བཅུ་པ་སྒོམ་ལམ་ལ་གདམས་པ་ནི།
སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །འདུས་མ་བྱས་ཀྱི་དབྱིངས་གདགས་པར་མི་ནུས་ཏེ། དེ་གཉིས་ཐ་དད་མེད་པས་གཅིག་གིས་གཅིག་མཐོང་བ་ཞེས་མིང་གདགས་སོ། །སྐབས་འདིར་དྲི་བཅས་དེ་བཞིན་ཉིད་ལ་འདུས་བྱས་དང་དྲི་མེད་དེ་བཞིན་ཉིད་ལ་འདུས་མ་བྱས་སུ་གནོད་འཇོམས་དང་འབུམ་ཏིག་གཉིས་ཀ་ནས་གསུངས་སོ། །དེ་ནས་ཕྲེང་གཅིག་ནས། མི་མཐོང་བས། དད་པ་འཕེལ་བའི་རྒྱུས་ཆོས་ཟབ་མོ་ལ་མི་འཇིགས་ཤིང༌། ཤེས་རབ་འཕེལ་བའི་རྒྱུས་དེའི་སེམས། དེ་ནས་ཕྲེང་དགུ་ཅུང་མེད་ན། མི་མཐོང་ངོ༌། །ཞེས་བྱ་བས་ཕྱི་ནང་གི་ཆོས་ཐམས་ཅད་བསྡུས་སོ། །མི་མཐོང་ངོ༌། །ཞེས་བྱ་བས་ཉོན་མོངས་པའི་གནས་ངན་ལེན་གྱི་ཕྱོགས་ཐམས་ཅད་བསྡུས་སོ། །བདག་ཡང་དག །དེ་ནས་ཕྲེང་གསུམ་ལྷག་པ་ན། མཐོང་བ་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བྱ་བས་ཤིན་ཏུ་མེད་པ་དང་བཏགས་པའི་ཡོད་པ་རྣམས་བསྡུས་སོ། །གཟུགས་མེད་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བྱ་བར་འཁོར་བའི་ཆོས་ཐམས་ཅད་བསྡུས་སོ། །དེ་ནས་ཕྲེང་གསུམ་ལྷག་ཙམ་ན། བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་བྱ་བས་རྣམ་པར་བྱང་བ་དཀར་པོའི་ཆོས་ཐམས་ཅད་བསྡུས་སོ། །དེ་ནས་ཕྲེང་ཕྱེད་ལྷག་པ་ན། སེམས་ལས་བྱུང་བའི་ཆོས་ཞེས་བྱ་བ་དེས་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་དང༌། ཀུན་གཞིའི་རྣམ་པར་ཤེས་པ་དང༌། དེ་དང་མཚུངས་པར་ལྡན་པ་རྣམས་བསྟན། ཞེས་དབུ་མ་པ་གསུངས་པས། དེ་དག་ཡང་དག་པར། དེ་ནས་ཕྲེང་ཕྱེད་གསུམ་ན། ཡིད་ཀྱི་ཁམས། ཞེས་བྱ་བ་དེས་ནི་ཉོན་མོངས་པའི་ཡིད་དང་མཚུངས་པར་ལྡན་པ་རྣམས་བསྟན། ཞེས་དབུ་མ་པ་གསུངས་པས། དེ་དག་ཡང་དག །དེ་ནས་ཕྲེང་བཞི་ན། ལེའུ་གསུམ་མོ།། །། ༈ བམ་པོ་གསུམ་པ། དེ་ལྟར་གདམས་ངག་བཅུ་ལ་བརྩོན་པ་བསྟན་ནས། དེའི་ཕན་ཡོན་ནི།
དེ་ནས་ཚེ་དང་ལྡན་པ་གསོལ་ཏོ། །ཞེས་བྱ་བ་ལ་སོགས་པས་བརྩོན་པའི་ཕན་ཡོན་དེ་ཡང༌། ཤེས་པར་བྱ་བ་ཤེས་པ་དང་སྤང་བར་བྱ་བ་སྤངས་པ་དང༌། རྫོགས་པར་བྱ་བ་རྣམས་བསྒོམ་པས་ཡོངས་སུ་རྫོགས་པ་དང༌། མངོན་དུ་བྱ་བ་རྣམས་ཐོབ་པས་མངོན་དུ་བྱ་བ་སྟེ། བཞི་ལས་དང་པོ་ཤེས་པར་བྱ་བ་ཤེས་པའི་ཕན་ཡོན་ནི། བཅོམ་ལྡན་འདས་གཟུགས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་གསུམ་ན། སྤང་བར་བྱ་བ་སྤངས་པའི་ཕན་ཡོན་བསྟན་པ། བཅོམ་ལྡན་འདས་འདོད་ཆགས་རྟོགས་ནས་སྤང་བར། ཞེ་སྡང་རྟོགས་ནས་སྤང་བར། གཏི་མུག་རྟོགས་ནས་སྤང་བར། ལྟ་བ་རྟོགས་ནས་སྤང་བར། དེ་ནས་ཕྲེང་བཞི་ཅུང་མེད་ན། གནོད་སེམས་ཁོང་ཁྲོ་རྟོགས་ནས་སྤང་བར། དེ་ནས་ཕྲེང་གསུམ་ན། ཀུན་ཏུ་སྦྱོར་བ་དགུ་རྟོགས་ནས་སྤང་བར། དེ་ནས་ཕྲེང་གཅིག་ན། ཀུན་ནས་ལྡང་བ་རྟོགས་ནས་སྤང་བར། ཁམ། རེག་པ། ཡིད་ལ་སེམས་པ། རྣམ་པར་ཤེས་པའི་ཟས་ཏེ། ཟས་བཞི་རྟོགས་ནས་སྤང་བར་འཚལ། འདོད་པ། སྲིད་པ། ལྟ་བ། མ་རིག་པའི་སྦྱོར་བ་སྟེ། སྦྱོར་བ་བཞི་ཡོངས་སུ་རྟོགས་ནས་སྤང་བར་བགྱི། འདོད་པའི་ཆུ་བོ་ལ་སོགས་པ། ཆུ་བོ་བཞི་ཡོངས་སུ་རྟོགས་ནས་སྤང་བར་བགྱི་བར་འཚལ། ཆགས་སེམས། གནོད་སེམས། ཚུལ་ཁྲིམས། བརྟུལ་ཞུགས། སྙེམ་པ། ལྟ་བའི་སྙེམ་པ་སྟེ། མདུན་པ་བཞི། འདོད་པ། ལྟ་བ། ཚུལ་ཁྲིམས། བརྟུལ་ཞུགས། སྙེམས་པ། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་སྟེ། ཉེ་བར་མི་རྟག་པ་ལ་རྟག་པ། སྡུག་བསྔལ་བ་ལ་བདེ་བ། བདག་མེད་པ་ལ་བདག་མི་ གཙང ་བ་ལ་ གཙང ་པར། འཛིན་པ་ཕྱིན་ཅི་ལོག་སྟེ། ཕྱིན་ཅི་ལོག་བཞི། དེ་ནས་ཕྲེང་ཕྱེད་དང་གཉིས་ནས། ཡོངས་སུ་རྫོགས་པར་བྱ་བ་རྣམས་རྫོགས་པའི་ཕན་ཡོན་བསྟན་པ། དགེ་བ་བཅུའི་ལས་ཀྱི་ལམ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཅིག་ན། བྱང་ཆུབ་ཀྱི་ཡན་ལག་བདུན་ཐོབ་པར་འགྱུར་བ་དང་ལྡན། ཏིང་ངེ་འཛིན་ལ་དབང་ཐོབ་པས། བསམ་གཏན་དང་པོ། དེ་ནས་ཕྲེང་བཅུ་གཉིས་ན། མངོན་དུ་བྱ་བ་རྣམས་ཐོབ་པས་མངོན་དུ་བྱས་པའི་ཕན་ཡོན་བསྟན་པ། གཟུགས་ཀྱི་སྒོ་དང༌། ཏིང་ངེ་འཛིན། དེ་ནས་ཤོག་གུ་གཉིས་ནི། དེ་ལྟར་ཕན་ཡོན་བཞི་རྫོགས་ནས་སླར་ཡང་སེམས་ཅན་གྱི་བསམ་པ་ཡོངས་སུ་རྫོགས་པ་དང༌། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕན་ཡོན་གཉིས་བསྟན་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ལྷག་ན། ཡོངས་སུ་རྫོགས་པས། མི་དགེ་བ་བཅུ་སྤངས་པའི་ཕྱིར། ངན་སོང་རྣམས་སུ་མི་ལྷུང་ཞིང༌། ང་རྒྱལ་བཅག་ཅིང་བླ་མ་ལ་རིམ་གྲོ་དང༌། བཀུར་སྟི་བྱས་པས་རིགས། ཆོས་ལ་བདག་མེད་པ་རྟོགས་པས། ཉན་ཐོས་ཀྱིས་དང༌། ཐབས་མཁས་ཤིང་ཆོས་ལ་མངོན་པར་ཆགས་པ་མེད་པས། བྱང་ཆུབ་སེམས་དཔའ་སྐྱོན་ཆེན་བསླབ་པར་བགྱིའོ། །ཞེས་སྐྱོན་གྱི་སྤྱི་གཙུག་གིས་སྐབས་དབྱེ་བའི་ཕྱིར་ཐ་མར་བསྟན་ཏོ། །དེ་ནས་ཕྲེང་གཉིས་ཙམ་ན། སེམས་དཔའ་ཆེན་པོ། མོས་པ་སྤྱོད་པའི་ས་ལ་ཐབས་མི་མཁས་པས། འཁོར་གསུམ་ཡོངས་སུ་མ་དག་པར་ཕ་རོལ། དེ་ནས་ཕྲེང་གཅིག་ལྷག་པ་ན། སྐྱོན་མེད་པ། ས་དང་པོར་ཡང་མི་འཇུག་པར། བར་མ་དོར་གནས། ས་འདི་ནི་བྱང་ཆུབ་སེམས། དེ་ནས་ཕྲེང་གཅིག་ལྷག་པ་ན། ཆོས་ལ་མཚན་མར་འཛིན་མས་སྲིད་པའོ།། དབང་པོ་རྟུལ་དང་རྣོན་པོ་དག །དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་དང༌། །བྱེད་དང་བྱེད་མིན་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི། །ཆོས་ལ་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །ཞེས་པ་འདི་ནི་དོན་ཉི་ཁྲི་སྣང་བ་དང༌། སློབ་དཔོན་སེང་བཟང་གིས་སྔར་བསྟན་པའི་རྒྱལ་སྲས་ཞེ་ལྔའི་ནང་འགའ་ཞིག་དང་སྦྱར་ལ་འགའ་ཞིག་ལེ་བརྒྱད་མ་དང་སྦྱར་མོད། ལེ་བརྒྱད་མ་ནི་རྒྱལ་བའི་བཀའ་ལྷད་མེད་ཡང་དག་ཡིན་མིན་དཔྱོད་དགོས་ཤིང༌། ཚིགས་བཅད་འདི་གཉིས་དགེ་འདུན་དཀོན་མཆོག་གི་སྐབས་སུ་མ་བྱུང་ལ། གདམས་ངག་བཅུ་རྫོགས་པའི་མཐར་བྱུང་ཡང༌། དེའི་སྐབས་ན་དགེ་འདུན་དཀོན་མཆོག་སྟོན་པའི་མདོ་མི་སྣང་ཞིང༌། ཉི་ཤུ་པོ་ཐེག་ཆེན་འཕགས་པ་ཡིན་པར་སྟོན་པའི་མདོ་ཡང་མི་སྣང་ལ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོར་རྒྱལ་སྲས་འཕགས་པ་ལ་ཐེག་དམན་གྱི་མིང་གིས་བཏགས་པ་གསུངས་ཀྱང་ཉི་ཤུར་མ་ཚང་བས་དེ་དང་ཚིགས་བཅད་གཉིས་པོ་འདི་གཅིག་ཏུ་སྦྱར་ཡང་མི་འགྲིག་ཅིང༌། བསེ་རུ་ལྟ་བུ་ལ་སོགས་པ་འགའ་ཞིག་གིས་མདོའི་ཤེར་ཕྱིན་གྱི་གཞུང་ཉེར་གསུམ་པོ་གང་ནས་མི་སྣང་ལ། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དགེ་འདུན་དཀོན་མཆོག་གི་སྐབས་སུ་བཞི་བཅུ་རྩ་ལྔ་མཐུན་པར་གསུངས་ཤིང༌། སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་དང༌། འབུམ་ཏིག་གིས་ཀྱང་བཞི་བཅུར་རྩ་ལྔ་རྩ་ལྔར་མཐུན་པར་བཀྲལ་བའི་ཕྱིར། དགེ་འདུན་དཀོན་མཆོག་གི་སྐབས་སུ་གསུང་བའི་རྒྱལ་སྲས་བཞི་བཅུ་རྩ་ལྔར་ནི་ཐེག་ཆེན་གྱི་སྐྱབས་གནས་སུ་གཏོགས་པའི་དགེ་འདུན་དངོས་ཡིན་ལ། ཕྱིས་ཉན་རང་ཉི་ཤུ་འཕགས་པ་བྱམས་པས་བསྣན་པ་ནི་ཞོར་ལ་བྱུང་བ་སྟེ། ཐེག་ཆེན་གྱི་སྐྱབས་གནས་མ་ཡིན་ཡང་སྤྱིར་དགེ་འདུན་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ལ་དགོངས་པར་གསལ་ཏེ། ཉི་ཤུ་པོ་འདི་དགེ་འདུན་དཀོན་མཆོག་གསུངས་པའི་རྗེས་ནས་གདམས་ངག་བདུན་རྫོགས་པའི་མཐར་གསུངས་ཀྱང༌། དེ་རྣམས་རྒྱལ་སྲས་ཡིན་པར་མ་གསུངས་པའི་ཕྱིར་དང༌། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པ་དག་ལ་རང་གི་བཤད་པ་བྱས་པ་ལ་སོགས་པ་འཁྲུལ་བ་མང་དུ་སྣང་བའི་ཕྱིར་རོ། །དེ་ལྟ་བས་ན་ཐེག་ཆེན་གྱི་སྐྱབས་གནས་ཡིན་པའི་རྒྱལ་སྲས་ཞེ་ལྔ་དང༌། དེ་མིན་པའི་འཕགས་པའི་ཉི་ཤུ་སྟེ། འཕགས་པ་ཐེག་པ་གསུམ་བསྡུས་པའི་དགེ་འདུན་ལ་འཕགས་པ་དྲུག་ཅུ་རྩ་ལྔར་གསུངས་སོ། །གལ་ཏེ་འདི་ནི་ཐེག་ཆེན་གྱི་ཆོས་ཡིན་པས་ཐེག་དམན་གྱི་དགེ་འདུན་འཆད་པར་མི་རིགས་སོ་ཞེ་ན། དེ་ལྟ་ན་ནི་ཐེག་དམན་གྱི་ལམ་ཡང་གསུངས་པར་མི་རིགས་པར་འགྱུར་བ་ལས་གསུང་བས་བསལ་བ་ཡིན་ནོ། །གལ་ཏེ་དེ་ནི་ཤེས་པར་བྱ་བའི་ཕྱིར་གསུང་བ་ཡིན་གྱིས། མངོན་དུ་བྱ་བའི་ཕྱིར་གསུང་བ་ནི་མ་ཡིན་ནོ་ཞེ་ན། འདིར་ཡང་ཉི་ཤུ་པོ་དེ་སྤྱིར་དགེ་འདུན་དཀོན་མཆོག་ལ་གཏོགས་པས་གསུང་བ་ཡིན་གྱི། ཐེག་ཆེན་གྱི་སྐྱབས་གནས་ལ་གཏོགས་པས་གསུངས་པ་ནི་མ་ཡིན་ནོ། །དེས་ན་འདི་ལ་སྐྱོན་དེ་ཡང་མེད་དོ། །བཙུན་པ་རྣམ་གྲོལ་སྡེས་ཀྱང་ཉི་ཤུ་པོའི་མདོར་ཤེར་ཕྱིན་དུ་མེད་ནས་མ་རྙེད་པ་ཡིན་གྱིས། ཡོད་བཞིན་དུ་མ་རྙེད་པ་ནི་མ་ཡིན་པས་སྨད་ཅིང་སྐུར་བ་གདབ་པར་མི་བྱའོ། །དེ་ལྟར་ཤེར་ཕྱིན་སྒྲུབ་པ་མི་དམིགས་པའི་རྣམ་པ་དང༌། དེའི་དམིགས་པ་བདེན་བཞི་དང༌། རྟེན་སྐྱབས་གསུམ་དང༌། ཁྱད་པར་དུ་འགྲོ་བའི་རྒྱུ་མ་ཆགས་པ་དང༌། མི་ལྡོག་པར་འགྲོ་བའི་རྒྱུ་ཡོངས་སུ་མི་ངལ་བ་དང༌། ཐེག་པ་གཞན་གྱི་མི་འགྲོ་བའི་རྒྱུ་ལམ་ཡོངས་འཛིན་དང༌། གཞན་གྱི་དྲང་མི་འཇོག་པར་འགྲོ་བའི་རྒྱུ་སྤྱན་ལྔ་དང༌། རྣམ་མཁྱེན་ཡོངས་སུ་རྫོགས་པའི་རྒྱུ་མངོན་ཤེས་དྲུག་དང༌། མཐར་ཐུག་པའི་རྒྱུ་མཐོང་བ་དང༌། སྒོམ་པའི་ལམ་ལ་གདམས་པ་སྟེ། གད༷མས་ང༷ག་ད༷ང༌། །ཞེས་པ་གདམས་ངག་བཅུ་ཕན་ཡོན་དང་བཅས་པ་གསུངས་ཟིན་ཏོ། །དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་བརྟེན་པས། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །སྨྲས་པ་ཚེ་དང་ལྡན། དེ་ནས་ཕྲེང་ཅིག་ལྷག་པ་ན། གཟུགས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པ་དང༌། བཅས་པའི་ལྟ་བ་ལྟ་བས། ལྟ་བས་ཕྱིན་ཅི་ལོག་གིས་མངོན་པར་ཆགས་ཤིང༌། སེམས་ཕྱིན་ཅི་ལོག་ཏུ་གྱུར་པས་གནས་ཏེ། འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པས་འདུ་ཤེས་པ་དང༌། དེ་ནས་ཕྲེང་གཉིས་ན། ཆོས་ལ་སྲེད་པ་སྟེ། ཞེས་བྱ་བ་ལ་ཕྱིན་ཅི་ལོག་སྤོང་བའི་རྒྱུར་གྱུར་པའི་ཕྱིར་མཐུན་པ་ཞེས་བྱའོ། །ཆོས་རྣམས་སུ་རྟོག་པ་དང་བཅས་པའི་ཕྱིར་ཆོས་ལ་སྲེད་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། སྐྱོན་དུ་འགྱུར་བའོ། །དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། །དྲོད་ཆུང་ངུའི་དམིགས་རྣམ་ནི། དེ་ནས་ཚེ་དང་ལྡན་པ། དེ་ནས་ཤོག་གུ་གཅིག་ཕྲེང་ཕྱེད་དང་བཅུ་གསུམ་ན། ཉོན་མོངས་པའོ། །ཞེས་དོར་བྱར་རྟོག་པ་དང༌། རྣམ་པར་བྱང་བའོ། །ཞེས་བླང་བྱར་རྟོག་པ་དང༌། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། འདི་ནི་ལམ་མ་ཡིན་ནོ། །དེ་བཞིན་དུ་ཅི་རིགས་པར་སྦྱར་ཏེ། དེ་ནས་ཕྲེང་དྲུག་ན། འདུ་ཤེས་པ་འདི་ནི། མཚན་མར་བཟུང་བའི་ཕྱིར། བྱང་ཆུབ་སེམས། སྐྱོན་དུ་འགྱུར་བའོ། །ཞེས་བྱ་བས་རྣམ་པར་རྟོག་པ་རྣམས་སྐྱོན་དུ་བསྟན་ནས་རྣམ་པར་མི་རྟོག་པ་སྐྱོན་མེད་པར་བསྟན་པའི་ཕྱིར། སྨྲས་པ། དེ་ནས་ཤོག་གུ་ཕྱེད་དང་ལྔ་ན། སེམས་མ་ཡིན་ཏེ། ཞེས་བྱ་བ་ལ་སེམས་ཞེས་བྱ་བའི་སྒྲས་ནི་ཀུན་བཏགས་པའི་སེམས་ལ་བྱའོ། །ཡོངས་སུ་གྲུབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུ་ནི། ཡོངས་སུ་རྟོག་པ་དང༌། རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་ལས་འདས་པས་སེམས་ཀྱི་མཚན་ཉིད་མེད་པའི་ཕྱིར་སེམས་ཡིན་པ་ཞེས་བྱའོ། །དེ་བས་ན་སེམས་ཀྱི་རང་བཞིན་ནི་རྟོག་པའི་དྲི་མ་དང༌། སྒྲིབ་པ་མེད་པར་འོད་གསལ་བའི་ཕྱིར་རོ། །ཞེས་བྱ་བ་གསུང་སྟེ་ཆོས་ཀྱི་སྐུའི་སེམས་ཀྱིས་རང་བཞིན་ནི་འོད་གསལ་བའོ། །དེ་བས་ན་སེམས་མ་ཡིན་པས་ཞེས་བྱ་བ་ནི་ཀུན་བཏགས་པའི་སེམས་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ ། ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པས་གསུངས་ཤིང༌། རྗེ་བཙུན་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སེམས་གང་ཞིག་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ། །ཞེས་རང་བཞིན་གྱིས་འོད་གསལ་བར་གསུང་སྟེ། དེ་ཉིད་ནི་འཁོར་བའི་བག་ཆགས་དང་བྲལ་བའོ། །དེའི་ཕྱིར་བདུད་ནི་དྲི་མ་དང་བཅས་པའི་སེམས་ཡིན་ལ། སངས་རྒྱས་ཉིད་ནི་དྲི་མ་མེད་པའི་སེམས་ཡིན་ནོ། །ཞེས་གསུང་བའི་ཕྱིར་རང་བཞིན་འོད་གསལ་གྱི་དོན་དང་རང་སྟོང་ལ་འདོད་པ་རྣམས་ནི་རྫོགས་ལྡན་གྱི་ཆོས་ལས་རིང་དུ་གྱུར་ཅིག །ཤིང་རྟ་ཆེན་པོ་རྣམས་ཀྱང་འདས་ནས་གསུམ་ལྡན་མར་བཅད་དུས་ཕྱིས་བྱུང་བའི་ཆོས་སྐད་གསར་པའི་ལུང་རིགས་ཀྱིས་གནོད་པ་ཡིན་པས་མཁས་པ་རྣམས་ཀྱིས་གཡང་ས་ལྟ་བུར་རྟོགས་པར་བྱས་ནས་རིང་དུ་སྤང་བར་བྱའོ། །དེ་ནས་ཕྲེང་གཅིག་ཅུང་མེད་ན། མ་བྲལ་ཞེས་བྱ་བ་ནི་རང་བཞིན་འོད་གསལ་བ་ཉིད་སྟོན་ཏེ། སྔོན་སོ་སོའི་སྐྱེ་བོའི་གནས་སྐབས་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་སྐྱེ་བའི་དུས་ན་ཡང༌། ནམ་མཁའ་བཞིན་དུ་དྲི་མ་ཐམས་ཅད་ཀྱིས་མ་གོས་པའི་ཕྱིར་ལྡན་པ་ཡང་མ་ཡིན་ཞེས་བྱའོ། །ཕྱིས་སངས་རྒྱས་སུ་གྱུར་པའི་ཚེ་ཡང་སེམས་དེ་གློ་བུར་གྱི་ཉོན་མོངས་པ་དང་བྲལ་བས་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ཉིད་ལ་གནས་པའི་ཕྱིར། དྲི་མ་དེ་དག་ཤིན་ཏུ་མི་སྐྱེ་བས། སྤྲིན་ལ་སོགས་པ་དེ་དག་དང་མི་ལྡན་པའི་ནམ་མཁའ་བཞིན་དུ་འོད་གསལ་བའི་ཕྱིར། བྲལ་བ་ཡང་མ་ཡིན་ཞེས་བྱའོ། །གལ་ཏེ་སྔོན་ལྡན་པར་གྱུར་ན་ནི་ཕྱིས་བྲལ་བར་ཡང་འགྱུར་བ་ཞིག་ན། འདི་ལྟར་སྔོན་དྲི་མ་དང་བཅས་པའི་གནས་སྐབས་ན་ཡང་རང་བཞིན་གྱིས་ཡོངས་སུ་དག་པས་དེ་དག་དང་ལྡན་པ་མ་ཡིན་པ་དེའི་ཕྱིར་ཕྱིས་ཀྱང་དེ་དག་དང་བྲལ་བ་མ་ཡིན་ནོ། །ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གསུངས། སྒྲིབ་གཉིས་དང་ཡང་འདོད་པའི་འདོད་ཆགས། གནོད་སེམས། རྨུགས་གཉིད། འཕྱར་འགྱོད། ཐེ་ཙོམ་སྟེ། མྱ་ངན་ལས་འདའ་བ་ལ་བར་དུ་གཅོད་པ་ལྔ་དང༌། ཡང་ན་ཉན་ཐོས་ཀྱི་སེམས་དམན་པ་དང༌། རང་སངས་རྒྱས་ཀྱི་སེམས་དམན་པ་དང་ཡང་བྲལ་བ་སྟེ། དེ་བཞིན་ཉིད་ཀྱི་རང་བཞིན་འགྱུར་བ་མེད་པའི་ཕྱིར་རོ། །འདི་ནི་བྱ་བ་དེ་མི་དམིགས་པ་དེ་ཡོད་དམ། དེ་ནས་ཕྲེང་གཅིག་ན། དེ་ལྟ་བུར་དམིགས་པ་མ་ཡིན་ནོ། །དེ་ནས་ཕྲེང་ཕྱེད་དང་གཉིས་ན། འགྱུར་རམ། སྟེ་མི་རིགས་སོ། །ཞེས་པའི་དོན་ཏོ། །མ་ཡིན་པ། རང་བཞིན་འོད་གསལ་ནི་འགྱུར། སེམས་མེད་པ་རྟོགས་པས། བསམ་གྱིས། དེ་ནས་ཤོག་གུ་ཕྱེད་དང་བཞི་དང་ཕྲེང་ཅིག་ན། ཇི་ལྟར་རང་བཞིན་འོད་གསལ་གྱི་བཞིན་དུ། ཆོས་ཉིད་ཀྱི། གཟུགས། དེ་ནས་ཕྲེང་གཅིག་ལྷག་པ་ན། མེད་དོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་ཏེ། ཇི་ལྟར། དེ་ནས་ཤོག་གུ་གསུམ་ན། འདས་ཀྱི་སྲས་ཐུ་བོ་ཡིན་པས། ཐུགས་ལས་སྐྱེས་པ། བཤད་པའི་ཆོས་ལས་བྱུང་བ། ཞལ་ནས་བྱུང་བ། སྒྲུབ་པའི་ཆོས་ལས་བྱུང་བས། ཆོས་ལས་སྐྱེས་པ། རྟོགས་པའི་ཆོས་ལས་བྱུང་བས། ཆོས་ཀྱིས་སྤྲུལ་པ་མྱ་ངན་ལས་འདས་པའི་ཆོས་ཀྱི་བདག་པོ་ཡིན་པས། ཆོས་ཀྱི་བགོ་སྐལ་བ། སྲེད་པ་སྤངས་པས། ཟང་ཟིང་ཆོས་ཉིད་ལས་གཞན་གྱིས་མི་འཕྲོགས་པས་ཆོས། ཆོས་སྐུ་མངོན་དུ་གྱུར་པས་ལུས། ཉན་ཐོས་རྣམ་རྟོག་གི་སྤྲོས་པའི། དེ་ནས་ཕྲེང་ཅིག་ན། ཕ་རོལ་ཏུ་ཕྱིན་པ་ལ་ཁྱོད་ཀྱིས་བསྟན་པ་ལྡོག་པ་ཡང༌། བསླབ་པ་འདི་ལ་བསླབ་པ་ལས། འཐོབ་པར་ཡོངས་སུ་ཆེན་པོ། ཤེར་ཕྱིར་གྱི་དོན་དང་མཐུན་པར་སྤྱོད་པའི་ཕྱིར། ཤེས་རབ་འདི་ཉིད་མཉམ་པའི་ཤེས་རབ་ཀྱིས་གཞན་ལ་ནན་ཏན་དུ་ལེགས་པར་མཉན་པར་བྱའོ། །མཉན་པའི་ཚིག་ཁ་དོན་དུ་ལེགས་པར་གཟུང་བར་བྱའོ། །དྲན་པས་མ་བརྗེད་པར་བཅང་བར་བྱའོ། །གླེགས་བམ་དུ་བྲིས་ཏེ་ཀློག་པར་བྱའོ། །དོན་ཟབ་མོ་མ་ལུས་པར་བསམ་པའི་ཤེས་རབ་ཀྱིས་ཕྱིན་ཅི་མ་ལོགས་པར་ཡོངས་སུ་ཆུབ་པར། དེ་རྟོག་ཅིང་མངོན་སུམ་དུ་བྱའོ། །ཇི་ལྟར་རྟོགས་པའི་དོན་བསྒོམ་པའི་ཤེས་རབ་ཀྱིས། ཚུལ་བཞིན་ཡིད་ལ་ཡང་ཡང་གོམས་པར་བྱའོ། །དེ་ནས་ཕྲེང་ཕྱེད་བཞི་ལྷག་ན་ཡིད་ལ་བྱའོ། །ས་འདི་རྣམས་ཀུན་ལ་བསླབ་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མེད་དུ་མི་རུང་སྟེ། ཐམས་ཅད་ལ་ཕན་འདོགས་པ་ཡིན་ནོ། །ཞེས་བསྟན་པའོ།། ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ལེའུ་བཞིའོ།། །། ༈ བམ་པོ་བཞི་པ། དྲོད་འབྲིང་གི་དམིགས་རྣམ་ནི། གཟུགས་སོགས་འདུ་དགོད་གནས་བྲལ་དང༌། །དེ་ནས་ཚེ། དེ་ནས་གསུམ་ལྷག་པ་ན། བར་བགྱིས་ན། ཞེས་པའི་དོན་ནི་དབུ་མ་པ་ཆེན་པོ་ནས། ཡང་དག་པར་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པ་ནི་འཕེལ་བ་ཞེས་བྱའོ། །ཡང་དག་པར་ཡོད་པ་ལ་སྐུར་པ་བཏབ་པ་ནི་འགྲིབ་པ་ཞེས་བྱའོ། །ཞེས་གསུངས་པའོ། །འགྱོད་པ་སྟེ། མི་ཤེས་པའི་ཉེས་པར་འགྱུར་རོ། །མ་མཆིས་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་ལྟར་གནས་པ་མེད་པའོ། །ཐུག་པ་མ་མཆིས། ཞེས་བྱ་བ་ནི་ནམ་མཁའ་ལ་སོགས་འདུས་མ་བྱས་པ་ལྟ་བུར་གནས་པ་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་གཤིས་ལུགས་ལ་མ་མཆིས། མིང་སྟེ་ཡུལ་དང་ཕྱོགས་ན་གནས་པ་ཐུག་སྟེ། མི་གནས་པའམ། གནས་པ་དང་མི་གནས་པ་གཉིས་ཀ་ཡིན་པར་བྱིན་གྱིས་བདག་གིས་ལ་ཟློ་བ་མཉམ་གཞག་ཟབ་མོའི་སྐབས་སུ་འཕེལ་འགྲིབ་ལ་སོགས་པ་གང་དུ་ཡང་མི་རྟོག་ཅིང་མི་དམིགས་པས་གཟུགས། དེ་ནས་ཤོག་གུ་བཅུ་དྲུག་དང་ཕྲེང་བརྒྱད་ན། བམ་པོ་ལྔ་པ། དེ་ནས་ཤོག་གུ་བཅུ་གཉིས་དང་ཕྲེང་བཅུ་གཅིག་ན། རྗེས་སུ་མ་མཐོང་སྟེ། ཞེས་པའི་སྐབས་འདིར་རྨི་ལམ་ལྟ་བུའི་དོན་ནི་འབུམ་ཏིག་ལ་རྨི་ལམ་ན་མཐོང་བའི་ཆོས་རྣམས་གཉིད་སངས་པའི་ཚེ། དེ་ལྟར་མི་སྣང་བ་བཞིན་དུ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པ་ཀུན་བཏགས་པའི་ཆོས་རྣམས་ཀྱང་མ་རིག་པའི་གཉིད་ཀྱིས་ལོག་པའི་ཚེ་སྣང་བ་རྣམས། མ་རིག་པ་སངས་ཏེ་འཕགས་པའི་ཤེས་རབ་ཐོབ་པའི་ཚེ། དེ་ལྟར་མི་སྣང་བའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་ན། བཅོམ་ལྡན་འདས་བདག་གིས། གཟུངས་འཛིན་གྱིས་དབེན་པའི་ཕྱིར་དབེན་པ་སྟེ། དེའི་འཕེལ་བ། དེ་ནས་ཕྲེང་ཕྱེད་གསུམ་ན། བདག་གིས་རང་བཞིན་གྱིས་མྱ་ངན་ལས་འདས་པས་ཞི་བ་སྟེ། དེའི་འཕེལ་བ། དེ་ནས་ཕྲེང་གསུམ་ཅུང་མེད་ན། བདག་གིས་རྒྱུ་རྐྱེན་གྱིས་མ་སྐྱེས་པས། སྐྱེ་བ་མ་མཆིས་པ་སྟེ། དེའི་འཕེལ་བ། དེ་ནས་ཡང་ཕྲེང་གསུམ་ཅུང་མེད་ན། བདག་གིས་མ་སྐྱེས་པའི་ཕྱིར་འགག་པ་མ་མཆིས་པ་སྟེ། དེའི་འཕེལ་བ། དེ་ནས་ཕྲེང་ཕྱེད་གསུམ་ལྷག་ན། བདག་གིས་མ་བྱུང་བའི་ཕྱིར། འབྱུང་བ་མ་མཆིས་པ་སྟེ། དེའི་འཕེལ་བ། དེ་ནས་ཡང་ཕྲེང་ཕྱེད་གསུམ་ཅུང་མེད་ན། བདག་གིས་བཅོས་སུ་མེད་པའི་ཕྱིར། མངོན་པར་འདུ་མ་མཆིས་པ་སྟེ། དེའི་འཕེལ་བ། དེ་ནས་ཡང་ ཕྲེང་ཕྱེད་གསུམ་ན། ཀུན་ནས་ཉོན་མོངས་པའི་དངོས་པོར་མི་འགྱུར་བས། ཉོན་མོངས་པ་མ་མཆིས་པ་སྟེ། དེའི་འཕེལ་བ། དེ་ནས་ཡང་ཕྲེང་གསུམ་ན། བདག་གིས་ཀུན་ནས་ཉོན་མོངས་པ་མེད་པས་དེའི་ཟླས་དྲངས་པ། རྣམ་པར་བྱང་བ་མ་མཆིས་པ་སྟེ། དེའི་འཕེལ་བ། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ན། མ་མཆིས་སོ། །དེ་ལ་ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཐོབ་པར་འགྱུར་བའི་རྒྱུའམ། གཞི་ཡིན་པའི་ཕྱིར་རོ། །དེ་བཞིན་ཉིད་ཅེས་བྱ་བའི་ཡོངས་སུ་དག་པའི་རང་བཞིན་གཞན་དུ་མི་འགྱུར་ཞིང༌། རྟག་ཏུ་དེ་བཞིན་དུ་གནས་པའི་ཕྱིར་རོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་རྫོགས་པའི་མཐར་ཕྱིན་པའི་ཕྱིར་རོ། །ཆོས་ཀྱི་གནས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡེ་ནས་དེ་བཞིན་དུ་གནས་པའོ། །ཞེས་འབྱུང་བ་ལྟ་བུ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་དེ་བཞིན་དུ་གནས་པའི་ཕྱིར་རོ། །ཆོས་སྐྱོན་མེད་པ་ཞེས་བྱ་བ་ནི་ས་དང་པོ་ཡན་ཆད་དེ་བཞིན་ཉིད་དེ་རྟོགས་པའི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ཞིང་ཕྱིར་མི་ལྡོག་པར་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཞེས་འབུམ་ཏིག་གསུངས་ཤིང༌། དབུ་མ་པ་ཆེན་པོ་དབྱིག་གཉེན་གྱིས་སྐབས་འདིར་ཡོངས་གྲུབ་དགུའི་བཤད་པ་གསུང་བ་ནི་འོག་ཏུ་བརྗོད་པར་བྱའོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས་འཕེལ་བ། དེ་ནས་ཤོག་གུ་གཅིག་དང་ ཕྲེང་དགུ་ན། སའི་མཚན་མ་མིང་དེ་ཡང༌། དེ་ནས་ཕྲེང་དྲུག་ན། བམ་པོ་དྲུག་པ། དྲོད་ཆེན་པོའི་དམིགས་རྣམ་ནི།
གནས་དང་བཏགས་དང་བརྗོད་དུ་མེད། །བཅོམ་ལྡན་འདས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་དགུ་ན། བརྗོད་དུ་མ་མཆིས་སོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ། །ཞེས་པ་ཉི་ཁྲིར་བྱུང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིག་རྣམས་ལ་བྱེ་བྲག་ཅི་ཞིག་ཡོད་ཅེ་ན། ཡོངས་སུ་གྲུབ་པའི་འཇུག་པ་ཐ་དད་པས་ཐ་དད་དེ། འདི་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པར་དགུ་སྟེ། རྣམ་པར་འཇིག་པ་མེད་པ་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང༌། འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་དང༌། ངོ་བོ་ཉིད་ཡོངས་སུ་གྲུབ་པ་དང༌། རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་རྒྱུ་ཉིད་ཡོངས་སུ་གྲུབ་པ་དང༌། དུས་ཐམས་ཅད་དུ་ཡོངས་སུ་གྲུབ་པ་དང༌། ཕྱིར་མི་ལྡོག་པར་ཡོངས་སུ་གྲུབ་པ་དང༌། དེ་ཁོ་ན་ཉིད་དུ་ཡོངས་སུ་གྲུབ་པ་དང༌། རྟོག་གེའི་ལམ་ལས་འདས་པར་ཡོངས་སུ་གྲུབ་པའོ། །རྣམ་པར་འཇིག་པ་མེད་པར་ཡོངས་སུ་གྲུབ་པ་ནི། དེ་བཞིན་ཉིད་ཅེས་གསུངས་པ་སྟེ། རྟག་ཏུ་དེ་བཞིན་དུ་གནས་ཤིང་རྣམ་པར་མི་འཇིག་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ནི་མ་ནོར་བ་དེ་བཞིན་ཉིད་ཅེས་གསུངས་པ་སྟེ། ནོར་བ་དང་ཕྱིན་ཅི་ལོག་ཏུ་གྱུར་པ་མེད་པའི་ཕྱིར་རོ། །འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་གསུངས་པ་སྟེ། གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ངོ་བོ་ཉིད་ཡོངས་སུ་གྲུབ་པ་ནི་ཆོས་ཉིད་ཅེས་གསུངས་པ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བ་ཐམས་ཅད་ཀྱི་རྒྱུ་ཉིད་ཡོངས་སུ་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཞེས་གསུངས་པ་སྟེ། སྟོབས་བཅུ་དང༌། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་དབྱིངས་དང་རྒྱུ་ཡིན་པའི་ཕྱིར་རོ། །དུས་ཐམས་ཅད་དུ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཆོས་གནས་པ་ཉིད་ཅེས་གསུངས་པ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱིས་ཆོས་ཉིད་ནི་གནས་པ་ཉིད་དོ།། ཞེས་གསུང་བས་དུས་ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཕྱིར་མི་ལྡོག་པར་ཡོངས་སུ་གྲུབ་པ་ནི་ཆོས་སྐྱོན་མེད་པ་ཉིད་ཅེས་གསུངས་པ་སྟེ། ས་དང་པོ་ཡན་ཆད་རབ་ཏུ་རྟོགས་པས་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་སྐྱོན་མེད་པ་ལ་ཞུགས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་དུ་ཡོངས་སུ་གྲུབ་པ་ནི་ཡང་དག་པའི་མཐའ་ཞེས་གསུངས་པ་སྟེ། ཡང་དག་པ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པའི་མཐར་ཐུག་པའི་ཕྱིར་རོ། །རྟོག་གེའི་ལམ་ལས་འདས་པར་ཡོངས་སུ་གྲུབ་པ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་གསུངས་པ་སྟེ། བརྗོད་དུ་མེད་པ་དང༌། སོ་སོ་རང་རིག་པ་ཡིན་པས་རྗེས་སུ་དཔག་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །གཞན་ཡང་ཀུན་བཏགས་པའི་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྟེ། རབ་ཏུ་རྟོགས་པར་གྱུར་པ་རྣམས་ལ་དེ་ལྟར་མི་འགྱུར་བས། དེ་ལས་བཟློག་པ་ལ་ནི་དེ་བཞིན་ཉིད་ཅེས་བྱ་སྟེ། དུས་ཐམས་ཅད་དུ་དེ་བཞིན་དུ་ཡོད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ། ནོར་བར་སྣང་བའི་ཕྱིར་རོ།། དེ་ལས་བཟློག་པ་ནི་མ་ནོར་བར་དེ་བཞིན་ཉིད་ཅེས་བྱ་སྟེ། མ་ནོར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྨིག་རྒྱུ་ལྟ་བུ་སྟེ། གཞན་དུ་གནས་ལ་གཞན་དུ་སྣང་བའི་ཕྱིར་རོ། །དེ་ལས་བཟློག་པ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་སྟེ། དུས་ཐམས་ཅད་དུ་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ཆུ་ཟླ་ལྟ་བུ་སྟེ། ཆོས་དེའི་བདག་ཉིད་མ་ཡིན་པ་མ་ཡིན་ལ་ཆོས་དེའི་བདག་ཉིད་དུ་སོ་སོར་སྣང་བའི་ཕྱིར་རོ། །ཆུ་ཟླའི་ཟླ་བ་ཡང་དག་པར་མ་ཡིན་ནོ། །དེ་ལས་བཟློག་པ་ནི་ཆོས་ཉིད་ཅེས་བྱ་སྟེ། དོན་དམ་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ། དོན་དམ་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་ཡིན་ཞིང་དོན་ཡོད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་བྲག་ཅ་ལྟ་བུ་སྟེ་ཡུན་ཐུང་བའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཆོས་གནས་པ་ཉིད་ཅེས་བྱ་སྟེ། གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་མིག་ཡོར་ལྟ་བུ་སྟེ། མ་ངེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་སྟེ། ངེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་གཟུགས་བརྙན་ལྟ་བུ་སྟེ། རྣམ་པར་ཤེས་པ་ལ་རྣམ་པ་འཕོས་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཡང་དག་པའི་མཐའ་ཞེས་བྱ་སྟེ། དོན་དམ་པ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྤྲུལ་པ་ལྟ་བུ་སྟེ། སེམས་ཀྱི་འདུ་བྱེད་ལས་འབྱུང་བའི་ཕྱིར་རོ། །དེ་ལས་བཟློག་པ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་སྟེ། ཡིད་ཀྱི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །དོན་དམ་པར་ནི་ཐམས་ཅད་ཀྱང་ཡོངས་སུ་གྲུབ་པའི་ཆོས་ཀྱི་རྣམ་གྲངས་སོ། །ཞེས་དབུ་མ་པ་ཆེན་པོས་འཕེལ་འགྲིབ་མ་དམིགས་པའི་འགྲེས་ཀྱི་སྐབས་སུ་གསུངས་ལ། གཞུང་འདིའི་སྐབས་དེར་ཡོངས་གྲུབ་ལྔ་ལས་མ་བྱུང་ཞིང་འདིར་བརྒྱད་ཡོད་པས་སྐབས་འདིར་དྲངས་སོ། །སློབ་དཔོན་གྱིས་འགྲེས་གོང་མར་གསུངས་པ་ནི། ཁྲི་བརྒྱད་སྟོང་པའི་སྐབས་དེ་དང་འདི་གཉིས་ཀ་ནས་ཡོངས་གྲུབ་དགུ་དགུ་ཡོད་པས། གཙོ་ཆེར་གཞུང་དེ་ལ་སྦྱར་བ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་གསུམ་ན། མ་མཆིས་པའི་ཚུལ་ལོ། །དེ་ལྟར་ལེའུ་འདིའི་དབུས་ནས་འདིའི་བར་གྱིས། མཐའ་གཉིས་དང་བྲལ་བར་བསྒྲུབ་པ་བསྟན་ཏོ། །
རྩེ་མོ་ཆུང་ངུའི་དམིགས་རྣམ་ནི། གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །བཅོམ་ལྡན་འདས་ལ་སྤྱོད་པའི་ཚེ། ལ་ཟློ་བ་མཉམ་གཞག་ཟབ་མོའི་སྐབས་སུ་ཅིར་ཡང་མི་རྟོག་ཅིང༌། གང་ལ་ཡང་གནས་པའི་རྣམ་རྟོག་སྤང་དགོས་པའི་ཕྱིར་རོ། །གནས་པར་རྟོག་པ་མི་བགྱིའོ། །དེ་བཞིན་དུ་དེ་ཚོར་བ་ལས། དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ཆད་པ་ན། སྟོང་པ་ཉིད་ཀྱང་གཟུགས་ སོ། །འདི་ལ་གཟུགས་ཀྱང་རྣམ་པ་གསུམ་སྟེ། ཀུན་བཏགས་པའི་གཟུགས་དང༌། རྣམ་པར་བཏགས་པའི་གཟུགས་དང༌། ཆོས་ཉིད་ཀྱི་གཟུགས་སོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་དུ་བཟུང་བས། དངོས་པོའི་གཟུགས་གང་ཡིན་པ་དེ་ནི་ཀུན་བཏགས་པའི་གཟུགས་ཞེས་བྱའོ། །དེ་ཉིད་རྣམ་པ་གང་གིས་དོན་དུ་སྣང་བའི་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པ་དེ་ནི་རྣམ་པར་བརྟགས་པའི་གཟུགས་ཞེས་བྱའོ། །ཀུན་བཏགས་པ་དང་རྣམ་པར་བརྟགས་པ་དེ་གཉིས་ཀྱི་རྣམ་པ་དང་བྲལ་བའོ། །ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་དུ་ཟད་པ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱའོ། །དེ་ལ་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི་ཀུན་བཏགས་པ་གཟུགས་སུ་ཡོད་པ་ལ་སོགས་པའི་མཚན་ཉིད་དང༌། གཟུགས་སུ་རྣམ་པར་བརྟགས་པ་ཡུལ་གྱིས་རྣམ་པར་སྣང་བའི་གཟུགས་ཀྱིས་སྟོང་པ་ནས་སྟོང་པ་ཞེས་བྱའོ། །དེ་སྐད་བཤད་པ་དང༌། ཀུན་བཏགས་པ་དང་རྣམ་པར་བརྟགས་པའི་གཟུགས་ཀྱིས་སྟོང་པའི་ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ལ་ཅི་གཟུགས་ཀྱིས་མཚན་ཉིད་གཞན་ཞིག་ཀྱང་ཡོད་དམ། གང་གི་ཕྱིར་དེ་ལ་ཡང་གཟུགས་ཞེས་བྱ་སྙམ་དུ་ཐེ་ཚོམ་ཟ་བ་དེའི་ཕྱིར་གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་གཟུགས་མ་ལགས་ཞེས་བྱ་བ་བཤད་དེ། ཀུན་བཏགས་པ་དང་རྣམ་པར་བརྟགས་པའི་གཟུགས་ཀྱི་སྟོང་པ་གང་ཡིན་པ་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ནི་གཟུགས་མ་ཡིན་ཞིང་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་དེ། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་རྣམ་པ་ལས་དབེན་པའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་སྐད་བཤད་པ་དང༌། གལ་ཏེ་གཟུགས་རྣམ་པ་ཐམས་ཅད་དུ་མེད་ན་འོ་ན་གང་གིས་སྟོང་ན་འདི་ལ་སྟོང་པ་ཉིད་ཅེས་བྱའོ། །ཡུལ་མེད་པའི་སྟོང་པ་ཉིད་ཀྱང་མེད་ལ། ཆོས་ལས་ཆོས་ཉིད་གཞན་པ་ཡང་མི་རིགས་པ་དང༌། ཆོས་ཉིད་ལས་ཆོས་གཞན་པ་ཡང་མི་རིགས་སོ།། སྙམ་དུ་ཐེ་ཚོམ་ཟ་བ་དེའི་ཕྱིར། སྟོང་པ་ཉིད་ལས་གུང་ན་ཡང་གཟུགས་མ་མཆིས་ཞེས་བྱ་བ་གསུང་སྟེ། ཇི་སྐད་བསྟན་པར་འགྱུར་ཞེ་ན། དེ་ནི་འདི་ལྟར་ཆུ་མ་དྭངས་པ་ལ་མ་དྭངས་པའི་གནས་སྐབས་ན་ནི་རྙོག་པ་ཞེས་བྱ་ལ། དྭངས་པའི་གནས་སྐབས་ན་ནི་ཆུ་ཞེས་བྱ་བ་དང༌། ཇི་ལྟར་ནམ་མཁའ་མ་དྭངས་བའི་གནས་སྐབས་ནི་རྨུགས་པ་ཞེས་བྱ་ལ། དྭངས་པའི་གནས་སྐབས་ནམ་མཁའ་གསལ་བ་ཞེས་བྱ་བ་དེ་བཞིན་དུ་སྟོང་པ་ཉིད་འདི་ཡང་བྱིས་པ་སོ་སོའི་སྐྱེ་བོ་མ་དག་པའི་གནས་སྐབས་ན་ཐ་དད་པར་མ་གྱུར་པའི་ཕྱིར། གཟུགས་ལ་སོགས་པའི་ཚིག་ཏུ་བརྗོད་ལ་དག་པའི་གནས་སྐབས་ན་ནི་སྟོང་པ་ཉིད་ཅེས་བྱའོ། །དེ་བས་ན་སྟོང་པ་ཉིད་ལས་གཟུགས་ལ་སོགས་པ་ཆོས་ཐ་དད་པར་གྱུར་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་ཆོས་དང་ཆོས་ཉིད་དག་ཐ་དད་པ་མེད་པར་གྱུར་པས། གང་གི་ཚེ་ཆོས་ཉིད་ཀྱིས་ཆོས་བརྗོད་པ་དེའི་ཚེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་ཅེས་བྱའོ། །གང་གི་ཚེ་ཆོས་ཉིད་བརྗོད་པར་གྱུར་པ་དེའི་ཚེ་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱའོ། །ཡང་ན་གཟུགས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་བྱ་བ་ལ། སྟོང་པ་ཉིད་ནི་དེ་བཞིན་ཉིད་དེ་ཆོས་ཉིད་ཀྱི་གཟུགས་ལ་བྱའོ། །དེ་ལྟར་ཀུན་བཏགས་པ་དང་རྣམ་པར་བརྟགས་པའི་གཟུགས་དེ་དག་ཤིན་ཏུ་མེད་པ་དང༌། ཡོངས་སུ་གྲུབ་པའི་གཟུགས་ལ་ཡང་གནས་སུ་མི་རུང་བའི་ཕྱིར། གཟུགས་ལ་གནས་པར་མི་བགྱིའོ། །ཞེས་བྱ་བ་གསུང་སྟེ། དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ཤོག་གུ་ཕྱེད་དང་བཅུ་གཉིས་ན། སྤྱོད་པའི་ཚེ། ཨ་ཞེས་བྱ་བ་ལ་སོགས་པའི། ཡི་གེ་རྣམས་ལ་མི་བགྱི། ཞེས་བྱ་བ་ནི་ཨ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་རྣམས་ལ་བརྟེན་ནས། སྐྱེ་བ་མེད་པའི་དོན་གྱི་རྗེས་སུ་འབྲང་བའི་གཟུངས་ཀྱིས་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ལ་ཡི་གེ་མངོན་པར་སྒྲུབ་པ་ཞེས་བྱ་བའི་སྒྲར་བརྗོད་དེ། ཞེས་དབུ་མ་པ་གསུངས། ཡི་གེ་གཅིག་ཏུ། ཡི་གེ་གཉིས་སུ། ཚིག་ཐ་དད་དུ། དེ་ནས་ཤོག་གུ་གཅིག་ལྷག་ཙམ་ན། མི་རྟག་པ་ཉིད་ཀྱིས་སྟོང་སྟེ། ཞེས་བྱ་བ་ལ་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱིས་མི་རྟག་པ་ནི་སྐྱེ་བ་དང༌། འགག་པའི་མཚན་ཉིད་དེ་ཀུན་བཏགས་པའི་མཚན་ཉིད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་རྟག་པའི་མཚན་ཉིད་ནི་མེད་པའི་མཚན་ཉིད་ལས་བརྟེན་ནས། མེད་པའི་དོན་ནི་མི་རྟག་པའི་དོན་ཏོ། །ཞེས་བཤད་དེ། འདི་ལྟར་རྟག་ཏུ་ཡོད་པ་ལ་ནི་རྟག་པ་ཞེས་བྱའོ། །དེ་ལས་བཟློག་ན་རྟག་ཏུ་མེད་ཅིང༌། དུས་ཐམས་ཅད་དུ་མེད་པ་ལ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་རྟག་པ་ཞེས་བྱའོ། །དེ་བས་ན་མེད་པའི་མཚན་ཉིད་དོན་དམ་པར་མི་རྟག་པ་ཉིད་དོ། །གཟུགས་མི་རྟག་པ་ནི་གཟུགས་མི་རྟག་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དམ་པར་མི་རྟག་པ་གང་ཡིན་པ་དེ། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱིས་ཀུན་ནས་བཏགས་པའི་སྐྱེ་བ་དང༌། འགག་པའི་མཚན་ཉིད་ཀྱི་དེ་མི་རྟག་པའི་ངོ་བོ་ཉིད་ཀྱིས་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཉིད་མ་ལགས། ཞེས་བྱ་བ་གསུང་སྟེ། འདི་ལྟར་དོན་དམ་པའི་གཟུགས་མི་རྟག་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཀུན་བཏགས་པའི་གཟུགས་མི་རྟག་པ་ཉིད་ཀྱིས་ངོ་བོ་ཉིད་མ་ཡིན་ཏེ། དེ་བས་ན་དོན་དམ་པའི་གཟུགས་མི་རྟག་པ་ཉིད་ནི་ཀུན་བཏགས་པའི་གཟུགས་མི་རྟག་པ་ཉིད་ཀྱིས་སྟོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་ན་ནི་ཆོས་ལས་ཆོས་ཉིད་ཐ་དད་པར་འགྱུར་རོ། །སྙམ་པ་ལ་མཆིས་ཏེ། ཞེས་པ་འདིའི་དོད་དུ་ཁྲི་བརྒྱད་སྟོང་པར་སྟོང་པ་ཉིད་ལ་གུད་ན་ཡང་མི་རྟག་པ་ཉིད་མ་མཆིས་ཏེ། ཞེས་པ་འབྱུང༌། དབུ་མ་པས་སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མི་རྟག་པ་མ་མཆིས། ཞེས་བྱ་བ་གསུང་སྟེ། དེ་བཞིན་ཉིད་ལས་གུད་ན་ཀུན་བཏགས་པའི་གཟུགས་མི་རྟག་པ་ཉིད་ཡོད་པ་མ་ཡིན་ཏེ། ཆུ་དྭངས་པ་དང༌། ནམ་མཁའ་བཞིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར་ཐ་དད་པར་གྱུར་པ་མེད་པའི་ཕྱིར་མི་རྟག་པ་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། གཟུགས་མི་རྟག་པའམ། སྟོང་པ་ཉིད་ལ་སྟོང་ཉིད་ཀྱི་སྒྲར་བརྗོད་ཅེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཞེས་འགྲེས་འདི་ཞིབ་བཤད་དབུ་མ་ཆེན་པོ་གསུངས་ལ། གཞུང་འདིའི་ཐོག་ནས་ཅུང་མི་བདེ་ཡང༌། ཁྲི་བརྒྱད་སྟོང་པ་དང་མཐུན་ཞིང༌། དོན་འདི་ལས་མི་འདའ་བའི་ཕྱིར་བཀོད་དོ། །དེ་ནས་ཕྲེང་ཕྱེད་བརྒྱད་ན། བམ་པོ་བདུན་པ། དེ་ནས་ཤོག་གུ་དགུ་དང་ཕྲེང་གསུམ་ན། གནས་པར་མི་བགྱིའོ། །བཅོམ་ལྡན་འདས་ཀྱིས་འཁོར་ལོ་གཉིས་པའི་སྐབས་སུ། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་ཚིག་གིས་གནས་སུ་གྱུར་པ་ལགས་སོ།། ཞེས་དགོངས་པ་ངེས་འགྲེལ་གྱི་མདོར་གསུངས་པ། དེ་སྐབས་འདི་དག་ལ་སོགས་པ་རང་སྟོང་མ་ཡིན་པ་རྣམས་རང་སྟོང་དུ་སྟོན་སྟོན་འདྲ་བའི་གཞུང་གི་སྐབས་ཐམས་ཅད་དུ་དྲན་དགོས་སོ། །བརྒྱད་སྟོང་དོན་བསྡུས་སུ། མེད་ཅེས་བྱ་ལ་སོགས་ཚིག་གིས། །བརྟགས་པ་ཐམས་ཅད་འགོག་པ་སྟེ། །ཞེས་དང༌། འདི་ནི་བརྟགས་པ་འགོག་པ་ཡིན། །ཞེས་སོགས་མང་དུ་གསུངས་པ་ཡང་སྐབས་མང་པོར་ཡང་ཡང་དྲན་དགོས་ཏེ། གཞན་དུ་ན་ཀུན་བཏགས་ཀྱི་ཆོས་རྣམས་མེད་པར་དགོངས་ནས། གསུངས་པ་ལས་འཁྲུལ་ནས་ཡོངས་གྲུབ་ཀྱི་ཆོས་རྣམས་ཀྱང་མེད་པར་འཛིན་པའི་ལོག་ལྟ་འབྱུང་བའི་ཕྱིར་རོ། །དེ་ནས་ཤོག་གུ་གཅིག་ལས་ཕྲེང་གཅིག་ཆད་པ་ན། དེ་ལྟར་མི་གནས་པར་སྒྲུབ་པ་བསྟན་ནས། གནས་པའི་ཉེས་དམིགས་བསྟན་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ལྷག་པ་ན། མི་སྤྱོད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཐབས་མི་མཁས་པས་ཚུལ་བཞིན་མ་ཡིན་པར་བཟུང་ནས། ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མི་ཤེས་པས་བདག་གིས་གཟུགས་ཀྱི་ངོ་བོ་ཉིད་ཡིན་ནོ། །ཞེས་བྱ་བའམ། འདི་ནི་བདག་གི་གཟུགས་སོ་ཞེས་བྱ་བའམ། འདི་ནི་གཟུགས་སུ་རུང་བའི་མཚན་ཉིད་དོ། །ཞེས་བྱ་བར་གཟུགས་ལ་གནས་ནས། དེ་གཟུགས་མངོན་པར་འདུ་བྱེད་པ་གཟུགས་སུ་རྣམ་པར་རྟོག་པའི་རྗེས་སུ་སོང་བ་འདུ་བྱེད་ཀྱི་ཆོས་ལ་སྤྱོད་པ་ཡིན་གྱི། སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་རྗེས་སུ་འབྲང་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་བརྒྱད་ན། བམ་པོ་བརྒྱད་པ། དེ་ནས་ཤོག་གུ་བཅུ་གཅིག་དང་ཕྲེང་བཅུ་གཉིས་ན། འབྱུང་བར་མི་འགྱུར་རོ། །ཞེས་བྱ་བས་མི་གནས་པར་སྒྲུབ་པ་རྫོགས་ནས། ཡོངས་སུ་འཛིན་པ་མེད་པར་བསྒྲུབ་པ་བསྟན་པ་མ་མཆིས་པ་སྟེ། ཞེས་བྱ་བ་ནི་གང་གི་ཕྱིར། ཆོས་ཉིད་ཀྱི་གཟུགས་ལ་ནི་བདག་ཏུ་འཛིན་པ་དང༌། བདག་གིར་འཛིན་པར་ལྷུང་བའི་རྒྱུད་གང་གིས་ཀྱང་གཟུགས་སུ་ཡོངས་སུ་བཟུང་བ་མེད་དོ། །དེའི་ཕྱིར་མངོན་པར་འདུ་བྱེད་པ་ལ་སྤྱོད་ན་དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱད་པ་ལ་སྤྱོད་པ་མ་ཡིན་ནོ། །ཞེས་སྟོན་ཏོ། །ཅིའི་ཕྱིར་གཟུགས་ཡོངས་སུ་མེད་ཅེས་བྱ་ཞེ་ན། གཟུགས་མ་ལགས། ཞེས་བྱ་བ་གསུངས་སོ། །འདིར་ཡོངས་སུ་བཟུང་བ་མེད་ཅེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་བྱ་སྟེ། ཆོས་ཉིད་ཀྱི་གཟུགས་ཀྱིས་ཡོངས་སུ་བཟུང་བ་མེད་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཀུན་བཏགས་པའི་གཟུགས་ཀྱིས་ངོ་བོ་ཉིད་མ་ཡིན་ཏེ། དེའི་ཕྱིར་ཆོས་ཉིད་ཀྱི་གཟུགས་ནི་ཡོངས་སུ་བཟུང་བ་མེད་པའོ། །ཞེས་བྱ་བར་སྦྱར་རོ། །ཞེས་ཤིང་རྟ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་བརྒྱད་ན། བམ་པོ་དགུ་པ། དེ་ནས་ཕྲེང་གཅིག་ལྷག་པ་ན། གང་ལ་ཡང་རྟོག་པའི་ཡིད་རྣམ་པར་ཡོངས་སུ་བརྟག་པ་སྟེ་བསྒོམ་པར་བགྱིའོ། །དེ་ནས་ཕྲེང་གཅིག་ན། དེའི་ཁྱད་པར་གྱི་ཆོས་ནི་རྒྱ་ཆེ་བ་ཕུལ། དེ་ནས་ཕྲེང་གཅིག་ན། ཆེན་པོ་ནི། དེའི་ཕན་ཡོན་གྱིས་རྣམ་པ་ཐམས་ཅད། དེ་ནས་ཕྲེང་གསུམ་ལྷག་པ་ན་མ་མཆིས་པའོ། །ཞེས་བྱ་བ་ནི་གང་གི་ཕྱིར་སྟོང་པ་ཉིད་ཐམས་ཅད་ཀྱི་ཡེ་ཤེས་ཡོངས་སུ་སྦྱངས་པ་ཆོས་ཐམས་ཅད་མི་དམིགས་པའི་མཐར་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་འགྱུར་ཏེ། དེ་བས་དེ་ཡང་ཡོངས་སུ་མ་བཟུང་ཞེས་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས།
རྩེ་མོ་འབྲིང་གི་དམིགས་རྣམ་ནི། དེ་དག་གཅིག་གི་རང་བཞིན་གཅིག །དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང༌། །དེ་དག་གཅིག་གི་རང་བཞིན་གཅིག །ཆོས་རྣམས་མི་འཛིན་གང་ཡིན་དང༌། །དེ་ཅིའི་སླད་དུ་ཞེ་ན། ལགས་པ་སྟེ། ཞེས་བྱ་བ་གསུངས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་མ་དང་བྲལ་ཏེ། མཚན་མའི་རྣམ་པ་ཡོང་ཡེ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས་པ་འབྱུང་སྟེ། ཞེས་བྱ་བ་འདིའི་དོད་ལ་ཁྲི་བརྒྱད་སྟོང་པར། འདི་ལྟར་མཚན་མ་ནི་ཉོན་མོངས་པ་ལགས་པའི་སླད་དུའོ། །ཞེས་པ་འབྱུང་ཞིང༌། དབུ་མ་པ་ཆེན་པོས་དེའི་འགྲེལ་པར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པ་མཚན་ཉིད་སེམས་ཀྱི་རྒྱུད་ཉོན་མོངས་པར་འགྱུར་བས་ན་ཉོན་མོངས་པ་ཞེས་བྱ་བར་བསྟན་ཏོ། །ཞེས་གསུངས་སོ། །གཟུགས་ལ་རྟོག་པ་མེད་པ་ནི་མཚན་མའོ། །དེ་བཞིན་དུ་ཕྱི་མ་རྣམས་ལ་སྦྱར་ཏེ། ཚོར་བ་ལ་རྟོག་པ་ནི་མཚན་མའོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། བཟུང་བ་ཞིག་ལགས་ན་ནི་མུ་སྟེགས་ཅན། ཀུན་ཏུ་རྒྱུ་བ་ཕྲེང་བ་ཅན། མཚན་མ་མེད་པའི་ཏིང་ངེ་འཛིན་ལ་མོས་པ་ཡང༌། བཅོམ་ལྡན་འདས་ལས་མཚན་མ་མེད་པའི་ཆོས་ཐོས་ནས། ཐམས་ཅད་མཁྱེན་པ་དད་པ་ཐོབ་པར་གྱུར་པ། དེ་ཡང་དེ་ལྟར་འོས་པར་མི་འགྱུར་བ་ཞིག་ན་དད་པ་ཐོབ་པར་ཡང་འགྱུར་རོ། །དད་པ་དེ་ཡང་དོན་དམ་པར། མཚན་མའི་ཚུལ་དུ་སྐྱེ་བ་མ་ལགས། ཀུན་རྫོབ་ཏུ་མཚན་མའི་ཚུལ་དུ་ཡང་སྐྱེ་བ་མ་ལགས་སོ། །ཡང་ན་མཉམ་བཞག་ཏུ་མཚན་མའི་ཚུལ་དུ་མི་སྐྱེ། རྗེས་ཐོབ་ཏུ་མཚན་མ་མེད་པའི་ཚུལ་དུ་མི་སྐྱེ་ཞེས་པར་ཡང་རུང༌། མ་མཆིས་པས་ཆོས་ཉིད་ཡོངས་སུ་བཟུང་བ་ལགས་ཏེ། ཡེ་ཤེས་མཚན་མ་མེད་པར་སྤྱོད་པ་འདི་ལ་སྔོན་ནས་མོས་སུ་འབྲང་བས། གཅིག་ཆར་མཚན་མ་མེད་པར་ནི་མི་རྟོགས་ཀྱིས། གཟུགས་སོགས་རེ་རེ་ནས་མཚན་མ་མེད་པར་རྟོགས་པས། ཉི་ཚེ་བའི་ཡེ་ཤེས་ཀྱིས་རིམ་གྱིས་ཞུགས་ཏེ། མཚན་མ་མེད་པར་རྟོགས་པའི་ཕྱིར། གཟུགས་ཡོངས་སུ་མ་བཟུང༌། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར། དེ་ནས་ཕྲེང་ཕྱེད་དང་གསུམ་ན། འདི་ལྟར་ཀུན་ཏུ་རྒྱུ་དེས། མཚན་མ་མེད་པའི་ཡེ་ཤེས་ཏེ་ཤེས་པའི་ཆོས་གང་གིས། གང་ཟག་གང་རྟོགས་རྟོགས་བྱའི་ཆོས། གང་རྟོགས་པར་བགྱིས། དེ་ནས་ཤོག་གུ་བཅུ་གསུམ་ལ་ཕྲེང་གཉིས་ཆད་པ་ན། དེ་ལྟར་མོས་པར་གྱུར་ནས། མཚན་མ་མེད་པའི་ཆོས་རྟོགས་པའི་ཕན་ཡོན་གྱིས། དེས་ཆོས་གང་ཡང་མཚན་མ། དེ་ནས་ཤོག་གུ་གསུམ་ན། མཆིས་པའི་ཕ་རོལ་ཏུ་ཕྱིན་པས། འདི་ནི་གཞན་གྱི་ཕ་རོལ་ཏུ་མཆི་བས་ཞེས་ཉི་ཁྲི་བརྒྱད་སྟོང་བར་བྱུང༌། ཕ་རོལ་ཏུ་ཕྱིན་པའོ། །འདི་ལྟར་ཆོས་ཐམས་ཅད་ལས་གཞན་པའི་ཕ་རོལ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་མཚན་མ་ཐམས་ཅད་ལས་གཞན་དུ་གྱུར་པ་རྣམ་པར་རྟོག་པའི་ཕ་རོལ་དང༌། མཚན་མ་མེད་པའི་ཕ་རོལ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། བམ་པོ་བཅུ་པ། འོན་ཀྱང་ཀུན་ཏུ་རྒྱུ། དེ་མི་འདའ་སྟེ། སངས་རྒྱས་ཀྱི་རིགས་ཅན་ཡིན་པའི་ཕྱིར་རོ། །དེ་ནས་ཤོག་གུ་གཅིག་ལ་ཕྲེང་གཅིག་ཆད་པ་ན། ཆོས་མ་ལགས་ཏེ། ཞེས་བྱ་བའི་སྟེ་འདིས་ནི་གཞན་གྱི་ཕ་རོལ་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་བཞི་ན། ཕ་རོལ་ཏུ་ཕྱིན་པའོ།། དེ་ལྟར་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ་རྫོགས་ནས། ཡོངས་སུ་བརྟག་པའི་བསྒྲུབ་པ་བསྟན་པ།
རྩེ་མོ་ཆེན་པོའི་དམིགས་རྣམ་ནི། དེ་དག་མཚན་མར་མི་མཐོང་ཕྱིར། །ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པ་ནི་གང༌། ཞེས་བྱ་བ་ནི་དེའི་རང་བཞིན་འདྲི་བ་སྟེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟོགས་པའོ། །ཞེས་དེ་སྐྲད་བརྗོད་པར་བྱའོ། །ཤེས་རབ་གང་གིས་ཞེས་བྱ་བ་ནི་འབྲེལ་བ་འདྲི་བ་སྟེ། དེ་ལ་ཆོས་ཐམས་ཅད་ཀྱིའོ། །ཞེས་དེ་སྐད་བརྗོད་པར་བྱའོ། །འདི་ནི་ཅི་ཞིག་ཅེས་བྱ་བ་ནི་བྱེད་པ་འདྲི་བ་སྟེ། དེ་ལ་ངེས་པར་འབྱིན་པའི་ཕྱིར་རོ། །ཞེས་བརྗོད་པར་བྱའོ། །ཅིའི་ཕྱིར་ན། ཞེས་བྱ་བ་ནི་ཅིའི་ཕྱིར་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཞེས་གཏན་ཚིགས་འདྲི་བ་སྟེ། དེ་ལ་ཡང་དག་པ་ཇི་ལྟ་བ་ཉིད་ཀྱི་མཚན་ཉིད་རྟོགས་པའི་ཕྱིར། ཞེས་བརྗོད་པར་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཅིག་ལྷག་ན། ཡིན་ནམ་ཞེས་རྟོག་ཅིང་སྤྱོད་ན། དེ་ལྟར་མདོར་བསྟན་ནས་དྲི་བ་བཞིའི་ལན་གྱིས་ཚུལ་གྱིས་རྒྱས་པར་འཆད་དེ། དེ་ནས་དེ་ཚེ་དང་ལྡན། དེ་ནས་ཤོག་གུ་བཞི་དང་ཕྲེང་ལྔ་ན་ལྷག་ཙམ་ན། དེ་བཞིན་ཉིད་མེད་ཅིང་མི་དམིགས་སོ། །ཞེས་སོགས་འདི་དག་དེ་བཞིན་ཉིད་དུ་བརྟགས་པ་འགོག་ཅིང༌། མཉམ་བཞག་ལ་ཅིར་ཡང་མི་རྟོག་པ་དགོས་པས་དེ་བཞིན་ཉིད་ལ་སོགས་པར་རྟོག་པ་བཀག་པ་ཡིན་གྱི། དེ་ལྟར་མ་ཡིན་པར་དེ་བཞིན་ཉིད་ནམ་ཡང་མེད་པར་མི་འགྱུར་ཞིང༌། རྟག་ཏུ་གནས་པར་གསུངས་པ་རྣམས་དང་འགལ་བར་འགྱུར་རོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་གསུམ་ན། བྲལ་བ་ཤེས་པར་བྱའོ། །ཞེས་པའི་བར་གྱིས་འདི་ནི་གང་ཞེས་པ་དེ་བསྟན་ཏོ། །བཟོད་པ་ཆུང་ངུའི་དམིགས་རྣམ་ནི། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །སྨྲས་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། རབ་ཏུ་ཤེས་སོ། །ཞེས་པ་ལ་སོགས་པ་འདི་དག་ནི། འཕགས་པ་ཕྱོགས་གླང་གིས་བརྒྱད་སྟོང་དོན་བསྡུས་སུ། གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས། །སྟོང་བར་སྔར་བརྗོད་གང་ཡིན་པ། །དེ་ནི་རང་གི་ངོ་བོ་ཡིས། །སྒྲོ་འདོགས་རྣམ་རྟོག་འགོག་བྱེད་ཡིན། །ཞེས་གསུངས་པ་ལྟར། ངོ་བོ་ཉིད་དམ། རང་བཞིན་དུ་རྟོག་པ་འགོག་པ་ཡིན་གྱི་ཐམས་ཅད་རང་སྟོང་དུ་སྟོན་པ་མ་ཡིན་ནོ། །དེ་ནས་ཤོག་གུ་ཕྱེད་དགུ་ན། འདི་རྣམས་ནི་མཐར་ཐུག་མེད་དགག་ལ་འདོད་པ་རྣམས་ཀྱི་འཁྲུལ་གཞི་ཡིན་ལ། དགོངས་པའི་དོན་ཟབ་མོ་ཡང་དག་ནི་དབུ་མ་པ་ཆེན་པོ་རྣམས་ཀྱིས་ལེགས་པར་ཕྱེ་སྟེ། གསུངས་པ་ཇི་ལྟ་བ་བཞིན་དུ་སྔར་བསྟན་ཟིན་ཏོ། །དེ་བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་གཅིག་ན། བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་དྲུག་དང་ཕྲེང་བཅུ་གཉིས་ན། རང་བཞིན་མེད་པ་ཤེས་པར་བྱའོ། །ཞེས་པའི་བར་གྱིས་འདི་ནི་གང་གི་ཞེས་བྱ་བ་དེ་བསྟན་ཏོ། །དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་བཅུ་ན། མཐའི་མཚན་ཉིད་མེད་དོ།། འདིའི་དོན་ཡང་དེ་མ་ཐག་ཏུ་བཤད་ཟིན་ཏོ། །རང་བཞིན་མེད་དོ། །འདི་ལྟར་མཚན་ཉིད་ཐམས་ཅད་ནི་ཀུན་བཏགས་པ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཆོས་ཀྱི་གཟུགས་ལ་སོགས་པ་ནི་མཚན་ཉིད་དང་བྲལ་བ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཉིད་དུ་བྱུང་བར་འགྱུར་རོ། །ཞེས་བྱ་བའི་བར་གྱིས་འདི་ནི་ཅིའི་ཕྱིར་ཞེས་བྱ་བ་དེ་བསྟན་ཏོ། །