བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོ་ཞེས་བྱ་བ་བཞུགས་སོ། །
ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ དོན་དམ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །གཙང་བདག་བདེ་ཆེན་རྟག་པའི་མཐར་ཐུག་པ། །དེ་བཞིན་ཉིད་ལ་གུས་པས་ཕྱག་འཚལ་ནས། །དུས་བཞི་གཉིས་ཀྱི་རབ་དབྱེ་རབ་བཤད་བྱ། །
དུས་བཞི་ཆེན་པོ་བསྐལ་དུས་བཟང་ངན་ཏེ། །དུས་བཞི་ཆུང་བ་བསྟན་པའི་བཟང་ངན་ཡིན། །དང་པོའི་ལོ་ནི་ས་ཡ་ཕྲག་བཞི་དང༌། །སུམ་འབུམ་ཉི་ཁྲིའོ་དེ་ཡི་བཅུ་ཆ་ནི། །རྐང་པ་ཞེས་གསུངས་རྐང་པ་གཅིག་དང་གཉིས། །གསུམ་དང་བཞི་ལ་རིམ་བཞིན་རྩོད་ལྡན་དང༌། །གཉིས་ལྡན་གསུམ་ལྡན་རྫོགས་ལྡན་ཞེས་གསུངས་སོ། །དུས་བཞི་ཆུང་བ་བསྟན་པའི་བཟང་ངན་ནི། །མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བར། །དེ་ཡི་བཞི་ཆ་དུས་བཞི་སོ་སོའི་ཚད། །སྐྱོན་མེད་ཡོན་ཏན་ཚང་བ་རྫོགས་ལྡན་ཆོས། །དེ་ནས་བཞི་ཆ་ཉམས་པ་གསུམ་ལྡན་སྟོད། །ཕྱེད་ཉམས་གྱུར་ན་གསུམ་ལྡན་སྨད་དུ་འགྱུར། །བཞི་གསུམ་ཉམས་པའི་ལྷག་མ་གཉིས་ལྡན་ཡིན། །བཞི་ཆ་གཅིག་ཀྱང་མེད་ན་རྩོད་ལྡན་ཏེ། །ལྷ་མིན་ཀླ་ཀློ་ནག་པོའི་ཆོས་སུ་གསུངས། །དེ་དང་དེ་ཡི་རྣམ་དབྱེ་རབ་ཤེས་ནས། །བསྟན་ལ་བྱི་དོར་བྱ་བར་འདོད་པ་དང༌། །རང་གཞན་ལེགས་པའི་ལམ་ལ་འཇུག་འདོད་པ། །རྫོགས་ལྡན་ཆོས་མཆོག་དཔང་གྱུར་གཙུག་གིས་བླང༌། །གསུམ་ལྡན་མར་བཅད་སྐྱོན་དང་བཅས་གྱུར་ཅིང༌། །ཚོང་འདུས་འོ་མ་ལྟ་བུར་བསླད་པའི་གཞུང༌། །གང་ན་འདུག་ཀྱང་དཔང་དུ་བྱར་མི་རུང༌། །གོང་མ་གོང་མས་འོག་མ་འོག་མར་གནོད། །གྲུབ་མཐའ་གོང་མས་འོག་མར་གནོད་པ་བཞིན། །རྫོགས་ལྡན་ཆོས་ནི་དྲི་མེད་རྒྱལ་བའི་བཀའ། །ས་བཅུའི་དབང་ཕྱུག་རྣམས་དང་ཤིང་རྟ་ཡི། །སྲོལ་འབྱེད་ཆེན་པོ་རྣམས་ཀྱིས་ལེགས་གསུངས་པ། །སྐྱོན་མེད་ཡོན་ཏན་མཆོག་མངའ་རྣམས་ཡིན་ནོ། །དེ་ཡི་ལུགས་ལ་ཐམས་ཅད་རང་སྟོང་མིན། །རང་སྟོང་གཞན་སྟོང་ལེགས་པར་རྣམ་ཕྱེ་ནས། །ཀུན་རྫོབ་གང་ཡིན་ཐམས་ཅད་རང་སྟོང་དང༌། །དོན་དམ་གང་ཡིན་གཞན་སྟོང་ཉིད་དུ་གསུངས། །གང་ཕྱིར་བདེན་པ་གཉིས་ལ་བདེན་ལུགས་གཉིས། །སྣང་ལུགས་གཉིས་དང་སྟོང་ལུགས་གཉིས་གསུངས་ཤིང༌། །སྒྲོ་འདོགས་སྐུར་འདེབས་རྣམ་པ་མང་པོ་དང༌། །འགལ་འདུས་སྐྱོན་ཡོད་སྐྱོན་མེད་ལ་སོགས་དང༌། །ཆོས་དང་ཆོས་ཉིད་འདུས་བྱས་འདུས་མ་བྱས། །རྒྱལ་ཁམས་ཆེན་པོ་གཉིས་སུ་གསུངས་པའི་ཕྱིར། །བདེན་གཉིས་ངོ་བོ་གཅིག་པ་མི་སྲིད་ལ། །ངོ་བོ་ཐ་དད་པ་ཡང་མ་ཡིན་ཞིང༌། །ཐ་དད་གཏན་ནས་མེད་པའང་མ་ཡིན་ཏེ། །ངོ་བོ་གཅིག་པ་བཀག་པའི་ཐ་དད་དོ། །འདི་ཉིད་ལ་ནི་ངོ་བོ་དེ་ཉིད་དང༌། །གཞན་དུ་བརྗོད་དུ་མེད་ཅེས་གསུངས་པ་སྟེ། །ཆོས་དང་ཆོས་ཉིད་ལ་ཡང་ཚུལ་འདི་ཉིད། །འཁོར་དང་མྱང་འདས་མཐའ་དང་དབུས་མ་དང༌། །གློ་བུར་གཉུག་མ་བཅོས་མ་རང་བཞིན་དང༌། །ཤུན་པ་སྙིང་པོ་ལ་ཡང་ཚུལ་འདི་ཉིད། །གསུམ་ལྡན་མར་བཅད་དེ་ལས་གཞན་དུ་སྨྲ། །རང་རང་ངོ་བོས་སྟོང་པ་མ་གཏོགས་པ། །གཞན་སྟོང་རྣམས་ཀྱིས་སྟོང་ཉིད་གོ་མི་ཆོད། །དེ་ཕྱིར་དོན་དམ་ཆོས་དབྱིངས་དེ་བཞིན་ཉིད། །རང་བཞིན་འོད་གསལ་རང་བཞིན་ལྷན་སྐྱེས་དང༌། །རང་བཞིན་འགྱུར་མེད་མཐར་ཐུག་ཆོས་ཀྱི་སྐུ། །མཐར་ཐུག་ཤེར་ཕྱིན་མཐར་ཐུག་དབུ་མ་དང༌། །མཐར་ཐུག་མྱང་འདས་མཐར་ཐུག་བྱང་ཆུབ་ཆེ། །མཐར་ཐུག་སངས་རྒྱས་མཐར་ཐུག་ཆོས་དང་ནི། །མཐར་ཐུག་དགེ་འདུན་མཐར་ཐུག་ལྷ་དང་སྔགས། །མཐར་ཐུག་རྒྱུད་དང་དཀྱིལ་འཁོར་ལ་སོགས་པ། །གཤིས་ལུགས་ཟབ་མོ་མཐར་ཐུག་གསུངས་པ་གང༌། །དེ་རྣམས་ཐམས་ཅད་རང་སྟོང་ཉིད་དུ་སྨྲ། །རང་སྟོང་གང་ཡིན་དོན་དམ་བདེན་པ་དང༌། །ཆོས་དབྱིངས་ཆོས་ཉིད་དེ་བཞིན་ཉིད་ལ་སོགས། །གཤིས་ལུགས་ཟབ་མོ་མཐར་ཐུག་རྣམས་སུ་འདོད། །བདེན་གཉིས་རྒྱལ་ཁམས་གཉིས་སུ་མི་འབྱེད་པར། །སྣང་བ་གང་ཡིན་ཀུན་རྫོབ་བདེན་པ་དང༌། །སྟོང་པ་གང་ཡིན་དོན་དམ་བདེན་པར་འདོད། །སྣང་སྟོང་དེ་དག་ངོ་བོ་དབྱེར་མེད་པས། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་སྨྲ། །འཁོར་འདས་རྒྱལ་ཁམས་གཉིས་སུ་མི་འབྱེད་པར། །སྣང་ཆ་འཁོར་བ་སྟོང་ཆ་མྱང་འདས་ཞེས། །འཁོར་འདས་དབྱེར་མེད་དོན་ཡང་དེ་ལྟར་འདོད། །འགལ་འདུས་སྐྱོན་ཡོད་ཀུན་རྫོབ་བདེན་པ་དང༌། །འགལ་འདུས་སྐྱོན་མེད་དོན་དམ་བདེན་པ་ཞེས། །དེ་ལྟར་རྒྱལ་ཁམས་གཉིས་སུ་མི་འབྱེད་པར། །སྣང་སྟོང་གང་ཡིན་བདེན་པ་གཉིས་སུ་སྨྲ། །རྟོག་གེ་ཅན་གྱི་སྤྱོད་ཡུལ་འཁོར་བ་དང༌། །རྣལ་འབྱོར་ཅན་གྱི་སྤྱོད་ཡུལ་མྱང་འདས་ཞེས། །དེ་ལྟར་རྒྱལ་ཁམས་གཉིས་སུ་མི་འབྱེད་པར། །སྣང་སྟོང་གཉིས་ལ་འཁོར་འདས་དོན་དུ་འདོད། །སྣང་ཚད་ཀུན་རྫོབ་འཁོར་བ་ཡིན་ན་ནི། །དོན་དམ་སྣང་བའང་ཀུན་རྫོབ་འཁོར་བར་འགྱུར། །སྟོང་ཚད་དོན་དམ་མྱང་འདས་ཡིན་ན་ནི། །རང་སྟོང་ཐམས་ཅད་དོན་དམ་མྱང་འདས་འགྱུར། །འདོད་ན་སྡུག་བསྔལ་ཀུན་འབྱུང་ཐམས་ཅད་ཀྱང༌། །དོན་དམ་མྱང་འདས་ཡིན་པར་ཐལ་བར་འགྱུར། །དེ་ཡང་འདོད་ན་ཟག་མེད་ཡིན་པར་འགྱུར། །གཙང་བདག་བདེ་ཆེན་རྟག་པའང་ཡིན་པར་འགྱུར། །གང་གཱའི་ཀླུང་གི་རྡུལ་སྙེད་དོན་དམ་གྱི། །སྟོབས་སོགས་ཡོན་ཏན་ཀུན་ཡང་ཚང་བར་འགྱུར། །དེ་དག་བླང་བྱའི་མཐར་ཐུག་ཡིན་པར་འགྱུར། །འགྲོ་བའི་མགོན་སྐྱབས་མཐར་ཐུག་ཡིན་པར་འགྱུར། །རྣམ་མཁྱེན་ཡེ་ཤེས་མཐར་ཐུག་ཡིན་པར་འགྱུར། །མི་ཤིགས་རྡོ་རྗེའི་སྐུ་ཡང་ཡིན་པར་འགྱུར། །རྡོ་རྗེའི་ལྷ་སྔགས་རྒྱུད་ཀྱང་ཡིན་པར་འགྱུར། །སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ནི། །ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ལ་སོགས། །གཤིས་ལུགས་ཟབ་མོའི་ཨེ་ཝཾ་མཐར་ཐུག་དང༌། །ཨ་ཧཾ་མཐར་ཐུག་ཧཾ་ཀྵ་མཐར་ཐུག་དང༌། །རྡོ་རྗེ་པད་མ་རྡོ་རྗེ་སེམས་དཔའ་དང༌། །རྡོ་རྗེ་བྷ་ག་རྡོ་རྗེ་རྩེ་མོ་དང༌། །རྡོ་རྗེ་དབྱིངས་དང་ཐིག་ལེ་གྲུ་གསུམ་དང༌། །རྡོ་རྗེའི་ཨཱ་ལི་ཀཱ་ལི་ལ་སོགས་པ། །རང་བཞིན་གཉུག་མའི་ཆོས་ཀུན་ཡིན་པར་འགྱུར། །གཉེན་པོས་སྤང་དུ་གཏན་ནས་མི་རུང་འགྱུར། །དེ་ཡང་དོན་དུ་ལམ་བདེན་དོན་མེད་འགྱུར། །སངས་རྒྱས་ཐོབ་པ་གཏན་ནས་མི་སྲིད་འགྱུར། །ཆོས་དང་དགེ་འདུན་རྣམས་ཀྱང་མི་སྲིད་འགྱུར། །འདི་ལ་ཉེས་སྐྱོན་གཞན་ཡང་དཔག་མེད་དོ། །བདེན་གཉིས་འཁོར་འདས་ངོ་བོ་གཅིག་ན་ནི། །བདེ་གཤེགས་སྙིང་པོ་གློ་བུར་དྲི་མ་དག །འབྲལ་དུ་རུང་ངམ་མི་རུང་བརྟག་པར་མཛོད། །གློ་བུར་དྲི་མ་གཞོམ་དུ་རུང་བ་ལྟར། །བདེ་གཤེགས་སྙིང་པོའང་གཞོམ་དུ་རུང་ངམ་ཅི། །གློ་བུར་དྲི་མ་འདུས་བྱས་ཡིན་པ་ལྟར། །བདེ་གཤེགས་སྙིང་པོའང་འདུས་བྱས་ཡིན་ནམ་ཅི། །གློ་བུར་དྲི་མ་ཀུན་རྫོབ་ཡིན་པ་ལྟར། །བདེ་གཤེགས་སྙིང་པོའང་ཀུན་རྫོབ་ཡིན་ནམ་ཅི། །གློ་བུར་དྲི་མ་ཀུན་བཏགས་ཡིན་པ་ལྟར། །བདེ་གཤེགས་སྙིང་པོའང་ཀུན་བཏགས་ཡིན་ནམ་ཅི། །གློ་བུར་དྲི་མ་ཕྱི་ནང་ཡིན་པ་ལྟར། །བདེ་གཤེགས་སྙིང་པོའང་ཕྱི་ནང་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་དོན་དམ་ཡིན་པ་ལྟར། །གློ་བུར་དྲི་མའང་དོན་དམ་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་རྟག་པ་ཡིན་པ་ལྟར། །གློ་བུར་དྲི་མའང་རྟག་པ་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་ཡོངས་གྲུབ་ཡིན་པ་ལྟར། །གློ་བུར་དྲི་མའང་ཡོངས་གྲུབ་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་སངས་རྒྱས་ཡིན་པ་ལྟར། །གློ་བུར་དྲི་མའང་སངས་རྒྱས་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་རང་བྱུང་ཡིན་པ་ལྟར། །གློ་བུར་དྲི་མའང་རང་བྱུང་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་ཡེ་ཤེས་ཡིན་པ་ལྟར། །གློ་བུར་དྲི་མའང་ཡེ་ཤེས་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་རྣམ་མཁྱེན་ཡིན་པ་ལྟར། །གློ་བུར་དྲི་མའང་རྣམ་མཁྱེན་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་ཆོས་དབྱིངས་ཡིན་པ་ལྟར། །གློ་བུར་དྲི་མའང་ཆོས་དབྱིངས་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་བདེ་ཆེན་ཡིན་པ་ལྟར། །གློ་བུར་དྲི་མའང་བདེ་ཆེན་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་མྱང་འདས་ཡིན་པ་ལྟར། །གློ་བུར་དྲི་མའང་མྱང་འདས་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་ཤེར་ཕྱིན་ཡིན་པ་ལྟར། །གློ་བུར་དྲི་མའང་ཤེར་ཕྱིན་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་དབུ་མ་ཡིན་པ་ལྟར། །གློ་བུར་དྲི་མའང་དབུ་མ་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་གཞན་སྟོང་ཡིན་པ་ལྟར། །གློ་བུར་དྲི་མའང་གཞན་སྟོང་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་སྟོང་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་སྟོང་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་གཞན་མཆོག་ཡིན་པ་ལྟར། །གློ་བུར་དྲི་མའང་གཞན་མཆོག་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་འགོག་བདེན་ཡིན་པ་ལྟར། །གློ་བུར་དྲི་མའང་འགོག་བདེན་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་འགོག་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་འགོག་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་བྲལ་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་བྲལ་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་དབེན་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་དབེན་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་དག་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་དག་གཞི་ཡིན་ནམ་ཅི། །བདེ་གཤེགས་སྙིང་པོ་མེད་གཞི་ཡིན་པ་ལྟར། །གློ་བུར་དྲི་མའང་མེད་གཞི་ཡིན་ནམ་ཅི། །དེ་ལྟར་འདོད་ན་ཉེས་སྐྱོན་དཔག་མེད་དོ། །རྫོགས་ལྡན་ལུགས་ལ་ཉེས་སྐྱོན་དེ་རྣམས་མེད། །ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་དུ། །འདུས་པར་འདོད་པ་གསུམ་ལྡན་མར་བཅད་ལུགས། །ཆོས་ཉིད་དབུ་མ་ཤེས་བྱའི་མཆོག་ཡིན་ཡང༌། །དངོས་པོ་དངོས་མེད་གང་ཡང་མ་ཡིན་གྱི། །ཕུང་པོ་གསུམ་པར་བཞེད་པ་རྫོགས་ལྡན་ལུགས། །དེ་ཕྱིར་ཐམས་ཅད་དངོས་པོ་དངོས་མེད་དུ། །འདུས་པ་མིན་ཏེ་ཕུང་གསུམ་ཡོད་པའི་ཕྱིར། །ཐམས་ཅད་བེམ་རིག་གཉིས་སུ་ཁ་ཚོན་ཆོད། །དེ་ཕྱིར་དེ་ལ་ཕུང་པོ་གསུམ་པ་མེད། །ཅེས་པ་འདི་ནི་རྫོགས་ལྡན་ཆོས་ལུགས་ཡིན། །གསུམ་ལྡན་མར་བཅད་ཆོས་ཉིད་དེ་བཞིན་ཉིད། །བེམ་རིག་གང་ཡང་མིན་པའི་ཕུང་གསུམ་འདོད། །གལ་ཏེ་ཆོས་དབྱིངས་རིག་པ་མ་ཡིན་ན། །དབྱིངས་རིག་དབྱེར་མེད་ཡེ་ཤེས་གང་ལ་བགྱི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གང་ལ་བགྱི། །དོན་དམ་རང་བྱུང་ཡེ་ཤེས་གང་ལ་བགྱི། །དོན་དམ་སོ་སོ་རང་རིག་མི་གཡོ་བ། །དོན་དམ་བདག་རིག་གཞན་རིག་ཐམས་ཅད་ལ། །དོན་དམ་ཀུན་ཤེས་ཀུན་རིག་དམ་པ་པོ། །དོན་དམ་ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །དོན་དམ་ཡེ་ཤེས་སྐུ་སྟེ་རང་བྱུང་བ། །དོན་དམ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །དོན་དམ་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །དོན་དམ་ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །དོན་དམ་ཡེ་ཤེས་ལྡན་ལ་ཡོད་མེད་ཤེས། །དོན་དམ་ཡེ་ཤེས་སྐུ་རྣམས་མ་ལུས་འཆང༌། །དོན་དམ་ཀུན་ཏུ་བཟང་པོ་བློ་གྲོས་བཟང༌། །དོན་དམ་སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །དོན་དམ་མཆོད་པ་ཆེན་པོ་འདོད་ཆགས་ཆེ། །དོན་དམ་མཆོད་པ་ཆེན་པོ་ཞེ་སྡང་ཆེ། །དོན་དམ་མཆོད་པ་ཆེན་པོ་གཏི་མུག་ཆེ། །དོན་དམ་མཆོད་པ་ཆེན་པོ་ཁྲོ་བ་ཆེ། །དོན་དམ་མཆོད་པ་ཆེན་པོ་ཆགས་པ་ཆེ། །དོན་དམ་འདོད་པ་ཆེན་པོ་བདེ་བ་ཆེ། །དོན་དམ་དགའ་བ་ཆེན་པོ་མགུ་བ་ཆེ། །དོན་དམ་མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །དོན་དམ་སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །དོན་དམ་བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །དོན་དམ་ཤེས་རབ་ཆེན་པོའི་ལུས་འཆང་བ། །དོན་དམ་སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །དོན་དམ་བྱམས་ཆེན་རང་བཞིན་དཔག་ཏུ་མེད། །དོན་དམ་སྙིང་རྗེ་ཆེན་པོ་བློ་ཡི་མཆོག །དོན་དམ་ཤེས་རབ་ཆེན་པོ་བློ་ཆེན་ལྡན། །དོན་དམ་མཁས་པ་ཆེན་པོ་ཐབས་ཆེ་བ། །དོན་དམ་ཤེས་བཅུ་རྣམ་དག་བདག་ཉིད་ཅན། །དོན་དམ་ཤེས་བཅུ་རྣམ་དག་འཆང་བ་པོ། །དོན་དམ་ཤེས་པ་འབའ་ཞིག་ངེས་གསལ་བ། །དོན་དམ་ཤེས་པ་བརྒྱད་པོ་རྟོགས་པ་འཆང༌། །དོན་དམ་ཤེས་རབ་ཡེ་ཤེས་མེ་བོ་ཆེ། །དོན་དམ་ཡེ་ཤེས་སྣང་བ་ལམ་མེ་བ། །དོན་དམ་ཡེ་ཤེས་མེ་ལྕེ་འོད་རབ་གསལ། །དོན་དམ་སངས་རྒྱས་བྱང་ཆུབ་བླ་ན་མེད། །དོན་དམ་སངས་རྒྱས་རྣམ་པར་སྣང་མཛད་ཆེ། །དོན་དམ་རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །དོན་དམ་གསུམ་རིག་གཙང་མ་དག་པ་སྟེ། །དོན་དམ་མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །དོན་དམ་ཤེས་རབ་ཕ་རོལ་ཕྱིན་པའི་མཆོག །དོན་དམ་ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །དོན་དམ་འཇམ་དཔལ་དཔལ་དང་ལྡན་པའི་མཆོག །དོན་དམ་ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་སོགས་རྣམ་པ་མང་པོ་དོན་དམ་ནི། །ཤེས་པ་རིག་པ་ཡེ་ཤེས་ཡིན་པར་སྟོན། །དེ་ཕྱིར་སྐད་ཅིག་ལས་འདས་ཡེ་ཤེས་ནི། །ཆོས་རྣམས་ཀུན་གྱི་མཐར་ཐུག་དེ་ཁོ་ན། །ཉིད་ཅེས་རྒྱལ་བ་རྣམས་ཀྱིས་གསུངས་པ་ཡིན། །གལ་ཏེ་དོན་དམ་རིག་པ་མ་ཡིན་ན། །དོན་དམ་ཆོས་སྐུ་ངོ་བོ་ཉིད་སྐུ་དག །རིག་པ་མིན་ཕྱིར་ཀུན་མཁྱེན་མིན་པར་འགྱུར། །ཀུན་མཁྱེན་མིན་ན་སངས་རྒྱས་མིན་པར་འགྱུར། །སངས་རྒྱས་མིན་ན་ཆོས་སྐུ་མིན་པར་འགྱུར། །འདོད་ན་ཆོས་ཅན་དང་ཡང་འགལ་བར་འགྱུར། །གལ་ཏེ་དོན་དམ་རིག་པ་ཡིན་ན་ནི། །འདུས་མ་བྱས་ཀྱི་རིག་པ་ཁུར་ནས་འོང༌། །རྟག་ཅིང་བརྟན་པའི་རིག་པའང་ཁུར་ནས་འོང༌། །ཐེར་ཟུག་གཡུང་དྲུང་རིག་པའང་ཁུར་ནས་འོང༌། །བདེ་གཤེགས་སྙིང་པོའི་རིག་པའང་ཁུར་ནས་འོང༌། །ཡོངས་གྲུབ་དགུ་ཡི་རིག་པའང་དེ་བཞིན་ནོ། །གལ་ཏེ་དོན་དམ་ཤེས་པ་མ་ཡིན་ན། །གཤིས་ལུགས་ཟབ་མོ་སྟོན་པའི་རྫོགས་ལྡན་ཆོས། །མདོ་རྒྱུད་ཟབ་མོ་ཀུན་དང་འགལ་བར་འགྱུར། །གལ་ཏེ་དོན་དམ་ཤེས་པ་ཡིན་ན་ནི། །འདུས་བྱས་མི་རྟག་པར་ཡང་འགྱུར་ཞེ་ན། །དེ་འདྲ་གསུམ་ལྡན་མར་བཅད་ལུགས་ཡིན་གྱི། །རྫོགས་ལྡན་ཆོས་མཆོག་ཁྱད་འཕགས་ལུགས་ལ་ནི། །ཤེས་པ་ལ་ཡང་འདུས་བྱས་འདུས་མ་བྱས། །རིག་པ་ལ་ཡང་འདུས་བྱས་འདུས་མ་བྱས། །ཡེ་ཤེས་ལ་ཡང་འདུས་བྱས་འདུས་མ་བྱས། །དཀོན་མཆོག་གསུམ་སོགས་ཀུན་ལའང་བདེན་གཉིས་དང༌། །འདུས་བྱས་འདུས་མ་བྱས་སུ་ཕྱེ་ནས་གསུངས། །མི་རྟག་པ་དང་རྟག་པར་ཕྱེ་ནས་གསུངས། །རང་སྟོང་གཞན་སྟོང་ལེགས་པར་ཕྱེ་ནས་གསུངས། །རྣམ་ཤེས་ཡེ་ཤེས་ལེགས་པར་ཕྱེ་ནས་གསུངས། །གཞན་བྱུང་རང་བྱུང་ལེགས་པར་ཕྱེ་ནས་གསུངས། །ཆོས་དང་ཆོས་ཉིད་མཐའ་དབུས་ཕྱེ་ནས་གསུངས། །བཅོས་མ་རང་བཞིན་ལེགས་པར་ཕྱེ་ནས་གསུངས། །གློ་བུར་གཉུག་མ་ལེགས་པར་ཕྱེ་ནས་གསུངས། །ཀུན་བཏགས་ཡོངས་གྲུབ་ལེགས་པར་ཕྱེ་ནས་གསུངས། །རྗེས་ཐོབ་མཉམ་བཞག་ལེགས་པར་ཕྱེ་ནས་གསུངས། །ཤན་འབྱེད་ལ་ཟློ་ལེགས་པར་ཕྱེ་ནས་གསུངས། །དབྱེར་ཡོད་དབྱེར་མེད་ལེགས་པར་ཕྱེ་ནས་གསུངས། །འཁྲུལ་ལུགས་གཤིས་ལུགས་ལེགས་པར་ཕྱེ་ནས་གསུངས། །འདོད་ལུགས་ཡིན་ལུགས་ལེགས་པར་ཕྱེ་ནས་གསུངས། །སྲོལ་འབྱེད་སྲོལ་འགོག་ལེགས་པར་ཕྱེ་ནས་གསུངས། །ཕུང་གསུམ་ཡོད་མེད་ལེགས་པར་ཕྱེ་ནས་གསུངས། །དུས་བཞི་ཆེ་ཆུང་ལེགས་པར་ཕྱེ་ནས་གསུངས། །ཆུང་བ་ལ་ཡང་རྫོགས་ལྡན་ཆོས་མཆོག་དང༌། །གསུམ་ལྡན་མར་བཅད་དམན་པར་རབ་ཕྱེ་ནས། །དཔང་དུ་རུང་དང་མི་རུང་ཕྱེ་ནས་གསུངས། །ངོ་བོ་ཉིད་གསུམ་ལེགས་པར་ཕྱེ་ནས་གསུངས། །བདག་གསུམ་རྣམ་དབྱེ་ལེགས་པར་ཕྱེ་ནས་གསུངས། །སྟོང་ཉིད་གསུམ་གྱི་རྣམ་དབྱེ་ཕྱེ་ནས་གསུངས། །ཕྱི་ནང་གཞན་མཆོག་ལེགས་པར་ཕྱེ་ནས་གསུངས། །བདེན་བཞི་ཆོས་བཞི་ཆོས་ལྔ་ལ་སོགས་པ། །ལེགས་པར་ཕྱེ་བའི་ཆོས་འཁོར་གསུངས་པ་ལྟར། །རྫོགས་ལྡན་ཆོས་མཆོག་རྣམས་ལ་གོམས་བྱས་ན། །མཚུངས་པ་མེད་པའི་མཁས་པ་ཆེན་པོར་འགྱུར། །རྒྱལ་བ་སྲས་བཅས་ཐམས་ཅད་དགྱེས་པར་འགྱུར། །རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར། །རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་སུ། །སྙིང་པོའི་དཀྱིལ་འཁོར་ལྷ་དང་སྔགས་དང་རྒྱུད། །རིགས་ཀྱི་དབྱེ་བསྡུ་ཇི་སྙེད་གསུངས་པ་ཀུན། །དབྱིངས་རིག་དབྱེར་མེད་དོན་དམ་འདུས་མ་བྱས། །ཆ་མེད་ཀུན་འགྲོ་ཁྱབ་བདག་ཡིན་མོད་ཀྱང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །དེ་རྣམས་ཐམས་ཅད་འདུས་བྱས་ཡིན་ནོ་ལོ། །འོ་ན་དེ་རྣམས་ཀུན་རྫོབ་ཡིན་པར་འགྱུར། །མཐར་ཐུག་གཏན་གྱི་སྐྱབས་མཆོག་མིན་པར་འགྱུར། །བརྫུན་པ་བསླུ་བའི་ཆོས་ཀྱང་ཡིན་པར་འགྱུར། །སྙིང་པོའི་མདོ་ལྔ་མདོ་བཅུ་ལ་སོགས་སུ། །མཐར་ཐུག་སྐྱབས་མཆོག་གསུམ་པོ་ཐམས་ཅད་ཀྱང༌། །རྟག་བརྟན་ཐེར་ཟུག་གཡུང་དྲུང་འདུས་མ་བྱས། །དོན་དམ་བདེན་པར་ཡང་ཡང་གསུངས་པས་གནོད། །གསུངས་པ་དེ་རྣམས་དྲང་དོན་ཡིན་ཞེ་ན། །དྲང་དོན་ཡིན་པའི་ཤེས་བྱེད་འགའ་ཡང་མེད། །གནོད་བྱེད་ལུང་རིགས་རྣམ་དག་ཤིན་ཏུ་མང༌། །དེ་ཕྱིར་ལོག་བཤད་དེ་འདྲ་སྤོང་གྱུར་ཅིག །གལ་ཏེ་དེ་རྣམས་ཐམས་ཅད་ཀུན་རྫོབ་ཡིན། །དོན་དམ་བདེན་པ་ཅིར་ཡང་མ་གྲུབ་པས། །སྙིང་པོའི་དཀྱིལ་འཁོར་སོགས་ཀྱང་མིན་ཞེ་ན། །ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་ཕྱིར་དང༌། །རྟེན་ཁེགས་ན་ཡང་བརྟེན་པ་ཁེགས་པའི་ཕྱིར། །དོན་དམ་ཁེགས་ན་ཀུན་རྫོབ་ཁེགས་འགྱུར་ལ། །ཆོས་ཉིད་ཁེགས་ན་ཆོས་རྣམས་ཁེགས་འགྱུར་ཞིང༌། །དབུས་མ་ཁེགས་ན་མཐའ་མ་ཁེགས་འགྱུར་ལ། །ཡོངས་གྲུབ་ཁེགས་ན་ཀུན་བཏགས་ཁེགས་འགྱུར་ཞིང༌། །རང་བཞིན་ཁེགས་ན་བཅོས་མ་ཁེགས་འགྱུར་ལ། །གཉུག་མ་ཁེགས་ན་གློ་བུར་ཁེགས་འགྱུར་ཞིང༌། །གཞན་སྟོང་ཁེགས་ན་རང་སྟོང་ཁེགས་འགྱུར་ལ། །སྙིང་པོ་ཁེགས་ན་དྲི་མ་ཁེགས་འགྱུར་ཞིང༌། །གཙང་བ་ཁེགས་ན་མི་གཙང་ཁེགས་འགྱུར་ལ། །བདག་མཆོག་ཁེགས་ན་ཆོས་ཀུན་ཁེགས་འགྱུར་ཞིང༌། །བདེ་ཆེན་ཁེགས་ན་སྡུག་བསྔལ་ཁེགས་འགྱུར་ལ། །རྟག་པ་ཁེགས་ན་མི་རྟག་ཁེགས་འགྱུར་ཞིང༌། །སངས་རྒྱས་མེད་ན་སེམས་ཅན་མེད་པར་འགྱུར། །ཡེ་ཤེས་མེད་ན་རྣམ་ཤེས་མེད་པར་འགྱུར། །རང་བྱུང་མེད་ན་གཞན་བྱུང་མེད་པར་འགྱུར། །གཞན་མཆོག་མེད་ན་ཕྱི་ནང་མེད་པར་འགྱུར། །འགོག་བདེན་མེད་ན་བདེན་པ་མེད་པར་འགྱུར། །སྦྱང་གཞི་མེད་ན་སྦྱང་བྱ་སྦྱོང་བྱེད་དང༌། །སྦྱངས་འབྲས་ལ་སོགས་གང་ཡང་མེད་པར་འགྱུར། །དེ་བཞིན་ཉིད་ནི་གལ་ཏེ་མེད་གྱུར་ན། །མིང་སོགས་ཆོས་གཞན་ཀུན་ཡང་མེད་པར་འགྱུར། །འདི་འདྲ་གཞན་ཡང་ཤིན་ཏུ་མང་བར་ཡོད། །དེ་ཕྱིར་འགྲོ་བ་ཀུན་ལ་རྫོགས་ལྡན་གྱི། །ཆོས་མཆོག་ཟབ་མོའི་བྱིན་རླབས་འཇུག་གྱུར་ཅིག །ཤེས་བྱ་ལ་ནི་འདུས་བྱས་འདུས་མ་བྱས། །བེམ་རིག་གཉིས་སུ་འབྱེད་པ་རྫོགས་ལྡན་ལུགས། །བེམ་པོ་ལ་ཡང་འདུས་བྱས་འདུས་མ་བྱས། །རིག་པ་ལ་ཡང་འདུས་བྱས་འདུས་མ་བྱས། །ཤེས་པ་ལ་ཡང་རྣམ་ཤེས་ཡེ་ཤེས་དང༌། །ཡེ་ཤེས་ལ་ཡང་རང་བྱུང་གཞན་བྱུང་དང༌། །རྟག་པ་དང་ནི་མི་རྟག་ཡེ་ཤེས་དང༌། །འདུས་མ་བྱས་དང་འདུས་བྱས་ཡེ་ཤེས་སུ། །ལེགས་པར་འབྱེད་པ་རྫོགས་ལྡན་ལུགས་ལ་ཡོད། །དེ་ཕྱིར་ཆོས་དབྱིངས་ཡེ་ཤེས་གང་ཡིན་དེ། །རྟག་པ་འདུས་མ་བྱས་ཀྱི་ཡེ་ཤེས་དང༌། །དོན་དམ་དབྱིངས་རིག་དབྱེར་མེད་ཡེ་ཤེས་དང༌། །འགལ་འདུས་སྐྱོན་མེད་དཔེ་བྲལ་ཡེ་ཤེས་དང༌། །རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། །རང་བཞིན་འགྱུར་མེད་ཡོངས་གྲུབ་ཡེ་ཤེས་དང༌། །རང་བཞིན་བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་སུ། །ཆོས་དབྱིངས་དེ་བཞིན་ཉིད་ལ་མཐར་ཐུག་གི །ཤེར་ཕྱིན་ཟབ་མོར་གསུངས་པ་གང་ཡིན་རྣམས། །རྟག་པ་འདུས་མ་བྱས་ཀྱི་ཡེ་ཤེས་དང༌། །སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ནི། །རྟག་པ་འདུས་མ་བྱས་ཀྱི་རྒྱལ་བ་ལྔ། །རྟག་བརྟན་ཐེར་ཟུག་གཡུང་དྲུང་རིག་མ་ལྔ། །སངས་རྒྱས་ལྔ་བདག་སངས་རྒྱས་སྐུ་ལྔ་དང༌། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག་དང་ནི། །ཤེས་བཅུ་རྣམ་དག་བདག་ལ་ དགོངས་པ ་ཡིན། །གསུམ་ལྡན་མར་བཅད་དེ་སྐད་མི་སྨྲ་སྟེ། །ཤེས་རབ་གང་ཡིན་འདུས་བྱས་དངོས་པོ་ཡིན། །དེ་ཕྱིར་ཤེར་ཕྱིན་ཟབ་མོ་མཐར་ཐུག་ཀྱང༌། །འདུས་བྱས་མི་རྟག་སྐད་ཅིག་མར་ཡང་འདོད། །དེའི་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱས། །རྒྱུ་ལ་སྐྱེད་བྱེད་དང་ནི་བྲལ་བྱེད་ཀྱི། །རྒྱལ་ཁམས་གཉིས་སུ་འབྱེད་པ་མི་ཤེས་པར། །རྒྱུ་རྣམས་ཐམས་ཅད་སྐྱེད་བྱེད་ཁོ་ནར་འདོད། །འབྲས་བུ་ལ་ཡང་བསྐྱེད་འབྲས་བྲལ་འབྲས་ཀྱི། །རྒྱལ་ཁམས་གཉིས་སུ་འབྱེད་པ་མ་ཤེས་པར། །འབྲས་བུ་གང་ཡིན་བསྐྱེད་འབྲས་ཁོ་ནར་འདོད། །དེ་ཕྱིར་རྟག་པའི་རྒྱུ་འབྲས་མི་འདོད་ཅིང༌། །འདུས་མ་བྱས་ཀྱི་རྒྱུ་འབྲས་མི་འདོད་ལ། །རྒྱུ་འབྲས་ངོ་བོ་གཅིག་པ་མི་འདོད་ཅིང༌། །གཞི་འབྲས་ངོ་བོ་གཅིག་པའང་མི་འདོད་ལ། །རྒྱུ་འབྲས་གཞན་མཆོག་ཕ་རོལ་མི་འདོད་པའང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་བསླད་པའི་ལུགས། །རྫོགས་ལྡན་ལ་ནི་དེ་དང་དེ་དག་ལས། །བཟློག་པའི་ཆོས་ལུགས་ཁྱད་པར་འཕགས་པ་ཡོད། །ཀུན་གཞི་ལ་ཡང་རྣམ་ཤེས་ཡེ་ཤེས་དང༌། །ཀུན་རྫོབ་དོན་དམ་ཆོས་དང་ཆོས་ཉིད་དང༌། །འདུས་བྱས་འདུས་མ་བྱས་སུ་འབྱེད་པ་དང༌། །སྦྱང་བྱ་དང་ནི་སྦྱང་གཞིར་འབྱེད་པ་དང༌། །གློ་བུར་བ་དང་གཉུག་མར་འབྱེད་པ་དང༌། །བཅོས་མ་རང་བཞིན་འཁྲུལ་ལུགས་གཤིས་ལུགས་དང༌། །ཤུན་པ་སྙིང་པོ་མི་རྟག་རྟག་པ་དང༌། །མཐའ་དང་དབུས་སུ་འབྱེད་པ་ལ་སོགས་པའི། །རྣམ་བཞག་ལེགས་པོ་རྫོགས་ལྡན་ལུགས་ལ་ཡོད། །གསུམ་ལྡན་མར་བཅད་དེ་འདྲའི་ཆོས་སྐད་ནུབ། །ཀུན་གཞི་གང་ཡིན་མ་བསྒྲིབས་ལུང་མ་བསྟན། །ལེན་པའི་རྣམ་ཤེས་ཉིད་ལ་འདོད་པ་བྱུང༌། །དེས་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱས། །བདེ་གཤེགས་སྙིང་པོར་གསུངས་པའི་ཀུན་གཞི་དང༌། །ཟག་མེད་དགེ་བར་གསུངས་པའི་ཀུན་གཞི་དང༌། །ས་རྣམས་སྣ་ཚོགས་ཡིན་པའི་ཀུན་གཞི་དང༌། །རང་བཞིན་འོད་གསལ་ཡིན་པའི་ཀུན་གཞི་ནི། །འགྱུར་མེད་ཡོངས་གྲུབ་དབུ་མ་ཆེན་པོ་དང༌། །མྱང་འདས་ཆེན་པོ་ཕྱག་རྒྱ་ཆེན་པོ་དང༌། །བྱང་ཆུབ་ཆེན་པོ་ཨེ་ཝཾ་མཐར་ཐུག་དང༌། །དུས་འཁོར་མཐར་ཐུག་བདེ་དགྱེས་མཐར་ཐུག་དང༌། །གསང་འདུས་ལ་སོགས་ལྷ་སྔགས་རྒྱུད་ཀུན་དང༌། །དཀྱིལ་འཁོར་མཐར་ཐུག་ལ་སོགས་མཐར་ཐུག་ཀུན། །ཀུན་ནས་འདུས་པ་དུ་མ་རོ་གཅིག་དབྱིངས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་ལ་དགོངས། །དེ་ཉིད་དང་པོའི་སངས་རྒྱས་རིས་མེད་དང༌། །གདོད་ནས་གྲོལ་བའི་དེ་བཞིན་གཤེགས་པ་དང༌། །གཙང་བདག་བདེ་དང་རྟག་པའི་འགོག་བདེན་དང༌། །བདེན་དོན་བཅུ་གཉིས་དེ་ཉིད་བཅུ་དྲུག་དང༌། །རྡོ་རྗེ་སེམས་དཔའ་དོན་དམ་བྱང་ཆུབ་སེམས། །འདུས་མ་བྱས་ཀྱི་སྟོང་ཉིད་སྙིང་རྗེ་དང༌། །རྟག་ཅིང་བརྟན་པའི་ཐབས་ཤེས་དབྱེར་མེད་དང༌། །སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཀྱང་ཡིན། །གསུམ་ལྡན་མར་བཅད་དེ་འདྲའི་རྣམ་བཞག་ནུབ། །དེས་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱས། །རྫོགས་ལྡན་ཆོས་མཆོག་ཁྱད་འཕགས་རྣམས་སུ་ནི། །རྒྱུད་སྡེར་རྒྱུ་ཡི་རྒྱུད་ཅེས་གསུངས་པ་རྣམས། །བདེ་གཤེགས་སྙིང་པོ་ཀུན་གཞི་ཡེ་ཤེས་ལ། །དགོངས་པ་ཡིན་གྱི་ཀུན་གཞི་རྣམ་ཤེས་ལ། །དགོངས་པ་གཏན་ནས་མིན་ཏེ་གང་གི་ཕྱིར། །རྒྱུད་སྡེ་ཟབ་མོ་གང་ཡིན་ཆོས་ཀྱི་དབྱིངས། །དོན་དམ་འདུས་མ་བྱས་ལ་གསུངས་ཕྱིར་དང༌། །ཀུན་གཞི་རྣམ་ཤེས་ཡིན་ན་དོན་དམ་མིན། །རང་བཞིན་གཉུག་མ་འདུས་མ་བྱས་ཀྱང་མིན། །གཙང་བདག་བདེ་ཆེན་རྟག་པའི་མཆོག་ཀྱང་མིན། །རང་བཞིན་རིགས་དང་ངོ་བོ་ཉིད་སྐུའང་མིན། །ཡོངས་གྲུབ་དགུའམ་བཅུ་གཉིས་གང་ཡང་མིན། །དེ་རྣམས་མིན་ན་གཤིས་ལུགས་ཟབ་མོ་ཡི། །ལྷ་སྔགས་རྒྱུད་དང་དཀྱིལ་འཁོར་གང་ཡང་མིན། །གཞི་འབྲས་དབྱེར་མེད་རྒྱུད་ཀྱང་མ་ཡིན་ནོ། །དེ་རྣམས་མིན་ན་རང་བཞིན་འོད་གསལ་མིན། །རང་བཞིན་ལྷན་སྐྱེས་བདེ་བའང་མ་ཡིན་ལ། །དང་པོའི་སངས་རྒྱས་སོགས་ཀྱང་མ་ཡིན་པས། །རྒྱུ་ཡི་རྒྱུད་དང་འབྲས་བུའི་རྒྱུད་ཀྱང་མིན། །ཀུན་གཞི་རྣམ་ཤེས་རང་བཞིན་འོད་གསལ་དུ། །བཞེད་པ་རྣམས་ལ་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་གྲོས་འདེབས་ཞུ་བ་འབུལ། །ཀུན་གཞི་རྣམ་ཤེས་མ་བསྒྲིབས་ལུང་མ་བསྟན། །གློ་བུར་དྲི་མས་བསྡུས་པ་ཡིན་ཕྱིར་དང༌། །རང་བཞིན་འོད་གསལ་དག་པ་ཡིན་ཕྱིར་དང༌། །དྲི་མ་གདོད་ནས་དག་པ་ཡིན་ཕྱིར་རོ། །ཀུན་གཞི་རྣམ་ཤེས་འདུས་བྱས་ཡིན་ཕྱིར་དང༌། །རང་བཞིན་འོད་གསལ་འདུས་མ་བྱས་ཡིན་ཕྱིར། །རྣམ་ཤེས་ཡིན་ན་རང་བཞིན་འོད་གསལ་མིན། །རྣམ་ཤེས་ཡིན་ན་རང་བྱུང་ཡེ་ཤེས་མིན། །རྣམ་ཤེས་ཡིན་ན་རྟག་བརྟན་ཐེར་ཟུག་མིན། །རྣམ་ཤེས་ཡིན་ན་བདེ་གཤེགས་སྙིང་པོ་མིན། །རྣམ་ཤེས་ཡིན་ན་དབུ་མ་ཆེན་པོ་མིན། །རྣམ་ཤེས་ཡིན་ན་ཕྱག་རྒྱ་ཆེན་པོ་མིན། །རྣམ་ཤེས་ཡིན་ན་མྱང་འདས་ཆེན་པོ་མིན། །རྣམ་ཤེས་ཡིན་ན་ལྷན་ཅིག་སྐྱེས་སྐུ་མིན། །རྣམ་ཤེས་ཡིན་ན་ཤེར་ཕྱིན་ཟབ་མོ་མིན། །རྣམ་ཤེས་ཡིན་ན་གཞན་སྟོང་ཟབ་མོ་མིན། །རྣམ་ཤེས་ཡིན་ན་ཡོངས་གྲུབ་ཐམས་ཅད་མིན། །དེ་རྣམས་མིན་ན་རྒྱུ་ཡི་རྒྱུད་ཀྱང་མིན། །རང་བཞིན་འོད་གསལ་ཡིན་ན་རྣམ་ཤེས་མིན། །རྣམ་ཤེས་མིན་ན་ཀུན་གཞི་རྣམ་ཤེས་མིན། །ཡེ་ཤེས་རྣམ་ཤེས་སྣང་མུན་ཇི་བཞིན་དང༌། །བདུད་རྩི་དང་ནི་དུག་བཞིན་གནས་པའི་ཕྱིར། །དེ་དག་གཞི་མཐུན་གཏན་ནས་མི་སྲིད་པས། །དེ་དག་གཅིག་ཏུ་བསྲེ་བར་མ་གྱུར་ཅིག །གལ་ཏེ་བསྲེས་ན་སངས་རྒྱས་བསྟན་པ་ནི། །ཉམས་པར་བྱས་ཀྱི་གསལ་བར་བྱས་པ་མིན། །རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་སུ། །སྦྱང་གཞི་ཀུན་གཞི་ཡེ་ཤེས་ནམ་མཁའ་འདྲ། །སྦྱང་བྱ་གློ་བུར་དྲི་མ་སྤྲིན་དང་འདྲ། །སྦྱོང་བྱེད་ལམ་བདེན་མི་བཟད་རླུང་དང་འདྲ། །སྦྱངས་འབྲས་བྲལ་འབྲས་སྤྲིན་སངས་ནམ་མཁའ་འདྲ། །དེ་ལྟར་གསུངས་ཀྱང་དེ་ལ་མི་མཁས་པ། །གསུམ་ལྡན་མར་བཅད་སྐྱོན་ཅན་མང་པོ་ནི། །སྦྱང་བྱ་དང་ནི་སྦྱང་གཞི་གཅིག་ཏུ་འདོད། །སྤྲིན་དང་ནམ་མཁའ་གཅིག་ཏུ་འདོད་དང་མཚུངས། །འདིར་ནི་སྦྱང་གཞི་དྲི་བཅས་དེ་བཞིན་ཉིད། །ཀུན་གཞི་ཡེ་ཤེས་འདུས་མ་བྱས་ཡིན་ལ། །སྦྱང་བྱ་དྲི་མ་འདུས་བྱས་ཡིན་པའི་ཕྱིར། །དེ་གཉིས་གཅིག་གམ་མི་གཅིག་ དགོངས་པར་ཞུ། །སྦྱང་གཞི་རྟག་པ ་སྦྱང་བྱ་མི་རྟག་པ། །དེ་གཉིས་གཅིག་གམ་མི་གཅིག་དགོངས་པར་ཞུ། །སྦྱང་གཞི་ཟག་མེད་སྦྱང་བྱ་ཟག་ པ་ཡིན། །དེ་གཉིས་གཅིག་གམ་མི་གཅིག་དགོངས ་པར་ཞུ། །སྦྱང་གཞི་རྣམ་བྱང་སྦྱང་བྱ་ཀུན་ཉོན་མོངས། །དེ་གཉིས་གཅིག་གམ་མི་གཅིག་དགོངས་པར་ཞུ། །དེ་འདྲ་གཞན་ཡང་ཤིན་ཏུ་མང་བར་མཆིས། །ཡོངས་གྲུབ་དབུ་མ་མིང་ཙམ་ཐ་དད་ཀྱི། །དོན་ལ་ཐ་དད་མེད་པ་རྫོགས་ལྡན་ལུགས། །གསུམ་ལྡན་མར་བཅད་སྐྱོན་ཅན་ལུགས་ལ་ནི། །འགྱུར་མེད་ཡོངས་གྲུབ་སེམས་ཙམ་ཁོ་ནར་འདོད། །རང་བཞིན་གསུམ་གའང་སེམས་ཙམ་ཁོ་ན་ལོ། །སྐྱོན་མེད་རྫོགས་ལྡན་དབུ་མའི་གཞུང་རྣམས་སུ། །ངོ་བོ་ཉིད་གསུམ་ཡང་ཡང་གསུངས་ཕྱིར་དང༌། །སེམས་ཙམ་གཞུང་དུ་དེ་སྐད་མ་གསུངས་ཤིང༌། །དེ་ལ་གནོད་བྱེད་མང་པོ་ཡོད་པའི་ཕྱིར། །ངོ་བོ་ཉིད་གསུམ་དབུ་མ་ཁོ་ན་ཡི། །ཆོས་ལུགས་ཡིན་པར་རྫོགས་ལྡན་ལུགས་ལས་བྱུང༌། །དེ་ཕྱིར་དེ་འདྲའི་རྣམ་བཞག་མ་ཤེས་ཤིང༌། །རྣམ་པར་འཁྲུགས་པས་ལྟ་བའི་སྙིགས་མ་བྱུང༌། །ཡོངས་གྲུབ་ལ་སོགས་རང་བཞིན་གསུམ་སྟོན་པའི། །དབུ་མ་རྣམས་ཀྱང་སེམས་ཙམ་གཞུང་དུ་ཕབ། །དེ་སྟོན་མཁས་པ་ཆེན་པོ་དབུ་མ་པ། །ཆེན་པོ་དག་ཀྱང་སེམས་ཙམ་པ་རུ་ཕབ། །དོན་དམ་དབུ་མ་ཅིར་ཡང་མ་གྲུབ་ཅེས། །སྟོན་པའི་གཞུང་ངན་སྐུར་འདེབས་མཐར་ལྷུང་ཞིང༌། །མེད་པ་ཆད་པའི་ཕྱོགས་སུ་ལྷུང་རྣམས་ལ། །དབུ་མ་ཡིན་ཞེས་བསྟོད་བཀུར་བསྔགས་བྱེད་པ། །དེ་མ་ཡིན་ལ་དེར་འཛིན་བདུད་ཀྱི་ཚིག །གསུམ་ལྡན་མར་བཅད་བྱུང་གི་རྫོགས་ལྡན་ལ། །དེ་འདྲའི་ལྟ་ངན་རི་བོང་རྭ་དང་མཚུངས། །གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །དོན་དམ་བདེན་པ་ཅིར་ཡང་མ་གྲུབ་ཀྱང༌། །ཀུན་རྫོབ་ལས་འབྲས་བསླུ་བ་མེད་པའི་ཕྱིར། །ཡོད་མེད་སྒྲོ་སྐུར་མཐའ་ལས་གྲོལ་ཞེ་ན། །དོན་དམ་མེད་པའི་ཀུན་རྫོབ་སྲིད་ལགས་སམ། །ཁྱབ་བྱེད་མེད་པའི་ཁྱབ་བྱ་སྲིད་ལགས་སམ། །གཞི་རྟེན་མེད་པའི་བརྟེན་པ་སྲིད་ལགས་སམ། །གཉུག་མ་མེད་པའི་གློ་བུར་སྲིད་ལགས་སམ། །ཆོས་ཉིད་མེད་པའི་ཆོས་ཅན་སྲིད་ལགས་སམ། །སྲིད་ན་ཆོས་ཉིད་ཀུན་འགྲོ་མ་ལགས་སམ། །གལ་ཏེ་དོན་དམ་མེད་པ་མི་སྲིད་ན། །དོན་དམ་ཅིར་མ་གྲུབ་དང་མི་འགལ་ལམ། །དབུ་མ་པ་ནི་རང་རྒྱུད་ཐལ་འགྱུར་ཞེས། །འབྱེད་པ་དབུ་མའི་དབྱེ་བར་མི་རུང་སྟེ། །དེ་བཞིན་ཉིད་ཀྱི་དབྱེ་བར་མི་རུང་ཕྱིར། །དེ་འདྲ་རྫོགས་ལྡན་གཞུང་དུ་མ་གསུངས་ཀྱང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་གཞུང་དུ་བྱུང༌། །དེས་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱས། །རྫོགས་ལྡན་ལུགས་ལ་དབུ་མའི་དབྱེ་བ་ནི། །ཡོངས་གྲུབ་དགུ་ལ་སོགས་པའི་དབྱེ་བ་དང༌། །རྒྱུད་སྡེར་གསུངས་པའི་རིགས་ཀྱི་དབྱེ་བ་དང༌། །དོན་དམ་མཚན་བརྗོད་རྒྱུད་དུ་ལེགས་གསུངས་པའི། །མཚན་གྱི་དབྱེ་བས་བསྟན་པ་ཐམས་ཅད་ཀྱང༌། །མཐའ་བྲལ་དབུ་མ་ཆེན་པོ་དབྱེ་བ་ཡིན། །དེ་བཞིན་གཤིས་ལུགས་ཟབ་མོ་མཐར་ཐུག་གི །དབྱེ་བ་ཇི་སྙེད་གསུངས་པ་ཐམས་ཅད་ཀྱང༌། །མཐའ་བྲལ་དབུ་མ་ཆེན་པོའི་དབྱེ་བར་འགྱུར། །འདི་ལ་འདུས་བྱས་གཅིག་ཀྱང་འདྲེས་པ་མེད། །ཆོས་དབྱིངས་འདུས་མ་བྱས་ཀྱི་དབྱེ་བར་འགྱུར། །འདི་ལ་མི་རྟག་འདྲེས་པ་ཅུང་ཟད་མེད། །རྟག་བརྟན་ཐེར་ཟུག་དབྱིངས་ཀྱི་དབྱེ་བར་འགྱུར། །འདི་ལ་ཀུན་རྫོབ་གཅིག་ཀྱང་འདྲེས་པ་མེད། །དོན་དམ་ཡོངས་གྲུབ་ཁོ་ནའི་དབྱེ་བ་ནི། །ངོ་བོ་དབྱེ་བ་ཅུང་ཟད་ཙམ་ཡང་མེད། །མིང་དང་རྣམ་པའི་དབྱེ་བ་ཤིན་ཏུ་མང༌། །གང་ཕྱིར་ཆོས་དབྱིངས་དུ་མ་རོ་གཅིག་དོན། །མིང་ནི་དུ་མ་དོན་ནི་རོ་གཅིག་དང༌། །རྣམ་པ་དུ་མ་ངོ་བོ་རོ་གཅིག་གོ །དེ་ཕྱིར་འདི་ནི་ཤེར་ཕྱིན་མཐར་ཐུག་དང༌། །མྱང་འདས་ཆེན་པོ་ཕྱག་རྒྱ་ཆེན་པོ་དང༌། །ཤིན་ཏུ་རྣལ་འབྱོར་རྡོ་རྗེ་རྣལ་འབྱོར་དང༌། །ལྷན་ཅིག་སྐྱེས་སྦྱོར་དུས་འཁོར་བདེ་དགྱེས་སོགས། །ཟབ་མོ་མཐར་ཐུག་ཀུན་གྱི་དབྱེ་བར་འགྱུར། །དེ་ལྟར་ཤེས་ན་གཅིག་ཤེས་ཀུན་ཤེས་ཡིན། །གཤིས་ལུགས་ཟབ་མོ་མཐར་ཐུག་ཐམས་ཅད་ལ། །རྨོངས་པ་མེད་པའི་མཁས་པ་ཆེན་པོར་འགྱུར། །རང་རྒྱུད་ཐལ་འགྱུར་གཉིས་ཀ་འདུས་བྱས་ཡིན། །དེ་ཕྱིར་དེ་དག་དངོས་པོའི་མཐར་ལྷུང་ཞིང༌། །ཡོད་པའི་ཕྱོགས་སུ་ཆད་ཕྱིར་དབུ་མ་མིན། །དབུ་མ་མིན་པ་དབུ་མའི་དབྱེ་གཞི་དང༌། །ཕྱེ་བའི་ཡ་གྱལ་གང་དུ་ཡང་མི་རུང་སྟེ། །ཚད་མ་མིན་པ་ཚད་མའི་དབྱེ་གཞི་དང༌། །ཕྱེ་བའི་ཡ་གྱལ་གང་དུའང་མི་རུང་བཞིན། །བདེན་པ་མིན་པ་བདེན་པའི་དབྱེ་གཞི་དང༌། །ཕྱེ་བའི་ཡ་གྱལ་གང་དུའང་མི་རུང་བཞིན། །རྫོགས་ལྡན་ལུགས་ནི་དེ་ལྟར་ཡིན་མོད་ཀྱང༌། །གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །མཐའ་དང་བྲལ་བ་ཙམ་ལ་དབུ་མ་ཞེས། །བཏགས་པར་ཟད་ཀྱི་དོན་ལ་དབུ་མ་མེད། །དབུ་མའང་དབུ་མས་སྟོང་པ་ཡིན་ཕྱིར་ལོ། །དེ་ལྟ་ཡིན་ན་དོན་དམ་ཆོས་སྐུ་དང༌། །ངོ་བོ་ཉིད་སྐུ་ལྷན་ཅིག་སྐྱེས་སྐུ་དང༌། །རྟག་བརྟན་ཐེར་ཟུག་གཡུང་དྲུང་མཁའ་ཁྱབ་ཀྱི། །སངས་རྒྱས་ཆོས་དང་དགེ་འདུན་ཐམས་ཅད་ལ། །སྐུར་བ་བཏབ་པས་སྡིག་ལྟ་ཆེན་པོར་འགྱུར། །གང་ཕྱིར་དེ་རྣམས་རང་གིས་མི་སྟོང་པའི། །གཞན་སྟོང་ཟབ་མོ་ཡིན་པར་གསུངས་ཕྱིར་རོ། །མདོ་རྒྱུད་རྣམ་དག་ཟབ་མོ་ཐམས་ཅད་དུ། །སྟོང་ཉིད་ཟབ་མོ་གསུངས་པ་ཐམས་ཅད་ནི། །སྒྲོ་སྐུར་གཉིས་ཀྱིས་སྟོང་པའི་གཞི་ལ་དགོངས། །དེ་བཞིན་ཡོད་མེད་གཉིས་ཀྱིས་སྟོང་གཞི་དང༌། །དངོས་པོ་དངོས་མེད་གཉིས་ཀྱིས་སྟོང་གཞི་དང༌། །ཀུན་རྫོབ་ཀུན་གྱིས་སྟོང་པའི་གཞི་ལ་དགོངས། །སྟོང་གཞི་དེ་ཉིད་བདེ་གཤེགས་སྙིང་པོ་དང༌། །རང་བཞིན་རིགས་དང་རང་བཞིན་སངས་རྒྱས་དང༌། །རང་བཞིན་ཆོས་དང་རང་བཞིན་དགེ་འདུན་དང༌། །རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང༌། །རང་བཞིན་ལྷ་དང་རང་བཞིན་རྒྱུད་དང་སྔགས། །རང་བཞིན་མྱང་འདས་རང་བཞིན་འོད་གསལ་དང༌། །རང་བཞིན་གྱིས་དག་གདོད་ནས་རྣམ་དག་དང༌། །རྣམ་པར་དག་པའི་གཟུགས་ནས་རྣམ་མཁྱེན་པར། །ཆོས་ཉིད་འགྱུར་བ་མེད་པའི་ཡོངས་གྲུབ་ཀྱི། །གཟུགས་ནས་སངས་རྒྱས་ཆོས་ཀྱི་བར་ལ་སོགས། །འདུས་མ་བྱས་ཀྱི་སྟོབས་བཅུ་ལ་སོགས་པ། །ཡོན་ཏན་མཐའ་ཡས་ཚང་བའི་དེ་བཞིན་ཉིད། །གཞི་ཡི་སངས་རྒྱས་དང་པོའི་སངས་རྒྱས་ཡིན། །གདོད་ནས་གྲོལ་བའི་དེ་བཞིན་གཤེགས་པ་དང༌། །ནམ་མཁའི་རང་བཞིན་གཟོད་ནས་རྣམ་གྲོལ་ཐུགས། །སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཀྱང་ཡིན། །དེ་ཕྱིར་དེ་བཞིན་ཉིད་སོགས་ལེགས་སྟོན་པའི། །མདོ་རྒྱུད་ཟབ་མོ་ཀུན་གྱི་མཐར་ཐུག་ནི། །གཞན་སྟོང་ཡིན་གྱི་རང་སྟོང་གཏན་མ་ཡིན། །དོན་དམ་ཡིན་གྱི་ཀུན་རྫོབ་གཏན་མ་ཡིན། །ཆོས་ཉིད་ཡིན་གྱི་ཆོས་རྣམས་གཏན་མ་ཡིན། །དབུས་མ་ཡིན་གྱི་མཐའ་མ་གཏན་མ་ཡིན། །མྱང་འདས་ཡིན་གྱི་འཁོར་བ་གཏན་མ་ཡིན། །ཡེ་ཤེས་ཡིན་གྱི་རྣམ་ཤེས་གཏན་མ་ཡིན། །གཙང་བ་ཡིན་གྱི་མི་གཙང་གཏན་མ་ཡིན། །བདག་མཆོག་ཡིན་གྱི་ཅང་མེད་གཏན་མ་ཡིན། །བདེ་ཆེན་ཡིན་གྱི་སྡུག་བསྔལ་གཏན་མ་ཡིན། །རྟག་བརྟན་ཡིན་གྱི་མི་རྟག་གཏན་མ་ཡིན། །རང་བྱུང་ཡིན་གྱི་གཞན་བྱུང་གཏན་མ་ཡིན། །ཡོངས་གྲུབ་ཡིན་གྱི་ཀུན་བཏགས་གཏན་མ་ཡིན། །རང་བཞིན་ཡིན་གྱི་བཅོས་མ་གཏན་མ་ཡིན། །གཉུག་མ་ཡིན་གྱི་གློ་བུར་གཏན་མ་ཡིན། །སངས་རྒྱས་ཡིན་གྱི་སེམས་ཅན་གཏན་མ་ཡིན། །སྙིང་པོ་ཡིན་གྱི་ཤུན་པ་གཏན་མ་ཡིན། །ངེས་དོན་ཡིན་གྱི་དྲང་དོན་གཏན་མ་ཡིན། །མཐར་ཐུག་ཡིན་གྱི་གནས་སྐབས་གཏན་མ་ཡིན། །གཞི་འབྲས་ཡིན་གྱི་ལམ་བདེན་གཏན་མ་ཡིན། །སྦྱང་གཞི་ཡིན་གྱི་སྦྱང་བྱ་གཏན་མ་ཡིན། །གཤིས་ལུགས་ཡིན་གྱི་འཁྲུལ་ལུགས་གཏན་མ་ཡིན། །གཞན་མཆོག་ཡིན་གྱི་ཕྱི་ནང་གཏན་མ་ཡིན། །བདེན་པ་ཡིན་གྱི་བརྫུན་པ་གཏན་མ་ཡིན། །ཡང་དག་ཡིན་གྱི་ལོག་པ་གཏན་མ་ཡིན། །སྟོང་གཞི་ཡིན་གྱི་སྟོང་ཙམ་གཏན་མ་ཡིན། །བྲལ་གཞི་ཡིན་གྱི་བྲལ་ཙམ་གཏན་མ་ཡིན། །མེད་གཞི་ཡིན་གྱི་མེད་ཙམ་གཏན་མ་ཡིན། །སྒྲུབ་ཆོས་ཡིན་གྱི་མེད་དགག་གཏན་མ་ཡིན། །དགེ་བ་ཡིན་གྱི་མི་དགེ་གཏན་མ་ཡིན། །ཚད་མ་ཡིན་གྱི་ཚད་མིན་གཏན་མ་ཡིན། །རིགས་པ་ཡིན་གྱི་མི་རིགས་གཏན་མ་ཡིན། །དྲི་མེད་ཡིན་གྱི་དྲི་མ་གཏན་མ་ཡིན། །དེ་ཕྱིར་དེ་དག་དབུ་མ་ཆེན་པོར་མཚུངས། །ཆོས་འཁོར་གསུམ་པའི་མདོ་མཆོག་ཐམས་ཅད་དང༌། །བྱམས་ཆོས་ཐམས་ཅད་དབུ་མ་ཆེན་པོར་མཚུངས། །རྣམ་དག་རྒྱུད་སྡེ་རྣམས་ཀྱང་དེ་བཞིན་ནོ། །གསུམ་ལྡན་མར་བཅད་མཁས་པ་ཕལ་ན་རེ། །ཀུན་རྫོབ་རྟེན་འབྲེལ་དབུ་མ་ཆེན་པོ་སྟེ། །དབུ་མ་གང་ཡིན་རྟེན་འབྲེལ་ཡིན་ནོ་ལོ། །དེ་ལྟ་ཡིན་ན་འདུས་བྱས་མི་རྟག་པའང༌། །རྟེན་འབྲེལ་ཡིན་པས་དབུ་མ་ཡིན་པར་འགྱུར། །འདོད་ན་དོན་དམ་ཆོས་དབྱིངས་ཡིན་པར་འགྱུར། །དེ་ཡང་འདོད་ན་འདུས་མ་བྱས་སུ་འགྱུར། །འདོད་ན་ཆོས་ཅན་དང་ཡང་འགལ་བར་འགྱུར། །དེ་ཕྱིར་རྟེན་ཅིང་འབྲེལ་འབྱུང་གསུངས་པ་ལ། །བདེན་གཉིས་རྣམ་དབྱེ་རྫོགས་ལྡན་ཆོས་ལས་གསུངས། །ཀུན་རྫོབ་རྟེན་འབྲེལ་ལེགས་པར་རྟོགས་པ་ནི། །དབུ་མ་ཆེན་པོའི་གྲོང་དུ་འཇུག་པའི་ལམ། །དོན་དམ་རྟེན་འབྲེལ་ཆོས་དབྱིངས་ཟབ་མོ་ནི། །རྟེན་འབྲེལ་འདི་མིན་རྟེན་འབྲེལ་གཞན་མཆོག་ཡིན། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་པ་ཡིན། །དག་པ་རྣམ་པ་བཅུ་གཉིས་འཆང་བ་ཡིན། །བདེན་དོན་བཅུ་གཉིས་གནས་སོགས་བཅུ་གཉིས་ཡིན། །དུས་སྦྱོར་ཉི་མའི་དབུགས་རྣམས་འགགས་པ་ཡིན། །ཡུམ་དང་ཕལ་ཆེན་སྔགས་ལས་གསུངས་པ་ཡིན། །རྫོགས་ལྡན་མཁས་མཆོག་རྣམས་ཀྱིས་གསུངས་པ་ཡིན། །གསུམ་ལྡན་མར་བཅད་ཕལ་གྱི་སྤྱོད་ཡུལ་མིན། །དེ་རྣམས་སེམས་ཙམ་མིན་པའི་རྒྱུ་མཚན་ནི། །མཐའ་བྲལ་སྟོང་གཞི་ཕུང་གསུམ་ཡིན་ཕྱིར་དང༌། །སེམས་ཙམ་ཡིན་ན་དངོས་སྨྲ་ཡིན་པའི་ཕྱིར། །སྟོང་གཞི་དེ་རྣམས་རྣམ་ཤེས་ཆོས་ལས་འདས། །གཉིས་མེད་ཡེ་ཤེས་ཚུལ་འཆང་ཡིན་ཕྱིར་དང༌། །སྐད་ཅིག་གཅིག་དང་དུ་མ་དང་བྲལ་ཕྱིར། །དེ་དག་དངོས་སྨྲའི་ཆོས་སུ་ག་ལ་རུང༌། །ཆོས་འཁོར་གཉིས་པའི་དོན་ཡང་དེ་བཞིན་ཉིད། །ཡོན་ཏན་དཔག་ཡས་ཚང་བ་ཡིན་པའི་ཕྱིར། །མེད་དགག་མ་ཡིན་དེ་ཕྱིར་རང་སྟོང་དང༌། །ཅང་མེད་སྟོང་པ་ཆད་པའི་སྟོང་པ་མིན། །རྣམ་ཀུན་མཆོག་ལྡན་སྟོང་གཞི་ཡིན་ཕྱིར་དང༌། །འགྱུར་མེད་མཆོག་གི་བདེ་ཆེན་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཕྱག་རྒྱ་ཆེ། །དོན་དམ་ཨེ་ཝཾ་ཡི་གེ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཡེ་ཤེས་སྐུ། །དོན་དམ་ཐིག་ལེ་གྲུ་གསུམ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་རྡོ་རྗེའི་སྐུ། །དོན་དམ་རྡོ་རྗེ་བྷ་ག་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་སྔགས་ཀྱི་སྐུ། །དོན་དམ་ཨཱ་ལི་ཀཱ་ལི་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་གཡུང་དྲུང་སྐུ། །དོན་དམ་རྡོ་རྗེ་པད་མ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཐེར་ཟུག་སྐུ། །དོན་དམ་རྡོ་རྗེའི་ཟླ་ཉི་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཆོས་ཉིད་སྐུ། །དོན་དམ་རྡོ་རྗེའི་ཁུ་རྡུལ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་རྡོ་རྗེའི་དབྱིངས། །དོན་དམ་ཆ་མེད་ཀུན་འགྲོ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་སྔགས་ཀྱི་དབྱིངས། །དོན་དམ་རྣམ་བཅུ་དབང་ལྡན་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་བདེ་བའི་དབྱིངས། །དོན་དམ་ལུས་མེད་རྡོ་རྗེ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་དབུ་མ་ཆེ། །དོན་དམ་རྡོ་རྗེ་སྙིང་པོ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་རྡོ་རྗེ་འཆང༌། །དོན་དམ་རྡོ་རྗེ་སེམས་དཔའ་ལ་སོགས་དང༌། །དོན་དམ་རྒྱལ་བའི་ཡུམ་གྱུར་ཤེར་ཕྱིན་སོགས། །ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་ཕྱིར་རོ། །དེ་ཕྱིར་རྒྱལ་ཡུམ་རྒྱས་འབྲིང་བསྡུས་ལ་སོགས། །ཆོས་འཁོར་གཉིས་པའི་སྟོང་ཉིད་ཟབ་མོ་དང༌། །སྙིང་པོའི་མདོ་ལྔ་མདོ་བཅུ་ལ་སོགས་པ། །ཆོས་འཁོར་གསུམ་པའི་སྟོང་ཉིད་ཟབ་མོ་དང༌། །རྒྱུད་སྡེ་རྣམ་བཞིའི་སྟོང་ཉིད་ཟབ་མོ་སྟེ། །མདོ་རྒྱུད་ཟབ་མོའི་སྟོང་ཉིད་ཟབ་མོ་ཀུན། །ཀུན་རྫོབ་མ་ཡིན་དོན་དམ་བདེན་པ་ཡིན། །འདུས་བྱས་མ་ཡིན་འདུས་མ་བྱས་དབྱིངས་ཡིན། །མི་བརྟན་མ་ཡིན་རྟག་བརྟན་ཐེར་ཟུག་ཡིན། །བརྫུན་པ་མ་ཡིན་བདེན་པ་ཡང་དག་ཡིན། །སླུ་བ་མ་ཡིན་བསླུ་མེད་སྐྱབས་མཆོག་ཡིན། །འགྱུར་བ་མ་ཡིན་འགྱུར་མེད་ཡོངས་གྲུབ་ཡིན། །ཚད་མ་འདི་མིན་དོན་དམ་ཚད་མ་ཡིན། །རིག་པ་འདི་མིན་ཆོས་ཉིད་རིག་པ་ཡིན། །སེམས་ཙམ་འདི་མིན་སེམས་ཙམ་གཞན་མཆོག་ཡིན། །རང་རིག་འདི་མིན་རང་རིག་གཞན་མཆོག་ཡིན། །རང་གསལ་འདི་མིན་རང་གསལ་གཞན་མཆོག་ཡིན། །རྣམ་རིག་འདི་མིན་རྣམ་རིག་གཞན་མཆོག་ཡིན། །རྣམ་ཤེས་མ་ཡིན་རང་བྱུང་ཡེ་ཤེས་ཡིན། །ཀུན་བཏགས་མ་ཡིན་ཡོངས་གྲུབ་ཡེ་ཤེས་ཡིན། །དངོས་སྨྲ་མ་ཡིན་དབུ་མ་ཆེན་པོ་ཡིན། །བེམ་པོ་མ་ཡིན་ཀུན་ཤེས་ཀུན་རིག་ཡིན། །རྣམ་རྟོག་མ་ཡིན་མི་རྟོག་ཡེ་ཤེས་ཡིན། །རྟོག་གེ་མ་ཡིན་རྣལ་འབྱོར་སྤྱོད་ཡུལ་ཡིན། །ཕུང་པོ་འདི་མིན་ཕུང་པོ་གཞན་མཆོག་ཡིན། །ཁམས་ཀྱང་འདི་མིན་ཁམས་གཞན་ཕ་རོལ་མཆོག །སྐྱེ་མཆེད་འདི་མིན་སྐྱེ་མཆེད་གཞན་མཆོག་ཡིན། །ལས་དབང་འདི་མིན་ལས་དབང་གཞན་མཆོག་ཡིན། །འདི་ཡི་བྱ་བ་རྣམས་ཀྱང་དེ་བཞིན་ནོ། །ཁམས་གསུམ་འདི་མིན་ཁམས་གསུམ་གཞན་མཆོག་ཡིན། །སྲིད་གསུམ་འདི་མིན་སྲིད་གསུམ་གཞན་མཆོག་ཡིན། །དུས་གསུམ་འདི་མིན་དུས་གསུམ་གཞན་མཆོག་ཡིན། །ཐེག་གསུམ་འདི་མིན་ཐེག་གསུམ་གཞན་མཆོག་ཡིན། །བརྟན་གཡོ་འདི་མིན་བརྟན་གཡོ་གཞན་མཆོག་ཡིན། །རྒྱུ་འབྲས་འདི་མིན་རྒྱུ་འབྲས་གཞན་མཆོག་ཡིན། །སྐྱེ་འགག་འདི་མིན་སྐྱེ་འགག་གཞན་མཆོག་ཡིན། །སྣང་སྟོང་འདི་མིན་སྣང་སྟོང་གཞན་མཆོག་ཡིན། །གཙོ་འཁོར་འདི་མིན་གཙོ་འཁོར་གཞན་མཆོག་ཡིན། །ཡབ་ཡུམ་འདི་མིན་ཡབ་ཡུམ་གཞན་མཆོག་ཡིན། །ཕོ་མོ་འདི་མིན་ཕོ་མོ་གཞན་མཆོག་ཡིན། །མ་ནིང་འདི་མིན་མ་ནིང་གཞན་མཆོག་ཡིན། །རྟེན་འབྲེལ་འདི་མིན་རྟེན་འབྲེལ་གཞན་མཆོག་ཡིན། །ཕར་ཕྱིན་འདི་མིན་ཕར་ཕྱིན་གཞན་མཆོག་ཡིན། །སྟོང་ཉིད་འདི་མིན་སྟོང་ཉིད་གཞན་མཆོག་ཡིན། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཐམས་ཅད་ཀྱང༌། །ལམ་བདེན་འདི་མིན་དོན་དམ་འགོག་བདེན་ཡིན། །འཕགས་པའི་བདེན་པ་བསམ་གཏན་ཚད་མེད་དང༌། །གཟུགས་མེད་སྙོམས་འཇུག་རྣམ་ཐར་སྙོམས་འཇུག་དགུ། །རྣམ་ཐར་སྒོ་གསུམ་ཏིང་འཛིན་གཟུངས་ཀྱི་སྒོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མི་འཇིགས་བཞི། །སོ་སོར་རིག་བཞི་བྱམས་ཆེན་སྙིང་རྗེ་ཆེ། །མ་འདྲེས་བཅོ་བརྒྱད་མཁྱེན་གསུམ་འཕགས་རྣམས་ཀྱང༌། །ཀུན་རྫོབ་འདུས་བྱས་ལམ་བདེན་འདི་མིན་གྱི། །འདི་ལས་གཞན་མཆོག་ཕ་རོལ་འགོག་བདེན་ཏེ། །རྒྱུ་རྐྱེན་མེད་ཅིང་འཕོ་འགྱུར་མེད་པ་དང༌། །ཆ་མེད་ཀུན་འགྲོ་ཀུན་ལ་ཁྱབ་པ་སོགས། །ནམ་མཁའ་འདུས་མ་བྱས་ཀྱི་དཔེ་ཡིས་གསུངས། །རང་གིས་མི་སྟོང་གཞན་གྱིས་སྟོང་པ་ནི། །གྲོང་སྟོང་བུམ་པ་སྟོང་སོགས་དཔེ་ཡིས་གསུངས། །རྟོག་ལ་མི་སྣང་མི་རྟོག་ཡེ་ཤེས་ལ། །མངོན་སུམ་སྣང་བ་པྲ་ཕབ་དཔེ་ཡིས་གསུངས། །རང་བཞིན་བདེ་ཆེན་སོ་སོར་རང་རིག་ནི། །ཀུན་ཏུ་རུ་སྐྱེས་བདེ་བའི་དཔེ་ཡིས་གསུངས། །བདེན་གཉིས་རྒྱ་མཉམ་རྣམ་པ་མཚུངས་པ་དང༌། །རྣམ་པ་མང་ཞིང་ཡོན་ཏན་མང་པོ་དང༌། །དྲི་མའི་སྦུབས་སུ་ཆུད་པར་དཀའ་བ་སོགས། །དར་ཡུག་ཆེན་པོའི་དཔེ་ཡིས་གསལ་བར་གསུངས། །ཀུན་ཏུ་ཁྱབ་ཅིང་མདུན་ན་རྟག་གནས་ཀྱང༌། །རྣམ་ཤེས་ཀུན་གྱིས་མཐོང་བ་མེད་པའི་དཔེ། །ལིང་ཏོག་ལ་སོགས་མིག་གི་སྐྱོན་རྣམས་དང༌། །ཁྲོན་པ་རྐོ་བ་ལ་སོགས་མང་པོས་གསུངས། །གཟུགས་མེད་གཟུགས་བཟང་ལུས་མེད་ལུས་མཆོག་སོགས། །འགལ་འདུས་སྐྱོན་མེད་མང་པོ་སྟོན་པའི་དཔེ། །འཇིག་རྟེན་འདི་ན་ཡོད་མིན་དེ་ཡི་ཕྱིར། །འཇིག་རྟེན་དཔེ་ལས་འདས་སོ་ཞེས་པ་དང༌། །དཔེར་བྱ་ཀུན་ལས་འདས་ཞེས་ལེགས་པར་གསུངས། །ཀུན་ལ་ཡོད་ཀྱང་སེམས་ཅན་ཉོན་མོངས་ཀྱིས། །བསྒྲིབས་པའི་དཔེ་ནི་བུམ་ནང་མར་མེ་དང༌། །དབུལ་པོའི་གཏེར་ཆེན་ལ་སོགས་མང་པོས་གསུངས། །དྲི་མ་སངས་ན་མངོན་དུ་གྱུར་པའི་དཔེ། །ཆུ་ཁམས་གསེར་དང་ནམ་མཁའ་ལ་སོགས་གསུངས། །དྲི་མ་ཟད་ཀྱང་སྙིང་པོ་མི་ཟད་པའི། །དཔེ་ཡང་ནམ་མཁའ་ལ་སོགས་མང་པོས་གསུངས། །མཐར་ཐུག་གཞི་འབྲས་ངོ་བོ་དབྱེར་མེད་ཅིང༌། །རང་བཞིན་རྣམ་དག་ཉིད་དུ་ཁྱད་མེད་ཀྱང༌། །དྲི་བཅས་གཞི་དང་དྲི་བྲལ་འབྲས་བུ་ཞེས། །སྤྲིན་ཡོད་སྤྲིན་མེད་ནམ་མཁའི་དཔེ་ཡིས་གསུངས། །ངེས་དོན་མཐར་ཐུག་ཟབ་མོའི་གནས་གྱུར་ཀྱང༌། །ངོ་བོ་མི་འགྱུར་དྲི་བཅས་དྲི་མེད་དུ། །གྱུར་པ་དྲི་བྲལ་འབྲས་བུ་ཐོབ་པ་སྟེ། །ནམ་མཁའི་སྤྲིན་སངས་གྱུར་པ་དཔེ་ཡིས་གསུངས། །ཇི་བཞིན་རྫོགས་པར་སྟོན་པའི་དཔེ་མེད་ཀྱང༌། །ཕྱོགས་ཙམ་སྟོན་པའི་དཔེ་ནི་མང་པོ་དང༌། །རྒྱུ་མཚན་ཡང་དག་ཤིན་ཏུ་མང་པོ་ཡིས། །གཤིས་ལུགས་འཁྲུལ་ལུགས་འཁྲུལ་སྤོང་འཁྲུལ་སངས་དང༌། །སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ཀྱིས། །གཞི་ལམ་འབྲས་བུ་འཁོར་བཅས་བསྡུས་པ་དང༌། །ལྟ་སྒོམ་སྤྱོད་པ་རྣམ་དག་བསྡུས་པའི་དོན། །རྫོགས་ལྡན་ཆོས་ལས་གསལ་བར་གསུངས་མོད་ཀྱང༌། །གསུམ་ལྡན་མར་བཅད་དེ་འདྲའི་རྣམ་གཞག་ཉམས། །གཤིས་ལུགས་ཇི་བཞིན་རྟོགས་པའི་ལྟ་བ་དང༌། །གནས་ལུགས་ཇི་བཞིན་མཐོང་བའི་སྒོམ་པ་ནི། །ཕལ་ཆེར་ཉམས་ཀྱང་བསོད་ནམས་ཆེར་བསགས་པའི། །སྐྱེས་མཆོག་རྣམས་ལ་ཉམས་མྱོང་བཟང་པོ་དང༌། །སྤྱོད་པ་བཟང་པོ་མངའ་བའང་མང་དུ་བྱོན། །དེ་རྣམས་ལ་ནི་བདག་ཀྱང་ཐལ་མོ་སྦྱོར། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་ཐབས་སྟོབས་སྨོན་ལམ་སོགས། །དགེ་བ་སྒྲུབ་པ་ཇི་སྙེད་མཆིས་རྣམས་ལ། །བདག་ཀྱང་དགའ་བས་རྗེས་སུ་ཡི་རང་ཞིང༌། །དད་དང་གུས་པའི་གཙུག་གིས་ཕྱག་འཚལ་འདུད། །དཀོན་མཆོག་གསུམ་ལ་དད་ཅིང་གུས་པ་དང༌། །རྟེན་གསུམ་ལ་ཡང་དད་ཅིང་གུས་པ་ཡིས། །ཞབས་ཏོག་བཀུར་སྟི་ཕུ་དུད་མཛད་རྣམས་ལ། །རང་གཞན་སྦྱོར་བར་མཛད་པ་རྣམས་ལའང་དད། །སེམས་ཅན་ཐམས་ཅད་དྲིན་ཅན་ཕ་མ་དང༌། །སངས་རྒྱས་སྙིང་པོ་ཅན་དུ་ངེས་རྟོགས་ནས། །བྱམས་དང་སྙིང་རྗེས་བདག་གཞན་བརྗེ་བ་དང༌། །ཀུན་ལ་སྟོན་པ་བཞིན་དུ་གུས་རྣམས་ལ། །བསམ་པ་ཐག་པས་བདག་ནི་ཕྱག་འཚལ་ལོ། །སྣང་གྲགས་འདི་ཀུན་གཤིས་ཀྱི་གནས་ལུགས་ལ། །རི་བོང་རྭ་བཞིན་གཏན་ནས་མ་གྲུབ་ཀྱང༌། །ཐ་སྙད་འཁྲུལ་ངོར་རྨི་ལམ་སྒྱུ་མ་བཞིན། །སྣང་སྟོང་ཟུང་འཇུག་དབྱེར་མེད་རྟོགས་པ་དང༌། །རྒྱུ་འབྲས་སླུ་བ་མེད་པར་རྟོགས་པ་ཡིས། །ལས་ངན་སྤོང་ཞིང་ལས་བཟང་ལེགས་བསྒྲུབས་ནས། །འགྲོ་ཀུན་བསྒྲལ་ཕྱིར་སྨོན་ལམ་མཆོག་སྒྲུབ་པ། །དེ་རྣམས་ཀུན་གྱི་ཞབས་རྡུལ་སྤྱི་བོས་ལེན། །ཀུན་རྫོབ་ཆོས་ཀུན་རང་རང་ངོ་བོ་ཡིས། །སྟོང་པར་རྟོགས་ནས་མེད་བཞིན་སྣང་བ་ཡི། །བརྟན་གཡོ་འདི་ཀུན་འཁྲུལ་སྣང་འབའ་ཞིག་ཏུ། །ལེགས་པར་རྟོགས་ནས་ཞེན་ཆགས་མི་མཛད་པའི། །སྐྱེས་མཆོག་རྣམས་ལ་གུས་པས་ཕྱག་འཚལ་ལོ། །བདག་འཛིན་ལས་བྱུང་ཉོན་མོངས་རྣམ་རྟོག་ཀུན། །དགྲ་བཞིན་རྟོགས་ནས་རབ་ཏུ་འདུལ་མཛད་ཅིང༌། །ཞི་ཞིང་དུལ་བར་གནས་པ་རྣམས་ལའང་དད། །འདོད་ཆགས་གཉེན་པོར་མི་སྡུག་པ་དང་ནི། །ཞེ་སྡང་གཉེན་པོར་བྱམས་པ་སྒོམ་པ་དང༌། །གཏི་མུག་གཉེན་པོར་རྟེན་ཅིང་འབྲེལ་འབྱུང་དང༌། །ང་རྒྱལ་གཉེན་པོར་ཁམས་ཀྱི་རབ་དབྱེ་དང༌། །རྣམ་རྟོག་གཉེན་པོར་དབུགས་ཀྱི་འབྱུང་འཇུག་སོགས། །སྤང་བྱ་སོ་སོའི་གཉེན་པོར་རབ་བསྒོམས་ནས། །ཉོན་མོངས་རྣམ་རྟོག་དགྲ་ལས་རྣམ་རྒྱལ་བའི། །སྐྱེས་མཆོག་རྣམས་ལ་གུས་པས་ཕྱག་འཚལ་ལོ། །རྣམ་ཤེས་བཞོན་པ་ལས་རླུང་འགྱུ་བ་རྣམས། །དབུ་མར་ཡེ་ཤེས་རླུང་དུ་བསྒྱུར་མཛད་པ། །རྣམ་པར་མི་རྟོག་གཉིས་མེད་ཡེ་ཤེས་ཀྱི། །རྣལ་འབྱོར་སྤྱོད་པ་རྣམས་ལ་བདག་ཕྱག་འཚལ། །ཕྱི་ནང་ཀུན་རྫོབ་གློ་བུར་དྲི་མ་ཡིས། །སྣང་བ་འཁྲུལ་སྣང་ཁོ་ནར་ལེགས་རྟོགས་ནས། །འདི་ལས་གཞན་མཆོག་ཕ་རོལ་དོན་དམ་གྱིས། །སྣང་བ་མངོན་དུ་གྱུར་ལ་བདག་དད་ལགས། །ཕ་ཡུལ་ཉེ་འབྲེལ་ནོར་རྫས་ལ་སོགས་པ། །ཆགས་སྡང་སྐྱེ་བའི་དངོས་ཀུན་རབ་སྤངས་ནས། །ཕྱོགས་མེད་རིས་མེད་ཞེན་ཆགས་མེད་པའི་གནས། །ཆོས་སྤྱོད་གང་འཕེལ་བསྟན་པ་རྣམས་ལའང་དད། །ནོར་གྱི་སོ་ཚིས་འདུ་འགོད་རབ་སྤངས་ནས། །སྒོ་གསུམ་དགེ་བའི་ཕྱོགས་སུ་རབ་བཀོལ་ཏེ། །འཁོར་གསུམ་དག་པས་སྨོན་ལམ་མཆོག་བསྒྲུབས་ནས། །དགེ་བའི་ནོར་མང་སྤེལ་བ་རྣམས་ལའང་དད། །འབད་རྩོལ་མེད་པར་ངང་གིས་བྱུང་བ་ཡི། །ལོངས་སྤྱོད་གཡོ་བ་སྙིང་པོ་མེད་རྣམས་ཀྱང༌། །ཡར་གྱི་ཞིང་དང་མར་གྱི་ཞིང་དག་ལ། །ལེགས་པར་བཏང་ནས་སྙིང་པོ་ལེན་ལའང་དད། །རྫོགས་ལྡན་ཆོས་མཆོག་ཁྱད་པར་འཕགས་རྣམས་ལ། །ཡི་གེར་འབྲི་སོགས་ཆོས་སྤྱོད་རྣམ་པ་བཅུ། །ལེགས་པར་སྒྲུབ་ཅིང་བསྒྲུབ་ཏུ་འཇུག་པ་དང༌། །གཞན་དག་བསྐུལ་བར་མཛད་པར་རྣམས་ལའང་དད། །མཁན་སློབ་བླ་མ་དགེ་བའི་བཤེས་རྣམས་དང༌། །གྲོགས་མཆེད་ལ་སོགས་ཆོས་མཛད་ཐམས་ཅད་ཀྱིས། །སྐྱོན་ལ་མི་རྟོག་སྐྱོན་ནས་མི་བརྗོད་ཅིང༌། །ཕྲག་དོག་མེད་པར་དད་གུས་མཛད་ལའང་དད། །ཆོས་མེད་སྡིག་ཅན་ལམ་ལོག་ཞུགས་རྣམས་ལ། །ཕན་སེམས་ཆེན་པོས་ལེགས་པའི་གྲོས་འདེབས་ཤིང༌། །ལམ་བཟང་ཞུགས་ནས་དགེ་བ་སྒྲུབ་རྣམས་ལ། །དགའ་བས་རྗེས་སུ་ཡི་རང་མཛད་ལའང་དད། །མཉམ་བཞག་ཟབ་མོ་ལ་ཟློའི་སྐབས་སུ་ནི། །ཆོས་ཀྱང་སྤང་ན་ཆོས་མིན་ལྟ་ཅི་སྨོས། །རྗེས་ཐོབ་ཤན་འབྱེད་སྐབས་སུ་ཡོད་མེད་སོགས། །ལེགས་པར་ཕྱེ་ནས་སྟོན་མཛད་རྣམས་ལའང་དད། །ཞུ་བདེ་འགྱུར་བཅས་གང་ཡིན་སྤང་བྱ་དང༌། །ཞུ་བདེ་འགྱུར་མེད་གང་ཡིན་བསྟེན་བྱ་དང༌། །རང་བཞིན་འགྱུར་མེད་གང་ཡིན་ཐོབ་བྱར་ནི། །ལེགས་རྟོགས་ལེགས་སྒྲུབ་ལེགས་སྟོན་རྣམས་ལའང་དད། །མདོར་ན་རྫོགས་ལྡན་ཆོས་དང་མཐུན་པ་ཡི། །གཞི་ལམ་འབྲས་བུ་ལྟ་སྒོམ་སྤྱོད་པ་རྣམས། །ལེགས་རྟོགས་ལེགས་སྒྲུབ་ལེགས་པར་སྟོན་མཛད་པ། །དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །གསུམ་ལྡན་མར་བཅད་སྐྱོན་ཅན་ལ་བརྟེན་ནས། །ཐམས་ཅད་རང་སྟོང་ཉིད་དུ་བཞེད་པ་དང༌། །རང་སྟོང་དོན་དམ་ཡིན་པར་བཞེད་པ་དང༌། །དོན་དམ་རང་སྟོང་ཡིན་པར་བཞེད་པ་དང༌། །རྣམ་རྟོག་ཆོས་སྐུ་ཡིན་པར་བཞེད་པ་དང༌། །དུག་ལྔ་ཡེ་ཤེས་ཡིན་པར་བཞེད་པ་དང༌། །རྣམ་ཤེས་སངས་རྒྱས་ཡིན་པར་བཞེད་པ་དང༌། །ལས་སྣང་སངས་རྒྱས་ཡིན་པར་བཞེད་པ་དང༌། །སངས་རྒྱས་མིང་སྟོང་ཙམ་དུ་བཞེད་པ་དང༌། །སངས་རྒྱས་གཏན་ནས་མེད་པར་བཞེད་པ་དང༌། །དོན་དམ་སངས་རྒྱས་མེད་པར་བཞེད་པ་དང༌། །བདེན་གཉིས་ངོ་བོ་གཅིག་ཏུ་བཞེད་པ་དང༌། །འཁོར་འདས་ངོ་བོ་གཅིག་ཏུ་བཞེད་པ་དང༌། །སྤང་གཉེན་ངོ་བོ་གཅིག་ཏུ་བཞེད་པ་དང༌། །སྦྱང་བྱ་སྦྱང་གཞི་གཅིག་ཏུ་བཞེད་པ་དང༌། །ཀུན་འབྱུང་ལས་བྱུང་སྡུག་བསྔལ་འཁོར་བ་འདི། །རྟོགས་ན་སངས་རྒྱས་མ་རྟོགས་འཁོར་བ་ཞེས། །བཞེད་པ་རྣམས་ལ་བདག་ནི་མ་ཕོད་པས། །བྱ་གཏོང་བཞིན་དུ་ལེགས་པའི་སྐད་འདིར་གཏོང༌། །དེ་བཞིན་གཤེགས་པ་བྱོན་རུང་མ་བྱོན་རུང༌། །ཡོངས་གྲུབ་དགུ་ནི་རྟག་ཏུ་དེ་བཞིན་དུ། །འགྱུར་བ་མེད་པ་ཉིད་དུ་གནས་སོ་ཞེས། །རྫོགས་ལྡན་ཆོས་ལས་གསུངས་ པ་དགོངས ་སུ་གསོལ། །ཉོན་མོངས་རྣམ་རྟོག་རྣམ་ཤེས་ཚོགས་འདི་ཡང༌། །རྟོགས་ན་ཆོས་སྐུ་མ་རྟོགས་དྲི་མ་ཞེས། །བཞེད་པ་རྣམས་ལ་བདག་ནི་མ་ཕོད་པས། །རྫོགས་ལྡན་ཆོས་དང་མཐུན་པར་མཛོད་ཅིག་ཅེས། །ཐལ་མོ་སྦྱར་ནས་སྐད་གཏོང་གྲོས་འདེབས་སོ། །རྟོགས་ན་གསེར་ཡིན་མ་རྟོགས་ར་གན་ཡིན། །རྟོགས་ན་རྟ་ཡིན་མ་རྟོགས་བ་ལང་ཡིན། །རྟོགས་ན་སྣང་བ་མ་རྟོགས་མུན་པ་ཡིན། །རྟོགས་ན་སྨན་ཡིན་མ་རྟོགས་དུག་ཡིན་ཞེས། །འདོད་པ་རྣམས་དང་ཁྱད་པར་ཅི་མཆིས་གཟིགས། །དེ་ལྟར་གསུངས་པའི་ལུང་རིགས་མན་ངག་ཀྱང༌། །རྣམ་དག་མཆིས་ན་བདག་ལའང་བསྟན་དུ་གསོལ། །ཐམས་ཅད་གཞི་མེད་རྩ་བྲལ་ཡིན་ནོ་ཞེས། །བཞེད་པ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་སྐད་གཏོང་གྲོས་འདེབས་ཏེ། །ཀུན་གཞི་ཡེ་ཤེས་དེ་བཞིན་ཉིད་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གཞི་དང་གནས་དང་རྟེན། །ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཡིན་པར་ནི། །རྫོགས་ལྡན་ཆོས་ལས་གསུངས་པའང་ དགོངས་སུ་གསོལ། །ཤེས་བྱ་ཐམས་ཅད་དངོས་པོ་དངོས་མེད་དུ། །ཁ་ཚོན་ཆོད་པར་བཞེད་པ ་ཐམས་ཅད་དང༌། །བེམ་རིག་གང་ཡིན་དངོས་པོར་བཞེད་རྣམས་ལའང༌། །བདག་ནི་ཐལ་མོ་སྦྱར་ནས་སྐད་གཏོང་སྟེ། །གཤིས་ལུགས་མཐར་ཐུག་ཕུང་པོ་གསུམ་པ་དང༌། །དབུས་མ་བར་མ་མ་ནིང་མཆོག་ཏུ་གསུངས། །འདུས་མ་བྱས་ཀྱི་བདེ་བ་ཤེས་པ་དང༌། །ཡེ་ཤེས་རིག་པ་ཕུང་པོ་ཁམས་ལ་སོགས། །གཟུགས་ནས་མ་འདྲེས་ཆོས་ཀྱི་བར་དང་ནི། །རྟག་བརྟན་ཐེར་ཟུག་གཡུང་དྲུང་མི་འགྱུར་བའི། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཀུན་དང༌། །ཆོས་ཉིད་འགྱུར་བ་མེད་པའི་ཡོངས་གྲུབ་ཀྱི། །གཟུགས་ནས་སངས་རྒྱས་ཆོས་ཀྱི་བར་རྣམས་ཀྱང༌། །ཤེས་བྱའི་མཐར་ཐུག་དོན་དམ་བདེན་པ་ཡིན། །འདུས་མ་བྱས་ཡིན་འདུས་བྱས་དངོས་པོ་མིན། །དེ་ལྟར་གསུངས་པའི་གཞུང་མཆོག་གཟིགས་སུ་གསོལ། །ཀུན་རྫོབ་འདི་ལས་གཞན་མཆོག་ཕ་རོལ་གྱི། །རོ་དང་ཁམས་ཀྱི་རྣམ་འགྱུར་སོ་དྲུག་དང༌། །ཕུང་པོའི་རྣམ་འགྱུར་སུམ་ཅུ་རྩ་དྲུག་དང༌། །ཕུང་པོ་ཁམས་སོགས་སུམ་ཅུ་དྲུག་ལ་སོགས། །ཤེས་བྱའི་མཐར་ཐུག་དེ་བཞིན་ཉིད་ཡིན་ཡང༌། །དངོས་པོ་དངོས་མེད་གང་ཡང་མ་ཡིན་པར། །གསུངས་པའི་གཞུང་མཆོག་རྣམས་ཀྱང་གཟིགས་སུ་གསོལ། །བདེན་པ་ཡང་དག་མེད་པར་བཞེད་རྣམས་ལའང༌། །བདག་ནི་མ་ཕོད་སྐད་གཏོང་གྲོས་འདེབས་ཏེ། །མྱང་འདས་ཆེན་པོ་བདེན་པར་གསུངས་པ་དང༌། །འགོག་བདེན་བདེན་པའི་མཆོག་ཏུ་གསུངས་པ་དང༌། །དེ་བཞིན་ཉིད་བདེན་གཞན་ནི་བརྫུན་པ་དང༌། །བདེན་དོན་བཅུ་གཉིས་ལ་སོགས་གཤིས་ལུགས་ཀྱི། །བདེན་པ་མཐར་ཐུག་རྫོགས་ལྡན་ཆོས་ལས་གསུངས། །དེ་དག་རྣམས་ཀྱང་ལེགས་པར་གཟིགས་སུ་གསོལ། །རྟག་པར་རྟོགས་ཚད་རྟག་ལྟའི་སྐྱོན་ཅན་དང༌། །ཆད་པར་རྟོགས་ཚད་ཆད་ལྟའི་སྐྱོན་ཅན་དང༌། །ཡོད་པར་རྟོགས་ཚད་ཡོད་ལྟའི་སྐྱོན་ཅན་དང༌། །མེད་པར་རྟོགས་ཚད་མེད་ལྟའི་སྐྱོན་ཅན་དུ། །བཞེད་པ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་བྱ་གཏོང་གྲོས་འདེབས་ཏེ། །རྟག་པར་རྟོགས་ལ་སྐྱོན་དང་ཡོན་ཏན་གཉིས། །མི་རྟག་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །གཙང་བར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །མི་གཙང་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །བདེ་བར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །སྡུག་བསྔལ་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །བདག་ཡོད་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །བདག་མེད་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །ཡོད་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །མེད་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །ཆད་པར་རྟོགས་ལའང་སྐྱོན་དང་ཡོན་ཏན་གཉིས། །རྫོགས་ལྡན་ཆོས་ལས་གསུངས་པས་གཟིགས་སུ་གསོལ། །གཤིས་ལ་སངས་རྒྱས་མེད་པར་བཞེད་པ་དང༌། །འདུས་མ་བྱས་ཀྱི་སངས་རྒྱས་མི་བཞེད་ཅིང༌། །རྟག་བརྟན་ཐེར་ཟུག་སངས་རྒྱས་མི་བཞེད་པ། །དེ་རྣམས་ལ་ཡང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་གྲོས་འདེབས་ཞུ་བ་འབུལ། །དོན་དམ་བདེན་པ་དབྱིངས་རིག་དབྱེར་མེད་ནི། །དང་པོའི་སངས་རྒྱས་གཞི་ཡི་སངས་རྒྱས་ཏེ། །རྟག་བརྟན་ཐེར་ཟུག་གཡུང་དྲུང་མཁའ་ཁྱབ་ཀྱི། །དེ་བཞིན་ཉིད་ལ་སངས་རྒྱས་བྱང་ཆུབ་ཅེས། །རྫོགས་ལྡན་ལས་གསུངས་དེ་ཡང་གཟིགས་སུ་གསོལ། །གཤིས་ལ་ཡེ་ཤེས་མེད་པར་འདོད་པ་དང༌། །རང་བྱུང་ཡེ་ཤེས་རྟག་པར་མི་བཞེད་པ། །དེ་རྣམས་ལ་ཡང་བདག་ནི་ཞུ་བ་འབུལ། །སྐད་ཅིག་གཅིག་དང་དུ་མ་བྲལ་བ་ཡི། །ཡེ་ཤེས་ལ་ནི་རྒྱལ་བ་མཆོག་རྣམས་ཀྱིས། །དེ་ཁོ་ན་ཉིད་ཅེས་ནི་རྫོགས་ལྡན་གྱི། །ཆོས་ལས་གསུངས་པས་དེ་ཡང་གཟིགས་སུ་གསོལ། །བདེ་གཤེགས་སྙིང་པོ་དྲང་དོན་ཡིན་ནོ་ཞེས། །བཞེད་པ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་སྐད་གཏོང་ཞུ་བ་འབུལ། །བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཡིན་ཞིང༌། །དེ་བཞིན་ཉིད་ཀྱང་བདེ་གཤེགས་སྙིང་ཡིན་པས། །བདེ་གཤེགས་སྙིང་པོ་དྲང་དོན་ཡིན་ན་ནི། །དེ་བཞིན་ཉིད་ཀྱང་དྲང་དོན་ཡིན་པར་འགྱུར། །དོན་དམ་ཆོས་སྐུའང་དྲང་དོན་ཡིན་པར་འགྱུར། །ངོ་བོ་ཉིད་སྐུའང་དྲང་དོན་ཡིན་པར་འགྱུར། །རང་བཞིན་རིགས་ཀྱང་དྲང་དོན་ཡིན་པར་འགྱུར། །ཤེར་ཕྱིན་ཟབ་མོའང་དྲང་དོན་ཡིན་པར་འགྱུར། །དབུ་མ་ཆེན་པོའང་དྲང་དོན་ཡིན་པར་འགྱུར། །མྱང་འདས་ཆེན་པོའང་དྲང་དོན་ཡིན་པར་འགྱུར། །ཕྱག་རྒྱ་ཆེན་པོའང་དྲང་དོན་ཡིན་པར་འགྱུར། །འོད་གསལ་ཆེན་པོའང་དྲང་དོན་ཡིན་པར་འགྱུར། །བདེ་དགྱེས་དུས་འཁོར་གསང་འདུས་ལ་སོགས་པ། །གཤིས་ལུགས་ཟབ་མོའི་ལྷ་སྔགས་དཀྱིལ་འཁོར་དང༌། །རྒྱུད་དང་ཕྱག་རྒྱ་མཐར་ཐུག་ཐམས་ཅད་ཀྱང༌། །དྲང་དོན་ཡིན་པར་ཧ་ཅང་ཐལ་བས་གནོད། །བདེ་གཤེགས་སྙིང་པོ་དྲང་དོན་ཡིན་པར་ནི། །སྟོན་པའི་ལུང་རིགས་མཆིས་ན་བསྟན་དུ་གསོལ། །ངེས་དོན་ཡིན་པར་སྟོན་པའི་ལུང་རིགས་དང༌། །མན་ངག་ཟབ་མོ་ཤིན་ཏུ་མང་བར་མཆིས། །གལ་ཏེ་ལ་ལའི་ལོག་རྟོག་འདི་སྙམ་དུ། །བདེ་གཤེགས་སྙིང་པོ་དྲང་དོན་མ་ཡིན་ཡང༌། །དེ་ཡི་ཡོན་ཏན་ཐམས་ཅད་དྲང་དོན་ཡིན། །དེ་ཕྱིར་ཡོན་ཏན་མང་པོ་ཚང་བ་ཡི། །བདེ་གཤེགས་སྙིང་པོ་དོན་ལ་མེད་ཅེ་ན། །རྒྱལ་བའི་ཡུམ་ལས་ཡོངས་གྲུབ་རྣམ་དགུ་པོ། །རེ་རེའི་ཡོན་ཏན་ལ་ཡང་ཚད་མེད་ཅེས། །ལེགས་པར་གསུངས་ཤིང་སྙིང་པོའི་མདོ་བཅུ་དང༌། །ངེས་དོན་མདོ་བཅུ་ལ་སོགས་རྫོགས་ལྡན་གྱི། །ཆོས་གཞན་ལས་ཀྱང་དོན་དམ་རྟག་པ་ཡི། །ཡོན་ཏན་བགྲང་ཡས་གསུངས་པས་གཟིགས་སུ་གསོལ། །གལ་ཏེ་སངས་རྒྱས་རྟག་པ་མི་སྲིད་པས། །རྟག་པར་གསུངས་པ་དྲང་དོན་ཡིན་ཞེ་ན། །འོ་ན་འདུས་མ་བྱས་སུ་གསུངས་པ་ཡང༌། །དྲང་དོན་ཡིན་ནམ་མིན་ཞེས་ཁྱེད་ལ་འདྲི། །འདུས་མ་བྱས་དང་རྟག་པ་ཁྱབ་མཉམ་གཅིག །མི་རྟག་པ་དང་འདུས་བྱས་ཁྱབ་མཉམ་གཅིག །དེས་ན་གཅིག་ཁེགས་གཉིས་ཀ་ཁེགས་འགྱུར་བས། །རྟག་པ་ཁེགས་ན་འདུས་མ་བྱས་ཁེགས་ཕྱིར། །དོན་དམ་ཆོས་ཀྱི་དབྱིངས་ཀྱང་ཁེགས་འགྱུར་བས། །ཨེ་མ་ཆོས་རྣམས་ཐམས་ཅད་ཁེགས་པར་འགྱུར། །ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་ཕྱིར་དང༌། །རྟེན་ཁེགས་ན་ཡང་བརྟེན་པ་ཁེགས་ཕྱིར་དང༌། །དོན་དམ་རྟེན་དང་ཀུན་རྫོབ་བརྟེན་པ་དང༌། །ཆོས་ཉིད་རྟེན་དང་ཆོས་རྣམས་བརྟེན་པ་དང༌། །དོན་དམ་ཁྱབ་བྱེད་ཀུན་རྫོབ་ཁྱབ་བྱ་དང༌། །དབུས་མཐའ་ལ་སོགས་རྟེན་དང་བརྟེན་པ་དང༌། །ཁྱབ་བྱེད་ཁྱབ་བྱར་གནས་ པ་ཤིན་ཏུ་མང༌། །དེ་རྣམས་ཀུན་ལ་ཞིབ་ཏུ་དགོངས ་པར་ཞུ། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་སོགས་ཁྱབ་བྱེད་ཁྱབ་བྱ་མང་པོ་དང༌། །རྟེན་དང་བརྟེན་པ་མང་པོ་གསུངས་རྣམས་ལ། །ཁྱབ་བྱེད་ཁེགས་ན་ཁྱབ་བྱ་ཁེགས་པ་དང༌། །རྟེན་མེད་གྱུར་ན་བརྟེན་པ་མེད་པའང་དགོངས། །གལ་ཏེ་སངས་རྒྱས་རྟག་པ་མི་སྲིད་ན། །དེ་ཡི་ཤེས་བྱེད་ལུང་རིགས་བསྟན་དུ་གསོལ། །སྲིད་པ་ལ་ནི་ལུང་རིགས་དཔག་ཡས་མཆིས། །རང་ངོ་ཤེས་པས་སངས་རྒྱས་ཐོབ་པའི་ཕྱིར། །ཚོགས་གཉིས་གསོག་དང་སྒྲིབ་གཉིས་སྦྱོང་མི་དགོས། །རང་ངོ་ཤེས་པས་མ་སྤངས་གནས་དག་ཅེས། །བཞེད་པ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་གྲོས་འདེབས་ཞུ་བ་འབུལ། །རང་རིག་མེད་པའི་སེམས་ཅན་མི་སྲིད་ཅིང༌། །རང་རིག་ཡོན་ན་རང་ངོ་ཤེས་པ་ཡོད། །གལ་ཏེ་རང་གཞན་གང་ཡང་མི་རིག་ན། །རིག་པ་ཡིན་པར་འགལ་ཏེ་འབྱུང་ཆེན་བཞིན། །དེ་ཕྱིར་སེམས་ཅན་ཀུན་ལ་སེམས་ཡོད་ཅིང༌། །སེམས་ཡོད་ཀུན་ལ་རང་རིག་ཡོད་པའི་ཕྱིར། །རང་ངོ་ཤེས་པ་སྐྱེས་ཙམ་ཉིད་ནས་ཡོད། །ཚུལ་འདི་ལུང་རིགས་མཁྱེན་པ་རྣམས་ལ་གྲགས། །བླུན་པོ་ཐོས་ཆུང་མངོན་པའི་ང་རྒྱལ་ཅན། །ཆོས་ལ་དབང་ཟ་གཟུ་ལུམ་རང་བཟོ་མཁན། །ཤིན་ཏུ་མང་ཡང་ཚུལ་འདི་རྟོགས་པའམ། །ཐོས་དང་མཐོང་བ་ཙམ་ཡང་ཡོད་རེ་སྐན། །དེ་ཕྱིར་རང་ངོ་ཤེས་པས་ཆོག་པ་ཡི། །ལྟ་ལོག་དེ་འདྲ་བདུད་ཀྱི་གསང་ཚིག་ཡིན། །དེ་ལྟར་རྟོགས་དང་མ་རྟོགས་པ་ལས་ནི། །ཡང་དག་ལམ་དང་ལོག་པའི་ལམ་དུ་འཇུག །དེ་ཕྱིར་རང་ངོ་ཤེས་པས་གོལ་ཞེས་པའི། །སྡིག་ལྟ་བདུད་ལས་དེ་འདྲ་སྤོང་གྱུར་ཅིག །གལ་ཏེ་རང་ངོ་རང་གིས་ཤེས་པའི་དོན། །རང་སེམས་རྣམ་ཤེས་འདི་ནི་ཆོས་ཀྱི་སྐུ། །ཡིན་པར་རྟོགས་པ་ཉིད་ལ་བྱེད་ཅེ་ན། །རྣམ་ཤེས་འདི་ནི་ཆོས་སྐུའི་མི་མཐུན་ཕྱོགས། །ཡིན་ཕྱིར་ཆོས་སྐུ་གཏན་ནས་མ་ཡིན་ནོ། །གལ་ཏེ་ཡིན་ན་དུག་ཀྱང་བདུད་རྩིའམ། །མུན་ནག་སྟུག་པོའང་སྣང་བ་ཡིན་ནམ་ཅི། །ནག་ཕྱོགས་རྣམས་ཀྱང་དཀར་ཕྱོགས་ཡིན་ནམ་ཅི། །སྤང་བྱ་རྣམས་ཀྱང་གཉེན་པོ་ཡིན་ནམ་ཅི། །གཤེད་མ་རྣམས་ཀྱང་གཉེན་མཆོག་ཡིན་ནམ་ཅི། །བདུད་རིགས་རྣམས་ཀྱང་བླ་མ་ཡིན་ནམ་ཅི། །སྡིག་པ་ཐམས་ཅད་དགེ་བ་ཡིན་ནམ་ཅི། །ངན་འགྲོ་ཐམས་ཅད་བདེ་འགྲོ་ཡིན་ནམ་ཅི། །འདུས་བྱས་ཐམས་ཅད་རྟག་པ་ཡིན་ནམ་ཅི། །འཁོར་བ་ཐམས་ཅད་བདེ་བ་ཡིན་ནམ་ཅི། །རྣམ་ཤེས་ཐམས་ཅད་ཡེ་ཤེས་ཡིན་ནམ་ཅི། །འཛག་བཅས་ཐམས་ཅད་འཛག་མེད་ཡིན་ནམ་ཅི། །བཅོས་མ་ཐམས་ཅད་རང་བཞིན་ཡིན་ནམ་ཅི། །གློ་བུར་ཐམས་ཅད་གཉུག་མ་ཡིན་ནམ་ཅི། །དྲི་མ་ཐམས་ཅད་སྙིང་པོ་ཡིན་ནམ་ཅི། །ཀུན་རྫོབ་ཐམས་ཅད་དོན་དམ་ཡིན་ནམ་ཅི། །ཆོས་རྣམས་ཐམས་ཅད་ཆོས་ཉིད་ཡིན་ནམ་ཅི། །ལས་གཟུགས་ཐམས་ཅད་འོད་གསལ་ཡིན་ནམ་ཅི། །སྐྱོན་རྣམས་ཐམས་ཅད་ཡོན་ཏན་ཡིན་ནམ་ཅི། །བྱུར་ངན་ཐམས་ཅད་དཔལ་ཆེན་ཡིན་ནམ་ཅི། །ཉེས་པ་ཐམས་ཅད་ལེགས་པ་ཡིན་ནམ་ཅི། །དམའ་མོ་ཐམས་ཅད་མཐོན་པོ་ཡིན་ནམ་ཅི། །ངན་པ་ཐམས་ཅད་བཟང་པོ་ཡིན་ནམ་ཅི། །རིང་བ་ཐམས་ཅད་ཉེ་བ་ཡིན་ནམ་ཅི། །ཟག་བཅས་ཐམས་ཅད་ཟག་མེད་ཡིན་ནམ་ཅི། །ཐོགས་བཅས་ཐམས་ཅད་ཐོགས་མེད་ཡིན་ནམ་ཅི། །གཟུགས་ཅན་ཐམས་ཅད་གཟུགས་མེད་ཡིན་ནམ་ཅི། །བསྟན་ཡོད་ཐམས་ཅད་བསྟན་མེད་ཡིན་ནམ་ཅི། །དྲང་དོན་ཐམས་ཅད་ངེས་དོན་ཡིན་ནམ་ཅི། །ཆོས་ལོག་ཐམས་ཅད་ཆོས་མཆོག་ཡིན་ནམ་ཅི། །ལམ་ལོག་ཐམས་ཅད་ལམ་མཆོག་ཡིན་ནམ་ཅི། །གཡང་ས་ཐམས་ཅད་བདེ་ས་ཡིན་ནམ་ཅི། །ནག་པོ་ཐམས་ཅད་དཀར་པོ་ཡིན་ནམ་ཅི། །གྲུ་བཞི་ཐམས་ཅད་ཟླུམ་པོ་ཡིན་ནམ་ཅི། །མདོག་དབྱིབས་གཞན་རྣམས་ལ་ཡང་མཚུངས་པར་སྦྱར། །དེ་འདྲའི་ཤེས་བྱ་ཐམས་ཅད་ལ་ཡང་སྦྱར། །གང་ཕྱིར་ཆོས་སྐུའི་མི་མཐུན་ཕྱོགས་ཡིན་ཡང༌། །ཆོས་སྐུ་ཡིན་ན་རིག་པ་མཚུངས་པའི་ཕྱིར། །འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཀུན་ལ། །ཚུལ་འདི་རིགས་པ་འདི་འདྲ་མཁས་པས་རིག །བླུན་པོ་རང་བཟོ་མཁན་གྱི་སྤྱོད་ཡུལ་མིན། །གལ་ཏེ་རང་སེམས་རྣམ་ཤེས་ཚོགས་འདི་དག །ཆོས་སྐུ་མིན་ན་སྟོང་ཉིད་མིན་པར་འགྱུར། །ཆོས་དབྱིངས་མིན་ནའང་སྟོང་ཉིད་མིན་པར་འགྱུར། །ཆོས་ཉིད་མིན་ནའང་སྟོང་ཉིད་མིན་པར་འགྱུར། །དེ་སྐད་སྨྲ་ན་བླུན་རྟགས་བསྟན་པ་ཡིན། །གང་ཕྱིར་སྟོང་པ་ཉིད་དང་ཆོས་སྐུ་ལ། །མུ་གཉིས་ཡོད་ཀྱི་ཁྱབ་མཉམ་གཏན་མ་ཡིན། །ཆོས་དབྱིངས་ལ་སོགས་ཡོངས་གྲུབ་ཐམས་ཅད་དང༌། །སྟོང་པ་ཉིད་ལ་མུ་གཉིས་ཡོད་པ་ཡི། །མན་ངག་ཟབ་མོས་དབེན་ཞིང་ལོག་བཤད་ཀྱི། །དུག་ཆུས་རབ་ཏུ་མྱོས་པའི་རླབ་ཅོལ་ལོ། །དེ་ཕྱིར་མུ་གཉིས་མུ་གསུམ་མུ་བཞི་ཡིས། །ཆོས་ཀུན་གཏན་ལ་འབེབས་པའི་རྫོགས་ལྡན་དང༌། །རྣམ་པ་ཀུན་ཏུ་འབྲལ་བར་མ་གྱུར་ཅིག །གསུམ་ལྡན་མར་བཅད་སྐྱོན་ཅན་རྣམས་ན་རེ། །སངས་རྒྱས་བྱང་ཆུབ་ཡེ་ཤེས་མིང་ཙམ་ཡིན། །ཡོན་ཏན་མང་པོ་གསུངས་པའང་དྲང་དོན་ཡིན། །དེ་ཕྱིར་རྟེན་གསུམ་བཞེངས་པ་དོན་མེད་དེ། །ཞོར་ལ་སེམས་ཅན་འཆི་ཞིང་བཞེངས་པ་ཡི། །དགེ་བ་བས་ཀྱང་ཞིག་པའི་སྡིག་པ་ལྕི། །ས་ནི་སྡིག་མེད་མཆོད་རྟེན་སྡིག་ཅན་ཡིན། །དེས་ན་དགེ་བ་རྗེས་ཅན་མ་བྱེད་པར། །མཆོད་པ་ཐམས་ཅད་ཁ་ལ་རབ་ཕུལ་ནས། །དགེ་བ་ཐམས་ཅད་རྗེས་མེད་ཀྱིས་ཤིག་ཅེས། །གསུངས་པ་རྣམས་ལའང་བདག་ནི་མ་ཕོད་པས། །ཐལ་མོ་སྦྱར་ནས་གྲོས་འདེབས་ཞུ་བ་འབུལ། །དོན་དམ་སངས་རྒྱས་དོན་དམ་བདེན་པར་ཡོད། །དེ་ཡི་བྱིན་གྱིས་བརླབས་དང་དགེ་ཚོགས་ལས། །ལེགས་པར་འཁྲུངས་པའི་ཀུན་རྫོབ་སངས་རྒྱས་ཀྱང༌། །ཀུན་རྫོབ་ཙམ་དུ་ཡོད་པར་རྒྱལ་བས་གསུངས། །ཀུན་རྫོབ་སངས་རྒྱས་རང་སྟོང་ཡིན་མོད་ཀྱང༌། །ནོར་བུ་དཔག་བསམ་ཤིང་བཞིན་གཞན་ཕན་འབྱུང༌། །དོན་དམ་ཆོས་སྐུ་ཡོན་ཏན་དཔག་ཡས་པས། །རྒྱལ་སྲས་མཆོག་དང་དགྲ་བཅོམ་དཔག་ཡས་ལ། །གཞན་དོན་མཛད་པར་རྫོགས་ལྡན་ཆོས་ལས་གསུངས། །དེ་འདྲ་མ་ཐོས་མ་མཐོང་རང་བཟོ་མཁན། །གཟུ་ལུམ་མཁན་གྱིས་རྒྱལ་ལ་སྐུར་བཏབ་པས། །དེ་ཡི་རྟེན་གསུམ་ལ་ཡང་སྐུར་བཏབ་ནས། །དགེ་བའི་སྒོ་ཆེན་མང་པོ་རབ་ཏུ་བཀག །དེ་རྣམས་ཀྱིས་ཀྱང་རྫོགས་ལྡན་ཆོས་མཆོག་རྣམས། །མྱུར་དུ་མཐོང་ནས་ལྟ་ངན་རབ་སྤངས་ཏེ། །དགེ་བའི་སྒོ་ཆེན་མང་དུ་འབྱེད་གྱུར་ཅིག །རྒྱལ་བ་སྐྱོན་མེད་ཡོན་ཏན་ཐམས་ཅད་རྫོགས། །དེ་ཕྱིར་དེ་ལ་ཕན་གནོད་གང་བྱས་པའི། །འབྲས་བུ་གཞན་ལས་ལྷག་པར་ཆེ་བར་གསུངས། །དེ་ཕྱིར་ཆེད་དུ་གཏད་ནས་བཤིག་ན་ནི། །སྡིག་ཆེན་འགྱུར་གྱི་རང་བཞིན་ཞིག་པ་ནི། །སྡིག་ཆེན་ཡིན་པར་གསུངས་པ་མ་མཐོང་ངོ༌། །བདག་ནི་སྐྱེ་བ་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་གྱུར་ཅིག །བསྟན་པ་གསལ་བར་མ་ནུས་ནའང༌། །བསྟན་པའི་ཁུར་ཆེན་འཁུར་བར་ཤོག །ཁུར་ཆེན་བཀུར་བར་མ་ནུས་ནའང༌། །བསྟན་པའི་སེམས་ཁྲལ་བྱེད་པ་དང༌། །བསྟན་པ་ཉམས་ཀྱིས་དོགས་པ་ཡི། །བྱ་ར་ཙམ་ཡང་བྱེད་པར་ཤོག །མཁའ་ཁྱབ་ཕ་མ་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །སྡུག་བསྔལ་སེལ་བར་མ་ནུས་ནའང༌། །སྡུག་གྲོགས་ཙམ་ཡང་བྱེད་པར་ཤོག །ངོ་བོ་ཉིད་གསུམ་འདོད་དང་མི་འདོད་ལས། །སེམས་ཙམ་དབུ་མར་ལོག་བཤད་བྱེད་པ་དང༌། །ཀུན་གཞི་རྣམ་ཤེས་འདོད་དང་མི་འདོད་ལས། །སེམས་ཙམ་དབུ་མར་ལོག་བཤད་བྱེད་པ་དང༌། །རྣམ་ཤེས་ཚོགས་བརྒྱད་འདོད་དང་མི་འདོད་ལས། །སེམས་ཙམ་དབུ་མར་ལོག་བཤད་བྱེད་པ་དང༌། །རིགས་ཆད་འདོད་དང་མི་འདོད་པ་ལས་ཀྱང༌། །སེམས་ཙམ་དབུ་མར་ལོག་བཤད་བྱེད་ལ་སོགས། །རྫོགས་ལྡན་ཆོས་དང་འགལ་བའི་ལོག་བཤད་རྣམས། །བདག་གཞན་ཀུན་གྱིས་རྟག་ཏུ་སྤོང་གྱུར་ཅིག། །།
བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོ་ཞེས་བྱ་བ་ཕྱོགས་མེད་རིས་མེད་ཀྱི་བསྟན་བཅོས་འདི་ནི། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་པས་གནང་སྦྱིན་བཟང་ལ་མང་བ་མཛད་དེ། འདི་ལྟ་བུའི་བསྟན་བཅོས་མང་དུ་རྩོམས་གསུངས་པ་ལ་བརྟེན་ནས། རྟོན་པ་བཞི་ལྡན་གྱིས་སྦྱར་བ་རེ་ཞིག་རྫོགས་སོ།། །།བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག །མངྒ་ལཾ།། །།ཞུས་དག །