གྲུབ་མཐའ་བཞིའི་འདོད་ཚུལ་སོགས་དྲིས་ལན་སྣ་ཚོགས་སྐོར།
གྲུབ་མཐའ་བཞིའི་འདོད་ཚུལ་སོགས་དྲིས་ལན་སྣ་ཚོགས་ཀྱི་སྐོར་ཞལ་ལུང་བདུད་རྩིའི་ཐིགས་འཕྲེང་ཞེས་བྱ་བ་བཞུགས་སོ། །
ཡེ་ཤེས་གཟིགས་པ་དག་པས་སྐལ་བ་བཞིན། །ཡོངས་སུ་བཀྲི་མཛད་སྟོན་པ་རྡོ་རྗེ་འཆང། །ལེགས་གསུང་དེ་འཛིན་ཚོགས་བཅས་ལ་བཏུད་ནས། །བསྟན་པའི་རིམ་པ་ཇི་བཞིན་དགོད་པར་བྱ། །དེའང་གྲུབ་མཐའ་བཞི་དང་མདོ་སྔགས་གཉིས་ལ་གོང་འོག་གི་རིམ་པ་དང་ཕན་ཚུན་འགལ་མེད་གྲོགས་སུ་འགྲོ་བར་ཡོངས་སུ་གྲགས་ཀྱང་རྣ་བར་བྱང་བ་ཙམ་ལས་དོན་དུ་དམན་མཆོག་གི་རིམ་པ་ཇི་ལྟར་ཡིན་ངེས་པ་གཏིང་ཚུགས་པ་དཀའ་བར་སྣང་སྟེ། གྲུབ་མཐའ་བཞི་གའང་ཁུངས་རྒྱལ་བའི་བཀའ་ལ་བརྟེན་པར་ཁྱད་མེད། རིགས་པས་ལེགས་པར་དཔྱད་དེ་འདི་ལས་དམན་ལྷག་ཏུ་སོང་ན་རྟག་ཆད་ཀྱི་མཐར་ལྟུང་བས། གཞི་ལམ་འབྲས་བུའི་གནས་ཚུལ་འདི་ཁོ་ནར་གནས་སོ་སྙམ་དུ་བློ་ངོར་ཐག་ཆོད་དེ་རང་གི་གྲུབ་པའི་མཐའ་བཞག་པ་དེ་ཁོ་
ན་དབུ་མའི་ལམ་སྲོལ་དུ་འདོད་ཅིང། གཞན་རྣམས་མཐར་ལྷུང་ཚུལ་གྱི་དགག་པ་བྱེད་པའང་འདྲ་བས་གཞན་ཟེར་ཙམ་གྱི་རྗེས་སུ་འབྲང་ན་བཞི་ག་རང་ལུགས་སུ་ཁས་ལེན་པའམ། རེ་རེ་ལ་གཞན་གསུམ་གསུམ་གྱིས་དགག་པ་བརྗོད་པས་གང་ཡང་ཁས་ལེན་མི་རུང་བར་འགྱུར་རོ། །རྒྱལ་བའི་བཀའ་ལ་བརྟེན་ནས་དམན་མཆོག་འབྱེད་དོ་སྙམ་ན་དེར་གདུལ་བྱའི་དབང་གིས་སྣ་ཚོགས་གསུངས་ཏེ་གྲུབ་མཐའ་བཞིར་འགྲོ་བའང་དེའི་སྟོབས་ཀྱིས་ཡིན་པས། དེ་ཉིད་དྲང་ངེས་འབྱེད་པའི་གཞི་དང་བསྒྲུབ་བྱར་འགྱུར་གྱི་སྒྲུབ་བྱེད་དུ་མི་འགྱུར་རོ། །གཞན་དག་ན་རེ། རྒྱལ་བ་ཉིད་ཀྱི་བཀའ་ལ་དྲང་ངེས་འབྱེད་པར་ལུང་བསྟན་པ་ཞིག་གི་རྗེས་སུ་འབྲང་ངོ་སྙམ་ན་དེ་ལྟར་བྱེད་དགོས་མོད་ཀྱང་དེ་ལྟར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་གཉིས་སུ་ཡོད་ལ་
དེ་གཉིས་ཀྱིས་ཀྱང་དབུ་སེམས་ཀྱི་ལུགས་སོ་སོར་འགྲེལ་པས་གང་གི་རྗེས་སུ་འབྲང་། གལ་ཏེ་འཕགས་པ་ཐོགས་མེད་ཀྱི་སེམས་ཙམ་དུ་བཀྲལ་བ་གདུལ་བྱའི་དབང་ཡིན་གྱི་དགོངས་པ་ཀླུ་སྒྲུབ་དང་མཐུན་པས་དབུ་མའི་ལུགས་ལ་བརྟེན་ནོ་སྙམ་ན། འོ་ན་ཀླུ་སྒྲུབ་ཀྱིས་དབུ་མར་བཀྲལ་བ་གདུལ་བྱའི་དབང་ཡིན་གྱི་དགོངས་པ་སེམས་ཙམ་དུ་གནས་སོ་ཞེས་སྨྲས་ན་ཅིས་འགོག །བྱང་ཆུབ་སེམས་འགྲེལ་སོགས་སེམས་ཙམ་དུ་བཀྲལ་བ་མང་ལ། རྩ་ཤེ་དང་བཞི་བརྒྱ་པ་སོགས་ཀྱང་སེམས་ཙམ་པའི་ལུགས་སུ་དེའི་སློབ་དཔོན་ཕལ་ཆེར་བཞེད་དོ། །ཡང་གལ་ཏེ་ཤིང་རྟ་ཆེན་པོ་གཉི་ག་ལུང་བསྟན་མོད་ཀྱང་ཀླུ་སྒྲུབ་ཀྱིས་རྟག་ཆད་གཉི་གའི་མཐའ་མ་ལུས་པར་བཀག་སྟེ་བསྟན་པའི་སྙིང་པོ་མཐར་ཐུག་གསལ་བར་བྱེད་པར་མདོ་རྒྱུད་དུ་མ་ལས་ལུང་བསྟན་པ་ལྟ་བུ་འཕགས་པ་ཐོགས་མེད་ལ་མི་འབྱུང་ཞིང། རྒྱུད་བརྟག་གཉིས་སུ་བསྟན་པའི་རིམ་པར་མས་རིམ་ནས་སློབ་ཚུལ་གསུངས་པའི་ཚེ་དབུ་མ་པའི་ལུགས་གོང་མར་བྱས་པ་སོགས་ཀྱིས་དབུ་མ་པ་མཆོག་ཡིན་པར་འགྲུབ་བོ་ཞེ་ན་དེ་ཡིན་དུ་ཆུག་ཀྱང་གྲུབ་མཐའ་གཞན་གསུམ་གའི་གོ་རིམ་གང་གི་སྒོ་ནས་འབྱེད། དོན་སྨྲས་གཟུགས་ཤེས་གཉི་ག་བདེན་གྲུབ་ཏུ་འདོད་པ་འཁོར་ལོ་དང་པོ་དང་མཐུན་ཡང། སེམས་ཙམ་པས་ཤེས་པ་བདེན་གྲུབ་དང་ཕྱི་དོན་གཏན་མེད་དུ་འདོད་པ་རྟག་ཆད་གཉི་གའི་མཐར་ལྷུང་སྟེ་བདེན་པ་གཉིས་
ཆར་ལས་ཉམས་པ་དང་། ཆོས་མངོན་པ་དང་ཤེར་མདོ་གཉི་གའི་དགོངས་པ་ལས་ཉམས་པར་འཕགས་པ་ལྷ་དང་ཟླ་བས་གསུངས། ལེགས་ལྡན་སོགས་ཀྱིས་ཀྱང་སེམས་ཙམ་པ་དང་སྒོ་མ་བསྟུན་པར་མདོ་སྡེ་པ་དང་སྒོ་བསྟུན་པས་སེམས་ཙམ་པ་ལས་དོན་སྨྲ་མཆོག་ཏུ་མི་འགྱུར་རམ་བྱེ་སྨྲས་རང་རིག་མི་འདོད་ལ། མདོ་སྡེ་པས་རང་གིས་རང་མྱོང་བའི་འཛིན་རྣམ་ཡན་གར་བ་ཞིག་བཞག་པ་ལྟ་བུ་སྐབས་དུ་མར་བྱེ་སྨྲའི་ལུགས་དེ་དོན་དང་མཐུན་པའང་མང་བས་དེ་གཉིས་ཀྱང་གང་མཆོག་ཏུ་བྱེད། སྐབས་འགར་གཅིག་ཤོས་ལས་དམན་ཡང་སྐབས་འགར་གཅིག་ཤོས་ལས་མཆོག་ཏུ་འགྲོ་བས་སྒོ་རེ་རེ་ཙམ་གྱིས་སྤྱིར་བཏང་གི་མཆོག་དམན་དབྱེ་མི་ནུས་ལ། ཟེར་ལུགས་ཙམ་འོག་མ་བཟང་ཡང་དོན་ལ་མཆོག་ཏུ་མ་སོང་བའང་ཡོད་དེ་འོག་ཏུ་འཆད་དོ། །འོན་ཏེ་བདག་མེད་ཀྱི་ལྟ་བའི་སྒོ་ནས་འབྱེད་དོ་སྙམ་ན་ལྟ་བའི་གོ་བ་གཏིང་ཚུགས་པ་ཞིག་ལ་དེ་ལྟར་ཡིན་མོད་ཀྱང་རང་ཅག་ལྟ་བུ་ལ་གང་གི་ལྟ་བ་མཆོག་ཡིན་པའང་གྲུབ་མཐའི་མཆོག་དམན་གྱི་སྒོ་ནས་ཚུར་བསྒྲུབ་དགོས་པས་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་སོ། །དེས་ན་དོན་ཕྲ་རགས་སྣ་ཚོགས་པ་ཞིག་གི་སྟེང་ནས་དཔྱད་ན་གཅིག་གིས་གཅིག་ལ་ངེས་པ་བསྐྱེད་ནས་སྤྱི་བབ་ཀྱི་དོན་རྟོགས་པ་ཞིག་འབྱུང་སྟེ། དཔེར་ན་བྱིས་པ་ཆུང་ངུ་ནར་སོན་པ་ན་བྱ་བ་མཐའ་དག་ལ་ཤུགས་གོང་འཕེལ་དུ་འགྲོ་བ་ཞིག་
འབྱུང་གི །གཞན་རྣམས་ལ་རང་སོར་གནས་ནས་བྱ་བ་གཅིག་ཁོ་ནར་ཤུགས་རྒྱས་ལུགས་མེད་པ་བཞིན། ནང་གི་བློའི་མཐུ་འང་སྤྱོད་འཇུག་ལས། དེ་ལ་འཇིག་རྟེན་ཕལ་པ་ནི། །རྣལ་འབྱོར་འཇིག་རྟེན་གྱིས་གནོད་ཅིང། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །གསུངས་པ་བཞིན་རིམ་གྱིས་ཁྱད་ཞུགས་པ་ན་ཡུལ་གང་ལ་དཔྱོད་པ་ཞུགས་པའི་ཚེའང་གོང་མས་འོག་མ་ཟིལ་གྱིས་གནོན་པ་ཞིག་འབྱུང་ངོ་། །དམ་པ་གོང་མ་རྣམས་གྲུབ་མཐའི་རྣམ་གཞག་མཛད་པའང་འདི་གསུངས་པ་ཡིན་མོད་ཀྱང། ལུགས་རང་རང་གི་འདོད་ཚུལ་སོ་སོར་སྡེ་ཚན་དུ་བྱས་པ་ལས། གཞི་རེ་རེར་མཚོན་ཏེ་གྲུབ་མཐའ་སོ་སོའི་འཇོག་མཚམས་ཕྲ་རགས་དོད་ཚུལ་ལྷན་དུ་སྦྱར་ཏེ་མ་གསུངས་ལ། བློ་དམན་པས་རང་སྟོབས་ཀྱིས་གོང་འོག་ལྷུ་བསྒྲིག་དཀའ་བས། འདིར་གཞི་ལམ་འབྲས་བུའི་ཆ་སོ་སོར་གོང་འོག་གི་ལུགས་སྲོལ་ཤན་སྦྱར་ཏེ་གོ་བ་ཚོལ་ལུགས་ཀྱི་ཕྱོགས་ཙམ་བཤད་པར་བྱའོ། །བཅིང་གྲོལ་ཐམས་ཅད་ཀྱི་གཞི་བདག་ལ་བྱེད་དགོས་པས་དེར་ཕྱི་ནང་ཐམས་ཅད་མི་མཐུན་ཞིང། ལྷག་པར་ནང་པ་རྣམས་དེའི་འཇོག་མཚམས་སྒྲུབ་ཕྱོགས་ཐལ་ཆེས་ན་ཆོས་ཐམས་ཅད་བདག་མེད་པའི་ཕྱག་རྒྱར་འགལ་བ་དང་། དགག་ཕྱོགས་ཐལ་ཆེས་ན་ལས་འབྲས་ཀྱི་གཞི་སྟོར་བས་མངོན་མཐོའི་སྒོའང་ཁེགས་པར་འགྱུར་རོ་སྙམ་ནས་ཤིན་ཏུ་ཟོན་བྱས་ཏེ་རང་རང་གི་བློ་དང་འཚམ་པའི་འཇོག་མཚམས་རེ་བྱེད་དོ། །འདི་ཐམས་ཅད་ཀྱིས་གང་ཟག་འཇོག་ཚུལ་རྟེན་སའི་ཁུངས་
ནི་མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱ་འོ། །ཞེས་པ་འདི་ལ་བྱེད་པ་ཁྱད་མེད་ཀྱང་ཚིག་གི་ནུས་པ་འདོན་ལུགས་མི་འདྲ་སྟེ། དོན་སྨྲ་ཕལ་ཆེར་ཕུང་པོ་རྣམས་ཞེས་པ་ཡ་གྱལ་གྱི་ཕུང་པོ་ལྔ་ལ་བྱེད་དགོས་ཤིང། ཡ་གྱལ་ལ་བརྟེན་ནས་ཚོགས་པ་འཇོག་དགོས་པས་ལུང་གི་དོན་དེ་ལྟ་བུའི་ཕུང་པོའི་ཚོགས་ཙམ་དེ་ཉིད་གང་ཟག་ཏུ་འཇོག་དགོས་པ། ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱ་ཞེས་པ་འདིས་གསལ་བར་བསྟན་ཟེར། སེམས་ཙམ་པ་རྣམས་གང་ཟག་གི་བཏགས་དོན་རྙེད་རྒྱུ་ཞིག་ཡོད་དགོས་ལ། ཕུང་པོ་ལས་ལོགས་སུ་ཡོད་ཚུལ་མི་སྲིད་པས་ཕུང་པོའི་ནང་འདི་ནས་ཚོལ་ཞིང་རྙེད་དགོས་པ། ཕུང་པོ་རྣམས་བརྟེན་ནས། །ཞེས་པའི་དོན་ཡིན་ལ། དེའི་ནང་ནས་བཙལ་བའི་ཚེ་གཞན་རྣམས་གང་ཟག་གི་མཚན་གཞིར་མི་རུང་བས། ཀུན་གཞི་ཁོ་ན་འཇོག་དགོས་པ་ལུང་དེའི་དོན་རིགས་པས་སྒྲུབ་ཚུལ་ཡིན་ཟེར། རང་རྒྱུད་པ་རྣམས་གང་ཟག་ཕུང་པོ་རྣམས་ལ་བརྟེན་ནས་འཇོག་པར་གསུངས་པས། འཇོག་བྱེད་གཞན་ཞིག་དགོས་པ་ཤུགས་ལ་ཐོན་ཅིང། དེ་གང་ལ་བྱེད་ན་རྟོག་པ་ཙམ་གྱིས་འཇོག་མི་ནུས་པས། ཡུལ་གྱི་རང་མཚན་ལ་མ་འཁྲུལ་བའི་བློ་གནོད་མེད་ཅིག་ལ་སྣང་བའི་དབང་གིས་འཇོག་དགོས། འོན་ཀྱང་དེར་སྣང་ཙམ་གྱིས་མི་ཆོག་པར་གདགས་གཞི་དེའི་ངོས་ནས་ཀྱང་
གྲུབ་དགོས་ཏེ། དེའི་ངོས་ནས་གྲུབ་མ་གྲུབ་ལ་མི་ལྟོས་ན་མིའི་ཕུང་སོགས་འགྲོ་བ་གཞན་གྱི་གདགས་གཞིར་ཐལ་བའི་སྐྱོན་འབྱུང་བས། འདིར་ཕུང་པོ་རྣམས་བརྟེན་ཞེས་པ་དེ་ལ་དགག་ཕྱོགས་ནས་འཇོག་བྱེད་གཞན་ལ་ལྟོས་མེད་དུ་མ་གྲུབ་པ་དང། སྒྲུབ་ཕྱོགས་གདགས་གཞི་རང་གི་ངོས་ནས་ཀྱང་གྲུབ་དགོས་པས་གོ་དོན་གཉིས་ཡོད་ཅེས་ཟེར་རོ། །ཐལ་འགྱུར་བས་མདོ་ལུང་དེ་ཉིད་ཀྱི་སྒོ་ནས་དེ་ཐམས་ཅད་འགོག་པར་བྱེད་དེ། དེའང་དོན་སྨྲ་ལ། ཁྱོད་ཀྱིས་ཕུང་པོའི་ཚོགས་ཙམ་དེ་ཉིད་ཕུང་པོར་འཇོག་པ་མི་འཐད་པར་ཐལ། ཕུང་པོའི་ཚོགས་ཙམ་དེ་ལ་བརྟེན་ནས་གང་ཟག་འཇོག་དགོས་པའི་ཕྱིར། ཁྱབ་སྟེ། ལྷས་སྦྱིན་ལ་བརྟེན་ནས་ལྡང་བ་ལ་ལྷས་སྦྱིན་ལས་གཞན་ཞིག་དགོས་ཀྱི། རང་ཉིད་རང་ཉིད་ལ་བརྟེན་ནས་ལྡང་ཚུལ་མེད་པའི་ཕྱིར། ཕུང་པོ་ལ་བརྟེན་ནས་གང་ཟག་འཇོག་ཀྱང་ཕུང་པོའི་ཚོགས་ཙམ་ལ་བརྟེན་ནས་གང་ཟག་འཇོག་པར་མདོ་ལས་མ་གསུངས་ཟེར་ནའང་མི་འཐད་དེ། ཡན་ལག་ཚོགས་ཙམ་ལ་བརྟེན་ནས་ཤིང་རྟ་འཇོག་པར་མདོ་ལས་དངོས་སུ་གསུངས་པ་གང་ཞིག །དེ་གཉིས་དཔེ་དོན་འབྱོར་དགོས་པའི་ཕྱིར། གཞན་ཡང་ཤིང་རྟའི་ཡན་ལག་ཚོགས་ཙམ་ཤིང་རྟ་ཡིན་པར་ཐལ། ཕུང་པོའི་ཚོགས་ཙམ་གང་ཟག་ཡིན་པའི་ཕྱིར། འདོད་ན་བྱ་བྱེད་གཅིག་ཏུ་ཐལ་བའམ་མདོ་དང་དངོས་སུ་འགལ་བར་འགྱུར་རོ། །སེམས་ཙམ་པ་ལ། ཁྱོད་ཀྱིས་ཕུང་པོར་ཆ་ཕྱེ་སྟེ་ནང་ནས་རྣམ་ཤེས་གཅིག་པུ་གང་ཟག་གི་མཚན་གཞིར་འཇོག་པ་མི་རིགས་པར་ཐལ། མདོ་ལས་དེའི་མཚན་གཞི་སྟོན་པ་ན་ཆ་མ་ཕྱེ་བར་ཕུང་པོ་
རྣམས་ཞེས་ཁྱད་མེད་དུ་གསུངས་པ་དང་འགལ་བའི་ཕྱིར། ཕུང་པོ་རྣམས་ཞེས་གསུངས་ཀྱང་དེའི་ནང་ནས་རིགས་པས་བཙལ་བ་ན་འོས་མེད་ཀྱིས་ཀུན་གཞིའི་སྟེང་དུ་འབབ་པས། སྤྱི་སྒྲ་བྱེ་བྲག་ལ་གཙོ་བོར་སྦྱར་ཏེ་ཀུན་གཞི་བསྟན་པ་ཡིན་ཟེར་ནའང་མདོ་དང་འགལ་ཏེ། མདོར། དེ་ཉིད་གང་ཟག་ཏུ་མ་གསུངས་པར་དེ་ལ་བརྟེན་ནས་གང་ཟག་འཇོག་པར་གསུངས་པའི་ཕྱིར། ཞེས་འགོག་གོ །རང་རྒྱུད་པ་ལ། ཁྱོད་ཀྱིས་གང་ཟག་གདགས་གཞིའི་ཕུང་པོ་རྣམས་ཀྱི་ངོས་ནས་གྲུབ་པར་འདོད་པ་མི་འཐད་པར་ཐལ། མདོ་ལས་གདགས་གཞིའི་ཕུང་པོ་རྣམས་ལ་བརྟེན་ནས་འཇོག་པར་གསུངས་པའི་ཕྱིར། ཁྱབ་སྟེ། གདགས་གཞིའི་ངོས་ནས་བཞག་ན་གདགས་གཞིའི་ཕྱོགས་སུ་གཏོགས་ཀྱི། བཏགས་ཆོས་སུ་མི་འགྲོ་བའི་ཕྱིར། དཔེར་ན་ཚུར་རི་ཕར་རི་ལ་ལྟོས་པས་ཕར་རིའི་ངོས་ནས་གྲུབ་ལུགས་མེད་པ་དང་། རིང་པོ་ཐུང་ངུ་ལ་ལྟོས་པས་ཐུང་ངུའི་ངོས་ནས་གྲུབ་ལུགས་མེད་པ་བཞིན་ཡིན་པའི་ཕྱིར། ༈ སྒྱུ་མའི་དཔེའང་མདོ་ལས་མང་དུ་འབྱུང་བས་གྲུབ་མཐའ་བཞི་ཀས་ཁས་ལེན་ཡང་དཔེར་བཀོད་ཚུལ་མི་འདྲ་སྟེ། བྱེ་སྨྲ་རྣམས་སྒྱུ་མའི་རྟ་གླང་སོགས་སྐབས་དེར་ཡོད་ཀྱང་སྤྲུལ་པ་བསྡུས་པ་ན་མེད་འགྲོ་བ་བཞིན། ཚེ་འདིའི་ལུས་ལོངས་སྤྱོད་རྣམས་འཆི་བའི་ཚེ་འདོར་བའི་མི་རྟག་པ་རགས་པའམ་རྒྱུན་གྱི་མི་རྟག་པའི་དཔེར་བྱེད། མདོ་སྡེ་པ་རྣམས་སྤྲུལ་པའི་བཀོད་པ་རྣམས་སྐད་ཅིག་སྐད་ཅིག་གིས་འགྱུར་བ་བཞིན་ཕྱིས་འབྱུང་གི་རྒྱུ་ལ་མི་ལྟོས་པར་སྐྱེས་ཙམ་ནས་འཇིག་
པའི་ཆོས་ཅན་གྱི་སྐད་ཅིག་ལ་མི་རྟག་པའི་དཔེར་བྱེད། སེམས་ཙམ་པ་རྣམས་རྡེའུ་ཤིང་གི་ངོས་ནས་རྟ་གླང་དུ་མེད་ཀྱང་སྔགས་རྫས་ཀྱིས་བསླད་པའི་ཤེས་པའི་སྣང་ཆ་ཙམ་ཡིན་པ་ལྟར་ཕྱི་རོལ་དོན་གྱི་ངོས་ནས་མ་གྲུབ་པར་ནང་སེམས་ཀྱི་བདག་ཉིད་ཙམ་དུ་གནས་པའི་དཔེར་བྱེད། དབུ་མ་པ་རྣམས་བློ་ལ་སྣང་བའི་དབང་གིས་བཞག་པ་མ་གཏོགས་བདེན་པར་མ་གྲུབ་པའི་དཔེར་བྱེད། འོན་ཀྱང་རང་རྒྱུད་པས་ཆོས་རྣམས་གདགས་གཞིའི་ངོས་ནས་གྲུབ་པར་འདོད་པས་དཔེའི་སྐབས་སུ་སྒྱུ་མའི་རྟ་གླང་ཡང་སྤྲུལ་གཞིའི་ངོས་ནས་གྲུབ་པར་འདོད་དེ། དེ་སྤྲུལ་གཞིའི་ངོས་ནས་སྣང་མི་དགོས་ན་སྤྲུལ་གཞི་མེད་པར་སྔགས་རྫས་ཀྱིས་བསླད་པ་ཁོ་ནས་རྟ་གླང་དུ་སྣང་བར་ཐལ་བའི་སྐྱོན་འབྱུང་ཞེས་ཟེར་རོ། །ཐལ་འགྱུར་བས་དེ་ཉིད་རྟ་གླང་དུ་སྣང་བ་དེའི་ངོས་ནས་གྲུབ་པའི་དབང་གིས་མིན་གྱི། བློས་དེ་ལ་རྟ་གླང་དུ་བཏགས་མ་བཏགས་ཀྱི་དབང་གིས་ཡིན་ཏེ། དཔེར་ན་རི་བོང་རྭ་འཛིན་རྟོག་པས་རི་བོང་གི་རྭ་འཛིན་ཡང་མོ་གཤམ་གྱི་བུ་མི་འཛིན་པ་ཡུལ་ཡོད་མེད་ཀྱི་དབང་མ་ཡིན་པར་རྟོག་པས་དེར་བཏགས་མ་བཏགས་ཙམ་གྱི་དབང་གིས་ཡིན་པ་བཞིན་ནོ། །དེར་མ་ཟད་རྡེའུ་ཤིང་གི་ངོས་ནས་རྟར་སྣང་བ་སྐྱེད་པ་ཡིན་ན་མིག་མ་བསླད་ཀྱང་དེར་སྣང་དགོས་ལ། བསླད་པའི་ཚེའང་རྟ་ཁོ་ནར་སྣང་དགོས་ཀྱི་སྤྲུལ་གཞི་དེ་ཉིད་གླང་དུ་སྣང་བ་འབྱུང་མི་སྲིད་པར་འགྱུར་ཏེ། བློས་བཏགས་པ་ཁོ་ནས་མི་ཆོག་པར་སྤྲུལ་གཞི་ཁོ་རང་གི་ངོས་ནས་རྟར་སྣང་བའི་ཕྱིར་རོ། །སྒྲུབ་ཚུལ་འདི་དག་ནི་འཇུག་པར། དེ་ཉིད་དུ་འདི་ཇི་ལྟར་སྐྱེ་མེད་
ཀྱང། །མོ་གཤམ་བུ་ལྟར་གང་ཕྱིར་འཇིག་རྟེན་གྱི། །མཐོང་བའི་ཡུལ་དུ་མི་འགྱུར་མ་ཡིན་པ། །དེ་ཡི་ཕྱིར་ན་སྨྲ་འདི་མ་ངེས་པའོ། །ཞེས་པའི་སྒྲུབ་ཚུལ་ཡིན་ནོ། །༈ གཞན་སྡེ་ལའང་མངོན་མཐོའི་ལམ་ཙམ་ཡོད་ལ། འོན་ཀྱང་དེའི་ནང་ནས་རྒྱང་འཕེན་ནི་ད་ལྟ་རང་ལ་དངོས་སུ་སྣང་བའི་མིའི་འགྲོ་བ་འདི་ཙམ་མ་གཏོགས་ཁམས་གོང་མ་དང་ལྷ་ལ་སོགས་པའི་མངོན་མཐོ་གཞན་དང་། སྐྱེ་བ་སྔ་ཕྱི་སོགས་དབང་པོའི་མངོན་སུམ་གྱི་ཡུལ་ལས་འདས་པ་རྣམས་མེད་དོ་ཞེས་སྐུར་བ་འདེབས་ལ། དེའི་རྒྱུ་མཚན་གྱིས་རྗེས་དཔག་ཚད་མའང་མི་འདོད་དོ། །དེས་ན་བློའི་མཐུ་ཤིན་ཏུ་ཞན་པས་གྲུབ་མཐའི་ཐ་ཤལ་དུ་རང་སྡེར་མ་ཟད་གཞན་སྡེ་ཕལ་ཆེར་ཡང་འདོད་དོ། །དེ་བཞིན་དུ་ནང་པའི་གྲུབ་མཐའ་བཞིས་ངེས་ལེགས་ཀྱི་ལམ་གཏན་ལ་འབེབས་པ་ཡིན་ཀྱང་བྱེ་སྨྲ་བློའི་མཐུ་ཤིན་ཏུ་ཞན་པས་ངེས་ལེགས་ཀྱི་ཡོན་ཏན་མཐར་ཐུག་པ་ཕལ་མོ་ཆེ་བློར་མ་ཤོང་བས་སྣང་ཚོད་ཙམ་གཙོ་བོར་བྱས་ཏེ་བསམ་གྱིས་མི་ཁྱབ་པའི་གནས་ཕལ་ཆེར་ལ་སྐུར་པ་འདེབས་པར་བྱེད་དོ། །དེའང་སྨོན་ལམ་དང་། ཏིང་ངེ་འཛིན་དང། དབང་འབྱོར་བའི་དབང་གིས་སྐྱེ་བ་ལེན་ཚུལ་རྣམས་དང་། མ་རིག་བག་ཆགས་ཀྱི་ས་དང། ཟག་མེད་ལས་ཀྱི་དབང་གིས་སྐྱེ་བ་ལེན་ཚུལ་སོགས་བློར་མ་ཤོང་བས་སྐྱེ་བ་ཞིག་ལེན་ཕྱིན་ལས་ཉོན་གྱི་དབང་གིས་སྐྱེ་དགོས་པར་འདོད། དེའི་རྒྱུ་མཚན་གྱིས་རྒྱལ་བུ་གཞོན་ནུ་དོན་གྲུབ་ལྟ་བུའང་སོ་སྐྱེར་འདོད་ལ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱང་སྡུག་བདེན་དུ་
འདོད་པ་དང་། ཕུང་པོའི་བདུད་བཅོམ་པ་ལ་ལྷག་མེད་དུ་འདའ་དགོས་པ་དང་། སྐྱེ་བ་ལེན་སའི་ཞིང་ཡང་ལས་ཉོན་གྱིས་བསྐྱེད་པ་ཁོ་ན་མ་གཏོགས་དག་ཞིང་མི་འདོད། རྒྱུ་མཚན་སྔ་མ་དང་ཕྱི་མཐའ་གཏུགས་པ་མེད་པར་བཞུགས་པ་བློས་མ་འཆུན་པའི་དབང་གིས་སངས་རྒྱས་དང་དགྲ་བཅོམ་རྣམས་ལྷག་མེད་དུ་འཕོས་པ་ན་བེམ་རིག་གཉི་ག་རྒྱུན་ཆད་པར་འདོད། གྲངས་མེད་གསུམ་དུ་ཚོགས་བསགས་པའི་འབྲས་བུ་ལོ་འགའ་ལས་མི་གནས་པ་རྒྱུ་འབྲས་གོ་ལོག་ཏུ་སོང་བ་ཡིན་ལ་སངས་རྒྱས་རང་ཉིད་མ་བཞུགས་ཀྱང་དེས་གདུལ་བྱ་གཞན་སྨིན་གྲོལ་ལ་བཀོད་པ་དང་། དེས་ཀྱང་གཞན་དང་གཞན་སྨིན་གྲོལ་ལ་བཀོད་པས་མཛད་པ་རྒྱུན་མི་འཆད་པ་ཡིན་ཞེས་སྐྱོན་སྤོང་ཞིག་བྱེད་མོད་ཀྱང་། ཕྱི་མ་ཕྱི་མས་རྒྱུ་གཞི་ནས་སྒྲུབ་དགོས་པས་སངས་རྒྱས་སྔ་མའི་མཛད་པ་ཉི་ཚེ་བ་ཙམ་དུ་ཐལ་བའི་སྐྱོན་སྤོང་མི་ནུས་པས་བསམ་མི་ཁྱབ་ཀྱི་གནས་ལ་སྐུར་འདེབས་སུ་སོང་བ་ཡིན། ཆོས་ཐམས་ཅད་དུས་གཅིག་ཏུ་བློ་གཅིག་གིས་རྟོགས་ཚུལ་བློས་མ་འཆུན་པས་རྣམ་མཁྱེན་མི་འདོད་ཅིང། འོ་ན་བདག་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ་ལོ་ཟེར་བ་ལ། མི་ཤེས་པའི་རྒྱུ་བཞི་སོགས་སྤངས་ཏེ་སྒྲིབ་བྱེད་མེད་པས་གང་ལ་དགོངས་པ་གཏད་ཀྱང་མཁྱེན་ཐུབ་པ་ཐམས་ཅད་མཁྱེན་པར་འགྲོ་ཚུལ་ཡིན་ཞེས་སྐྱོན་སྤོང་བྱེད་ཀྱང་། ཤེས་བྱ་མཐའ་ཡས་པ་ལ་སོ་སོར་རིམ་པ་བཞིན་དགོངས་པ་གཏད་དགོས་ན་ཐམས་ཅད་མཁྱེན་ཚུལ་ཞིག་མི་སྲིད་པའི་སྐྱོན་སོ་ན་གནས་སོ། །ཞིང་གཞན་གྱི་སྟོན་པ་རྣམས་ཕྱིའི་སྐྱེ་
མཆེད་དུ་སྨྲ་བའང་སྐྱེ་བའི་བཀོད་པ་སྣ་ཚོགས་སུ་སྟོན་ཚུལ་བློས་མ་འཆུན་པའི་དབང་གིས་ཡིན་པས། དེ་ལྟར་ན་ཞིང་འདིའི་བདག་ཅག་གི་སྟོན་པ་གང་ཟག་ཏུ་ཁས་བླངས་པའང་ཞེན་ཕྱོགས་ཙམ་དུ་ཟད་དེ། ཞིང་གཞན་ན་ཡོད་པའི་བྱེ་སྨྲ་རྣམས་ཞིང་དེའི་སྟོན་པ་གང་ཟག་ཡིན་ལ། འདི་དག་ཕྱིའི་སྐྱེ་མཆེད་ཡིན་ཟེར་བས་དེ་གཉིས་ལ་བདེན་རྫུན་གྱི་ཁྱད་འོང་དོན་མེད་དོ། །མདོར་ན་ཀུན་སློང་སྐྱོན་ཅན་མ་ཡིན་པ་མ་གཏོགས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མཛད་པ་དང་བཅས་པ་རྒྱ་ཆེ་བའི་རིགས་བློར་མ་ཤོང་བས་འདོད་ཚུལ་ཕལ་ཆེར་སྐུར་འདེབས་ཁོ་ནར་འགྲོ། ༈ དོན་སྨྲས་ཕྱི་དོན་འདོད་ལ། སེམས་ཙམ་པས་མི་འདོད་པས་དེ་ལ་འོག་མའི་ལུགས་བཟང་བ་དང་། སེམས་ཙམ་པས་ཀུན་བཏགས་རྟོག་པས་བཏགས་ཙམ་དུ་འདོད་ལ་རང་རྒྱུད་པས་མི་འདོད་པས་དེའི་ཆ་ནས་སེམས་ཙམ་པའི་ལུགས་བཟང་བར་མི་འགྲོའམ་སྙམ་ན་མ་ཡིན་ཏེ། དོན་སྨྲ་དང་སེམས་ཙམ་གཉིས་ཕྱི་དོན་ཡོད་མེད་རྩོད་པའི་ཞེ་ཕུགས་ནི། བུམ་པ་ལྟ་བུ་སེམས་ཀྱི་བག་ཆགས་སྨིན་པ་སོགས་གང་ལའང་མ་ལྟོས་པར་རྡུལ་ཕྲ་རབ་བསགས་པའི་སྟེང་ནས་རྟོག་པའི་ཞེན་གཞིར་ཚུགས་ཐུབ་ཏུ་ཚུར་ལིང་ངེར་གྲུབ་རྒྱུ་ཡོད་པ་ཞིག་ལ་བསམས་པ་ཡིན་པས་དེ་ཐལ་འགྱུར་བའི་ལུགས་ལའང་མེད་པས་དོན་ལ་བསམ་ན་སེམས་ཙམ་པ་བདེན་ཞིང། སློབ་དཔོན་དབྱིག་གཉེན་ལྟ་བུ་མདོ་སྡེ་པ་ལས་སེམས་ཙམ་པར་གྱུར་པའི་ཚེ་དགག་བྱ་དེ་ཁེགས་ནས་བློ་ཁ་ཇེ་མཐོར་སོང་བ་ཡིན་ནོ། །སེམས་ཙམ་པས་ཀུན་བཏགས་
རྟོག་པས་བཏགས་ཙམ་ཡིན་ཟེར་མོད་ཀྱང་། ཙམ་སྒྲས་རྒྱུ་ལས་སྐྱེས་པ་དང་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ཡུལ་དུ་གྲུབ་པ་ཙམ་ཁེགས་པ་མ་གཏོགས་ཡུལ་སྟེང་ན་གྲུབ་རྒྱུ་ཞིག་ཡོད་པ་ཁེགས་པར་མ་གོ །རང་རྒྱུད་པས་ཙམ་སྒྲའི་ནུས་པ་ཡུལ་སྟེང་ན་གྲུབ་རྒྱུ་ཞིག་ཡོད་པ་ཁེགས་ཚུལ་ཤར་ཏེ་ཀུན་བཏགས་དེར་ཁས་མ་བླངས་པ་ཡིན་པས་དེ་གཉིས་ཀྱང་ཕྱི་མ་བློ་ཁ་མཐོ་བའི་རྟགས་ཡིན་ནོ། ། ༈ མདོ་སྔགས་ལ་གཞོལ་ཚུལ་དྲིས་པའི་ལན་ནི། དཔེར་ན་ཐང་དམའ་མོ་ནས་རི་རྩེར་འགྲོ་བའང་ཐང་སྟོད་ཇེ་མཐོ་དང་རི་ཞོལ་ཇེ་དམའ་དགོས་ཀྱི། དེ་མིན་ན་འགྲོ་ལུགས་མེད་པ་ལྟར། མདོ་སྔགས་ལ་གཞོལ་ཚུལ་ཡང་མདོའི་བཤད་པ་ཇེ་ཟབ་ཇེ་མཐོར་སོང་སྟེ། ཐེག་པ་འོག་མར་ཉོན་མོངས་ལམ་གྱི་གྲོགས་སུ་འགྲོ་བར་གསུངས་པ་མེད་ཀྱང་། ལྷག་བསམ་བསྐུལ་བར་བྱང་སེམས་ལ་དེ་གྲོགས་སུ་འགྲོ་བ་ཡོད་པར་གསུངས། ལུས་ངག་གི་བདུན་ཡང་གནང་སྟེ། སྔགས་ཀྱི་ཆགས་པ་ལམ་དུ་བྱེད་ཚུལ་དང་མངོན་སྤྱོད་ལྟ་བུ་མིན་ཡང་དེར་ཕྱོགས་པའི་རྟགས་ཡིན། མདོ་གཞན་ལ་སྦས་དོན་ཟེར་བ་མེད་ཀྱང་ཤེར་མདོར་ཡོད་པ་དེ་མདོའི་ཡང་རྩེ་ཡིན་པས་སྔགས་ཀྱི་ཚུལ་བཞི་སོགས་ལ་ཕྱོགས་པའི་རྟགས་ཡིན། ཚུལ་བཞིའང་དང་པོ་ཚིག་དོན་ནས་ཡར་འཁྲིད་པ་བྱིས་པ་ཆུང་ངུར་མཛུབ་རྩེ་བསྟན་ནས་མིག་ཁྲིད་དེ་ཟླ་བ་སྟོན་པ་དང་འདྲ་བར་གསུངས་པས། ཡིག་སྤྱི་གཉིས་མདོ་ལ་ཚང་ཡོད་པས་དེ་སྔགས་ལ་འཁྲིད་བྱེད་ཡིན་པ་དེས་ཀྱང་ཤེས། ཡང་སྔགས་ཀྱི་ཁྱད་ཆོས་གཙོ་བོ་ལྷའི་རྣལ་འབྱོར་དང་རླུང་འདུལ་ཐབས་གཉིས་ཡིན་ལ། མདོ་རྣམས་དེའི་
སྔ་མར་གཞོལ་ཚུལ་བྱེ་སྨྲས་སངས་རྒྱས་ཀྱི་གཟུགས་སྐུ་བེམ་པོར་འདོད་ཅིང་ལྷག་མེད་ཀྱི་ཚེ་བེམ་རིག་རྒྱུན་ཆད་པས་ད་ལྟ་སྐྱབས་སུ་སོང་ཚེ་སྨོན་ལམ་གྱི་མཐུས་བྱིན་རླབས་འཇུག་པས། ཤི་བ་ལ་ཡང་བྱིན་རླབས་ཡོད། །ཅེས་པ་ལྟར་ཡིན་གྱི། ཡུལ་དངོས་དེ་མེད་པར་འདོད། མདོ་སྡེ་པས་གཟུགས་སྐུ་སངས་རྒྱས་སུ་འདོད་པས་སྔ་མ་ལས་དགའ་འང་སྐུ་དེ་བསྒོམ་པ་མ་བཤད། འོན་ཀྱང་འདུལ་བ་ལུང་ལས་སྟོན་པའི་སྐུ་བྲི་བར་གསུངས་པ་འདི་གཉི་གས་བྱེད་ལ། དེ་བསྒོམ་པའི་དམིགས་རྟེན་ཡིན་པས་རྟེན་འབྲེལ་གྱི་སྒོ་ཙམ་ཞིག་ཡོད། ཕར་ཕྱིན་ཐེག་པས། ཡེ་ཤེས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་པ་དང་། གང་ཞིག་ཐུབ་པའི་ཟླ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་རྟག་ཏུ་བཞུགས། །ཞེས་མདུན་དུ་བསྒོམ་པ་བཤད་ཀྱང་རང་དེར་བསྒོམ་པ་མ་བཤད། བྱ་རྒྱུད་ལ་བདག་བསྐྱེད་ཡོད་མེད་གཉིས་འབྱུང་བའང་མདོའི་གདུལ་བྱ་ཡར་ཁ་འདྲེན་ཐབས་ཡིན་ཏེ། བདག་བསྐྱེད་མེད་པ་དང་། ཡོད་ཀྱང་དམ་ཚིག་པ་ཙམ་བསྒོམ་པ་དང་། དེར་ཡེ་ཤེས་པ་བསྲེ་བ་རིམ་པ་བཞིན་རྟ་ལ་ཟན་སློབ་པ་ལྟར་བྱེད་དགོས་པས་མདོ་སྔགས་མཐུད་མཚམས་ལྟ་བུ་དེར་རིམ་པས་ཕྲ་སྦོམ་བཏང་བ་ཡིན། འདུལ་བ་ལུང་ལས་སྟོན་པའི་སྐུ་ལ་ཞབས་གདུབ་དང་རྣ་རྒྱན་མ་གཏོགས་པའི་རྒྱན་འབུལ་བར་གསུངས་པས་ཐེག་དམན་ལྟར་ནའང་ལྷའི་རྣམ་པར་སྒྱུར་རྒྱུའི་ཕྱོགས་ཙམ་ཡོད་ལ། ཕར་ཕྱིན་ཐེག་པར་ལོངས་སྐུའང་བཤད་པ་དང་། བྱ་རྒྱུད་ཀྱི་གཙོ་བོ་དམ་ཚིག་གསུམ་བཀོད་ཀྱི་
དཀྱིལ་འཁོར་སོགས་སྔགས་སྤྱི་འགྲོ་ལྟར་ལ་གཙོ་བོ་སྤྲུལ་སྐུའི་རྣམ་པར་ཡོད་པ་དང་། རྣལ་འབྱོར་རྒྱུད་ཀྱི་ལྷ་སྣམ་ལ་རབ་བྱུང་གི་རྣམ་པ་ཅན་བཀོད་པ་སོགས་ཀྱང་སྔ་མ་སྔ་མའི་འགྲོས་དེ་ཡིན་ནོ། །སྤྱོད་རྒྱུད་ཀྱིས་ཡེ་ཤེས་པ་གཞུག་པའི་ཚུལ་གཙོ་བོ་དང་། རྣལ་འབྱོར་རྒྱུད་ཀྱིས་དེར་ཕྱག་རྒྱ་བཞིས་རྒྱས་འདེབས་པ་བཅས་ཇེ་ཟབ་ཏུ་བཏང་། བླ་མེད་ཀྱིས་བསྐྱེད་པ་ཙམ་དུ་མ་ཟད་སྐུ་གསུམ་ལམ་འཁྱེར་གྱི་ཚུལ་དུ་བསྐྱེད་ལ། དེ་ལས་ལྷག་པ་ལུས་སེམས་ཕྲ་རགས་ཕྱེ་སྟེ་ཡེ་ཤེས་ཀྱི་སྐུར་ལྡང་ཚུལ་གསུངས་སོ། །རླུང་གི་རྣལ་འབྱོར་ལ་མདོ་རྣམས་གཞོལ་ཚུལ་བྱེ་སྨྲས་དབུགས་འབྱུང་རྔུབ་སྒོམ་ཚུལ། བགྲང་བ་ལ་སོགས་རྣམ་པ་དྲུག །ཅེས་པ་ཙམ་ཞིག་ཡོད་ལ། མངོན་པ་གོང་མས་དེ་ལས་རྒྱས་སུ་བཏང་ཚུལ་བསམ་གཟུགས་ཆེན་མོ་ལྟར་ཡིན། དེ་ལས་ལྷག་པ་རླུང་དང་སྦྲགས་ཏེ་གཏོང་ལེན་གྱི་སྒོ་ནས་བདག་གཞན་མཉམ་བརྗེ་སྒོམ་ཚུལ་སྤྱོད་འཇུག་ཏུ་གསུངས་པ་དེ་སྔགས་དངོས་མིན་ཀྱང་སྔགས་ཀྱི་འབྲས་བུ་ལམ་བྱེད་དང་སྒོ་མཐུན་པའི་མན་ངག་ཡིན་པས་གསང་བའི་དམ་པ་ཞེས་གསུངས། རྒྱུད་སྡེ་འོག་མར་རླུང་ལ་བརྟེན་ནས་བདེ་དྲོད་བསྐྱེད་པ་དང་། དེའི་རང་གདངས་སྔགས་ཀྱི་སྒྲར་གྲག་པ་སོགས་གསུངས་ལ། བླ་མེད་ཀྱིས་དེའི་འབྱུང་འཇུག་གནས་གསུམ་སྔགས་སུ་བྱེད་པའི་རྡོར་བཟླས་ཀྱི་སྒོ་ནས་རླུང་དབུ་མར་གཞུག་པའི་མན་ངག་མཐར་ཐུག་པ་གསུངས་སོ། ། ༈ དེ་བཞིན་དུ་སངས་རྒྱས་རྗེས་སུ་དྲན་པའི་དོན་ཡང་གྲུབ་མཐའ་འོག་མས་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་པ་ལ་བྱེད། ཐེག་ཆེན་ཐུན་མོང་བས་ཡེ་ཤེས་ཀྱི་
སྤྱན་གྱིས་གཟིགས་བཞིན་པར་བཞུགས་པ་དཔང་པོའི་ཚུལ་གྱིས་ལྷ་རྗེས་སུ་དྲན་པ་ལ་བྱེད། གསང་སྔགས་ཀྱིས་རང་ལྷར་རྗེས་སུ་དྲན་ནས་ང་རྒྱལ་དང་གསལ་སྣང་བསྐྱེད་པ་ལ་བྱེད་དོ། །༈ སེམས་སེམས་བྱུང་རྫས་མཚུངས་ཞེས་པའི་དོན་གང་ཡིན་དྲིས་པའི་ལན་ནི། རྫས་མཚུངས་དེ་གཉིས་རྫས་རེ་རེ་བར་མཚུངས་ཞེས་པ་ཡིན་ལ། འདིར་ཉམས་ལེན་དང་འབྲེལ་བའི་གོ་རྒྱུ་ཆེན་པོ་ཞིག་ཡོད་དེ། སེམས་ཀྱི་ངོ་བོ་གསལ་རིག་ཙམ་ངོས་ཟིན་ཡང་། སེམས་བྱུང་སོ་སོ་ངོས་མ་ཟིན་ན་རྨུགས་པ་སོགས་གཏི་མུག་གི་ཆ་འགའ་ཞིག་ཏིང་འཛིན་དུ་འཁྲུལ་བ་དང། འདོད་ཆགས་ཀྱི་ཆར་གཏོགས་འགའ་ཞིག་བྱམས་སྙིང་རྗེ་དད་པ་སོགས་སུ་ནོར། ལྟ་ངན་ལ་ཤེས་རབ་ཏུ་ནོར་བ་སོགས་རྟོག་པ་འོག་འགྱུའི་དབང་གིས་རྒྱལ་ཁ་བློན་གྱིས་བསྒྱུར་བ་བཞིན་སེམས་དགེ་མི་དགེ་གང་དུ་སོང་ཡོད་ཤེས་དཀའ་བས་དམ་པ་རྣམས་ཉམས་ལེན་བྱེད་པ་ལ་ཀུན་བཏུས་སམ། མ་མཐའ་ཕུང་པོ་ལྔའི་རབ་བྱེད་ལྟ་བུ་རེར་སྦྱང་དགོས་པར་གསུང་ཞིང་སེམས་སེམས་བྱུང་གི་ངོས་འཛིན་མང་པོ་གསུངས་པའི་རྒྱུ་མཚན་དེ་ཡིན་ནོ། །བློན་པོའི་ནང་ནས་ཀྱང་སྐབས་དེར་ཕན་གནོད་གང་བྱེད་པའི་གཙོ་བོ་རང་དེ་ཤེས་ནས་ཐབས་བྱེད་དགོས་པ་ལྟར། སེམས་བྱུང་མང་པོ་ཡོད་ཀྱང་རང་སྟོབས་ཀྱིས་ཡུལ་མྱོང་བའི་ཆ་དེ་བྱེད་མཁས་ཚོར་བ་རྫས་གཅིག་པོ་དེ་ཁོ་ན་ཡིན། འདི་འདིའོ་ཞེས་སྤུ་རིས་འབྱེད་མཁན་འདུ་ཤེས་གཅིག་པུ་ཡིན་པ་ལྟ་བུ་མཛུབ་མོ་འཛུག་ས་གཅིག་དགོས་ལ། ཁྱད་པར་གནས་ལུགས་ལ་རྨོངས་ཏེ་
འཁོར་རྩ་བྱེད་མཁན་དང་། གནས་ལུགས་རང་སྟོབས་ཀྱིས་རྟོགས་ཏེ་འཁོར་བ་ལས་གྲོལ་བྱེད་གང་ཡིན་རྩ་བར་བཅར་ནས་ངོས་ཟིན་པ་ཞིག་མེད་ན་སྤོང་གཉེན་ངོ་འཕྲོད་པའི་སྒོམ་ཚུལ་གནད་ཐོག་ཏུ་ཁེལ་བ་ཞིག་མི་འོང་ངོ་། །འཕགས་ཡུལ་གྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱང་དགོས་དོན་འདི་ཐུགས་ལ་བཞག་པའི་དབང་གིས་སེམས་ཙམ་པ་ལུང་གི་རྗེས་འབྲང་རྣམས་གནས་ལུགས་སྒྲིབ་བྱེད་མ་རིག་པ་ལྟ་མིན་གྱི་དེ་ཁོ་ནར་ངེས་ཀྱི། ལྟ་བར་གྱུར་པ་གཅིག་སྟེ་མ་རིག་པ་གཉིས་བྱུང་ན་རྫས་མཚུངས་ཉམས་ཟེར་དོན། དཔེར་ན་མི་གཅིག་ལ་རྐུས་བཙུགས་ཡོད་པའི་ཚེ་ཡང་ཕྱོགས་གཞན་གྱི་མི་གཅིག་ལ་རྐུས་དེ་བཙུགས་ན་ངེས་མེད་དུ་འགྲོ་བ་བཞིན། སྲིད་རྩ་གང་ཡིན་བཙལ་བཙལ་ཏེ་ཐོག་ཅིག་མ་རིག་པར་ངོས་ཟིན་ཡོད་པ་དེ་གཏད་སོ་མེད་པར་འགྲོ་ དོགས་པ ་ཡིན། སེམས་ཙམ་པ་རིགས་པའི་རྗེས་འབྲང་དང་དབུ་མ་པ་སོགས་ཀྱིས་ལན་འདེབས་ཚུལ་ཡང། བྱ་བ་ཁྱད་མེད་པའི་མ་རིག་པ་གཉིས་སེམས་གཅིག་གི་འཁོར་དུ་བཞག་ན་རྫས་མཚུངས་ཉམས་པ་བདེན་ཡང་། འདིར་ལྟ་མིན་རང་སྟོབས་ཀྱིས་གནས་ལུགས་སྒྲིབ་པ་ཙམ་བྱེད། འཇིག་ལྟས་རང་སྟོབས་ཀྱིས་ཕྱིན་ཅི་ལོག་ཏུ་འཛིན་པས་བྱ་བ་མི་འདྲ་ཞིང་། དེའི་ནང་ནས་ཀྱང་སྐྱོན་ཆེ་ཤོས་འཇིག་ལྟས་བྱེད་པ་ཡིན་ཏེ། མུན་ཁྲོད་དུ་ཐག་པ་དཔྱིས་ཕྱིན་པར་མ་མཐོང་བ་ལས་ཀྱང་སྦྲུལ་དུ་མཐོང་བ་དེ་ཉིད་ཀྱིས་འཇིགས་སྐྲག་སྐྱེད་པ་བཞིན། རྨོངས་ཙམ་ལས་ཀྱང་འཇིག་ལྟ་དེ་ཉིད་ཆགས་སྡང་སོགས་ཀྱི་རྒྱུའི་གཙོ་བོ་ཡིན་པས། རྣམ་འགྲེལ་ལས། ལོག་པར་དམིགས་ཉིད་མ་རིག་པ། །གསུངས་
ཤིང་འཇུག་པའི་དགོངས་པའང་དེ་དང་འདྲ་ལ། མདོ་སྡེ་རྒྱན་ལས། གང་ཕྱིར་ཡོད་པ་མི་མཐོང་མེད་མཐོང་བ། །དེ་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །གསུངས་པའི་དཔེའི་ནུས་པའང་འདིས་ཐོན་ནོ། །འཕགས་ཡུལ་གྲུབ་མཐའ་བཞིའི་མཁས་པ་ཀུན་གྱིས་དཔྱད་པ་མང་པོ་མཛད་པའི་དགོས་དོན་གཙོ་བོ་འཁོར་རྩ་གཅོད་ཐབས་འདི་རང་ཡིན་པས་བློའི་ནུས་པའི་ཁྱད་ཀྱིས་རིམ་པ་བཞིན་ཇེ་ཞིབ་ཏུ་སོང་སྣང་སྟེ། བྱེ་སྨྲ་རྣམས་སྲེད་པས་ཡུལ་ལ་འཇུག་ཚུལ་ཙམ་མཐོང་ནས་དེ་འཁོར་རྩར་འཇོག་པ་མ་གཏོགས་བདག་འཛིན་གྱིས་འཁོར་རྩ་བྱེད་ལུགས་བློས་མ་འཆུན་ཞིང། སྲེད་པ་ནི་སྤང་བྱ་གཞི་བཅས་ཞེས་ཡུལ་འདོད་པའི་དངོས་པོ་དོན་དུ་ཡོད་པ་ཞིག་ལ་ཡིད་འོང་གི་རྣམ་པར་ཞེན་པ་ཡིན་པས། སྤང་བྱ་གཞི་མེད་བདག་འཛིན་ལྟ་བུ་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་གཉེན་པོའི་སྒོ་ནས་ཞེན་ཡུལ་དྲུངས་ཕྱུང་སྟེ་སྤོང་ཚུལ་མེད། དེའི་སྟོབས་ཀྱིས་དགྲ་བཅོམ་ཐོབ་ནའང་ཡུལ་འདོད་པའི་དངོས་པོ་དང་ཕྲད་པའི་རྐྱེན་གྱིས་འབྲས་བུ་ལས་ཉམས་པའང་འཇོག་དགོས་བྱུང་བ་ཡིན། དེ་ལ་ཕ་རོལ་པོས་ཐར་པ་ལ་ཡིད་བརྟན་མེད་པར་ཐལ་བ་འཕང་བའི་ལན་དུ། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་སྐྱོན་སྤོང་ཞིག་བྱེད་མོད་ཀྱང་མི་འགྲིག་པའི་རྩ་བ་འཁོར་རྩ་ངོས་མ་ཟིན་པ་དེ་ཡིན། སྤང་བྱའི་གཙོ་བོ་ངོས་མ་ཟིན་པས་སྤོང་བྱེད་གཉེན་པོའང་ངེས་བཟུང་མེད་པར་སྦྱོར་ལམ་ཐ་མའི་ཚེ་མི་རྟག་སྡུག་བསྔལ་སོགས་གང་གཙོ་བོར་བསྒོམ་
ནའང་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དེ་དེའི་རྣམ་ལྡན་དུ་སྐྱེ་ཞེས་ཟེར། མདོ་སྡེ་པས་འཁོར་རྩ་ལ་བདག་འཛིན་དགོས་པའི་ཕྱོགས་ཤིག་ཤེས་ཀྱང་བདག་འཛིན་རགས་པ་ཙམ་ལས་ངོས་མ་ཟིན། དེ་བཞིན་དུ་གཉེན་པོའི་གཙོ་བོ་བདག་མེད་བསྒོམ་དགོས་པར་བསམས་ཀྱང་དེ་མངོན་སུམ་དུ་འཆར་ཚུལ་བློར་མ་བདེ་བས་ཆོས་བཟོད་ཀྱིས་མི་རྟག་སོགས་སྣང་ཡུལ་དུ་བྱས་པའི་ཤུགས་ལ་རྟོགས་ཟེར། སེམས་ཙམ་པས་དེའི་སྟེང་དུ་ཐེག་ཆེན་ལུགས་ཀྱི་སྤང་བྱ་ཁྱད་པར་ཞིག་ཡོད་དགོས་ཤིང་། དེའང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་པའི་ཤེས་སྒྲིབ་ཅེས་ཆོས་ཐམས་ཅད་ཀྱི་སྟེང་དུ་ལོག་པར་ཞུགས་ནས་སྒྲོ་འདོགས་མཁན་ཞིག་ཡོད་དགོས་པར་བསམས་ནས་ཆོས་ཀྱི་བདག་འཛིན་རགས་པ་ཞིག་བསྣན་ཏེ་གང་ཟག་གི་བདག་འཛིན་དང་དེ་གཉི་ག་འཁོར་བའི་རྩ་བར་འདོད། འདིས་མདོ་སྡེ་པ་ལྟར་ཆོས་བཟོད་ཀྱི་འཛིན་སྟངས་ལ་འདུས་བྱས་ཤིག་མ་བཞག་ཀྱང་རྗེས་བཟོད་ལ་བཞག་པ་འོག་མའི་ཤན་གྱིས་ད་དུང་གཏད་སོ་ཞིག་མ་བྱུང་བའི་རྟགས་སུ་སྣང་། རང་རྒྱུད་པས་བདེན་འཛིན་གྱིས་འཁོར་རྩ་བྱེད་པའི་ཕྱོགས་རྟོགས་ནའང་བདེན་འཛིན་ཕྲ་མོ་ངོས་མ་ཟིན་ཞིང། ཐེག་པ་གསུམ་ཤེས་རབ་ཀྱི་རྟོགས་རིགས་ཐ་དད་པ་དང་། དེའི་དབང་གིས་གྲུབ་མཐའ་འོག་མས་འདོད་པའི་བདག་འཛིན་དེ་ཚོའང་འཁོར་བའི་རྩ་བར་བཞག་སྟེ་གཅིག་ཆོད་ཅིག་བྱེད་མ་ཐུབ། ཐལ་འགྱུར་བས་ཐམས་ཅད་མཁྱེན་པ་འཐོབ་པ་ལ་གེགས་བྱེད་ཀྱི་ཤེས་སྒྲིབ་ཅིག་ཟུར་དུ་ཡོད་ནའང། ཐེག་པ་
གསུམ་པོ་གང་གི་དབང་དུ་བྱས་རུང་ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་གཙོ་བོ་འཁོར་བའི་རྩ་བ་བདེན་འཛིན་ཕྲ་མོས་བྱེད་པ་འདྲ་ཞིང་། དེ་གཅོད་བྱེད་བདེན་མེད་བསྒོམ་པའང་འདྲ་བས་ཞི་སྒོ་གཅིག་པུ་འདི་ཁོ་ན་ཡིན་ཞེས་འཇོག་ཐུབ་པ་བྱུང་སྟེ། རིམ་པ་བཞིན་རྐུན་མ་ངོས་འཛིན་པ་ལ་དང་པོ་ཕྱོགས་ཙམ་ཡང་མ་ཤེས་པ་དང་། ཕྱོགས་ཙམ་ཤེས་ཀྱང་གྲོང་ངོས་མ་ཟིན་པ་དང་། དེའི་ནང་ནས་མི་འགའ་ལ་ དོགས་པ ་སྐྱེས་པ་དང་། གཅིག་རང་ལ་མཛུབ་མོ་འཛུག་ཐུབ་པ་ལྟ་བུ་གནད་ལ་ཐག་ཇེ་ཉེར་འགྲོ་ཚུལ་གྱི་ཁྱད་ཞུགས་པ་འདི་མཐོང་ན་ཐམས་ཅད་ལ་དད་པ་སྐྱེ་ཞིང་། གྲུབ་མཐའི་གོ་རིམ་ལ་ངེས་པ་དང་གོང་མ་གོང་མ་ལ་ལྷག་པར་ཡིད་ཆེས་རྙེད་ཅིང། བཅོམ་ལྡན་འདས་ཀྱིས་གདུལ་བྱའི་རིམ་པ་གཟིགས་ཏེ་ཆོས་བསྟན་ཚུལ་ལ་དད་པ་ལྷག་པར་ཐོབ་པ་འབྱུང་ངོ་། །འཁོར་རྩ་འཇོག་ཚུལ་མ་འདྲ་བའི་དབང་གིས་ཐར་ལམ་སྒྲུབ་པའི་རྟེན་གྱི་རིགས་འཇོག་ཚུལ་ཡང་མི་འདྲ་སྟེ། བྱེ་སྨྲས་སྲེད་པ་འཁོར་རྩ་བྱས་པས་རིགས་ཀྱི་ངོ་བོ་འདོད་ཆུང་ཆོག་ཤེས་ལ་བཤད་དོ། །སེམས་ཙམ་པས་འཁོར་འདས་ཐམས་ཅད་ཀུན་གཞིའི་སྟེང་ནས་འབྱུང་དགོས་པས་རིགས་ཀྱང་དེའི་སྟེང་གི་ཟག་མེད་ཡེ་ཤེས་སྐྱེ་རུང་གི་ནུས་པ་ཞིག་བཞག་གོ །ཐལ་རང་གཉིས་སེམས་ཀྱི་གནས་ལུགས་བདེན་སྟོང་ལ་རིགས་སུ་འཇོག་པ་འདྲའང་དེ་མཐོང་སྒོམ་གྱི་སྤང་བྱའི་དྲི་མས་དག་པའི་ཆ་རིམ་པར་འགོག་བདེན་དུ་འགྲོ་ལུགས་དང་། འགོག་པ་དེ་ཉིད་རང་སྟེང་དུ་མཐོང་ཚུལ་སོགས་ཐལ་འགྱུར་བ་ལྟ་
བུའི་འཇོག་ཚུལ་བདེ་མོ་ཞིག་མ་ཐུབ་པ་ཐེག་པ་གསུམ་གའི་ཤེས་རབ་ཀྱི་རྟོགས་རིགས་སོ་སོར་བཞག་པའི་དབང་གིས་ཡིན་ཏེ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་སོགས་ཀྱི་རྩོད་ལན་ཡང་ཐེག་པ་གསུམ་གས་སེམས་ཀྱི་ཆོས་ཉིད་དེ་ག་བསྒོམ་པར་འདྲའང་ཟིན་བྱེད་ཐབས་ཀྱི་ཆ་སོགས་མ་འདྲ་བས་སྟོབས་ཆེ་ཆུང་དང་མཆོག་དམན་བྱུང་བ་ཡིན་ཞེས་ལན་འདེབས་རྒྱུ་བཞག་ནས། ནམ་མཁས་གཟུགས་ཅན་ཀུན་ལ་གོ་འབྱེད་པ་ལྟར་སེམས་བདེན་སྟོང་དེས་ཀྱང་ཐེག་པ་གསུམ་གའི་ལམ་ལ་གོ་འབྱེད་པས་རྟེན་བྱེད་པར་འདྲའང་ལམ་རང་རང་གི་ངོ་བོ་མ་འདྲ་བ་ཡིན་ཞེས་ལན་འདེབས་ལ། ཐལ་འགྱུར་བས་གཞལ་ན་རྒྱུ་བྱེད་པའི་རིགས་སུ་འགྱུར་ཚུལ་ཞིག་མེད་པར་རྟེན་བྱེད་ཚུལ་དེ་ཙམ་ཞིག་ཡིན་ཚེ་ཉོན་མོངས་རྣམས་ཀྱང་སྐྱེ་བ་ལ་གོ་འབྱེད་པས་དེའི་འང་རྟེན་དུ་ཐལ་བ་སོགས་འབྲེལ་མེད་ཀྱི་སྐྱོན་འཇུག་གོ །རྒྱུ་མཚན་འདི་ལ་བརྟེན་ནས་འཕགས་པ་གྲོལ་སྡེས་ཉི་སྣང་རང་རྒྱུད་པའི་གཞུང་དུ་བྱས་ནས་མཛད་ཀྱང་རྩོད་ལན་གྱི་ཐད་འདི་དག་ཐལ་འགྱུར་བ་དང་སྒོ་བསྟུན་པ་ཡིན། བཞི་བརྒྱ་པར། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཁྱེད་ལ་ཐེག་པའི་དབྱེ་བ་མེད། །གསུངས་པའང་ཆོས་དབྱིངས་སུ་རོ་གཅིག་པའི་གཏན་ཚིགས་ཀྱིས་མཐར་ཐུག་ཐེག་པ་སོ་སོ་བ་མེད་པར་བསྒྲུབས་པ་ཡིན་ན་འཁོར་འདས་ཀྱང་སོ་སོ་བ་མེད་པར་འགྱུར་བས། དེའི་དོན་གང་ལ་དམིགས་ནས་གཙོ་བོར་བསྒོམས་པས་དེའི་ངོ་བོར་དྲི་མ་ཟད་པའི་ཆོས་དབྱིངས་འདྲ་བའི་དོན་དུ་བྱེད་དགོས་ཏེ། དེ་ལྟར་བྱས་ན་མངོན་
རྟོགས་རྒྱན་གྱི་དེ་དང་ཚིག་དོན་གཉི་ག་ཤིན་ཏུ་འདྲའོ། །སེམས་ཙམ་མན་ཆད་རིགས་བདེན་གྲུབ་ཏུ་འདོད་པའི་རྒྱུ་མཚན་གྱིས་མཐར་ཐུག་ཐེག་པ་གསུམ་དུ་བཞག་པ་ཡིན་ནོ། །དབུ་མ་པས་སེམས་དྲི་མས་བསླད་པའང་བདེན་གྲུབ་མ་ཡིན་པར་ལྟོས་གྲུབ་བཅོས་སུ་ཡོད་པའི་གནད་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱ་ངེས་སུ་བཞེད་ཅིང་། རྣམ་འགྲེལ་རྗེས་འབྲང་གི་སེམས་ཙམ་རྣམས། རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཞེས་སོགས་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབས་པའང་དབུ་མ་པའི་རིགས་པའི་འགྲོས་འདི་ལ་གཞོལ་བ་ཡིན་ཏེ། དགག་བྱའི་ཁྱད་ཙམ་མ་གཏོགས། སྣ་ཚོགས་སྣང་ཅན་དོན་རྣམས་ལ། །ཞེས་སོགས་གཅིག་དུ་བྲལ་གྱི་རིགས་པ་དང། རེས་འགའ་བ་ཉིད་ཡིན་པས་ན། །ཞེས་སོགས་ལྟོས་གྲུབ་ཀྱི་རིགས་པས་སྒྲུབ་ཚུལ་རྩ་འཇུག་སོགས་དང་འགྲོས་མཐུན་པ་ཤིན་ཏུ་མང་ངོ་། །རིགས་འདོད་ཚུལ་མི་མཐུན་པ་འདིའང་ལེགས་པར་གོ་ན་ཉམས་ལེན་དུ་འཆར་ཚུལ་ཞིག་ཡོད་དེ། ལས་དང་པོ་བ་ལ་སེམས་བདེན་སྟོང་རིགས་ཡིན་ཟེར་བ་ལས་འདོད་ཆུང་ཆོག་ཤེས་འཕགས་པའི་རིགས་སུ་བསྟན་ཏེ། རིགས་ཞེས་པ་རྩ་བའི་རྒྱུའམ་ས་བོན་དང་ཁམས་ཀྱི་དོན་ཡིན་པས་ཐར་པའི་གོ་འཕང་ཞིག་འདོད་ན་འདོད་ཆུང་ཆོག་ཤེས་ལ་གནས་དགོས་ཀྱི། གཞི་དེ་མེད་པར་ཐར་ལམ་སྒྲུབ་ཚུལ་གཏན་མེད་ཅེས་བཤད་ན་བློ་འཁུལ་ཚབས་ཆེ་བས་དོན་དུ་འགྱུར་རོ། །འདི་ལ་དགོངས་ནས་པད་དཀར་དུའང་ཆོས་གོས་
ངན་ངོན་ཙམ་གྱིས་ཆོག་ཤེས་པ་སོགས་བཞི་ལ་འཕགས་པའི་རིགས་སུ་གསུངས་སོ། །གཞན་ལྟ་ཅི། ཕུང་པོ་ལྔར་ཕྱེ་བ་དང་། གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་དུ་བྱས་པ་ཚུན་ཆད་ཀྱི་སྟེང་ནའང་གྲུབ་མཐའ་གོང་འོག་ཕྲ་རགས་ཀྱི་ཁྱད་པར་ཞིག་དོད་ཡོད་པ་ཤེས་ཏེ། བྱེ་མདོ་གཉིས་ཕྱི་དོན་བེམ་པོའི་འཇོག་ཚུལ་འདི་གཙོ་བོར་བྱེད་ཅིང་བློར་བདེ་བས་དོན་སྨྲ་བ་ཞེས་ཟེར་ཏེ། བདེན་པ་གཉིས་ཀྱི་འཇོག་ཚུལ་ཡང་བུམ་པ་ལྟ་བུ་བཅོམ་གཞིག་བྱར་ཡོད་པ་དང་རྡུལ་ཕྲན་ལྟ་བུ་དེ་ལྟར་བྱེད་ཚུལ་མེད་པ་ལ་བྱེ་སྨྲས་བཤད་དོ། །སེམས་ཙམ་པས་ཕྱི་དོན་བེམ་པོ་བཀག་ནས་ནང་ཤེས་པའི་འཇོག་ཚུལ་གཙོ་བོར་བྱེད། འདུ་བྱེད་ཅེས་པ་དཔེར་ན་རི་ར་བ་ཁང་ཁྱིམ་མི་དང་ཕྱུགས་སོགས་དུ་མ་ཞིག་ཚོགས་ཙམ་ལ་རྒྱ་གར་ཞེས་བཏགས་པ་ལྟ་བུ་རིགས་མཐུན་མི་མཐུན་མང་པོ་ཞིག་འདུས་པའི་སྟེང་ནས་འཇོག་དགོས་པས་འདུ་བྱེད་དང་བཏགས་ཡོད་དུ་བཤད་ལ་དེ་གྲུབ་མཐའ་འོག་མ་རྣམས་ཀྱིས་ཁས་མི་ལེན་པ་མིན་ཡང་དོན་དབུ་མ་པས་བདེན་སྟོང་འཇོག་ལུགས་དང་ཤིན་ཏུ་འགྲིགས་ལ། རེའི་ནང་ནས་ཀྱང་ཐལ་འགྱུར་བས་རྟོག་པས་བཏགས་ཙམ་དུ་བཞག་པ་དང་ལྷག་པར་འགྲིག་གོ །གཞིའི་འཇོག་ཚུལ་གང་གི་སྐབས་སུའང་བློའི་འཇུག་པ་རྩིང་ཞིབ་ཀྱིས་མི་མཐུན་པ་ཤིན་ཏུ་མང་སྟེ། བྱེ་སྨྲ་རྣམས་ནམ་མཁའ་འཇོག་ཚུལ་ཡང་ཐོགས་རེག་བཀག་ཙམ་ལ་འཇོག་མ་ཤེས་པར་སྣང་མུན་གྱི་རྫས་ཤིག་ལ་འདོད། བོད་ཀྱི་དབུ་མ་པ་ཆེན་པོར་རློམ་པ་མང་པོས་
ཀྱང་སྟོང་ཉིད་ཀྱི་ངོ་བོ་དགག་བྱ་བདེན་གྲུབ་བཀག་ཙམ་ལ་འཇོག་མ་ཐུབ་པར་སྒྲུབ་པའི་ཆ་རེ་ནན་གྱིས་བཙལ་ནས་བཞག་པ་ནི་བདེན་པར་མེད་ཙམ་དེ་ཡེ་མེད་ལྟ་བུ་ཞིག་ཏུ་སོང་སྟེ་འཛིན་རྒྱུ་མ་བྱུང་བ་མེད་དགག་གི་སྤྱི་མ་ཤར་བའི་སྐྱོན་བྱེ་སྨྲ་ལ་འབྱུང་རྒྱུ་དེ་བྱུང་བ་ཡིན་ནོ། །མདོ་སྡེ་པ་རྣམས་མེད་དགག་དང་སེལ་བ་ཙམ་ཞིག་འཇོག་ཐུབ་ཀྱང་དེ་དང་འདུས་བྱས་རྣམས་ཡོད་པར་འཇོག་ཚུལ་བློ་ངོར་འཆར་དཀའ་སླ་དང་ཉེ་རིང་གི་ཁྱད་ཆེན་པོ་ཞིག་གྱུར་ཏེ། འདུས་བྱས་རྣམས་མངོན་སུམ་གྱི་དངོས་ཡུལ་དང་མངོན་གྱུར་དུ་འདོད་ལ། འདུས་མ་བྱས་རྣམས་རྟོག་པའི་སྣང་ཆ་ཙམ་དུ་འདོད། མི་རྟག་པའང་བྱེ་སྨྲས་འཇིག་རྟེན་གྱི་གྲགས་ཚོད་ལྟར་བུམ་པ་ཐོ་བས་བཅོམ་པའམ། མི་ཚེ་འཕོས་པ་ལྟ་བུ་ལ་འཇིག་པར་འཇོག་ཅིང་སྐད་ཅིག་གིས་འཇིག་པ་འཇོག་ཚུལ་མ་ཤེས་ལ། འདུས་བྱས་ཐམས་ཅད་མི་རྟག་པར་འཇོག་དགོས་པས་ལོངས་སྐུ་དང་འོག་མིན་གྱི་ཞིང་ལྟ་བུ་འཁོར་བ་མ་སྟོངས་བར་དུ་རྒྱུན་གནས་པ་ཁས་ལེན་མ་ཐུབ་པ་ཡིན། མདོ་སྡེ་པས་འཇིག་པ་ཕྱིས་འབྱུང་གི་རྒྱུ་ལ་མི་ལྟོས་པའི་གཏན་ཚིགས་ཀྱིས་འདུས་བྱས་ཐམས་ཅད་སྐད་ཅིག་གིས་འཇིག་པར་འདོད་ཀྱང། གྲུབ་མཐའ་གོང་མས་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་ལ་ཆ་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་འབྱེད་པར་ཕར་ཕྱིན་ལམ་སྒྲིག་ལས་གསུངས་པ་ལྟ་བུའི་དུས་ཀྱི་ཐུང་མཐའ་ཞིག་འཇོག་མི་ཐུབ་པས་དེའི་ཆ་ནས་ཀྱང་ཕྲ་རགས་ཡོད་ལ། མདོ་ལས་མི་རྟག་པའི་དོན་མེད་པ་དང་མ་
མཆིས་པའི་དོན་དུ་གསུངས་པའི་སྟེང་ནས་དབུ་སེམས་གཉིས་ལའང་གོ་ཚུལ་ཕྲ་རགས་ཡོད་དོ། ། ༈ ཡང་སྒྲོན་གསལ་ལས། འོད་གསལ་བའི་ཡེ་ཤེས་ལས་བྱུང་བས་ན་ཡེ་ཤེས་ཀྱིས་བཏགས་པའོ། །འདིའི་དོན་ཐེག་པ་ཆེན་པོའི་མདོ་སྡེ་ལས་ཀྱང་དགོངས་པས་བཤད་པས་སྟོན་ཏེ། སྐྲ་ཙམ་ཁྱོན་གཅིག་ལ་ཡང་སངས་རྒྱས་ནི། །རྣམ་མང་གངྒཱའི་ཀླུང་གི་བྱེ་སྙེད་བཞུགས། །ཞེས་བྱ་བ་དང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་བྱ་བ་གསུངས་པར་ལྷའི་དེ་ཁོ་ན་ཉིད་སྟོན་པ་ཡིན་ཏེ་ངེས་པའི་དོན་ཏོ། །ཞེས་ལེའུ་དྲུག་པར་གསུངས་ཀྱང་། དེའི་དོན་མཆན་གྱིས་འགྲེལ་པའི་ཚེ། ཟུང་འཇུག་གི་སྐུ་འདི་ལ་དགོངས་པའི་གཞིར་བྱས་ནས་བཤད་པས་ཏེ་སྒྲ་གཞན་གྱིས་སྟོན་གྱི། དངོས་སུ་མ་ཡིན་ནོ། །ཞེས་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་ཊཱིཀྐར་ཡང་། སྐྲ་ཙམ་ཁྱོན་ལ་ཞེས་སོགས་ཀྱི་མདོ་སྡེས་ཟུང་འཇུག་གི་སྐུ་བསྟན་པར་གསུངས་པའང་སྐྲ་རྩེ་ཙམ་གྱི་ཁྱོན་ན་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མའི་གྲངས་དང་མཉམ་པར་བཞུགས་པ་རྣམས་ཟུང་འཇུག་གི་སྐུ་བརྙེས་པ་ལ་དགོངས་པ་ཡིན་གྱི། མདོ་དེས་ཟུང་འཇུག་གི་ལྷའི་སྐུ་བསྟན་པར་བཞེད་པ་མིན་ཏེ། ཞེས་གསུངས་ལ། འདི་དང་དབུ་མ་འཇུག་པར། ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །ཞེས་སོགས་ཕྱོགས་གཅིག་ཏུ་བྱས་པའི་དཔྱད་གཞི་ཆེ་བ་ཞིག་ཡོད་དམ་སྙམ་སྟེ། དགོངས་པ་རབ་གསལ་དུ་འབྲས་བུའི་ས་འཆད་སྐབས་སྐུའི་རྣམ་
གཞག་ལ་ཆོས་སྐུ་ལོངས་སྐུ་རྒྱུ་མཐུན་པའི་སྐུ་གསུམ་དུ་བྱས་ནས་གསུངས་ཀྱང་། སྤྲུལ་སྐུའི་རྣམ་གཞག་འོག་ཏུ། སླར་ཡང་མི་གཡོ་སྐུ་མངའ་ཞེས་སོགས་ཀྱིས་སྟོན་པར་གསུངས་པས། འདིར་རྒྱུ་མཐུན་པའི་སྐུ་ཞེས་པ་དེ་སྐུ་གང་ལ་བྱེད་དཔྱད་དགོས་སོ། །འདིར་རྒྱུ་མཐུན་པའི་དོན་དགོངས་པ་རབ་གསལ་ལས། ཆོས་ལོངས་ཀྱི་རྒྱུ་མཐུན་པ་སྟེ་གསུངས་ཤིང། རང་འགྲེལ་དུའང། ཆོས་ཀྱི་སྐུ་ལས་བྱུང་བའམ་གཟུགས་ཀྱི་སྐུའི་མཐུ་ལས་བྱུང་ཡང་རུང་སྟེ། ཇི་སྐད་བཤད་པའི་སྐུ་ལས་གཞན་དུ་གྱུར་པ་རྒྱུ་མཐུན་པའི་སྐུ་ཞེས་གསུངས་པས། གོང་དུ་བཤད་མ་ཐག་པའི་ཆོས་སྐུ་ནི་ཡེ་ཤེས་ཀྱི་ཚོགས་དང་། གཟུགས་སྐུ་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་ཡིན་ལ། ཚོགས་དེ་གཉིས་ཀྱང་ཡ་བྲལ་དུ་མ་སོང་བར་ཟུང་དུ་འཇུག་དགོས་ལ། དེ་དང་མཐུན་པར་འབྲས་བུ་ཆོས་གཟུགས་གཉིས་ཀྱང་སོ་སོར་སོང་བ་ཙམ་གྱིས་མི་ཆོག་པར་ཟུང་དུ་འཇུག་དགོས་པས་དེ་ལ་རྒྱུ་མཐུན་པའི་སྐུ་ཞེས་བཤད་དེ། སྔགས་ཀྱི་ཐེག་པ་བཞིན་སྐུ་ཐུགས་ཟུང་འཇུག་གི་ཐ་སྙད་དངོས་སུ་མ་སྦྱར་ཡང་དོན་དེའི་སྟེང་དུ་འབབ་པར་སྣང་ངོ་། །གོང་དུ་ཆོས་སྐུ་ལས་བྱུང་བའམ་ཞེས་གདམ་ངའི་ཚིག་ལྟ་བུ་གསུངས་པའང་གང་རུང་གི་དོན་མིན་གྱི། རྒྱུ་དེ་གཉི་གས་ཁྱད་མེད་དུ་བསྒྲུབ་པའི་དོན་ཡིན་ཞིང་། དངོས་ཟིན་སྐུ་གཉིས་ལས་འབྱུང་བར་གསུངས་པའང་སྐུ་གཉི་ག་འགྲུབ་བྱེད་ལས་འབྱུང་བའི་དོན་ནམ། ཡང་ན་ཚོགས་པ་འཇོག་པ་ཡ་གྱལ་ལ་བརྟེན་ནས་འབྱུང་བའམ་འཇོག་པའི་དོན་དུ་གོ་
དགོས་སོ། །འཇུག་པའི་གསུང་ཚུལ་འདི་དག་སྒྲོན་གསལ་དུ་བཟང་སྤྱོད་ཀྱི་ལུང་དྲངས་པ་དེ་དང་ཤིན་ཏུ་མཚུངས་ཏེ། སངས་རྒྱས་བྱང་སེམས་ཀྱི་མཛད་པ་སྐྱེས་རབས་མཐའ་དག་བ་སྤུའི་ཁུང་བུ་གཅིག་དང་རྡུལ་ཕྲ་རབ་གཅིག་གི་གོ་སར་སྐད་ཅིག་མ་གཅིག་གི་ཡུན་ཚད་ལ་སྟོན་ཚུལ་གསུངས་པ་རྣམས། སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད། ཅེས་དང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཞེས་སོགས་ཚིག་རིས་བཞིན་བཀོད་པར་སྣང་ངོ་། །དེ་ལྟར་འོངས་པའི་རྒྱུ་མཚན་ཡང་། དག་པ་འདི་ནི་བཞེད་པ་འཇུག་པ་ཡི། །རྡུལ་གཅིག་ཡུལ་ལ་མཐའ་གཏུགས་འཇིག་རྟེན་དང། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། །གསུངས་ལ་ངེས་དོན་དགོངས་པ་རབ་གསལ་དུ། མཛད་པ་འདི་ནི་བཞེད་པ་ཙམ་གྱིས་འཇུག་པ་ཞེས་ཐུགས་ལ་དགོངས་པ་ཙམ་གྱིས་ཆོག་པར་གསུངས་པའི་རྒྱུ་མཚན། སློབ་པའི་དུས་ལྷན་སྐྱེས་ཀྱི་བདེ་བས་རླུང་སེམས་འདོད་དགུར་སྒྱུར་ཚུལ་ལ་གོམས་པ་མཐར་ཕྱིན་པའི་དབང་གིས་ཡིན་པས། ཡང་དག་མཐའ་དཔྱིས་ཕྱིན་པ་སྔགས་ལ་རག་ལས་པར་གསུངས་པ་ལས་ཀྱང། སེམས་ཅན་མཐའ་དག་གི་རེ་བ་ཅིག་ཅར་དུ་རྫོགས་པར་བྱེད་ནུས་པའི་ཐབས་རྣམ་པ་ཐམས་ཅད་པ་འདི་ངོ་བོ་ཙམ་མདོ་ལས་བཤད་ཀྱང་། འགྲུབ་ཚུལ་གྱི་གནད་དཔྱིས་ཕྱིན་པར་གོ་བ་སྔགས་ལ་རག་ལས་སོ། །རྨ་བྱའི་མདོངས་ནི་གཅིག་པུ་ཡི། །རྒྱུ་ཡི་དབྱེ་བ་སྣ་ཚོགས་པ། །ཀུན་མཁྱེན་མིན་པའི་ཤེས་བྱ་
མིན། །དེ་ཤེས་པས་ནི་ཀུན་མཁྱེན་སྟོབས། །ཞེས་གསུངས་པའི་ཀུན་མཁྱེན་དེས་ཀྱང་དངོས་པོ་ལ་ཟུང་འཇུག་གི་སྐུ་བརྙེས་ཡོད་པ་ཁྱད་མེད་ཀྱང་འདིར་དེ་འདྲ་ཁུངས་སུ་མ་དྲངས་པར་སྔ་མ་དྲངས་པ་ནི། ཕར་ཕྱིན་ཐེག་པར་ཡང་ཆོས་སྐུ་དང་རྣམ་པ་མཐུན་པའི་ལམ་བསྒོམ་པ་ཡོད་པས་བརྟག་པ་མཐའ་བཟུང་གིས་དེ་རྐྱང་པ་བསྒོམས་ཏེ་གོམས་པ་མཐར་ཕྱིན་ན་ཆོས་ཐམས་ཅད་མཁྱེན་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཟད་པ་འབྱུང་ཞིང་སྒྲིབ་བྱེད་མེད་ན་རྣམ་པ་ཐམས་ཅད་མཁྱེན་པ་དང་མཁྱེན་པས་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་འབྱུང་མོད་ཀྱང། གཟུགས་སྐུས་ཐམས་ཅད་ལ་ཁྱབ་པ་དང་གང་འདོད་ཀྱི་བཀོད་པ་སྟོན་པ་ལ་གཟུགས་སྐུ་དང་རྣམ་པ་མཐུན་པའི་ལྷའི་རྣལ་འབྱོར་དང་། ཁྱད་པར་དུ་ཤིན་ཏུ་ཕྲ་བའི་རླུང་གི་ཉེར་ལེན་ལས་སྒྱུ་མའི་སྐུ་བསྒྲུབ་པ་འདི་མེད་པར་བརྟག་པ་མཐའ་བཟུང་གིས་ཀྱང་འབྱུང་ལུགས་མེད་པ་མདོ་ཕྱོགས་རང་གི་རིགས་པའི་འགྲོས་ཀྱིས་ཀྱང་འགྲུབ་པས། རྗེའི་མཆན་བུར་ཟུང་འཇུག་གི་སྐུ་ཐོབ་པ་ལ་དགོངས་གསུངས་པ་དེའང་དངོས་པོ་ལ་ཐོབ་ཡོད་པ་ཙམ་གྱི་དོན་མ་ཡིན་པར། ཞིབ་ཏུ་དཔྱད་ན་འབྲས་བུ་འདི་འདྲ་ཞིག་འབྱུང་བ་ལ་དེའི་རྒྱུ་མཐུན་འདི་འདྲ་ཞིག་སྔོན་དུ་འགྲོ་བ་མེད་མི་རུང་ཡིན་པར་འདུག་སྙམ་པའི་གོ་བ་སྐྱེད་ལུགས་ཁྱད་པར་བ་ཞིག་ཡོད་པར་མངོན་ནོ། །རང་རེས་དགེ་བ་གང་བྱེད་བློའི་མཐུ་ཆུང་ལ་མི་མཐུན་ཕྱོགས་སྟོབས་ཆེ་བས་སྒྱིད་ལུག་པར་ཡང་སངས་རྒྱས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པས་མི་འགྲུབ་པ་ཅིའང་མི་སྲིད་
ཚུལ་འདི་དང་། ཅི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་ཞལ་གྱིས་བཞེས་པ་སོགས་བསམ་ན་དེ་ལ་རྒྱབ་རྟེན་བྱར་ཡོད་པས་ཡིད་ཞུམ་མི་དགོས་པར་སྙིང་སྟོབས་དང་སྤྲོ་བ་འཕེལ་བར་འགྱུར་རོ། །དྲིས་ལན་འདི་རྣམས་བཀའ་དྲིན་མཚུངས་མེད་རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཉིད་ཀྱི་ཞལ་སྔ་ནས་ལ་ཕྲན་སྔགས་རམས་པ་རཏྣ་ཨཱ་ནནྟ་བདག་གིས་གྲུབ་མཐའ་བཞིའི་འདོད་ཚུལ། སེམས་སེམས་བྱུང་གི་རྣམ་གཞག་མདོ་སྔགས་ལ་གཞོལ་ཚུལ་སོགས་ཀྱི་རྣམ་གཞག་བདག་ལྟ་བུའི་བློ་དམན་པ་དག་གི་བློ་ངོར་འདུམ་བདེ་ཞིང་འཆར་སླ་བའི་ལེགས་བཤད་ཅིག་ཅིས་ཀྱང་ཐུགས་རྗེས་གཟིགས་ཞེས་ཡང་ཡང་གསོལ་བ་བཏབ་པ་ལྟར་དགྱེས་བཞིན་དུ་ཐུགས་བརྩེ་བ་ཆེན་པོས་བཀའ་སྩལ་པ་རྣམས་གསུང་རིམ་བཞིན་ཐད་ཀ་ཐད་ཀར་ཟིན་རིས་སུ་བཏབ་པ། སླར་ཡང་གོང་འོག་བསྡེབས་ཏེ་ཡི་གེར་བཀོད་པ་འདིའང་ཚེ་རབས་ཀྱི་འཕྲེང་བར་རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཀྱིས་འབྲལ་མེད་དགྱེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།༈ དེའང་ཐུན་རེ་བཞིན་ཀུན་སློང་གི་སྟེང་ནས་བསྟན་པ་ཡོངས་རྫོགས་ཀྱི་གནད་ཚང་བར་བྱེད་ཚུལ་དགོས་ཟེར་བ་ལ་གྲྭ་པ་ཐམས་ཅད་མ་ལུས་པར་འཚོགས་པ་ལ་གྲྭ་ཚང་ཡོངས་རྫོགས་ཟེར་བ་བཞིན་སོ་སོ་བར་སོང་ན་རྫོགས་མཐའ་མེད་པས་ཉམས་ལེན་སྣ་གཅིག་ལའང་ཐམས་ཅད་རྫོགས་པ་དགོས། འོ་ན་དམིགས་སྐོར་ཕྱི་མ་རྣམས་མི་དགོས་སམ་སྙམ་ན་མ་ཡིན་ཏེ། ཨ་གར་སོ་ལྔ་ཐུན་གཅིག་ལ་སྦྱོར་བ་སྣ་ཚང་
ཡང་རླུང་ནད་ཚབས་ཅན་དེ་ཐུན་གཅིག་གིས་མི་སེལ་བར་མང་པོ་བསྟུད་ནས་འཐུང་དགོས་པ་དང་འདྲ། རེ་རེ་ལའང་ཐམས་ཅད་ཚང་དགོས་པའི་རྒྱུ་མཚན་ནི། བསྟན་པ་ཡོངས་སུ་རྫོགས་མ་རྫོགས་ཞེས་པ་གདུལ་བྱའི་སྐྱོན་མཐའ་དག་སྤོང་བའི་ཐབས་དང། ཡོན་ཏན་མཐའ་དག་སྒྲུབ་པའི་ཐབས་ཚང་མ་ཚང་ཡིན་ལ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ནི་སངས་རྒྱས་ཁོ་ན་ཡིན་པས། སངས་རྒྱས་སྒྲུབ་པའི་ཐབས་རྣལ་མར་འགྲོ་བ་ལ་བསྟན་པ་ཡོངས་སུ་རྫོགས་དགོས་པ་ཡིན། བསམ་སྦྱོར་དེ་འདྲ་ཞིག་བྱུང་ན་དེ་ལ་རྣམ་ཀུན་རྫོགས་པའི་སྦྱོར་བ་ཟེར། འོ་ན་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་རང་གིས་ཆོག་གམ་སྙམ་ན། དེ་བསམ་ཚུལ་ལ་ཐུག་ཡོད། རྒྱུའི་བསམ་མནོ་ཅི་ཡང་མེད་པར་འབྲས་བུ་སངས་རྒྱས་ཐོབ་ན་སྙམ་པས་མི་ཆོག །དབུས་སུ་འགྲོ་བར་ཐག་ཆོད་པ་ལ་ལམ་དང་ཆ་རྐྱེན་ལམ་གྲོགས་ཐམས་ཅད་ཀྱི་འདང་ཞིག་ཡོད་དགོས། སྐས་གདང་མང་པོ་འཛེག་པའི་དུས་མཐོ་དམན་གྱི་ཁྱད་ཡོད་ཀྱང་གོམ་པ་འདེགས་པའི་བྱ་བ་དང་། ཁང་ཐོག་ཏུ་འགྲོ་འདོད་ཀྱི་འཕེན་པ་ལ་ཁྱད་ཅི་ཡང་མེད་པ་བཞིན། དངོས་གཞིའི་དམིགས་སྐོར་ལ་གོ་རིམ་ཡོད་ཀྱང་ཀུན་སློང་གི་བསམ་སྦྱོར་སྣ་གཅིག་པོ་དེས་འཁྱོང་དགོས། ལྷའི་གོས་དེ་བསྒྲིལ་ན་སེན་མོའི་བར་དུ་ཚུད། ཁ་ཕྱེ་ན་ལུས་ཀུན་ཁེབས་པ་ཞིག་ཡོད་ཟེར་བ་བཞིན། སངས་རྒྱས་ཐོབ་པར་བྱ་སྙམ་པའི་ཀུན་སློང་དེའང་རྒྱས་བསྡུས་བྱེད་ཚུལ་ཤེས་དགོས་ཏེ། སངས་
རྒྱས་ཐོབ་པར་བྱ་ཞེས་པ་ཡོན་ཏན་ཀུན་རྫོགས་པར་བྱ་ཞེས་པ་ཡིན་ལ། དེ་རྫོགས་པ་ལ་སྲང་མདའི་མཐོ་དམན་བཞིན་སྐྱོན་ཀུན་སྤོང་དགོས། སྐྱོན་ལ་སྒོ་གསུམ་དུ་ཡོད་ཅིང་། དེར་ཡང་ཕྲ་རགས་གཉིས་རེ་ཡོད་པས། རགས་པ་མདོས་སྦྱོང་ཞིང་། ཕྲ་བ་སྔགས་ཀྱིས་སྦྱོང་དགོས་ལ། རགས་པ་མ་སྦྱངས་པར་ཕྲ་བ་སྦྱོང་ཚུལ་མེད་པས་སྔོན་ལ་མདོ་དང་། ཕྲ་བ་སྔགས་ལ་མ་བརྟེན་པར་སྦྱང་མི་ནུས་པས་སྔགས་ཏེ་གཉི་ག་ཚང་དགོས་པ་དེ་ཡིན། རགས་པའང་ལུས་ངག་གི་ཉེས་སྤྱོད་གཙོ་བོར་སྦྱོང་ཞིང་སྡོམ་བྱེད་སོ་ཐར་ཡིན་ལ། དེའི་རྩ་བ་ཆུང་འབྲིང་གི་ལམ་གྱིས་འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་བསམས་ནས་ངེས་འབྱུང་རྣམ་དག་སྐྱེ་བ་ལ་ཐུག་ཡོད། ཡིད་ཀྱི་ཉེས་པའི་རྩ་བ་ངར་འཛིན་ཡིན། དེས་རྩ་བ་བྱས་ཏེ་རང་གཞན་སོ་སོར་བཅད་ནས་ཆགས་སྡང་གིས་བླང་དོར་གོ་ལོག་པས་ཕུང་ཁྲོལ་ཐམས་ཅད་བྱས་པ་ཡིན་པས་ངར་འཛིན་དེ་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་སྦྱོང་། བློ་ངན་ཕྱི་མ་ཐམས་ཅད་བྱམས་སྙིང་རྗེའི་རྩ་བ་ཅན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་སྦྱོང་བས་སྐྱེས་བུ་ཆེན་པོའི་ལམ་ཐུན་མོང་བ་དེར་ཚང། སྐྱོན་ཕྲ་མོ་སྤོང་བར་སྔགས་ཀྱིས་སྣོན་པ་འདེབས་དགོས་ལ། དེའང་མཚན་བཅས་ཀྱིས་ལུས་ངག་དང་། མཚན་མེད་ཀྱིས་ཡིད་ཀྱི་ཉེས་པ་སྦྱོང་ཚུལ་ཡང་ཤེས་དགོས་ལ། མཐར་གཏུགས་ན་ལུས་ཀྱི་ཉེས་པ་སྦྱོང་བྱེད་བསྐྱེད་རིམ་ཕྲ་རགས། ངག་གི་ཉེས་པ་སྦྱོང་བྱེད་ཀུན་རྫོབ་སྒྱུ་མའི་རྫོགས་རིམ། ཡིད་ཀྱི་ཉེས་པ་སྦྱོང་
བྱེད་དོན་དམ་འོད་གསལ་གྱི་རྫོགས་རིམ་ཡིན། ཟུང་འཇུག་ནི་དེ་གཉིས་ཚོགས་པ་ལ་འཇོག་པས་ལོག་ན་མེད། དེ་ལྟར་སྒོ་གསུམ་གྱི་སྐྱོན་ཕྲ་རགས་ཟད་པར་སྤངས་ཏེ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར་པ་ནི་སྐུ་གསུམ་དབྱེར་མི་ཕྱེད་པ་སངས་རྒྱས་ཀྱི་གོ་འཕང་ཡིན། འབྲས་བུ་དེ་འདྲ་བ་ཞིག་ཐོབ་པའི་ཕྱིར་དེ་དང་རྗེས་སུ་མཐུན་པའི་རྒྱུ་ཚོགས་ཀྱང་མ་ཚང་བ་མེད་པ་ཞིག་བྱའོ་སྙམ་དུ་མིག་རྒྱང་བསྲིངས། ཡིད་རྒྱ་བསྐྱེད་དེ། ཤིན་ཏུ་གོམས་པའི་ལམ་སྲང་ལ་བསམ་མནོ་བཏང་བ་བཞིན་དམིགས་འོག་ཏུ་རུག་གེ་ཚུད་པ་ཞིག་བྱུང་ན་ཀུན་སློང་རང་ལ་ལམ་རིམ་ཚང་བ་དང། བསྟན་པའི་གནད་རྫོགས་པ་བྱ་བ་དེ་བྱུང་བ་ཡིན་ནོ། །༈ ཡིག་ཆུང་སྐོར་ལ། བརྐྱང་ཕྱག་ནི་མདོ་སྡེ་རྣམས་སུ་སྡོང་པོ་རྩ་བ་ནས་བཅད་པ་བཞིན་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱ་བར་གསུངས་པ་དེ་ཉིད་ཡིན་པས། ཅི་ནུས་སུ་ས་ལ་ལུས་བསྙལ་དུ་རུང་སྟེ། ཡོངས་འཛིན་རིན་པ་ཆེ་སོགས་ཀྱང་དེ་ལྟར་མཛད་ཀྱི་འདུག་ལ། སྔོན་བླ་མ་བྱམས་པ་རིན་པོ་ཆེས་ཀྱང་ཕྱག་གི་ཕན་ཡོན་ལུས་ཀྱིས་གང་ནོན་པའི་རྡུལ་གྲངས་དང་མཉམ་པ་འབྱུང་ཚུལ་འདི་ཚོ་ལ་བལྟས་ན་རྐང་ལག་ད་ལྟའི་འདི་ལས་རིང་ཙམ་ཡོད་ན་སྙམ་པ་འཆར་གསུང་གིན་ཡོད་འདུག་པས། ལག་པ་ཤིན་ཏུ་བརྐྱངས་ཏེ་ཐལ་མོ་སྦྱར་ན་རུང། འདི་ལ་ས་སྐྱའི་བཀའ་འབུམ་དུ་ཡན་ལག་བདུན་གྱི་ཕྱག་ཏུའང་གསུངས་སོ། །༈ སྤྱིར་སྟོང་མཆོད་དང་
བརྒྱད་བརྒྱ་པའི་མཆོད་པ་སོགས་རྣམ་རྒྱལ་མའི་གཟུངས་མདོ་ན་གསལ་བས་གྲགས་ཆེ་ལ་ཕྱིས་སུ་ཐུའུ་བཀྭན་རིན་པོ་ཆེས་སྨན་བླར་སྦྱར་ཏེ་གསུངས་འདུག་པས། བདག་གིས་ཀྱང་ཐུགས་རྗེ་ཆེན་པོར་སྦྱོར་ཚུལ་དེ་ཉིད་བྲིས་པ་ཡིན། ལྷ་གཞན་ལའང་དེའི་རིགས་པ་སྦྱར་ན་ཚོགས་རྒྱ་ཆེན་གསོག་པའི་རྐྱེན་དུ་འགྲོ་བ་ལས་དགག་བྱ་ཡོད་དོན་མི་འདུག །འོན་ཀྱང་སྒྲོལ་མ་ལ་མཎྜལ་བཞི་པ་ལྟ་བུ་རང་རང་གི་ལུགས་ཀྱི་མཆོད་ཚུལ་མི་འདྲ་བ་ཡོད་པ་དེར་དེ་ཉིད་གཙོ་བོར་བྱས་ན་ཕྱག་བཞེས་ཀྱི་རྒྱུན་མི་ཉམས་ཤིང་དང་བ་འདྲེན་པའི་ཁྱད་ཡོད། ༈ སྨན་བླའི་མདོ་ཆོག་སྐབས་བུམ་ཆོག་མེད་པར་འོད་ཟེར་སྤྲོ་བསྡུས་རང་གཞན་གྱི་ཉེས་པ་ཐམས་ཅད་སྦྱངས་པའི་དམིགས་པ་བྱེད་པ་མདོ་ལུགས་ཤེར་ཕྱིན་གྱི་གླེང་གཞིའི་སྐབས་ལྟ་བུ་ཡིན་པས་འགལ་བ་མེད། ༈ ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མའི་དབང་ངམ་རྗེས་གནང་ཐོབ་ཡོད་ན་ལུགས་གཉི་གའི་སེང་ལྡེང་ནགས་སྒྲོལ་གྱི་སྐུ་མདོག་ཕྱག་མཚན་སོགས་འདྲ་བས་དེ་གཞིར་བཞག་ལ་བསྙེན་པ་བླ་མེད་ལྟར་བྱས་ན་ལེགས། ༈ ཐ་མ་ཁའི་ཉེས་པ་སྦྱོང་ཐབས་རྟེན་ལ་བདུག་སྤོས་གང་ལེགས་འབུལ་བ། ཁྲུས་གསོལ་བྱེད་པ། ཡིག་བརྒྱ་དང་ཚུལ་ཁྲིམས་རྣམ་དག་གི་གཟུངས་བཟླ་བ་སོགས་བསམ་པ་དག་པས་བྱས་ན། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ཡང། །ཕྱི་ནས་བག་དང་ལྡན་པ་ཉིད་གྱུར་ན། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས། གསུངས་པ་དེ་ཡིན་པས་ཤིན་ཏུ་ལེགས་སོ། ། ༈ སྲིད་པའི་རྩ་བ་མ་རིག་ཞིང་
པ་ཡིས། །ལས་ཀྱི་ས་བོན་རྣམ་ཤེས་ཞིང་དུ་བཏབ། །སྲེད་དང་ལེན་པའི་ཆུ་ལུད་ཀྱིས་གསོས་པས། །ས་བོན་སྟོབས་རྒྱས་སྲིད་པའི་ངོ་བོར་འཕོས། །དེ་ལས་སྐྱེ་བའི་རང་བཞིན་མིང་གཟུགས་ཀྱི། །མྱུ་གུ་འབུས་ཤིང་སྐྱེ་མཆེད་སྡོང་བུར་འདྲིལ། །རེག་པའི་མེ་ཏོག་ཚོར་བའི་འབྲས་སྨིན་ཡང། །རྒ་ཤིས་བརྔས་ཏེ་སླར་ཡང་སྲིད་པར་འདེབས། །ཇི་སྲིད་བདག་མེད་མེ་ཡིས་མ་བཅོམ་པ། །དེ་སྲིད་སྐྱེ་ཤིའི་འཁོར་ལོ་བསྐོར་དགོས་པས། །གནས་ལུགས་ཟབ་མོར་བག་ཆགས་ཅི་ཐེབས་ཀྱིས། །སྲིད་པའི་རྩ་བ་དྲུངས་ནས་འབྱིན་པར་ཤོག །འདིའང་མཚམས་ཀྱི་ཐུན་གསེང་ཞིག་ཏུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རིམ་པས་འཁོར་བར་འཁོར་ཚུལ་ལས་འཕྲོས་ཏེ་ཐོལ་བྱུང་དུ་གསུངས་པ་ཕྲན་རཏྣ་ཨཱ་ནནྟ་བདག་གིས་འཕྲལ་དུ་ཡི་གེར་བཀོད་པའོ།། །། ༈ ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། ནངས་པར་མལ་ལས་ལྡང་བ་ན་མདང་མ་ཤི་བར་ལང་རྒྱུ་བྱུང་བ་བླ་མ་དཀོན་མཆོག་གི་ཐུགས་རྗེ་ཡིན། སྤྱིར་ཚེ་ལྷག་གང་ཡོད་དང་ཁྱད་པར་དེ་རིང་གི་ཉི་མ་འདིར་སྡིག་པས་མ་གོས་ཤིང་དགེ་བ་འབད་ནས་ཆུད་ཟོས་སུ་མ་སོང་བ་བྱེད་སྙམ་པའི་འཕེན་པ་དང་། དེ་ལྟར་འོངས་པ་དཀོན་མཆོག་མཁྱེན་སྙམ་དུ་གསོལ་བ་འདེབས། སྐྱབས་འགྲོ་བྱེད་པ་ལ་མདུན་གྱི་ནམ་མཁར་མཆོད་སྤྲིན་འཁྲིགས་པའི་དབུས་སུ་བསྟན་པའི་བདག་པོ་ཐུབ་པའི་དབང་པོ་དང་ངོ་བོ་དབྱེར་མ་མཆིས་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱས་པད་སྡོང་གི་སྟེང་དུ་གླེགས་རལ་
བསྣམས་པ། ཆོས་གོས་རྣམ་གསུམ་དང་པཎ་ཞྭ་གསོལ་བའི་ཐུགས་ཀར་རྗེ་བཙུན་བྱམས་མགོན་གསེར་གྱི་མདོག་ཅན་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པ། དབུའི་སྟེང་དུ་བླ་མ་ཐུབ་དབང་གི་ངོ་བོ་བྱང་ཆུབ་མཆོད་རྟེན་ཡོད་པ། རྗེ་བླ་མའི་མགྲིན་པར་སྤྱན་རས་གཟིགས་དང་ལྟེ་བར་རྗེ་བཙུན་སྒྲོལ་མ་མཐའ་སྐོར་དུ་དངོས་བརྒྱུད་ཀྱི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་དང་བཅས་པས་བསྐོར་ནས་བཞུགས་པ། ཐམས་ཅད་རང་ལ་དགྱེས་པའི་ཚུལ་གྱིས་གཟིགས་པར་བསམས། རང་གི་མཐའ་སྐོར་དུ་ཕ་མ་རིགས་དྲུག་གི་སེམས་ཅན་ཐམས་ཅད་གསལ་བཏབ་སྟེ་འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་པ་དང་། མདུན་གྱི་སྐྱབས་ཡུལ་རྣམས་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་ཤིང་། ད་རེས་སྐྱབས་ཁྱད་པར་ཅན་རྣམས་ཀྱི་ཞབས་ནས་ལན་གཅིག་ཟིན་པའི་དུས་འདིར་གཏན་གྱི་བདེ་བའི་བློ་གདེང་ཡོད་པ་ཞིག་བྱེད་དགོས་པར་འདུག་སྙམ་སྟེ་སྐྱབས་འགྲོ་བྱ། ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་ཐམས་ཅད་རི་རབ་གླིང་བཞི་མཁོ་དགུའི་དཔལ་འབྱོར་དང་བཅས་པའི་རྣམ་པར་སྤྲུལ་ཏེ་ཕུལ་བས་ཞིང་བདག་གིར་བཞེས་ནས་དེའི་སེམས་ཅན་ཐམས་ཅད་སྨིན་གྲོལ་ལ་བཀོད་པར་བསམས། ཕྱག་བསྐོར་སོགས་ཀྱི་ཚེའང་སྐྱབས་ཡུལ་ནམ་མཁའ་གང་བ་ལ་རང་དང་སེམས་ཅན་ཐམས་ཅད་ཀྱིས་ལྷན་དུ་བྱས་པར་བསམས་ན་དེའི་ཚོད་ཀྱི་འགྱུར་ཆེའོ། །མཇུག་ཏུ་སྐྱབས་ཡུལ་རྣམས་དབུས་ཀྱི་རྗེ་བླ་མ་ལ་བསྡུས་ཏེ་དེ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་ངོ་བོ་རིགས་
གསུམ་གཅིག་ཏུ་བསྡུས་པར་བལྟས་ལ་བདུད་རྩི་འབེབ་སྦྱང་གི་དམིགས་པ་དང་བཅས་དམིགས་བརྩེ་མ་འདོན། བྱམས་པས་དམ་བཅའི་གཟུངས་བཟླ་བའི་ཚེ་དེའི་ཐུགས་ཀའི་བྱམས་མགོན་གྱི་ཐུགས་ཀར་མཻཾ་ཡིག་ལ་གཟུངས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབས་པར་བསམས་ལ་གཟུངས་བཟླ། མཇུག་ཏུ་འདི་ནས་འཕོ་བའི་ཚེ་བྱམས་མགོན་གྱི་དྲུང་དུ་སྐྱེ་བ་དང་། མ་འོངས་པ་ན་ཚེ་ལོ་བརྒྱད་ཁྲིའི་དུས་བྱམས་མགོན་འཇིག་རྟེན་དུ་བྱོན་པའི་ཚེ་སྲས་ཀྱི་ཐུ་བོར་འགྱུར་བའི་སྨོན་ལམ་དང་དེ་ལྟར་ཞལ་གྱིས་བཞེས་པའི་དམིགས་པ་བྱ། མ་ཎི་བཟླ་བའི་ཚེ་མགྲིན་པའི་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཧྲཱིཿ ཡིག་ལ་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་རིགས་དྲུག་སོ་སོའི་གནས་སུ་སོང་སྟེ་རང་རང་གི་སྡུག་བསྔལ་ལས་ཐར་པར་བྱས། འཕགས་པའི་གོ་འཕང་ལ་བཀོད་དེ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གཟུངས་འུར་འུར་སྒྲོགས་པར་བསམས་ལ་བཟླ། སྒྲོལ་མ་འདོན་ཚེ་ལྟེ་བར་བཞུགས་པའི་རྗེ་བཙུན་སྒྲོལ་མའི་ཐུགས་ཀར་ཏཾ་ཡིག་ལས་སྒྲོལ་མ་ཉེར་གཅིག་གི་ལྷ་ཚོགས་མར་མེའི་འཕྲེང་བ་ལྟར་བྱུང་ཞིང། གཞན་ཡང་སྤྲུལ་པའི་བཀོད་པ་དཔག་ཏུ་མེད་པ་མཁའ་ཁྱབ་ཏུ་སྤྲོས་ཏེ་རང་གཞན་སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་སོགས་ལས་བསྐྱབ། མཆོག་
དང་ཐུན་མོང་གི་དངོས་གྲུབ་སྩལ་བར་བསམས་ལ་འདོན། ཁྱད་པར་དུ་ཤོ་ལོ་ཀ་རེ་རེའི་སྐབས་སྒྲོལ་མ་དེ་དང་དེས་ཐུན་མོང་མ་ཡིན་པར་བྱིན་གྱིས་བརླབས་པའི་དམིགས་པ་བྱ། རྒྱུན་དུའང་སྐྱབས་ཡུལ་དེ་རྣམས་ཡིད་ངོར་མ་བརྗེད་པར་བྱས་ལ་ཅི་ཟ་ཅི་འཐུང་གི་ཕུད་འབུལ་བ་སོགས་ཚོགས་གསོག་པའི་ཞིང་དང་སྒོ་གསུམ་བླང་དོར་གྱི་དཔང་པོར་བྱེད། ཚེ་གཟུངས་བཟླ་ན་སྤྱན་རས་གཟིགས་ཀྱི་རིགས་བདག་འོད་དཔག་མེད་དེ་ཚེ་དཔག་མེད་དུ་བསྒྱུར་བའི་ཐུགས་ཀའི་སྔགས་འཕྲེང་ལས་འཆི་མེད་ཚེའི་བདུད་རྩིའི་རྒྱུན་བབས་པར་བསམས་ནས་བཟླ། དགའ་ལྡན་ལྟ་བུར་ཡིད་སྨོན་བྱེད་ན་གང་དུ་སྡོད་པའི་གནས་དེ་དགའ་ལྡན་གྱི་ཞིང་ཡིན་སྙམ་པ་དང་། གང་དུ་འགྲོའང་དགའ་ལྡན་དུ་འགྲོ་སྙམ་པ་དང་། དགེ་བ་གང་བྱས་དེའི་རྒྱུར་བསྔོ་ལ་ཉལ་བའི་ཚེ་རྗེ་བླ་མའང་ཐུགས་ཀའི་བྱམས་མགོན་ལ་བསྡུས་ཏེ་དེའི་ཞབས་ལ་མགོ་གཏད་ནས་དད་པའི་ངང་དུ་གཉིད་ལ་འགྲོ་བ་བྱེད། བྱམས་མགོན་གྱི་འཕོ་བ་སྦྱོང་ན་རྗེ་བླ་མ་རང་གི་སྤྱི་བོར་བྱོན། རང་ཉིད་དེའི་ཐུགས་ཀའི་བྱམས་མགོན་ལ་ཡར་ཐིམ། དེ་དགའ་ལྡན་དུ་གཤེགས་པའི་ཐུགས་ཀ་ནས་ཕྱིར་ཐོན་ཏེ་པངྨའི་སྦུབས་སུ་སྐྱེས་པར་བསམས། བདེ་བ་ཅན་དུ་གཙོ་བོར་འཕེན་པ་གཏོང་ན་འགྲོ་འདུག་གི་དམིགས་པ་བསྔོ་བའི་ཁ་བསྒྱུར་སོགས་འདྲ་ལ། གཉིད་དུ་འགྲོ་ཁར་རྗེ་བླ་མ་མགྲིན་པའི་སྤྱན་རས་གཟིགས་ལ་ཐིམ། དེ་རིགས་བདག་འོད་དཔག་མེད་ལ་ཐིམ་པའི་ཞབས་ལ་མགོ་གཏད་པའམ། སྤྱན་རས་གཟིགས་ཀྱི་ཞབས་
ལ་མགོ་གཏད་དེ་བདེ་བ་ཅན་དུ་འཁྲིད་པའི་ས་མཁན་མཛད་དུ་གསོལ་སྙམ་པའི་དད་གདུང་དྲག་པོ་བསམ་གཏན་ཉལ་སྒོམ་གྱི་མན་ངག་བཞིན་བྱ། དགེ་རྩ་གང་བྱས་ཀྱི་མཇུག་ཏུ། ཤེས་ཀྱི་ཁེ་འདོད་པ་དང་གྲགས་པ་དང། །ཞེས་སོགས་དོན་མེད་པའི་འཁོར་བའི་ཕུན་ཚོགས་ཀྱི་རྒྱུར་མི་འགྱུར་བའི་སྨོན་ལམ་དང་། འཇམ་དཔལ་དཔའ་བོས་ཞེས་སོགས་དང། དུས་གསུམ་གཤེགས་པའི་ཞེས་སོགས་རྒྱལ་བས་བསྔགས་པའི་སྨོན་གནས་ཀུན་གྱི་རྒྱུར་འགྲོ་བའི་སྨོན་ལམ་དང་། མཆོག་གསུམ་བསླུ་བ་མེད་པའི་ཐུགས་རྗེས་དེ་བཞིན་དུ་གྱུར་ཅིག་སྙམ་པས་བདེན་པ་བདར་བ་སོགས་བྱའོ། །བྱམས་མགོན་ཐུགས་ཀར་བསྒོམ་པ་བཀའ་གདམས་གླེགས་བམ་དང་ལྷོ་བྲག་པའི་གསུང་གིས་འགྲུབ་ལ། སྤྱན་རས་གཟིགས་མགྲིན་པར་བསྒོམ་པ་རིགས་གསུམ་སྤྱི་སྒྲུབ་ཀྱི་མན་ངག་དང། སྒྲོལ་མ་ལྟེ་བར་བསྒོམ་པ་བླ་མེད་ཀྱི་རྒྱུད་དུ་མའི་དགོངས་པ་ཡིན་པས་ཡིད་ཆེས་པའི་གནས་སུ་བྱའོ། །ཞེས་པ་འདི་ནི་དད་བརྩོན་ལྷག་བསམ་དང་ལྡན་པ་ཇ་སག་ཐུ་རྒྱལ་པོའི་སྲིང་མོ་དབང་ལྡན་དབང་མོ་བུ་ཁྲིད་ཀྱིས་འདི་རྣམས་འདོན་ཐབས། རྒྱུན་གྱི་ཉམས་ལེན། འགོ་མཇུག་ཏུ་ཀུན་སློང་འཆོས་ཚུལ་སོགས་ཚང་ཞིང་འཁྱེར་བདེ་བ་ཞིག་དགོས་ཚུལ་བསྐུལ་མ་བྱུང་བ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྨྲས་པའི་ཡི་གེ་པའང་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།༈ ལྕགས་སྦྲུལ་ཟླ་༡༡ཚེས་༧ལ་གུ་ཤྲི་སྐལ་
བཟང་གིས་སྐུ་ཞབས་རིན་པོ་ཆེའི་འཁྲུངས་རབས་གསོལ་འདེབས་ཤིག་དབྱངས་ངེས་པ་བྱ་དཀའི་མཛེས་རྒྱན་གྱིས་བརྩམས་ཡོད་པ་གཟིགས་ནས་དེ་ལས་འཕྲོས་ཏེ་ཞལ་རྩེད་ཀྱི་ཚུལ་དུ། རྒྱལ་བས་ཡང་ཡང་བསྔགས་མཛད་གྲགས་པ་དང། །ཐལ་རང་ཐ་དད་མཛད་པ་སངས་རྒྱས་བསྐྱངས། །ཚད་མས་སྨྲ་ངན་ཚལ་རབ་ཕམ་མཛད་གླང། །མཐའ་བྲལ་ལྟ་བ་གསལ་མཛད་ཟླ་བ་གྲགས། །འཇམ་དབྱངས་ལྷག་ལྷར་མཛད་པ་དགྲ་ལས་རྒྱལ། །བཀའ་གདམས་བསྟན་པ་རྒྱས་མཛད་རཏྣ་གསལ། །འཇམ་དབྱངས་བླ་མར་གདམས་མཛད་པཉྩཱ་སྱ། །བསྟན་དགྲ་ཐལ་བར་རླག་མཛད་རྒྱལ་མཚན་ཞབས། །ལྷག་པར་ཟབ་གསང་གདམས་པ་རྒྱས་མཛད་འཕགས། །གཞན་ལ་ཕན་མཛད་རཏྣ་ས་ར་དང། །མཐའ་དག་བསྟན་ལ་མངའ་མཛད་འཇམ་དབྱངས་བཞད། །བདག་ཅག་ལྷག་པར་བསྐྱངས་མཛད་ཨ་བྷ་ཡ། །སླར་ཡང་རྒྱས་མཛད་ས་ར་ཞབས་པད་བརྟན། །རང་ཅག་རྣམས་ལ་ཟབ་རྒྱས་གདམས་པ་སྩལ། །སངས་རྒྱས་བསྟན་པ་ཕ་མཐར་རབ་རྒྱས་པས། །ལས་ཅན་དད་ལྡན་ཐམས་ཅད་ས་མ་ཛཿ །བླ་མ་རྣམས་ལ་བཅའ་ལག་གང་བཟང་བསྟབས། །གྲྭ་བ་ཐམས་ཅད་གྲྭ་ཇ་མང་ཇས་བརྒྱག །ཇ་མར་རྩམ་པ་མཐའ་དག་ཆར་ལྟར་བབས། །རྟག་བརྟན་རང་དབང་ལྡན་ན་དགའ་བ་ལ། །ཞེས་དང། ༈ ཡང་། ཟབ་རྒྱས་མན་ངག་མཐའ་ཡས་རྒྱ་གར་ནས། །གངས་ཅན་ས་ལ་སྤྱན་དྲངས་དར་མ་གྲགས། །འཇམ་
དབྱངས་བླ་མས་བཀའ་ཕབ་གསང་སྔགས་བསྟན། །ཕ་མཐར་རྒྱས་མཛད་པྲཛྙ་པཉྩ་སྱ། །སླར་ཡང་འཇམ་དཔལ་དབྱངས་གང་ཨཱ་ས་ནར། །མངའ་མཛད་སངྒྷ་གཞན་ཕན་ཟླ་དང་བྲལ། །ཡང་དག་ལམ་བཟང་གདམས་པ་ཉམས་བླངས་ནས། །གཞན་ལ་གསལ་མཛད་ངག་དབང་བསྟན་རྒྱན་ཞབས། །ཁ་བཤད་མཁས་པས་རཏྣ་ཤཱ་ས་ན། །གཞན་ལ་གསལ་ཡང་རང་རྩ་གསལ་བར་དཀའ། །ངག་དབང་སྐལ་བཟང་དབྱངས་གཞན་སྤངས་བྱས་ནས། །འཇམ་དབྱངས་བླ་མར་རྣམ་ཐར་བརྩམས་པ་ལ། །བལྟས་ནས་སྨྲས་པ་བཤད་བྱ་གཞན་ཟབ་ཀྱང། །བཤད་ཐབས་འདྲ་ལ་མཁས་རྣམས་བལྟས་ན་གསལ། །ཐ་སྐད་གཏམ་ལ་གང་བྱས་ལས་སླ་ཡང། །ནང་ལ་སྦྱར་ན་ཐམས་ཅད་དཀའ་བར་སྣང། །སྒྲ་ཚད་སྙན་ངག་བཀའ་བསྟན་རབ་འབྱམས་ལ། །སྦྱངས་ཀྱང་ཐ་མལ་བསམ་པ་རང་སར་གནས། །དྷརྨས་མཱན་གང་ལ་དྷཱ་ར་ཡ། །མནྟྲས་མཱ་ན་ག་ཙམ་ཏ་ར་ཎཿ །ཞེས་པ་གཉིས་འཕྲལ་དུ་ལྗགས་རྩོམ་གནང། ༈ འཇམ་དབྱངས་བླ་མ་འགྲན་བྲལ་ཞལ་སྔ་ནས། །བཀྱལ་ཀ་བྱས་ནས་ཐལ་མར་བཀའ་སྩལ་པ། །གཞན་རྣམས་བསྐལ་པར་མཱ་ནར་བརྣག་ན་ཡང། །ཆ་ཤས་ཙམ་ཡང་འཆར་དཀའ་དཔྱད་ན་གསལ། །ཞེས་ཀྱང་སྨྲས་སོ། །༈ འཇམ་མགོན་སྨྲ་བའི་ཟླ་བར་ཕྱག་བགྱིས་ཏེ། །ཟླ་ཟེར་ཕོག་པས་རིན་ཆེན་འབྱུང་གནས་ནི། །
འཕྱུར་བའི་ངོ་མཚར་རླབས་འཕྲེང་རྟོགས་འདོད་ན། །དང་པོ་ཡི་གེ་གཅིག་ལ་ལྕི་ཡང་ཟུང། །གཉིས་བཞི་གསུམ་བརྒྱད་བཞི་ལ་བཅུ་དྲུག་དང། །ལྔ་ལ་སོ་གཉིས་དྲུག་ལ་རེ་བཞི་སོགས། །ཉིས་འགྱུར་འཕེལ་ཞིང་དེ་སྙེད་ཚིག་རྐྱང་དང། །ཉིས་འགྱུར་བཞི་འགྱུར་ཚུལ་དུ་ལྕི་ཡང་དགོད། །གསུམ་གྱི་གྱེན་གཤར་གསུམ་པའི་འཕྲེད་གྲལ་བརྒྱད། །མ་ཡ་ར་ས་ཏ་ཛ་བྷ་ན་སྟེ། །བྷ་ཐོག་ཛ་དབུས་ས་མཐའ་མ་ཀུན་ལྕི། །ཡ་ཐོག་ར་དབུས་ཏ་མཐའ་ན་ཀུན་ཡང། །ཡར་བལྟས་ཐ་མ་ལྕི་ན་ཕྱེད་ཡན་དང། །གཉིས་ལྕི་དེའི་སྟོང་གསུམ་ལྕི་དེ་ཡིའང་སྟོད། །མཐའ་ཡས་སྨད་དེ་གཉིས་ཡང་དེ་ཡིའང་སྨད། །མཐའ་ཡང་གཉིས་ལྕི་སྨད་ཆའི་སྟོད་ལ་སོགས། །གནས་ཀྱི་རིམ་པར་ཡང་བས་གོང་ནས་ཕབ། །གནས་དེར་ལྕི་ན་བཏང་སྙོམས་ཉིད་དུ་འཇོག །དོན་འདི་མ་མཐོང་རི་མོའི་རྗེས་འདེད་པ། །མུན་ནང་རྩིག་པར་འཁྱུད་དེ་སོང་བ་འདྲ། །རེ་བཞི་པ་ལ་དོར་བྱའི་གནས་དྲུག་སྟེ། །སོ་གཉིས་བཅུ་དྲུག་བརྒྱད་བཞི་གཉིས་གཅིག་གོ །ཛ་སའི་མཐའ་ནི་སོ་གཉིས་གནས་ཡིན་ལ། །ལྕི་བས་སྟོད་དུ་ཤེས་ཀྱི་བགྲང་མི་དགོས། །དེ་གོང་གཉིས་པ་བཅུ་དྲུག་གསུམ་པ་བརྒྱད། །བཞི་པ་བཞི་ཡི་གནས་རྣམས་ཡང་བས་ན། །ཐུར་དུ་ཕབ་སྟེ་ཉེར་བརྒྱད་གོང་དུ་འཕུད། །གཉིས་གནས་ལྕི་བས་བཏང་སྙོམས་གཅིག་གི་གནས། །ཡང་བས་སྔ་མར་བསྣན་ནས་ཉེར་དགུ་པོ། །གོང་ཕུད་སུམ་ཅུ་པ་ཡི་སྟེང་དུ་འབབ། །མ་ཏའི་མཐའ་ནི་ཡང་བས་སུམ་ཅུ་གཉིས། །གོང་དུ་ཕུད་དེ་
སྨད་ཀྱི་གྲངས་སུ་ཤེས། །དེ་གོང་བཅུ་དྲུག་ཡན་གྱི་གནས་ལྔ་པོ། །ལྕི་ཕྱིར་དོར་དུ་མེད་པས་སོ་གསུམ་མོ། །གལ་ཏེ་ཡ་ཏ་ཡིན་ན་གཅིག་གི་གནས། །ཡང་ཕྱིར་གོང་དུ་བསྣན་ཏེ་སོ་བཞིར་འགྱུར། །རེ་གཅིག་བྱེད་ན་གཅིག་དང་གཉིས་ཀྱི་གནས། །ལྕི་ཡི་གཞན་ཀུན་གོང་ཕུད་ཏ་ན་འོ། །པྲ་སྟཱར་ཅི་ཙམ་མང་ཡང་ཀུན་ལྕི་བའི། །སྔོན་རོལ་ཏ་ན་བྱུང་ན་རེ་གཅིག་དང། །མ་ཛའི་བརྒྱད་གནས་ཡང་བས་ཞེ་གཅིག་བྱེད། །བདུན་སོགས་རིམ་བཞིན་བརྒྱ་དང་ཉེར་བཞིའི་གནས། །ཉིས་བརྒྱ་ང་དྲུག་ལྔ་བརྒྱ་བཅུ་གཉིས་དང། །ཆིག་སྟོང་ཉེར་བཞི་ཉིས་སྟོང་ཞེ་བརྒྱད་ཀྱི། །གནས་སོགས་འདོར་ལེན་སྔ་མས་ཤེས་པར་བྱ། །སྡེབ་ལེགས་ཉུང་ངུའི་ཚིག་གིས་སྡེབ་སྦྱོར་ཀུན། །བསྡེབས་ཚུལ་ཤེས་འདི་རིགས་པའི་འཕྲུལ་གྱིས་བསྡེབས། །བསྡེབས་པའི་དགེ་བས་བློ་གསལ་ངང་མོ་བརྒྱ། །སྡེབས་གཅིག་རིག་གནས་རྒྱ་མཚོར་འཕུར་བར་ཤོག །ཅེས་དཀོན་མཆོག་བསྟན་སྒྲོན་གྱིས་འདི་སྐོར་བལྟ་མ་མྱོང་ཡང། ཡི་གེ་གསུམ་པའི་པྲསྟཱ་ར་ཞིག་གི་སྟེང་ནས་དཔྱད་དེ་བཀོད་པ་ཡིན་པས་ཐ་སྙད་མཁན་པོ་རྣམས་ཀྱིས་ཡང་དག་པར་མཛོད་ཅིག ། ༈ རཏྣཱ་ཀ་རས་པྲསྟཱ་ར། །འགོད་ཚུལ་མིང་སོགས་བཤད་པ་ཡི། །ཞར་ལ་ལྕི་ཡང་དཔེར་བརྗོད་ཀྱང། །བསྟན་ཕྱིར་ཡ་མཚན་ཆེ་ཞེས་གྲགས། །བོད་ཡིག་འདོགས་མེད་རྐྱང་པ་ཙམ། །མང་འདུས་དོན་སྟོན་མི་ནུས་ཀྱང། །སྔོན་རྗེས་འཇུག་ཅན་ལྕི་དང་གཞན། །ཡང་བར་བྱས་ཏེ་དཔེར་མཚོན་ན། །ཡིག་
བདུན་མཐའ་ནས་གས་བརྒྱན་ཅིང། །གཞན་གཉིས་མས་མཚན་ཀུན་ལྕིར་བཞག །དེའི་མིང་དབྱར་རྔའི་མིང་ཞེས་བསྒྲགས། ། ༈ ན་ན་ལ་ནི་རེ་རེ་སྟེ། །དེ་ནི་རྔ་སྒྲ་ཆེ་རུ་སྨྲ། །མཐའ་ཡང་ཏ་སྟེ་ཐོག་ཡང་ཡ། །དེའི་མིང་རྫ་རྔ་ཞེས་བརྗོད་བྱ། ། ༈ རེ་རེ་ན་ཛ་དབུས་ལྕི་གའང་། །ཐ་མ་དེ་ལ་དབྱར་རྔ་གདགས། །ན་ཛ་ག་ཡི་དབུས་ལྕི་གང། །ཛ་སྟེ་ག་ནི་རྗེས་མ་ཡིན། །མཐའ་ཡང་དེ་རྗེས་གཉིས་མཉམ་ཏ་མ་ན། །དེའི་མིང་ཆུ་སྐྱེས་བཞད་པའི་གེ་ས་ར། ། ༈ ཐོག་ལྕི་ཐ་མ་ལྕི་གཉིས་བྷ་ས་དག །འདི་ལ་ཤ་བ་རྒྱ་བོའི་རྭ་ཅོ་ཟེར། ། ༈ ལྕི་ཡང་གོ་རིམ་དུ་སྤེལ་ཛ་ཏའང་ཛ། །དེའི་མིང་དྲི་ཟའི་བུ་མོའི་གླུ་དབྱངས་སོ། ། ༈ རྗེས་བཞི་ཡང་ཞིང་སྔོན་ལྕི་མ་ཏ་ན། །འཐུང་བའི་གཅོད་རྒན་ལག་གི་ཌཱ་མ་རུ། །ཀུན་ལྕི་འོ་མཐའ་མ་ལྕི་ཟུང་མས་དག །དཀར་གསལ་འོད་ཀྱི་རྩེ་དགའི་དྲ་བ་འགྱེད། །རྟོགས་པར་སླ་ཕྱིར་དོན་ཆེན་མིན། །མང་པོར་མཁོ་ཕྱིར་དོན་ཆུང་མིན། །བོད་སྐད་བྱས་ཕྱིར་རྒྱ་ལུགས་མིན། །སྡེབ་སྦྱོར་བྱས་ཕྱིར་བོད་ལུགས་མིན། །ཅི་ཡང་མིན་པའི་རོལ་རྩེད་འདི། །གང་ཡང་མིན་པའི་སྒོམ་པས་སྨྲས། །ཞེས་པའང་མཚམས་ཀྱི་ཐུན་གསེང་ཞིག་ཏུ་སྡེབ་སྦྱོར་གྱི་བརྗོད་བྱ་ཟབ་མི་ཟབ་ཀྱི་བཀའ་མཆིད་ཅིག་ལས་འཕྲོས་ཏེ་ཞལ་རྩེད་ཀྱི་ཚུལ་དུ་སྩལ་བ་ཕྲན་རཏྣ་ཨཱ་ནནྟས་བརྗེད་དུ་ཕངས་ནས་ཡི་གེར་བཀོད་པའོ།། །།