འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་རྫོགས་ལྡན་ལུགས་ཀྱི་བཤད་པ་ཁྱད་འཕགས་བཞུགས་སོ། །
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་བཤད་པ་རྫོགས་ལྡན་གྱི་ལུགས་ཁྱད་པར་དུ་འཕགས་པ་རྣམས་ལས། འདི་ནི་འབུམ་གྱི་རྫོགས་ལྡན་ལུགས་ཀྱི་བཤད་པ་ཁྱད་པར་དུ་འཕགས་ཤིང༌། རྨད་དུ་བྱུང་བ་དོན་གསལ་ཞིང་ཚིག་གི་རྙོག་པ་མེད་པ། དེ་བཞིན་ཉིད་ཡོངས་སུ་གྲུབ་པ་དགུ་དང༌། ཡོངས་གྲུབ་བརྒྱད་དང༌། དོན་གསལ་ཞིང་ཚིག་གིས་རྙོག་པ་མེད་པ་དེ་བཞིན་ཉིད་ཡོངས་སུ་གྲུབ་པ་དགུ་དང༌། ཡོངས་གྲུབ་རང་བྱུང་འདུས་མ་བྱས་པའི་མཚན་གྱི་རྣམ་གྲངས་ནི་བརྒྱད་དང༌། ཉི་ཤུ་རྩ་བརྒྱད་ཀྱི་བདག་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །
རྒྱ་གར་སྐད་དུ། ཤ་ཏ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། གླེགས་བམ་ཐོག་མ། བམ་པོ་དང་པོ། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང༌། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །གང་དང་ཡང་དག་ལྡན་པའི་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུང་བ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ལོ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་གང་བཤད་པ། །གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུའི་ཞབས་འབྲིང་དང༌། དམ་པའི་ཆོས་ཀྱི་ཚོགས་སམ་སྐུའི་སྲུང་བ་པོ། དགྲ་བཅོམ་པ་ཀུན་དགའ་བོའམ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་བསྡུ་པའི་ཚེ། འཁོར་གྱི་ནང་དུ་དགྲ་བཅོམ་པ་འོད་སྲུང་ཆེན་པོའམ། བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་བ་བཏབ་པ་དང༌། མདོའི་ཚིག་འདི་སྐད་བདག་གིས་ཐོས། ཞེས་བཀའ་བསྡུ་བར་འོད་སྲུང་ཆེན་པོའམ། བྱམས་པ་ལ་ཞལ་གྱིས་བཞེས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་བསྟན་པ་རྔམ་བརྗིད་འདི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། ཆོས་སྡུད་པར་བྱེད་པ་རྣམས་ཀྱིས་རང་གི་སྤྱོད་ཡུལ་དུ་གྱུར་པའི་ཆོས་བཤད་པའི་སྒོ་བཟུང་ནས། འདི་སྐད་བདག་གིས་རྣ་བས་ཐོས་པ་སྟེ། དོགས་པ་མེད་ཅིང་རྩོད་པའི་གནས་སུ་འགྱུར་བས་དུས་ངེས་པ་མངའ་མཛད་པར་རྒྱལ་པོའི་ཁབ་ནས་བཞུགས་པ་གང་ཡང་རུང་བའི་དུས་གཅིག་ན་བདུད་བཞི་བཅོམ་པའི་ལེགས་པ་མངའ་བས། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་ཕུང་པོ་ལ། ཞེས་གནས་གཉིས་སྨོས་པས་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་གཉིས་བསྡུ་བའི་ཕྱིར་དང༌།གཟུགས་སྐུ་དང་ཆོས་སྐུས་ཕན་གདགས་པར་བསྟན་པའི་ཕྱིར་རོ། །དེ་ལ་བཞུགས་པ་ནི་གཞི་སྟེ། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་སྤྱོད་ལམ་གྱིས་དང༌། འཆད་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་འཇུག་གིས་སྙོམས་པར་འཇུག་པ་དང༌། ཐུགས་རྗེ་ཆེན་པོས་འཇིག་རྟེན་ལ་གཟིགས་པ་དང༌། ལྷ་ལ་སོགས་པ་འོང་བ་དང༌། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །ཞབས་འབྲིང་བ་གྲངས་མང་བ། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་སྟེ། ཞབས་འབྲིང་བ་བྱང་ཆུབ་སེམས་དཔའ་དང་དེ་གཉིས་ཀ་སྦྱིན་གནས་ཡིན་མོད་ཀྱི། ཀུན་གྱིས་བཀུར་བ་དང་མི་འབྲལ་བ་དང༌། འཇིག་རྟེན་ཀུན་གྱིས་ཐུན་མོང་བ་ཡིན་པས་དང་པོར་དགེ་སློང་སྨོས་སོ། །དེ་རྣམས་ཀྱི་ཆེ་བ་ཡོན་ཏན་ཡང་སློབ་པ་དང་སོ་སྐྱེ་མེད་པས། ཐམས་ཅད་ཀྱང་དགྲ་བཅོམ་པ་ཁོ་ནའོ། །ཉོན་མོངས་པའི་དགྲ་བཅོམ་པ་སྟེ། ཁམས་གསུམ་གྱི་གཙོ་བོ་རྣམས་ཀྱིས་མཆོད་པར་འོས་པས་སོ། །འདོད་པ་དང་སྲིད་པ་དང་མ་རིག་པ་དང་ལྟ་བའི་ཟག་པ་བཞི་ཟད་པ། ལས་ཀྱི་དང་ཉོན་མོངས་པ་དང་རྣམ་པར་སྨིན་པ་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མེད་པ། རྫུ་འཕྲུལ་དང་དབང་པོ་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་དབང་བ་བཞིས་རིམ་པ་བཞིན་སྣོད་བཅུད་དང༌། སྤྱོད་ལམ་དང༌། སེམས་དང༌། ཉོན་མོངས་པ་དང༌། ལས་དང༌། རྣམ་སྨིན་གྱི་འཆང་བ་ལས་གྲོལ་བ་ལས་དབང་དུ་གྱུར་པ། སྲིད་པའི་ཕྱོགས་ཀྱི་ཉོན་མོངས་མེད་ལ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། མ་རིག་པ་ལས། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ་ནི་འཇིགས་པའམ། བག་ཚ་བ་མེད་པ་སྟེ། སྡུག་བསྔལ་གྱི་དང་འཇིགས་པའི་དང༌། འཇིག་རྟེན་པའི་ཆོས་ཀྱི་དང༌། མི་ཤེས་པའི་བག་ཚ་བས་སོ། །གླང་པོ་ཆེན་པོ་ནི་གཙོ་བོ་ཆེན་པོ་སྟེ། རིག་པ་གསུམ་ལ་སོགས་པ་ཁྱད་པར་དུ་འཕགས་པའི་ཆོས་རྙེད་པས་ས། བྱ་བའི་གཙོ་བོ་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བ། བྱས་པ་ནི་བསླབ་པ་གསུམ་རྫོགས་པས་སོ། །འདོད་ཆུང་ཆོག་ཤེས་སོགས་ཞོར་ལ་བྱ་བ་ནི་བྱེད་པ་སྟེ། དེ་བྱས་པ་སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་སྤངས་པ་དང༌། ལམ་བསྒོམ་པ་དང༌། འགོག་པ་མངོན་དུ་བྱས་པས་རིམ་པ་ལྟར་ཕུང་པོ་དང༌། ཉོན་མོངས་པ་དང་དམ་བཅས་པ་དང་བརྩོན་འགྲུས་ཀྱི་ཁུར་བཞི་བོར་བ། དོན་མིན་སྤངས་ལ་དོན་ཐོབ་པས། རང་གི་དོན་རབ་ཏུ་ཐོབ་པ་སྟེ། ཉོན་སྒྲིབ་མེད་ལ་རིག་པ་བསྐྱེད་ནས་མྱང་འདས་ཐོབ་པས་སོ། །སྲིད་པར་སྐྱེ་བའི་རྒྱུ་ཀུན་ཏུ་སྦྱོར་བ་དགུ་སྟེ་འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ཐེ་ཚོམ་དང༌། ལྟ་བ་དང༌། ཕྲག་དོག་དང༌། སེར་སྣ་དང༌། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ཀུན་སྦྱོར། ཡོངས་སུ་ཟད་པ་དེ་བཞིན་གཤེགས་པའི་བཀའ་ཡང་དག་པས། དེ་ཡང་དག་པའི་ལྟ་བ་གོམས་པར་བྱས་པས། ཉོན་སྒྲིབ་ལས། སེམས་ཤིན་ཏུ་རྣམ་པར་གྲོལ་བ། སྙོམས་པར་འཇུག་པ་རྣམས་ལ་ཇི་ལྟར་འདོད་པ་བཞིན་དབང་ཐོབ་པས། སེམས་ཀྱི་དབང་ཐམས་ཅད་ཐོབ་པ་ཤ་སྟག་སྟེ། ཅིའི་ཕྱིར་དགྲ་བཅོམ་ཡིན་ཞེ་ན། ཟག་པ་ཟད་པའི་ཕྱིར་རོ། །དེ་ཡང་ཉོན་མོངས་པ་མེད་པའི་ཕྱིར་ཏེ། དེ་བཞིན་དུ་སྔ་མ་སྔ་མའི་གཏན་ཚིགས་སུ་ཕྱི་མ་ཕྱི་མའི་སྦྱོར་རོ། །དེ་ནས་ཕྲེང་ཅིག་ན། ཀུན་ཀྱང་ཆོས་མྱ་ངན་ལས་འདས་པ་མངོན་དུ་མཐོང་བ་ཤ་སྟག་སེམས་དཔའ་ཆེན་པོ། འཇིག་རྟེན་གྱི་ཁམས་གཞན་ཐམས་ཅད་ནས་འདུས་པ་ཤིན་ཏུ་མང་བའི་ཕྱིར། ཚད་མེད་གྲངས་མེད་པ་ཐམས་ཅད་ཀྱང་ཡོན་ཏན་དུ་མ་དང་ལྡན་པ་སྟེ། དེ་དག་གང་ཞེ་ན། གཟུངས་ནི་འཛིན་པར་བྱེད་པ་སྟེ། དེ་ཡང་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་དང༌། གསང་སྔགས་དང༌། ཆོས་དང་དོན་གྱི་གཟུངས་སོ། །དེ་དག་ཐོབ་པས་གཟུངས་རབ་ཏུ་ཐོབ་པ། དཔའ་བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་རབ་ཏུ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི། ས་རྣམ་པར་མཚན་མ་མེད་པའི་ཏིང་འཛིན་གྱི་སྤྱོད་ཡུལ་ཅན། ཁམས་གསུམ་ལ་སྨོན་པའི་རྟོག་པ་མེད་པའི་སྨོན་ལམ་སྟེ་སྨོན་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པ། དེ་ལྟར་ཏིང་ངེ་འཛིན་གསུམ་པོ་དེ་དག་ལ་གནས་པ་དེ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་མཉམ་པ་ཉིད་ཀྱི་བཟོད་པ་བཞི་འབྱུང་སྟེ། བདག་གཞན་དུ་རྟོག་པ་མེད་པའི་ཕྱིར་སེམས་ཅན་ལ་མཉམ་པ་ཉིད་ཀྱི་བཟོད་པ་དང་རྗེས་ཆགས་དང་ཁོང་ཁྲོ་བ་མེད་པའི་ཕྱིར་འདུ་བྱེད་པ་དང༌། དེ་བཞིན་ཉིད་ཙམ་དུ་ཟད་པའི་ཕྱིར་ཆོས་ཐམས་ཅད་ལ་དང༌། འཁོར་འདས་ལ་སེམས་མཉམ་པའི་ཕྱིར་མི་གནས་པ་མཉམ་པ་ཉིད་ཀྱི་བཟོད་པའོ། །དེ་དག་བསྐྱེད་ནས་མཉམ་པ་ཉིད་བཅུ་བྱུང་སྟེ། མཚན་མ་མེད་པར་མཉམ་པ་ཉིད་དང༌། མཚན་ཉིད་མེད་པར་དང༌། མ་སྐྱེས་པར་དང༌། འབྱུང་བ་མེད་པར་དང༌། དབེན་པར་དང༌། གཟོད་མ་ནས་ཞི་བར་དང༌། སྤྲོས་པ་མེད་པར་དང༌། བླང་དོར་མེད་པར་དང༌། སྒྱུ་མ་ལ་སོགས་པར་དང༌། དངོས་པོ་དང་དངོས་པོ་མེད་པ་གཉིས་མཉམ་པ་ཉིད་དོ།། བཅུ་པོ་དེ་དག་རྟོགས་པས་ཆོས་ཐམས་ཅད་ཤེས་རབ་ཀྱི། ཆོས་ཐམས་ཅད་སྟོང་པར་རྟོགས་པས་འཁོར་བ་དང༌། སྙིང་རྗེ་ཆེན་པོ་ནས་སེམས་ཅན་མི་གཏོང་བའི་ཕྱིར་མྱ་ངན་འདས་ལ། ཐོགས་པ་མེད་པ། སྤོབས་པ་དེ་དང་ལྡན་པས་སེམས་ཅན་ལ་ཆོས་བསྟན་པ་ཟད་མི་ཤེས། སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར། མངོན་པར་ཤེས་པ་ཆེན་པོ་དྲུག་ཐོབ་པས། སེམས་ཅན་གྱི་དོན་རྣམ་པར་བརྩེ་བ། མངོན་པར་ཤེས་པ་དྲུག་ཚེ་རབས་ཐམས་ཅད་དུའང༌། དུད་འགྲོར་སྐྱེས་ཀྱང་ཤིན་ཏུ་མ་ཉམས་པ། བྱང་སེམས་ཀྱིས་གདམས་པ་ལ་སེམས་ཅན་རྣམས་དགའ་ཞིང་དེ་ལ་འགལ་བར་མི་བྱེད་པས་མཉམ་པར་འོས། དོན་གཉིས་བསྒྲུབ་པ་ལ་ལེ་ལོ་མེད་ཅིང༌། ཆོས་ཚོལ་བ་དང་སེམས་ཅན་གྱི་དོན་དུ་ལུས་དང་སྲོག་ལ་ཡང་མི་ལྟ། དེ་བཞིན་གཤེགས་པས་སྨད་པའི་ལས་ཡོངས་སུ་མེད་པས། ཚུལ་འཆོས་པ་མེད་པ། ངག་གི་ལས་ཡོངས་སུ་དག་པ། ཁ་གསག་མེད་པ། ཡིད་ཀྱི་ལས་མ་དག་པ་མེད་པས། གྲགས་པ་དང༌། སྙིང་རྗེས་བསྐུལ་ཞིང་ཤེས་རབ་ཀྱིས་སྦྱངས་པའི་སེམས་ཀྱིས་གཞན་ལ་ཕན་པའི་ཕྱིར་རྙེད་བཀུར་འདོད་པའི་ཟང་ཟིང་མེད་པའི་ཆོས་སྟོན་པ། ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའི་གནས་པ་ཟབ་མོ་དག་ཐོས་པས། ཆོས་ཟབ་མོའི་བཟོད་པ། དེས་ན་འཁོར་གྱི་རིགས་ཐམས་ཅད་དུ་མི་ཤེས་པ་ལས་བྱུང་བའི་འཇིགས་པ་དང༌། ཉོན་མོངས་པ་ལས་བྱུང་བའི་འཇིགས་པ་མེད་པས། མི་འཇིགས་པ་ཆེན་པོ། དེའི་ཕྱིར་འཁོར་གང་དུ་ཡང་ཡོངས་སུ་མདོ་ནས་འབྱུང་བ་དང༌། མདོ་གཞན་ནས་འབྱུང་བའི་བདུད་ཀྱི་ལས་ཐམས་ཅད་བདེ་འགྲོ་དང༌། ངན་འགྲོར་སྨིན་པའི་ལས་ཀྱི་སྒྲིབ་པ་རྒྱུན་འཆད་པ། མུ་སྟེགས་ཅན་ལ་སོགས་པ། ཕ་རོལ་པའི་རྒོལ་བ། རྒྱལ་སྲས་དེ་དག་གིས་ཤེས་པ་དང་བསམ་པ་དང༌། སྤྱོད་ཡུལ་རྣམས་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་དཀའ་བའི་ཕུང་པོ་དང༌། ཁམས་ལ་སོགས་པའི་ཆོས་རབ་ཏུ་རྟོགས་པའི། བསྐལ་བ་གྲངས་མེད་པ་རྣམས་ནས་སྨོན་ལམ་ཤིན་ཏུ་བརྩམས་པ། བྱམས་པའི་རྒྱུ་མཐུན་པ་བཞིན་འཛུམ་པ་དང་ལྡན་པ་གློ་བུར་དུ་འོངས་པ་ལ་ཀུན་དགའ་བའི་གཏམ་ཐོག་མར་སྨྲ་བ། ཡིད་མི་བདེ་བ་མེད་པས་ཁྲོ་གཉེར་མེད་པ། སངས་རྒྱས་ཀྱི་ཞིང་དུ་གཤེགས་པའི་ལམ་དུ་བདག་ཉིད་དང༌། སྤྲུལ་པས་ཕ་རོལ་ལ་ཚིགས་སུ་བཅད་པའི་དབྱངས་སུ་ཆོས་བརྗོད་ཅིང་རྒྱལ་བ་རྣམས་ལ་ཚིགས་སུ་བཅད་པས་བསྟོད་ཅིང་དྲིས་པའི་ལན་ལྡོན་པ་ལ་མཁས་པ། སོ་སོ་ཡང་དག་པ་རིག་པ་བཞིས་བསྒྲུབས་པའི་ཚིག་གིས་ཆོས་སྨྲ་བ་ཆེན་པོ་བྱེད་པའི་ཕྱིར། སྤོབས་པ་རྒྱུན་མི་འཆད་པ། རྫུ་འཕྲུལ་བྱ་བ་ལ་མཁས་པ་ལ་སོགས་པ་རྣམ་པ་ཉི་ཤུ་དང་ལྡན་པས། འཁོར་གང་དང་གང་དུ་འགྲོ་བ་དེ་ཐམས་ཅད་དུ་བག་ཚ་བ་མེད་པས། འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་པའི། སངས་རྒྱས་སྐར་རྒྱལ་བསྟོད་པས་བསྐལ་པ་དགུའི་ཚོགས་འདུས་པ་ལྟ་བུ་བརྩོན་པ་ཆེར་བརྩམས་ནས་བསྐལ་པ་མང་པོ་ཡང་འདའ་བས། བསྐལ་པ་བྱེ་བ་མཐའ་ཡས་པར། སྒྱུ་མ་ལ་སོགས་པ་ཤིན་ཏུ་མེད་ཀྱང་དམིགས་པ་ལྟར། ཆོས་ཐམས་ཅད་སྒྱུ་མ་དང༌། དབང་བཅུ་ཐོབ་པས་དུས་ཐམས་ཅད་དུ་སེམས་ཡོངས་སུ་ཞུམ་པ་མེད་པ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རྗེས་སུ་རྟོགས་པ་ཞེས་བྱ་བ་དང༌། ཆོས་ཀྱི་དབྱིངས་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་སྐྱེ་སྟེ། དེ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་མོས་པ་ཐ་དད་སྣ་ཚོགས་པ་སྐད་ཅིག་གཅིག་ཁོ་ན་ལ་ཤེས་པ་གཅིག་གིས་ཁོང་དུ་ཆུད་ཅིང༌། དེ་དག་འདུལ་བའི་ཐབས་ཀྱང་སྐད་ཅིག་གཅིག་ལ་ཁོང་དུ་ཆུད་ལ། སངས་རྒྱས་རྣམས་ཀྱིས་ཕྲ་བ་ལ་འཇུག་པའི་མཁྱེན་པ་དུ་མ་རྟོགས་པས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱང་བ་ལ་བརྩོན་འགྲུས་མ་བཏང་བ་དང༌། དེ་དག་གི་སྡུག་བསྔལ་སེལ་བས། སེམས་ཅན་ཐམས་ཅད་ལ་སྡང་བ་མེད་ལ་ས་བཅུ་པ་ཐོབ་ནས་ཕྱོགས་བཅུའི་རྒྱལ་བས་དབང་བསྐུར་ཏེ། དེ་མ་ཐག་ཏུ་དཔའ་བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་འབུམ་དང༌། མི་ཟད་པའི་ཟ་མ་ཏོག་ལ་སོགས་པ་གཟུངས་འབུམ་དང་སངས་རྒྱས་ཀྱི་ཡུལ་ལ་བཟོད་པ་ཚད་མེད་པ་དག་སྐྱེ་བས། བཟོད་པ་རླབས་པོ་ཆེ་དང་ལྡན་པས་ཆོས་ཐམས་ཅད་མཉམ་པ་ཉིད། དེ་བཞིན་ཉིད་མངོན་གསུམ་དུ་རྟོགས་པར་བྱ་བའི་ཡེ་ཤེས། སོ་སོ་རང་རིག་པ་ལ་མཁས་པ། ཆོས་ཉིད་ཟབ་མོ་རྟོགས་པ་དང་ལྡན་པས། དེ་དག་གི་སེམས་གཏིང་དཔག་དཀའ་བ། སེམས་ཉོན་མོངས་པའི་དབང་དུ་མི་འགྱུར་བས། རང་གི་སེམས་ལ་དབང་རབ་ཏུ་ཐོབ་པ། ཆོས་རྣམས་ཅི་འདོད་པར་བསྒྱུར་ནུས་པའི་མཐུ་དང་ལྡན་པས། ཆོས་ཐམས་ཅད་ལ་དབང་ཤིན་ཏུ་ཐོབ་པ། ལས་ལ་སོགས་པའི་དབང་གིས་ཁམས་གསུམ་དུ་མི་སྐྱེ་བས། ལས་དང་ཉོན་མོངས་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་རྟོགས་པར་བསྟན་པ་ལ་མཁས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་སྐྱེ་བ་དང་འགག་པ་མེད་པའི་ཕྱིར། ཟད་མི་ཤེས་པ་ལ་རྟོགས་ཤིང་བཞུགས་པ། འཇིག་ལྟ་ལ་སོགས་པའི་ལྟ་བ་དང་འདོད་པའི་འདོད་ཆགས་སོགས་ཀྱི་བག་ལ་ཉལ་བ་དང༌། རྨུགས་པ་ལ་སོགས་པ་ཀུན་ནས་ལྡང་བ་བརྒྱད་ཐམས་ཅད་དང་བྲལ་བ། ཀུན་ཏུ་སྦྱོར་བ་དགུ་པོ་ཐམས་ཅད་སྤངས་པ། ཐབས་མཁས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བ། བདེན་པ་གཉིས་དང་འཕགས་པས་བདེན་པ་བཞི་རང་བཞིན་གྱིས་རབ་ཏུ་རྟོགས་པར་བྱ་བ། ཆོས་ལུང་གི་སངས་རྒྱས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་ཐམས་ཅད་སྒྲ་བརྙན་དང༌། ཆོས་ཀྱི་ཚུལ་དུ་མ་ལ་མཁས་པས། ཆོས་ཀྱི་ཚུལ་བསྟན་པ། བྱས་པའི་ལམ་གྱིས་བཟུང་བ་ལ་སོགས་པ་གཟུང་བ་བླ་ན་མེད་པ། བཅུ་པོ་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པ། བདེ་བ་ཅན་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ལྟ་བུའམ། དེ་ལས་ལྷག་པར་བདག་གི་ཡང་གྱུར་ཅིག་ཅེས། སྨོན་ལམ་བཏབ་ཅིང་བརྩོན་འགྲུས་འཇུག་པར་བྱས་པ་ད་ལྟར་རྣམ་པར་སྨིན་པའི་བདག་ཉིད་ཀྱི་ཡོངས་སུ་ཟིན་པས། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་རྣམ་པར་བཀོད་པ། སྔོན་སངས་རྒྱས་རྗེས་སུ་དྲན་པ་བསྒོམས་པས་ད་ལྟར་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ན་བཞུགས་པའི་སངས་རྒྱས། སངས་རྒྱས་བྱུང་བ་ཐམས་ཅད་ཡིད་མགྱོགས་ཀྱི་རྫུ་འཕྲུལ་གྱིས་མཆོད་པ་དང་ཆོས་ཉན་པའི་ཕྱིར། ཉེ་བར་འགྲོ་བ་ལ་མཁས་པ། སངས་རྒྱས་ཐམས་ཅད་ཀྱི་དྲུང་དུ་གཤེགས་ནས་ཆོས་འཁོར་བསྐོར་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པས། སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་བ་འདེབས་པ། སེམས་ཅན་རྣམས་ཀྱི་བསམ་པ་དང༌། བག་ལ་ཉལ་བ་དང༌། སྤྱོད་པ་དང༌། མོས་པ་དང༌། དབང་པོ་ཐ་དད་པ་རྣམས་ལ་གཟིགས་ནས་ཅི་རིགས་པར་སེམས་ཅན་གྱི་ལྟ་བ་སྣ་ཚོགས་ཀྱིས་ཡོངས་སུ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་དོག་པ་ཡངས་པ་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་བྱིན་གྱིས་རློབ་པས་ཏིང་ངེ་འཛིན་བརྒྱ་སྟོང་མདོར་བསྡུ་ན། ཡོན་ཏན་རེ་རེ་ནས་བརྗོད་པ་བྱས་པས་བསྐལ་པ་མཐའ་ཡས་པར་བརྗོད་ཅིང༌། མི་ཟད་པ་དང་ལྡན་པ་ཤ་སྟག་དང་ཐབས་གཅིག་སྟེ། དེ་ནས་ཕྲེང་བཅུ་གཉིས་སོང་བ་དང༌། བརྒྱ་སྟོང་དུ་མ་དག་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ནི་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་རྣམས་དང་རྒྱལ་པོའི་ཁབ་ན་བཞུགས་སོ། །དེ་བཞིན་གཤེགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཞབས་འབྲིང་བ་བྱང་ཆུབ་སེམས་དཔའ་དང་བཞུགས་པར་བསྟན་པའི་ཕྱིར། དེ་བཞིན་གཤེགས་པའི་སྐུ་གཉིས་ཀྱི་ཞབས་འབྲིང་བར་ཉེ་བར་བསྟན་ཏེ། མདོ་སྡེ་ཐམས་ཅད་ཀྱི་སྤྱིའི་གླེང་གཞི་རྫོགས་པར་བསྟན་ནས། ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་ལ་གླེང་གཞིའི་ཁྱད་པར་བསྟན་པའི་ཕྱིར། དེ་ནས་དེའི་ཚེ་བཅོམ་ལྡན་འདས་སེང་གེའི་ཁྲི་བཤམས་ནས། སེམས་ཤིན་ཏུ་སྦྱངས་པས་བསྐྱེད་པའི་ཕྱིར། སེམས་བསྒོམ་པ་དང་མཐུན་པར་སྐུ་དྲང་པོར་བསྲངས་ཏེ། རྩེ་གཅིག་ཏུ་བྱ་བའི་ཕྱིར་ཏིང་ངེ་འཛིན་བསྒོམ་པ་དང་མཐུན་པར་དགོངས་པ་མངོན་དུ་བཞག་ནས། ལུས་ཤིན་ཏུ་སྦྱངས་པ་བསྐྱེད་པར་བྱ་བའི་ཕྱིར། ལུས་བསྒོམ་པ་དང་མཐུན་པར་དཀྱིལ་མོ་ཀྲུང་བཅས་དེ་བཞུགས་སོ། །ཅིའི་ཕྱིར་ཉིད་ཀྱིས་སེངྒེའི་ཁྲི་བཤམས་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ཏེ། བཤད་པ་ཐུན་མོང་མ་ཡིན་ཞིང་མཆོད་འོས་ཆེན་པོར་བསྟན་པ་དང༌། འཁོར་རྣམས་གདུལ་བྱའི་ཕྱིར་ཏེ། དེ་ནི་འདི་ལྟར་ཇི་སྐད་དུ་མདོ་སྡེ་མང་པོ་གཞན་དག་ལས། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་སྟོན་ན་ནི། ཉན་ཐོས་ཀྱི་གདན་བཤམས་པ་ལ་བཞུགས། ཐེག་པ་ཆེན་པོ་དང་ལྡན་པར་སྟོན་ན་ནི། བྱང་ཆུབ་སེམས་དཔའ་གདན་བཤམས་པ་ལ་བཞུགས་སོ། །ཞེས་བྱ་བ་གསུངས་པ་ལྟ་བུའོ། །ཆོས་འདི་བཤད་པ་ན་ཉིད་ཀྱི་གདན་བཤམས་པ་ནི་བཤད་པ་འདི་ཐུན་མོང་མ་ཡིན་པས་འདི་ནི་སྟན་ཡང་ང་ཉིད་ཀྱིས་བཏིང་བར་ནུས་སུ་ཟབ་ན་བཤད་པ་ལྟ་ཅི་སྨོས་ཞེས་བསྟན་པའི་ཕྱིར། གཞན་ཡང་འདིར་གདུལ་བ་མང་དུ་འདུ་ལ་དེ་དག་གི་མོས་པ་དང་བསམ་པ་ཡང་ཐ་དད་དེ། དེ་བས་ན་དེ་དག་དང་མཐུན་པར་གདན་བཤམས་པར་བྱ་བའི་ཕྱིར། ཡང་ཉིད་ཀྱིས་གདན་བཤམས་སོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུར་གྲགས་པའི་དབྱིག་གཉེན་ཞབས་གསུངས། དེར་བཞུགས་ནས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སོ་སོའི་བྱ་བ་གང་ཡིན་པ། དེ་དག་ཐམས་ཅད་ཏིང་ངེ་འཛིན་འདི་གཅིག་པུ་ཁོ་ནས་བསྒྲུབ་པར་ནུས་པས་ཏིང་ངེ་འཛིན་གང་དུ་ཏིང་ངེ་འཛིན་ཐམས་ཅད་ངོ་བོ་ཉིད་ཀྱིས་འདུ་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་ངེས་པའི་ཚིག་གིས་བསྟན་པའི་མཚན། ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ། དེ་ནས་བཅོམ་ལྡན་འདས་ཀྱི་སྔོན་གྱི་སྨོན་ལམ་དགོངས་ཤིང༌། སེམས་ཅན་གྱི་དོན་བྱ་བའི་དུས་ལ་བབ་པ། ཡང་དག་པར་མཁྱེན་འཕྲུལ་གྱི་སྤྱན་གྱིས། ཞིང་འདི་ན་འཁོད་པ་རྣམས་སྐལ་བ་དང་ལྡན་མི་ལྡན་བརྟག་པའི་ཕྱིར། སངས་རྒྱས་ཀྱི་ཞིང་འདི་ལ་རྣམ་པར་གཟིགས་སོ། །དེ་ནས་ཕྲེང་བཅུའི་འོག་ཏུ། ཞལ་གྱི་སྒོ་ནས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་བྱུང་སྟེ། ཅིའི་ཕྱིར་གྲངས་དྲུག་ཅུ་ཞེས་བྱ་བར་ངེས་པ་བྱས་ཞེ་ན། དེ་ནི་འདི་ལྟར་ཤེས་པར་བྱས་ཏེ། དེ་བཞིན་གཤེགས་པའི་འོད་ཟེར་རྣམས་ཀྱི་རིགས་ནི་ཁ་དོག་རྣམ་པ་དྲུག་སྟེ། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། བཙོད་ཁ་དང༌། འོད་གསལ་བའོ། །འོད་ཟེར་ཁ་དོག་དྲུག་པོ་དེ་དག་གང་ཕྱོགས་བཅུར་རྣམ་པར་འཕྲོས་པ་ན་ཕྱོགས་བཅུ་ཐ་དད་པས་དྲུག་བཅུར་གྱུར་པའི་ཕྱིར་དེ་སྐད་ཅེས་བྱའོ། །འོ་ན་འོད་ཟེར་ཐམས་ཅད་འབྱུང་བས་དོན་ཐམས་ཅད་སྒྲུབ་མི་ནུས་སོ། །ཅིའི་ཕྱིར་ཡན་ལག་དང་ཉིང་ལག་ཐམས་ཅད་ནས་འོད་ཟེར་བྱུང་ཞེ་ན། དེ་ཡང་བདེན་མོད་ཀྱི་འོན་ཀྱང་བཤད་པ་འདི་ལ་བསྟི་སྟང་ཆེན་པོར་མཛད་པར་བསྟན་པའི་ཕྱིར་བརྩལ་བ་ཆེན་པོ་མཛད་པ་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་ལྟ་བུའི་དབྱིག་གཉེན་གསུངས། འོད་ཟེར་དེ་དག་ལས་ཀྱང་གཉིས་ལས་དང་པོ་པ་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པའི་ལས་ནི་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུའོ། །དེ་ནས་ཕྲེང་དྲུག་སོང་བ་དང༌། སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ལས་གཉིས་པ་སེམས་ཅན་ལ་ཕན་འདོགས་པའི་ལས་ནི། སེམས་ཅན་གང་གིས་འོད་དེ། དེ་ནས་ཡང་བཤད་པ་ལ་གུས་པ་ཆེར་མཛད་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་འོད་ཟེར་རབ་ཏུ་བཀྱེ་བ་མཛད་དེ། འོད་དེས་དེ་དག་གི་ལས་ཀྱང་སྔ་མ་བཞིན་ཏེ། འོད་དེས་སྟོང་གསུམ་གྱི། དེ་ནས་ཕྲེང་བདུན་གྱི་རྗེས་སུ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་སྐུ་མདོག་དཀར་བཟང་ཞིང་འོད་གསལ་ལས་འཕྲོས་པའི་རང་བཞིན་གྱི་འོད་ཀྱི་དེའི་ལས་ཀྱང་སྔ་མ་བཞིན་ཏེ། ཞེས་བྱ་བ་ལ་འོད་དང་འོད་ཟེར་ལ་ཁྱད་པར་ཅི་ཡོད་ཅེ་ན། དེ་ལ་ནང་ནས་བྱུང་བ་ནི་འོད་ཟེར་དང༌། ཕྱིའི་པགས་པ་ལས་བྱུང་བ་ནི་འོད་ཅེས་བྱའོ། །ཡང་ན་ཡེ་ཤེས་ལས་འཕྲོས་པ་འོད་ཟེར་དང༌། ཁ་དོག་ལས་འཕྲོས་པ་འོད་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་དྲུག་གི་རྗེས་སུ། དེ་ནས་ཆོས་བསྟན་པའི་སྔ་ལྟས་སུ། བཅོམ་ལྡན་འདས་ཀྱི་ཞལ་གྱི། དེ་ནས་ ཕྲེང་གཅིག་ལྷག་ཙམ་གྱི་རྗེས་སུ། ཞལ་འཛུམ་པ་ནི་འདིར་ཁ་དོག་དབྱེ་བ་ལ་བྱ་སྟེ། ཡན་ལག་དང་ཉིང་ལག་ཐམས་ཅད་ནས་འབྱུང་དུ་རུང་བར་མཛད་ནས་རྒྱས་པར་མཛད་དོ། །བརྒྱ་སྟོང་དུ་མ་འཐོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་སྐྱོན་མེད་པ་ལ་འཇུག་པར་ངེས་པའི་རྟགས་སུ། འོད་ཟེར་དེ་དག་ཐམས་ཅད་ཀུན་ནས་གནས་པར་གྱུར་ཏེ། སྐྱོན་མེད་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བྱང་ཆུབ་ཐོབ་ནས་ཕྱོགས་ཕྱོགས་སུ་འདི་ལྟ་བུའི་ཆོས་སྟོན་པར་གྱུར་པའི་ལྟས་སུ། པད་མོ་དེ་དག་དེ་ནས་ཕྲེང་བཅུ་གཉིས་ལྷག་པ་ན། རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །ཆོ་འཕྲུལ་འདི་ཡང་སྣོད་ཀྱི་འཇིག་རྟེན་བྱི་དོར་བྱ་བ་དང༌། སེམས་ཅན་རྣམས་ལ་ཕན་གདགས་པ་རྣམ་པ་གཉིས་ཀྱིས་བསྟན་ཏེ། སྣོད་ཀྱི་འཇིག་རྟེན་བྱི་དོར་བྱ་བ་དེ་ཡང་བཤད་པ་ལ་མཆོད་པའི་ཕྱིར་རོ། །ས་དྲུག་ཏུ་གཡོས་ཏེ། དྲུག་གང་ཞེ་ན། དང་པོ་དལ་བུས་གཡོས་སོ། །དེ་ནས་དེ་བས་དྲག་ཏུ་རབ་ཏུ་གཡོས། དེ་ནས་དེ་བས་ཀྱང་ལྷག་པར་ཀུན་ཏུ་གཡོས་སོ། །དེ་བཞིན་དུ་འོག་མ་རྣམས་ལའང་ཆུང་འབྲིང་ཆེ་གསུམ་དུ་སྦྱར་ཏེ། ཕྱོགས་གཡོ་བས་ན་གཡོས་སོ། །དལ་བུ་དང་དྲག་ཏུ་དང་དེ་བས་ཀྱང་ལྷག་པར་གཡོས་པས་ན་གསུམ་སྨོས་སོ། །དཀྱིལ་འཁོར་ཡོངས་སུ་འཁོར་བ་ནི་འགུལ་ཏོ། །དེ་ཡང་ཧ་ཅང་མི་མྱུར་བ་དང༌། མྱུར་བ་དང༌། ཤིན་ཏུ་མྱུར་བར་འགུལ་བས་གསུམ་སྨོས་སོ། །ཐམས་ཅད་ཀྱི་བདག་ཉིད་ཀྱིས་ལྡེག་པ་ནི་ལྡེག་གོ །ཡང་ན་ཕྱོགས་གཅིག་པར་རབ་ཏུ་ལྡེག་པས་གཡོས། ཤིང་ལྗོན་པ་བཞིན་བདག་ཉིད་ཀྱང་འགུལ་བ་ནི་འགུལ་ཏོ། །འགལ་མེ་བསྐོར་བ་བཞིན་འཁོར་བ་ནི་ལྡེག་གོ །སྒྲ་སྐད་རིང་དུ་འབྱུང་བའི་སྒྲ་ནི་ཆེམ་ཆེམ། ཡང་ནས་ནི་གཡོས་སོ། །ཤིང་ཐམས་ཅད་ནི་འགུལ་ཏོ། །རི་ཐམས་ཅད་ནི་ལྡེག་གོ །ལྷའི་རྔ་བོ་ཆེ་ལ་སོགས་པ་ནི་ཆེམ་ཆེམ་མོ། །རྒྱ་མཚོ་ལ་སོགས་པ་ནི་འཁྲུགས་སོ། །འབྲུག་རྣམས་ནི་འུར་འུར་རོ། །ཞེས་འོག་ནས་འཆད་དོ། །དྲུག་པོ་དེ་ལས་གསུམ་ གསུམ་དུ་ཕྱེ་བས་བཅོ་བརྒྱད ་དུ་འགྱུར་རོ། །འཁོར་ཡུག་དང་འཁོར་ཡུག་ཆེན་པོ་སོགས་གྱེན་དུ་འཕགས་ཤིང་དབུས་ཀྱི་ས་གཞི་སོ་ན་འདུག་པ་ནི། མཐའ་མཐོ་ན་ནི་དབུས་དམའ། དབུས་ཀྱི་ས་གཞི་གྱེན་དུ་མཐོན་པར་གྱུར་ཅིང༌། མཐའི་རི་རྣམས་སོ་ན་གནས་པ་ནི་དབུས་མཐོ་ན་ནི་མཐའ་དམའ་སྟེ། དེ་ལ་གང་གི་ཚེ་ཤར་ཕྱོགས་ཀྱི་ས་དང་ཤིང་དང་རི་ལ་སོགས་པ་རབ་ཏུ་འཁྲུག་པར་གྱུར་པ་དེའི་ཚེ་ཤར་ཕྱོགས་མཐོ་བ་འདྲ་བར་སྣང་ངོ༌།། ཤར་ཕྱོགས་མཐོ་བར་སྣང་བ་དེའི་ཚེ། ནུབ་ཀྱི་ཕྱོགས་རང་བཞིན་དུ་གནས་ཀྱང་དམའ་བ་འདྲ་བར་སྣང་ངོ༌། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ། །འདི་ནི་རྣམ་པ་དྲུག་ཏུ་གཡོས་པའི་ནང་དུ་འདུ་བའི་ཕྱིར་ལོགས་སུ་མི་བགྲང་ངོ༌། །དེ་ལྟར་གཡོས་ཀྱང་སེམས་ཅན་ལ་གནོད་པ་མེད་ཀྱི། དལ་བུས་བགས་ཀྱིས། སེམས་ཅན་ལ་ཕན་གདགས་པས་བསྟན་པ། དེ་ནས་དེའི་ཚེ་སྐད་ཅིག་དེ་ནས་ཤོག་བུ་གསུམ་དང་ཕྲེང་ལྔ་ལྷག་སོང་བའི་རྗེས་སུ་དེ་ནས་དེའི་ཚེ། སངས་རྒྱས་རྣམས་ཀྱི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས། སྟོང་གསུམ་གྱི། དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ཀྱི་རྗེས་སུ་ཟིལ་གྱིས་མནན་ཏེ་བཞུགས་ནས་འོད་ནི་སྣང་བ་དང༌། འབར་བ་དང༌། སྐུ་མདོག་ནི་བགས་པ་མཛེས་པ། གཟི་བརྗིད་ནི་མཐུ་དབྱིབས་ནི་སྡུག་པ་ལ་སོགས་པའི་དཔལ་གྱིས། ཚིག་བཞིའི་རིམ་བཞིན་འོད་ཀྱིས་སྙོམས་པའི་ཚངས་པ་དང༌། ལྷ་རྣམས་དང་བདུད་དང་མུ་སྟེགས་རྣམས་གཅིག་ཏུ་བྱས་པ་དང་མི་རྣམས་ཟིལ་གྱིས་མནན་པས་རིམ་པ་ལྟར་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེའོ། །དེ་ནས་ཕྲེང་ཕྱེད་དང་བཅུ་དྲུག་སོང་བ་དང༌། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་སྐུ་ལྟ་བས་ཆོག་མི་ཤེས་པ། ཅི་འདྲ་བ་དེ་བཞིན་དུ་བསྟན་ཏོ། །ཞེས་བྱ་བ་ནི་འཁོར་ཡུག་བྱེ་བ་ཕྲག་བརྒྱའི་ནང་འདི་ན་ཚངས་པའམ། ལྷའམ། བདུད་དམ། མི་རྣམས་གང་ཡང་རུང་བའི་མདུན་ན་དེ་བཞིན་གཤེགས་པའི་མི་སྣང་བའི་སེམས་ཅན་སྐལ་བ་དང་མི་ལྡན་པར་གྱུར་པ་གཅིག་ཀྱང་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་བཞིན་གཤེགས་པའི་རང་བཞིན་གྱི་སྐུ་ནི་དཀྱུས་མའི་སྐུ་སྟེ་མི་དང་ལྷ་རྣམས་ཀྱི་མདོག་དང་མི་འདྲ་ལ། འཇིག་རྟེན་ན་དེ་འདྲ་ཅུང་ཟད་ཀྱང་མེད་པ། ལྟ་བས་ཆོག་མི་ཤེས་པའི་སྐུའོ། །དེ་ནས་ཕྲེང་དགུ་ལྷག་པ་ན། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བཅོམ་ལྡན་འདས་ཀྱི་དབུའི། དེ་ནས་ཤོག་བུ་གསུམ་དང་ཕྲེང་ལྔའི་འོག་ཏུ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་ན་གནས་པ་རྣམས་གཅིག་ལ་གཅིག་སྣང་བར་བྱ་བ་དང༌། འཁོར་བསྡུ་བར་བྱ་བའི་ཕྱིར། གདན་སེང་གེའི་ཁྲི་དེ་ལ། དེ་ནས་ཤོག་བུ་གཉིས་ལྷག་པ་ན། ཀུན་གྱི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཡོད་པ་ཞེས་བྱ་བ་ཡོད་དེ། ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་ཕྱིར། འདིར་ལྷག་པ་རྣམས་ཀྱི་མཐའ་ལ་ཀུན་གྱི་ཕ་རོལ། ཞེས་བྱ་བར་བཟུང་ངོ༌། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་མཐའ་བསྟན་པ་དེའི་བར་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཤེས་པར་བསྟན་པ་ཡིན་ནོ།། ཞེས་དབུ་མ་པ་གསུངས། རིན་ཆེན་འབྱུང་གནས་ཞེས་བྱ་བ། སྲོག་གི་དབང་པོའི་རྒྱུན་ནམ་ཆོས་ཀྱི་སྐུས་བཞུགས་ཤིང༌། སྐུ་ལ་བྱུང་བའི་སྙུན་མི་མངའ་བས་སམ། ལོངས་སྐུ་ནི་གློ་བུར་གྱི་སྙུན་མི་མངའ་ཞིང་དུས་ཀྱི་བར་དུ་བཞུགས་པའམ། སྤྲུལ་པའི་སྐུས་བཞེངས་ཤིང་སྐྱོང་སྟེ། དེ་ནས་ཕྲེང་བཅུ་བདུན་ན། དེ་དག་ཀུན་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ་གཉིས་ཏེ། དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། ས་བཅུའི་བར་དུ་ཚངས་སྤྱོད་ཀྱིས་གནས་པ་དང༌། ས་ བརྒྱད་པ་ཐོབ་པའི་ཕྱིར་རོ། །དེ་ནས་ ཕྲེང་གསུམ ་སོང་བ་ན། གསེར་གྱི་མདོག་ཅན་སྟོང་བསྐུར་ཏེ། ཅིའི་ཕྱིར་མཆོད་པ་བསྐུར་ཞིང་སྙུན་གསོལ་ཞེ་ན། སངས་རྒྱས་རྣམས་ཀྱིས་ཀུན་རྫོབ་ཀྱི་ཐ་སྙད་དེ། དད་པས་རྗེས་སུ་འབྲངས་པའི་འཇིག་རྟེན་གྱིས་མཐོང་ངམ། ཐོས་ནས་ཨེ་མའོ། །ཕན་ཚུན་ང་རྒྱལ་དང་ཕྲག་དོག་མི་མངའ་འོ། །ཞེས་དང་པོར་འགྱུར་བར་བྱ་བ་དང༌། ཞིང་གཞན་དག་ན་ཡང་སངས་རྒྱས་རྣམས་བཞུགས་པར་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་ཞིང་དེར་སྙིགས་མ་ལྔ་ཡོད་པའི་ཕྱིར། བག་ཡོད་པར་སྤྱོད་ཅིག །བག་བྱ་དགོས་པའི་རྒྱུ། དེ་ཅིའི་ཕྱིར་ཞེ་ན། མགུ་བར་དཀའ་བར་ཡིན་གྱིས། ཞེས་བྱ་བའི་ཚིག་འདི་ནི་བྱང་ཆུབ་སེམས་དཔའ་སྨད་པ། གཙོ་བོར་མཛད་པ་མ་ཡིན་གྱི་འཇིག་རྟེན་གྱི་ཁམས་ལ་སྨད་པ་གཙོ་བོར་མཛད་པ་ཁོ་ན་སྟེ། འཇིག་རྟེན་གྱི་ཁམས་དེ་ལྟ་བུ་ནས་དེ་ནི་བྱང་ཆུབ་སེམས་དཔའ་ལ་ཡང་དོགས་པ་སྐྱེ་བར་འགྱུར་རོ། །ཞེས་དེ་སྐད་ཐོས་ནས་འདིར་སྐྱེས་པ་རྣམས་སྐྱོ་བར་འགྱུར་ཞིང༌། དེ་བཞིན་གཤེགས་པ་ལ་དད་པ་ཆེར་སྐྱེ་བར་བྱ་བའི་ཕྱིར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་བཞི་སོང་བ་ན། མཆོད་པ་བྱེད་ཅིང་ཞེས་བྱ་བ་ནི་ལུས་དང༌། ངག་དང༌། ཡིད་གསུམ་གྱི་སྒོ་ནས་གུས་ཤིང་བསྟི་སྟང་བྱེད་པའི་རྣམ་གྲངས་སོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཕྲེང་གསུམ་སོང་བ་ན། བཅོམ་ལྡན་འདས་ལ་གློ་བུར་གྱི་སྙུན་མི་མངའ་འམ། ན་བཟའ་ལ་སོགས་པ་དང་མི་ལྡན་པའི་གནོད་པ་མ་མཆིས་སམ། ཟོ་མདོག་བདེ་བའམ། ཞེས་པ་ནི་བཀྲེས་པ་ལ་སོགས་པས་སྐུ་ཟོར་ལྕི་བར་མ་གྱུར་ཏམ། གསུམ་ཕོ་དེའི་འབྲས་བུས་སྐུ་ཉམས་དང་ལྡན། དེ་ནས་ཕྲེང་དྲུག་ལྷག་ཙམ་ན། བམ་པོ་གཉིས་པ། དེ་ནས་ཤོག་བུ་བཅུ་དགུ་དང་ཡིག་ཕྲེང་བཞི་སོང་བ་ན། དེ་ནས་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པའི་མཐུ་དང་བྱིན་ཆེ་བ་བསྟན་པ་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་གཤེགས་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་དད་པ་དང་མོས་པ་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་ཀྱི་བྱིན་གྱིས་རླབས་ཀྱིས་སྐད་ཅིག་ཡུད་ཙམ་དེ་ནས་ཕྲེང་ལྔའི་རྗེས་སུ། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།
༈ བདེ་ལེགས་སུ་གྱུར་ཅིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དགྱེས་པར་གྱུར་ཅིག །ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོར་ཕྱིན་དང་མཐར་གྱིས་དང༌། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །འདིའི་མཐར་གསུངས་པའི་དོན་བདུན་ཅུའི་ཚིག་རྣམས་ནི་དོན་དེ་དང་དེ་རྣམས་རྫོགས་པའི་མཐར་འབྱོན་པར་འགྱུར་རོ། །བམ་པོ་གསུམ་པ། དེ་ནས་ཕྲེང་གཉིས་ནས། མང་པོ་དེ་དག་འདུས་པར་ཐུགས་སུ་ཆུད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མགོ་སྨོས་པས་གོ་བ་དང༌། རྣམ་པར་སྤྲོས་ནས་གོ་བ་དང༌། དྲང་དགོས་པའི་གདུལ་བྱ་རྣམས་གདུལ་བྱ་ལ་བརྩམས་ཏེ། མདོར་བསྟན་པའི་སྒོ་དང༌། འབྲིང་དུ་བསྟན་པའི་སྒོ་དང༌། རྒྱས་པར་བསྟན་པའི་སྒོ་དང༌། སྒོ་གསུམ་གྱིས་བཤད་དོ། །ཞེས་དབུ་མ་པ་གསུངས་པས་འདི་ལས་གསུམ་གྱི་དང་པོར་མདོར་བསྟན་པའི་སྒོ་ནི། བཀའ་སྩལ་པ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །དེ་དང་དེ་ནི་མདོ་བཞིན་དུ།། བསྡུས་དང་། ཤཱ་ར་དྭ་ཏིའི་བུ། སེམས་དཔའ་ཆེན་པོ་ཇི་སྙེད་ཡོད་པའི། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་གྱི། རྣམ་པ་ཐམས་ཅད་བརྩོན་པར་བྱའོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་ཆོས་ནི་རྣམ་པ་གཉིས་ཏེ། ཀུན་བཏགས་པའི་ཆོས་རྣམས་དང༌། ཡོངས་སུ་གྲུབ་པའི་ཆོས་རྣམས་སོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་རྣམ་པ་གཉིས་ཏེ། ཀུན་རྫོབ་ཀྱི་རྣམ་པ་དང་དོན་དམ་པའི་རྣམ་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྣམ་པ་གཉིས་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ལ་ཀུན་བཏགས་པའི་ཆོས་འཇིག་རྟེན་གསུམ་དུ་གཏོགས་པ་དང༌། དུས་གསུམ་དུ་གཏོགས་པ་རྣམས་ནི་འཇིག་རྟེན་པའི་ཀུན་རྫོབ་ཀྱི་རྣམ་པ་ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་བོ། །ཡོངས་སུ་གྲུབ་པའི་ཆོས་རྣམས་ནི་འཇིག་རྟེན་ལས་འདས་པ་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱི་ཡོངས་སུ་མྱ་ངན་ལས་འདས་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། ཞེས་དང༌། འདིར་ནི་སངས་རྒྱས་ཀྱི་སས་བསྡུས་པའི་ཤེས་རབ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་དང༌། བརྩོན་པར་བྱའོ། །བྱ་བ་ནི་བསྒྲུབ་པ་བསྟན་པ་ཡིན་ནོ། །ཞེས་ཀུན་མཁྱེན་གཉིས་པ་གསུངས་ཤིང་འབུམ་ཏིག་ལས་ཀྱང་དེ་དང་མཐུན་པར་གསུངས་ལ། སྙིང་པོའི་མདོ་བཅུ་དང༌། སེམས་འགྲེལ་སྐོར་གསུམ་ལ་སོགས་དང་ཡང་ཤིན་ཏུ་མཐུན་ནོ།། ད་ནི་རྣམ་པར་སྤྲོས་ནས་གོ་བ་རྣམས་ཀྱི་དོན་དུ། གཉིས་པ་འབྲང་དུ་བསྟན་པའི་སྒོ་ནི། རྒྱས་པའི་སྒོ་ནས་བརྗོད། །དེ་ནས་ཚེ་དང་ལྡན་པ། དེ་ནས་ཕྲེང་གཉིས་ན། སེམས་དཔའ་ཆེན་པོ། ཇི་སྙེད་ཡོད་པའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་གྱི་རྣམ་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་གནས་པའི་རྟོག་པ་མེད་པའི་ཚུལ་དུ། འཁོར་གསུམ་ཡོངས་སུ་དག་པས། ཡོངས་སུ་གཏང་བ། སེམས་བསྐྱེད་ལ། མདོར་བསྟན་ལ་མདོའི་དུམ་བུ་ཅིག་རྒྱས་བཤད་ལ་སུམ་བརྒྱ་ལྔ་བཅུ་ཟེར་བ་སྣང༌། རྫོགས་ཚིག་རེ་རེ་བྱུང་བའི་རྗེས་སུ་གྲངས་ཡིག་རེ་རེ་གང་བ་སྟེ། གྲངས་ཀྱང་སུམ་བརྒྱ་ལྔ་བཅུ་རྩ་གསུམ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བདག་ནི་ཚུལ་ཁྲིམས་དང་ལྡན་ནོ། །འདི་ནི་ཚུལ་ཁྲིམས་སོ། །འདི་ནི་ཚུལ་ཁྲིམས་འཆལ་པའོ། །སྙམ་པའི་རྟོག་པ་གསུམ་མི་དམིགས་དེ། འཁོར་གསུམ་དག་པས། ཚུལ་ཁྲིམས་རྫོགས་པར་བྱའོ། །འཁྲུག་པ་མེད་པའི་ཕྱིར། བཟོད་པ་དང༌། བཟོད་པར་བྱ་བ་དང༌། གནོད་སེམས་མི་དམིགས་ཏེ། འཁོར་གསུམ་དག་པས་བཟོད་པའི་བྱའོ། །ཉམས་པ་མེད་པའི་ཕྱིར། བརྩོན་འགྲུས་དང་ལྡན་པ་དང་བརྩོན་འགྲུས་དང༌། ལེ་ལོ་མི་དམིགས་ཏེ་འཁོར་གསུམ་དག་པས། བརྩོན་འགྲུས་ཀྱི་བྱའོ། །རྟོག་པ་མེད་པའི་ཕྱིར། ཏིང་ངེ་འཛིན་དང་ལྡན་པ་དང༌། ཏིང་ངེ་འཛིན་དང༌། གཡེང་བ་མི་དམིགས་ཏེ། འཁོར་གསུམ་དག་པས། བསམ་གཏན་གྱི་བྱའོ། །མི་དམིགས་པའི་ཕྱིར། ཤེས་རབ་དང་ཤེས་རབ་འཆལ་པའི་ཤེས་རབ་མི་དམིགས་ཏེ། འཁོར་གསུམ་ཡོངས་སུ་དག་པས། ཤེས་རབ་ཀྱི་རྫོགས་པར་བྱའོ། །ཞེས་བྱ་བ་ནི་གང་གི་ཕྱིར། དེ་བཞིན་ཉིད་ཙམ་དུ་མཐོང་བས་ནི་འཇིག་རྟེན་པའི་ཀུན་བཏགས་པའི་ཆོས་ཐམས་ཅད་མི་དམིགས་ལ། འཇིག་རྟེན་ལས་འདས་པ་རྣམས་ལ་ཡང་རྣམ་པར་མི་རྟོག་སྟེ། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བར་འགྱུར་རོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བྱའོ་ཞེས་པའི་རྫོགས་ཚིག་རེ་རེའི་རྗེས་ལ་རིམ་པ་བཞིན་དུ་གྲངས་ཡིག་བཅོ་ལྔ་པའི་བར་དུ་གདབ་པར་བྱའོ། །དེ་ནས་ཤོག་ལོགས་ཕྱེད་གཉིས་སོང་བ་ན། སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ཀུན་བཏགས་པའི་མཚན་ཉིད་ཀྱིས་སྟོང་པ་ལ། ཀུན་བཏགས་པའི་རྣམ་པ་དེས་སྟོང་ངོ༌། །ཞེས་སྟོང་པའི་རྣམ་པར་བསྒོམས་པ་ན་སེམས་རྩེ་གཅིག་ཏུ་གྱུར་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བྱའོ། །བརྗོད་དུ་མེད་པའི་དོན་དམ་པ་དེ་ཉིད་ནམ་མཁའ་བཞིན་དུ་གཟུགས་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བ་མཚན་མའི་རྣམ་པར་རྟོག་པ་མེད་པའི་མཚན་ཉིད་སྤྲོས་པ་ཐམས་ཅད་ཞི་བ་ཡིན་པས་ཞི་བའི་རྣམ་པར་བསྒོམ་པ་ན་སེམས་རྩེ་གཅིག་ཏུ་གྱུར་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་བཞིན་དུ་ཁམས་གསུམ་པ་རྣམས་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་གཟིགས་པས་ཆོས་ཐམས་ཅད་ལ་མི་མཐུན་པའི་འདུ་ཤེས་ཉེ་བར་བཞག་ནས་ཕྱི་མ་ལ་དེར་སྨོན་པའི་གནས་སུ་མི་བྱའོ། །སྙམ་དུ་ཡང་དག་པར་རྗེས་སུ་གཟིགས་ནས་སེམས་རྩེ་གཅིག་ཏུ་གྱུར་པ་ལས་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། འདི་མན་ཆད་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་བསྟན་ཏེ། ཤཱ་ར་དྭ་ཏིའི་བུ། དེ་ནས་ཤོག་གུ་གསུམ་དང་ཡིག་ཕྲེང་ཕྱེད་དང་གཉིས་ཀྱི་རྗེས་སུ། རྣམ་པར་སྤྱོད་པ་དང་བཅས་པའི་ཏིང་ངེ་འཛིན། བསམ་གཏན་དང་པོ་ཡོངས་སུ་རྫོགས་པར་བྱའོ། །རྣམ་པར་སྤྱོད་པ་ཙམ་གྱི་ཏིང་ངེ་འཛིན། བསམ་གཏན་གཉིས་པ་རྫོགས་པར་བྱའོ། །རྣམ་པར་དཔྱོད་པ་མེད་པའི་ཏིང་ངེ་འཛིན། བསམ་གཏན་གསུམ་པ་དང་བཞི་པ་རྫོགས་པར་བྱའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད། ཆུབ་པའི་སྐྱེ་མཆེད། ཟད་པར་གྱི་སྐྱེ་མཆེད་བཅུ་རྫོགས་པར་བྱའོ། །རྣམ་པར་དགོད་པ་མི་དམིགས་པའི་ཕྱིར། ཆོས་གདགས་པ་རྣམ་པར་དགོད་པ་བདེན་པ་རིགས་པ་ཐེག་གདགས་རྣམས་པར་དགོད་པ་སྟེ་རྫོགས་པར་བྱའོ། །སྤྱོད་པ་མི་དམིགས་པའི་ཕྱིར། དམ་པའི་ཆོས་ཡི་གེར་འབྲི་བ་ལ་སོགས་ཆོས་སྤྱོད་པ་བྱའོ། །བཟོད་པ་མི་དམིགས་པའི་ཕྱིར། རང་བཞིན་གྱིས་བཟོད་པ། གཞན་གྱིས་གནོན་པ་ལ་ཅི་མི་སྙམ་པའི་བཟོད་པ། སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པ། ཆོས་ལ་ངེས་པར་མོས་པའི། བྱ་དཀའ་བ་ལ། ཐམས་ཅད་ཀྱི་སྒོའི། སྐྱེས་བུ་དམ་པའི། རྣམ་པ་ཐམས་ཅད་དུ། ཕོངས་པ་འདོད་པ་ལ། འདི་དང་གཞན་དུ་སྡུག་བསྔལ་བ་ལ་བཟོད་པ་སྟེ་རྫོགས་པར་བྱའོ། །ལྷག་པའི་བསམ་པ་མི་དམིགས་པའི་ཕྱིར། མཆོག་གི་བསམ་པ་དང༌། ཚུལ་ཁྲིམས་ཀྱི། ཕ་རོལ་ཏུ་ཕྱིན་པའི་ཡང་དག་པའི་དོན་གྱི་བརྟན་པའི། མ་དག་པའི་དག་པའི། ཤིན་ཏུ་དག་པའི། ལྷག་པར་སེམས་པའི། ཕན་པའི། མི་བསླུ་བའི། བདེན་པར་བྱ་བའི། སེམས་དབང་དུ་གྱུར་པའི། འདུ་བྱེད་ཐམས་ཅད་ལ་སྐྱོན་དུ་ལྟ་བའི། མྱང་འདས་ལ་ཡོན་ཏན་དུ་ལྟ་བའི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྟག་ཏུ་བསྒོམ་པའི་དབེན་པ་ལ་གནས་པའི། ཟང་ཟིང་དང༌། རྙེད་བཀུར་ལ་མི་ལྟ་བའི། ཐེག་ཆུང་སྤངས་ནས་ཐེག་ཆེན་རྟོགས་པར་བྱ་བའི། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་བྱ་བའི་བསམ་པ་སྟེ། རྫོགས་པར་བྱའོ། །རྣམ་མཁྱེན་ལ་སོགས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་གསུམ་བྱའོ། །ལྷག་མཐོང་ཤེས་པ་མི་དམིགས་པའི་ཕྱིར། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལ་བརྟག་པར་མི་རྟོག་པ་སེམས་རྩེ་གཅིག་ཏུ་གནས་པའི་ཞི་གནས་དང༌། དེ་ལྟར་སེམས་རྩེ་གཅིག་ཏུ་གནས་པ་ལ་བྱིང་ཞིང་རྨུགས་པར་མི་འགྱུར་བར་ཤེས་རབ་ཀྱིས་གསལ་བར་བྱས་ཏེ། ཡང་དག་པའི་དོན་ལྷག་མཐོང་བའི་ལྷག་མཐོང་བྱའོ། །རིག་པ་མི་དམིགས་པའི་ཕྱིར། སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པ། འཆི་འཕོ་དང༌། སྐྱེ་བ་ཤེས་པའི་རིག་པ། ཟག་པ་ཟད་པ་ཤེས་པའི་རིག་པ་སྟེ། རིག་པ་གསུམ་བྱའོ། །དེ་ནས་ཕྲེང་བཞི་སོང་བ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ། །སྔར་བཤད་པ་དང་ཟློས་པའི་སྐྱོན་མེད་དེ། སེམས་ཅན་སྨིན་པར་བྱ་བའི་སྐབས་ཡིན་པས་སོ། །ནོར་མི་དམིགས་པའི་ཕྱིར། དད་པ། ཚུལ་ཁྲིམས། ཐོས་པ། གཏོང་བ། ཤེས་རབ། ངོ་ཚ་ཤེས་པ། ཁྲེལ་ཡོད་པ་སྟེ། ནོར་བདུན་བྱའོ།། རྣམ་པར་རྟོག་པ་མི་དམིགས་པའི་ཕྱིར། ནམ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་སེལ་ནུས་སྙམ་དུ་རྣམ་པར་རྟོག་པ་དང༌། ནམ་དབུལ་བས་ཉེན་པའི་སེམས་ཅན་རྣམས་འབྱོར་བ་ཆེན་པོ་ལ་འཇོག་ནུས་སྙམ་པ་དང༌། ནམ་ཤ་ཁྲག་དང་བཅས་པའི་ལུས་ཀྱི་སེམས་ཅན་རྣམས་ཀྱི་དོན་བྱེད་ནུས་སྙམ་པ་དང༌། དམྱལ་བ་ན་ཡུན་རིང་པོར་གནས་པས་ཀྱང༌། སེམས་ཅན་རྣམས་ལ་ཕན་པར་བྱེད་པ་འབའ་ཞིག་ཏུ་འགྱུར་སྙམ་པ་དང༌། ནམ་འཇིག་རྟེན་དང་དེ་ལས་འདས་པའི་འབྱོར་བས་འཇིག་རྟེན་ཐམས་ཅད་ཀྱི་རེ་བ་རྫོགས་པ་མཐོང་བར་འགྱུར་སྙམ་པ་དང༌། ནམ་སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཐམས་ཅད་འབྱིན་པར་འགྱུར་སྙམ་པ་དང༌། སེམས་ཅན་ལ་ཕན་འདོགས་མེད་པའི་སྐྱེ་བ་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱོར་བ་མེད་པའི་སེམས་དང་དོན་དམ་པའི་རོ་གཅིག་པུ་ལ་སྤྱོད་པ་དང༌། སྐྱེ་བོ་ཐམས་ཅད་སིམ་པར་བྱེད་པའི་ཚིག་མ་ཡིན་པ་དང༌། གཞན་ལ་མི་ཕན་པའི་འཚོ་བ་དང༌། གཞན་ལ་ཕན་བྱེད་མི་ནུས་པའི་ལུས་དང༌། གཞན་ལ་ཕན་འདོགས་པ་ལ་མི་གསལ་བའི་བློ་དང་སེམས་ཅན་ལ་ཕན་པར་མི་སྤྱོད་པའི་ནོར་དང་འགྲོ་བ་རྣམས་ཀྱི་དོན་སྤྱོད་པ་མེད་པའི་དབང་ཕྱུག་དང༌། གཞན་དང་གཞན་ལ་གནོད་པ་བྱེད་པར་དགའ་བར་ཚེ་རབས་ཚེ་རབས་སུ་མ་གྱུར་ཅིག་སྙམ་པ་དང༌། སྲོག་ཆགས་ཀུན་གྱི་སྡིག་པའི་ལས་ཀུན་གྱི་འབྲས་བུ་བདག་ལ་སྨིན་ལ་བདག་གི་ལེགས་པར་སྤྱད་པའི་འབྲས་བུ་ཐམས་ཅད་སེམས་ཅན་ཀུན་ལ་སྨིན་པར་གྱུར་ཅིག་སྙམ་དུ་རྣམ་པར་རྟོག་པ་སྟེ། སྐྱེས་བུ་ཆེན་པོའི་རྫོགས་པར་བྱའོ། །སེམས་ཅན་གྱི་གནས་མི་དམིགས་པའི་ཕྱིར། ལུས་ཐ་དད་ཅིང་འདུ་ཤེས་ཀྱང་ཐ་དད་པ། ལུས་ཐ་དད་ལ་འདུ་ཤེས་གཅིག་པ། ལུས་གཅིག་ལ་འདུ་ཤེས་ཐ་དད་པ། ལུས་གཅིག་ལ་འདུ་ཤེས་གཅིག་པ། གཟུགས་མེད་བཞི། འདུ་ཤེས་མེད་པའི་སེམས་ཏེ། དགུ་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་ཕྲེང་བྱེད་བདུན་སོང་བ་ན། རྫོགས་པར་བྱའོ། །དེ་ལྟར་མདོར་བཤད་པར་ཆོས་ཐམས་ཅད་བསྡུས་ཏེ་བསྟན་ནས།