བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག
མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་སོགས་བསླབ་བྱ་སྣ་ཚོགས་ཀྱི་སྐོར་བཞུགས་སོ། །
རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་འཇམ་པའི་དབྱངས། །ངུར་སྨྲིག་གར་གྱིས་རྣམ་རོལ་ཙོང་ཁ་པ། །དངོས་གྲུབ་ཀུན་སྩོལ་བཅོམ་ལྡན་གཤིན་རྗེའི་གཤེད། །རྣམ་གསུམ་དབྱེར་མེད་ཞབས་ཀྱི་པདྨོ་ལ། །གུས་པས་བདུད་དོ་བརྩེ་བས་རྗེས་སུ་ཟུངས། །སྐྱེ་བར་བཏགས་པས་མངོན་རློམ་ཚངས་པ་དང༌། །ཁེངས་དྲེགས་འབྱོར་པས་གཡེང་བའི་འདོད་ལྷའི་རིགས། །མ་ཡིན་བློ་གསལ་ཚུལ་མཐུན་དོན་གཉེར་ཅན། །སློབ་གཉེར་ཚུལ་བཞིན་བྱེད་པར་འདོད་རྣམས་ལ། །གདམས་ངག་ཅུང་ཟད་སྦྱིན་ནོ་ཉོན་ཅིག་ཨང༌། །དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ། །མཚན་ལྡན་བཤེས་དང་ཆོས་མཐུན་གྲོགས་ཀྱིས་བསྐྱངས། །མཐུན་རྐྱེན་རྟེན་འབྲེལ་འཇོམས་པ་འདི་འདྲ་བ། །ཡང་ཡང་རྙེད་པར་དཀའ་ལ་དོན་ཆེ་བས། །ཕྱི་བཤོལ་སྤངས་ཏེ་སྙིང་པོ་ལོངས་ཤིག་ཨང༌། །ལས་ཀྱིས་བསྡུས་པའི་
ཕ་ཡུལ་ཉེ་དུ་ཀུན། །བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང༌། །རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས། །བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན། །འོངས་དོན་ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང༌། །སྒོ་གསུམ་དགེ་ལ་སྦྱར་ཕྱིར་མིང་དང་དོན། །མཐུན་པའི་བཤེས་ཤིག་རང་གི་དགེ་རྒན་དུ། །བསྟེན་ནས་ཆོས་ཀྱི་བྱ་བ་མ་ལུས་པའི། །རྩ་བར་མཐོང་སྟེ་བཀའ་བཞིན་བསྒྲུབས་པ་ཡིས། །རྟེན་འབྲེལ་འགོ་ནས་འགྲིགས་པར་གྱིས་ཤིག་ཨང༌། །སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་གིས། །གཅེས་ཤིང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས། །རྩེ་རྒོད་གཡེང་བའི་གྲོགས་བྱེད་བག་མེད་ཀྱི། །ལས་ལ་སྦྱོར་དེ་སྡིག་པའི་གྲོགས་ཡིན་པས། །འགོ་བའི་ནད་བཞིན་རིང་དུ་སྤོངས་ཤིག་ཨང༌། །ཆ་རྐྱེན་ཡོད་ན་མི་བཟོད་མྱུར་དུ་བརླག །མེད་ན་མི་བཟོད་བུ་ལོན་སྟོང་འཇལ་བྱེད། །ཅི་བྱས་
ཆོས་ཀྱི་གེགས་སུ་འགྲོ་བ་འདི། །གྲོགས་ངན་འདུ་འཚོགས་མང་བའི་སྐྱོན་ཡིན་པས། །བསེ་རུ་ལྟ་བུར་གནས་པར་གྱིས་ཤིག་ཨང༌། །མིང་ལ་མཐུན་རྐྱེན་ཟེར་ཡང་ཆོས་ཕྱོགས་ལས། །ཉམས་བྱེད་འདོད་ཡོན་བདུད་ཀྱི་གཡབ་མོ་སྟེ། །འདོད་ཆུང་ཆོག་ཤེས་སྔོན་བྱོན་དམ་པ་རྣམས། །དབུལ་བས་མ་མནར་དོན་གཉིས་རྩེར་སོན་པས། །འཕྲལ་ཕུགས་ཁེ་ཉེན་གང་ཆེ་དཔྱོད་ཅིག་ཨང༌། །གདོལ་སྤྱོད་ཁྱིམ་པའི་རྗེས་འཇུག་གཡོ་ཁྲམ་མཁན། །ཆོས་མིན་སྤྱོད་པའི་ཐན་སྙེ་མགོ་འཕང་མཐོ། །ལྟོ་སྐྱ་གོས་ཧྲུལ་ཐོས་དང་ཚུལ་ཁྲིམས་ཀྱི། །བཅུད་ལྡན་སྙེ་མའི་མགོ་བོ་དམའ་ན་ཡང༌། །གཏན་གྱི་སྐྱིད་སྡུག་འདྲ་འདྲ་མིན་ནོ་ཨང༌། །བླ་མ་ལ་གུས་མཐོ་ལ་ཕྲག་དོག་མེད། །དམན་ལ་བརྩེ་སོགས་ནང་ནས་དུལ་གྱུར་ན། །ཕྱི་བལྟས་ཅོལ་ཆུང་སྐྱེ་བོས་མངགས་ཚད་ལ། །མི་ཉན་གྱོང་པོར་སྣང་ཡང་སྐྱོན་མེད་པས། །ཕྱི་འཇམ་ཁོང་རྩུབ་སྤྱོད་པ་སྤོངས་ཤིག་ཨང༌། །མངོན་མཐོ་ངེས་ལེགས་ཡོན་ཏན་ཀུན་གྱི་རྒྱུ། །བསྟན་པའི་གཞི་མ་ལྷག་པའི་ཚུལ་ཁྲིམས་འདི། །རྣམ་གྲོལ་དོན་གཉེར་ལམ་གྱི་སྲོག་ཡིན་ཀྱང༌། །ཚུལ་འཆོས་སྤྱོད་པ་འདི་ཡིས་ཐར་དཀའ་བས། །བསླབ་ཁྲིམས་ངོ་ལྐོག་མེད་པར་སྲུངས་ཤིག་ཨང༌། །ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད། །སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད། །དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་བཞིན། །ཡོན་ཏན་ཡར་
ཚེས་ཟླ་ལྟར་འཕེལ་འགྱུར་བས། །སྒོ་གསུམ་བག་དང་ལྡན་པར་གྱིས་ཤིག་ཨང༌། །དང་པོ་ཐོས་པའི་སྒྲོན་མེ་མ་སྦར་ན། །ཀུན་ནས་ཉོན་མོངས་སྲིད་པའི་སྐྱོན་མཚང་དང༌། །རྣམ་བྱང་ཐར་པའི་ལམ་གྱི་བགྲོད་ཚུལ་སོགས། །བླང་དོར་ཇི་ལྟར་བྱ་བ་མི་ཤེས་པས། །ཐོས་པས་བློ་མིག་སྦྱངས་པར་གྱིས་ཤིག་ཨང༌། །དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང༌། །གཞུང་ཚིག་མང་དུ་བཟུང་སྟེ་བསྐྱར་ན་ཡང༌། །དོན་ལ་མི་སེམས་རིམ་གྲོའི་ཆོས་ཀློག་དང༌། །ནེ་ཙོའི་འདོན་པ་ལྟ་བུ་བརྒྱ་ཚར་གྱིས། །བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས། །དོན་ལ་བརྟགས་དཔྱད་ཞིབ་མོ་གྱིས་ཤིག་ཨང༌། །ཀུན་བྱང་འཇུག་ལྡོག་ཚུལ་ལ་མ་རྨོངས་ཤིང༌། །ཚོགས་ཀྱི་དབུས་སུ་སྨྲ་མཁས་དཔལ་འདོད་ན། །ད་ལྟ་བཟའ་བཏུང་གཉིད་ཀྱི་བདེ་བ་ལ། །ཆགས་པའི་སྐྱིད་ཆོས་འདི་ཡིས་མི་འགྲུས་པས། །དཀའ་སྦྱོང་སྡུག་རུས་བཟོད་པར་གྱིས་ཤིག་ཨང༌། །ཉིན་རེ་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ། །ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད། །ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར། །དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། །བརྩོན་པ་ཆུ་བོའི་རྒྱུན་བཞིན་སྟེན་ཅིག་
ཨང༌། །དཀོར་དང་སྒྲིབ་པས་བྱིང་ཞིང་རྨུགས་པའི་སྟེང༌། །ད་དུང་ཟས་དང་གཉིད་ཀྱི་ཚོད་མི་རིག །ལང་ཤོར་བློ་ངན་འཕྲོ་ཞིང་རྒོད་པའི་ཐོག །ཕྱི་ཕྱིར་འཆལ་གཏམ་དུ་མས་གཡེང་བ་སོགས། །དགག་བྱའི་རིགས་ལ་བསྒྲུབ་བྱར་མ་འཛིན་ཨང༌། །སྐྱོན་ཡོན་བླང་དོར་རང་གིས་མི་བྱེད་པར། །གྲགས་སྐམ་འུད་ཀྱི་རྗེས་སུ་འབྲང་ན་ཡང༌། །ཉེས་སྐྱོན་སུ་ཡིས་ལག་པས་མི་སེལ་ལ། །ཡོན་ཏན་སུས་ཀྱང་ཁ་རུ་མི་ལྡུག་པས། །བླུན་པོ་ཆུ་སྣ་གར་ཁྲིད་མ་བྱེད་ཨང༌། །ཟབ་ཟབ་མན་ངག་ཟེར་དགུ་ཚོལ་བ་དང༌། །ཐོབ་ཐོབ་མང་པོའི་རྣམ་གྲངས་གསོག་བྱེད་ཅིང༌། །སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ། །གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས། །རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང༌། །རང་རང་གཞུང་གི་བརྗོད་བྱ་དགོས་དོན་སོགས། །མ་མཐོང་ཤགས་འགྱེད་ཚིག་འཁྲི་སྐམ་པོ་དང༌། །རིགས་པས་དཔྱད་པ་མི་བཟོད་གོ་ཐོབ་ཀྱི། །བམ་བཤད་འདིས་ཀྱང་བདར་ཤ་མི་ཆོད་པས། །གོ་རིགས་ཟུང་དུ་འབྲེལ་བར་སྐྱོངས་ཤིག་ཨང༌། །འཁྲུལ་བྲལ་གཞུང་རེ་ངེས་བཟུང་གཞིར་བྱས་ནས། །གཞན་རྣམས་དེ་དང་སྦྱར་ཏེ་དཔྱོད་པ་ལས། །གང་བྱུང་དཔེ་ལ་ལྟ་ཞིང་ཐམས་ཅད་ཀྱི། །རྗེས་སུ་འབྲངས་པ་ཤེས་རབ་འཆལ་འགྱུར་བས། །རང་ལུགས་གཏད་སོ་ཡོད་པར་གྱིས་ཤིག་ཨང༌། །དཔྱད་པས་ངེས་པ་ལམ་ཙམ་རྙེད་ན་ཡང༌། །ཆོས་ཚུལ་ཟབ་པས་ཐག་ཆོད་མི་སྔ་ཞིང༌། །འགྲིག་འགྲིག་མང་པོས་རྣམ་རྟོག་རྒྱ་སྐྱེད་པས། །དཔྱད་པ་མ་ཐལ་གཞུང་ལ་འཁྲིལ་བཞིན་དུ། །རྒྱས་བསྡུས་འཚམ་པའི་དཔྱད་ཚུལ་གྱིས་ཤིག་ཨང༌། །
མ་རིག་མུན་སེལ་ཐོས་པའི་མེ་སྦར་ཡང༌། །ང་རྒྱལ་དུ་བའི་ངོ་བོར་འཁྱིལ་བ་ཡིས། །ཕྱི་ཕྱིར་སྐྱོན་ཡོན་མཐོང་བ་སྒྲིབ་བྱེད་ལ། །ཆོས་སུ་སོང་ན་ཤེས་རྒྱུད་དུལ་དགོས་པས། །སྙེ་མ་ལོང་བ་མགོ་འཕང་མ་མཐོ་ཨང༌། །མཐོན་པོའི་སྒང་ལ་ཆུ་བོ་མི་ཆགས་པས། །དམན་ས་བཟུང་སྟེ་གུས་པའི་བརྟུལ་ཞུགས་ཀྱིས། །ཆོས་མཐུན་བློ་ཁ་མཐོ་བ་ཐམས་ཅད་ལས། །བློ་སྐྱེད་གང་ལོན་བྲེ་སོག་ཕུལ་སོག་གིས། །སྒྲོ་འདོགས་འཕྲལ་དང་འཕྲལ་དུ་ཆོད་ཅིག་ཨང༌། །དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང༌། །ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ། །བསྟན་པའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས། །མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར། །བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང༌། །དཀའ་བས་བསགས་པའི་མང་ཐོས་ནོར་བུ་ཡང༌། །བརྗེད་ངེས་རྐུན་པོས་དལ་གྱིས་འཇོམས་བྱས་ཏེ། །རིན་ཆེན་གླིང་ནས་སྟོང་པར་ལྡོག་སྲིད་པས། །རྒྱུན་དུ་གོམས་འདྲིས་དྲན་ཤེས་བརྟན་པོ་ཡིས། །གང་ཤེས་བརྗེད་པ་མེད་པར་སོགས་ཤིག་ཡང༌། །སྙིགས་དུས་བློ་དང་བསོད་ནམས་དམན་པའི་ཕྱིར། །ལྷག་པའི་ལྷ་དང་ཡི་དམ་ཆོས་སྲུང་ལ། །རྩེ་གཅིག་གསོལ་འདེབས་ཕྱག་མཆོག་མཎྜལ་སོགས། །ཚོགས་བསགས་སྒྲིབ་སྦྱོང་འབད་པ་དྲག་པོ་ཡིས། །ཞིང་གི་མཐུ་ལ་རྒྱབ་རྟེན་གྱིས་ཤིག་ཨང༌། །ཐུན་མོང་ལམ་སྦྱངས་སྔོན་དུ་མ་སོང་ཞིང༌། །གཞུང་དོན་ལྟ་བའི་བློ་མིག་མ་ཕྱེ་བར། །ཆོ་གའི་ངག་འདོན་བྱང་བ་ཙམ་ཞིག་གིས། །གསང་སྔགས་འཆང་བའི་གྲལ་དུ་མི་ཚུད་པས། །བསྟན་ལ་
རིམ་པ་བཞིན་དུ་སློབས་ཤིག་ཨང༌། །གསང་ཆེན་རྒྱུད་ཀྱི་རྒྱལ་པོའི་སྨན་ཧྲོག་རྣམས། །སྦྱོར་བར་བསྡེབས་པ་བསྐྱེད་རྫོགས་རིམ་པ་སོགས། །ཡིན་ཕྱིར་གཞུང་ལུགས་ཆེ་རྣམས་ཡལ་བོར་ནས། །མན་ངག་ཁོ་ནར་དགའ་བ་གནས་མིན་པས། །རྩ་བཤད་སྦྱར་ཏེ་རྒྱུད་དོན་ཚོལ་ཅིག་ཨང༌། །གསང་སྔགས་དེ་ཡང་འཕྲལ་གྱི་རྐྱེན་སེལ་ལམ། །ཚེ་དང་ནོར་སྒྲུབ་དབང་སྡུད་མངོན་སྤྱོད་སོགས། །ཚེ་འདིའི་ལག་ཆ་ཁོ་ནར་འཁྱེར་བ་ནི། །ས་མཆོག་ཙན་དན་སོལ་བར་བྱས་འདྲ་བས། །ཆོས་ཀྱིས་ངན་སོང་བསྒྲུབས་པ་མ་བྱེད་ཨང་། །སྔགས་གཞུང་ཐོས་བསམ་བྱས་པའི་ཉིང་དགོས་སུ། །རྒྱལ་ཀུན་དགོངས་པ་གཅིག་གྱུར་རྟག་པའི་བཀའ། །དངོས་གྲུབ་རྩ་བ་དམ་ཚིག་བསྲུང་བ་འདིར། །འབབ་པའི་ཚུལ་ལ་གོ་བ་གཏིང་ཚུགས་པས། །གཏན་འདུན་འཆུག་པ་མེད་པར་གྱིས་ཤིག་ཨང༌། །ཁྱད་པར་ལྟ་བ་སྙིགས་མའི་གནས་སྐབས་འདིར། །དམ་བཅའ་ཙམ་གྱིས་མཁས་རློམ་སྐྱེ་བོ་ཡི། །སྔོན་མེད་ལེགས་བཤད་སྐད་ཀྱི་འཆལ་གཏམ་ཡང༌། །བསོད་ཆུང་ཤེས་འཆལ་རྣམས་ཀྱི་རྣར་འགྲོ་བས། །རི་བོང་ཅལ་གྱི་རྗེས་སུ་མ་རྒྱུགས་ཨང༌། །འཇམ་པའི་དབྱངས་ཀྱིས་ཉིན་བཞིན་གདམས་པ་ཡིས། །རྒྱལ་བའི་དགོངས་པ་མཐའ་དག་མངོན་གྱུར་པ། །བློ་བཟང་རྒྱལ་བ་ཡིས་ཀྱང་མ་ཐོན་པའི། །གསར་བཤད་ཕྲ་མེན་མ་ཡི་སོ་ནམ་དེས། །ཕན་ལས་གནོད་པ་ཆེ་བས་སྒྲིམས་ཤིག་ཨང༌། །ཐུགས་བཅུད་ཟབ་མོར་བསྔགས་པ་ཙམ་མིན་པར། །རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་ཐམས་ཅད་ཀྱི། །རང་གཞུང་དཔང་པོར་བཞུགས་པའི་
མདོ་རྒྱུད་ཀུན། །གསལ་བྱེད་རྒྱལ་བ་གཉིས་པའི་ལུགས་བཟང་འདིར། །བློ་རྩེ་གཅིག་ཏུ་དྲིལ་ཏེ་འཇུས་ཤིག་ཨང༌། །གར་རྒྱུག་ཕྱོགས་སུ་དཀྱུས་སྟོན་བྱེད་པ་བཞིན། །དང་པོ་ཉིད་ནས་གཅིག་ཤེས་གཉིས་ཤེས་ཀུན། །སྲིད་པར་འཁྱེར་བའི་དམུ་རྒོད་སེམས་ཀྱི་རྟ། །འདི་ཉིད་གདུལ་ཐབས་ཁོ་ནར་འཁྱེར་བ་ཡིས། །ཐོས་བསམ་ཆོས་སུ་འགྲོ་བར་གྱིས་ཤིག་ཨང༌། །འཁོར་ལོ་བཞི་ལྡན་རྟེན་བཟང་ཐོབ་སྐབས་འདི། །འཁོར་བའི་འཆིང་བ་གཅོད་པའི་དུས་ཡིན་པས། །འཁོར་གསུམ་སྐོར་བའི་ཐབས་ཙམ་མ་ཡིན་པར། །འཁོར་ལོ་གསུམ་གྱི་དགོངས་དོན་ངེས་རྙེད་ནས། །འཁོར་གསུམ་དག་པའི་དགེ་སྦྱོར་གྱིས་ཤིག་ཨང༌། །ཆོས་ཀྱི་རྩ་བ་བསམ་པའི་བཟང་ངན་ཡིན། །ཆོས་ཀྱི་སྒོ་འབྱེད་རྣམ་དག་ཐོས་པ་ཡིན། །ཆོས་སུ་སོང་ཚད་འདི་སྣང་ཞེན་ལོག་ཡིན། །ཆོས་ཀྱི་སྙིང་པོ་ཐབས་ཤེས་ཟུང་འཇུག་ཡིན། །ཆོས་ལ་ཆོས་བཞིན་སྤྱོད་པར་གྱིས་ཤིག་ཨང༌། །རྣམ་མང་གཞུང་ལུགས་ཟབ་ཡངས་ཆུ་གཏེར་ལས། །རྣམ་དག་ཐོས་པའི་ནོར་བུ་ལེན་པའི་ཚུལ། །རྣམ་པར་བཤད་པའི་མིག་སྨན་ཐུར་མ་ཡིས། །རྣམ་གྲོལ་དོན་གཉེར་ཡོངས་ཀྱི་མིག་ཕྱེ་སྟེ། །རྣམ་ཀུན་མཁྱེན་པའི་དཔལ་ལ་སྤྱོད་གྱུར་ཅིག །ཅེས་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ཅེས་བྱ་བ་འདི་ནི། སྤྱིར་དེང་སང་བསྟན་པ་སྙིགས་མའི་མཐར་སོན་པའི་དབང་གིས་ཉམས་ལེན་དགོས་པའི་གཏམ་ཙམ་ཡང་ནུབ། ཐོས་བསམ་དགོས་པའི་གཏམ་ཙམ་ཡོད་ཀྱང༌། གང་ལ་ཐོས་པ་བྱ་བའི་ཡུལ་དང༌། ཐོས་པ་ཇི་ལྟར་བྱེད་པའི་ཚུལ་སོགས་ལེགས་པར་ཤེས་པ་ཤིན་ཏུ་དཀོན་པར་
སྣང་བས། འདི་འདྲ་ཞིག་འབྲི་འདུན་སྔར་ནས་ཡོད་པའི་ཐོག་ཉེ་ཆར་དར་ཧན་པེའི་ལིའི་ཤོག་ནས་བློ་དང་ལྡན་པ་དགེ་སློང་དཀོན་མཆོག་རྡོ་རྗེས་བསྐུལ་བའི་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་ལེན་མ་ཐུབ་ཀྱང༌། བླ་མ་གོང་མ་ཞིག་གི་མིང་ཙམ་ལ་སྐྱབས་སུ་མ་མཆི་བར་གྲྭ་རྐྱང་དཀྱུས་མའི་ལུགས་བཞིན་སློབ་གཉེར་ལ་སྡུག་རུས་ཅུང་ཟད་བྱས་པའི་རང་མྱོང་དང༌། དམ་པ་གོང་མའི་གསུང་རྒྱུན་ལ་བརྟེན་ནས་རགས་རིམ་ཞིག་བྲིས་པའི་མཚམས་སུ་ད་ལྟ་ཕན་པར་སྨྲས་ཀྱང་གོ་བ་དཀོན་པར་སྣང་བས་དགོས་པ་མི་འདུག་སྙམ་ནས་བཞག་པའི་ཚེ། བསྟན་ལ་གཅིག་ཏུ་སྨན་པའི་ལྷག་བསམ་དང་མཁྱེན་རབ་ཀྱི་དབང་ཕྱུག་དམ་པ་དགོན་པའི་ཁྲི་ཐོག་པ་དཀོན་མཆོག་རྒྱལ་མཚན་པས་འདིའི་འཕྲོ་བསྐང་སྟེ་ཆ་ཚང་བ་ཞིག་དགོས་ཞེས་ནན་ཏན་གནང་བ་བཞིན་མཇུག་གྲུབ་པར་བྱས་པའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགས་བགྱིས་པ་འདིས་ཀྱང་དོན་གཉེར་ཅན་རྣམས་ལ་ཕན་ཐོགས་པར་གྱུར་ཅིག །༈ ཡང་དག་ལམ་བཟང་གསལ་མཛད་བླ་མ་དང༌། །རབ་འབྱམས་རྒྱལ་བ་སྲས་དང་བཅས་རྣམས་ལ། །རྣམ་དག་དད་པས་ལན་བརྒྱར་ཕྱག་བྱས་ནས། །སྤང་བླང་རྣམ་གཞག་འགའ་ཙམ་བསྙད་པར་བྱ། །བསླབ་པར་བྱ་བ་རྣམ་གྲངས་མང་ན་ཡང༌། །གནད་ལ་ཕན་པ་རང་ལ་རག་ལས་པས། །བྱ་བ་གང་ལའང་ལས་འབྲས་དཔང་བཞག་ནས། །རྣམ་དཀར་ལས་ལམ་དག་ལ་འབད་པར་བྱ། །དལ་བ་བརྒྱད་ལྡན་སངས་རྒྱས་བསྟན་དང་ཕྲད། །མཚན་ལྡན་བླ་མ་དམ་པ་དག་དང་མཇལ། །ད་ལན་འདྲ་བ་སླན་ཆད་ཚང་དཀའ་བ། །ཡང་ཡང་བསམ་ནས་དལ་བ་འབྲས་ལྡན་འཚལ། །ཁས་བླངས་བཅས་མཚམས་ཕྲ་རགས་ཐམས་ཅད་ལ། །ནན་ཏན་བསམ་པ་ཐག་པས་འབད་བྱས་ན། །སྲས་བཅས་
རྒྱལ་བས་རབ་བསྔགས་ལམ་བཟང་ཡང༌། །རང་རང་ལག་ན་གནས་པས་འབད་པར་འཚལ། །ཟབ་རྒྱས་མན་ངག་མཐའ་ཡས་མཉན་ན་ཡང༌། །ཁ་བཤད་ཙམ་ལ་འཕྱན་ན་ཕན་དཀའ་བས། །མཐའ་དག་རང་རང་བསམ་པ་དང་སྦྱར་ནས། །ནན་ཏན་ལག་བླང་བྱ་བ་མན་ངག་གནད། །སྔ་ཆར་མཚན་ལྡན་བླ་མ་དམ་པ་བཙལ། །སླད་ནས་ཟབ་རྒྱས་གདམས་ངག་ཚང་བར་མཉན། །ཐ་མར་གདམས་ངག་མཐའ་དག་ཉམས་བླངས་ན། །སངས་རྒྱས་སར་ཆས་སྐལ་བཟང་ལྡན་པ་ལགས། །བསམ་རྒྱ་མ་མང་གང་བརྩམས་ཕ་མཐར་བསྐྱལ། །སྐྱབས་གནས་དམ་པ་རྣམས་ལ་དད་པ་སྦྱངས། །དཀར་ནག་ལས་འབྲས་བསམ་ནས་སྤངས་བླང་བྱ། །འབད་པ་འབྲས་དང་བྲལ་ལ་ངལ་བ་སྤངས། །གཞན་ལ་བསམ་ངན་འཆང་བས་རང་རང་ཉམས། །འཆལ་གཏམ་སྨྲ་བ་མང་བས་བྱ་བ་འཆག །ང་རྒྱལ་ཆགས་སྡང་ཅན་ལ་དགྲ་སྡང་བས། །རང་དང་གཞན་ལ་གང་ཕན་བརྟག་ནས་བྱ། །རྒྱལ་དང་རྒྱལ་སྲས་བཅས་པ་ཐམས་ཅད་ཀྱང༌། །ལྷག་བསམ་རྣམ་པར་དག་པ་ལས་བལྟམས་པས། །རྟག་པར་གཞན་ཕན་བསམ་པ་སྦྱངས་པ་དང༌། །མཐའ་བྲལ་ཡང་དག་ལྟ་བས་རྒྱས་གདབ་བྱ། །སྔར་བསགས་ལས་ངན་མཐའ་དག་འབད་པ་བརྒྱས། །བཤགས་ནས་གཡང་ས་ཉམ་ང་དགག་པ་དང༌། །རྣམ་དཀར་གང་བྱས་མ་རྒན་ཐམས་ཅད་ལ། །ཕན་སླད་བསམ་པ་ཐག་པས་མཚམས་སྦྱར་བྱ། །ལུགས་ཟུང་སྒྲུབ་ཚུལ་གཞུང་ལུགས་ཉུང་བསྡུས་སུ། །འགྲིག་འགྲིག་ཚིག་གི་པིར་གྱིས་
བྲིས་འདི་ཡིས། །ལེགས་ཉེས་འབྱེད་བྱེད་ཡེ་ཤེས་གཏེར་རྙེད་དེ། །སྟོབས་སོགས་ཡོངས་རྫོགས་མགོན་པོ་མཆོག་ཐོབ་ཤོག །ཅེས་ལུགས་གཉིས་ཀྱི་བསླབ་བྱ་མདོར་བསྡུས་འདི་ནི་བློ་དང་ལྡན་པ་རབ་འབྱམས་པ་འཇིགས་མེད་གྲགས་པས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབྱངས་ངེས་པའི་ཚུལ་དུ་བྲིས་པའོ། ། ༈ དུས་གསུམ་གྱི་རྒྱལ་བ་ཀུན་ལས་ཀྱང༌། །དྲིན་འཁོར་མཐའ་མེད་པའི་ཐུགས་རྗེ་ཅན། །ཐ་མལ་གྱི་ཚུལ་འཛིན་དང་པོའི་མགོན། །ཕ་བླ་མ་སྙིང་གི་ཟེའུ་འབྲུར་བཞུགས། །གནས་འཁོར་བར་འཁྱམས་པའི་ཐོག་མ་མེད། །སྒོས་ངན་སོང་གསུམ་གྱི་བཙོན་དོང་དུ། །བཟོད་མེད་ཀྱི་སྡུག་བསྔལ་མྱོང་མྱོང་ནས། །དུས་ད་ལན་དལ་བའི་རྟེན་ཅིག་རྙེད། །ཚེ་མི་རྟག་གཉིད་ཀྱི་ཐུན་ཆུང་ལ། །དོན་མེད་ཀྱི་དགའ་སྡུག་རྨི་ལམ་འཁྲུག །གློ་བུར་དུ་སད་དུས་ངན་སོང་གི །ཚེར་དོང་དེར་ཡོད་ན་ཅི་རང་བྱེད། །དུས་ད་ལྟ་རང་དབང་རང་ལ་ཡོད། །མགོན་སྐྱབས་དང་དཔུང་གཉེན་བཙལ་ན་ལེགས། །འཇིགས་ཡེར་རེ་གཤིན་རྗེས་ཁྲིད་པའི་ཚེ། །སྐྱབས་མེད་ཀྱི་སྡུག་སྨྲས་སུ་ལ་འདོན། །དྲོ་འཇམ་གྱི་གོས་དར་འཛོམ་ན་ཡང༌། །དེ་ཡུན་རིང་གྱོན་གྱི་རང་དབང་མེད། །རབ་འབར་གྱི་ལྕགས་སྲེག་ལེབ་མོ་དེ། །གྱོན་མ་དགོས་ཙམ་ཞིག་མཛད་ན་ལེགས། །ཟས་ཞིམ་མངར་འཛོམ་པའི་དཀོར་ནག་ལ། །འཛེམ་མེད་དུ་སྤྱོད་པའི་དྲེད་པོ་ཁྱོད། །ལོ་བྱེ་བ་འབུམ་ཕྲག་སྟོང་གི་བར། །ཟངས་ཞུན་གྱི་ཁུ་བ་འཐུང་ནུས་སམ། །གཉེན་མཛའ་བཤེས་མང་ཡང་ཟ་གྲོགས་ཡིན། །ལམ་རྒྱུས་མེད་ཀྱི་འཕྲང་དུ་གཅིག་པུར་འགྲོ། །ལས་བསགས་པའི་རྣམ་སྨིན་རང་གིས་མྱོང༌། །འདི་སོམས་ལ་མཐུན་
འཇུག་གཡེང་བ་སྤོངས། །ཕྱོགས་ཐག་རིང་མགྲོན་པོའི་ལམ་ཞག་འདྲ། །འདི་སྣང་ཀུན་དོན་མེད་བསླུ་བྲིད་ཡིན། །ཚེ་ཕྱི་མར་ཕན་པ་གཞན་མེད་པས། །རང་ནུས་པ་གང་ཡོད་དགེ་ལ་སྦྱོར། །ཆོས་ཟབ་མོར་གྲགས་པ་མང་ན་ཡང༌། །དམ་ཚིག་དང་སྡོམ་པ་བསྲུང་བ་འདི། །དུས་གསུམ་གྱི་རྒྱལ་བ་དགྱེས་བྱེད་དང༌། །གཏན་འདུན་གྱི་སྒྲུབ་པའི་ཡང་རྩེ་ཡིན། །བསྟེན་ན་ནི་དགེ་བའི་བཤེས་གཉེན་བསྟེན། །བསམ་ན་ནི་དཀར་ནག་ལས་འབྲས་སོམས། །བྱེད་ན་ནི་དམ་པའི་ལྷ་ཆོས་གྱིས། །དུས་ནམ་ཡང་བསླུ་བ་མེད་དོ་ཀྱེ། །ཆོས་ཟབ་མོ་གླུ་རུ་བླངས་པ་ཡི། །གཏམ་ཚིག་གསུམ་སྨྲས་པའི་དགེ་བ་འདིས། །བློ་དམ་པའི་ཆོས་ལ་ཕྱོགས་པ་ཡི། །ལམ་གེགས་མེད་བགྲོད་པ་མཐར་ཕྱིན་ཤོག །ཅེས་པ་འདི་ནི་དགེ་སྦྱོར་ལ་བརྩོན་པ་འཇིགས་མེད་མཁས་མཆོག་གིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ མགོན་ཐུགས་རྗེའི་གཏེར་ཆེན་སྤྱན་རས་གཟིགས། །བོད་པུར་རྒྱལ་འདྲེན་པ་དཀོན་མཆོག་འབངས། །དུས་ད་ལྟ་འཇམ་དབྱངས་བཞད་པའི་སྡེ། །ལྷ་བླ་མ་དབྱེར་མེད་ཐུགས་རྗེས་གཟིགས། །བོད་ཆེན་པོ་བྱང་གི་ཕྱོགས་མཐའ་འདིར། །མ་འགྲོ་བའི་བདེ་སྐྱིད་བསྟན་ལ་རག །ཆོས་བསྟན་པའི་འཕེལ་རྒྱས་ཁྱེད་ཀྱི་དྲིན། །འདི་བསམ་ཞིང་བཀའ་དྲིན་སྙིང་ནས་དྲན། །སྔོན་བླ་མ་དྲི་མ་མེད་པ་དང༌། །མ་མཁའ་འགྲོ་གསང་བ་ཡེ་ཤེས་སོགས། །ཡོངས་གནས་གསུམ་གྱི་དཔའ་བོ་དཔའ་མོ་ཀུན། །མགྲིན་གཅིག་གིས་ལུང་བསྟན་ཇི་ལྟར་མཛད། །ཀྱཻ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །
གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་ལུང་བསྟན་གྱི་གདུལ་བྱའི་དུས་ལ་བབས། །ཆེས་སྙིགས་མ་ལྔ་བདོའི་དུས་ངན་དང༌། །ལས་སྡིག་ལ་སྤྱོད་པའི་ཡུལ་མཐའ་འདིར། །ལྷ་སྙིང་རྗེའི་གཏེར་ཆེན་ཁྱོད་མིན་པ། །ང་ཉམ་ཐག་གི་མགོན་སྐྱབས་སུ་ལ་ཞུ། །ཆོས་མདོ་སྔགས་བསྟན་པ་ཉི་རྒས་འདྲ། །དེ་བཤད་སྒྲུབ་ཀྱིས་འཛིན་པའི་བསྟན་འཛིན་དཀོན། །ཆོས་ཚུལ་བཞིན་སྒྲུབ་ལ་དགྲ་བོ་མང༌། །དུས་སྙིགས་མའི་རང་མཚང་མཚོ་ལྟར་རྡོལ། །འདི་བསམས་ན་ཤེས་པ་གཏིང་ནས་སྐྱོ། །སེམས་སྐྱོ་ཡང་ལས་ངན་སྒྲོག་གིས་བཅིངས། །ང་གདུངས་པའི་འོ་དོད་རྒྱང་ནས་འབོད། །ལྷ་ཐུགས་རྗེ་ཆེན་པོས་གསན་ལགས་སམ། །སྒོས་ཚེ་ཐུང་ནམ་འཆི་ཆ་མེད་ལ། །ཉིན་དེ་རིང་ཡུན་ཆད་གདོན་གྱིས་སྨྱོས། །ལས་དོན་མེད་སྡིག་པས་རང་རང་ཕུང༌། །ད་འགྱོད་ཀྱང་འགྱོད་པ་འཕྱིས་ནས་གདའ། །མི་རྒན་གཞོན་མེད་པར་འཆི་བ་ལ། །ཁྱད་མེད་པར་རང་གིས་མངོན་སུམ་མཐོང༌། །ད་རང་རང་དེ་ལྟར་གློ་བུར་དུ། །འཆི་མི་དགོས་བློ་རྩེ་ཅི་ཞིག་ཡོད། །རི་ལུང་པ་གསེར་གྱིས་བཀང་ན་ཡང༌། །རང་འཆི་དུས་རྡུལ་ཙམ་འཁྱེར་དབང་མེད། །གཟུངས་ཡིག་དྲུག་ཚར་གཅིག་བཏོན་ན་ཡང༌། །དེ་འཇིག་རྟེན་ཕྱི་མའི་ལམ་རྒྱགས་ཡིན། །ཆོས་གཅིག་ལ་བྱིན་རླབས་ཆེ་བ་དེ། །སྔགས་གཟུངས་མཆོག་ཡི་གེ་དྲུག་མ་ཡིན། །ཁོང་བྱིས་པ་ཚུན་ཆད་ཤེས་པ་དེ། །ངེད་བོད་ཀྱི་ཆོས་སྐལ་ཡིན་པའི་རྟགས། །མི་སྡིག་ཅན་བཙན་ཐབས་འཚང་རྒྱའི་ཆོས། །དཀོར་བག་ཆགས་ངན་པ་སྦྱོང་བ་ལ། །ཆེས་ཟབ་པའི་མཐར་ཐུག་སྨྱུང་གནས་ཡིན། །འདིའི་ཕན་ཡོན་
ནམ་མཁའི་མཐའ་དང་མཉམ། །དུས་དེང་སང་ངན་ལ་མགོ་མཐོ་ཡང༌། །ལམ་བར་དོའི་འཕྲང་རིང་བརྒལ་བའི་ཉིན། །དགྲ་གཤིན་རྗེའི་དམག་གིས་བསྐོར་བའི་ཚེ། །ཆོས་ཚུལ་བཞིན་བྱས་པའི་མི་དེ་སྐྱིད། །འཕྲང་ཡ་ངའི་འཇིགས་པ་སེལ་འདོད་ཅིང༌། །མར་ངན་སོང་གི་སྐྱེ་སྒོ་གཅོད་འདོད་ན། །ལྷ་ཐུགས་རྗེ་ཆེན་པོའི་ཞབས་ལ་འཇུས། །དུས་ཉིན་མཚན་མེད་པར་གསོལ་བ་ཐོབ། །ཡར་མཐོ་རིས་ཐར་པའི་གོ་འཕང་དང༌། །མར་ངན་སོང་གསུམ་པོ་གང་དུ་འགྲོ། །དུས་ད་ལྟ་འདམ་ཁ་རང་གི་ལག །མཚམས་འདི་ལས་འདས་ན་ཐར་པ་དཀའ། །ཁོ་འཆི་བདག་བདུད་ཀྱིས་ཁྲིད་པའི་སྐབས། །མིང་གོ་ས་དཔའ་རྩལ་སྟོབས་འབྱོར་སོགས། །རྒྱ་ཅི་ཙམ་ཆེ་ཡང་ཕན་པ་མེད། །ཕན་ངེས་པ་དམ་པའི་ལྷ་ཆོས་ཡིན། །ནོར་ལོངས་སྤྱོད་སྦྲང་མའི་སྦྲང་རྩི་འདྲ། །སྡིག་རང་གིས་བསགས་ཀྱང་གཞན་གྱིས་སྤྱོད། །གཉེན་མཛའ་བཤེས་ཚོང་འདུས་མགྲོན་པོ་འདྲ། །དུས་རིང་པོར་མི་སྡོད་གྱེས་ནས་འགྲོ། །གཟུགས་ལང་ཚོ་སྟོན་ཀའི་མེ་ཏོག་འདྲ། །ཞག་རེ་རེ་བཞིན་དུ་རིམ་གྱིས་ཡལ། །ལས་སྐྱིད་སྡུག་ཐག་མཁན་རྐང་སྟབས་འདྲ། །གང་དར་བའི་ཐ་མ་རྒུད་པ་ཡིན། །གནས་འཁོར་བ་འདི་ཡི་ཕུན་ཚོགས་ལ། །མཐར་མི་བསླུ་བྱ་བ་གཅིག་ཀྱང་མེད། །དེ་སོམས་ལ་དམ་པའི་ལྷ་ཆོས་གྱིས། །ཆོས་ཟབ་མོ་འཕགས་པའི་བསྒོམ་བཟླས་གྱིས། །དུས་ནམ་ཞིག་བེམ་རིག་བྲལ་བའི་ཉིན། །ལྷ་ཐུགས་རྗེ་ཆེན་པོས་ཞལ་བསྟན་ནས། །བུ་བདེ་བ་ཅན་དུ་ཤོག་ཅིག་ཅེས། །མགོན་འོད་དཔག་མེད་ཀྱི་དྲུང་དུ་
འཁྲིད། །དོན་དེ་ཕྱིར་སྒོ་གསུམ་དགེ་ལ་འབད། །དགེ་གང་བསགས་དེ་ཡི་དོན་དུ་སྔོས། །དེ་བྱས་ན་མི་ལུས་དོན་དང་ལྡན། །ཆོས་བསྟན་དང་མཇལ་བའི་དགོས་པ་འགྲུབ། །ཚུལ་དེ་ལྟར་སྨྲས་པའི་དགེ་བས་ཀྱང༌། །ངེད་ཡོན་མཆོད་བློ་སྣ་ཆོས་ལ་བསྒྱུར། །ལས་དཀར་པོ་དགེ་ལ་རྟག་སྤྱད་ནས། །མཆོག་ཐར་པའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སྨྱུང་གནས་སོགས་དང་འབྲེལ་བར་མ་ཎི་བསྐུལ་བའི་མགུར་དབྱངས་འདི་ལྟ་བུ་ཞིག་དགོས་ཞེས་འཕགས་པ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ལ་བརྩོན་པའི་སྨྱུང་གནས་པ་དགེ་སློང་ངག་དབང་རྒྱལ་མཚན་གྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཀུན་གྱིས་གོ་བདེ་བར་བྲིས་པ་འདིས་ཀྱང་སྐྱེ་བོ་རྣམས་ལ་ཕན་ཐོགས་པར་གྱུར་ཅིག །༈ ཀེང་རུས་གཅལ་བཀྲམ་འཇིགས་པའི་དུར་ཁྲོད་དང༌། །ཁང་བཟང་ཉམས་དགའ་འབྱོར་པས་བརྒྱན་པ་གཉིས། །གང་ནས་བལྟས་ཀྱང་ཆགས་བྲལ་རྒྱུར་མཚུངས་ཀྱང༌། །ངང་པ་འདམ་ལ་སྲེད་བཞིན་རྨོངས་པས་བསླུས། །ཅང་ཤེས་རྟ་དང་གླང་པོ་གསེར་དངུལ་དར། །ཆང་དང་བུ་རམ་བཟའ་བཅའ་བཏུང་བ་སོགས། །ཇིང་གིར་རྒྱལ་པོའི་འབྱོར་པ་ལ་འཁུ་ཡང༌། །ཉིང་དགོས་སྙིང་པོ་ཏིལ་འབྲུ་ཙམ་ཡང་མེད། །ཏིང་ཏིང་ཤག་གི་སྒྲར་བཅས་རི་སུལ་ལམ། །ཐང་སྟོང་ཡངས་པོར་བག་ཕེབས་རྒྱུ་བྱེད་ཅིང༌། །དེང་ནི་ཤི་ཡང་འགྱོད་པ་མེད་སྙམ་དུ། །ནང་ནས་དགའ་བ་རྒྱས་དེ་སྐྱིད་པའི་མཆོག །པང་ན་གནས་པའི་ནོར་བུ་རིན་ཆེན་ཡང༌། །ཕངས་པ་མེད་པར་སྦྱིན་པར་བཏང་བྱས་ཏེ། །བང་མཛོད་མཐའ་དག་སྟོང་པར་བྱེད་ནུས་ན། །མང་པོས་འཕྱ་
ཡང་རང་དོན་འགྲུབ་པ་ཡིན། །ཙོང་ཁ་པ་ཡི་རིང་ལུགས་དྲི་མ་མེད། །ཚང་ལ་མ་ནོར་འདི་འདྲར་མཇལ་དུས་སུ། །མཛངས་བླུན་དབྱེ་བ་ཤན་འབྱེད་དུས་ཡིན་པས། །ཕ་ཝང་བཞིན་དུ་རང་མགོ་མ་སྐོར་ཅིག །ཞིང་ས་གཤིན་པོར་ས་བོན་བཏབ་པ་བཞིན། །ཟང་ཟིང་དངོས་པོ་དཀོན་མཆོག་མཆོད་པར་ཕུལ། །འོང་བར་ངེས་པ་འཆི་བའི་དགྲ་ཡིན་པ། །ཡང་ཡང་བསམས་ཏེ་ཕྱི་མའི་སོ་ཚིས་མཛོད། །རང་ཉིད་རང་ལ་ཤིན་ཏུ་གཅེས་ན་ཡང༌། །ལང་ཤོར་བློ་ངན་འདི་ཡིས་ཕུང་དུ་འཇུག །ཤིང་ལྟར་གྱོང་བའི་ཤེས་རྒྱུད་འདི་བཏུལ་ན། །སངས་རྒྱས་གོ་འཕང་དེ་ཡང་ཐག་མི་རིང༌། །ཧང་འགྲོས་ཙམ་གྱི་ཀ་མད་སུམ་ཅུ་ལ། །ཨང་ཡིག་སྲོག་ཏུ་ཞུགས་པའི་གླུ་ཆུང་འདི། །ཡིད་དགའ་ཆོས་འཛིན་དབེན་པའི་རི་སུལ་ནས། །དཀོན་མཆོག་བསྟན་པའི་སྒྲོན་མེས་གླུ་རུ་བླངས། །༈ ཀ་ཡེ་གཞུང་ལུགས་མང་དུ་ཐོས་ན་ཡང༌། །ཁ་བཤད་སྐམ་པོ་ཆུ་ནང་རྡོ་བ་བཞིན། །ག་ལེར་རང་གི་རྒྱུད་ལ་མ་སྦྱར་བས། །ང་ནི་འགྱོད་དེ་རང་ལ་ལེ་ཞིག་བདའ། །ཅ་རིས་བཞིན་དུ་ཁ་འཁུམ་ལག་འཁུམ་ཞིང༌། །ཆུ་རྒྱུས་ཡོད་མེད་ཀུན་ལ་གཞོག་སློང་གིས། །ཇ་མར་རྩམ་སོགས་ཇི་ཙམ་འོངས་ན་ཡང༌། །ཉ་ལྟར་ལྟོགས་པའི་སེམས་འདི་བརྒྱག་དུས་མེད། །ཏཱ་རས་གསེར་དངུལ་གོས་དར་རྟ་དང་ནོར། །ཐ་ན་དུང་ཙེ་རྡོག་གཅིག་ཡན་ཆད་ཀྱང༌། །ད་ལྟ་བསོག་དུས་དགོས་དགོས་འདྲ་བ་ལ། །ན་འཆིས་བཅོམ་ཉིན་ཕན་པ་སྤུ་ཙམ་མེད། །པ་ཏྲ་ལྟར་འཁྱོག་འདི་སྣང་བྱ་བྱེད་ཀྱི། །ཕ་མཐར་མི་ཕྱིན་
དལ་འབྱོར་སྟོང་པར་ཟད། །བ་ལང་རྟེན་དང་ཁྱད་པར་མ་དོད་ན། །མ་ལ་བུ་སྐྱེས་དགོས་པ་མ་བྱུང་ངོ༌། །ཙ་ཏུར་ལུས་ཀྱི་འབྱུང་བ་ཆ་སྙོམས་ཤིང༌། །ཚ་རྐྱེན་གྲང་རྐྱེན་ཐུབ་པའི་གནས་སྐབས་དེར། །ཛ་ཡའི་བཀའ་བཞིན་དམ་ཆོས་མ་བསྒྲུབས་པས། །ཝ་ལེར་ལུས་སེམས་གཉིས་པོ་འགྲིབ་ནས་ཐལ། །ཞྭ་སེར་བསྟན་པ་ཉམས་པའི་ཐན་ལྟས་སུ། །ཟ་ཆོག་མཁན་པོ་ང་དང་ང་འདྲར་ཡང༌། །འ་འུར་གྲགས་པས་མི་རྣམས་སྐྱབས་འཚོལ་ཏེ། །ཡ་རེ་ང་འོ་མཛོ་སྦྲེལ་གཡང་བསྐྱུར་འདྲ། །རྭ་གདེངས་གཤིན་རྗེའི་རྒྱལ་པོ་མ་རྒས་ཤིང༌། །ལ་ལུང་མྱུལ་བའི་ཕོ་ཉ་གྲངས་མང་ལ། །ཤ་ཟ་མ་མོའི་གནོད་པ་མཐུ་ཆེ་བས། །ས་སྟེང་ཡུན་རིང་སྡོད་པའི་རེ་བ་མེད། །ཧ་ཅང་རྟག་འཛིན་མ་ཆེ་བློ་སྣ་བསྟུངས། །ཨ་ཧོ་ཨ་ཧོ་ངེས་པར་འཕྱིས་འདུག་གོ །གླུ་རྟ་ཁ་ལ་མ་གྱེར་སེམས་ལ་ཟུངས། །རང་ལྕག་རང་གིས་བྲོབ་ལ་སྙིང་ཕུར་ཚུགས། ། ༈ ཀ་ཡེ་དམ་པ་རྣམས་ནི་ཞི་བར་གཤེགས། །ཁ་ལྟ་གྲོགས་མཆེད་ཕལ་ཆེར་འདས་ན་ཡང༌། །ག་ལེ་སོས་བདེར་སྡོད་པའི་མདོ་མེད་པོ། །ང་ནི་རང་གིས་རང་ལ་གྲོས་ཤིག་འདེབས། །ཅ་ཅོ་དོན་མེད་གཏམ་གྱིས་སེམས་རྩ་དཀྲུགས། །ཆ་བྱད་མཚར་དགུའི་བསླུ་བྲིད་སྲེད་པས་བཅིངས། །ཇ་སོགས་འདོད་ཡོན་རྗེས་སུ་རྒྱུག་པ་ཡི། །ཉ་མོ་འཆི་བདག་ལྕགས་ཀྱུས་ཟིན་ལ་ཉེ། །ཏ་ལའི་འདབ་ལྟར་རྒྱས་པའི་དཔལ་འབྱོར་ཀྱང༌། །ཐ་མར་དྲན་པའི་ཡུལ་དུ་བསྐྱུར་ནས་འགྲོ། །ད་ལྟ་དབྱེར་མེད་ལྟ་བུའི་ལུས་སེམས་ཀྱང༌། །ན་རྒ་འཆི་བའི་དབྱེན་གྱིས་སོ་སོར་འབྱེད། །པ་ཏྲའི་མཇུག་ལྡན་གནས་འདྲ་འཁོར་བའི་མཚོ། །ཕ་མཐའ་མི་མངོན་སྡུག་བསྔལ་བརྒྱས་གང་བར། །བ་སྤུ་ཙམ་
ཡང་མི་གཡོ་སྙིང་ཁམ་ཅན། །མ་རིག་གདོན་གྱིས་མྱོས་ཏེ་ཧ་ཅང་འཁྲུལ། །རྩྭ་སྔོན་བ་མོས་རེག་པའི་གྲང་ཉམས་དང༌། །ཚ་བའི་ཆུ་ཐིགས་ཕོག་པ་མི་བཟོད་དེ། །ཛ་ཞེས་འགུག་བྱེད་ལས་ཀྱི་ལྕགས་ཀྱུ་ཡིས། །ཝ་ལེ་དམྱལ་བའི་མེ་ནང་འཁྲིད་ཀྱིས་དོགས། །ཞ་འཐེང་འོན་ལོང་བདེ་སྡུག་ལོངས་སྤྱོད་དང༌། །ཟ་མ་མ་ནིང་ཕོ་མོའི་རྟེན་ལ་སོགས། །འ་ཅག་འདོད་དང་མི་འདོད་དབང་ན་མེད། །ཡ་མཚན་བཀོད་པ་ལས་ཀྱིས་བྱས་ནས་འགྲོ། །ར་བར་ཆུད་པ་བཤན་པའི་ལུག་བཞིན་དུ། །ལ་འུར་གཤེད་མས་ནམ་འཛིན་ཆ་མེད་པས། །ཤ་ཁྲག་གདོས་བཅས་ལུས་འདི་དོར་བའི་ཚེ། །ས་འོག་མུན་པར་མི་ལྟུང་ཐབས་ཤིག་མཛོད། །ཧ་ཧ་ཁ་བཤད་མཁས་ལ་བསམ་བརླག་ཁྱོད། །ཨ་ཧོ་བསམ་བཞིན་རང་ཉིད་མི་བརླག་ན། །ཧ་ལའི་དུག་མཚུངས་སྲིད་དང་དམ་ཆོས་ཀྱི། །ཨ་མྲྀ་ཏ་གཉིས་མ་ནོར་མ་བསྲེ་ཞིག །༈ ཨ་ཨཱ་དལ་འབྱོར་རྟེན་བཟང་ལན་གཅིག་ཐོབ་པ་འདི་ངོ་མཚར། །ཨི་ཨཱི་འདི་ནས་ལྷུང་ན་འགྲོ་ས་ངན་སོང་རང་ཡིན་ནོ། །ཨུ་ཨཱུ་མ་ཀིར་ལྷུང་ཕྱིན་ཐར་པའི་དུས་ཚོད་ཅིག་མེད་དོ། །རྀ་རཱྀ་མེ་རི་འབར་བའི་སྦུབས་དེར་ཅི་འདྲ་བྱས་སྡོད་པ། །ལྀ་ལཱྀ་ལས་ངན་ལུས་ལ་སྨིན་ན་བྱ་ཐབས་དང་བྲལ་ལོ། །ཨེ་ཨཻ་གནས་དེར་མི་ལྟུང་ཐབས་ཤིག་ད་ལན་རང་བྱེད་དགོས། །ཨོ་ཨཽ་ཐབས་ཤིག་བྱེད་ན་སྐྱབས་འགྲོ་ལས་འབྲས་རང་ཡིན་ནོ། །ཨཾ་ཨ་བསམ་བློ་གཏོང་སའི་འགག་མདོ་འདི་ཀ་རང་རེད་ཨཿ ཀེ་ལ་ཤ་འམ་རྫ་རི་སྨུག་པོ་ཡི་མགུལ་དུ། །ཁེ་འདོད་གྲགས་འདོད་མེད་པ་རི་དྭགས་ཀྱི་བུ་
བཞིན། །གེ་སར་དྲི་བསུང་འཐུལ་བའི་རྫི་ངད་ལ་སྣོམས་ཤིང༌། །ངེ་རང་གཅིག་པུར་བག་ཡངས་རྒྱུ་བ་ཞིག་བྱུང་ན། །ཅེ་སྤྱང་བཞིན་དུ་ཟས་ཀྱིས་གདུངས་པ་འདི་སྤངས་ཤིང༌། །ཆེ་མཐོའི་ཆ་ལུགས་སྡེ་དཔོན་སྤྱོད་ཚུལ་འདི་དོར་ཏེ། །ཇེ་རིང་ཇེ་རིང་དབེན་པའི་བས་མཐའ་རུ་ཕྱིན་ནས། །ཉེ་དུ་མཛའ་བཤེས་འབྲེལ་ཐག་ཆད་པ་ཞིག་བྱུང་ན། །ཏེ་ལོ་ནཱ་རོའི་རྣམ་ཐར་འཁྱོང་བ་རུ་དཀའ་ཡང༌། །ཐེ་གཏོགས་གྲོས་བསྡུར་མང་པོའི་བྱ་བྱེད་འདི་བཞག་ནས། །དེ་ན་འདི་ན་མེད་པ་སྐྱི་སེར་གྱི་རླུང་བཞིན། །ནེའུ་གསིང་སྤང་ལྗོངས་གང་དགར་མྱུལ་བ་ཞིག་བྱུང་ན། །པེ་ཧར་དཀོར་མཛོད་བསྲུང་འདྲའི་གཉེར་ཁ་ཡང་མ་དགོས། །ཕེ་ར་རྒྱག་པའི་ཁྲིམས་དཔོན་སྤྱོད་པ་ཡང་མ་དགོས། །བེའུ་ལུག་ཚུན་ཆད་བོར་བརླག་དོགས་པ་ཡང་མ་དགོས། །མེ་ཆུ་ཤིང་གསུམ་འཛོམ་པས་ཆོག་པ་ཞིག་བྱུང༌ན། །ཙེ་ནེ་ལངས་པ་ཁོ་ནས་གཞིས་རྫོགས་ཀྱི་འགྲོ་བདེ། །ཚེ་འདི་གང་སྐྱིད་ཕ་ཡུལ་བྱེད་པ་ཡི་འདུག་བདེ། །ཛེ་རེག་ཕོག་ཐུག་མེད་པར་ཀུན་སྙོམས་ཀྱི་འགྲོགས་བདེ། །ཝེ་ལྟར་གར་ཡིབ་མི་ཤེས་སྟབས་བདེ་ཞིག་བྱུང་ན། །ཞེ་ས་ངོ་འཛིན་དགོས་པའི་དཔོན་པོ་ཡང་མེད་ལ། །ཟེ་བ་ཡར་འཐེན་དགོས་པའི་གཡོག་པོ་ཡང་མེད་ཅིང༌། །འེ་གནོད་དོགས་པ་དགོས་པའི་དགྲ་བོ་ཡང་མེད་པར། །ཡེ་ཤེས་ལྷ་ཚོགས་ཁོ་ནར་བསྟེན་པ་ཞིག་བྱུང་ན། །རེ་ཐག་བཅད་པའི་མངའ་ཐང་རྒྱང་སྐྱུར་དུ་བྱས་ལ། །ལེ་ལོ་སྤངས་པའི་དམ་ཆོས་རྣལ་མ་ཞིག་བྱས་ཏེ། །ཤེས་རབ་ཐབས་ཀྱིས་ཟིན་པ་རྒྱལ་སྲས་ཀྱི་སྤྱོད་པས། །སེམས་ཅན་ཀུན་ལ་ཕན་པ་སྒྲུབ་ནུས་ཤིག་བྱུང་ན། །ཧེ་ཧེ་
ཡིད་སྨོན་ལྟར་གྱི་སྐལ་བ་ཞིག་ཡོད་ན། །ཨེ་མ་དེ་ལས་ལྷག་པའི་དགའ་རྒྱུ་ཞིག་ཅི་ཡོད། །ཨེ་ཀྱཻ་དགའ་བ་ཆེན་པོའི་གླུ་དབྱངས་ཤིག་བླངས་ཏེ། །ཨེ་ཝཾ་ཟུང་འཇུག་ས་ལ་བྲོ་བརྡུང་ཞིག་བྱའོ། །དབྱངས་གསལ་གྱི་མགུར་མ་འདི་ཡང་ས་སྦྲུལ་སྟོན་ཟླ་གཉིས་པའི་ཚེས་ལྔའི་ཉིན་ངེས་འབྱུང་སྤུ་སུ་ཞིག་གིས་བསྐུལ་ཏེ་སུག་བྲིས་སུ་བགྱིས་པའོ། །༈ རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱབས་གནས་ཀུན་ལ་གུས་པས་ཕྱག་བྱས་ནས། །གཞུང་ལུགས་ཀུན་ལ་ཐོས་བསམ་བྱས་པའི་དོན། །ཉམས་ལེན་ཀུན་ལ་ཇི་ལྟར་སློབ་པའི་ཚུལ། །རང་གཞན་ཀུན་ལ་ཕན་ཕྱིར་མདོ་ཙམ་སྤེལ། །ལེགས་ཚོགས་ཀུན་གྱི་རྩ་བ་བླ་མ་སྟེ། །ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་དང༌། །དངོས་གྲུབ་ཀུན་གྱི་རྩ་བ་དམ་ཚིག་ཡིན། །གཏན་བདེའི་རྩ་བ་འཛུག་ན་དེ་ལ་དགོངས། །བྱ་བ་ཀུན་ལ་ལས་འབྲས་དཔང་པོར་ཞོག །རེ་དོགས་ཀུན་ལ་ལྟོས་མེད་ཐོག་རྫིས་ཐོངས། །སྐྱིད་སྡུག་ཀུན་ལ་ལམ་གྱི་བོགས་འབྱིན་བཅོལ། །སྒྲུབ་ཚུགས་མཐའ་རུ་སྐྱོལ་ན་དེ་ལ་དགོངས། །འདོད་ཡོན་ཀུན་ལ་བདུད་ཀྱི་གཡབ་མོར་ཟུངས། །སྙན་གྲགས་ཀུན་ལ་བྲག་ཅའི་གདངས་སུ་སོམས། །གཉེན་བཤེས་ཀུན་ལ་ཚོང་འདུས་མགྲོན་པོར་ལྟོས། །ཆོས་བརྒྱད་འཁྲི་བ་གཅོད་ན་དེ་ལ་དགོངས། །སྡིག་ལྟུང་ཀུན་ལ་འགོ་བའི་ནད་བཞིན་འཛེམ། །དགེ་ཚོགས་ཀུན་ལ་བྲེ་གསོག་ཕུལ་གསོག་མཛོད། །སྤྱོད་ལམ་ཀུན་ལ་དྲན་ཤེས་བག་ཡོད་སྟེན། །བླང་དོར་ཚུལ་བཞིན་སྒྲུབ་ན་དེ་ལ་དགོངས། །ཆོས་མཛད་ཀུན་ལ་མོས་གུས་དག་
སྣང་སྦྱོངས། །གསུང་རབ་ཀུན་ལ་བག་ཆགས་ཅི་ཐེབས་དང༌། །འཇུག་ལྡོག་ཀུན་ལ་རིགས་པས་ཞིབ་མོར་དཔྱོད། །ཉེས་སྤྱོད་སྒོ་མོ་འགོག་ན་དེ་ལ་དགོངས། །སྲིད་འབྱོར་ཀུན་ལ་ཞེན་ལོག་ངེས་འབྱུང་དང༌། །འགྲོ་བ་ཀུན་ལ་རྗེས་ཆགས་བྱང་ཆུབ་སེམས། །འཁོར་འདས་ཀུན་ལ་ཞེན་བྲལ་ལྟ་བ་སྟེ། །ཉམས་ལེན་སྙིང་པོར་དྲིལ་ན་དེ་ལ་དགོངས། །མདོར་ན་ཐོས་དོན་བསྒྲུབས་དེ་མཁས་པ་ཡིན། །བླང་དོར་ངོ་ལྐོག་མེད་ན་བཙུན་པ་ཡིན། །ཉོན་མོངས་གདོན་གསུམ་ཐུལ་ན་གྲུབ་ཐོབ་ཡིན། །མཁས་བཙུན་བཟང་གསུམ་འདོད་ན་དེ་ལ་དགོངས། །མང་དུ་ཐོས་ཀྱང་ཉོན་མོངས་གཉེན་པོ་རུ། །མ་སོང་བྲོ་བའི་གླུ་བཞིན་དོན་མེད་པས། །གང་ཤེས་མཐའ་དག་རང་རྒྱུད་འདུལ་བྱེད་དུ། །སྦྱོར་བར་བྱེད་པ་གདམས་པའི་རྒྱལ་པོར་ཟུངས། །དེ་སྐད་གཏམ་དུ་བྱས་པའི་དགེ་བའི་མཐུས། །རང་གཞན་ཀུན་གྱི་བློ་སྣ་ཆོས་སུ་འཁུལ། །སྤོང་བ་བསམ་གཏན་འཁོར་ལོ་མཐར་ཕྱིན་ཏེ། །མཁའ་མཉམ་ལུས་ཅན་ཡོངས་ཀྱི་དོན་བྱེད་ཤོག །ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་སྤྲུལ་བའི་སྐུ་ལྷ་རམས་པ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱིས་བསྐུལ་བ་ལྟར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ལེགས་ཚོགས་རྟེན་འབྲེལ་ཀུན་གྱི་སྒོ་གཅིག་པུ། །བཤེས་གཉེན་དམ་པ་ཚུལ་བཞིན་སྟེན་བྱེད་ཅིང༌། །དལ་འབྱོར་རྙེད་དཀའ་འཇིག་པར་སླ་བའི་ཚུལ། །བསམས་ཏེ་བློ་སྣ་ཆོས་སུ་བསྒྱུར་བར་བྱ། །ཤི་ནས་ངན་འགྲོར་མི་སྐྱེའི་གདེང་མེད་པས། །སྐྱབས་འགྲོ་ལས་འབྲས་བླང་
དོར་ལ་འབད་ཅིང༌། །སྲིད་ལས་ངེས་འབྱུང་རྣམ་དག་བསླབ་གསུམ་གྱིས། །སྡུག་བསྔལ་འཁོར་བའི་རྒྱུན་ལམ་བཅད་པར་བྱ། །མ་རྣམས་གཅེས་འཛིན་སྙིང་རྗེའི་སེམས་མཆོག་གིས། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་གཞུང་བསྲངས་ཤིང༌། །བསྟན་པའི་སྙིང་པོ་མཐའ་བྲལ་སྟོང་པ་ཉིད། །ཀླུ་སྒྲུབ་དགོངས་པ་ཇི་བཞིན་བཙལ་བར་བྱ། །སྔོན་འགྲོ་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ཏེ། །འཇུག་སྒོ་རྣམ་དག་དབང་གིས་སྨིན་བྱས་ནས། །དངོས་གྲུབ་གཉིས་ཀྱི་གཏེར་གྱུར་དམ་ཚིག་སྡོམ། །མིག་གི་འབྲས་བུ་ཇི་བཞིན་བསྲུང་བར་བྱ། །རྒྱུད་སྡེ་གཞན་གསུམ་གདམས་པར་ཤར་བ་ཡིས། །བླ་མེད་ལམ་ལ་ངེས་པ་མཆོག་རྙེད་ནས། །བསྐྱེད་རིམ་ཕྲ་རགས་རྣལ་འབྱོར་ལེགས་བསྒོམས་ཏེ། །སྐྱེ་ཤི་བར་དོའི་འཕྲང་ལས་ཐར་བར་བྱ། །ལུས་དབེན་སྐུ་ཡི་རྡོ་རྗེའི་ཏིང་འཛིན་གཞིར། །རླུང་སྔགས་མཉམ་སྦྱོར་རྡོ་རྗེ་བཟླས་པའི་མཐུས། །དབུ་མར་ཞུགས་གནས་ཐིམ་པ་ལས་བྱུང་བའི། །དགའ་བཞིའི་ལམ་གྱིས་འོད་གསལ་འདྲེན་པར་བྱ། །དེ་ཡི་ངང་ལས་སྒྱུ་མའི་སྐུར་བཞེངས་ཏེ། །དེ་ཉིད་ཡང་ཡང་སྟོང་པར་བཅུག་པ་ཡིས། །དོན་དམ་འོད་གསལ་ཡེ་ཤེས་མངོན་གྱུར་ཏེ། །སྲིད་པའི་རྩ་བ་དྲུངས་ནས་འབྱིན་པར་བྱ། །དག་ཅིང་འོད་གསལ་ཐུགས་ཀྱི་མཁའ་དབྱིངས་ལས། །གང་འདུལ་གཟུགས་སྐུའི་སྣང་བ་འཇའ་ཚོན་བཞིན། །འགོག་མེད་རྟག་འཆར་སྒྱུ་འཕྲུལ་དྲ་བ་ཆེ། །ཟུང་འཇུག་གོ་འཕང་མྱུར་དུ་བསྒྲུབ་པར་བྱ། །དེ་ལྟར་བྱས་ན་རྒྱལ་ཀུན་དགོངས་པའི་བཅུད། །ཚང་ལ་མ་ནོར་བློ་བཟང་
རྒྱལ་བསྟན་དང༌། །མཇལ་བའི་དགོས་དོན་ལག་རྩེར་སོན་པ་ཡིས། །འགྱུར་མེད་གཏན་གྱི་རྒྱལ་ས་ཟིན་པར་ངེས། །རང་ལ་ཉམས་མྱོང་མེད་ཀྱང་དམ་པའི་གསུང༌། །ཇི་བཞིན་ཉུང་ངུའི་ཚིག་གིས་བསྙད་པའི་དགེས། །འཇམ་མགོན་ལུགས་བཟང་ཕྱོགས་མཐར་རྒྱས་པ་དང༌། །རང་གཞན་མཐའ་དག་སྨིན་ཅིང་གྲོལ་བར་ཤོག །ཅེས་མདོ་སྔགས་ཀུན་གྱི་གནད་འདྲིལ་བའི་བསླབ་བྱ་མདོར་བསྡུས་པ་འདི་ནི་སྒྲུབ་པའི་རྒྱལ་མཚན་འཛིན་པ་གུ་ཤྲཱི་བློ་བཟང་ཚེ་འཕེལ་གྱིས་འདི་ལྟ་བུ་ཚིགས་བཅད་ཉུང་ངུར་བསྡེབས་པ་ཞིག་དགོས་ཞེས་བསྐུལ་བ་ལྟར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ དོན་གཉིས་ཕུན་ཚོགས་འདོད་དགུའི་དཔྱིད་འཇོ་བ། །བསླུ་མེད་སྐྱབས་ཀྱི་དམ་པ་མཆོག་གསུམ་ལ། །གུས་པས་བཏུད་ནས་ལུགས་ཟུང་དང་འབྲེལ་བའི། །བསླབ་བྱའི་སྙིང་པོ་མདོ་ཙམ་སྤེལ་བར་བྱ། །མཆོག་འབྲིང་དམན་པའི་སྐྱེ་བོ་གང་ལ་ཡང༌། །ལས་འབྲས་བླང་དོར་ཚུལ་བཞིན་དཔྱོད་པ་ནི། །བདེ་ལེགས་ཀུན་གྱི་རྩ་བར་འགྱུར་བའི་ཕྱིར། །སྤང་བླང་མ་ནོར་ལག་ཏུ་ལེན་པར་གཅེས། །ཁྱད་པར་རྣམ་གྲོལ་ཐར་པའི་གྲོང་ཁྱེར་གྱི། །འཇུག་ངོགས་གསལ་བྱེད་ཏིང་འཛིན་ཤེས་རབ་གཉིས། །གང་ལ་བརྟེན་པ་ལྷག་པའི་ཚུལ་ཁྲིམས་ནི། །བཤད་སྒྲུབ་བསྟན་པ་ཀུན་གྱི་གཞི་རྟེན་ཡིན། །ཚུལ་ཁྲིམས་རྣམ་པར་དག་པའི་དྲི་བཟང་ཅན། །མང་ཐོས་སྦྲང་རྩིས་གཏམས་པའི་པདྨ་དེ། །དྲེགས་ལྡན་ལྷ་བརྒྱའི་གཙུག་གི་རྒྱན་འགྱུར་ཞིང༌། །ཕུན་ཚོགས་བུང་བའི་འཕྲེང་བ་ངང་གིས་འདུ། །བླ་མ་ལྷ་ཡི་ཐུགས་རྗེ་སྤྲིན་སྔོན་ལ། །མི་ཕྱེད་དད་པའི་མིག་ཡངས་གྱེན་དུ་གཏོད། །བསྙེན་སྒྲུབ་
ལས་ཀྱི་གར་སྟབས་སྒྱུར་བྱེད་ན། །དོན་གཉིས་དགེ་བའི་གཏོས་བཟང་འཛིན་པར་ངེས། །སྒོ་གསུམ་སྤྱོད་པ་གང་ལ་འཇུག་པའི་ཚེ། །སྔོན་བྱོན་དམ་པའི་རྣམ་ཐར་རྗེས་སུ་སློབ། །རྣམ་གཡེང་བག་མེད་བྱ་བ་རིང་སྤངས་ཚེ། །བསྟན་འགྲོའི་དོན་ཆེན་སྒྲུབ་ལའང་དཀའ་བ་མེད། །ཡུལ་དུས་སྐྱེ་བོའི་བློ་དང་མཐུན་འཇུག་གིས། །ཉེ་རིང་བར་མ་ཀུན་གྱི་སེམས་གཟུང་ཞིང༌། །རང་གི་དགེ་བའི་བྱ་བ་མི་ལྷོད་པ། །གང་དེ་ལུགས་གཉིས་ཟུང་འབྲེལ་དགའ་སྟོན་ཡིན། །ཆོས་ཀྱི་མདུན་མ་གཙོ་བོར་གྱུར་པ་ཡི། །ཕན་པར་སྨྲ་བའི་ངག་ལས་མི་འདའ་ཞིང༌། །ཆོས་མིན་གཏམ་གྱི་རྗེས་སུ་མི་འབྲང་བའི། །བཟང་ངན་གྲོགས་ཀྱི་འགྲོགས་ལུགས་ཤིན་ཏུ་གཅེས། །མདོར་ན་ལྷ་ཆོས་རྩ་བ་དད་པ་ཡིན། །མི་ཆོས་རྩ་བ་ཀུན་དང་མཐུན་པ་ཡིན། །དངོས་གྲུབ་རྩ་བ་དམ་ཚིག་སྡོམ་པ་ཡིན། །རྩ་བ་དེ་གསུམ་ཐུགས་ཀྱི་དཀྱིལ་དུ་ཆོངས། །ཁྱད་པར་ཆོས་སྲིད་གཉིས་ལས་ལྷ་ཆོས་དང༌། །འདི་ཕྱི་གཉིས་ལས་ཕྱི་མ་གཙོར་བྱེད་པ། །དེ་ཡི་བྱ་བ་གང་ལ་ཞུགས་ན་ཡང༌། །འཕྲལ་དང་ཡུན་དུ་ཕན་པ་ཁོ་ནར་འགྲོ། །དེས་ན་དམ་པ་གོང་མའི་རྣམ་ཐར་བཞིན། །ཚུལ་གནས་ཐོས་བསམ་སྒོམ་པས་རང་རྒྱུད་བཏུལ། །གཞན་ལའང་ཐར་པའི་བག་ཆགས་ཅི་ཐེབས་ཀྱིས། །བསྟན་འགྲོའི་དོན་ལ་བརྩོན་པ་རྒྱུན་ཆགས་མཛོད། །མདོར་ན་རྒྱུན་དུ་རང་གི་སྒོ་གསུམ་ལ། །བརྟག་སྟེ་སྐད་ཅིག་ཙམ་ཡང་མི་ལྷོད་པར། །ཉིན་མཚན་དོན་ཡོད་ཆོས་ཀྱིས་འདའ་བྱས་ན། །ལེགས་ཚོགས་ཐམས་ཅད་ལྷུན་གྱིས་འགྲུབ་པར་
འགྱུར། །ལུགས་ཟུང་འདབ་མའི་གར་གྱིས་རོལ་པ་ཡི། །བསླབ་བྱ་མཁའ་འགྲོ་དཀར་པོའི་འཕྲེང་བ་འདིས། །ཁྱོད་ཐུགས་མ་དྲོས་ཀླུང་དུ་རྩེན་པ་ལས། །ལེགས་བྱས་རླབས་ཀྱི་ཕྲེང་བ་རྒྱས་གྱུར་ཅིག །ཅེས་པ་འདི་ནི་མཚན་སྒྲོགས་མཁན་ཆེན་སྤྲུལ་བའི་སྐུ་རིན་པོ་ཆེ་ངག་དབང་འཇམ་དཔལ་བསྟན་པ་རབ་རྒྱས་ཀྱིས་འདི་འདྲ་ཞིག་དགོས་ཚུལ་བྱུང་བར་བརྟེན་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ༈ རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །དུས་མཐར་ཐུབ་བསྟན་རྒྱལ་མཚན་བསྒྲེང་བའི་ཕྱིར། །གསུམ་ལྡན་ངུར་སྨྲིག་འཆང་བའི་རྣམ་རོལ་བ། །ཡབ་རྗེ་འཇིགས་མེད་དབང་པོའི་ཞབས་ལ་འདུད། །དམ་པའི་སྐྱེས་བུ་འགའ་ཞིག་མདོ་སྔགས་ཀྱི། །ལམ་བཟང་སྒྲུབ་ཚུལ་བསླབ་བྱ་དགོས་སོ་ཟེར། །གཞན་ལ་ཕན་པའི་བསླབ་བྱ་བྱེད་པ་པོ། །རང་ཉིད་བསམ་ཞིང་རང་ལ་ཡིད་མུག་སྐྱེས། །འདི་ཕྱིའི་སྐྱབས་སུ་བླ་མ་བསྟེན་ན་ཡང༌། །བདེན་ཁ་རང་གིས་བཟུང་བ་ཡིད་རེ་མུག །དལ་འབྱོར་དོན་ཆེ་རྙེད་དཀའ་ཟེར་བཞིན་དུ། །དོན་མེད་སྟོང་པར་གཟད་པ་ཡིད་རེ་མུག །ནོར་རྐུན་མཐོང་ནས་ཤིན་ཏུ་ཟོན་བྱེད་ཀྱང༌། །མི་རྐུན་གཤིན་རྗེའི་ཟོན་མེད་ཡིད་རེ་མུག །ལྐོག་གྱུར་གནས་ལུགས་འཚོལ་བའི་ཁུལ་བྱེད་ཀྱང༌། །མངོན་གྱུར་འཆི་བ་མི་མཐོང་ཡིད་རེ་མུག །ཉེས་སྤྱོད་ཆུ་བོ་ཐུར་དུ་རྒྱུག་བཞིན་དུ། །བདེ་འགྲོའི་རི་རྩེར་ཕྱིན་འདོད་ཡིད་རེ་མུག །བདེ་འགྲོར་མ་ཟད་བདེ་བ་ཅན་འདོད་ཀྱང༌། །དམྱལ་བའི་གཏིང་རྡོ་བྱེད་པ་ཡིད་རེ་མུག །སྐྱིད་སྡུག་འདམ་དབང་ཡོད་ཅིང་ཤེས་བཞིན་དུ། །ཐར་མེད་བཙོན་རར་འཇུག་པ་ཡིད་རེ་མུག །གཞན་ལ་འདི་ཕྱིའི་སྐྱབས་
འཇུག་ཁས་ལེན་ཡང༌། །རང་ཉིད་གར་འགྲོ་མེད་པ་ཡིད་རེ་མུག །བསྟན་འཛིན་གོང་མའི་གྲལ་དུ་འཚང་ན་ཡང༌། །བསྟན་པའི་སྒོ་རུ་མ་ཆུད་ཡིད་རེ་མུག །སྡོམ་གསུམ་ནོར་བུའི་གཏེར་ཁ་ཕྱེ་བ་ལས། །ཉེས་ལྟུང་རྙོག་ཆུ་རྡོལ་བ་ཡིད་རེ་མུག །གྲོལ་བ་ཐར་པ་དོན་གཉེར་ཟེར་བཞིན་དུ། །སྲེད་མཁོས་ཕྱི་ཕྱིར་འཆིང་བ་ཡིད་རེ་མུག །ཐར་འདོད་སྐྱེས་བུ་ཡིན་པ་གཞིར་བཞག་ལ། །ཅི་བྱས་འཁོར་བའི་རྒྱུར་སོང་ཡིད་རེ་མུག །མིག་རྩ་ནོར་ལ་གཏད་དེ་ཆོག་ཤེས་ཀྱི། །གདམས་ངག་བྲོ་བའི་ཆོས་བཤད་ཡིད་རེ་མུག །དཀའ་ཚེགས་ཆེ་ལ་འདི་ཕྱི་གང་དུ་ཡང༌། །ཕན་མེད་ཤ་སྡུག་ཁྱི་སྡུག་ཡིད་རེ་མུག །རྩེ་གཅིག་དད་པས་རྒྱུ་ནོར་བསགས་བསགས་ཀྱང༌། །འཆི་ཚེ་ཅམ་གྱིས་བསྐྱུར་དགོས་ཡིད་རེ་མུག །འདི་བས་འདི་དགོས་མང་སྟེ་བཤོལ་བའི་འོས། །དམ་ཆོས་གཅིག་པུར་བབ་པ་ཡིད་རེ་མུག །བསྟན་པའི་བྱ་བར་བཏགས་ནས་སྡེ་དགོན་བསྐྱངས། །ཆགས་སྡང་རུ་མར་སོང་བ་ཡིད་རེ་མུག །གྲྭ་སློབ་སྦྱིན་བདག་ངན་པ་ཡར་འཐེན་པས། །རང་ཉིད་ཐུར་དུ་ལྷུང་བ་ཡིད་རེ་མུག །རྒྱ་ཆེན་གཞུང་ལུགས་ལྟ་བའི་མིག་བགྲད་ནས། །བླང་དོར་ལག་ནོམ་དགོས་པ་ཡིད་རེ་མུག །འགྲིག་འགྲིག་ཆོས་གཏམ་བཤད་ཀྱང་སྤྱོད་ཚུལ་ལ། །བལྟས་ཀྱིན་གྲོགས་ཀྱི་ཞེ་ཁྲེལ་ཡིད་རེ་མུག །གཡོ་སྒྱུ་འཕྲལ་ལ་གཞན་གྱིས་མ་ཤེས་ཀྱང༌། །མཆོག་གསུམ་ཐུགས་ཁྲེལ་འབྱུང་བ་ཡིད་རེ་མུག །སྙིང་རྗེའི་ཉམས་བཏོད་རང་མཁོ་ཕུགས་སུ་བཅུག །བྱི་ལའི་འཇམ་སྐད་འདོན་པ་ཡིད་རེ་མུག །དགེ་སྦྱོར་བྱས་ཀྱིན་སེམས་དང་རྨི་ལྟས་ཚུན། །ཇེ་ཐུ་ཇེ་ཐུར་
འགྲོ་བ་ཡིད་རེ་མུག །མི་ཚེ་ཆོས་ལ་བསྐྱལ་བའི་མལ་ས་ནས། །དུད་འགྲོའི་བེམ་པོ་བྱུང་ན་ཡིད་རེ་མུག །ད་ལྟ་གདེང་ཡོད་ཁུལ་གྱིས་སོས་བདེར་བསྡད། །འཆི་ཁ་སྡུག་སྨྲས་ཤོར་ན་ཡིད་རེ་མུག །མདོར་ན་འཁྲུལ་བ་མེད་པ་རྒྱལ་བའི་བཀའ། །སྔོན་བྱོན་དམ་པའི་གསུང་དང་རྣམ་པར་ཐར། །འཁོར་འདས་སྐྱོན་ཡོན་གང་གི་སྒོ་ནས་ཀྱང༌། །རང་གི་སེམས་ལ་བལྟས་ན་ཡིད་རེ་མུག །འོན་ཀྱང་ཁོ་བོ་ད་ལྟ་མི་རྣམས་ཀྱིས། །དམ་པར་བཀུར་བས་རང་རྒྱུས་ཤེས་བཞིན་དུ། །སྟོང་འུར་ལང་བས་དམ་པའི་ཁུར་འཛིན་ཅིང༌། །དེ་ཡི་རྫུན་འགེབས་གཡོ་སྒྱུ་ཅི་ཡང་བྱས། །རང་གི་ངང་ཚུལ་འདི་ཡིས་རྗེས་དཔག་ན། །སྙིགས་དུས་བླ་སྤྲུལ་དགེ་བའི་བཤེས་གཉེན་དུ། །གྲགས་པའི་ཁྲོད་ནའང་ཕྱི་ནང་གོ་འཛོལ་བ། །ང་འདྲ་ཡོད་དམ་སྙམ་དུ་དོགས་པ་སྐྱེས། །མཆོད་གྲལ་ལྡེར་བཟོ་ལྟ་བུའི་བླ་ཆེན་དང༌། །བཅོས་མའི་མེ་ཏོག་འདྲ་བའི་སྐུ་སྐྱེའི་རིགས། །མཁས་དང་གྲུབ་པའི་འབག་གྱོན་གར་མཁན་རྣམས། །གཞན་མགོ་འདོན་པའི་སྔོན་ལ་རང་མགོ་ཐོན། །ངང་ཚུལ་དྲང་པོར་སྨྲས་པའི་བདེན་གཏམ་འདིས། །མི་རྣམས་རང་སེམས་ལྟ་བའི་མིག་འདྲེན་དུ། །སོང་སྟེ་སྐྱོན་ཡོན་བླང་དོར་ངོས་ཟིན་ནས། །ཆོས་ལ་ཆོས་བཞིན་སྤྱོད་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ནི་མཁྱེན་རབ་ཀྱི་དབང་ཕྱུག་རྩེ་དབུ་སྤྲུལ་སྐུ་འཇམ་དབྱངས་བཤེས་གཉེན་གྱིས་བསླབ་བྱ་ཞིག་དགོས་ཚུལ་བྱུང་བ་ལྟར་བྲི་བར་བརྩམས་པའི་ཚེ། གཞན་ལ་སློབ་པ་ལ་རང་ཇི་འདྲར་སོང་འདུག་སྙམ་དུ་རྣམ་རྟོག་གི་རྒྱུ་ཚུལ་འདི་འདྲ་ཞིག་བྱུང་བ་ལྟར་སྐྱོ་གླུའི་ཚུལ་དུ་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྨྲས་པའོ། །༈ ཀྭ་ཡེ་ཐར་འདོད་ཀྱི་
སྐལ་ལྡན་སྐྱེས་བུ་རྣམས། །ཁ་ཙམ་མིན་པ་རུ་ཆོས་ཤིག་བྱེད་འདོད་ན། །ག་ལེར་ཕྱི་བཤོལ་གྱི་དབང་དུ་མ་བཏང་བར། །ང་ཡིས་བསྒོ་བ་བཞིན་མྱུར་བར་ཉམས་སུ་ལོང༌། །ཅ་ཅོ་ལོང་གཏམ་གྱིས་ཉིན་ཞག་ཆུད་གཟོན་ཞིང༌། །ཆ་ལུགས་གསོག་བྲུན་གྱིས་དམ་སྡོམ་ངོ་ཚ་འདྲལ། །ཇ་སོགས་ཟས་གོས་ཀྱི་སྲེད་པས་བསླུ་ཞིང་འབྲིད། །ཉ་ལྟོ་བ་བཞིན་དུ་འཁྲི་བ་བཅད་ན་ལེགས། །ཏ་ཐཱ་ག་ཏ་ཡི་བསྟན་པ་ཉིན་བཞིན་འགྲིབ། །ཐ་ཆད་སྙིགས་དུས་ཀྱི་རང་མཚང་མཚོ་ལྟར་རྡོལ། །ད་ནི་མི་ཚེ་ཡང་ཕལ་ཆེར་སོང་ཟིན་པས། །ན་འཆིས་མ་སླེབས་གོང་བསྒྲིམས་ཏེ་འབད་ན་ལེགས། །པ་ར་མི་ཏ་ཡི་གཞུང་ལ་སྦྱངས་པ་ཡང༌། །ཕ་རོལ་ཤགས་འགྱེད་ཀྱི་སྦྱོར་བ་ཙམ་མིན་པར། །བ་སྤུ་གཡོ་བ་ཡི་ངེས་འབྱུང་བྱང་སེམས་དང༌། །མ་ལུས་ཆོས་ཀུན་གྱི་དེ་ཉིད་རྟོགས་ཕྱིར་འབོད། །རྩ་བ་ཁས་བླངས་ཀྱི་ཚུལ་ཁྲིམས་གཙང་དང་གཅིག །ཚ་གྲང་བཀྲེས་སྐོམ་གྱི་དཀའ་སྤྱད་བཟོད་དང་གཉིས། །ཛ་ལང་སྤངས་པ་ཡི་ཞི་དུལ་སྤྱོད་དང་གསུམ། །ཝ་ལེར་འཛོམ་པ་དེ་ཆོས་པའི་ཡང་རྩེ་ལགས། །ཞྭ་གོས་མཚར་མཚར་འདི་སྒྱུ་མའི་བསླུ་བྲིད་ཡིན། །ཟ་འདོད་གྲོང་ཆོག་འདི་རང་གཞན་གཉིས་ཕུང་ཡིན། །འ་འུར་གྲགས་སྐམ་འདི་བདུད་ཀྱི་ཕྱེ་གཏོར་ཡིན། །ཡ་མཚན་སྙིང་པོ་དེ་ཆོས་ལས་གཞན་ན་མེད། །རྭ་གདེངས་འཆི་བདག་གི་ཕོ་ཉས་མ་ཟིན་གོང༌། །ལ་འུར་སྙིང་སྟོབས་དང་བརྩོན་པའི་ཤུགས་བསྐྱེད་དེ། །ཤ་ཁྲག་གདོས་བཅས་ཀྱི་དལ་འབྱོར་གཡར་པོ་འདིས། །ས་གསུམ་རྙེད་དཀའ་ཡི་ལམ་བཟང་བསྒྲུབས་ན་ལེགས། །ཧ་ས་བཛྲ་སོགས་
དམ་པའི་མགོན་གྱིས་བཟུང༌། །ཨ་མྲྀ་ཏ་འདྲ་ཡི་གདམས་པའི་བདུད་རྩི་མྱང༌། །ཕྱི་ནང་རྟེན་འབྲེལ་ཀུན་འཛོམ་པའི་དུས་ཚོད་འདིར། །ཐར་བའི་བཙན་ས་ཞིག་ཨེ་ཟིན་འབད་པ་གཅེས། །མདོར་ན་སྐྱིད་སྡུག་གི་འདམ་དབང་ཡོད་དུས་འདིར། །འདུན་པ་འཕྱུག་མེད་ཅིག་དགོས་སོ་གྲོགས་པོ་དག །གཏམ་འདི་བསྙད་པ་ལས་བྱུང་བའི་དགེ་བ་ཡང༌། །འགྲོ་ཀུན་བྱང་ཆུབ་ལ་གཞོལ་བའི་རྒྱུ་རུ་བསྔོ། །ཞེས་པ་འདི་ནི་དད་བརྩོན་ལྡན་པ་རབ་འབྱམས་པ་དཀོན་མཆོག་དོན་གྲུབ་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཆོས་སྒྲུབ་པར་འདོད་ན་གཏམ་འདི་ཉོན། །རྟེན་དལ་འབྱོར་དོན་ཆེ་རྙེད་པར་དཀའ། །འཇིག་སླ་ཞིང་ནམ་འཇིག་ཆ་མ་མཆིས། །ཚེ་ཕྱི་མ་ལ་ཕན་པ་ཆོས་ལས་མེད། །འདི་གོ་བས་མི་ཆོག་ལག་ཏུ་ལོངས། །སྔར་ལུས་རྟེན་བཟང་པོ་དོན་མེད་དུ། །ཆུད་ཟོས་ལ་གཏང་བར་མི་འགྱོད་དམ། །ལས་སྡིག་པ་མང་བས་ངན་འགྲོར་འགྲོ། །དེའི་སྡུག་བསྔལ་བཟོད་དང་བཅོས་ཐབས་མེད། །འཆོས་འདོད་ན་ད་ལྟ་བཅོས་སུ་ཡོད། །འདི་སྐྱིད་སྡུག་གཉིས་ཀྱི་སོ་མཚམས་ཡིན། །སླར་ཐར་མེད་ངན་འགྲོའི་སྒོར་འཇུག་པ། །སྙིང་གདོན་གྱིས་བརླམས་པ་མ་ལགས་སམ། །རང་ལས་འབྲས་ལོག་པར་མ་བསྒྲུབས་ན། །ལྷ་དཀོན་མཆོག་གསུམ་གྱིས་མི་བསླུ་བས། །ཅི་བྱུང་ཡང་ཁོང་ལ་བློ་སྙིང་གཏོད། །གང་བྱེད་ཀྱང་ལས་འབྲས་དབང་པོར་ཞོག །རང་བསམ་བཞིན་གཡང་སར་འཕྱོང་བཞིན་དུ། །ཡར་འཐེན་གྱི་རེ་བ་གོ་ལོག་ཡིན། །ངེས་འབྱུང་དང་བྱང་སེམས་ལྟ་བ་གསུམ། །འདི་གསུང་རབ་
ཀུན་གྱི་སྙིང་པོ་ཡིན། །དུས་ད་ལན་བག་ཆགས་ཐེབས་པ་དགོས། །མི་བསྒོམས་ཀྱང་སྨོན་ལམ་མི་འདེབས་སམ། །བློ་ཆོས་སུ་ཕར་ལ་མི་འཇུག་པར། །ཆོས་ཚུར་ལ་ཡོང་རེ་ཧམ་པ་ཆེ། །ལེགས་ཚོགས་ཀྱི་རྩ་བ་བླ་མ་ཡིན། །ཡོན་ཏན་གྱི་གཞི་མ་ཚུལ་ཁྲིམས་ཡིན། །དངོས་གྲུབ་ཀྱི་འབྱུང་གནས་དམ་ཚིག་ཡིན། །ཡིན་བྱས་པས་མི་ཆོག་ཡིན་བཞིན་སྒྲུབས། །རྐྱེན་འཛོམས་པའི་དུས་འདིར་མི་སྒྲུབ་ན། །དགྲ་གཤིན་རྗེས་ཟིན་ཚེ་འགྱོད་ཀྱང་ཕྱིས། །ད་བཤད་བཤད་མང་བའི་ཁ་ན་མེད། །ཆོས་ཤེས་པ་མང་སྟེ་སྒྲུབ་པ་དཀོན། །ཚིག་གཅིག་ཀྱང་ཉམས་སུ་བླངས་ན་ཕན། །དོན་མ་བསྒྲུབས་མང་ཡང་དགོས་པ་མེད། །ཆོས་ཞེས་པ་སེམས་རྒྱུད་འཆོས་པ་ཡིན། །དེ་སོམས་ལ་བློ་སྣ་ནང་དུ་སྐོར། །རང་ཉམས་མྱོང་མེད་པའི་ཁ་བགད་གླུས། །གཞན་བློ་སྣ་བསྒྱུར་བ་དཀའ་མོད་ཀྱང༌། །མགོན་དམ་པའི་གསུང་སྒྲོས་བསྐྱར་བ་ཡིན། །འདིས་འགྲོ་རྒྱུད་ཆོས་ལ་འཁུལ་བར་ཤོག །ཅེས་པ་འདི་ནི་ཨ་བ་ག་ཏཱ་པི་ལིའི་ཤོག་ནས་དད་བརྩོན་ལྡན་པ་རབ་འབྱམས་པ་བློ་བཟང་མཁས་བཙུན་གྱིས་བསླབ་བྱ་སེམས་ལ་གཟེར་བཏབ་པ་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་མཚང་འབྲུའི་ཚུལ་དུ་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ ན་མོ་ཡེ། རང་ཉིད་ཀྱི་རྣམ་ཐར་གསོལ་འདེབས་བྱིན་རླབས་མངོན་གྱུར་ཅེས་བྱ་བ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཀ་ཡེ་ལྷོ་རྒྱལ་འཛམ་གླིང་བྱང་གི་ཕྱོགས། །ཁ་བ་ཅན་གྱི་ཆ་ཤས་མདོ་ཁམས་སྨད། །ག་ཇུ་ཐོའུ་ཇུའི་ཉེ་འཁོར་མཛོ་དགེ་སྨད། །ང་
ཡི་ལྟེ་ཁྲག་འབོ་བའི་ས་ཆ་ཡིན། །ཅ་ཅོའི་རྫུན་གཏམ་གྲགས་པ་མཆེད་པ་དང༌། །ཆ་ལེ་ཆོ་ལེ་རང་ཡང་ཁ་བླས་ཤིང༌། །ཇ་ལག་འགའ་ཞིག་ངོས་འཛིན་བྱས་པ་ཡིས། །ཉ་མོ་ལྕགས་ཀྱུས་དྲངས་བཞིན་ས་འདིར་བླུས། །ཏ་ཐཱ་ག་ཏའི་བསྟན་པའི་སྒོར་ཞུགས་ཀྱང༌། །ཐ་མལ་བག་མེད་བྱིས་པའི་སྤྱོད་པ་བསྐྱངས། །ད་ལྟ་བསམ་ན་སྤྱོད་ཚུལ་འགའ་ཞིག་ནི། །ན་ཚོད་སྨིན་པའི་དུས་ལས་དགའ་བའང་སྣང༌། །པ་སངས་ལྟར་དཀར་ལྷག་བསམ་མེད་ན་ཡང༌། །ཕ་རོལ་བསླུ་ཕྱིར་ལྷག་བསམ་ཆེ་མདོག་བསྟན། །བ་སྤུ་ཙམ་ཡང་གཡོ་བ་མེད་བཞིན་དུ། །མ་རྒན་སེམས་ཅན་ཟེར་ནས་མིག་བཙུམ་བྱེད། །ཙ་ན་ཀ་ཡི་འབྲུ་ཚད་ནོར་ཕྱིར་ཡང༌། །ཚ་གྲང་ཁྱད་དུ་བསད་ནས་གྲོང་ཆོག་ཉུལ། །ཛ་ཡའི་བསྟན་པ་འཛིན་སྐྱོང་བྱས་སོ་ལོ། །ཝ་སྐྱེས་རྒྱལ་པོར་བསྐོས་པའི་རྣམ་ཐར་ཡིན། །ཞྭ་སེར་བསྟན་པ་སྐད་པོ་ཆེ་འདི་ཡང༌། །ཟ་ཆོག་མཁན་པོ་ང་འདྲས་འཛིན་དགོས་ཚེ། །འ་འུར་གྲགས་པ་ཅི་ཙམ་ཆེ་ན་ཡང༌། །ཡ་མ་བརླ་ཞིག་མིན་པ་ཡོང་ས་མེད། །ར་ལྟར་གྱོང་བའི་སེམས་འདི་མ་ཐུལ་ན། །ལ་ལུང་དབེན་པར་བསྡད་ཀྱང་དགོས་པ་ཆུང༌། །ཤ་ཐུད་དཀོར་ཟས་བག་མེད་སྤྱོད་བཞིན་དུ། །ས་ལམ་བགྲོད་པའི་རེ་བ་ཨ་ཙ་མ། །ཧ་ཧ་མགོ་འཕངས་རྐྱང་ལས་མཐོ་བ་འདི། །ཨ་ཨ་འཇིག་རྟེན་ཕྱི་མར་ཇི་འདྲ་ཡིན། །བསམ་གྱིན་བསམ་གྱིན་རང་ལ་ཕྱག་འཚལ་ཞིང༌། །གསོལ་བ་འདེབས་སོ་རང་རྒྱུད་བྱིན་གྱིས་རློབས། །འདི་ནི་གཞན་མང་པོས་གསོལ་འདེབས་ཀྱི་བསྐུལ་མ་བྱུང་བས་རྐྱེན་བྱས། སྐོར་བར་འགྲོ་བཞིན་པའི་སྐབས་ཤིག་སེམས་ཀྱི་འཆར་
སྒོ་ཐོལ་བྱུང་དུ་སྨྲས་པའོ། །༈ མགོན་དུས་གསུམ་རྒྱལ་བའི་ཞལ་སྐྱིན་དངོས། །ཕ་བླ་མ་ཡེ་ཤེས་རྒྱལ་མཚན་དང༌། །རྗེ་འཇིགས་མེད་དབང་པོའི་ཞབས་པད་ལ། །དུས་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །མདང་ཐུན་གསུམ་གཉིད་ཀྱི་རྨི་ལམ་ན། །བློ་དགའ་སྡུག་གི་རི་མོ་ཅི་ཡང་སྣང༌། །དུས་དེ་རིང་ཐམས་ཅད་རྫུན་དུ་གདའ། །རྐྱེན་དེ་ཡིས་སྐྱོ་བའི་ཉམས་ཤིག་ཤར། །ལུས་ཞག་འགའ་གཡར་པོའི་མགྲོན་ཁང་ལ། །ལར་ཕན་གནོད་ཀྱི་རེ་དོགས་མང་བ་ལས། །ང་ཟེར་བའི་གཅེས་ཕྲུག་འདི་ཐོག་ཏུ། །གཏན་སྐྱིད་སྡུག་ཅི་འབྱུང་མནོ་བསམ་ཐོངས། །ནོར་ལོངས་སྤྱོད་རྨི་ལམ་གསེར་གྱི་རི། །ངའི་ཡིན་སྙམ་རློམ་སེམས་དྲེགས་པ་སྐྱེས། །གཉིད་ཡེར་གྱིས་སད་ཚེ་སྟོང་ཧང་ངེ༌། །དེ་འདྲ་མ་ཞིག་འཆི་བའི་ཉིན་མོ་འབྱུང༌། །དཀོར་ཧ་ལའི་དུག་གི་རང་བཞིན་ཅན། །ཟས་ཞིམ་མངར་བྲོ་བ་མྱོང་བཞིན་སྤྱོད། །དུག་སྨིན་ཚེ་དྲག་པོའི་གཟེར་རྒོད་ཀྱིས། །ལུས་དུམ་བུར་གས་ན་བཟོད་གླགས་མེད། །གོས་མདོག་ལེགས་འཇའ་ཚོན་ལྟར་བཀྲ་བས། །ལུས་མི་གཙང་ཕུང་པོ་གཡོགས་ན་ཡང༌། །དུས་མི་རིང་སྣོད་བཅུད་གཉི་ག་ཡི། །མཚང་འགྲན་པ་བཞིན་དུ་བསྟན་ནས་འོངས། །བྲེ་སྟོང་པ་སྔགས་ཀྱིས་བཏབ་པའི་མཁར། །སྟེང་ལྷ་ཡུལ་གྱི་བདེ་སྐྱིད་ཡོད་སྙམ་བྱེད། །སྒྱུ་མིག་འཕྲུལ་བཤིག་ཚེ་སྐྱོ་བ་སྐྱེ། །གཞི་ཁང་ཁྱིམ་ལས་ཀྱི་སྒྱུ་མ་ཡིན། །འབུ་བསེ་བོ་གྱང་ལ་འཛེགས་པ་དེ། །ཕྱིར་ལྷུང་གིན་སུན་མེད་སྡུག་ཐག་ཆད། །དོན་མེད་པར་མ་ཤེས་རྨོངས་པས་བསླུས། །མིང་གོ་ས་མཐོ་འདོད་དེ་དང་འདྲ། །མཚན་སྙན་གྲགས་སྟོང་སྐད་འབྲུག་
གི་སྒྲ། །ལས་བསོད་ནམས་སྤྲིན་ཕུང་ཡལ་བའི་རྒྱུ། །ཅོལ་ཆུང་གི་ཤིང་ལོ་རླུང་ཁྱེར་དེ། །མཐར་སྨད་པའི་རྫབ་ཏུ་འཇུག་ཉེན་ཡོད། །ལར་ཟིན་མེད་འཁོར་བའི་བྱ་བ་ཀུན། །སྔར་མ་བསྒྲུབ་དུས་ན་མཁོ་མཁོ་འདྲ། །གྲུབ་ཟིན་ཚེ་དགོས་མེད་རྐྱང་པར་གོ །དོན་སྙིང་པོ་མེད་པའི་རང་རྟགས་ཡིན། །ས་ལྷོ་བྱང་མགྲོན་པོ་ཚོང་ཁང་དུ། །ཞག་འགའ་ལ་དགའ་དགའ་ལྟར་དུ་འགྲོགས། །སླར་གྱེས་ནས་གཏན་དུ་ཕྲད་པ་མེད། །གྲོགས་མཛའ་བཤེས་འདུས་པ་དེ་དང་འདྲ། །ཡུལ་མཐའ་མེད་འཁོར་བའི་ཕྱོགས་ཕྱོགས་ནས། །དོན་མེད་པར་འདུས་པ་གཉེན་དུ་རློམ། །ཕན་བཏགས་པ་མེད་ཀྱང་བྲལ་བ་ཡི། །སྡུག་སྙིང་ལ་བཞག་སྟེ་ཕྱིར་ཡང་འགྲོ། །ཡར་བརྟགས་ན་ཅི་བྱས་སྨྱོན་པའི་གར། །གང་བསགས་པ་ཐམས་ཅད་སྡིག་པའི་ཁུར། །རང་ཕུང་བའི་དགྲ་བོ་རང་ཡིན་ན། །ཕུགས་བདེ་བའི་སྐབས་ཤིག་ག་ན་ཡོད། །ཕུགས་སྐྱིད་འདོད་སྐྱིད་ཀྱི་སྦྱོར་བ་ལ། །འཇུག་དཀའ་བ་བརྒྱ་ཕྲག་སྤྱད་ན་ཡང༌། །དོན་མྱོང་ཁོམ་མེད་པར་ཕ་རོལ་འགྲོ། །དེ་འདི་སྡུག་ཕྱི་སྡུག་མ་ལགས་སམ། །ཉམ་ཆུང་གི་བྱིའུ་ཕྲུག་ཐང་འཁྱམས་དེ། །ལས་ཉོན་མོངས་དམུ་རྒོད་བྱིས་པས་བཟུང༌། །གང་དྲན་ཚད་སྡུག་ལས་སྣ་དགུ་ཡིས། །ཅོ་འདྲི་ཡང་མི་བཟོད་རང་དབང་མེད། །གཞན་ཆོས་ལ་གཞུག་པའི་བླ་མ་ཚང༌། །སྐུ་དོན་དང་ཐུགས་བྲེལ་མང་བ་འདི། །བཙན་ཆོད་ཀྱིས་ཆོས་ཤིག་མ་གནང་ན། །བཙན་གཅོད་ཅིག་བྱུང་ཚེ་སྐུ་ཚེགས་ཡིན། །མི་རང་ཐོག་ཏུ་མི་འོང་ངེས་ཤེས་པ། །བོད་སོག་པོའི་མཐའ་ཡི་འདང་རྒྱག་ལས། །རང་ཐོག་ཏུ་འོངས་ངེས་མཐའ་རིང་པོ། །ཚེ་ཕྱི་མའི་དོན་
ལ་ཟོན་ཞིག་གྱིས། །ངག་ལྷང་ལྷང་འཚེར་བའི་གླུ་འདི་ཡང༌། །དུས་ཡུད་ཙམ་གྱི་འཆར་སྒོ་ལགས་ན་ཡང༌། །སེམས་རྟ་རྒོད་ཁ་ལོ་འཆུན་དཀའ་བས། །དོན་མེད་ཀྱི་ཐང་ལ་དཀྱུས་ནས་འགྲོ། །དོན་དེ་ཕྱིར་བླ་མ་མཆོག་གསུམ་གྱིས། །བློ་ཚུལ་བཞིན་ཆོས་ལ་འཇུག་པ་དང༌། །ཆོས་ཡང་དག་ལམ་དུ་འགྲོ་བ་དང༌། །ལམ་བར་ཆད་མེད་པར་བྱིན་གྱིས་རློབས། །ཞེས་པ་འདིའང་རྨི་ལམ་གྱི་སྣང་བ་འགའ་ཞིག་ལ་བརྟེན་ནས་སྐྱོ་ཤས་ཀྱིས་བསྐུལ་ཏེ་ཐུན་གསེང་དུ་བྲིས་པའོ། །༈ དལ་འབྱོར་དོན་ཆེ་དང་རྙེད་དཀའ་བསམས་ན། །དོན་མེད་བྱ་བ་ལ་བཀོལ་བ་འཕང་ངོ༌། །ནམ་འཆི་ངེས་མེད་དང་བཟློག་མེད་བསམས་ན། །བག་མེད་སོས་དལ་དུ་སྡོད་པ་འཁྲུལ་ལོ། །བཟོད་དཀའ་ཐར་མེད་ཀྱི་ངན་སོང་བསམས་ན། །སྐྱབས་ཤིག་དེ་རིང་རང་མི་བཙལ་ཐབས་མེད། །ལས་འབྲས་ངེས་པ་དང་འཕེལ་ཚུལ་བསམས་ན། །དགེ་སྡིག་ཕྲ་མོར་ཡང་བག་ཟོན་བྱེད་དགོས། །འཁོར་བ་མཐའ་ངན་གྱི་ངང་ཚུལ་བསམས་ནས། །ངེས་འབྱུང་ཚུལ་ཁྲིམས་ལ་སློབ་པར་བྱེད་དགོས། །དྲིན་ལན་འཁོར་མེད་ཀྱི་མ་རྣམས་དོན་དུ། །སེམས་བསྐྱེད་ཕྱིན་དྲུག་གི་སྤྱོད་ལ་སློབ་དགོས། །ཁྱད་པར་མཐའ་བྲལ་གྱི་ལྟ་བས་རྒྱས་བཏབ། །ཟབ་ལམ་གསང་སྔགས་ཀྱིས་སྣོན་པ་འདེབས་དགོས། །དེ་དག་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན། །བསྟེན་ཚུལ་རྟེན་འབྲེལ་གྱི་མགོ་ནས་འགྲིག་དགོས། །ཞེས་པའང་རྗེ་ཉིད་ཀྱི་གསུང་ཡིན་ནོ། །༈ མཁའ་མཉམ་འགྲོ་ལ་བརྩེ་བའི་དབང་གྱུར་ཏེ། །བྱ་དཀའི་
སྤྱོད་པ་དཔག་མེད་གོམས་པ་ཡིས། །ཡོན་ཏན་ཀུན་རྫོགས་སྐྱོབ་པ་བླ་ན་མེད། །བླ་མ་ཐུབ་པའི་དབང་པོས་དུས་ཀུན་སྐྱོངས། །དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ། །དམ་པས་རྗེས་བཟུང་མཐུན་རྐྱེན་འཛོམས་པའི་དུས། །དོན་མེད་གཡང་བས་རང་ཉིད་མ་བསླུས་པར། །ནམ་གཞག་གཏན་གྱི་འདུན་མ་སྒྲུབ་པར་རིགས། །ཡ་མཐའ་གཏུགས་པ་མེད་པའི་དུས་ཤིག་ནས། །གཏིང་ཟབ་འཁོར་བ་སྡུག་བསྔལ་རྒྱ་མཚོ་འདིར། །ལས་དང་ཉོན་མོངས་རླུང་གིས་རབ་བདས་ཏེ། །དབང་མེད་ཟོ་ཆུན་འཁོར་ལོ་བཞིན་དུ་འཁོར། །ཁྱད་པར་ལྕགས་སྲེག་འབར་བའི་དམྱལ་ཁང་དུ། །བཟོད་གླགས་མེད་པའི་སྡུག་བསྔལ་འབའ་ཞིག་གི །ངང་དུ་མཐའ་ཡས་བསྐལ་པར་གནས་པ་ལས། །དལ་འབྱོར་ཐོབ་པ་ད་ལན་ཙམ་ཞིག་ཡིན། །ཡར་འགྲོ་མར་འགྲོ་གཉིས་ཀྱི་སོ་མཚམས་འདིར། །སྐྱིད་སྡུག་འདམ་ག་རང་ལ་གཏད་པའི་ཚེ། །བརྩོན་པ་དྲག་པོས་བཙན་ས་མ་ཟིན་ན། །སླར་ཡང་དམྱལ་བའི་གནས་དེར་འཁྲིད་པར་ངེས། །རླུང་ནང་མར་མེ་ལྟ་བུར་གཡོ་བའི་སྲོག །སྔོན་ཆད་མ་འགགས་བླ་མ་ལྷ་ཡི་དྲིན། །ད་ནི་དེ་རིང་ཁོ་ན་མི་འཆི་བའི། །བློ་གདེང་མེད་ཕྱིར་ཕྱི་བཤོལ་ག་ལ་རིགས། །གཉེན་འཁོར་ལོངས་སྤྱོད་ཇི་ཙམ་འཛོམས་ན་ཡང༌། །རྨི་ལམ་ཇི་བཞིན་དྲན་པའི་ཡུལ་དུ་འགྱུར། །ཕྱི་མར་འགྲོ་ཚེ་ལུས་དང་གྲིབ་མ་བཞིན། །རྗེས་སུ་འགྲོ་བ་དཀར་ནག་ལས་འབྲས་ཡིན། །དེ་ཕྱིར་བག་ཡོད་དྲན་ཤེས་བརྟན་པོ་ཡིས། །སྡིག་ལྟུང་ཕྲ་མོ་ཙམ་ཡང་སྤོང་བ་དང༌། །དད་དང་ཤེས་རབ་བརྩོན་འགྲུས་ཤུགས་
དྲག་གིས། །སྒོ་གསུམ་དགེ་བའི་ལས་ལ་བཀོལ་བར་གྱིས། །ཁྱད་པར་བསྟན་པའི་གཞི་མ་སོ་སོར་ཐར། །བདེ་གཤེགས་གཞུང་ལམ་བྱང་སེམས་སྡོམ་པ་དང༌། །དངོས་གྲུབ་རྩ་བ་གསང་སྔགས་དམ་ཚིག་གསུམ། །ཚུལ་བཞིན་བསྲུང་བ་ཆོས་ཀྱི་ཉིང་ཁུ་ཡིན། །སྡོམ་གསུམ་མིག་འབྲས་ལྟ་བུར་བསྲུང་བ་ལས། །ལྷག་པའི་ཉམས་ལེན་སྙིང་པོ་གཞན་མེད་པར། །རྒྱལ་ཀུན་མགྲིན་དབྱངས་གཅིག་གིས་གསུངས་པས་ན། །བསྟན་པའི་སྙིང་པོ་འདི་ལ་འབད་པར་རིགས། །རང་གིས་སྒོ་གསུམ་དགེ་བ་གང་བྱས་ཀྱང༌། །དེ་ཉིད་རྣམ་དག་ཆོས་སུ་འགྱུར་བ་ལ། །འདི་སྣང་ཆོས་བརྒྱད་གདོན་གྱིས་མ་བསླད་པར། །སྲིད་ལས་ངེས་འབྱུང་བསམ་པས་ཟིན་པ་གཅེས། །མ་ལུས་འགྲོ་ཀུན་ཕ་མར་མཐོང་བ་ཡིས། །དེ་ཕྱིར་བྱང་ཆུབ་སྒྲུབ་འདོད་སེམས་བསྐྱེད་དང༌། །དངོས་འཛིན་རྩ་བྲལ་ཤེས་རབ་ཟུང་འབྲེལ་ཏེ། །ཐེག་མཆོག་ལམ་གྱི་དགའ་སྟོན་མྱོང་བར་བྱ། །མདོར་ན་བྱང་ཆུབ་ལམ་གྱི་རིམ་པའི་སྒོས། །ཐུབ་བསྟན་ཡོངས་ལ་བག་ཆགས་ཅི་ཐེབས་ཀྱིས། །ཉིན་བཞིན་དལ་འབྱོར་དོན་ལྡན་བྱེད་པ་དང༌། །བསྔོ་སྨོན་དགེ་བའི་མཚམས་སྦྱོར་ནན་ཏན་བྱ། །བློ་དང་བརྩོན་པའི་ནུས་པ་ཅི་ཡོད་ཀྱིས། །སྔོན་རབས་དམ་པའི་རྗེས་སུ་སློབ་བྱེད་པ། །དེ་ནི་སྐལ་བཟང་སྐྱེ་བོ་ཞེས་བྱ་སྟེ། །དལ་འབྱོར་ཐོབ་པ་འབྲས་བུར་བཅས་པ་ཡིན། །འདིར་འབད་དགེ་བའང་དོན་མེད་འཁོར་བདེའི་རྒྱུར། །མི་སྨིན་ཁྲོ་སོགས་རྐྱེན་གྱིས་མི་གཞོམ་པར། །སྲས་བཅས་རྒྱལ་བས་གང་དུ་བསྔོས་པ་ཡི། །འབྲས་བཟང་མཐའ་དག་འགྲུབ་པའི་རྒྱུར་གྱུར་
ཅིག །ཅེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་བྲག་ལུང་རི་ཁྲོད་པ་དཀོན་མཆོག་ཆོས་འཕེལ་གྱིས་དགེ་སྦྱོར་ལ་བསྐུལ་བའི་བསླབ་བྱ་མདོར་བསྡུས་ཤིག་དགོས་ཞེས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ རྨད་བྱུང་ཐུགས་རྗེ་ཆེན་པོའི་དབང་གྱུར་ཏེ། །ཉིན་བཞིན་ཟབ་རྒྱས་ཆོས་ཀྱི་གྲུ་སྦྱར་ནས། །མཁའ་མཉམ་འགྲོ་བ་སྲིད་མཚོ་ལས་སྒྲོལ་བའི། །དེད་དཔོན་མཆོག་གིས་རྟག་ཏུ་སྐྱོང་གྱུར་ཅིག །རྙེད་དཀའ་དོན་ཆེ་དལ་བའི་རྟེན་ཐོབ་ཅིང༌། །འཁྲུལ་བྲལ་བསྟན་པའི་སྙིང་པོ་མཆོག་དང་མཇལ། །མཐུན་པའི་རྐྱེན་ཀུན་ལན་གཅིག་འཛོམས་དུས་འདིར། །ལམ་བཟང་སྒྲུབ་པ་སྙིང་པོར་བྱེད་པ་གཅེས། །དེ་ཡང་ལམ་མཆོག་སྒྲུབ་པར་བྱེད་པ་ལ། །ལམ་གྱི་རྩ་བར་གྱུར་པ་བཤེས་གཉེན་ཏེ། །རྣམ་དག་ལམ་གྱི་གཞི་རྟེན་ཚུལ་ཁྲིམས་དང༌། །ལམ་གྱི་ངོ་བོ་སྒྲུབ་པ་ནན་ཏན་ཡིན། །དང་པོ་མཆོག་ཐུན་དངོས་གྲུབ་ཀུན་གྱི་གཏེར། །ཐེག་གསུམ་ལུང་རྟོགས་ཆོས་ཀུན་འབྱུང་བའི་གནས། །གཏན་གྱི་བདེ་སྐྱིད་རྟེན་འབྲེལ་ཐོག་མའི་སྒོ། །སྐྱབས་གསུམ་འདུས་པའི་ངོ་བོ་བླ་མ་སྟེ། །ཡི་དམ་ལྷ་ཡི་འཁོར་ལོ་ཐམས་ཅད་ཀྱང༌། །འབྲལ་མེད་རིགས་ཀྱི་བདག་པོས་རྒྱས་བཏབ་ཅིང༌། །ཕྱོགས་བཅུའི་ཞིང་གི་རྒྱལ་ཀུན་དུས་དྲུག་ཏུ། །དེ་ལ་མཆོད་ཅིང་བཀུར་སྟི་བྱ་བར་གསུངས། །རྡོ་རྗེ་འཆང་དབང་དངོས་སུ་བྱོན་ན་ཡང༌། །རྗེས་སུ་སྟོན་པ་འདི་ལས་གཞན་མེད་པས། །སངས་རྒྱས་ལས་ལྷག་བཀའ་དྲིན་དྲན་པ་ཡིས། །བཀའ་བཞིན་བསྒྲུབ་པ་ཆོས་ཀྱི་རྩ་བ་ཡིན། །རྒྱལ་བས་ཆོས་ཕུང་བརྒྱད་ཁྲི་གསུངས་པ་ཡང༌། །སྡེ་སྣོད་གསུམ་དུ་འདུས་ཤིང་དེ་ཡི་དོན། །ཏིང་འཛིན་ཤེས་རབ་བསླབ་
པ་རྣམ་གཉིས་ཀྱང༌། །ཚུལ་ཁྲིམས་རྣམ་པར་དག་པའི་རྗེས་སུ་འགྲོ། །སྡིག་ལྟུང་སོ་སོས་རྣམ་སྨིན་བཟོད་དཀའ་བ། །བསྐྱེད་ཅིང་ས་ལམ་བགྲོད་ལ་གེགས་བྱེད་ཕྱིར། །སྡིག་པ་ཀུན་ལས་སྡོམ་གསུམ་དང་འགལ་བའི། །ཉེས་རྣམས་སྲོག་དང་བསྡོས་ཏེ་སྤོང་བ་གཅེས། །མངོན་པར་མཐོ་དང་ཐེག་གསུམ་ཐར་པའི་ལམ། །གསང་ཆེན་རིམ་གཉིས་རྣལ་འབྱོར་མཐའ་དག་ཀྱང༌། །རྨང་གཞི་བསླབ་ཁྲིམས་དམ་ཚིག་གཙང་མ་ལ། །ལྟོས་པར་རྒྱལ་ཀུན་མགྲིན་དབྱངས་གཅིག་གིས་གསུངས། །དེ་ཕྱིར་ཚུལ་ཁྲིམས་དག་པ་ལས་ལྷག་པའི། །ཉམས་ལེན་སྙིང་པོ་གཞན་དུ་མ་མཆིས་ཀྱང༌། །དེ་ཉིད་གཞིར་བྱས་མདོ་སྔགས་ལམ་རིམ་ལ། །དཔྱད་འཇོག་སྒོམ་པ་སྒྲུབ་པའི་ཡང་རྩེ་ཡིན། །འོན་ཏེ་ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ཀྱང༌། །ཇི་བཞིན་གདམས་པའི་མཆོག་ཏུ་འགྲོ་བ་ནི། །རང་གི་སེམས་ཉིད་ཁོ་ནར་རག་ལས་ཀྱི། །འཁོར་འདས་ཀུན་ལ་བྱེད་པོ་གཞན་ན་མེད། །དེས་ན་རྒྱུན་དུ་དྲན་ཤེས་བག་ཡོད་ཀྱིས། །རང་སེམས་དགེ་བའི་སྲོལ་དུ་བཙུད་བྱས་ན། །ཅི་བྱས་བྱང་ཆུབ་མཆོག་གི་རྒྱུར་འགྲོ་བས། །གཅིག་ཆོག་སྒྲུབ་པ་མན་ངག་སྙིང་པོ་ཡིན། །མདོར་ན་སྔོན་བྱོན་དམ་པ་སོ་སོ་ཡིས། །ཡང་དག་ལམ་གྱི་འཇུག་ངོགས་མང་གསུངས་ཀྱང༌། །རྩ་བ་གསུམ་པོ་འདི་ལས་མ་འདས་པས། །ནམ་ཡང་བརྗེད་མེད་སྙིང་གི་དཀྱིལ་དུ་ཆོངས། །རང་ལ་ཉམས་མྱོང་མེད་པའི་ཁ་བཤད་གླུས། །གཞན་རྒྱུད་ཆོས་ལ་འཁོལ་བ་དཀའ་མོད་ཀྱང༌། །མཚན་ལྡན་བླ་མ་བརྒྱུད་པའི་ཞལ་རླངས་དྲོད། །མ་ཉམས་བདུད་རྩི་ཐར་
པའི་སྲོག་ཟུངས་ཡིན། །འདིར་འབད་དགེ་བའི་དཔུང་པ་མི་དམན་པས། །ལུང་རྟོགས་བསྟན་པའི་རྒྱལ་མཚན་ལེགས་བཟུང་ནས། །འགྲོ་ཀུན་བདུད་བཞིའི་གཡུལ་ངོ་ལས་བསྒྲལ་ཏེ། །རྣམ་གྲོལ་སུམ་རྩེན་གྲོང་དུ་འཁྲིད་གྱུར་ཅིག །ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་དམ་པ་འདན་མ་སྤྲུལ་བའི་སྐུ་དཔལ་ལྡན་ཐུབ་བསྟན་རྒྱ་མཚོས་སྒྲུབ་པ་སྙིང་པོར་བྱེད་ཚུལ་གྱི་བསླབ་བྱ་ཞིག་དགོས་ཞེས་བསྐུལ་བ་བཞིན། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ མཆོག་སྐྱབས་གསུམ་འདུས་པའི་ངོ་བོ་ཉིད། །རྗེ་བླ་མ་རྣམས་ལ་ཕྱག་བྱས་ཏེ། །ཆོས་ཟབ་མོ་བྱང་ཆུབ་ལམ་རིམ་དོན། །ཚིག་ཉུང་ངུ་གོ་སླའི་གླུ་རུ་ལེན། །དངོས་གྲུབ་ཀྱི་གྲུ་ཆར་འབེབས་འདོད་ན། །ལོག་རྟོག་རླུང་དམར་མི་གཡོ་བའི། །དད་གུས་ཀྱི་ནམ་མཁའ་ཡངས་པ་ལ། །བླ་མ་བྱིན་རླབས་སྤྲིན་ཆེན་འཁྲིགས་པ་དགོས། །འདི་ལེགས་བྱས་ཀུན་གྱི་རྩ་བ་ཡིན། །རྟེན་འབྲེལ་ཀུན་གྱི་ཐོག་མ་ཡིན། །དེ་ལེགས་པར་བསམ་ན་རང་ལ་ཕན། །བློ་སྣ་ནང་དུ་ཁུག་ཅིག་ཨང༌། །སྔར་དལ་འབྱོར་ཐོབ་པའི་གྲར་བསྡད་ཀྱང༌། །ལྟོ་གོས་ཁོལ་པོར་ཟད་པ་ཡིས། །དུད་འགྲོ་དང་དབྱེར་མེད་གྱུར་པས་སྐྱོ། །དོན་ལྡན་བྱེད་ན་དམ་ཆོས་ཁོ་ནར་འབད། །སོས་དལ་དུ་སྡོད་ཁོམ་ག་ལ་ཡོད། །འདི་སེམས་པ་ནང་གི་སྐུལ་ལྕག་ཡིན། །དེ་ལེགས་པར་བསམས་ན་རང་ལ་ཕན། །བློ་སྣ་ནང་དུ་ཁུག་ཅིག་ཨང༌། །བཟོད་མེད་དང་ཐར་མེད་ཀྱི་ངན་སོང་དུ། །དོ་ནུབ་ཀྱང་མི་ལྟུང་གདེང་མེད་པས། །ད་སྐྱབས་ཤིག་བཙལ་ན་བཙལ་རན་ཡིན། །སྐྱོབ་བྱེད་དངོས་གཞི་ལས་འབྲས་བླང་དོར་ཡིན། །ད་བསམ་བཞིན་དམྱལ་བར་
མཆོང་ཚུལ་མེད། །ལོང་བ་སྨྱོ་འགྲོས་མ་བྱེད་ཅིག །དེ་ལེགས་པར་བསམས་ན་རང་ལ་ཕན། །བློ་སྣ་ནང་དུ་ཁུག་ཅིག་ཨང༌། །ཚེ་ཕྱི་མར་བདེ་འགྲོའི་རྟེན་ཐོབ་ཀྱང༌། །ད་ལན་བཞིན་སྟོང་པར་ཟད་གྱུར་ན། །སྡུག་ཕྱི་ཐག་རིང་བ་ཁྱད་མེད་པས། །ཁམས་གསུམ་འཁོར་བ་ཀུན་ལས་ཐར་པ་བདེ། །དེ་སྲེད་པས་རང་རང་བཅིངས་པ་ཡིན། །ད་ཀུན་ལ་ཞེན་ལོག་ངེས་འབྱུང་དགོས། །དེ་ལེགས་པར་བསམས་ན་རང་ལ་ཕན། །བློ་སྣ་ནང་དུ་ཁུག་ཅིག་ཨང༌། །མ་རིག་སྲེད་ལེན་ཞེན་པ་ཡིས། །ལས་སྲིད་པའི་ས་བོན་བཏབ་པ་ལས། །སྡུག་བསྔལ་བདུན་གྱི་ལོ་ཏོག་རྒྱས། །ཡང་བཏབ་ཅིང་བརྔས་ཏེ་ཡང་བཏབ་པས། །སྡུག་བསྔལ་གྱི་ཕ་མཐར་ཕྱིན་དུས་མེད། །ཐར་པའི་དགོན་པར་བྲོས་ན་ལེགས། །དེ་ལེགས་པར་བསམས་ན་རང་ལ་ཕན། །བློ་སྣ་ནང་དུ་ཁུག་ཅིག་ཨང༌། །སྲིན་བུ་མི་གཙང་དྲི་ལ་འཁོར་བ་བཞིན། །གཙང་བདག་བདེ་དང་རྟག་འཛིན་གྱི། །རྒྱུ་ལས་ཉེས་ཚོགས་ཀུན་འབྱུང་བས། །ཉེས་ཀུན་ཞི་བའི་འགོག་པ་ཐོབ་ན་བདེ། །དེ་ཐོབ་བྱེད་ཡང་དག་རིགས་པའི་ལམ། །དེའི་རྩ་བ་རྣམ་དག་ཚུལ་ཁྲིམས་ཡིན། །དེ་ལེགས་པར་བསམས་ན་རང་ལ་ཕན། །བློ་སྣ་ནང་དུ་ཁུག་ཅིག་ཨང༌། །མ་རྒན་ལོང་བ་གཅན་གཟན་གྱི། །ཁར་བོར་ནས་བྲོས་ན་ཁྲེལ་མེད་ཡིན། །སྡུག་རང་གིས་འཁུར་བའི་གོ་བགོས་ན། །ཡ་རབས་རྒྱལ་བའི་སྲས་ཀྱི་གྲངས་སུ་འགྲོ། །དེ་ནས་ཕྱིན་དྲུག་ཉམས་ལེན་གྱི། །དམ་བཅས་མཐའ་རུ་འདོན་པ་གཅེས། །དེ་ལེགས་པར་བསམས་ན་རང་ལ་ཕན། །བློ་སྣ་ནང་དུ་ཁུག་ཅིག་ཨང༌། །བློ་འཁྲུལ་ངོར་ང་ཞེས་
ཚུགས་ཐུབ་འདྲ། །གཅིག་མིན་གཞན་མིན་གྱི་སྡོད་ཚུལ་མེད། །དེར་དཔྱད་ན་འགའ་ཡང་མི་རྙེད་པས། །སྣང་བ་ཙམ་ལས་རང་བཞིན་མེད་པར་ངེས། །སྣང་སྟོང་འགལ་མེད་གྲོགས་གྱུར་འདི། །དུས་གསུམ་རྒྱལ་བའི་དགོངས་པ་ཡིན། །དེ་ལེགས་པར་བསམས་ན་རང་ལ་ཕན། །བློ་སྣ་ནང་དུ་ཁུག་ཅིག་ཨང༌། །གཟུགས་ཅན་རྣམས་ཕྱོགས་ཀྱི་ཆ་ཤས་དང༌། །ཤེས་པ་རྣམས་སྐད་ཅིག་སྔ་ཕྱིའི་འཕྲེང༌། །ལྡན་མིན་ཡང་ཡན་ལག་ཚོགས་པ་ལ། །བཏགས་ཙམ་ལས་ངོ་བོས་མ་གྲུབ་པས། །བདག་མེད་གཉིས་སྟོང་གཞིའི་ཁྱད་ཙམ་ལས། །གནད་རིགས་པའི་རྣམ་འགྱུར་གཅིག་གིས་ཤེས། །དེ་ལེགས་པར་བསམས་ན་རང་ལ་ཕན། །བློ་སྣ་ནང་དུ་ཁུག་ཅིག་ཨང༌། །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ཏེ། །རྣམ་དག་དབང་གི་སྨིན་བྱས་ནས། །རིམ་གཉིས་རྣལ་འབྱོར་ལ་འབད་ན། །དོན་གཉིས་དགའ་སྟོན་རང་གི་ལག་ཏུ་ཡོང༌། །དེའི་རྩ་བ་དམ་ཚིག་བསྲུང་བ་ཡིན། །གཏན་འདུན་འཕྱུག་པ་མེད་པར་མཛོད། །དེ་ལེགས་པར་བསམས་ན་རང་ལ་ཕན། །བློ་སྣ་ནང་དུ་ཁུག་ཅིག་ཨང༌། །ཚུལ་འདི་སྐད་སྨྲས་པའི་དགེ་བ་ཡིས། །དུས་རྟག་ཏུ་དལ་འབྱོར་རྟེན་ཐོབ་ཅིང༌། །ལམ་བཟང་པོ་འདི་དང་མི་འབྲལ་བས། །དཔལ་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་རྒྱ་མཁར་དཔོན་པོ་དཀོན་མཆོག་ཆོས་འབྱོར་དང་དགེ་སློང་ཚུལ་ཁྲིམས་དར་རྒྱས་གཉིས་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་རཏྣ་ཨཱ་ནནྟའོ། །༈ ཀྱེ་མ་ཀྱེ་ཧུད་བསམ་བློ་ནང་དུ་སྐོར། །ཡེང་མ་ཡེང་ལ་སྡོད་ཐབས་ག་
ན་ཡོད། །ཅི་བྱ་ཅི་བྱེད་མེད་པའི་དུས་ཤིག་འབྱུང༌། །རང་མགོ་རང་གིས་འདོན་དགོས་ཨ་ཙ་མ། །འཇིགས་འཇིགས་གཤིན་རྗེའི་ཕོ་ཉས་ཟིན་པ་ན། །རིག་རིག་མིག་གིས་ཕྱོགས་བཅུར་བལྟས་ན་ཡང༌། །ཞུམ་ཞུམ་སྐྱོ་བའི་གྲོགས་སུ་གྱུར་པ་ལས། །ལྷང་ལྷང་དགའ་བ་སྐྱེད་བྱེད་གང་ཡང་མེད། །བསགས་བསགས་འབྱོར་པ་སོག་མའི་ཕོན་ཐག་ཆད། །འགྲིག་འགྲིག་ཁ་བཤད་པི་ཝང་རྒྱུད་ཐག་ཆད། །མཁོ་མཁོ་མང་པོའི་སེམས་ཀྱི་རེ་ཐག་ཆད། །འདར་འདར་ཡ་ངའི་འཕྲང་དུ་ཨ་ཐང་ཆད། །ཅི་དྲག་ཅི་དྲག་བླ་མ་དཀོན་མཆོག་མཁྱེན། །མཁྱེན་ནོ་མཁྱེན་ནོ་ཐུགས་རྗེ་ལྕགས་ཀྱུས་ཟུངས། །ཟུངས་ཤིག་ཟུངས་ཤིག་ངན་འགྲོའི་གཡང་ལས་སྐྱོབས། །སྐྱོབས་ཤིག་སྐྱོབས་ཤིག་བླ་མ་ཐུགས་རྗེ་ཅན། །འདིའང་མཚམས་ཀྱི་ཐུན་གསེང་ཞིག་ཏུ་སྩལ་བའོ། །༈ སྐྱབས་གནས་བསླུ་མེད་མཆོག་གསུམ། །སྙིང་ནས་གསོལ་བ་འདེབས་སོ། །བྱང་ཆུབ་སྙིང་པོའི་བར་དུ། །རྗེས་བཟུང་བྱིན་གྱིས་རློབས་ཤིག །འདི་ཕྱིའི་ལེགས་ཚོགས་རྩ་བ། །དུས་གསུམ་རྒྱལ་བའི་ཞལ་སྐྱིན། །མཚན་ལྡན་བཤེས་གཉེན་དམ་པ། །བསམ་སྦྱོར་དག་པས་སྟེན་ཅིག །རྙེད་དཀའ་དོན་ཆེའི་དལ་འབྱོར། །ལན་གཅིག་ཙམ་ཞིག་ཐོབ་པ། །སྔོན་ཆད་སྟོང་པར་ཟད་པས། །ཚེ་ལྷག་དོན་ལྡན་གྱིས་ཤིག །སང་བྱ་གནངས་བྱའི་ངང་ལ། །འཆི་བདག་དགྲ་བོས་འཁྱེར་བས། །བྱ་བ་ཀུན་ལས་ཐོག་མར། །ལྷ་ཆོས་གཙོ་བོར་མཛོད་ཅིག །མཆོག་གསུམ་བསོད་ནམས་ཞིང་ལ། །མཇལ་བ་ད་ལན་ཙམ་ཡིན། །རློམ་སེམས་
གཡོ་སྒྱུས་མ་བསླད། །ཕྱག་མཆོད་ཚོགས་བསགས་རེམས་ཤིག །བློ་རྩལ་སྟོབས་འབྱོར་འཛོམ་ཡང༌། །སྐྱིད་སྡུག་ལེགས་ཉེས་འཁྱེར་སོ། །དབང་མེད་ལས་ཀྱིས་འཁྱེར་བས། །དེ་ཉིད་དཔང་པོར་ཞོག་ཅིག །སྲིད་འབྱོར་ཇི་ཙམ་བསྒྲུབས་ཀྱང༌། །རྡུལ་ཙམ་འཁྱེར་དབང་མེད་ལ། །རྣམ་སྨིན་ཕྱི་བཞིན་འབྲང་བས། །དོན་མེད་སྡིག་པ་མ་གསོག །ཟབ་ཟབ་གདམས་པ་མང་ཡང༌། །ཡོན་ཏན་ཀུན་གྱི་གཞི་རྟེན། །མི་བསྲུང་རང་དབང་མེད་པ། །ཁས་བླངས་ཚུལ་ཁྲིམས་ཡིན་པས། །དྲན་ཤེས་བག་ཡོད་སྒོ་ནས། །ཉམས་ལེན་སྙིང་པོར་བྱས་ན། །ལུང་རྟོགས་ཡོན་ཏན་ཐམས་ཅད། །ཡང་ངོའི་ཟླ་བཞིན་འཕེལ་ལོ། །འོན་ཀྱང་རྨོངས་པའི་མུན་སེལ། །ཐོས་པའི་སྒྲོན་མེ་མེད་ན། །བླང་དོར་བྱ་ཐབས་བྲལ་བས། །སློབ་གཉེར་ནན་ཏན་གྱིས་ཤིག །ཁ་བཤད་རླུང་ལ་བསྐུར་ན། །ཆུ་ནང་རྡོ་བ་བཞིན་དུ། །རང་རྒྱུད་སྐམ་པོར་ལུས་པས། །གང་ཤེས་རྒྱུད་ལ་སྦྱོར་ཅིག །མདོར་ན་སྒོ་གསུམ་སྤྱོད་པ། །ཅི་བྱས་ཆོས་དང་སྦྱར་ཏེ། །འཆི་བ་ཐོག་ཏུ་བབས་ཀྱང༌། །འགྱོད་པ་མེད་པ་གྱིས་ཤིག །ཉེ་བར་མཁོ་བའི་བསླབ་བྱ། །ཉུང་འདུས་སྨྲས་པ་འདི་ཡང༌། །སྙན་གོང་ཨུཏྤལ་མ་བྱེད། །སྙིང་གི་དཔལ་བེའུར་ཆོངས་ཤིག །དེ་སྐད་བསྙད་པའི་དགེ་ཚོགས། །བློ་གསལ་དོན་གཉེར་ཅན་རྣམས། །ཚུལ་གནས་ཐོས་བསམ་སྒོམ་ལ། །འཇུག་པའི་རྒྱུ་རུ་གྱུར་ཅིག །ཅེས་པ་འདི་ནི་དད་བརྩོན་ལྡན་པ་དཀོན་མཆོག་ཐབས་མཁས་དང་བློ་བཟང་དཀོན་མཆོག་གཉིས་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ དུས་གསུམ་སངས་རྒྱས་
ཀུན་གྱི་ངོ་བོ་ཉིད། །བླང་དོར་ཇི་བཞིན་འདོམས་པའི་ཆོས་ཀྱི་མཛོད། །ཐེག་གསུམ་དགེ་འདུན་འདུས་པའི་གཙུག་གི་རྒྱན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཕྱིན་ཅི་ལོག་གི་རྟོག་པ་ཀུན་ཞི་སྟེ། །བློ་ཁ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །སྡོམ་པ་ནོད་པ་མང་ཡང་བསྲུང་བ་དཀོན། །བསླབ་བྱ་ཞུ་བ་མང་ཡང་སློབ་པ་ཉུང༌། །གཞན་ཕན་དཀའ་ཡང་དད་ལྡན་སློབ་མ་ཡིས། །སྙིང་ལ་འཆིང་རྒྱུའི་བསླབ་བྱ་དགོས་སོ་ཞེས། །ནན་གྱིས་བསྐུལ་བའི་གཡར་ངོ་མ་ཆོག་པར། །བསླབ་བྱའི་གནད་འགའ་ཐོལ་བྱུང་ཚུལ་དུ་གླེང༌། །བྱ་བ་ཀུན་ལ་ལས་འབྲས་དཔང་པོར་ཞོག །སྐྱིད་སྡུག་ཅིར་ཡང་མཆོག་གསུམ་བློ་གཏད་ཀྱིས། །གཞུང་ལུགས་ཀུན་ལས་བྱང་ཆུབ་ལམ་རིམ་དང༌། །ཉམས་ལེན་ཀུན་ལས་ཚུལ་ཁྲིམས་གཙོ་བོར་ཟུངས། །འདི་ཉིད་བསྟན་པ་སྤྱི་ལ་སློབ་ཚུལ་ཏེ། །འདི་ནི་བརྗེད་མེད་སྙིང་ལ་བཅང་བར་འོས། །ཐོ་རངས་སྔ་བར་ལང་ཚེ་མདང་གི་དུས། །མ་ཤི་ལང་རྒྱུ་བྱུང་བ་མཆོག་གསུམ་དྲིན། །ད་ཙམ་དམྱལ་བར་གནས་ན་ཅི་ཚུགས་བྱེད། །དེ་རིང་ཆོས་ཀྱིས་དོན་ལྡན་བྱའོ་སྙམ། །འདི་ནི་དང་པོར་འཕེན་པ་གཏོང་ཚུལ་ཡིན། །དེ་ཡང་བརྗེད་མེད་སྙིང་ལ་བཅང་བར་འོས། །དཀོར་ཟས་སྤྱོད་ཚེ་ལྡན་གྲོལ་གདེང་མེད་ན། །ལྕགས་གོང་འབར་བ་འདྲ་བར་རྒྱལ་བས་གསུངས། །དགེ་སྦྱོང་བྱིན་པའི་ཚུལ་དང་འདུ་ཤེས་བཅུ། །སེམས་དཔའི་གཞན་དོན་སྔགས་ཀྱི་སྦྱིན་སྲེག་ཚུལ། །འདི་ནི་བཟའ་བ་ཟས་ཀྱི་རྣལ་འབྱོར་ཡིན། །དེ་ཡང་༴ གོས་ནི་བཟང་ངན་མཐའ་རུ་མ་ལྷུང་ཞིང༌། །རྒྱུ་སོགས་རུང་བ་བགོ་ལུགས་ཚུལ་
དང་མཐུན། །ནང་གི་བླ་མ་ལྷ་ལ་མཆོད་རྫས་སུ། །བསྔོས་ན་རང་གཞན་ཚོགས་རྫོགས་སྒྲིབ་པ་བྱང༌། །འདི་ནི་གོས་དང་གནས་སོགས་སྤྱོད་ཚུལ་ཡིན། །དེ་ཡང་༴ གཅིག་པུ་ཡིན་ཀྱང་ལུས་ཀྱི་བག་མེད་སྤོངས། །མང་པོའི་ནང་དུ་ངག་གི་སྐྱོན་ཡོན་རྟོག །རྣམ་པ་ཀུན་ཏུ་རང་སེམས་ཞུ་དག་བྱེད། །སྒོ་གསུམ་སྤྱོད་པ་མཐའ་དག་ཆོས་དང་བསྟུན། །འདི་ནི་རྒྱུན་དུ་དྲན་ཤེས་བསྟེན་ཚུལ་ཡིན། །དེ་ཡང་༴ གཉེན་ལ་ཧ་ཅང་ཆགས་པ་མི་བྱ་ཞིང༌། །དགྲ་ལ་ཧ་ཅང་ཁོན་འཛིན་མི་བྱ་སྟེ། །གསར་འགྲོགས་མི་ཆེ་ཕྱི་ཐག་བསྲིང་བ་དང༌། །ཕོག་ཐུག་མི་མང་སྣ་ཐག་མ་ཤོར་བྱ། །འདི་ནི་འཇིག་རྟེན་ཡ་རབས་སྤྱོད་ཚུལ་ཡིན། །དེ་ཡང་༴ དོན་མེད་སྡིག་ཅན་གནས་སུ་མི་འགྲོ་ཞིང༌། །འགྲོ་ཚེ་ཞི་དུལ་བག་ཡོད་འདུལ་བར་བསྟུན། །བདེ་བ་ཅན་སོགས་དག་པའི་ཞིང་ཁམས་སུ། །འགྲོ་འོ་སྙམ་པའི་འཕེན་པ་གོམས་པར་བྱ། །འདི་ནི་འཕྲལ་ཡུན་དགོས་པའི་དོན་དང་ལྡན། །དེ་ཡང་༴ སྐྱིད་ཀྱང་མི་རློམ་དཀོན་མཆོག་དྲིན་དུ་ལྟ། །སྡུག་ཀྱང་མི་འཁང་རང་གི་ལས་སུ་བསམ། །བསྟོད་ལ་མི་དགའ་བསོད་ནམས་ཉམས་བྱེད་དང༌། །སྨད་ལ་མི་ཁྲོ་སྡིག་པའི་ཕྱགས་མར་བསྒོམ། །འདི་ནི་ཆོས་བརྒྱད་མགོ་སྙོམས་གདམས་པ་ཡིན། །དེ་ཡང་༴ ཉལ་ཁ་ཉིན་དེར་དགེ་སྡིག་གང་བྱུང་བ། །བརྟགས་ཏེ་དགེ་བ་མང་ན་དགའ་བ་སྒོམ། །སྡིག་པ་མང་ན་རང་ལ་གྱོད་བརྡལ་ཏེ། །ཕྱིར་བཅོས་བགྱིས་ནས་ཞག་ཏུ་འགྲོགས་མི་བྱ། །འདི་ནི་ཉེས་ལྟུང་སྦྱོང་བའི་ཐབས་མཆོག་ཡིན། །དེ་ཡང་༴ མཚན་ལྡན་བཤེས་གཉེན་གཙུག་གི་རྒྱན་དུ་བསྟེན། །
ཆོས་མཐུན་གྲོགས་བཟང་གྲིབ་མ་བཞིན་དུ་འགྲོགས། །མི་དགེའི་བཤེས་དང་སྡིག་པའི་གྲོགས་པོ་ནི། །སྲིན་མོའི་འཛུམ་དང་ཧ་ལའི་དུག་བཞིན་སྤོངས། །འདི་ནི་ཉམས་ལེན་ཀུན་གྱི་མགོ་འདོན་ཡིན། །དེ་ཡང་༴ ཆོས་ཚུལ་སྨན་གྱི་མིང་ཙམ་ཤེས་པ་ཡིས། །ཉོན་མོངས་གདུང་བའི་ནད་རིམས་མི་སེལ་བས། །གང་ཤེས་རང་གི་རྒྱུད་ལ་སྦྱར་བྱས་ཏེ། །བྱང་ཆུབ་ལམ་དུ་འགྱུར་ངེས་མཛོད་ཅིག་ཅེས། །གསོལ་འདི་སྙན་རྒྱབ་བསེར་བུ་མ་མཛད་པར། །ཇི་བཞིན་ལག་ཏུ་ལོངས་ཤིག་སྐལ་ལྡན་རྣམས། །ཞེས་པ་འདི་ནི་ཧལ་ཧ་ཁུ་རེ་ཆེན་མོའི་གྲྭ་རིགས་དད་བརྩོན་ལྡན་པ་བློ་བཟང་རིག་གྲོལ་གྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།༈ བདེ་དགེ་ལེགས་ཚོགས་ཡོན་ཏན་དུས་གསུམ་དུ། །ཇི་སྙེད་བྱུང་བ་ཐམས་ཅད་བླ་མའི་དྲིན། །སླར་ཡང་བཀའ་དྲིན་དྲན་པས་གསོལ་འདེབས་ན། །རྣམ་དཀར་སྨོན་པ་འགྲུབ་པར་བྱིན་གྱིས་རློབས། །སྡུག་བསྔལ་སྲིད་པའི་རྒྱ་མཚོ་བརྒལ་བའི་རྟེན། །དལ་འབྱོར་གྲུ་གཟིངས་རྙེད་པ་བླ་མའི་དྲིན། །སླར་ཡང་བཀའ་དྲིན་དྲན་པས་གསོལ་འདེབས་ན། །དོན་ལྡན་སྙིང་པོ་ལོན་པར་བྱིན་གྱིས་རློབས། །རྒན་གཞོན་ངེས་མེད་འཆི་བ་མཐོང་བ་ན། །རང་ལ་བག་ཟོན་སྐྱེས་པ་བླ་མའི་དྲིན། །སླར་ཡང་བཀའ་དྲིན་དྲན་པས་གསོལ་འདེབས་ན། །བསྐུལ་མ་ནང་ནས་ཐེབས་པར་བྱིན་གྱིས་རློབས། །དཀོན་མཆོག་ལས་འབྲས་བསླུ་བ་མེད་པ་ལ། །ཡིད་ཆེས་ཅུང་ཟད་རྙེད་པ་བླ་མའི་དྲིན། །སླར་ཡང་བཀའ་
དྲིན་དྲན་པས་གསོལ་འདེབས་ན། །བླང་དོར་ཚུལ་བཞིན་ནུས་པར་བྱིན་གྱིས་རློབས། །འཁོར་བ་སྤྱི་དང་བྱེ་བྲག་སྡུག་བསྔལ་ལས། །ཐར་འདོད་བག་ཙམ་སྐྱེས་པ་བླ་མའི་དྲིན། །སླར་ཡང་བཀའ་དྲིན་དྲན་པས་གསོལ་འདེབས་ན། །ངེས་འབྱུང་རྣལ་མ་སྐྱེ་བར་བྱིན་གྱིས་རློབས། །སོ་སོ་ཐར་དང་བྱང་སེམས་གསང་སྔགས་ཀྱི། །སྡོམ་གསུམ་ཚང་བར་ཐོབ་པ་བླ་མའི་དྲིན། །སླར་ཡང་བཀའ་དྲིན་དྲན་པས་གསོལ་འདེབས་ན། །དམ་ཚིག་ཚུལ་བཞིན་བསྲུང་བར་བྱིན་གྱིས་རློབས། །རྒྱལ་སྲས་སྤྱོད་པའི་གཞི་རྟེན་སེམས་བསྐྱེད་ལ། །ཡིད་སྨོན་འདུན་པ་སྐྱེས་པ་བླ་མའི་དྲིན། །སླར་ཡང་བཀའ་དྲིན་དྲན་པས་གསོལ་འདེབས་ན། །ཐེག་མཆོག་རྩ་བ་ཚུགས་པར་བྱིན་གྱིས་རློབས། །སྲིད་རྩ་གཅོད་བྱེད་ཟབ་མོའི་ལྟ་བ་ལ། །སྒྲ་སྤྱིའི་བརྡ་ཙམ་འཇགས་པ་བླ་མའི་དྲིན། །སླར་ཡང་བཀའ་དྲིན་དྲན་པས་གསོལ་འདེབས་ན། །ཆོས་ཀུན་དེ་ཉིད་རྟོགས་པར་བྱིན་གྱིས་རློབས། །བྱིན་རླབས་གཏེར་གྱུར་ལྷ་སྔགས་དུ་མ་དང༌། །མཇལ་བའི་སྐལ་བཟང་ཐོབ་པ་བླ་མའི་དྲིན། །སླར་ཡང་བཀའ་དྲིན་དྲན་པས་གསོལ་འདེབས་ན། །ཟབ་ལམ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །བཟང་ངན་རྐྱེན་གྱི་སྣང་བ་ཅི་ཤར་ཡང༌། །ལམ་གྱི་གྲོགས་སུ་བསྒྱུར་འདོད་བླ་མའི་དྲིན། །སླར་ཡང་བཀའ་དྲིན་དྲན་པས་གསོལ་འདེབས་ན། །ཉམས་ལེན་མཐའ་རུ་ཐོན་པར་བྱིན་གྱིས་རློབས། །མ་འོངས་དུས་ན་ས་ལམ་སྤངས་རྟོགས་ཀྱི། །ཡོན་ཏན་སྐྱེས་ཚེ་དེ་ཡང་བླ་མའི་དྲིན། །སླར་ཡང་བཀའ་དྲིན་དྲན་པས་གསོལ་འདེབས་ན། །འགྲོ་ཀུན་མགོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་པ་འདི་ནི་ཧལ་ཧ་ཇ་སག་
ཐུ་རྒྱལ་པོའི་ཤོག་ནས་ལྷག་བསམ་དང་རྣམ་དཔྱོད་ཕུལ་དུ་བྱུང་བ་རབ་འབྱམས་པ་དཀོན་མཆོག་སྨོན་ལམ་གྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།༈ བློ་བཟང་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །དགྱེས་བཞད་ཀུན་མཁྱེན་འཇིགས་མེད་དབང་པོའི་སྡེའི། །བཞེད་དགོངས་བཤད་སྒྲུབ་བསྟན་པའི་སྒྲོན་མེ་མཆོག །སྐལ་བ་ཇི་བཞིན་གང་འདུལ་སྐུར་སྟོན་པའི། །འདྲེན་པ་མཚུངས་མེད་གཏན་གྱི་སྐྱབས་གཅིག་པུ། །ཁྱོད་ལས་གཞན་ན་མེད་དོ་བརྩེར་དགོངས་ཏེ། །ཕྲ་རགས་འཁོར་བའི་འཇིགས་ལས་བསྐྱབ་ཏུ་གསོལ། །བདེ་ཆེན་ཐར་པའི་གནས་དེར་དྲང་དུ་གསོལ། །དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པའི་བཅུད། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་སྙིང་པོའི་དོན། །ཚང་ལ་མ་ནོར་མདོ་སྔགས་ལམ་བཟང་ཀུན། །ཇི་བཞིན་གདམས་ཤིང་རྗེས་སུ་སྟོན་པ་ཡི། །དཔལ་ལྡན་བླ་མ་ཐར་པའི་ས་མཁན་མཆོག །ཁྱོད་ལས་གཞན་ན་མེད་དོ་བརྩེར་དགོངས་ཏེ། །ཕྲ་རགས་འཁོར་བའི་འཇིགས་ལས་བསྐྱབ་ཏུ་གསོལ། །བདེ་ཆེན་ཐར་བའི་གནས་དེར་དྲང་དུ་གསོལ། །འོད་གསལ་མཁའ་ལ་བདེ་ཆེན་འོད་ལྔའི་མདངས། །དག་པ་རབ་འབྱམས་བརྟན་གཡོའི་སྒྱུ་འཕྲུལ་གྱིས། །ལས་བཞི་གྲུབ་ཆེན་བརྒྱད་དང་ཟུང་འཇུག་གི །དངོས་གྲུབ་རིན་ཆེན་འདོད་དགུའི་མཆོག་སྦྱིན་པ། །ཁྱབ་བདག་འཁོར་ལོའི་མགོན་པོ་ཡི་དམ་ལྷ། །ཁྱོད་ལས་གཞན་ན་མེད་དོ་བརྩེར་དགོངས་ཏེ། །ཕྲ་རགས་འཁོར་བའི་
འཇིགས་ལས་བསྐྱབ་ཏུ་གསོལ། །བདེ་ཆེན་ཐར་པའི་གནས་དེར་དྲང་དུ་གསོལ། །དུས་གསུམ་རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་ནས། །འགྲོ་བློར་གང་འཚམ་གཟུགས་ཀྱི་སྐུར་བསྟན་ཏེ། །ཟབ་རྒྱས་ཆོས་ཀྱི་སྙིང་པོ་ཀུན་སྩོལ་བའི། །ཐེག་གསུམ་ཐར་འདོད་ཡོངས་ཀྱི་གཙུག་གི་རྒྱན། །དཀོན་མཆོག་རྣམ་གསུམ་འདུས་པའི་ངོ་བོ་ཉིད། །ཁྱོད་ལས་གཞན་ན་མེད་དོ་བརྩེར་དགོངས་ཏེ། །ཕྲ་རགས་འཁོར་བའི་འཇིགས་ལས་བསྐྱབ་ཏུ་གསོལ། །བདེ་ཆེན་ཐར་པའི་གནས་དེར་དྲང་དུ་གསོལ། །ཁྱད་པར་མི་འགྱུར་ལྷན་སྐྱེས་དགའ་བ་མཆོག །སྤྲོས་བྲལ་དེ་བཞིན་ཉིད་དང་རོ་གཅིག་པས། །སྐད་ཅིག་ཉིད་ལ་སྲིད་རྩ་དྲུངས་ཕྱུང་ནས། །ཟུང་འཇུག་སྒྱུ་འཕྲུལ་དྲ་བའི་ གུར་ཁང ་དུ། །ཉེ་བར་འཁྲིད་མཛད་དཔའ་བོ་མཁའ་འགྲོའི་གཙོ། །ཁྱོད་ལས་གཞན་ན་མེད་དོ་བརྩེར་དགོངས་ཏེ། །ཕྲ་རགས་འཁོར་བའི་འཇིགས་ལས་བསྐྱབ་ཏུ་གསོལ། །བདེ་ཆེན་ཐར་པའི་གནས་དེར་དྲང་དུ་གསོལ། །གང་གི་བྱིན་རླབས་དབང་པོའི་རྡོ་རྗེ་ཡིས། །ནག་ཕྱོགས་སྡེ་དང་བཅས་པའི་ས་འཛིན་རྐང༌། །ཕྱེ་མར་འཐག་བྱེད་བསྟན་སྲུང་ཚོགས་ཀྱི་རྗེ། །མི་ཕྱེད་དམ་ཚིག་རྡོ་རྗེའི་ཕྱག་རྒྱ་ཡིས། །དམ་ཅན་རྒྱ་མཚོའི་ཚོགས་ལ་མངའ་བསྒྱུར་བ། །ཁྱོད་ལས་གཞན་ན་མེད་དོ་བརྩེར་དགོངས་ཏེ། །ཕྲ་རགས་འཁོར་བའི་འཇིགས་ལས་བསྐྱབ་ཏུ་གསོལ། །བདེ་ཆེན་ཐར་པའི་གནས་དེར་དྲང་དུ་གསོལ། །མདོར་ན་དེང་ནས་བྱང་ཆུབ་སྙིང་པོའི་བར། །གང་གི་ཞབས་པད་གཙུག་གིས་གུས་མཆོད་ནས། །ལམ་གྱི་བར་ཆད་མཐའ་དག་སེལ་བ་དང༌། །མཐུན་རྐྱེན་ལེགས་ཚོགས་མ་ལུས་
གྲུབ་པ་ཡི། །མགོན་དང་སྐྱབས་དང་དཔུང་གཉེན་རེ་བའི་གནས། །ཁྱོད་ལས་གཞན་ན་མེད་དོ་བརྩེར་དགོངས་ཏེ། །ཕྲ་རགས་འཁོར་བའི་འཇིགས་ལས་བསྐྱབ་ཏུ་གསོལ། །བདེ་ཆེན་ཐར་པའི་གནས་དེར་དྲང་དུ་གསོལ། །ཞེས་པ་འདི་ནི་ཨུ་ཅུ་མི་ཆིན་ཤོག་ནས་དད་བརྩོན་བློ་དང་ལྡན་པ་དཀའ་བཅུ་དཀོན་མཆོག་སྐལ་ལྡན་གྱིས་བསྐུལ་ངོར། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ དབྱིངས་སྤྲོས་དང་བྲལ་བའི་ལྷ་ལམ་ངོས། །ཡུལ་ཀུན་རྫོབ་སྣང་བའི་འཇའ་ཚོན་དབུས། །གདན་པད་ཟླ་ཉི་མའི་དཀྱིལ་འཁོར་སྟེང༌། །ཕ་དྲིན་ཅན་རྩ་བའི་བླ་མ་དང༌། །དབྱེར་མེད་པ་རྡོ་རྗེ་འཇིགས་མཛད་ཆེ། །སྟེང་ཞལ་དགུ་འབར་བའི་ཁམས་གསུམ་ཟ། །ཕྱག་སོ་བཞིས་མཚོན་ཆ་སྣ་ཚོགས་འཛིན། །ཞབས་བཅུ་དྲུག་བགྲད་པས་ས་གསུམ་གཡོ། །གཡང་སྲིད་ཞིའི་མཐའ་ཡས་སྒྲོལ་བ་ཡི། །མགོན་ཁྱོད་མིན་རེ་ས་གཞན་མེད་དོ། །ཐུགས་བརྩེ་བས་བདག་གི་མགོན་མཛོད་ལ། །དགྲ་ཕྱི་ནང་གཤིན་རྗེའི་གཡུལ་ལས་སྐྱོབ། །རྒྱལ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །ཁྲོ་རྒྱལ་གྱི་སྐུར་བསྟན་གཤིན་རྗེའི་གཤེད། །ངུར་སྨྲིག་གི་གར་མཁན་ཙོང་ཁ་པ། །གསུམ་འདུས་ཀྱི་ངོ་བོ་དྲིན་ཅན་རྗེ། །ཁྱོད་བླ་མ་ཡི་དམ་མཆོག་གསུམ་དང༌། །དཔལ་ཆོས་སྲུང་ཀུན་གྱི་ངོ་བོ་རུ། །ཡིད་རྩེ་གཅིག་གདུང་བས་གསོལ་འདེབས་ན། །སྤྲང་སྐྱབས་མེད་བདག་གི་སྐྱབས་མཛོད་ཅིག །སྟོང་འཁོར་ལོས་བསྒྱུར་བའི་དཔལ་འབྱོར་ཀྱང༌། །རྨི་ལམ་གྱི་དགའ་སྟོན་རོལ་བ་འདྲ། །ཐབས་བརྒྱ་ཡིས་བསྒྲུབས་ཀྱང་འདོར་
དགོས་པའི། །ཚེ་འདི་སྣང་བྱིས་པའི་རྩེད་འཇོ་ཡིས། །གཏན་འདུན་ལ་བསླུ་བའི་བློ་ངན་གྱི། །གདོན་ཁོང་ན་གནས་འདི་དྲུངས་ཕྱུང་སྟེ། །ཆོས་རྣམ་དག་བསླབ་གསུམ་བསྲུང་ནུས་པར། །རྒྱུད་བྱིན་གྱིས་རློབས་ཤིག་བླ་མ་ལྷ། །རང་སྲོག་ལས་འཕང་བའི་གཅེས་སྤྲས་ཀྱིས། །ལན་གྲངས་མེད་བསྐྱངས་པའི་མ་རྒན་རྣམས། །སྡུག་བསྔལ་གྱིས་མནར་བའི་ངང་ཚུལ་ལ། །ཤས་མི་བཟོད་སྙིང་རྗེས་ཡིད་དྲངས་ཏེ། །ཡོངས་འགྲོ་བའི་དོན་གྱི་ཁུར་བཟུང་ནས། །སྐྱབས་བླ་མེད་བྱང་ཆུབ་སྒྲུབ་པ་ཡི། །སེམས་བཅོས་མིན་མྱུར་དུ་སྐྱེ་བ་རུ། །རྒྱུར་བྱིན་གྱིས་རློབས་ཤིག་བླ་མ་ལྷ། །དུས་ཡ་མཐའ་མེད་པའི་འཁོར་བ་འདིར། །བཟོད་མེད་ཀྱི་སྡུག་བསྔལ་མྱོང་གྱུར་ཀྱང༌། །ད་དུང་ཡང་རང་གྲོལ་མི་འོང་བས། །དེའི་རྩ་བར་གྱུར་པ་ངར་འཛིན་གདོན། །ཡུལ་སྟོང་པའི་དངོས་ལ་ཚུགས་ཐུབ་ཀྱི། །བདག་གཞན་དུ་ཕྱེ་བའི་ཕུང་ཁྲོལ་གཞི། །བློ་འཁྲུལ་པའི་རང་མཚང་རྟོགས་ནུས་པར། །རྒྱུད་བྱིན་གྱིས་རློབས་ཤིག་བླ་མ་ལྷ། །ཐ་མལ་གྱི་སྐྱེ་ཤི་ལྕགས་ཀྱི་ཁམས། །སྐུ་གསུམ་གྱི་གསེར་འགྱུར་རྩིས་བྲན་ཏེ། །རྟེན་བརྟེན་པ་དག་པའི་འཁོར་ལོའི་མདངས། །དམིགས་མེད་ཀྱི་དབྱིངས་སུ་བཀྲ་བ་ཡིས། །ལྷན་སྐྱེས་ཀྱི་བདེ་བས་རབ་མྱོས་ཏེ། །དཔལ་ཟུང་འཇུག་མཛེས་མའི་ལང་ཚོ་ལ། །དུས་རྟག་ཏུ་དགའ་བས་སྦྱོར་བ་རུ། །རྒྱུད་བྱིན་གྱིས་རློབས་ཤིག་བླ་མ་ལྷ། །དུས་གསུམ་གྱི་དགེ་ཚོགས་མཆོད་པར་འབུལ། །རང་གཞན་གྱི་སྡིག་ལྟུང་མ་ལུས་བཤགས། །ལར་བསྐལ་པ་རྒྱ་མཚོར་རྟག་བཞུགས་ནས། །ཆོས་ཟབ་རྒྱས་ཀྱི་བདུད་རྩིའི་དགའ་སྟོན་སྩོལ། །འདིས་མཚོན་གྱི་དགེ་བའི་དངོས་པོ་
ཀུན། །དུས་དེང་ནས་བྱང་ཆུབ་སྙིང་པོའི་བར། །རྗེ་བླ་མས་འབྲལ་མེད་རྗེས་འཛིན་ཅིང༌། །མཆོག་དང་པོའི་སངས་རྒྱས་ཐོབ་ཕྱིར་བསྔོ། །ཞེས་པ་འདི་ནི་སུ་ཉིད་ཤོག་ནས་རྣམ་དཔྱོད་ཡངས་པ་རབ་འབྱམས་པ་ངག་དབང་བསོད་ནམས་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །