Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

4 occurrences of འཆར་སེམས་
[Clear Hits]


  
  
 
སྤྲིང་ཡིག་སྒྲ་དོན་རྒྱན་གྱི་རོལ་མཚོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
  
  
  
  
  
 


4 occurrences of འཆར་སེམས་
[Clear Hits]

 
previousསྤྲིང་ཡིག་སྒྲ་དོན་རྒྱན་གྱི་རོལ་མཚོ།next

སྤྲིང་ཡིག་སྒྲ་དོན་རྒྱན་གྱི་རོལ་མཚོ།


GTD008_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མཆོག་དམན་དུ་མ་ལ་ཕུལ་བའི་སྤྲིང་ཡིག་གི་སྐོར་སྒྲ་དོན་རྒྱན་གྱི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །


GTD008_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་གང་ཞིག་རྣམ་འདྲེན་རྫོགས་སངས་རྒྱས། །བཀྲ་ཤིས་གང་ཞིག་ལུང་རྟོགས་དམ་པའི་ཆོས། །བཀྲ་ཤིས་གང་ཞིག་རིག་གྲོལ་འདུས་པའི་སྡེ། །བཀྲ་ཤིས་དགེ་མཚན་མེ་ཏོག་ཆར་དུ་སྙིལ། །བཀྲ་ཤིས་འཁོར་ལོས་མཚན་པའི་ཞབས་ཟུང་གིས། །བཀྲ་ཤིས་རྡུལ་འཕྲེང་བཀོད་པ་རེ་རེས་ཀྱང། །བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་འགེངས་བཞིན་དུ། །བཀྲ་ཤིས་འཁྱིལ་བའི་གླིང་དུ་ཆིབས་བསྒྱུར་བར། །བཀྲ་ཤིས་དགའ་སྟོན་འཕེལ་བྱེད་བསུ་བའི་གདོང༌། །བཀྲ་ཤིས་ཚིགས་སུ་བཅད་པའི་དབྱངས་དང་བཅས། །བཀྲ་ཤིས་རི་མོས་མཚན་པའི་ལྷ་དར་འདི། །བཀྲ་ཤིས་ཕུན་ཚོགས་ཟླ་ཚེས་དགེ་བར་ཕུལ། །༈ རྣམ་གྲོལ་ཟླ་བ་ནོར་བུའི་མེ་ལོང་ངོས། །གཞན་ཕན་རི་དྭགས་གཟུགས་ཀྱི་འཇོ་སྒེག་ཅན། །སྲིད་ཞིའི་དགེ་མཚན་རི་བོའི་ཟུར་ཕུད་དང། །མཛའ་གཅུགས་


GTD008_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་ཟེར་འདབ་འཕྲེང་བཞད་པའི་དྲུང། །ཐུགས་རྗེའི་འཛུམ་དཀར་སྤྲོ་བའི་ཞལ་གྱི་ཟླ། །འགོག་མེད་རྟག་ཏུ་འབར་བའི་ཡིད་ཀྱི་མཚོ། །དགའ་དང་སྐྱོ་བས་འདར་བ་ལྷན་ཅིག་པས། །ཞུ་འཕྲིན་རླབས་ཀྱི་ཕྲེང་བ་མཆོད་པར་འབུལ། །འགྲོ་ཀུན་ཕན་བདེའི་གདུགས་དཀར་རྩིབས་མ་སྟོང། །རྫོགས་པའི་ལྟེ་བ་རྒྱལ་དབང་འཕྲིན་ལས་ཀྱི། །སྙིང་པོར་ཞུགས་པའི་ཡུ་བ་རབ་བརྟན་ཉིད། །ཐུབ་བསྟན་ནོར་བུའི་ཏོག་ཀྱང་རང་གིར་འཛིན། །ཆེར་སྙིགས་གྲང་བའི་གདུང་བ་རིམ་བསལ་ཏེ། །ཐུགས་བསྐྱེད་ནམ་ཟླ་དུས་སུ་སྨིན་པ་ལས། །དབུས་འགྱུར་ཆོས་སྲིད་དབྱར་གྱི་ལང་ཚོའི་དཔལ། །རབ་རྒྱས་སྙན་པའི་འབྲུག་སྒྲ་ཕྱོགས་བརྒྱར་རྒོད། །དེ་ཚེ་མདོ་སྨད་ནགས་ཀྱི་ཁང་བུ་ན། །རང་མཁོའི་སྒྲོ་གདུགས་བསྐོར་བས་མངོན་རློམ་ཞིང། །གྲོང་ཆོག་བྷི་ཥས་འཚོ་བའི་མདོངས་མཐའ་ཡང། །དགའ་བའི་གར་


GTD008_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྟབས་ལིང་ལིང་བསྒྱུར་བས་བྲེལ། །རྣམ་འདྲེན་རྒྱལ་བའི་ཉི་མ་ཡབ་སྲས་ཀྱི། །བཀའ་དྲིན་འོད་རྣོན་ཟེར་གྱིས་ཕྱེ་བ་ཡི། །ཡབ་རྗེའི་མཆོག་སྤྲུལ་པདྨོའི་གེ་ས་ར། །སྐལ་བཟང་རྐང་དྲུག་ཡོངས་ཀྱི་དཔྱིད་དུ་སྨིན། །སྣང་བརྙན་ལྷ་དར་སྣམ་བུ་བཟུང་དང་བཅས། །གནང་སྐྱེས་བཟང་བོའི་ཁུར་གྱིས་ནོན་བཞིན་དུ། །མཉེས་གཤིན་བཀའ་ཡི་ལྕགས་ཀྱུས་རྗེས་བཟུང་སྟེ། །སྤྲོ་དགའ་ལིང་བའི་གར་གྱིས་ཕྱག་བགྱིད་དོ། །སླད་ཀྱང་རྒྱལ་བསྟན་ཉིན་མོའི་སྣང་བ་ནི། །གང་གི་རྗེས་འགྲོ་གཟུགས་སྐུ་ནམ་མཁའི་ནོར། །སྐྱེ་དགུའི་བསོད་ནམས་མཁའ་ལ་རྟག་འཆར་བའི། །ཐུགས་བསྐྱེད་ལྷོད་པ་མེད་པའི་བཀའ་དྲིན་ཞུ། །བདག་ཀྱང་སྲིད་པ་ཡ་ངའི་འཕྲང་བརྒལ་ཏེ། །གཏན་བདེ་བྱང་ཆུབ་མཆོག་གི་བཙན་རྫོང་དུ། །འཇུག་པ་དེ་སྲིད་ཐུགས་རྗེའི་དཔུང་ཚོགས་ཀྱིས། །བསྲུང་སྐྱོབ་ནམ་ཡང་གཡེལ་མེད་བརྩེ་བས་གཟིགས། །རྟ་ཚག་རྗེ་དྲུང་རིན་པོ་ཆེ་ལ་ཕུལ་བའོ། །༈ བདེན་གཉིས་ཟུང་དུ་འཇུག་པའི་ལྟེ་བ་རུ། །གསང་བ་གསུམ་གྱི་རྩིབས་སྟོང་རྫོགས་པའི་མཐར། །ཟླུམ་པོར་འཁྲིལ་པ་སྙིང་རྗེའི་མུ་ཁྱུད་ཅན། །སྐྱབས་གཅིག་ཆོས་ཀྱི་རྒྱལ་པོའི་ཞབས་པདྨོར། །ཉི་མས་མ་ཡིན་སོར་མོས་ཀུ་མུ་ད། །རྣམ་འགྱུར་ནོར་བུའི་གདེངས་ཀ་འཛིན་པའི་གཙུག །ལན་བརྒྱར་བཏུད་པའི་ལྷ་ཕྱག་མཛའ་ན་མོར། །ཀུན་དགའི་དོན་ལྡན་སྙན་འགྱུར་དབྱངས་ཀྱི་འབྲས། །ཡེ་ཤེས་


GTD008_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་དརྴ་ངེས་འགྲོ་བའི་ཁམས། །བཀྲ་བའི་རི་མོ་རང་རིག་ལྗོན་པ་སོགས། །འདོད་དགུར་སྟོན་པ་ཕ་མཐའ་ཀླས་པའི་ཚད། །བཟུང་བར་མི་སྤྱོད་གསང་བ་བསམ་མི་ཁྱབ། །མཁའ་ལྡིང་འདབ་མས་མ་བསྒྲལ་གསེར་རིའི་ཕྲེང། །ཉི་མ་སྟོང་ཕྲག་བདོ་བའི་དཔུང་བ་ཅན། །ཀུན་གྱིས་ཕྱག་བྱས་ཅོད་པན་གཡོ་བའི་རྡུལ། །ཞབས་སྐྱེས་ཆུ་མཐོངས་འགོག་པའི་ཆར་སྤྲིན་བཞིན། །མ་སྨད་གྲགས་པ་ཡངས་པའི་སྒྲ་བརྒྱ་ཡིས། །ཡོན་ཏན་རལ་ཁུར་གསིག་པ་གཞན་གྲགས་ཀུན། །བཅིངས་སམ་ཀློང་དུ་སིམ་ཞེས་གྱ་གྱུའི་རྒྱར། །བཀོད་ཀྱང་རྨོངས་ལ་རལ་གྲིའི་རྣོ་རྒྱུན་ལོ། །རྒྱལ་དབང་མཆོག་ཏུ་གྲུབ་པ་གདེངས་ཀ་ལས། །མི་མངོན་དབྱིངས་ནས་ཟབ་གསང་གླུར་ལེན་ན། །གདུགས་དཀར་རྩིབས་སྟོང་ལྡན་པའི་གྲིབ་མ་དེ། །འཇིག་རྟེན་དབང་ཕྱུག་ཐུབ་དབང་ལ་ཡང་བསལ། །རྩེན་ནོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །འཆད་དང་རྩོམ་པའི་འཛུམ་དཀར་སྤྲོ་བས་ཏེ། །རྩོད་ངག་རལ་གྲིའི་འཁྲི་ཤིང་གཡོ་བས་ཀྱང། །བདག་པོས་བརྟུལ་ཞུགས་ཉིད་དུ་ལྷག་པར་དགོངས། །ཀྱེ་མ་མ་ལ་མུ་ཏིག་འཁྲི་ཤིང་རྩེ། །མེ་ཏོག་ཕྲེང་བས་མ་བཟུང་བྲང་འགྲོས་བཞིན། །ཅུང་ཟད་བོས་པའི་འབྲས་བུ་སྒྲུབ་པ་ལས། །གཡེང་བར་འཕྱན་ནོ་བདག་གི་ངང་ཚུལ་ལགས། །རྒྱལ་བསྟན་དར་བས་ལུང་བསྟན་བྱང་དང་པོ། །འཕགས་ཡུལ་མིང་དོན་རིམ་བགྲོད་ངལ་གསོའི་སྟེགས། །རྣ་བའི་གྲགས་འབར་དབུས་འགྱུར་


GTD008_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་ཡར། །བྱེད་པོ་ཙནྡན་ལྗོན་པ་མགོན་ཁྱོད་ཙམ། །དེ་སླད་དག་པ་གཉིས་ལྡན་ཆོས་སྐུའི་ཁམས། །འགྲོ་བློར་མཚོན་པའི་གཟུགས་སྐུ་དབང་གཞུའི་མདངས། །ངེས་པ་ལྔ་ལྡན་རྟག་པའི་རང་བཞིན་དུ། །འགོག་མེད་ འཆར་བའི་བཀའ་དྲིན་ལྷོད་མེད་ཞུ། །རིང་ནས་ཁ་བའི་རོ་འདབ་ཡིད་ཀྱི་ཤིང། །ངེས་འབྱུང་བྱང་སེམས next hit་མངར་བའི་རང་བཞིན་དུ། །བྱིན་གྱིས་རློབ་བྱེད་བུ་རམ་བཅུད་འཆང་བའི། །བཀའ་ཡིག་ཐིགས་ཕྲེང་བརྒྱུད་མས་ལྕི་བར་མཛོད། །དྲི་བཅས་ཁམས་དང་བྱང་ཆུབ་དྲི་མ་མེད། །མཆོག་ཏུ་རིང་བ་ཤར་ནུབ་ནམ་མཁའི་མཐར། །བརྩེ་ཆེན་དགུ་ཚིགས་ཞགས་པས་འཁྱུད་པའི་གར། །ཡེ་ཤེས་ཉི་མ་ཆེན་པོར་མཚམས་སྦྱོར་མཛོད། །༸ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་སྤྲུལ་བའི་སྐུ་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱི་ཞབས་དྲུང་དུ་ཕུལ་བའོ། །༈ ཕུན་ཚོགས་ལེགས་བྱས་འབུམ་གྱི་དགའ་ཚལ་དུ། །རྨད་བྱུང་ཐུགས་བསྐྱེད་ས་བོན་སྨིན་པ་ལས། །དགེ་ལེགས་འདབ་འཕྲེང་བཞད་པའི་དཔལ་ཡོན་ཅན། །སྐྱབས་གཅིག་པདྨ་དཀར་པོའི་ཞབས་དྲུང་དུ། །གང་གི་མཛད་བཟང་ཆུ་འཛིན་དཀར་པོའི་ཀློང། །རེ་བའི་མིག་འབུར་གཏོད་པའི་མདོངས་མཐའ་མ། །སོར་བཅུའི་སྒྲོ་གདུགས་སྤྱི་བོར་བཀོད་བྱས་ཏེ། །ཚང་ཚིང་དབེན་པའི་ལྗོངས་ནས་འདི་སྐད་གསོལ། །ཀུན་ཏུ་བཟང་པོའི་འོད་ཟེར་འབུམ་ཕྲག་གིས། །རྒུད་པའི་མུན་པ་མིང་གི་མཐར་བྱེད་ཅིང། །ཐུབ་བསྟན་པད་ཚལ་རྒྱས་མཛད་ཉིན་མོའི་མགོན། །གཟི་བྱིན་སྣང་བ་ལྷམ་མེར་བཞུགས་ལགས་སམ། །ཤིས་པའི་ཟླ་སྣང་རོལ་པས་མཚན་པ་ཡི། །འཕྲིན་ལས་ཕན་བདེའི་རིན་ཆེན་འབྱུང་བའི་གནས། །ཡིད་འོང་སྙན་པར་གྲགས་པའི་


GTD008_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཀྱི་ཕྲེང། །ཀུན་གསལ་ཕ་མཐར་སྤྲོ་བཞིན་བཞུགས་ལགས་སམ། །སྲུང་བ་ཐུགས་དམ་རྡོ་རྗེའི་ཡུ་བ་བརྟན། །བག་ཡོད་མཛད་བཟང་དར་གྱི་ཤམ་བུ་བཀྲ། །གཞན་ཕན་བསིལ་བ་འབེབས་པའི་གདུགས་དཀར་པོ། །སྲིད་ཞིའི་བླ་ན་འཁོར་བཞིན་བཞུགས་ལགས་སམ། །དད་ལྡན་གེ་སར་རྡུལ་ཕྲེང་ཁྱོད་ཞབས་ལ། །ཆགས་པས་བསོད་ནམས་སྦྲང་རྩིའི་དཔལ་འཛིན་ཞིང། །ཟབ་མོའི་ཆོས་དང་ཕན་པའི་བཀའ་མཆིད་ཀྱིས། །སྙན་དགུའི་རོལ་མོ་འཁྲོལ་བཞིན་བཞུགས་ལགས་སམ། །གྲོང་དང་དགོན་པའི་རི་གླིང་ཁོར་ཡུག་ཏུ། །སྦྲང་ཆར་སྙོམས་པར་འབེབས་པའི་རྫོགས་ལྡན་སྤྲིན། །དལ་གྱིས་བསྐྱོད་དེ་རང་གནས་བཀྲ་ཤིས་ཀྱི། །ཆུ་གཏེར་གཡས་སུ་འཁྱིལ་བར་ཕྱོགས་ལགས་སམ། །འདི་ན་མཉམ་གཞག་གཉིད་ཀྱི་ཏིང་འཛིན་དང། །ལྟོ་འགྲངས་ཉི་མར་སྲོ་བའི་རྗེས་ཐོབ་གཉིས། །སྤེལ་མར་སྤྱོད་པའི་དགེ་སྦྱོང་རྒན་པོ་ཡང། །སོས་བདེ་སྣང་བ་སྐྱིད་པའི་ངང་དུ་མཆིས། །སླད་ཀྱང་དགེ་སེམས་མྱུ་གུ་ཆེས་ཕྲ་བ། །ཉམས་མྱོང་དཔག་བསམ་སྡོང་པོར་གྲུབ་པའི་སླད། །བྱིན་རླབས་ཐུགས་རྗེའི་དྲོད་གཤེར་གྱིས་སྐྱོང་ཞེས། །གསོལ་འདེབས་ཡིད་ཀྱི་རེ་བ་འབྲས་ལྡན་མཛོད། །རྒྱུ་སྐར་རང་གིས་ཉ་བའི་ཟླ་བ་བཞིན། །བསྟན་ལ་རི་མོར་བྱ་བའི་རང་སྐལ་གྱིས། །རབ་བྱུང་མ་ནུའི་འཕྲེང་བའི་ཐོག་མ་ཡི། །བགྲང་བྱ་གསར་དུ་ཚེས་པའི་དགའ་སྟོན་དུ། །ཚེ་ཡི་དཔལ་སྟེར་ལྷག་པའི་ལྷ་རྣམས་མི་ཟད་བདུད་རྩིའི་ཆུ་རྒྱུན་སྦྲེངས། །བསྟན་སྲུང་མཐའ་དག་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བའི་གད་རྒྱངས་སྒྲོགས། །


GTD008_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་རྣམས་ཤིས་བརྗོད་མེ་ཏོག་ཆར་དུ་བསྙིལ། །བདག་ཀྱང་དགེ་མཚན་འབོད་པའི་གཡབ་དར་དྲི་བྲལ་ལྷ་རྫས་མཆོག་འདི་ཕུལ། །རབ་བྱུང་བཅུ་བཞི་པའི་ཐོག་མའི་མེ་ཡོས་ལོ་གསར་གྱི་སྐབས་སྐྱབས་མགོན་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་ཚ་ཁོ་ཕྱོགས་སུ་ཆིབས་བསྐྱོད་དེ་བཞུགས་པའི་སྐབས་ཕུལ་བའོ། །༈ ཀ་མ་ལ་དང་ཉིན་མོར་བྱེད་པ་བཞིན། །ཁ་ཙམ་མིན་པར་འདུན་པ་རྩེ་གཅིག་གིས། །ག་ན་བཞུགས་ཀྱང་རེ་ལྟོས་འཆའ་བའི་ཡུལ། །ང་ཡི་སྐྱབས་གཅིག་དམ་པའི་ཞབས་པད་མོར། །ཅ་ཅོའི་སྟོང་འུར་གཡེང་བའི་འགྲོ་བསྡད་སོགས། །ཆ་ཙམ་བཤོལ་ཡང་ད་དུང་སྒྲུབ་ཕུག་ན། །ཇ་སོགས་འདོད་སྲེད་རྟོག་པ་འོག་འགྱུའི་འཕྲུལ། །ཉ་བཞིན་འཁྱུག་པ་དེ་ཡིས་མཆིད་འདི་གསོལ། །ཏ་ལའི་བླ་མ་པཎ་ཆེན་པོག་ཏོ་སོགས། །ཐ་མལ་ཚུལ་བཟུང་འདྲེན་པ་མཆོག་རྣམས་དང། །ད་ལྟ་ཐུགས་ཡིད་གཅིག་འདྲེས་དགེ་མཚན་གྱི། །ན་བུན་མངོན་པར་གཏིབས་བཞིན་བཞུགས་ལགས་སམ། །པ་ར་མི་ཏའི་དགོངས་དོན་ལས་བརྩམས་ཏེ། །ཕ་མཐའ་ཡས་པའི་ལུང་རིགས་བརྒལ་བརྟགས་ཀྱི། །བ་དན་སྲིད་པའི་རྩེ་མོར་བསྒྲེངས་པ་ཡིས། །མ་ལུས་མཁས་པས་བསྔགས་བཞིན་བཞུགས་ལགས་སམ། །རྩ་འགྲེལ་མཐའ་དཔྱོད་དང་བཅས་འཛིན་སྐྱོར་སོགས། །ཚ་གྲང་ཁྱད་དུ་བསད་པའི་དཀའ་ཐུབ་ཀྱིས། །ཛ་ཡའི་དགོངས་དོན་ཞིབ་མོར་དཔྱད་པ་ཡིས། །ཝ་ལེ་ཐུགས་ལ་འཆར་བཞིན་བཞུགས་ལགས་སམ། །ཞྭ་སེར་བསྟན་པའི་འབྱུང་གནས་མ་དྲོས་མཚོ། །ཟ་ཟིའི་གཡེང་བའི་རྙོག་མ་དང་བྲལ་ཞིང། །འ་འུར་ལུང་རིགས་རླབས་འཕྲེང་


GTD008_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་པའི་ཀློང། །ཡ་མཚན་མགྲིན་རྔ་འཁྲོལ་བཞིན་བཞུགས་ལགས་སམ། །ར་བ་ཁོར་ཡུག་རྡོ་རྗེའི་སྲུང་འཁོར་གྱིས། །ལ་འུར་ནག་ཕྱོགས་བདུད་སྡེའི་གཡུལ་ཟློག་ཅིང། །ཤ་ཚ་གུས་ལྡན་སློབ་འབངས་ལྟོས་བཅས་ཀུན། །ས་ཐོབ་བཞིན་དུ་དགའ་བདེས་ཚིམ་པར་མཛོད། །ཧ་རི་ཙནྡན་མདོག་འཆང་ལྷ་དར་བཅས། །ཨ་རེ་ཉམས་དགའ་དགྱེས་པ་སྐྱེད་པའི་ཕྱིར། །གུས་ལྡན་གུས་པའི་ཞུ་མཆིད་འབུལ་ལགས་ན། །མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། །༸འདིའང་སྔ་མགྱོགས་སུ་ས་སྦྲུལ་ལོ་ཕུལ་བའོ། །༈ བརྩེ་ཆེན་ཉི་མ་འབར་བའི་གདེངས་ཀ་ཡིས། །ཞུན་མར་ཕབ་པ་ཡེ་ཤེས་བདུད་རྩིའི་ཆབ། །མཚན་དཔེའི་ཆུ་མཚོར་འཁྱིལ་བ་དགེ་མཚན་གྱི། །རླབས་ཕྲེང་ཕྱོགས་ཀྱི་འཁོར་ལོར་བཞད་པའི་དྲུང། །ཡིད་དབང་དད་པའི་སྦྲང་ཆར་ཁུར་གྱིས་ནོན། །ངག་གིས་གསོལ་འདེབས་སྙན་པའི་འབྲུག་སྒྲ་རྒོད། །ལུས་ཀྱི་འདུད་ཕྱག་གློག་གི་རོལ་རྩེད་བཅས། །མཆིད་འདི་གསོལ་ལ་ཐུགས་རྗེས་ཡུད་ཙམ་དགོངས། །རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་བསྡུས་པའི་དཔྱིད། །རྒྱལ་བསྟན་འདྲེན་པར་བཞེངས་པའི་གཟུགས་ཀྱི་སྐུ། །སྲིད་ཞིའི་གཙུག་ཏོར་རྩེ་མོར་རབ་འཕགས་པའི། །གཟི་བྱིན་སྣང་བ་ལྷམ་མེར་བཞུགས་ལགས་སམ། །མཁྱེན་རབ་སྔོ་བསངས་སྡེ་ལ་རྒྱལ་བའི་བཀའ། །རྒྱན་དྲུག་མཆོག་གཉིས་གཞུང་གི་ཆུ་ལྡན་འཕྲེང། །བརྒལ་བརྟག་རྩོད་པའི་ང་རོར་གླལ་བ་ཡིས། །ས་གསུམ་དཀྱིལ་འཁོར་འགེངས་བཞིན་བཞུགས་ལགས་སམ། །འདི་ན་སྐྱབས་མཆོག་ཐུགས་རྗེ་བཙན་པོའི་མཐུས། །ཉེར་འཚེ་ཀྱོ་བས་ལུས་ལ་མ་


GTD008_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ཡང། །རིང་ནས་སྲིད་པར་སྐྱོན་མང་གོམས་པའི་སེམས། །ཆོས་ཀྱིས་མ་བཟུང་བཏང་སྙོམས་ཙམ་གྱི་ངོས། །དབུས་འགྱུར་གྲགས་པ་མཐོ་བའི་བ་གམ་རྩེར། །གསེར་མདོག་དཔལ་གྱི་གཟི་འབར་དུནྟུ་བྷིཿ །ལུང་རིགས་དབྱུ་གུས་བསྐུལ་བའི་སྙན་པའི་སྒྲ། །རྣ་བའི་བདུད་རྩིར་རེ་བས་གདུངས་བཞིན་པར། །གནས་ལྔ་རིག་པའི་ཅོད་པན་མ་སྙིགས་པ། །ཡེ་ཤེས་གཟི་ཆེན་ལང་ཚོ་རྒྱས་པའི་ཞལ། །སྙིང་རྗེའི་འཛུམ་གྱིས་དཀར་བ་ཟླ་བའི་མཆེད། །མངོན་དུ་འགྱུར་བའི་ཉིན་ཞག་བགྲང་ཞིང་མཆིས། །དཔལ་ལྡན་ཐུབ་པའི་མཁའ་འགྲོ་བརྒྱས་རྩེན་པ། །དེ་ཉིད་གཏིང་མཐའ་ཡངས་པའི་ཆུ་གཏེར་ངོགས། །མཁྱེན་དཔྱོད་གཟིངས་ཀྱིས་བསྒྲལ་བའི་རྒྱུ་མཐུན་འབྲས། །ས་གསུམ་སྐྱེས་ཀྱིས་འགེངས་པ་ནོར་བུས་གཏམས། །མི་འཇིགས་སྤོབས་པའི་རང་བཞིན་ཆོས་ཀྱི་རྔ། །ལེགས་བཤད་རོལ་མོར་ཆེ་བ་སྙན་པའི་དབྱངས། །མ་རིག་སྲིད་པ་འཁོར་བའི་གཡུལ་བཅོམ་པས། །ཐར་པ་རྣམ་པར་རྒྱལ་བའི་དགའ་བ་མཚོན། །མིང་ཚིག་བརྫོད་པ་མ་འཁྲུལ་བརྡ་སྤྲོད་པ། །བརྒལ་བརྟག་སྨྲ་བའི་རྩེ་རྒྱལ་རིགས་པའི་རྗེ། །ལུང་ཆོས་སྡེ་སྣོད་འཛིན་པ་ཀུན་གྱི་གཙུག །ཞབས་སེན་ནོར་བུའི་འོད་ཀྱིས་ཤིས་པར་སྒྲུབས། །གནས་གསུམ་ཤེས་བྱའི་འཁོར་ལོ་འཛིན་མའི་མཐར། །གནག་པའི་རྨོངས་པ་མུན་པའི་ཕྲ་མེན་མ། །གནོད་བྱེད་རིགས་པའི་འོད་རྣོན་རལ་གྲི་ཡིས། །གནད་དུ་བསྣུན་པ་དོན་གྱི་མངོན་སྤྱོད་མཛོད། །སྨྲ་བ་ངག་གི་གཏེར་གྲོལ་ཟླ་བའི་ཞབས། །ཞི་དུལ་གཙང་མའི་རྣམ་ཐར་རིན་ཆེན་གསལ། །རྡོ་རྗེའི་རྣལ་འབྱོར་


GTD008_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་རྒྱུད་ཆེན་སོགས། །ཀུན་གྱི་མཛད་པའི་རོལ་གར་གཅིག་ཏུ་སྒྱུར། །མཁས་པའི་མཁས་པ་ཀུན་ཀྱང་གང་གི་བཀའ། །མི་འགོང་མི་ཡི་ཁྱུ་མཆོག་གནས་ཐོབ་པ། །འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་རིམ་བྱོན་གྱི། །རྣམ་ཐར་རང་གིར་བཞེས་པའི་བཀའ་དྲིན་མཛོད། །བསྐྱུད་མེད་དྭངས་སེམས་ཟླ་བའི་མེ་ལོང་ངོས། །སྐྱབས་གཅིག་རི་སྐྱེས་མཚན་མ་རྟག་འགོད་ན། །སྐྱེ་ཞིང་སྐྱེ་བར་བྱིན་རླབས་ག་བུར་རྒྱུན། །སྐྱུག་པས་བདུད་རྩིའི་གཏེར་དུ་བདག་གྲུབ་མཛོད། །སེམས་ཉིད་གདོད་ནས་དག་པའི་དབྱིངས་ཀྱི་མཁའ། །ཁམས་དང་བྱང་ཆུབ་ཤར་ནུབ་ཕྱོགས་ཀྱི་ཆར། །ཐུགས་རྗེའི་འོད་ཞགས་རིང་པོས་འཁྱུད་པ་ཡི། །ཡེ་ཤེས་ཉི་མ་ཆེན་པོར་མཚམས་སྦྱོར་མཛོད། །ཞུ་འཕྲིན་རབ་དཀར་དད་པའི་འོ་མཚོ་རུ། །ཐུགས་རྗེ་འཁོར་ལོའི་ལག་ཅན་རོལ་པའི་རྟེན། །དྲི་མེད་ལྷ་རྫས་དར་གྱི་རླབས་འཕྲེང་ཅན། །རབ་མྱོས་དབྱར་གྱི་དུས་ཚེས་དགེ་བར་འཕྱུར། །འདིའང་སྐྱབས་མགོན་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་རིན་པོ་ཆེར་ལྕགས་རྟའི་ལོ་ཕུལ་བའོ། །༈ བློ་བཟང་ཆོས་ཚུལ་ཡངས་པའི་མཁའ་ངོས་ལ། །མཁྱེན་བརྩེའི་འོད་ཀྱི་དྲ་བ་འབུམ་འགྱེད་པའི། །སྨྲ་བའི་ཉི་མ་ས་གསུམ་སྐྱེ་རྒུའི་གཉེན། །བཀའ་དྲིན་མཚུངས་མེད་དམ་པའི་ཞབས་པད་མོར། །གསང་གསུམ་འོད་བརྒྱ་འབར་བའི་གཟི་བྱིན་གྱིས། །གཙུག་རྒྱན་སོར་མོའི་ཀུནྡ་ཟུམ་པ་དང། །ལྷན་ཅིག་དད་པའི་འདབ་བརྒྱ་བཞད་པ་ཡི། །སྙན་ཚིག་སྦྲང་རྩིའི་དོག་པ་མཆོད་པར་འབུལ། །རྒྱལ་ཀུན་ཡེ་ཤེས་ལི་ཁྲིའི་རྡུལ་གྱི་ཚོགས། །སྙིང་རྗེའི་དཀྱིལ་འཁོར་གཅིག་ཏུ་རྫོགས་པ་ཡི། །ཉིན་མོར་


GTD008_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་གང་གི་ཐུགས་རྗེ་ནི། །འཛམ་གླིང་བསྟན་པའི་པད་མོ་ཀུན་གྱི་དཔྱིད། །སྲིད་འབྱོར་རི་དྭགས་མཚན་མ་ཆོས་བརྒྱད་ཀྱིས། །བསིལ་བའི་འཇིག་རྟེན་རྨོངས་པ་དགའ་བྱེད་ཚེ། །ལུང་རིགས་ཚ་ཟེར་སྤྲོ་བ་ཁྱོད་མཐོང་ནས། །ཕྱོགས་ལྷུང་ཀུ་མུ་ད་ཚལ་ཞུམ་པ་བཞིན། །དགེ་ལྡན་རང་ལུགས་གསེར་བཟང་འོད་ཀྱི་གོས། །ཕྱོགས་ཀྱི་དཔལ་མོར་བགོས་པའི་རྐེད་སྐབས་ན། །མི་མཉམ་གྲགས་པའི་དབྱངས་སྙན་སྒྲོགས་པ་ཡི། །སྐལ་བཟང་རྐང་དྲུག་གཡེར་ཁའི་འཕྲེང་བ་འཁྲོལ། །དཔལ་འབྱོར་འཁོར་འབངས་ཚོགས་པའི་ལྡིང་ཁང་དུ། །རང་ཁྱིམ་གསལ་བའི་སྒྲོན་མ་གྲངས་མང་ཡང། །རིས་མེད་འཇིག་རྟེན་ཀུན་ཏུ་ཁྱབ་པ་ཡི། །ལེགས་བྱས་སྣང་བའི་གཏེར་དེ་ཁྱོད་ཁོ་ན། །ཇི་སྲིད་ཐུབ་བསྟན་ཀུན་གསལ་བུ་མོ་ནི། །ཐུགས་རྗེའི་འཛུམ་རླབས་འོད་ཀྱིས་ཡོངས་བཟུང་བ། །དེ་སྲིད་སྐྱེ་དགུའི་ལེགས་བྱས་པདྨོའི་ཕྲེང། །ཀུན་དགའ་རྒྱས་པའི་གེ་སར་བཞད་པར་འགྱུར། །དེ་སླད་སྲི་ཞུའི་རླབས་ཕྲེང་རོལ་བ་ཡི། །རྒྱ་མཚོའི་རྐེད་བཅིངས་རྒྱལ་བསྟན་འཛིན་མའི་རྒྱན། །མཁས་གྲུབ་གསེར་རིའི་ཕྲེང་བ་མཛེས་པའི་སྤོར། །སྲིད་པའི་མིག་གཅིག་བསྐལ་བརྒྱར་ཞབས་བརྟན་ཤོག །དེ་ལྟར་གསོལ་འདེབས་དབྱངས་བདུན་རྫོགས་པའི་གླུ། །བཀའ་དྲིན་སྦྲང་རྩིའི་ཆང་གིས་མྱོས་པ་ཡིས། །གྲྭ་སློབ་བུང་བའི་འཕྲེང་བ་མགྲིན་གཅིག་ཏུ། །སྒྲོགས་པའི་དུས་སྟོན་དར་བའི་དགའ་བ་མཚོན། །ཁྱོད་མཐུ་ཉི་མ་འབར་བའི་གདེངས་ཀ་ཡིས། །ཡབ་རྗེའི་ཐུགས་བསྐྱེད་པདྨོ་ཁ་འབུས་པ། །མྱུར་བཞད་སྦྲང་རྩི་གསར་བའི་དུས་སྟོན་ཡང། །བརྒྱུད་མར་འབྱུང་སྙམ་རབ་དགའི་གླུ་དབྱངས་ལེན། །


GTD008_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟའི་ཞུ་འཕྲིན་དགའ་ཚལ་དུ། །ཉི་འོད་ཟེར་གྱིས་རེག་པའི་རྟེན། །བཀྲ་ཤིས་དར་གྱི་འདབ་ཡངས་ཅན། །ཚེ་མཐའ་ཡས་པའི་མེ་ཏོག་འཛུམ། །འདི་ནི་ཐུའུ་བཀྭན་རིན་པོ་ཆེ་དགུང་ལོ་དྲུག་ཅུར་ཕེབས་པའི་བ་ཡར་སྐབས་སུ་ཕུལ་བའོ། །༈ བདེ་གཤེགས་གསུང་རབ་ཡན་ལག་བཅུ་གཉིས་ཁྱིམ། །གྲུབ་མཐའ་རྣམ་བཞིའི་གླིང་དུ་འཆར་བའི་འགྲོས། །མཁྱེན་ཡངས་གོ་ལའི་ལམ་ལས་མི་འདའ་བ། །ལེགས་བྱས་ཡོངས་ཀྱི་གོ་འབྱེད་མཆོག་གི་དྲུང། །རྟག་ཏུ་ཁྲོས་པ་མི་རྟག་སྲིན་པོའི་ཁར། །ཡོངས་བཟུང་སྲིད་པ་འཁོར་ལོའི་ལྟོ་བ་རུ། །རྣམ་གཡེང་རྩེད་འཇོར་རོལ་པའི་བཙུན་གཟུགས་ཤིག །སྙན་ཚིག་མ་ལི་ཀ་འཕྲེང་སྐྱེས་སུ་འབུལ། །མདོ་རྒྱུད་ལེགས་བཤད་ནོར་བུས་གཏམས་པ་ཡི། །དབྱངས་ཅན་ངག་གི་ལོངས་སྤྱོད་ཤིང་རྟ་ཆེ། །སྒྲ་དོན་རྒྱན་གྱི་འཁོར་ལོ་གཉིས་ལྡན་གང། །འདྲེན་ལ་ཟླ་བྲལ་མཁས་པའི་དེད་དཔོན་མཆོག །ཕུལ་བྱུང་ཐུགས་བསྐྱེད་པིར་གྱིས་བྲིས་པ་ཡི། །འཁོར་ལོ་གསུམ་གྱི་མཛད་བཟང་ཚོན་བརྒྱའི་རིས། །སྐལ་བཟང་བསོད་ནམས་ཀ་ཤིའི་རས་བཟང་ངོས། །བཀྲ་བས་དཔྱོད་ལྡན་ཡོངས་ཀྱི་བློ་མིག་འཕྲོག །ཟབ་རྒྱས་ཡོན་ཏན་ཕུང་པོའི་ཆུ་ཁུར་གྱིས། །སྒེག་ལྡན་སྙིང་རྗེའི་སྤྲིན་སྔོན་གཡོ་བའི་གར། །གྲགས་པ་འབྲུག་སྒྲའི་དབྱངས་ཀྱིས་རོལ་པ་མོ། །དཔལ་འབྱོར་གློག་གི་དོ་ཤལ་རྩེ་དགའ་འཛིན། །དེ་ཡི་ངོ་མཚར་དགེ་བའི་སྙིང་པོ་ཅན། །བཀའ་ཡིག་བདུད་རྩིའི་ཆར་གྱི་ཟེགས་མ་ཡང། །དད་པའི་མྱུ་གུ་གསར་པའི་ཡིད་ཀྱི་ཞིང། །རབ་དགའི་ས་རུ་བསྐྲུན་པའི་དཔྱིད་དུ་སྨིན། །འདི་ན་སྔོན་དགེའི་ཆུ་མཚོ་ལས་སྐྱེས་ཀྱང། །ཡོན་ཏན་སྦུབ་སྟོང་


GTD008_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་མཛེས་པའི་དུང། །ཆོས་ཀྱི་སྡེ་ཆེན་དུ་མའི་ཁང་བཟང་རྩེར། །གཞན་དབང་སྙན་པའི་ང་རོ་སྒྲོགས་ཤིང་མཆིས། །ཆོས་ཀྱི་རང་བཞིན་གཙུག་ལག་རིག་པའི་གླུ། །མ་བཅོས་གཉུག་མའི་རང་ཞལ་འཛུམ་པའི་མདངས། །གཞན་ཕན་སྤྱོད་པ་ཟློས་པའི་གར་དང་བཅས། །རྒྱལ་བསྟན་དོ་རའི་རྒྱན་དུ་རྟན་བརྟན་ངོས། །རྒྱ་ཆེན་མཁྱེན་རབ་རྟ་མཆོག་ཁ་སྒོ་ལས། །དལ་འབབ་ཉམས་འགྱུར་རླབས་ཀྱི་ཕྲེང་ལྡན་མ། །ཀུན་རྨོངས་འཁྲུད་པའི་ཆོ་ག་རྫོགས་པ་ཡི། །བཀའ་དྲིན་མི་བསྐྱུད་རྟག་པའི་རང་བཞིན་ཞུ། །འདེགས་མཚོན་ལྷ་དར་དྲི་མེད། ཅོད་པཎ། གོས་ཡུག་བཅས་ཟླ་ཚེས་དགེ་བར་ཕུལ། ཀརྨ་སི་ཏུ་པ་ལ་ཕུལ་བའོ། །༈ མཁྱེན་པའི་རང་བཞིན་དམར་སེར་ལི་ཁྲིའི་རྡུལ། །ཡང་དག་རྫོགས་པ་འཇམ་མགོན་ཉིན་མོར་བྱེད། །ངོ་མཚར་འབུམ་དུ་འགྱེད་པའི་འོད་སྣང་གིས། །བློ་གྲོས་འདབ་བརྒྱ་ཁོང་ནས་རྒོད་པར་མཛོད། །མ་སྨད་ཡོན་ཏན་ཀེ་ས་རབ་མྱོས་པའི། །གྲགས་པ་སྙན་སྒྲོགས་བུང་བའི་ཕྲེང་བ་ཅན། །བསླབ་གསུམ་འདབ་རྒྱས་སྦྲང་རྩིའི་རྒྱལ་མཚན་མཆོག །ཐུབ་བསྟན་དོ་རའི་མཛེས་རྒྱན་དེ་ཡི་དྲུང། །ཁྱོད་དང་ཀུན་གཞིའི་རང་བཞིན་གཅིག་གྱུར་ཀྱང། །བྱེད་པོ་མ་བརྟགས་འཁྲུལ་བས་ཐ་དད་ལུས། །རྣམ་འཕྲུལ་གདུང་བའི་རི་མོ་འཛིན་པ་དེས། །འཕྲིན་ཡིག་རང་བཞིན་གསལ་བྱེད་གཏམ་འདི་ལོ། །ཚོགས་གཉིས་བི་ཤྭ་ཀརྨའི་མཛུབ་རྩེ་ཡིས། །ལེགས་བྲིས་གཟུགས་སྐུ་ངོ་མཚར་བཀོད་པའི་གཏེར། །འདོད་ཁམས་དབང་མོ་དགྱེས་པའི་རང་བཞིན་མཚོར། །ཕུན་ཚོགས་ཀུན་ཏུ་ཤར་བའི་རོལ་པ་ལས། །ཀེ་ལ་ཤ་མཆོག་དྷ་ན་ཀ་ཊ་ཀར། །ཟབ་གསང་སྟོང་པའི་སྒྲ་ལས་དྲངས་པ་ཡི། །རྟེན་ཅིང་འབྲེལ་འབྱུང་རིགས་པ་


GTD008_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ལྔའི་དབྱངས། །དངོས་འཛིན་གླང་པོའི་ཀླད་འགེམས་གཏམ་དེ་སྙན། །གློག་འོད་འགྱུ་བའི་ཐེར་བུབས་རྩེ་མོའི་གྲངས། །ལྷ་དར་དྲི་བཟང་དག་ཤོག་སྔ་ཕྱིར་བཅས། །ལོངས་སྤྱོད་འཁོར་ལོ་རྐང་པ་དྲུག་པའི་ཚང། །རྡོལ་ལས་སྙན་སྒྲོག་གསུང་འཕྲིན་རིམ་པར་འབྱོར། །དེ་ཚེ་ལྡེམ་ལྡེམ་ལུས་ཀྱི་རྐང་རྟེན་རྩེར། །དགའ་བའི་གར་བསྒྱུར་ཡིད་ཀྱི་ཐ་ག་པ། །སྣ་ཚོགས་འགྱུར་བའི་གོམ་སྟབས་གཡོ་བ་དེས། །རྣམ་དཀར་གོས་བཟང་སྒྲུབ་པའི་འདུན་པར་མཆིས། །ཉི་ཟླ་ཁ་སྦྱོར་མི་ཤིགས་ག་འུའི་དཀྱིལ། །གཏུམ་དྲག་ཁྲོ་བོའི་འཁོར་ལོ་འཁྲུགས་པའི་སྦུབས། །ཏཾ་ཡིག་ཐིག་ལེ་རྒྱས་པའི་ཨུཏྤ་ལར། །གྲིབ་མ་གཉིས་པའི་གྲོགས་པོ་ཁྱོད་མིན་སུ། །བརྒྱ་ཕྲག་འཕགས་བོད་གཞུང་གི་དཀའ་བའི་གནད། །འཐད་པའི་ཕྱོགས་སུ་ཉེར་བཀུག་དབང་པོའི་གཞུའི། །རྒྱུད་ལས་མ་འཕོས་ངོ་མཚར་ཉག་ཕྲན་གྱིས། །དྲན་དབང་མ་ལུས་ལྷན་ཅིག་འདར་བར་མཛོད། །གང་ལ་བརྟེན་ན་མང་ཐོས་ཛམ་བུའི་འབྲས། །བླ་མེད་བདེ་བའི་ཡེ་ཤེས་མཆོག་གི་རྒྱུ། །གསེར་སྦྱངས་དག་པའི་ཁམས་སུ་སྒྱུར་བྱེད་པ། །ཁྲིམས་ཀྱི་ཆུ་མཚོ་བྲི་བ་མེད་པར་མཛོད། །མདོར་ན་འཇིག་རྟེན་ལུགས་ཀྱི་མཐུན་འཇུག་དང། །ལྷ་ཆོས་ཐོས་བསམ་སྒོམ་པའི་བགྱི་བ་ཀུན། །ལས་འབྲས་ཕྲ་ཐིག་རྒྱལ་བས་བཏབ་པ་ལས། །ནམ་ཡང་འདའ་བ་མེད་པར་ཤད་ཀྱིས་སྐྱོངས། །དེ་ལྟར་མཁས་པའི་ཁྲི་འཕང་མཐོ་ཡི་རི་མོ་མཁན་གྱི་ལས་ཟམ་མིན། །ཤེས་རྒྱུད་དུལ་བའི་སྤྱོད་པ་བཙུན་གྱི་སེམས་མེད་སྡེར་བཟོའི་སྣང་བརྙན་མིན། །རྒྱལ་བ་དགྱེས་ཁྲེལ་ངེས་དོན་ཡིན་གྱི་སྙིགས་དུས་སྐྱེ་བོའི་སྣང་ཚུལ་མིན། །དེ་སླད་ཆོས་


GTD008_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྦྲེལ་བས་གཏན་འདུན་འཆུག་མེད་མཛོད་ཅིག་སྙིང་གི་བུ། །ཞུ་འཕྲིན་དབྱངས་བདུན་རྫོགས་པའི་དབྱར་གྱི་རྔ། །ངང་ཚུལ་གསལ་བའི་བདེ་འཐུང་རྒྱས་པ་ཅན། །དོན་བཟང་སྦྲང་ཆར་སྙིང་པོར་འཛིན་འདི་འང། །ཁྱོད་ཐུགས་འཛིན་མའི་གསོས་སུ་སྨིན་གྱུར་ཅིག །དེང་དུས་ཕལ་ཆེར་ལག་པའི་སྲང་མདའ་ཡིས། །འཕྲིན་ཡིག་བཏེག་པའི་བཞིན་རས་རྣམ་པར་འགྱུར། །ཁྱོད་སྤྱན་བུང་བ་སྦྲང་རྩིར་ཞུགས་པས་ཐུགས། །དགའ་བས་གང་བར་འཕྱུར་སྙམ་བདག་གིས་བྲིས། །མཁན་པོ་སངས་རྒྱས་རྡོ་རྗེའི་མཆོག་སྤྲུལ་རིན་པོ་ཆེར་ཕུལ་བའོ། །༈ རང་ཁྱིམ་མཚན་མོའི་སྒྲོན་མེ་ཙམ་མིན་པར། །འཇམ་དབྱངས་བླ་མའི་ལུགས་བཟང་གར་ཁྱབ་ཏུ། །ཐུབ་བསྟན་བྱ་བའི་འདབ་བརྒྱ་རྒྱས་བྱེད་པའི། །ཉི་མར་མཚན་གསོལ་དོན་མཐུན་མཆོག་གི་དྲུང། །ཐོས་བསམ་ཚེ་ན་ཉམས་ལེན་ཐེད་ལ་བོར། །སྒྲུབ་ལ་ཕྱོགས་ཚེ་དཀོར་གྱི་སྒྲིབ་པས་ནོན། །རྒ་བས་གཟིར་བས་སྙིང་ལ་དགའ་བྲལ་ཡང། །འཕྲལ་ལ་བདེར་འཚོ་དེ་ཡིས་འཕྲིན་འདི་གསོལ། །དབང་འབྱོར་འཕྲིན་ལས་ནམ་མཁའི་ཀློང་ཡངས་ནས། །དབང་བསྐུར་བྱིན་རླབས་འོད་རྣོན་འབུམ་འགྱེད་པས། །དབང་ཕྱོགས་སྐྱེ་དགུའི་དད་མོས་འདབ་བརྒྱའི་ཚལ། །དབང་མེད་ཕྱེ་བའི་དྲི་བཟང་དགེ་བར་འཐུལ། །སྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པ། །སྐལ་བཟང་རྣམ་འདྲེན་སྟོང་གི་སྣང་བརྙན་ནི། །སྐལ་བཟང་བསོད་ནམས་ཞིང་དུ་བསྐྲུན་པའི་གཏམ། །སྐལ་བཟང་ཡོངས་ཀྱི་རྣ་བའི་བདུད་རྩིར་གྱུར། །བྱ་དཀའ་དོན་ཆེ་སྨྲ་བསམ་ལས་འདས་པ། །བྱ་བ་ལས་ཀྱི་འཁོར་ལོ་སྒྲུབ་པའི་ཚུལ། །བྱ་མ་རྟ་ཡི་ངག་ལས་ཐོས་པ་ན། །བྱ་ན་བཟང་པོས་ངོམས་བཞིན་མཆོག་ཏུ་སིམ། །དུས་གསུམ་


GTD008_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་མེད་གཟིགས་པ་དེ་ཡི་བཀས། །ས་གསུམ་བསྟན་པའི་ཉི་མར་ལུང་བསྟན་ལ། །རྣམ་གསུམ་འཁོར་ལོའི་མཛད་བཟང་འབྲས་བུ་ཡི། །ཚུལ་གསུམ་རྟགས་ཀྱིས་ངེས་པ་དེང་འདིར་རྙེད། །འདི་ན་མཐོང་ཆོས་རི་བོ་སྤོ་མཐོའི་ངོས། །ལུས་སེམས་རྩལ་གྱི་གོམ་པ་ཉིན་རེ་བཞིན། །དལ་མེད་ཐུར་དུ་བབ་ཀྱང་རྩེར་ཕྱོགས་པའི། །བགྲོད་པ་འགལ་འདུའི་གོམ་འགྲོས་བྱིན་པ་འདར། །མཐུན་སྣང་བགྲང་བྱར་ཀུན་ལ་གྲགས་པ་ཡང། །འཚོ་བའི་དངོས་ལ་གློག་གི་མཆེད་ཟླ་དང། །འབྱོན་བཞུད་ཆ་ལ་བསྐལ་པས་རིང་བ་ཡི། །སྣང་ཚུལ་མཚུངས་མིན་སྲང་ལ་འཕྱང་མོ་ཉུག །སླད་ཀྱང་བྱ་བ་རླབས་ཆེན་སྐུའི་འཕྲིན་ལས། །འཆ༷ད་རྩོད༷་རྩོམ་པའི་མཛད་བཟང་གསུང་གི་འོད། །ཡང་དག་བསླབ་གསུམ་ཐུགས་ཀྱི་ཉམས་ལེན་རྣམས། །གོང་ནས་གོང་དུ་སྤེལ་བའི་བཀའ་དྲིན་མཛོད། །ཞལ་བཟང་མཐོང་ན་དགའ་བ་བདུད་རྩིའི་འོད། །འདྲེན་བྱེད་ཀུན་དར་འགྲོགས་པ་དགའ་བའི་དཔྱིད། །ལྷག་བཅས་སྨོན་པ་འབྲས་བུར་གྲུབ་པ་ཡི། །ངོ་མཚར་འགོག་མེད་རྗེས་སུ་གཟུང་ཡང་འཚལ། །ཞུ་འཕྲིན་རྦ་རླབས་རྣམ་པ་འགྱུར་བའི་མཚོར། །སྤྱན་རས་ངང་པའི་རྒྱལ་པོ་རོལ་པའི་རྟེན། །འཇམ་སྤྲུག་རྒྱན་གྱི་འདབ་དྲུག་དྲི་བཟང་ཅན། །བཀྲ་ཤིས་དར་གྱི་རླབས་འཕྲེང་བཅས་ཏེ་ཕུལ། །༈ བློ་བཟང་རྒྱལ་བསྟན་ཡངས་པའི་སྲིད། །སྐྱོང་བའི་ཐུགས་བསྐྱེད་ཕྱག་རྒྱའི་ལུང། །མཐའ་དག་རྒྱ་མཚོའི་མཚམས་སུ་སྤྲོ། །གང་གི་ཞབས་སྟེགས་ནོར་བུའི་ཁྲིར། །དད་པ་ལན་བརྒྱར་འཛིན་པ་ཅན། །མང་ཐོས་དགེ་སྦྱོང་རྒན་པོ་ཡི། །ཡིད་ལ་བརྣག་པའི་ཞུ་མཆིད་ཀྱི། །ནོར་བུའི་ཕྲེང་བ་ལྷུག་པར་


GTD008_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ། །ཇོ་ཤཱཀ་ཞབས་སེན་བྱིན་རླབས་ཀྱི། །གཟི་འོད་འབར་བ་དབུས་འགྱུར་གྱི། །ལྗོངས་སུ་བདེ་བར་ཕྱག་ཕེབས་པའི། །གཏམ་སྙན་རྣ་བའི་བདུད་རྩིར་སོན། །སྔོན་དུས་ཡིད་བཞིན་རྒྱ་མཚོ་ལས། །དེད་དཔོན་ནོར་བུ་ལེན་པའི་སྲོལ། །ད་དུང་བརྗོད་པ་མ་ཉམས་འདི། །དོན་ལ་གྲུབ་པའི་བཀའ་དྲིན་མཛོད། །གྲགས་པའི་གསང་ཚིག་ལྡེ་ཀྱོག་གིས། །ངེས་ལེགས་སྒྲུབ་པ་དབྱེ་དཀའི་ལྕགས། །རྣམ་གྲོལ་ཐུབ་པའི་ཐུགས་གསང་མཛོད། །རྫོགས་པའི་དཔལ་ལ་དབང་བསྒྱུར་ཞུ། །ས་གསུམ་ཤེས་བྱའི་གནས་གནོན་པའི། །རིགས་པའི་གོམ་རླབས་རིང་པོ་ནི། །ཁེངས་དྲེགས་སྟོབས་ལྡན་མགོ་བོ་ལ། །འགོད་པའི་སྙེམས་པ་རང་གིར་འཚལ། །གོ་དོན་རགས་པའི་རྡུལ་ཚོན་དང། །ཚིག་རྐྱང་དྭངས་གཤེར་ཆུ་ཡིས་ཀྱང། །རྣམ་དཔྱོད་ཁ་བསྒྱུར་མི་ནུས་པས། །གོ་རིགས་ཟུང་དུ་སྦྲེལ་བ་གནད། །བཀའ་པོད་རྩ་བའི་ཅང་ཤེས་རྟ། །ཡབ་རྗེའི་ལེགས་བཤད་སྒ་སྲབ་ཅན། །མཐའ་དཔྱོད་ལྕག་གིས་བསྐུལ་བྱས་ན། །རྒྱལ་བསྟན་ཐང་ལ་དཀྱུས་ཐོག་ཆོད། །རྩ་འགྲེལ་གཞུང་ལས་མ་རེག་པའི། །ངག་རྒྱུན་ཟེར་ཟློས་ཙམ་ཞིག་ནི། །རང་བརླ་ལྕག་གིས་བྲབ་པ་ཡི། །བྱིས་པའི་རྟ་རྒྱུག་ཨ་ཐང་ཆད། །འབྲས་དཀར་སྤུངས་པའི་སྤྲིན་ཀློང་ནས། །རྩོད་པའི་གློག་འཕྲེང་རོལ་པའི་གཏམ། །ཕྱོགས་ཀྱི་འཁོར་ལོར་གླལ་བ་ལ། །མདོངས་མཐའ་རྒན་པོ་རེ་ཞིང་མཆིས། །མགུལ་ཆིངས་དར་གྱི་བཀྲག་མདངས་ལ། །ལྟོས་མིན་བདུད་རྩིའི་ནང་བཅུད་ཅན། །བཤེས་གཉེན་བུམ་པ་བཟང་པོ་ལས། །རྙོག་བྲལ་གཙང་མའི་ཆོས་རྒྱུན་བཞེས། །གཞུང་ལུགས་ཉི་ཚེའི་རྒྱལ་ཕྲན་ཚོགས། །བཟོད་དཀའ་


GTD008_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་བསྟན་རྒྱ་མཚོའི་བཀའ། །ཛམ་གླིང་ཁྱབ་པའི་སྤྱི་ལུང་གིས། །དྲེགས་ལྡན་རལ་བ་ས་ལ་སྙིལ། །མདོར་ན་ལྷག་བསམ་རང་བཞིན་བརྟན། །མང་ཐོས་ཡལ་ག་བརྒྱར་བྲེས་པ། །གཞན་ཕན་འབྲས་བུས་ཡོངས་དུད་པའི། །དཔག་བསམ་དབང་པོར་གྲུབ་པར་མཛོད། །ཞྭ་སེར་བསྟན་པའི་མངའ་བདག་ཏུ། །ཚེ་མཐའ་ཡས་པ་ལྟར་བརྟན་ཅིང། །མཛད་འཕྲིན་དར་བའི་རྟེན་འབྲེལ་གྱི། །གསེར་མདོག་ཚེ་སྐུའི་ལྷ་དང་བཅས། །ཤཱཀྱའི་དགེ་སློང་སྡོམ་བརྩོན་མང་དུ་ཐོས་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཕུལ། །ཐུའུ་བཀྭན་མཆོག་སྤྲུལ་རིན་པོ་ཆེར་ཕུལ་བའོ། །༼༈ མཉམ་པའི་པྲྀཏྟ་ཝ་རྞ་བཅུ་གཉིས་པ་སྐྱེ་འགྲོ་ལ་བཞི་སྟོང་གོ་དྲུག་ཡོད་པའི་བྱེ་བྲག་ཉིས་བརྒྱ་ཞེ་གཅིག་པ་ཆུ་འཛིན་འཕྲེང་ཞེས་བྱ་བའི་པྲསྟཱ་རས་མཛེས་པར་བྱས་པའོ།།༽པཊྭིནྡྲཿ གོཊྭིམཎིསིཁཱལཾམཱལཿ ཙནྡྲཱསྤཱདོནཁབིམལསྱཱདརྴ། །སཉྩཱརོབྷནུཤུབྷཤཏཉྩིཧྣོབྷཿ དྷམྨེཤྭཱརྉྤརམསམཱནོམཱུལེ། མཁས་དབང་བྱེ་བའི་གཙུག་རྒྱན་ནོར་བུའི་འཕྲེང། །ཞབས་སེན་དྲི་མེད་ཟླ་བའི་མེ་ལོང་དུ། །འཕོས་པའི་དགེ་མཚན་འོད་བརྒྱའི་སྣང་བ་ཅན། །མཚུངས་མེད་ཆོས་ཀྱི་དབང་ཕྱུག་དམ་པའི་དྲུང། །


GTD008_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱི་རྒྱལ་མོ་རོལ་བའི་རྫིང་བུ་ལས། །མོས་པའི་འཛིན་བྱེད་ཟུང་དུ་བཏུད་པ་ཡིས། །མྱོང་བ་མེད་ཀྱང་འཆུ་བ་གཟར་བུས་བཞིན། །སྙན་ཚིག་བདུད་རྩིའི་མཆོད་ཡོན་སྐྱེས་སུ་སྦྲེངས། །ཀུན་ཁྱབ་ཕྱོགས་མཐའ་བྲལ་བ་ཆོས་ཀྱི་དབྱིངས། །ལྷན་ཅིག་སྐྱེས་དགའི་ཉི་འོད་ཀྱིས་འཁྱུད་པའི། །སྨིན་བྱེད་སྣང་བ་འབུམ་གྱི་གཏེར་གྲོལ་བ། །དུས་མཐར་རྫོགས་ལྡན་པདྨོའི་དཔྱིད་དུ་ཤར། །ཐུབ་ཆེན་བཀའ་ཡི་ཀླུང་བརྒྱ་ཅིག་ཅར་དུ། །གཞལ་བཟོད་བྱ་བ་ལས་ཀྱི་འཁོར་ལོ་འདིས། །རིག་བྱེད་ཀློག་པའི་རྩལ་དང་བསམ་གཏན་མཐུ། །གྲུབ་པའི་དྲང་སྲོང་ཆེན་པོར་རྗེས་སུ་དཔོག །ཉེས་སྤྱོད་དྲི་མ་ཡོངས་སྤངས་ཐོས་བསམ་གྱི། །འོད་ཆགས་བཤེས་གཉེན་མུཀྟི་ཀཿ འཕྲེང་ཡང། །འདྲེན་པ་ནོར་བུའི་མདུད་འཛིན་གྱིས་སྤ་བ། །དེ་ཚེ་ཐུབ་བསྟན་སྒེག་མོའི་མགུལ་ན་མཛེས། །ཕུལ་བྱུང་རྣམ་དཔྱོད་ལྕགས་ཀྱུའི་གདེངས་ཀ་ཡིས། །རྩེ་དགའ་བག་མེད་སྐྱེ་བོའི་ཉ་ཆུང་དང། །ཁེངས་ལྡན་གླང་པོའི་སྡེ་ཡང་དབང་བྱེད་ན། །གུས་པས་ཡོངས་སུ་བསྙེན་རྣམས་སྨོས་ཅི་དགོས། །དེང་དུས་ཆེར་སྙིགས་མུན་པ་འཐིབ་པས་ཕྱོགས། །གར་བལྟས་གནག་པའི་ཀློང་ན་འཕྲིན་ལས་ཀྱི། །གློག་འོད་འགྱུ་བ་ཁྱོད་ཉིད་གཅིག་པུ་ཡིས། །ཡིད་ལ་དགེ་ལེགས་སྣང་བ་བྱིན་པས་སིམ། །འདི་ན་གོ་སྐབས་ཡངས་པའི་ཡིད་ཀྱི་མཁའ། །དགེ་བློ་ཐུན་མཚམས་སྣང་བས་མཐའ་བརྟེན་ཡང། །འདི་སྣང་མུན་པས་བགས་ཀྱིས་བཀབ་པ་ན། །ཆོས་བརྒྱད་སྐར་མའི་འཕྲེང་བ་ཕྱི་བཞིན་གསལ། །དོན་མིན་ཕྱོགས་པའི་ལས་རླུང་སྟོབས་པོ་ཆེས། །བསླུ་བྲིད་བྱ་བ་ཟིན་མེད་རླབས་ཀྱི་འཕྲེང། །རིམ་པར་གཉེར་བས་དལ་འབྱོར་གཟིངས་སྟོང་པ། །མཐར་


GTD008_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་ན་ཀྲའི་ཁ་སྒོར་གཞུག་གིས་དོགས། །འོན་ཏང་སྙིང་ལ་སིམ་པའི་སྐབས་བྲལ་ཡང། །གཟུགས་སྒྲ་འཛིན་པའི་ཡུལ་དུ་འགོག་མེད་པས། །མཐོང་ཐོས་དོན་ལྡན་བདེ་གཤེགས་བདེན་པའི་མཐུར། །རེ་བས་རང་སེམས་སྤྲོ་བ་བསྐྱེད་ཅིང་མཆིས། །སླད་ཀྱང་རྒྱལ་དབང་གྲགས་བསྟན་གདུགས་དཀར་པོ། །སྲིད་ཞིའི་བླ་ན་འཁོར་བའི་བྱེད་པོ་རུ། །ཞབས་པད་གཡུང་དྲུང་གཤིས་སུ་བརྟན་པ་ཡི། །ཐུགས་བསྐྱེད་བཙན་པོའི་གོ་ཆ་ལྷོད་མེད་ངོས། །འཇམ་དབྱངས་གདེངས་ཅན་རྩེ་དགའི་རོལ་བ་འབུམ། །མཁྱེན་རབ་རྒྱ་མཚོར་བསྒྱུར་ལས་འཆད་རྩོད་རྩོམ། །ཀུན་རྨོངས་གདུང་བ་གཅོད་པའི་རལ་གྲི་ཡི། །འཁྲི་ཤིང་རླབས་ཀྱི་འཕྲེང་བ་གནམ་དུ་རྐྱོངས། །མཛའ་གཅུགས་ཡིད་ཀྱི་ནོར་བུ་ཆུ་ཤེལ་ནི། །འཕྲིན་ཡིག་ཟླ་ཟེར་བདུད་རྩི་བྲན་པ་ཡིས། །བསྐྱུད་པའི་དྲི་མ་ཡོངས་སྤངས་དགེ་ལེགས་ཀྱི། །གཟི་འོད་འབུམ་ཕྲག་འཆར་བའི་བཀའ་དྲིན་མཛོད། །སྒྲ་དོན་འདོད་འཇོའི་འོ་མ་བསྲུབས་པའི་བཅུད། །གཅམ་བུའི་ཆུ་བཅངས་གྲོག་ཏུ་དྲིལ་བ་འདི། །ཅོད་པན་དྲི་མེད་དར་གྱི་སྐོག་དང་བཅས། །སྤྲོ་ལྡན་ཟླ་བའི་དུས་ཚེས་དགེ་བར་ཕུལ། །འདི་ནི་ཤིང་བཟའ་སྤྲུལ་སྐུ་རིན་པོ་ཆེ་ནས་སྙན་ངག་གི་ཞུ་ཤོག་ཙྪནྡ་ནས་སྤྲས་པ་ཕུལ་བའི་ལན་དུ་སྩལ་པའོ། །༈ རྒྱལ་གསུང་བཻ་ཌཱུར་རྒྱུད་མང་རི་དྭགས་གཟུགས། །ཉེར་འཆང་དབྱངས་ཀྱི་རྒྱལ་མོ་ཀུནྡའི་གཉེན། །སྒྲིབ་བྲལ་དྭངས་པའི་མཁའ་ལ་རྣམ་པ་ཀུན། །རོལ་པའི་གར་དེས་ཡིད་མཚོ་སྐྱོང་གྱུར་ཅིག །རབ་ཞི་སྔོ་བསངས་སྡེ་ལ་རིགས་པའི་ལུས། །བཅུ་དྲུག་ལང་ཚོ་རབ་རྒྱས་རོལ་བའི་རླབས། །རྒྱལ་


GTD008_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཀུནྡའི་གེ་སར་གཏེར་གྲོལ་བར། །བརྩེ་བ་བདུད་རྩིའི་འོད་ཆགས་དེ་ཡི་དྲུང། །ཆོས་ཚུལ་གཟིགས་པའི་ཐུགས་དང་འདོམས་པའི་གསུང། །གཏེར་གྱུར་ཆོས་སྐུའི་ངང་ལས་མ་བཞེངས་ཀྱང༌། །འབྱོར་ལྡན་བསོད་ནམས་ཞིང་དུ་གཟུགས་སྐུ་ཙམ། །སྐྱེས་པའི་གྲངས་ཕན་གང་ཞིག་འདི་སྐད་ལོ། །མ་སྨད་ལུང་རྟོགས་ཡོན་ཏན་ནོར་བུའི་དཔྱ། །མུ་མེད་འདྲེན་པ་སྐྱེ་བའི་ཤིང་རྟ་མཆོག །ལེགས་བྱས་སྨོན་པས་ལེགས་བསྒྱུར་དཔལ་གྱི་བུས། །ས་སྐྱོང་མཆོག་རིགས་སཱ་ལའི་ལྗོངས་སུ་དྲངས། །རི་དབང་མྱོས་བུམ་མངོན་དགའ་སྒྲ་ལྡན་ཆུ་བོ་བཞི་ཡི་དོ་ཤལ་ཅན། །དབྱིག་འཛིན་ས་སྲུང་སྟེང་འགྱིང་གྲགས་དཀར་ཕྱོགས་ཀྱི་སྤྲིང་ཡིག་སྤྲོ་བ་པོ། །ས་ཡི་འབྱེར་འཇིག་རིགས་ལ་བརྟེན་ཀྱང་ངེས་འབྱུང་རྩ་བ་རབ་བརྟན་པས། །ཞི་དུལ་སྤྱོད་པ་མ་འཁྲུགས་སྔོན་གོམས་དམ་པའི་བག་ཆགས་ཨེ་མ་རྨད། །ཉེར་འཚོ་བསིལ་ཟེར་བྱེད་པ་འབུམ་རྫོགས་ཤིང། །དེ་ཡི་ཐོས་བསམ་ན་ཀྲའི་གྲོང་ཁྱེར་ཆེ། །དེ་ལས་གྲགས་པ་མུ་ཏིག་འཁྲི་ཤིང་ནི། །ཕྱོགས་ཀྱི་ཐ་གྲུ་གཞལ་བཞིན་བཞུགས་ལགས་གྲང། །འདི་ན་ལས་ཉོན་ངལ་བརྒྱའི་ཆུ་ཁུར་གྱི། །ཁོངས་ལས་ཡུད་ཙམ་གོག་གི་དགའ་ལྡན་པ། །གྲགས་སྟོང་སྤྲིན་སྔོན་གསོགས་ཀྱི་རོལ་གར་མཁན། །ཚུལ་བསྟན་མཁན་པོའང་འཚོ་བ་བདེ་བར་མཆིས། །མཚམས་འབྲས། སླད་ཀྱང་བསྟན་ལ་དགེ་བའི་སྙིང་པོ་ཅན། །སྐྱོན་བྲལ་འཚོ་བ་ས་ཧ་ཀ་རའི་ལྗོན། །གྲགས་སྙན་རྐང་འཐུང་འཕྲེང་བས་མངོན་དགའ་བ། །རིང་བརྟན་ཐབས་ཀྱི་དྲ་བ་གཡོ་མེད་ངོས། །ཀེ་ར་ལ་ཡི་ན་ཆུང་ལན་བུ་ལྟར། །ཡང་དག་འབྲེལ་ལ་དོན་ལྡན་དགེ་བའི་འཕྲིན། །མ་བསྐྱུད་མཛའ་བ་བདུད་རྩིའི་རོ་བདའ་བ། །ནམ་ཡང་ཆད་པ་མེད་པའི་དགེ་ལེགས་མཛོད། །ཧར་ཆེན་ཐོ་ཡོན་མཐུ་སྟོབས་ཉི་མ་ལའོ། །


GTD008_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༼ སྡེབ་སྦྱོར་དབང་པོ་རྡོ་རྗེ།༽ ཛྙཱནཻརྦརཱཎཾམཧཏཿ སམུདྲཱཧོནིརྨྨཚཱཡཱམྲྀགདྷརྱནིརྟི། ཏྲཻརྒཧྱབིབྱཱཀྵཡརཏྣཙཱུཌཱལཾཀརྱཔཱུརྞྞིརྣྲྀཥཙཀྲལེཤཿ བླ་མེད་ཡེ་ཤེས་ཆུ་བོའི་གཏེར་ཆེན་ལས། །ངོ་མཚར་སྤྲུལ་བའི་ཟློས་གར་བསིལ་སྦྱིན་མཁན། །མི་ཟད་གསང་གསུམ་འཁོར་ལོའི་ཆ་རྫོགས་པ། །རིག་པ་འཛིན་པའི་གཙུག་རྒྱན་རིན་པོ་ཆེར། །གསལ་བྱེད་ཐོག་མའི་དབྱིབས་ཀྱི་ངོ་མཚར་བརྡས། །ལུང་བསྟན་མེ་ཏོག་དཀར་པོའི་ཕྲེང་འཐོར་བ། །ཨོ་ཌི་ཡ་ན་གཉིས་པའི་བསྟི་གནས་སུ། །འཚོ་གཞེས་གྲུབ་པའི་འཁོར་ལོས་སྒྱུར་བ་གང། །ཀ་དག་རང་གསལ་རིག་པའི་མཁའ་ངོས་ལ། །ལྷུན་གྲུབ་ཞི་ཁྲོའི་འཇའ་སྤྲིན་འོད་ལྔའི་ཀློང། །ལས་བཞིའི་གྲུ་ཆར་འཇོ་བའི་ངོ་མཚར་ཀུན། །རིག་པའི་རྩལ་དུ་རྫོགས་འདི་ཨེ་མ་རྨད། །ཐུབ་དབང་རྡོར་སེམས་ཀུན་ཏུ་བཟང་པོ་ཡི། །ཞལ་ལུང་ཐེག་དགུའི་རྩེ་རྒྱལ་རྫོགས་པ་ཆེ། །མཐོང་བའི་ཆོས་ལ་འོད་སྐུར་གྲོལ་


GTD008_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི། །སྣང་བཞིའི་ལམ་གྱི་བགྲོད་པ་མཐར་སོན་ཏེ། །མདོ་སྒྱུ་སེམས་སྡེའི་བཀའ་དང་ཟབ་མོའི་གཏེར། །དག་སྣང་བརྒྱུད་པའི་མན་ངག་ནོར་བུའི་མཛོད། །སྐལ་ལྡན་ཡོངས་ལ་འདོད་དགུར་བཀྱེ་བ་ཡི། །གྲགས་པའི་དབྱར་རྔ་སྲིད་པའི་ཁོངས་ལས་བརྒལ། །རྒྱལ་ཀུན་སོར་རྟོག་ཡེ་ཤེས་ལི་ཁྲིའི་རྡུལ། །སིན་དྷུའི་རྒྱ་མཚོར་འདབ་བརྒྱའི་རྩེར་སྨིན་པ། །ཛམྦུའི་གླིང་ན་ཆེ་བའི་རིག་སྔགས་འཆང། །པདྨ་ཀཱ་རའི་གདུང་འཚོབ་ཁྱོད་མིན་སུ། །ཀུན་བཟང་གདོད་མའི་གཤིས་སུ་ཀུན་རྫོབ་ཀྱི། །ར་རིས་ཟད་ཀྱང་ཀུན་ཁྱབ་ཐུགས་རྗེའི་འཕྲུལ། །ལྔ་རིག་ཤེས་བྱའི་གནས་ཀུན་མངོན་གྱུར་པས། །གསུང་ཕྲིན་སྙན་དགུར་འཁྲོལ་དེ་ཀུན་དགའི་དཔྱིད། །སྙིགས་མའི་སྦྱིན་བདག་འཁྱོག་པོའི་གནམ་རུ་དང། །འགྲོགས་པས་འཕེན་བཟུང་བརྒྱ་ཡིས་སུན་ཕྱུང་བ། །རྨོངས་པ་དྲང་པོར་སྤྱོད་པའི་ཉག་ཕྲན་བདག །དབེན་གནས་དོང་པའི་ཁྲོད་ན་བདེ་བར་མཆིས། །སླད་ཀྱང་རྩ་གསུམ་ཐུགས་རྗེའི་དགའ་ཚལ་དུ། །ལྷ་སྔགས་ཡེ་ཤེས་རོལ་བའི་དཔག་བསམ་ལྗོན། །བྱིན་རླབས་རྣམ་པ་དང་བཅས་འབྲས་བཟང་གིས། །དུད་པའི་དགའ་སྟོན་སྲིད་ཞིའི་དཔལ་དུ་མཛོད། །སྣང་སྲིད་ཟིལ་གནོན་ཆེ་མཆོག་ཧེ་རུ་ཀར། །བཞེངས་ཏེ་ཡིད་སྲུབ་དཔུང་པ་མཐར་བྱེད་ཅིང། །སྔ་འགྱུར་ཐེག་པ་ངེས་གསང་བསྟན་པའི་བཅུད། །སྤེལ་བའི་ཐུགས་བསྐྱེད་ཆོ་ག་ལྷོད་མེད་ཞུ། །བདེན་ཚིག་སྙན་པར་སྒྲོགས་པའི་རྐང་དྲུག་ཁྱོད། །བདོག་པའི་སྐྱེས་ཀྱི་འདབ་མ་བསྐྱོད་བཞིན་དུ། །མཚོ་སྐྱེས་གཉིས་པ་བརྟུལ་ཞུགས་དབང་པོའི་དྲུང། །བྱིན་རླབས་དྲི་བསུང་ལྡང་བའི་ཚལ་དེར་སོངས། །ཀཿ ཐོག་ནས་དགེ་རྩེ་སྤྲུལ་སྐུས་སྙན་ངག་གི་ལམ་ནས་དྲངས་པའི་འཕྲིན་ཡིག་བྱུང་བའི་ལན་དུ་བསྐུར་བའོ། །༈ དྲུང༌། གངས་


GTD008_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བསྟན་པའི་སྲོལ་འབྱེད་པདྨ་འབྱུང། །དེ་དོན་རྒྱུད་ལ་སྦྱོར་བ་ཨ་ཏི་ཤ །དེ་ལ་འཁྲུལ་བ་སེལ་མཛད་བཙོང་ཁ་པ། །རྣམ་གསུམ་དབྱེར་མེད་ཚད་མའི་ལུང་གིས་གྲུབ། །བློ་བཟང་རྒྱལ་བའི་བསྟན་ལ་དེ་ཉིད་དང། །དབྱེར་མེད་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ཀྱང། །རྣལ་འབྱོར་ཉམས་མྱོང་ཅན་གྱིས་ལེགས་བརྟགས་ན། །ཆོས་ཀུན་དགོངས་པ་གཅིག་ཏུ་འབབ་པར་གསུངས། །འཕགས་ཡུལ་གྲུབ་མཐའ་མང་ཡང་ཀྲི་ཀྲིའི་མདོར། །གསུངས་བཞིན་སྟོན་པའི་དགོངས་པར་མི་འགལ་ན། །གངས་ཅན་གྲུབ་མཐའ་ཐ་དད་ཐུབ་དགོངས་སུ། །འགལ་བར་སྒྲུབ་པ་ཕྱོགས་ལྷུང་གཏམ་དུ་ཟད། །བླ་མ་ལྷ་དང་རང་སེམས་གདོད་མའི་གཤིས། །དབྱེར་མེད་ཀུན་ཏུ་བཟང་པོའི་བདག་ཉིད་ཀྱིས། །རང་སྣང་རིས་མེད་ཀུན་ཏུ་ཁྱབ་པ་ལས། །དགག་སྒྲུབ་སྒོར་ལར་གཅོད་པ་བྱིས་པའི་བློ། །གཉིས་སྣང་འཁྲུལ་བའི་བར་ལག་ཀུན་འགྱེལ་ནས། །སྣང་སྲིད་རྒྱ་ཐེག་ཆོས་ཀྱི་སྐུར་རྫོགས་པས། །ཤུགས་འབྱུང་ལྟ་སྒོམ་སྤྱོད་པའི་རྩལ་འཆང་བ། །རིག་འཛིན་མཁའ་ལྡིང་དབང་པོའི་གོམ་རླབས་ཀྱིས། །ཐུན་མོང་ཐེག་དང་ཐ་སྙད་རིག་པའི་གནས། །རི་བོ་སྟོང་ཕྲག་ཅིག་ཅར་འགོམས་པ་ན། །རྒྱར་ཆད་ཕྱོགས་ལྷུང་མཁས་རློམ་མཆིལ་པའི་ཚོགས། །མུ་ཅོར་སྒྲོགས་པའི་སྙེམས་པ་དབྱིངས་སུ་ཡལ། །དགོངས་པའི་གནད་ལ་སྨོད་པའི་ཆད་མཐའ་དང། །ཀུན་ལ་སྒྲ་བཞིན་ཞེན་པ་རྟག་པའི་མཐའ། །སྤངས་ཏེ་དབུ་མའི་ལམ་གྱིས་གསུང་རབ་ལ། །དྲང་ངེས་འབྱེད་པ་རྒྱལ་བ་ཉིད་ཀྱིས་བསྔགས། །སྣང་དང་སྟོང་པ་གཙོར་འཛིན་སེམས་ཀློང་ལས། །ཁྱད་ཞུགས་ཟུང་དུ་འཇུག་པ་མན་ངག་གིས། །འཁྲུལ་རྟོག་རང་སར་དག་ནས་རིག་སྟོང་གི །ངོ་བོ་གཅེར་མཐོང་ཆོས་སྐུའི་རྒྱལ་ས་ཟིན། །ས་རྙིང་


GTD008_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དགེ་གང་ལའང་རང་རང་གི །ཆོས་རྒྱུན་ཇི་བཞིན་འཛིན་པ་ཉིན་སྐར་དུས། །དྭངས་མ་འོད་སྐུར་གྲོལ་བྱེད་ཁྲེགས་ཆོད་ལམ། །པདྨའི་དགོངས་བཅུད་འཛིན་པ་ཁྱོད་མིན་སུ། །འདི་ན་རྟོགས་པའི་ཟིལ་མངར་མ་མྱོང་ཡང། །ཐུབ་བསྟན་པདྨོ་རྣམ་གྲོལ་ཟེའུ་འབྲུའི་བཅུད། །གཅིག་ཀྱང་གྲུབ་མཐའི་འདབ་འཕྲེང་སྣ་ཚོགས་པར། །དང་བའི་འདྲེན་བྱེད་གཏོད་པའི་ཁུལ་དུ་མཆིས། །སླད་ཀྱང་རྔ་ཡབ་གླིང་པའི་ཐུགས་ཀྱི་བཅུད། །ཐེག་པ་རིམ་དགུའི་རྩེ་རྒྱལ་རྫོགས་པ་ཆེ། །གསེར་སྦྱངས་འཁོར་ལོ་ཆོས་ཚུལ་རབ་འབྱམས་ཀྱི། །རིན་ཆེན་བདུན་ལྡན་ཆོས་ཀྱི་རྒྱལ་སྲིད་སྐྱོངས། །འདིའང་ཀཿ ཐོག་དགེ་རྩེ་སྤྲུལ་བའི་སྐུ་ལའོ། །མཉམ་པའི་པྲྀཏྟ་ཡི་གེ་དགུ་པ་བྲིཧ་ཏི་སྟེ་ཚེ་ལྡན་མ་ལ་ངོ་མཚར་རྟོགས་བྱེད་ཀྱི་དབྱེ་བས་ལྔ་བརྒྱ་བཅུ་གཉིས་ཡོད་པ་ལས་པྲསྟཱར་རེ་ལྔ་པས་མངོན་པར་སྤྲས་པའོ།།༽སྭཱརསྭསྟིདྷརྨདྷནཱརྠཿ མཚོ་བྱུང་ལྷ་མོ་ཆོས་ནོར་དོན། །མོཀྵཤྩཏྭཿ ཤྲིཛྭཱལསེནཿ ཐར་པ་སྡེ་བཞིའི་དཔལ་འབར་བ། །རཱཛྱཿ པཱལསྤཱཏཱིམཧཱབྷྱཿ རྒྱལ་སྲིད་སྐྱོང་བའི་བདག་མོ་ཆེ། །ཛཱཡནྟྱསྶམྨནྟསྱཏཱགྲཿ ཀུན་ལས་རྒྱལ་གྱུར་དེ་ཡི་དྲུང། །


GTD008_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་སྙན་འཕྲིན་གྱིས་རབ་དགའི་མཆོག་སྦྱིན་ཕྱིར། །དབྱངས་ཅན་དགྱེས་པའི་བློ་གྲོས་བདག་གིས་ཀྱང། །དབྱངས་བདུན་རྒྱུད་དུ་འཁྲོལ་བའི་སྙན་ཚིག་འདི། །དབྱངས་ཀྱི་རྒྱལ་མོ་གཉིས་པར་སྐྱེས་སུ་འབུལ། །རྒྱ་ཆེན་ལྷག་བསམ་ཡངས་པའི་གན་མཛོད་ལས། །རླབས་ཆེན་མཛད་བཟང་དགའ་སྟོན་འབུམ་བསྟར་ཏེ། །ས་ཆེན་སྐྱོང་བའི་གྲགས་པ་དབྱར་སྐྱེས་ཀྱི། །རྔ་ཆེན་སྟོང་ཕྲག་ལྡིར་བའི་དབྱངས་དེ་སྙན། །བྱམས་བརྩེའི་སྤྱན་གྱིས་བུ་བཞིན་གཟིགས་པའི་མ། །མ་ག་དྷ་བཟང་གཉིས་པ་ཁྱོད་དྲིན་ལས། །ལས་དང་སྐལ་བར་ལྡན་པའི་མངའ་འབངས་ཀུན། །ཀུན་དགར་སྤྱོད་པའི་ངོ་མཚར་ཨེ་མ་རྨད། །དྲི་ཞིམ་འདབ་སྟོང་རྒྱས་པའི་གེ་ས་ར། །ར་ཡིག་གཉིས་པས་འཁྱུད་པའི་རྩེད་འཇོ་བཞིན། །བཞིན་བཟང་ཕོ་ཉས་བཏེག་པའི་གསུང་འཕྲིན་གྱི། །གྱི་ན་བ་ཡང་རབ་དགའི་ས་ལ་བཀོད། །འདི་ན་ཚང་ལ་མ་ནོར་རྒྱལ་བའི་བསྟན། །འདི་འདྲར་མཇལ་ཚེ་སྙིང་པོ་ལེན་དགོས་ཀྱང། །འདི་སྣང་བྱ་བའི་སྦུན་པ་འཕྱར་བ་བདག །འདི་སྐབས་ཟག་ཕུང་འཚེ་མེད་བདེ་བར་མཆིས། །ཚོགས་བསགས་རྒྱ་ཆེས་མཆོག་གསུམ་བསྙེན་བཀུར་དང། །ཚད་མེད་བྱམས་བརྩེས་ཉམ་ཆུང་འགྲོ་བ་རྣམས། །ཚུལ་བཞིན་སྐྱོང་སོགས་དགེ་བཅུའི་འཁོར་ལོ་ཡིས། །ཚེ་རབས་གཏན་གྱི་འདུན་མའི་རྩ་བ་ཚུགས། །དེ་ལྟའི་ལེགས་བྱས་ཀུན་གྱི་རྟེན་གཅིག་པུ། །དེ་ནི་མི་ཡི་དབང་མོ་ཉིད་ལགས་པས། །དེ་སླད་སྐུ་ཡི་མཐུན་སྒྲུབ་གང་དགོས་པ། །དེ་དེ་བསྙེལ་བ་མེད་པའི་བཀའ་དྲིན་མཛོད། །བདག་འདྲར་བདེ་ཆེན་དབྱིངས་སུ་བརྟན་གཡོ་ཀུན། །ཀུན་དགར་བསྲུང་བའི་ནུས་


GTD008_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བྲལ་ཡང། །ཡང་ཡང་ཡི་དམ་ཆོས་སྲུང་རྒྱ་མཚོ་ལ། །ལ་འུར་གསོལ་འདེབས་འཕྲིན་བཅོལ་ནན་ཏན་བགྱིད། །སླད་ཀྱང་བདག་ཅག་ཡོན་མཆོད་སྔར་རྒྱུན་ལྟར། །ལྟར་ཆགས་འབྲེལ་ཟབ་བསྐྱུད་པ་མེད་པའི་གསུང། །གསུང་འཕྲིན་ཕོ་ཉ་གངྒཱའི་ཆུ་རྒྱུན་ནམ། །ནམ་མཁའི་ལམ་ལ་ཉི་ཟླའི་འགྲོས་བཞིན་མཛོད། །ཟུང་ལྡན་འཕྲིན་གྱི་རྐང་དྲུག་སྒྲ་དོན་འདབ། །ཟུང་དུ་འབྲེལ་ཁྱོད་ལེགས་སྐྱེས་སྦྲང་རྩིའི་བཅུད། །ཟུང་ལ་ཕུན་ཚོགས་དཔལ་འབྱོར་ཆོས་དང་སྲིད། །ཟུང་འཇུག་རྒྱལ་ཁབ་ཀུན་དགའི་ཚལ་དེར་སོངས། །༼ ཡི་གེ་དགུ་པ་བྲྀ་ཧ་ཏཱི་ལ་ལྔ་བརྒྱ་བཅུ་གཉིས་ཡོད་པ་ལས་པྲསྟཱ་ར་ཉེར་དྲུག་པས་ཉེ་བར་བཅིངས་པའོ།།༽ བིནཱཡཿ མུནིཔཱུརྞོབུདྡྷཿ རྣམ་འདྲེན་སྟོན་པ་རྫོགས་སང༷ས་རྒྱ༷ས། །བིཤུདྡྷཏྲིཡནསྶཾདྷརྨཿ རྣམ་དག་ཐེག་གསུམ་ད༷མ་པའི་ཆོ༷ས། །བིཙརྻྻསྱབཧུསྶཾངྒྷབྷྱཿ རྣམ་མང་འཕགས་པའི་དགེ༷་འདུ༷ན་གྱིས། །བིསམྨནྟཤུབྷཱནཱཔཱལཿ རྣམ་པ་ཀུན་ཏུ་ཤིས་པས་སྐྱོངས། །


GTD008_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བསོ༷ད་ན༷མས་ཆ་ཤས་ཡོངས་གང་ཆུ་ཤེལ་དབང། །དབ༷ང་འབྱོར་གྲགས་པའི་འོད་དཀར་འབུམ་སྤྲོ་ཞིང། །ཞིང་ཁམས་སྡེ་དང་བཅས་པའི་དཔལ་འབྱོར་ས། །ས་མོ༷ས་གཉེན་གཅིག་གྱུར་པ་དེ་ཡི་དྲུང། །ཆོས་སྲིད་ཟུང་དུ་འཇུག་པའི་མཁྱེན་ཀློང་ནས། །སྒྲ་དོན་ཟུང་འཇུག་རྒྱན་གྱི་ནོར་བུའི་འཕྲེང། །ཕོ་ཉ་ཟུང་གིས་ལེགས་པར་སྤྲད་པ་བཞིན། །ངོ་མཚར་ཟུང་ལྡན་སྐྱེས་ཀྱི་གདབ་ལན་འབུལ། །དགེ་ཚོགས་བྱེ་བའི་ཆུ་གཏེར་ལས་འཁྲུངས་ཤིང། །དགེ་མཚན་ཆ་ཤས་ཡོངས་གང་མཛེས་སྐུའི་ཟླ། །དགེ་བཅུའི་ཁྲིམས་ཀྱི་འོད་དཀར་སྤྲོ་བ་ཡིས། །དགེ་ལེགས་ཀུནྡའི་དགའ་ཚལ་ཅིག་ཅར་འབྱེད། །ཐ་ཤལ་སྙིགས་མའི་དུས་འདིར་བདག་འདྲ་ཡང། །ཐུབ་བསྟན་ཀཻ་ལ་ཤ་རིའི་རྩེ་མོ་ན། །ཐེག་གསུམ་ཆོས་ཀྱི་རལ་བ་གསིག་པ་ཡིས། །ཐར་འདོད་རི་དྭགས་སྐྱོང་བར་རློམ་ཞིང་མཆིས། །རྒྱལ་དང་བླ་མ་ལྷ་ལ་དད་པ་བརྟན། །རྒྱལ་བསྟན་རྒྱས་སླད་རྣམ་དག་ལྷག་བསམ་འཆང། །རྒྱལ་ཁམས་མཐའ་དག་མ་ལྟར་བསྐྱང་བྱས་ན། །རྒྱལ་ཐབས་བྱ་བ་གང་བརྩམས་ལག་ན་གནས། །ཡི་དམ་དམ་ཅན་རྒྱ་མཚོའི་བསྐང་འཕྲིན་དང། །ཚེ་སྒྲུབ་སྒྲུབ་མཆོད་ལ་སོགས་སྲུང་བའི་རིགས། །སྣ་ཚོགས་ཚོགས་བསགས་རྒྱ་ཆེན་བཅས་བསྒྲུབས་ན། །མྱུར་བར་བར་ཆད་གཡུལ་ལས་རྒྱལ་བར་འགྱུར། །སྐུ་ཚེ་ཚེ་མཐའ་ཡས་པས་བྱིན་རློབས་ཤིང། །བསོད་ནམས་ནམ་མཁའི་ཁྱོན་ལྟར་རྒྱ་ཆེ་ལ། །སྙན་གྲགས་གྲགས་པའི་མུ་ཁྱུད་ལྟར་མཐོ་བའི། །སྨོན་ལམ་ལམ་གསུམ་འབབ་པའི་རྒྱུན་བཞིན་བྱེད། །འཕྲིན་ཡིག་པད་མཚོར་བུང་བའི་སྤྱན། །སྤྱན་ཟུར་མངོན་པར་རོལ་བའི་རྟེན། །རྟེན་འབྲེལ་ལེགས་སྐྱེས་དང་བཅས་པ། །པ་སངས་ལྟར་དཀར་ཡིད་ཀྱིས་ཕུལ། །


GTD008_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཨེཀཤལཤྲདྡྷཤྴཱསནཤིརཿ དྷནྡྷཾ། རྩེ་གཅིག་དད་པས་རྒྱལ་བསྟན་སྤྱི་བོར་བཅིངས། །དྭིགུམྥཛྙཱེནོདརསིམདཱསཔཱལཿ ལུགས་གཉིས་མཁྱེན་པས་ཡངས་པའི་ཆབ་སྲིད་སྐྱོངས། །ཏྲིམུཁབིཤྭེཏཀརྨདཱཔྲབཎཡཿ སྒོ་གསུམ་རྣམ་དཀར་ལས་ལ་རབ་གཞོལ་བ། །ཙཏུརྶེནཤིཡཱཨུཙྪསཏསྱམཱུལཿ སྡེ་བཞིའི་དཔལ་གྱིས་མཐོ་བ་དེ་ཡི་དྲུང། །སྐྱེ་བ་ལྔ་པའི་དབྱངས་སྙན་ཆོས་ཀྱི་སྒྲས། །འགྲོ་དྲུག་རྨོངས་པའི་གཉིད་ལས་སློང་བྱེད་པ། །ལྷ་ཆོས་བདུན་ལྡན་བསྟན་པའི་སྒོར་ཞུགས་ཀྱང། །ཆོས་བརྒྱད་ཁོལ་པོར་གྱུར་དེས་འཕྲིན་འདི་གསོལ། །དགེ་ཚོགས་བྱེད་པོའི་རི་མོ་ཡོངས་སྨིན་ལས། །དགེ་ལེགས་ཚོན་བརྒྱ་འབར་བའི་གཟི་བྱིན་ཅན། །དགེ་དབང་གཉིས་པ་ནོར་འཛིན་ཐིག་ལེ་ཁྱོད། །དགེ་མཚན་ལྷ་དབང་དཔལ་ལ་འགྲན་པ་ནས། །སྙན་ཚིག་དྲི་བསུང་མངར་བའི་མཚོ་ལས་སྐྱེས། །སྐྱེས་བཟང་སྦྲང་རྩིའི་བཅུད་ཀྱིས་ཡོངས་བཟུང་བ། །བ་མོའི་མདངས་


GTD008_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དར་གྱིས་ཐོག་དྲངས་ཏེ། །ཏེ་པོར་སོན་པས་ཡིད་ནི་དགའ་བདེས་སིམ། །འདི་ན་ན་ཚོད་ཡོལ་བའི་དགེ་སྦྱོང་བདག །ཆོས་ཚུལ་ཚུལ་བཞིན་སྒྲུབ་པར་མ་ནུས་ཀྱང། །གསུང་རབ་རབ་འབྱམས་ཐོས་པའི་སྒྲ་ཙམ་ལ། །དགའ་བས་བས་མཐར་དེ་དོན་སེམས་ཤིང་མཆིས། །ཆབ་སྲིད་ཡངས་པའི་ཁ་ལོ་སྒྱུར་བ་ལ། །ཆོས་སྲིད་ཟུང་དུ་འཇུག་པའི་མཁྱེན་པ་དང། །ཆེ་ཆུང་ཀུན་ལ་སྨན་པའི་ལྷག་བསམ་གཉིས། །ཆིག་དྲིལ་བྱེད་པ་ཕན་བདེའི་རྩ་བ་ཡིན། །དེ་སླད་སྐུ་ཡི་མཐུན་སྒྲུབ་མི་གཡེལ་ཞིང། །ཞིང་ཁམས་བདེ་བར་སྐྱོང་བའི་མཛད་ཁྱབ་དང། །དང་བའི་ཡིད་ཀྱིས་བསྟན་པའི་སྲི་ཞུ་ཀུན། །ཀུན་ནས་འགྲན་པ་བཞིན་དུ་འཕེལ་བར་མཛོད། །སླད་ཀྱང་བརྗེད་ངས་དྲི་མ་འཁྲུད་པའི་སླད། །དག་བྱེད་བདུད་རྩི་ལྟ་བུའི་གསུང་འཕྲིན་དག །ཡང་ཡང་ཆད་པ་མེད་པར་སྩོལ་བ་ཡང། །རྗེས་སུ་དགོངས་པར་མཛོད་ཅིག་མི་ཡི་རྗེ། །ལེགས་བཤད་དབྱངས་སྙན་སྒྲོགས་པའི་ཁུ་བྱུག་ཁྱོད། །ལེགས་སྐྱེས་ལུས་འདེགས་བསྐྱོད་པའི་གར་དང་བཅས། །ལེགས་ཚོགས་སྒོ་བརྒྱ་ཕྱེ་བའི་མདུན་ས་ཆེར། །ལེགས་བྱས་རྟེན་འབྲེལ་བསྒྲིགས་པའི་ཆེད་དུ་དེངས། །ཆབ་ཤོག་འདི་གསུམ་སོ་མང་རྒྱལ་མོ་བསོད་ནམས་སྒྲོལ་མ། རྒྱལ་བུ་ནོར་བུ་ནམ་མཁའ་བསྟན་འཛིན། སྲས་མོ་བསོད་ནམས་དབང་མོ་གསུམ་ནས་ཟུང་ལྡན་གཙོ་བོར་བྱས་པ་ལྟ་བུའི་སྙན་ཚིག་གི་ཞུ་ཤོག་ཙྪནྡས་སྤྲས་པ་བྱུང་བའི་ལན་ལ་འཕྲལ་དུ་གནང་བའོ། །༈ རྨད་བྱུང་ཐུགས་བསྐྱེད་གདོང་ལྔ་འབར་བའི་རྩལ། །རླབས་ཆེན་འཁོར་ལོ་གསུམ་དུ་བཞད་པའི་བྱིན། །རྒྱལ་བསྟན་ཀཻ་ལ་ཤ་ཡི་དཔལ་


GTD008_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །མཆོག་སྤྲུལ་སྨྲ་བའི་སེང་གེ་དམ་པའི་དྲུང། །རྣ་བའི་སྒོ་ལ་ཐོས་པའི་ལམ་བྱང་ཡང། །དོན་གྱི་ཟིལ་མངར་སྙིང་ལ་མ་སིམ་པས། །ན་ཚོད་གྱི་ནར་ཡོལ་བའི་རྒན་པོ་ཡང། །སྡེབ་ལེགས་འཕྲིན་གྱི་སྐྱེས་ལན་འབུལ་ལ་སྤྲོ། །གཟུ༷གས་སྐུ་མཚ༷ན་དཔེའི་ལང་ཚོ་ལྟ་ན་སྡུག །ལེགས་གསུང་སྙན་སྒྲོ༷གས་བདུད་རྩི་རྣ་བའི་བཅུད། །ཐར་འདོད་ས་མཁ༷ན་མཁྱེན་བརྩེའི་རང་བཞིན་ཐུགས། །འཕྲིན་ལས་རྒྱ་ཆེ༷ན་ནམ་མཁའི་མཐའ་ལ་སྤྱོད། །མཁས་བཙུན་བཟང་པོའི་ཡོན་ཏན་ཀུན་དགའ་བསུང། །ལྷན་ཅིག་སྐྱེས་པ་ཧ་རི་ཙནྡན་ལྗོན། །སྲིད་ན་བདོ་བའི་ཚ་གདུངས་སྙིགས་མ་ལྔ། །བཅིལ་བའི་ཆོ་ག་རྫོགས་ལ་རྗེས་ཡི་རང། །སླད་ཀྱང་བསྟན་འགྲོའི་དགེ་མཚན་ལྷ་ལམ་ངོས། །འཕེལ་བ་རྩོམ་པ་ཚེས་ཀྱི་ཟླ་བ་བཞིན། །བཤད་སྒྲུབ་དཀྱིལ་འཁོར་རྫོགས་ལ་མངོན་ཕྱོགས་པར། །རེ་བའི་ཡིད་ཀྱི་ཀུནྡ་འཛུམ་ཞིང་མཆིས། །རང་དོན་སྤངས་རྟོགས་ནོར་བུས་ཡོངས་གཏམས་ཤིང། །གཞན་ཕན་འཕྲིན་ལས་རླབས་ཀྱི་འཁྲི་ཤིང་ཅན། །དགེ་ལེགས་ཆུ་གཏེར་གཏིང་མཐའ་བྲལ་བའི་ངོགས། །སྲུང་བ་ཁོར་ཡུག་རི་བོའི་རྟེན་ཡང་འཚལ། །དབྱངས་ཅན་ངག་གི་ལོངས་སྤྱོད་གྲོལ་བ་ལས། །སྒྲ་དོན་ཉམས་དང་འགྱུར་བའི་འཇོ་སྒེག་ཅན། །མཛའ་གཅུགས་འཛུམ་དཀར་འཕྲོ་བའི་མཻ་ན་ཀས། །སྙིང་ལ་མངོན་དགའི་མཆོག་སྦྱིན་ཡང་ཡང་སྩོལ། །ཞུ་འཕྲིན་པཎྜ་རི་ཀའི་རྩེར། །སྤྱན་རས་བུང་བ་རོལ་པའི་རྟེན། །དར་གྱི་གེ་སར་ལྡེམ་པ་ལ། །རྒྱ་ཡི་ཟེའུ་འབྲུས་སྤྲས་ཏེ་ཕུལ། །༈ འཇ༷མ་དབྱ༷ངས་མཁྱེན་པ་མེ་ཤེལ་དག་པའི་ཁམས། །ཐུ༷བ་བསྟ༷ན་འདབ་བརྒྱ་འབྱེད་པའི་ལེགས་བཤད་ཀྱི། །ཉི༷་མ༷་


GTD008_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་འོད་ཀྱི་གདེངས་ཀ་ཅན། །ཐར་འདོད་འགྲོ་བའི་མིག་གཅིག་དེ་ཡི་དྲུང། །གསལ་རིག་སེམས་ཀྱི་ལང་ཚོ་དཀོར་གྱིས་བསྒྲིབས། །ཤ་ཁྲག་ལུས་ཀྱི་ལང་ཚོ་རྒ་བས་བཅོམ། །ཅི་ཡང་མ་ནུས་ཆོས་རྫུའི་མཁར་བ་ལ། །འཆེལ་བའི་དྲང་སྲོང་རྫུན་མས་མཆིད་འདི་གསོལ། །མཁས་བཙུན་བཟང་པོའི་དཀྱིལ་འཁོར་ཡོངས་སུ་རྫོགས། །འཆད་རྩོད་རྩོམ་པའི་རི་དྭགས་མཚན་མ་ཅན། །རྒྱལ་བསྟན་ཆུ་གཏེར་སྤེལ་བའི་གཉེན་མཆོག་ཁྱོད། །སྐལ་བཟང་བསོད་ནམས་ཤར་རིའི་ཕྲག་ན་མཛེས། །རི༷གས་ལྡན་རི༷གས་ལས་པདྨ་དཀར་པོ་ནི། །དུ༷ས་མཐར་དུ༷ས་ཀྱི་འཁོར་ལོའི་བཤད་སྒྲུབ་བསྟན། །འཛི༷ན་སླད་འཛི༷ན་མའི་ཁྱོན་འདིར་གཤེགས་པ་བཞིན། །གས༷ང་ཆེན་གས༷ང་མཛོད་ཕྱེ་བའི་གཏམ་དེ་སྙན། །ཞབས་སེན་བྱིན་རླབས་དོག་པ་ཐར་འདོད་རལ་པའི་གེ་སར་ལ་འགོད་དམ། །བསོད་ནམས་སྦྲང་རྩིའི་སྙིང་པོ་བདུད་རྩིས་པདྨ་སོམ་ཉིས་འདར་བ་བསྟེན། །ཇི་ལྟར་ནའང་དཔལ་འབྱོར་དགའ་ཚལ་ཆོས་ཀྱི་སྣང་གླུས་ཁོལ་བ་ཡིས། །དོན་གཉིས་ལྷུན་གྲུབ་རྫོགས་ལྡན་དཔྱིད་ཀྱི་དགའ་སྟོན་རབ་རྒྱས་ཨེ་མ་རྨད། །འདི་ན་གཙུག་ནོར་ཆུ་ལྷའི་སྤྱི་བོར་འཕོས། །སྙིང་གའི་དོ་ཤལ་ཤར་ཕྱོགས་དབང་པོས་ཕྲོགས། །རྒན་པོ་མྱ་ངམ་ཐང་ན་དགྲས་བཅོམ་བཞིན། །རྩི་ཤིང་མང་པོས་བསྐོར་ཡང་གཅིག་པུར་སྐྱོ། །ཁྱོད་སྐུའི་སྣང་བ་ཡིད་ལ་རྟག་འགོད་དང། །ཡུལ་གྱིས་བསྐལ་བས་རེ་ཞིག་ཐབས་ཀྱིས་དབེན། །འོན་ཀྱང་བགྲང་བྱ་བཞི་ཡི་གོང་མ་རུ། །མ་བྱིན་མཇལ་བའི་འདུན་པ་སྙིང་ལ་གཅག །དེ་ཚེ་གསུང་འཕྲིན་ཉམས་འགྱུར་རྩལ་རྫོགས་པའི། །གཞོན་ནུ་ལྷ་རྫས་ཅོད་པན་འཕྱང་


GTD008_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཅན། །ཚུར་མུས་རྒྱགས་ཤིང་མཛའ་བས་དུད་པ་ཡིས། །ཡིད་ཀྱི་ན་ཆུང་དགའ་སྐྱོའི་སྤུ་ལོང་གཡོ། །སླད་ཀྱང་འཇམ་མགོན་རིང་ལུགས་ནོར་བུའི་དཔྱ། །འདྲེན་བཟོད་གཟུགས་སྐུ་གསེར་གྱི་ཤིང་རྟ་ཆེ། །འཁོར་ལོ་བཞི་ལྡན་ཐབས་ཀྱིས་རོལ་པ་ཡིས། །བྱང་ཕྱོགས་སྐྱེ་འགྲོའི་དགེ་ལམ་ཡངས་པོར་མཛོད། །རྨད་བྱུང་ལྷག་བསམ་ནོར་བུས་ཡོངས་གཏམས་པ། །ལྷུན་གྲུབ་འཕྲིན་ལས་ཆུ་བོ་རྣམ་བཞིའི་མཛོད། །གཞན་ཕན་རླབས་ཕྲེང་ཕྱོགས་ཀྱི་མཐར་སྤྲོ་ཡང། །སྲུང་བ་ཁོར་ཡུག་རི་བོས་བསྐོར་བ་གཅེས། །དགེ་སྦྱོང་ཆེན་པོའི་ཆ་ལུགས་ཞི་དུལ་སྤྱོད། །མཐོང་དགུའི་རྒྱུད་ལ་ཐར་བའི་ས་བོན་སྐྲུན། །དོན་ལྡན་འཚམ་པའི་གསུང་དབྱངས་ཆོས་ཀྱི་སྒྲས། །སྐལ་བཟང་གདུལ་བྱའི་རྣ་བ་བདུད་རྩིར་སྒྲུབ། །འཕྲལ་གྱི་རྙེད་བཀུར་སྒྱུ་མའི་བསླུ་བྲིད་ངོར། །ལྷན་སྐྱེས་དམ་པའི་རང་བཞིན་མི་འདོར་ཞིང། །མི་མང་ཅལ་སྒྲོགས་རླུང་གིས་མི་གཡོ་འདི། །གཏན་འདུན་བཞེད་པའི་དམ་བཅའ་བརྟན་པོར་མཛོད། །ཚིགས་བཅད་མི་སྙོམས་འཐེང་རྐང་ཅན། །སྐྱོན་ཡོན་ཉེའུ་འཛིན་ལ་བརྩོན། །ཞུ་འཕྲིན་ཆུ་སྐྱར་ཕྲུ་གུ་ཁྱོད། །རབ་དཀར་ལྷ་རྫས་མགྲིན་བསྲིངས་ཏེ། །སོངས་དང་དཔལ་འབྱོར་ཚང་ཚིང་ན། །ནགས་ཀྱི་བྱ་ཚོགས་ཆེས་མང་ཡང། །མཚོ་འདིའི་ངང་བའི་རྒྱལ་པོ་ཞིག །གཅིག་པུར་བཞུགས་པའི་སྐྱོ་གྲོགས་ཞུས། །༈ ཕུལ་བྱུང་ཡོན་ཏན་དཀྱིལ་འཁོར་རྫོགས་པ་ཡི། །བསིལ་ཟེར་ཕྲེང་བ་བསྟན་འགྲོའི་དགེ་ལེགས་ཀྱི། །ཨུཏྤལ་དཀར་པོའི་སྐྱེད་ཚལ་མཛེས་པའི་དཔྱིད། །གང་གི་ཞབས་སེན་འོད་ཀྱིས་རེག་པ་དེར། །རྒུད་པའི་ཁ་གདངས་དུས་ཀྱི་ནོར་སྐྱོང་གིས། །བདས་ཏེ་སྔོན་བྱོན་དམ་པའི་ཁྲིར་འགོམ་ཡང། །རྙེད་པས་གདུངས་


GTD008_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ་མིག་ཐུར་དུ་ཕྱོགས། །སྐལ་དམན་ད་རི་དྲ་ཡི་ཞུ་འཕྲིན་ནི། །དཔལ་འབྱོར་ཏི་སེའི་གངས་རི་ལ་གནས་ཤིང། །ནག་ཕྱོགས་བདུད་སྡེ་བསྲེག་པའི་གཟི་བྱིན་འབར། །འཛམ་གླིང་སྐྱོང་བ་མི་ཡི་དབང་ཕྱུག་གི །ཟུར་ཕུད་རྩེ་མོར་མཛེས་པ་ཀུན་དའི་གཉེན། །དགེ་ལྡན་རིང་ལུགས་ཛམ་བུ་ན་ད་ཡི། །འོད་ཕྲེང་དྲེགས་པའི་རོལ་པ་ལྷ་ཡི་རྔ། །ཟབ་གསང་ཡན་ལག་རྫོགས་པའི་སྒྲ་དབྱངས་ཀྱིས། །སྒྲིབ་པའི་གཡུལ་ངོ་བཅོམ་པའི་ང་རོ་མཐོ། །འདི་ན་ཐུན་གསུམ་སྨག་གི་ཀློང། །གནོད་པའི་བུ་ཡུག་འཚུབ་པ་ཡི། །སྡེ་ཆེན་མར་མེའི་སྡོང་བུ་ལ། །སྦྲང་བུ་མཛའ་བས་འཁྱུད་ཅིང་མཆིས། །ཡབ་རྗེའི་མཆོག་སྤྲུལ་དམ་པའི་འཕྲིན་ལས་ལ། །སྨན་པའི་གྲུ་ཆར་རེ་བའི་མདོངས་མཐའ་མ། །གང་གི་ཐུགས་རྗེའི་སྤྲིན་ལ་མིག་གཏོད་ན། །དབུགས་དབྱུང་དབྱར་རྔའི་གདངས་སྙན་གསང་མཐོར་སྒྲོགས། །ལེགས་བྱས་འོད་ཀྱི་འཁྲི་ཤིང་དྲ་བ་ཅན། །གཟུགས་སྐུའི་ཉི་མ་རྟག་པའི་རང་བཞིན་ལས། །བྱིན་རླབས་དྲོད་དུ་འབར་བའི་བཀའ་ཡིག་གི །འོད་ཡངས་རྩེ་དགས་རོལ་པའི་བཀའ་དྲིན་ཞུ། །འདེགས་མཚོན་ལྷ་དར། འཕྲུག་རྒུན་འབྲུམ་མདོག་བཅས་ཟླ་ཚེས་དགེ་བར་ཕུལ། ཅེས་པ་སྟོང་སྐོར་སྤྲུལ་བའི་སྐུ་ལ་ཕུལ་བའོ། །༈ འཇ༷མ་དབྱ༷ངས་མཁྱེན་རབ་རྒྱ་མཚོའི་འཇིངས་ལས་བལྟམས། །ཐུབ༷་བསྟན༷་ལྷ་ལམ་མཛེས་པའི་རྒྱན་དུ་གྱུར། །ཉི༷་མ༷་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ལུས་ཅན་ཕན་བདེའི་རྩ་ལག་མཆོག་གི་དྲུང། །དཀོན་མཆོག་ཐུགས་རྗེས་དལ་འབྱོར་རྟེན་བཟང་ཐོབ། །བསྟན་པའི་སྒོར་ཞུགས་ཐོས་པའི་གྲངས་བསགས་ཀྱང། །སྒྲོན་མེ་རླུང་གིས་བསྐྱོད་ལྟར་གཡེང་བ་ཡི། །དགེ་


GTD008_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་རྒན་པོས་རིང་ནས་མཆིད་འདི་གསོལ། །ཨ་དོན་སྐྱེ་མེད་དབྱིངས་སུ་བཅིང་གྲོལ་ཀུན། །རོ་མཉམ་ཉིད་གཟིགས་དམིགས་མེད་སྙིང་རྗེ་ཡིས། །ཧོར་སོག་ཡུལ་གྱི་འགྲོ་ཀུན་ཕན་བདེའི་དཔལ། །ཆེན་པོར་འགོད་བཞིན་བདེ་བར་བཞུགས་ལགས་སམ། །བསྐལ་པ་བྱེ་བ་ཕྲག་བརྒྱར་གོམས་པ་ཡི། །བཟང་པོའི་ཐུགས་བསྐྱེད་དུས་སུ་སྨིན་པ་ལས། །སངས་རྒྱས་བསྟན་པ་སྤེལ་བའི་རྟེན་འབྲེལ་སྒོ། །སྟོང་ཕྲག་ཅིག་ཅར་འབྱེད་བཞིན་བཞུགས་ལགས་སམ། །བཀྲ་ཤིས་དགེ་མཚན་རི་མོ་གཡས་ཕྱོགས་སུ། །འཁྱིལ་བའི་ཆོས་དུང་སྒྲ་སྙན་ཛམ་བུ་ཡི། །གླིང་འདིར་ཁྱབ་པར་སྒྲོགས་སླད་ཕྱོགས་ཀུན་ཏུ། །བྱོན་ནས་གཞན་ཕན་འཕྲིན་ལས་སྤེལ་ལགས་སམ། །འདི་ཕྱིར་ཕན་པའི་དོན་ཆེན་མ་གྲུབ་པར། །ན་ཚོད་ཡོལ་བའི་དགེ་སྦྱོང་རྒན་པོ་ཡང༌། །འཚོ་བ་བདེ་ཞིང་ལུས་ངག་མི་དལ་བ། །ཙམ་གྱི་དགེ་སྦྱོང་འབད་བློའི་ཁུལ་དུ་མཆིས། །སླད་ཀྱང་ཞབས་པད་ཡུན་དུ་བརྟན་པ་ཡི། །ཐབས་ཚུལ་ཐུགས་བསྐྱེད་གོ་ཆ་མི་ལྷོད་ཅིང༌། །གོང་གི་གོང་དུ་གསོལ་བའི་དགོས་དོན་གསུམ། །གཙོ་བོར་ཐུགས་ལ་ཞེན་པའི་བཀའ་དྲིན་མཛོད། །༈ དལ་འབྱོར་རྟེན་གྱི་དཔག་བསམ་ཡོངས་འདུའི་ལྗོན། །དམ་ཆོས་ཚུལ་བཞིན་སྒྲུབ་པའི་ཡལ་འདབ་རྒྱས། །དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་བཟང་གིས། །དུད་པའི་ཐུབ་བསྟན་དགའ་ཚལ་མཛེས་བྱེད་གང༌། །རྙོག་བྲལ་ངེས་འབྱུང་སེམས་ཀྱི་རྫིང་བུ་ལས། །ཉེར་འཁྲུངས་ཚུལ་ཁྲིམས་པདྨ་དཀར་པོའི་ཚལ། །བཤད་སྒྲུབ་སྦྲང་རྩིའི་བཅུད་ཀྱིས་གཏམས་པ་ནི། །ཐར་འདོད་རྐང་དྲུག་ཉེར་འཚོའི་དཔྱིད་དུ་ཆེ། །ཁྱད་པར་རྒྱལ་བའི་གསུང་རབ་སྒོ་བརྒྱའི་


GTD008_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས། །ཉམས་མྱོང་ཐུར་མས་ནང་ནས་བྱེ་བ་ཡིས། །ལེགས་བཤད་གཏན་པ་མེད་པའི་མཆོད་སྦྱིན་གྱིས། །རྫོགས་ལྡན་མགྲོན་དུ་གཉེར་ལ་རྗེས་ཡི་རང༌། །འདི་ན་ལྷག་བསམ་དཀར་བའི་དམ་བཅའ་ཡི། །ཤིང་བལ་དགེ་བའི་འདབ་མ་ལ་ཆགས་ཀྱང༌། །གྲགས་སྐམ་བསེར་བུས་བརྟན་པ་འཕྲོག་པ་ཡིས། །རྩེ་གཅིག་གཏད་སོ་བྲལ་བའི་ངང་དུ་མཆིས། །སླད་ཀྱང་ཆོས་བརྒྱད་ཤུན་པས་མ་གོས་པའི། །ཉམས་མྱོང་འབྲས་བུས་ཐུགས་ཀྱི་མཛོད་བཀང་ཞིང༌། །ཞར་བྱུང་འཆད་སྤེལ་བྱ་བའི་འཁོར་ལོ་ཡིས། །བསྟན་ལ་རི་མོར་བགྱིད་པ་སྔར་བཞིན་འཚལ། །ཁྱད་པར་དོན་གཉིས་ཕན་བདེའི་ལེགས་ཚོགས་ཀྱི། །རྩ་བ་གཟུགས་སྐུའི་མཐུན་སྒྲུབ་མི་གཡེལ་ཞིང༌། །གཞིག་བྲལ་སྲུང་བ་རྡོ་རྗེའི་རྣལ་འབྱོར་གྱི། །གོ་ཆ་ནམ་ཡང་ལྷོད་པ་མེད་པར་མཛོད། །ཀུན་མཁྱེན་བླ་མའི་འཕྲིན་ལས་ཕྱོགས་ཀྱི་མཐར། །སྤེལ་བའི་ལྷག་བསམ་གྲུབ་པའི་སྐྱེས་བུ་ཁྱོད། །རྣམ་དཀར་བཞེད་དགོངས་འགྲུབ་ཕྱིར་བདག་གིས་ཀྱང༌། །མཆོག་གསུམ་རྒྱ་མཚོར་གསོལ་འདེབས་སྙིང་ནས་བགྱིད། །འདི་ནི་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཆེན་པོ་གུ་ཤྲི་ཚེ་འཕེལ་ལ་གནང་བའོ། །༈ ཐུབ་བསྟན་སྣང་བའི་དཔལ་ཡོན་ཅན། །རྣམ་དཔྱོད་ནོར་བུའི་གདེངས་ཀ་ཡིས། །མངོན་མཐོ་སྤོབས་པའི་གཙུག་མཛེས་པ། །མཆོག་སྤྲུལ་གདེངས་ཅན་དབང་པོའི་དྲུང༌། །མང་ཐོས་འཛིན་མའི་ཁྱོན་ཉུལ་ཡང༌། །མྱོང་བས་དབུལ་བའི་དཱ་རི་དྲ། །སྙན་ཚིག་མགྲིན་པའི་རྒྱང་གླུ་མཁན། །དགེ་སྦྱོང་རྒན་པོས་མཆིད་འདི་གསོལ། །བཤེས་གཉེན་ཉིན་མོའི་མགོན་གྱིས་བཟུང། །བཟང་པོའི་བག་ཆགས་འདབ་བརྒྱ་གྲོལ། །དམ་པའི་རང་རྟགས་དྲི་བཟང་


GTD008_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །སྐྱེས་མཆོག་པདྨ་དཀར་པོ་ཁྱོད། །ཆོས་འདུལ་སྤྱོད་པས་ཀུན་ཏུ་གཙང༌། །རིམ་གཉིས་རྣལ་འབྱོར་སྦྲང་རྩིས་གཏམས། །སྐལ་བཟང་བུང་བའི་ཉེར་འཚོ་སྟེ། །ཐུབ་བསྟན་དགའ་ཚལ་རྒྱན་དུ་གྱུར། །དབྱངས་ཅན་ངག་གི་རོལ་མཚོ་ལས། །འཕོས་པའི་འཕྲིན་ཡིག་ངང་མོ་དཀར། །དར་གྱི་སྤུ་སྡུག་བཀྲ་བ་ཡིས། །དཔྱིད་ཀྱི་དགའ་བ་མཚོན་པས་སྤྲོ། །སླད་ཀྱང་ཐོས་པའི་རྒྱ་མཚོ་ཆུས་མི་ངོམས། །རྣམ་དག་ཁྲིམས་ཀྱི་ཤེལ་ལ་དྲི་མ་མིན། །བསྟན་འགྲོ་ལྷག་བསམ་ཁུར་དུ་མི་འབྲལ་བ། །སྔོན་རབས་དམ་པའི་རྣམ་ཐར་རང་གར་མཛོད། །དེ་སྐད་མགྲིན་པ་རི་བོའི་ཟོམ། །ལས་འོངས་འཕྲིན་གྱི་ཆུ་རླབས་འཕྲེང༌། །བསྐྱུད་པའི་དྲི་མ་སྦྱོང་བྱེད་དེ། །སིམ་པའི་མཆོད་ཡོན་ཉིད་དུ་སྤྲོས། །རྟེན་བཅས་ཚེས་དགེ་བ་ལ། །༈ བཀྲ་ཤིས་དགེ་མཚན་སྭ་སྟིའི་སྒྲར་དྲངས་པའི། །སྙན་བརྗིད་ལྷ་ཡི་རོལ་མོ་འབུམ་དང་བཅས། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མཐའ་དག་གིས། །བྱིན་རླབས་ཨ་བྷི་ཥིཉྩའི་ཆབ་སྦྲེངས་ཏེ། །མངའ་ཐང་རྩིབས་སྟོང་རྫོགས་པ་གསེར་སྦྱང་གི །འཁོར་ལོ་འདོད་དགུར་སྒྱུར་བའི་བྱེད་པོ་རུ། །མཐོན་མཐིང་ནམ་མཁའི་དབྱིངས་ནས་དབང་བསྐུར་བ། །མི་རྗེ་ལྷ་ཡི་རྒྱལ་པོ་མཆོག་གི་དྲུང། །ཚུལ་ཁྲིམས་དུ་ཀཱུ་ལ་ཡི་རས་དཀར་འཆང༌། །གཞུང་མང་ཐོས་པའི་བཟླས་བརྗོད་མཐར་སོན་ཅིང༌། །སྙན་ཚིག་རིལ་བའི་མཆོད་ཡོན་འགྱེད་མཁས་པ། །དྲང་སྲོང་རྒན་པོས་ཤིས་བརྗོད་འཕྲིན་འདི་གསོལ། །སྔོན་བསགས་བསོད་ནམས་མ་སྨད་ཡོངས་འདུའི་ཁམས། །མཐོ་རིས་ཡོན་ཏན་ཡལ་གའི་ཕྱོགས་རྫོགས་པ། །དཔག་བསམ་དབང་པོར་གྲུབ་པའི་དགེ་མཚན་གྱིས། །རྒྱལ་སྲིད་


GTD008_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་དོ་ར་མཛེས་གྱུར་ཅིག །ཚེ་དང་ཡེ་ཤེས་འོད་ཀྱི་གདེངས་ཀ་ཡིས། །འཆི་བདག་དཔུང་བའི་ཀ་བ་མཐར་བྱེད་པ། །བདེ་ལྡན་མགོན་སོགས་ཚེ་ཡི་ལྷ་རྣམས་ཀྱིས། །མི་ཤིགས་རྡོ་རྗེའི་སྲོག་གི་ཀ་བ་ཚུགས། །ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་གྲོལ་བ། །ནོར་སྦྱིན་དབང་པོ་རྒྱལ་ཆེན་རྣམ་ཐོས་སྲས། །མེ་ཏོག་གཙུག་ཕུད་རྟ་བདག་བརྒྱད་སོགས་ཀྱིས། །ཕུན་ཚོགས་དཔལ་འབྱོར་རྒྱས་པའི་ཕྱྭ་གཡང་སྩོལ། །པདྨ་ཀཱ་རའི་བཀའ་རྟགས་རྡོ་རྗེ་ཡི། །རི་མོས་གཙུག་མཛེས་བསྟན་སྲུང་རྒྱ་མཚོའི་ཚོགས། །སྔོན་ནས་བསྒྲུབས་ཤིང་མཆོད་པའི་རེ་བ་བཞིན། །བར་གཅོད་གཡུལ་ལས་རྒྱལ་བའི་རུ་མཚོན་སྒྲེངས། །ཚངས་དབང་དྲག་པོ་ལ་སོགས་ལྷ་ཆེན་དང༌། །དགའ་བོ་ཉེ་དགའ་ལ་སོགས་ཀླུ་ཆེན་པོ། །དཀར་ཕྱོགས་སྐྱོང་བའི་གནས་བདག་ཚོགས་བཅས་པས། །སྡེ་འབངས་རབ་རྒྱས་ནོར་འཛིན་གང་བར་མཛོད། །སྲུང་ཞིང་སྐྱོང་བ་འགོ་བའི་ལྷ་ལྔ་དང༌། །ཁྱད་པར་དགྲ་ལྷ་ཆེན་པོ་བཅུ་གསུམ་གྱིས། །དཔའ་རྩལ་གཟི་བརྗིད་སྙན་པའི་གྲགས་པ་སོགས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་སྐྱེད་ཅིག །ཏི་སེའི་གངས་ཀྱི་སྤོ་ན་སྲབ་མེད་དུ། །འཕྱོ་བ་སེང་གེ་དཀར་མོའི་ངང་ཚུལ་བཞིན། །བསྙེངས་བྲལ་འཇིགས་པ་མེད་པའི་བརྟུལ་ཞུགས་ཀྱིས། །དགྲ་སྡེ་ཟིལ་གནོན་གཟི་ཆེན་འབར་གྱུར་ཅིག །ཡིད་བཞིན་ནོར་དང་དཔག་བསམ་ཡོངས་འདུ་བཞིན། །གང་བརྩམས་རྣམ་པར་དཀར་བའི་ལེགས་བྱས་ཀུན། །ཡིད་ལ་སྨོན་བཞིན་ལྷུན་གྱིས་གྲུབ་པ་ཡིས། །ཆོས་སྲིད་ཟུང་འབྲེལ་དགའ་སྟོན་རྒྱས་གྱུར་ཅིག །ཅེས་དགེ་ལེགས་སུ་བྱེད་པའི་སྙན་ཚིག་


GTD008_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གི་འཕྲེང་བ་སྔོན་དུ་བསྟར་ཏེ་གླེང་བ་སྐབས་ཀྱི་དོན་ནི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་འཕགས་ཡུལ་གྱི་བསྟན་པའི་བདག་པོ་རིམ་པར་བྱོན་པ་རྣམས་དང། བསིལ་ལྡན་གྱི་རྭ་བས་བསྐོར་བའི་ལྗོངས་འདིར་སྔོན་གྱི་ལོ་པཎ་རིམ་པར་བྱོན་པ་མཐའ་དག །ཁྱད་པར་དུ་འཇམ་མགོན་ས་སྐྱ་པཎྚི་ཏ་ཁུ་དབོན་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་སོགས་བསྟན་འཛིན་དམ་པ་ཀུན་གྱི་གཙུག་གི་ནོར་བུར་གྱུར་པ་མཐའ་དག་བསྟན་པའི་སྦྱིན་བདག་ཆེན་པོ་རེ་ལ་མཆོད་ཡོན་དུ་འབྲེལ་བ་ལས་ཆོས་སྲིད་ཟུང་འབྲེལ་གྱི་ལེགས་བྱས་སྒོ་བརྒྱ་ཕྱེས་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པ་ཤ་སྟག་ཡིན་ཅིང༌། ཡང་སྒོས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་འཕྲེང་རིམ་བྱོན་ཀྱང་འཕྲིན་ལས་ནམ་མཁའ་དང་མཉམ་པས་ནུབ་བལ་བོད་ཀྱི་མཚམས་ནས་ཤར་རྒྱ་མཚོའི་མཐའི་བར་སློབ་མ་དང་སྦྱིན་བདག་ཏུ་གྱུར་པ་ཤ་སྟག་ཡིན་ཅིང༌། དེའི་ནང་ནས་ཚ་བ་ཁ་གསུམ་རྩ་བ་སོ་མངས་རྒྱལ་ཁབ་འདི་ཉིད་སྐྲ་དཀར་སྒྲོལ་མ་ནས་བཟུང་ཡོན་མཆོད་ཐུན་མོང་མ་ཡིན་པར་གྱུར། ངེད་ལའང་དེ་སྐབས་ནས་འབྲེལ་ཡོད་པའི་ཐོག་བདག་མོ་རིན་པོ་ཆེ་འདི་ཉིད་ཀྱིས་སྲི་ཞུ་བསྙེན་བཀུར་ཚད་མེད་པ་བྱས་པའི་སྦྱིན་བདག་གི་རྩ་བར་ཡོད་སྟབས། ད་ལན་སའི་དབང་ཕྱུག་དམ་པ་ཉིད་མཆོག་གསུམ་རིན་པོ་ཆེའི་ཐུགས་རྗེ་དང་རང་གི་སྔོན་བསགས་བསོད་ནམས་ཀྱི་དཔུང་པ་བཙན་པོ་དུས་སུ་བདོ་བ་ལ་བརྟེན་ནས་ཡངས་པའི་རྒྱལ་ཁབ་ཆེན་པོའི་སྲིད་སྐྱོང་བར་འབྱོན་རྒྱུའི་སྐོར་རྟེན་འབྲེལ་ལེགས་ལམ་ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ་པར་བྱུང་བའི་དགའ་དར་འབུལ་བའི་ཆེད་མངགས་ཀྱིས་


GTD008_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བའི་འོས་ཡིན་ནའང༌། ངེད་རང་ད་སྐབས་རི་ཁྲོད་པ་ལྟ་བུར་བྱས་ཏེ་གཡོག་དང་ཁལ་རྟ་མང་པོ་རྟེན་སྐྱེལ་བྱས་མེད་པའི་གནས་ཚུལ་རྒྱུས་ཡོད་རྣམས་ལ་གསལ་བ་བཞིན་ལགས་པས། བླ་བྲང་ཆེན་མོ་ལེགས་དར་འབུལ་མིས་འཐུས་རྩིས་སུ་བྱས་ཏེ་རྟེན་མཚོན་བྱེད་ཙམ་དུ་བཀྲ་ཤིས་པའི་ལྷ་རྫས། ༸མགོན་པོ་ཚེ་མཐའ་ཡས་པའི་གསེར་སྐུ། ཁེ་བི་སུའི་བཞུགས་གདན་རྒྱལ་ཡོལ་ཞེས་སོགས་ཀྱི་སྐྱེས་དང་བཅས་པ་འདི་སོ་མངས་རྒྱལ་བུ་གསར་པ་ནོར་བུ་ནམ་མཁའ་བསྟན་འཛིན་རྒྱལ་སར་འཁོད་པའི་ཁྲི་འདོན་སྐབས་སྩལ་བའོ། །༈ ཕུན་ཚོགས་སྡེ་བཞིའི་སྒོ་འཕར་ཅིག་ཅར་ཕྱེ་བའི་རྒྱལ་ཁབ་ཡངས་པོར་འཇིགས་བྲལ་གདོང་ལྔའི་ཚུལ་དུ་སྤྱོད་པ་མིའི་དབང་ཕྱུག་མཆོག་གི་དྲུང་དུ། གཅིག་ཏུ་རྣམ་པར་དཀར་བའི་ཡིད་ཀྱིས་ཞུ་བ། སྐྱབས་གསུམ་ནོར་བུའི་གདེངས་ཀ་གཡོ་བ་མེད་པའི་འོད་ཀྱིས་སྤྱི་བོར་སྣང་བའི་དགེ་ལེགས་བྱིན་ཅིང༌། ཆབ་འབངས་བདེ་སྐྱིད་འཛིན་མའི་ཁྱོན་ཡངས་འདེགས་པའི་སྙིང་སྟོབས་ཀྱི་གོ་ཆ་མ་སྨད་པ་ལ་ཞུགས་པ། དཔལ་སྐྱོང་སའི་དབང་ཕྱུག་ཆེན་པོ་ཉིད་ནས། ཆོས་སྲིད་ཟུང་དུ་འཇུག་པའི་མཛད་བཟང། རྒྱལ་ཐབས་མཚུངས་པ་མེད་པའི་རྩིབས་སྟོང་བྱང་ཆུབ་མཆོག་གི་འབྲས་བུའི་ལྟེ་བར་རྫོགས་པའི་གསེར་སྦྱངས་འཁོར་ལོ་གཅིག་གིས་ས་བྱའི་གནམ་ལོ་སྨིན་པ་འབྲས་ལྡན་དུ་གྲུབ་པར་མཛད་པ་ལས། སླར་ཡང་བགྲང་བྱ་གསར་བའི་དགའ་བ་མངོན་པར་བཞད་པའི་དུས་སྟོན་གསར་དུ་ཚེས་ཏེ། སྔ་མ་བཞིན་གནམ་བསྐོས་འཇམ་དབྱངས་གོང་མའི་རྒྱལ་ཁབ་ཚུན་ཆོད་ལ་མཛད་བཟང་སྙིང་པོ་ཅན་གྱི་སྙན་པར་གྲགས་པའི་དགེ་ལེགས་ཀྱི་གོས་དཀར་ཅི་ཡང་བྱིན་པའི་གྲིབ་བསིལ་ལ་ཆབ་འབངས་


GTD008_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་བདེ་བར་ངལ་གསོ་ཞིང། དེ་མཐུས་མིའི་རྗེ་ཉིད་ཀྱི་མངའ་ཐང་མཚན་ཇུས་སོགས་ཀྱང་ཡར་ཟླ་ལྟར་འཕེལ་ཏེ། མ་དྲོས་མཚོ་དང་གདེངས་ཅན་བདག་པོའི་ཚུལ་དུ་རྗེ་འབངས་མཐའ་དག་རྫོགས་ལྡན་གསར་པའི་དཔལ་ལ་སྤྱོད་པར་གྱུར་ཅིག་གུ་ཞེས་སྨོན་པའི་ཚིག་གི་རྗེས་སུ་འབྲེལ་བའི་ལེགས་སྐྱེས་བརྡ་མཚོན་ཙམ་དུ་ལྷ་དར་ཟུང་བཅས་ཕུལ། ཇུན་ཝང་སྔ་ལོ་པེ་ཅིང་ནས་འཁོར་ཏེ་ཕྱི་ལོ་ཡང་བསྐྱོད་དགོས་པའི་མཚམས་ཀྱི་ལོ་གསར་དུ་ཕུལ་བའོ། །༈ སྐུ་དང་ཡེ་ཤེས་དབྱེར་མེད་རྫོགས་སངས་རྒྱས། །དམ་པའི་དོན་དང་བརྡར་བཏགས་ཆོས་ཀྱི་ལམ། །ཐེག་གསུམ་འཕགས་ཚོགས་མི་ཕྱེད་བདེན་པས་ཀྱང༌། །འཇིག་རྟེན་སྐྱོང་བ་ཁྱོད་ལ་ཤིས་པར་སྒྲུབས། །ཆོས་ནོར་འདོད་ཐར་སྡེ་བཞིའི་སྒོ་འཕར་བརྒྱ། །ཅིག་ཅར་ཕྱེ་བའི་རྒྱལ་ཁབ་གངས་ཀྱི་སྤོར། །བསོད་ནམས་རྣམ་སྨིན་རལ་པ་གསིག་པ་ཡི། །མི་རྗེ་གདོང་ལྔའི་དབང་པོ་དེ་ཡི་དྲུང༌། །དགེ་ལྡན་ལུགས་བཟང་གསེར་གྱི་འཁོར་ལོའི་ཤུགས། །འདོད་དགུར་སྒྱུར་བ་ཧ་ས་བཛྲ་གྱི། །ཞབས་རྡུལ་བསྟེན་པའི་བུས་བ་བདག་གིས་ཀྱང༌། །སྙན་ཚིག་ནོར་བུའི་ཕྲེང་བ་སྐྱེས་སུ་འབུལ། །བདེ་གཤེགས་འཕྲིན་ལས་རི་མོ་བདུད་རྩིས་རབ་རྒྱས་མུ་ཏིག་འཁྲི་ཤིང་ངམ། །བུ་རམ་ཤིང་འཕེལ་ཞིང་དུ་དགའ་ཆར་འབེབས་པ་མ་གྷ་དྷ་བཟང་སྟེ། །སླར་ཡང་བསྟན་ལ་སྲི་ཞུའི་སྦྱོར་བ་ལྷུར་ལེན་ནོར་འཛིན་དབང་མོའི་བརྒྱུད། །མཛེས་བྱེད་མཚུངས་བྲལ་ས་ཡི་དབང་ཕྱུག་གཟུགས་ཅན་སྙིང་པོའི་ཟློས་གར་བཞིན། །བསོད་ནམས་རྩ་བ་རབ་བརྟན་གཡོ་བ་མེད། །རིགས་ཀྱི་བ་གམ་མངོན་མཐོའི་རྩེ་མོ་ན། །དོན་བཟང་གཡེར་ཁའི་ཕྲེང་བ་སྙན་སྒྲོགས་པའི། །གྲགས་དཀར་བ་དན་སྟོང་ཕྲག་གཡོ་བ་ཁྱོད། །མཆོག་གསུམ་གདེངས་ཀ་ནོར་བུས་གཙུག་མཛེས་ཤིང༌། །ཆོས་


GTD008_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མུཀྟི་ཀ་ཕྲེང་སྙིང་ལ་བཟུང༌། །དགྲ་འཇོམས་རལ་གྲིའི་འཁྲི་ཤིང་རྣོ་རྒྱུན་ཏེ། །ཆབ་འབངས་གདུང་སེལ་བདུད་རྩིའི་གཏེར་ཀྱང་ཡིན། །མོས་གུས་ནོར་རྒྱས་ཀྱིས་བཟུང་བའི། །རྣམ་དཔྱོད་དཔུང་པ་མནྡྷ་རས། །བསྲུབས་སྐྱེས་གཏོང་བའི་ཟླ་ཤེལ་ལས༌། །འཛད་མེད་ནོར་གྱི་ཐིགས་ཕྲེང་སྤྲོ། །འདིར་ཡང་བཏུང་བའི་ཕུར་མ་བརྒྱ་ཕྱེད་རྒྱ། །རྒྱ་ཡིས་ཉེར་སྤྲས་སྟོང་ཁུན་སྒེག་མོའི་དར། །དར་དིར་སྙན་སྒྲོགས་གསུང་འཕྲིན་བཅས་འབྱོར་ཚེ། །ཚེ་དཔལ་བདུད་རྩི་མྱོང་བཞིན་དགའ་བས་མྱོས། །སླད་ཀྱང་རྣམ་དཔྱོད་དཔུང་པའི་ཀ་བ་ཡི། །བསྟན་ལ་སྲི་ཞུ་འབངས་ཀྱི་བྱམས་སྐྱོང་དང༌། །ཕ་རོལ་དགྲ་སྡེ་འཇོམས་སོགས་འཇུག་པ་བཅུས། །མིའུ་ཐུང་སྙེམས་པའི་འབིགས་བྱེད་གཞོམ་པར་འཚལ། །མ་སྨད་ལེགས་བྱས་ཡལ་ག་འབུམ་ཕྲག་ཏུ། །བཞད་པའི་གཞི་འགྱུར་གཟུགས་སྐུའི་དཔག་བསམ་ལྗོན། །སྲུང་བའི་ཐབས་ཚུལ་གཡེལ་བ་མེད་ཞུ་ཞིང༌། །སྨོན་པའི་ཏིང་འཛིན་རི་མོ་བདག་ཀྱང་བགྱིད། །སླད་མའི་འཕྲོས་ཀྱང་མེས་པོའི་རལ་ཀླུང་ལྟར་རྒྱུན་ལྡན་ཞུ་ཞིང་ད་ལན་སྤྱན་རས་སྨིན་རྟེན་སྟོང་མིན་ཙམ་དུ་མཛོད་བཏགས་དྲི་མེད་ཟུང་བཅས་བཀྲ་ཤིས་འཁྱིལ་ཁྲི་གུང་ཐང་བླ་བྲང་ནས་ཕུལ། སོ་མང་རྒྱལ་པོ་མ་ཡུམ་བཅས་ལའོ། །སུབརྞབྷཱསྥཱརིཏསྱཨམེཡཾསྭགྲ།།གསེར་འོད་འཁྱུག་པའི་གཞལ་མེད་ཁང་བཟང་མཆོག །སུབརྞསྱཨཱཛྙཱབྷདྲཎཡམིབ།།གསེར་གྱི་དཀའ་ལུང་བཟང་པོས་སྩོལ་བ་བཞིན། །སུབརྞཱསནཔཱདཔདྨནིདྱབིརཿ གསེར་གྱི་ཁྲི་ལ་ཞབས་པད་རྟག་བརྟན་ཅིང༌། །སུབརྞཀུཐདྷཤྴཱསནཡུབྷབནྟུ། །གསེར་མདོག་འཆང་བའི་བསྟན་པ་སྤེལ་གྱུར་ཅིག །


GTD008_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་འཁོར་ལོ་སྒྱུར་བའི་དབང་ཕྱུག་མིའི་ལྷ་འཇམ་པའི་དབྱངས་གོང་མ་བདག་པོ་ཆེན་པོས་གསེར་གྱི་བཀའ་ལུང་བཟང་པོ་དང་ཆབས་ཅིག །གསེར་འབྲུག་སྡེར་ལྔས་མཚན་པའི་ན་བཟའ། གསེར་བཟང་གཟི་འོད་འབར་བའི་ཁང་བཟང་སོགས་སྩལ་ཞིང༌། གསེར་གྱི་ལྷ་ཆེན་ཡང་གདན་སར་ཕེབས་པ་སོགས་ལེགས་བྱས་རྟེན་འབྲེལ་གྱི་སྒོ་བརྒྱ་དུས་གཅིག་ཏུ་ཕྱེ་བའི་དགའ་བ་མཆོག་གིས་ཡིད་དྲངས་ཏེ་ཤིས་པ་བརྗོད་པའི་རྟེན་མཚོན་པར་གསེར་མདོག་ཅན་གྱི་ནང་མཛོད་སྲིད་དུ་རིང་བ་བཅས་ཟླ་ཚེས་བཟང་པོར་གུང་ཐང་པས་ཕུལ། འདིའང་ཟམ་ཚ་གསེར་ཁྲི་རིན་པོ་ཆེ་ལའོ། །མཉྫུནཐཤཱསནསྱསཱུརྻམཧཱསནཔརམསྥཱདསྱཀམལམཱུལེ། ཛཡནྟུ། མཱུརྟྟ ཡུརྡྷྭ ཛཏི ཥྛནྟུ། ཨིཏིསཾསྐྲིཏསྱཡཐཱནེམབེདཱདྦྷཥིཏསྱ འཇམ་མགོན་བསྟན་པའི་ཉི་མ་ཁྲི་ཆེན་མཆོག་གི་ཞབས་ཀྱི་པདྨོའི་དྲུང་དུ། རྒྱལ་བར་གྱུར་ཅིག །སྐུ་ཚེའི་རྒྱལ་མཚན་བརྟན་པར་གྱུར་ཅིག །ཅེས་འཕགས་ཡུལ་གྱི་ལུགས་བཞིན་རིག་བྱེད་ནས་བཤད་པའི།


GTD008_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སུཤུབྷཾབཙགམཎ་པཱུརྦེཎལེཁཙཿ ཤསནོབནྡྷུ། གུརུདེབཙནརསྱ། མཧོརྨྨིརྩིཏྟོཏྦཱདསྱཱནུབྷཱབཱནུཏྟརཿ ཛཡཔུཏྲམཧཱཏྨཀཏྭཱཤཱིཥྚཛགཏོསཀལསྱཤྲེཡམཱིཡཾ་སུ་ཀཱརྻྻཡཐཱསྱཱདྷིཔཙནཱདྷགནཱནྡཔཉྩདཤམཱགཏསྱོཏྶཔེནཔྲཐམཱཧུཏས། པུནརཿ པིཙཛམྦྷསྱདྲུམེནཱཾཀིཏཿ དྭཱིཔཱམུཥྱདྷརིཏྲིརབསཡབྷྱོཛཡསྱསུམཏིཤཱསནགྲཐིཏཙ། དགེ་ལེགས་ཀྱི་ཚིག་སྔོན་དུ་འགྲོ་བས་ཞུ་བ་ནི། བསྟན་པའི་རྩ་ལག །ལྷ་དང་མིའི་བླ་མ། རླབས་པོ་ཆེའི་ཐུགས་བསྐྱེད་ཀྱི་མཐུ་བླ་ན་མེད་པ་རྒྱལ་སྲས་བདག་ཉིད་ཆེན་པོ་ཉིད་བསྟན་འགྲོ་མཐའ་དག་གི་དཔལ་དུ་གྱུར་པའི་མཛད་པ་བཟང་པོ་ལྷུན་གྱིས་གྲུབ་བཞིན་པའི་མུ་ནས་དགུང་ལོ་ལྔ་བཅུར་ཕེབས་པའི་བ་ཡར་གྱི་ཐོག་དྲངས་ཏེ། སླད་མར་ཡང་ཛམྦུའི་ལྗོན་པས་མཚན་པའི་གླིང་འདིའི་འཛིན་མའི་ཁྱོན་ཀུན་ཏུ་བློ་བཟང་རྒྱལ་བའི་བསྟན་པ་སྤེལ་བ་དང། སམནྟེསུཁསྱཧིཏཙཡཛྙཱབཻཔུལྱཔྲཡཙྪེནམཧོཏྶཔྲབྷེདབཧུཀྲམབྷཱུཏསྱསམུཏྤཏོམུཁལཀྵྨཎཾཤཀུནེདྲབྱདེབཱནྟརཀོཥཿ མཎྜལསྱརྦཌཾརངྒཝསྟྲཔཉྩནཱནཱརོཔསཧ། ཀུན་ལ་ཕན་པ་དང་བདེ་བའི་མཆོད་སྦྱིན་རྒྱ་ཆེར་སྩོལ་བའི་དགའ་སྟོན་ཆེན་པོ་ཁྲི་ཕྲག་དུ་མ་རིམ་པར་འབྱུང་བའི་རྟེན་འབྲེལ་གྱི་སྒོ་མཚོན་བྱེད་བཀྲ་ཤིས་པའི་ལྷ་རྫས་ནང་མཛོད། དངུལ་གྱི་མཎྜལ་དར་ཚོན་སྣ་ལྔའི་འདོགས་བཅས།


GTD008_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སྭིཏཏཱརེཔཌཾ་ཧོརཧརིཏསྱནྟཱ་བ་མནྱི་ན། ཨཡུརྶུཏྲོཧེམལིཁིཏཿ བིཛཡཤྩཻཏྱཿ པཉྩདཤཏམཱིནྟུནིཥྛུ། ཙིནྟཱཀྲིཥྚསྱངྐུཤསཧམངྒལཀུཎྜལྱོདྭཱིཔཱདཱཐསུཀཱལམཱདཱིཡཏཱཾ། སྒྲོལ་དཀར་གྱི་བྲིས་སྐུ་ཧོར་གོས་ལྗང་གུའི་མཐའ་ཅན། ཚེ་མདོ་གསེར་བྲིས། རྣམ་རྒྱལ་མཆོད་རྟེན། དངུལ་སྲང་ལྔ་བཅུ། ཡིད་བཞིན་འགུག་པའི་ལྕགས་ཀྱུ་བཅས་བཀྲ་ཤིས་འཁྱིལ་བའི་གླིང་ནས་བཀྲ་ཤིས་པའི་དུས་བཟང་པོར་ཕུལ། འདི་ཟམ་ཚ་གསེར་ཁྲི་རིན་པོ་ཆེ་ལའོ། །༼ ༈ གློག་འཕྲེང་ཞེས་བྱ་བའི་པྲབྷརའོ།།༽ཨཱབྷཱཝཱཤཱནྟོབྷཝྱཤྲཱིཔྲདྭྱཱ་བྷརྱཱསཽངྷོཏིཀྱ། ཤུདྷཱགུཎྱཱཀོཥརྱརྷཱཏེབྲྀནྡེནཱཀྵྨཱིཙཡཙྪ། ཚོགས་གཉིས་དཔལ་གྱིས་སྲིད་དང་ཞི་བ་ཡི། །དངོས་པོ་མཐའ་དག་རབ་ཏུ་སྦྱངས་པ་ལས། །དག་པའི་ཡོན་ཏན་རྣམས་ཀྱི་མཛོད་གྱུར་པ། །འཕགས་པའི་དགྲ་བཅོམ་ཚོགས་ཀྱིས་དགེ་ལེགས་སྩོལ། །རྣམ་དག་ཚུལ་ཁྲིམས་ལུས་སྟོབས་རབ་རྒྱས་ཐུབ་བསྟན་གངས་ཀྱི་རི་སུལ་སྐྱོང༌། །རྣམ་གྲོལ་ཡེ་ཤེས་མཆེ་སྡེར་མི་བཟད་ལས་ཉོན་གླང་པོའི་ཀླད་པ་འགེམས། །རྣམ་གསུམ་རིགས་པའི་མིག་རྩ་དམར་འཁྲུགས་ཉེ་བར་ཞི་བའི་དབྱིངས་སུ་འཕྱོ། །རྣམ་མང་


GTD008_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཚོགས་དང་བཅས་དགྲ་བཅོམ་ལྔ་བརྒྱའི་ཚོགས་ལ་ཕྱག་འཚལ་ལོ། །མེ་ཏོག་སྤོས་དང་མར་མེ་དྲི་བཟང་ཆབ། །གཙང་མར་སྦྱར་བའི་ཞལ་ཟས་རོ་བརྒྱ་པ། །ཆོས་གོས་གསུམ་དང་གསིལ་བྱེད་ལྷུང་བཟེད་སོགས། །རུང་མཐུན་མཆོད་སྤྲིན་རྒྱ་མཚོ་གུས་པས་འབུལ། །ཐོག་མ་མེད་ནས་བསགས་པའི་བཅས་རང་གི །ཉེས་ལྟུང་སྒྲིབ་པ་མ་ལུས་མཐོལ་ཞིང་བཤགས། །སྲིད་མཚོ་ལས་བརྒལ་ཉེར་ཞི་མངོན་དུ་མཛད། །རྒྱལ་བསྟན་འཛིན་ཅིང་སྤེལ་ལ་རྗེས་ཡི་རང༌། །གཟུགས་སྐུ་ཞི་བའི་དབྱིངས་སུ་མི་སྡུད་པར། །འགྲོ་བའི་བསོད་ནམས་ཞིང་དུ་ལེགས་བཞུགས་ནས། །སྡེ་སྣོད་གསུམ་གྱི་གཎྜི་སྒྲ་བོ་ཆེས། །འགྲོ་བ་མ་རིག་གཉིད་ལས་སློང་བར་མཛོད། །དགེ་ཚོགས་ཀུན་ཀྱང་རྒྱལ་བའི་བསྟན་པ་མཆོག །འཕེལ་ཞིང་རྒྱས་པའི་རྒྱུ་རུ་བྱིན་གྱིས་རློབས། །མདོར་ན་འཕགས་ཚོགས་རྣམས་ཀྱི་ཐུགས་རྗེ་དང། །བདག་ཅག་དད་པས་དགྲ་བཅོམ་ཆེ་རྣམས་ཀྱི། །གཟུགས་སྐུ་ཚུལ་དང་མཐུན་པར་བསྒྲུབས་པ་སོགས། །དུས་གསུམ་དགེ་ཚོགས་གཅིག་ཏུ་བསྡོམས་པའི་མཐུས། །མཁའ་མཉམ་ལུས་ཅན་ཡོངས་ཀྱི་ཕན་བདེའི་གཞི། །ཐུབ་པའི་བསྟན་པ་སྤྱི་དང་ཁྱད་པར་དུ། །ཚང་ལ་མ་ནོར་བློ་བཟང་རྒྱལ་བའི་བསྟན༌། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །སྡེ་འདིར་ཚུལ་ཁྲིམས་ལང་ཚོའི་དཔལ་འབར་ཞིང། །རྒྱ་ཆེན་མང་ཐོས་ནོར་བུའི་རྒྱན་འཕྲེང་ཅན། །ལུང་རྟོགས་བཤད་སྒྲུབ་གར་གྱིས་རྩེན་པ་ཡི། །བསྟན་འཛིན་འཆི་མེད་གཞོན་ནུས་གང་གྱུར་ཅིག །ཡུལ་ལྗོངས་སུ་ཡང་ནད་མུག་འཁྲུག་རྩོད་ཞི། །རྗེ་འབངས་མཐའ་དག་སྟོབས་འབྱོར་མངའ་


GTD008_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་རྒྱས། །ཡོན་མཆོད་ཀུན་ཀྱང་ཆོས་སྲིད་རྫོགས་ལྡན་གྱི། །ཀུན་དགའ་གསར་པས་རྟག་ཏུ་རྩེན་གྱུར་ཅིག །ཚུལ་འདིར་འབད་ཅིང་འབྲེལ་བ་ཐོགས་པ་ཀུན། །རྟག་ཏུ་དལ་འབྱོར་ཚང་བའི་རྟེན་ཐོབ་ཅིང༌། །འཕགས་པའི་དགྲ་བཅོམ་ཚོགས་ཀྱིས་རྗེས་བཟུང་སྟེ། །རྣམ་གྲོལ་ནོར་བུའི་གླིང་དུ་ཕྱིན་གྱུར་ཅིག །ཅེས་པ་འདི་ནི་ཨོར་དུ་སུ་ཏཱ་ལད་ཤོག་གི་དགོན་པ་བཀྲ་ཤིས་ཆོས་གླིང་གི་ཁྲི་ཐོག་པ་དགེ་བའི་བཤེས་གཉེན་འཇམ་དཔལ་རྒྱ་མཚོ་སོགས་ནས་བསྟན་པའི་འཕེལ་རྒྱས་ཀྱི་ཆེད་དུ་དགྲ་བཅོམ་པ་ལྔ་བརྒྱའི་སྐུ་བརྙན་རི་བོ་རྩེ་ལྔར་བཞུགས་པ་མ་ཕྱི་བྱས་ཏེ་གསར་བསྐྲུན་སྐབས་སྨོན་ཚིག་ཅིག་དགོས་ཚུལ་བསྐུལ་མ་བྱུང་བ་ལྟར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྦྱར་བའི་ཡི་གེ་པའང་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།


previousསྤྲིང་ཡིག་སྒྲ་དོན་རྒྱན་གྱི་རོལ་མཚོ།next