླང་བདག་པོ་ལ་སྤྲོད་ཅིག་གསུངས། དེར་ཟུར་ཆུང་པས་པགས་པའི་ཁུག་ཏུ་རུས་པ་རྣམས་གྲིལ།(སྟོད་ཆ།༤༡༢) ནང་རོལ་རྣམས་ཀྱང་བཙུད་ན་བཟའ་བཀབ། སེ་གོལ་གཅིག་གཏོགས་པའི་མོད་ལ་གླང་རྣམས་འདར་ཕྲི་ལི་ལི་ལངས་བྱུང་། རྒན་མོ་གཅིག་གིས་ཤ་འབྲལ་བའི་ཚེ་རུས་རྩིས་ཧྲད་པ་བྱུང་བས། ཕྱིས་གླང་དེ་རྩིབ་གྱོལ་བྱུག་སྐད་བསད་གསོའི་རྫུ་འཕྲུལ་དེ་ལྟ་བུ་མཛད་པས་དེར་ཚོགས་ཚད་ཏམས་ཅད་ཤིན་ཏུ་དད་པར་གྱུར། བླ་མ་ཟུར་ཆེན་ཡང་མཉེས་པའི་ངང་ནས་དཔལ་ཆེན་པོ་ལ་གཟིགས་ཏེ། འགྲོ་བའི་དོན་ཆེན་པོ་མཛད་འཚམ་གསུངས་པས་སྐུ་གར་དགུའི་རྣམ་པར་རོལ་ཞིང་། ཧེ་ཧེ། སྨོས་ཅི་འཚལ། གསུངས་པས་དང་པོ་རྔམ་ཞལ་དུ་ཡོད་པ་ལ། དེ་ནས་བཞད་ཞལ་དུ་གྱུར་པ་ཡིན་ནོ། །ད་ངེད་རང་རྣམས་ཡང་དག་གི་ལོ་སྒྲུབ་བྱེད་པ་ཡིན་གསུངས་པས། ཉེ་གནས་ན་རེ་ཆ་རྐྱེན་གྱིས་མི་ལྡང་ཟེར། ཟུར་ཆུང་པས། ཆང་མི་ལྡང་ན་ཀླུ་བདུད་སྦྱོར་བས་ཆོག །ཤ་དང་རྩམ་པ་ཡང་བག་ཙམ་མཆིས། རྣལ་འབྱོར་དམ་ཚིག་མ་ཉམས་ན། འཚོ་བ་སྣང་སྲིད་ལྷ་འདྲེས་སྦྱོར། གཞི་བདག་གི་འབུལ་བ་འོང་བས་ལོ་སྒྲུབ་མཛད་པ་དགའ་ཟེར། དེར་རྣལ་འབྱོར་ཕོ་མོ་བརྒྱ་ཙམ་ཚོགས། སྒྲུབ་པ་པོ་རྣམས་ལ་ཆང་ཀ་པཱ་ལ་རེ་དང་། ཟན་བྱ་ངང་མོའི་སྒོང་ཙམ་རེ། ཤ་དམ་ཚིག་གི་བཟའ་བ་ཙམ་དྲོངས་ཤིག་གསུངས་ཏེ་ལོ་སྒྲུབ་མཛད། དེར་བླ་མའི་ཞལ་ནས་ཁྱེད་རྩེ་མོ་བཞི་དགོངས་པ་འགྲན་པ་ཡིན་གསུངས་པས། ཐམས་ཅད་ཀྱིས་མཉམ་པར་གཞག་པ་ན། གསུམ་པོ་ལ་གཡོ་འགུལ་མེད་པའི་དགོངས་པ་རི་བོ་ལྟ་བུ་རྐྱེན་གྱིས་དབྲོག་མི་ནུས་པ་བྱུང་། ཟུར་ཆུང་བ་རིས་མེད་མཉམ་པ་ཆེན་པོའི་གནས་ལ་བྱོན་པས་ལྟ་བ་མཐོ་བ་མཚོན་ཕྱིར་ཤིང་ཏཱ་ལ་གང་ཙམ་འཕགས་ནས་གདའ་སྐད། ད་ཟུར་ཆུང་པའི་རུ་ལུའི་བཟླས་པ་ལ་ཕྱི་ནས་ཉོན་ཅིག་གསུངས།(སྟོད་ཆ།༤༡༣) རྣལ་འབྱོར་མ་ཅིག་གིས་ཕྱི་ནས་ཉན་པས། སྔར་བས་ཆུང་དུ་མ་སོང་། རི་ཟུར་གཅིག་འདས་ནས་ཉན་པས་ཀྱང་ཆུང་དུ་མ་སོང་བས། དེར་བླ་མའི་གསུང་གིས། ཁྱེད་རྣམས་མཆེད་གྲོགས་མཉམ་པོར་ཡིན། ཟུར་ཆུང་པའི་གྲིབ་མ་ལའང་འགོམ་དུ་མི་རུང་གསུངས་ནས་གཟེངས་བསྟོད་དོ། དེ་ནས་སྒྲུབ་པ་ཐོན་པ་དང་། དཔོན་སློབ་རྣམས་གྲོག་པོའི་སུམ་མདོར་བྱོན། བླ་མ་ཐུགས་ཉམས་འུར་ནས་བྲག་རྡོ་རྗེའི་གཏན་པ་བྱ་བའི་སྟེང་དུ་རུ་ལུའི་བྲོ་བརྡུངས་མཛད་པས། ཞབས་ཀྱི་ལོང་བུ་མན་ཆོད་འདམ་ལ་བརྒྱབ་པ་བཞིན་སོང་། ཟུར་ཆུང་བས་ངའི་བླ་མ་སངས་རྒྱས་དངོས་སུ་འདུག་པས་ཞབས་སྤྱི་བོར་ལེན་པ་ཡིན་ཟེར་ཞབས་རྗེས་ལ་དབུ་གཏུགས་པས་རལ་པའི་ཐོར་ཚུགས་སྙན་ཆ་དང་བཅས་པའི་རྗེས་ལྷམ་མེར་བྱུང་། དེར་བཟང་སྒོམ་ཤེར་རྒྱལ་ན་རེ། བླ་མ་ཁུ་དབོན་གཉིས་ཀྱི་གྲུབ་རྟགས་ཁྱད་དུ་འཕགས། འདི་ལ་མི་ཕྱུགས་ཀྱི་རྡོག་པ་བཞག་ན་བསོད་ནམས་མ་ཡིན་པར་འགྱུར་ཉེ་ཟེར་ནས། ལག་སོར་ལྔ་གྱད་སྟོབས་པོ་ཆེ་ལྔ་རེ་སྤྲུལ་ནས་བྲག་རྡོ་རྗེའི་གཏན་པ་གྱེན་དུ་བསླང་ནས་བཞག །ཡང་ཞང་འགོས་ཆུང་བ་དང་། མི་ཉག་ཁྱུང་གྲགས་གཉིས་ཀྱིས། འདི་བརྟེན་པ་ངེད་ལ་བབས་ཟེར་ནས་གྱད་སྟོབས་པོ་ཆེ་མང་པོས་བསྐུལ་བར་ཡང་མི་ནུས་པའི་ཕ་ཝང་རེ་བླངས་ནས་གཡས་གཡོན་ནས་བརྟེན་ཏེ་རྩ་བ་བརྟན་པར་བྱས་པ་ད་ལྟ་མངོན་སུམ་ན་ཡོད་དོ། །ད་ནས་འུག་པ་ལུང་དུ་འབྲས་བུའི་དཔལ་ཆེན་པོ་བཞེངས་པར་བཞེད་ནས། སློབ་མ་ཐམས་ཅད་ཀྱང་ཕར་དེངས་ཤིག་གསུངས་པས། ཟུར་ཆུང་པ་བླ་མའི་ཕྱག་ཕྱི་སྙོགས་པར་འོང་གིས་ཟེར་ནམ་མཁའ་ལ་འཕུར་ནས་བྲག་རྒྱ་བོར་གཤེགས། གྲྭ་པ་རྣམས་ཀོ་བ་བརྒྱུད་ནས་སོང་། ཀླུ་(སྟོད་ཆ།༤༡༤)བདུད་མིང་སྲིང་གཉིས་ན་རེ་བདག་ཅག་ཀོ་བ་ལ་མི་གྲིབ་ཅན་དང་འགྲོགས་པས་མི་རུང་བས་ར་བ་ལ་འཁྲིད་པར་འཚལ་ཞེས་ཞུས་པས། བླ་མས་དེ་བཞིན་རུང་གསུངས། དེར་ཉེ་གནས་ལ་རྫ་མ་བསྐུར་བས་ལྗིད་བྱ་སྒྲོ་ལས་ཡང་བ་བྱུང་བ། ཆུ་ཁར་ཕེབས་པ་དག་ཉེ་གནས་ལ་ཁྱོད་རང་ང་ལ་འཇུས། ཐེ་ཚོམ་མེད་པར་ཤོག་གསུངས་པས། ཁོའི་སེམས་ལས་སུ་མ་རུང་ནས་ཆུ་ལ་བསྐྱུར་བ་མིན་ནམ་སེམས། དེ་མཁྱེན་ནས་ད་ཁྱོད་ངའི་ཕྱིར་མི་ཐར་བ་འདུག ཀོ་བ་བསྐོར་ལ་ཤོག །ངས་སྔོན་ལ་འགྲོ་ཡི་གསུངས་བླ་མ་ཞབས་ཆུ་ལ་མི་རེག་པར་གཤེགས་སོང་། ཉེ་གནས་ཀྱིས་ཀོ་བར་ཕྱིན་པས་ཀོ་བ་ཕ ་རིར་ཐལ། དེར་སྒུག་ཡུན་རིང་བ་དང་ཁ་སྐོམ་ནས་ཆང་བཙགས། ཡོད་ཚད་འཐུང་བས་རྣམ་རྟོག་ལ། ཆང་བཅོས་ནས་ལོ་གཅིག་དང་ཟླ་བ་བཞི་སོང་། འདི་ཙམ་ཡོང་བ་བླ་མས་རྫ་མའི་ནང་དུ་ཅི་བཅུག་པ་ཡིན་སྙམ་ནས་རྫ་མའི་རྒྱ་བཤིགས་པས། སྦྲུལ་དཀར་ནག་གཉའ་སིག་ཙམ་པ་གཉིས་མདུད་པ་ཤིག་སེ་གྲོལ་ནས་ནམ་མཁའ་ལ་དེངས། ཤུལ་དུ་སྡིག་སྦལ་་ལྕོང་མོ་ལ་སོགས་པ་འདུག་པ་དེ་དག་ཀྱང་ཚག་སྒྲ་འུར་སྒྲ་དང་བཅས་ནས་ནམ་མཁའ་ལ་སོང་མ་ཐག་སྦང་མ་སྔོ་ཧྲུལ་ལེ་སྐྱུར་སིང་ངེ་སོང་། དེར་སྦང་མ་རྣམས་ཕོས་རྫ་མ་ཁུར་ཕྱིན་པས་ཆུ་ཐོན་པ་དང་རྫ་མའང་ཆག །དེར་བླ་མའི་བཀའ་ལས་རྟེན་འབྲེལ་འཕྱུགས་འའོག་གདོང་གི་ཀླུ་བདུད་མིང་སྲིང་གཉིས་ཕྱིར་མ་ཐོན་ན། འུག་པ་ལུང་དུ་དགོན་པ་བོད་ཙམ་ན་ཆེ་བ་ཆགས། སྲམ་པ་སྒྲུབ་ཁང་ཡང་དར་རྒྱས་ཆེ་ལས་མི་གཉན་པ་ཞིག་འོང་སྟེ། ད་རྫ་མ་ཆུ་ལྷོར་ཐོན་པས་གནས་ཞིག་དང་སྡེ་དགོན་འགའ་ཞིག་ཆགས་པ ར་འགྱུར་ཞེས་གསུངས། ཀླུ་བདུད་མིང་སྲིང་སྲམ་པ་སྒྲུབ་ཁང་གི་བཀའ་སྲུང་ལ་(སྟོད་ཆ།༤༡༥)བསྐོས། རྟེན་འབྲེལ་དེས་འབྲས་བུའི་དཔལ་ཆེན་པོ་ཡང་མ་གྲུབ་བོ། དེ་ནས་བཤད་གྲྭ་དང་སྒོམ་གྲྭ་རྒྱ་ཆེན་པོ་བྱུང་། དེའི་ཚེ་ཉ་རི་ནས་མ་གཡུང་དྲུང་བཀྲ་ཤིས་བཟའ་མི་གཉིས་བུ་ཚོ་མེད་ལ་ནོར་གྱི་འབྱོར་པ་ཡོད་པ། ཆོས་འཁོར་བྱ་བར་འདོད་ནས་ཡུལ་མི་དང་ཉེ་དྲུང་ཀུན་བསགས་ཏེ་སློབ་དཔོན་གང་བཟང་དྲིས་པས། ལ་ལ་སྔགས་པ། ལ་ལ་བཙུན་པ། ལ་ལ་བོན་པོ་ཟེར་ཁ་མ་འཆམ་པས་ཁྱེད་རག་གང་མོས་ལན་གྱིས་ཤིག་པའི་གྲོས་བཏབ། མོ་ན་རེ། དེའི་ཡོ་བྱད་ཀྱིས་འདེངས་པས་གསུང་ཀ་ལ་བྱེད་ཟེར། དེར་སྔགས་པ་འུག་པ་ལུང་པ། བོན་པོ་ལ་ཀེ་ཙེ་བ། བཙུན་པ་ཆུ་མིག་རིང་མོ་བ་རྣམས་གདན་དྲངས་སོ། །མཆོད་གནས་གསུམ་པོ་འདུས་ནས་ལྷ་ཁང་སྡེབས་སུ་བརྩིག་པའི་གྲོས་བྱས་པས་ལྷའི་གཙོ་བོ་ལ་མ་མཐུན། སྔགས་པས་རྡོ་རྗེ་སེམས་དཔའ་ལ་བྱེད་ཟེར། བཙུན་པས་ཤཱཀྱ་ཐུབ་པ་བྱེད་ཟེར། བོན་པོས་གཤེན་རབ་མི་འོ་ཆེ་ལ་བྱེད་ཟེར་བས། ལྷ་ཁང་སོ་སོར་བརྩིག་ཏུ་ཆད། ལྷ་རྗེ་འུག་པ་ལུང་པས་སྒྲོ་ཕུག་པས་དམའ་བ་གཅིག་ཏུ་བོན་པོ་དང་བསྡེབས་ནས་བརྩིགས་པས། བོན་པོ་ན་རེ། འདོད་ལྷ་བཞེངས་པའི་ཚེ་ཡང་། ཁྱོད་ཀྱི་ལྷས་གཙོ་བོ་བྱས་ན་ངའི་ལྷས་འཁོར། ངའི་ལྷས་གཙོ་བོ་བྱས་ན་ཁྱོད་ཀྱི་ལྷས་འཁོར་དུ་བྱེད་དགོས་ཟེར་བས་དེ་གཉིས་བྱིན། སྒྲོ་སྟོན་པས་སྒྲོ་ཕུག་ཅེས་བྱ་བའི་གནས་ཕུལ་ཏེ་དེར་ལྷ་ཁང་བརྩིགས་སོ། དེའི་ཚེ་ཡོན་བདག་གཉན་སྡེ་གསུམ་ན་རེ། ལྷ་ཁང་ལ་རྒྱ་ཕིབས་སུས་ཁེལ་བ་ལ་མེ་ག་ཏོག་སྡུད་ཟེར་བ་ལ་སྔགས་དང་བོན་པོས་ཁེལ། བཙུན་པས་མ་ཁེལ་ལོ། དེར་སྔགས་བོན་གཉིས་ལོ་རེ་མོས་སུ་སྡུད་པས། བཙུན་(སྟོད་ཆ།༤༡༦)པ་ན་རེ་བདག་ཅག་ལའང་སློང་རེ་ཞུ་ཟེར། ལོ་གཅིག་སྦྱིན་པས། དེ་ཕྱིན་ཆད་གསུམ་ཀ་ལོ་རེས་སྡུད་དུ་སོང་། སྒྲོ་ཕུག་གི་གཙུག་ལག་ཁང་དེར་དུས་གསུམ་སངས་རྒྱས་ཀྱིས་གཙོ་བྱས་པའི་ལྷ་ཁང་ཆེ་ཆུང་བརྒྱད། ཁྱམས་སྟོད་ཀ་བ་ཉི་ཤུ་དང་། ཁྱམས་སྨད་ཀ་བ་དྲུག་ཅུའི་སར་ཡོད། གནས་འདིར་ཆོས་གྲྭ་ཆེན་པོ་ཚུགས། དེ་ཡང་ཐག་གི་རྒྱ་བར་ཡང་དག་གི་སྒྲུབ་པའི་སྐབས་ཡིན་པར་ཡང་གྲགས་ཤིག་རྒྱལ་བ་ཟུར་པོ་ཆེ་ལ་སྐུ་བསོད་ཤིན་ཏུ་རྒྱས་པའི་སྐབས་ཤིག་ན། འབྲོག་མི་ལོ་ཙཱ་བ་པཎྜི་ཏ་རྫངས་པའི་གསེར་མ་ལྡང་ནས་ཁྱེད་ཀྱིས་གསེར་མང་པོ་ཁྱེར་ཤོག །ངས་གདམ་པ་ཟབ་མོ་སྦྱིན་ནོ་ཟེར། འདི་ལྟར་སྐྱེས་བུ་ཆེན་པོ་རྣམས་ནི་གཞན་ལ་ཕན་འདོགས་པའི་དམ་བཅའི་རྩ་བརྟན་ཅིང་། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱེད་ཀྱིས་དགེ་བའི་རྩ་བ་གཅིག་ལ་ཆགས་པར་མ་བྱེད་ཅིག །ཆོས་ཀྱི་སྒོ་གཅིག་དང་། སྤྱོད་པ་གཅིག་ཡོངས་སུ་རྫོགས་པས་ཆོག་པར་མ་འཛིན་ཅིག དེ་ཅིའི་ཕྱིར་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་ཚད་མེད་པ་ཡོངས་སུ་བསྡུ་བར་བྱ་དགོས་སོ། །ཞེས་པས་བྱང་ཆུབ་སེམས་དཔའི་བསྡུ་བའི་དངོས་པོ་བཞིའི་སྤྱོད་པ་མ་ཚང་བ་མེད་པ་རང་གི་བྱ་བའི་སླད་དུ། ཀརྨ་པཀྵིས་མཚུར་ཕུའི་གཙུག་ལག་ཁང་གི་རྒྱ་ཕུབས་འདམ་ཅོག་རྩེ་ལ་ནས་མཐོང་བ་ཙམ་གྱི་སྲིད་དུ་བག་མ་པར་མཛད་པ་བཞིན། ཐག་གི་ཡང་གདོང་གནིས་སྦུབས་སུ་བཅུག་པའི་གསེར་འབུལ་རེ་བྱེད། དེ་གཉིས་ཀྱི་བར་ལྕགས་ཐག་གིས་སྦྲེལ་ལོ་གསུངས་པ་དང་། གྲྭ་པ་རྣམས་ན་རེ། འོ་ན་བདག་གིས་ཡག་འཐུད་(སྟོད་ཆ།༤༡༧)དུ་ཟངས་སྡེར་རེ་དང་། དྲིལ་བུ་རེ། ལྕགས་ཐག་རེ་འབུལ་ལོ་ཞེས་དམ་བཅས་དེའི་གཡེར་ཆེན་པོ་བྱུང་ནས་གཞི་བདག་གཉིས་ཀྱག་བློ་འདྲོག་པར་གྱུར་ཏེ། གསེར་རའི་མཆིན་པ་ཙམ་ཞིག་ཞུ་རྟེན་དུ་ཕུལ་ནས་གསེར་འབུལ་མི་མཛད་པའི་ཞུ་བ་བྱས། གསེར་གྱི་གཏེར་ཁ་ཕུལ་ནས་སྲོག་ཆགས་ཀྱི་གཟུགས་མ་བྱུང་བར་ལོང་ཞེས་ཟེར། ཁུད་བུ་གཅིག་ནས་གསེར་ཤིན་ཏུ་མང་བར་བྱུང་བའི་མཐར་གསེར་སྦལ་པ་འདྲ་བ་ཞིག་བྱུང་བ་དང་འཕྲོ་བཅད། མུ་གུ་ལུང་དུ་ལོ་ཙཱ་བ་གསེར་སྲང་བརྒྱའི་འཐུད་བྱས། སྟོན་གྱི་དུས་སུ་བེར་ཐོག་ཏུ་ཚེར་མ་ཁུར་བ་སོགས་གུས་པའི་སྤྱོད་ལམ་ཀྱང་མཛད། རྒྱུད་གསུམ་ཆ་ལག་དང་། གུར་ལ་ཤིན་ཏུ་མཁས་པར་བྱང་ཆུབ་མོད་ཀྱི། བླ་མ་ཆེན་པོའི་བཀའ་དྲིན་གྱིས། ཨ་བོའི་སེམས་ཕྱོགས་ནོར་དུ་ཐལ། ཞེས་གསེར་འགྱུར་གྱི་ཆོས་ལ་རོ་མྱངས་པས། སླར་ཡང་རང་གི་སེམས་ཕྱོགས་ཡིད་བཞིན་རིན་པོ་ཆེ་ལྟ་བུའི་ནོར་དུ་ཐལ་ལཞེས་ངེས་ཤེས་ལྷག་པར་སྐྱེས་པའི་གསུངས་བྱོན་ཏོ། དེ་ལྟར་སྒྲོ་ཕུག་གི་གཙང་ཁང་འབྱོངས་ཙམ་པ་དྲུག་ཅུ་རེ་གཅིག་པའི་ཚེ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ནས་ལྷུན་གྲུབ་རིག་འཛིན་གྱི་ས་ལ་གནས་པའི་སྐྱེས་བུ་སྤྲུལ་པའི་སྐུར་རྩོད་པ་མེད་པ་དེ་ནི་རགས་ལུས་དྭངས་མར་གནས་འགྱུར་བའི་དགོངས་པ་གཏད་དེ། བྲག་རྒྱ་བོ་ནས་ཟུར་ཆུང་བ་བོས་ཤིག་གསུངས། བྱོན་པ་དང་ངའི་གདན་ས་འདི་ཟུར་ཆུག་པ་ལ་གཏོད་པ་ཡིན། སློབ་མའི་ཚོགས་ལ་ཆོས་ཀྱི་ཕན་འདོགས་དགོས་པས་བློ་དང་འཚམ་པར་སྦྱོར། ངས་སྐྱོང་བ་བཞིན་སྐྱོངས། སློབ་མ་རྣམས་ཀྱིས་ཀྱང་ཟུར་ཆུང་པ་འདི་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་པས་ང་བས་འདི་ལྷག །ཅི་མཛད་ལེགས་པར་ལྟོས།(སྟོད་ཆ།༤༡༨) གསུང་མ་བཅག་སྐུའི་གྲིབ་མ་དང་ཞབས་རྗེས་ན་བཟའ་ཙམ་ལའང་མ་འགོང་། ངས་བསྐྱངས་པ་བཞི་སྐྱོང་བ་ཡོད་པས་མོས་གུས་ཕུན་སུམ་ཚོགས་པ་གྱིས་ཤིག་གསུངས། དེ་ནས་སྲམ་པ་གྲུབ་ཁང་དུ་གཤེགས། ལན་ཅིག་ཉེ་གནས་ལ་ད་ནང་ཚ་བ་སྔ་སེ་གྱིས་གསུངས། དེར་ཉི་མ་ཤར་བ་དང་སྐུ་མདུན་དུ་ཕྱིན་པས་བླ་མ་གཟིམས་མལ་ན་སྐུ་ཚགས་མཛད་ཅིང་འདུག་ད་ལྟ་ནས་སྐུ་ཚགས་མཛད་པ་གར་གཤེགས་པ་ཡིན་ཞུས་པས། ང་ནི་བདེ་ཆེན་ཞིང་དུ་འགྲོ། དཔལ་ཆེན་ང་དང་དབྱེར་མེད་པས། ཡི་དམ་ལྷ་ལ་གསོལ་བ་ཐོབ། ཅེས་གསུངས་ནས་རྡོ་རྗེ་དྲིལ་ བུ་ཁྲོལ ་ལེའི་ངང་ལ་སྐུ་འོད་ཀྱི་རང་བཞིན་དུ་གྱུར་ཏེ། དཔལ་ཆེན་པོའི་ཐུགས་ཀར་ཐིམ་མོ། དེའི་དུས་སུ་ཁམས་པའི་འབུལ་སྐྱེལ་ཡོང་བ་དང་འགྲིག་པས། ལམ་དུ་བླ་མ་དང་མཇལ། ཁམས་པའི་སྣང་བ་བྱིན་གྱིས་བརླབས་ནས་སྤྲུལ་པའི་གཞལ་ཡས་ཁང་དུ་འབུལ་བ་འང་བཞེས། བསྔོ་བ་མཛད། སླར་ཁམས་པ་གཉིད་ལོག་སཔ་ལས་སད་པ་བཞིན་དུ་ཅི་ཡང་མི་གདའ་བས། ཐེ་ཚོམ་གྱི་ངང་ནས་ཕྱིན་ཙ་ན་ལམ་དུ་བླ་མ་དཔལ་ཆེན་པོའི་ཐུགས་ཀར་ཐིམ་མོ་ཞེས་ཐོས་སོ། དེ་ལྟ་བུའི་དཔལ་ཆེན་པོ་འདི་བྱིན་རླབས་ཤིན་ཏུ་ཆེ་བས་སླན་ཆད་ཀྱང་སྐུ་གཉེར་ལ། རྒྱ་སྟོན་ཤཱཀ་ཡེ་ལ་བསུ་བ་གྱིས་ཞེས་གསུང་བྱོན། བསུ་བ་བྱས་ཙ་ན། རྒྱ་སྟོན་དེ་བ་དཀར་མོ་ཞིག་ལ་བཅིབས། སྤྱང་ཞྭ་ཞིག་དབུ་ལ་གསོལ་ནས་བྱུང་སྟེ། དཔལ་ཆེན་པོའི་སྐུ་མདུན་དུ་འོད་དཀར་པོ་གཅིག་ཏུ་གྱུར་ཏེ་གཡོན་སྐོར་ལན་གསུམ་བྱས་ནས་སྐུ་ལ་དངོས་སུ་ཐིམ་པ་སྐུ་གཉེར་མ་ཇོ་དོན་ལྡན་ཞེས་བྱ་བས་མངོན་སུམ་པར་མཐོང་། དེ་བཞིན་དུ་མཚན་ལྡན་ཟུར་མོ་འོད་འབུམ་བྱ་བ་འང་སྐུ་ལ་ཐིམ་(སྟོད་ཆ།༤༡༩)པར་གྲགས་སོ། རྩེ་མོ་བཞིའི་ནང་ནས་ཀྱང་གླང་པོའི་ནང་ན་ཁྱུ་མཆོག་ལྟ་བུ་བདེ་གཤེགས་རྒྱལ་པོ་འམ། ཟུར་ཆུང་ཤེས་རབ་གྲགས་པ་ནི། སྔགས་འཆང་འུག་པ་ལུང་པའི་གདུང་གི་ཕྱི་མོ་ཡིན་ཏེ། དེ་ལ་ཡབ་ཐག་པ་སྒོམ་ཆེན་རེས་འགའ་ལྡོམ་བུའི་ཚུལ་དུ་འང་ཡོད་པའི་བུར་གཡས་རུ་གཙང་གི་སའི་ཆར་མ་ཇོ་ཤེས་རབ་སྐྱིད་ལ་ངོ་མཚར་བའི་ལྟས་ཁྱད་པར་བ་དང་བཙས། ལོ་བདུན་པར་འབྲི་ཀློག་དང་། དགུ་ལ་ཞི་ཁྲོའི་ཕྲིན་ལས་གྱེར་ཤེས་པ་བྱུང་། ཡོད་ཙ་ན། ཇོ་མོ་ཞིག་ཡོད་པ་རྒྱུན་བྱུང་སྟེ་ཞིང་ལ་ཞྭ་ལོག་ཤོར་འདུག་གོ། ཁྲོད་ཉལ་བས་ཆོག་གམ་ཟེར་བ་ལ། སྨད་གོས་གསར་པ་ཞིག་ཡོད་པ་གྱོན་རོང་ཆུ་བརྒལ་ནས། ཁྱེམ་གྱིས་ཆུ་བཀག་ཀྱིན་ཡོད་ཙ་ན། མོ་ན་རེ་ངས་དཀའ་ལས་བྱས་པའི་གོས་བརྗེས་ཀྱང་མི་བྱེད་ཆུད་འཇའ་ཞེས་རྒོལ་དུ་བྱུང་། ཁོ་བོ་མི་ཕངས་གོས་ཕངས་ན་དེ་ན་ཡོད་དོ་ཞེས་བསྐུར་བས་མོ་ཁྲོས་ཏེ་ང་ལ་བརྙས་པ་མ་ཡིན་ཟེར་ནས་རང་ཡུལ་དུ་བྲོས། ཟུར་ཆུང་པ་འཁོར་བ་ལ་སྐྱོ་བ་སྐྱེ་དྲག་ནས་གདུང་ཁུང་ན་མོའི་ཞུད་ལུས་པ་དེ་ཕྱིར། རྗེས་ལ་སྐད་བཏང་བས། མོ་ཡར་ཤོག་ཅེས་འབོད་དུ་རེ་ནས་ཆེམ་མེར་བསྡད་པ་ལ་ཞུད་གཏད་དེ། ཕོ་ནོར་ཕོ། མོ་ནོར་མོ་བྱ་བ་ཡིན་པས་ཞུད་ཁྱེར་ཅིག་སྨྲས་པས། མོ་ཡི་ཆད་ནས་ཡུལ་དུ་སོང་། དེར་ཟུར་ཆུང་པས་ཕ་ལ་གྲོས་མ་དྲིས། མ་ལ་བརྒྱགས་མ་བླངས་གྲོགས་ཀྱི་ངོ་མ་བལྟས་པར་སྤྱང་སློག་ཅིག་ཡོད་པ་ཁྱེར་ནས་ཟུར་པོ་ཆེ་ལ་གཏད་དེ་བྱོན་པས། ལམ་དུ་རྟ་ནག་འབྲོག་པ་གཡུ་དང་ཟངས་ཁྱེར་བ་གཉིས་དང་། ཤངས་པ་ཁྲང་ཁྱེར་(སྟོད་ཆ།༤༢༠)བ་རྣམས་བསྡེབས་སུ་བྱུང་སྟེ་བྱུང་། དེར་ཟུར་ཆུང་པར་སྤྱང་སློག་ལས་འབུལ་རྒྱུ་མེད། གཞན་གསུམ་པོས་ཕྱག་རྟེན་ཕུལ་བས། བླ་མའི་ཞལ་ནས། ཁོང་རྣམས་འཁོར་བ་ལ་བློ་ལྡོག་མ་ལྡོག་ལྟ་བས་སྦང་ཟན་དང་། ལོ་ཐུག་རེ་དྲངས་གསུངས་པས། འབྲོག་པ་གཉིས་པོ་ཟར་མ་འདོད། ཤངས་པས་ཅུང་ཟད་ཟོས། ཟུར་ཆུང་པས་ལྷག་མེད་ཟོར་པས། བླ་མའི་ཞལ་ནས་སྤྱང་སློག་དང་ཁྲང་གཉིས་ཞོག །གཡུ་དང་ཟངས་བདག་པོ་ལ་གཏོད་གསུངས། འབྲོག་པ་མ་དགའ་སྟེ་ཕྱག་རྟེན་སློག་པ་འུ་ཅག་ལ་ཆོས་མི་སློབ་པའི་རྟགས་ཡིན་ཟེར་ནས་སོང་། རྟེན་འབྲེལ་དེ་ལས་།།།པའི་ཆོས་ལ་གཤེ་བ་དེ་བྱུང་། དེར་ཟུར་ཆུང་པ་ལ་ཁྱོད་ཀྱི་རུས་པ་ཅི་ཡིན་གསུངས་པས། བླ་མ་དང་རུས་གཅིག་པར་བརྗོད་ན་འགྲན་པར་སོང་དོགས་ནས། ཟུར་ཆུང་ཞིག་ལགས་བྱས་པས་བླ་དྭགས་སུ་དེ་ལྟར་ཐོགས། དེ་ལས་ཅན་དུ་མཁྱེན་ནས་སློབ་གཉེར་བྱེད་དུ་བཅུག་པས་བློ་གྲོས་ཀྱི་སྤོབས་པ་མཆོག་ཏུ་གྱུར་པ་ཞིག་བྱུང་། དང་པོ་ཤིན་ཏུ་དབུལ་བས་བླ་མས་གཏོར་མ་བཏང་བ་དག་བླངས་ནས་ཟན་ཆང་བྱ་བཞིན་གསོལ་བ་ན། གྲྭ་པ་གཞན་ཚོས། ཁོང་ཆང་གི་ཁ་སྐྱུར་དྲི་ཆིལ་ལེ་སྡོད། ཆང་བླ་མ་ལའང་མི་འདྲེན། མཆེད་གྲོགས་ལའང་མི་སྟེར་ཞུས་པས། བླ་མས་དེ་རིང་ཟུར་ཆུང་བ་ཤིང་ཐུས་ཤོག་གསུངས། ཤུལ་དུ་ཟུར་ཆུང་བའི་སྤྱིལ་བུ་གཡེག་དུ་བཅུག་པས། བེམ་པོ་ཞིག་གི་འོག་ན་ཟན་ཆང་ཀ་པཱ་ལ་གང་ལས་གཞན་ཅི་ཡང་མེད་སྐད། དེར་བླ་མས་ཟུར་ཆུང་བ་འཚོ་བ་པ་ན་རང་རེའི་ཐབ་ལ་ཤོག་གསུངས་པས། ང་བླ་མའི་དཀོར་ལ་འབག་རེ་ཟེར་དཀའ་སྤྱད་འབའ་ཞིག་ཁུར་བཟོད་པར་མཛད། ཉིན་གཅིག་བླ་མས་བསེ་ཕོར་(སྟོད་ཆ།༤༢༡)ཕུལ་དགུ་ཤོང་བ་ཞིག་བསྣམས་ནས་ཁྱོད་ལ་སྐོམ་སྟེར་རྒྱུ་ཨེ་ཡོད་གསུངས། ཟན་ཆང་ཞུས་པས་སྣོད་དོ་གསོལ། ད་དུང་ཁྱེར་ཤོག་གསུངས་ནས་གསོལ། དེ་ཨེ་འདུག་གསུངས་པས་བྲེ་གང་ཙམ་གདའ་ཞུས་པས། ང་མི་ཡོག་པར་འདུག ཡོག་ན་ཁྱོད་ལ་བསོད་ནམས་བོས་ཙམ་ན་ཆེ་བ་འོང་སྟེ། འོན་ཀྱང་ང་ལ་བསྙེན་བཀུར་གྱི་རྟེན་འབྲེལ་ལས་བསོད་ནམས་ཆེན་པོ་འོང་གསུངས། དེར་ནས་ཁལ་གསུམ་གནང་ནས་འདི་ཟད་པ་དང་ཡོ་བྱད་མི་འཐོགས་པ་ཡོང་གསུངས། དེར་ཟུར་ཆུང་བས་ཐོས་པ་དང་། བསམ་པ་དང་། སྒོམ་པའི་གནས་གང་ཡིན་པ་ལ་ཕྲུགས་གཅིག་ཏུ་ཉིན་དང་མཚན་མེད་པར་བརྩོན་པ་བསྐྱེད་པས། སྤྲུལ་པའི་སྐུ་ཡིན་པས་མཁྱེན་རབ་ཀྱི་ཀློང་རྡོལ། ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས་ཀྱང་དཔེ་ཆ་ཙམ་འདྲི་བའི་ཡོ་བྱད་ཀྱང་རྔོ་མ་ཐོགས་པར་ཡོད་ཙ་ན། ལྷ་རྗེ་ཟུར་པོ་ཆེ་ལ་པན་གྱི་ཁང་སྔོན་བྱ་བ་ན་ཇོ་མོ་གཡུ་མོ་བྱ་བའི་སྒོམ་མ་ཕྱུག་མོ་མ་སྨད་གཉིས་ཡོད་པས། ཁྱོད་རང་འདིའི་སྟེང་དུ་སྡོད་གསུངས། ང་ཁྱིམ་ཐབ་མི་བྱེད་ཞུས་པས། འདུ་ཤེས་མ་ཆུང་། སྟོན་པས་གནང་བ་དག་བཀག་པའི་མཚམས་ངས་ཤེས། ཁོང་གཉིས་ཀྱི་ཡོ་བྱད་ལ་སྤྱད་ནས་དབང་ཞུས། དཔེ་བྲིས། ཆོས་ཐམས་ཅད་ལྷག་མ་ལུས་པར་ཉན་པས་ཆོག་པ་ཡིན། དཔེ་ཁོང་གཉིས་ཀྱང་ཚོགས་རྫོགས། །ཁྱོད་རང་གི་དོན་ཡང་གྲུབ་པ་དེ་དགའ་མོད་གསུངས། དེར་གསུངས་བཞིན་ཉན་པས་འདོན་པ་ཐམས་ཅད་རྫོགས་པ་དང་། ཡང་གསུང་གིས། ད་ཁྱོད་དེར་མ་སྡོད་དཔེ་ཆ་ལ་སོགས་པ་མཆོད་པའི་ཡོ་བྱད་རིམ་གྱིས་སྐྱོལ་ལ་ངའི་འདིིའི་ཤོག་གསུངས། དེ་ལྟར་བྱས་པས་ཅང་མཆིའམ། ཁོང་གཉིས་ཀྱང་དྲིན་ཆེ་ཞུས་པས།(སྟོད་ཆ།༤༢༢)བླ་མ་ཆུང་། ཁྱོད་ཀྱིས་འགྲོ་བའི་དོན་ནུས་པ་ཞིག་འོང་བར་འདུག་སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་ནས་འགྲོ་བ་མང་པོའི་དོན་བྱེད་དགོས་པ་ཡིན། ཁོང་གཉིས་ཀྱི་དྲིན་དུའང་དེ་ཆེ། འདི་ལ་གབ་པས་རང་དོན་གཞན་དོན་གང་ཡང་མི་འགྲུབ་གསུངས། དེར་ཇི་སྐད་གསུངས་བཞིན་ཉན་པས་བླ་མའི་དགོངས་པ་ཇི་བཞིན་དུ་ལོངས། སྐབས་ཤིག་ན་ལྷ་རྗེ་བཞུགས་པའི་སྒོ་རྩ་ན་མཆོད་རྟེན་གཅིག་ཡོད་པ་ལ་ཟུར་ཆུང་པས་སྐོར་བ་བྱེད་ཅིང་འདུག་པ་གཟིགས། ཞབས་ས་ལ་མི་རེག་པར་ཁྲུ་གང་ཙམ་ནས་སྒ་རར་གདའ། བླ་མའི་ཐུགས་ལ་འདི་སྤྲུལ་པའི་སྐུ་ཞིག་ཡིན་ཉན་འདུག་པས་ངོ་མཚར་ཆེ་སྙམ་དུ་དགོངས་ཤིང་དགྱེས་སོ། །དེ་བཞིན་དུ་ཟུར་ཆུང་པ་ཕྱོགས་ག་ཤེད་ན་འབྱོན་བཞུད་ཀྱི་ལུང་སྟོང་བྱེ་མའི་གསེབ་ཏུ་ཚད་པས་ཤིན་ཏུ་གདུང་ས་ལ་ཞལ་སྐྱེམས་འདྲེན་པ་བྱུང་བ་དང་། རི་སྟོང་གི་རྩེ་མོ་ལ་སྒོམ་དུ་གཤེགས་པས་སྐུ་བཀྲེས་པ་ལ་ཞལ་ཟས་འདྲེན་པ་སོགས་གང་འདོད་པའི་ཐུགས་དགོངས་འབད་མེད་གྲུབ་པ་བྱུང་བས། ད་ནི་ངས་འགྲོ་བའི་དོན་བྱས་ཀྱང་འགྲུབ་དགོངས་པའི་ཚེ། བླ་མའི་ཞལ་ནས་ཀྱང་། ད་ཁྱོད་ཀྱིས་བཤད་པ་གྱིས་གསུངས། དེར་མདོ་དགོངས་འདུས་གསུངས་པས་དུས་གཅིག་ལ་དཔེ་འགྲེམས་སུམ་བརྒྱ་བྱུང་། དེའི་ཚེ་ཟུར་ཆུང་པ་ལ་བླ་མས་བསྔགས་བརྗོད་ཆེན་པོ་མཛད་པས། བླ་མས་དཔོན་པོའི་དབུ་འཕངས་བསྟོད་ཅེས་ཅུང་ཟད་མི་གུས་པའི་རྣམ་པ་བྱེད་པ་བྱུང་། བླ་མ་ལ་སྐུར་བ་བྱས་ན་བསོད་ནམས་མ་ཡིན་པ་ཆེན་པོར་མཁྱེན་ནས། ནམ་ཞིག་ཨེ་མར་རྡོ་རྗེ་སྤོ་ཞེས་བྱ་བར་དཔོན་སློབ་ཐམས་ཅད་ཆོས་འཁོར་ལ་བྱོན་ཙ་ན། སྲང་ཁ་ཞིག་ན་ཁྱི་མོ་མ་སྨད་རོ་སྨད་ལ་འབུ་ཞུགས་(སྟོད་ཆ།༤༢༣)པ་ཞིག་འདུག བླ་མ་ཟུར་ཆེན་གྱིས་རེག་པ་ཙམ་མཛད། ཟུར་ཆུང་པས་ཁྱི་མོ་མ་སྨད་བསད། འབུ་ཞལ་དུ་གསོལ་བས། གཞན་རྣམས་ན་རེ། ཟུར་ཆུང་པ་ཟེར་བའི་སྨྱོ་སྤྱོད་མཁན་འདི་འདྲ་འཆད་ཉན་དུ་བསྐོས། འོ་སྐོལ་ལ་སྦྱིན་བདག་རྣམས་ཀྱག་མོས་པ་ལྡོག་གདའ་ཟེར། བླ་མའི་ཞལ་ནས་ཁྱི་རྣམས་ངན་སོང་དུ་འགྲོ་བ་ངས་ཀྱང་ཤེས་ཏེ་སྒྲོལ་མ་ནུས་པ་ཡིན། ཁོང་གིས་བསྒྲལ་བ་ངོ་མཚར་ཆེ་གསུངས། དེར་ཟུར་ཆུང་པས་ལྟ་སྟངས་ཤིག་མཛད་པས། ཁྱི་རོ་རྣམས་མཆོད་པའི་ལྷ་མོར་གྱུར། འབུ་རྣམས་སྐྱུགས་པས་ནམ་མཁའ་ལ་ཅོ་དིར་དིར་སོང་། དེར་ཟུར་ཆེན་པས། ད་ཁྱེད་རྣམས་ངོ་མཚར་སྐྱེས་སམ་གསུངས་པས། མིག་འཕྲུལ་དུ་གདའ་ཟེར། དེར་ཤངས་ཆུ་རྒྱས་པ་དང་ཐུག་པས་ཟུར་ཆེན་གྱིས་ཆུ་ཕ་རིར་ཀ་པཱ་ལ་རྫུ་འཕྲུལ་གྱིས་བསྐྱུར་ནས། འདི་སུས་ལོངས་པ་ལ་ངའི་བཤད་གྲྭ་འབོགས་པ་ཡིན་གསུངས་པས། རྩེ་མ་གཞན་གསུམ་པོས་ཀྱང་ལེན་མ་ནུས། ཟུར་ཆུང་པས་ཞབས་ཆུ་ལ་མ་རེག་པར་བྱོན་ནས་བླངས་སོ། ཡང་རླུང་གི་ནུས་པ་འགྲན་པར་བསྐུལ་བས། རྩེ་མོ་བཞི་ལ་སོགས་པས་སྟོན་སྒོམ་གཞན་རྣམས་ཀྱིས་ཀྱང་ཞབས་ས་ལ་མ་རེག་པར་འགྲོ་ནུས་པར་བྱུང་ཡང་། ཟུར་ཆུང་པས་ཏཱ་ལ་གང་ཙམ་གྱི་ནམ་མཁའ་ལ་འཕགས་ཏེ་སྲམ་པ་སྒྲུབ་ཁང་དུ་སྔོན་ལ་བརྟོལ་བས་རྩ་མ་གཞན་གསུམ་ཡང་ངེས་ཤེས་རྙེད། བླ་མས་ཅི་གསུང་གི་བཀའ་བསྒྲུབས་པས་ཞབས་ཏོག་ཀྱང་མཐར་ཕྱིན་ཏོ། རེ་ཞིག་ན་ཟུར་ཆུང་པ་ལ་གནས་ཀྱི་ལུང་བསྟན་རིམ་པ་གསུམ་དུ་བྱུང་སྟེ་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་དེ་ལ་ཆེད་དུ་འཛིན་པ་མ་ཡིན་པས་འཁྲུལ་སྣང་གི་སྡེ་ཚན་དུ་དོར་མོད། མཐར་རུས་པའི་རྒྱན་གྱིས་སྤྲས་པའི་བུ་མོ་ལོ་བཅུ་དྲུག་པ་(སྟོད་ཆ།༤༢༤)ཌ་མ་རུ་དང་གར་སྟབས་བསྒྱུར་བ་ལྔ་བྱུང་ནས་མིང་པོ་ཁྱོད་རི་བབོ་དགུ་འདུས་ལ་བསྒོམས་ན་དོན་གཉིས་གྲུབ་བོ་ཟེར་ཞིང་བྲག་རྒྱ་བོ་ལ་མཛུབ་མོ་གཏད་པས། རི་བོ་དགུ་འདུས། ཆུ་མིག་དགུ་འདུས། ནེའུ་གསེང་དགུ་འདུས་པས་ཐེག་པ་རིམ་པ་དགུ་རྫོགས་པའི་རྟགས་སུ་མཁྱེན། བྲག་རྒྱ་བོ་དེ་བཅོམ་ལྡན་འདས་དཔལ་ཆེན་པོ་ལ་ཀཽ་རི་མ་བརྒྱད་ཀྱིས་བསྐོར་བ་འདྲ་བ་ཡིན་པས་འདི་ལ་སྒྲུབ་པ་བྱས་ན་སྒྲུབ་ཐག་ཉེ་ལ་བྱིན་རླབས་ཆེ། ལར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་འཇིག་རྟེན་གྱི་འཁྲི་བ་ཆོད་དགོས། ཕྱི་མའི་དོན་བསྒྲུབ་པ་ལ་འདུ་འཛི་དང་ཁེ་གྲགས་ཀྱིས་མི་ཕན། མིའི་ངོ་བསྲུང་བ་འདི་འཕྲལ་དུ་བྱ་དཀའ་ལ་ཕུགས་སྙིང་པོ་མེད་པ་ཡིན་པས་ང་གཅིག་པུར་སྒོམ་ཡིན་གསུངས་ནས་གྲྭ་པ་རྣམས་གོ་མཆོད་མི་གསུམ་ལ་གཏད་ནས། ཆོས་འཆད་ཉན་གྱི་བསྟན་པ་ཁྱེད་རྣམས་ཀྱིས་སྐྱོངས་ཤིག་ཅེས་བྲག་རྒྱ་བོ་ལ་གཤེགས་སོ། །དེར་བྱོན་ནས་སྒྲུབ་པ་ཁོ་ན་ལ་བཞུགས་པས་གཞི་བདག་གི་ལྷོངས་ཆོ་འཕྲུལ་ཤིན་ཏུ་ཆེ་བར་བྱུང་སྟེ། འདི་ལྟར་གྲུབ་པའི་ཁྱུ་མཆོག་ཆེན་པོ་དག་ནི་རྨི་ལམ་དང་མངོན་སུམ་རྫུན་པའི་ངང་དུ་རོ་གཅིག་པས་ནུབ་གཅིག་མནལ་ལམ་དུ། བྲག་རྒྱ་བོའི་རྩེར་མི་ནག་པོ་ཞིག་བྱུང་ནས་ཞབས་གཉིས་ནས་བསྡུས་ཏེ་ཀླད་ལ་བསྐོར་ཏེ་བསྐྱུར་བྱུང་བས། ཐག་གི་མདོའི་ཐང་ཆེན་པོ་གཅིག་ཏུ་བརྡབས་པ་རྨིས། སད་ཙ་ན་ཐང་དཀྱིལ་ན་དངོས་སུ་འདུག་པས་ཡར་འཛེག་དགོས་པ་བྱུང་སྟེ་ཆོ་འཕྲུལ་ཆེན་པོ་ལ་མ་འཛེམ་པར་བཞུགས། ཡང་སྡིག་པ་རྩིད་བུ་ཙམ་གྱིས་སྒྲུབ་ཁང་ཁེངས་པས་རྒྱུ་འབྲས་ལ་ཟླ་བའི་རྟོགས་པ་མངོན་དུ་གྱུར་ནས། སྡིག་པའི་རྭ་གཉིས་ནས་འཇུས་ཏེ་ཕྱེད་མར་གཤགས་པ་དང་ཆབ་གཅིག །སྡིག་པ་མི་དགེ་སོ་སོར་(སྟོད་ཆ།༤༢༥)བཤགས། ཞེས་དོན་ལ་མི་རྟོན་ཚིག་ལ་རྟོན་པའི་ཀུ་རེ་མཛད་དེ་བསྐྱུར་བས་ཐམས་ཅད་རྣམ་པར་སྣང་མཛད་དུ་གྱུར་ནས་ནམ་མཁའ་ལ་དེངས། ཡང་ལན་གཅིག་གྲོག་མོའི་དམག་དྲངས་བྱུང་བས། ཉེ་གནས་ལ་ཙོང་གེ་ཁྱེར་ཤོག་གསུངས་ཅོང་གེས་བརྡུངས་པས། ཉེ་གནས་ན་རེ་སྡིག་པ་ལ་དགོངས་མཛོད་ཅེས་ཞེ་ཁྲེལ་བརྡས་པས། ཁྱེད་དེ་ལ་མི་དད་ན་འདི་ལྟར་བྱ་ཡི་གསུངས་ནས་གྲོག་མོ་ཞལ་དུ་སྟབས་ཀྱིན་ཕུ་མཛད་པས། ཐམས་ཅད་རྡོ་རྗེ་སེམས་དཔར་ཀྲོང་ཀྲོང་གྱུར་ཏེ་ནམ་མཁའ་ལ་སོང་བས་ཉེ་གནས་ཤིན་ཏུ་དད། བསད་གསོའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་གཞི་བདག་མིང་སྲིང་གསུམ་དམ་ལ་བཏགས་པས་དངོས་སུ་གཟུགས་བསྟན་ནས་ཞབས་སྤྱི་བོར་བླངས། བྲག་ལ་ཕུར་པ་བཏབ་པའི་གྲུབ་ཆུ་ད་ལྟའང་ཡོད། དེར་གསང་བ་སྒྱུ་འཕུལ་ལས་བྱུང་བའི་ཕྱག་རྒྱ་བསམ་གཏན་གྱི་སྒྲུབ་པ་མཛད་པས། རྡོ་རྗེ་སེམས་དཔའི་ཞལ་གཟིགས། ཐག་གི་ལུང་པ་རྡོ་རྗེ་སེམས་དཔས་ཁེངས་པ་བྱུང་། སྣང་བ་ཟད་པར་གྱི་སྐྱེ་མཆེད་བརྙེས་པས་སྐུ་མེ་དང་། ཆུ་དང་། རླུང་དང་། ས་འཚུབ་ཏུ་འགྲོ་བ་དང་། ཅིར་སྣང་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བཀྲ་ལམ་གསལ་བ་བྱུང་ཏེ་བཟང་རྡོག་གི་མཐུ་བརྟས་པ་ཡིན། ཡང་དག་པར་གཏད་པ་མེད་སྙམ་དུ་དགོངས། དེར་སྣང་སེམས་ཆོས་ཉིད་གསུམ་རོ་གཅིག་ཏུ་འདྲེས་ནས་དགོངས་པ་ཟད་པའི་ས་ལ་སྐྱོལ་ཏེ་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པ་དང་། ནམ་མཁའ་ལ་བྱ་ལྟ་བུར་འགྲོ་བ་སོགས་འབྱུང་བ་ལྔ་ལ་རང་དབང་ཐོབ་པ་བྱུང་། ད་ཟླ་བ་གཅིག་ན་སློབ་མ་སྣོད་ལྡན་ཞིག་འོང་གསུངས། རེ་ཞིག་ན་མཚན་ཉིད་པའི་དགེ་བཤེས་སྤ་དགེ་མཐོང་བྱ་བ་(སྟོད་ཆ།༤༢༦)ཐག་ཏུ་ཆོས་འཁོར་ལ་བྱུང་། ཁོང་གིས་གྲྭ་པ་བློ་རྣོ་བ་གཅིག་ཟུར་ཆུང་ལ་རྩོད་པ་བྱེད་དུ་བཏང་བས། ཁོས་ཀ་བ་ལ་མཛུབ་མོ་གཏད་ནས་ཀ་བ་ཆོས་ཅན་བྱས་པས། ཀ་བ་ཆོས་ཅན། ཀ་བ་ཆོས་ཅན་ཁྱོད་འཇིག་རྟེན་རང་རྒྱུད་པའི་འཁྲུལ་ངོར་ཀ་བ་རང་རྒྱུད་དུ་སྣང་ཡང་། ང་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དོན་ལ་ཀ་བ་གྲུབ་པ་མི་གདའ་གསུངས་ནས། ཕྱག་གཡུག་གཡུག་མཛད་པས་ཀ་བ་ལ་ཆགས་ཐོགས་མེད་པར་སོང་། ཁོ་ངོ་མཚར་སྐྱེས་ནས་སྨྲ་མ་ནུས། དད་པ་ལྷག་པར་ཐོབ་སྟེ་སློབ་མར་བྱས་པ་མ་ཐོག་བྱུང་འབར་རོ། །འདི་རྡོའི་ཀ་བ་ཡིན་ཆག་དུམ་ད་ལྟའང་ཡོད་ཟེར་བ་དངོས་པོར་ཞེན་པ་དག་གི་འདོད་པ་མནན་རུང་ངོ་། དེ་ལ་སློབ་མ་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་བཅུ་དྲུག དྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག དཀྱུས་པ་གཉིས། ལྟ་གུ་ར་མི་གཉིས། གོ་མ་ཆོད་གསུམ་ལ་སོགས་པ་མང་དུ་བྱོན་ཏེ། ཀ་བ་བཞི་པོ་ནི། དང་པོ་དགེ་བཤེས་ཁྱུང་པོ་གྲགས་སེའི་གྲ་པ་མཚན་ཉིད་པ་ཆེན་པོ་བློ་གྲོས་ཤིན་ཏུ་རྣོ་བ་ཡིན། བདེ་གཤེགས་རྒྱ་བོ་པ་དང་དགེ་བཤེས་ཀྱུང་པོ་གཉིས་ཉང་རོང་ཡོན་བདག་ཅིག་གིས་གདན་དྲངས་ཏེ་འཛོམས་པའི་དུས། ཁྱུང་པོས་ཁོང་བཞི་བཏང་ནས་ཟུར་ཆུང་བ་བྱ་བའི་ཆོས་ལོག་མཁན་འདི་སུན་ཕྱུང་ལ་ཤོག ཅེས་བསྒོས་པས་བཞི་པོས་ལྷ་རྗེའི་སྤྱན་སྔར་ཕྱིན་ཙ་ན། ཟུར་ཆུང་པ་ཐུལ་པ་ཕྱི་ནང་ལྡོག་ནས་བཞེས་ཏེ་འདུག །དེར་གཅིག་གིས། པགས་པ་ཕྱི་ནང་སློག་པའི་གོས་འདི་གང་གི་ཆོས་ལུགས་ཡིན་ཟེར། པགས་པ་དང་པོ་ནས་འདི་ལྟར་ཡོད་པས་ཕྱི་ནང་མ་ལྡོག །ཕྱི་ནང་འཛོལ་བ་ཁྱེད་རང་གི་ཅོས་ཡིན་མོད་གསུངས། གཅིག་གིས་འོ་ན་(སྟོད་ཆ།༤༢༧)ཆོས་གཏམ་བྱའོ་སྨྲས་པས། ཆོས་ཀྱི་ངོ་བོ་བརྗོད་མེད་མཐའ་བྲལ་ལ་ཆོས་གཏམ་ག་ན་ཡོད་གསུངས། དེར་སྐྱོ་སྟོན་གྱིས་དྲིས་པ། འོ་ན་ཁྱེད་རྫོགས་པ་ཆེན་པོ་བའི་ལུགས་ཀྱི་སྒོམ་ལ་གཙོ་བོར་བྱེད་པ་ལགས་སམ་བྱས་པས། ང་མིགས་པ་གང་ལ་གཏད་འདུག་གསུངས། འོ་ན་མི་སྒོམ་པ་ལགས་སམ་བྱས་པས། ང་གང་ལ་ཡེངས་འདུག་གསུངས་པས་སྤོབས་པ་ལེན་མེད་དུ་སོང་། ཡང་གླན་སྟོན་ཤཱཀ་བཟང་གིས་དྲིས་པ། ཁྱེད་གསང་བ་སྒྱུ་འཕྲུལ་བའི་ལུགས་ཀྱིས་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་འདོད་པ་ལགས་སམ་བྱས་པས། ཡུལ་བེམ་པོ་རང་རྒྱུད་དུ་སྣང་བའི་མངོན་སུམ་གྱི་ཚད་མ་སུས་འགེགས་གསུངས། འོ་ན་མི་འདོད་པ་ཨེ་ཡིན་བྱས་པས། སེམས་ཅན་གྱི་མ་དག་པའི་འཁྲུལ་སྣང་རང་རྒྱུད་པ་སྦྱོང་ཕྱིར། མདོ་རྒྱུད་ཀྱི་དགོངས་པ་དག་འགལ་བར་སུས་ནུས་གསུངས་པས། ཁོང་བཞིའི་བརྒལ་བརྟག་གི་རིག་པ་རྣོན་པོའི་ཚིག་གི་ཚོགས། དོན་གྱི་མཐུ་ཆེ་བའི་ལན་སྒྲ་གཅན་གྱི་ལག་པ་ལྟ་བུས་རྣམ་པར་བཀབ་ཅིང་། སྙིང་རྗེ་ཆེན་པོའི་གཞན་དབང་གི་སྡེར་མོས་བརྫིས་པས། འདི་ལྟར་ལས་འཕྲོ་སད་པའི་གང་ཟག་ནི་སློབ་དཔོན་དཔའ་བོ་འཕགས་པ་ལྷའི་གདུལ་ཞིང་དུ་གྱུར་པ་ལྟ་བུ་སྟེ། འདི་སྐད་དུ། ཀྱེ་མ་ཐེག་པ་ཆེན་པོའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ་འདི་ལྟ་བུའི་བཤེས་གཉེན་ནི་རྙེད་པར་དཀའོ། །འོན་ཀྱང་ད་ལྟ་དངོས་སུ་ཕྱིན་ན་སློབ་དཔོན་མི་དགྱེས་སོ། །སང་ཕོད་ཐབས་ཀྱིས་རྟོག་གེ་ངན་པའི་སློབ་དཔོན་དང་བྲལ་བར་་བྱས་ལ། རྣལ་འབྱོར་གྱི་དབང་ཕྱུག་སྲིད་པའི་དྲ་བ་གཅོད་པའི་མཚོན་ཆ་རྣོན་པོའི་དཔལ་དང་འགྲོགས་པར་བགྱི་བ་ལ་གདོན་མི་ཟ་(སྟོད་ཆ།༤༢༨)བའི་དམ་བཅའ་ལྷུར་ལེན་ཏོ་ཞེས་མནའ་ཐོས་བཅད་ནས་དེངས་སོ། །དེ་ལྟར་དེངས་པའང་མེ་ཏོག་ཟས་ཅན་པདྨའི་ཚལ་ལ་བྱ་བ་བཞིན་དུ་སང་ཕོད་ལས་འཕྲོ་དང་སྨོན་ལམ་བཟང་པོའི་གཤོག་པ་ལ་བརྒྱང་སྟེ་དེ་གཤེགས་རྒྱ་བོ་པའི་ཆོས་གྲྭ་མ་ལ་ཡའི་ནགས་ཀླུང་ཆེན་པོར་ལྷགས་པ་ལས་ཀ་བ་བཞི་བུང་བ་ཡིན་ནོ། དེར་ཁོང་བཞི་པོས་ཁྱུང་པོའི་དྲུང་དུ་ཕྱིན་ཙ་ན། ཁྱེད་ཚོས་ཟུར་ཆུང་བ་སུན་ཕྱུང་ངམ་ཟེར། སུན་འབྱིན་ཕྱིན་པ་མི་གདའ་བྱས་པས། ཕྲག་དོག་གི་འཐོར་རླུང་དྲག་པོས་ཡིད་རྣལ་དུ་མི་ཕེབས་པ་ཙམ་དུ་གྱུར་ནས་ཟུར་ཆུང་པ་འདྲ་བའི་ལྟ་བ་ངན་པ་ཅན། སྐྱེ་བོ་ཐམས་ཅད་ལོག་པའི་ལམ་དུ་འཁྲིད་པ་འདི་བསད་ན་སངས་རྒྱས་ངེས་ཟེར་རོ། །དེ་ཟུར་པའི་གྲྭ་པ་དག་གིས་ཐོས་ནས་སྙན་དུ་གསོལ་བས། རྒྱུད་རང་བཞིན་གྱིས་གྲོལ་བའི་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་རྣམ་པར་རྟོག་པ་མེད་པས་ཅག་མི་གསུང་བས་ལན་བཏབ། ནང་བར་ཆོས་ཁྲིའི་ཁ་ན་བཞད་ཅིང་འདུག བླ་མ་ཅི་ལ་དགྱེས་ཞུས་པས། ཆོས་བྱ་བ་ངའི་ཐེག་པ་ཆེན་པོ་གསང་སྒགས་འདི་ཡིན་པ་འདུག །སྒྲོལ་བ་ལ་བརྟེན་ནས་སངས་རྒྱས་པར་འདོད་པ་འདི་གསང་སྔགས་ཀྱི་ལུགས་ཡིན། མཚན་ཉིད་པ་ལ་མེད་སྙམ་ཙ་ན། ཟུར་ཆུང་པ་ལྟ་བུ་བསད་ན་སངས་རྒྱས་གསུངས་ནས་ཁྱུང་པོ་གྲགས་སེ་ལྟ་བུའི་མཚན་ཉིད་པ་ཆེན་པོ་ཡང་བློ་ཕུགས་ངའི་ཆོས་ལ་གཏོད་པ་འདུག་པས། ང་དགའ་བ་ཞིག་བྱུང་གསུངས་སྐད། དེ་ལ་སེམས་ཕྱོགས་ཀྱི་ཀ་བ་གུང་བུའི་སྐྱོ་སྟོན་ཤཱཀ་ཡེས། མདོའི་ཀ་བ་སྐྱིད་ལུང་གི་ཡང་ཁེང་བླ་མ། སྒྱུ་འཕྲུལ་གྱི་ཀ་བ་ནུ་བར་གྱི་གླན་ཤཱཀྱ་བཟང་པོ། ཕྱིན་སྒྲུབ་ཀྱི་ཀ་བ་ནག་མོ་རིའི་འདའ་ཏིག་ཇོ་ཤཱཀ་གོ །ཡང་མ་ཐོག་བྱང་འབར་དང་བརྒྱུད་པ་ལྔ་(སྟོད་ཆ།༤༢༩)ཞེས་ཀྱང་གྲགས། གདུང་བརྒྱད་ནི་མ་ཐེག་པ། སྐྱོ་སྟོན་ཆོས་སོང་། གླན་ཤཱཀྱང་བྱང་ཆུབ། རྩགས་ཤཱཀ་རིངས། གནུབས་སྟོན་བག་མ། དབུས་པས་ཐོར། ཤུ་སྟོན་ཟླ་གྲགས། རྩེ་སྟོན་བྱང་དཔལ་དང་བརྒྱད་དོ། ཡང་འ་ལ་གཟི་ཆེན། ནལ་སྣ་སྙིང་པོ། རམ་སྟོན་རྒྱལ་བ་གསུམ་དྲངས་པའང་ཡོད། སྒོམ་ཆེན་མི་གཉིས་ནི། འབའ་སྒོམ་དིག་མ་དང་། བོན་སྒོམ་དོ་བའོ། ཡུལ་པོ་ཆེ་ནི་ལས་སྟོད་ཀྱི་ཟི་སྟོན་བསོད་རྒྱལ་ལོ། སྟ་གུ་ར་མི་གཉིས་ནི། ཞང་སྟོན་སྔགས་སེ་དང་། ཁྱུང་པོ་གྲགས་སེའོ། ཕྱམ་དྲལ་ལ་སོགས་ཏེ་དཀྱུས་མའི་ཡིད་སྨོས་མ་འཚལ་ལོ། གོ་མ་ཆོད་མི་གསུམ་ནི། མགོ་བྱ་ཚ། མིག་ཆུང་དབང་སེང་། འགོས་ཆུང་དབང་དེ་གསུམ་མོ། དེ་ལ་བླ་མ་ཟུར་ཆུང་བ་བྲག་རྒྱ་བོར་ལོ་ཉི་སུ་རྩ་བཞི་སྒྲུབ་པ་ཐུན་གཅིག་ལ་བཞུགས་ནས་འཇའ་ལུས་སུ་གཤེགས་པའི་དགོངས་གཏད་ཡོད་པ་ལ་སྐུ་མཚམས་ཐོན་དགོས་པའི་རྐྱེན་གཉིས་བྱུང་བས། ལོ་རིལ་པོ་བཅུ་གསུམ་དང་ངོ་གཅིག་སྟེ་བཅུ་བཞི་བཞུགས། འདིའི་སྐབས་ཤིག་ན་ཉེ་གནས་ཀྱིས་ཀྱང་སྐུ་ལ་བཅར་དུ་མེད་པར་རྒྱུན་རིང་བར་བཞུགས། རེ་ཞིག་ན་དུད་པ་དང་ལྡབ་ལྡིབ་ཙམ་ཡང་མ་བྱུང་། སྐུ་ལ་སྙུན་པ་མི་མངའ་འམ་སྙམ་ནས་ཉེ་གནས་ཀྱིས་བསྟར་ཕྱིན་ཙ་ན། ཞལ་དང་ཤངས་ལ་སྡོམ་ཐག་བྲེང་གེ་འདུག །བླ་མ་གྲོངས་སྙམ་ནས་ངུ་ཤོར་བས་དགོངས་པ་གྲོལ། བླ་མའི་ཞལ་ནས་ང་དེའི་གང་ལ་བཟང་ན་མགོ་ལ་ཐོད་པ་མི་འགེལ་པ་ཞིག་ཡོང་བ་ཡིན་ཏེ། ད་སྐྱེ་བ་གཅིག་ལེན་པར་འདུག་གསུངས། དེ་ས་སྐྱ་ལོ་ཆེན་ཡིན་ཟེར། འདི་ནི་ཆོས་ཉིད་ཅིག་ཅར་དུ་ཟད་ནས་ཕུང་པོ་རྡུལ་ཕྲན་དུ་མ་དེངས་ཙམ་པའི་ལམ་རྟགས་སུ་སྣང་། ཡང་ནང་གཅིག་(སྟོད་ཆ།༤༣༠)ཚ་བའི་སྟ་གོན་གྱིས་ཤིག་ད་རེས་ལོ་མའི་ཚོད་མ་བྱའོ་གསུངས། ཉེ་གནས་ཀྱི་ཆུ་ཁོལ་མ་ཁོལ་བ་ལ་བླ་མས་ཆོད་མ་བསྣམས་བྱུང་། ངས་འུག་པ་ལུང་འཁོར་བས་ཁྱོད་ཆུ་མི་ཁོལ་བ་ཅི་ཡིན་གསུངས་ཀུ་རེ་ཡིན་ནམ་ཞུས་པས། ཟུར་པོ་ཆེས་གནང་བའི་གསོལ་རས་ཤིག་ཡོད་པ་ཉེ་གནས་ལ་གནང་བས། ཁོ་ཡིད་ལྷག་པར་ཆེས། ངའི་བླ་མ་རླུང་སེམས་ལ་རང་དབང་ཐོབ་ངེས་ཡིན་སྙམ་པའི་མོས་གུས་སྐྱེས་སོ། །དེ་ལ་དགོན་པ་ནས་འབྱོན་པའི་རྐྱེན་གཅིག་ནི། གོ་མ་ཆོག་མི་གསུམ་གྱིས་བསྟན་པ་མ་འཁྱོངས་ཏེ། མགོ་བྱ་ཚས་ཐབས་ལམ་གྱི་རྒྱབ་ཏུ་མ་རྒྱུད་དགོས་ཟེར་འགོས་ཁུག་པའི་རྩ་སོང་། མིག་ཆུང་དབང་སེང་ན་རེ། དཀྱིལ་འཁོར་ཕྱིར་འདོན་པ་ལ་རྒྱབ་ཏུ་ཡོ་ག་དགོས་ཟེར་ནས་སུམ་པ་ཡེ་འབར་གྱི་རྩར་སོང་། འགོས་ཆུང་དབང་ངེས་གཞི་ལམ་གྱི་གྲུབ་མཐའི་རྒྱབ་ཏུ་ཚད་མ་དགོས་ཟེར་སྤང་ཀ་དར་ཆུང་བའི་རྩར་སོང་ངོ་། དེ་དག་ནི་གསང་བ་སྙིང་པོ་ལ་ལམ་ཐབས་གྲོལ་གཉིས་ཀ་ཡོད་དེ་མ་རྒྱུད་ཀྱི་མཚན་ཉིད་མ་ཕྱེད། དཀྱིལ་འཁོར་རང་ས་ནས་ཐོན་པ་ལ་མིག་ལྟག་ཁུང་དུ་འཆུས། ཚད་མ་ཚིག་གི་གྲུབ་མཐའ་ཡིན་ཏེ་གཞི་ལམ་ཐོག་མི་ཕེབས་པ་མ་གོ། རྒྱུ་དེས་གོ་མ་ཆོད་མི་གསུམ་གྱིས་བཤད་པ་མ་འཁྱོངས་པས་སྐུ་མཚམས་ལས་ཐོན་དགོས་པ་བྱུང་། རྐྱེན་གཅིག་ནི། སྒྲོ་ཕུག་ལྷ་ཁང་གི་མཇུག་སྐྱོང་དང་། རབ་གནས་མ་གྲུབ་ཙམ་ལ་རྒྱལ་བ་ཟུར་པོ་ཆེ་སྐྱེ་བ་མ་སྤངས་པར་ཟུར་འཇུག་གི་གྲུབ་མཐའ་སྙོགས་པར་བཞེད་ནས་ངའི་ལག་རྗེས་འདི་ཁྱོད་ཀྱིས་སྐྱོངས་ཤིག་ཅེས་བླ་མའི་བཀའ་བྱུང་ནས་བྱོན་པ་ཡིན་ནོ། དེ་ལྟར་བདེ་གཤེགས་ཟུར་ཆུང་པ་ཕྲིན་ལས་རྒྱས་པའི་དུས་ན། བོད་ཀྱི་སྔགས་པ་ཚོགས་ཚད་ཀྱིས་ཕྱག་མི་བྱེད་པ་དང་། གྲལ་གོང་དུ་འགྲོ་བ་མེད་(སྟོད་ཆ།༤༣༡)པས། འགོས་ལོ་ཙཱ་བས་གཞན་རྣམས་ལ་ཕྱག་མི་འཚལ་བ་དང་། གྲལ་ཞབས་སུ་མི་བསྒྲིལ་བའི་ཁྲིམས་བཅས་མོད། །ནམ་ཞིག་ཤངས་སུ་སྟོན་མོ་ཆེན་པོ་ཞིག་ལ་ཐམས་ཅད་ཚོགས་པ་ན། ཟུར་ཆུང་པ་གྲལ་འགོ་ན་བཞུགས་པའི་སྤྱན་སྔར་འགོས་ཀྱིས་སླེབས། དེའི་ཚེ་འདི་ལྟར་ཚིག་ལ་མཁས་ཤིང་ཉོན་མོངས་ལ་གྲིམས་པའི་བཤེས་གཉེན་ཆེན་པོ་དག་གིས་དགོངས་པ་སངས་རྒྱས་དང་མཉམ་པའི་རྣལ་འབྱོར་གྱི་དབང་པོ་དག་གི་ཟིལ་བཟོད་པ་མ་ཡིན་པས། ལྔ་སྡེ་བཟང་པོའི་ནང་ཁྲིམས་བཞིན་རང་དབང་བརྟེན་པ་བྲལ་བའི་འདུ་བྱེད་རྟབ་རྟབ་པོར་གྱུར་ནས་ཕྱག་མི་བྱེད་པའི་དམ་བཅའི་རི་མོ་རྗེས་ཤུལ་ཙམ་ཡང་མེད་པར་ཟུབས། ཡན་ལག་ལྔའི་འཁྲི་ཤིང་ས་ལ་འབྱར་བ་བཞིན་གྱུར་པས་ཀུན་ཀྱང་ཕྱག་བྱེད་པ་ལ་མངོན་དུ་ཕྱོགས་སོ། དེར་སྟོན་མོ་ཕྱེས་ཙ་ན་གཞན་དག་ན་རེ། ཟུར་ཆུང་པ་ལ་ཕྱག་མི་བྱེད་པའི་དམ་བཅའ་རང་རེས་མཛད་པ་ལ་སྔོན་ལ་ཉིད་ཀྱིས་མཛད་པ་ཅི་ཡིན་དྲིས་པས། ཁོའི་དྲུང་དུ་ཕྱིན་ཙ་ན་བཅོམ་ལྡན་འདས་དཔལ་ཆེན་པོའམ་དེ་འདི་དག་ཡིན་པར་འདུག་སྙམ་པ་ལས། མི་ཡིན་པའི་འདུ་ཤེས་མ་སྐྱེས་གསུང་སྐད། ལར་རྫུ་འཕྲུལ་ཤིན་ཏུ་ཆེ་བས་ཉི་ཟེར་ལ་བྱོན་བཞུད་མཛད་པར་གྲགས་ཏེ། འུག་པ་ལུང་ཤ་ཆོས། སྒྲོ་ཕུག་ཏུ་གུང་ཆོས། བྲག་རྒྱ་བོར་དགོང་ཆོས་ཏེ་འགྱང་ཁ་ཤིན་ཏུ་ཆེ་སར་ཉི་མ་རེ་ལ་ཆོས་ཐུན་གསུམ་རེ་འཆད། དེ་བཞིན་དུ་ལྷ་ཟེར་མོར་མཁའ་འགྲོ་མ་རྣམས་བྲོ་བརྡུངས་མཛད་པ་གཟིགས་པས་རྐྱེན་བྱས་མཁའ་འགྲོ་ལས་ལ་བཀོལ་ནས་མཆོད་ཁང ་ཀ་བ་བདུན་དང་། ཁྱད་འཕགས་གཉིས་ཏེ་དགུས་བཏེག་པ་ཞིག་བཞེངས་པས་མཁའ་འགྲོ་ལྷ་ཁང་དུ་གྲགས། སངས་རྒྱས་བཞི་བཅུ་རྩ་གཉིས་དང་། བཀའ་སྲུང་ལེགས་ལྡན་ལྡེ་(སྟོད་ཆ།༤༣༢)གུར་བཞེངས། དཀྱིལ་འཁོར་རྒྱས་བསྡུས་གཉིས་ལོགས་ལ་བྲིས། རབ་ཏུ་གནས་པའི་ཚེ་ལེགས་ལྡན་གྱི་སྐུ་ལ་ཕུ་དུང་གི་ལྕག་བྲབ་ཅིང་སངས་རྒྱས་ཀྱི་བསྟན་པ་ཨེ་བསྲུང་གསུངས་པས་དབུ་གུག་གུག་པ་བྱུང་། དཀོན་མཆོག་གི་དབུ་འཕང་ཨེ་བསྟོད་གསུངས་པས་མཆུ་ལྷབ་ལྷེབ་པ་བྱུང་། དེ་བཞིན་དུ་དཔལ་ཆེན་པོ་ཞལ་གཟིགས་པའི་ཞབས་གཡོན་བཞག་པར་ཡག་དག་གི་ལྷ་ཁང་བཞེངས། མ་ཐོག་བྱང ་འབར་གྱི་ལྷ་ཁང་ལ་ཤིང་གཉན་ཁྲག་ཏུ་འཛག་པ་གཅོད་དུ་སྩལ་ནས་ལྷ་ཁང་འབྱོངས། དེ་ཉིད་ཀྱི་མིང་པོ་ཀ་བ་བཞིའི་གྲས་མདའ་ཏིག་ཆོས་ཤཱཀ་ལ། ཁྱོད་ཀྱི་སྲིང་མོ་འདི་བདག་གིར་རུང་ངམ་ཞེས་གསུངས་པས། མདའ་ཏིག་ངན་རེ། བཀའ་བཞིན་འཚལ་ཞེས་དེའི་ལག་པ་ན་རྡོ་རྗེ་དྲིལ་བུ་བཞག་སྟེ་འདི་གཞན་ལ་མ་རྒྱུད་པར་བླ་མའི་ཕྱག་ཏུ་ཕུལ་ཞིག་པར་བསྒོས་པས་རྟེན་འབྲེལ་ཆེན་པོ་འགྲིག །དེ་ཁབ་ཏུ་བཞེས་པ་མ་ཡིན་པས་གྲྭ་པའི་ཚོགས་ཀྱང་སྡང་བཞིན་འདོན་པར་བརྩམས་པ་ན། སྐྱོ་སྟོན་ཤཱཀ་ཡེ་ན་རེ། འདིའི་སྲིན་ལག་ལ་བསྟན་པའི་གཙོ་བོ་གཅིག་འདུག་པར་རྨིས་པས། རིགས་སྲས་འདྲ་མཐོང་ན་བསྟན་པར་ཕན་སྲིད་ཀྱི་ཞོག་གསུངས། དེ་བཞིན་དུ་ཀ་བ་གཞན་རྣམས་ལའང་སངས་རྒྱས་ཀྱི་སྐུ་དང་། གསེར་གྱི་རྡོ་རྗེ་སོགས་ཇོ་མོ་ལ་ཐིམ་པར་རྨིས་པས་བཞག་གོ། དེ་ལ་རྡོག་ལོ་ཆེན་པོའི་བཅུ་དྲུག་པ་ཤིང་ཕོ་སྟག་ལ་སྒྲོ་ཕུག་པ་སྐུ་བལྟམས། དེར་བླ་མའི་ཞལ་ནས་ངའི་བུ་འདི་ལྷུམས་སུ་འཇུག་པའི་ཚེ་ཕྱག་ན་རྡོ་རྗེ་ཐིམ་པའི་མཚན་མ་ཡོད་པ་ཡིན་པས་འགྲོ་བ་ལ་ཕན་པ་ཞིག་འོང་གསུངས་ནས། མཚན་ཤཱཀྱ་སེང་གེར་བཏགས། ཡབ་ཀྱིས་སྤོང་ངག་བྱས་ནས་ཅི་ཡང་མེད་པ་དང་ཐུག་པས། ཡུམ་ན་རེ། ཁ་སེང་ནས་བུ་སྐྱེ་བ་ནི་ཐུགས་ལ་མངའ། རྐན་མར་ཙམ་ཡང་མི་འཇོགས་ཟེར་བ་ལ། ཁོང་ལ་བསོད་ནམས་ཡོད་ན་ངས་མ་བཞག་ཀྱང་འོང་། དེ་མེད་ན་བཞག་ཀྱང་མི་ཕན་(སྟོད་ཆ།༤༣༤)གསུངས་ཁང་ཐོག་ན་བཞུགས་ཙ་ན། བཙུན་མ་ཕྱུག་མོ་ཞིག་གིས་ནས་རྒྱབ་མང་པོ་དང་། མར་ཕོན་ཆར་ཕུལ། མདོ་ཁམས་ནས་འབུལ་སྐྱེལ་ལྷགས་པས། འདི་ལ་བསོད་ནམས་ཀྱང་འོང་། འགྲོ་བ་ལའང་ཕན་གསུངས། ཟླ་བ་བརྒྱད་ན་ཡབ་གཤེགས་པས། ཡུམ་དང་ཞང་པོས་བསྐྱངས་ནས་མདའ་ཕུར་ལོ་བཅོ་ལྔ་བཞུགས། དེ་ནས་ཆུ་བུར་དུ་གླན་ཤཱཀྱ་བཟང་པོའི་དྲུང་དུ་བྱོན་ནས་གསང་བ་སྒྱུ་འཕྲུལ་དང་། སྐྱིད་ལུང་དུ་ཡང་ཁྱེང་གི་སར་ཡང་བྱོན་ནས་ ཆོས་གསན། དགུང་ལོ་བཅུ་དགུ་པ་ལ་ཆེ་འདོན་མཛད་པས་ཕྲིན་ལས་ཤིན་ཏུ་རྒྱས་ཏེ་བསླབ་གཉེར་གཡེལ་བ་བྱུང་། དེར་སྐབས་བཙལ་ནས་གོང་བུར་སྐྱོའི་རྩར་ལོ་གཅིག་བྱོན། དེ་ནས་སླར་ཕྲིན་ལས་ཆེར་རྒྱས་ཏེ་གཞན་དུ་བཞུད་པའི་སྐབས་མ་བྱུང་། བླ་མ་མཁས་གྲུབ་ཀྱི་ཚོགས་ཚུར་སྤྱན་དྲངས་ནས་སློབ་གཉེར་རྫོགས་པར་མཛད། ཁྱད་པར་ཀ་བ་བཞི་ལས་ཡབ་ཆོས་མདོ་རྒྱུ་སེམས་གསུམ་རྒྱུན་མན་ངག་ཕྲིན་སྒྲུབ་ཕྱག་བཞེས་དང་བཅས་པ་ཡོངས་སུ་རྫོགས་པར་གསན་ཅིང་ཁྱད་པར་དུ་ཞང་པོ་མདའ་ཏིག་ལས་མདོའི་སྐོར་ཞིབ་པར་བརྙེས། གླན་ཤཱཀྱ་བྱང་ཆུབ་ལས་རྫོགས་ཆེན་སྐོར་ལུགས། ལྷ་རྗེ་ཤངས་ནག་ལས་རྫོགས་ཆེན་བརྒྱུད་པ་ཐ་མ་སོགས་མདོར་ན་བླ་མ་མང་པོ་ལས་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད། རང་གི་གྲུབ་མཐའ་གསན་པའི་འབུལ་བ་རྒྱ་ཆེན་པོས་ཐུགས་ཟིན་པར་མཛད། ཉ་རི་སྒྲོ་ཕུག་ཏུ་སྒྲུབ་པ་ཡུན་རིང་དུ་མཛད་པས་བསྐྱེད་རྫོགས་ཀྱི་གནས་ལ་མན་ངག་གི་རྒྱུད་ནས་གསུངས་པའི་གཟེར་བཞི་ཐེབས། ཡི་དམ་ལྷའི་སྐུ་གསུང་ཐུགས་དང་ཐ་དད་མེད་པར་འདྲེས་པས་(སྟོད་ཆ།༤༣༥)སྐུ་གཞོན་ནུ་ནས་གཟི་བྱིན་ཤིན་ཏུ་ཆེ་སྟེ་ཐམས་ཅད་ཟིལ་གྱིས་གནོན་ནུས། རེ་ཞིག་ན་དམ་པ་སངས་རྒྱས་དིང་རི་ན་བཞུགས་པ་དཔོན་སློབ་ལྔས་མཇལ་དུ་བྱོན། ཕེབས་རྒྱུའི་ཉིན་དམ་པའི་ཞལ་ནས་དེ་རིང་ཕྱག་ན་རྡོ་རྗེའི་སྤྲུལ་པ་འབྱོན་པ་ཡོད་ཀྱི་བསུ་བ་གྱིས་གསུངས། དར་གདུགས་ལ་སོགས་བཤམས་པས། ཉི་མ་རྒས་སུ་ཆ་ཙ་ན་སྔགས་པ་དཔོན་སློབ་ལྔ་བྱུང་། །གཞན་སུ་ཡང་མི་གདའ་ཞུས་པས། དེ་ཀ་ལ་བསུ་བ་གྱིས་གསུངས། དེར་ལྷ་རྗེ་སྒྲོ་ཕུག་པས་དམ་པ་ལ་མངོན་མཁྱེན་ཨེ་འདུག་ལྟ་ཡི་གསུངས་ནས་སློབ་མ་ཞིག་ཉིད་དུ་རྫུར་བཅུག་ནས་སྔོན་ལ་བཏང་། ཁོ་རང་ཕྱི་ན་ཞབས་འབྲིང་པ་ལྟར་བྱས་པས། དམ་པས་སྒྲོ་ཕུག་པའི་མགུལ་ན་ཝ་བ་ཡོད་པ་ལ་གཟིགས་ནས། ཕྱག་སྣ་ཝ་བ་ཅན་གྱིས་དྲངས། དཔོན་སློབ་གོ་མ་ལོག་པ་བཟང་གསུངས་པས་མོས་གུས་ཆེན་པོ་ཐོབ། ཆོས་ཀྱི་བདུད་རྩིའང་ནོད། དམ་པའི་ཞལ་ནས་སྒྲོ་ཕུག་པ་ལ་འདི་བསྟན་པའི་སྤྱི་དཔལ་ཆེན་པོར་འགྱུར་ཞེས་དབུགས་འབྱིན་མཛད། ཡང་རེ་ཞིག་ན་ཕྱག་རྡོར་གྱི་བྲིས་སྐུ་བྱེད་པའི་འབྲི་བཀོད་ཀྱི་ཚེ། ལྷ་བྲིས་པ་ལ་ཁྱེད་རག་འདི་འདྲ་བ་ཞིག་བྲིས་ཞེས་ཕྱག་ན་རྡོ་རྗེའི་སྐུ་དངོས་སུ་བསྟན་པ་སོགས་རྒྱུ་མཚན་དུ་མའི་སྒོ་ནས་དཔལ་གསང་བའི་བདག་པོ་བྱང་ཕྱོགས་ཀྱི་རྒྱུད་འདིར་གསང་སྔགས་ཀྱི་བསྟན་པ་རྒྱས་པར་མཛད་པ་ལ་བྱོན་ནོ་ཞེས་གྲགས། སྤྱིར་གདུལ་བྱའི་ཚོགས་དཔག་ཏུ་མེད་ལ། ཁྱད་པར་སློབ་མ་དགེ་བའི་བཤེས་གཉེན་ཆེན་པོ་གྲ་ས་འཛིན་ཅིང་བསྟན་པ་སྐྱོང་བ་གདུགས་ཐོགས་པ་སྟོང་ཐོན་པས་རིང་མོའི་མཐར་ཡང་ཕྲིན་ལས་བསམ་གྱིས་མི་ཁྱབ། སྒྲོ་ཕུག་ཏུ་ཆོས་གསུང་བའི་དུས་ཤིག་ཆོས་ཁྲི་རྒྱབ་ཡོལ་མེད་པ་ཞིག་ལ་བཞུགས་ཏེ་མཐའ་སྐོར་ཐམས་ཅད་གྲ་པས་བསྐོར་(སྟོད་ཆ།༤༣༦)ནས་ཡོད་པ་ལ། ཕྱོགས་ཐམས་ཅད་དུ་ཞལ་ཐལ་ལེ་བར་བྱུང་བས་རྡོ་རྗེ་སེམས་དཔའ་རྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་གྱི་བདག་པོའི་ཞལ་སྐྱིན་མངོན་སུམ་པར་ཡིད་ཆེས་ཤིང་སྤྲུལ་པའི་སྐུར་རྩོད་པ་མེད་པར་གྲགས། དབྱར་ཆོས་དགུན་ཆོས་ཀྱི་དུས་ཕྱོགས་རེ་ན་མར་དཔེ་འགྲེམས་ལྔ་བརྒྱ་ཙམ་རེ་དང་། སྟོན་ཆོས་དང་དཔྱིད་ཆོས་ཀྱི་དུས་སུམ་བརྒྱ་ཙམ་ཡོད་ཅིང་། སྤྱིར་ཁྲི་ཕྲག་ཏུ་ཐལ་བ་བྱུང་བས། ཆོས་སྒྲའི་གོ་ས་བདེ་དོག་ལའང་གསེར་ཞོ་རེའི་འཇལ་ལེན་བྱེད་པས་དར་རྒྱས་བྱུང་། མཁྱེན་རྩེ་ནུས་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་ཤིང་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་དོན་ལ་རང་བྱན་ཆུད་པ་ཙམ་གྱིད་ཆོས་སྤྱན་ཐོས་པས་གསང་བདག་སྒྲོ་ཕུག་པའི་བཤད་སྒྲོལ་ཞེས་དུས་ད་ལྡ་ལྡི་བ་བྱེད་པ་འདི་བྱུང་ཞིང་ཉི་ཟླ་ལྟར་གྲགས་པ་ཡིན་ནོ། །དེ་ལ་ཐུགས་ཟིན་གྱི་སློབ་མ་བཅུ་གཉིས་བྱུང་སྟེ། ནག་པོ་བཞི། སྟོན་པ་བཞི། མིས་བཞི་ལས། ནག་པོ་བཞི་ནི། ལྕེ་སྟོན་རྒྱ་ནག །ཟུར་ནག་འཁོར་ལོ། ཉག་ནག་མདོ་པོ། མདའ་ནག་གཙུག་ཏོར་དབང་ཕྱུག་གོ། སྟོན་པ་བཞི་ནི། ཉེ་སྟོན་ཆོས་སེང་། གྱབ་སྟོན་རྡོ་རྗེ་མགོན་པོ། ཞང་སྟོན། རྒྱ་སྟོན་བཞིའོ། མེས་བཟི་ནི། ཙངས་པ་བྱི་སྟོན། གཡུ་སྟོན་ཧོར་པོ། སྤང་སྟོན་ལྕཀྱུ། དབུས་པ་ཆོས་སེང་ངོ་། །འདྲེན་ཚུལ་འདི་ཟུར་སྟོད་ལུགས་སུ་གྲགས་ལ། སྨད་ལུགས་སུ་དེ་ལས་ཐ་དད་པའང་ཡོད། དེ་ལྟར་སྤྲུལ་པའི་སྐུ་གསང་བདག་སྒྲོ་ཕུག་པ་ཆེན་པོ་དེ་ཉིད་ཐ་མའི་མཛད་པ་སྟོན་པར་བབས་པའི་ཚེ། སྟོན་པ་བཞི་ལ་ཁྱེད་ཚོས་ཚོགས་འཁོར་གྱི་ཆ་རྐྱེན་འདྲ་ཁྱེར་ལ་ཤོག །ངས་ཀྱང་བསྡོགས་ཀྱི་གསུངས། སྟོན་པ་བཞིས་གསུངས་(སྟོད་ཆ།༤༣༧)བཞིན་དུ་བསྒྲུབས་པ་དང་། སྒྲོ་ཕུག་གི་ལྟག་ལྷ་རི་གདོང་གི་རྩེར་བྱོན་ནས་ཚོགས་འཁོར་རྒྱ་ཆེན་པོ་མཛད། གསུང་གི་གསང་བ་མང་པོ་རྗེས་སུ་བསྟན་ནས། ཁྱེད་རྣམས་ང་མེད་པ་ལ་མྱ་ངན་མ་བྱེད་ཅིག ངས་ད་རེས་ལུས་མ་སྤངས་པར་ཁྱེར་ནས་རིག་འཛིན་གྱི་ས་ལ་འགྲོ་བ་ཡིན། དེས་ཁྱེད་རྣམས་ལ་ཤུལ་དུའང་བཀྲ་ཤིས། མི་རྒྱུད་དང་བསྟན་པ་འཕེལ་བ་ཞིག་འོང་ངོ་གསུངས་ནས། དཔལ་གྱི་མགུར་ལས་རྡོ་རྗེའི་གླུ་ཞིག་བཞེངས། ནམ་མཁའ་ལ་ཇེ་མཐོ་མཐོར་འཕགས་ཀྱི་མགུར་རེ་བཞེངས་ནས་མཐར་མི་མངོན་པའི་སར་གཤེགས་པ་དང་། སྟོན་པ་བཞི་སྙིང་ཕྱུང་བ་ལྟ་བུའི་སྡུག་བསྔལ་གྱིས་མནར་ནས། ཆོ་ངེས་བཏབ། འགྲེ་ལྡོག་བྱས། མཚན་ནས་བོས་པས་བྱ་བབས་པ་བཞིན་དུ་བྱོན། ཁྱེད་རྣམས་དེ་ལྟར་མི་བྱེད་པ་ཡིན་ཏེ། ངས་གོང་དུ་ཁ་ཏ་ནི་ལེགས་པར་བཅུག །དེ་ལ་མི་ཉན་པར། ད་ངའི་མི་རྒྱུད་ལ་བཀྲ་ཤིས་པ་མི་འོང་གསུངས། དེ་ནས་ཕྱི་ལོ་དྲུག་ཅུ་རྩ་གཅིག་པ་ཤིང་ཕ་སྟག་ལ་འོག་མིན་ཚོགས་ཆེན་འདུས་པའི་གྲོང་ཁྱེར་དུ་གཤེགས་སོ། བུར་སྦྱོང་བའི་ཚེ་སྔགས་པ་གཞོན་མཛེས་གཅིག་གིས་རྟ་ངང་བཟང་གཅིག་ལ་དུང་གི་སྒ་རང་གུག་ངོ་མཚར་ཅན་བསྟད་པ་ཞིག་ཕུལ། དེ་འདི་ནས་བྱུང་དག་འདིར་སོང་སུས་ཀྱང་ངོ་ཤེས་པ་མ་བྱུང་བས་ལྷས་འདེགས་བསྐྱལ་བར་གྲགས། དེ་བཞིན་དུ་བཙན་དང་། མ་མོ་དང་། ཀླུ་རྣམས་ཀྱིས་ཀྱང་འདེགས་བསྐྱལ་ཏེ། མི་ལ་མེད་པའི་ནོར་སྣ་བཞི་བྱུང་བ་ཡིན་ནོ། འདི་ས་སྐྱ་བ་ཀུན་དགའ་སྙིང་པོ་ལས་ལོ་བརྒྱད་ཀྱིས་བགྲེས་པས་དྭགས་པོ་ལྷ་རྗེ་དང་། ཕག་མོ་གྲུབ་པ། བླ་མ་ཞང་། ཇོ་སྲས་འཛེད་སོགས་དང་ཐོག་རགས་པ་ཙམ་མཉམ་མོ། ཡང་བཱི་མ་ལའི་སློབ་(སྟོད་ཆ།༤༣༨)མ་རོང་ཆུ་ཚན་གྱི་དགེ་སློང་མ་སྒྲེ་མོ། དེའི་སློབ་མ་ལྷོ་བྲག་བྱ་ཟེའི་མར་པ་ཤེས་རབ་འོད། དེའི་སློབ་མ་ཤངས་ལྷ་བུའི་ལང་སྟོན་དར་མ་བསོད་ནམས། དེའི་སློབ་མ་ལྷ་རྗེ་ཧོར་པོ་སྟེ་སྒྲོ་ཕུག་པ་ཡིན་པ་སབི་མ་ལ་དང་གཉིས་ཀྱི་བར་ལ་བླ་མ་གསུང་ལས་མེད་དོ། དེ་ལ་སྒྲོ་ཕུག་པའི་སློབ་མ་ལྕེ་སྟོན་རྒྱ་ནག་ནི་འཁྲུངས་ཉང་སྟོད་པ་ཡིན། མཚན་ཉིད་ཀྱི་གྲྭ་ས་ན་ཕུ་བོ་གཉིས་སློབ་གཉེར་ལ་ཡོད་པའི་སར་རྒྱགས་བསྐྱེལ་དུ་བྱོན། ཞར་ཉན་བྱས་པས་ཁོང་གཉིས་ཀྱི་ཆེད་དུ་སྦྱངས་པ་ལས་ལྷག་པ་བྱུང་། དེར་རྒྱ་ནག་ན་རེ། ཁྱེད་གཉིས་ཀྱིས་ལོ་གསུམ་ཉན་ཀྱང་གོ་བ་ཅི་ཡང་མི་འདུག ངས་ཉན་ན་གོ་བ་འདུག་བྱས་པས། ཕུ་བོ་གཉིས་ན་རེ། ངེད་གཉིས་ལ་དེ་ལས་མ་བྱུང་། ཆོས་སུས་ཤེས་ཀྱང་འདྲ་ཡི་ཁྱོད་ཀྱིས་གོ་ན་ཁྱོད་རང་ཉོན། ངེད་ཀྱིས་རྒྱགས་སྐྱེལ་བྱེད་ཟེར་བས། དེར་ལྷ་རྗེ་རྒྱ་ནག་གིས་བཞུགས་ནས་ཁྱུང་པོ་གྲགས་སེ་ལས་ཕར་ཕྱིན། འབན་ལས་མངོན་པ། སྟག་པ་ཁ་ཆེ་ལས་དབུ་ཚད། འགར་བསོད་ཡེས་ཚེ་གསང་བདག་སྒྲོ་ཕུག་པ་ལ་སྔགས་གསན་དུ་བྱོན་ནས་ལོ་བཅུ་གཅིག་བཞུགས་ཏེ། ལོ་གསུམ་གྱི་བར་ཇོ་སྲས་ཉང་སྟོད་པ་གསུང་བ་ཙམ་ལས། སྤྱན་སྔར་གསུང་གླེང་ཞིབ་པ་ཙམ་མ་བྱུང་། སྐབས་ཤིག་ན་རྒྱ་བརྩོན་སེང་དཔོན་གཡོག་དང་ལྷ་རྗེ་ཆོས་འཁོར་སྟབས་གཅིག་ཏུ་འཛོམ་པའི་ཚེ། རྒྱ་བརྩོན་དཔོན་གཡོག་གིས་རྩོད་པ་བཙུགས་པས། ལྷ་རྗེ་རྒྱ་ནག་གིས་ཁོང་རྣམས་སུན་ཕྱུང་། ང་རྒྱལ་བཅགས་པས་མཉེས་ཏེ་ཐུགས་ལ་འདོགས་པར་བྱུང་བའི་ཁར། སྲས་རྗེ་བཙུན་རྡོ་རྗེ་གྲགས་བློ་ཁ་ཕྱེ་བས་(སྟོད་ཆ།༤༣༩)རབ་ཏུ་དགྱེས་ནས། བསྐྱེད་རྫོགས་གསུམ་གྱི་གཞུང་གདམས་ངག་དང་། ཁྱད་པར་གྱི་མན་ངག་ཡིག་ཆུང་དག་བཅས་པ་གནང་བས་ལྷ་རྗེ་ལྷ་ཁང་པ་ཟུར་ཚོ་གཞན་ལས་ཆོས་ཁ་ཚང་ཞིང་མན་ངག་ཟབ་པ་ཡིན། བཞི་བཅུ་ཐམ་པ་ལ་གཤེགས་བཙུན་མཛད། དེའི་ཕྱི་ལོ་སྒྲོ་ཕུག་པ་གཤེགས། ཉང་སྟོད་ཀྱི་རྒྱ་རྩང་སྐོར་ལས་བདུད་རྩི། ཉང་སྨད་སྒྲོ་དར་སེང་ལས་རྣམ་འཇོམས་དང་ཕུར་པ་རྩ་བ་སོར་བཞག་ལུགས། གཞན་ཡང་སྐྱི་ལུགས་ལ་སོགས་ཕུར་པ་ལུགས་ཐ་དད་པ་དང་། དམ་པ་སྤོར་མང་ལས་རྫོགས་ཆེན་སྤོར་ལུགས། ཇོ་མོ་ཉང་མོ་ལས་རྫོགས་ཆེན་ཁམ་ལུགས་ཨ་རོའི་ཐུགས་བཅུད། དེ་བཞིན་དུ་རྫོགས་ཆེན་བྲམ་ཟེའི་སྐོར་དང་ཀེ་ཚང་མ་ལ་སོགས་པ་ཐོས་པ་ཤིན་ཏུ་མང་བས་སྔགས་དང་མཚན་ཉིད་རྒྱུད་དང་སྒྲུབ་ཐབས་ཐམས་ཅད་ཀྱི་བདག་པོར་གྱུར། སྨན་སྒྲུབ་མཛད་པའི་ཚེ་སྨན་གྱི་ཕོ་བྲང་ལས་ལྷ་མོ་དངོས་སུམ་དུ་ཐོན་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ་ཐིམ་པ་ཀུན་གྱིས་མཐོང་། གཞན་དོན་རྒྱ་ཆེན་པོ་མཛད་ནས་ལྔ་བཅུ་རྩ་དྲུག་པ་ལ་གཤེགས་སོ། འདིའི་དབོན་པོ་བླ་མ་ཆེན་པོ་ཡོན་ཏན་གཟུངས་ནི། མེ་ཕོ་རྟ་ལ་འཁྲུངས། བཅུ་གཅིག་ནས་སློབ་གཉེར་མཛད། ལོ་བཅུ་གསུམ་ཕུ་བོ་དང་འགྲོགས་ནས་བསྐྱེད་རྫོགས་གསུམ་གྱི་རྒྱུད་ལུང་མན་ངག་ཀུན་ལ་སློབ་གཉེར་རྫོགས། ཉི་ཤུ་རྩ་བཞི་བཞེས་པའི་ཚེ་ཕུ་བོ་རྒྱ་ནག་པ་སྐུ་གཤེགས་ནས་གདན་ས་མཛད། དབུས་པ་སྟོན་ཤཱཀ་དང་། དབུས་པ་ཞིག་པོ་སོགས་ལས་ཐེ་ཚོམ་གྱི་དྲས་ཐག་བཅད་ནས་རང་གཞན་གྱི་དོན་མཛད་པ་ཡིན་ནོ། དབུས་པ་སྟོན་ཤཱཀ་གམ་དམ་པ་སེ་སྦྲག་པ་ནི། གཟད་ཀྱི་གཅེར་པ་(སྟོད་ཆ།༤༤༠)ཝང་ཐུང་རྒྱུད་ཅིང་། སྒྲོ་ཕུག་པའི་གྲྭ་སར་ཡི་གེ་འདྲིར་བྱོན་པ་ལ་དད་པ་ཐོབ་ནས་སློབ་གཉེར་བྱས། ལྷ་རྗེ་རྒྱ་ནག་གཤེགས་བཙུན་མཛད་པའི་ཕྱིར་འབྲེང་དུ་གཤེགས་ནས་རྒྱུད་དང་གདམས་ངག་ཐམས་ཅད་རྫོགས། སྒོམ་སྒྲུབ་འབའ་ཞིག་བྱ་བར་བསམས་ཏེ་བྱང་རི་ལ་དགོན་པ་འཚོལ་དུ་བྱོན་པས། ཡོལ་བ་བྲག་ལ་དམ་པ་ཡོལ་ཆུད་པ་བྲག་བརྐོ་བ་དང་མཇལ། འདིར་དགོན་པ་མཛད་པ་ལགས་སམ་བྱས་པས་ཡིན་ཟེར། འདི་མིན་པ་བྱ་ས་མི་གདའ་འམ་བྱས་པས། ཕར་ངོས་ན་སེ་བ་ཁ་སྦྲག་ཅན་ཞིག་ན་འདུག་སྟེ། དེ་བས་འདི་བཙན་པ་སའདིར་བྱེད་ཟེར། དེར་དམ་པ་སྟོན་ཤཱཀ་གིས་བྲག་སེ་བ་ཁ་སྦྲག་སྐྱེས་པ་དེར་བྱོན་ཙ་ན། ཆུ་མིག་འགྲམ་ནས་ཟན་རྡོག་འགའ་ཞིག་རྙེད་པས་བཟང་ལྟས་སུ་བཟུང་། དེར་བཞུགས་ཏེ་སྒོམ་སྒྲུབ་མཛད་པས་རྟོགས་པ་ཁྱད་པར་ཅན་སྐྱེས། ལྷ་འདྲེས་བཀའ་ལ་ཉན། གདུལ་བྱ་མང་པོའི་དོན་ནུས་པ་བྱུང་སྟེ་དམ་པ་སེ་སྦྲག་པ་ཞེས་གྲགས་སོ། དབུས་པ་ཞིག་པ་ནི། ཡར་ཀླུངས་བྱ་བ་པ་ཡིན། རྗེ་སྒྲོ་ཕུག་པའི་གདན་སར་ཡིག་མཁན་ཆོས་ལ་ཚུད་པ་ཞིག་སྟེ། ལྷ་རྗེ་རྒྱ་ནག་གི་ཕྱི་ལ་འབྲིངས། བསྐྱེད་རྫོགས་གསུམ་ཀ་ལ་འབྱོངས་པ་བྱས། ཡུལ་ལ་ཆེ་འདོན་ལ་འགྲོ་སྙམ་ཙ་ན། དེའི་ཆ་རྐྱེན་གདུགས་དང་། དུང་དང་། མཆོད་ཆ་སོགས་དགོས་པར་སེམས་ནས་དེ་དག་འདོན་པའི་ཕྱིར་བལ་ཡུལ་དུ་བྱོན། ལམ་དུ་བསམ་པ་ལ་ངས་ཆོས་དེ་ཙམ་ཤེས་ཀྱང་ཉམས་སུ་བླངས་རྒྱུ་ཞིག་མི་འདུག །ད་ལྟ་ཤི་ན་ཅིས་ཀྱང་མི་ཕན་གདགས་ངག་ཁོ་ན་ལ་བློ་གཏོད་དགོས་པར་འདུག་སྙ་ནས་སླར་ལོག་བླ་མའི་སྤྱན་སྔར་ཕྱིན་ནས་ཞུས་པས། སྙན་བརྒྱུད་རིན་པོ་ཆེའི་གདམས་ངག་གནང་། དེ་ལ་ཉམས་ལེན་མཛད་(སྟོད་ཆ།༤༤༡)ཀྱིན་བྱོན་པས། མང་ཡུལ་གུང་ཐང་དུ་རྟོལ་ཙ་ན་རྫོགས་པ་ཆེན་པོའི་ཡེ་ཤེས་བརྗོད་དུ་མེད་པ་ཞག་བདུན་དུ་ཤར། དེར་བལ་པོ་ནས་མཆོད་ཆ་བླངས། མང་ཡུལ་གུང་དུ་ལྡོགས་ཙ་ན། ཚད་པ་ཕྱི་ན་འབྲེངས་ནས་བསྙུན། །ད་མི་དགའ་བ་ཨེ་ཡིན་སྙ་ནས་བློ་ཐག་བཅད། ཀ་ཅ་རྣམས་གྲོང་དུ་བཞག རི་ལ་བྱོན་ནས་ཉམས་སུ་བླངས་པས་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པ་བྱུང་། སྔར་གྱི་བསམ་པ་དེ་དག་དགོས་མེད་འབའ་ཞིག་ཏུ་ཤེས་ནས་ཆེ་འདོན་གྱི་ཀ་ཅ་ཐམས་ཅད་གང་དགར་བསྒྱུར། མཉྫི་དང་ཏིང་བདུན་ཆ་གཅིག་ཡོད་པ་དེ་མཐོང་བ་དང་བླ་མའི་དྲིན་དྲན་ཏེ་ང་ལ་དགོངས་པ་འདི་འདྲ་འཆར་བ་ཡང་བླ་མའི་ཐུགས་རྗེ་ཡིན་པ་སའདི་ཙམ་ཞིག་བླ་མ་ལ་འབུལ་དགོས་སྙམས་ཁྱེར་ཕྱིན་པས། འདོད་པ་ཟད་པས་དེ་ཡག་ལམ་དུ་བསྐྱུར་འདོད་པ་བྱུང་སྟེ། ཡང་བླ་མའི་དྲིན་བསམས་ཏེ་བྱོན། ཡང་བླ་མའི་དྲིན་བསམས་ཏེ་བྱོན། ལྷ་ཁང་དུ་སླེབས་ཙ་ན་བླ་མའི་དྲུང་དུ་བསྐྱུར་ནས། ཏིང་བུ་ཁྱོད་ཀྱིས་ང་ཇི་ཙམ་ཞིག་བཅིངས་གསུང་སྐད། དེར་རི་འབའ་ཞིག་ལ་བཞུགས་ནས་ཉམས་ལེན་མཛད་པས། ཆོས་ཐམས་ཅད་བློ་ལ་འཆར་བ་དང་སྣང་བ་བདེན་མེད་དུ་བུན་ལོང་སོང་བས་རྦབ་ཀྱིས་མ་ཚུགས། གཡས་རུའི་ས་གོར་ཕུར་བཞུགས་པའི་ཚེ་གཟིམས་མལ་གྱི་སྟེང་དུ་ཐོག་བྱུང་ཡང་མ་གནོད། གཞན་གྱིས་ཐོག་བྱུང་ངམ་ཞུས་པས། ཐོག་གམ་དེ་བྱུང་གསུངས། མ་གནོད་དམ་ཞུས་པས་སྒྲ་གྲགས་སྟོང་དབྱེར་མེད་ཡིན། ཐོག་ལ་རང་བཞིན་ག་ལ་ཡོད་གསུངས་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་བཞུགས། སྒོམ་སྒྲུབ་འབའ་ཞིག་གི་ངང་ནས་མཚམས་འོག་ཏུ་གྲྭ་ས་ལོ་བཅོ་བརྒྱད་བསྐྱངས་དགུང་ལོ་བདུན་བཅུ་པ་གཤེགས་སོ། །དམ་པའི་སྐྱེས་བུ་འདི་ལ་སློབ་མ།(སྟོད་ཆ།༤༤༢) ཞིག་པོ་བདུན་རྩི། སྟོན་པ་བླ་སྐྱབས། དབུས་པ་ཇོ་བསོད། སྙིང་སྟོན་ཉི་མ་རྡོ་རྗེ་ལ་སོགས་པ་གཞུང་ལུགས་ལ་མཁས་པ་མང་དུ་བྱུང་། གཞན་ཡང་ལ་སྟོད་ཀྱི་མེས་སྟོན་མགོན་པོ་དང་། དཔྱལ་ཀུན་དགའ་རྡོ་རྗེ་ལ་སོགས་པས་ཀྱང་ཞབས་ལ་གཏུགས་སོ། །ཐུགས་ཀྱི་སྲས་ཞིག་པོ་བདུད་རྩི་ནི་ཡབ་མེས་ཀྱི་རིང་ནས་མཁས་པ་དང་། གྲུབ་པའི་དཔའ་བོ་བརྒྱུད་མར་བྱུང་བ་ལས་འདིའི་ཡབ་སངས་རྒྱས་དྭགས་ཆུང་སྟེ། དྭགས་པོ་རྒྱ་རས་ཀྱི་ཕྱི་ན་འབྲེངས་པས་དྭགས་ཆུང་་པར་གྲགས། དེས་ལྷོ་བྲག་ཏུ་བྱོན་ནས་ལྷོ་སྟོད་ཕུར་མོང་སྒང་བྱ་བའི་དགོན་པར་འགྲོ་དོན་མཛད་ཅིང་བཞུགས་པ་ལ། གཟད་པའི་ཡོན་བདག་རྣམས་ཀྱི་གདན་དྲངས། གཟད་ཀྱི་ལྷ་གདོང་དགོན་པ་དང་། འུག་སྐད་དགོན་པ་ལ་སོགས་པ་ཕུལ་ནས་བཞུགས། བུ་སློབ་མང་དུ་འཕེལ། དེ་ལ་ཇོ་མོ་ཝང་མོ་བྱ་བ་ཞིག་ཡོད་པ་དང་གཉིས་ཀྱི་བུར་གཟད་ཀྱི་ལྷ་གདོང་དགོན་པར་བཙའ་བ། ཞིབ་མའི་ནང་དུ་བསྙལ་བ་ལ་འཇའ་ཚོན་ཟུག་དགུང་ལོ་གཉིས་ཙམ་ལོན་པའི་ཚེ་ཡབ་ལ་རྨི་ལམ་ངོ་མཚར་བ་བྱུང་ནས། ད་ང་འཆི་བ་འདུག །ཤི་ནས་ཀྱང་རིག་འཛིན་གྱི་ས་ལ་འགྲོ་བར་འདུག་བུ་འདིས་ཀྱང་གཞན་ལ་ཕན་ཐོགས་པ་འདུག་གསུངས་ཏེ་གཤེགས། ཞིག་པོ་རིན་པོ་ཆེ་འདི་ཆེར་སྐྱེས་པ་དང་སྙིང་རྗེ་ཤིན་ཏུ་ཆེ་བས་གོས་བཅོས་པ་ཐམས་ཅད་མེས་འབར་ཀྱང་མཉན་བར་ལམ་ཟན་པ་ཉམ་ཐག་ཅིག་ཡོད་པ་ལ་བྱིན། དེར་མོ་མ་རྣོན་པོ་ཞིག་ན་རེ། ཁྱོད་ཀྱི་བུ་འདི་འདྲ་ཞིག་འོང་། འདི་ལ་འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་ཚོགས་ནས་སྐོར་བ་བྱེད་ཅིང་མཆོད་པར་འདུག་ཟེར། སྟོན་ཀ་ཞིག་འོང་འདོན་ཙ་ན། མི་ན་རེ། མི་ཐམས་(སྟོད་ཆ།༤༤༣)ཅད་འོངས་འདོན་པ་ལ་གཏོར་མ་གཏོང་གི་འདུག་གླེན་པ་ཁྱོད་ཀྱང་ཆུ་གཏོར་འདྲ་ཐོས། རང་རེ་ཡང་འོངས་འདོན་པ་ཡིན་བྱས་པས། འོངས་འདོན་པར་བྱིས་པ་དེས་སོང་ནས། གཟད་ལུང་པའི་ལྷ་འདྲེ་ཚོ། ཉང་ནག་འོལ་པོའི་ལྷ་འདྲེ་ཚོ། སྤྲང་པོ་འུ་ལུ་རྒྱལ་ནག་ ད་ནང་སུའི་སར་ཡང་མ་འགྲོ་བར། རྒན་མོ་ཝང་མའི་འོངས་འདོན་གྱིན་ཡོད་པས་འདིའི་འོངས་ལས་ཆེར་ཟེར་ནས་ཐོར་ཐོར་བྱས་པས། ཨ་མ་ཁྲོས་ཏེ་ནས་ཕྱར་གྱིན་འདུག་དེར་ཞིང་རེ་བཞི་བྱ་བ་ལོ་ནན་ལྟར་ལེགས་ནའང་ཁལ་བཞི་བཅུ་ལས་མི་ཐོན་པ་ཞིག་ལ། དེའི་ལོ་སྙེ་མ་ཧ་ཅག་མེད་པ་ལ་ཁལ་ལྔ་བཅུ་ཐལ་བ་བྱུང་བས་འདི་སྤྲུལ་པ་ཞིག་ཉེན་འདུག་ཟེར་ནས། ཞང་པོ་དམ་པ་སེ་སྦྲག་པའི་རྩར་སློབ་གཉེར་ལ་བཏང་། ལོ་གསུམ་གྱི་རིང་ལ་རྫོགས་ཆེན་རོང་ལུགས་སྒོང་དྲིལ། གབ་ཕྱུང་སོགས་ལེགས་པར་ཐོས་བླ་མ་གཤེགས་ཁར་མིག་མཆི་མས་འགགས་ནས་དྲན་པ་ཙམ་མ་བྱུང་གསུངས། བཅུ་དྲུག་པ་ལ་སྐྱིལ་ཁར་ལྷ་ཁང་ཡོན་ཏན་གཟུངས་ཀྱི་ཞབས་ལ་གཏུགས། ལོ་མང་དུ་བཞུགས་ནས་བསྐྱེད་རྫོགས་གསུམ་ཀ་ལ་བློ་གྲོས་བྱུང་བར་མཛད། ཉམས་ལེན་གྱི་གཙོ་བོ་དང་འཆད་ཉན་ཐམས་ཅད་སེམས་ཕྱོགས་ལ་མདད་དེ་ཞལ་གྱིས་ཀྱང་སེམས་ཕྱོགས་ཁོ་ན་སྒྲུབ་པ་ཡིན་གསུངས། ཀུན་བྱེད་རྒྱལ་པོ་དང་མདོ་བཅུ་ལ་སོགས་པ་སེམས་ཕྱོགས་ཀྱི་རྒྱུད་སྡེ་ཆེན་པོ་ཉི་ཤུ་རྩ་བཞི་གསན། རྩ་བ་སེམས་སྡེའི་སྐོར་ལ། སྐོར་ལུགས། རོང་ལུགས། ཁམས་ལུགས་ལ་སོགས་པ་བཤད་སྲོལ་མི་གཅིག་པ་བཅུ་བཞི་གསན། རང་ལུགས་ཀྱི་སྒོམ་ཡིག་ཆེན་པོ་རྣམས་ལས། རྣལ་འབྱོར་རིག་པའི་ཉི་མ། བསམ་གཏན་མིག་གི་སྒྲོན་མ། བསམ་གཏན་སྙིང་གི་ཉི་མ། གདར་ཤ་དང་གཟེར་བུ།(སྟོད་ཆ།༤༤༤) ཁུ་ལན་ཁུང་གདབ། རྡོ་རྗེ་སེམས་དཔའི་ཞུ་ལེན་སོགས་སྒོམ་ཡིག་ཕལ་མོ་ཆེ་ཐོས། སྙན་རྒྱུད་ཀྱི་སྐོར་ལ། སྐོར་རོང་ཁམས་གསུམ་ཀའི་གདམས་པ་དང་། བྲམ་ཟེའི་སྐོར་གྱི་སྙན་རྒྱུད། ཀེ་ཚང་དང་རྫོང་ཕྲང་སྙན་རྒྱུད་ཀློང་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་གསན་ཏེ། རྫོགས་ཆེན་གྱི་སྐོར་ལ་ཐོས་བསམ་གྱིས་སྒྲོ་འདོགས་ལྷག་པར་ཆོད་པ་ཡིན། དགུང་ལོ་བཅུ་དྲུག་ལ་བཤད་པ་མཛད་དེ་སྐོར་ལུགས་ཀྱི་སྟོང་ཐུན་གསུངས་པས་མཁས་པའི་ཐག་ཆོད། དེར་ལྷ་རྗེ་གནུབས་སྨན་བྱ་བ་ན་རེ། དབུས་པའི་ཇོ་སྲས་ཁྱེད་ངའི་རྟ་ཁྱུང་ཕྲུག་ཁ་ཆེ་དང་འདྲ་བ་འདུག་ཟེར། ནས་ཁལ་བཅུ་གཅིག་གི་ཕོགས་བྱས་སྐད། བླ་མ་ལྷ་ཁང་བའི་དྲུག་དུ་ལོ་བཅུ་བཞི་བཞུགས། བར་སྐབས་ཀུན་ཏུ་ཞང་པོའི་གདན་ས་སེ་སྦྲག་ཏུའང་བཞུགས་ཏེ་སྒོམ་སྒྲུབ་བཤད་པ་བག་རེ་མཛད། སློབ་གཉེར་ཚར་བ་དང་ཡབ་ཀྱི་སློབ་མ་བློ་འདས་བྱ་བ་ཞིག་གིས་གདན་དྲངཤ་ཏེ་གཟད་དུ་བྱོན་ནས་འུག་སྐད་དགོན་པ་བཟུང་། གཙང་དུ་སེ་སྦྲག་པའི་སྒོམ་མ་རྣལ་འབྱོར་མ་ཤཱཀྱ་གཉན་ལ་སོགས་པ་བཞིས་ངེད་ཀྱི་སེ་སྦྲག་ལ་མི་ཐར་བར་འདུག་པས་རི་སྒབ་འདིར་ངལ་གསོ་ཞིག་བྱེད་ཟེར་ནས་བརྩིགས་པའི་ཆོས་སྡིངས་ཀྱང་བཟུང་ཞང་ཚལ་པའི་སློབ་མ་གཙང་སྒོམ་ཧྲུལ་ལེ་བ་བྱ་བས་ཞིག་པོའི་སྤྱན་སྔར་བླ་མ་ཞང་གི་ལོ་རྒྱུས་བཤད་པས་དད་པར་གྱུར་ནས་གདན་དྲངས། ཆོས་འཁོར་བཙུགས། ཆོས་འབྲེལ་མ་ཞུས་ཀྱང་རྒྱུད་བྱིན་གྱིས་རློབ་པའི་བླ་མ་ཡིན་གསུངས་ནས། མོས་གུས་དང་ཞབས་ཏོག་ཆེ་བར་མཛད། བླ་མ་ཞང་གིས་ཁྱོད་ཀྱི་དགོན་པ་འདི་ཆུ་ཤིང་འཛོམ་པ་མི་འདུག་སྟེ། འདུ་བ་ཆེ་ཞིང་འགྲོ་བ་ལ་ཕན་པ་ཞིག་འོང་བས་ཆོས་སྡིངས་སུ་ཐོགས་གསུངས། དེར་མི་རྣམས་ན་རེ།(སྟོད་ཆ།༤༤༥) ཆོས་ལྷ་ཁང་པ་ལས་ཉན། ཞབས་ཏོག་ཚལ་པ་ལ་བྱེད་ཟེར་བ་ལ། བླ་མ་ལྷ་ཁང་པ་དེ་ཕྲག་དོག་རྩ་བ་ནས་ཞི་བས་ནས་ཁལ་ཉི་ཤུ་ཙམ་དང་ཤ་མར་ཁ་ཡར་བསྐུར་ཏེ། ཁྱོད་བླ་མ་བཟང་པོ་གདན་དྲངས་ནས་ཆོས་འཁོར་འཛུགས་པ་ལ་ངས་ཀྱང་འཐུད་བྱེད་དགོས་པ་ཡིན་ཏེ། དེ་ལས་མ་འབྱོར་གསུངས་པས། རྨོངས་པ་དག་གི་ཁ་རྨས་འཕྲོད་ཆད་ང་རང་ཡང་བླ་མ་རྙིང་པ་ལ་མོས་གུས་གསར་པ་སྐྱེས་གསུངས། ཕྲིན་ལས་དུས་ལ་བབས་པས་གདུལ་བྱ་དཔག་ཏུ་མེད་པ་འདུས། འགྲོ་བའི་དོན་རྒྱ་ཆེན་པོ་མཛད། བླ་མ་ལ་ཤིན་ཏུ་གུས་པས་མཉེས་པ་གསུམ་གྱིས་གཞུང་སྲོང་ཞིང་མདུན་ནས་འབྱོན་ཚད་ལ་ཞབས་སྤྱི་བོར་མ་བླངས་པར་འགྲོ་མ་མྱོང་གསུངས། གསེར་གྱི་རྒྱས་འབྲིང་བསྡུས་གསུམ་ལ་སོགས་ཏེ་མདོ་རྒྱས་ཚར་བཅུ་བདུན་གྱིས་སྣ་དྲངས་པའི་ཆོས་དང་ཟང་ཟིང་གི་ཞབས་ཏོག་བསམ་གྱིས་མི་ཁྱབ་པ་མཛད། བྱིན་རླབས་ཞུགས་པས་དགོངས་པ་ཇི་ལྟ་བ་བཞིན་དུ་ལོངས་རྟོགས་གྲོལ་དུས་མཉམ་དུ་སོང་ནས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་མེད་དུ་འགྲོ་ནུས་པ་དང་། མི་མ་ཡིན་གྱིས་བསྐོར་བ་པ་བྱུང་། མངོན་པར་ཤེས་པ་མངའ་བའི་ལོ་རྒྱུས་མང་དུ་ཡོད། གཟད་ཕུའི་ད་ལུང་དགོན་པར་བཞུགས་པའི་ཚེ་སྐུ་ཕ་ཝང་ལ་ཐིམ་པ་དང་། སྲིན་པོ་རིར་གྱང་ལ་ཐོགས་མེད་དུ་གཤེགས་པ་སོགས་རྫུ་འཕྲུལ་དུ་མ་མངའ། གངས་རིའི་ཁྲོད་འདིའི་ཡུལ་དང་ཡུལ་ཕྱོགས་ཐམས་ཅད་དུ་བྱོན་ནས་འགྲོ་བ་མང་པོ་ཐར་པའི་ལམ་ལ་བཀོད། བསྟན་པའི་བྱ་བ་ལ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། ཞིག་པ་གསོ་བ་དང་། གཞན་གྱིས་བཞེངས་པ་ལ་ཡོ་བྱད་གཏོང་བ་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ཀའི་དོན་ཉམས་སུ་ལེན་ཤེས། རྒྱ་གར་ནས་བྱོན་པའི་ལོ་པཎ་མཁས་པ་ཐམས་ཅད་(སྟོད་ཆ།༤༤༦)ལ་ཞབས་ཏོག་མཛད། སྡེ་སྣོད་འཛིན་པའི་བཤེས་གཉེན་ཆེན་པོ་རྣམས་ཀྱིས་ཞབས་ནས་བཏེགས། རྟག་པར་འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག་པར་སྒོམ་སྒྲུབ་ཁོ་ན་མཛད། སེམས་ཅན་དབུལ་ཞིང་ཕོངས་པ་ཀུན་གྱི་སྦྱིན་བདག་མཛད་པས་ཐེག་པ་ཆེན་པོའི་རིགས་ལྷག་པར་སད་པ་ཡིན། རྒྱུ་དེས་རྒྱ་དཀར་ནག་དང་བལ་པོ་ལ་སོགས་པའི་སྐྱེ་བོ་སྐད་རིགས་མི་གཅིག་པ་ཀུན་ཀྱང་འདུ། མ་གདྷ་རྡོ་རྗེའི་གདན་ལ་ཞབས་ཏོག་ལན་གསུམ། འཛམ་བུའི་གླིང་གི་རྒྱན་གཅིག་པུ་ཇོ་ཤཱཀ་རྣམ་གཉིས་ལ་སྲི་ཞུ་ལན་བཞི། རྡོ་རགས་ལན་བཞི་མཛད། རྗེས་སུ་ཕྲིན་ལས་སྐྱོང་བའི་དགེ་བའི་བཤེས་གཉེན་ཡང་བགྲང་གིས་མི་ལང་བ་བྱུང་སྟེ་གངས་ཁྲོད་འདིར་རྩོད་མེད་དུ་གྲགས་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་ནོ། །དེ་ལྟ་བུའི་མཛད་པ་ཕུན་སུམ་ཚོགས་པས་དངོས་དག་རྒྱུད་ནས་གཞན་ལ་སྨན་པ་ཤ་སྟག་མཛད་དེ། ལྷ་སའི་རྡོ་རགས་པྱི་མ་མཛད་པའི་གཤེགས་སྐྱེམས་ཀྱི་དུས་ལས་འཕྲོ་ངན་པའི་འཁོར་ཁ་ཅིག་གིས་ཆང་འཐབ་བྱས་པས་ཐུགས་སྐྱོ་བའི་གསུང་བྱོན་ཏེ་ལྔ་བཅུ་རྩ་དྲུག་བཞེས་པས་ས་མོ་ལུག་གི་ལོར་གསང་ཕུའི་རྒྱ་ར་གང་ལོགས་ཀྱི་དགོན་པར་སྐུ་གཤེགས། པུར་ཆབ་ལ་བཀལ་ནས་གཟད་འུག་སྐད་དགོན་པར་ཟླ་བ་བཞི་བཞུགས། དེ་ནས་བཙན་པོ་དང་། དཔོན་སྐྱ་སློབ་མའི་ཚོགས་ཀྱིས་གདན་སར་བསམས་ནས་བཞེངས་པའི་གཟད་ཐང་སྐྱའི་གཙུག་ལག་ཁང་དུ་གདན་དྲངས་པའི་ཚེ་ས་རབ་ཏུ་གཡོས་ཤིང་། ཡོན་ཆབ་ལས་པདྨའི་སྡོང་བུ་སྐྱེ་བ་སོགས་ལྟས་ངོ་མཚར་བ་བྱུང་། ནང་པར་པུར་སྦྱངས་པས་སྒྲ་དང་། འོད་དང་། འཇའ་ཚོན་དང་། མཆོད་རྟེན་ཡིག་འབྲུ་ལ་སོགས་དཔག་ཏུ་མེད་པ་བྱོན་ཏོ། གཙུག་ལག་ཁང་དེ་ནི་ད་ལྟ་རྗེས་ཙམ་དུ་སྣང་ངོ་།(སྟོད་ཆ།༤༤༧) ཞིག་པོ་ལ་སློབ་མ་མང་ཡང་ཐུགས་སྲས་སུ་གྱུར་པ་ནི། རྟ་སྟོན་ཇོ་ཡེས། མཧཱ་ལྷུན་པོ། མཁས་པ་ཇོ་ནམ། དབུས་པ་ཇོ་བསོད། བཟང་སྟོན་ཧོར་གྲགས། གཉེན་སྟོན་བླ་མ་དང་དྲུག་ལས། གཙོ་བོར་གྱུར་པ་རྟ་སྟོན་ཇོ་ཡེས་ནི། ཡབ་རྟ་སྟོན་ཇོ་འབུམ་ཞེས་བྱ་བ་གཡོ་རུ་སྟོད་ཀྱི་བདག་པོ་འཁོར་འབངས་དང་ཡུལ་གཞིས་འཛོམ་པ་ཞིག་ཡོད། དེ་འཁོར་བ་ལ་སྐྱོ་བ་སྐྱེས་ནས་གཡོག་བཞི་ཁྲི་དེ་བྲོས། ལྷ་རྗེ་གླན་ཉ་ཚ་བའི་ཐུགས་སྲས་གཉོས་ཆུ་བོ་རི་པའི་སྤྱན་སྔར་བྱོན། དཔོན་གཡོག་ལྔ་ཀས་སྟབས་གཅིག་ཏུ་ཆོས་སྒོར་ཞུགས། སྔགས་རྙིག་མ་སྤྱི་དང་། ཁྱད་པར་རྫོགས་ཆེན་སྐོར་ལུགས་གཞུང་གདམས་ངག་དང་བཅས་པ་ལ་ཤིན་ཏུ་བྱང་ཆུབ། ཕག་མོ་གྲུབ་པའི་སྤྱན་སྔར་ལམ་འབྲས་དང་ཕྱག་ཆེན། དབུ་སྟོད་བླ་མ་མཚར་སྟོན་ལས་ཕྱག་ཆེན་སྒང་ལུགས་ཀྱི་དོ་ཧ། ཟངས་རི་འགྲོ་རས་ལས་རས་ཆུང་པའི་ཆོས་སྐོར། ནང་སྟོན་མགོན་པོ་ལས་རྣམ་འཇོམ་དང་། ཕུར་པ་སོགས་མདོར་ན་བླ་མ་མང་པོ་ལས་ཆོས་རིས་མེད་གསན་པ་ཡིན་ཏེ། གཉོས་ཆུ་བོ་རི་པ་དང་། ཕག་མོ་གྲུབ་པ་རྩ་བའི་བླ་མར་འཛིན། ཆུ་བོ་རི་ལ་སྒྲུབ་པ་མཛད་པས་གདུལ་བྱ་མང་དུ་འདུས། དེ་ལ་སྲས་རྟ་སྟོན་ཇོ་ཡེས་འདི་ཆུ་མོ་ལུག་ལ་བལྟམས། དེ་ནས་ལོ་བཞི་པ་ལ་གཅུང་པོ་ཇོ་བསོད་བཙས། འདིས་ཆུང་ངུ་ནས་ཞིག་པོའི་དྲུང་དུ་བྱོན། ཐུགས་ལ་བཏགས། ཇོ་ཡེས་ཀྱིས་ལོ་བཅུ་གཉིར་བར་དམར་སྟོན་ལས་བདེ་མཆོག་དང་། ཕྱག་རྡོར་བདུད་རྩི་ཐིགས་པའི་སྐོར་ཞུས། གཟུངས་རིང་ལ་བསྟེན་པ་ལོ་གཉིས་མཛད། ཡབ་དང་ལྷན་དུ་བདེ་མཆོག་གི་དབང་རྒྱ་རྩ་བརྒྱད་ཞུས། ཁ་རག་སྟོན་སྙིང་གི་སར་སྒྱུ་འཕྲུལ་ལོ་གཉིས་ནོས། བླ་མ་(སྟོད་ཆ།༤༤༨)རྩེགས་དང་། སེ་དུར་ལུང་པ་གཉིས་ལས་རྫོགས་ཆེན་སྐོར་ལུགས་གཞུང་གདམས་པ་དང་བཅས་པ་ཞུས། དགུང་ལོ་བཅུ་དྲུག་པར་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་བཤད་པ་མཛད། བཅུ་དྲུག་གི་གཤམ་ན་ངམ་ཤོད་སྨད་དུ་བྱོན། ཡབ་ཀྱི་སློབ་མ་རྗེ་བཙུན་ཞབས་ལས་ཕྱག་རྒྱ་ཆེན་པོ་སྒང་ལུགས་གསན། ཟང་རི་རྒྱ་རས་ལས་ལོ་རོ་རས་ཆུང་པའི་ཆོས་སྐོར། དགྱེས་རྡོར་མེས་ལུགས། འཇམ་དཔལ་གསང་ལྡན། བདེ་མཆོག་ལཱུ་ཧི་པ་དང་། མཚོ་སྐྱེས་རྡོ་རྗེའི་སྒྲུབ་ཐབས། ལམ་འབྲས་ཞ་མ་ལུགས། ཞི་བྱེད་ལུགས་གསུམ་ཀ་སོགས་མདོར་ན་གསར་རྙིང་རིས་མེད་ལ་ཐོས་པ་ཤིན་ཏུ་ཆེ་བ་ཡིན། རེ་ཞིག་ན་ནང་སྟོན་ཇོ་འཁྱམས་ལས་ཕུར་པ་གསན་ནས་ཆུ་བོ་རིར་སྒྲུབ་པ་མཛད། ལོ་ཉེར་ལྔ་པའི་ཚེ་ཞིག་པོའི་དྲུང་ན་བྱོན་པ་ཡིན། དང་པོ་ཆོས་ཞུ་བའི་རྟོག་པ་མེད་དེ། ཆོས་ཀྱང་ང་རང་མཁས་གདམས་ངག་ཀྱང་ང་རང་ཆེ། ཁོང་སྙན་པ་དང་། གྲགས་པ་ཆེ་བར་འདུག་པ་དང་། གཅུང་པོ་བླ་མ་ཡིན་པས་མཇལ་ཕྲད་ཀྱི་རྣམ་པ་ཞིག་བྱ་སྙམས་ནས་བྱོན་པས། ཞིག་པོ་བདུད་རྩི་འུག་སྐད་དགོན་པ་ན་བཞུགས་པ་དང་མཇལ། ཞལ་མཐོང་བ་ཙམ་གྱིས་གུས་པ་དབང་མེད་དུ་སྐྱེས། ནང་པར་ལོག་འགྲོ་ཙ་ན་སྐུ་དྲུང་དུ་འོང་ནས་ཐུགས་ཀྱིས་གཟུང་བར་ཞུ་ཞུས་པས། ཁྱེད་མོས་སམ་གསུངས། ཤིན་ཏུ་མོས་པ་ཐོབ་ཞུས་པས། འོ་ན་ལས་འཕྲོ་ཡོད་པ་ཡིན་ད་ལྟ་ནས་སྡོད། འཁོར་བའི་མཚན་ཉིད་ལ་རྟག་པ་མེད་ན་ཕྱིས་ཇི་ལྟར་འོང་ཆ་མེད་གསུངས། ད་རེས་ཆ་རྐྱེན་མེད་བྱས་པས། འདིར་འོང་བ་ལ་རྒྱགས་ཕྱེ་ཁུར་བ་སུ་ཡང་མེད། ཁྱོད་གཅིག་པུ་ལ་ཆ་རྐྱེན་ཅི་འཚལ་གསུངས། དེར་ལོ་བདུན་གྱི་བར་དུ་ཞག་གཅིག་ཀྱང་(སྟོད་ཆ།༤༤༩)མ་བྲལ་བར་བསྟེན་མཉེས་པ་གསུམ་གྱིས་སྲི་ཞུ་བྱས། ཀུན་བྱེད་རྒྱལ་པོ་མ་བུ་གསུམ་སྐོར། བཤད་རྒྱུད་མདོ་བཅུ། འཁོར་བ་རྩད་གཅོད་ཀྱི་རྒྱུད་ལ་བཤད་རྒྱུད་སྡེ་བཞི། རྩ་འགྲེལ་རྒྱབ་ཆོས་མན་ངག་དང་བཅས་པ། རྩ་བ་བཅོ་བརྒྱད་ཀྱི་བཤད་སྲོལ་ལ་ཟབ་པ་གཞུང་དང་། གབ་པ་མངོན་ཕྱུང་མན་ངག་སྒོམ་སྡེབས་སུ་བཤད་པ། དེའི་སྒོམ་འགྲེལ་སྙིང་གི་ཉི་མ་དྲུག ཡང་སྙིང་རིག་པའི་ཉི་མ་དྲུག སྙན་རྒྱུད་སྒྲོ་བ་ནག་པོའི་སྐོར། སྒོམ་ཡིག་ཆེན་མོ། རིག་ཉི། མིག་སྒྲོན། གདར་ཤ་གཟེར་བུ་རྣམས་དང་། གདམ་པ་སྙན་རྒྱུད་སྐོར་ལ། སྐོར་ལུགས། རོང་ལུགས། ཁམས་ལུགས་གདམས་ངག་ལག་ཁྲིད་དག་བཅས་པ་ལ་ནན་ཏན་ཆེར་མཛད། གསུང་གི་ཆུ་རྒྱུན་ལེགས་པར་བཏུང་པས། བྱིན་རླབས་ཅིག་ཅར་དུ་ཞུགས། རྟོགས་པ་ཐོད་རྒལ་དུ་སྐྱེས་པས་འཇིག་རྟེན་གྱི་སྒྲོ་སྐུར་ལ་ཉམ་མི་ང་། ཚུལ་ཆོས་མེད་པའི་སྤྱོད་པ་སྐྱོངས། བླ་མ་ལ་ཤིན་ཏུ་གུས། ཅི་གསུང་དང་དུ་ལེན་པས་དགོངས་པ་གཅིག་ཏུ་འདྲེས་ཏེ་བླ་མ་ཅི་མཉེས་བྱེད་པ་ཅི་བསམ་འགྲུབ་པ་གྱུར་ཅིག་གསུངས་པ་ལན་གསུམ་ཐོབ། སྤྱིར་བླ་མ་ཐམས་ཅད་ལ་ཞབས་ཏོག་མ་གྲུབ་པ་མེད། ཁྱད་པར་ཞིག་པོ་ལ་ཡུལ་གཞིས་ཐམས་ཅད་བཅོངས་ནས་སྤང་ངག་བྱས་པའི་ཆོས་འཁོར་ལན་བཞི་བཙུགས། སྔ་ཕྱི་བསྡོམས་པས་རྟ་བཟང་པོ་ཁོ་ནའང་བདུན་རྩ་བཞི་ཕུལ་ཞེས་གྲགས། གདམས་པའི་གསུང་སྒྲོས་ཐམས་ཅད་ཡི་གེར་བཀོད་པས་རྗེས་འབྲང་ལ་དྲིན་ཆེ། ཆོས་ཞུ་བའི་སྤྲོས་པ་ཆོད་ནས་གནས་ཁྲོད་དམ་ཁྲོད་དམ་རི་སུལ་གཉེན་པོ་མི་སྐད་བྱ་སྐད་མི་གྲགས་པ་ཞིག་ཏུ་འདིར་སོང་དང་། འདིར་ཡོད་མེད་པ་ཞིག་བྱ་དགོས་སྙམ་པའི་སྙིང་སྟོབས་བསམ་གྱིས་མི་ཁྱབ་པས་དཔེ་ཆ་རྣམས་ཀྱང་(སྟོད་ཆ།༤༥༠)ཡིག་ཆུང་ཟིན་བྲིས་འབའ་ཞིག་ཏུ་བྱས་ཏེ། བླ་མ་སློབ་དཔོན་གྱི་གདན་སའི་བྱ་བ་བཀའ་བས་གསུང་གཅོག་མ་ཕོད། འོན་ཀྱང་བླ་མའི་ཞབས་ཏོག་འབའ་ཞིག་བྱས་པས་སྒྲིབས་པ་ཚན་པོ་ཆེ་དག ཏིང་ངེ་འཛིན་ཀྱང་གོང་འཕེལ་དུ་སོང་བས་རི་ཁྲོད་འགྲིམ་པ་ལས་ཆོད་ཆེ་བ་བྱུང་གསུངས། དེའི་རྒྱུ་མཚན་ཡང་། ཐང་སྐྱའི་ཐུགས་རྗེ་ཆེན་པོ་བཞེངས་པའི་ཚེ་ཟུར་མཁར་དུ་ཟངས་བཞུས་ཀྱི་ལས་ཟླ་བ་བཅོ་བརྒྱད་བྱས་པས་རྟོགས་པ་ཁྱད་པར་ཅན་སྐྱེས། སློབ་དཔོན་སྤྲུལ་སྐུའི་ཆིབས་པ་ཕོ་དྲག་བཙད་པོས་ཁྱེར་བའི་ཚེ། རྡོར་ཐབས་ཕུའི་སྣང་གསལ་བྲག་ལ་ཆོས་སྐྱོང་བསྒྲུབས་པས་མགོན་པོའི་ཞལ་གཟིགས། སྟོད་ལུང་དུ་བསོད་སྙོམས་ལ་བྱོན་པའི་ཚེ་རྨི་ལམ་དུ་བླ་མ་དང་མཇལ་ནས་སྡུག་བསྔལ་རང་སངས་ལ་སོང་། དེ་ནས་བཟུང་སྡུག་བསྔལ་རང་རྒྱུད་པ་སྐྱེ་མ་མྱོང་གསུངས། གདན་སའི་བྱ་བ་དང་། ཞིག་པོའི་ཕྲིན་ལས་བསྒྲུབས་པའི་ཕྱིར། རྒྱལ་ཁམས་ཀུན་ཏུ་འགྲོ་དོན་རྒྱ་ཆེན་པོ་དང་། ལྷ་སའི་ཇོ་ཤཱཀ་རྣམ་གཉིས་ལ་ཞབས་ཏོག་ལོ་དྲུག་མཛད་དེ། དྲུག་ཅུ་རྩ་བརྒྱད་པ་ལྕགས་ཕོ་སྟག་གི་ལོ་ཨོ་རྒྱན་པའི་འཁྲུངས་ལོ་ལ་གཤེགས་ཤིང་། སྐུ་གདུང་དང་རིང་བསྲེལ་མང་པོ་བྱོན་ཏོ། སྐུ་ན་ཆུང་ངུ་ནས་ཞིག་པོའི་དྲུང་དུ་བྱོན། ཐུགས་ལ་བཏགས་ནས་སེམས་ཕྱོགས་རྫོགས་པར་གནང་། ཁྱོད་ཆོས་ལ་ནན་ཏན་བྱེད་པ་ཞིག་འདུག་པས་ངའི་བླ་མའི་རྩར་སོང་ཞིག་གསུངས་ནས། ལྷ་ཁང་པ་ཆེན་པོ་ལ་གཏད། མདོ་སྒྱུ་སེམས་གསུམ་རྫོགས་པར་ཐོབ། མཁས་པའི་ཕུལ་དུ་ཕྱིན་པ་ཞིག་བྱུང་སྟེ་སུམ་ཅུ་གཅིག་པ་ལ་མྱ་ངན་ལས་འདས་པས་ཕྲིན་ལས་ཧ་ཅང་མ་སྨིན་ཏོ། །རྟ་སྟོན་གཟི་བརྗིད་(སྟོད་ཆ།༤༥༡)ནི། སངས་རྒྱས་དབོན་སྟོན་གྱི་སློབ་མ་ཡིན། མཁས་པ་ཆེན་པོར་གྱུར་པས་གསང་བའི་སྙིང་པོ་ལ་ཊཱི་ཀ་རྒྱས་པར་མཛད། བརྒྱུད་པ་འདིའི་ལོ་རྒྱུས་ཕལ་མོ་ཆེ་ཡང་འདིས་མཛད་སྣང་། འདི་ཡན་ཆོད་དུ་སྒྱུ་འཕྲུལ་དང་། སེམས་ཕྱོགས་མཐའ་དག་ལ་མཁས་པར་གྲགས། ཡང་གཡུང་འགྲེལ་དུ་འཕྲོས་དོན་མག་དུ་སྨོས་པའི་འགྲེལ་པ་སྤར་ཁབ་ཀྱི་བཤད་རྒྱུན་མ་ཆད་པར་འདེད་པའི་ཁུངས་འདི་ནས་གཙང་པ་བྱི་སྟོན་དང་། སྒང་དྲིངས་གཉེ་སྟོན་ཆོས་ཀྱི་སེང་གེ་གཉིས་ཀྱང་གསང་བདག་སྒྲོ་ཕུག་པའི་སློབ་མ་ཡིན། དེ་གཉིས་ཀས་གཙང་ནག་འོད་འབར་ལ་གསུངས། དེས་མེས་སྟོན་མགོན་པོ། དེས་བླ་མ་སྲོང་། དེས་པཀྴི་ཤཱཀ་འོད་དེ། འདི་ཟུར་པའི་གདུང་ཡིན། སྐྱེ་བ་སྔ་ཕྱི་ཐལ་ལེར་དྲན་པའི་ཟུར་དབང་ཆེན་འོད་པོ་ཞེས་གྲུབ་པའི་དབང་པོ་དེ་ལསརས་མོ་ལྔ་ཡོད་དེ། སྲས་མེད་ནས་གདུང་བ་ཡོད་པའི་ཚེ། པཎ་ཆེན་ཤཱཀྱ་ཤྲི་ཤིང་ཕོ་བྱི་བའི་ལོ་ལ་ཁྲོ་ཕུར་གདན་དྲངས་པའི་ཕྱིན་ནས་དབང་ཆེན་འོད་པོས་འུག་པ་ལུང་དུའང་སྤྱན་དྲངས། དེར་པཎ་ཆེན་གྱིས་འུག་པ་ལུང་འདི་གསང་སྔགས་ཀྱི་གནས་ཡོན་ཏན་དུ་མས་བརྒྱན་པར་འདུག། བྱང་ངོས་རི་རྒྱལ་བ་རིགས་ལྔའི་རང་བཞིན་དུ་སྣང་། བྱ་རི་དྭགས་ལ་སོགས་པ་འདི་དག་ཀྱང་འཕགས་པའི་སྤྲུལ་པར་འདུག །རབས་རེ་ལ་གསང་སྔགས་ཀྱི་ཆོས་སྒྲ་སྒྲོག་པ་རེ་འབྱུང་བས་རིང་པོ་མ་ཡིན་པར་ཁྱེད་ལ་སྲས་གཉིས་འབྱུང་བས་དེ་ལ་ངའི་མིག་ལས་གྲས་པ་ཐོགས་ཤིག བསྟན་པ་དང་འགྲོ་ལ་ཕན་པར་འོང་གསུངས། ཆུང་བ་ལ་ཤཱཀྱ་འོད་ཅེས་བཏགས། གཅེན་འདི་ཡང་ངོ་(སྟོད་ཆ།༤༥༢)མཚར་ཅན་བྱུང་། གཅུང་ཤཱཀྱ་འོད་ནི་ཆུང་ངུ་ནས་མངོན་ཤེས་རྡོལ་ཐབས་སུ་སྨྲ་ཞིང་ཆོས་ཐམས་ཅད་བརྡའི་སྒོ་ནས་སྟོན་ཤེས་པའི་བཏུལ་ཞུགས་ཅན་ཞིག་བྱུང་། རྒྱལ་བ་གོང་ས་བླ་མ་བསྟེན་ནས་ཡབ་ཆོས་མཐའ་དག་གསན། བར་དོ་མངོན་སུམ་དུ་གཟིགས་པས་གཞན་གྱི་གནས་ལུག་བྱེད་སར་བྱོན་ནས་ཁྱོད་ཀྱི་གཤིན་པོ་གཤེད་དང་་ཕྲོལ། བྱང་ཆུབ་སེསམ་ཀྱིས་མ་ཟིན་པའི་ཆོ་ག་ལ་དོན་མེད་དོ་གསུངས་ནས་གནས་ལུང་བསྐྱར་དགོས་པ་བྱུང་། ཉིན་ཅིག་ང་ལ་འགྱོད་པ་བྱུང་གསུངས་ཅི་ལགས་ཞུས་པས། ང་རིག་འཛིན་གྱི་ཚོགས་གྲལ་དུ་རྟག་པར་ཚུད་པ་ལ། ཕུ་བོ་ཤཱཀྱ་མགོན་ལ་ཚིག་རྩུབ་ཤོར་བས་དེའི་ནུབ་མོ་ནས་དམ་ཉམས་ཡིན་ཟེར་རིག་འཛིན་གྱི་གྲལ་དུ་མ་ཆུད་གསུངས་ནས་བཤགས་པ་མཛད། མི་ཉག་གྷ་རས་ལ་ཉེ་བ་དགྲ་རུ་ལངས་ནས་བོད་ན་མཐུ་སུ་ཆེ་དྲིས་པས། ཤཱཀྱ་འོད་པོ་ཆེ་ཟེར་བ་ཐོས་ནས་ཆ་རྐྱེན་མང་པོ་བསྐུར་ཏེ། ཟླ་བ་བརྒྱད་ཀྱི་ས་ཆ་ནས་ཀྱང་མཐུ་ཞུ་བར་བཏང་བྱུང་བ་ལ། ང་ལ་མཐུ་མེད། ངའི་འཁར་བ་འདི་དགོས་ན་ཁྱེར་གསུངས་ནས་ཡིག་ལན་ཀྱང་མ་མཛད། བང་ཆེན་གྱིས་ལོ་རྒྱུས་བརྗོད་པས། གྷ་རས་ཁྲོས་ཏེ་ངའི་དངོས་པོ་བཟུང་ནས་གདམས་ངག་མི་སྟེར་བ་ཟེར། ཕྱག་འཁར་བརྡབས་པས། དེའི་ཁོང་ནས་རྡོ་རྗེ་ལེགས་པ་ལྷ་བཞིའི་སྐོར་ཐོན། ཁོ་དགའ་སྟེ་བསྒྲུབས་པས། ཕ་མཚན་མང་པོ་རྩད་ཆོད། དེའི་སྡིག་སྤྱོད་དང་དགེ་རྩ་ལ་ལྷ་ཁང་དང་། མཆོད་རྟེན་བཞེངས། དྲིན་ལན་དུ་འབུལ་བ་མང་པོ་ཁྱེར་ནས་མི་ཉག་གྷ་ར་ཉིད་ཀྱང་བྱོན། ཟུར་ཤཱཀྱ་འོད་དང་མཇལ། གསང་སྙིང་ལ་སོགས་པའི་ཆོས་མང་པོ་ཉམས་སུ་བླངས་ཞིང་། གཉིས་ཀ་བསྡེབས་ནས། ལྷོ་བྲག་མཁར་ཆུར་བྱོན། ཁོ་མཐིང་ལྷ་ཁང་(སྟོད་ཆ།༤༥༣)དང་། སྤ་གྲོ་ལ་སོགས་པའི་གནས་སུ་སྒོམ་ཞིང་བཞུགས་ཙ་ན། མངའ་བདག་ཉང་ཡབ་སྲས་དང་མཇལ། བཀའ་བརྒྱད་བདེ་འདུས་ལ་སོགས་ཏེ་ཉང་ལུགས་ཕལ་ཆེར་ཞུས། རང་གནས་སུ་ཕེབས། སླར་གྷ་རས་ན་རེ། བླ་མ་བཀའ་དྲིན་ཆེ། ངེད་ཧོར་ཡུལ་དུ་འགྲོ་བས་མི་གཅིག་གཏོང་བ་ཞུ། དྲིན་ལན་ཞབས་ཏོག་བྱེད་ཟེར་ནས་གཤེགས། དེའི་ཚེ་ཧོར་ཡུལ་ན་ནུ་བོ་ཨ་རི་བྷོ་གས་རྒྱལ་ས་བཟུང་ནས་རྒྱལ་བ་སེ་ཆེན་གན་རྒྱལ་སྲིད་མ་ཐོབ་སྟེ་དམག་འཁྲུག་གཡོ་བའི་སྐབས་སུ་ཡོད། མི་ཉག་གྷ་རས་ལ་སེ་ཆེན་གན་གྱིས། བོད་ལ་མཐུ་བྱ་བ་ཡོད་ཟེར་བས་ཁྱོད་ཀྱིས་ཤེས་སམ་དྲིས། གྷ་རས་ན་རེ་ཤེས་གསད་པ་དང་། དེར་སེ་ཆེན་གྱིས་ལས་ཀྱིས་ཤི་བ་དང་འགྲིག་ན་གསད་པ་ཐེ་ཚོམ་ཆེ། འགྲོ་འདོད་པ་དང་ཐུག་ན་བསྐྲད་པ་ཡིད་གཉིས་ཟ། ངའི་སྒར་འདིར་དགྲ་བོ་ཁུག་ན་མ་གཏོགས་ཡོང་འདོད་པ་ཁོ་ལ་མེད་ངེས་ཡིན་པས་ཁུག་ཅིག་ཟེར། དེར་བླ་མ་འཕགས་པ་རིན་པོ་ཆེ་དཔང་པོར་བཞག་ནས། གྷ་རས་ཀྱིས་རླུང་འཁོར་གྱི་སྦྱོར་བ་བརྩམས་པས། ནུ་བོ་ཨ་རི་བྷོ་ག་བརྟན་པ་བྲལ་ནས་བྱུང་། ད་དུང་ཡིད་མ་ཆེས་ནས་མཚོ་འདི་དང་། ཐང་འདིའི་དཀྱིལ་དུ་ཐོག་པོབ་ཅིག་ཟེར། གྷ་རས་ཀྱིས་དེ་དང་དེར་ཐོག་ཕབ་པས་ཡིད་ཆེས། སྔགས་པ་རྣམས་ལ་སྐྲག་པར་གྱུར་ནས་བྱ་དགའ་ཆེན་པོ་བྱས། འདི་པ་ཚལ་གྱི་སློབ་མ་གཤིན་རྗེ་ལ་ནུས་པ་ཐོབ་པ་ཞིག་ཡིན་ཟེར་ཏེ། དེའང་ཡིན་མོད། དྲག་སྔགས་ཀྱི་སྦྱོར་བ་མཐར་ཐུག་ཟུར་ལས་རྙེད་པ་ཡིན། དེར་པཀྵི་ཤཱཀ་འོད་ཀྱིས་སྟོན་པ་རཱ་ཧུ་བྱ་བ་ཞིག་མངགས་པས། གྷ་རས་དང་མཇལ། གནང་སྦྱིན་བཟང་པོ་བྱིན།(སྟོད་ཆ།༤༥༤)མངའ་བདག་ཉང་གི་གཏེར་ཡིག་ཁ་བྱང་ན། གཙང་གི་སའི་ཆ་བྲག་རྡོ་རྗེ་ཚེ་བརྟན་ན་ཚེ་ཆུའི་གཏེར་ཡོད་པར་བཤད་པ་དེ། སྟོན་པ་རཱ་ཧུ་ལ་བསྐུར་ནས་བླ་མ་ཤཱཀ་འོད་ལ་འབུལ་དུ་བཅུག དེ་དང་སྟབས་གཅིག་བར་སེ་ཆེན་གན་གྱི་ལུགས། ཤཱཀྱ་འོད་པོ་དང་། ཤཱཀྱ་མགོན་པོ་ལ་བཟློག རིམ་གྲོ་གང་དགོས་གྱིས་ལ་ཚེ་ཆུ་ཐོན་ལ་ངེད་ལ་བསྐུར། དེའི་ཡོན་ཏན་འབྱུང་མོད། ཁྱེད་རྣམས་ཀྱི་སྐྱིད་སྡུག་ངས་ཤེས་པ་ཡིན། གཏོར་ཕྱེའི་བསྲེས་ལ་དངུལ་བྲེ་གཅིག་ཡོད། བྱ་བའི་གསེར་ཡིག་བྱུང་། དེར་རིམ་གྲོ་ཆེན་པོ་བྱས། གོང་མ་ནོན་ཆེས། གསེར་ཡིག་པ་དད་ཐུང་བས་འོ་བརྒྱལ་བ་ཙམ་བྱུང་སྟེ། སྒྱུ་འཕྲུལ་གྱི་བརྒྱུད་པ་ལ་སྒྲ་འོད་ཟེར་གསུམ་མའི་གསོལ་འདེབས་མཛད་པའི་ནུབ་མོ་གཏེར་སྒོའི་ལུང་བསྟན་གསལ་པོ་ཐོབ། དེ་ནས་ཟུར་ཤཱཀྱ་འོད། གུ་རུ་ཁྱུང་གྲགས། དཔོན་ཆེན་ཤཱཀ་བཟང་། གསེར་ཡིག་པ་ཨ་ག་ཡན་རྣམས་འཛོམས། ཁྲོམ་གཏེར་དུ་བྱས་པ་ལ། གཏེར་སྒོ་ལ་སྤུ་གྲི་རེག་ཆོད་ཀྱི་འཁོར་ལོ་འཁོར་ནས་འཛུལ་མ་ནུས། དེར་ཟུར་ཤཱཀྱ་འོད་ཀྱིས་གཟུ་དཔང་ངོ་མཚར། གཏེར་ཁུག་ནས་སོལ་བ་གཡེངས་པའི་དཀྱིལ་ན་སྦལ་པ་ཁ་མིག་དེང་དེང་། ལག་པ་གདེངས་པ་མཐོང་བའི་མོད་ལ་རླུང་གི་འཁྲུལ་འཁོར་བྱུང་ནས་ཐམས་ཅད་ཧ་ལས། དེར་བླ་མས་རཀྵའི་ཕྲེང་བས་མནན་ནས། བདེན་པ་བདར་བས་རླུང་གི་འཁྲུལ་འཁོར་ཀྱང་ཞི། ཆུ་དར་གྱི་ཁེབས་པས་ལ་བས་ཟངས་ཀྱི་གའུ་སུམ་བྲག་གི་ནང་དུ་ཕོ་ཐོད་མོ་ཐོད་ཁ་སྦྱར་བའི་ནང་ན་ཐོག་སྔས་པས་རེག་མ་ཐག་ཏུ་རྡུལ་དུ་བུན་ལོང་འགྲོ་བའི་དར་ཟབ་མང་པོས་གྲིལ་བའི་རྟ་ཕག་ཞལ་(སྟོད་ཆ།༤༥༥)སྦྱོར། རྡོར་སེམས་ཡབ་ཡུམ་སྒྲུབ་ཐབས་ཀྱི་ཤོག་དྲིལ་བཅུ་གསུམ་གྱི་དབུས་ན་ཚེ་ཆུའི་སྣོད་མུ་མེན་གྱི་བུམ་པ་སྣག་བུམ་ཆེ་ཤོས་ཙམ་པ་བྱུང་བས་ཐམས་ཅད་ངོ་མཚར་སྐྱེས། ཕུད་བླ་མས་བཞེས་ན་དགུང་ལོ་བརྒྱ་ཐུབ་རྒྱུད་ལ། ལྗགས་ཐོག་ནས་ཐུར་མས་ཕྲི་བས་རྟེན་འབྲེལ་འཕྱུངས། དེ་ཆོས་མང་པོས་གྲིལ་ནས་གཉིད་མི་ལོག་པའི་བརྩོན་པས་རྒྱ་ནག་ཏུ་ཁྱེར། རྒྱལ་པོ་སེ་ཆེན་གན་གྱིས་གསོལ་བས་ལོ་བརྒྱ་འཚོས་པར་གྲགས། དེའི་བྱ་དགར་དབུས་གཙང་ན་ཡོད་པའི་སྔགས་པ་ཐམས་ཅད་ཁྲལ་མདག་ལས་ཐར་དུ་བཅུག་པའི་འཇའ་ས་ལོང་། གོང་མའི་བླ་མ་རྣམས་དང་བྱས་པ་མཉམ་པའི་ཕྱིར་པཀྵིར་བཏགས། ཚེ་ཆུའི་ཡོན་དུ་སྤན་ཧོར་དུད་ཞེས་ལྔའི་ས་ཕུལ། མེས་འགྲིལ་གྱི་རི་ལ་དགོན་པ་ཆེན་པོ་འདེབས་པར་བཞེད་པ་ལ། ཀླུའི་གྲོང་ཁྱེར་ཆེན་པོ་ཡོད་པས་ཀླུས་ཞུ་བ་ཕུལ། རྒྱ་རྒན་གྱི་ཐད་མཚོར་ཡོད་པ་ས་ཚབ་ཏུ་ཕུལ་བ་ཀླུའི་ཆོ་འཕྲུལ་གྱིས་བསྐམས་སུ་བཅུག་ནས་དེར་སྔགས་སྡེ་ཆེན་པོ་བཏབ། མཁར་རྡོ་རྗེ་བྲག་གི་ལྟེ་བ་ལ་སྒྲུབ་པ་རྩེ་གཅིག་ཏུ་མཛད་ནས་དྲུག་ཅུ་རྩ་གསུམ་པར་གཤེགས། པུར་ལ་རེག་པས་མཛེ་ནད་སོས་པ་བྱུང་ངོ་། འདིའི་སློབ་མ་རྟ་ནག་བདུད་འདུལ། དེས་མདའ་ཤཱཀྱ་འཕེལ། དེ་ལས་ཟུར་བྱམས་པ་སེང་གེས་གསན་ཏེ། འདིའི་ཡབ་ལ་ཟུར་ཉི་མ་སེང་གེ་ཞེས་བྱ་སྟེ་མེས་པོ་ཀྵའི་སྲས་ཡིན། ཁྲོ་ཕུར་རབ་ཏུ་བྱུང་། ཁྲོ་ལོ་བྱམས་པ་དཔལ་གྱིས་མཚན་གསོལ། ཡོན་ཏན་དུ་མ་དང་ལྡན། ཁྱད་པར་བྱང་ཆུབ་སེམས་ཀྱི་རྩ་བ་བརྟན་པས་ཧོར་དམག་གི་དུས་མི་ཆེན་སམ་བྷ་རས་གསེར་མང་པོ་ཕུལ་བ་ལ། བདག་གསེར་མི་འདོད། མི་འཇིགས་(སྟོད་ཆ།༤༥༦)པའི་སྦྱིན་པ་འཚལ་བར་ཞུ་བྱས་ནས་འགྲོ་བ་མང་པོ་སྲོག་བསྐྱབས། ཁྲོ་ཕུའི་འབུམ་ཆེན་བརྩིགས་དུས་སུ་ཆུ་ཤིན་ཏུ་དཀོན་པ་ལ་མཐུ་རྩལ་གྱིས་ཆར་རྒྱུན་ཆེན་པོ་ཕབ། སྟོད་ཧོར་གྱིས་ས་སྐྱ་མིང་མེད་དུ་གཏོང་བར་བརྩམས་དུས། གོང་མ་མཆོད་ཡོན་གྱི་ལུང་དང་། དཔོན་ཆེན་ཀུན་གཞོན་གྱི་བཅའ་ཧུ་བྱུང་བ་ལྟར། དྲག་པོ་མངོན་སྤྱོད་གྱི་ནུས་པས་དམག་ཁྲི་ཚོ་གསུམ་གངས་དབྲག་ཏུ་སྲོག་གི་རྒྱུ་བ་བཅད་པས་ས་བསྟན་ལའང་བྱས་པ་ལྷག་པར་ཆེ། བར་དགའ་ལྷ་ཁང་སོགས་སྐུ་གསུང་ཐུགས་ཀྱི་རྟེན་དང་བརྟེན་པ་བསྐྲུན་པས་མཚོན་བསྟན་འགྲོའི་དོན་ལ་ཕྲིན་ལས་རླབས་ཆེ་བ་དེའི་སྲས་ཡིན། དེ་ལ་ཟུར་བྱམས་པ་སེང་གེ་འདི། ཐེག་པ་ཆེན་པོའི་རིགས་སད་པས་བྱིས་པའི་དུས་ནས་སྙིང་རྗེ་ཆེ་བ་ཞིག་ཡོད། གཞན་གྱིས་སེམས་ཅན་ལ་འཙེ་བ་བྱེད་པ་གཟིགས་ན་ཐུགས་ལ་ཁུར་ཆེན་པོ་བྱུང་། ཁྲོད་ཕུར་རབ་ཏུ་བྱུང་ནས་མཚན་ཡང་དེ་ལྟ་ཐོགས། མཚན་ཉིད་ཀྱི་རིག་པ་དང་། ཁྲོད་ཕུ་བའི་ཆོས་ལུགས་མཁས་པར་མཁྱེན་ནས་དགུང་ལོ་བཅུ་བཞི་ལ་བཤད་པ་མཛད་པས་མཁས་པའི་གྲགས་པ་ཐོབ། གཡུང་སྟོན་རྡོ་རྗེ་དཔལ་བས་ཀྱང་། ཁོ་བོའི་བླ་མ་ཟུར་ཐམས་ཅད་མཁྱེན་པ་ཞེས་གསུངས། ཁྲོ་ཕུའི་ཆོས་ཁྲི་ལ་བཞུགས་ནས་གྲྭ་ས་རྣམས་ལ་མངོན་པ་གསུངས་པས་ཐག་ཆོད། དགུང་ལོ་བཅོ་ལྔ་ལ་འུག་བྱ་ལུང་དུ་མདའ་ཤཱཀྱ་འཕེལ་ལས་གསང་སྙིང་གསན་སྦྱངས་མཛད་པས་མཁས་པའི་དབང་པོར་གྱུར། བཅུ་བདུན་ལ་རྒྱུད་ཀྱི་རྣམ་གཞག་མཛད་ནས་ཆོས་གཞི་བཟུང་། བཅུ་དགུ་ལ་ལྕེ་སྟོན་སྒྲུབ་པ་འབུམ་ལས་སྒྱུ་འཕྲུལ་ལམ་རིམ་དང་། རྫོགས་ཆེན་གསན་པས་རྟོགས་པ་ཐོད་རྒལ་དུ་སྐྱེས། ཉི་ཤུ་ལ་སྟོད་ནས་རྟ་སྟོན་གཟི་བརྗིད་སྤྱན་དྲངས་ནས། སྒྱུ་(སྟོད་ཆ།༤༥༧)འཕྲུལ་ཟུར་ལུགས་ཀྱི་ཕན་ནུས་ཟབ་གསུམ་གྱི་དབང་དང་། དགོངས་འདུས་རྩ་རླུང་སྐོར་ཞུས། ཟུར་ལུང་པ་གྲུབ་ཐོབ་བཤེས་གཉེན་ལས་མདོ་དབང་དང་། སེ་ལུགས་ཀྱི་ཞི་ཁྲོ་རྒྱས་འབྲིང་བསྡུས་གསུམ་གསན། ཐར་ལོ་ཉི་མ་རྒྱལ་མཚན་ལས་སྒྲ་ཚད། ཁྲོ་ཕུའི་སློབ་དཔོན་དཔལ་མཆོག་ལས་རྡོ་རྗེ་ཕྲེང་བས་མཚོན་པའི་གསར་མ་རྒྱ་ཆེན་པོ། བསམ་སྡིངས་གྲུབ་པ་དཔལ་ལས་ལམ་འབྲས། བླ་མ་ཡོན་ཏན་མགོན་ལས་ཕྱག་རྡོར་དང་། རྣམ་འཇོམས། དཔོན་དཔལ་ཆེན་མགོན་ལས་བསྟན་སྲུང་དང་། སྨན་རྩིས་གཡུལ་རྒྱལ། ཤངས་པ་ཤཱཀ་འབུམ་ལས་གཤིན་རྗེ་དམར་ནག་དང་། ཀློ་སྡེའི་སྐོར་ལ་སོགས་ཏེ་མདོར་ན་བླ་མ་མང་པོ་ལས་རིག་གནས་ཕྱི་ནང་། སྡེ་སྣོད། རྒྱུད་སྡེ་མཐའ་ཡས་པ་ཞིག་གསན་ཞིང་། རྩ་བ་ཆོད་པར་སྦྱངས་ནས་གཙོ་བོར་ཐུགས་དམ་འབའ་ཞིག་ལ་བཞུགས། ཡི་དམ་མང་པོའི་ཞལ་གཟིགས། སྐུ་མདུན་ན་སུས་སླེབས་པ་ཡིན་ཡང་སྣང་བ་རང་སར་འགྱུར་ནས། ངེས་འབྱུང་དང་དད་པ་དང་། སྙིང་རྗེ་རང་དབང་མེད་པར་སྐྱེ་བ་ཞིག་ཡོད་པར་གྲགས། ལར་སྐྱེས་བུ་དམ་པ་འདི་ལ་བོན་པོ་ཞིག་གིས་ཟས་ངན་སྦྱར་བས་དགུང་ལོ་ཉི་ཤུ་རྩ་བདུན་ལས་མ་བཞུགས་ཏེ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་པར་དཀའ་བས་སྤྲུལ་པའི་སྐུར་ཡིད་ཆེས་སོ། །དེ་ལ་སློབ་མའི་ཚོགས་བསམ་གྱིས་མི་ཁྱབ་ཅིང་། སྒྱུ་འཕྲུལ་ལམ་རིམ། གསང་བའི་སྙིང་པོ། འགྲེལ་པ་སྤར་ཁབ། མདོ་དང་བཅས་པ་ཚད་དུ་རྫོགས་པའི་བཤེས་གཉེན་གཞན་ཕན་རྒྱ་ཆེན་སྤྱོད་ཅིང་གྲགས་པ་ཐོབ་པ་རང་ཡང་བཅུ་དྲུག་ཙམ་ཡོད་པ་ལས། གཙོ་བོར་གྱུར་པ་ནི་སྔ་ཚར་གྱི་ཐུ་བོ་གཡུང་སྟོན་རྡོ་རྗེ་དཔལ། ཕྱི་ཚར་གྱི་ཐུ་བོ་རྟ་ནག་སྒྲོལ་མ་བ་བསམ་འགྲུབ་(སྟོད་ཆ།༤༥༨)རྡོ་རྗེའོ། དེ་ལ་གཡུང་སྟོན་པ་ནི། གདུང་རུས་གླན། ཤིང་ཕོ་སྤྲེའུ་ལོར་སྐྱེ་བའི་མྱུ་གུ་ཚོང་འདུས་སུ་བཟུང་། སྐུ་གཞོན་ནུ་ནས་མཁྱེན་པ་ཕུན་སུམ་ཚོགས། སྤྱིིར་མཚན་ཉིད་ཐམས་ཅད་མཁྱེན་ཅིང་ཁྱད་པར་མངོན་པ་ཀུན་ལས་བཏུས་ལ་མཁས། སྔགས་གསར་རྙིང་ཐམས་ཅད་ལ་བློ་མཐུ་ཤིན་ཏུ་ཆེ། ཁྱད་པར་ཀརྨ་པ་རང་བྱུང་རྡོ་རྗེའི་སྲས་ཀྱི་དམ་པར་གྱུར་ཅིང་། ཟུར་བྱམས་པ་སེང་གེ་ལས་མདོ་སྒྱུ་སེམས་གསུམ་གྱི་མན་ངག་རྫོགས་པས་ཕྱོགས་འདི་ལའང་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར། གསང་བའི་སྙིང་པོ་ལ་ཊཱི་ཀ་གསལ་བྱེད་མེ་ལོང་མཛད་དེ་བཤར་རླབས་གཞན་ལས་ཆེ། ཟུར་བྱམས་པ་སེང་གེས་ཤངཤ་པ་ཤཱཀ་འབུམ་ལས་གཤེད་སྐོར་གསན་པའི་ཕྱག་ཕྱིར་འབྲེངས་ནས་སློབ། འཕྲུལ་འཁོར་ལས་སྦྱོར་སོགས་ལ་ཤིན་ཏུ་མཁས་ཤིང་མཐུ་ཆེ་བས། སླར་ཟུར་བྱམས་པ་སེང་གེའི་སྐུ་ཚེ་ལ་བར་དུ་གཅོད་པའི་ལྷ་ཁུད་བོན་པོ་ལ་གཤིན་རྗེའི་འཁོར་ལོ་བསྐོར་ནས་མི་ནོར་ཞིང་ཁང་དང་བཅས་པ་གཙང་པོ་ལ་སྦྱངས་ཏེ་རྨིང་མེད་དུ་བཏང་དུས། བླ་མའི་སྐུ་དགྲ་ཐུལ་པ་ཁོ་བོ་ཙམ། ཞེས་པའི་ཚིགས་བཅད་ཀྱང་མཛད། སྐུ་གཞོན་དུས་གོང་མའི་ལུང་གིས་རྒྱ་ནག་ཏུ་བྱོན། སྔར་འཇིག་རྟེན་གྱི་ཁམས་ན་མ་གྲགས་པ་ཙམ་གྱི་མདོས་གཏོར་ཞིག་མཛད། ཡུལ་གྲུ་འགའ་ཞིག་ལ་ཐན་པ་ཆེན་པོ་བྱུང་བས། གོང་མའི་ལུང་གིས་མངགས་ཏེ་ཆར་འབེབས་མཛད་པས་ནུས་པ་མངོན་སུམ་དུ་ཐོན། དངོས་པོ་རྣམས་ངོ་ཤེས་དང་གྲོགས་མཆེད་སུ་ལའང་མ་བྱིན་པར་ཡུམ་གྱི་དོན་དུ་བླ་མ་དང་དགེ་(སྟོད་ཆ།༤༥༩)འདུན་ལ་ཕུལ། བུ་སྟོན་རིན་པོ་ཆེའི་ཡང་སློབ་མར་གྱུར་ནས་དུས་ཀྱི་འཁོར་ལོ་ལ་ཤིན་ཏུ་མཁས། རྒོད་སྒྲོས་ཆུའི་གྲོད་པ་དུམ་བུར་བཅད་ཀྱང་ཆུ་མི་འབོ་པ་དང་། ལྕགས་བསྲེགས་ལ་ཤ་རྗེན་གྱིས་རེག་ཀྱང་མི་ཚིག་པ། རྩིག་པ་ལ་རྡོ་དྲུག་སྦྱོར་གྱི་ཞལ་བ་བྱས་པས་རྩིག་པ་བྲག་ཆེན་ལ་འགྱུར་བ་ལ་སོགས་པའི་རྟེན་འབྲེལ་མང་པོ་མཁྱེན། གཙོ་བོར་ཀརྨ་པ་རང་བྱུང་རྡོ་རྗེའི་དབུགས་འབྱིན་ཆེན་པོས་མན་ངག་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་ལ་ཉམས་བཞེས་མཛད། རྒྱ་ཆེར་རོལ་པ་ལས་བཤད་པའི་གཏེར་ཆེན་པོ་བརྒྱད་ཐོབ་པས། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་སྤོབས་པའི་གཏེར་ཆེན་པོ་ཡོངས་སུ་གྲོལ་ནས། མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་ཕྱ་བའི་བསྟན་བཅོས་མཛད་པ་གཡག་སྡེ་པཎ་ཆེན་གྱིས་གཟིགས། ཤིན་ཏུ་དད་ནས་དཔོན་སློབ་བཅོ་ལྔས་བྱོན་ཏེ་ཞབས་ལ་གཏུགས། སྐུ་ཚེའི་སྨད་ལ་ཚོགས་པ་ཆོས་ལུང་བ་ལས་བསྙེན་པར་རྫོགས་མཚན་རྡོ་རྗེ་འབུམ་ཞེས་པ་རྡོ་རྗེ་དཔལ་དུ་བསྒྱུར། མོན་པ་གྲོ་དང་། ཕུང་པོ་རི་བོ་ཆེ། ར་དུམ་བྲག་ལ་སོགས་པར་བཞུགས་ཤིང་བཤད་པས་ཀྱང་གཞན་ལ་ཕན་པ་རྒྱ་ཆེན་པོ་མཛད། བརྒྱད་ཅུ་རྩ་གཉིས་པ་ཤིང་མོ་སྦྲུལ་གྱི་ལོར་ཞི་བར་གཤེགས་སོ། རྟ་ནག་སྒྲོལ་མ་བ་བསམ་འགྲུབ་རྡོ་རྗེ་ནི། སྔགས་རྙིང་མ་ལས་དངོས་གྲུབ་བརྙེས་པ་རིམ་ཅན་གྱི་སྲས་སུ་རྟ་ནག་གནས་གསེར་དུ་འཁྲུངས། ཟུར་བྱམས་པ་སེང་གེ་ལས་གསན་པ་རྒྱ་ཆེན་པོ་མཛད་ཅིང་ཁྱད་པར་སྒྱུ་འཕྲུལ་ལ་མཆོག་ཏུ་མཁས། གླན་ཉ་ཚལ་བ་བསོད་ནམས་མགོན་པོ་ལས་སྒྱུ་འཕྲུལ་གྱི་དབང་ནོད། མཁྱེན་པ་དང་འཕྲིན་ལས་དཔག་པར་དཀའ་བ་ཡིན་ཏེ།(སྟོད་ཆ།༤༦༠) དབེན་པ་འབའ་ཞིག་ལ་ཐུགས་གཏད། བྱེ་མ་སེང་གེར་རྫོགས་པ་ཆེན་པོ་སྙིང་ཐིག་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད་པས། རིག་པ་ཚད་ལ་ཕེབས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་དང་མཉམ་པ་ཉིད་དུ་སྤྱོད། ཡང་དབེན་པའི་ཟུར་ཤཱཀྱ་འབྱུང་གནས་དང་། འུག་པ་ལུང་པའི་བླ་མ་སེང་གེ་བ་གཉིས་ཆུང་ཆུང་ནས་སྐུ་དྲུང་དུ་བཞག་ནས་ལེགས་པར་བསྐྱངས་པས་བླ་མའི་དམ་ཚིག་ལ་གཅིག་ཏུ་གུས་ཤིང་། ཟུར་རྒྱུད་ལ་བཀའ་དྲིན་ཆེ། ཤངས་པ་ཀུན་མཁྱེན་ཞེས་གྲགས་པ་བླ་ན་གསལ་བ་དེའང་བྱིས་པའི་དུས་ན་བླ་མ་འདིས་དབང་མང་པོ་བསྐུར་ཞིང་བྱིན་གྱིས་བརླབས་པས་མཁས་པ་ཆེན་པོར་གྱུར་པ་སོགས་བྱིན་རླབས་བསམ་གྱིས་མི་ཁྱབ། དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་མེ་ཕོ་འབྲུག་གི་ལོར་གཤེགས་ཁར་སྲས་ལ། དགུང་ལོ་བརྒྱད་དུ་འགྲོ། ཁྱོད་ཀྱིས་ཀྱང་ངའི་ལོ་དང་མཉམ་པ་ཐུབ། དེ་ནས་བདེ་བ་ཅན་དུ་ཤོག་ཅེས་གསུངས་ནས་གཤེགས། དེ་ལ་ཟུར་བརྒྱུད་དང་། སྲས་བརྒྱུད་གཉིས་ལས་ཟུར་བརྒྱུད་ནི། ཟུར་ཧ་མ་ཤཱཀྱ་འབྱུང་གནས་ཏེ། འདིའི་ཡབ་ཟུར་བཟང་པོ་དཔལ་ཞེས་བྱ་བའི་རིང་ལ་གོང་མ་བུ་ཡན་ཐུ་གན་གྱི་ལུང་དང་གནང་སྦྱིན་བླངས། སླར་གོང་མའི་ལུང་གིས་རྒྱ་ནག་དུ་འབྱོན་དགོས་པ་བྱུང་། དང་པོ་གོང་མ་རྒྱལ་པོའི་རིམ་གྲོ་བར་གྱུར་ལ་མཐུ་རྩལ་དང་ནུས་པ་ཤིན་ཏུ་ཆེ་བས་ལོ་ཉེས་ལས་སྐྱོབ་པ་དང་། མདོས་ཟོར་ཐོག་སེར་ལ་སོགས་པས་ངོ་ལོག་ཆོམས་པར་ནུས། ཁྱད་པར་རྒྱལ་པོའི་ཕོ་བྲང་ཏའི་ཏུའི་སྟེང་གི་ནམ་མཁར་མི་མཐུན་པའི་མཚན་མ་སྤྲིན་ནག་པོ་སྡིག་པའི་གཟུགས་ཅན་བྱུང་བ་སུས་ཀྱང་བཤིག་མ་ནུས་པའི་ཚེ། རྒྱལ་པོའི་ལུང་གིས་སྐབས་དབྱེ་ནས་མ་མོ་འཁང་(སྟོད་ཆ།༤༦༡)ཕབ་ཀྱི་མདོས་དར་ཁང་བཅོ་བརྒྱད་ཀྱིས་བཅིངས་པ་བཏང་། གཏོར་འཆམས་མཛད་པས་སྤྲིན་ནག་འཐོར་བ་སོགས་མཐའ་ཁོབ་ཀྱི་ཡུལ་དུ་དམ་པའི་ཆོས་ཀྱི་ཆེ་བ་ལན་མང་དུ་སྟོན་པས་གོང་མ་དད་དེ། ཡང་དག་ལྷ་དགུའི་དབང་དང་ཚེ་དབང་ཞུས། དངུལ་གྱི་ཐམ་ཀ་དང་། དངུལ་བྲེ་བཅུ་གསུམ། །ཕོད་ཁ་ཕྱེད་ཉེས་བརྒྱ་འདེངས་པའི་གོས་དར་གྱི་འབུལ་བ་ཕུལ། ཕོ་བྲང་ཏའི་ཏུར་སྔགས་སྡེ་བཙུགས། དེའི་དུས་ཀྱི་ལས་བཞིའི་ཕུར་པ་ཕོ་བྲང་ན་ཡོད་པར་གྲགས། དེ་ལྟར་ཟང་ཟིང་གི་རྫས་འབྱོར་པ་ལས་རྩ་རྒྱུད་གསང་སྙིང་། འགྲེལ་པ་སྤར་ཁབ། གསང་སྔགས་ལམ་རིམ། མན་ངག་དགུ་པ་ལ་སོགས་པའི་སྔ་འགྱུར་གྱི་ཆོས་སྡེ་ཉི་ཤུ་རྩ་བརྒྱད་པར་དུ་བསྒྲུབས། སོ་སོ་ནས་སྟོང་ཕྲག་རེ་བཏབ་སྟེ་གྲྭ་ས་ལ་བཀྱེ། རྒྱུད་འབུམ་བཞེངས་པའི་ཆ་རྐྱེན་མང་པོ་བསྐུར་བ་སོགས་བསྟན་པ་ལ་ཕན་པ་རྒྱ་ཆེ་སླར་རྒྱལ་པོ་བུ་ཡན་ཐུ་རླུང་གི་ནད་ལ་ཚད་པའི་བཅོས་བྱས་ནས་གཤེགས། འདི་དུས་ས་སྐྱ་དང་ཟུར་ཚོ་རྣམས་གྲུབ་མཐའི་སྙིང་པོ་གཅིག་པས་འདྲིས་ཤིན་ཏུ་ཟབ་པ་ཡིན། རྒྱུ་དེས་ཟུར་བྱམས་པ་སེང་གེ་གཤེགས་པའི་ལོ་རྒྱུས་ས་སྐྱར་བསྐྱལ་བས། དེ་མ་ལེགས། ད་ཟུར་བཟང་པོ་དཔལ་རྒྱ་ནག་ནས་བོས་ཤིག་གསུངས། གཞན་རྣམས་ཀྱང་བགྲོས་ནས་ཉེ་གནས་འཇམ་དབྱངས་གདན་འདྲེན་དུ་བཏང་། དེས་རྒྱ་ནག་ཏུ་བརྟོལ་བའི་ཚེ་ཚད་པའི་ནད་ཀྱིས་བསྙུན་ནས་འགྲོངས་ལ་ཁད་ཡོད་དེ། མཁའ་འགྲོ་ཆོས་སྐྱོང་གི་བྱིན་གྱིས་བརླབས་ནས་ཅུང་དྲག་པའི་མགོ་བསྟན། དེའི་ཚེ་ཉིད་ཀྱི་གཟིགས་སྣང་ལ་རྒྱལ་པོ་བུ་ཡན་ཐུ་དང་མཇལ་ནས། ཁྱོད་བོད་དུ་འབྱོན་ན་གནང་སྦྱིན་ཇི་ལྟར་བྱིན་ཞེས་གསུངས་པ་ལ་ལན་ཞིབ་ཏུ་ཞུས་པས། ཅི་ཡང་མ་བྱིན་པར་འདུག་(སྟོད་ཆ།༤༦༢)གསུངས་ནས་ཡལ། དེའི་ལོ་རྒྱུས་དཔོན་མོ་ཐའུ་ལས་ཐོས་ཏེ་ཁྱོད་མཐོང་བས་གོང་མ་དྲན་ཟེར་ནས་མཆི་མ་ཕྱུང་། སླར་དངུལ་བྲེ་བཅུ་བྱིན། རྡོ་རྗེ་སེམས་དཔའི་སྐུ་རྒྱ་ནག་ལི་མ་དང་། ཆོས་སྐྱོང་ལྕམ་དྲལ་གྱི་འཆམས་སྐུ་བཞེངས་པ་གདན་དྲངས་ནས་བོད་ལ་བྱོན་པའི་ཚེ། མགོན་པོས་བོད་ལ་ཞལ་གཟིགས་ནས་གོམ་པ་བདུན་འཕགས་པས། བསེ་འབག་གོམ་བདུན་མར་གྲགས། བོད་དུ་བྱོན་ནས་བསྟན་པའི་བྱ་བ་ལ་རྒྱུད་འབུམ་བཞེངས། ཆོས་སྐྱོག་བྲན་དུ་འཁོལ། མ་འོངས་པ་མངོན་སུམ་དུ་ལུང་སྟོན། སླར་ཡང་གོང་མའི་ལུག་གིས་རྒྱ་ནག་ཏུ་གཤེགས་དགོས་པ་བྱུང་བའི་ཚེ། འབྱོན་པར་མ་སྤྲོ་བས། རྒྱལ་པོའི་ཕོ་ཉ་ཐེ་མུར་དར་དང་། གྷ་ར་ལ་དངུལ་བྲེ་ལ་སོགས་པ་བྱིན་ཏེ་སློག་ཀྱང་རྒྱལ་པོའི་ཆད་པ་འོང་ཟེར་འགྲོ་མ་འདོད། དེར་རང་དབང་ཐམས་ཅད་བདེ་བ་ཡིན། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། ཞེས་པ་ལ་སོགས་པའི་ཞལ་གདམ་མཛད་ནས་རྒྱ་ནག་ཏུ་གཤེགས། སྤྱིར་དགུང་ལོ་སུམ་ཅུ་སོ་བརྒྱད་ལས་མ་བཞུགས་པ་དེའི་སྲས་ཡིན། དེ་ལ་ཟུར་ཧམ་ཤཱཀྱ་འབྱུང་འདིས་ཆུང་ངུ་ནས་ཡབ་མེས་ཀྱི་ཆོས་ལ་སྦྱངས་ཤིང་ལས་སད་པས། རང་ལོ་ལྔ་པར་ཡབ་རྒྱ་ཡུལ་གཤེགས་པའི་བསུ་བ་མི་ཆེན་དང་བཅས་པའི་དབུས་སུ་རྩ་རྒྱུད་ལ་བཤད་པ་ཐོ་རེ་ལོང་མཛད་པས་ཐམས་ཅད་ཧ་ལས། དགུང་ལོ་བདུན་པ་ནས་བཤད་གྲྭ་བསྐྱངས། བླ་མ་ཀུན་སྤངས་སར་དགེ་ཚུལ་དང་། ཆོས་རྗེ་བསོད་ནམས་གྲགས་པ་ལས་བསྙེན་པར་རྫོགས་པའི་མཚན་ཤཱཀྱ་འབྱུང་གནས་གྲགས། ཟུར་པཀྴིའི་སྲས་ཟུར་ཤཱཀྱ་སེང་གེ་ཞེས་བྱ་བ་གོ་ལུག་རྒྱལ་པོའི་ལུང་དང་(སྟོད་ཆ།༤༦༣)གནང་སྦྱིན་གསེར་བྲེ་ཆེན་སྲང་དྲུག་ཅུ་མ་བཞི། དངུལ་དཀར་བྲེ་ཆེན་ཉི་ཤུ། གོས་ཕྱི་ནང་ཉིས་བརྒྱ་རྣམས་ཐོབ་ཅིང་། དཔོན་མོ་ཐའུ་སོགས་པས་ཀྱང་བདོག་པ་རྒྱ་ཆེར་བྱིན་པས་ཟུར་པའི་བསྟན་སྲིད་ལ་ཕན་པ་རྒྱ་ཆེར་བཏག་ལ། ཁྱད་པར་རྒྱལ་ལ་ཟུར་པོ་ཆེའི་སྐུ་ཆོས་ཀྱི་དུམ་བུ་བཞུགས་པའི་འཇམ་དབྱངས་ཀྱི་གསེར་སྐུ་ཤིན་ཏུ་མཚར་བ་བཞེངས་ནས་དཔལ་འུག་བྱ་ལུང་གི་རྟེན་གཙོར་མངའ་གསོལ། བཤད་གྲྭ་དང་སྒོམ་གྲྭའི་ཚུགས་པ་ཆེན་པོ་ཟིན་པར་བྱས། བདོག་པ་ལ་ཕོངས་པ་མེད་པས་བསྟན་པའི་རིམ་གྲོ་ལྷུར་ལེན། མཐོང་ན་མི་མཐུན་པ་མེད་པའི་གཟི་བྱིན་གྱིས། ཧོར་གྱི་མི་ཆེན་ཐེ་མུར་དར་ཡང་དད་པར་གྱུར་ནས་ཚེ་དབང་ཞུ་བ་ལ་སོགས་པའི་དང་བ་སྟོན་ནུས་སེམས་དཔའ་ཆེན་པོའི་ངང་ཚུལ་ལ་གནས་པ་དེ་དང་། ས་བཟང་ལོ་ཆེན་རྒྱལ་བ་གཡུང་། འཇམ་དབྱངས་བསམ་འགྲུབ་རྡོ་རྗེ། ས་སྐྱ་པའི་གདུང་བརྒྱུད། ཟུར་པའི་དབུ་ཆེ་གྲགས་པ་ཆེ་བ་རྣམས་ཀྱིས་མཚོན། བོད་དབུས་གཙང་གི་མཁས་བཙུན་བཟང་གསུམ་ཐམས་ཅད་ལ་གཏུགས་ནས་མཚན་ཉིད་སྡེ་གསུམ། གསང་སྔགས་གསར་རྙིང་ཐམས་ཅད་ཀྱི་གཞུང་དང་མན་ངག་ལ་ལེགས་པར་སྦྱངས། ཁྱད་པར་དུ་མངོན་རྟོགས་རྒྱན། སྤྱོད་འཇུག་དུས་ཀྱི་འཁོར་ལོ། ཀུན་བྱེད་རྒྱལ་པོ། སྒྱུ་འཕྲུལ་ལམ་རིམ། གསང་བ་སྙིང་པོ། འགྲེལ་པ་སྤར་ཁབ་རྣམས་ལ་ནན་ཏན་དུ་སྦྱངས་པས་མཁས་གྲུབ་ཆེན་པོར་གྲགས། དུས་ཕྱིས་མདོ་དབང་ཟུར་ལུགས་ཀྱི་བསྟན་པའི་བདག་པོ་འདི་ཁོ་ན་ཡིན། སྒྲོལ་ཆེན་བསམ་རྡོར་ལས་མདོ་དབང་གསན་པའི་ཚེ། རྒྱ་བོད་ཀྱི་ན་བཟའ། ཐབ་ཆས། ནས་ཁལ་ལྔ་བཅུ་སོགས་ཀྱིས་སྣ་དྲངས་པའི་འབུལ་བ་བྱས་ཏེ་ལུང་ལག་ལེན་(སྟོད་ཆ།༤༦༤)ཕྱག་བཞེས་ཐམས་ཅད་མཐའ་ཆོད་པར་མཛད། གཏད་རྒྱ་ཁོ་ནའི་དོན་དུའང་གོས་ཡུག་ཆེན་དང་གསེར་གྱི་འབུལ་བས་མཉེས་པར་མཛད། ཤཱཀྱ་ཐུབ་པ་དང་། ཧེ་རུ་ཀ་རིགས་ལྔ་གཟིགས་སྣང་དུ་ཤིན་ཏུ་གསལ་བ་གཟིགས། འདུས་པ་མདོའི་ལྷ་ཐེམ། གཏད་རྒྱའི་འགྲེལ་པ་སོགས་མང་དུ། མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ཅིང་། སྒྲོལ་མ་པའི་སྲས་སངས་རྒྱས་རིན་ཆེན་དང་། གཉལ་པ་བདེ་ལེགས་པ་ལ་སོགས་ཏེ་བསྟན་པའི་གསལ་བྱེད་དུ་གྱུར་པའི་སློབ་མ་མང་དག་བསྐྲུན་ནས་དགུང་ལོ་སུམ་ཅུ་སོ་བརྒྱད་པ་ལ་གཤེགས། གཉལ་པ་བདེ་ལེགས་ཀྱི་ཆོས་ཁྲིགས་ཀྱང་ཡོད་དོ། ཡང་སྒྲོལ་ཆེན་པའི་སྲས་བརྒྱུད་ལྟར་བྱས་ན། སྲས་སངས་རྒྱས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ཞེས་གྲགས་པ་དེ་ཉིད་ཡབ་ཀྱི་ལྔ་བཅུ་རྩ་དྲུག་པ་ལྕགས་ཕོ་སྟག་ལ་གནས་གསར་དུ་འཁྲུངས། མི་རྣམས་ཀྱིས་ཁྱེད་ཀྱི་སྲས་འདིས་ཕན་ནི་མི་ཐོགས། དེ་ཙམ་གྱི་གཙིགས་ཀྱིས་ཅི་བྱ་ཟེར་བས། འགྲོ་བ་ལ་ཕན་ཐོགས་པ་ཞིག་འོང་གསུངས། དགུང་ལོ་དྲུག་པ་ལ་གསང་བ་སྙིང་པོའི་རྒྱུད་ཐུགས་སུ་ཆུད། ཟུར་ཤཱཀ་འབྱུང་བའི་སྤྱན་སྔར་བྱོན། ངའི་བླ་མའི་སྲས་ཞེས་གཅེས་པར་བསྐྱངས་པས་རྒྱུད་བཟུང་བ་དེ་བརྙེལ། ཡང་ལོ་བརྒྱད་ལོན་པ་ན་བསྐྱར་ཏེ་བཟུང་། ཆོག་ཕྲིན་རྣམས་ཡབ་ཀྱིས་བསླབས་ཆོས་ལོ་བཅུ་བཞི་པར་གཞན་ལ་དབང་བསྐུར་བའི་སློབ་དཔོན་ཕེར་བ་བྱུང་། ཡབ་ལས་སྒྱུ་འཕྲུལ་གྱི་ཆོས་སྐོར་རྣམས་ཐུགས་སུ་ཆུད་པར་མཛད། ད་ང་རབ་ཏུ་བྱུང་ནས་མཚན་ཉིད་སྦྱངས། གསར་མའི་རྒྱུད་སྡེའང་སློབ་པ་ཡིན་ཞུས་པས། རེ་ཞིག་མི་རུང་བཟོད་རབ་ཏུ་བྱུང་(སྟོད་ཆ།༤༦༥)བས་ཆོག་གསུངས། དེར་མ་གཅིག་ཅིག་བདག་གིར་བཟུང་བས་སྲས་ཁ་ཤས་འཁྲུངས། དགེ་བསྙེན་གྱི་རྟེན་ལ་བསླབ་སྦྱངས་རྫོགས་པར་མཛད་ནས་སླར་ཆོས་འཁོར་སྒྲང་དུ་ཆིག་རྫོགས་མཛད། སྐུ་ཤིན་ཏུ་བཙུན་པར་བཞུགས། སྒྱུ་འཕྲུལ་ལ་མཁས་པར་གྱུར་པས་དགུང་ལོ་བཞི་བཅུ་སྐོར་ལ་གསང་བ་སྙིང་པོ་ལ་ཊཱི་ཀ་ཆེ་བ་ཞིག་དང་། ལམ་རྣམ་བཀོད་ལའང་རྣམ་བཤད་ཆེན་པོ་ཞིག་མཛད། དེ་བཞིན་དུ་ཕྲིན་ལས་ཤར་བ་བརྒྱད་ལས། ཁྲོ་བོ་ལ་མངོན་པར་རྟོགས་པ་རྒྱས་པ་དང་། གནས་ལུང་ལའང་ཆོ་ག་རྒྱས་པ་ཞིག་མཛད། ཡབ་དང་ཐུགས་སྲས་མཐུན་པ་རྡོ་རྗེ་སོགས་ལས་མན་ངག་མང་དུ་མཉན་ཞེན་ཉམས་སུ་བསྟར། དགུང་ལོ་བདུན་ཅུ་པ་ལ་འགོས་ལོ་ཡེ་བཟང་རྩེ་བ་རྗེས་སུ་བཟུང་སྟེ། འདི་ལྟར་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་། སྒྱུ་འཕྲུལ་གྱི་ཚེ་དབང་། དོང་སྤྲུགས་ཀྱི་དབང་། ཚེ་བདག་དང་། ཡང་དག་མེ་གཅིག་གི་དབང་། སྣ་བོ་བའི་ལུགས་ཀྱི་རྟ་མགྲིན་དང་། ཟླ་རྒྱལ་མའི་ལུགས་ཀྱི་རྗེས་གནང་། ཕུར་པ་ས་ལུགས་ཀྱི་དབང་དྲག་པོའི་རྗེས་གནང་དང་བཅས་པ། སེམས་སྡེ་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་། གསང་སྙིང་རྒྱུད་འགྲེལ་པ་དང་བཅས་པའི་བཤད་པ་ལམ་རྣམ་པར་བཀོད་པའི་ཊཱི་ཀ་ཉིད་ཀྱིས་མཛད་པའི་ཐོག་ནས་བཤད་པ་རྒྱས་པ། གཞན་སྒྱུ་་འཕྲུལ་གྱི་ཁོག་གཞུང་བཞི་བཅུ་ལ་སོགས་པའི་གཞུང་ཆུང་བཞི་བཅུ་ཙམ། མདོ་དགོངས་པ་འདུས་པ་དང་། དེའི་རྩ་བའི་རྒྱུད་ཀུན་འདུས་དང་། གནུབས་ཆེན་གྱི་མདོ་འགྲེལ་མུན་པའི་གོ་ཆ། སྒྱུ་འཕྲུལ་བརྒྱད་ཅུ་པ་དང་བླ་མ་གཉིས། ཡང་དག་རྩ་བའི་ལུང་རྣམས་ཀྱང་གནང་། སྙིང་ཐིག་སྤྲོས་བཅས་ལ་སོགས་པའི་དབང་བཞི་དང་། མེ་ལོང་པས་མཛད་པའི་ཡི་(སྟོད་ཆ།༤༦༦) གེའི་སྟེང་ནས་ཁྲིད་ཡིག རྫོགས་ཆེན་ཨ་རོའི་མན་ངག་ཀྱང་ཁྲིད་དུ་མཛད། དེ་བཞིན་དུ་བྱང་སེམས་ཡེ་རྒྱལ་བ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་སྨར་ཁྲིད་ཀྱང་སྣང་སྟེ། རྒྱུ་མཚན་དེ་ལ་བརྟེན་ནས་འགོས་ལོ་ཡེ་བཟང་རྩེ་པས། གསང་སྔགས་རྙིང་མ་ཞེས་གྲགས་པའི་ཕྱོགས་ལ་ལྷག་པར་མོས་པ་ཐོབ་ཅིང་། ཆོས་སྤོང་བའི་སྒྲིབ་པས་མ་སྦགས་ཙམ་མོ། །ཞེས་ཐོས་པའི་ཕ་རོལ་ཏུ་སོན་པའི་མཐར་ཐུག་དོན་དང་ལྡན་པར་སོང་བ་ཡིན་ཞེས་ངེས་པ་བསྟན་པའི་ཐ་ཚིག་གོ །དེ་ལྟར་ཆོས་རྗེ་སངས་རྒྱས་རིན་ཆེན་པས་བདུན་ཅུ་རྩ་གཉིས་པ་ལྕགས་མོ་གླང་གི་ལོ་ལ་དབུས་སུ་ཕེབས། གོང་སོ་རིའི་བསམ་གཏན་གླིང་དུ་དབང་གྲགས་པ་རྒྱལ་མཚན་གྱིས་ཞབས་ནས་བཏེག །འདུས་པ་མདོ་ལ་སོགས་པའི་དབང་མང་པོ་དང་། གསང་རྙིང་ལ་སོགས་པའི་བཤད་པ་དང་ལུང་མང་པོ་བྱིན། བརྒྱད་ཅུ་རྩ་གཉིས་པ་ལྕགས་མོ་ཕག་གི་ལོ་ལ་གཙང་དུ་སྐུ་གཤེགས། ཟུར་ཆུང་པ་འཁྲུངས་ནས་དུས་འདི་ཡན་ཆད་ལ་ལོ་བཞི་བརྒྱ་དང་བཅུ་བདུན་སོ། ཡང་སྒྲོ་ཕུག་པ་ཆེན་པོའི་སློབ་བརྒྱུད་འཕྱོས་རྒྱས་རྒྱ་སྨན་པ་སངས་རྒྱས་གྲགས་ཞེས་བྱ་བ་ནི། རུས་གཉལ། ཡུལ་རྒྱ་སྨན་སྟག་རྩེ་པར་འཁྲུངས། གཞོན་ནུའི་དུས་ཛམ་བྷ་ལ་བསྒྲུབས་པས་ཞིང་ཆུང་ཞིག་ཡོད་པ་དེའང་ཆུས་ཁྱེར། བྱ་བྲལ་བྱོན་པས་སྤུ་གུ་དོར་ཕྱུག་པོ་མཛེས་ཁྱེར་བ་ཞིག་གི་རོ་ཁུར་མི་བྱུང་བར་འདུག སྙིང་རྗེ་དྲག་པོ་སྐྱེས་ཏེ་རྟོག་མེད་མཛད་ནས་རོ་ལས་བྱས་པ་སམལ་འགྲམ་ནས་གསེར་མང་པོ་བྱུང་། དེ་ཛམ་བྷ་ལས་དངོས་གྲུབ་བྱིན་པར་འདུག སླར་ལོག་སྟེ་གྲྭ་ཕྱི་ཁང་དམར་དུ་ཁྲུང་པོ་ཁྲོ་བོར་ཐུག་ཁོང་ཡང་དག་སྒྲུབ་པའི་ཕྱག་ཕྱིར་སྒྲུབ་པ་མཛད་པས། ཡང་དག་མར་མེ་(སྟོད་ཆ།༤༦༧)དགུ་པའི་ཞལ་གཟིགས། དེ་ནས་གཙང་དུ་བྱོན། གསང་བདག་སྒྲོ་ཕུག་པའི་སློབ་མ་བྱ་ཆེན་པོའི་དཔོན་པོ་ཞིག་ལ་མདོ་དང་སྒྱུ་འཕྲུལ་ལ་སོགས་པའི་གསན་པ་མཛད། དེར་ཕྱུག་པོ་ཞིག་གིས་ནས་ཁལ་བརྒྱ་ཐམ་པ་ཕུལ། ཆ་རྐྱེན་གྱིས་མི་ཐོགས་སར་བྱུང་བས་སྒྲོ་ཕུག་པའི་སློབ་མ་ཉང་ནག་མདོ་བོ། དེའི་སློབ་མ་ལྷ་རྗེ་མངའ་སེང་གེ་ལའང་སྒྱུ་འཕྲུལ་ཉན། མཁས་པ་ཆེན་པོར་གྱུར་ནས་རང་ཡུལ་དུ་རྡོ་ཐོག་ཐེལ་བཏབ། གཉལ་པ་ཞིག་པོའི་སློབ་མ་རྒྱ་ཆིང་རུ་བས་ཀྱང་རྡོ་ཐོག་པའི་ཞབས་ལ་གཏུགས་ཏེ་ཐོས་པ་མང་དུ་མཛད། ཁྱད་པར་འདི་ལ་སློབ་མ་མཁས་ཤིང་གྲུབ་པའི་དཔའ་བོ་ཟི་སྐྱི་ཆོས་ཀྱི་སེང་གེ་བྱ་བ་ཞིག་བྱུང་། དེས་གོང་མ་སེ་ཆེན་གྱི་སྤྱན་སྔར་བྱོན། རྒྱལ་པོ་ནུས་པ་བརྟག་པའི་ཕྱིར་ཐུབ་ཆོད་མཛད་དེ་མཆོད་རྟེན་གྱི་ནག་དུ་བཅུག་ནས་སྐོབ་རྩིགས་ཏེ་ལོ་གཅིག་བཞག །ལོ་དུས་ན་ཁ་ཕྱེ་སྟེ་བལྟས་པས། རྡོ་རྗེ་ཕུར་བུའི་སྐུར་གྱུར་འདུག་པས་ངོ་མཚར་ཆེན་པོ་སྐྱེས། རྡོ་ཐོན་ས་ལ་དར་རིང་ཆེན་མོ་ལ་སོགས་པོའི་དངོས་པོ་ཚན་ཆེར་གནང་། འཇའ་སས་བབཅད་པའི་དགོན་གཞིས་ཀྱང་མང་དུ་ཡོང་དེ་དར་རྒྱས་ཤིན་ཏུ་ཆེ་བ་བྱས། ད་ལྟ་ནི་མི་འདུ་གྲགས་པའི་རྗེས་ཤུལ་ཙམ་སྡེ་བསྟན་པའི་འཕེལ་འགྲིབ་འདི་ཡང་སྐྱོབ་བསྐུལ་བའི་རང་བཞིན་ནོ། སྐྱི་ཆོས་ཀྱི་སེང་གེའི་སློབ་མ་ནི། སྨན་ལུང་པ་ཤཱཀྱ་འོད་དེ། འདི་ནི་འཕྱོང་སོ་ཁེ་རུའི་ཉང་སྟོན་ཆེན་པོར་སྲས་ལྔ་བྱུང་བ་ཡར་ཀླུངས་སྤྲུལ་སྐུ་མཆེད་ལྔར་གྲགས་པའི་ཆེ་ཤོས་ཡིན། ཡུལ་ཡར་ཀླུངས་དགོན་པ་སྨན་ལུང་ཡིན་པས་དེ་སྐད་དུ་གྲགས། ཚིག་གཉིས་པ་ཆོས་ལྡན་པའི་གདན་ས་ད་ལྟ་ཆོས་ལྡན་ཞེས་པའི་དགོན་རོལ་འདི་ག་ཡིན། མཚན་དངོས་མགོན་པོ་རྡོ་རྗེ་(སྟོད་ཆ།༤༦༨)ཞེས་བྱ་སྟེ་གྲུབ་པ་ཤིན་ཏུ་བརྙེས་པས་གྱང་ལ་སྐུ་རྒྱབ་གཏད་པའི་རྗེས་ཐིམ་གྱིས་སོར་བར་ལྟའང་ཡོད། སྔར་འདིར་ཆོས་གྲྭ་ཆེན་པོ་ཆགས་པར་སྣང་སྟེ་རྒྱུད་འབུམ་གྱི་རེས་མའང་ཤིན་ཏུ་མང་བར་མཐོང་། སྨན་གྲུབ་མཛད་པས་ཡུལ་འདིར་སྡིག་པ་དང་གྲོག་སྦུར་ཀྱང་དཀོན་པ་ཡིན་ཞེས་ཐོས། སྲུང་མ་ཤིན་ཏུ་ནུས་པ་ཆེ་བས་ད་ལྟ་དགོན་ཤུལ་ཀྱང་བསྲུང་བར་སྣང་སྟེ་ལྷ་འདྲེ་རྣམས་དམ་ཚིག་ལ་ཤིན་ཏུ་གནས་པ་ཞིག་གོ །ཚིག་འོག་མ་གསུམ་ལ་སྐལ་ལྡན་པ། དུར་ཁྲོད་པ་དབང་རྒྱལ་ཞེས་གྲགས། དེ་ལས་འདིར་ཚིག་དང་པོ་སྨན་ལུང་པ་ཤཱཀྱ་འོད་ཀྱིས་སྐྱི་ཆོས་ཀྱི་སེང་གེ་ལས་མདོ་སྒྱུ་འཕྲུལ་རྣམས་ལེགས་པར་བསླབས། ཕྱིས་གླན་ཤཱཀྱ་འོད་པོའི་སྲས་གླན་མཁས་པ་བསོད་རྒྱལ་ལའང་གསན་ནས་གསང་བ་སྙིང་པོའི་ཁོག་དབུབ་དང་། ཊཱི་ཀ་རྒྱུད་དོན་རྣམ་ངེས་ལ་སོགས་པ་ཡིག་ཆ་མང་དུ་མཛད། འདིའི་སློབ་མ་དྭགས་པོའི་སངས་རྒྱས་གོང་ལ་བ་ཡིན། དེ་ལ་དྭགས་པོ་ཉིད་དུ་སློབ་མ་བླ་མ་གཉན་སྟོན་ལ་སོགས་པ་མང་དུ་ཐོན་ཞིང་། གཙོ་བོར་གོན་གྱོ་བ་ག་པོའི་བླ་མར་གྱུར་ནས་ཁམས་སུ་ཤིན་ཏུ་དར་བར་གྱུར་ཏོ། ཡང་སྨན་ལུང་པ་ལས་དབོན་ཤཱཀྱ་འབུམ་པས་གསར་བ་སྙིང་པོའི་བཤད་པ་ལ་མཁས་པར་བསླབས། དེ་ལ་མཁས་གྲུབ་ཆོས་དཔལ་ཡབ་སྲས་གཉིས་ཀྱང་གསང་སྙིང་གི་བཤད་པ་ལེགས་པར་ནོད། སྨན་ལུང་འི་བརྒྱུད་པ་དེ་དག་ནི་གཏེར་ཁ་གོང་འོག་ལའང་གནས་དུས་དེར་ཆོས་ཀྱི་བདག་པོར་གྱུར་པ་ཞིག་གོ །སྐྱི་ཆོས་ཀྱི་སེང་གེའི་གདན་ས་བ་རྒྱ་ཡེ་ཤེས་མགོན་པོས་ཀྱང་། སྐྱི་དང་གླན་ཆོས་རྒྱལ་གཉིས་ཀ་ལ་གཏུགས་ནས་མདོ་དང་སྒྱུ་འཕྲུལ་མཁས་པར་མཁྱེན། དེའི་དབོན་པོ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་གཞོན་ནུ་ལ་གསང་ཕུར་བྱོན་ནས་(སྟོད་ཆ།༤༦༩)ཚད་མ་རྣམ་ངེས་མཁས་པར་སྦྱངས། དེ་ནས་ཕུ་བོ་རྒྱ་ཡེ་ཤེས་མགོན་པོ་ལས་མདོ་དང་སྒྱུ་འཕྲུལ་ལེགས་པར་བསླབས་ནས། འགྲེལ་བ་སྤར་ཁབ་གཞུང་དུ་བྱས་པའི་ཊཱི་ཀ་དང་། དབང་གི་ཆོ་ག་ལ་སོགས་པར་མཛད། དེས་རང་གི་དབོན་པོ་བླ་མ་ཚུལ་རྒྱལ་བ་ལ་གསུངས། དེ་ལ་རི་གོད་དང་ཤེས་རབ་རྒྱལ་མཚན་གྱིས་གསན། འདི་དྭགས་པོར་སྐུ་རབས་དཔོན་གཡོག་དང་སྔགས་པ་རྣམས་ལ་བཤད་པས་རེ་ཞིག་ན་དྭགས་པོའི་ཕྱོགས་ནའང་དར་བར་ཡོད་ཟེར། ཤེར་རྒྱལ་གྱི་སློབ་མ་ཞང་མཁར་པ་བསོད་ནམས་བཟང་པོ། དེའི་སློབ་མ་སློབ་དཔོན་བཀྲ་ཤིས་རྒྱ་མཚོ། འདི་ལ་རྡོ་རྗེ་རྒྱལ་མཚན་བའི་སྙིང་ཊཱི་ཀ་གི་ཐོག་ནས་བཤད་ལུང་དང་། ཕུར་པ་ལྷ་ནག་ལ་སོགས་པ་འགོས་གཞོན་ནུས་གསན་ཏོ། །བདག་ཉིད་ཆེན་པོ་འགོས་གཞོན་ནུ་དཔལ་ནི་ཡབ་འགོས་སྐོན་འབྱུང་གནས་རྡོ་རྗེ་དང་། ཡུམ་སྲིད་ཐར་སྐྱིད་གཉིས་ཀྱི་སྲས་སུ་ཆུ་སྦྲེལ་ལ་འཁྲུངས། སྤྱན་གཡས་མཁན་ཆེན་ལས་རབ་ཏུ་བྱུང་། ཀརྨ་པ་དེ་བཞིན་གཤེགས་པ་ལས་ཀྱང་ཁྱང་སྡོམ་དང་། ཆོས་དྲུག་གསན། རྔོག་བྱང་ཆུབ་དཔལ་ལས་རྔོག་ཆོས་རྣམས་གསན། ཁྱད་པར་པཎ་ཆེན་བ་ན་རཏྣ་ལས་བླ་མེད་ཀྱི་རྒྱུད་སྡེ་ཕལ་མོ་ཆེའི་དབང་བསྐུར་བ་རྣམས་ཞུས། མཚན་བརྗོད་དང་དཔྱིད་ཐིག དབང་མདོར་བསྟན། དཔེ་མེད་འཙོའི་སྦྱོར་དྲུག་རྩ་འགྲེལ་རྣམས་ཞུས་ཤིང་བསྒྱུར། རྗེ་འདི་ཉིད་ཀྱིས་སྒྲོལ་ཆེན་སངས་རྒྱས་རིན་ཆེན་དགུང་ལོ་བདུན་ཅུ་པ་ལ་ས་མོ་ཕག་གི་ལོར་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་། སྒྱུ་འཕྲུལ་གྱི་ཚེ་དབང་། ན་རག་དོང་སྤྲུགས། ཚེ་བདག་ཡང་དག་མེ་གཅིག རྟ་མགྲིན། ལྷ་མོ་དང་ཟླ་རྒྱལ་ལུགས། ཕུར་པ་(སྟོད་ཆ།༤༧༠)འཁོན་ལུགས། སེམས་སྡེ་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་སོགས་སྔ་འགྱུར་རྒྱུད་སྡེའི་དབང་བཀའ་ཐམས་ཅད་མ་ཚང་བ་མེད་པ་གསན། བཤད་པའི་བཀའ་གསང་བ་སྙིང་པོ་རྒྱུད་དང་འགྲེལ་པ་སོ་སོར་བཤད་པ་དང་། ཡ་མ་རྣམ་བཀོད་ཀྱི་ཊཱི་ཀ་ཁོང་ཉིད་ཀྱིས་མཛད་པ་དང་། གཞན་ཡང་ཕོག་གཞུང་གསལ་སྒྲོན་སོགས་རྒྱ་བོད་ཀྱི་གཞུང་ཆུང་བཞི་བཅུ་སྐོར་གྱི་བཤད་ལུང་རྣམས་དང་། མདོ་དགོང་འདུས་དང་དེའི་རྩ་བའི་རྒྱུད་ཀུན་འདུས་རིག་པ་དང་། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་མདོའི་འགྲེལ་པ་མུན་པའི་གོ་ཆ། སྒྱུ་འཕྲུལ་བརྒྱད་ཅུ་པ་དང་། བཞི་བཅུ་པ་དང་། བླ་མ་གཉིས། ཡང་དག་རྩ་བའི་ལུང་རྣམས་ཀྱང་གསན། སྙིང་ཐིག་ལ་རྩ་བའི་དབང་སྤྲོས་བཅས་སྤྲོས་མེད་བཞིིའི་དབང་བསྐུར་བ་དང་། གྲུབ་ཐོབ་མེ་ལོང་རྡོ་རྗེས་མཛད་པའི་ཁྲིད་ཡིག་གི་སྟེང་ནས་ཁྲིད་དང་། ཨ་རོའི་ལུགས་ཀྱི་རྫོགས་ཆེན་མན་ངག་གི་ཁྲིད་ཀྱང་གསན་ཞིང་། མདོར་ན་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་བདག་པོ་ལྟ་བུར་གྱུར་ཞིང་རྗེ་ཉིད་ཀྱིས་ཀྱང་གསང་སྔགས་རྙིང་མ་ཞེས་གྲགས་པའི་ཕྱོགས་ལ་ལྷག་པར་མོས་པ་ཐོབ་ཅིང་། ཆོས་སྤངས་པའི་སྒྲིབ་པས་མ་སྦགས་ཙམ་མོ། །ཞེས་གསུངས་པའང་བོད་ཀྱི་མཁས་རློམས་ཕྱོགས་ལྷུང་ཅན་འགའ་ཞིག་ལ་དགོངས་པ་ཡིན་ཏེ། དོན་དུའང་རྗེ་འདི་ཉིད་ནི་གྲུབ་མཐའ་ཕྱོགས་སུ་མ་ལྷུང་བའི་བཤེས་གཉེན་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ཅིང་བསྟན་བཅོས་རྣམས་ཀྱང་ཚད་མར་གྱུར་པའི་ལེགས་བཤད་ཆེ་བ་ཡང་མངོན་སུམ་གྱིས་གྲུབ་བོ། །རྗེ་འདིས་ཀརྨ་པ་ཆོས་གྲགས་རྒྱ་མཚོ་ལ་སེམས་འགྲེལ་སྐོར་གསུམ་སོགས་ཆོས་བཀའ་དབང་ཁྲིད་མང་པོ་ཕུལ། ཞྭ་དམར་ཅོད་པཎ་འཛིན་པ་བཞི་པ་ཆོས་ཀྱི་(སྟོད་ཆ།༤༧༡)འཁོན་ལུགས། སེམས་སྡེ་བཅོ་བརྒྱད་ཀྱི་རིག་པའི་རྩལ་དབང་སོགས་སྔ་འགྱུར་རྒྱུ་སྡེའི་དབང་བཀའ་ཐམས་ཅད་མ་ཚང་བ་མེད་པ་གསན། བཤད་པའི་བཀའ་གསང་བ་སྙིང་པོ་རྒྱུད་དང་འགྲེལ་པ་སོ་སོར་བཤད་པ་དང་། ཡ་མ་རྣམ་བཀོད་ཀྱི་ཊཱི་ཀ་ཁོང་ཉིད་ཀྱིས་མཛད་པ་དང་། གཞན་ཡང་ཕོག་གཞུང་གསལ་གསགརོན་སོགས་རྒྱ་བོད་ཀྱི་གཞུང་ཆུང་བཞི་བཅུ་སྐོར་གྱི་བཤད་ལུང་རྣམས་དང་། ཞྭ་དམར་བཞི་པ་སྤྱན་སྔ་རིན་པོ་ཆེ་ནི་ཏྲེ་ཤོང་ཁང་དམར་དུ། ཡབ་ལྡོང་དགོན་པ་སྐྱབ་དང་ཡུམ་དབྲ་བཟའ་བསོད་ནམས་སྒྲོལ་མའི་སྲས་སུ་འཁྲུངས། ཟུར་མང་དགོན་དུ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོ་དང་མཇལ་ཏེ་རབ་ཏུ་བྱུང་། མཚན་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོར་གསོལ། མཁན་པོར་གོ་ཤྲཱི་གྲགས་དཔལ་པ་དང་། བན་སྒར་བ་ལས་ཀྱང་ཆོས་གསན། དགུང་ལོ་ཉེར་བཞི་པ་ལ་འགོས་ལོ་ཆེན་པོ་ཡིད་བཟང་རྩེ་པས་མཁན་པོ་མཛད་དེ་བསྙེན་པར་རྫོགས། དུས་ཀྱི་འཁོར་ལོ། བདེ་དགྱེས། གསང་འཇིགས་སོགས་གསར་མའི་རྒྱུད་སྡེ་རྣམས་དང་། སྒྱུ་འཕྲུལ་གསང་བ་སྙིང་པོའི་དབང་བཀའ་དང་བཤད་པའི་བཀའ་ཐམས་ཅད་སོགས་སྔ་ཕྱིར་གསན་པ་མཐའ་ཡས་པ་མཛད། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་གདུང་རིགས་ལོ་ཆེན་བསོད་ནམས་རྒྱ་མཚོ་ལས་ཀྱང་གསར་རྙིང་གི་ཆོས་མང་དུ་གསན། རྗེ་འགོས་ལས་ཕུར་པའི་དབང་གསན་ཚེ་མནལ་་ལམ་དུ་སློབ་དཔོན་པདྨ་ཞལ་གཟིགས་ཤིང་གདམས་པ་འང་སྩལ། གསར་རྙིང་གི་ཆོས་ཚུལ་མཐའ་དག་གདུལ་བྱ་རྣམས་ལ་སྟོན་བཞིན་པའི་ངང་ནས་དགུང་ལོ་དོན་གསུམ་པ་ལ་གཟུགས་སྐུ་བསྡུས། དོན་དམ་ངེས་འབྱེད་དབུ་(སྟོད་ཆ།༤༧༢)མ་ཆེན་པོའི་ལྟ་ཁྲིད་རྒྱལ་ཚབ་ཆེན་པོའི་ཆོས་ལྔ་ལ་བརྟེན་ཅིང་། ཆོས་སྐད་མཐར་ཐུག་པ་ཕྱིར་མི་ལྡོག་པའི་གམ་གཙོ་བོར་བཞེད་པ་རྗེ་འདི་ཀུན་མཁྱེན་ཆེན་པོ་ཀློང་ཆེན་པ། ཀརྨ་པ་བདུན་པ། ཀུན་མཁྱེན་དོལ་པོ་བ། བུ་སྟོན་ཆེན་པོ་སོགས་དད་ཆོས་སྐད་མཐུན་ནོ། །དེ་ཉིད་ཀྱིས་འབྲི་གུང་ཟུར་པ་རིན་ཆེན་ཕུན་ཚོགས་ལ་བསྩལ། དེས་རང་གྲོལ་ཉི་ཟླ་སངས་རྒྱས་ལ་སྒྱུ་འཕྲུལ་སྐོར་རྣམས་གསུངས། དེས་འཁོན་རིགས་སློབ་དཔོན་ཚེ་དབང་ནོར་རྒྱས་ལ་བཤད་ཅིང་དེས་ཁོང་ཉིད་ཀྱི་སྲས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ལ་བཤད་དེ། རྗེ་འདི་ཉིད་ཡབ་སློབ་དཔོན་དེ་དང་། ཡུམ་རྒྱལ་མོ་འཛོམ་གྱི་སྲས་སུ་ལྕགས་བྱ་ལོར་འཁྲུངས། ཆུང་ངུ་ནས་དམ་པའི་བག་ཆགས་སད་ཅིང་ངེས་འབྱུང་གི་ཐུགས་ཡང་དག་པ་སྐྱེས། དགུང་ལོ་བཅུ་ལོན་པའི་ཚེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ལས་རབ་ཏུ་བྱུང་། སྐྱབས་འགྲོ་དང་སེམས་བསྐྱེད། ཐུགས་རྗེ་ཆེན་པོའི་སྒོམ་ལུང་སོགས་གསན། །དེ་སོགས་གསར་རྙིང་གི་བླ་མ་འགའ་ལས་ཅི་རིགས་པའི་ཆོས་ཚུལ་ཐམས་ཅད་གསན། སྒྲའི་རི་མོ་དང་སྙན་ངག་སུམ་རྟགས། ཁྱད་པར་ཡབ་རྡོ་རྗེ་འཛིན་པ་ལས་སྒྱུ་འཕྲུལ་གསང་བ་སྙིང་པོ་དང་། དེའི་འགྲེལ་པ་གཡུང་སྟོན་གྱིས་མཛད་པ་དང་། ཀུན་མཁྱེན་ཀློང་ཆེན་པའི་ཕྱོགས་བཅུ་མུན་སེལ་སོགས་སྒྱུ་འཕྲུལ་སྐོར་གྱི་འགྲེལ་ཊཱི་ཀ་རྣམས་ལ་སྦྱགས་པར་མཛད་པ་ན་སྒྲོ་ཕུག་པ་ཆེན་པོའི་བག་ཆགས་སད་པས་ལམ་འདི་ཉིད་ལ་བསྙེན་པའི་མཁས་གྲུབ་འགྲན་ཟླ་མེད་པར་གྱུར། དགུང་ལོ་བཅོ་བརྒྱད་པར་གནུབས་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་རིག་འཛིན་ཆེན་པོ་ཉིད་སངས་(སྟོད་ཆ།༤༧༣)རྒྱས་ཀྱི་དྲུང་དུ་རྫོགས་ཆེན་ཀློང་གསལ་སྙིང་ཐིག་གི་དབང་ཁྲིད་མན་ངག་དང་བཅས་པ་གསན་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་རྫོགས་པ་ཆེན་པོ་རང་རིག་ཆོས་ཀྱི་སྐུར་ངོ་འཕྲོད་ཅིང་གཏིང་སླེབས། གཞན་ཡང་བཀའ་གཏེར་གྱི་ཆོས་ཤིན་ཏུ་མང་བ་གསན། ཁྱད་པར་དོན་ཏིག་འགྲོ་བ་ཀུན་གྲོལ་དང་། ཐེག་མཆོག་རིན་པོ་ཆེའི་མཛད་ལ་བཤད་ལུང་གསན། མདོ་ཕྱོགས་ཀྱི་གཞུང་ལུགས་ཆེན་པོ་ཀུན་ལའང་གསན་བསམ་མཐར་ཕྱིན་པར་མཛད་ཅིང་ཆོས་གྲྭ་ཆེན་པོ་རྩེས་ཐང་དུ་གཞུང་ལུགས་རབ་འབྱམས་སྨྲ་བའི་སྐོར་མཛད། ཟག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་ལས་རྡོ་རྗེ་ཕྲེང་བ་སོགས་གསར་རྙིང་གི་ཆོས་རྒྱ་ཆེ་བ་གསན། དགུང་ལོ་སོ་བཞི་པར་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་དང་ཆོས་ཀྱི་རྗེ་དགེ་འདུན་རྒྱལ་མཚན་པ་མཁན་སློབ་ལས་བསྙེན་པར་རྫོགས་པའག་མཛད་ནས་མཚན་དཔལ་འབྱོར་ལྷུན་གྲུབ་ཏུ་གསོལ། དགེ་ལུགས་ཕྱོགས་ཀྱི་སྔགས་སྐོར་རྣམས་ཀྱང་གསན། གསང་ཕུ་དང་སེར་བྱེས་ཀྱི་འཆད་ཉན་སློབ་དཔོན་པའང་མཛད། རྒྱུད་གསང་བ་སྙིང་པོ་ལ་སྔར་བཤད་སྲོལ་ཆེས་དར་ཡང་ཕྱིས་ཉག་ཕྲ་བར་གྱུར་པས་རྗེ་འདི་ཉིད་མཁྱེན་པ་ཚེ་བབའི་གྲགས་པས། བྲག་སྣ་ཆོས་རྗེ་ཨུ་རྒྱན་བསྟན་འཛིན་ཆེད་གཉེར་གྱིས་བྱོན་ཏེ་གཡུང་འགྲེལ་གྱི་སྟེང་ནས་ཞིབ་པར་གསན་ཅིང་ལེའུ་ལྔ་པ་ཡན་གྱི་ཟིན་བྲིས་ཀྱང་མཛད། ཁྱད་པར་ཟུར་འཁོར་ལོའི་མགོན་པོ་ཆོས་དབྱིངས་རང་གྲོལ་རྗེས་སུ་བཟུང་ཞིང་གསང་བ་སྙིང་པོ་གཡུང་འགྲེལ་ལས་ཉིན་རེ་ཆོས་ཐུན་གཉིས་རེ་དང་། གཞན་ཡང་སྙིང་ཐིག་གི་སྐོར་རྣམས་སོགས་མཐའ་ཡས་པ་གསན། རྗེའི་བསླབ་སྟོན་ལྟར་ཟུར་ཆེན་གྱིས་ཆོས་གྲྭ་ཆེན་པོ་རྩེས་ཐང་དུ་གྲྭ་སྐོར་གྱི་བསྟན་པའི་རྣམ་གཞག་མཛད་པས་སྔ་(སྟོད་ཆ།༤༧༤)འགྱུར་ལ་རྒྱུད་བཤད་མེད་དེ་འོང་སྙམ་པའི་ཕྲག་དོག་ཅན་རྣམས་ཁ་རོག་སྟེ་འདུག་གོ །འདི་ཙམ་ནས་འདུ་འཛིའི་གཡེང་བ་སྤངས་ཏེ། ཡུལ་དེ་ཝཱི་ཀེ་ཊཱི་འམ་ཕ་ཝང་ཕའི་ནགས་ཁྲོད་དུ་དབེན་པ་བརྟེན་ཅིང་བཞུགས། ཕྱག་ན་པདྨ་ལྔ་པ་ཆེན་པོས་ཀྱང་ཞབས་ལ་གཏུགས་ཏེ། གསར་རྙིང་གི་དབང་ལུང་ཁྲིད་མན་ངག་གི་སྐོར་མཐའ་ཡས་པ་གསན། བླ་ཆེན་འགའ་ཞིག་གིས་ལྟར་གྲུབ་མཐའ་གཙང་གཙང་མོ་ཡིན་རྒྱུ་བའི་མཚན་ཉིད་པ་སྐམ་པོའི་རིགས་ཀྱི་ཤན་མ་ཤོར་བ་དང་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པས་ཟིན་པའི་རྗེས་དེ་འདྲའི་རིགས་ལ་ཟེར་བ་ཡིན། དེ་ནས་དགུང་གི་གྲངས་དོན་དྲུག་པ་ལ་རྗེ་ལྔ་པ་ཆེན་པོས་ཞབས་བརྟན་གྱི་གསོལ་འདེབས་མཛད་པས་ད་སྟེ་ཡུན་རིང་ཨེ་སྡོད་མི་ཤེས་ཞེས་ཞལ་གྱིས་མ་བཞེས་ཤིང་རྔ་ཡབ་པདྨ་འོང་གི་གཞལ་ཡས་སུ་འགྲོ་དགོས་པ་ཞེས་གསུངས་ལ། མེ་གླང་ཟླ་བ་བརྒྱད་པའི་ཚེས་བཅུ་གཅིག་ལ་ངོ་མཚར་བའི་ལྟས་དང་བཅས་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར། རྗེ་འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཀྱང་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བ་སྤྱི་ཁྱབ་ཏུ་ངོ་སྤྲོད་པའི་ཁྲིད་ཡིག་དང་། དབུ་མའི་ལྟ་ཁྲིད་དང་། ཐ་སྙད་རིག་པའི་སྐོར་ཡང་མང་པོ་ཡོད། རྗེ་དེའི་ཐུགས་ཀྱི་སྲས་སློབ་མ་ནི་ཟུར་ཆེན་ཆོས་དབྱིངས་རང་གྲོལ་ཡིན་ཏེ་འདི་ཉིད་ཟུར་གྱི་རིག་འཛིན་བརྒྱུད་པའི་གདུང་རབས་མ་ཆད་པ་ལས། ཡབ་རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛའི་རྣམ་འཕྲུལ་ཟུར་ཆེན་གཞོན་ནུ་དོན་འགྲུབ་དང་ཡུམ་མཁའ་འགྲོའི་རིགས་ལས་མཚན་ལྡན་ཡིད་འཛིན་གཉིས་ཀྱི་སྲས་སུ་ཤིང་འབྲུག་ལོར་སྐུ་བལྟམས། དྲུང་པ་དཀོན་མཆོག་རིན་ཆེན་པའི་སྐུ་སྐྱེ་བར་ངོས་འཛིན་མཛད། རིམ་གྱིས་ཡི་གེ་འབྲི་ཀློག་དང་འཕགས་ཡུལ་(སྟོད་ཆ།༤༧༥)གྱི་ཡིག་རིགས་རྣམས་ཀྱང་དཀའ་ཚེགས་ལ་མ་ལྟོས་པར་ཐུགས་སུ་ཆུད། ཡབ་ལས་ཉེར་མཁོའི་སྒྲུབ་སྐོར་རྣམས་ཀྱང་བསླབས། དགུང་ལོ་དགུ་པར་བྱང་པ་རིག་འཛིན་ངག་གི་དབང་པོ་མཇལ་ཞིང་། ཞར་ནས་སྐུ་སྐྱེ་བས་སྔ་འགྱུར་གྱི་བསྟན་པ་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་ཞེས་ལུང་བསྟན། ལྷ་རིས་དང་རྩིས་སྐོར་རྣམས་དང་དྲག་སྔགས་ཀྱི་སྐོར་འགའ་ཞིག་ཀྱང་མཁྱེན་པར་མཛད་ཅིང་དགུང་ལོ་བཅུ་གཉིས་ཙམ་ནས་སྣང་གསལ་རིན་པོ་ཆེ་ངག་དབང་ཡེ་ཤེས་གྲུབ་པའི་ཞབས་སུ་བཅར་ཏེ་བཀའ་བརྒྱད་བདེར་འདུས་སྐོར་དང་། མཁའ་འགྲོ་སྙིང་ཐིག་བཀའ་གཏེར་གཉིས། བླ་མ་ནོར་བུ་རྒྱ་མཚོ། ཀར་གླིང་ཞི་ཁྲོ་དགོངས་པ་རང་གྲོལ་སོགས་ཀྱི་དབང་ལུང་དང་། ཉམས་ཁྲིད་མཐར་ཕྱིན་པ་གསན། གཞན་ཡང་ཅི་རིགས་པའི་གཏེར་ཆོས་རྣམས་གསན། ཞི་ཁྲོའི་དབང་བསྐུར་བའི་གསང་མཚན་ཆོས་དབྱིངས་རང་གྲོལ་དུ་ཕོག་ཕྱག་ཆེན་ལྔ་ལྡན་དག་གཅོད་ཁྲིད་སོགས་གཉམས་སུ་བསྟར། ཟིང་པ་སྟག་མགོར་ལོ་གསུམ་ཕྱོགས་གསུམ་མཛད་ཅིང་གཙོ་བོར་རྫོགས་ཅེན་མཁའ་འགྲོ་སྙིང་ཐིག་གི་ཀ་དག་དང་ལྷུན་གྲུབ་གནད་དུ་བསྣུན་པས་ཆོས་ཐམས་ཅད་ཀྱི་རྫུན་ཕུག་རྡིབ། རང་རིག་གདོད་མའི་མགོན་པོའི་རང་ཞལ་མངོན་དུ་གྱུར་པའི་རྟོགས་པ་བརྙེས་ཤིང་འོད་གསལ་དུ་ལོངས་སྐུའི་ཞིང་ཁམས་ཉུལ་བའི་རྩལ་འབྱོངས་པར་གྱུར། དགུང་ལོ་བཅུ་བདུན་པ་ལ་རྡོ་རྗེ་འཆང་ཕ་ཝང་ཁ་པ་དཔལ་འབྱོར་མཚན་ཅན་གྱི་དྲུང་དུ་བྱོན་ཏེ་བླ་མ་སྐུ་འདས་ཀྱི་བར་ལ་རིམ་གྲོ་བ་མཛད་ཅིང་མཉེས་པ་གསུམ་གྱིས་བརྟེན། བླ་མས་ཀྱང་ཐུགས་དགྱེས་པས་རྗེས་སུ་བསྐྱངས་ནས་བཀའ་གཏེར་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་བུམ་པ་གང་བྱོའི་ཚུལ་གྱིས་གནང་། གཙོ་བོར་དཔལ་གསང་བ་སྙིང་པོའི་(སྟོད་ཆ།༤༧༦)རྒྱུད་རྩ་བ་དང་འགྲེལ་པ་སྤར་ཁབ། བོད་འགྲེལ་གཡུང་ཊཱི་ཀ་རྣམས་སྦྱར་བའི་གསུང་བཤད་མཛད་པ་ཉིན་རེ་རྩི་བཞག་ཐུན་གཉིས་རེ་བསྩལ། ཟིན་ཀ་ས་བ་ལ་རོག་ཟེག་རྒྱབ་ཨེ་ཆོག་ཞུས་པས། རྒྱང་ཙམ་མ་སོག་བར་ཟིན་བྲིས་བྱས་ན་འཇག་ཆེན་པོ་མི་ཡོང་བས་རེ་ཞིག་ནས་ངེད་ཀྱི་ཚོད་བྱེད་གསུངས། གཟིམས་ཆུང་ཐོག་ཁར་སྐྱོར་སྦྱང་གནང་ནས་ཤོག་བུ་སུམ་ཅུ་ཙམ་སོང་ནས་རྗེའི་བཀའ་བཞིན་ཟིན་བྲིས་ཀྱང་མཛད་པས་ལེའུ་ལྔ་པ་ཡན་ཆད་སོང་། དེ་མན་ཆད་ཀྱི་ཟིན་བྲིས་འཕྲོ་ཅན་དུ་ལུས། ཆུ་ཕྱི་ལོར་དགུང་ལོ་ཉི་ཤུ་བཞེས་པར་སླར་ཡང་དགེ་བསྙེན་ནས་བཟུང་བསྙེན་རྫོགས་ཀྱི་བར་དུ་བསྒྲུབ་པར་མཛད། སྙིང་འགྲེལ་ཕྱོགས་བཅུ་མུན་སེལ་སོགས་ལ་གཟིགས་རྟོགས་དང་། འདུས་པའི་འགྲེལ་པ་སྒྲོན་གསལ་ལ་བཞི་སྦྲགས་ཀྱི་བཤད་པ། རིམ་ལྔ་གསལ་སྒྲོན། བདེ་མཆོག་སྦས་དོན་ཀུན་གསལ། ནོར་བཟང་གི་དུས་འཁོར་ཕྱི་དོན་སོགས་དང་། གསང་འདུས་བསྐྱེད་རྫོགས་ཀྱི་བཤད་པ་ཞུས་ཤིང་ཐུགས་ལ་ངེས་པར་མཛད། གསང་འདུས་བསྐྱེད་རྫོགས་སོགས་ཀྱི་བཤད་པ་ཞུས་ཤིང་ཐུགས་ལ་ངེས་པར་མཛད། ཤིང་བྱི་ལོར་ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེས་ཐང་དུ་དགུན་ཆོས་ཆེན་མོའི་ཐོག་གསང་བ་སྙིང་པོའི་རྒྱུད་ཀྱི་བཤད་པ་མཛད་པས་སྟོང་ཆེན་ཚིག་ལ་རྟོན་པ་རྣམས་ཀྱི་སྤོབས་པ་བཅོམས་ཤིང་སྙིང་པོའི་བྱ་བ་ཆེར་མཛད་པའི་གཟུ་བོར་གནས་པ་རྣམས་བསྔགས་པ་བརྗོད་ཅིང་བྱང་པ་རིག་འཛིན་ཆེན་པོས་ཀྱང་ལེགས་དར་དཔྱངས། རྗེ་ཕ་ཝང་ཁ་པ་ལས་ཀྱང ་ཀློང་གསལ་སྙིང་ཐིག་གི་དབང་ལུང་མན་ངག་གི་ཁྲིད་རྣམས་ཞིབ་པར་གསན་ཞིང་བསྒོམས་པས་ཉམས་རྟོགས་བོགས་སྔར་ལས་ཀྱང་ཆེར་འཁྲུངས། བྷཻ་ར་པའི་འཕྲུལ་འཁོར་སོགས་གསར་མ་ཕྱོགས་ཀྱི་དྲག་སྔགས་ཀྱང་མང་དུ་གསན། དགེ་འབྲི་གཉིས་འགྲས་(སྟོད་ཆ།༤༧༧)ཆེ་ཞིང་འབྲི་གུང་ཟུར་པ་རཏྣའི་ཞབས་སོགས་ཀྱི་ས་རཱ་ཧུ་ལའི་ལས་སྦྱོར་མཛད་པས་དགའ་ལྡན་ཁྲི་པ་མང་པོ་ལྡེང་གྲིབ་ཀྱིས་གཤེགས་པ་ལ་རྗེ་དཀོན་མཆོག་ཆོས་འཕེལ་ཁྱབ་འཇུག་གི་འཇིགས་པ་ལས་གྲོལ་བའི་སྲུང་འཁོར་ཀྱང་མཛད། ཀ༔ ཐོག་པ་སྟག་བླ་པདྨ་ཏི་ལྷ་སར་བྱོན་ནས་སྙིང་པོའི་འགྲེལ་པ་ཕྱོགས་བཅུ་མུན་སེལ་སོགས་གསན་ཅིང་ཁོང་གི་ལྷོ་བྲག་གསུང་སྤྲུལ་ལའང་དེའི་བཤད་ལུང་ཕུལ་བ་སོགས་ཆོས་རྒྱུན་དེ་ཀ་མ་ཆད་པར་བྱུང་བ་འདི་འོ། ཚུར་ཀ༔ ཐོག་པ་ལས་དགོངས་འདུས་པོ་ཏིའི་ལུང་དབང་རྒྱུད་དགུ་བཅངས་ཐབས་བཅས་པ་དང་། ལས་བྱང་མེ་ཏོག་ཕྲེང་མཛེས་སོགས་ཀྱང་གསན། ལྷག་པར་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ལ་བརྟེན་པའི་ར་ས་ཡ་ཎའི་སྒྲུབ་པ་མཛད། འདི་སྐབས་ཙམ་ནས་རྒྱལ་མཆོག་ལྔ་པ་ཆེན་པོས་བླ་མར་བཀུར་ཞིག་ཟིལ་གནོན་སོགས་ཆོས་བཀའ་རྣམས་གསན་ཞིང་དྲག་སྔགས་ཀྱི་སྐོར་སོགས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རབ་འབྱམས་ཀྱི་ལུང་ཕྱག་ཁྲིད་ཐམས་ཅད་ཕུལ་ཞིང་ཐུགས་ཉམས་སུ་བསྟར། ཀར་གཙང་མཆོད་ཡོན་གྱིས་དགེ་ལུགས་སྤྱི་དང་བྱེ་བྲག་དགེ་ལྡན་ཕོ་བྲང་བ་ལ་སྡང་ཐུག་ཆེ་བས་ཙི་གུམ་པར་སྡེ་གཟར་གྱི་སྐབས་སུ་ལས་སྦྱོར་མཐའ་ཡས་པ་མཛད་པས། རྒྱལ་དབང་ལྔ་པའི་ཕྲིན་ལས་དུས་བབ་པ་དང་རྗེ་འདི་ཉིད་ཀྱི་བྱིན་རླབས་ལྷག་པར་མྱུར་བས་དགེ་ལྡན་ཕོ་བྲང་གི་ལུང་ལས་བོད་ཁམས་ཡོངས་ལ་ཁྱབ་པ་དེ་བྱུང་སྟེ། སྣུམ་ཟན་གྲོང་པའི་རྐང་འཐུང་འཁྲིག་པའི་ཀླུང་། ཁེ་ཉེན་གཤེར་གྱིས་དོན་ཆེན་འགྲུབ་པའི་ཞུགས། འབར་མིན་མ་བབས་ལས་ཀྱི་རྟ་གདོང་མེས། སྒར་གཙང་སྲིད་སྡེའི་ཆུ་བོ་སྐེམ་དེ་མཚར། ཞེས་ལྔ་པ་ཆེན་པོས་དགེ་ཕྱོགས་རྣམས་ཀྱི་མངོན་སྤྱོད་ཀྱི་ནུས་པ་མངོན་དུ་མ་(སྟོད་ཆ།༤༧༨)གྱུར་པས་འོས་མེད་ཀྱི་རྗེ་འདི་པས་བསྟན་པ་སྤྱི་ལ་སྨན་ཡོན་ཆེན་པོར་གྱུར་པས་ཆེད་དུ་བརྗོད་པར་མཛད་དོ། གཞན་ཡང་ཕུར་པ་ལུགས་གསུམ་དང་བཀའ་བརྒྱད་ཕུར་གསུམ། རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཐིག་སོགས་ཀྱི་ཉམས་ཁྲིད་རྣམས་གསན་པ་སྐུ་ཉམས་སུ་བསྟར་བས་རྫོགས་པ་ཆེན་པོའི་ཉམས་མྱོག་མ་འཕྲུལ་བ་ཐུགས་རྒྱུད་ལ་འཁྲུངས་ཤིང་འཁོར་འདས་རེ་དོགས་དང་བྲལ་བའི་གདེང་འཁྲུངས་སོ། །ཞེས་ཞལ་གྱིས་བཞེས། གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན་དང་ཡང་ཆོས་ཀྱི་དགའ་སྟོན་རེས་མཛད། བྱང་པ་རིག་འཛིན་ངག་གི་དབང་པོའི་སྤྲུལ་པའི་སྐུ་སྔ་འགྱུར་བསྟན་པའི་ནི་མ་རིག་འཛིན་པདྨ་ཕིན་ལས་ངོས་འཛིན་པར་མཛད་ཅིང་ཐུབ་བསྟན་རྡོ་རྗེ་བྲག་གི་གདན་སར་བཀོད་ནས་བཀའ་གཏེར་གྱི་ཆོས་མཐའ་དག་བསྩལ་ཞིང་བསྟན་པའི་བདག་པོར་མངའ་གསོལ། སྐུ་ཚེའི་མཐར་འགྲོ་མགོན་སྐྱེ་མེད་ནང་གི་གདན་ས་གུང་ཐང་དུ་བཞུགས། དར་ལྡིག་རིག་འཛིན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་ལ་སྙིང་པོའི་རྒྱུད་ཀྱི་བཤད་པ་གནང་། རྒྱ་བོད་ཧོར་གསུམ་གྱི་བླ་མ་སྐྱེ་སྤྲུལ་སོགས་ཆོས་དོན་གཉེར་རྣམས་ལ་བཀའ་གཏེར་གསར་རྙིང་གིས་རྣམ་པར་གྲོལ་བབའི་ལམ་གྱི་དངོས་པོ་ཅི་རིགས་བར་སྦྱོར་བ་མཛད་ནས་ས་བྱ་ལོར་དགུང་གྲངས་རེ་དྲུག་ལོན་པ་ན་ངོ་མཚར་གྱི་ལྟས་དང་བཅས་པདྨ་འོད་ཀྱི་ཞིང་ཁམས་སུ་གཤེགས་སོ། རྗེ་འདི་ཉིད་ལ་ཐུགས་སྲས་སློབ་མའི་ཚོགས་བགྲང་གིས་མི་སྤྱོད་པར་བཞུགས་ཀྱང་། གཙོ་བོར་གྱུར་པ་ནི་རྒྱལ་མཆོག་ལྔ་པ་ཆེན་པོ་སྟེ་ཁམས་གཞན་དུ་གཤེགས་པའི་ཚེ་ཡང་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བར་གསུངས་ཤིང་། རྣམ་ཐར་རྒྱལ་བ་མཆོག་(སྟོད་ཆ།༤༧༩)གི་ཞལ་གསུང་མར། །ལེགས་བྱས་འདི་མཐུས་རིག་རྩལ་ཀུན་ཏུ་བཟང་། མངོན་སུམ་རང་ངོ་འཕྲོད་མིན་དེ་སྲིད་དུ། །སྐྱེ་བར་མགོན་པོ་ཁྱོད་ཀྱིས་དགེ་བའི་བཤེས། མཛད་ནས་འབྲལ་བ་མེད་པར་རྗེས་འཛིན་ཤོག །ཅེས་གསུངས་པས་ཀྱང་མཚོན་པར་ནུས་སོ། །འདིས་གནུབས་ཅེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་གཉོས་སྟོན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་ལ་གསང་བ་སྙིང་བོའི་བཤད་རྒྱུད་སྤར་ཁབ་དང་གཡུང་ཊཱི་ཀ་གཉིས་ཀའི་སྟེང་ནས་བཙལ་ཞིང་། དེ་ལས་བཻ་རོ་དང་གཡུ་སྒྲའི་ཐུགས་བསྐྱེད་སུ་སུ་སྨིན་པ་རིག་འཛིན་འགྱུར་མེད་རྡོ་རྗེ་སྐུ་མཆེད་ཀྱི་བཀའ་དྲིན་ལས་དེང་སང་གི་བར་དུ་རྒྱུན་མ་ཆད་བར་བྱུང་བ་ཡིན་ནོ། ཡང་ཁམས་ལུགས་སུ་གྲགས་པ་ནི། གསང་བ་སྙིང་པོའི་འགྲེལ་པ་སློབ་དཔོན་ཉི་འོད་སེང་གེས་མཛད་པ་བཻ་རོ་ཙ་ནས་ཁམས་འོ་རྡུ་བྱམས་ཆེན་གྱི་གཙུག་ལག་ཁང་དུ་བསྒྱུར་ནས་བཤད་པའང་མཛད། ཁྱད་པར་ཕྱོགས་དེར་སྔ་འགྱུར་གྱི་བསྟན་པ་ཡོངས་སུ་གྲགས་པར་བྱུང་བའི་ཐོག་མ་ལྟ་བུ་ནི་ཀཿ ཐོག་པ་ཡིན་ཅིང་། དེ་ལ་ཀཿ ཐོག་པ་དམ་པ་བདེ་བར་གཤེགས་པ་ཞེས་ཀྱང་བྱ། བླ་མ་ཤར་པ་སྤོབས་པ་མཐའ་ཡས་སམ་ཤེས་རབ་སེང་གེ་ཞེས་གྲགས་པའི་བདག་ཉིད་ཆེན་པོ་དེ་ནི་བསྐལ་པ་ཐོག་མ་མེད་པའི་དུས་ནས་བྱང་ཆུབ་མཆོག་གི་གོ་འཕང་མངོན་དུ་བྱས་པ་ཞིག་སྙིང་པོ་མཆོག་གི་བསྟན་པ་དང་གདུལ་བྱ་མང་པོ་ཞིག་གི་དོན་མཛད་པའི་ཕྱིར་ཐབས་ལ་མཁས་པའི་གནང་གསང་གིས་ལྷའི་དབང་པོ་བརྒྱ་བྱིན་གྱི་སྲས་མོ་དང་། འོད་སྲུང་གི་དུས་སུ་རྒྱལ་པོ་ཀྲྀ་ཀའི་སྲས་མོ་བདུན་གྱི་ཆེ་བར་སྐྱེ་བ་བླངས་ཤིང་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་དུ་མས་མཉེས་པར་བྱས་(སྟོད་ཆ།༤༨༠)པའི་འོག་ཏུ་བདག་ཅག་གི་སྟོན་པའི་དྲུང་དུ་གནས་བརྟན་པོ་བྷ་ར་དྷྭ་ཛ་དང་། དེའི་རྗེས་སུ་མུ་སྟེགས་ཀྱི་པཎྜི་ཏ་ཕྱིས་སངས་རྒྱས་པར་གྱུར་པ་ཞིག་དང་། སྒེང་ལའི་རྒྱལ་པོའི་རིགས་སུ་འཁྲུངས་ནས་ལེནྚའི་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་ཞིང་དུས་སྐབས་དེར་མུ་སྟེགས་ཞི་བ་པ་ཞིག་གིས་བསྟན་པ་ལ་གནོད་པ་ཆེར་བྱས་པས་སློབ་དཔོན་གྱིས་ཐོག་མར་གྲུབ་མཐའ་དེ་ལ་བསླབས་ནས་ཉམས་འོག་ཏུ་ཆུད་པ་དང་གཟོད་རྩོད་བས་བཏུལ་ཏེ་ནང་པར་ཆུགས། ཡང་མུ་སྟེགས་ཀྱི་མཁས་པ་འགའ་ཞིག་དང་རྩོད་པའི་ཚེ་འཇམ་དཔལ་དབྱངས་མདུན་གྱི་ནམ་མཁར་བྱོན་པས་རྩོད་པའི་སྤོབས་པ་བཅོམས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་ནས་ལྷོ་ཕྱོགས་སུ་བྱོན་པ་སོགས་སློབ་དཔོན་ཆེན་པོ་ཞི་བ་ལྷར་གྱུར་པ་དང་། དགའ་རབ་རྡོ་རྗེའི་སློབ་མ་ཏོག་རྩེ་པར་གྱུར་ནས་བསམ་གྱིས་མི་ཁྱབ་པའི་གཞུང་མཛད་པ་དང་། བོད་ཀྱི་ལྗོངས་སུ་སད་མི་བདུན་གྱི་ནང་ནས་རྨ་རིན་ཆེན་མཆོག་ཏུ་གྱུར་ནས་གསང་བ་སྙིང་པོའི་རྒྱུད་ལ་སོགས་པ་བསྒྱུར་ནས་ཉན་བཤད་བྱས་པ་དང་། འཕགས་ཡུལ་ནུབ་ཕྱོགས་ཝཱ་ར་ཎཱ་སིའི་རྒྱལ་པོར་གྱུར་པའི་ཚེ། བླ་མཆོག་པཎྜི་ཏ་དང་། བར་ལ་ཕྲ་མ་བཅུག་པའི་བློན་པོའི་ལྕེ་བཅད་པས་ད་ལྟ་ལྗངས་ཅུང་ཟད་མི་བདེ་བ་ཡིན་གསུངས་པ་དང་། རི་དྭངས་ཀྲྀཥྞ་སཱ་ར་དང་། དྲང་སྲོང་གྒཱང་ར་རིའི་དྲུག་དུ་ནེ་ཅོ་ཞིག་ཏུ་གྱུར་པ་ལ་དྲང་སྲོང་གིས་རིག་སྔགས་བསླབས་པས་ཤེས་ཤིང་ནུས་པའང་ཐོབ། དུས་གཞན་ཞིག་ཏུ་རི་དེའི་ཤར་ཕྱོགས་ཀྱི་མཚོ་ཞིག་ལ་གནས་པའི་ཀླུ་སེམས་ཅན་ལ་བྱམས་པ་ཞིག་ཡོད། དེའི་ལྷོ་ཕྱོགས་སུ་ནག་པོའི་ཕྱོགས་ཀྱི་ཀླུ་གདུག་པ་ཅན་ཞིག་ཀྱང་ཡོད་དེ་དེས་སེམས་ཅན་ལ་གནོད་པ་(སྟོད་ཆ།༤༨༡)རྩོམ་པའི་སྔ་རོལ་དུ་ཀླུ་དཀར་པོའི་སྟེང་དུ་དམར་དྲངས་ནས་འཇིགས་པའི་ཆོ་འཕྲུལ་དང་བཅས་པས་འོངས་པ་ན་ཀླུ་དཀར་པོས་ནེ་ཙོ་ལ་སྐྱབས་སུ་སོང་བས། དེས་གདུག་པའི་ཀླུའི་པྱོགས་སུ་བལྟས་ཏེ་རིག་སྔགས་བཟླས་ཤིང་གཤོག་པ་བརྟབ་པས་གདུག་པའི་ལག་འགྲོ་འཁོར་དང་བཅས་པ་དེ་ཉིད་དུ་བརླག་པར་གྱུར་ཏོ། དེའི་འོག་ཏུ་འཕགས་ཡུལ་ནུབ་ཕྱོགས་སུ་རྒྱལ་རིགས་ཀྱི་པཎྜི་ཏ་རྟེན་རབ་བྱུང་ལ་སྔགས་ཀྱི་ནུས་པ་ཐོབ་པོས་ཊཱཀྐི་རྣམས་ལ་དབང་བསྒྱུར་བ་རཏྣ་ཤྲཱི་ལ་ཞེས་པ་དང་། ལྷོ་ཕྱོགས་ཀྱི་རྒྱུད་རྗེ་རིགས་ཀྱི་པཎྜི་ཏ་གཞོན་ནུ་སེང་གེ་ཞེས་སྔགས་ལ་མཁྱེན་པ་ཆེ་བ་ཞིག་དང་། དེའི་འོག་ཏུ་པཎྜི་ཏ་ཆེན་པོ་སུ་མ་ཏི་ཀཱིརྟི་འམ་མཚན་གཞན་པ་སོ་སེནྟ་པར་གྲགས་པ་དཔལ་ནཱ་རོ་པའི་དངོས་ཀྱི་སློབ་མར་གྱུར་ཅིང་། བཀའ་བབ་དང་པོ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་རང་དབང་བརྙེས་ཤིང་རྒྱུད་སྡེ་ཐམས་ཅད་ལ་མཁྱེན་པ་ཆེ། ཁྱད་པར་བདེ་མཆོག་ལ་གྲུབ་པ་ཐོབ། ལྷོ་བྲག་མར་པ་ལོ་ཙཱས་ཀྱང་ནཱ་རོ་པའི་འོག་ཏུ་བཀའ་དྲིན་ཆེ་བའི་བླ་མར་མཛད། སྐུ་ཚེའི་མཏར་མི་ཉག་རྒྱལ་པོས་སྤྱན་དྲངས་ཏེ་རྒྱལ་ཁམས་དེར་ཕེབས་རྒྱལ་པོ་ལ་དབང་བསྐུར་བ་དུ་མ་སོགས་དང་ཕན་པ་རྒྱ་ཆེན་པོ་མཛད། དེ་ནས་ཀྱི་ཏན་གྱི་རྒྱལ་པོས་ཀྱང་སྤྱན་དྲངས་ཏེ་སྔོན་དུ་ཆོས་མ་དར་བས་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཅུག་ཅིང་། རྒྱལ་སྲིད་ཆོས་བཞིན་བྱེད་དུ་བཅུག །རྒྱལ་པོས་གཅོས་དྲ་མ་ཐམས་ཅད་ཀྱིས་བསྒོམས་པས་དངོས་གྲུབ་བཀུར་མཛད་ཅིང་ཡི་དམ་དུ་ཕོག་པ་ཐམས་ཅད་ཀྱིས་བསྒོམས་པས་དངོས་གྲུབ་སྣ་རེ་མ་ཐོབ་མེད་པར་གྲགས། དེ་ནས་རྒྱ་མཚོའི་གླིང་ཞིག་ཏུ་བྱོན་པ་ན་སྒྲ་དང་འོད་ལ་སོགས་པའི་ལྟས་ཆེན་པོ་བྱུང་ནས་གཤེགས་པའི་ཚུལ་བསྟན། དེ་ནས་བར་དོ་(སྟོད་ཆ།༤༨༢)གཞན་མ་བྱུང་བར་ཡབ་ཀྱི་སྤྱི་བོར་བཞུགས་ནས་ཡུམ་གྱི་ལྷུམས་སུ་ཞུགས་པ་ཡིན་གསུངས་ཏེ། བདག་ཉིད་ཆེན་པོ་འདིར་སྐུ་སྐྱེ་བ་བཞེས་པ་ཡིན་ནོ། དམ་པ་འདི་མདོ་ཁམས་བུ་འབོར་སྒང་དུ་གཏོགས་པ་འབྲི་ཆུའི་འགྲམ་དུ་རྗེ་ཕག་མོ་གྲུབ་པ་དང་ཡུམ་མཆེད་དུ་གྱུར་པ་སྟེ་རྗེ་ཕག་གྲུ་རྨེ་ཤོད་འབལ་མོར་ད་ལྟ་གསེར་ཁང་དུ་བརྗོད་པ་དེར་འཁྲུངས་པ་ཡིན་པས་རྗེ་འདི་ཡང་དེ་དང་མི་རིང་བ་ཞིག་ཏུ་འཁྲུངས་པ་ཡིན་ཏེ་གང་ལྟར་གདུང་རུས་སྒ་ཡབ་གཙང་པ་དཔལ་གྲགས། ཡུམ་གཙང་མོ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་ཆུ་ཕོ་སྟག་གི་ལོར་འཁྲུངས། འདི་རྗེ་ཁམས་པ་ཆེན་པོ་འམ་ཕག་གྲུ་ལོ་བཅུ་གསུམ་པའི་ཆུ་སྟག་དེ་ཡིན། བཅུ་བདུན་ལ་དབུས་སུ་བྱོན། འཕན་ཡུལ་དུ་བླ་མ་བྱང་ཆུབ་སེང་གེ་ལས་རབ་ཏུ་བྱུང་། མཚན་ཤེས་རབ་སེང་གེ་གསོལ། ནགས་ཀྱི་མཁན་ཆེན་ལས་སྨད་འདུལ་གྱི་རྒྱུན་ལས་བསྙེན་པར་རྫོགས་ཤིང་འདུལ་ཕྱོགས་ལ་མཁས་པར་སྦྱོངས། ཟུར་སྒྲོ་ཕུག་པ་ཆེན་པོའི་ཐུགས་སྲས་འཛམ་སྟོན་འགྲོ་བའི་མགོན་པོ་བྱ་བ་ལས་སྒྱུ་འཕྲུལ་གསང་སྙིང་གི་སྐོར་དང་སེམས་ཕྱོགས་སོགས་གསན་པས་དེ་དག་དེ་ལ་མཁས་པའི་ཕ ་རོལ་ཏུ་ཕྱིན། རྗེ་སྒྲོ་ཕུག་པ་དང་ཀཿ ཐོག་པའི་བར་ལ་བླ་མ་གཅིག་བཞུགས་པ་དེ་ཡིན། ལྔ་པ་ཆེན་པོའི་གསན་ཡིག་ཏུ་ཀཿ ཐོག་པ་རང་གིས་སྒྲོ་ཕུག་པ་ལ་ཐུག་པར་གསུངས། འཛམ་སྟོན་པ་ཞེས་པ་ནི་ཡུལ་གྱི་མིང་ནས་བཏགས་པ་སྟེ། རྗེ་ཀརྨ་པ་དུས་མཁྱེན་གྱི་རྣམ་ཐར་ལ་དཔྱད་ན་ཀམ་པོ་གནས་དང་ཉེ་བ་ཞིག་ཡིན་པར་གྲུབ་ཅིང་། དེ་ཉིད་ཀྱི་སློབ་མ་རྟོགས་ལྡན་ཞིག་གིས་སྐྱེ་བ་ངོས་བཟུང་བ་ལ་ཛ་སྐྱེ་བ་གསུམ་པ་ཞེས་གྲགས་པ་དང་། གཞན་ཡང་འཛམ་སྟོན་སངས་རྒྱས་བྱ་བ་དང་། འཛམ་གྱི་སྤང་ཕུག་ཏུ་བཞུགས་པའི་(སྟོད་ཆ།༤༨༣)བཙུན་པ་ཞིག་གིས་རྗེ་དུས་མཁྱེན་སྤྱན་རས་གཟིགས་སུ་མཐོང་བས་འཛམ་ཡུལ་ཙམ་ན་སྒོམ་བཟང་བར་གྲགས་པ་སོགས་གྱི་ལོ་རྒྱུས་བྱུང་བ་དཔའ་བོ་གཙུག་ལག་པས་ཀྱང་དེ་དང་མཐུན་པར་བཀོད་འདུག་ཅིང་། ད་ལྟ་འགའ་ཞིག་གིས་འདམ་སྤང་ཕུག་ཅེས་བརྗོད་པའི་ཡུལ་དེ་ཡིན་ནོ། །རཱ་ལོའི་སློབ་མ་ཀམ་ལོ་ཙཱ་ལས་བདེ་མཆོག་རྒྱུད་ཆེན་བཅུ་སོགས་དང་། ཅོག་རེ་ལོ་ཙཱ་ལས་ཕག་མོ་ཕྱི་མ་དང་སྡོམ་འབྱུང་། ཀམ་ཆོས་ཀྱི་ཡེ་ཤེས་ལས་དགྱེས་པ་རྡོ་རྗེའི་སྐོར། འགོས་ལོ་ཙཱའི་སློབ་མ་ལྡང་སྟོན་རྡོ་རྗེ་སྙིང་པོ་དང་བོདྷི་ཞང་སྟོན་ལས་འདུས་པ། དེ་གཉིས་ཀའི་སློབ་མ་ལ་སྟོད་དཔལ་གྱི་དབང་ཕྱུག་ལས་སྒྲོན་གསལ་གྱི་བཤད་པ་དང་གཤེད་སྐོར། རྗེ་དུས་མཁྱེན་ལས་འཁོར་ལོ་བདེ་མཆོག་གི་དབང་བཀུར་གྱི་རིམ་པ་དང་། ཕྱག་རྒྱ་ཆེན་པོ། ནཱ་རོ་ཆོས་དྲུག་གི་མན་ངག་ལ་སོགས་པ་རྣམས་གསན། རྗེ་དབུ་པའི་ཐུགས་ཀྱི་སྲས་མཆོག་ཏུ་མཛད་ཅིང་སྤྱིར་ཡང་བདག་ཉིད་ཆེན་པོ་འདིའི་སྐྱེ་བ་དུ་མར་འཇམ་དཔལ་དབྱངས་ཀྱིས་དགེ་བའི་བཤེས་གཉེན་མཛད་པས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་སྤངས་པའི་ཐམས་ཅད་མཁྱེན་པར་བཞུགས་ཤིང་མདོ་སྔགས་སྤྱི་དང་ཁྱབ་པར་རྡོ་རྗེ་ཐེག་པ་སྔ་ཕྱིར་བོད་ཀྱི་ལྗོངས་སུ་འགྱུར་བ་ཙམ་ལ་གསན་བསམ་མ་མཛད་པ་མེད་པ་ལྟ་བུ་དང་། འཛམ་སྟོན་རིན་པོ་ཆེས། ཁྱོད་ཀམ་པོའི་གནས་སུ་སོང་ནས་སྒྲུབ་པ་ལ་གཞོལ་ན་ཕུང་པོ་འོད་དུ་དེངས་པ་ཞིག་འོང་ཀཿ ཐོག་ཏུ་སོང་ནས་བསྟན་པ་མཐར་རྒྱས་པ་ཞིག་འོང་ཏེ་མཆི་གསུངས་པས་བསྟན་པ་ཁོ་ན་ཐུགས་ལ་བཅངས་ཏེ་ཀཿ ཐོག་ཅེས་པའི་ས་ཆ་འཚོལ་ནས་བྱོན་པ་ཞིག་ལ་ཐོག་མར་ཀ་ཐིལ་དུ་སླེབས་ཤིང་དེར་ཕྱུགས་འཚོ་བའི་བྱིས་པ་རྣམས་ལ་ཀཿ ཐོག་གང་དུ་ཡོད་འདྲི་བར་མཛད་(སྟོད་ཆ།༣༨༤)པས་ཕུ་ཡ་ཀི་ཡིན་ཟེར། དེར་ཕྱུགས་རྣམས་གདུལ་བྱའི་རྟེན་འབྲེལ་དང་། རྫི་བུ་རྣམས་སློབ་མའི་རྟེན་འབྲེལ་དུ་དགོངས། དེ་ནས་ས་ཡུལ་ཡི་གེ་ཀ་འདྲ་བའི་ཐོག་ས་མོ་ཡོས་ཀྱི་ལོར་དགོན་པ་འདེབས་པའི་གཙུག་ལག་ཁང་བཞེངས་པ་ན་བོན་གྱི་ཐ་ཚིག་ལ་གནས་པའི་རྡོ་གཉན་རྨང་བུས་གཟུགས་དངོས་སུ་བསྟན་ནས་སྒོ་སྣ་ཚོགས་ཀྱིས་བར་ཆད་བརྩམས་པ་ལ་རྗེ་དཔོན་སློབ་གསུམ་གྱིས་རྗེས་འདེད་དུ་ཕྱིན་པ་ན་ཕ་ཝང་ཞིག་ལ་ཐིམ། དེ་ཆོས་རྗེ་གཙང་སྟོན་གྱིས་ཆོས་གོས་ཀྱིས་བཅིངས་ནས་ཁྲིད། དམ་པས་ཕྱག་ལྕག་གིས་བྲབ་ནས་དེད། ལུང་པའི་ཤོད་ཀྱི་ཆུ་ཁར་བསྐྱལ་བ་དེང་སང་མངོན་སུམ་གྱི་ཡུལ་དུ་གྱུར་པ་དང་། བོན་པོ་བརྒྱད་ཀྱིས་ངན་སྔགས་བསྒྲུབས་པ་དཔལ་ལྷ་མོས་སྒྲུབ་ཁང་གི་བྲག་བརྟིབས་ནས་སླེབ་པ་དེའི་སྟེང་དམ་པའི་ཕྱག་གིས་རྒྱ་གྲམ་བྲིས་པས་ཕ་ཝང་བརྒྱད་སླེབས་བྱ་བ་ཡིན། དེ་ལ་སོགས་པ་གྲུབ་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་དང་བཅས་དཔས་ཆོས་གཞི་བཏབ་ནས་བཞུགས། ཤར་ཨ་མདོའི་ཡུལ་ཚུན་ཆད། ལྷོ་ཚ་བ་རོང་དང་ཀློ་མོན་ཚུན་གྱི་སློབ་མ་རྣམས་འདུས་པ་ལ་གཙོ་བོར་རྫོགས་པ་ཆེན་པོ་དང་། སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་བཀའ་དང་དབང་བཀའ་སྒྲུབ་པ་སོགས་རྒྱ་བོད་ཀྱི་འགྲེལ་པ་གཞུང་ཆེ་ཆུང་ཐམས་ཅད་ལ་དཔལ་ལྡན་ཟུར་པའི་བཀའ་སྲོལ་གྱི་རྒྱུན་དང་མདོ་དགོངས་པ་འདུས་པ་ལ་སོགས་རྩལ་དུ་བཏོན་ནས་གསུངས། གཞན་ཡང་འཇམ་དཔལ་སྒྱུ་དྲ་སོགས་དང་མདོ་ཕྱོགས་སུའང་རྒྱལ་བ་བྱམས་པའི་གཞུང་ཆེན་པོ་རྣམས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་ཤིན་ཏུ་མང་བར་མདོ་ཁམས་ཀྱི་ལྗོངས་སུ་གསང་སྔགས་ཀྱི་བསྟན་པ་གཞི་བཞེངས་སུ་བཏིངས་པ་ཡིན། དགུང་ལོ་(སྟོད་ཆ།༤༨༥)དོན་གཅིག་པར་ཆུ་ཕོ་བྱི་བའི་ཐ་སྐར་ཅན་གྱི་ཟླ་བར་གཟུགས་སྐུ་བསྡུས་པའི་ཚུལ་བཞེས། སྐྱེས་བུ་ཆེན་པོ་འདི་ཉིད་ལ་འཕགས་པ་འཇམ་དཔལ་དབྱངས་ནི་གཤེགས་བཞུགས་མི་མངའ་བར་དུས་ཐམས་ཅད་དུ་མི་ལབ་པ་བཞིན་བཞུགས་ཤིང་མཛད་པ་ཐམས་ཅད་ལུང་བསྟན་པ་ཞིག་ཡོད་ལ། སངས་རྒྱས་མི་བསྐྱོད་པ་དང་། བདེ་བ་ཅན་དང་། སྨན་གྱི་བླ་མའི་ཞིང་ཁམས་སོགས་ནི་རྟག་པར་གཟིགས། སྒྱུ་འཕྲུལ་ཞི་ཁྲོ་དང་། བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་རྣམས་ཀྱང་ནམ་བཞེད་ལ་གཟིགས་ཤིང་། དེ་བཞིན་གཤེགས་པ་རིགས་ལྔ་སོགས་ལས་ཆོས་གསན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་ཆོས་ཀྱི་གཏམ་མཛད་པ་དང་སྐུའི་སྐྱེ་བ་འདི་ཉིད་ཀྱི་འོག་ཏུ་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་སྙིང་པོ་ཞེས་བྱ་བའི་ཚུལ་གྱིས་བཞུགས་ཤིང་ས་བརྒྱད་པའི་མངོན་རྟོགས་བརྙེད་པ་དང་། མ་འོངས་པ་ན་བསྐལ་པ་སྐར་མ་བཀྲམ་པ་ལྟ་བུ་ལ་བདེ་བར་གཤེགས་པ་ཚེ་དཔག་ཏུ་མེད་པར་འགྱུར་བའི་ལུང་བསྟན་བརྙེས་ཤིང་མདོར་ན་སྐྱེས་བུ་འདི་ཉིད་ཀྱི་སྤངས་རྟོགས་ནི་ཐུན་མོང་གི་སྣང་ངོར་སྤྲུལ་པའི་སྐུ་འཇིག་རྟེན་ཏུ་བཞུགས་པ་ལ་དགོངས་པ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་དང་དབྱེར་མེད་པ་སྟེ་སོ་སྐྱེས་བསམ་པར་མི་ནུས་སོ། དེ་ཉིད་ཀྱི་རྒྱལ་ཚབ་གཙང་སྟོན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་མི་བསྐྱོད་པའི་རྣམ་པར་འཕྲུལ་པ་ལས་འཕགས་པའི་ཡུལ་དུ་མངའ་བདག་མཻ་ཏྲི་བའི་ཐུགས་སྲས་རྒྱ་གར་ཕྱག་ན་ཞེས་བྱ་བར་གྱུར་ཅིང་སློབ་དཔོན་དེ་ལས་དབང་བཞི་རྟེན་ཅན་ཞུས་ནས་བསྒོམས་པས་ཕྱག་རྒྱ་ཆེན་(སྟོད་ཆ།༤༨༦) པོའི་བཀའ་བབ་ཅིང་རྟོགས་པ་མངོན་དུ་གྱུར། གླང་ཆེན་སྨྱོན་པར་སྡིགས་མཛུབ་བསྟན་པས་བཟློག་པ་སོགས་ནུས་པ་ཐོབ། མཐར་སྐུ་ལུས་དེ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། དེའི་འོག་ཏུ་ཀམ་ལོ་ཙཱ་བ་ཡེ་ཤེས་མཆོག་ཅེས་བྱ་བ་སྔགས་རྒྱུད་ཐམས་ཅད་ལ་མཁས་ཤིང་ཁྱད་པར་ཙཀྲ་སམྦ་ར་ལ་བརྟེན་རས་གྲུབ་པ་བརྙེས་པ་ཞིག་དང་། དེའི་རྗེས་སུ་གཙང་ཁའི་ཕྱོགས་སུ་སྡེ་སྣོད་འཛིན་པ་ཆེན་པོ་ཞིག་དང་། དེའི་འོག་ཏུ་ཆོས་ཀྱི་རྗེ་ཉིད་ཡིན་པར་གསུངས་ཤིང་འཁྲུངས་པའི་ཡལ་ནི་བུ་འབོར་སྒང་གི་བྱེ་བྲག་གཙང་ཞལ་ཞེས་པ་དེ་ཉིད་ཡིན་ནམ་སེམས་ཏེ། ཡུལ་ལས་མཚན་དུ་ཆགས་པར་གཙང་སྟོན་ཞེས་བརྗོད་པའི་ཕྱིར་དང་། རྗེ་ཉིད་ཀྱི་གསུངས་ལས། བན་སྡོམ་རྡོ་རྗེ་རྒྱལ་མཚན་བུ་འབོར་སྒང་དུ་སྐྱེས་པ་ཡིན། བླ་མ་དམ་པ་བསྟེན་པ་ཡིན། གདམས་ངག་བདུད་རྩི་འཐུས་པ་ཡིན། སྒྲུབ་ལ་བརྩོན་འགྲུས་ཆུད་པ་ཡིན། དཀར་པོའི་གྲོགས་གྱིས་བཏགས་པ་ཡིན། །མི་ངོ་བསྲུང་ལ་གཡེལ་བ་ཡིན། །སྦས་ཡུལ་མཐིལ་དུ་རྒས་པ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། དགུང་ལོ་བཅུ་བདུན་པར་བླ་མ་བདེ་བར་གཤེགས་པ་མཇལ་ནས་ཆོས་གསན། དཔོན་སློབ་ལྷན་ཅིག་པར་མི་ཉག་ཏུ་བྱོན། དེར་མན་ངག་ཐམས་ཅད་གནང་། ཉི་ཤུ་རྩ་གཅིག་པར་འབྲི་ཏིར་དགོན་དུ་བྱོན་ནས་བཞུགས། ཉེར་གསུམ་ལ་ཀཿ ཐོག་ཏུ་བྱོན་ནས་བསྒོམས་པས་དུས་གཞན་ཞིག་ཏུ་བླ་མ་བདེ་བར་གཤེགས་པའི་ཉམས་སྣང་དུ། ལུང་མདོ་ཆེན་པོ་ཞིག་ཆུས་གང་བའི་ནང་དུ་འོད་ཆེན་པོ་བལྟར་མི་བཟོད་པ་ཞིག་འདུག་པ་ལ་ཅི་ཡིན་གསུངས་པར་སྐྱེས་བུ་ཆེན་པོ་ཁྱོད་ཀྱི་སློབ་མ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་གནས་པའི་གདན་ཡིན་ཟེར་བ་བྱུང་།(སྟོད་ཆ།༤༨༧)དེ་ཁྱོད་ཡིན་གསུངས། དེ་ཙམ་ན་དཔལ་ཧེ་རུ་ཀ་དང་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་རྣམས་གཟིགས། དཔལ་ལྷ་མོ་དང་ནག་པོ་ཆེན་པོ་ཡང་དུས་རྟག་ཏུ་གཟིགས། དགུང་ལོ་དྲུག་པ་ལ་ཀཿ ཐོག་གི་གདན་སར་ཕེབས་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་བླ་མའི་བཀའ་སྲོལ་བཞིན་བསྐྱངས། འདི་སྐབས་སུ་སེམས་དཔའ་ཆེན་པོ་སྤོམས་བྲག་པས་ཀཿ ཐོག་གི་རིན་པོ་ཆེ་གཙང་སྟོན་པ་དེ་སྙན་པ་ཤིན་ཏུ་ཆེ་བས་ཅི་འདྲ་ཞིག་ཡིན་ནམ་དགོངས་པ་བཏང་བས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་འོད་སྔོན་པོའི་གཞལ་ཡས་ཁང་ཆེན་པོ་ཞིག་གི་ནང་ན་ལོངས་སྤྱོད་རྫོགས་པའི་ལྷ་ཚོགས་མང་པོ་བཞུགས་པ་གསལ་བ་དང་། རིན་པོ་ཆེ་གཙང་སྟོན་པ་བཞུགས་པའི་ཐད་ནས་འཇའ་འོད་ཁ་དོག་སྣ་ཚོགས་པའི་ཕུང་པོ་བསམ་གྱིས་མི་ཁྱབ་པ་གཟིགས་པས་འདི་སངས་རྒྱས་ཡིན་པར་འདུག་དགོངས་ནས་དེ་ནུབ་ཚོགས་མཆོད་ཅིག་མཛད་པར་གསང་སྔགས་རྙིང་མའི་ཧེ་རུ་ཀཿ མང་པོ་ཞལ་གཟིགས། མནལ་ལམ་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་ཆེན་པོ་དཔག་པར་དཀའ་བ་ཞིག་གི་ངོས་སུ་སྨན་སྣ་ཚོགས་སྐྱེས་པ་ལ་མི་མང་པོ་སྨན་ཐུ་ཞིང་འདུག རི་དེའི་རྩེ་མོ་ན་འོད་སྔོན་པོའི་གཞལ་ཡས་ཁང་ཆེན་པོ་ཞིག་གི་དབུས་སུ་བླ་མ་ཀཿ ཐོག་པ་འོད་ཀྱི་རང་བཞིན་དུ་བཞུགས་འདུག །དུང་དཔག་ཏུ་མེད་པ་འཕྲོས་ཏེ་ཐམས་ཅད་ཀྱང་རང་གྲགས་ཕྱོགས་ཐམས་ཅད་ཁྱབ་པར་དི་རི་རི་འགྲོ་བ་གཟིགས། ཁོང་གི་སྙན་པ་ཕྱོགས་མེད་དུ་འགྲོ་བར་འདུག་གསུངས། དེའི་ཕྱིས་སུ་ཀཿ ཐོག་ཏུ་བྱོན་ནས་རིན་པོ་ཆེ་གཙང་སྟོན་ལས་སྒྱུ་འཕྲུལ་གྱི་དབང་བསྐུར་བ་ཞུས་པས་མཁྱེན་པའི་ཡེ་ཤེས་ཕྱོགས་མེད་དུ་སད་པར་གྱུར།(སྟོད་ཆ།༤༨༨)ཀཿཐོག་པ་ཐུགས་དམ་རྫོགས་པ་ཆེན་པོ་ལ་མཉམ་པར་བཞག་པའི་ཚེ་ནམ་མཁའ་ལྟར་ཅིར་ཡང་མི་སྣང་བ་དང་། ནུབ་གསུམ་ལ་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་གཟིགས་པ་སོགས་དག་སྣང་བསམ་གྱིས་མི་ཁྱབ་པ་ཤར་གསུངས། དེ་ཡང་རིན་པོ་ཆེ་འདི་ཉིད་ཀྱི་ཐུགས་རྒྱུད་ཀྱི་ཡོན་ཏན་རྣམས་གཙང་སྟོན་རིན་པོ་ཆེའི་བྱིན་རླབས་ཀྱིས་སད་པར་མཛད་ལ། དེ་ཉིད་ཀྱི་ཡོན་ཏན་རྣམས་ཀྱང་སྤོམ་བྲག་པས་གཟིགས་པས་དཔོན་སློབ་དེ་དག་གི་མངོན་རྟོགས་ཅི་འདྲ་ཡིན་སོམས་ཤིག །ལན་གཅིག་མི་བསྐྱོད་པའི་ཞིང་ཁམས་གཟིགས་པ་ཞིག་ལ་འཁོར་གྱི་སེམས་དཔའ་རྣམས་ཀྱིས་ཅོས་རྗེ་འདི་ལ་བྱང་ཆུབ་སེམས་དཔའ་ནོར་བུའི་སྙིང་པོ་ཞེས་པའི་སྒྲ་དི་རི་རི་སྒྲོགས་ཤིང་སྐུའི་སྐྱེ་བ་དེའི་འོག་ཏུ་བདེ་བ་ཅན་དུ་དེ་ལྟར་འགྱུར་བ་ཡིན་གསུངས། ཡང་ཞིང་ཁམས་དེ་ཉིད་ལན་གཅིག་གཟིགས་པར་སྟོན་པ་མི་བསྐྱོད་པས་རིགས་ཀྱི་བུ་ནོར་བུའི་སྙིང་པོ་ཁྱོད་མ་འོངས་པའི་དུས་སུ་དེ་བཞིན་གཤེགས་པ་འོད་ཟེར་རབ་ཏུ་འཕྲོ་བ་ཞེས་བྱ་བར་འགྱུར་རེ་ཞེས་ལུང་བསྟན་པའང་གསན། དགུང་ལོ་དགུ་བཅུ་བཞེས་པ་མེ་ཕོ་བྱི་བའི་ལོར་སྤྲུལ་པ་བསྡུས་སོ། །དེ་ཉིད་ཀྱི་རྒྱལ་ཚབ་བྱམས་པ་འབུམ་ནི། འཕགས་པའི་ཡུལ་དུ་གྲུབ་ཆེན་ཛ་ལནྡྷ་རི་པའི་ཐུགས་སྲས་གྲུབ་པའི་འཁོར་ལོས་བསྒྱུར་བ་སྤྱོད་འཆད་དབང་པོ་ཡིན་ཏེ། རྗེ་བཙུན་མི་ཧྲི་ཛོ་ཀིས་སློབ་མ་སོ་མ་དོ་ཀི་ལ། ཁྱོད་བོད་དུ་འགྲོ་ན་ལན་གཅིག་ལཿ ཐོག་ཏུ་འགྲོ་དགོས་པ་ཡིན་གསུངས། ཅིའི་ཕྱིར་ཞུས་པས། སློབ་དཔོན་ཤཱནྟ་དེ་བ་དང་སློབ་དཔོན་བཛྲ་པཱ་ཎི་བོད་ལ་སྐྱེ་བ་བཞེས་ནས་གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད་ལ། དེའི་གདན་སར་ད་ལྟའང་སློབ་དཔོན་ཀཧྞ་པ་ཆེན་པོ་སྐུ་སྐྱེ་བ་དེར་བཞེས་ནས་གདུལ་བྱ་(སྟོད་ཆ།༤༨༩)དཔག་ཏུ་མེད་པའི་དོན་མཛད་ནས་ད་ལྟའང་བཞུགས་སོ། །ཞེས་གསུངས་པ་དང་། གཞན་ཡང་། རྒྱ་གར་གྱི་རྒྱལ་པོ་དྷརྨ་པཱ་ལའི་སྲས་མ་ཧཱི་པཱ་ལར་འཁྲུངས་ཤིང་གྲུབ་པའི་སློབ་དཔོན་མང་པོ་བསྙེན་བཀུར་གྱིས་མཉེས་པར་མཛད། ཝཱ་ར་ཎཱ་སིར་བྲམ་ཟེའི་རིགས་ཀྱི་དགེ་སློང་དཱ་ན་ཀཱིརྟི་ཞེས་པ་བྲམ་ཟེ་ཆེན་པོའི་སློབ་མ་ཕག་མོ་ཞལ་གཉིས་མ་ལ་ཐུགས་དམ་མཛད་པ་ཞིག་དང་། མ་གདྷར་ཚོང་དཔོན་གྱི་རིགས་སུ་འཁྲུངས་པ་རྟེན་དགེ་སློང་ཨཱ་ནནྡྷ་ཤྲི་ཞེས་པ་བདེ་མཅོག་ལྷན་སྐྱེས་ལ་བརྟེན་ནས་དངོས་གྲུབ་བརྙེས་ཤིང་རྡོ་རྗེ་གདན་གྱི་མཁན་པོ་མཛད་ནས་བསྟན་པ་ལ་བྱ་བ་མཛད། དེའི་འོག་ཏུ་རྗེ་བྱམས་པ་ཆེན་པོར་སྐུ་སྐྱེ་བ་བཞེས་པ་ཡིན་ནོ། དམ་པ་རིན་པོ་ཆེ་དང་ཆོས་ཀྱི་རྗེ་གཉིས་ཅར་ལས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་སམ་གསན་བསམ་བསྒོམ་གསུམ་མཛད་དེ་མཐར་ཕྱིན་པ་ནི་ཆོས་ཀྱི་རྗེ་ལས་མཛད་པ་སྟེ། དམ་པ་རིན་པོ་ཆེས། བུ་ཁྱོད་ལས་བྱུང་བའི་བྱམས་པ་འབུམ། ཞེས་གསུངས་པའི་ཕྱིར་རོ། ཆོས་ཀྱི་རྗེ་སྐུ་མ་བཞུགས་པའི་འོག་ཏུ་དགུང་ལོ་ཞེ་བརྒྱད་པ་ལ་གདན་སར་བཞུགས་ཤིག་སྒྱུ་འཕྲུལ་དང་རྫོགས་ཆེན་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་དགའ་སྟོན་སྤེལ། མཆོག་གི་སྤྲུལ་སྐུ་ཀརྨ་པ་ཆེན་པོ་འབྲི་རྒྱལ་དམ་པ་ཤ་འབམ་དུ་ཐོག་མར་མཇལ་བ་ཞིག་ལ་ཁོང་གི་བཀའ་བཞིན་ཀཿ ཐོག་ཏུ་པེབས་ནས་བྱམས་པ་་རིན་པོ་ཆེས་མཁན་པོ་དང་། སྤྱན་སྔ་མང་ཕུ་བ་བསོད་ནམས་འབུམ་པས་ལས་སློབ་མཛད་དེ་ཀརྨ་པ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་ཏེ་ཐུབ་པའི་རྒྱལ་ཚབ་ཏུ་མངའ་གསོལ། མཚན་ཆོས་ཀྱི་བླ་མར་གསོལ་ཞིང་སྒྱུ་འཕྲུལ་(སྟོད་ཆ།༤༩༠)དང་རྫོགས་ཆེན་གྱི་དབང་དང་གདམས་པའང་གསན། དགུང་གི་གྲགས་དོན་བཞིའི་བར་བསྟན་པ་དང་འགྲོ་བའི་དོན་མཛད་ནས་ཆུ་བྱི་ལོར་གཟུགས་སྐུའི་བཀོད་པ་བསྡུས་ཤིག་དེའི་འོག་ཏུ་དཔལ་ལྡན་འབྲས་སྤུངས་སུ་བྱང་ཆུབ་སེམས་དཔའ་ཀ་མ་ལ་ཤྲཱི་ཞེས་པར་འགྱུར་ནས་གདུལ་བྱའི་དོན་མཛད། དེའི་རྗེས་སུ་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་ཟླ་བའི་སྙིང་པོ་འམ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་ཚུལ་གྱིས་ཕྱི་མཐའི་བར་བཞུགས་ཤིང་སེམས་ཅན་མཐའ་ཡས་པའི་དོན་མཛད་དོ། དེ་ཉིད་ཀྱི་རྒྱལ་ཚབ་སྤྱན་སྔ་བ་ཆེན་པོ་བསོད་ནམས་འབུམ་པ་དགུང་གྲངས་སུམ་ཅུ་བཞེས་པར་གདན་སར་བཞུགས། མདོ་སྒྱུ་འཕྲུལ་རྫོགས་ཆེན་གཙོ་བོར་བཏོན་ཅིག་བསྟན་པ་བསྐྱངས། རེ་གཅིག་པ་ལ་གཤེགས། དེ་ཉིད་ཀྱི་རྒྱལ་ཚབ་དབུ་འོད་ཡི་ཤེས་འབུམ་ཞིང་ཕོ་སྟག་ལ་སྐུ་འཁྲུངས། ཉེར་དགུ་ལ་གདན་པར་ཕེབས་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་དུས་སྐབས་དེར་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་དང་འཕགས་པ་རིན་པོ་ཆེ་ཁུ་དབོན་ཧོར་རྒྱལ་པོས་གདན་དྲངས་ཏེ་ཕེབས། ས་སྐྱ་པ་བཞུགས་པའི་ཕྱོགས་ཐམས་ཅད་དངུལ་གྱི་ས་གཞི་དང་ས་འཛིན་གྱི་རང་བཞིན་དུ་གྱུར། ཅིག་ཤོས་ཀྱི་ཕྱོགས་སུ་དེ་དག་གིས་དབེན་པར་གྱུར་པ་ན། དེར་ལྷ་ཁང་ལ་གསར་རྙིང་གཉིས་རབ་གནས་དུས་གཅིག་མཛད་གྱུར་ཀཿ ཐོག་པའི་ཞལ་ནས་རབ་གནས་ཀྱི་ཐོག་མའི་བགེགས་བསྐྲད་དེ་ངེད་རྣིང་མ་བས་བྱེད། ཡེ་ཤེས་པ་ཞུགས་པ་སོགས་རབ་གནས་དངོས་གཞི་དེ་ཁྱེད་གསར་མ་བས་མཛད་པར་ཞུ་(སྟོད་ཆ།༤༩༡)གསུངས། དེར་ཀཿ ཐོག་པས་བགེགས་སྐྲོད་པའི་ཏིང་ངེ་འཛིན་ལ་ཞུགས་པས་ལྷ་ཁང་ཕྱི་ནང་བསྒྱུར། ས་སྐྱ་པས་ཡེ་ཤེས་པ་དབབ་པས་སླར་རྣལ་དུ་གནས་པར་མཛད་པའི་ངོ་མཚར་བསྟན། ཀཿ ཐོག་པས་འཕགས་པ་རིན་པོ་ཆེ་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་བསྐུར་བ་མཛད་ཅིང་ཧོར་ཡུལ་དུ་ཐེག། སླར་ཆོས་ཀྱི་རྗེ་ཧོར་ཡུལ་དུ་གཟུགས་སྐུ་བསྡུས། འཕགས་པས་བོད་དུ་ཕྱིར་བྱོན་སྐབས་སྐྱེས་སུ་མཆོད་རྟེན་ལི་མ་ཐོག་ཚད་གསུམ་དང་ཏིང་ཆེན་པོ་ཥདུན་ཚར་སོགས་ཀཿཐོག་ཏུ་འབུལ་བར་མཛད་པ་ད་ལྟའང་ཡོད། རྗེ་དབུ་འོད་པའི་རྒྱལ་ཚབ་བྱང་ཆུབ་དཔལ་ལ་དགུང་ལོ་ཞེ་བཞི་པར་གདན་སར་བྱོན། འདིའི་དུས་སུ་བར་ཁྲོད་དང་། ཡང་ཁྲོད་དང་། ངམ་ཕུག་རྣམས་སུ་ལས་ཀྱེད་རྣམས་ཀྱིས་ཕྱུགས་ལུག་མང་པོ་བསད་ནས་ཤ་པགས་པ་སོ་སོར་ཕྲལ་བ་ལ་དྲུང་ནས་སེ་གོལ་ཞིག་གཏོགས་པར་མཛད་པས་ཐམས་ཅད་ཅོ་དིར་གྱིས་མཁའ་སྤྱོད་དུ་སོང་བར་གྲགས། དགུང་ལོ་རེ་བཞི་པ་ལ་གཞན་དོན་དུ་གཤེགས། དེའི་རྒྱལ་ཚབ་བསོད་ནམས་བཟང་པོ་དགུང་ལོ་ང་གསུམ་པ་ལ་གདན་སར་ཕེབས། གཞི་སྒྱུ་འཕྲུལ་དང་རྫོགས་ཅེན་གྱིས་བཟུང་ཞིང་འདི་སྐབས་ཙམ་ན་ཉང་དང་ཆོས་དབང་སོགས་གཏེར་ཆོས་སྔོན་མ་རྣམས་ཅུང་ཟད་རེ་དར་བར་བྱུང་། རེ་གསུམ་པ་ལ་གཞན་དོན་དུ་གཤེགས། རྒྱལ་ཚབ་ཀུན་དགའ་འབུམ་བས་ཀྱང་སྔོན་བཞིན་དུ་བསྟན་པ་བསྐྱངས། དེ་ནས་དབང་ཕྱུག་དཔལ་བ་དགུང་གྲངས་སོ་བརྒྱད་པར་གདན་ས་མཛད་ཅིག་འདི་སྐབས་བཤད་པ་བག་ཙམ་རེ་ལས་སྒྲུབ་པ་ཁོ་ན་(སྟོད་ཆ།༤༩༢)གཙོ་བོར་མཛད་ཅིང་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པ་ལ། དུས་གཞན་ཞིག་ཏུ་འཇང་རྒྱལ་པོས་དམག་དཔུང་ཆེན་པོ་བྱུང་བར་ཉེ་གནས་ཀྱིས་དམག་བྱུང་བས་ཅི་ཙུག་དྲག་ཞུས་པར་ཁོང་ཉིད་ཀྱི་ཐོག་ཏུ་རྩམ་པ་མང་པོ་ལུགས་ཤིག་གསུངས། དེ་བཞིན་དུ་བྱས་པས་ཁ་བ་ཆེན་པོ་བབས་ནས་དམག་རྣམས་ཕྱིར་ལོག། སླར་ཞབས་སུ་བཏུད་དེ་གསེར་གྱི་ཐུབ་པའི་སྐུ་དང་། པ་སོ་ལས་བཅོས་པའི་ནྡྷོ་ལའི་བཀོད་པ། ད་ལྟའི་གཙུག་ལག་ཁང་གི་རྩེའི་གཉཛི་ར་ཆེ་བ་འདི་རྣམས་ཕུལ། དེ་ཉིད་དགུང་གྲངས་ང་གསུམ་པ་ལ་གཟུགས་སྐུ་བསྡུས། རྒྱལ་ཚབ་བློ་གྲོས་འབུམ་པས་ཞེ་གསུམ་པ་ལག་དན་ས་མཛད། འདིའི་སློབ་མ་ཆུ་གསོར་ནམ་མཁའ་འབུམ་སོགས་གྲུབ་བརྙེས་མང་པོ་བྱུང་། ཟུར་འུག་པ་ལུང་དང་གསང་སྔགས་གླིང་རྣམས་སུ་བར་སྐབས་སུ་བསྟན་པ་ཉག་ཕྲ་བར་གྱུར་པ་སྒྱུ་འཕྲུལ་སོགས་དར་བར་མཛད་ཅིང་དབུས་གཙང་ཁམས་གསུམ་དུ་བསྟན་པ་ལ་ཕྱག་རྗེས་ཆེ། རེ་ལྔ་པར་གཞན་དོན་དུ་གཤེགས། རྒྱལ་ཚབ་བློ་གྲོས་སེང་གེ་དགུང་ལོ་སོ་དྲུག་པར་གདན་ས་མཛད། བཀའ་མ་སྔ་དར་རྣམས་ཀྱིས་གཞི་བཟུང་ནས་གཏེར་མའི་སྐོར་ཡང་འདི་སྐབས་ཀ་དར་རྒྱས་སུ་མཛད་པ་ཡིན། དྲུག་ཅུ་པ་ལ་གཤེགས། རྒྱལ་ཚབ་བྱང་ཆུབ་བློ་གྲོས་ཀྱིས་ཀྱང་སྔོན་གྱི་རྒྱུན་དེ་ཀ་དང་ཁྱད་པར་སྒྱུ་འཕྲུལ་སྡེ་བཞི་དང་ལམ་རྣམས་བཀོད་ལའང་བཤད་པ་མཛད། རི་རྩིབ་དང་བར་ཁྲོད་སོགས་སྤོང་བ་བསམ་གཏན་གྱི་སྡེའང་ཤིན་ཏུ་རྒྱས། དེ་ཉིད་ཀྱི་རྒྱལ་ཚབ་བྱང་ཆུབ་སེང་གེ་དང་བྱང་ཆུབ་རྒྱལ་མཚན་གཉིས་ཀྱིས་ཀྱང་བཀའ་གཏེར་གྱི་འཆད་ཉན་སྒོམ་གསུམ་ཤིན་ཏུ་རྒྱས་པར་(སྟོད་ཆ།༤༩༣)མཛད། བྱང་ཆུབ་རྒྱལ་མཚན་གྱི་སློབ་མ་བུ་འབོར་མཁས་གྲུབ་ཛྙ་ན་ཀེ་ཏུ་ནི་གཉགས་ཡེ་ཤེས་གཞོན་ནུའི་རྣམ་འཕྲུལ་དུ་ལུང་གིས་བསྟན་ཅིང་མདོ་སྔགས་སྤྱིའི་ལམ་རིམ་ཐམས་ཅད་མཁས། ཁྱད་པར་མཁས་གྲུབ་ཆེན་པོ་བྲའོ་ཅོས་འབུམ་ལས་འདུས་པ་མདོ་དང་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་བཤད་པ་སྒྲུབ་ཐབས་སོགས་མ་ལུས་པར་གསན། བླ་མ་དེ་ལས་རྨོག་སྟོན་རྡོ་རྗེ་དཔལ་བཟང་གིས་འདུས་པ་མདོ་ཞུས་ཤིང་། དེ་ལས་སེམས་དཔའ་ཆེན་པོ་དར་ལུང་པ་རྡོ་རྗེ་རྣམ་རྒྱལ་གྱིས་ཞུས། རྒྱུན་དེ་ལས་འདུས་པ་མདོ་ཁམས་ལུགས་སུ་གྲགས་པ་དབུས་སུ་བབ་པ་ཡིན་ཏེ་སླར་འཆད་དོ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱིས་གསང་བ་སྙིང་པོ་རྩ་འགྲེལ་རྣམས་དང་། མདོ་དགོངས་འདུས། རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེ་གསུམ་སོ་སོའི་བཀའ་སྲོལ་གྱི་རྩ་བ་རྣམས་སླར་ཡང་ཉི་མ་ལྟར་གསལ་བར་མཛད་ཅིང་བཤད་སྒྲུབ་ཀྱིས་བསྟན་པ་ཁྱབ་གདལ་དུ་སྤེལ། ཞི་ཁྲོ་དང་ཕུར་པ་བཀའ་མའི་འགྲེལ་པ། གསང་བ་སྙིང་པོ་ལ་འགྲེལ་པ། ས་བཅད། བསྡུས་དོན། ལམ་རྣམ་བཀོད་ལ་ཊི་ཀ་དང་མཆན་བུ། སྤར་ཁབ་དང་ཐུགས་ཐིག་ལ་མཆན་འགྲེལ། དམ་ཚིག་གསལ་བཀྲ་ལ་འགྲེལ་པ་གསལ་བའི་མེ་ལོང་། ཞི་ཁྲོའི་ཕྱག་རྒྱ་བཅིང་ཐབས་ཀྱི་ཡི་གེ། དམ་པ་རིན་པོ་ཆེའི་ཐེག་པ་སྤྱི་བཅིང་གི་འགྲེལ་པ། ཚོགས་ཀྱི་འཁོར་ལོའི་རྣམ་བཤད་སོགས་བསྟན་བཅོས་སིན་ཏུ་མང་བར་མདད། རྗེ་དེ་ཉིད་ཀྱི་སློབ་མ་ཁ་བ་དཀར་པོ་བ་ནམ་མཁའ་རྒྱ་མཚོ། ཀུན་དགའ་ཟླ་བ། ཕྱོགས་མེད་བྱང་སེམས། ལབ་སྟོན་ནམ་མཁའ་རིན་ཆེན་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ་ཁོ་ནའང་མང་དུ་བྱོན་པ་ལས་ཁ་བ་དཀར་པོ་བས་གསང་སྙིང་(སྟོད་ཆ།༤༩༤)སྤྱི་དོན་དང་། ས་བཅད། བསྡུས་དོན། ལམ་རྣམ་བཀོད་ལ་ཊི་ལ་སོགས་མཛད། མཁས་གྲུབ་ཆེན་པོ་ཉིད་སྐུ་ཚེའི་མཏར་འཕགས་མཚོ་རི་ཁྲོད་དུ་སྒྲུབ་པ་ཁོ་ན་ལ་གཞོལ་ཞིང་བཞུགས་ནས་བུ་འབོར་དང་ཁ་བ་དཀར་པོ། འཇང་ཡན་ཆད་ཀྱི་གདུལ་བྦྷ་དཔག་ཏུ་མེད་པའི་དོན་མཛད་ནས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་ཁྱོད་དྲུག་ཅུ་རེ་བཞིའི་དུས་འདི་ནས་ཚེ་འཕོས་ནས་བྱང་གི་ཕྱོགས་སུ་འགྲོ་དོན་རྒྱ་ཆེར་མཛད། དེ་ནས་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་བདེ་བའི་མྱུ་གུས་སངས་རྒྱས་ཀྱི་ཞིང་སྦྱངས་ཤིང་དག་པའི་བསྐལ་པ་ཡོན་ཏན་བཀོད་པར་བདེ་བའི་སྙིང་པོ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ། ཞེས་ལུང་བསྟན་པའང་ཐོབ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཞལ་གཟིགས་ཤིང་ཐུན་མོང་གི་སྤྱོད་ཡུལ་དུའང་བླ་གོས་ཉི་ཟེར་ལ་བཀལ་བ་སོགས་མཁས་པ་དང་གྲུབ་པའི་རྣམ་ཐར་ལ་བསམ་གྱིས་མི་ཁྱབ་བོ། འདི་མན་ཆད་ཀཿཐོག་བླ་རབས་བཅུ་གསུམ་ཞེས་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཟམ་མ་ཆད་པར་བྱོན་ཅིང་། སྔ་འགྱུར་གྱི་བསྟན་པ་བཤད་སྒྲུབ་གཉིས་ལྡན་གྱིས་བསྐྱངས་པ་ཡིན་ནོ། ཡང་དམ་པ་བདེར་གཤེགས་ཀྱི་སློབ་མ་རོང་པོ་ཐོས་ཆོག་རྣམ་གསུམ་ཞེས། ཤེས་རབ་རྒྱལ་མཚན་དང་། ཤེས་རབ་དཔལ་བ། ཤེས་རབ་རྡོ་རྗེ་གསུམ་སྟེ་དབང་རྣོན་ཅིག་ཅར་གྱི་གདུལ་བྱ་ཇི་བཞིན་པར་ངེས་ཤིང་དམ་པ་རིན་པོ་ཆེའི་ཆོས་གསུང་བའི་སྒྲ་ཐོས་པ་ཙམ་གྱིས་ཆོས་ཐམས་ཅད་ཀྱི་གཏིང་སླེབས་པའི་གྲུབ་པི་དབང་ཕྱུག་ཆེན་པོར་གྱུར། ཁོང་གསུམ་ཉིད་ཀྱིས་ཤར་རྒྱལ་མོ་རོང་དུ་བསྟན་པ་སྤེལ་བ་ལས་ད་ལྟའི་བར་བསྟན་(སྟོད་ཆ།༤༩༥)པ་རིན་པོ་ཆེ་མ་ཉམས་ཤིང་དར་བ་འདི་ཀ་བྱུང་བ་ཡིན་ནོ། ཡང་ཀ་དམ་པའི་སློབ་མའི་མཆོག་ལུང་བསྟན་བུ་བཞིར་གྲགས་པ་ལས། འབྲུ་ཚ་སྒང་པས་བུམ་རོང་བཞག་གསུམ་ཁ་བ་དཀར་པོ་ཡན་ཆད་དུ་དགོན་གནས་བརྒྱ་རྩ་བརྒྱད་བཏབ་པར་གྲགས་ཤིང་བསྟན་པ་ཁྱབ་གདལ་དུ་སྤེལ་བའི་ཕྱག་རྗེས་ཆེ། ཙ་སྡེ་སྤྱན་སྔ་ནམ་མཁའ་རྡོ་རྗེས་གོ་འཇོ་ཙ་སྡེ་དགོན་པ་འདེབས་པར་མདད། ཁོང་གི་སློབ་མ་དྲུང་ཐུགས་རྗེ་ཡེ་ཤེས། སྟོན་པ་དབང་འབྱོར་སོགས་ལས་སྒྱུ་འཕྲུལ་དང་རྫོགས་ཆེན་གྱི་སྐོར་རྣམས་དབུས་སུ་བབས་པས་ཁམས་ལུགས་ཞེས་པ་དེ་བྱུང་། རྨོང་སྟོན་འཇམ་དཔལ་སེང་གིས་འབྲི་རྒྱུད་དུ་དགོན་པ་མཛད་ཅིང་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་བསྒྲུབས། ཁོང་ལས་གྲུབ་ཐོབ་རྨོག་རབས་བཅུ་གསུམ་དུ་གྲགས་པའི་རྒྱུན་རྣམས་བྱུང་། གྲུབ་ཐོབ་མ་ཎི་རིན་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཐུགས་ཆེན་པོ་ཡང་སྙིང་འདུས་པའི་རྩ་བའི་ཆོས་ཀྱི་བདག་པོར་ངོས་བཟུང་ཞིང་ཁོང་ཉིད་ཀྱི་སྲས་མོ་ཀུན་གྲོལ་འབུམ་དང་ལྷན་ཅིག་ཀཿཐོག་ཏུ་སྔགས་ཀྱི་ལུང་བསྟན་མཛད་ཀྱང་མ་ཎི་རིན་ཆེན་རབ་བྱུང་གི་བརྟུལ་བཞུགས་ལས་མ་འདས་པས་རྟེན་འེལ་ཅུག་ཟད་འཕྱུངས། འོན་ཀྱང་གོང་མ་རྣམ་གསུམ་གྱི་གདུང་འབུམ་སོགས་ཀྱི་ཞབས་ཏོག་མཛད་པའི་ལས་ཟིན་མ་ཐག་དེ་ཉིད་དུ་བླ་གོས་གཤོག་པ་ལྟར་མཛད་ནས་ནམ་མཁའ་ལ་བྱ་བཞིན་འཕུར་ནས་ཕར་ཀའི་རི་རྩེར་བབས། དེར་ཞབས་རྗེས་ཀྱང་ཡོད། དེ་ནས་རག་གཅོག་ཏུ་བཞུགས་ཤིང་རིང་པོར་མ་ཐོགས་པར་སྐུ་འོད་ཕུང་དུ་ཡལ་ལོ། བླ་རབས་བཅུ་གསུམ་གྱི་རྗེས་སུ་དྲུང་རབས་བཅུ་གསུམ་བྱོན་ནས་རིམ་(སྟོད་ཆ།༤༩༦)གྱིས་བཀའ་གཏེར་གྱི་བསྟན་པ་བསྐྱངས་མེད། འོན་ཀྱང་བཀའ་མ་རྣམས་ཕྱིས་རིམ་གྱིས་ཉག་ཕྲ་བ་བཞིན་གྱུར། སྨོན་མ་ཐག་པའི་བླ་རབས་རྣམས་ཀྱི་དུས་དགེ་འདུན་ཁྲི་ཕྲག་བཅོ་བརྒྱད་དུ་ལོངས་འི་བསྟན་པ་དར་རྒྱས་བྱུང་ཞིང་རྒྱུ་མཚན་ཉིད་ཀྱི་བཤད་གྲྭ་སོགས་སོ་སོར་བྱུང་། མདོར་ན་ཤར་རྒྱལ་མོ་རོང་། ལྷོ་ཚ་བ་རོང་དང་མོན། ནུབ་ཀོང་པོ་སོགས་དང་དབུས་གཙང་མན་ཆད་དུ་སྔ་འགྱུར་གྱི་བསྟན་པ་བཤད་སྒྲུབ་གཉིས་ཀའི་ཕྱོགས་ནས་ཁྱབ་ཆེ་བས་དབུས་གཙང་དུ་བར་སྐབས་སུ་མདོ་དང་སྒྱུ་འཕྲུལ་སེམས་ཕྱོགས་སོགས་ཀྱི་བསྟན་པ་ཉག་ཕྲ་བར་གྱུར་པའང་འདི་གའི་རྒྱུན་གྱིས་གསོལ་ཤིང་དེང་སང་གི་བར་དུ་དབང་གི་ཆུ་བོ་དང་། བཤད་པའི་སྲོལ། མན་ངག་གི་རྒྱུན། ལུང་གི་བརྒྱུད་པ་རྣམས་མ་ཆད་པར་ཡོད་པ་འདི་ཀ་ཡིན་ནོ། དེའང་འདུས་པ་མདོ་དང་སྒྱུ་འཕྲུལ་གཉིས་ཀྱི་དབང་ལུང་མན་ངག་བརྒྱུད་པའི་ཆུ་བོ་བབ་ལུགས་ཕྱོགས་གཅིག་ནི། དམ་གཙང་བྱམས་གསུམ་ནས། ཙ་སྡེ་སྤྱན་སྔ་བ་ནམ་མཁའ་རྡོ་རྗེ། དྲུང་ཐུགས་རྗེ་ཡི་ཤེས། སྟོན་པ་དབང་འབྱོར། རྗེ་བཙུན་དཔལ་འབར་བ་ནམ་མཁའ་རྡོ་རྗེ། སྟོན་པ་མགོན་རྒྱལ། ཡང་ཁྲོད་ཚུལ་ཁྲིམས་རྒྱལ་མཚན། བྲའོ་ཆོས་ཀྱི་འབུམ་པ། བུ་འབོར་བ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན། བཞག་བླ་མཁས་གྲུབ་ཡེ་ཤེས་འབུམ། དེ་ལས་མོན་ཀཿཐོག་པ་བསོད་ནམས་རྒྱལ་མཚན། ཀ༔ཐོག་པ་རྣམ་གྲོལ་བཟང་པོ། ཀ༔ཐོག་པ་ཆོས་ཀྱི་སེང་གེ། ལྷ་བྲོ་བ་ཆོས་ཀྱི་དབང་པོ་ནས་རིམ་པར། རྗེ་སྨན་ལུང་པ་བློ་མཆོག་རྡོ་རྗེ་ནས་དེང་སང་གི་བར་དུ་རྒྱུན་མ་ཆད་པར་བྱུང་བ་ཡིན་ནོ། །(སྟོད་ཆ།༤༩༧) ཡང་མདོ་དབང་ཁམས་ལུགས་ཞེས་པ་ནི། བར་སྐབས་དེར། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེས་ཟུར་ཡང་དབེན་པ་ཤཱཀྱ་འབྱུང་གནས་ལྕམ་སྲིང་གཉིས་ལ་གནང་བ་ལས། ཟུར་མོ་དགེ་འདུན་འབུལ་ལས་བརྒྱུད་པ་སྟེ། ཟུར་མོ་འདི་དོན་ལ་རང་བཞིན་གྱི་རྣལ་འབྱོར་མ་ཡིན་མོད། རྣམ་པ་གཞོན་དུས་ནས་འཁོར་བའི་སྐྱོན་དང་བྲལ་བས་སྐུ་བཙུན། བསྐྱེད་རྫོགས་གསུམ་ཀ་ལ་སྦྱངས་པ་མཐར་སོན། གནས་ལུགས་རྟོགས་ཤིང་ཏིང་འཛིན་གྱི་སྒོ་དུ་མ་ལ་དབང་འབྱོར་བས་མཁས་ཤིང་གྲུབ་པམོ་ཆེན་མོར་གྱུར་ཏེ་ཉང་སྨད་རྩེ་རྒྱལ་གྱི་སྒོམ་ཁང་དུ་བཞུགས་ནས་འགྲོ་བའི་དོན་མཛད། དེས་ཡང་དབེན་གསང་སྔགས་གླིང་པ་ཟུར་སྟོན་ཤཱཀྱ་བཤེས་གཉེན་ལ་དབང་བསྐུར། དེས་ཀ༔ ཐོག་གི་མཁས་གྲུབ་བྲའོ་ཆོས་འབུམ་ལ། དེས་བཤེས་གཉེན་དཀོན་མཆོག་བཟང་པོ། དེས་ཀ༔ ཐོག་པ་རྨོག་སྟོན་རྡོ་རྗེ་དཔལ་བཟང་པོ་ལ་དབང་བསྐུར། འདིས་གླན་ལུགས་ཀྱི་དབང་ཆོག་དུམ་དུམ་ཁྲིག་ཉིད་གཞིར་བྱས་པ་ལ་གོས་རྩི་ལུང་པའི་ཕྱག་བཞེས་གྲོ་སྟོན་དཔལ་ལྡན་གྲགས་ཀྱི་ཆོག་ཁྲིགས་ཀྱིས་ཀྱང་བརྒྱན། སྒྱུ་འཕྲུལ་ཞི་ཁྲོ་དང་སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་སྒོས་བཀང་ཡང་སྦྱར་ཏེ་དབང་ཆོག་སྦྲང་རྩིའི་ཆུ་རྒྱུན་མཛད། མཛད་པ་པོ་འཆི་མེད་ཀྱི་ས་བརྙེས་པའི་རིག་འཛིན་གྲུབ་པར་གྲགས་ཤིང་སྐྱེས་མཆོག་དམ་པ་ཡིན་གེས་སུ་མ་ཟད། བསྐུལ་བ་པོའང་བཤེས་གཉེན་འགྲན་ཟླ་དང་བྲལ་བ་མང་པོས་མཛད་པས་འགངས་ཆེ་ཞིང་། སྒྲུབ་རྫས་ཐུན་མོང་བཅོ་ལྔའི་དབང་གཉལ་པའི་ཆོག་ཁྲིམས་ཆད་པ་འདིར་འབྱུང་བ་དང་། སྒྱུར་འཕྲུལ་ཞི་བའི་ཟབ་དབང་གསུམ་གྱི་བཀའ་དབུས་གཙང་དུ་བར་སྐབས་སུ་ཆད་པ་ཀ༔ ཐོག་ལུགས་འདིར་བཞུགས་པས་སོས་ཤིང་། སེམས་(སྟོད་ཆ།༤༩༨)སྡེ་ཨ་དོན་བཅོ་བརྒྱད་ཀྱི་དབང་རྒྱུན་འདིས་བཟུང་བས་བསྟན་རྒྱུན་ལ་ཕན་པ་ཆེན་པོའི་སྒོར་གྱུར་པ་ཡིན་ནོ། །རྨོག་སྟོན་གྱིས་བྱང་ཅུབ་སེམས་དཔའ་ཆེན་པོ་དར་ལུང་པ་རྡོ་རྗེ་རྣམ་རྒྱལ། དེས་ཁྱུང་ཚང་པ་འཁྲུལ་ཞིག་བློ་གྲོས་དཔལ་ལྡན་ལ། དེས་དཔང་སྟོན་ཀརྨ་གུ་རུ་ལ། དེས་སྔགས་འཆང་ཀུན་བཟང་དཔལ་འབྱོར་ལ། དེས་གསང་བདག་ཕྲིན་ལས་ལྷུན་གྲུབ་ལ། དེས་དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་ལ་དབང་བསྐུར་ཞིང་། དེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྱུར་མེད་རྡོ་རྗེ་ཁམས་ལུགས་བརྒྱུད་པའི་ཆུ་བོ་འབབ་པ་ཡིན་ནོ། ཡང་རོག་ཤེས་རབ་འོད་ལས་ཀྱང་མདོ་སྒྱུའི་བཤད་བཀའ་ཤིན་ཏུ་དར་བ་བྱུང་སྟེ། ཤེས་རབ་འོད་འདིས་དང་པོར་རོག་སྟོན་བཙན་པོ་ལ་སོ་ལུགས་ཀྱི་མདོ་དང་སྒྱུ་འཕྲུལ་དང་སེམས་ཕྱོགས་གསན། ལྷབ་དྲིས་མ་གོང་པ་ལ་མདོ་དང་རྒྱུ་འཕྲུལ་སྐྱོ་ལུགས། ལྷབ་ཀྱི་ཟུར་ཆོས་པ་སློབ་དཔོནན་ཡམ་ཆོས་དངོས་གྲུབ་ལ་མདོ་དང་སྒྱུ་འཕྲུལ་ཟུར་ལུགས། ཡང་སྒྲོ་ཕུག་འི་སློབ་མ་གནུབས་སྟོན། དེས་ཁ་རག་སྙིང་པོ། དེས་ཡམ་ཤུད། ཡང་ཁ་རག་སྙིང་པོས་སྲས་པདྨ་འབར། དེས་རོག་ཤེས་རབ། ཡང་པོ་དར་མ་སེང་གེ་ལ་སྒྱུ་འཕྲུལ་མཆན་མང་ཞེས་སྔར་མཆན་བུས་ཊི་ཀ་འཆད་པའི་སྲོལ་ཡོད་པ་དེ་གསན། ཡང་ཆུ་པར་གྱི་གླན་ཤཱཀྱ་བཟང་པོ་ལས་བརྒྱུད་པ་དང་། ལྷ་རྗེ་ཉ་རི་བའི་སློབ་མ་ཉང་ནག་མདོ་པོ་ལས་བརྒྱུད་པ་སྟེ། མདོར་ན་བླ་མ་འདིས་ལུགས་ཐ་དད་པ་མང་པོ་གསན་ཅིང་། སྒྱུ་འཕྲུལ་གཞི་ལམ་འབྲས་གསུམ་གྱི་སྟོང་ཐུན་དང་། ལམ་རྣམ་བཀོད་ཀྱི་ཊི་ཀ་བརྩམས། དེས་སྙེ་མདོ་ཐམས་ཅད་གཟིགས་པ་ཞེས་གྲགས་པར་བཤད་(སྟོད་ཆ།༤༩༩)ཅིང་། དེས་ཀྱང་སྙིང་ཊིག་དང་། ལམ་རྣམ་བཀོད་ལ་མཆན་བུ་ཞིབ་པར་མཛད། རོག་གི་གདུང་བརྒྱད་རྣམས་ལའང་དབང་དང་རྒྱུད་ཀྱི་བཤད་པ་ཤིན་ཏུ་དར་བ་བྱུང་ངོ་། དེ་བཞིན་དུ་གཙང་སྟོད་མང་དཀར་དུ་ཡང་སྟོད་ཟུར་པ་ཞེས་གྲགས་པ་རིམ་པར་བྱུང་ནས་བཤད་སྒྲུབ་ལེགས་པར་མཛད། དེས་ལ་སྟོད་ལྷོ་བྱང་ཐམས་ཅད་དུའང་མེ་མཆེད་པ་བཞིན་གྱུར་པས། བྱང་དུ་མེ་སྟོན་འབྱུང་གནས་འོད་ཅེས་པ་དང་། སྣར་སྟོན་སེང་གེ་འོད་ཅེས་པ་དང་། བྱང་ཏ་ར་ལ་མོ་པ་ཡོན་ཏན་དབང་ཕྱུག་ཅེས་བྱ་བ་ལ་སོགས་པའི་བཤད་པ་ཡང་ཐོ་རེ་ལོངས་ཡོད་ལ། གཞན་ཡང་དན་ཕག་ཏུ་སྒྱུ་འཕྲུལ་གྱི་བཤད་པ་རིམ་པར་བྱུང་བས་རྒྱལ་བ་ཀློང་ཆེན་པས་དེར་གསན་པར་མཛད་དོ། ད་ནི་གངས་རིའི་ཁྲོད་ཙམ་ན་ཕུལ་དུ་བྱུང་བའི་པཎྜི་ཏ་ཆེན་པོར་གྲགས་པ་རོང་པ་ཆོས་ཀྱི་བཟང་པོའི་གཏམ་བརྗོད་པ་ལ་དྲན་པ་ཉེ་བར་གཞག་པར་བྱ་སྟེ། དེ་ལ་རོང་བན་དཔལ་གྱི་རྡོ་རྗེ་རིན་པོ་ཆེའི་སྲས། རོང་བན་རིང་ཆེན་ཚུལ་ཁྲིམས་ཞེས་བྱ་བ་དེས་རྒྱུའི་དུས་ཀྱི་མངོན་བྱང་ལྔའི་ཆོ་ག་བྱས་པ་ལས་ཕྱོགས་ཀྱི་གླང་པོའི་ཤེས་རབ། དབྱིག་གཉེན་ཞངས་ཀྱི་ཐོས་པ། ཙནྡྲ་གོ་མའི་བརྗོད་པ། ཆོས་ཀྱི་གྲགས་པའི་བརྒལ་བརྟགས། སློབ་དཔོན་དཔའ་བོའི་རྩོམ་པ་སྟེ་ཕུན་སུམ་ཚོགས་པ་ལྔའི་ངོ་བོར་བྱང་ཆུབ་པའི་མྱུ་གུ་གཙང་སྨད་རུ་ལག་གི་སའི་ཆ་སྣར་ལུང་རོང་དུ་བཟུང་ངོ་། དེ་ཡང་བསྟན་པ་སྔ་དར་གྱི་ཞབས་སུ་སློབ་དཔོན་སྨྲྀ་ཏི་ཛྙཱ་ན་ཀིརྟི་ཟེས་བྱ་བའི་པཎྜི་ཏ་ཞིག་བྱོན་ནས་མདོ་ཁམས་ཀྱི་སའི་ཆར་རྒྱུད་འགའ་ཞིག་གི་འགྱུར་ཡང་བཅོས། ཐག་ནའི་མཚན་བརྗོད་ཀྱི་འགྲེལ་(སྟོད་ཆ།༥༠༠)པ་ལ་སོགས་པ་གསང་སྔགས་ཀྱི་འགྲེལ་པ་དང་། འཇམ་དཔལ་གསང་ལྡན་ལ་སོགས་པའི་སྒྲུབ་ཐབས་མང་པོ་བསྒྱུར། སྒྲའི་བསྟན་བཅོས་འགའ་ཞིག་ཀྱང་མཛད་ནས་མྱ་ངན་ལས་འདས་པ་གང་གི་དེ་མ་ཐག་པའི་སྐུའི་སྐྱེ་བ་ཡིན་པར་གྲགས། བཀའ་འགྱུར་མདོ་མང་གི་ལུང་རྒྱུན་ལ་སྨྀ་ཏི་དང་བྲེང་ཆགས་སུ་འདྲེན་པ་དཔྱད་གཞིར་སྣང་། ཡང་ཨ་ཙ་ར་ཕྲ་ལ་རིང་མོ་ཞེས་བྱ་བའི་པཎྜི་ཏ་ཞིག་ཁམས་སུ་བྱོན། གསང་བ་འདུས་པའི་རྒྱ་ཆེར་འགྲེལ་བ་ལ་སོགས་བསྒྱུར་བཤད་མཛད་ནས་འདས་པ་དེ་ཉིད་ཀྱི་སྐྱེ་བ་ཡིན་ཡང་གྲགས། སྐུ་གཞོན་ནུ་ནས་ལྷུན་གྱིས་གྲུབ་པའི་ཤེས་རབ་ཆེན་པོ་མངའ་བས་ཉང་སྨད་དུ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ལས་གསན་པ་མཛད། ཡབ་ཀྱིས་རྒྱགས་སྐྱེལ་དུ་བྱོན་པས། མཆེད་གྲོགས་དག་ན་རེ། ཁྱོད་ཀྱི་བུ་འདི་བློ་དྲེད། ཐོ་ཅོ་ཆེ་བས་ངེད་ཅག་བྱང་སུན་པར་བྱེད་ན་ད་རེས་འཁྲིད་པར་འཐད་ཅེས་ཟེར། ཡབ་ཀྱིས་སློབ་དཔོན་ལ་ཁོང་རྣམས་དེ་སྐད་འཆད་ན་འཁྲིད་པར་བྱའམ་ཞུས་པས། འགར་སྟོན་ཆེན་པོས། དེ་སྐད་མ་ཟེར། ཆོས་ཐམས་ཅད་ཁོས་གོ་ནས་ཡོང་བ་ཡིན་གསུངས་སྐད། ལོ་བཅུ་གཅིག་པ་ལ་མཚན་ནིད་གསན། ཆོས་བར་ལ་བྱིས་པའི་རྩེ་སར་ཡང་སློབ་དཔོན་གྱི་གསུངས་ཚད་ཤར་རེ་འོང་བས། ཆོས་ཐམས་ཅད་ཚར་རེ་གསན་པ་ཁོ་ནས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་པས་འཇམ་དཔལ་གྱི་སྤྲུལ་པར་གྲགས། བཅུ་གསུམ་ལོན་པའི་ཚེ་གསན་པ་རྫོགས་པ་དང་འདྲ་བར་བྱུང་ཞིང་། ཤེས་བྱ་ཐམས་ཅད་ལ་མ་རྨོགས་པ་བྱུང་། ཉིད་ཀྱི་ཞལ་ནས་ཀྱང་། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ་ཆོས་ཐམས་ཅད་མ་ཐོས་པ་མེད་དོ། །ཐོས་པ་ཆེ་བ་ཡང་མ་ཡིན་ཏེ་ཆོས་ཐམས་ཅད་ཚར་རེ་ལས་མ་དོགས་(སྟོད་ཆ།༥༠༡)སོ་གསུངས་སྐད། མདོ་རྒྱུད་དམ་བསྟན་བཅོས་ལ་སོགས་པའི་རྒྱ་གཞུང་བརླིང་པོ་སྔར་མ་གཟིགས་པ་མཐ་དག་ཚར་རེ་རེའམ། གཉིས་ཚུན་ཆད་གཟིགས་པས་ཚིག་དང་དོན་གྱི་ཆ་མ་ལུས་པ་ཐམས་ཅད་ཐུགས་ལ་ཟིན་ཅིང་མི་བརྗེད་པའི་གཟུང་ཐོབ་པར་གྲགས་པས། ཐོག་མ་ཉིད་ནས་ཧ་ཅང་མ་འབད་པར་སམ་སྐྲྀ་ཏ་དང་། སྐད་རིགས་ཀྱི་བྱེ་བྲག་གཞན་མང་པོ་འང་མཁྱེན་ཞིང་། ཕྱི་ནང་གི་རིག་པའི་གནས་དང་། གཙུག་ལག་ཐམས་ཅད་ལ་ཐོགས་པ་མེད། བོད་ཀྱི་སྐད་ཉིད་ལའང་འདི་ནི་དོན་འདི་ཙམ་ལ་འཇུག་གོ་ཞེས་སྟོན་པའི་ཁྱད་པར་ཕྲ་མོའང་གཞན་ལས་ཆེས་ལྷག་ཚད་མའི་བསྟན་བཅོས་དང་། རིག་བྱེད་ཀྱི་བསྟན་བཅོས་དང་། དོན་དུ་འགྱུར་བའི་ཚིགས་བཅད་དང་། སྙན་ངག་ལ་སོགས་པའང་དབྱུག་པ་ཅན་གྱི་གཞུང་ཁོ་ན་ལ་མ་ལྟོས་པར་རིག་པ་དེ་སྟོན་པའི་གཞུང་ལུགས་རྒྱ་ཆེན་པོ་མང་པོའི་དོན་མཁྱེན་པ་ཡིན། བྱིས་པའི་དུས་ཨ་ཙ་ར་འདུག་ཚད་ལ་དགྱེས་ཤིག་དེ་དག་དང་བརྡ་འཕྲོད་པས་བི་བཤྱཱིའི་པུ་ཏི་ལ་བརྟགས་པ་ཙམ་གྱིས་མཁྱེན་པ་ཚེགས་མ་བྱུང་། ཐ་ན་དུད་འགྲོའི་བརྡ་དང་སྐད་ཀྱི་རིམ་མཁྱེན་པར་གྲགས། སྨྲ་སྒོ་ལ་སོགས་པའི་འགྲེལ་པ་དང་བསྟན་བཅོས་ཀྱང་མང་དུ་མཛད། སྤྱིར་ཆོས་ལ་མོས་པའི་མི་རྣམས་དང་། ཆོས་ཀྱི་གང་ཟག་དང་། ཁྱད་པར་རྡོ་རྗེ་ཐེག་པ་ལ་ཞུགས་ཤིང་། གསང་སྔགས་ཀྱི་ལས་དང་དངོས་གྲུབ་བསྒྲུབ་པར་འདོད་པ་དག་ལ་ཕན་གདགས་པའི་དགོངས་པ་ཟབ་མོ་མངའ་བས། ཕྱིན་ཅི་མ་ལོག་པའི་གདམས་པས་ནན་ཏན་དུ་འདོམས་ཤིང་ཕན་ཐོགས་པར་མཛད། སེམས་ཅན་འདུལ་བའི་དུས་དང་གནས་སྐབས་མཁྱེན་པས། འགྲོ་པ་ཕལ་པ་བློ་བསྒྱུར་ཞིང་།༥༠༢)ཆོས་ལ་གནས་པ་རྣམས་ལ་ཕན་འདོགས་པ་ལ་རྟག་ཏུ་སྐྱོ་བ་མི་མངའ། ཆོས་ཀྱིས་བློ་མ་བསྒྱུར་བའི་སྐྱེ་བོ་ཐ་མལ་པ་དག་ལ་སེར་སྣ་སྤངས་ནས་བདོག་པ་གཏོང་བ་དང་། ལོག་སྒྲུབ་བཟོད་པས་སྙིང་རྗེའི་ཡུལ་དུ་མཛད་ནས་ཞི་བདེ་ལ་འགོད། སྡོམ་པའི་གནས་དང་ཐུགས་དམ་ལ་ནོར་བུ་རིན་པོ་ཆེ་དང་སྲོག་གི་དབང་པོ་ལྟར་གཅེས་སྤྲས་མཛད་ཅིང་གཞན་ཡང་དེ་ལ་འགོད། དམ་པའི་ཆོས་རྩོམ་པ་ན་གླེགས་བམ་བསྡུ་ཞིག་གཟིགས་པ་ལ་སོགས་པའི་རྟོག་དཔྱོད་ཀྱི་སྒྲོ་འདོགས་མི་དགོས་པར། ཆོས་ཀྱི་ཚིག་དོན་ལ་ཐོགས་རྟུགས་མེད་པར་འཇུག་འི་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་ཞིང་བསྟན་བཅོས་རྣམས་ཀྱང་དོན་བཟང་པོ། ཚིག་འབྲུ་བཟང་པོ། བརྗོད་པ་མ་འདྲེས་པ་ཤ་སྟག་འབྱུང་བས། སྟོན་པ་དྲང་སྲོང་ཆེན་པོའི་གསུང་གི་གསང་བ་དང་རྗེས་སུ་མཐུན་པའི་ཕྱིར་གཞན་མཁས་པར་གྲགས་པ་གང་གིས་ཀྱང་རྩོད་མི་ནུས་ཤིང་། དེས་མཛད་པའི་གསང་སྔགས་ཀྱི་མན་ངག་རྣམས་ལ་སློབ་པའི་རྒྱུད་དུ་བྱུང་བའི་གང་ཟག །དེས་མཛད་པའི་གསང་སྔགས་ཀྱི་མན་ངག་རྣམས་ལ་སློབ་པའི་རྒུད་དུ་བྱུང་བའི་གག་ཟག ལུང་མ་ཐོབ་ཀྱང་ཡི་གེ་ལས་བྱུང་བ་བཞིན་སྦྱར་བ་ལས་བྱིན་རླབས་མ་བྱུང་བ་མེད་ཅེས་གྲགས་པས་བདེ་བར་གཤེགས་པའི་སྤྲུལ་པའི་སྐུ་ཉིད་དུའང་གླེང་། གནས་ལྔ་རིག་པའི་པཎྜི་ཏ་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཇོ་བོ་ཨ་ཏི་ཤ་དང་བདག་ཉིད་ཆེན་པོ་འདི་མཇལ་བའི་ཚེ། ཇོ་བོའི་ཞལ་ནས། རྒྱ་གར་གྱི་ཨ་ཙཱ)་ནག་པོ་སྤྱོད་པ་བ་དེ་ཉིད་ཚེ་འཕོས་པ་ཇོ་བོ་འདི་ཁོ་ན་ཡིན་ཏེ། ཁོ་བོས་འདི་དང་ཆོས་གཏམ་བྱ་བ་ག་ལ་ཐུབ་ཅེས་རྩོད་མེད་དུ་གྲགས་པར་གསུངས། སྤྱིར་གཏམ་དུའང་། འདུལ་ལ་མཚུར་སྟོན་དབྱིག་གེ་མཁས། ཆོག་སྒྲིག་བཟངས་ཀྱི་ཡེ་གྲགས་མཁས། །སྒྲ་དང་(སྟོད་ཆ།༥༠༣)ཚད་མ་རོང་པ་མཁས། ཐམས་ཅད་འཛོམ་པ་ཨ་ཕོ་རང་། །ཆོས་གྲགས་རང་ཟེར་སྐད། སྤྱིར་བླ་མ་མང་པོ་ལས་མདོ་སྔགས་སོ་སོའི་བརྒྱུད་པའི་བྲེང་ཆགས་འཐུད་པ་ཙམ་མོད་ཀྱི། ཁྱད་པར་དུ་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་སྐོར་ལས། སློབ་དཔོན་ཆེན་པོ་པདྨའི་གདམས་པ་རྡོ་རྗེ་ཕུར་པའི་སྐོར་རྣམས་ནི་སྣ་ནམ་རྡོ་རྗེ་བཙུད་འཇོམས། མཁར་ཆེན་དཔལ་གྱི་དབང་གཞུང་ངམ་ཨ་ཙ་ར་དཔལ་གྱི་མེ་ཏོག སྒྲོ་རྡོརཇེ་གཞོན་ནུ། ཞང་ཞུང་ཡོན་ཏན་གྲགས། རོང་ཆེན་ཡོན་ཏན་རིན་ཆེན། རོང་བན་ཚུལ་ཁྲིམས་རིན་ཆེན་ལས་ཉིད་ཀྱིས་གསན་ཏོ། །བཻ་རོ་ཙ་ནའི་མན་ངག་རྣམས། བཻ་རོས་གཡུ་སྒྲ། དེས་བླ་ཆེན་དགོངས་པ་རབ་གསལ། དེས་གྲུམ་ཤིང་གླག་ཅན། དེས་གནུབས་དཔལ་བསྟན། དེས་ཡ་ཟི་བོན་སྟོན། དེས་ཀུན་མཁྱེན་རོང་ཟོམ་ལ་བཤད་དེ་སེམས་སྡེའི་བརྒྱུད་པ་གཅིག་གོ །ཡང་ཀློང་ཐང་སྒྲོན་མར་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་པའི་གྲུབ་པའི་སྐྱེས་བུ་ཞིག་བྱུང་སྟེ། དེ་ལ་རྒྱ་གར་བདུན་བརྒྱུད་དང་། རྒྱའི་སློབ་དཔོན་བདུན་བརྒྱུད་ཀྱི་གདམ་སཔ་མངའ་ཞིང་། དེས་ཅོག་རོ་ཟངས་དཀར་མཛོད་ཁུར་དང་། ཡ་ཟི་བོན་སྟོན། དེས་ཉིད་ལའོ། འདི་ལ་རྫོགས་ཆེན་ཁམས་ལུགས་ཞེས་ཟེར། ཡང་བི་མ་ལས་ཉང་ཏིང་འཛིན་བཟང་པོ་ལ་གསུངས་པ་དང་། བི་མ་ལས་རྨ་རིན་ཆེན་མཆོག་དང་། གཉག་ཛྙཱ་ན་ཀུ་མཱ་ར་ལ་གསུངས་པའི་མན་ངག་ཀྱང་། གཉིས་ཀས་ཁུ་བྱང་ཆུབ་འོད་ཀྱུང་པོ་དབྱིག་འོད་ལ་བརྒྱུད་ནས་རིམ་གྱིས་རོང་ཟོམ་ལ་མངའ་བས་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་བདག་པོ་འགྲན་ཟླ་སྤངས་པ་ཞིག་སྟེ་འདི་ཉིད་ལའང་བསྟན་པའི་ཆུ་མགོ་གཅིག་(སྟོད་ཆ།༥༠༤)གནས་སོ། གསང་སྙིང་འགྲེལ་པ་རོང་ལུགས་ཀྱི་མགོན། དཀོན་མཆོག་གསུམ་གྱི་རང ་བཞིན་བྱང་ཆུབ་སེམས། ཞེས་ཡོད་པས་དཀོན་མཆོག་འགྲེལ་ཞེས་མིང་དུ་ཐོགས་ལ། ཀུན་མཁྱེན་ཆེན་པོའི་འགྲེལ་པ་ཕྱོགས་བཅུ་མུན་སེལ་ཐེག་རྒྱལ་གྱི་ལུགས་སུ་བཀྲལ་ཞིང་ཞལ་གསལ་ཀུན་མཁྱེན་རོང་བའི་འགྲེལ་པ་འདི་བྱིངས་ཆེ་བར་བཀྲལ་བས་སྒྲོམ་ཆེ་ཞིང་ཁ་དམ་པར་སྣང་སྟེ། བོད་འགྲེལ་གྱི་གཙོ་བོ་འདི་ཉིད་ཡིན་པར་ཤེས་ན་བློ་གྲོས་ལ་ནུས་པ་ཆེན་པོ་སྟེར་བ་ཡིན་ནོ། དེའང་སྐུ་གཞོན་ནུའི་ཚེ། མདོ་སྟོན་སེང་གེ་བྱ་བ་ལས་སྔ་འགྱུར་གསན་པའི་ཚེ། རེ་ཞིག་ན་མནལ་ལམ་དུ། གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱིས་ཚོད་མ་བྱས་ནས་གསོལ་གྱིན་འདུག་པ་རྨིས། དེ་སློབ་དཔོན་ལ་བརྗོད་པས། ཤིན་ཏུ་ངོ་མཚར་ཆེ། ཆོས་དེ་ཁོང་དུ་ཆུད་པའི་རྟགས་ཡིན་ཁྱོད་ཀྱིས་འགྲེལ་པ་རེ་གྱིས་གསུངས་སྐད། དེར་བླ་མའི་དགོངས་པ་རྫོགས་པར་བྱ་བའི་ཕྱིར། བསླབ་པ་རིན་པོ་ཆེ་གསུམ་ལ་བསྟན་པའི་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་གྱི་བསླབ་པ་སྟོན་པ་འགྲེལ་བ་ཚུལ་བཞི་ཡན་ལག་བཅོ་ལྔ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་པ་རྫོགས་པ་ཆེན་པོའི་ལྟ་སྟོམ་མན་ངག་མཉམ་སྦྱོར་གྱི་འགྲེལ་པ། དེ་བཞིན་དུ་ངན་སོང་སྤྱོད་རྒྱུད་འཇིགས་བྱེད་ལ་སོགས་པའི་འགྲེལ་པ་དང་མན་ངག་མང་པོ། དེ་དག་གི་ནང་ནས་ཀྱང་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་བསྟན་བཅོས་ལ་སོགས་པ་གཞུང་གཏིང་ཟབ་ལ་གོ་དོན་སློང་ཆེ་བ་བརྗོད་ཀྱིས་མི་ལང་བ་དང་། མདོར་ན་མདོ་སྡེ་དང་། རྒྱུད་སྡེ་དང་།(སྟོད་ཆ།༥༠༥) བསྟན་བཅོས་ཀྱི་བྱེ་བྲག་ཐུགས་སུ་མི་ཆུད་པ་བྱ་བ་ཤེས་བྱ་ལ་སྲིད་པར་མ་གྱུར་པས་ཐམས་ཅད་མཁྱེན་པའི་གནས་ལ་རང་གིར་མཛད་དེ་ཐ་ན་འཇིག་རྟེན་པའི་ཞིང་ལས་དང་། ཕྱུགས་སྐྱོང་བ་དང་། དཀར་ཤེ་ཇི་ལྟཅར་སྒྲུབ་པ་ཚུན་ཆད་ཀྱི་བསྟན་བཅོས་ཀྱང་མཛད་པས། དེས་ན་དུས་དེའི་ཚེ་བོད་རུ་བཞིའི་མཁས་པ་ཐམས་ཅད་ཀྱིས་དང་པོར་རྩོད་པའི ་བྱ་བ་ལ་ལྷགས་པའང་། སླར་སློབ་དཔོན་ཆོས་ཀྱི་གྲགས་པའི་བརྟུལ་ཞུགས་ཀྱིས་གང་དང་གང་གི་སྤོབས་པའི་འཁྲི་ཤིང་ཉམས་ཉེས་པར་བྱས་ནས། རྒྱལ་གྱི་གདེངས་ཀ་ལ་སྐྱང་ནུལ་བྱ་བའི་སྐབས་བྱུང་བ་ཡིན་ཏེ། འདི་ལྟར་ཤབ་ཀྱི་ཡང་ཁྱེད་བླ་མ། མར་པ་དོས། འུ་ཡུག་པ་མངའ་སྟོན། མདོའི་ཁྱུང་པོ་ཧཱུྃ་སྙིང་། སེ་ཁྲོམ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། སང་ཀ་དར་ཆུང་། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་ལ་སོགས་པའི་མཁས་པ་ཐམས་ཅད་ཀྱིས་བོད་དུ་སྐྱེས་པའི་གང་ཟག་གིས་བསྟན་བཅོས་འདི་ཙམ་བརྩམས་པ་ཞེས་དཔྱས་གདགས། སུན་འབྱིན་པའི་རིག་པ་བསམས་ཏེ། ཁྱུང་མཆོག་རྭ་བརྡར། བ་ལ་ཕྱོགས་པ་བཞིན་དུ་སྐྱེས་བུ་ཆེན་པོ་དེའི་གམ་དུ་སོང་བ་ན། ལུང་གིས་འཐད་པ་དང་། རིགས་པ་དཔྱད་བཟོད་པ་དང་། གཏན་ཚིགས་དང་བླ་མས་ཉེ་བར་བསྟན་པ་དང་མི་འགལ་ཞིང་། སྒྲ་སྐྱོན་དང་། དོན་སྐྱོན་ལ་སོགས་ཀྱི་འགལ་ཟླའི་ཕྱོགས་ཐམས་ཅད་རྣམ་པར་སྤངས་པའི་མཁྱེན་རབ་ཀྱི་སྤོབས་པས་ཚར་བཅད། བསྟན་བཅོས་རེ་མཐོང་ཞིང་། དེའི་དོན་ལ་རོ་མྱངས་པས་ཐམས་ཅད་ངོ་མཚར་སྐྱེས་ནས་བསྟི་སྟང་དུ་མཛད་རི་མོར་མཛད། བླ་མར་མཛད་པ་ཤ་སྟག་ཡིན་ཞེས་གྲགས། དེ་སྐད་དུ་གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་(སྟོད་ཆ།༥༠༦)བྱ་བ་ཐོས་པ་མང་པོའི་གཟུང་འཛིན་པ་དེ་ཉིད་ཀྱིས་ཀྱང་དང་པོར་དཔྱས་གདགས། བར་དུ་བླ་མ་རོང་པས་མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་པོ་ཏི་གཟིགས་པས་གུས་པ་ཆེན་པོ་སྐྱེས། ཐ་མར་ཟང་ཟིང་མང་པོས་བསྙེན་བསྐུར་ཏེ་མི་འཆབ་པར་བྱས་ནས། རྗེས་སུ་གཟུང་བར་གསོལ་བ་བཏབ། འཇམ་དཔལ་གསང་བའི་རྒྱུད་ལ་སོགས་པའི་ཆོས་མང་དུ་གསན། གསང་རྒྱུད་ཀྱི་སྐབས་ན་མ་ཧཱ་པཎྜི་ཏ་ཆེན་པོའི་ཞལ་ནས། འོ་སྐོལ་ད་ལྟ་རྒྱ་དཔེ་ཡོད་པར་གྱུར་ན་འདི་ལྟར་འགྲོ་བ་ཡིན་ཏེ། རྒྱ་དཔེ་མེད་པས་ད་ལྟ་བཅོས་སུ་མེད་གསུངས་པ་ལ། གོ་རུབ་ལོ་ཙཱ་བས་དེ་བློ་ལ་བཟུང་སྟེ། ཕྱིས་ཇོ་བོ་ཀརྀཥྞ་ཞེས་བྱ་བའི་པཎྜི་ཏ་ལས་རྒྱ་དཔེ་བྱུང་ནས་དེ་ལས་མཉན་པས། རོང་པ་པཎྜི་ཏ་རི་གསུངས་བཞིན་བྱུང་བས་ཤིན་ཏུ་མོས་པ་ཐོབ་པར་གྱུར་ཏེ། ཀྲྀཥྞ་བ་ལས་བྱུང་བའི་རྒྱ་དཔེ་གཅིག་རོང་བ་ཉིད་ལ་ཕུལ་ནས་སླར་ཡང་གསན་སྐད། དེ་བཞིན་དུ་མར་པ་ཆོས་ཀྱི་དབང་ཕྱུག་ལ་སོགས་པའི་ལོ་ཙཱ་བ་དང་། མཁས་པར་གྲགས་པའི་བློ་རྩལ་ཅན་མང་པོས་ཀྱང་ཞབས་ལ་བཏུད། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཝ་རྨ་དང་། མཉྫུ་ཤྲཱི་ཛྙཱ་ན་དང་། ཨུ་པཱ་ཡ་ཤྲཱི་མི་ཏྲ་དང་། བུདྡྷ་ཨ་ཀཱ་ར་བྷ་དྲ་དང་། དེ་བཱ་ཀ་ར་ཙནྡྲ་དང་། བར་མེ་ཤྭ་ར་དང་ཨ་མོ་གྷ་བཛྲ་ལ་སོགས་པ་པཎྜི་ཏ་མང་པོ་བསྟེན་ནས། དེ་དག་གི་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང་། གཤེན་རྗེ་དགྲ་རྒྱུད་དང་། འཇམ་དཔལ་སྔགས་དོན་དང་། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་འགྱུར། འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་གྱི་དཔེར་འོས། རྒྱ་གར་གྱི་པཎྜི་ཏ་ཀུན་ན་རེ། དྷརྨ་བྷ་དྲ་ཁྱོད་ཚོས་མང་པོ་བརྩམས་ལ་འགྲོ་བ་རྣམས་(སྟོད་ཆ།༥༠༧)སྐྱོངས་ཤིག ཁྱོད་ཡོན་ཏན་གཞན་ལྟ་ཞོག །སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པས་ཀྱང་རྒྱ་གར་ན་ཆོས་བརྩམས་པ་ཡིན་ན། ཁྱོད་ཅིའི་ཕྱིར་མི་རྩོམ་ཞེས་གསུངས་སྐད། དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང་། གཙོམས་བསྐྱུངས་པ་དང་། ཁེངས་པ་སྙོལ་བ་ལྷུར་མཛད་པས། རྒྱལ་བ་ཀློང་ཆེན་བས་རྒྱ་འགྲེལ་ལས་མངོན་པར་འཕགས་པ་བརྗོད་པའི་རང་ཉིད་ཀྱི་འགྲེལ་པ་བཟང་པོ་དཀོན་མཆོག་འགྲེལ་ལྟ་བུའི་གཤམ་དུའང་། མཁས་དང་འཕགས་ཆེན་རྣམས་ཀྱིས་མཛད་པའི་གཞུང་ལ་ཡང་། སྒྲོ་སྐུར་དཔྱ་བར་བྱེད་ན་བདག་གཞུང་ཅིས་མི་སྨོད། ཅེས་འཕགས་ཆེན་ལག་ན་རྡོ་རྗེས་བསྡུས་པའི་རྒྱུད་ལའང་མུན་པས་སྤྲུལ་པའི་ཤེས་རབ་ཀྱིས་གཞུར་བརྟག་བྱེད་པ་ཡོད་ན། བདག་གི་འགྲེལ་པ་སྨོས་ཅི་འཚལ་ཞེས་སློབ་དཔོན་ཞི་བ་ལྷའི་རྣམ་པར་ཐར་པ་བསྐྱངས་ནས་ངང་གིས་དགེ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཅན་དུ་སྟོན། གྲུབ་པའི་རྣམ་ཐར་ལ་གཞལ་ན། བྲག་ཆེན་གཟར་པོ་མེ་ལོང་ལྟ་བུའི་ངོས་ལའང་རྫུ་འཕྲུལ་གྱི་སྤྱོད་པས་གཤེགས་པ་དང་། བྲག་ལ་ཕུར་པ་འདེབས་པ་དང་། ནམ་མཁའ་ལ་འཕུར་བ་དང་། བོད་ཀྱི་ལྷ་འདྲེ་ཕལ་མོ་ཆེའི་གནས་དང་། སྤྱོད་པ་ཐུགས་སུ་ཆུད་པའི་མངོན་པར་མཁྱེན་པ་མངའ་བ་སོགས་མང་དུ་ཡོད་མོད་ཀྱི། འདི་ལྟ་བུའི་ལྟ་བ་མཆོག་ཏུ་གྱུར་ཅིང་སོ་སོ་ཡང་དག་རིག་བཞིའི་ས་ཐོབ་པ་དག་ལ་སྐྱེ་བོ་ཕལ་པ་ཡིད་བརྟན་པར་བྱེད་པའི་མངོན་རྟོགས་ཀྱི་ན་བ་ཡི་གེའི་ལམ་དུ་འགྲེད་པ་ངོ་མཚར་བ་མ་ཡིན་ནོ། དེ་ལྟར་སྤྲུལ་པའི་སྐུར་རྩོད་པ་མེད་པའི་པཎྜི་ཏ་ཆེན་པོ་དེ་ལ་གནས་སྐབས་དེ་ཙམ་ན་བྱོན་པའི་མཁས་པ་ཐམས་ཅད་ཀྱིས་(སྟོད་ཆ།༥༠༨)མངོན་པར་བསྟོད་ཅིང་སྤྱི་བོས་བཏུད་པར་གྱུར་ལ་དགུང་ལོ་བརྒྱ་ད་དང་བཅུ་དགུ་བཞུགས་ཏེ་སྐུ་ལ་བསྙུན་པ་མེད་པའི་ངང་ནས་གཤེགས་པར་གྲགས། བོད་གངས་ཅན་གྱི་རྒྱུད་འདིར་འདི་དང་མཉམ་པའི་མཁས་པ་ནི་སུ་ཡང་མ་བྱུང་ཞེས་འགོས་ལོ་ཆེན་པོས་ཀྱང་བསྔགས་ཤིང་ཡོངས་སུ་གྲགས་པའོ། རྗེས་སུ་སློབ་པ་ལ་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ལས། དང་པོ་ནི། སྲས་གཟི་བརྗིད་འབར་དང་། འབུམ་འབར་གཉིས་ལས་སྲས་བརྒྱུད་ཡུན་རིང་པོའི་བར་བྱུང་བ་ཀུན་ཀྱང་རྡོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེས་པ་ཤ་སྟག་ཡིན། སློབ་བརྒྱུད་ནི། གོ་རུབ་ལོ་ཙཱ་བ་དང་། མར་པ་དོ་ས། འགོས་ལོ་ལ་སོགས་པའི་ལོ་ཙཱ་བ་ཆེན་པོ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་ལ་སོགས་ཏེ་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་གཅིག་ཞ་མའི་མིང་པོ་རྗེ་འཕྱན་བུ་བ་ལ་སོགས་པ་སྒོམ་ཆེན་རྣལ་འབྱོར་གྱི་དབང་པོ་བརྒྱ་བརྒྱད་ཅུ། ཡོལ་དགེ་བསྙེན་རྡོརཇེ་དབང་ཕྱུག་དང་། ཡང་ཁྱེད་བླ་མ་ལ་སོགས་པ་གདུགས་ཐོགས་པ་ལྔ་བརྒྱ་ལ་སོགས་པའོ། དེ་ལྟར་སྟོན་རབས་པ་རྣམས་ཀྱིས་ཡིད་དམ་གྱི་གཙོ་བོ་ཡང་ཕུར་ཁོ་ན་བཟུང་བ་ཡིན་པས་ཡང་དག་གི་སྐོར་དེས་ཤེས་ལ། རྡོ་རྗེ་ཕུར་པ་ཇི་ལྟར་དར་བའི་གཏམ་ཅུང་ཟད་བརྗོད་དེ། དེ་ལ་རིག་འཛིན་གྱི་སློབ་དཔོན་
ོན་གྱི་མཁན་པོ་པདྨ་སམ་བྷ་ཝའི་ཞབས་ལས་བརྒྱུད་དེ། ཕུར་པ་རྒྱལ་པོ་ལུགས་སུ་གྲགས་པ་དང་། ཇོ་མོ་ལུགས་དང་ལྕམ་ལུགས་དང་། ཡང་སྣ་ནམ་མམ་རོང་ལུགས་དང་། ལྷ་ནག་དང་ལྷ་ཕྲ་སྟེ་སྐུ་མདོག་ལས་གྲགས་པ་སོགས་རྣམ་གྲངས་ཐ་དད་མོད། དེ་དག་ཀྱང་ངོ་བོ་གཅིག་(སྟོད་ཆ།༥༠༩)ལ་མན་ངག་གི་ལྡོག་ཆ་དང་། བཀའ་བབས་ཀྱི་ཁྱད་པར་ལས་དེ་དང་དེར་གྲགས་པའོ། དེ་ལ་དང་པོ་རྒྱལ་པོ་ལུགས་ནི་བསམ་ཡས་འབྱོངས་ནས། སློབ་དཔོན་ཆེན་པོས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་། ཇོ་མོ་མཁར་ཆེན་བཟའ་དང་སྤྱན་འདྲེན་པའི་ལོ་ཙྪ་བ་མི་གསུམ་ལ་གནང་བས་དེ་སྐད་དུ་གྲགས། ཇོ་མོ་ལུགས་ནི། སློབ་དཔོན་གཤེགས་ཁར་ངམ་འབྲེ་ས་ལེ། ཅོག་རོ་བཟའ་དཔལ་གྱི་མཆོད་གནས་མ། མཁར་ཆེན་བཟའ་མཚོ་རྒྱལ་དད་གསུམ་གྱིས་གདམས་ངག་ཞུས་པས། དེ་ལ་དབང་བསྐུར་དགོས་གསུངས། འོ་ན་དབང་བསྐུར་ཞིག་ཞུ་བྱས་པས། དེ་མ་ཐག་ཏུ་ཧཱུྃ་ཧཱུྃ་གསུངས་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་གསུམ་དངོས་སུ་བྱུང་ངོ་། དེར་སློབ་དཔོན་ཞལ་ནས། ཁྱེད་རྣམས་ཡེ་ཤེས་ཀྱི་ལྷ་ལ་དབང་ཞུ་འམ་ང་ལ་དབང་ཞུ་གསུངས། དེར་ཅོག་རོ་བཟའ་ན་རེ། སློབ་དཔོན་ལས་བཀའ་གཉན་ཅིང་དྲིན་ཆེ་བ་མ་མཆིས་ཀྱང་། ཡེ་ཤེས་ཀྱི་ལྷ་དངོས་སུ་བྱོན་པ་འདི་ལ་དབང་ཞུ་ཟེར། མཁར་ཆེན་བཟའ་ན་རེ། ཡེ་ཤེས་ཀྱི་ལྷ་དངོས་་སུ་བྱོན་ཀྱང་། ཉིད་ཀྱི་ཆོ་འཕྲུལ་ལགས་པས། བདག་ནི་སློབ་དཔོན་ལ་དབང་ཞུ་ཟེར། ངམ་འགྲེ་ན་རེ། སློབ་དཔོན་གྱི་ཐུགས་དགོགས་དང་སྦྱོར་པ་ཞིག་ཞུ་ཟེར། དེར་སློབ་དཔོན་གྱིས་སཾ་ཧ་ར་ཎ་ཧཱུྃ་གསུངས་ཏེ། དཀྱིལ་འཁོར་གསུམ་ཐུགས་ཀར་བསྡུས་པས། ཅོག་རོ་བཟའ་ལ་དབང་བསྐུར་མཁན་མ་བྱུང་། དེ་ནས་མཁར་ཆེན་བཟའ་དང་ངམ་འགྲེ་གཉིས་ལ། དབང་བཞི་རྫོགས་སུ་བསྐུར། དབང་ཆོས་ཞུ་བའི་སྐབས་སུ། མཁར་ཆེན་བཟས་ཞུ་དོན་(སྟོད་ཆ།༥༡༠)བཞི་ཞུས་པ་ནི། དངོས་ཅག་བུད་མེད་ཀྱི་འདུས་འདི་བློ་དམན་པས་ཚིག་ཉུང་ལ་དོན་དྲིལ་བ་ཞིག་ཞུ། དངོས་ཅག་བུད་མེད་ཀྱི་ལུས་འདི་ཉོན་མོངས་པ་ཆེ་བས་ཉོན་མོངས་འདུལ་བ་ཞིག་ཞུ། དངོས་ཅག་བུད་མེད་ཀྱི་ལུས་འདི་བྱ་བ་ཆེས་པས་སྒྲུབབ་ཐག་ཉེ་བའི་ཆོས་ཤིག་ཞུ། དངོས་ཅག་བུད་མེད་ཀྱི་ལུས་འདི་ ཁས་ཉེན་པ ས་མཐུ་ཆེ་བའི་ཆོས་ཤིག་ཞུ། ཞེས་ཞུས་པས་དང་པོ་དབང་ཞུ་བ་ལ་མཉེས། བར་དུ་གདམས་པ་ཞུ་བ་ལའང་མཉེས་ཏེ། སྒྲུབ་སྟེ་ཆེན་པོ་བརྒྱད་ལ་ཐུགས་དགོངས་བཏང་བས། དེ་བཞི་ཀ་ཕུར་པ་རྩ་བ་འདི་ལ་ཚང་འདུག་སྟེ། སྟོང་ལས་བྱང་ཆུབ་སྒྲུབ་པ་དང་སྨད་ལས་དམོད་པ་ལམ་ཁྱེར་བཅུད་དུ་དྲིལ་བ་འདི་ཇོ་མོ་མཁར་ཆེན་བཟའ་ལ་གསུངས་སོ། ཇོ་མོས་རང་གི་མིང་པོ་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་བཤད་ནས་རིམ་པར་དར་རོ། ལྕམ་ལུགས་སུ་གྲགས་པ་ནི། ཅོག་རོ་བཟས་དབང་བླ་མ་ལ་མ་ཞུས་ི་དམ་ལ་ཞུས་པས་ཡི་དམ་སློབ་དཔོན་གྱི་ཐུགས་ཀར་བསྡུས་ཏེ་དབང་སྐལ་ཆད། ཕྱི་བོན་ཐབས་སུ་བཤད་ཅེས་འབྱུང་ཡང་། སླར་ཇོ་མོ་མཚོ་རྒྱལ་ལ་རྗེས་སུ་གནང་ནས་ཇོ་མོས་ཅོག་རོ་བཟའ་ལ་གདམས་པ་ལས་བརྒྱུད་པའོ། །ཡང་སྣ་ནམ་ལུགས་སུ་གྲགས་པ་ནི། རོང་ཟོམ་ཆེན་པོ་ལས་བརྒྱུད་པའི་ལུགས་ཁོ་ན་སྟེ་བརྒྱུད་པ་སྔར་བཤད་མ་ཐག་པས་ཤེས་ལ་གཞན་བརྒྱུད་པའི་རྣམ་གྲངས་འགའ་ཞིག་གཤམ་དུ་ཅུག་ཟད་འཆད་དོ། དེ་ཡག་ཡི་དམ་རྡོ་རྗེ་ཕུར་པ་ལས་མངོན་རྟོགས་བརྙེས་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བས་ཐསམ་ཅད་བསྙད་པར་མི་ནུས་ལ། གྲགས་ཆེ་བ་འགའ་ཞིག་བརྗོད་(སྟོད་ཆ།༥༡༡)དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་དུ་ཙན་དན་གྱི་ནགས་ཚལ་ལ་མེ་ཤོར་ཏེ་ཞག་མང་པོར་མེ་མ་ཤི་ནས་ནགས་ཚལ་ཀུན་ཟད་དུ་ཉེ་ནས་སེམས་ཅན་མང་པོ་ཤི་ལ་ཁད་པ་ལ། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་ཞིག་བཏབ་པས། མེ་ཤི་སྟེ་ནགས་ཚལ་སྔར་ལས་ཕུན་སུམ་ཚོགས་པ་སྐྱེས། སེམས་ཅན་ཤི་བ་དག་ཤི་ལ་ཁད་པ་རྣམས་གསོས། སློབ་དཔོན་བི་མ་མི་ཏྲས་ཆུ་བོ་གང་གའི་འགྲམ་དུ་སྒྲུབ་པ་མཛད་པས། དེའི་སྔགས་ཀྱི་ཟེར་ཕྱོགས་དེའི་ཀླུ་ཆེན་པོ་ཞིག་གིས་མ་བཟོད་ནས་ཕྱིའི་རྒྱ་མཚོ་ཆེན་པོ་གནམ་དུ་བཅོལ། སློབ་དཔོན་ལ་སྐྱིན་ཐང་དྲག་པོ་ཕབ། ཆུ་བོ་གངྒ་ལུད་དེ་ལུང་པ་རམི་ཤོང་བ་བྱུང་བ་ལ། སློབ་དཔོན་གྱིས་ཕུར་པ་སོར་བརྒྱད་པ་ཞིག་བཏབ་པས། གངྒ་ཡར་མར་དུ་ཆད་དེ་བར་དུ་ལམ་དོད་དེ་ཕྱིན་ཆོག་པ་བྱུང་། བལ་པོ་ཤི་ལ་མཉྫུས་མཎྜ་ལའི་ཁར་གོང་ལ་བྲག་སྲིན་མོ་གདུག་པ་ཅན་ཞིག་གནས་པ་དེས་སློབ་དཔོན་གྱི་དགོངས་པ་ལ་བར་ཆོད་བརྩམས་པ་དང་། ཕུར་པ་བསྒྲིལ་བས་མཎྜ་ལའི་ཁར་གོང་གི་བྲག་ནས་ཙམ་སྲན་ཙམ་དུ་ཉིལ་ལོ། །ཡང་ལོ་རྒྱུས་གཞན་ཞིག་ན། རྒྱ་གར་དུ་ཕྱི་ནང་གཉིས་མ་འཆམ་པ་ན་རྒྱལ་པོས། ཞག་གསུམ་ན་རྩོད་པ་གྱིས་ཤིག སུ་རྒྱལ་བདག་རྫུ་འཕྲུལ་སུ་ཆེ་བ་དེའི་ཞབས་ནས་འདེག་གོ་ཟེར་དེར་སློབ་དཔོན་གྱིས། བརྗོད་རྒྱུད་ཐམས་ཅད་ཐ་སྙད་མཐའ་ལ་གནས། དོན་མ་མཐོང་བར་གྲོལ་བར་ག་ལ་འགྱུར། མུ་སྟེགས་འཆལ་བའི་གཏམ་གྱིས་ཅི་ཞིག་བྱ། ཆོས་ཀྱི་རྒྱལ་མཚན་ཆེན་བོ་འཛུགས་པར་བྱ། ཞེས་གསུངས་ནས་ཕུར་པ་བསྒྲིལ་བས། མཎྜ་ལ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ཞིག་གི་རྒྱབ་ནས་ཁར་ཁོང་གི་བྲག་ཆེན་པོ་(སྟོད་ཆ།༥༠༤) ཞིག་ཡོད་པ་ལས། བྲག་དེ་ཉིལ་ཏེ་མུ་སྟེགས་ཀྱི་གྲོང་ཁྱེར་ཐམས་ཅད་བཅོམ། མུ་སྟེགས་རྣམས་ལས་ཁྲག་སྐྱུགས་ཏེ་ཤི། ལ་ལ་ལྕེ་གས། ལ་ལ་མིག་འབྲས་བྲུལ་ནས་ཐམས་ཅད་ཚར་བཅད་དེ། ནང་པ་སངས་རྒྱས་པའི་བསྟན་པ་དར་བར་བྱས་ཏེ། མཁས་གོང་མཐུ་ཡིས་བཅད་ཅེས་གྲགས་སོ། །ཞེས་འབྱུང་ངོ་། གཞན་ཡང་མཆིམས་སྟོན་ཤཱཀྱ་པྲ་བྷ་ཞེས་བྱ་བས་ཡར་ལུག་བགེགས་ཀྱི་ཕུག་ཆུང་སྟེ་གད་པ་ཕུག་ཏུ་དམ་སྲི་སྤུན་བདུན་དངོས་སུ་བཏུལ་བ་དང་། གཞན་ཡང་ཕུག་པ་དེ་ཉིད་དུ་རྡོ་རྗེ་གཞོན་ནུའི་སྒྲུབ་པ་མཛད་པའི་ཚེ། ཡར་ལུང་གི་ཆུ་བོ་དེ་ལ་ཀླུ་བདུད་གདུག་པ་ཅན་གནས་པ་དེ་ཉིད་འདུལ་བའི་ཆེད་དུ་བསྙེན་ཕུར་ཆུ་བོ་དེ་ལ་བཏབ་པས་ཆུ་བོ་དེ་ཉིད་གྱེན་དུ་ལོག་སྟེ། ཀླུ་བདུད་གདུག་པ་ཅན་བཏུལ། ཡང་ཤུད་བུ་དཔལ་གྱི་སེང་གེས་འོན་ཤང་གི་མདོའི་བྲག་རི་དམར་པོ་ལ་ཀླུ་བདུད་གདུག་པ་ཅན་གནས་པ་ཕུར་བུས་བསྒྲལ་བ། སྣ་ནམས་རྡོ་རྗེ་བདུད་འཇོམས་ཀྱིས་ཧས་པོ་རིའི་ཡང་གོང་དུ་བྲག་ལ་ཕུར་པ་བཏབ་པའི་རྗེས་ད་ལྟའི་བརདུ་ཡོད། མཁར་ཆེན་བཟའ་སྟེ་ཡེ་ཤེས་མཚོ་རྒྱལ་གྱིས་ལྷོ་ཕྱོགས་མོན་ཁ་སྣ་རིང་སེང་གེ་རྫོང་གི་བྲག་ཕུག་ཏུ་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་བསྒྲུབས་པས་གཉེར་གཅིག་ན་ཕུར་བུ་ཐམས་ཅད་བཟད་ཅིང་། འོད་འཕྲོ་བ་དང་། འཕར་གཡོ་བྱེད་པར་བྱུང་། དེར་ཇོ་མོའི་དགོངས་པ་ལ། ཕུར་པ་གྲུབ་ན་གདམ་ལས་བྱ། ཟེར་བ་ཡིན་ཏེ་དངོས་ལ་གདབ་པའི་ཡུལ་དུ་གྱུར་པ་ནི་མེད། འོན་ཀྱང་ཕ་མེས་ཀྱི་ཟ་འདྲེ་ལ་གདབ་པོ་སྙམ་དུ་དགོངས་ནས་བསྙེན་ཕུར་བསྒྲིལ་བས། ཕུར་པ་ནམ་མཁའ་ལ་དེང་དེ་སོང་། ཕ་ཡུལ་གྱི་ཁང་ལྟག་ན་ཕ་(སྟོད་ཆ།༥༡༣)མེས་ཀྱི་ཟ་འདྲེར་གྱུར་པ་ཞིག་གནས་པའི་རྟེན་སྐྱེར་བའི་ཕུང་པོའི་སྟེང་དུ་བབས་ནས་སྐྱེར་ཕུང་ཚིག ཟ་འདྲེ་མཉམ་པ་ཉིད་ཀྱི་ཀློང་དུ་བསྒྲལ། སླར་ཕུར་པ་དེ་ཇོ་མོའི་དཔོན་བརྒྱུད་རྣམས་ཀྱི་བཅངས་པས། གདེངས་པ་ཙམ་གྱིས་ཅོག་པ་བྱུང་བས། མཁར་ཆེན་བཟའ་འདྲེ་འདུལ་གྱི་བརྒྱུད་པར་གྲགས། མཆིམས་ཕུའི་ནགས་ལ་མེ་ཤོར་བ་ལ་ཕུར་བུ་བཏབ་པས་མེ་ཤི་ནས་སླར་ནགས་ཚལ་སྐྱེས་པ་དང་། དགུང་མཁར་ཏེ་སྒྲུབ་ཁང་གི་སྟེང་དུ་དབུ་སྐྲ་བསིལ་བའི་ཚེ་ཕྱག་ཕྲེང་ན་བཟའི་སྟེང་དུ་བཞག་པ། བདུད་ཀྱི་སྤྲུལ་པ་བྱ་རོག་མ་རུང་པ་ཞིག་གིས་ཕྲེང་པ་ཁྱེར་སོང་བ་ལ་བརྟགས་པ་ཞིག་མཛད་པས་རྡོ་རྗེ་གཞོན་ནུ་བསྒྲུབ་པ་ལ་བདུད་ནག་པོ་སྐྲག་མེད་ཀྱིས་བར་ཆད་རྩོམ་པར་དགོངས་ཏེ། ཕོ་རོག་ནག་པོའི་གྲིབ་མ་ས་ལ་ཡོད་པར་ཕུར་པ་བཏབ་པས། བྱ་རོག་སྐད་ཅིག་དེ་ཉིད་ལ་སར་ལྷུང་། མཁར་ཆེན་དཔལ་གྱི་དབང་ཕྱུག་གིས་འོ་ཡུག་མཁར་སྣར་བཞུགས་པའི་དུས་སུ། བྱང་ཕྱོགས་ན་ཡར་ལྷོང་སྡོང་གི་ཚོང་པ་མང་པོ་ཡོང་བ་ལས། ཚོང་དཔོན་ནམ་ཚོང་ལྷ་རྒྱལ་པོ་ཤེལ་གིང་གིས་བྱེད་པ་ལས། རྒྱལ་པོ་ཁྲོས་ཏེ། བྱང་གི་སྤྱང་ཀི་སྔོན་པོ་བཅུ་བཞིས་རྟ་བོང་རྣམས་བསད། ཐ་མ་མི་ལ་ཟ་རུ་བྱུང་བ་ལས་ཚོད་པས་ལྷ་འདྲེའི་བར་ཡིན་པར་ཤེས་ཏེ། ཡུལ་འདི་ན་བྱིན་རླབས་ཆེ་བ་སུ་ཡོད་དྲིས་པས། མཁར་བ་སྣ་ན་དཔལ་གྱི་དབང་ཕྱུག་བཞུགས་ཟེར། དེར་དྲུང་དུ་ཕྱིན་ནས་ལོ་རྒྱུས་ཞུས་པས། དེ་རྣམས་བསྟན་པ་མཆོད་པའི་སྦྱིན་བདག་ཡིན་པར་དགོངས་ནས། སྤྱང་ཀི་རྣམས་ཀྱི་རྗེས་ས་ཁྱེར་ཤོག་གསུངས་པས་བྱེ་མ་ལ་རྗེས་ས་(སྟོད་ཆ།༥༡༤)འདུག་པ་བླངས་ཏེ་ཕུལ་བས། རྗེས་ས་དང་བག་ཕྱེ་བ་ལ་གཟུགས་བཅུ་བཞི་བྱས་ནས་ཕུར་པ་བཏབ་པས། སྤྱང་ཀི་བཅུ་བཞི་པོ་དངོས་སུ་མཁར་བ་སྣའི་གཉའ་ནས་མར་ལ་ཧྲིལ་ལི་ལི་འགྲིལ་ནས་ལྷུང་བྱུང་སྟེ་རྒྱལ་པོ་ཤེལ་གིང་བསྒྲལ། འདི་ཁ་གཅིག་གིས་ཇོ་མོ་མཚོ་རྒྱལ་ཡིན་པར་བྱས་འདུག་ཀྱང་འདིར་ས་ཕུར་གྱི་ལོ་རྒྱུས་ལྟར་བྱས་པ་ཡིན། འདིིའི་སློབ་མ་མི་ནུབ་རྒྱལ་བའི་སྙིང་པོ་ཡིན་ཏེ། འདིས་ཆོས་ཚན་རེ་ལ་དཀོར་ནོར་སྣ་ཏེ་ལ། ནོར་སྣ་ཁྲི་ཚོ་རེ་རི་བ་བདུན་ཕུལ་ནས་ཞུས། མཐིང་ཤོག་ལ་གསེར་གྱིས་བྲིས་ཏེ་གླེགས་བམ་དུ་བྱས། འདིའི་སྒྲུབ་གནས་འུ་ཤའི་རོང་སྟེ་གར་ཤ་མཁའ་འགྲོའི་གླིང་ཡིན། འདིས་བྱ་རོག་གིས་ཕྲེང་བ་ཁྱེར་བ་ལ་ཕུར་པ་བཏབ་པས་བྱ་རོག་སར་ལྷུང་བར་གྲགས། དེའི་སློབ་མ་ལོ་དཔལ་གྱི་བློ་གྲོས་ཡིན་ཏེ། སློབ་དཔོན་འདི་མོན་ན་བཞུགས་དུས་མོན་དམག་གིས་དགོན་པ་བཤིག །ནོར་རྫས་ཁྱེར་བ་ལ། སྤ་དྲོ་སྟག་ཚང་དུ་བྱོན་ནས། བསྙེན་པ་བྱས་པས་རྡོ་རྗེ་གཞོན་ནུའི་ཞལ་གཟིགས་མོན་པའི་གནས་ལྷོའི་སྦའི་ཁྱིམ་ལ་དམིགས་ནས་ཕུར་པ་བཏབ་པས། དངོས་སུ་སྦ་ཁྱིམ་ལ་ཕུར་པ་གཅུར་གཅུར་བྱུང་ནས་མོན་པ་རྣམས་ཀྱི་སྙིང་ལ་ཕུར་པ་རེ་ཐར་ཐར་ཟུག་ནས་སྐད་ཅིག་དེ་ཉིད་ལ་ཀུན་བསྒྲལ་ལོ། །དེའི་སློབ་མ་དམ་འགྲེ་ཀླུའི་རྒྱལ་མཚན་ཡིན་ཏེ། སློབ་དཔོན་འདིས་ཕུར་པ་སྒྲུབ་པས་དགྲ་བགེགས་གཉིས་ལ་ངང་ངམ་ཤུགས་ཀྱིས་ཐེབས། ཉོན་མོངས་པ་དུག་ལྔ་ལ་ཐེབས་ཏེ་ལྷ་སྒོམ་ཕུལ་དུ་ཕྱིན་བར་ཆད་དགྲ་བགེགས་ཐམས་ཅད་བསྒྲལ་ནས། དགུང་ལོ་དགུ་བཅུ་རྩ་དགུ་ལ་སྐུ་འདས་ཏེ། པུར་སྦྱངས་པས་གདུང་རུས་ཅི་མ་བྱུང་སྟེ། རྡོ་རྗེ་གཞོན་ནུའི་སྐུ་ཞལ་(སྟོད་ཆ།༥༡༥)གསུམ་ཕྱག་དྲུག་པ་མཁྱིད་གང་བ་ཞིག་དང་། ཀཱི་ལ་ཡ་འབུར་དུ་དོད་པ་ཞིག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པའི་རྟགས་སུ་བྱུང་ངོ་། དེའི་སྲས་དམ་འགྲེ་ས་ལེ་ཤེས་རབ་དབང་ཕྱུག་སྟེ། འདིས་བླ་མ་ལ་འབུལ་བ་ཆེན་པོ་བྱས་ཏེ་ཞུས། སྲིན་མོ་རི་ལ་སྒྲུབ་པ་ལ་བཞུགས་པས། ནུབ་ཅིག་འོད་ཆེན་པོ་ཞིག་བྱུང་། འོད་དེ་ལ་ཕུར་པ་བཏབ་པས་ཐོ་རངས་མི་དཀར་པོ་ཞིག་བྱུང་ནས། སློབ་དཔོན་གྱི་བཀའ་འཁོར་ལ་གནོད་པ་མི་བྱེད་ཀྱི། ངའི་ཕུར་པ་ཐོན་ཟེར། དེར་ཁོལ་མནའ་བགགས་ནས་ཕུར་པ་བཏོན་ཏེ་རྒྱལ་པོ་དམ་ལ་བཏགས་སོ། །བླ་མ་འདི་ནམ་མཁའ་ལ་འགྲོ་བ་དང་ཆུ་ལ་མི་བྱིངས་བ་སོགས་རྫུ་འཕྲུལ་དུ་མ་ལ་དབང་འབྱོར་པ་ཡིན་ནོ། འདིའི་སློབ་མ་ལང་ལབ་བྱང་ཆུབ་རྡོ་རྗེ་ཡིན་ཏེ། སྐབས་འདིར་མི་འདྲ་བ། མཚོ་རྒྱལ་རང་གི་མིང་པོ་དཔལ་གྱི་གཞོན་ནུ། དེས་ལོ་དཔལ་གྱི་བློ་གྲོས། དེས་མེ་ནུ། དེས་འབྲེ་ཤེས་རབ། དེས་འབྲེ་ས་ལེ། དེས་ལང་ལབ་ཟེར་བ་སྣང་ཡང་འདིར་ཆོས་འབྱུང་སྔན་མ་ལྟར་ཏེ། དམ་འདྲེར་ལང་ལབ་ཀྱིས་གསེར་སྲང་བརྒྱད་ལས་བྱས་པའི་འཇམ་དཔལ་གྱི་སྐུ་གཅིག་སོགས་ནོར་སྣ་བདུན་ཕུལ་ནས་ཞུས། དེ་ཡང་ལང་ལབ་སྐུ་ན་ཕྲ་བུའི་དུས། ཕ་སྤུན་རྣམས་ཀྱིས་ཞིང་ཁང་ནོར་རྫས་ཐམས་ཅད་ཕྲོག་སྟེ་ཁང་པ་སྨེག་གུ་གང་དང་། ཞིང་དུམ་ཆུང་ཞིག་ལས་མ་བྱིན་ནས་ཤིན་ཏུ་ཉམ་ཐག་པར་གྱུར་པས། བསྒྲུབས་ཀྱང་ནུས་པ་ཆེར་མ་བྱུང་། དེའི་ཚེ་ཁོས་ཆོས་ལ་ཐེ་ཚོམ་མ་ཟོས། རང་ཉིད་ལས་འཕྲོ་ཞན་པར་རྟོགས་པས་རྟེན་འབྲེལ་མ་ལོག །མཁར་ཆེན་བཟའི་དངོས་སློབ་ཨ་ཙཱར་ས་ལེ་ཞེས་བྱ་བ་ཕུར་པ་གདེངས་པས་གཙང་ཆུ་ཡན་མན་དུ་ཆད་ཅིང་ཚེའི་རིག་འཛིན་ཐོབ་པ་(སྟོད་ཆ།༥༡༦)དེ་དང་འཕྲང་པར་སྨོན་ལམ་བཏབ། དེའི་ཕྱོགས་སུ་མགོ་བསྟན་ནས་ཉལ་ཞིང་བསྒྲུབས་པས་ཨ་ཙཱར་ས་ལེ་མུ་ཏོ་བར་བརྫུས་པ་ཡར་འབྲོག་འཁོར་རེར་བྱུང་། ལང་ལབ་ཀྱིས་ཨ་ཙཱར་ས་ལེར་དོག་ནས་ཁྱེད་རང་འདིར་བཞུགས། ད་ལྟ་སྐྱ་ནམ་ངན་པས་ཟས་མི་རྙེད་བྱས་ཏེ་དབྱར་ཐོག་དེར་གྲོ་སྟབས་ཏེ་བཞུགས། ཆོས་ཞུ་པ་སྐད་མ་བྱས། སྟོན་དུས་སུ་འགྲོ་ཚད་པ་ལ། ཁྱེད་རང་ད་དུང་བཞུགས། ང་ཕ་སྤུན་དགྲར་ལངས་པ་གཅིག་ཡིན་པས་ང་ཡི་ཡུལ་ཞིང་ནི་ཁོང་ཚོས་ཕྲོགས་ན། འདི་ཀུན་ཟད་པར་བྱས། དེ་ནས་ང་ཡང་ཁྱོད་རང་སྡོང་བྱས་པས། ཨ་ཙ་ར་ན་རེ། དེ་ཚར་གཅོད་པའི་གདམས་ངག་ང་ལ་ཡོད་ཟེར་ནས་ཕྱིང་ཁུག་ནས་བེ་བུམ་དང་། ཕུར་པ་བཏོན་ནས་མན་ངག་ཇི་ལྟ་བ་བཞིན་བྱིན་ནོ། དེར་ལང་ལབ་ཀྱིས་བསྒྲུབས་པས་ཤིང་སྡོང་པོ་བཅོ་ལྔ་སྟ་རེས་བཅད། གཅིག་ཕྱེད་ཙམ་ཆོད་ཙ་ན་གཉིད་སད། རང་གིས་མ་ལ་དགྲ་མོ་མཐུ་རྟགས་འོང་ཞེས་སྨྲས། དེའི་ཚེ་ཕ་ཚན་རྣམས་ལང་ལབ་ཀྱིས་མཐུ་བྱས་ཀྱི་དོགས་ནས་གསོད་པའི་གྲོས་བྱས་ཤིང་། གཅིག་རྐང་པ་ཆག་སྟེ་ཕ་སྤུན་ཐམས་ཅད་ཚར་བཅད། གཤིན་རྗེའི་མཐུ་མཁན་ལ་འཇིགས་པ་དགེ་བཤེས་རཱ་ལོ་ཙཱ་བ་ཡང་སྐྲགས་པར་བྱས་ཏེ། དེ་ཡང་ལང་ལབ་ལ་གྲགས་པ་ཆེན་པོ་འཕེལ་ནའང་སྔོན་གྱི་སྦྱིན་འབྲས་དབུལ་བས་འཁོར་རེར་ལུག་རྫི་བྱེད་ཅིང་ཡོད་ཙ་ན། དགེ་བཤེས་རཱ་ལོ་ཙཱ་བ་དེ་མངའ་ཐང་དང་འབྱོར་པ་ཤིན་ཏུ་རྒྱས། བོད་ཀྱི་བླ་དཔོན་ཆེ་དགུས་དབང་མེད་དུ་འདུད་དགོས་པ་ཡིན། དེ་ལྟར་མ་བགྱིས་ན་ཁོང་གིས་གཤིན་རྗེའི་དྲག་སྔགས་ཀྱིས་སྒྲོལ་(སྟོད་ཆ།༥༡༧)བར་གྲགས། མར་པའི་སྲས་དར་མ་མདོ་སྡེ་ལ་སོགས་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་བཅུ་གསུམ་དང་། གཉན་ལོ་ཙཱ་བ་སོགས་རང་མཉམ་གྱི་ལོ་ཙཱ་བ་བཅུ་གསུམ་བསྒྲལ་བའི་སྔགས་མཁན་དེ། ཡར་འབྲོག་འཁོར་རེའི་སར་ཆོས་འཁོར་ལ་བྱོན་པས་ལང་ལབ་ཀྱིས་ཕྱག་མ་བཙལ་བར། མི་བླུན་པོ་ཞིག་ཡིན་དགོངས་པ་ལ། སླར་ལང་ལབ་མཐུ་ཆེ་བ་དང་ཕུར་པ་ལ་མཁས་པ་སོགས་ཀྱི་མཚན་ཉིད་རྣམས་ཐོས་པས། འོ་ན་ཁོ་ང་རྒྱལ་གྱིས་སྦོས་པ་ཡིན་འོང་། ཁོ་ལ་དེ་ནུབ་ཀྱི་ཚེ་ལས་མེད་ཀྱི་སྒུར་སྡོད་ཅིག་ཟེར། དེའི་དུས་སུ་ལང་ལབ་ནི་ལུག་འཚོ་བ་ལས་གཞན་ཅི་ཡང་མི་བྱེད་མོད། རྭ་ལོས་ཆོས་ཐུན་གྲོལ་བ་དང་། དྲག་ཤུལ་གྱི་ལས་བརྩམས་པས། དཀུག་འདྲེན་གྱི་བདེན་བརྡར་དང་པོའི་ཚེ་ཁོང་དཔོན་སློབ་ལ་རྩངས་ཕུར་གྱི་ཆར་བབས་ནས། རྦོ་ཕྱིའི་གྲ་པ་རྣམས་རྨས། བར་པ་ལ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ། འཁོར་ཟ་གསོད་དང་བཅས་པའི་ལྕགས་ཕུར་གྱི་ཆར་བབས། ཐ་མའི་ཚེ་མེ་དཔུང་དང་འུར་སྒྲས་གག་སྟེ་ནམ་མཁའ་ལ་བལྟས་པས། ལྕགས་བསྲེགས་ལྟ་བུའི་རྡོ་རྗེ་གཞོན་ནུ་རི་བོ་ཆད་པ་ཙམ་པ་རྭ་ལོའི་ཐོག་ཏུ་རྔམས་རྔམས་འཆའ་འཆའ་ལྟར་འདུག་པས་སྐྲག་པར་གྱུར་ཏེ། བཟོད་གསོལ་བྱས་པས་ཡལ། དེར་ལང་ལབ་སྤྱན་དྲངས་ནས་བཤགས་པ་ཕུལ། ཕྱག་དང་འབུལ་བས་བསྙེན་བཀུར་བྱས་སོ། གཤིན་རྗེའི་མཁན་པོ་ཕུར་པ་ལ་སྡུག་ཟེར་བའི་གཏམ་ཡང་དེ་ནས་བྱུང་ངོ་། གཞན་ཡང་རྐུན་མའི་རྗེས་ལ་ཕུར་པ་བཏབ་པས་སྐད་ཅིག་དེ་ཉིད་ལ་རྐུན་མ་རྣམ་ཤེས་རྟེན་དང་ཕྲལ་བར་གྱུར་པས་ཤུལ་མི་རྣམས་ཀྱིས་ནོར་རྣམས་ཕྱིར་འབུལ་བར་བྱས། སྒྲུབ་པ་མཛད་པའི་དུས་སུ་ཕུར་པ་རྣམས་འཕུར་(སྟོད་ཆ།༥༡༨)བ་དང་འཁྲབ་པ་དང་མེ་འབར་བ་སོགས་བྱུང་ཞིང་བྲག་ལ་ལྕགས་ཕུར་ཞིག་བཏབས་པ་དེང་སང་ཡང་ཡོད། ཕུར་པའི་སྟོད་ལས་ལ་དངོས་གྲུབ་བརྙེས་པ་མང་དུ་བྱུང་སྟེ། སྨད་ལས་ལ་རྩལ་ཤུགས་ཐོན་པ་འདི་ལས་ལྷག་པ་མ་བྱུང་བར་གྲགས། དེ་ལ་སློབ་མའི་གཙོ་བོར་གྱུར་པ་སྣ་ནམ་ཤེས་རབ་ཚུལ་ཁྲིམས། མོང་དགུའི་ཀྱི་གྱང་བསྒྱེལ། རོང་གི་སྒྲང་ཕུར་བུ་མགོ། འོ་ཡུག་རོལ་བོའི་ཉང་ནག་དང་བཞིའོ། གཞན་ཡང་སྤྱང་ཀི་ར་ཆུང་ཞེས་པ་ལས་བརྒྱུད་པའང་ཡོད་དོ། སྣ་ན་ཤེས་རབ་ཚུལ་ཁྲིམས་ཁོང་ཤེས་རབ་ཆེ། བླ་མའི་ཐུགས་ཀྱིས་ཀྱང་ཟིན་པས། གདམས་ངག་ཐམས་ཅད་ཞལ་ནས་གསུངས་པས་གསུང་སྒྲོས་ཟིན་ཅིང་གནད་ལ་ཕོག་པའི་སྣ་ནམ་གདམས་ངག་ཅན་ཞེས་གྲགས། ཕྲིན་ལས་དང་ལག་ལེན་མན་ངག་ཏུ་དྲིལ་ནས་གནང་། མན་ངག་ཕྲིན་ལས་བཞིའི་དོན་འདི་ལ་གནང་བ་རྣམས་ཤིན་ཏུ་ཟབ་པར་བྱེད་དེ། ཡིག་ཆ་མཛད་པའང་ཤིན་ཏུ་དཔྱད་གཟོད་པར་གྲགས་སོ། སྤྱིར་སྣ་ནམ་ལ་ལུགས་གནིས་ཡོད་དེ། དྷ་ཏི་རྒྱས་འབྲིང་ལ་བརྟེན་པའི་སྐོར་དང་། ཞལ་གདམས་རྣ་བརྒྱུད་ལ་བརྟེན་པའི་རིན་ཆེན་ཕྲེང་བའི་ལུགས་སོ། དེ་ནས་སྣ་ནམ་གྱིས་རྒྱ་སྟོན་སངས་རྒྱས་ལ་བཤད། དེས་ཤངས་གུར་ཞོགས་ཁམ་པ་ལུང་དུ་རྒྱ་ཐུང་ཤེས་རབ་རྒྱལ་མཚན་ལ་བཤད། དེས་དགོན་སྟོན་རྡོ་རྗེ་རྒྱལ་མཚན་ལ་བཤད་དེ། འདིས་ནི་སྣ་ནམ་ཤུད་བུ་མཆིམས་གསུམ་གྱི་གདུང་བརྒྱུད་ལ་ཡང་ཐུག་ནས་ཞུས་སོ། ཕུར་པ་ལ་འདི་བས་མཁས་པ་མ་བྱུང་ཞེས་གྲགས། དེས་མྱང་དར་མ་སེང་གེ་ལ་བཤད་དོ། །མོང་དགུའི་ཀྱི་གྱང་བསྒྱེལ་ནི། ཡུལ་མི་རྣམས་ཀྱིས་ནོར་(སྟོད་ཆ།༥༡༩)ཕྱུགས་ཁང་ཞིང་ཐམས་ཅད་ཕྲོགས་པས། ལང་ལབ་ཀྱི་རྩར་བྱོན་ནས་གདམས་པ་ཞུས་པས་ཟླ་བ་དགུ་ལྷ་བསྙེན་གྱིས་ལ། དེ་ནས་བསེ་ལྕགས་ཤེལ་གསུམ་ལ་ཟླ་བ་གཉིས་སྒྲུབས་ཤིག །དོན་འགྲུབ་ནས་འོང་གི་གསུངས། དེ་ལྟར་བསླབས་པས་ནུས་པ་ཚད་དུ་ཕྱིན་ཏེ། གྱང་གི་དྲུང་ན་མི་མང་པོ་ཉི་མ་ལྡེ་ཞིང་འདུག་པ་ལ་བལྟས་པས་ཐམས་ཅད་དགྲ་རུ་མ་གྱུར་པ་མི་འདུག དེར་གོང་ཁུག་ནས་ཕུར་པ་ཕྱུངས་ཏེ་གྱང་ལ་བཏབ་པས། གྱང་འགྱེལ་བའི་ཐིབས་འོག་ཏུ་མི་ཀུན་ཤི་བས་ཀྱི་ནག་གྱང་བསྒྱེལ་དུ་གྲགས། ཡང་ལོ་རྒྱུས་གཅིག་ལ་ཕ་སྤུན་བཅོ་ལྔ་དགྲར་ལངས་པ་ལ། ལང་ལབ་ལ་ཕུར་པ་ཞུས་བསྒྲུབས་པས་རྟགས་ཅིག་ཡང་མ་བྱུང་བས་མཚམས་ལངས་ནས་བྱོན་པའི་སྒོ་ཁ་ན་སྔར་མེད་པའི་སེ་ཕུང་ཞིག་སྐྱེས་འདུག་པ་གཅིག་བཅད་ནས་ཕུར་པ་ཞིག་བཟོ་ཞིང་ཕྱིན་པས་གྱང་གི་ཕག་ན་ཕ་སྤུན་བཅོ་ལྔ་པོ་གཅིག་ཀྱང་མ་གོད་པར་འདུག་པར་གཟིགས་པས་ཚིག་པ་ཟ་ནས་སེ་ཕུར་དེ་གྱང་ལ་བཏབས་པས་གྱང་འགྱེལ་ནས་ཐམས་ཅད་ཕྱི་མའི་ལྟད་མོ་ལ་བཏང་བས་མཐུ་ཅེ་བར་གྲགས་སོ། འདི་བློ་བརྟུལ་བས་མ་འཕྲུལ་བར་བཤད་པས་ནོར་བུ་ལུགས་སུ་གྲགས། ཁོ་རྟོག་པ་ཉུང་བས་ཕུར་ཚུགས་སུ་བསྒྲུབས་པས་ནུས་མཐུ་ཚད་དུ་ཕྱིན་པའི་མངོན་རྟགས་གསལ་བ་ཡིན་ནོ། དེའི་སློབ་མ་ཁམ་པ་སྟོད་གསུམ་སྒོམ་ཆེན་མུ་ནེ་དང་། ཐག་གདོང་དཀར་གྱི་བཙུན་པ་ཤེས་རབ་འོད་གཉིས་ལས་མཆད་དེ་ཤིན་ཏུ་མཐུ་ཆེ་བ་ཀྱི་ཕུར་དུ་གྲགས་པ་བྱུང་ནས། དེང་སེང་ནི་གདམས་སྐོར་ཐོར་བུ་ལས། ཡོངས་སུ་རྫོགས་པ་བཞུགས་པའི་བཀའ་ལུང་ཡོད་པ་མ་གྲགས། ཐག་བཙུན་ཤེས་རབ་འོད་ཀྱི་སློབ་མ་ལྷ་རྗེ་སྣུབས་ཆུང་ཡིན་པར་བཤད་པ་ལྟར་(སྟོད་ཆ།༥༢༠)ན་གཟའ་གདོང་དམར་ནག་སྐོར་ཡང་ཀྱི་ལུགས་ལ་ཡོད་དམ་སྙམ་མོ། རོང་གི་སྐྲངས་ཕུར་བུ་མགོ་ནི་སྔར་ནས་ཕུར་པ་མང་པོ་ཤེས། སློབ་མ་ཡང་མང་པོ་ཡོད་ཀྱང་། ཇོ་མོ་མཁར་ཆེན་བཟའི་ཐུགས་དམ་གྱི་ཕུར་པ་ཇོ་བོ་ལང་ལབ་ལ་ཡོད་ཟེར་བ་ཐོས་པས། ནས་བོང་ཁལ་དྲུག །ཤ་ཁོག་པ་དྲུག །ཅང་རྒྱལ་པ་གང་རྣམས་ཁྱེར་ཏེ་འཁོར་རེར་འོང་ནས་ཇོ་བོ་ལང་ལབ་ལ་དེ་རྣམས་ཕུལ། ཕུར་པ་ཇོ་མོ་ལུགས་ཞུ་འཚལ་བྱས་པས། ད་འོ་ན་ཟླ་བ་ཕྱེད་ནས་ཤེས་པར་བྱ་གསུངས་ནས་གནང་སྟེ། དཔའ་བོ་གཅིག་པར་སྒྲུབ་འི་དོན་ཟབ་ཏིག་ཏུ་གནང་ངོ་། ལོ་རྒྱུས་གཞན་དུ་སློབ་མས་བླ་མ་བཙལ། བླ་མས་སློབ་མ་བཙལ་བས། ཁོས་མགོ་རྒྱ་མདུད་ལ་སོགས་ཕུར་པ་བསྒྲུབ་པའི་མཚན་དང་ལྡན་པར་གཟིགས་ནས། དཀྱུས་ལ་གདམས་ངག་མཚན་དུ་བཏབས་ནས་གཏད་པས། སྐྲངས་མཆན་ཊིག་ཅན་གྱི་ལུགས་སུ་གྲགས་ཞེས་བྱུང་ངོ་། འོ་ཡུག་རོལ་པོའི་ཉང་ནག་དབང་གི་ཤེས་རབ་ནི། ལང་ལབ་ཡབ་ཡུམ་གཉིས་ཟས་ནོར་གྱིས་ཕོངས་པ་ལ། ཉང་ནག་གིས་འོ་ཡུག་རོལ་པོ་གོང་མ་རུ་སྤྱན་དྲངས་ནས་ཞབས་ཏོག་བྱས། དེར་ལོ་གསུམ་སོང་བ་དང་། ཇོ་མོ་དེ་ཁར་བཞག་ནས་སློབ་དཔོན་ལྷོད་ཁ་སྨད་ན་མར་རྙེད་པ་ཚོལ་བར་བྱོན་ནས་ཟླ་བ་དགུའི་བར་དུ་མ་བྱོན། དེར་ཇོ་མོ་སྐྱོ་ཞིང་ཡི་ཆད་ནས། ནང་མ་གཅིག་ཇོ་མོས་ཉང་ནག་བོས་ནས་སློབ་དཔོན་འདི་བས་སྙིང་ཐག་རིང་བ་མ་བྱུང་། ཁྱོད་རང་ཆོས་འདོད་ན་ངས་སྦྱིན་ནོ་ཟེར། འོ་ན་དེ་བཞིན་ཞུ་བྱས་པས། སྒྲོ་བ་ནག་པོ་འདི་ཁ་ཕྱེ་ཞིག་ཟེར་ནས། སློབ་དཔོན་ལང་ལབ་ཀྱིས་ལ་རྒྱ་ཡོད་པ་བཅག་པས་ཁ་ཕྱེ། དབང་མ་ཐོབ་པ་ལ་(སྟོད་ཆ།༥༢༡)དགོངས་བརྒྱུད་བྲིས་པས། ཉང་ནག་ལ་བཀྲ་མི་ཤིས་པ་སྣ་ཚོགས་བྱུང་སྟེ། གནག་ཕྱུགས་མང་པོ་ལ་གནག་ནད་བྱུང་སྟེ་ཕལ་ཆེར་ཤི། རྟ་ལ་ཡང་དེ་ཙུག་བྱུང་བས་དེར་ཡི་གེ་འདྲི་འཕྲོ་བཅད། སློབ་དཔོན་གཤེགས་པའི་ཕྱོགས་ཀྱི་རི་མཐོ་སར་ཕྱིན་ཏེ་གཏོར་ཚོགས་མང་པོ་བཤམས་ནས་བཤགས་པ་བྱས་པས། གནག་ནད་དང་བཀྲ་མི་ཤིས་པ་ཀུན་ཆད། དེ་ནས་སློབ་དཔོན་སྤྱན་འདྲིན་པ་བཏང་། ནོར་རྫས་ཚོ་ཕུལ་ནས་བཤགས་པ་བྱས། ཞེས་དང་། ལོ་རྒྱུས་གཞན་དུ། ཉང་གིས་ཇོ་མོ་བྲིད་ནས་གདམས་ངག་བརྐུས་པས། ལང་ལབ་ཀྱིས་མཁྱེན་ནས་དམ་ཉམས་བཀའ་བརྐུ་ཁྱོད་དང་ང་མི་འགྲོགས་གསུངས། དེར་ཉང་ལ་ནད་དྲག་པོ་བྱུང་བས། བར་པ་བཏང་ནས་བཤགས་པ་བྱེད་ཅེས་ཡང་ཡང་གསོལ་བས། འོ་ན་དབེན་རྩེའི་ཕ་ལོག་ཏུ་དབེན་རྩ་བརྩིགས། ཤ་ཁོག་བརྒྱའི་གཏོར་མ་ཐོངས། ཁྲབ་བརྒྱ་ཐམ་པས་བཤགས་པས་གྱིས་གསུངས་པ་ལྟར་བྱས་པས་ནད་ལས་ཐར། གདམས་ངག་ཞུས་པས་ཡིག་ཆུང་བྱས་ནས་གནང་བས་ཉང་ཡིག་ཆུང་ཅན་དུ་གྲགས་ཞེས་འབྱུང་། དེ་ནས་ཉང་གིས་ཆོས་ཞུས་པས། སློབ་དཔོན་ན་རེ། འོ་ན་སྔོན་ལ་ཁྱོད་ཕ་སྤད་དབང་ཞིག་ཐོབ་པ་བྱ་དགོས་གསུངས་ནས། ཡབ་སྲས་གསུམ་ལ་དབང་རྫོགས་པར་བསྐུར། ཉང་གིས་སྲས་ཆེ་བ་དེ་སྔ་བུ་ཡིན་པས་ཡབ་དང་མ་ར་སྡང་ཞིང་དབང་ཆུང་། བུ་ཆུང་བ་ནི་གཅེས་ཕྲུག་བྱེད་དེའི་མིང་ཚུལ་ལེ་ཟེར་བ་ཡིན། སྲས་ཆེ་བ་དེ་རིག་པ་ཅན་སྔགས་ཀྱི་སྣོད་དང་ལྡན་པར་གཟིགས་ནས། ལང་ལབ་ཀྱིས་མིང་སྤོས་ནས། ཤཱཀྱ་རྒྱལ་མཚན་ཞེས་བཏགས། དེ་ནས་སློབ་དཔོན་ལང་ལབ་ལ་བརྒྱུད་འཛིན་གྱི་སྲས་མེད་(སྟོད་ཆ།༥༢༢)པས། ཉང་གིས་སློབ་དཔོན་ཁྱད་པར་ཅན་འདི་ལ་གདུང་བརྒྱུད་ཅིག་བྱུང་ན་བསྟན་པ་དང་སེམས་ཅན་ལ་ཕན་ངེས་སྙམ་ནས། རུས་འོ་ཕྱ་བཟའ་ཡིན་པའི་བུ་མོ་ཞིག་བླངས་ནས་ཇོ་བོ་ལ་ཕུལ་བས་སྲས་གཉིས་བྱུང་སྟེ། ཆེ་བ་ལ་གྲགས་འབྱུང་། ནུ་བོ་ལ་གྲགས་པ་དབང་ཕྱུག་ཏུ་བཏགས། དེ་ཙ་ན་ཉང་ནག་དབང་གི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཁོང་དུ་ཆུད། བླ་མ་ཡབ་ཡུམ་གྱི་ཞབས་ཏོག་ཀྱང་འདི་ཉིད་ཁོ་ན་བཟང་། དེ་ནས་སྐབས་ཤིག་ཏུ་ཉང་ནག་གིས་ཤོག་བུ་མང་པོ་སྦྱར་ནས་ཡོད་པ་ལ། སློབ་དཔོན་ན་རེ། ཅི་འདྲི་བ་ལགས་གསུངས། རྒྱུད་འགྲེལ་ཞལ་བཤུ་བ་ལགས་བྱས་པས། སློབ་དཔོན་གྱི་ཞལ་ནས། བདག་ནི་ཉི་མ་རྒས་ཁ་དང་འདྲ། ཆོས་ཀྱི་བདག་པོ་ཉིད་ལགས་ཀྱི། བླ་དཔེ་ཞལ་མ་བཤུ་བར་ཚགས་མཛོད་ཅིག་གསུངས། བླ་དཔེ་སྲས་གཉིས་ལ་དགོས་མོད་བྱས་པས་བྱིས་པ་གནིས་གསང་སྔགས་ཀྱི་སྣོད་དུ་རུང་ཞིང་མཐར་ཕྱིན་པའི་ངེས་པ་མེད། དེ་ལྟར་བྱུང་ན་དེ་དུས་སུ་གདམས་པ་བྱིན་པས་ཆོག་མོད་གསུངས། བླ་དཔེ་པོ་ཏི་བསེ་གླེགས་ཅན་བྱ་བ་དགོངས་བརྒྱུད་ཀྱི་གླེགས་ཤིང་ལ་བསེའི་ལྷ་མོ་བཞི་བྲིས་པའི་པོ་ཏི་ཡག་ཉང་ལ་གནང་ངོ་། འོ་ཡུག་ཕུ་རུ་སྲས་གཉིས་སྐྱེས་པས་ཡ་མཚན་ཆེ་ཟེར། ཕྱིས་སྲས་གཉིས་པོ་ཆོས་པར་མ་སོང་། ཕྱུག་པོ་ཆེན་པོ་གཉིས་བྱུང་ངོ་། དེ་ཡང་སྔོན་ཉང་ནག་གིས་བཀའ་བརྐུས་ཟེར་ཏེ། ཕྱིས་ཉང་ནག་སྲས་ཀྱི་ཐུ་བོར་གྱུར་པ་ཡིན། བྱིན་རླབས་དང་ནུས་མཐུ་ཡང་ཕུལ་དུ་བྱུང་། ཁྱད་པར་འོ་ཡུག་སྒོ་མོའི་རྒྱབ། སྙེམ་བཟང་ཕུག་པར་སྒྲུབ་པ་མཛད་པས། ཕུར་པ་(སྟོད་ཆ།༥༢༣)ནམ་མཁའ་ལ་ལྡིང་ཞིང་། འོད་དང་སྒྲ་དཔག་ཏུ་མེད་པ་དང་བཅས་པ་བྱུང་། དགྲ་བགེགས་ཐམས་ཅད་ཐུལ་བ་ཡིན་ནོ། །འདིས་དགུང་ལོ་བརྒྱད་ཅུ་རྩ་ལྔ་བཞེས་ནས་འདའ་ཁར་སྲས་ཚུལ་ལ་ཞལ་ཆེམས་གསུངས་པ། ཤཱཀྱ་རྒྱལ་མཚན་གྱིས་ནི་མན་ངག་ཐམས་ཅད་ཤེས། ཁོས་དཔེ་ཆ་ཀུན་ཁྱེར་འོང་བས། འོག་ཁང་གི་ཀ་གཞིའི་སྟེག་ན་པོ་ཏི་བསེ་གླེགས་ཅན་ཡོད། དེ་བུ་རང་ཚགས་གྱིས་ལ་སྦོས་ཤིག་གསུངས། དེ་འོག་ཁང་ན་ཤཱཀྱ་རྒྱལ་མཚན་ཡོད་པས་ཚོར་ཏེ། ཡི་ཆད་པོ་ཏི་བསེ་གླེགས་ཅན་ཡོད་པ་ཁྱེར་ནས་བྲོས་ཕྱིར། སྙེ་ཕུའི་གནད་བྱ་བ་ན་ཡབ་ཀྱི་སློབ་མ་གནང་ཧཱུྃ་ཀ་ར་བྱ་བ་ཞིག་ཡོད་པ་དེའི་སར་ཕྱིན་ཏེ་ཡབ་ནི་གྲོངས་སུ་འཆའ་བ་ཡོད། ཚུལ་ལེ་ལ་ཞལ་ཆེམས་གསུངས་ལུགས་ཀྱིས་ཡི་ཆད་པའི་ཚུལ་སྨྲས་པས། གནང་ཧཱུྃ་ཀ་ར་ཧ་ལས་ཏེ། སློབ་དཔོན་གྲོངས་སུ་འཆའ་ན། པོ་ཏི་ཁྱེར་ནས་བྲོས་ན་དམ་ཙིག་ཉམས་ནས་འགྲོ་བས། ནང་པར་རང་རེ་གཉིས་ཀ་འདེང་། ཆོས་ནུ་བོ་ལ་ཡང་སྦྱིན་དགོས་ཟེར། ནད་པར་ཕྱིན་ཙ་ན་ཡབ་གྲོངས་ནས་འདུག །དེར་གནང་ཧཱུྃ་ཀ་རས་སྲས་མཆེད་གཉིས་མཐུན་པར་བྱས་སོ། དེ་ནས་བཤགས་པ་མང་པོ་བྱས། ཚོགས་ཀྱི་འཁོར་ལོ་མང་པོ་བསྐོར། དེ་ནས་དབེན་པ་ཞིག་ཏུ་མཅེད་གཉིས་ཀྱིས་བསྙེན་སྒྲུབ་མཛད་པས། དཀྱིལ་འཁོར་དུ་བཀོད་པའི་ལྷ་ཕུར་ཚོ་བྲོ་པ་དོ་རར་ཞུགས་པ་བཞིན་དུ་ཅོད་པན་ཟིང་ཟིང་འཁྲབ་ཅིང་མེ་སྟག་ཕྲོམ་ཕྲོམ་འདུག །གཅེན་ལ་འདི་ལྟར་གདའ་བྱས་པས། རུང་གསུངས་ནས་ཟང་ནག་ཆེན་པོ་ཞིག་བསྣབས་ནས། མཆེད་གཉིས་ཀྱི་བསྟོད་པ་མཛད་དེ་དངོས་གྲུབ་(སྟོད་ཆ།༥༢༤)བླངས་སོ། །དེ་ནས་རིང་ཞིག་ན། སློབ་དཔོན་ཤཱཀྱ་རྒྱལ་མཚན་གྱིས་ཚོང་པ་མང་པོའི་དཔོན་མཛད་དེ་ལྡང་ན་ཕར་བྱོན་པས། འདར་ནག་པོའི་རྟ་པ་ཉི་ཤུ་རྩ་གཅིག་གིས་ཚོང་པ་ཐམས་ཅད་བཅོམ། དེར་རྟིང་རེས་གཤེགས་ནས་གཟིགས་པས་སྒོམ་པ་བོག་པ་མཐོང་ནས་བེར་སྔོན་པོ་དེ་ཕུད་ནས། ལྷ་བོས་ཀླུ་བོས་བྱས་ནས་བེར་བརྡབས་པས། དེའི་ནུབ་མོ་མི་ཉལ་ཙམ་གྱི་དུས་ཚོད་ལ་ངུ་ཅོ་དེང་ངེ་བ་ཞིག་བྱུང་། ནངས་པར་ཚོང་དཔོན་གྱི་བུའི་མགོ་ལ་སློབ་དཔོན་གྱི་རྟ་ཡིས་འཕྲ་བ་བརྒྱབ་སྟེ་ཤི་རུ་འཆའ་ཟེར། དེར་སློབ་དཔོན་འཁོར་བཅས་ཀྱིས་བྲོས་ནས་ཕྱིན། ཕྱིས་དེ་ལོའི་དུས་ཙམ་ཡན་ལ་རྟ་པ་ཉེར་གཅིག་ལས་བཅུ་དགུ་ཤི། གཉིས་ཀྱིས་སློབ་དཔོན་ཅན་དུ་འོངས་ནས་བཤགས་པ་ཕུལ་ནས་འབངས་བྱས་སོ། དེར་ཉང་ནག་བེར་སྔོན་ཅན་ཞེས་མཐུ་ཆེ་བར་ཕྱོགས་ཀུན་ཏུ་གྲགས་སོ། འདིའི་སློབ་མ་ལྷན་གྱི་སློབ་དཔོན་དྲག་པོ་ཡིན་ཏེ། དེ་ཡང་སྣུབས་ཡུལ་རོང་གི་སའི་ཆ་འགྲོགས་བྱ་བར་འཁྲུངས། མི་རྨང་པོ་ཉེ་རེས་མེད་པ་ཞིག་ཡིན། ཆུང་ངུ་ལ་ཕ་མ་ཤི་ནས་ཞང་པོ་ཉང་ནད་ཀྱི་ཉི་རིགས་འཕན་པོ་མང་པོ་ཡོད་པས་དེ་རྣམས་ཀྱིས་ནོར་རྫས་ཐམས་ཅད་ཕྲོགས་ནས་སྦྲང་དུ་བཏང་། དེར་སློབ་དཔོན་ཤཱཀྱ་རྒྱལ་མཚན་དང་མཇལ། ལོ་བཅོ་བརྒྱད་ནས་སུམ་ཅུའི་བར་དུ་བླ་མའི་གནག་རྫི་བྱས། བླ་མས་སྔགས་ཀྱི་སྣོད་དུ་རུང་བར་གིཟགས་ནས་ཆོས་མང་པོ་གནང་། ཤེས་རབ་ཆེ་བས་ཕྱུགས་སྐྱོང་རིང་ལ་མན་ངག་ཐམས་ཅད་ཉན་ནས་སྦྱངས་པས། ཕྱག་བཞེས་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན་པར་སློབ། དེར་བླ་མའི་ཞལ་ནས། ད་ནི་ངས་ཀྱང་ལོ་བརྒྱད་ཅུ་གྱ་ལྔ་ལོན། སྣང་བ་ཡལ་དུ་ཆ། རྒྱུད་(སྟོད་ཆ།༥༢༥)འགྲེལ་འདི་ཚོ་ཞལ་བཤུས་གསུངས། དེར་སློབ་དཔོན་དྲག་པོ་ལ་ཡུལ་ན་ནོར་བག་ཙམ་ཡོད་པས་དེར་འདྲིའམ་ཞུས་པས། ལེགས་ཀྱི། འདིར་བུ་གཉིས་པོ་ཕྲག་དོག་སྐྱེ་བའང་སྲིད་གསུངས། དེར་པོ་ཏི་ཀུན་གནང་ནས་ཡུལ་དུ་འདྲི་གིན་ཡོད་ཙ་ན། སློབ་དཔོན་གྱི་སྲས་ཆེ་བ་ཆོས་ཚུལ་བྱ་བ་བྱོན་ནས། ཨ་ཕོ་དྲག་པོ་ཡབ་ནི་གྲོངས་ནས་མེད། པོ་ཏི་བསེ་གླེགས་ཅན་ཡང་མི་འདུག །དེ་སུ་ལ་འདུག་ལ་དེ་མགོ་སྐྱེལ་བ་ལ་ཟེར། སློབ་དཔོན་གྲོངས་པས་མི་དགའ་བའི་སྟེང་དུ། པི་ཏི་ང་ལ་ཡོད་ཟེར་བ་ཡང་མ་ནུས་པས། དེར་བླ་དཔེ་སློབ་དཔོན་དྲག་པོ་ལ་ལུས་སོ། དེ་ཙ་ན་བླ་མ་དྲག་པོས་ཞང་པོ་ནོར་འཕྲོག་མི་ཀུན་གྱི་སར་སྦྱོན་པས་དེ་རྣམས་ཀྱིས་འདི་ཉང་ནག་བེར་སྔོན་ཅན་གྱི་མཐུས་བསྙེམས་པ་ཡིན་འོང་། ཅི་ནུས་པ་རིམས་ཤིག་ཟེར་ནས་ཁ་སྨྲས་མང་པོ་བྱས་སོ། དེ་ནས་སློབ་དཔོན་གྱིས་ལྷན་དུ་སྟག་ལུང་བྱོན། སྒྲུབ་པ་མཛད་པས་རྟགས་མཚན་མངོན་དུ་གྱུར། ཞང་པོ་དྲེགས་པ་ཅན་དེ་ཀུན་གྱིས་ཟླ་བ་གཅིག་ན་སློབ་དཔོན་དྲག་པོ་ཕོ་མཐུས་བསྒགས་ཀྱིས་བཏང་གི་ཟེར་ནས། བན་དྷེ་བཅུ་གསུམ་ལ་མཐུ་བྱེད་དུ་བཅུག་པ་ལ། སློབ་དཔོན་གྱིས་ཀྱང་དྲག་ལས་བྱས་པས། ཟླ་བ་གསུམ་ནས་ཉང་ནག་བནྡྷེ་བཅུ་གསུམ་པོ་ལ་གློ་ཚད་ཐེབས་ནས་ཀུན་ཤིའོ། ཕྱིས་ལྟད་མོ་ཆེན་པོ་ཞིག་བྱུང་བའི་དུས། སློབ་དཔོན་དྲག་པོས་བེར་ནག་ཆེན་པོ་ཞིག་གྱོན། དྲེའུ་ཞིག་ལ་ཆིབས། འཁོར་མང་པོས་བསྐོར་ཏེ་ལྟད་མོ་ལ་བྱོན་པས། ཞང་ནེ་མོ་ཀུན་གྱིས་ས་གཏོར་ཏེ། ཞང་མི་མཐིང་པོ་ངན་པ་བྱུང་ངོ་ཟེར་ཞིང་འ་ཙི་འ་ཙི་ཟེར་བ་ལ། ཁྲོམ་པ་ཀུན་ན་(སྟོད་ཆ།༥༢༦)རེ། མིའི་ནོར་རྫས་ཐམས་ཅད་ཕྲོགས་འ་ཙི་བྱ་བ་ཁྱེད་རང་ཚོ་ཡིན་མོད་ཟེར་སྐད། སློབ་དཔོན་དྲག་པོ་འདིས་དགོངས་བརྒྱུད་སྐོར་ལ་མི་མཁྱེན་པ་མེད་ཅིང་། མཐུ་དང་སྐུ་བསོད་ཆེ་བས་དབུས་གཙང་གི་མཁས་བཙུན་ཐམས་ཅད་ཀྱིས་ཀྱང་ཞབས་ལ་གཏུགས་སོ། ཡང་དུས་དེ་ཙམ་ཞིག་ན་སྣ་ནམ་ཤེས་རབ་ཚུལ་ཁྲིམས་ལ་སྲས་གཉིས་ཡོད་པའི་ཆེ་བ་སྣ་ན་འབྲེ་བན་ལ་སྐུ་དགྲ་ཞིག་བྱུང་བར། དགྲ་དེ་དག་གིས་མཐུ་ཡོད་དོགས་ནས་མཐུ་བཟློག་པ་ལ་གནུབས་ཟམ་ནག་སྟོད་པའི་ཇོ་བོ་སྟག་རམ་སྤྱན་དྲངས་སོ། ལན་གཅིག་སྣ་ནམ་འབྲེ་བན་དང་། གནུབས་སྟག་རམ་ཟམ་ཁ་ཞིག་ཏུ་མཇལ་བས། སྣ་ནམ་གྱིས་ཇོ་བོ་སྟག་རམ་ལ་ཕྱག་བྱས་ཏེ། དགེ་བཤེས་པ། མི་འདི་པས་བདག་ལ་མི་མཚམས་པའི་ལས་མང་པོ་བགྱིས་པས། ཐུགས་དམ་ལ་དགོངས་ལ་འདི་པའི་བསྲུང་བ་མི་མཛད་པར་ཞུ་བྱས་པས། གནུབས་སྟག་རམ་གྱིས་ཁྱེད་རང་ལང་ལབ་བྱང་ཆུབ་རྡོ་རྗེའི་ཕུར་ཐུང་དེས་རྦོད་པ་འདུག་སྟེ། ངས་མཐུ་བཟློག་བྱེད་ཀྱི། ཁྱེད་ཅི་ནུས་རེམས་ཟེར་པས་སྣ་ནམ་ཁྲོས་ནས་གོས་བརྡབས་དམོད་མོ་བྱས་ནས་ངས་ལན་ཟེར་ནས། གཉིས་ཀས་དུས་བཏབ་སྟེ་བསྒྲུབ་པ་ལ་ཞུགས་པས། ཟླ་བ་གསུམ་ན་གནུབས་སྟག་རམ་ཀྲག་སྐྱུག་སྟེ་ཤི། གཤིན་རྗེ་མཁས་པོ་ཕུར་པ་ལ་རྒྱུགས་བྱ་བ་དུས་དེར་ཡང་གྲགས་སོ། སློབ་དཔོན་དྲག་པོ་ལ་སློབ་མ་མང་ཡང་། ཐུགས་སྲས་སུ་གྱུར་པ་ནི། ཉང་རོ་རྒྱན་མཁར་གྱི་སེ་སྟོན་ཁྲི་རྒྱལ་དང་། ཉང་སྟོན་གྱི་ལྕེ་སྟོན་ཤཱཀྱ་རྒྱལ་མཚན་གཉིས་སོ། །དེ་ལ་ལྕེ་སྟོན་ཤཱཀྱ་རྒྱལ་མཚན་ནི། སྟོན་པ་ཆེན་པོ་ཞིག་ཡིན་པས། འཁོར་མང་པོས་བསྐོར་ཏེ་གདུགས་ཕུབ་ནས་བྱོན་(སྟོད་ཆ།༥༢༧)ཏེ། སློབ་དཔོན་དྲག་པོ་དང་མཇལ་བས་མཁྱེན་པ་ལ་ཐུགས་མཉེས་ནས་རྒྱུད་འགྲེལ་ཐམས་ཅད་ཞུས་ཀྱང་སྐུ་བསོད་ཀྱིས་གཡེངས་ནས་ལག་ལེན་མ་ལོབས། རྒྱུད་འགྲེལ་གྱི་བཤད་པ་ནི་མཁས་ཀྱང་། མན་ངག་གི་བརྒྱུད་པ་མ་ཟིན་ནོ། །ཆོས་བརྒྱུད་ཟིན་པའི་སློབ་མ་ནི་སེ་སྟོན་ཁྲི་རྒྱལ་ཁོ་ན་ཡིན་ཏེ། རྒྱུད་འགྲེལ་མན་ངག་ཀུན་ལ་མཁས་སོ། །རྟགས་དང་མཚན་མ་ཕུལ་དུ་ཕྱིན་ཅིང་ཡུལ་གསུམ་གྱད་དུ་གྱུར་པས་ཕུར་པ་དགྲ་བགེགས་གཉིས་གང་ལ་བཏབས་ཀྱང་མི་ཐེགས་པ་མེད་དོ། འདིའི་སློབ་མ་ལྷ་རྗེ་ཕུར་སྟོན་རིང་མོ་ཡིན་ཏེ། ཞབས་ཏོག་གིས་བླ་མ་མཉེས་པ་མང་པོ་མཛད་དེ་གདམས་པ་མ་ལུས་པ་ཐོབ། སྐུ་གཞོན་ནུའི་ཚེ་སློབ་དཔོན་དྲག་པོ་ལ་ཡང་རྩ་བ་ཚར་གཉིས་ཞུས། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་སྲས་བཅུ་བདུན་བཞེངས་པ་ལ་སོགས་དགེ་བའི་ལས་རྒྱ་ཆེར་མཛད། དབེན་གནས་ཁྲ་རི་གནམ་རྫོང་དུ་སྒྲུབ་པ་མཛད་པས་རྟགས་དང་མཚན་མ་མངོན་གྱུར་དུ་ཐོབ་པ་ཡིན་ནོ། དེའི་སློབ་མ་རྒྱ་སྟོན་ནམ་མཁའ་རྒྱལ་པོས་ཁྲ་རི་གནམ་རྫོང་དུ་བླ་མ་མཉེས་པར་བྱས་ནས་གདམས་པ་དང་མན་ངག་ཚང་བར་ཞུས་ཀྱང་དབང་མ་ཐོབ་པས། ཕྱིས་རང་གི་གཅེན་སྨྱོས་སྟོན་ཉི་མ་རྡོ་རྗེ་བྱ་བ་དེ་ལ་ཞུས། དིང་རི་སྟག་ཉེའི་བང་སྟེང་དགོན་པར་བླ་མ་སྨྱོས་དང་། རྒྱ་སྟོན་གཉིས་ཀས་བསྒྲུབས་པས་རྟགས་དང་མཚན་མ་མཐའ་རུ་ཕྱིན། དེ་ལྟར་གཉིས་ཀས་ལྷ་རྗེ་པུར་སྟོན་རིང་མོ་ལ་ཐུག་ཀྱང་དབང་རྒྱུད་གཙོ་ཆེ་བས། ལྷ་རྗེ་སྨྱོས་སྟོན་ཉི་མ་རྡོ་རྗེ། རྒྱ་སྟོན་ནམ་མཁའ་རྒྱལ་པོ་ཞེས་འདོད་དོ། །ནམ་མཁའི་རྒྱལ་པོའི་སློབ་མ་རང་གི་སྲས་གཉིས་ལས། སྲས་ཆུང་བ་ཉི་མ་རྒྱལ་མཚན་ལ་རྒྱུད་འགྲེལ་གདམས་ངག་ཚང་བར་གནང་།(སྟོད་ཆ།༥༢༨)ཆུང་ངུ་ནས་ཡབ་ཀྱི་ཕྱག་ཕྱིར་ཕྱིན་ནས་ལག་ལེན་མང་པོ་མཛད་པས་ལག་ལེན་དབྱངས་དང་བཅས་པ་ཤིན་ཏུ་མཁས། ཡབ་ཀྱིས་བསྙེན་སྒྲུབ་ལ་བཅུག་པས་རྟགས་དང་མཚན་མ་མང་པོའང་བརྙེས། དངོས་གྲུབ་དང་བྱིན་རླབས་ཅེ་བ་ཅན་དུ་གྲགས་སོ། དེའི་སློབ་མ་ཉང་བན་ཤུ་མངས་ལུང་བ་ཆེན་པོ་ཡིན་ཏེ། བླ་མ་ལ་དབང་དང་རྒྱུད་འགྲེལ་མན་ངག་ཚང་བར་ཞུས་ཤིང་། བསྒྲུབས་པས་དངོས་གྲུབ་ཐོབ་པ་ཡིན་ནོ། །དེའི་སློབ་མ་འཛམ་གླིང་པཎྜི་ཏ་ནག་པོ། འདི་ནི་མི་ཆེ་བས་ཉང་སྟོད་ཀྱི་བྱ་ཆོས་མཁར་པོ་ཆེ་ལ་སོགས་པ་མཁར་གསུམ་གྱི་བདག་པོར་གྱུར། རོང་དུ་སྨུ་བསམ་གླིང་གི་ལྷ་ཁང་བཞེངས། ལྷ་འདྲེ་བྲན་དུ་འཁོལ་བ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའོ། དེའི་སློབ་མ་ཤངས་རྡོ་རྗེ་གླིང་པ་བླ་ཆེན་རྡོ་རྗེ་རིན་པོ་ཆེ་ཡིན་ཏེ། འདི་ནི་མཁས་བཙུན་བཟང་པོའི་ཡོན་ཏན་དུ་མ་དང་ལྡན། སྐུ་ལ་ཚུལ་ཁྲིམས་ཀྱི་དྲི་བྲོ། བླ་མ་འཛམ་གླིང་པ་རང་གི་དགོན་པར་སྤྱན་དྲངས་ནས་དབང་དང་གདམས་པ་མ་ལུས་པ་ཞུས་པས་རྒྱུད་དང་གདམས་པའི་མངའ་བདག་ཏུ་གྱུར་པ་ཡིན་ནོ། དེའི་སློབ་མ་ཆུ་བར་ཉི་ཕུག་པ་ཆེན་པོ་ཡིན་ཏེ། ཕ་སྤུན་དགྲར་ལངས་པ་དང་། དཀོར་བདག་རྒྱལ་པོ་ཡང་བསྒྲལ། ཕྲིན་ལས་རབ་འབྱམས་ལ་མངའ་དབང་འབྱོར་བབ་ཡིན་ནོ། དེའི་སློབ་མ་གཙང་ཉ་རི་བན་གྲོང་ནི་སྟོན་པ་གསང་སྔགས་རྡོ་རྗེ་ཡིན་ཏེ། དུས་ཕྱིས་བྱོན་པའི་སྔགས་པ་ལ་མཁྱེན་པ་དང་ནུས་མཐུ་གཉིས་ཀ་འདི་ལས་ཆེ་བ་མེད། སློབ་དཔོན་པདྨས་མཆིམས་རྡོ་རྗེ་སྤྲེའུ་ཆུང་གི་སྐྱེ་བར་ལུང་བསྟན། བོད་ལ་ཕན་པའི་རྟེན་འབྲེལ་མང་པོ་འདུག་པས། མངའ་རིས་རྫོང་ཁའི་ཆོས་རྒྱལ་(སྟོད་ཆ།༥༢༩)གྱི་གདུང་བརྒྱུད་རྣམས་ཀྱིས་མཐུན་རྐྱེན་སྦྱར་ཏེ་ཕལ་ཆེར་ཡང་གྲུབ། རྫོང་ཁ་རྒྱལ་པོའི་སྐུ་རིམ་གྱི་དུས་ནུབ་རེའི་ཐུན་གཏོར་འཕངས་པའི་ཚེ་མེ་དངོས་སུ་འགྲོ་བ་སྐྱེ་བོ་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་སོགས་ནུས་མཐུའི་གྲགས་པ་ཆེན་པོ་ཐོན། འདིས་སྐུ་གཞོན་ནུའི་དུས་སུ་སྒྲོ་ཕུག་གི་དབེན་པར་ཕུར་པའི་སྒྲུབ་པ་ཞག་བདུན་མཛད་པས། རྡོ་རྗེ་གཞོན་ནུ་ཞལ་གཟིགས་ཤིང་། རྫོང་ཁར་ཡང་ཡི་དམ་མང་པོའི་ཞལ་གཟིགས་པ་སོགས་གྲུབ་པའི་རྟགས་མངོན་དུ་གྱུར་པ་ཡིན་ནོ། དེ་ལ་མང་ཡུལ་སྐྱིད་གྲོང་དུ་བླ་མ་རྡོ་རྗེ་སེང་གེས་གསན་ཏེ། རྗེ་འདི་ཆུ་ཕོ་རྟའི་ལོ་ལ་མེ་ཉག་འགའ་དང་ཉེ་བའི་སར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ལོན་པའི་ཚེ་ས་གཡོས་ཀྱི་འཇིགས་པས་ནང་མི་དང་གྲོང་པ་ཀུན་ཤི་བས་ཐུགས་སྐྱོ་སྟེ་དབུས་གཙང་དུ་ཆོས་ལ་བྱོན། དེར་ཡང་ཀླུང་བཙན་ཐང་དུ་གོང་མ་གྲགས་པ་འབྱུང་གནས་པས་དམར་སྟོན་རྒྱལ་མཚན་འོད་ཟེར་སྤྱན་དྲངས་ནས། བཙན་ཐང་མ་མོ་ཆེར་གྲགས་པའི་ཆོས་འཁོར་བསྐོར་བ་དང་ཐུག་སྟེ་སྔགས་གསར་མའི་དབང་བཀའ་དང་། རྒྱུད་འབུམ་གྱི་ལུང་གསན། རྗེ་འགོས་ལོ་ཙཱ་བ་ལ་སྦྱོར་དྲུག་གི་ཁྲིད་གསན། སྐབས་དེར་རྡོ་རྗེ་ཟམ་པ་གནང་བ་དང་ཐུག་པས་སྔགས་རྙིང་མའི་ཆོས་སྐོར་ལ་དད་པ་མཆི་མ་འཁྲུགས་པ་ཙམ་སྐྱེས། ཆོས་ཐམས་ཅད་ཐོབ་པ་ཞིག་བྱ་དགོས་སྙམ་པ་ཤར། སུ་ལ་་ཡོད་དྲིས་པས། དབུ་རུ་ན་ཞོགས་ཐར་པ་གླིང་བྱ་བ་ན་སངས་རྒྱས་དབོན་པོ་ལ་ཡོད་ཟེར། དེར་བྱོན་ཏེ་རྫོགས་པ་ཆེན་པོ་བཀའ་གཏེར་ཕལ་ཆེར་གསན། ཆོས་རྗེ་ཀུན་དགའ་རིན་ཆེན་ལ་འབྲི་གུང་པའི་ཆོས་སྐོར་དང་། བན་སྒར་བ་འཇམ་དཔལ་བཟང་པོ་(སྟོད་ཆ།༥༣༠)ལ། པཎ་ཆེན་ནགས་རིན་གྱི་ཆོས་སྐོར་དང་། སྟག་ལུང་ངག་དབང་གྲགས་པ་ལ་བོ་དོང་པའི་ཆོས་སྐོར་སོགས་ཞུས། ཡར་ཀླུངས་སུ་འོན་མཐིང་མ་བ་སྔགས་འཆད་གཡུ་འབྲུག་རྡོ་རྗེ་ལ་མདོ་དབང་དང་སེམས་ཕྱོགས་གསན། སྦ་དྲོ་སྟག་ཚང་དུ་ཀ༔ ཐོག་པ་ཡེ་ཤེས་འབུམ་པ་ལ་རྒྱུད་འབུམ་གྱི་ལུང་དང་། བཀའ་མའི་ཆོས་བཀའ་མང་པོ་ཞུས། རརྣ་གླིང་པ་ལས་ཁོ་རང་གི་གཏེར་ཆོས་ཡོངས་རྫོགས་དང་། ཡང་དགོན་པའི་རི་ཆོས། ཕུར་པ་བཀའ་མ་ཁ་ཡར་འགའ་ཡང་གསན། ལ་སྟོད་བྱང་དུ་སེ་སྟོན་རྒྱ་མཁར་བ་ལས་ཞི་ཁྲོ་ཕུར་གསུམ་གྱི་སྐོར་དང་། མ་མོ་ལྷོ་འགྲིམས། བྱང་འགྲིམས། སྒང་ཤར་སོགས་མ་མོའི་རྒྱུད་ལུང་མང་པོ་དང་། ཚེ་བདག་སད་ལུགས། ཨུར་མོ་ཁ་ཐུན་གཤིན་རྗེ་གདོང་དྲུག་པ། གཤིན་རྗེ་དམར་པོ་ལ་སོགས་པ་ཁོང་ལ་བཞུགས་ཚད་ཀྱི་ཆོས་ཐམས་ཅད་གསན། དེ་ནས་བལ་ཡུལ་དང་། གར་ཤ་མཁའ་འགྲོ་གླིང་དང་། ན་ག་ར་ཀོ་ཊ་ལ་སོགས་པའང་གཟིགས་པར་བྱོན། ལ་སྟོད་ལྷོར་སྔགས་འཆང་ནམ་བཀྲས་བ་ལ་བཀའ་བརྒྱད་བཀའ་གཏེར་མི་གཅིག་པ་བདུན་དང་། རྫོགས་ཆེན་ཨ་རོའི་སྐོར། དོ་ཧ་མཛད་ལ་སོགས་པ་གསན། ཁྲུས་ཁ་ལོ་ཙཱ་བ་ལ་རྡོག་དཀྱིལ་བདུན་དང་། ཆག་ལོ་རིན་ཆེན་ཆོས་རྒྱལ་ལ་སྟེའུ་ར་བའི་ཆོས་སྐོར་དང་། ཞྭ་དམར་པ་བཞི་པ་ལ་ཀརྨ་པའི་ཆོས་སྐོར་དང་། བྱང་སེམས་ཆེན་པོ་ལ་ཞི་བྱེད་སྐོར་དང་། གཙང་སྨྱོན་ལ་རས་ཆུང་པའི་སྙན་བརྒྱུད་ལ་སོགས་པ་དང་། ཟིང་པ་སྟག་མགོར་སངས་རྒྱས་རྒྱལ་མཚན་པ་ལ་ཀུན་མཁྱེན་ཀློང་ཆེན་པའི་ཆོས་སྐོར། དོལ་པ་སྒྲུབ་ཆེན་མ་ལ་གཅོད་ཡུལ་དང་། བླ་མ་དགོངས་འདུས་ལ་སོགས་པ་སངས་རྒྱས་གླིང་པའིའ་ཆོས་སྐོར་མ་ལུས་པ་དང་(སྟོད་ཆ།༥༣༡)བསམ་གཏན་གླིང་པ་ལ་ཁོང་རའི་ཨ་རིའི་སྐོར་དང་། ས་སྐྱ་བཀའ་འབུམ། ལམ་འབྲས་ལ་སོགས་པ་དང་། རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར་ལ་འབྲུག་པྱོགས་མཐའ་དག་གསན་ཅིང་། ཤངས་འབའ་ར་བ་ནམ་མཁའ་རྒྱལ་མཚན་པ་ལ་སྟོད་འབྲུག་དང་འབར་ཆོས། འཇག་པ་ལ་ཤངས་པ་བཀའ་བརྒྱུད་སྐོར། སྐུ་དྲུང་ཉི་ཟླ་བ་ལ་ཀུན་སྐྱོང་གླིང་པའི་ཆོས་སྐོར་དང་། ངོར་དུ་ཆོས་རྗེ་འདྲེན་མཆོག་ལ་ལམ་འབྲས་དང་། ཞ་ལུ་བ་དཀོན་མཆོག་བཟང་པོ་ལ། ཡོ་ག་དང་ཞ་ལུ་བའི་ཆོས་བཀའ་ཕལ་ཆེར་གསན། ཆོས་རྗེ་བྱང་ཆེན་པ་ལ་འཆིམས་ནས་བརྒྱུད་པའི་དབུ་མའི་ཁྲིད་སོགས་སྣར་ཐང་པའི་ཆོས་སྐོར་དང་། གཏམ་ཤུལ་དུ་མངའ་བདག་གི་གདུང་དང་སློབ་བརྒྱུད་རྣམས་ལ་ཉང་ལུགས་དང་། གནས་རྙིང་བསམ་གཏན་སྒང་པ་ལ་ཆོས་དབང་རིན་པོ་ཆེའི་གཏེར་ཆོས་སོགས་མང ་དུ་གསན་ཅིང་། མདོར་ན་བོད་དུ་དར་བའི་ཆོས་ལ་མ་གསན་པ་མེད། གྲ་ཐང་དུ་ཞ་ལུ་ལོ་ཙཱ་བའི་དྲུང་དུ་བྱོན་ནས། རིམ་ལྔ་ཞུས་པས་རླུང་ལྔའི་ཁ་དོག་སོ་སོར་གཟིགས། མནལ་ལམ་བཟུང་ནས་ཞིང་ཁམས་མང་པོ་བསྒྲོད། བར་སྲིད་ཐོགས་མེད་དུ་གཟིགས། མངོན་པར་ཤེས་ས་ཕྱོགས་མེད་དུ་ཤར། དེར་ཀུན་དདད་པས་འདུ་ལོང་གིས་ཐུགས་སུན་ནས། མོན་ཡུལ་དུ་བྲོས་ནས་འཚོ་བ་ངན་ངོན་ལ་བརྟེན་ཏེ། ཚེ་དང་སྒྲུབ་པ་མཉམ་པ་དང་། སྣོད་ལྡན་གྱིས་སློབ་མ་བྱུང་ན་ཆོས་ཀྱི་སྦྱིན་པ་ལྷུག་པར་སྩལ་བའི་དམ་བཅའ་མཛད། མཁར་ཆུར་ལོ་བདུན་སྒྲུབ་པ་མཛད་པས། ཞ་བ་དེ། ཉིད་ཀྱིས་ཕུར་པའི་བསྙེན་སྒྲུབ་བགྱིས་ན་སླར་གསུམ་ཅུའི་བར་ཕྱིར་(སྟོད་ཆ།༥༣༢)ནུར་ཏེ་དགུང་ལོ་དགུ་བཅུ་རྩ་གཅིག་བཞེས་པར་འགྱུར་ཞེས། ལྷ་མོ་རི་མ་ཏིས་ལུང་བསྟན་བྱུང་བ་ལ། དེའི་ནང་པར་རང་དུ་དཀྱིལ་འཁོར་བཞེངས་ནས་ཟླ་བ་དགུ་སྒྲུབ་པ་ལ་བཞུགས། དེ་དུས་བསྙེན་ཕུར་གྱི་ཞལ་ནས་མེ་སྟག་ཕྲོམ་ཕྲོམ་བྱུང་བ་དང་། སྒུ་ཆུལ་ཕྱུག་པོ་ལ་བསོད་སྙོམས་ཀྱི་ནས་བཅོལ་བ་མ་སྤྱོད་པའི་ཁར། བླ་མ་ལ་དུག་བཏང་། ཡོན་བདག་ཀུན་དང་ཕྲ་མ་བཅུག་པས་དེ་ལ་ཐུགས་དམིགས་མཛད་པས། བུད་མེད་རྟ་པ་མང་པོས་ཤིང་གི་ཕུར་པ་དཀར་པོ་དང་། གྲོད་པ་མང་པོ་ཁྱེར་ནས་སྒུ་ཆུལ་གཞིས་ཀར་སོང་ནས་གྲོད་པ་ནས་ཁྲག་མང་པོ་གཏོར་བ་ཞིག་རྨིས། དེ་ནས་ཞ་ལུ་ལོ་ཙཱ་བའི་དྲུང་དུ་བྱོན་ཙ་ན་འབུལ་བ་ཅང་མེད་དགོངས་ནས་སྐུ་ཕྲག་མྱུལ་བས་ཨ་རུ་ར་རློན་པ་སུམ་ཅུ་སོ་གཅིག་བྱུང་བ་བླ་མ་ལ་ཕུལ་བས། ཤིན་ཏུ་དགྱེས་ཏེ་ཕྱག་ཏུ་བཞེས། གཅིག་ཚུར་གནང་ནས་ང་རང་གི་ཁར་བཅུག་པ་རྨིས། གཉིད་སད་ཙ་ན། བླ་མའི་སྐུ་ཚེ་འཏུད་འདུག་སྟེ། ང་ལ་གཅིག་གནང་བ་དས་ལོ་གཅིག་གི་ཉུང་དུ་སོང་བ་འདྲ་སྙམ་པ་བྱུང་། ཕྱིས་དེ་ཀ་རང་བྱུང་སྟེ་དགུང་ལོ་དགུ་བཅུ་བཞུགས་སོ། དེ་ནས་ཟླ་བ་གཅིག་ཙམ་ནས་སྒུ་ཆུལ་བ་ཚོ་ལ་བཤལ་ནད་བྱུང་ནས་སེམས་གནག་ཚད་ཤེད། དུག་གཏོང་མི་ཕྱུག་པོ་ཚང་གི་གྲོང་རྐང་སྟོངས། ཕུར་པ་འདིས་ངའི་བླ་མའི་སྐུ་ཚེ་འཐུད་དེ། ང་ངན་སོང་དུ་དེའུ་སྐྱུར་གསུངས་ནས། ཞི་ཁྲོ་དང་། གཙུག་དགུ་དང་མི་འཁྲུགས་པ་དང་། ཀུན་རིགས་དང་། གཙུག་ཏོར་རི་མེར་རྣམས་ཀྱི་སྒྲིབ་སྦྱོངས་ལ་ལོ་རེ་རེ་སྟེ་ལོ་ལྔ་ལ་མཚམས་བསྡམས། མི་ཆེ་ཆུང་ལྔ་བཅུ་ཙམ་ཤི་བ་འགྲོགས་ཨེ་ཡོང་ཡིན་ཏེ་སྐྱོན་ཅེ་གསུངས། སྤྱིར་བླ་མ་འདིའི་མཁས་བཙུན་བཟང་གསུམ་དང་།(སྟོད་ཆ།༥༣༣) གྲུབ་པ་ཐོབ་ལུགས་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ། ཕྱིས་སྐུ་ཐིམ་པར་ཉེ་བ་ན། ད་ལོའི་འབྲུམ་ནད་འདི་ལ་ང་ཐག་རིང་ཞིག་ལ་བྲོས་འགྲོ་གསུངས་ནས་སྐུ་ལུས་མ་སྤགས་པར་མཁར་སྤྱོད་དུ་གཤེགས། དེ་ནས་ཉིན་བདུན་བར་དུ་མེ་ཏོག་གི་ཆར་དང་། ནམ་མཁའ་ལ་འཇའ་དང་ས་གཡོ་བ། ཤར་ཕྱོགས་སུ་སྒྲ་ཆེན་པོ་གྲགས་པ་སོགས་ཀྱི་ལྟས་ངོ་མཚར་ཅན་བསམ་གྱིས་མི་ཀྱབ་པ་བྱུང་། རྗེ་འདིར་དགུང་ལོ་ཇི་ཙམ་བཞེས་ཞེས་ཞུས་པ་ན། བརྒྱད་ཅུ་རྩ་ལྔ་ཙམ་ཨེ་མི་ལོན། ད་རྒས་ནས་བརྗེད་དེ་མི་གདའ། ཞེས་ཐམས་ཅད་ལ་གསུང་བ་ཞིག་ཡིན་མོད་ཀྱི། གོང་མ་གྲགས་འབྱུང་དང་དུས་མཉམ་ཡིན་པས། དེ་ཡང་དམར་སྟོན་དང་། འགོས་ལོ་སོགས་དང་ཐོག་མཚུངས་ཀྱང་ཞ་ལུ་ལོ་ཆེན་གྱི་སྐུ་ཚེའི་སྨད་བར་བཞུགས་པས་གཤེགས་དུས་ཡན་ལ་བརྩིས་པས། མི་ཡུལ་དུ་ལོ་ཉིས་བརྒྱ་ལྷག་ཙམ་བཞུགས་ངེས་སུ་འདུག་གོ། དེ་ནས་བློ་གྲོས་བཟང་པོ། ས་ར་ནི་སྟི། བཛྲ་ཕ་ལ་ནས་སྨོས་སྟོན་ཆེན་པོ་གསང་བདག་ཕྲིན་ལས་ལྷུན་གྲུབ་ཡབ་སྲས་ཀྱི་བཀའ་དྲིན་གྱིས་དེང་སང་གི་བར་དུ་ཆོས་རྒྱུན་མ་ནུབ་པར་བཞུགས་པ་ནི་སློབ་དཔོན་ལང་ལབ་ནས་བརྒྱུད་པའི་ལུགས་སོ། ཟད་བརྗོད་ན། གནུབས་ལུགས་སུ་གྲགས་པ་ནི་ལྕམ་གྱི་མཆོད་གནས་མ་ལས་གནུབས་ལ་བརྒྱུད་པས་དེ་ལྟར་གྲགས་ཏེ། དེའི་ནང་ནས་འབྱུང་པོའི་དྲག་སྔགས་གཟའ་གདོང་དམར་ནག་ཅེས་གྲགས་པ། གནུབས་པ་དང་རྗེ་བཙུན་མི་ལའི་མཐུ་ཆེན་པོ་དེ་ཡང་ཕུར་པ་ལྕམ་ལུགས་ཀྱི་གདམས་སྐོར་ཡིན་ཏེ་དེང་སང་གི་བར་དུ་ལུང་རྒྱུད་ཡང་ཡོད་དོ། །འོན་ཀྱང་གཤིན་(སྟོད་ཆ།༥༣༤)རྗེ་མཁན་པོ་རྣམས་ཀྱིས་ཡང་ཟློག་མེའི་སྤུ་གྲི་ལ་ངོས་འཛིན་པར་གནང་ངོ་། ཡང་ཤུད་ཕུ་ནས་བརྒྱུད་པའི་ལུགས་ཀྱང་བྱུང་སྟེ། ཤུད་ཕུ་དཔལ་གྱི་སེང་གེ་ནས་མི་རབས་བཞིའི་གྲྭ་ཡིར་ཁེན་ལོག་བྱུང་ནས་གཏམ་ལྷས་གདན་དྲངས། ཡུག་གཙང་དཀར་གྱི་ཕུ་ལ་ཕེབས། ཡུག་ནག་སུ་ཡོད་པས་གནམ་མཐོང་བའི་ཐང་མ་གིར་ཡལ་བྱེད་ཟེར་ནས་གནམ་ཐང་བཟུང་ཞིང་ལུང་པ་དང་རིགས་བརྒྱུད་མང་དུ་དར་རོ། དེ་ནས་མི་རབས་བཅུ་ན་ཤུད་ཕུ་མེས་ཚབ་རྒྱལ་པོ་དང་། ཤུད་ཕུ་ཁྱི་ཐུལ་ཅན་གཉིས་བྱུང་། མེས་ཚབ་རྒྱལ་པོ་ལ་སྲས། བཤེས་གཉེན་ཆེན་པོ་ཟླ་བ་རྒྱལ་མཚན་ཡིན་པ། བཤེས་གཉེན་ཆེན་པོ་ནས་བཟུང་སྟེ་རིགས་བརྒུད་འདི་ལ་གྲུབ་ཐོབ་ཉི་ཤུ་རྩ་ལྔ་ཙམ་བྱོན་ཏེ། དེ་དག་ཀྱང་གསང་སྔགས་རྙིང་མའི་ཆོས་སྐོར་ལ་མཁས་ཤིང་། མ་གཤིན་ཕུར་གསུམ། རྟ་མགིན་ཕྱག་རྡོར་རྣམས་ཀྱི་ཞལ་གཟིགས་ཤིག་སྒྲུབ་རྟགས་དངོས་སུ་སྟོན་པ་ཆོས་སྐྱོང་བྲན་དུ་ཁོལ་ཞིང་ལོག་ལྟ་དབང་དུ་འདུས་པ། བསྟན་པ་དང་འགྲོ་བ་ལ་ཕན་པ་རྒྱ་ཆེར་ཐོགས་པ་ཤ་སྟག་བྱོན་ཅིང་། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དུ་གྲགས་པའི་ཤུད་ཕུའི་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ཉིད་ཀྱང་ཕུར་པའི་གྲུབ་ཐོབ་ཡིན་ཏེ། ལོ་གསུམ་ལོན་དུས་པུར་པའི་དབང་ཐོབ་པས་རིགས་ཀྱི་མཁའ་འགྲོ་རྣམས་གར་བྱེད་པའི་སྣང་བ་ཤར་བས་གར་སྒྱུར་གྱི་ཕྱག་རྒྱ་མང་པོ་ཤེས་བྱུང་། ལོ་བཅུ་གཉིས་ལོན་དུས་ཕུར་པ་ཁྲོ་བཅུས་བསྐོར་བ་ཞིག་ལ་བསྙེན་པ་དུམ་རེ་བྱས་པས་ངག་ནུས་ཆེ་བའི་བློས་སྡིག་པ་བ་སྔགས་ཆུ་རེག་པས་ཤི་བ་ལ་སྙིང་རྗེ་སྐྱེས་ནས་ངུས་པས་ཞལ་དངོས་སུ་མཐོང་གསུངས། གྲུབ་ཆེན་འདི་རྗེ་ཙོང་ཁ་པའི་དབུ་བླ་ཐུན་མོང་མ་ཡིན་(སྟོད་ཆ།༥༣༥)པ་བཞིའི་མཆོག་གཅིག་ཡིན་ཏེ། ལས་ཀྱི་རྡོ་རྗེ་བླ་མའི་མཆོག བློ་བཟང་གྲགས་པ་སློབ་མའི་མཆོག བདུད་རྩི་སྨན་མཆོག་ཆོས་ཀྱི་མཆོག་ཅེས་རྣམ་ཐར་ལས་བྱུང་ངོ་། འཁོན་ལུགས་སམ་པ་ཕུར་དུ་གྲགས་པ་ནི། སློབ་དཔོན་ཆེན་པོ་པདྨའི་ཞབས་ཀྱི་སློབ་མ་འཁོན་ཀླུའི་དབང་པོ་ལས་རིམ་པར་བརྒྱུད་དེ། ཆོས་དང་རིགས་བརྒྱུད་གཉིས་ཀ་ཟམ་མ་ཆད་པ་ས་སྐྱ་པ་རྣམས་ལ་གྲགས་པས་དེ་སྐད་དུ་གྲགས་པ་ཡིན་ཏེ། དེ་ཡང་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཡན་ཆད་རྡོ་རྗེ་ཕུར་པའི་གྲུབ་ཐོབ་ཤ་སྟག་ཡིན་ཏེ། ཡི་དམ་ལྷའི་ཞལ་གཟིགས། ལྷ་སྲིན་བྲན་དུ་ཁོལ། ཆུ་དང་ནམ་མཁའ་ལ་ཐོགས་མེད་དུ་འགྲོ་བ་སོགས་སྒྱུ་འཕུལ་སྣ་ཚོགས་སྟོན་ནུས་པ་ཤ་སྟག་ཡིན་ཀྱང་། འཁོན་དཀོན་མཆོག་རྒྱལ་པོ་ནས་གསར་མར་གྱུར་མོད། འོན་ཀྱང་ཡང་ཕུར་གནིས་སྲས་བརྩེ་བ་ཆེན་པོ་ལ་གནང་། དེ་སྲས་རྩེ་མོ་དང་། གྲགས་རྒྱལ་གྱིས་ཀྱང་ཕུར་པའི་ཡིག་ཆ་འགའ་ཡང་མཛད། ས་པཎ་གྱིས་ཕུར་པ་རྩ་དུམ་བསྒྱུར་བ་དང་། ཆོས་རྒྱལ་འཕགས་པས་སྨད་ལས་སྒྲོལ་དབང་གི་རྒྱུན་གསོ་བ་སོགས་མཛད་པས། སླར་ཇེ་རྒྱས་སུ་སོང་ངོ་། དེ་དག་ལས་དངོས་རྟགས་བརྙེས་པ་འགའ་ཞིག་ཅུང་ཟད་བརྗོད་ན། འཁོན་སྟོན་ཆེན་པོ་ཀླུའི་དབང་པོ་བསྲུང་བས། སློབ་དཔོན་པདྨ་ལས་རྡོ་རྗེ་ཕུར་པའི་གདམས་པ་ཐོབ་ནས་སྒྲུབ་པ་མཛད་པས། ལྷ་ས་ཡེར་པའི་བྲག་ཏུ་རྡོ་རྗེ་དྲིལ་བུ་བར་སྣང་དུ་བཞག་པ་མཛད། གཅུང་རྡོ་རྗེ་རིན་ཆེན་གྱིས་སྨད་ལས་དྲག་པོ་སྒྲོལ་བའི་དབང་བཀུར་མཛད་པའི་དུས་ལིང་ག་འཕར་གཡོ་སྒྲ་འོད་སོགས་ངོ་མཚར་བའི་ལྟས་དུ་མ་བསྟན། འཁོན་སྟོན་བལ་པོས་ཚ་(སྟོད་ཆ།༥༣༦)མོ་རོང་གླང་གི་བྲག་ཕུར་རི་ཞེས་བྱ་བའི་བྲག་ཕུག་ཏུ་རྡོ་རྗེ་གཞོན་ནུའི་སྒྲུབ་པ་མཛད་པས་ཞལ་མངོན་སུམ་དུ་གཟིགས། སྔགས་འཆང་རྒྱ་གར་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་ཁམས་ཀྱི་གྲུབ་ཚ་ཞེས་བྱ་བའི་ཡུལ་མཐོན་པོ་ཞིག་ཏུ་སེམས་ཅན་ཏམས་ཅད་ཆུ་མེད་པས་སྡུག་བསྔལ་བར་གྱུར་པ་ལ། བྲག་ལ་ཕུར་བུ་བཏབ་པས་སྒྲུབ་ཆུ་དངོས་སུ་བཏོན་ཏེ་སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེན་པོ་མཛད། ས་སྐྱ་ལོ་ཙཱ་བ་འཇམ་དཔལ་དབྱངས་ཀུན་དགའ་བསོད་ནམས་ཀྱིས་གྲུབ་ཐོབ་འབམ་རོམ་པ་ཆེན་པོའི་བསྒྲུབ་གནས་འབར་རོམ་བྲག་ཅེས་བྱ་བའི་གནས་མཆོག་ཁྱད་པར་ཅན་དུ་རྡོ་རྗེ་གཞོན་ནུའི་སྒྲུབ་པ་མཛད་པས་དགུན་གྱི་དུས་སུའང་འཇམ་དབྱངས་མེ་ཏོག་ཤིན་ཏུ་མང་བར་སྐྱེས་ཤིང་། བྲག་དེ་ཉིད་ལ་ཕྱག་ཞབས་ཀྱི་རྗེས་ཀུན་གྱིས་མཐོང་བར་བསྟན་ཏེ། འདི་རྣམས་ནི་རྡོ་རྗེ་ཕུ་པ་ཁོ་ན་ལས་དངོས་གྲུབ་བརྙེས་པ་ཡིན་ཅེས་པ་ཕུར་གྱི་རྣམ་འགྲེལ་ལས་བཤད་དོ། སྤྱིར་ཡང་རྡོ་རྗེ་ཕུར་པ་འཁོན་ལུགས་འདི་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་ཡབ་ཆོས་སུ་གྱུར་པའི་བཀའ་དྲིན་ལས་དེང་སང་གི་བར་དུ་ཤིན་ཏུ་དར་རྒྱས་ཆེ་ཞིང་། བཀའ་ལུང་དབང་གསུམ་གྱི་རྒྱུན་མ་ཉམས་ཤིང་བསྙེན་སྒྲུབ་བྱེད་པ་མང་བ་དང་། ཁྱད་པར་དུ་རྒྱལ་ཁབ་ཆེན་པོ་ལྷུན་གྲུབ་སྟེང་དུའང་སྤྲོས་བཅས་སྒྲུབ་མཆོད་རྩ་འཆམས་དག་བཅས་དར་རྒྱས་སུ་བཞུགས་པ་འདིའོ། རོང་ལུགས་ནི་གོང་དུ་སྨོས་པའི་སྣ་ནམ་ལུགས་དེ་ལས་གཞན་མིན་ཡང་། ཉེ་བརྒྱུད་ལ། ཡོན་ཏན་རིན་ཆེན་གྱིས་སློབ་དཔོན་པདྨ་དངོས་ལ་ཐུག །དེས་མི་ཡུལ་དུ་ལོ་སུམབ་རྒྱ་བཞུགས་ཏེ་མཐར་སྐུ་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། དེའི་སྲས་རོང་བན་རིན་ཆེན་ཚུལ་ཁྲིམས་(སྟོད་ཆ།༥༣༧)ཀྱང་ལོ་ཕྱེད་དང་ཉིས་བརྒྱ་བཞུགས། དེའི་སྲས་རོང་ཟོམ་ཡིན་ལ། འདིས་ལོ་བརྒྱ་དང་བཅུ་དགུ་མི་ཡུལ་དུ་བཞུགས་ཏེ་སྐུ་བགྲེས་རྒྱུད་མི་མངའ་བའི་ངད་ནས་སྐུ་གཤེགས་པ་ཡིན་ཟེར། གང་ལྟར་ཡང་གྲུབ་ཐོབ་བར་མ་ཆད་པའི་བརྒྱུད་པ་ཡིན་ལ། དེ་ནས་སྲས་བརྒྱུད་དང་། སློབ་བརྒྱུད་གཉིས་སུ་ཡོད་པའི། སྲས་བརྒྱུད་ནི། ཆོས་བཟང་གི་སྲས་གཟི་བརྗིད་འབར་དང་འབུམ་འབར་གཉིས་ནས་རིམ་པར་འབུམ་སྒོད་ཀྱི་བར་གདུང་རབས་བཅོ་ལྔ་ཙམ་བྱུང་ཡང་། དེང་སང་ནི་གདུང་བརྒྱུད་མེད། འོན་ཀྱང་འབུམ་སྒོད་ཀྱི་དུས་རིན་སྤུངས་ཞལ་ངོ་ནམ་མཁའ་རྒྱལ་པོས་སྦྱིན་བདག་མཛད་ནས། སློབ་མའང་མང་དུ་ཐོན། དེའི་ནང་ནས་མཆོག་ཏུ་གྱུར་པ་ནི་ཐང་ཁྲོ་པ་བཀའ་བཞི་པ་ཡིན་ཏེ། འདིས་སྔགས་འཆང་སློང་རྣམས་ལ་གསུངས་པར་གྲགས། སློབ་བརྒྱུད་ནི། རོང་ཟོམ་ནས་དགེ་སྙེན་རྡོ་རྗེ་དབང་ཕྱུག །ཡོལ་ལྕགས་དངོས་གྲུབ། རྒྱ་སྟོན་སྟེང་འབར། རྣལ་འབྱོར་གཞུངས། ཕོ་རོག་མདོ་སྡེ་མགོན། ཡོ་ལྕགས་སངས་ཉི་འབུམ། གཞོན་ནུ་དོན་གྲུབ། དཔྱལ་འཕགས་པ་སྟེ་འདི་ཕྱིན་དཔྱལ་ལགས་དང་གཅིག་ཏུ་འདྲིན་པ་ཡིན་ནོ། སློབ་བརྒྱུད་ཤས་ཆེ་བ་དང་། ཇོ་མོ་ལུགས་དང་གཉིས་ལྡན་ནི་དཔྱལ་ལུགས་ཡིན་ཏེ། དེ་ལ་དཔྱལ་གྱི་མི་བརྒྱུད་ནི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོར་གྱུར་པ་ཞིག་ལ་བུ་གསུམ་བྱུང་བ། རྒྱལ་པོས་དཀར་ནག་ཁྲ་གསུམ་དུ་བཏགས་པ་ལས་དཔྱལ་དཀར་ནག་ཁྲ་གསུམ་ཞེས་བརྒྱུད་པ་དང་བཅས་པ་ལ་གྲགས། སྔ་མ་ཕལ་ཆེར་རྙིང་མའི་དགེ་བའི་བཤེས་གཉེན་ཡང་དག་པ་ཤ་སྟག་ཏུ་བྱོན་ཀྱང་། དཔྱལ་འབྱུང་གནས་རྒྱལ་མཚན་ནས་གསར་མར་གྱུར་མོད།(སྟོད་ཆ།༥༣༨)འོན་ཀྱང་རྡོ་རྗེ་ཕུར་པ་ལ་ཤིན་ཏུ་མཁས་ཤིང་གྲུབ་པ་བརྙེས་པར་ཤ་སྟག་བྱུང་སྟེ། དཔྱལ་འཕགས་པ་དཔལ་ནས། དཔྱལ་ཀུན་མཁྱེན་ཆེན་པོ་སོགས་ནས་ཕུར་པ་དཔྱལ་ལུགས་སུ་གྲགས་སོ། དཔྱལ་གྱི་གདན་ས་འནི་དཔྱལ་ཆོས་ཀྱི་བཟང་པོས་བཏབས་པའི་གཙག་གི་དཔལ་བྱང་ཆུབ་ཐར་པ་གླིང་དུ་གྲགས་པ་དེ་ཡིན་ཡང་། དུས་ཕྱིས་དགེ་ལུགས་སུ་གྲུབ་མཐར་བསྒྱུར་ནས་ཐར་པ་བ་ཟེར། འོན་ཀྱང་དགོན་དེར་དེང་སོང་ཡང་རྡོ་རྗེ་ཕུར་པ་དཔྱལ་ལུགས་ཀྱི་སྒྲུབ་མཆོད་རྒྱས་པ་རྩ་འཆམས་དང་བཅས་མ་ནུབ་པར་ཡོད་དོ། ཕུར་པ་རོག་ལུགས་ནི་བསྟན་པ་སྔ་དར་གྱི་དུས། རོག་བན་ནམ་མཁའ་ཡེ་ཤེས་བྱ་བ་མཁྱེན་པ་དང་ནུས་པ་ལྡན་པ་ཞིག་བྱུང་བའི་གདུང་རབས་ཐམས་ཅད་དུ་སྔགས་འཆང་ཁྱད་པར་ཅན་ཤ་སྟག་བྱུང་བའི་ཉི་ཤུ་རྩ་བཞི་པ་ལ་རོག་ཤེས་རབ་བླ་མ་ཞེས་བྱ་བ་རྡོ་རྗེ་ཕུར་པའི་གྲུབ་པ་ཡིན་པ་ཞིག་བྱུང་། དེའི་སྲས་བཀྲ་ཤིས་གྲགས་པ་ཞེས་བྱ་བ་དང་། ཆེ་བ་ཤེས་རབ་འོད་ནི་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤེས་རབ་གྲུབ་ཅེས་བྱ་བའི་སྐྱེ་བ་ཡིན་ཏེ། ལོ་ལྔ་ནས་ཡིག་རྩིས་བསླབས་པས་མཁས་པར་གྱུར། ལོ་བཅུའི་བར་དུ་ཡབ་མེས་གཉིས་ལ་གསང་སྔགས་ཀྱི་ཆོས་རྣམས་བསླབས། ལོ་བཅུ་གསུམ་པ་ལ་ཕུར་པའི་བསྙེན་པ་བྱས་པས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཡོངས་རྫོགས་ཤིན་ཏུ་གསལ་བ་ཞིག་མངོན་གསུམ་དུ་གཟིགས། ཞལ་ནས་ངས་བཛྲ་ཀི་ལ་ཡའི་བསྙེན་པ་ཐེམས་ཏེ་ངའི་ལུས་ལྕགས་ཀྱི་གོང་བུ་བཞིན་དུ་གྱུར་ནས་ཡོད་པས། ད་ལྟ་འདྲེ་ཅན་སྟོང་གི་བསྐོར་ཡང་ང་རང་ལ་ལྟ་(སྟོད་ཆ།༥༣༩)ཅི་སྨོས་ཏེ་འཁོར་རྣམས་ལའང་འཁྲི་མི་ནུས་པ་ཡིན་གསུངས་སྐད། གཞན་ཡང་མདོ་དང་སྒྱུ་འཕྲུལ་རྣམས་ལའང་ཤིན་ཏུ་མཁས་ཏེ་གོང་དུ་སྒྱུ་འཕྲུལ་སྐབས་སུ་བཤད་པ་ལྟར་རོ། གཞན་གྱི་རྩོད་པས་མི་བརྫི་བས། མཚན་ཡང་ཤེས་རབ་འོད་དུ་གྲགས། དང་པོར་ཡི་དམ་ལྷའི་ཞལ་གཟིགས། བར་དུ་མཁའ་འགྲོའི་ལུང་བསྟན་ཐོབ། ཐ་མར་གནོད་སྦྱིན་ལས་ལ་འཁོལ་བའི་མཐུ་དང་ནུས་པ་བསམ་གྱིས་མི་ཁྱབ་པ་མངའ་བ་ཉིད་དོ། དེའི་གཅུང་པོ་ཆོས་རྗེ་ཞིག་པོ་ནི། སྐྱེ་བ་སྔ་མ་ཨོ་རྒྱན་གྱི་རྒྱལ་པོ་ཆོས་ཀྱི་ལྷ་ཞེས་བྱ་བ་གསང་སྔགས་ཟབ་མོ་ཀུན་ཏུ་སྤྱོད་པས་དངོས་གྲུབ་བརྙེས་པ་ཞིག་ཡིན། དེ་ནས་འདིར་ལྕགས་མོ་ཡོས་ཀྱི་ལོ་ལ་འཁྲུངས། རོག་སྟོན་བརྩན་པོ་ལས་གསན་སྦྱངས་མཛད། རྡོ་རྗེ་ཕུར་པ་སོགས་གསང་སྔགས་སྔ་འགྱུར་ལ་མཁས་ཤིང་གྲུབ་པ་ཐོབ་པ་ཞིག་གོ། མཁས་པ་སྨྲ་བའི་སེང་གེ་ནི། སྐྱེ་བ་སྔ་མ་ཡུལ་ཁ་ཆེར་གྲགས་ཅན་གྱི་གྲུབ་མཐའ་འཛིན་པའི་མུ་སྟེགས་པ་ཞིག ཕྱིས་པཎྞི་ཏ་ཤེས་རབ་གྲུབ་པ་བླ་མར་བཟུངས་ཏེ་གཤིན་རྗེ་གཤེད་ཀྱི་གྲུབ་པ་ཐོབ། འཇིགས་མེད་སྩལ་དེ་ཉིད་འདིར་མེ་ཕོ་རྟའི་ལོ་ལ་འཁྲུངས། ལོ་ཉི་ཤུ་ལ་ཁ་རག་ཏུ་མཁས་པ་ཇོ་པད་ཀྱི་སར་བྱོན་ནས། མདོ་སྒྱུ་སེམས་གསུམ་ལོ་གཉིས་ལ་མཁྱེན། གཙང་ཕྱོགས་རྣམས་རྩོད་པའི་གྲྭ་སྐོར་ཀྱང་མཛད་པས། མཁས་པའི་གཡེར་ཐོན། འདི་རྟ་མགྲིན་གྱི་གྲུབ་ཐོབ་ཡིན་ཏེ་བསམ་ཡས་སུ་བྱོན་དུས་རྟ་མགྲིན་གྱི་ཐུགས་ཀ་ནས་འོད་བྱི་རུ་གཅགས་པ་ལྟ་བུ་བྱུང་བ་ཐུགས་ཀར་ཐིམ། སྙེ་མདོར་འདག་འབྱར་བྱས་པས་འོད་དམར་པོ་བྱི་རུ་འདྲ་བ་བྱུང་བ་དེ་རྟ་མགྲིན་དུ་གྱུར་ནས་འོད་དམར་པོས་ཤོད་ཁེངས། རྟ་སྐད་ཐེངས་གསུམ་བསྒྲགས་པ་དབུས་གཙང་རུ་བཞིར་ཐོས། སྐུ་མཆེད་(སྟོད་ཆ།༥༤༠)གསུམ་པོ་དེ་ལ་བབཀའི་ཆུ་བོ་བབས་པའི་སློབ་མ་དཔག་ཏུ་མེད་ཀྱང་གདུང་གི་བརྒྱུད་འཛིན་པ་འཁྲུལ་ཞིག་རིན་པོ་ཆེ་དང་། ཐམས་ཅད་མཁྱེན་པ་གཉིས་ཡིན་ཏེ། འཁྲུལ་ཞིག་རིན་པོ་ཆེ་ནི། ཡབ་བདེ་གཤེགས་ཆེན་པོ་ཤེས་རབ་འོད་དང་། ཡུམ་མཁར་ཆུའི་རྣལ་འབྱོར་མ་བྱང་ཆུབ་སྒྲོན་ཞེས་བྱ་བ་ལ། ཆུ་མོ་ལུག་གི་ལོར་སྐུ་བལྟམས། མཚན་དར་མ་སེང་གེར་བཏགས། ཡབ་ཀྱི་ཞལ་ནས། ཆོས་སྙིང་ནས་བྱེད་པ་ལ་ཡི་དམ་ཞིག་གི་བསྙེན་པ་ཐེམ་དགོས་གསུངས་ནས་ཕུར་བུའི་སྟོད་ལས་ཀྱིད་བང་བསྐུར། སྒྲུབ་རྫས་བསགས། སྙེ་མདོ་བདེ་གཤེགས་ཆེན་པོ་བསྟེན་ནས་གསན་སྦྱངས་མཛད། ཡབ་ལས་ཕུར་པའི་དབང་ཞུས་པས། ཚེ་པྲ་བཏགས་པའི་རིལ་བུ་གསུམ་བུམ་པར་བཅུག་པས་དབང་མཛད་ཙ་ན་རིལ་བབུ་དགུར་འཕེལ་བྱུང་བས་ཚེ་རིང་བར་ལུང་བསྟན། བསྙེན་པ་ལ་འབད་པས་རྟགས་ཁྱད་པར་ཅན་བྱུང་། དུག་ཕུར་ནག་པོའི་ལག་ལེན་སོགས་དང་རྡོ་རྗེ་ཕུར་པའི་ཆོས་སྐོར་ལ་མཁས། དུས་གསུམ་མཁྱེན་པ་ནི་འཁྲུལ་ཞིག་པ་དང་ཇོ་འབུམ་རྒྱན་གྱི་སྲས་སུ་འཁྲུངས་ནས། མཁན་པོ་མི་ཉག་པ་ལས་བསྙེན་རྫོགས་བསྒྲུབས། ཡབ་ལས་རྙིང་མའི་སྐོར་མང་དུ་གསན། གཅེན་སྒྲུབ་པ་པོ་ལས་ཀྱང་ཆོས་མང་དུ་གསན། སྙེ་མདོ་ཐམས་ཅད་མཁྱེན་པ་ལ་བཞུགས་པའི་ཡོན་ཏན་ཕལ་ཆེར་ལོན། སྙེ་མདོ་བ་ཡང་རོག་གི་གདུང་ཡིན་ཡང་བརྒྱུད་པ་ཆད་པས་གཙང་ནས་སོ་ཡི་གདུང་བརྒྱུད་ཅིག་སྐུ་མག་ཏུ་བྱོན་པས་དེ་ཕྱིན་གདུང་བརྒྱུད་ཕྱི་མ་རྣམས་སོ་ཡི་གདུང་དུ་སོང་། བརྒྱུད་པ་འདི་ལས་བྱུང་པའི་ཕུར་པའི་ཆོས་སྐོར་ལ་རོག་ལུགས་སུ་གྲགས་ཏེ། དུས་ཕྱིས་རོག་བདེ་གཤེགས་ཆེན་པོའི་བག་ཆགས་སད་པས་སྨིན་གླིང་མཁན་(སྟོད་ཆ།༥༤༡)ཆེན་དྷརྨཱ་ཤྲིས་ཀྱང་རོག་ཕུར་ལ་དབང་ལུང་འཆད་སྤེལ་དང་ཡིག་ཆའང་མང་དུ་མཛད་པ་ཡོད་དོ། ཕུར་པ་ལྟ་ནག་ནི། ཨོ་རྒྱན་ཡབ་ཡུམ་ནས་འབྲེ་ཨ་ཙཱ་རྱ་ས་ལེ། ལང་ལབ་ནས་རིམ་པར་ཡར་འབྲོག་པ་གུ་རུབ་ཡང་དག །འདིས་རྫོགས་རིམ་གཙོ་བོར་འདོན་པ་ཕུར་པ་མྱང་འདས་ཀྱི་རྒྱུད་ཆེན་པོ་ལ་བརྟེན་ནས་ལྷ་ཐམས་ཅད་ནག་པོར་མཛད་པས་སྣ་ནག་ཏུ་གྲགས་ལ། གཞན་རྒྱུད་སྡེ་ཕལ་ཆེར་མཐུན་པར་ལྷ་ཁྲ་ཤས་ཆེ། དེས་གྲུབ་ཐོབ་སྐོར་ཆུང་བ་ལ་བཤད། དེས་རྒྱ་སྟོན་ཇོ་གདོང་། རྒྱ་ཆོས་བཀྲས། རྒྱ་ལམ་གྲགས་སོགས་ལ་བཤད་པས་བླ་མ་རྒྱའི་ལུགས་ཞེས་གྲགས། འདི་ལ་འབྲེ་ཨ་ཙཱ་རྱ་ས་ལེ་བྱས་ཙ་ན་ལང་ལབ་ཀྱི་བར་དག་དེ་གཉིས་ཕྱི་ཐག་རིང་པས་བརྒྱུད་པ་ལྟག་མི་འཕྲོ། འབྲེ་ཨ་ཙཱ་རྱ་ནུ་རུ་ཞེས་བྱ་བས་ཚེའི་གྲུབ་བ་ཐོབ་པ་ཡིན་ཞེས་ཟེར་བའང་འདུག་སྟེ། མིང་གི་ཁྱད་པར་དུ་བྱས་ཀྱང་འགལ་བ་ནི་མེད་མོད། ཅེས་ཀུན་མཁྱེན་འཇིགས་མེད་གླིང་པས་གསུངས་སོ། །དེ་ལ་ཨ་ཙཱ་རྱ་ས་ལེ་ལོ་སྟོང་ཐུབ་པའི་དངོས་གྲུབ་ཐོབ་པར་གྲགས་པས་དོན་ལའང་གཅིག་པར་སྙམ་མོ། འོན་ཀྱང་ལྦ་མ་འཕགས་པ་རིན་པོ་ཆེས་སྨད་ལས་སྒྲོལ་དབང་གི་རྒྱུན་མ་རྙེད་ནས། སྤྲང་པོ་ལ་འདུག་ཀྱང་ཞུའོ་ཞེས་བཙལ་བས། མཚོ་རྒྱལ་གྱི་དངོས་སློབ་ཨ་ཙཱ་རྱ་ནུ་རུ་བྱ་བ་ཚེའི་རིག་འཛིན་ཐོབ་པ་ཞིག་བསིལ་བ་ཚལ་ལ་སོགས་པའི་གནས་ངེས་མེད་དུ་རྒྱུ་བར་ཡོད་ཟེར་བ་ཐོས། དེར་གློ་བོར་ལོ་ཙཱ་བ་ལ་གསེར་མང་པོ་བསྐུར་ནས་ཨ་ཙཱ་རྱ་ནུ་རེ་རེས་འགའ་བལ་པོར་བྱོན་ཟེར་བས་སྒུག་ཏུ་བཅུག་པས་སྒྲོལ་དབང་གི་རྒྱུན་ཐོབ་པ་ཡིན་ཞེས་ཟེར་རོ། ཡང་སློབ་དཔོན་བཱི་མ་ལ་ནས་བརྒྱུད་པའི་ཕུར་པ་གསང་བའི་རྒྱུད་ལ་(སྟོད་ཆ།༥༤༢)བརྟེན་པ་ཕུར་པ་ཕུན་སུམ་ཚོགས་པ་དང་། གསང་བའི་རྒྱུ་དྲུག་དང་། ཤྲཱི་ལ་ཡ་ཧནྡྲ་བཅུ་གནིས་ནས་བསྡུས་པ་གཤམ་སྔོན་ཆན་གྱི་སྐོར། གཉགས་དང་སོག་པོ་དཔལ་ཡེ་ལས་བརྒྱུད་པའི་ཚུལ་བྱུང་ནི། གོང་དུ་བབས་སོ་གསུམ་གྱི་དང་པོ་ གཉགས་ལ་བབས་ཚུལ་རྒྱས་པར་སྨོས་ཟིན་པའི་སྐབས་སུ་ལེགས་པར་བཤད་པ་ལྟར་ཡིན་ལ། ཡང་རྡོ་རྗེ་ཕུར་པ་འོ་བྲན་ལུགས་སུ་གྲགས་པ་ནི། གཉགས་ཀུ་མ་ར་ལ་སློབ་མ་དཔལ་བརྒྱད་དུ་གྲགས་པའི་ནང་གསལ། འོ་བྲན་དཔལ་གྱི་གཞོན་ནུས་དཀོར་ནོར་དང་ཞིང་ཡུལ་ལ་སོགས་པ་ཕུལ། བརྟུལ་ཞུགས་དང་དཔའ་རྩལ་གྱིས་སློབ་དཔོན་གྱི་ཐུགས་བཟུང་བས་མཉེས་ཏེ་ཕུར་པ་ཕུན་སུམ་ཚོགས་པ་དང་། གཤམ་སྔོན་ཅན་གཉིས་གནང་བས་ཕྲིན་ལས་རྒྱ་ཆེ་ཞིག་རྒྱུན་མི་ཆད་པ་བྱུང་ཞིང་། ཁྱད་པར་གྲུབ་ཐོབ་ཟམ་མ་ཆད་པར་བྱོན་ཏོ། དེ་ལ་འོ་བྲན་དཔལ་གྱི་གཞོན་ནུ་སྐུ་འདས་ནས་ཟླ་བ་ལྔ་དྲུག་ནས། སྲས་འོ་བྲན་པད་འབྱུང་འཁྲུངས། སྐུ་ནར་སོན་པ་ན། ཡབ་མེས་ཀྱི་ཕྱག་དཔེ་རྣམས་གཟིགས་པས་དད་དེ། ལུང་རྒྱུད་རྩད་བཅད་པས་རིང་མོ་ཞིག་ལོན་པ་ན། གྱེ་རེ་གཉན་རྩེའི་རི་ཁྲོད་ན་གནུབས་སྟོད་པདྨ་དབང་རྒྱལ་བཞུགས་ཟེར། དེ་མ་ཐག་བྱོན་ནས། གསེར་སྲང་བཅོ་བརྒྱད་ཀྱིས་སྣ་དྲངས་པའི་འབུལ་བ་མང་པོ་བྱས་ནས་ལོ་གཉིས་ལ་རྫོགས་པར་མི་སྟེར་བས། ཆིག་བརྒྱུད་བཀའ་རྒྱ་དང་། གསེར་གྱི་འབུལ་བ་མེད་པར་མི་སྟེར་བས། འོ་བྲན་གྱི་ཕུར་པ་གསེར་མགོ་ཅན་དུ་གྲགས་ཤིང་། གཞན་ཡང་གཤིན་རྗེའི་གཤེད་མཐེབ་རྒྱ་ཅན་གྱི་སྐོར་དང་། མདོ་སྒྱུ་སེམས་ལ་སོགས་པ་གནུབས་པ་ལ་བརྒྱུད་པར་འདོད་དོ། དེ་ནས་སྲས་བློ་གྲོས་དབང་ཕྱུག་གིས་རང་གི་ཡབ་འོད་བྲན་པད་འབྱུང་ལ་ཡང་གསན།(སྟོད་ཆ།༥༤༣)ཆོས་འཕྲོ་ཅུང་ཟད་མ་རྫོགས་པ་ལ་ཡབ་གཤེགས་པས་གནུབས་ཀྱི་སླེ་མར་གཉགས་པད་འབྱུང་གི་སྲས། གཉགས་པདྨ་རྒྱལ་པོ་ལ་རྫོགས་པར་གསན་ཏེ་བརྒྱུད་པ་གཉིས་ལྡན་དུ་བྱེད་དོ། དེ་ནས་སྤྲུལ་སྐུ་རི་རབ་དམ་པའི་བར་དུ་འོ་བྲན་གདུང་བརྒྱུད་རྣམས་ལ་བརྒྱུད་ཅིང་། གདུང་བརྒྱུད་ཀྱང་དེང་སང་གི་བར་དུ་ཡོད། གཞན་ཡང་གསར་མ་མ་དར་གོང་དུ་བོད་སྤྱིའི་ཡི་དམ་ཡང་ཕུར་པ་ཕོ་ན་ཡིན་པས་བརྒྱུད་རབས་སུ་བསྔགས་འོས་པ་ཤ་སྟག་བྱུང་སྟེ། ཕྱུང་པོ་དང་། འགོས་དང་། སང་དང་། རླང་དང་། རྔོག་དང་། རམ་དང་། སོ་དང་། ཟུར་དང་། གནུབས་དང་། གུར་དང་། རོང་ལུགས་ལ་སོགས་ཏེ་བརྒྱུད་ཚུལ་ཐ་དད་པ་མང་དུ་བྱུང་སྟེ། དེ་ཡང་། ཕྱུང་པོ་ནི་ཤངས་ཀྱི་ཡུལ་དུ་ཕྱུང་པོའི་རིགས་ལས་ནུས་པ་ཐོབ་པའི་སྔགས་འཆང་རྡོ་རྗེ་ཕུར་པ་ལ་ཡི་དམ་དུ་བྱེད་པར་བརྒྱུད་མར་བྱོན་པ་ལས། གྱ་པ་གངས་པ་རིན་ཆེན་འོད་ཟེར་གྱིས་རྗེ་དུས་གསུམ་མཁྱེན་པའི་ཞབས་ལ་བཏུད་པ་ནས་བཟུང་བཀའ་བརྒྱུད་པར་གྱུར་ཀྱང་ཡབ་མེས་ཀྱི་ཆོས་ལུགས་ཀྱང་མ་དོར་བར་བསྐྱངས་ཤིང་། འབྲོང་བུ་དགོན་སྙིང་། དགོན་གསར་སོགས་རིམ་པར་བཏབས་པས་དེ་ཕྱིན་མི་བརྒྱུད་ལ་འབྲོང་བུ་བར་གྲགས་ཤིང་སྒྲུབ་རྒྱུད་རིན་པོ་ཆེའི་ཆོས་སྲིད་ཀྱི་མངའ་ཐང་དགུང་ལ་རེག་པའི་དུས་སུ་གོ་ས་མཐོན་པོར་སོན་ཏེ་འབྲོང་བུ་གོ་ཤྲི་ཞེས་པའི་ལུང་ལག་རྟགས་ཀྱི་ཆེ་ཞིང་སོགས་ཙམ་དན་དགོན་ཡུལ་མི་སྡེ་དགོན་ལྕགས་ཟམ་དང་བཅས་པའི་བདག་པོ་བྱེད་པ་ཞིག་ཡིན་ཀྱང་དུས་ཀྱི་འགྱུར་བས་ཀར་སྲིད་ཉམས་དམས་པའི་སྐབས། ལོ་དང་། ཤག་དང་། བོང་སོགས་བྱང་འབྲོག་རྣམས་སུ་མི་ཚན་སོ་སོར་གྱེས་པ་ལས་དེང་སང་གི་བར་དུ་མི་བརྒྱུད་དང་ཆོས་བརྒྱུད་(སྟོད་ཆ།༥༤༤)མ་ཆད་པར་ཡོད་དེ། འདི་དག་སྔོན་རྙིང་མ་བཀའ་མ་བྱེད་པས། དེང་སང་ཡང་གཤིན་ཆོག་སོགས་ཞི་ཁྲོ་པདྨ་བརྒྱ་ལྡན་དང་། ཡི་དམ་རྡོ་རྗེ་ཕུར་པ་ལ་བྱེད། འོན་ཀྱང་ཕུར་པ་ནི་ཁོང་རྣམས་ཀྱི་ཡབ་མེས་སེང་གེ་རྒྱལ་མཚན་གྱིས་པཎྜི་ཏ་ཕྲ་ལ་རིང་མོ་ཟེར་བ་ལས་ཞུས་ཟེར་བའི་ངག་སྒྲོས་སྣང་ཡང་། གཞན་དུ་ཕྲ་ལ་རིང་མོའི་ལུགས་ཡོད་པར་མ་གྲགས་མོད། འོན་ཀྱང་ཁ་ཆེ་པཎ་ཆེན་ལ་སློབ་དཔོན་པདྨས་དགོས་སུ་གནང་བའི་ཕུར་པའི་གདམས་པ་ཡོད་པ་དང་། འཕགས་ཡུལ་དུའང་ཀླུ་སྒྲུབ་དང་། ཐོགས་མེད་ཀྱི་ཕུར་པའི་གཞུང་ཡོད་པར་གྲགས་པས། ཕྲ་ལ་རིང་མོ་ནས་བརྒྱུད་པ་མིན་པའི་ངེས་པའང་མེད་མོད་ཀྱི་དེང་སང་ནི་རྡོ་རྗེ་ཕུར་པ་གཉགས་ལུགས་སུ་འདུག །འདི་རྣམས་ཀྱི་མིང་ཚན་སོ་སོར་མཚན་མ་རྫས་ཀྱི་ཕུར་པ་ལི་དམར་ལས་གྲུབ་པའི་རྩེ་ཕུ་རེ་ཙམ་ཡོད་པ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཕུར་ཡིན་པར་གྲགས་པའི་བྱིན་ལྡན། ཕུར་པ་ཤ་ཟ་དང་། ཕྲག་འཐུང་དང་། རུས་མུར་ཟེར་བ་སོགས་མི་བརྒྱུད་སོ་སོ་ལ་ཡོད་པ་འདུག་ཅིང་གཙོ་ཕུར་ནི་ཀ་པ་རིའི་འབྲང་བུ་ལ་ཡོད་པར་གྲགས། རྗེ་བཙུན་མི་ལའི་ཡབ་མེས་ཕྱུང་པོ་ཇོ་སྲས་སུ་གྲགས་པ་དེ་ཡང་ཡི་དམ་རྡོ་རྗེ་ཕུར་པ་ལ་མངོན་རྟགས་བརྙེས་པ་ཞིག་ཡིན་པ་གོར་མ་ཆགས་སོ། སད་ནི། སྔོན་སྙགས་བོན་གཉའ་རིང་གིས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་ཐོག་ཕབས་པའི་ཚེ། ཐོག་སླར་བོན་པོའི་གྲོང་ལ་འཕངས་ནས་བོན་པོ་བརླག་པར་བྱེད་པའི་སད་རྗེ་བཙན་ཁྲོམ་ཞེས་པའི་གདུང་སྡེ། གཏེར་སྟོན་གུ་རུ་ཆོས་དབང་ཡབ་མེས་ཏེ། རྡོ་རྗེ་ཕུར་པ་ལ་མཁས་པའི་སྔགས་བརྒྱུད་ཟམ་མ་ཆད་པར་བྱོན་པ་རྣམས་སོ། །(སྟོད་ཆ།༥༤༥) རྔོག་ནི། རྔོག་ཟིན་པོ་རྗེ་བྱ་བ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་འཕྲུལ་གའི་ལྷ་ཞིག་མི་ཡུལ་དུ་བབས་ཀྱང་ཟེར། མིའུ་རིགས་བཞི་ལས་སྡོང་དུ་རྟོགས་ཀྱང་ཟེར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་རྔོག་ཆེན་པོའམ་གཉན་བཙན་གྱིས། བཙན་པོ་ཁྲི་སྲོང་གིས་རྒྱ་ཡུལ་དུ་དམག་དྲངས་ཏེ་ཆོས་རྒྱལ་ཉིད་རི་དེའུ་ཞིག་གི་རྩེར་བཞུགས། དམག་རྣམས་ཡུལ་གཞན་འཇོམས་སུ་བཏང་བ་ན། རྒྱལ་པོའི་སྐུ་ལ་བདོ་བའི་དམག་གི་གྱད་པོ་འགའ་ཞིག་བྱུང་བར། བློན་པོ་རྔོག་ཆེན་པོས་རྒྱ་དམག་འགའ་ཞིག་བསད། འགའ་ཞིག་ཕྱིར་བྲོས་ཏེ། དེའི་དུས་རྒྱ་ཞོ་ཧབ་ཀྱིས་བཏབས། རྒྱ་ཕྲུག་བྲག་ལ་བརྟབས་ཟེར་བ་དེའི་མི་བརྒྱུད་ཡར་འབྲོག་དེའི་ཕྱི་རོལ་མཚོ་ཆེན་པོའི་འགྲམ་དུ་གྲོང་ཆགས་པའི་སློབ་དཔོན་པདྨའི་དངོས་སློབ་རྔོག་བཙུན་གཟིགས་སྣང་ཞེས་པས་རྒྱལ་པོའི་སྐུ་རིམ་གྱི་སྔགས་མཁན་ཆེན་མོ་མཛད། དེ་ཕྱིན་ཡི་དམ་རྡོ་རྗེ་ཕུར་པ་ལ་མངའ་བརྙེས་པའི་གྲུབ་ཐོབ་ཀྱི་བརྒྱུད་པ་བར་མ་ཆད་དུ་བྱོན་པའི་རྔོག་གཡུ་ཁྲི་ལ། དཔལ་ལེ། རཏྣ། ཡུལ་བྱིན་གསུམ་བྱོན་པའི་ཡུལ་བྱིན་གྱི་མི་བརྒྱུད་ལས་རྔོག་ལོ་ཁུ་དབོན་བྱོན་ཞིང་། དཔལ་ལེའུ་སྲས་ལ་རྔོག་ཆོས་སྐུ་རྡོ་རྗེ་འཁྲུངས་ཏེ། འདི་ཡན་གསང་སྔགས་རྙིང་མ་བ་ཡིན་ཀྱང་འདིས་མངའ་བདག་མར་པའི་ཞབས་ལ་བསྟེན་ནས་གསར་མ་མཛད། འོན་ཀྱང་གདུང་བརྒྱུད་ཕྱི་མོའི་བར་དུ་ཡབ་ཆོས་ཀྱང་བསྐྱངས་པ་ཡིན་འདུག །རམ་ནི། སྔགས་གསར་མ་ལ་ཤིན་ཏུ་མཁས་པ་ཞིག་སྟེ། ཕྱག་རྒྱ་མ་མཛེས་མ་ཞིག་ཡོད་པ་རྔོག་ཆོས་སྐུ་རྡོ་རྗེ་ལ་ཕུལ་ནས་གདམས་པ་ཞུས་ཟེར། ཁྱད་པར་དུ་ཀྱེ་རྡོ་རྗེ་ལ་མཁས་ཏེ་དགྱེས་རྡོར་རམ་ལ་ཐུག་ཟེར་བའི་(སྟོད་ཆ།༥༤༦)གཏམ་ཡང་བྱུང་། འོན་ཀྱང་ཡི་དམ་རྡོ་རྗེ་ཕུར་པ་ལ་བྱེད་པ་ཞིག་སྟེ། དགེ་བཞེས་རམ་ཉིད་ཀྱི་ཞལ་ནས། ཀྱཻ་རྡོ་རྗེ་དང་། རྣལ་འབྱོར་མ་འདི་ཆོས་ཟབ་ཀྱང་། བྱིན་རླབས་ཕུར་པ་འདི་ལས་ཆེ་བ་མེད་ཟེར་ནས་ཀུན་ལ་བསྒྲགས་སྐད། དེང་སང་ནི་རྔོག་ལུགས་དང་རམ་ནས་བརྒྱུད་པ་ཡོད་པ་མ་ཐོས། རླངས་ནི། རླངས་ལྷ་གཟིགས་པའི་གདུང་སྟེ། ཨ་མེས་བྱང་ཆུབ་འདྲེ་ཕོལ་ཞེས་སློབ་དཔོན་པདྨ་དངོས་ཀྱི་སློབ་མ་གྲུབ་ཐོབ་ཆེན་པོ་དེ། གླིང་རྗེ་གེ་སར་གྱིས་ཁམས་སུ་ལན་གསུམ་གདན་དྲངས། གྲོལ་གྱི་ཕ་ཝང་རྟ་འདྲ་ལ་ཆིབས་ནས་ཕྱོགས་བཞིའི་འདྲེ་བཞི་བཏུལ་ཟེར་བ་དེའི་མི་བརྒྱུད་ལ་སྤྱན་སྔ་ལྷ་གཟིགས་པའི་གདུང་རིམ་པར་བྱོན་ཀྱང་སྤྱན་སྔ་རིན་པོ་ཆེ་ནས་འབྲི་གུང་པར་གྱུར། འོན་ཀྱང་མངའ་རིས་ཕྱོགས་སུ་རླངས་ཀྱི་གདུང་ལས་རྡོ་རྗེ་ཕུར་པའི་སྔགས་བརྒྱུད་འཛིན་པ་འགའ་ཞིག་བྱུང་ཟེར་ཡང་ལོ་རྒྱུས་ཞིབ་པར་མ་འཚལ། འགོས་དང་། གུར་གྱི་ལོ་རྒྱུས་མ་རྙེད། སོ་ཟུར་གནུབས་གསུམ་གྱི་ལོ་རྒྱུས་ནི་གོང་དུ་མདོ་སྒྱུ་སེམས་གསུམ་སྐབས་སུ་སྨོས་ཟིན་ཏེ་དེ་དག་ཀྱང་རྡོ་རྗེ་ཕུར་པ་ལ་མངོན་རྟོགས་པ་བརྙེས་པ་ཁོ་ན་ཡིན་པར་སྣང་། དེ་དག་ཐམས་ཅད་ཀྱང་མཆོག་གི་དངོས་གྲུབ་ཐོབ་པ། ཐུན་མོང་ཙམ་དུའང་དགྲ་ཐུལ་བ་དང་། ལྷ་མ་སྲིན་བྲན་དུ་འཁོལ་བ་སོགས་མངོན་རྟགས་གཞན་ལས་མྱུར་བ་བྱུང་སྟེ། འདི་ལྟར་ཡུལ་ལ་མངོན་སུམ་དུ་སྣང་བའི་མཐུ་རྩལ་དང་། ཡུལ་ཅན་ཆོས་ཉིད་དུ་གྲོལ་བའི་བྱིན་རླབས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ། །(སྟོད་ཆ།༥༤༧) ཡང་ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཕྱི་མ་ལས། འདི་ནི་ཀོ་ས་ལ་ཡི་གླིང་། དེ་ཉིད་རིགས་ཅན་དེ་ལ་འབབ། སྤྲུལ་པ་འཇིག་རྟེན་མི་གནས་ཚེ། ཁྱེད་ཀྱི་སྤྲུལ་པདྨའི་རྒྱལ། དེ་ཡི་ནུས་པ་དོན་བྱེད་གྱུར། ཞེས་ཅིག་ཆར་བའི་རིགས་ཅན་བི་མ་ལ་ལ་སྔོན་དུ་བབས་ཤིང་། ཕྱི་ནས་བདག་ཉིད་ཆེན་པོ་འཇིགས་མེད་གླིང་པའི་ཡེ་ཤེས་ཀྱི་གཟིགས་མོར་སྤ་གྲོ་སྟག་ཚང་ཡིན་རྒྱུ་བའི་ཕུག་པ་ཁ་ཤར་ལྷོར་བསྟན་པ་ཞིག་ཏུ་རླང་དཔལ་སེང་གོས་དཀར་ཆས་ཞུགས་ཀྱིས་རྡོ་རྗེ་ཕུར་པའི་དབང་བཀུར་རྫོགས་པར་བྱིན་པ་སོགས་ལྷ་དང་བླ་མའི་བྱིན་རླབས་ཀྱི་མཚན་མ་མང་ཐོབ་པའི་ཚེ། ཕུར་པ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད་དང་། རྡོ་རྗེ་ཁྲོས་པ་སོགས་ཀྱི་རྒྱུད་དོན་བཞིན་བཀའ་བསྡུ་གསར་དུ་བྱས་ནས། ཕུར་པ་རྒྱལ་པོ་ལུགས་དང་རྗེས་སུ་མཐུན་པའི་རྡོ་རྗེ་ཕུར་པ་རྒྱུད་ལུགས་སུ་གྲགས་པ་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་མཁྱེན་དཔྱོད་ཀྱི་ཆུ་གཏེར་ལས་ཐོན་པའི་གདམས་སྐོར་ཟབ་མོ་འདི་ཡང་ཆོས་ཀྱི་ངོ་བོ་བཀའ་མ་ཡིན་པས་སྔ་འགྱུར་བཀའ་མའི་གྲས་སུ་བགྲང་ཕར་འོས་པ་ཡིན་ནོ། དེ་ལྟར་དཔལ་རྡོ་རྗེ་ཕུར་པའི་ཆོས་སྐོར་ཇི་ལྟར་བྱུང་ཚུལ་མདོ་ཙམ་བཤད་ཟིན་ཏོ། གཞན་ཡང་ཚེ་བདག་བཀའ་མ་དང་། བཀའ་བརྒྱད་བཀའ་མ་ལའང་། གནུབས་དང་། ཉང་དང་། གཉགས་སོགས་ལས་བརྒྱུད་པའི་རྣམ་གྲངས་ཐ་དད་པ་རྣམས་དང་། གཞན་ཡང་བཀའ་མར་གཏོགས་པ་མཐའ་དག་གི་བརྒྱུད་ཚུལ་མཐའ་ཡས་པའི་ཕྱིར་བརྗོད་ཀྱིས་ལངས་པ་མ་ཡིན་ནོ། དེ་ལྟར་སྔོན་གྱི་དུས་ན་ཟུར་མེས་དབོན་སོགས་དང་། དེ་དག་ལས་སློབ་མའི་རྣམ་གྲངས་ཇི་ལྟར་མཆེད་པ་བཤར་གྱིས་བཏབ་པ་དང་། དེ་དག་ལས་(སྟོད་ཆ།༥༤༨)མཆེད་པ་བགྲང་བར་མི་ལངས་པ་དུ་མས་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེ་ཞིང་རྒྱུན་རིང་བར་བསྐྱངས་པའི་བཀའ་དྲིན་ལས་གསང་ཆེན་སྙིང་པོའི་རིང་ལུགས་འཛིན་པས་གངས་རིའི་ཕྲེང་བས་མཛེས་པའི་ལྗོངས་ཆེན་པོ་འདི་ཡོངས་སུ་ཁྱབ་པར་ཁེངས་པའི་དར་རྒྱས་ཆེ་བར་བྱུང་བ་དེ་བཞིན་ལ། དུས་ཕྱིས་སྔ་འགྱུར་བཀའ་ལ་ཕལ་ཆེར་གདུལ་བྱ་རྫོགས་པ་ལྟར་གྱུར་ནས་སྟོན་གྱི་ཆུ་བྲན་བཞིན་དུ་བལྟར་མི་མངོན་པ་ལ་ཕྱོགས་པའི་ཚེ། སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་དུས་སྟེང་དུ་སོན་པ་ལས་རིག་འཛིན་གཏེར་བདག་གླིང་པ་དང་། གཅུང་ལོ་ཙཱ་བ་ངག་དབང་ཆོས་དཔལ་གཉིས་ལས། གཏེར་སྟོན་སྨོན་གྲོལ་གླིང་པ་ཞེས་གྲགས་པའི་བ་དན་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ་དཔྱངས་པ་དེའི་ཐུགས་བསྐྱེད་དང་སྨོན་པའི་ལས་ཤུགས་གོང་ས་ལྔ་པ་ཆེན་པོའི་ཐུགས་རྗེའི་གྲིབ་བསིལ་ལ་དབུགས་འབྱིན་ཐོབ་པའི་བདག་པོའི་རྐྱེན་དང་འགྲོགས་ནས། དགེ་འདུན་འདུ་བའི་པད་ཞལ་བསྐྲུན། དམ་པའི་ཆོས་འདུལ་བ་ལ་ལེགས་པར་གནས་པའི་གཞི་གསུམ་གྱི་ཆོ་ག་ལག་ལེན་དུ་འདེབས་པ་དག་ཆབ་གཅིག་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་འབབ་སྟེགས་བཅས། སྔ་འགྱུར་བཀའ་མའི་རྒྱུད་སྡེའི་དཀྱིལ་འཁོར་ཆེན་པོ་ཕལ་ཆེར་གྱི་བཤད་སྒྲུབ་ཀྱི་རྒྱུན་བཙུགས། དེ་དག་གི་ཆོ་གའི་ཁྲིགས་རིམ་མང་པོ་དང་། ཚིག་དོན་ཕུན་སུམ་ཚོགས་པའི་བསྟན་བཅོས་ལེགས་བཤད་རྨད་དུ་བྱུང་བ་མང་པོའང་མཛད་ནས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་གཞིར་བཞེངས་སུ་མཛད་པས། མདོ་སྒྱུ་སེམས་གསུམ་ཡང་ཕུར་སོགས་ཀྱིས་མཚོན་པའི་ཆོས་བཀའ་བར་ཆད་པའི་འཆད་ཉན་གྱི་རྒྱུན་ཅུག་ཟད་ཡོད་པ་འདི་དག་ནི་གཏེར་ཆེན་རིན་པོ་ཆེ་མཆེད་དང་བཅས་པི་བཀའ་དྲིན་ལས་བྱུང་(སྟོད་ཆ།༥༤༩)བ་ཡིན་ཞིང་། དུས་ཕྱིས་ཀུན་མཁྱེན་འཇིགས་མེད་གླིང་པས་ཀྱང་སྔ་འགྱུར་བཀའ་མའི་ཕྱོགས་ལའང་འཆད་སྤེལ་དང་སྒྲུབ་མཆོད་འཛུགས་པ་དང་ཁྱད་པར་དུ་གྲུབབ་མཐའ་ལྷོང་ངེས་པའི་བསྟན་བཅོས་མང་པོ་མཛད། ལྷག་པར་དུ་མདོ་ཁམས་ཕྱོགས་འདིར་གྲུབ་པའི་དབང་ཕྱུག་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཐུགས་བསྐྱེད་བླ་ན་མེད་པ་གཞན་འགྲན་དང་བྲལ་བས། ས་སྐྱེང་དབང་མོའི་ཐུགས་རྒྱུད་བསྐུལ་བའི་བདག་རྐྱེན་ལས་བསྟན་པའི་རྩ་ལག་རྒྱུད་འབུམ་རིན་པོ་ཆེ་བར་དུ་བཀོད་ནས་ཆོས་སྦྱིན་གྱི་སྒོ་བརྒྱ་ཅིག་ཆར་དུ་འབྱེད་པའི་དགའ་སྟོན་སྩལ་བ་དང་། བདག་གི་བླ་མ་རྫོགས་ཆེན་པོ་གསུམ་པ་མཆོག་སྤྲུལ་རིན་པོ་ཆེ་ངེས་དོན་བསྟན་འཞིན་བཟང་པོ་དང་། རྒྱལ་བ་ཀ༔ ཐོག་པ་སོགས་ཀྱི་ཐུགས་བསྐྱེད་བླ་ན་མེད་པས། ཀ༔ ཐོག་དང་རྫོགས་ཆེན་སོགས་གདན་ས་ཆེན་པོ་རྣམས་སུ་ལྔ་འགྱུར་བཀའ་མའི་དཀྱིལ་འཁོར་མང་པོའི་སྒྲུབ་མཆོད་དང་། རྒྱུད་ཀྱི་བཤད་སྲོལ་སོགས་དར་རྒྱས་སུ་བྱུང་བ་ནི། ཆོས་ཀྱི་སྤྱན་ལྡན་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དེ་དག་གི་ཐུགས་རྗེ་དང་ཕྲིན་ལས་ཚད་མེད་པའི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། ༣ བོད་དུ་དམ་ཆོས་འདུལ་བའི་བསྟན་པ་ཐོག་མར་བྱོན་ཚུལ་དང་གླང་དར་མས་བསྟན་པ་བསྣུབས་པའི་སྐོར། བོད་ཡུལ་འདིར་དམ་ཆོས་འདུལ་བའི་བསྟན་པ་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ཡན་ལ་མེད་དོ། ཆོས་སྐྱོང་བའི་རྒྱལ་པོ་རས་གཟིགས་སྲོང་བཙན་སྒམ་པོས་ཀྱང་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་མང་པོ་བཞེངས། ཇོ་ཤཀ་རྣམ་གཉིས་སྤྱན་དྲངས་མདོ་རྒྱུད་འགའ་ཡང་(སྟོད་ཆ།༥༥༠)བསྒྱུར། བོད་རྣམས་ལ་དགེ་བ་བཅུའི་ཁྲིམས་བཅས་ཤིང་། སྐལ་ལྡན་འགའ་ཞིག་ལ་རྒྱལ་པོ་ཉིད་ཀྱི་ཐུགས་རྗེ་ཆེན་པོའི་གདམས་པས་རྗེས་སུ་བཟུང་བ་སོགས་ཀྱིས་བོད་མུན་གླིང་དཀར་པོར་མཛད་དེ་བསྟན་པའི་སྲོལ་གཏོད་པས་བཀའ་དྲིན་བསམ་གྱིས་མི་ཁྱབ། འོན་ཀྱང་བསྟན་པ་རིན་པོ་ཆེ་ཁྱབ་གདལ་དུ་དར་བ་ནི་མེད་ཅིང་ཁྱད་པར་དུ་རབ་བྱུང་བཙུན་པའི་མིང་ཡང་མེད་དོ། དེ་ནས་རྒྱལ་རབས་ལྔ་པ་ལ་འཇམ་དཔལ་བསྟན་པའི་འཁོར་ལོའི་སྒྱུ་འཕྲུལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་རྣམ་གཉིས་སྤྱན་དྲངས་མདོ་སྔགས་གཉིས་ཀའི་བསྟན་པ་ཤིན་ཏུ་དར་བར་མཛད་དེ། རབ་ཏུ་བྱུང་བ་མང་པོ་བསྒྲུབས་ནས་ཆོས་གྲྭ་དང་། སྔགས་ཀྱི་སྒྲུབ་གྲྭ་མང་པོའང་བཙུགས། དབུ་ཟླུམ་མདོ་ཡི་སྡེ་དང་ལྕང་ལོ་སྔགས་ཀྱི་སྡེ་ཞེས་མཆོད་གནས་སྡེ་གཉིས་སུ་གྲགས་ཏེ་དབུབའི་མཆོད་གནས་སུ་བསྐུར། ལོ་ཙཱ་བ་བརྒྱ་རྩ་བརྒྱད་སོགས་ཀྱིས་འཕགས་པའི་ཡུལ་དུ་བཞུགས་སོ་ཅོག་གི་བཀའ་ཐམས་ཅད་དང་དགོངས་འགྲེལ་བསྟན་བཅོས་ཕལ་ཆེར་ཀྱང་བསྒྱུར། རྒྱ་ནག་སོགས་ཡུལ་གཞན་ནས་ཀྱང་མདོ་རྒྱུད་མང་དུ་བསྒྱུར། བོན་དང་ཧཱ་ཤང་སོགས་ལྟ་བ་ངན་པ་རྣམས་ཀྱང་སུན་ཕྱུང་དུ་སྩལ་བསྟན་གཉིས་ཟུང་འཇུག་ཏུ་བསྐྱངས་ནས། སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་པའི་ཕྱིར་བསྟན་པ་ཡོངས་སུ་རྫོགས་པ་ནི་རྒྱལ་པོ་འདིའི་སྐུ་རིང་ལ་བྱུང་བ་ཡིན་ནོ། དེའི་རྗེས་སུ་ཡང་སྲས་དང་། དབོན་སྲས་རྣམས་ཀྱིས་ཀྱང་སྔོན་གྱི་ལུགས་སྲོལ་བཟང་པོ་མ་ཉམས་པར་བསྐྱངས་ཤིང་། ཁྱད་པར་ཕྱག་རྡོར་སྤྲུལ་པ་ཆོས་རྒྱལ་རལ་པ་ཅན་གྱིས་གསུང་རབ་སྔར་མ་འགྱུར་བ་རྣམས་བསྒྱུར་བ་དང་། འགྱུར་ཟིན་པ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་(སྟོད་ཆ།༥༥༡)ཕབ་པ་སོགས་མཛད་ཅིང་། དགེ་འདུན་བཙུན་པ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་འབུལ་བ་དང་། བླ་སྒོ་དང་པོ་དགེ་འདུན་མཆོད་གནས་རྣམས་ལ་ཕུལ་ཞིང་། དབུ་རལ་ཐེམ་པ་ལ་བཀྲམ་པའི་ཕར་དགེ་འདུན་བཙུན་པ་རྣམས་བཞུགས་སུ་གསོལ་བ་སོགས་སྲི་ཞུ་དང་བསྟའི་སྲངས་བླ་ལྷག་ཏུ་མཛད་དེ། བོད་ཡུལ་བསྟན་འགྲོའི་བདེ་ཉི་དགུང་དུ་བརྟལ་བའི་དུས་སུ། མ་དག་པའི་བློན་པོ་བདུད་རིགས་རྣམས་ཀྱི་བསམ་སྦྱོར་དང་། སྤྲིན་གྱི་དུམ་བུ་ཁྲི་དར་མ་འུ་དུམ་བཙན་གྱིས་སྔོན་གྱི་ལོག་སྨོན་དུས་སྟེང་དུ་སོན་པའི་སྟབས་ཀྱི་སྤྲུལ་པའི་ཆོས་རྒྱལ་བཀྲོངས། བོད་ཁམས་བསྟན་འགྲོའི་བདེ་སྐྱིད་ཐམས་ཅད་ཅིག་ཆར་དུ་བཤིགས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལོ་ཏོག་ལ་སེར་བའི་བྱ་བ་བཞིན་དུ་རྨེད་མེད་དུ་བཅོམ། དགེ་འདུན་བཙུན་པའི་མིང་ཡང་མེད་པར་མིང་ཡང་མེད་པར་ལོ་བདུན་ཅུ་ལྷག་ཙམ་བྱུང་། ༤ བོད་དུ་བསྟན་བ་ཕྱི་དར་གྱི་སྐོར། དེའི་དུས་སུ་དམར་གཡོ་གཙང་གསུམ་གྱིས་ཁམས་སུ་བྱོན་ནས་བླ་ཆེན་ལ་སྡོམ་པ་ཕོག དེ་ལས་དབུས་གཙང་གི་མི་བཅུས་སྡོམ་པ་ནོད་ནས་དབུས་སུ་བྱོན་ཏེ། དེ་དག་ལས་སྡོམ་རྒྱུན་འཕེལ་ཏེ་འདུལ་འཛིན་གྲངས་མེད་པ་བྱུང་བ་རྣམས་ཀྱིས། གཙུག་ལག་ཁང་དང་། ཆོས་གྲྭ་མང་པོ་བཏབས། གནས་གཞི་གྲངས་མེད་པ་བརྩིགས་སྟེ་བསྟན་པ་ཕྱི་དར་གི་ཐོག་མ་དེ་བྱུང་བ་ཡིན། དུས་དེ་ཙམ་ན་སྔགས་ཀྱི་བསྟན་པ་ནི་བསྟན་ལ་སྲི་ཞུ་བྱེད་པ་མེད་པས་ཅུང་ཟད་བག་ལ་ཞ་བ་ཙམ་ལས་ཡོངས་སུ་ནུབ་པ་མེད་དེ། གོང་དུ་གནུབས་ཆེན་གྱི་ལོ་རྒྱུས་སུ་དཀོན་མཅོག་སྔགས་པ་ལ་མི་འཚེ་ཞེས་རྒྱལ་པོས་(སྟོད་ཆ།༥༥༢)ཁས་བླངས་པ་བཞིན། འགོས་ལོ་ཆེན་པོས་དེབ་སྔོན་དུ། འདུལ་བའི་བསྟན་པ་ལ་འཕེལ་འགྲིབ་ཆེར་བྱུང་ཡང་། སྔགས་ཀྱི་བསྟན་པ་ནི་དེང་སང་གི་བར་དུ་ནུབ་མ་མྱོང་སྟེ། ཞེས་དང་། བོད་ཡུལ་འདིར་རབ་ཏུ་བྱུང་བ་མེད་ནས་ལོ་བདུན་ཅུ་ལྷག་བཅས་ཤིག་བྱུང་ཡང་། སྔགས་རྙིང་མ་བའི་སྔགས་འཆང་རྣམས་ཀྱིས་སྒྲུབ་པ་ཁྱད་པར་ཅན་གྱིས་ས་ཕྱོགས་བཀྲ་ཤིས་པར་མཛད། ཅེས་སོགས་གསུངས་པ་བཞིན་ནོ། དེ་ཡང་ཐང་ཡིག་ཆེན་མོ་ལས། རེ་ཞིག་དམ་ཆོས་འདུལ་བའི་བསྟན་པ་ནི། མེ་རོ་ཙམ་ཞིག་མདོ་ཁམས་སྨད་ནས་འབྱུང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ནི། གཞུ་རྒྱུད་ཙམ་ཞིག་སྟོད་ཀྱི་ཕྱོགས་ནས་འབྱུང་། དེ་ནས་མདོ་སྔགས་གཉིས་ཀྱི་བསྟན་པ་ནི། མ་ནུབ་ཙམ་ཞིག་མཐའ་ནས་དབུས་སུ་འབྱུང་། ཞེས་གསུངས་པ་ལྟར། དབུས་གཙང་གི་མི་བཅུ་སོགས་ཀྱིས་རབ་བྱུང་གི་སྡེ་བཙུགས་ཤིང་། གནུབས་ཆེན་དང་ཟུར་མེས་དབོན་སོགས་ཀྱིས་གསང་ཆེན་བླ་ན་མེད་པའི་བསྟན་པ་བཤད་སྒྲུབ་ཀྱིས་དར་རྒྱས་སུ་མཛད་པ་ལ་དགོངས་ཏེ། མདོ་སྔགས་གཉིས་ཀ་བསྟན་པ་ཕྱི་དར་གྱི་ཐོག་མའང་སྔ་འགྱུར་རྙིང་མའི་རིང་ལུགས་ཁོ་ན་ཡིན་ནོ། འོན་ཀྱང་རྙིང་མའི་སྔགས་བརྒྱུད་ལའང་ཟུར་ཆེན་ཤཀྱ་འབྱུང་གནས་སོགས་སྡོམ་བརྩོན་ཀྱང་མང་དུ་བཞུགས་མོད་ཀྱི་ཕལ་ཆེར་སྔགས་ཀྱིས་ལམ་ལས་དངོས་གྲུབ་བརྙེས་པ་ཤར་སྟག་བྱུང་ཞིང་། དེ་དུས་སྡོམ་རྒྱུན་གཞན་མེད་པས་གསར་པའི་སྐྱེས་ཆེན་མང་པོས་བླ་ཆེན་གྱི་སྡོམ་རྒྱུན་འདི་བཞེས་པས། སྔགས་དང་མཚན་ཉིད་གཉིས་སུ་གྱེས་ཤིང་སྡོམ་རྒྱུན་ཕལ་ཆེར་གསར་མའི་ཕྱོགས་ཤས་ཆེ་བ་འདི་བྱུང་བ་ཡིན། དེ་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་པཎ་ཆེན་དྷརྨ་པཱ་ལ་སྤྱན་(སྟོད་ཆ།༥༥༣)དྲངས་ནས་སྟོད་འདུལ་གྱི་སྡོམ་རྒྱུན་སྤེལ་ཡང་ཡུན་རིང་མ་དར་ལ། ཕྱིས་ཁ་པཎ་ཆེན་གྱི་སྡོམ་རྒྱུན་མང་དུ་འཕེལ་བས། ཕྱིས་ཚོད་རྙིང་མའི་བླ་མ་རྣམས་ཀྱིས་རང་དང་འབྲེལ་ཟབ་གང་ཆེ་བའི་ས་དགེ་དཀར་འབྲུག་སོགས་གང་རེད་ལས་སྡོམ་པ་བཞེས་ཤིང་། རང་རང་གི་གྲ་གཙང་ལའང་སྡོམ་རྒྱུན་དེ་ཕ་འབོག་པར་བྱེད་པས་སྡོམ་རྒྱུན་སྣ་ཚོགས་ཞིག་ལས་གཅིག་ཏུ་མ་ངེས་ཀྱང་། དུས་ཕྱིས་ཀུན་མཁྱེན་རྒྱལ་བ་ལྔ་པ་ཆེན་པོའི་ཐུགས་བཞེད་བཞིན། རིག་འཛིན་གཏེར་བདག་གླིང་པ་དང་བཀའ་བགྲོས་ཀྱིས་གྲྭ་ས་ཆེན་པོ་ཨོ་རྒྱན་སྨིན་གྲོལ་གླིང་དུ་འདུལ་བའི་སྡོམ་རྒྱུན་ཁྱད་འཕགས་འདི་བཙུགས་ནས་གཞི་གསུམ་ཆོ་ག་གསོ་སྦྱོང་དབྱར་གནས་བགགས་དབྱེ་སོགས་ཀྱིས་མཚོན་པའི་ཕྱག་ལེན་ཕྲ་ཞིག་ཕྲ་བའང་ཤིན་ཏུ་རྣམ་པར་དག་པའི་འདུལ་གྲྭ་ཤིན་ཏུ་དངོས་གཙང་ཞིང་དང་བ་འདྲེན་པ་འདི་བཞིན་ཇི་སྲིད་བསྟན་པ་གནས་ཀྱི་བར་དུ་གཏན་ཆགས་པར་མཛད་པ་ནས་བཟུང་། རྙིང་ལུགས་གྲ་གཙང་ཕལ་ཆེ་བས་སྡོམ་པ་དེ་ནས་ལེན་ཅིང་། ཁྱད་པར་རྫོགས་ཆེན་རིན་པོ་ཆེ་ཁྲི་གོང་འོག་རྣམས་ཀྱིས་འདི་ནས་བསྙེན་རྫོགས་བཞེས་པ་དང་། བདག་གི་བླ་མ་ཉི་སྤྲུལ་རིན་པོ་ཆེས་ཀྱང་ཐོག་མར་རབ་བྱུང་སྨིན་གླིང་ནས་བཞེས་ཤིང་ཆོས་སྤྱོད་དུའང་སྡོམ་རྒྱུན་འདི་ཁོ་ན་བཀོད་པར་མཛད་པ་ལྟར། རང་ལུགས་སོ་ཐར་སྡོམ་རྒྱུན་གྱི་མཁན་རབ་རྣམས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པར་བྱའོ། དེ་ཡང་ཐོག་མར་བདག་ཅག་གི་སྟོན་པ་འདི། ལུང་སྔོན་འབྱུང་སོགས་འཁོར་ལོ་དང་པོའི་བཀའ་དགོངས་འགྲེལ་དང་བཅས་པ་ལས་འབྱུང་བ་ནི་སྔོན་རྒྱལ་པོ་འོད་ལྡན་དུ་གྱུར་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་(སྟོད་ཆ།༥༥༤)དྲུང་དུ་སེམས་བསྐྱེད། དེ་ནས་བཟུང་སྟེ་ཚོགས་ལམ་གྱིས་བསྡུས་པའི་ཚོགས་བསྐལ་པ་གྲངས་མེད་དུ་བསགས་ཏེ། མཛད་ལས། རྣམ་གཟིགས་མར་མར་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་སོ། དེ་ནས་བསྐལ་པ་བརྒྱར་མཚན་བཟང་གི་རྒྱུ་བསྒྲུབས་ནས་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོར་འཁྲུངས། དེ་ནས་འཛམ་བུའི་གླིང་དུ་གཟིགས་པ་རྣམ་ལྔས་གིཟགས་ནས་རྒྱལ་པོ་ཟས་གཙང་མའི་སྲས་སུ་གཤེགས་ནས། མཐར་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་དུ་བཞུགས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཚེ་རག་བྱུང་གི་བསྙེན་པར་རྫོགས་པར་སངས་རྒྱས་ཏེ། དེའང་ཚོགས་ལམ་ཆེན་པོའི་རྟེན་ལ་སྦྱོར་ལམ་དྲོད་ནས་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཀྱི་བར་སྟན་ཐོག་གཅིག་ལ་མངོན་དུ་མཛད་པ་སྟེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། བསམ་གཏམ་ཐ་རྟེན་གཅིག་ལ་ཀུན། དེ་ཡི་སྔོན་དུ་ཐར་ཆ་མཐུན། ཞེས་སོ། དེ་ནས་ཞག་ཞེ་དགུ་འདས་པ་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་ཝཱ་ར་ཎ་སིར་ལྔ་སྡེ་ལས་བརྩམས་ཏེ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བཟླས་པ་རྣམ་པ་བཅུ་གཉིས་སུ་བསྐོར་ལྔ་སྡེས་དགྲ་བཅོམ་པ་ཐོབ། ལྷ་བརྒྱད་ཁྲིས་བདེན་པ་མཐོང་། དེ་ནས་ཉེ་བའི་ལྔ་སྡེ་ལ་སོགས་པ་ནས་རབ་བཟང་གི་བར་བཏུལ་ཏེ། མྱ་ངན་ལས་འདའ་བར་སྟོན་པ་མཛད་དོ། དེ་ལྟར་སྟོན་པ་སངས་རྒྱས་ལས་སྡོམ་རྒྱུན་ཇི་ལྟར་བརྒྱུད་ཚུལ་ནི། སྤྱིར་ས་གའི་ལྷས། གང་ཕྱིར་བསྙེན་པར་རྫོགས་པ་ནི། གཞན་ཡང་བྱེ་བྲག་སྨྲ་བར་བརྗོད། ཇི་ལྟར་གནས་པ་མཁྱེན་པས་ན། འདྲེན་པ་རང་རྒྱལ་རང་བྱུང་གིས། །འཕགས་(སྟོད་ཆ།༥༥༥)བ་ཀཽ་དི་ནྱ་སོགས། ལྔ་སྡེ་རྣམས་ནི་ངེས་པ་ལས། གང་ཞིག་སློབ་མ་བཟང་སྡེ་རྣམས། ཐམས་ཅད་སྐྱབས་སུ་འགྲོ་བས་ཐོབ། །ཕོ་ཉ་ཡིས་ནི་མཆོག་སྦྱིན་མ། ཚུར་སོག་དགེ་སློང་ཞེས་བྱས་ཀྱང་། །སྟོན་པར་ཁས་བླངས་པ་ལས་ནི། །དགེ་སློང་འོད་སྲུང་བདག་ཉིད་ཆེ། །དྲི་བ་མཉེས་པ་ཉིད་ཀྱིས་ནི། སློབ་མ་ལེགས་སྦྱིན་དེ་བཞིན་ནོ། །དབུས་དང་མཐའ་ཁོབ་ས་དག་ལ། །བསྙེན་རྫོགས་ཡང་དག་བསྟན་པ་ནི། བཅུ་དང་ལྔ་ཡི་ཚོགས་ཀྱིས་ལམ། དེ་ལས་ལྷག་པས་ཀྱང་ནི་རུང་། དེ་བཞུན་འཁོར་ཚོགས་བཅས་པ་ཡི། །ཀཽ་ཏ་མ་ལྕི་ཆོས་ཀྱིས་ཞེས་བསྙེན་པར་རྫོགས་ཚུལ་བཅུ་གསུངས་པ་ལས། རང་བྱུང་གི་བསྙེན་རྫོགས་ནི། ཡུལ་གཞན་ལ་མ་རྟེན་པར་སྲིད་པ་ཐ་མའི་གང་ཟག་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་བརྙེས་པའི་ཚེ་རང་གི་ངང་གིས་རྫོགས་པ་ཡིན་ལ། འཕྲིན་དང་བཅུའམ་ལྔའི་ཚོགས་ཀྱི་རྫོགས་པ་གཉིས་ནི་ཆོ་གའི་རིག་བྱེད་ལ་བརྟེན་ཞིང་། ། དེ་ལྷག་བདུན་པོ་སྟོན་པའི་ཐུགས་རྗེ་ལ་བརྟེན་ནས་རང་གི་ངང་གིས་བསྙེན་པར་རྫོགས་པ་ཡིན་པས་ཡུལ་སྟོན་པ་སངས་རྒྱས་ལ་བརྟེན་པའི་བསྙེན་རྫོགས་ཏེ། དེ་ལས་ལའདིར་ནི་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་པ་ཤཱ་རིའི་བུ་ལས་བརྒྱུད་པ་ཡིན་ནོ། ༥ རང་ལུགས་སོ་ཐར་སྡོམ་རྒྱུན་གྱི་མཁན་རབ་རྣམས་ཀྱི་བྱུང་བ་བརྗོད་པ། དེ་ལ་ཤེས་རབ་ཅན་གྱི་མཆོག་འཕགས་པ་ཤཱ་རིའི་བུ་ནི་ཡབ་བྲམ་ཟེ་སྐལ་རྒྱལ་དང་། ཡུམ་བྲེམ་ཟེ་མོ་ཤཱ་རི་ཀའི་སྲས་སུ་འཁྲུངས། མཚན་(སྟོད་ཆ།༥༥༦)ཀུན་ཏུ་རྒྱུ་ཉེ་རྒྱལ། ཆུང་ངུ་ནས་རིག་བྱེད་ཐམས་ཅད་ལ་མཁས། མཁན་པོ་ཡང་དག་རྒྱལ་བའི་ཐད་དུ་ཚངས་པར་སྤྱོད་ཅིང་སློབ་མ་སྐྱོང་བའི་ཚེ། མཁན་པོ་འབའ་ཀར་སངས་རྒྱས་ལས་རབ་ཏུ་ཕྱུགས་ཤིག་ཅེས་ཁ་ཆེམས་བཞག་པ་དང་། རྒྱལ་པོའི་ཁབ་ཏུ་སོང་བ་ན་འཕགས་པ་རྟ་ཐུལ་མཐོང་བས་དད་དེ། ཁྱོད་ཀྱི་སྟོན་པ་ནི་གང་། ཅིའི་ཕྱིར་རབ་ཏུ་བྱུང་། སུའི་ཆོས་ལ་དྲིས་པ་ལ་ལན་བཏབ་པས། ཉེ་རྒྱལ་གྱིས་དེའི་ཆོས་སྟོན་ཅིག རྟ་ཐུལ་གྱིས་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། ཞེས་སོགས་གསུངས་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་སྟེ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་མཐོང་ན་རང་གཟུགས་ཀྱི་སྐུ་ལྟ་བའི་ཕྱིར་འགྲོའི་ཞེས་མཽ་ངྐལ་གྱི་བུ་དང་འགྲོགས་ནས་སོང་བ་ལས་བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པ་མཐོང་པས་ལྷག་པར་དད་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཚུར་ཤོག་ལ་ཚངས་པར་སྤྱོད་པ་ཅེས་གསུངས་པ་ཙམ་གྱིས། སྐྲ་དང་ཁ་སྤུ་རང་བྱི། ཆོས་གོས་གསུམ་བྱོན་ཞིང་ལག་ན་ལྷུང་བཟེད་བྱ་མ་བུ་མ་ཐོགས་པ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུའི་སྤྱོད་ལམ་ཤིན་ཏུ་དུལ་བར་གྱུར་ཏེ་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་ནས་རིང་པོར་མ་ལོན་པར་དགྲ་བཅོམ་པ་མངོན་དུ་མཛད་སྟོན་པས་ཤེས་རབ་ཆེན་པོ་རྣམས་ཀྱི་མཆོག་ཏུ་བསྔགས་སོ། །དེའི་མཁན་བུ་སྟོན་པའི་སྲས་འཕགས་པ་སྒྲ་གཅན་འཛིན་བཟང་པོ་ནི་ཡབ་རྒྱལ་བུ་དོན་འགྲུབ་སྟེ། རབ་ཏུ་འབྱུང་ཁར་གྲགས་འཛིན་མའི་མངལ་དུ་བཞག་ནས་བཅོམ་ལྡན་འདས་སངས་རྒྱས་པའི་ཚེ་བལྟམས་ཤིང་དེའི་ཚེ་ཟླ་བ་སྒྲ་གཅན་གྱིས་ཟིན་པས་ཁྱེའུའི་མིང་སྒྲ་གཅན་འཛིན་དུ་བཏགས། སྟོན་(སྟོད་ཆ།༥༥༧)པའི་བཀའ་འཕགས་པ་ཤཱ་རིའི་བུ་ལས་རབ་བྱུང་བ་དང་བསྙེན་པར་རྫོགས་པ་མཛད། སྟོན་པ་ལས་ཆོས་མང་དུ་བླངས་ཤིང་བསྒྲུབས་པས་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པར་གྱུར་ཏེ། ཐུབ་པ་ཆེན་པོས་བཀའ་བསྐོས་པ་བཞིན་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱ་དང་བཅས་ཏེ་བྲི་ཡང་ཀུའི་གླིང་ན་བསྟན་པ་བསྐྱོང་བཞིན་དུ་བཞུགས་སོ། དེའི་མཁན་བུ་བྲམ་ཟེའི་བཙུན་པ་སྒྲ་གཅན་འཛིན་བཟང་པོ་ནི། ཡུལ་ཨོ་དོ་བི་ཤར་བྲམ་ཟེའི་རིགས་སུ་འཁྲུངས། གཞོན་ནུ་ནས་རིག་བྱེད་ཡན་ལག་དང་བཅས་པ་རིག་པའི་གནས་བཅོ་བརྒྱད་སོགས་ལ་མཁས། དེ་ནས་ཡུལ་དབུས་སུ་བྱོན་ཏེ་འཕགས་པ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རིན་པོར་མ་ཐོགས་པར་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོའི་མཆོག་ཏུ་གྱུར་ནས་སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་སར་གཙུག་ལག་ཁང་བརྩིགས་པར་ན་ལནྡྲར་གྲགས་པ་སྟེ་ཐོག་མར་མྱ་ངན་མེད་ཀྱིས་བརྩིགས་ཤིང་། དེ་རྗེས་ཐུ་བཙུན་སྐུ་མཆེད་ཀྱིས་ཆོས་གཞིར་དར་བར་མཛད་པ་དེའི་མཁན་པོར་གྱུར་ནས་བསྟན་པ་ཆེས་ཆེས་རྒྱས་པར་མཛད། དེའི་མཁན་བུ་འཕགས་པ་ཀླུ་སྒྲུབ་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལྷོ་ཕྱོགས་བཻད་བྷར་བྲམ་ཟེའི་རིགས་སུ་འཁྲུགས། དེ་རབ་ཏུ་བྱུང་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་དང་། རིག་པའི་གནས་ཐམས་ཅད་ལ་མཁས་པར་སྦྱངས། ལོ་ལོན་ནས་སྔར་གྱི་མཁན་པོ་ལས་བསྙེན་པར་རྫོགས་ཏེ་བསྟན་པ་བསྐྱངས། དབུ་མའི་ཚུལ་ལུགས་དར་(སྟོད་ཆ།༥༥༨)བར་མཛད། ཉན་ཐོས་རྣམས་ལའང་ཕན་ཆེར་བཏགས། ཀླུ་ཡུལ་དུ་བྱོན་ནས་ཡུན་རིང་པོར་བཞུགས་ཤིང་ཆོས་གསུངས། ཤེར་ཕྱིན་རྒྱས་པ་སོགས་སྤྱན་དྲངས་ཏེ་མི་ཡུལ་དུ་བྱོན། སྔར་མཚན་དགེ་སློང་དཔལ་དང་ལྡན་པ་ཞེས་བྱ་བ་ཡིན་པ་ལས་དེ་ཕྱིན་ཀླུ་སྒྲུབ་ཆེས་གྲགས་སོ། འཕགས་པ་ཀླུ་སྒྲུབ་ཀྱི་མཁན་བུ་སློབ་དཔོན་ལེགས་ལྡན་འབྱེད་ནི། ཡུལ་ལྷོ་ཕྱོགས་མ་ལྱ་རར་རྒྱལ་རིགས་སུ་འཁྲུངས། ཀླུ་སྒྲུབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་ལ་མཁས་པར་གྱུར། ཏིང་ངེ་འཛིན་ཁྱད་པར་ཅན་ཡང་གྲུབ། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་ལྔ་བཅུ་ཙམ་གྱི་བདག་པོ་མཛད་ནས་བསྟན་པ་བསྐྱངས་སོ། དེའི་མཁན་བུ་སློབ་དཔོན་དཔལ་སྦས་ནི། ཡུལ་ཤར་ཕྱོགས་པ་སློབ་དཔོན་ལེགས་ལྡན་འབྱེད་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གསུང་རབ་མཐའ་དག་ལ་སྦྱངས་པས་ཤིན་ཏུ་མཁས། རང་རྒྱུད་གོང་མའི་གྲུབ་མཐའ་ཛིན་པའི་དབུ་མ་པ་ཆེན་པོར་གྱུར་ཏོ། དེའི་མཁན་བུ་སློབ་དཔོན་ཡེ་ཤེས་སྙིང་པོ་ནི། ཨོ་དི་བི་ཤའི་ཡུལ་དུ་འཁྲུངས། ཆུང་ངུ་ནས་རིགས་པའི་གནས་མཐའ་དག་ལ་མཁས་པར་གྱུར་པ་ཞིག་བྷཾ་ག་ལར་དཔལ་སྦས་ཀྱི་དྲུང་དུ་བྱོན་ཏེ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཆོས་ཉན་པས། ལེགས་ལྡན་སྲོལ་འཛིན་དབུ་མ་པ་ཆེན་པོར་གྱུར། དེའི་མཁན་བུ་གངས་ཅན་བསྟན་པའི་ཉི་མ་ཨཱཙཔོརྱ་བོ་དྷ་ཧྭ་ནི། ཤར་ཕྱོགས་བྷཾ་ག་ལའི་ཡུལ་དུ་ས་ཧོ་རའི་རྒྱལ་པོའི་རིགས་སུ་འཁྲུངས། སློབ་དཔོན་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་(སྟོད་ཆ།༥༥༩)ཡོངས་གྲགས་ཤནྟ་རཀྵི་ཏ་སྟེ་ཞི་བ་འཚོའོ། །དྷརྨ་ཤིཏྣ་གྷོ་ཥ་སྟེ་ཆོས་ཞི་བའི་དབྱངས་ཞེས་ཀྱང་ཟེར་ཏེ། ཐེག་པ་ཆེ་ཆུང་གི་ཆོས་མཐའ་དག་མཁྱེན་པར་མཛད། ལྷག་པར་རང་རྒྱུད་གོང་མའི་རིགས་ལུགས་འཛིན་པའི་དབུ་མ་པ་ཆེན་པོར་གྱུར། དབུ་མ་རྒྱན་ལ་སོགས་པའི་བསྟན་བཅོས་ཀྱང་མཛད་དེ་འཕགས་ཡུལ་དུ་བསྟན་པ་ཡུན་རིང་དུ་བསྐྱངས། དེ་ནས་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱིས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཛུགས་པར་བཞེད་པ་ན། རྦ་གསལ་སྣང་མང་ཡུལ་གྱི་ཁང་དཔོན་ལ་བསྐོས་པས། བལ་པོར་མཁན་པོ་ཞི་བ་འཚོ་བཞུགས་པ་མཇལ་དུ་ཕྱིན་ནས་སེམས་བསྐྱེད་ཞུས། སླར་བོད་དུ་འོངས་ནས་བཙན་པོ་ལ་ཞུས་པས། བཙན་པོའི་ཞལ་ནས། རེ་ཞིག་གཞན་ལ་མ་སྨྲ་བར་སོང་དང་། དུས་ལ་བབས་པ་ན་སྤྱན་འདྲེན་ནོ་གསུངས་པས། དེ་ནས་གསལ་སྣང་ཡུལ་དུ་ལོག དེར་ཕོ་ཉ་བྱུང་བས་གསལ་སྣང་གིས་མཁན་པོ་སྤྱན་དྲངས་ནས། ཕོ་བྲང་ཀླུང་འཚུགས་སུ་བཞུགས་ནས་ཆོས་གསུངས་པས། ལྷ་འདྲེའི་ཚུབ་ལྷོང་གིས། གཙུག་ལག་ཁང་བཞེངས་པ་དང་། ཆོས་བྱར་མ་བཏུབས་པས། སླར་མཁན་པོ་བལ་ཡུལ་དུ་བྱོན། དེ་ནས་བཙན་པོས་མཁན་པོ་དང་། སློབ་དཔོན་པདྨའང་སྤྱན་དྲངས་པས། སློབ་དཔོན་གྱིས་བོད་འདྲེ་མ་རུང་པ་ཐམས་ཅད་བཏུལ་ནས་དམ་ལ་བཏགས་ཏེ། ཆོས་ཅི་བདེར་བགྱིད་བཏུབས་པ་དང་། བསམ་ཡས་ཀྱི་གཙུག་ལག་ཁང་བརྩིགས་པའང་ལོ་ལྔ་ནས་ལེགས་པར་བཞེངས་པ་སོགས་གོང་དུ་རྒྱས་པར་སྨོས་པ་ལྟར་ལས། ལུག་གི་ལུ་ལ་ཨ་ཙརྱ་བོ་དྷི་ས་ཧྭ་མཁན་པོ་མཛད་དེ་རྦ་དཔལ་དབྱངས་དང་སད་མི་བདུན་(སྟོད་ཆ།༥༦༠)རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་ནས་ཀྱང་དད་པ་ཅན་དང་ཤེས་རབ་ཅན་མང་པོ་རབ་ཏུ་བྱུང་བས་དགེ་འདུན་གྱི་སྡེ་དང་འདུལ་བའི་བསྟན་པ་བཙུགས་ནས་དར་ཞིང་རྒྱས་པར་མཛད་དོ། དེའི་མཁན་བུ་རྦ་རཏྣ་ནི། ཡུལ་ཡར་ལུང་པ་ཡིན་ཟེར། རུས་སྦ་ཨང་ཙརྱ་བོ་དྷ་ས་ཧྭ་སོགས་ལས་ཆོས་མང་པོ་སློབ་འི་ཞང་བློན་དད་པ་དང་ཤེས་རབ་ཕུན་སུམ་ཚོགས་པར་མངའ་བ་ཞིག་ཡིན། ནམ་ཞིག་གི་ཚེ་བཙན་པོའི་ཞལ་ནས། ངའི་བོད་ལ་དགེ་སློང་མེད་པས་ངའི་བློན་པོ་དག་ལ་དགེ་སློང་བཏུབ་བམ་ཞེས་ཞུས་པས་མཁན་པོའི་ཞལ་ནས། བཏུབ་བམ་སད་པར་བྱ་གསུངས་ཏེ། ལུག་གི་ལོ་དཔྱིད་ཟླ་ར་བའི་ཚེས་བརྒྱད་ཀྱི་ཉིན་ཨ་ཙརྱ་ཞི་བ་འཚོས་མཁན་པོ། དཱ་ན་ཤི་ལ་དང་། འཛིན་མི་ཏྲ་གནིས་ཀྱིས་ལས་སློབ་དང་གསང་སྟོན། པཎྜི་ཏ་གཞི་བཅུ་པོས་ཁ་སྐོང་བྱས་ཏེ། བོད་མི་ལ་དད་པ་ཆེ་བ་རྦ་ཁྲི་གཟིགས་རབ་ཏུ་བྱུང་ཞིང་བསྟེན་པར་རྫོགས་མ་ཐག་ལྔའི་མངོན་ཤེས་དང་ལྡན་པས་བཙན་པོ་དགྱེས་ཏེ། དེའི་ཞབས་སྤྱི་བོར་བླངས་ནས་ཁྱོད་བོད་ཀྱི་རཏྣ་ཡིན་ནོ། །ཞེས་བཀའ་བསྩལ་པས་མཚན་རྦ་རཏྣ་ཞེས་གྲགས། མཚན་དངོས་དཔལ་དབྱངས་ཡིན་ཞེས་རྦ་བཞེད་ཆེ་བ་ནས་འབྱུང་གསུངས་ཏེ། བོད་ཀྱི་རབ་ཏུ་འབྱུང་བ་ལ་སྔ་བ་ཡིན་ནོ། བཙན་པོས་ད་དུང་རབ་ཏུ་ཕྱུངས་ཤིག་ཞུས་པས། སང་བགྱི་གསུངས་ནས་རྦ་གསལ་སྣང་དང་སྦ་གོར་ཧེ་འདོད་ཀྱི་བུ་སོགས་རབ་ཏུ་བྱུང་ཞིང་། མཚན་ཡེ་ཤེས་སྙིང་པོ་དང་བཻ་རོ་ཙ་ན་རཀྵི་ཏ་སོགས་བཏགས་པར་བཤད། དེ་ནས་རྦརཏྣ་གནས་བརྟན་སྡེ་སྣོད་འཛིན་པ་ཆེན་་པོར་གྱུར་ནས་བསམ་ཡས་ཀྱི་པྲ་ཏི་ཧ་རའི་མཆོད་པ་ཆེན་པོའི་དུས་སུ་དད་པ་ཅན་སུམ་བརྒྱ་ཙམ་རབ་ཏུ་བྱུང་(སྟོད་ཆ།༥༦༡)བའི་མཁན་པོ་མཛད་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེན་པོ་ཡུན་རིང་དུ་བསྐྱངས་པའི་མཐར་ཇོ་མོ་ཡིད་བཞིན་འཁོར་ལོས་བསྒྱུར་བའི་སྐུ་གཟུགས་ཀྱི་སྤྱན་ཁྱབ་ཕྱུང་བ་སོགས་ངོ་མཚར་ཆེ་བའི་རྟགས་མང་པོ་བསྟན་ནས་སྐུ་གཤེགས་སོ། དེའི་མཁན་བུ་བསྟན་པ་ཕྱི་དར་གྱི་རྩ་བ་དམར་གཡོ་གཙང་གསུམ་ཞེས་གྲགས་ཏེ་གྲུབ་པ་དེ་ཉིད་ཡིན་ལ། འཇེད་ཀྱི་གྱེལ་མི་གཙང་རབ་གསལ། བོ་དོང་པ་གཡོ་དགེ་འབྱུང་། སྟོད་ལུང་པ་དམར་ཤཱཀྱ་མུ་ནི་གསུམ་གྱིས་རྦ་རཏྣ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་ཅོག་གྲུབ་དང་རང་གི་མཁན་པོ་སོགས་ལས་གསུང་རབ་སྦྱངས་པས་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ཏེ། དཔལ་ཆུ་བོ་རིའི་སྒོམ་གྲྭ་ན་བསམ་གཏན་སྒོམ་ཞིང་བཞུགས་པ་ལས་ལྕགས་བྱ་ལ་ཁྲི་དར་མ་འུ་དུམ་བཙན་གྱིས་བསྟན་བསྣུབས་པའི་ཚེ་ཀརྨ་ཤ་ཏམ་སོགས་འདུལ་མངོན་གྱི་དཔེ་ཆ་རྣམས་ཁྱེར་ནས། དང་པོ་སྟོད་པྱོགས་ལ་བྲོས་རྒྱལ་པོ་ཁྲིམས་ཀྱིས་ཁྱབ་པས་འཇིགས་ཏེ་ཉིན་པར་ཡིབ་ཅིང་མཚན་མོ་ལམ་བཅད་སོང་བས་མངའ་རིས་སུ་སླེབས། དེར་ཡང་བཞུགས་མ་ནུས་པར་གར་ལོག་ནས་ཐོན་ཏེ་བྱང་སྟོད་བརྒྱུད་ཧོར་ཡུལ་དུ་བྲོས། ཧོར་གྱི་དགེ་བསྙེན་སཱཀྱ་ཤེས་རབ་ལ་བརྟེན་ནས་བཞུགས་སྟེ་བསྟན་དར་བར་བྱེད་དགོས་སྙམ་ནས་འབད་ཀྱང་དར་བར་མ་ནུས་པས་མདོ་སྨད་ལྷོ་འོས་ཀྱི་བེ་རི་ཚ་མཚོ་ནས་ཚུར་ཐོན་ཏེ། རྨ་ཆུའི་རྒྱུད་མདོ་སྨད་ཀྱི་དན་ཏིག་ཤེལ་གྱི་ཡང་དགོན་དུ་སྒོམ་ཞིང་བཞུགས་སོ། དེ་ནས་གཙང་རབ་གསལ་གྱི་མཁན་བུ་བླ་ཆེན་པོ་ནི། སྐྱེ་བ་སྔ་མ་(སྟོད་ཆ།༥༦༢)རྒྱལ་པོའི་འབྲོ་སྟག་སྣང་ཁྲི་གསུམ་རྗེ་ཞེས་པ་ཞིག་གིས་ལོ་སོ་ལྔ་པ་ལ་སྨོན་ལམ་བཏབ་ནས་ཚེ་འཕོས་པ་ཡིན་ཟེར། དོན་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་ཅནན་ཞིག་ཆུ་ཕོ་བྱི་བའི་ལོ་ཡུལ་ཅོང་ཁ་བདེ་ཁམས་སུ་འཁྲུངས། མཚན་མུ་ཟུ་གསལ་འབར་བཏགས། ཆུང་ངུ་ནས་རིགས་སད་དེ་ནོན་འཇམ་དཔའ་ལས་བཟླས་འདུང་བླངས། ཁང་རིན་ཆེན་རྡོ་རྗེ་ལས་བྱང་ཆུབ་ཏུ་སེམས་བསྐྱེད། སྐྱི་ལས་དབུ་ཚད་དང་། ནམ་དགའ་ལྡན་ལས་ཡོ་ག་གསན་ནས་མཁྱེན་པར་མཛད། ནམ་ཞིག་རྨ་ཆུ་ཁའི་ཕྱུགས་རྫིས་རྨ་གཡོ་གཙང་གསུམ་དན་ཏིག་ན་བཞུགས་པ་མཐོང་ནས། འདི་ལྟར་འདུག་ཅེས་མི་རྣམས་ལ་སྨྲས་པ་ཐོས་ཏེ། མུ་ཟུ་གསལ་འབར་གྱིས་བལྟར་ཕྱིན་པས་མཐོང་བ་ཙམ་གྱིས་དད་ནས། འཁོར་བའི་སྡུག་བསྔལ་བསམས་ནས་ཐར་པ་ཡི། །བདུད་རྩིས་འགྲོ་བའི་སྡུག་བསྔལ་ཞི་བྱེད་པའི། བསྟན་པ་ཕྱོགས་བཅུར་རྒྱས་པར་བྱ་བའི་ཕྱིར། དང་པོར་བདག་གིས་རབ་ཏུ་འབྱུང་བར་བྱ། སྙམ་དུ་དགོངས་ཏེ། རབ་ཏུ་འབྱུང་བར་གསོལ་བས། འདུལ་བའི་གླེགས་བུ་ཞིག་གཏད་ནས། འདི་ལྟོས་ལ་དད་ན་རབ་ཏུ་འབྱུང་བ་བྱའོ་གསུས། བལྟས་པས་ཆེས་དད་དེ་མཆི་མ་ཕྱུག་ནས་ཞུས་པས། དེར་གཙང་གི་མཁན་པོ་དང་གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་སྒྲུབས་ཤིང་། མཁན་སློབ་ཀྱི་མཚན་ལས་དྲས་ཏེ་དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས་སྐད། དེ་ནས་བསྙེན་རྫོགས་ཞུས་པས། དགེ་སློང་ལྔ་མ་ཚང་བས་མི་འོང་གསུངས་པ་ལ་སྔར་ལྷ་ལུང་དཔལ་རྡོར་ཅན་གསུམ་གློང་ཐང་ན་འདུག་པ་མཐོང་ནས་འཚོལ་དུ་ཕྱིན་པས་རྙེད་དེ། འབྱོན་པར་ཞུས་པས། དཔལ་གྱི་རྡོ་རྗེའི་གསུང་(སྟོད་ཆ།༥༦༣)ནས། ངས་རྒྱལ་པོ་སྡིག་ཅན་བསད་པས་ཁ་སྐོང་མི་འོང་གི། ངས་བཙལ་ལ་བཏང་གིས་གསུངས། རྒྱ་ནག་གི་དགེ་སློང་ཀེ་ཝང་ངང་གྱི་བན་བྱ་བ་གཉིས་འབད་པས་བཙལ་བས་རྙེད་དེ་བཏང་ངོ་། དེ་ནས་སྔར་གྱི་མཁན་སློབ་གནིས་ཀྱིས་མཁན་པོ་དང་ལས་སློབ། དམར་གྱིས་གསང་སྟོན། རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་བྱས་ནས་བསྙེན་པར་རྫོགས་ཏེ་ངུར་སྒྲིག་གི་རྒྱལ་མཚན་འཛིན་པ་ཆེན་པོར་གྱུར། འདུལ་བའི་བཤད་པ་དང་ལག་ལེན་ལ་མཁས་པར་སྦྱངས། བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པའི་ཚེ་དབུས་གཙང་གི་མི་བཅུས་མདོ་ཁམས་སུ་ཕྱིན་ནས་གཙག་ལ་བསྙེན་རྫོགས་ཞུས་པས། ང་རྒས་པས་མཁན་བུ་མི་འཁྱོངས་པས་བླ་ཆེན་པོ་ལ་ཞུས་ཤིག་གསུངས་པ་ལྟར་ཞུས་པས། དེས་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་མི་བཏུབ་གསུངས་པ་ལ་གཙང་གི་ཞལ་ནས། དམིགས་གསལ་ལ་གང་ཟག་ཁྱད་པར་ཅན་གྱིས་བཏུབ་པས་གྱིས་གསུངས་ཏེ། བླ་ཆེན་གྱིས་མཁན་པོ་མཛད་ནས་ཆིག་རྫོགས་མཛད་དོ། །དེ་ལ་ནུས་པ་ཅན་གྱི་མི་བཅུ་ནི་དབུས་ན་ཀླགས་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཉལ་པ་འབྲིང་ཡེ་ཤེས་ཡོན་ཏན། གཡོ་རུ་བ་རྦ་ཚུལ་ཁྲིམས་བློ་གྲོས། རཀྴི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་དང་ལྔའོ། གཙང་ནས་མགུར་མོ་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག །ཤབ་སྒོ་ལྔ་བ་ཚང་བཙུན་ཤེས་རབ་སེང་གེ། མངའ་རིས་པ་འོད་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པད་ཀར་དང་ལྔའོ། དེ་ནས་ལོ་བཅུ་ཙམ་སོང་ནས་མི་ཉག་སྒའི་ཡུལ་དུ་བྱོན་ཏེ་གོ་རོང་སེག་གེ་གྲགས་ལའང་འདུལ་བ་གསན་པས། ལུང་སྡེ་བཞི་བསྟན་བཅོས་དང་བཅས་པའི་གླེགས་བམ་བླ་ཆེན་པོ་ལ་བྱིན་ནས་བསྟན་པ་(སྟོད་ཆ།༥༦༤)གསལ་བར་གྱིས་ཤིག་ཅེས་གདམས། དེ་ནས་དབུས་སུ་བྱོན་པར་བཞེད་པ་ལ་ལྷོ་བལ་དུ་ཆོས་མང་པོར་སྦྱངས་པའི་ཀྭ་འོད་མཆོག་གྲགས་པ་བྱ་བ་ཁམས་སུ་བྱོན་ཟེར་བ་གསན་ནས་སླར་བཟློག་སྟེ། ཕར་ཕྱིན་དང་བྱང་ས་སོགས་ཆོས་མང་པོ་ལ་སྦྱངས། བཻ་རོའི་སློབ་མ་གཡུ་སྨྲ་སྙིང་པོ་ལ་རྫོགས་ཆེན་སེམས་ཕྱོགས་གསན་ཏེ། དེ་ལས་བརྒྱུད་པ་རོང་ཟོམ་ལ་མངའ་བར་གྲགས་ཤིང་། ཀུན་བྱེད་རྒྱལ་པོ་བཤད་རྒྱུད་བཞི་དང་བཅས་པ་ཨ་རོའི་ལུགས་ཀྱང་བླ་ཆེན་པོ་ནས་གྲུམ་ཤིང་གླག་ཅན་ལ་བརྒྱུད་དེ་དེང་སང་གི་བར་དུ་དར་བ་ཡོད་དོ། ནམ་ཞིག་གི་ཚེ་མནལ་ལམ་དུ་གླང་ཆེན་ལ་ཆིབས་ཤིང་ནོར་བུ་བསྣམས་ནས་ཚོང་འདུས་ཀུན་ཏུ་བྱོན་པ་ལ། མི་ཀུན་ན་རེ། བཙུན་པ་ཁྱོད་ཀྱི་ནོར་བུ་བཟང་སྟེ། རི་ཞིག་ཉོ་བའང་མེད། རིན་ཡང་མི་ཐེག་ཟེར། མནལ་སད་ནས་རེ་ཞིག་སྒྲུབ་པ་མཛད་པར་དགོངས་པ་ན། གཞི་བདག་གི་མི་མ་ཡིན་རྣམས་ཀྱིས་དད་པ་ཆེན་པོས་འབྱོན་པར་ཞུས་པ་ལྟར་དན་ཏིག་ཏུ་བྱོན་ནས་སྒོམ་པ་ལ་བཞུགས་ཤིང་། ས་ཕྱོགས་དེ་དག་ཏུ་གཙུག་ལག་ཁང་དང་མཆོད་རྟེན་མང་པོ་ཡང་བཞེངས་སོ། ས་ཕྱོགས་དེ་དག་ཏུ་གཙུག་ལག་ཁང་དང་མཆོད་རྟེན་མང་པོ་ཡང་བཞེངས་སོ། དད་པ་ཅན་མང་པོ་རབ་ཏུ་བྱུང་བའི་མཁན་པོའང་མཛད། བརྒྱ་བྱིན་སོགས་ལྷ་རྣམས་ཆོས་ཉན་དུ་འོང་བར་གྲགས། འཁོར་རྣམས་ཀྱིས་ཀྱང་མདང་ངོ་མཚར་བའི་སྣང་བ་འདི་དང་མི་འདྲ་བ་སྣང་བས། བླ་ཆེན་ཉིད་ངེས་པར་སྤྲུལ་པའི་སྐུ་ལགས་སུམ་ནུས་པས། ལན་དུ་སྤྲུལ་པ་མ་ཡིན། བདག་ནི་ཐེག་ཆེན་པ་ཆེན་པོའི་སྦྱོར་ལམ་པ་སྣང་བ་ཐོབ་པ་ལ་བཞུགས་པའི་བནྡེ་དགེ་བ་རབ་གསལ་ཡིན། ཞེས་པ་གསུངས། དགུང་ལོ་བརྒྱད་ཅུ་རྩ་བཞི་པ་ཤིང་ཕག་གི་ལོ་ལ་སྐུ་གཤེགས་ཀར་བཀའ་ལས། འཕགས་པ་ཐོགས་མེད་(སྟོད་ཆ།༥༦༥)དང་མཆེ་བའི་སྡེ་གཉིས་ཀྱིས་ཡུམ་གྱི་དགོངས་པ་མི་འདྲ་བར་བཀྲལ་བ་དེ་ཁོ་བོས་བྱམས་མགོན་ལ་དྲི་དགོས་ཏེ། སློབ་དཔོན་གཉིས་ཀྱང་ད་ལྟ་དགའ་ལྡན་ན་བཞུགས་ཞེས་གསུངས། ཡང་ཁོ་བོ་བྱམས་པ་མགོན་པོ་འཛམ་བུའི་གླིང་འདིར་མ་བྱོན་གྱི་བར་དུ་འདི་དག་ཏུ་སྐྱེ་བ་བརྒྱད་ཙམ་ལེན་དགོས་གསུངས་ནས་དགའ་ལྡན་དུ་གཤེགས་སོ། དེ་ཡང་བླ་ཆེན་པོའི་ཞལ་ནས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ཆོང་གེ་བློ་སྣ་བས་སྟོན་པ་གྱིས། འབྲིད་བསྐོས་མཁས་པས་གནས་གཞི་ཟུངས། ལོ་སྟོན་མཐུ་ཆེ་བས་བསྟན་བསྲུང་གྱིས། ཞེས་གསུངས་པ་ལྟར། དབུས་གཙང་གི་མི་བཅུའི་ནང་ནས་མཁན་པོར་མངའ་གསོལ་བ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཡིན་ཏེ། མདོ་སྨད་ཀྱི་ཕྱོགས་ནས་མཁན་སློབ་ཀྱི་བབཀའ་བརྒྱུད་མ་ཆད་པར་འདུག་ཅེས་ཐོས་པས་དད་ནས་མི་དགུ་དང་འགྲོགས་ཏེ་སྨད་དུ་སྡོམ་པ་ལེན་དུ་ཕྱིན། བླ་ཆེན་པོས་མཁན་པོ། གཙང་རབ་གསལ་གྱིས་ལས་སློབ། གཡོ་དགེ་འབྱུང་གིས་གསང་སྟོན། དམར་ཤཱཀྱ་མུ་ནི་དང་རྒྱའི་དགེ་སློང་གཉིས་ཀྱིས་ཁ་བསྐངས་ཏེ་ཚིགས་གསུམ་དུས་གཅིག་ལ་བར་མ་ཆད་པས་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གཞུང་ལུགས་དང་འདུལ་བའི་ལག་ལེན་ལ་མཁས་པར་སྦྱངས། གདམས་ངག་པོའང་ནོས་ཏེ། ཀླུ་མེས་ཀྱིས་མཁན་པོར། ཁོ་བོ་ཅག་དབུས་གཙང་དུ་འགྲོ་བས་མཆོད་གནས་ཤིག་ཞུ་བྱས་པས། དབུ་ཞྭ་བཞེས་འཕྲོ་དེ་ཀ་ཕུད་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་ཤིག་གསུངས་ཏེ་དབུ་ལ་དབུ་ལ་བསྐོན། ཡར་བྱོན་ཏེ་བསམ་ཡས་བཙན་པོ་ཁྲི་བྱ་བ་བཞུགས་པ་ལ་སྣ་གཏད་ནས་དེར་ཕྱགས་ཕེབས་པས། བཙན་པོས་ཀྱང་སྣང་ལེན་བྱས་ཏེ། ཁྱེད་རྣམས་ཀྱི་དཔོན་(སྟོད་ཆ།༥༦༦)གང་ཡིན་ཟེར་བ་ལ་ཀླུ་མེས་ཡིན་ཞེས་སྨྲས་པས་དབུ་རྩེའི་ལྡེ་མིག་གཏད། དེ་དཀོར་མཛོད་ཀྱིས་གང་བར་གཟིགས་ནས་འདོན་མི་ཐུབབ་པའི་ཅག་མཛད་དེ། ང་མཁན་པོར་མངགས་པས་མཁན་པོ་དཀོར་ལ་འབགས་པ་མི་རིགས་པས་འདི་མི་འཛིན་ཞེས་བཙན་པོ་ལ་ལྡེ་མིག་གཏད། དེ་ནས་ཁམ་གསུམ་ཕུལ་བས་ཀྱང་མ་བཞེས། ཀ་ཆུ་ཕུབ་བས་གཡུ་རུའི་ལམ་རྒྱགས་བྱ་ཡི་གསུངས་ཤིང་བཞེས། ཕྱིས་ཀླུ་མེས་ཀྱིས་ཡོ་བྱད་མང་པོ་ལྟ་གོན་བྱས་ཏེ་དབུ་རྩེ་གསོ་བར་བཞེད་པ་ན། སྦྱ་རག་གཉིས་ཀྱིས་བཟུང་བས་གསོར་མ་བཅུག །དེར་བཙན་པོས་བར་བྱས་སྟེ་ཀླུ་མེས་ཀྱི་གསོས་ཚར་རྗེས་རྦ་རག་ལ་གཏོང་པར་ཏེ་ལེགས་པར་གསོས། དབུ་རུར་ལ་མོ་ཆག་དེའུ། མི་ཆོས་ཀྱིས་ཁུལ་བ་ལམ་གནས་གཞན་ཡང་ལ་མོ་ར་སྒྱེལ། ཡེར་པ་བ་རེང་ཚོང་འདུས་གནས་སོགས་མཐའ་ཡས་པ་བརྩིགས་པས་ས་སྟོང་ཐམས་ཅད་ཀླུ་མེས་དཔོན་སློབ་ཀྱི་གནས་གཞིས་ཁྱབ་པ་ལྟར་གྱུར། སྔགས་འཆང་ཇོ་སྲས་རྣམས་ཀྱིས་སྔོན་འགྱུར་བའི་བཀའ་བསྟན་གྱི་གླེགས་བམ་ཆུད་མ་བཟོས་པར་སྦས་ཏེ་བཟུང་བ་རྣམས་དེ་དག་ཏུ་སྤྱན་དྲངས། དད་པ་ཅན་མང་པོ་མཚོ་ལ་དད་པ་འདུ་བ་ལྟར་འདུས་ནས་ཉིན་རེ་བཞིན་ཡང་རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེ་མང་པོ་འཕེལ་ཏེ། དེ་ཡང་གཙོ་བོར་གྲུ་མེར་དང་སྣ་སྣམ་སོགས་ཀ་བ་བཞི། གདུད་བརྒྱད། ཆམ་སོ་གནིས། རལ་མ་གྲངས་ལས་བརྒལ་བ་བྱུང་པར་གྲགས། དེ་ལྟར་བསྟན་པ་ཡུན་རིང་དུ་བསྐྱངས་མཐར་ཆེ་སྤོང་གི་སེ་ར་ཕུག་པར་བཞུགས་ནས་ཐང་དུ་བྱོན་པའི་ལམ་དུ་སྐུ་གཤེགས་ཏེ། གདུང་མཆོད་རྟེན་འདོ་ཅན་ན་མ་ཉམས་པར་བཞུགས་སོ། །དེའི་མཁན་བུ་ཀ་ཆུ་བ་གཟུས་རྡོ་རྗེ་རྒྱལ་མཚན་ནི། གཞོན་ནུ་ནས་(སྟོད་ཆ།༥༦༧)གཞི་དང་བ་རྐྱེན་གྱིས་སད་དེ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཀླུ་མེས་ཀྱི་མཁན་པོ་དང་། གྲུ་མེར་གྱིས་ལས་སློབ་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོའི་དྲུང་དུ་རྒྱ་ཆེར་འགྲེལ་དང་བམ་པོ་ལྔ་བཅུ་ལ་སོགས་འགྲེལ་ཆེན་རྣམས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། དུས་ཀྱིས་རང་གི་མཆེད་གྲོགས་ལོ་ཙཱ་བ་རླུངས་སྐྱོད་རྣམ་གཉིས་ལའང་མཁས་སྙན་མཛད་སྐད། རོང་སྐོམ་དང་པོའི་གནས་གཞི་གསོས་ཏེ་གཙུག་ལག་ཁང་བཞེངས་ཤིང་། དེར་འདུལ་བའི་བཤད་གྲྭ་བཙུགས་སོ། དེའི་མཁན་བུ་སྣེ་པོ་གྲགས་པ་རྒྱལ་མཚན་ནི། ཡུལ་རོང་ལྷོ་རྩ་བ། རུས་ཞང་གཟུས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་ཏེ་མཁས་པར་བྱས་ནས། མཁར་ཡུག་དང་། དམུར་འདུལ་བའི་བཤད་གྲྭ་བཙུགས། དེའི་མཁནན་བུ་འབྲེ་ཤེས་རབ་འབར་ནི། སྣེ་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་མཁས་པར་སྦྱངས། རྔོག་སུ་བྱོན་ཏེ། ཇོ་པོ་ས་བཙུན་ལ་ཆོས་མང་དུ་གསན། ཁྱད་པར་དུ་བསྟན་པ་སྔ་དར་གྱི་ཕ་རོལ་ཏུ་ཕྱིན་པའི་བཤད་བགྲོས་ལ་མཆོག་ཏུ་མཁས། ཕྱིས་རྔོག་ལོ་ཆེན་པོ་ལ་ཡང་ཤེར་ཕྱིན་མཁས་ཉན་མཛད་པས་རྔོག་ལོའི་ཐུགས་སྲས་དམ་པར་གྱུར། ཆོས་འཆད་པའི་ཚེ་ལྷ་རྣམས་ཆོས་ཉན་དུ་འོང་བར་ཡང་གྲགས། སློབ་མ་ཡང་ཨ་ར་བྱང་ཆུབ་ཡེ་ཤེས་སོགས་བསྟན་པའི་བདག་པོ་མཐའ་ཡས་པ་ཐོན་ནོ། དེའི་མཁན་བུ་བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་ནི་གཙང་རོང་(སྟོད་ཆ།༥༦༨)གཡུང་དུ་ལྕགས་འདུག་ལ་འཁྲུངས། འབྲེ་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སོག་ཚུལ་ཁྲིམས་བླ་མ་ལ་འདུལ་བ་གསན། ཁོང་གཤེགས་རྟིང་རྒྱ་འདུལ་དང་རྨ་ཚོ་བླ་ཟུར་དུ་བྱས་པའི་དྲུང་དུ་སྦངས་པས་མཁས་པར་མཁྱེན་ཏེ། འདུལ་བ་བྱ་ལ་ཐུག་ཅེས་པའི་ཁ་སྐད་ཀྱང་བྱུང་། དགུང་ལོ་དོན་དྲུག་པ་ལ་ཟུལ་ཕུ་ལ་གཟིམས་ཕང་དུ་སྐུ་གཤེགས། དེའི་མཁན་བུ་རྩིས་འདུལ་བ་འཛིན་པ་གཞོན་ནུ་སེང་གེ་ནི། བྱ་འདུལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་པས་ཤིན་ཏུ་མཁས་པར་གྱུར་ཏེ། བྱ་འདུལ་གྱི་སློབ་མའི་གཙོ་བོ་ཡང་ཡིན་སྟོང་མཁར་ལུང་དུ་འདུལ་གྲྭ་བསྐྱངས། དེའི་མཁན་བུ་དཔལ་ལྡན་གྲུ་མོ་ཆེ་བ་ནི། བྱའི་ལོ་ལ་ཆུ་སྒོར་འཁྲུངས། གདུང་རུས་གྲ། རྩིས་འདུལ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྡོགས་ནས་འདུལ་བའི་སྡེ་སྣོད་ལ་སྦྱངས། མཚན་བདུད་རྩི་གྲགས། གཙང་ནག་པ་སོགས་ལས་གསན་པ་རྒྱ་ཆེར་མཛད། སངས་རྒྱས་སོ་ལྔ་དང་རྗེ་བཙུན་སྒྲོལ་མ་སོགས་ལྷ་མང་པོའི་ཞལ་གཟིགས། སྣར་ཐང་གི་གདན་སར་ཕེབས་ནས་ལོ་སུམ་ཅུ་རྩ་དགུའི་པར་ཕྲིན་ལས་བསྐྱངས། དགུང་ལོ་བརྒྱད་ཅུ་པ་ལ་གཤེགས་སོ། དེའི་མཁན་བུ་འཆམས་ཆེན་ནམ་མཁའ་གྲགས་ནི། ཉང་སྟོད་སྟག་ཚལ་དུ་རྟའི་ལོ་ལ་འཁྲུངས། གཞོན་ནུ་ནས་དཔལ་ལྡན་གྲུ་མོ་ཆེ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གནས་རྣམས་ལ་མཁས་པར་སྦྱངས། ལྷག་པའི་ལྷ་དུ་མའི་ཞལ་གཟིགས། སྣར་ཐང་གི་གདན་(སྟོད་ཆ།༥༦༩)སར་ལོ་སུམ་བཅུ་རྩ་དྲུག་གི་བར་དུ་ཚོགས་པ་བསྐྱངས་ནས་བྱི་བའི་ལོ་ལ་སྐུ་གཤེགས་སོ། །དེའི་མཁན་བུ་གྲགས་པ་ཤེས་རབ་ནི། ཉང་སྟོད་དུ་ལུག་གི་ལོ་ལ་འཁྲུངས། མདུང་ཟེའུ་སྟེ། མཁན་ཆེན་འདུལ་བ་འཛིན་པ་གྲགས་པ་བརྩོན་གྲུས་ཀྱི་གཅུང་པོ་ཡིན། འཆིམས་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོ་དང་གཅེན་ལས་གཞུང་བཤད་དང་གདམས་པ་མཐའ་ཆོད་པ་གསན། གཅེན་འདུལ་འཛིན་གྱི་རྗེས་སུ་མཁན་པོར་བཞུགས་ནས་ལོ་བཅུ་གཉིས་ཀྱི་བར་དུ་གདན་ས་བསྐྱངས་སོ། དེའི་མཁན་བུ་མཁན་ཆེན་བློ་བཟང་གྲགས་པ་ནི། ཉང་སྟོད་སྨོད་གྲོའི་ཕུ་ཁའུར་འཁྲུངས། གདུང་རུས་འཆིམས། ཟེའུ་གྲགས་ཤེ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཟེའུ་སྐུ་མཆེད་དང་། རྒྱང་རོ་བྱང་ཆུབ་འབུམ་སོགས་བླ་མར་བསྟེན། མདོ་སྔགས་ཀྱི་གཞུང་གདམས་ངག་མ་འདུས་པ་ལ་མཁྱེན་རྟོགས་རྒྱས། བསྟན་པ་ཡུན་རིང་དུ་བསྐྱངས་ནས་ཡོས་ལོ་ལ་སྐུ་གཤེགས། དེའི་མཁན་བུ་ཀུན་དགའ་རྒྱལ་མཚན་ནི། ཆུ་སྒོའི་ལུང་བྱ་བར་སྟག་གི་ལོ་ལ་འཁྲུངས། གདུང་རུས་གྲོ། མཆིམས་བློ་བཟང་གྲགས་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས། གཞུང་གདམས་ངག་ཐམས་ཅད་ལ་མཁས། བསླབ་བཏུས་ཀྱིས་ཊཱི་ཀ་སོགས་བརྩམས་པའང་མང་དུ་མཛད་ནས་སྦྲུལ་ལོ་ལ་སྐུ་གཤེགས། དེའི་མཁན་བུ་གྲུབ་པ་ཤེས་རབ་ནི། སྣར་ཐང་གི་ཉེ་འཁོར་རོང་གུ་ཞེས་པར་མེ་བྱ་ལ་འཁྲུངས། གདུང་རུས་དཔང་ཡིན། དགུང་ལོ་བཅུ་(སྟོད་ཆ།༥༧༠)པ་ལ་ཀུན་རྒྱལ་བ་ལ་རབ་ཏུ་བྱུང་ཞིང་། མཚན་གྲུབ་པ་ཤེས་རབ་ཏུ་བཏགས། ཉི་ཤུ་པ་ལ་མཁན་པོ་དེ་ཉིད་དང་། སློབ་དཔོན་གྲགས་པ་རྒྱ་མཚོ་སོགས་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས། དགུང་ལོ་སོ་གཉིས་པ་ལ་མཁན་པོར་ཕེབས་ནས་གདན་ས་ལོ་སུམ་ཅུར་བསྐྱངས། དེ་ལྟར་གྲུ་མོ་ཆེ་པ་ནས་གྲུབ་ཤེའི་བར་སྣར་ཐང ་གི་གདན་སར་ཕེབས་པ་ཤ་སྟག་སྟེ། དཔལ་དཱི་པ་ཀ་རས་ཐང་གི་སའི་ཐང་འདིར་ཕྱག་མཛུབ་གཏད་དེ། ས་ཕ་གིར་གནས་བརྟན་ཆེན་པོ་བཅུ་དྲུག་བྱོན། ཞེས་ལུང་བསྟན་པ་ལྟར་གནས་བརྟན་གྱི་རྣམ་འཕྲུལ་འབའ་ཞིག་ཡིན་པར་གསུངས་སོ། དེའི་མཁན་བུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕུལ་པཎ་ཆེན་དགེ་འདུན་གྲུབ་པ་ནི། རུ་ལག་གི་ས་ཆ་གུར་མི་རུ་བར་ལྕགས་ལུགས་འཁྲུངས། གདུང་རུས་ར་ཚོ། མཚན་པདྨ་རྡོ་རྗེ། དགུང་བཅོ་ལྔ་པ་ལ་སྣར་ཐང་དུ་མཁན་པོ་གྲུབ་པ་ཤེས་རབ་དང་། སློབ་དཔོན་བྱང་པའི་ཆེན་པོ་བློ་ལྡན་པས་མཛད་དགེ་ཚུལ་དུ་བསྒྲུབས། མཚན་དགེ་འདུན་གྲུབ་པ་དཔལ་བཟང་པོ་ཞེས་བཏགས། དགུང་ལོ་ཉི་ཤུ་པ་ལ་སྔར་གྱི་མཁན་སློབ་གཉིས་ཀྱི་སྟེང་གསང་སྟོན་གྲགས་པ་ཤེས་རབ་དང་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས། ཐུགས་སྦྱོངས་མཛད་པའི་ཡོངས་འཛིན་གྱི་གཙོ་བོ་མཁན་ཆེན་གྲུབ་པ་ཤེས་རབ་དང་། སྣར་ཐང་པ་ཤེས་རབ་སེང་གེ། ལས་སྨོན་གིས་འབྲེལ་བ་རྗེ་རིན་པོ་ཆེ་ཡབ་སྲས་ཡིན། གཞན་ཡང་བཤེས་གཉེན་ལྔ་བཅུ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་རིག་པའི་དབང་ཕྱུག་ཆེན་པོར་གྱུར་པས། བོ་(སྟོད་ཆ།༥༧༡)དོང་པཎ་ཆེན་གྱིས་ཐམས་ཅད་མཁྱེན་པ་ཞེས་མཚན་གསོལ། བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དང་ལྷ་ཆེན་བཞེངས་ཤིང་དགེ་འདུན་མང་དུ་བསྡུས་ཏེ་སྐུ་ཚོ་ཧྲིལ་མོར་འཆད་ཉན་གྱིས་བསྟན་པ་བསྐྱངས་ནས། དགུང་ལོ་གྱ་ལྔ་ཤིང་རྟ་ལ་དགའ་ལྡན་དུ་གཤེགས་སོ། །དེའི་མཁན་བུ་གནས་རྙིང་པ་ཀུན་དགའ་བདེ་ལེགས་ནི་སློབ་དཔོན་པདྨ་སཾ་བྷ་བའི་དངོས་སློབ་རྒྱ་འཇམ་དཔལ་གསང་བའི་གདུང་རབས་བརྒྱད་ཅུ་རྩ་བརྒྱད་ཀྱི་བར་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་གདུང་རིམ་པར་བྱོན་བ་ལས་ཡབ་རིན་ཆེན་རྣམ་གཉིས་ཀྱི་སྲས་སུ་ཉང་སྟོད་དུ་འཁྲུངས། པཎ་ཆེན་དགེ་འདུན་གྲུབ་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་ཀུན་དགའ་བདེ་ལེགས་རིན་ཆེན་རལ་མཚན་དཔལ་བཟང་པོ་སྩལ། མཁན་པོའི་དྲུང་དུ་གཞུང་ལུགས་གདམས་ངག་དང་བཅས་པ་ལ་མཁས་པར་སྦྱངས། དེའི་མཁན་བུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནི། རྟ་ནག་རྡོ་རྗེ་གདན་དུ་སྔགས་འཆང་ཀུན་དགའ་རྒྱལ་མཚན་པའི་སྲས་སུ་འཁྲུངས། དགུང་ལོ་བཅུ་ལ་པཎ་ཆེན་ལུང་རིག་རྒྱ་མཚོར་གཙུག་ཕུད་ཕུལ། མཚན་དགེ་འདུན་རྒྱ་མཚོ་ཞེས་སྩལ། ལོ་དེ་ཉིད་ཀྱི་ནང་དུ་ཀུན་དགའ་བདེ་ལེགས་པས་མཁན་པོ། པཎ་ཆེན་ལུང་རིག་རྒྱ་མཚོས་སློབ་དཔོན། དབུ་མཛད་སངས་ཚུལ་བས་དུས་བགོ་བབ་མཛད་ནས་དགེ་ཚུལ་བཞེས། དགུང་ལོ་ཉི་ཤུ་པ་ཡོས་ལོ་དབོ་ཟླའི་ཚེས་བརྒྱད་ལ་མཁན་པོ་སྔ་མ་ཉིད་དང་། ལས་སློབ་འཇམ་དབྱངས་ལེགས་པ་ཆོས་འབྱོར། གསང་སྟོན་སངས་རྒྱས་དཔལ་བཟང་། དུས་སྒོ་བ་འོལ་དགའ་སངས་བཟང་སོགས་དད་པའི་དགེ་(སྟོད་ཆ།༥༧༢)འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། རྒྱལ་མེ་ཏོག་ཐང་གི་ཆོས་གྲྭ་བཏབ། སེར་འབྲས་བཀྲ་ཤིས་ལྷུན་པོ་རྣམས་ཀྱི་ཁྲིར་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་གདུལ་བྱ་བསྐྱངས། དགུང་ལོ་རེ་བརྒྱད་པ་ཆུ་སྟག་ནག་ཟླའི་ཚེས་བརྒྱད་ལ་དག་པའི་ཞིང་དུ་སྐུ་གཤེགས། དེའི་མཁན་བུ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་ནི། ཡུལ་འོལ་དགའ་གྱང་གསར་དུ་ཤིང་གླང་ལོ་ལ་འཁྲུངས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དགའ་ལྡན་ ཁྲིར་ཕེབས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་བསྙེན་རྫོགས་བཞེས་པའི་མཁན་པའང་ཡིན། དྲུག་ཅུ་པ་ལ་བདེ་བ་ཅན་ཀུ་ཟུར་བཞུགས་མཛད། རེ་གསུམ་པ་ལ་སྐུ་གཤེགས་སོ། དེའི་མཁན་བུ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་ནི། ཡུལ་སྟོད་ལུང་རམ་པའི་གད་པ་ཁང་མེ་ཁྱི་ལ་འཁྲུངས། བདེ་བ་ཅན་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དགའ་ལྡན་གྱི་ཁྲིར་ཕེབས། རེ་བཞི་པ་ལ་རྒྱལ་ཁང་རྩེར་ཟུར་བཞུགས་མཛད། ཕྲིན་ལས་རྣམ་པར་དཀར་བའི་ངང་ལས་དགུང་ལོ་དོན་བཞི་པ་ལ་གཤེགས། དེའི་མཁན་བུ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ནི། གྲྭ་བྱམས་པ་གླིང་གི་དགོན་ཞོལ་དུ་ཆུ་བྱ་ལ་འཁྲུངས། ཆུང་ངུ་ནས་དྭགས་པོ་གྲྭ་ཚང་དུ་གསན་སྦྱང་ལ་ཕེབས། དེའི་སློབ་དཔོན་བློ་བཟང་ཆོས་འཕེལ་ལས་རབ་ཏུ་བྱུང་སྟེ། མཚན་དཀོན་མཆོག་ཆོས་འཕེལ་དུ་བཏགས། དེ་རྗེས་རབ་སྟོད་རྒྱུད་སོགས་ཀློག་པའི་གྲྭ་མང་པོར་བྱོན་ཏེ་མཁས་ཉན་མཛད་པས་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་ཕྱུག་ཏུ་གྱུར། དགུང་ལོ་(སྟོད་ཆ།༥༧༣)ཉི་ཤུ་རྩ་བཞི་པ་ལ་རྒྱལ་ཁང་རྩེ་པ་ལས་བསྙེན་པར་རྫོགས། དགའ་ལྡན་གྱི་ཁྲིར་པེབས། ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་མཚན་ཉིད་གསན་སྦྱོང་གི་ཏི་ཤྲཱིར་བཀུར། དགུང་ལོ་དོན་བཞི་པ་མེ་ཁྱི་ལ་དབུར་སྟོད་གསང་སྔགས་མཁར་དུ་གཤེགས། དེའི་མཁན་བུ་མཁན་ཆེན་དཀོན་མཅོག་བསྟན་འཛིན་ནི། ཆུ་མོ་ཕག་གི་ལོ་ལ་དབུ་རུ་ཁ་རབ་ཏུ་སྐུ་འཁྲུངས། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐུ་ན་ཕྲ་མོ་གྲྭ་སར་བཞུགས་དུས་ནས་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོབ་དུས་དབང་གིས་འབྱུང་བར་ཉེ་བ་རྣམས་ཀྱིས་ཀྱང་མ་གོས་པས་བཙུན་གཅིག་མར་གྲགས། ར་བ་སྟོད་དང་བློ་གསལ་གླིང་སོགས་སུ་མཚན་ནིད་ཀྱི་གཞུང་ལུགས་རྣམས་ལ་མཁས་པར་སྦྱངས། དགུང་ལོ་རེ་གཉིས་པ་ཤིང་ལོ་བྱི་བ་ལ་སྐུ་གཤེགས་སོ། དེའི་མཁན་བུ་ལོ་ཆེན་དྷ་རྨ་ཤྲི་ནི། སྨྱོས་སྟོན་ཆེན་པོ་ཕྲིན་ལས་ལྷུན་གྲུབ་ཀྱི་སྲས་སུ་དར་རྒྱས་ཆོས་ལྡིངས་སུ་ཤིང་ཕོ་རྟའི་ལོ་ལ་འཁྲུངས། ཤེས་བྱ་རིག་པའི་གནས་ལྔའི་ཕ་རོལ་དུ་སོན། ཀུན་མཁྱེན་ལྔ་པ་ཆེན་པོ་ལས་རབ་ཏུ་བྱུང་བས་སྙེན་པར་རྫོགས་ཟིན་ཀྱང་། སླར་ཡང་གྲ་གཙང་དུ་སྨད་འདུལ་སྡོམ་རྒྱུན་ཁྱད་པར་བ་འདི་འཛུགས་བཞེད་ཀྱིས་ལྔ་པ་རིན་པོ་ཆེའི་བཀས་བསྐུལ་ནས་མཁན་ཆེན་དཀོན་མཆོག་བསྟན་འཛིན་ལས་སྡོམ་རྒྱུན་འདི་བཞེས་ནས་གཅེན་རྒྱལ་སྲས་བསྟན་པའི་ཉི་མ་དང་། གུང་ཐང་པ་པཎ་ཆེན་གཉིས་ལས་འདུལ་བའི་བརྡ་ཆད་དང་ཕྱག་ལེན་ལ་མཁས་པར་བསླབས། རབ་འབྱམས་པ་སངས་རྒྱས་ཆོས་དར་ལས་འདུལ་བའི་བཤད་རྒྱུན་ཡང་(སྟོད་ཆ།༥༧༤)གསན་ནས་མཁས་པར་མཁྱེན། མཁན་ཆེན་འདིའི་སྐུ་རིང་ལ་ཆོས་གྲྭ་ཆེན་པོ་ཨོ་རྒྱན་སྨིན་གྲོལ་གླིང་དུ་འདུལ་བའི་གྲྭ་ས་དང་བ་འདྲེན་པ་འདི་བཞིན་ཚུགས་ནས་དེང་སག་བར་དུ་ཉམས་པ་མེད་པ་འདི་བྱུང་བ་ཡིན་ནོ། དེ་ནས་རྒྱལ་ཚབ་སྤྲུལ་སྐུ་མཁན་པོར་མངའ་གསོལ་ཀྱང་ལོ་ཤས་ལས་འདུལ་བ་ལ་ཕྱོགས་ལ་ཕྱག་ལེན་ལྷོད་པས། གསོ་སྦྱོང་གི་མདོ་འདོན་དགེ་ཚུལ་སློང་གི་སྡོམ་འབོག་བཅས་ཡོངས་ཀྱི་དགེ་བའི་བཤེས་གཉེན་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས། རབ་འབྱམས་པ་ཨོ་རྒྱན་དཔལ་མགོན། འདུས་སྡེའི་དབུ་མཛད་སྔགས་རབ་བསམ་གཏན། རབ་འབྱམས་པ་འགྱུར་མེད་འཕེལ་རྒྱས། སྔགས་རབ་འགྱུར་མེད་ཆོས་ལྡན་བཅས་ཀྱིས་གནང་ཞིང་། རབ་བྱུང་བཅུ་གསུམ་པའི་ནང་གི་ལྕགས་སྦྲུལ་ནས། མཁན་རིན་པོ་ཆེ་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་བཞུགས་པ་ཡིན་ནོ། དེ་ལ་རྒྱལ་བའི་བསྟན་པ་སྡེ་སྣོད་གསུམ་ལས་མཆོག་ཏུ་བསྔགས་པ་ནི་འདུལ་བ་ཡིན་ཏེ། དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་གྱིས། རྒྱལ་བ་སྟོན་པ་དེ་ཡི་བསྟན་པ་ནི། མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། གཉིས་འགྱུར་ཕྱག་བྱས་སངས་རྒྱས་ཁྱོད་གཅིག་བཞིན། ཞེས་མདོ་དང་ཆོས་མངོན་གྱིས་ནི་བསྟན་པའི་གོ་ཆོད་ཅིང་སྟོན་པའི་གོ་མི་ཆོད་ལ། འདུལ་བ་ནི་བསྟན་པ་སྟོན་པ་གཉིས་ཀའི་གོ་ཆོད་དེ། བདག་ཅག་གི་སྟོན་པ་ཡང་དག་པ་ཤཱཀྱའི་རྒྱལ་པོས་ཀྱང་སྤྲུལ་པའི་དགེ་སློང་གཟིགས་པ་ལ་བརྟེན་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་པར་མཛད་པ་བཞིན། གང་ན་སངས་རྒྱས་ཀྱི་བསྟན་པ་ཡོད་མེད་ནི་ཁྲིམས་ལྡན་གྱི་དགེ་སློང་ཡོད་མེད་ལ་རག་(སྟོད་ཆ།༥༧༥)ལས་ཤིང་། མཐའ་འཁོབ་ཀྱི་ཡུལ་དུ་དགེ་སློང་བཞི་སྡེ་རེས་ཀྱང་དགེ་འདུན་གྱི་སྡེའི་གོ་ཆོད་པར་གསུངས་པའི་ཕྱིར། ཐང་ཡིག་ཆེན་མོ་ལས་ཀྱང་། བོ་དྷི་སཏྭ་བསྟན་པའི་གཞི་མ་ཡིན༔ དགེ་འདུན་མེད་ན་སངས་རྒྱས་བསྟན་པ་མེད༔ དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས༔ ཞེས་གསུངས་སོ། དེས་ན་རྒྱལ་བའི་བསྟན་པ་རིན་པོ་ཆེར་འཛིན་སྐྱོང་གཅེས་སྤྲས་སུ་བྱ་བ་དག་དང་། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གོ་འཕང་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱ་བ་དག་ལ་མེད་དུ་མི་རུང་བ་ནི་ཚུལ་ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། ཞེས་གསུངས་སོ། དེས་ན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་སྲས་དང་བཅས་པའི་གཤེགས་ཤུལ་འཕགས་པ་དགེས་པའི་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ལ་ནན་ཏན་ཆེན་པོས་གཅེས་སྤྲས་བྱ་ཞིང་། ཡང་སྲིད་གཞན་དུའང་ཁྲིམས་ལྡན་བསླབ་གཙང་ཁོ་ནས་ཐུབ་སྟན་རྒྱལ་མཚན་འཛིན་པར་སྨོན་པས། ཚེ་རབས་ཀུན་ཏུ་འཆི་འཕྲོ་སྐྱེ་བ་ན། རྟག་ཏུ་བདག་ནི་རབ་ཏུ་བྱུང་པར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཅེས་སྨོན་ལམ་སྙིང་ཐག་པ་ནས་གདབས་པར་རིགས་སོ། ཞེས་ཞར་བྱུང་དུ་སྨོས་ཏེ་སྔ་འགྱུར་སྡོམ་རྒྱུན་རང་ལུགས་དང་འབྲེལ་བའི་མཁན་རབས་ཀྱི་ལོ་རྒྱུས་མདོ་ཙམ་བཤད་པས་སོང་སྟེ། དེ་ལྟར་དེ་དག་གིས་ནི་གསང་ཆེན་སྔ་འགྱུར་བཀའ་མར་གྲགས་རྗེས་འབྲེལ་དང་བཅས་པ་ཇི་ལྟར་བྱུང་ཚུལ་ལོ་རྒྱུས་(སྟོད་ཆ།༥༧༦)རགས་པ་ཙམ་ཞིག་བརྗོད་ཟིན་ཏོ། །བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་དེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་ལས། སྔ་འགྱུར་བཀའ་མའི་ལོ་རྒྱུས་བརྗོད་པའི་སྐབས་ཏེ་སརྒ་གསུམ་པའོ། །(སྟོད་ཆ།༥༧༧)