Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

97 occurrences of རྒྱུད་གསུམ་
[Clear Hits]


  
 
སངས་རྒྱས་གསང་བའི་ལམ་རྣམ་བཀོད་ཀྱི་ལེའུ་དང་པོའི་བསྡུས་དོན།
 
 
 
 
 
 
 
 
  
 
  
  
  
  
  
  
  
  
 
17   
 
  
  
 
 
 
 
  
 
 
 
12   


97 occurrences of རྒྱུད་གསུམ་
[Clear Hits]

 
previousསངས་རྒྱས་གསང་བའི་ལམ་རྣམ་བཀོད་ཀྱི་ལེའུ་དང་པོའི་བསྡུས་དོན།next

སངས་རྒྱས་གསང་བའི་ལམ་རྣམ་བཀོད་ཀྱི་ལེའུ་དང་པོའི་བསྡུས་དོན།


JKT006_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།ན་མོ་གུ་ར་བེ། དཔལ་ལྡན་སྲིད་དང་ཞི་བའི་ཐིག་ལེར་མི་ཕྱེད་རྡོ་རྗེའི་མཚན་དཔེ་ནི། །བརྟན་བསྡུས་རྟོགས་པའི་སེམས་དཔར་ཡོངས་ཤར་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱིས། །ཐབས་ཤེས་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་གསར་པ་ལྷུར་ལེན་པའི། །སྐུ་གསུམ་དབྱེར་མེད་ཧེ་རུ་ཀ་དཔལ་དེ་རིང་བདག་ལ་རྩེ་དགེས་སྐྱོངས། །གང་གི་ཞལ་ལུང་བདུད་རྩིའི་བརླན་ཆགས་པས། །ཕྱེ་བའི་ཞལ་དོན་ལམ་རིམ་ཨུཏྤ་ལ། །གྲུབ་པའི་སློབ་དཔོན་རྣམས་ཀྱི་རྗེས་འབྲངས་ནས། །གཟུར་གནས་རྣ་བའི་རྒྱན་དུ་དགོད་ལ་ཕྱོགས། །དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་མན་ངག་ལམ་གྱི་རིམ་པ་རིན་པོ་ཆེ་རྣམ་པར་བཀོད་པ་འདི་འཆད་པ་ལ་བཞི་སྟེ། མཚན་གྱི་དོན། འགྱུར་ཀྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། རྒྱ་གར་འཕགས་


JKT006_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུལ་དུ་སྐད་རིགས་ཆེན་པོ་རྣམ་པ་བཞི་ཡོད་པ་ལས། ལེགས་སྦྱར་སཾ་སྐྲྀ་ཏ་མི་སྐད་དུ་བསྟན་བཅོས་འདིའི་མཚན་ལ། གུ་རྒྱ་མནྟ་བཛྲ་ཡ་ན་ཨུ་པ་དེ་ཤ་པ་ཐཀྲ་མ་རཏྣ་བི་ཨུ་ཧ་ནཱ་མའོ། །དེ་ཉིད་བོད་སྐད་དུ་བསྒྱུར་ན། གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་ལམ་གྱི་རིམ་པ་རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བ། ཞེས་འབྱུང་སྟེ། དོན་ནི། ཐུན་མོང་གི་ཡུལ་དུ་མ་གྱུར་པའི་གསང་བ་དམ་པ་དེ་ལ་ཡིད་ཤེས་བདེ་མྱུར་གྱིས་སྐྱོབ་པར་བྱེད་བའི་ཕྱིར་སྔགས་དང་མི་ཕྱེད་པ་དང་མི་ཤིགས་པ་དང་ཐོགས་པ་མེད་པའི་རང་བཞིན་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པ་གང་ཡིན་པ་ལ། རྒྱུ་དང་འབྲས་བུ་ལྷུན་གྲུབ་ཏུ་སྤྱོད་པར་བྱེད་པའི་ལམ་འདིས་འདོང་བར་བྱེད་པས་ན་རྡོ་རྗེ་ཐེག་པ་སྟེ། དེ་ཉིད་ལས་བརྩམས་ཏེ་ཚེགས་ཆུང་ངུས་དོན་དཔག་ཏུ་མེད་པ་རྟོགས་སླ་བའི་ཐབས་སུ་གྱུར་པའི་མན་ངག །བགྲོད་བྱའི་ཕྱིར་ལམ། དེའང་རིམ་པ་བཞིན་དུ་འཇུག་པས་ན་རིམ་པ། འབྱུང་བར་དཀོན་པ་རིན་པོ་ཆེ་ལྟ་བུ་སྟེ། གདུལ་བྱའི་དབང་ཤེས་ཀྱི་རྒྱུད་ལ་མངོན་སུམ་རྣམ་པར་བཀོད་པའི་ཕྱིར་ན་ཡོན་ཏན་གྱི་སྒོ་ནས་བཏགས་པའོ། །གཉིས་པ་ནི། དཔལ་གྱི་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ལོ་པཎ་གཉིས་ཀྱིས་འགྱུར་མཛད་པའི་སྔ་ལོགས་སུ་འདོད་པའི་ལྷ་ལ་ཕྱག་འཚལ་བས་དགོས་པ་འགྲུབ་པར་བྱེད་པའི་ཕྱིར་


JKT006_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་ལྷ་ལ་ཕྱག་འཚལ་བའོ། །གསུམ་པ་ལ་གསུམ་སྟེ། མན་ངག་རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན་དང་། མན་ངག་རྩོམ་པ་རང་གི་ངོ་བོ་གཞུང་གི་དོན་དང་། མན་ངག་བརྩམས་པ་མཐར་ཕྱིན་པ་མཇུག་གི་དོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། མཆོད་པར་བརྗོད་པ་དང་། བརྩམ་པར་དམ་བཅའ་བའོ། །དང་པོ་ནི། བར་ཆད་བསལ་ཞིང་ཚོགས་རྫོགས་པ་སོགས་དགོས་ཆེད་དུ་མ་དང་ལྡན་པའི་ཕྱིར་གཞུང་བརྩམ་པའི་ཐོག་མར་ལྷག་པའི་ལྷ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་བ་སྟེ། འདི་ལ་དབྱེ་ན་བཞི་སྟེ། མཚན་གྱི་ཟུར་དང་པོ་དཔལ་གྱི་དོན་ལ་གཉིས། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ནི། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་བསྟེན་པ་ལའང་དཔལ་འབྱོར་གྱི་སྒྲས་བསྙད་པ་བཞིན། ཐེག་པ་འོག་མའི་རང་སའི་འབྲས་བུ་ལའང་དཔལ་དུ་བཏགས་ཏེ། དེ་ཡང་རྟོགས་པ་བདག་གི་དཔལ་ནི་ཆོས་ཉིད་ཕྱོགས་རེ་རྟོགས་པ་དང་། ཐུགས་རྗེ་གཞན་གྱི་དཔལ་ནི་དེས་གདུལ་བྱའི་དོན་ཕྱོགས་རེ་བྱེད་པའོ། །གཉིས་པ་ནི། སྔ་མའི་དཔལ་དེ་རྣམས་ཀྱི་དཔལ་དུ་གྱུར་པ་ནི་རྣམ་པ་གསུམ་སྟེ། འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱིས་ཁྱབ་པར་བཞུགས་པ་གནས་པ་གཞིའི་དཔལ། དེ་ལ་གློ་བུར་གྱི་དྲི་མ་བྲལ་ཏེ་གཞི་འབྲས་དབྱེར་མི་ཕྱེད་པའི་གོ་འཕང་མངོན་དུ་བྱས་


JKT006_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྟོགས་པ་མཆོག་གི་དཔལ། དེས་མཐའ་ཡས་པའི་གདུལ་བྱའི་དོན་དུ་གཟུགས་སྐུ་གཉིས་ཀྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་རྣམ་པར་འཕྲུལ་པ་ནི་ཐུགས་རྗེ་གཞན་གྱི་དཔལ་ཏེ། དེ་ཉིད་གང་ལ་ལྡན་པ་ནི་དཔལ་རྡོ་རྗེ་སེམས་དཔའོ། །མཚན་གྱི་ཟུར་གཉིས་པ་གཉིས་སུ་མེད་པའི་ཡེ་ཤེས་དེ་ལ་རྡོ་རྗེར་འཇོག་པའི་རྒྱ་མཚན་ནི་ལྟ་སྟེ། དང་པོ་ཕྲིན་ལས་ཀྱི་སྒོ་ནས་འཇོམས་པའི་རྡོ་རྗེ་ནི། ཇི་ལྟར་ཐུན་མོང་རྫ་ས་ཀྱི་རྡོ་རྗེ་ཕ་ལམ་ལའང་ཆོས་བདུན་དང་ལྡན་པ་བཞིན་དུ། གཉིས་མེད་ཀྱི་ཡེ་ཤེས་དེས་ཀྱང་གློ་བུར་གྱི་ཀུན་དཀྲིས་ཐམས་ཅད་འཇོམས་པར་བྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་ཡེ་ཤེས་སོ། །གཉིས་པ་ངོ་བོའི་སྒོ་ནས་རྒྱུ་རྐྱེན་འདུས་མ་བྱས་པའི་ཕྱིར་འདུས་མ་བྱས་པའི་རྡོ་རྗེའོ། །གསུམ་པ་ཡོན་ཏན་གྱི་སྒོ་ནས་འབྲས་ཆོས་ཉེར་ལྔ་པོ་ཐམས་ཅད་མ་བཙལ་བར་ངང་གིས་རྫོགས་པའི་ཕྱིར་བཙལ་བ་མེད་པའི་རྡོ་རྗེའོ། །བཞི་པ་མཚན་ཉིད་ཀྱི་སྒོ་ནས། དང་པོར་རྒྱུ་རྐྱེན་དང་བྲལ་བའི་ཕྱིར། མཐའ་མ་ཡང་རྒྱུ་རྐྱེན་གྱིས་མི་ཤིགས་པ་སྟེ་སྐྱེ་འཇིག་མེད་པའི་རྡོ་རྗེའོ། །ལྔ་པ་རང་བཞིན་གྱི་སྒོ་ནས། དབྱིངས་གཟོད་ནས་དག་པའི་ཀློང་དུ་རིག་པའི་ཡེ་ཤེས་འདུ་འབྲལ་སྤངས་པའི་ཕྱིར་དབྱེར་མེད་པའི་རྡོ་རྗེའོ། །དེ་ལྟར་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་རྒྱུ་མཚན་ལྔ་ཡིས་རྡོ་རྗེར་གྲུབ་པ་ཉིད་དོ། །མཚན་གྱི་ཟུར་གསུམ་པ་སེམས་ཞེས་པ། སཱ་ཏཱའི་སྒྲ་ལས་དྲངས་ན།


JKT006_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་སྭ་ཏཱ་ནི་སེམས་ཆེན་པོ། བཱའི་སྒྲ་ལས་དྲངས་ན་མ་ཧཱ་བཱི་ར་ནི་དཔའ་བོ་སྟེ། དེ་ལ་སྔ་མར་དོན་བཞི་སྟེ། དང་པོ་སྣང་ཚུལ་གྱི་སྒོ་ནས་ལྟ་བའི་སེམས་ནི། སྣང་སྟོང་གཉིས་སུ་མེད་པའོ། །གཉིས་པ་རང་བཞིན་གྱི་སྒོ་ནས་སྤྱོད་པའི་སེམས་ནི། སེམས་ཉིད་ངང་གིས་འོད་གསལ་བའོ། །གསུམ་པ་ངོ་བོའི་སྒོ་ནས་སྒོམ་པའི་སེམས་ནི། རྣམ་པར་རྟོག་པས་མི་གཡོ་བའོ། །བཞི་པ་འབྲས་བུའི་སྒོ་ནས་ཁྱད་པར་དུ་གྱུར་པའི་སེམས་ནི། གློ་བུར་གྱི་རྣམ་པར་རྟོག་པས་སྤང་བའི་ཕྱིར་མི་སེམས་ཤིང་། བླ་ན་མེད་པའི་ཡེ་ཤེས་དང་ལྡན་པས་སེམས་ཆེན་པོ་སྟེ་རྟག་ཆད་ཀྱི་མཐར་མ་ལྷུང་པའོ། །མཚན་གྱི་ཟུར་བཞི་པ་དཔའ་བོ་ནི། ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞིས་བདུད་བཞི་བཅོམ་པས་དཔའ་བོ་སྟེ། དེ་ཡང་རིམ་པར། ཉོན་མོངས་པ་ཡེ་ཤེས་ལྔར་ཞི་བས་ཉོན་མོངས་པའི་བདུད། ཕུང་པོ་ལྔ་རིགས་ལྔའི་ངོ་བོར་རྣམ་པར་དག་ཅིང་ཡོན་ཏན་རྒྱས་པས་ཕུང་པོའི། གཉིས་མེད་ཀྱི་དོན་དབང་དུ་བྱས་པས་ལྷའི་བུའི། སྐྱེ་མེད་ཀྱི་དོན་མངོན་དུ་སྤྱོད་པས་འཆི་བདག་གི་བདུད་བཅོམ་པའོ། །དེ་ལྟ་བུའི་དཔལ་རྡོ་རྗེ་སེམས་དཔའ་རང་བཞིན་བདེན་པ་དབྱེར་མེད་པ་ཉིད་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ཐེག་པ་འོག་མའི་དཀྱིལ་འཁོར་གྱི་གཙོ་བོ་ཀུན་ལས་ཆེས་ཁྱད་པར་དུ་གྱུར་པ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ངོ་བོར་བཞུགས་


JKT006_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ལྷ་ཡི་ལྷ་དང་ལྷའི་ལྷ་སོགས་ལ་བཤད་པ་རྒྱས་པ་ཞིག་ཡོད་དེ། མངོན་བརྗོད་བླ་མ་ལས་ཤེས། ཡང་ལྷ་སྟེ་གང་ལ་ཕྱག་འཚལ་བའི་ཡུལ་ལོ། །གང་གིས་ཕྱག་འཚལ་ན། གཞུང་མཛད་པ་པོ་སློབ་དཔོན་སངས་རྒྱས་གསང་བས་སོ། །ཚུལ་ཇི་ལྟར་འཚལ་ན་གསུམ་སྟེ། སྤྱོད་པ་རབ་ཀྱི། སྒྲུབ་པ་ཐབས་ཀྱི། མི་ཕྱེད་འདྲེས་པའི་ཕྱག་དང་གསུམ་ལས། འདིར་མི་ཕྱེད་པ་སྟེ། ཕྱག་འཚལ་ཡུལ་དང་འཚལ་མཁན་དགོངས་པ་གཉིས་སུ་མེད་པར་གྱུར་ཀྱང་། རྣམ་པ་ཙམ་དུ་དད་པའམ་མོས་པའི་ཚུལ་གྱིས་རང་ཞལ་མཇལ་བ་ལ་དེའི་ཐ་སྙད་བཞག་པའི་ཕྱིར་ལྟ་བ་མཇལ་བའི་ཕྱག་གོ །དགོས་པ་ནི་སྟོན་པ་དང་བསྟན་བཅོས་ལ་དད་པར་བྱ་བ་དང་། ཚོགས་རྫོགས་པ་དང་། མཐར་ཕྱིན་པའི་ཆེད་དུའོ། །གཉིས་པ་ཁས་བླངས་པས་དམ་བཅའ་ཡལ་བར་མི་འདོར་བའི་བརྩམ་པར་དམ་བཅའ་བ་ལ་གཉིས། ལོ་རྒྱུས་ཀྱི་སྒོ་ནས་བརྩམ་པར་དམ་བཅའ་བ་འཐད་པ་དང་བཅས་པ་དང་། བསྡུས་ཚུལ་གྱི་སྒོ་ནས་བཤད་པར་དམ་བཅའ་བ་དངོས་སོ། །དང་པོ་ལ་གཉིས་ཏེ། གསང་སྔགས་མི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་དང་། དེ་ཚོགས་སྒྲུབ་ཀྱི་སྒོ་ནས་འབྲས་བུ་ཐོབ་པའི་ཚུལ་ལོ། །དང་པོ་ལའང་གཉིས་ཏེ། གསང་བདག་གིས་རིགས་ཅན་དྲྭ་མ་ལྔ་ལ་གསུངས་པའི་དུས་དང་། རྒྱལ་པོ་ཛལ་གསང་སྔགས་གནང་བའི་དུས་བསྟན་པའོ། །དང་པོ་ནི། བདག་ཅག་གི་སྟོན་


JKT006_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ལོན་པ་ན་དམ་པའི་རིགས་ཅན་དྲྭ་མ་ལྔ་པོས་ནང་དུ་ཡང་དག་པར་འཇོག་པ་ལས་རང་རང་གི་མངོན་པར་ཤེས་པས་མཁྱེན་ནས། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་དང་ཉེ་བའི་ལངྐའི་ཡུལ། སྔོན་བཅོམ་ལྡན་འདས་ལངྐའི་རྒྱལ་པོ་སྒྲ་སྒྲོགས་ཀྱི་བུ་མགྲིན་བཅུས་སྤྱན་དྲངས་ནས་བློ་གྲོས་ཆེན་པོས་ཞུས་པའི་ངོར་ལང་གཤེགས་ཀྱི་མདོ་གསུངས་པའི་གནས་ཏེ། ཡུལ་དེ་སྔོན་སྲིན་པོས་བཟུང་ཞིང་། ཕྱིས་རྒྱལ་པོ་རཱ་མ་ཎས་བཅོམ་ཞིང་། སྐབས་ཤིག་དེད་དཔོན་སེང་གེ་བཟང་པོས་བཟུང་བས་སིངྒ་ལའི་གླིང་དུའང་གྲགས་པ་སྟེ། དེའི་ནང་ཚན་དྲག་ཡོན་ཏན་གསུམ་དང་ལྡན་པའི་ཤུལ་ཅན་གྱི་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོར་འདུས་ཏེ་གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་པས། སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས་མངོན་པར་མཁྱེན་ནས། དམ་པའི་མཛོད་གསུམ་གྱི་གསང་བ་འཛིན་པའི་བདག་པོ་ལག་ན་རྡོ་རྗེའི་རྣམ་རོལ་དུ་བསྟན་པས། རྫུ་འཕྲུལ་གྱི་ཞབས་ཀྱིས་སྐད་ཅིག་ལ་གནས་དེར་གཤེགས་ཏེ། ལྷ་གྲགས་ལྡན་ཆོས་སྐྱོང་བློ་གྲོས་མཐའ་ཡས། ཀླུ་རྒྱལ་མགྲིན་པ་ནག་པོ་བློ་གྲོས་རྒྱ་མཚོ། གནོད་སྦྱིན་སྐར་མདའ་གདོང་བློ་གྲོས་དད་སེལ། སྲིན་པོ་ལངྐའི་བདག་པོ་བློ་གྲོས་ཐབས་ལྡན། མི་དགེ་སློང་ལི་ཙཱ་བི་དྲི་མེད་གྲགས་པ་བློ་གྲོས་རབ་ཞི་སྟེ་གསང་སྔགས་ཉན་པའི་སྣོད་དང་སྐལ་བར་ལྡན་པ་


JKT006_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ཚོགས་ལ། སྟོན་པ་ཤཱཀྱའི་དབང་པོས་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལ་སོགས་པ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛཞེས་བྱ་བ་ལ། །ལག་ན་རྡོ་རྗེའི་མཐུས་སྣང་འགྱུར། །ཞེས་ཇི་ལྟར་ལུང་བསྟན་པའི་བདེན་པའི་འབྲས་བུ་མངོན་སུམ་སྨིན་པའི་དུས་དེར། སྔར་འོག་མིན་སོགས་སུ་གསུངས་པ་ཉིད་སླར་ཡང་བཟླས་ཏེ་སྟོན་པར་མཛད་ཅིང་། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་ནས་དགོངས་པའི་རྩལ་བདུན་གྱིས་ནམ་མཁར་སྦས་སོ། །གཉིས་པ་ནི། དེའི་ཚེ་དེའི་དུས་ན་ཧོ་རའི་རྒྱལ་པོ་ཨ་པརྙ་མུ་ཞེས་པའི་བུ་ཐེག་པ་མཆོག་གི་རིགས་ཅན་རྒྱལ་པོ་ཛཞེས་བྱ་བ་ཉིད་ཕྱི་རྒྱུད་ཀྱི་སྒྲུབ་པ་ལ་བཞུགས་པའི་ཚེ་རྨི་ལྟས་ངོ་མཚར་བ་བདུན་ཤར་ཏེ། ཇི་སྐད་དུ། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བགྲོ་བ་བྱས་པ་དང་། །ཀུན་གྱིས་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་འབབ་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་པའི་ཉིང་འཁྲུལ་ཇི་ལྟ་བ་དང་མཐུན་པར་བསྐྱེད་པ་མ་ཧཱ་ཡོ་གའི་རྒྱུད་ཀྱི་གླེགས་བམ་


JKT006_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ཏེ། དེ་ཉིད་སྔོན་གྱི་བསོད་ནམས་དང་། སངས་རྒྱས་ཀྱི་ཐུགས་རྗེས་འབྲེལ་ནས་སྣང་བའི་གླེགས་བམ་ལ་དགའ་བ་ཁྱད་པར་ཅན་སྐྱེས་ནས་དབང་པོས་མངོན་སུམ་དུ་བརྟགས་པས་བརྡ་མ་འཇལ་ཏེ། དགེ་སློང་ཀུ་ཀུ་རཱ་ཛ་ལ་བསྲིངས་པས་དེས་ཀྱང་མ་འཚལ་བར་སླར་བསྲིངས་པས། རྒྱལ་པོ་ཉིད་ཀྱིས་སླར་ཡང་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ཐུགས་ཀྱི་སྒྲུབ་པའི་ཐབས་དེ་མངོན་པར་རྟོགས་ཏེ། དེ་ཉིད་ཀྱི་སྒོ་ནས་ཟླ་བ་དྲུག་ཏུ་སྒྲུབ་པ་མཛད་པར། རྡོ་རྗེ་སེམས་དཔའ་དེ་ཉིད་ཀྱིས་གྲུབ་སྟེ་ཞལ་མཇལ་བས། རིགས་ཀྱི་བུ་ཅི་འདོད་ཅེས་གསུངས་པ་ན། གླེགས་བམ་འདི་རྣམས་རྟོགས་པར་འཚལ་ལོ་ཞུས་པས། རིགས་ཀྱི་བུ་རང་གི་ཕུང་པོ་སྦྱོངས་དང་། གསང་བའི་བདག་པོས་ལུང་སྟོན་པར་འགྱུར་རོ། །ཞེས་མི་སྣང་བར་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་རྗེས་སུ་བཟུང་སྟེ་སྒྲིབ་པ་སྦྱངས་ནས་གསང་སྔགས་ཀྱི་ལམ་བསྟན་པས་ཐམས་ཅད་མཁྱེན་པའི་དངོས་གྲུབ་ཉིད་དུས་དེ་ཙམ་ནས་ཐོབ་ཅིང་ལུང་གི་ཆོས་ལ་མངའ་བསྒྱུར། སྣོད་རྒྱལ་པོ་ཛ༠ལ་དོན་དམ་ངེས་པའི་ཐེག་པ་བཅུད་ཏན་སྡེ་བཅོ་བརྒྱད་ཀྱིས་དུས་དེ་ཙམ་ནས་བློ་གྲོས་རྒྱས་པར་བྱས་པས་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བ་ཐོབ། འདོད་པའི་བསམ་པ་གླེགས་བམ་རྟོགས་པར་བརྣག་པའང་དེ་ནས་གྲུབ་ཅིང་། ཚེ་རབས་ཀུན་ཏུ་སྨོན་


JKT006_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་དཔལ་ཕྱག་ན་རྡོ་རྗེ་དང་དུས་དེ་རུ་མཇལ་ཏེ་དོན་གཉིས་ལྷུན་གྱིས་གྲུབ་པར་གྱུར་ཏོ། །གཉིས་པ་ཚོགས་སྒྲུབ་ཀྱི་སྒོ་ནས་འབྲས་བུ་ཐོབ་ཚུལ་ནི། དེ་ལྟར་གསང་སྔགས་ཀྱི་ཐེག་པ་རིན་པོ་ཆེ་འཇིག་རྟེན་དུ་བྱུང་བའི་རྗེས་དེ་ནས་འཕགས་པའི་ཡུལ་དབུས་འགྱུར་འཆང་བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་སྟེང་གི་བྱང་ཤར་མཚམས། འཛམ་བུའི་རྐང་འཐུང་གིས་ཉེ་བར་མཚན་པའི་ཤར་གྱི་ཕྱོགས་དང་བྱང་གི་ཕྱོགས་གཉིས་ཀྱི་མཚམས་སུ། ཕྱག་ན་རྡོ་རྗེའི་ཕོ་བྲང་དུ་བྱིན་གྱིས་བརླབས་པའི་གནས་ཀྱི་དམ་པ་ཨ་སུ་རའི་བྲག་ཕུག་ཅེས་ནང་རིན་པོ་ཆེ་ཟུར་བརྒྱད་པའི་དབྱིབས་ཅན། སྒོ་ཟླ་གམ་དུ་གནས་པ་ན། དཔལ་གསང་བ་འཛིན་པའི་བདག་པོས་ཞབས་ཀྱིས་བཅགས་པའི་བཀྲ་ཤིས་ཤིང་བྱིན་རླབས་ཆེ་བའི་གནས་ཀྱི་དམ་པ་སྟེ་མཆོག་གི་བསམ་གཏན་གྱི་ཁང་བུ་དེ་རུ། ཟ་ཧོར་གྱི་དགེ་སློང་ཀུ་ཀུ་རཱ་ཛ་སྟེ་ཁྱིའི་རྒྱལ་པོར་གྲགས་པ་ཚོམ་བུ་ཁྲི་ཕྲག་འབུམ་དུ་བཤད་དང་བཅས་པ། རྒྱལ་པོ་ཛཉིད་ཀྱི་སྲས་ཨིནྡྲ་བྷཱུ་ཏི་སྟེ་འབྱུང་པོའི་དབང་པོ་ཚོམ་བུ་ཁྲི་ཕྲག་དང་བཅས་པ། སིངྒ་ལའི་རྒྱལ་པོའི་སྲས་ཨུ་པ་རཱ་ཛ་སྟེ་ཉེ་བའི་རྒྱལ་པོ་ཚོམ་བུ་སྟོང་ཕྲག་དང་བཅས་པ། །ཨིནྡྲ་བྷུ་ཏིའི་སྲས་མོ་གོ་མ་ས་སྟེ་མཐོ་རིས་ལྡན་མའམ། གོ་མ་དེ་བཱི་སྟེ་རྡོ་རྗེ་ཅན་གྱི་ལྷ་མོ་འཁོར་ཚོམ་བུ་ལྔ་བརྒྱ་དང་བཅས་པ་སྟེ། དེ་ལ་སོགས་པ་རྣམས་དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བ་སྙིང་


JKT006_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དཀྱིལ་འཁོར་དུ་ཕན་ནུས་ཟབ་མོའི་དབང་རྣམས་ལེགས་བར་ཐོབ་ནས་ཐོས་བསམ་གྱི་ལྟ་བ་རྟོགས་ཤིང་། ཚོགས་ལམ་གྱི་རྣལ་འབྱོར་བཞི་མཐར་ཕྱིན་ནས་སྦྱོར་ལམ་ཞི་ཁྲོའི་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་ཡང་རུང་བ་མངོན་པར་བསྒྲུབས་ཏེ། གནས་སྐབས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་དང་། དེ་ལ་བརྟེན་ནས་མཐར་ཐུག་མི་སློབ་པའི་སྐུ་གསུམ་རྡོ་རྗེ་འཆང་གི་གོ་འཕང་དུ་མངོན་སུམ་དུ་གཤེགས་པར་མཛད་དོ། །གཉིས་པ་དམ་བཅའ་བ་དངོས་ལ། ལུང་མཆོག་བླ་མ་ལས། ཐོས་ཆུང་གསར་བུ་ཡིད་ཆེས་བསྐྱེད་པའི་ཕྱིར། །མན་ངག་རྩིས་མགོ་ལྔ་ཡིས་ཀླད་ནས་གཞོམ། །ཞེས་གསུངས་པ་དང་མཐུན་པར་འཆད་ན། དང་པོ་ཁུངས་བཙུན་ཅིང་ཡིད་ཆེས་པར་བྱ་བའི་ཕྱིར་སློབ་དཔོན་གང་གིས་མཛད་པ་ནི། དེ་ལྟར་རྨད་དུ་བྱུང་བའི་ལོ་རྒྱུས་ཕུན་སུམ་ཚོགས་པ་དེ་ལྟ་བུ་དང་ལྡན་པའི་ཕྱིར་ན། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་ཤིང་ཡི་དམ་གྱི་ལྷའི་ཞལ་མཐོང་བ་དང་། རིམ་པར་བརྒྱུད་པའི་ཕྱི་མ་སྲས་མོ་གོ་མ་དེ་ཝཱིས་རྗེས་སུ་བཟུང་ཞིང་སྒྱུ་འཕྲུལ་གྱི་ཕྱོགས་ལ་ལྷག་པར་མཁས་པས་ན་བསྟན་བཅོས་བརྩམས་པའི་མཚན་ཉིད་གསུམ་ཀ་དང་ལྡན་པ་བུདྡྷ་གུལྟ་སྟེ་སངས་རྒྱས་གསང་བར་གྲགས་པ་སངས་རྒྱས་ཀྱི་མཚན་ཐོབ་པ་ངས་བཤད་པར་བྱའོ། །གཉིས་པ་བརྩམས་པ་དོན་ཡོད་


JKT006_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་དགོས་ཆེད་གང་གི་ཕྱིར་དུ་མཛད་པ་ནི། དམ་པ་སྟེ་གསང་སྔགས་རྡོ་རྗེ་ཐེག་པ་མཉན་པའི་སྐལ་བ་དང་ལྡན་པ་ཡ་རབས་དྲྭ་མའི་ངང་ཚུལ་ཅན། གནུབས་ནམ་མཁའི་སྙིང་པོ། རླངས་སུ་ཏ་གོ་ཆ། གཉགས་ཁམས་པའི་ལྷ། བྲན་ཀ་མུ་ཏི་བི། སློབ་དཔོན་སྦ་ཁྲི་གཞེར་དང་ལྔ་བརྒྱུད་ནས་དེ་ཡི་རྗེས་སུ་འབྱུང་འགྱུར་མ་འོངས་པའི་སྐལ་བ་དང་ལྡན་པ་རྣམས་ཀྱི་ཕྱིར་དུའོ། །གསུམ་པ་བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པའི་ཕྱིར་རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་པ་ནི། སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པའི་ རྒྱུད་ལ་བརྟེན་ནས། དུས་གསུམ next hit་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་གཤེགས་ཤུལ་གྱི་མན་ངག་ཟབ་མོ་ཉེ་བར་བརྩམས་པའོ། །བཞི་པ་སྟོན་པ་ལ་མཚན་ངེས་ཤིང་དོན་གྱི་མདོ་ཆིངས་རྟོགས་པར་བྱ་བའི་ཕྱིར་མཚན་ཅི་ལ་བཏགས་པ་ནི། སྤྱིར་ལམ་ནི་བགྲོད་པར་བྱ་བ་སྟེ། དེ་ཡང་ཐེག་པ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་སོ། །མཆོག་ནི་ཐེག་པ་འོག་མ་ལས་ཉེ་བ་དང་། བདེ་བ་དང་། - རྫོགས་པ་གསུམ་གྱིས་ཁྱད་པར་དུ་བྱས་པ་སྟེ། དེ་ལྟ་བུའི་དོན་སྟོན་པའི་ལམ་འདི་ཉིད་ལའང་ལམ་མཆོག་གི་རིམ་པའི་སྒྲས་སྨོས་པའི་ཕྱིར་མཚན་ལ་འདོགས་ལུགས་ལྔ་ལས་ངོ་བོའི་སྒོ་ནས་བཏགས་པའོ། །ལྔ་པ་དོན་ཁོང་དུ་ཆུད་པར་སླ་བའི་ཕྱིར་དངོས་པོའི་དོན་ངེས་པར་བསྟན་པ་ནི་འོག་ཏུ།


JKT006_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཡེ་ཤེས་རང་གནས་དང་། །སོགས་ཀྱིས་འཆད་དོ། །དེས་ན་དེ་ལྟ་བུའི་ལམ་འདི་བརྩམ་པར་རིགས་པ་སྟེ། ཉོན་མོངས་པ་དང་། དུས་དང་། ཚེ་དང་། ལྟ་བ་དང་། སེམས་ཅན་གྱི་སྙིགས་མར་གྱུར་པའི་ཕྱིར་ཉོན་མོངས་རྒྱུད་དྲག་ཅིང་གཉེན་པོ་སྟོབས་ཞན་པའི་དུས་ཀྱི་ཚེ་འདིར་ནི། སྤོང་འགེགས་སྦྱོང་བསྒྱུར་གྱི་ལམ་གྱིས་ཐུལ་བ་མིན་ཏེ། གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལམ་ཁོ་ནས་འདུལ་བའི་དུས་ལ་བབ་པའི་ཕྱིར་བསྟན་པར་བྱའོ། །ཞེས་པ་སྟེ། རྒྱུད་གཞན་ལས་ཀྱང་། རྩོད་ལྡན་བཞི་པ་བླ་མེད་རྒྱུད། །ཅེས་དང་། ཧེ་རུ་ཀ་དཔལ་གཟུགས་བྱས་ན། །སྙིགས་མའི་དུས་སུ་འགྲུབ་པར་འགྱུར། །ཞེས་སོགས་རྒྱ་ཆེར་བསྟན་པ་དང་དགོངས་པ་མཐུན་ནོ། །སྤྱི་དོན་གཉིས་པ་མན་ངག་རྩོམ་པ་རང་གི་ངོ་བོ་ལ་གཉིས། གང་ལ་སྦྱིན་པར་བྱ་བའི་མན་ངག་གི་སྣོད་བསྟན་པ་དང་། གང་སྦྱིན་པར་བྱ་བའི་མན་ངག་རང་གི་ངོ་བོའོ། །དང་པོ་ལ་གསུམ། སྣོད་ཀྱི་དགོས་ཆེད། སྣོད་བསྟན་པའི་ཐབས། སྣོད་ཀྱི་བྱེ་བྲག་གོ། །དང་པོ་ལ་གཉིས་ཏེ། གཞན་སེལ་བའི་དགོས་ཆེད་སྣོད་ངན་གྱིས་མི་འགྲུབ་པར་སྤྱི དཔེའི་སྒོ་ནས་བསྟན་པ་དང་། དོན་དུ་གཉེར་བའི་དགོས་ཆེད་བླ་མ་བཀུར་ཐབས་ཕན་ཡོན་དང་བཅས་པའོ། །གཞན་དུ། རྒྱུད་ཀྱི་མན་ངག་མེད་ན་རང་ཉམས་ཀྱིས་མི་རྟོགས་པས་མན་ངག་དང་ལྡན་པའི་བླ་


JKT006_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྟེན་དགོས་པ་དང་། མན་ངག་མི་ཉམས་པར་བྱ་བའི་ཕྱིར་སྣོད་བརྟག་ཅིང་སྦྱིན་མི་སྦྱིན་གྱི་དམིགས་བསལ་དང་། སྣོད་ལྡན་ལ་སྦྱིན་པའི་མན་ངག་རང་གི་ངོ་བོ་བསྟན་པའོ། །དང་པོ་ལ་གཉིས། བརྒྱུད་པའི་མན་ངག་མེད་པར་རང་ཉམས་ཀྱིས་མི་རྟོགས་པ་དང་། དེས་ན་བརྒྱུད་པའི་བླ་མ་མན་ངག་དང་ལྡན་པར་བརྟེན་དགོས་པའོ། །དང་པོ་ནི། སྤྱན་བཟང་པོ་སྟེ་མིག་མི་གསལ་འདི་ཨུ་མུ་ཏྲ་ཤ་ཀ་སྟེ་ལོང་བ་རང་གི་མིང་དུ་བཤད་པས་བརྟག་བས་འགྲོ་བའི་མཐུ་མེད་པ་དེ་ལོང་བར་གྱུར་པ་ཡི། དམིགས་བུ་སྟེ་ལམ་མཁན་བྲལ། རང་དགར་འགྲོ་བའི་ཉམས་མེད་དེ་ལམ་སྟོར་བས་ལམ་ལས་བགྲོད་ཅིང་འདོད་པའི་གནས་སུ་ཕྱིན་པར་ནམ་ཡང་མི་ནུས་ཏེ། །དེ་བཞིན་དུ་བླ་མ་མེད་པར་བློ་རྩིང་པོ་མ་སྦྱངས་ཤིང་མ་དུལ་བའི་དམུ་རྒོད་དེ་ལྟ་བུའི་རང་བཟོའི་ཉམས་ཀྱིས་གསང་བ་སྙིང་པོའི་དོན་རྟོགས་ཤིང་མཐར་ཕྱིན་པར་མི་འགྱུར་ཏེ། འདི་ལྟར་བུ་ལ་ཤིང་སྟེ་ཐང་ཤིང་སྨུག་པོར་གྲགས་པར་གནས་སྐབས་མེ་ཏོག་དང་མཐར་ཐུག་གི་འབྲས་བུ་གཉིས་མེད་པ་བཞིན་དོན་གཉིས་འགྲུབ་པར་མི་འགྱུར་རོ། །གཉིས་པ་ལ་གཉིས། བླ་མ་བཀུར་བའི་ཐབས་དང་། བཀུར་བའི་ཡོན་ཏན་ནོ། །དང་པོ་ནི། རྒྱུ་མཚན་དེ་བས་ན་བླ་མ་རྡོ་རྗེ་སློབ་དཔོན་དེ་ཉིད་རྒྱུད་ལུང་ནས་ཇི་ལྟར་བཤད་པ་བཞིན་བླ་མ་དང་སངས་རྒྱས་མཉམ་པ་དང་། ཐ་མི་དད་པ་དང་། ལྷག་པའི་ཚུལ་གྱིས་


JKT006_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་ཞིང་། སློབ་དཔོན་གྱིས་སློབ་བུ་བརྟག་པར་བྱ་བའི་ཕྱིར་སྐྱོ་བར་བྱས་ཏེ་མཚངས་འདྲུ་བ་དང་། ཞེ་གཅོད་པའི་ཚིག་ངན་ཇི་ལྟར་སྨྲ་ཡང་བཟོད་པ་སྟེ། ཅིའི་ཕྱིར་ན། གནས་སྐབས་འཇིག་རྟེན་གྱིས་མཐོང་བའི་གདུང་བ་ཅི་བྱུང་ཡང་ཁུར་དུ་མི་བལྟ་སྟེ། བཏགས་སྤྱོ་ཞེ་གཅོད་པ་ལ་སོགས་པ་དེ་ཀུན་མཐར་ཐུག་སངས་རྒྱས་ཐོབ་པར་བྱ་བའི་ཡུན་གྱི་དོན་དུ་བཟོད་པར་འོས་པའོ། །གཉིས་པ་ལ་གཉིས། བླ་མ་ཁུར་བའི་ཡོན་ཏན་གདམས་ངག་གནང་བ་དང་། དེའི་ཡོན་ཏན་སངས་རྒྱས་ཐོབ་པའོ། །དང་པོ་ནི། དེ་ལྟ་བུའི་དཀའ་བ་དང་དུ་བླངས་ནས་བླ་མ་དམ་པའི་ཞབས་པད་ལ་ལྟེམ་རྐྱངས་མེད་པར་བསྟེན་པར་ནུས་ན། ནམ་ཞིག་སྟོན་པ་རྡོ་རྗེ་རྒྱལ་པོ་སློབ་དཔོན་དེ་ཉིད་ཐུགས་རྗེ་གཡོས་ནས་མན་ངག་སྦྱིན་པར་ཞལ་གྱིས་འཆེས་པས་ཉམས་ཀྱི་གནང་བ་ཐོབ་པར་འགྱུར་ཏེ། དེའི་ཚེ་ན། རྒྱུད་ཆེན་གསང་བ་སྙིང་པོའི་གཞུང་གི་ལེའུ་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་གསུངས་པའི་ཡོན་ཕུལ་ནས་ནན་ཏན་གྱིས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀྱི་ཉིང་ཁུའི་གདམས་ངག་རྣམས་སློབ་བུ་དེ་ལ་སྟེར་བར་འགྱུར་རོ། །གཉིས་པ་ནི། མན་ངག་ཐོབ་པའི་གང་ཟག་དེ་ཡིས་ཅང་ཤེས་ལ་སོགས་པའི་བཞོན་པ་བཟང་པོ། མྱུར་བ་དང་། བདེ་བ་དང་།


JKT006_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པ་ལ་ཞོན་ནས་འགྲོ་བར་འདོད་པའི་གནས་སུ་སྐད་ཅིག་ལ་གེགས་མེད་པར་ཕྱིན་པར་བྱེད་པ་བཞིན་དུ། གསང་བ་བླ་ན་མེད་པའི་རྫུ་འཕྲུལ་རྟ་དང་། སྟོབས་གླང་པོ་ཆེར་མཚུངས་པའི་ཐེག་པ་ལ་ཞོན་པས། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་མཐོང་ཞིང་། རྐྱེན་འཇུག་པའི་མཚན་ཉིད་ཚོགས་ལམ་རྣལ་འབྱོར་བཞི་དང་། སྦྱོར་ལམ་བར་ཆད་མེད་པ་ཚོམ་བུ་ཚོགས་སྒྲུབ་ལ་བརྟེན་ནས། གནས་སྐབས་ཀྱི་འབྲས་བུ་མཐར་ཕྱིན་པ་རིག་འཛིན་བཞིའི་ལམ་ལ་བཀོད་ནས། མཐར་གྱིས་སྐུ་དང་ཡེ་ཤེས་ཕྲིན་ལས་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་པ་བྱང་ཆུབ་སྙིང་པོའི་གནས་སུ་ཕྱིན་པར་བྱེད་པའོ། །གཉིས་པ་བརྟག་པ་ལ། སྣོད་བརྟག་པའི་ཚུལ་དངོས་དང་། སྣོད་དང་ལྡན་པ་ལ་སྦྱིན་ཅིང་། སྣོད་དང་མི་ལྡན་པ་ལ་མི་སྦྱིན་པའི་ཚུལ་ལོ། །དང་པོ་ནི། སྣོད་བཅུད་འཛོམ་ན་ཟབ་མོའི་ལམ་གྱི་དངོས་གྲུབ་མྱུར་དུ་ཐོབ་པའི་ཕྱིར་དེ་བས་ན་བླ་མ་རྡོ་རྗེ་སློབ་དཔོན་སློབ་བུ་ཡལ་བར་མི་འདོར་བོའི་གཉེར་དང་ལྡན་པས་ཐོག་མར་སྣོད་བརྟག་པ་གལ་ཆེ་སྟེ། དེ་ཡང་རྒྱང་ནས་རིགས་དང་། ངང་ཚུལ་བཟང་ངན་དང་། དད་པ་དང་། ཤེས་རབ་ཆེ་ཆུང་གཞན་ལ་དྲིས་པ་དང་། དྲུང་དུ་སྒོ་གསུམ་གྱི་བྱ་བྱེད་བརྩོན་འགྲུས་སོགས་བརྟག་པ་དང་། ཀུན་འདུས་དང་རྔམས་གློག་སོགས་ལས་གསུངས་པ་ལྟར། བྱིས་པ་གཙང་མའི་སེམས་ལ་པྲ་ཕབ་སྟེ་བརྟག་པ་དང་། ལས་


JKT006_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཁའ་འགྲོ་ལ་གཏོར་མ་བྱིན་པས། དེ་ཡིས་གསང་སྔགས་སྟོན་དུ་རུང་མི་རུང་གི་ལྟས་ཉམས་དང་རྨི་ལམ་སོགས་སུ་སྟོན་པས་བརྟག་པ་དང་། མཚངས་ནས་འདྲུ་བ་དང་སྤྲོ་བར་བྱ་བས་དད་པ་སོགས་ལྡོག་གམ་མི་ལྡོག་པར་བརྟག་པ་སྟེ། དེ་ལྟར་བརྟག་ཐབས་རྣམ་པ་ལྔ་ཡི་སྒོ་ནས་ལན་གཅིག་མ་ཡིན་པར་ཅི་ནས་ཀྱང་བརྟག་པར་བྱའོ། །གཉིས་པ་ནི། དེ་ལྟར་བརྟགས་པས་སྣོད་བཟང་པའི་མཚན་ཉིད་དང་ལྡན་ན་ཐེག་དམན་དུ་བློ་མི་ལྡོག་ཅིང་། གསང་བ་མཆོག་གི་ལམ་འདིར་ཡིད་བརྟན་པར་བྱ་བའི་ཆེད་དུ་དབང་བསྐུར་བ་སྔོན་དུ་འགྲོ་བས་དམ་ཚིག་དང་སྡོམ་པས་རྒྱུད་སྨིན་ཅིང་བརྟས་པར་བྱས་པ་ཡི། ཤིཀྵ་སྟེ་སློབ་མ་གང་ཡིན་པ་དེའི་ལག་ཏུ་མན་ངག་ཟབ་མོ་འདི་གདམས་ཤིང་གཏད་པར་བྱའོ། །གསུམ་པ་ལ་གཉིས་ཏེ། སྣོད་ངན་ལ་མི་སྦྱིན་ཅིང་འཚམས་པར་དོན་བྱ་བ་དང་། བྱིན་པའི་ཉེས་དམིགས་སོ། །དང་པོ་ནི། གལ་ཏེ་ངན་པའི་མཚན་ཉིད་ཀྱི་རྟགས་མཐོང་བའམ་མངོན་སུམ་དུ་ཤེས་པས་རྟགས་འདི་ལྟར་འབྱུང་སྟེ། ཚེ་འདིའི་འདོད་པ་ཕྲ་མོའི་རྒྱུར་དམིགས་ནས་ཆོས་བྱེད་པ་དང་། འཇིག་རྟེན་གྱི་ཁེ་དང་རྙེད་བཀུར་ལ་སོགས་པ་ཐོབ་པའི་རྒྱུར་ཆོས་བྱེད་ཅིང་། ཁྱད་པར་མན་ངག་གི་བཅུད་ཆེན་བརྗེད་ངས་ཀྱིས་མི་ཐུབ་པར་འཛག་པ་ནི་སྣོད་ཞབས་རྡོལ་ལྟ་བུ། རང་གིས་མ་རྟོགས་པར་གཞན་ལ་འདོམས་པར་རིངས་པ་


JKT006_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གསང་སྒོ་ཡལ་བར་དོར་བས་བཅུད་དབོ་བ་སྟེ་སྣོད་གཞོག་རལ་ལྟ་བུའི་སྐྱོན། མན་ངག་ཟབ་མོ་བསྟན་ཀྱང་མི་གོ་བ་ནི་མི་ཆགས་པ་སྟེ་སྣོད་ཁ་སྦུབས་ལྟ་བུའི་སྐྱོན། གྲུབ་མཐའ་གཞན་དང་འདྲེས་ནས་རང་གི་ཆོས་ལ་ཐེ་ཚོམ་ཟ་བ་ནི་མ་རུངས་པར་བྱེད་པ་སྟེ་སྣོད་དུག་ཅན་ལྟ་བུའི་སྐྱོན་ཏེ་བཞི་དང་། གཞན་ཡང་ཟང་ཟིང་གི་དངོས་པོ་མཐའ་མ་དེ་ཉིད་བླ་མ་ལ་གཏོང་ཞིང་དབུལ་ཏེ་རང་གི་ཡིད་ལ་མཛའ་བ་དེ་ཉིད་མི་ཕུལ་བར་ཕུག་ཏུ་འཆིང་སྟེ་མི་སྦྱིན་པ་དང་། སེམས་རྒྱུད་ལ་གཡོ་སྒྱུ་ཤས་ཆེ་བ་ཅན། དངོས་སུ་དགའ་བ་དང་གུས་པ་ལྟར་བྱེད་ཅིང་། འགལ་བ་ལྟག་སྤྲོད་ཀྱི་རྣམ་པས་ལྐོག་ཏུ་སྐུར་པ་འདེབས་པ་དང་། བླ་མས་མ་མཐོང་བའི་ལྐོག་ཏུ་གྱུར་པའི་ཚེ་ན་རང་གང་དགའ་བར་བྱེད་ཅིང་དམ་ཚིག་མི་སྲུང་བ་དང་། ངག་ལ་རིགས་ངེས་ཏེ་བཟང་པོར་བློ་ཡང་བསམ་པ་ལ་མི་ངེས་པར་གཅིག་ཤོས་སེམས་པ། བུད་མེད་ཡིན་ཡང་སེམས་འདོད་ཆགས་ཀྱི་གཞན་དབང་དུ་སོང་བས། གཉེན་པོ་ངོ་ཚ་མེད་པར་གང་འདོད་པ་རང་གར་ཤོར་བའི་ཕྱལ་བ་སྟེ། འདི་ཉིད་སྐྱེས་པ་ལའང་མཚུངས་སོ། །མུན་པའི་ཁྲོད་དང་མི་མེད་པའི་ལྐོག་ཏུ་གང་དང་ཕྲད་པར་འདོད་ཆགས་སྤྱོད་པ་མངོན་པར་སྙེགས་པ་སྟེ། མདོར་ན་གང་ཟག་ཕོ་མོ་གང་ཡིན་ཡང་རུང་སྟེ། ཏནྟ་སྟེ་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་རྣམས་ལས་སྣོད་དུ་མ་བསྔགས་པ་རྣམས་ལ་ནི། བསྐལ་པར་ལུས་


JKT006_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དང་གྲིབ་མ་བཞིན་དུ་འཁོར་བར་འགྱུར་ཡང་། བླ་ན་མེད་པའི་ཐུགས་ཀྱི་བདེ་བ་སྟེ་དུས་གསུམ་གྱི་རྒྱལ་བའི་དགོངས་བཅུད་མཐར་ཐུག་པ་འདི་རླུང་ཕྱོགས་ཙམ་དུའང་སྤྲོ་བར་མི་བྱའོ། །འོ་ན་ཐུགས་རྗེ་གཏན་ནས་མེད་དམ། གདམས་ངག་མི་སྦྱིན་ནམ་ཞེ་ན། གདུལ་བྱ་སོ་སོའི་བློ་དང་འཚམས་པར་ལྷའི་སྐུ་བསྒོམ་པའི་ཐབས་ཐུན་མོང་ཙམ་བསྟན་པ་དང་། རྩ་བ་དང་ཡན་ལག་གི་དམ་ཚིག་གཅན་གཟན་གྱི་འཕྲང་དང་འདྲ་བ་སྦྱིན་ཅིང་། ཐེག་པ་ཐུན་མོང་བའི་ལམ་ནས་རིམ་པར་བློ་འཁྲིད་པར་བྱ་སྟེ། འདིའི་ཚུལ་གཞན་དུའང་། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །སོགས་དང་མཐུན་པ་ཉིད་དོ། །གཉིས་པ་ནི། དེ་ལྟར་མིན་པར་རང་དགར་བསྟན་ན། བེའུ་བཟང་ངན་གཉིས་སྦྲེལ་ནས་གཡང་སར་གཏོང་ན་གཅིག་ཤོས་ལྷུང་བའི་ཞར་ལ་གཅིག་པོ་ཡང་བསྒྱུར་བ་བཞིན་དཔོན་སློབ་གཉིས་ཀ་ངན་སོང་དུ་འགྲོ་བར་འགྱུར་བ་དང་། སློབ་དཔོན་དེས་ཟས་ནོར་གྱི་འདོད་པའི་ཁེ་ལ་བསམ་པས་བློ་འཕྲོགས་ཏེ། མི་ཆོས་ལ་བློ་གཅམ་ཞིང་འཕྱར་བས་འཆལ་བར་གཏོང་བའི་མཐུས། སྣོད་ཀྱི་སྐྱོན་ཚུ མ་རྟོགས་པར་སྤྲོས་ན་བསིལ་བའི་ཚལ་སོགས་གདོད་ནས་གྲུབ་པའི་དུར་ཁྲོད་ཀྱི་གླིང་བརྒྱད་ཀྱི་ལས་ལས་གྲུབ་པའི་མ་མོ་དང་མཁའ་འགྲོ་མ་རྣམས་དུར་ཁྲོད་ཀྱི་རོ་ལ་འདུས་པ་བཞིན་དུ་འདུས་ནས། ཉམས་པ་


JKT006_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དེའི་ཤ་ཟ་ཞིང་སྲོག་ལ་ཆད་པ་འབེབས་ནས་མྱུར་དུ་འཆི་བའི་དུས་བྱེད་ལ། དེའི་འོག་ཏུའང་ངན་སོང་དུ་ལྟུང་བའི་སྐྱོན་ཆེན་པོ་འགྱུར་བའི་ཕྱིར་ཞིབ་ཏུ་བརྟག་པ་གཅེས་སོ། །སྤྱི་དོན་གསུམ་པ་སྣོད་ལྡན་ལ་སྦྱིན་པའི་མན་ངག་རང་གི་ངོ་བོ་བསྟན་པ་ལ་གཉིས། ལུས་མདོར་བསྟན་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་བརྟགས་པས་སྐལ་བ་དང་ལྡན་པར་མཐོང་བའི་སློབ་མའི་ཕྱིར་གང་སྦྱིན་པར་བྱ་བའི་མན་ངག་གི་ལམ་གྱི་རིམ་པ་ནི་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་དཀྲི་བ་སྟེ། དང་པོ་ནི། གཟོད་མ་ནས་བྲལ་ཐོབ་སྤངས་པའི་རང་བྱུང་གི་ཡེ་ཤེས་ལམ་དང་འབྲས་བུ་ཐམས་ཅད་ཀྱི་ཁྱབ་བྱེད་བདེན་གཉིས་དབྱེར་མེད་ཆེན་པོར་རང་previous hit རྒྱུད་ལ་གནས་པ་གང་ཡིན་པ་སྟེ་ལེའུ་དང་པོས་སྟོན་ནོ། །གཉིས་པ་ལ་གསུམ next hit་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞིའོ། །དང་པོ་ནི། ཡེ་ནས་གནས་པའི་དོན་དེ་ཉིད་ཤེས་རབ་ཀྱི་སྤྱན་གྱིས་ཕྱིན་ཅི་མ་ལོག་པར་མཐོང་བ་སྟེ་ལེའུ་གཉིས་པས་རྒྱས་པར་སྟོན། གཉིས་པ་ནི། དེར་འཇུག་ཅེས་དབང་རྣོན་གཅིག་ཅར་འཇུག་པའི་ཚུལ་ལེའུ་དང་པོའི་སྟོད་དང་། དབང་རྟུལ་རིམ་གྱིས་འཇུག་པ་ལ་ཚོགས་སྦྱོར་གཉིས་ལས། དང་པོ་ལ་སྟོང་པ་ཆེན་པོ་དང་། སྙིང་རྗེ་སྒྱུ་མ་དང་། ཕྱག་རྒྱ་གཅིག་པ་དང་།


JKT006_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་སྤྲོས་པ་སྟེ་རྣལ་འབྱོར་བཞི་པོ་རྣམས་རིམ་པར་ལེའུ་གསུམ་པ་ནས་དྲུག་པའི་བར་གྱིས་སྟོན། སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཚོགས་ཀྱི་སྒྲུབ་པ་ནི་ལེའུ་བདུན་པས་སྟོན་ནོ། །གསུམ་པ་ལ། མཐོང་ལམ་དུ་ཡིད་ཀྱི་རྣམ་པ་ལྷ་སྐུར་སྨིན་པ་དང་། རང་གི་ཚེ་ལ་མི་འཆི་བར་དབང་བསྒྱུར་བ་དང་། སྒོམ་ལམ་དུ་རང་བཞིན་གྱི་ཕྱག་རྒྱ་མངོན་དུ་བྱེད་ཅིང་། མཚན་མའི་ཕྱག་རྒྱ་ཡིད་ལ་བྱེད་པ་དང་། མཐར་ལམ་དུ་སྐུ་གསུང་ཐུགས་ཡོན་ཏན་ལྷུན་གྱིས་གྲུབ་པ་སྟེ་རིག་འཛིན་བཞི་པོ་ནི་ལམ་དུ་གྱུར་པའི་འབྲས་བུ་སྟེ་ལེའུ་བརྒྱད་པས་སྟོན། གསུམ་པ་མཐར་ཐུག་གི་འབྲས་བུ་མི་སློབ་པའི་གོ་འཕང་མངོན་དུ་བྱས་པ་ནི་ལེའུ་དགུ་པས་རྒྱས་པར་སྟོན་པ་སྟེ། དེ་ལྟར་རིམ་པ་བཞིན་དུ་བརྗོད་པར་བྱ་བ་སྟེ། བརྗོད་བྱའི་དོན་ལ་བཅུ་གཉིས་དང་། རྗོད་བྱེད་ཀྱི་ཚིག་ལ་ལེའུ་དགུ་ཡོད་དོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གསུམ་སྟེ། གཞི་ཡེ་ཤེས་རང་ལ་གནས་པ་དང་། ལམ་རང་གནས་རྟོགས་ཤིང་གོམས་པར་བྱ་བའི་ཐབས་དང་། འབྲས་བུ་རང་གནས་མངོན་དུ་བྱེད་པའི་སངས་རྒྱས་ཀྱི་དགོངས་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། ལེའུའི་མཚན་ནོ། །དང་པོ་ནི། མདོར་བསྟན་པ་ལེའུ་དགུ་པོ་དེ་ལ། དང་པོ་གཞི་ཡེ་ཤེས་རང་གནས་ཉིད་ལའང་སྤྲོས་ཏེ་རྒྱས་པར་བཤད་པའི་གཞི་ཡི་གནས་


JKT006_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་དེ་ཉིད་སྐལ་བ་དང་ལྡན་པ་དེ་ཡིས་ཐོག་མ་ཉིད་དུ་ཤེས་པར་བྱ་བའི་ཡུལ་ལོ། །གཉིས་པ་ལ་གསུམ་སྟེ། རང་བཞིན་ཡེ་ཤེས་རང་ལ་གནས་ཚུལ། དེ་མ་རྟོགས་པར་འཁྲུལ་པའི་ཚུལ། འཁྲུལ་ཡང་ལམ་དང་འབྲས་བུ་ལ་གནས་པའི་ཚུལ་ལོ། །དང་པོ་ལའང་གཉིས་ལས། དང་པོ་གཞི་ཆོས་ཀུན་རང་སྣང་ལ་འཁོར་འདས་གཉིས་སུ་མེད་པར་བསྟན་པ་ནི། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི་ཆོས་ཅན། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པར་ཐལ། འཁོར་བ་སེམས་ཉིད་རང་སྣང་ཙམ་ཡིན་པའི་ཕྱིར། དེ་སྐད་དུའང་མདོ་ལས། དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་སོ། །སེམས་ཉིད་དེ་ཡང་བརྟགས་ན་དངོས་པོར་གྲུབ་པའི་བདག་དང་བདག་གིར་འཛིན་པ་རྡུལ་ཙམ་ཡང་གྲུབ་པ་མེད་དེ། དེའི་ཕྱིར་རིན་པོ་ཆེའི་གླིང་དུ་ས་རྡོ་ཕལ་པ་མི་རྙེད་པ་བཞིན་དུ་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ལས་སྣང་སྲིད་བསམ་ཡས་སུ་ཤར་བའི་ཕྱིར་མ་དག་པའི་དངོས་པོར་ནམ་ཡང་མི་དམིགས་སོ། །འོ་ན་མྱང་འདས་ཕྱོགས་གཅིག་པའི་མཐར་ལྷུང་ངོ་ཞེ་ན། རྒྱུ་འཁོར་བའི་རང་བཞིན་ཕྱོགས་གཅིག་ཏུ་མི་དམིགས་པའི་ཕྱིར། དེ་ལ་ལྟོས་པའི་འབྲས་བུ་ཆོས་ཉིད་མྱ་ངན་ལས་འདས་པ་ཡང་ཕྱོགས་གཅིག་ཏུ་ཡོད་པ་མ་ཡིན་ཏེ། འཁོར་འདས་དབྱེར་མེད་པ་མཐའ་གཉིས་ལས་གྲོལ་བ་ནི་གདོད་མའི་སྤྱི་གཞི་ཆེན་


JKT006_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྟེ། ཧེ་བཛྲ་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པའང་ཡིན། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་སོ། །དེ་ལས་མ་རྟོགས་པ་སེམས་ཅན་རྣམས་འཁྲུལ་པའི་གཞི་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། རྟོགས་པ་སངས་རྒྱས་ཀྱི་གྲོལ་གཞི་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཏུ་བཞག་སྟེ། དོན་གྱིས་འདིར་ཡང་བདེན་གཉིས་དབྱེར་མེད་ཀྱིས་ཁྱབ་པའི་དགོངས་པ་ལོངས་པར་བྱའོ། །གཉིས་པ་འཁོར་འདས་ཐ་དད་པའི་སྐྱོན་བརྗོད་པ་ལ་གཉིས་ཏེ། དང་པོ་འཁོར་བ་རང་བཞིན་ཐ་དད་པའི་སྐྱོན་ནི། དེ་ལྟར་མྱ་ངན་ལས་འདས་པའི་རིགས་དང་། འཁོར་བའི་རྒྱུད་གཉིས་ངོ་བོ་ཐ་དད་པར་གྲུབ་པ་མེད་པས། གནས་ལུགས་བྱང་ཆུབ་ཀྱི་སེམས་བདེན་གཉིས་ཟུང་འཇུག་མཆོག་གི་ངོ་བོ་དེ་ལ་འཁོར་འདས་ཀྱི་རྫས་ཐ་དད་དུ་ངེས་སོ་ཞེ་ན། འཁོར་བ་དེ་ཡང་དག་པའི་ལམ་གྱིས་མྱ་ངན་ལས་འདས་པར་བསྒྱུར་ཞིང་བཅོས་སུ་མེད་དེ། དེ་ཐ་དད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ངོ་བོ་ཐ་དད་པའི་སྐྱོན་དཔེ་དང་བཅས་པ་ནི་ཡང་དག་པའི་ས་ལ་གཤེགས་པའི་སངས་རྒྱས་དང་། ལོག་པར་རྟོག་པས་སྲིད་པར་འཁྲུལ་པའི་སེམས་ཅན་གཉིས་སོ། །ངོ་བོ་ཉིད་ཀྱིས་རྫས་ཐ་དད་དུ་གནས་པར་གྱུར་ན། དེ་ལ་ལམ་གྱིས་བཅོས་ཤིང་མྱ་ངན་ལས་འདས་པར་བསྒྱུར་དུ་མེད་དེ། དཔེར་ན་


JKT006_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མཆིང་བུ་ལ་ཕྱག་མཆོད་བྱས་ན་ནོར་བུ་རིན་པོ་ཆེ་དང་མཚུངས་པའི་དགོས་འདོད་འབྱུང་བར་མི་འགྱུར་བ་བཞིན་དུ་འཁོར་བ་ལས་མྱང་འདས་འབྱུང་བར་ནམ་དུའང་མི་རིགས་པའི་ཕྱིར་རོ། །གཉིས་པ་མ་རྟོགས་འཁྲུལ་པའི་ཚུལ་ནི། དེ་བས་འཁོར་འདས་དབྱེར་མེད་པ་ཡིན་པ་དེ་ལྟ་ནའང་གློ་བུར་གྱི་རྣམ་པར་རྟོག་པའི་ཀུན་དཀྲིས་ཀྱི་ཚུལ་འདི་བཞིན་དུ་འཁྲུལ་པས་འཁོར་བའི་རྒྱ་མཚོ་མུ་མཐའ་མེད་པར་འཁྱམས་པ་སྟེ། རྒྱུ་༡ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་མ་ཤེས་ཤིང་། ཀུན་ཏུ་བརྟགས་པའི་མ་རིག་པས་ལོག་པར་རྟོག་པ་སྣ་ཚོགས་པ་ཞགས་པ་དང་འདྲ་བས་འཁོར་བའི་རྒྱུ་བྱས། ལས་༢དགེ་སྡིག་བར་མ་གསུམ་དང་། །རྩ་བའི་ཀུན་དཀྲིས་ཉོན་མོངས་ལྔ་སྟེ་བརྒྱད་ཀྱིས་འཁོར་བའི་གནས་རིགས་མཐོ་དམན་དུ་འཕེན་པའི་རྐྱེན་གྱིས་སོ། །འཁོར་༣ཚུལ་མ་རིག་པ་ལས་འདུ་བྱེད་དང་། དེ་ལས་རྣམ་པར་ཤེས་པ་དང་། མིང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའི་བར་དུ་བཅུ་གཉིས་པོ་འཁོར་ལོ་བཞིན་དུ་འབྱུང་བས་སྲིད་པའི་གནས་སུ་ཡང་དང་ཡང་དུ་བསྐྱལ་ཞིང་། འབྲས་༤བུ་ནི་རྟེན་ཕྱི་སྣོད་འཇིག་རྟེན་གྱི་སྣང་བ་དང་། བརྟེན་པ་ནང་བཅུད་སེམས་ཅན་གྱི་ལུས་ལོངས་སྤྱོད་འདོད་པ་སོགས་ཐ་དད་པས། གནས་སྐབས་བདེ་བ་ལྟར་སྣང་བ་


JKT006_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། ད་ལྟར་བདེ་ཡང་སྐད་ཅིག་གིས་འགྱུར་བ་ནི་འགྱུར་བའི་སྡུག་བསྔལ། སྡུག་བསྔལ་གྱི་སྟེང་དུ་སྡུག་བསྔལ་གྱིས་གདུང་བ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཏེ་། དེ་ལྟ་བུའི་ཚུལ་གྱིས་གནས་རིས་གསུམ་པོ་ཐམས་ཅད་ཉམ་ཐག་པར་བྱས་པས་ཐར་པ་ཐམས་ཅད་མཁྱེན་པའི་ལམ་དང་བྲལ་བའོ། །དུས་ནི་འཁོར་བ་དང་པོ་བརྩམས་པའི་ཐོག་མ་མེད་པ་ནས་དུས་བཞིའི་དུས་ཀུན་ཏུ་ཉམས་ཀྱང་། ལ་བཟླ་༦བ་ནི། རང་བཞིན་བདེ་གཤེགས་སྙིང་པོ་ཉིད་ལས་གཞན་དུ་ཉམས་པའམ་དམན་པར་གྱུར་པ་ནམ་ཡང་མེད་པའོ། །གསུམ་པ་འཁྲུལ་པ་ཡང་ལམ་དང་གཞན་ན་མེད་པར་བསྟན་པ་ལ་གཉིས་ཏེ། དཔེ་དང་སྦྱར་ཏེ་མདོར་བསྟན་པ་དང་། དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་འཁྲུལ་པའི་གནས་སྐབས་ནའང་། དཔེར་ན་རྒྱལ་པོའི་ཕྲུ་གུ་དམངས་སུ་འཁྱམས་ཀྱང་རྒྱལ་པོའི་རིགས་ལས་འགྱུར་བ་མེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཆོས་དབྱིངས་གནས་པའི་རིགས་ལ་འཕོ་འགྱུར་གྱི་མཚན་མ་མ་དམིགས་ཏེ། རྒྱལ་བ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །རྒྱུ་དེས་ན་ཤུལ་ཏེ་ལམ་དང་། དོན་ཏེ་དེའི་འབྲས་བུའང་རང་ལས་གཞན་མིན་ཏེ། དཔེར་ན་འཕྲུལ་དགའི་ལྷ་རྣམས་ཀྱིས་རང་གིས་སྤྲུལ་པའི་ཡོ་བྱད་ལ་རང་གིས་


JKT006_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱད་པའི་ཚུལ་དེ་རང་ཉིད་ལས་གཞན་པའི་རྫས་ཐ་དད་པས་བསྡུས་པ་མ་ཡིན་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ལམ་རང་ལ་གནས་ཚུལ་དང་། འབྲས་བུ་རང་ལ་གནས་ཚུལ་ལོ། །དང་པོ་ལ་བཞི་སྟེ། བསྟན་པ་རང་ལ་གནས་པའི་ཚུལ་དང་། གླིང་གཞི་རང་ལ་གནས་པའི་ཚུལ་དང་། གྲོལ་ལམ་རྒྱུད་དོན་རང་ལ་གནས་པའི་ཚུལ་དང་། ཐབས་ལམ་རང་ལ་གནས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཀུན་རྫོབ་ལམ་དང་འབྲས་བུ་གཞན་ན་མེད་དེ་རང་ལ་གནས་པ་དང་། དོན་དམ་དུ་དང་། དབྱེར་མེད་དུའོ། །དང་པོ་ལ་གསུམ་སྟེ། ཀུན་རྫོབ་ཏུ་གཞི་ཡེ་ཤེས་ལྔ་རང་ལ་གནས་པ་དང་། ལམ་རང་ལ་གནས་པ་དང་། འབྲས་བུ་རང་ལ་གནས་པའོ། །དང་པོ་ནི། དེ་ཡང་རྒྱས་པར་སྤྲོ་ན། ཀུན་རྫོབ་དང་། དོན་དམ་པ་དང་། དབྱེར་མེད་པ་རྣམ་པ་གསུམ་དུ་གནས་པའི་ཚུལ་བཞག་པར་བྱ་སྟེ། དེ་ལ་དང་པོ་མཚོན་བྱ་དོན་གྱི་བསྟན་པ་རང་ལ་གནས་པའི་ཚུལ་ནི། དེ་ཡང་འགྲོ་བ་རྒྱུད་ལྔ་བསྐྱེད་པའི་ཡི་གེ་དྲུག་ལ་དེ་ཉིད་སྦྱོང་བྱེད་སྤྱི་བོ་ལ་སོགས་པའམ། སྙིང་གའི་རྩ་འདབ་ལྔ་ལ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་སྟེ་ཡི་གེ་ལྔར་གནས་པ་ནི་ཡེ་ཤེས་ལྔ་ཡིན་པའི་ཕྱིར་ཐབས་ཆེན་པོ་སྟེ། འགྲོ་བ་ཀུན་ལ་རང་བཞིན་གྱིས་གནས་པའོ། །གཉིས་པ་མཚོན་བྱེད་ཚིག་གི་བསྟན་པ་གནས་ཚུལ་


JKT006_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྤྱི་བོ་བདེ་ཆེན་གྱི་རང་བཞིན་ཐིག་ལེ་ཧཾ་ཡིག་གི་གཟུགས་སུ་གནས་པའི་འཁོར་ལོ། མགྲིན་པ་རོ་དྲུག་གི་ལོངས་སྤྱོད་ཉམས་སུ་མྱོང་པའི་འཁོར་ལོ། སྙིང་ག་ཆོས་ཅན་དང་ཆོས་ཉིད་ཀྱི་དྲན་པ་འཕྲོ་འདུ་བྱེད་པའི་འཁོར་ལོ། ལྟེ་བ་ལུས་ཐམས་ཅད་སྐྱེད་པར་བྱེད་པའི་ཕྱིར་སྤྲུལ་པའི་འཁོར་ལོ་སྟེ་དཀྱིལ་འཁོར་བཞི་དང་། གཡས་རོ་མ་དྲི་ཆུ་རྒྱུ་བ། གཡོན་རྐྱང་མ་ཁྲག་རྒྱུ་བ། དབུས་དབུ་མ་བྱང་སེམས་རྒྱུ་བ་སྟེ་གཟུང་བ་དང་། འཛིན་པ་དང་། གཉིས་ཀ་སྤངས་པའི་སྲོག་ཤིང་གི་ཚུལ་དུ་གནས་པའི་རྩ་གསུམ་དང་བཅས་པའི་གནས་དེ་ན། ཀཱ་ལི་སྟེ་སྒྲ་ཡི་ཡི་གེ་དང་། ཨཱ་ལི་སྟེ་དབྱངས་ཀྱི་ཡི་གེའི་ཕྲེང་བ། སྤྱི་བོ་རྩ་འདབ་སོ་གཉིས་ན་ཀཱ་ལི་སོ་གཉིས་གཡོན་སྐོར་ཨཱ་ལི་ཚར་གཉིས་གཡས་སྐོར་དང་། དང་། མགྲིན་པའི་རྩ་འདབ་བཅུ་དྲུག་ན་ཨཱ་ལི་བཅུ་དྲུག་གཡས་སྐོར་དང་། སྙིང་གའི་རྩ་འདབ་བརྒྱད་ན་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྟེ་མ་ནིང་གི་ཡི་གེ་བརྒྱད་དང་། ལྟེ་བའི་རྩ་འདབ་རེ་གཉིས་ན་སྒྲ་ཡིག་སོ་གཉིས་གཡས་སྐོར་དང་གཡོན་སྐོར་དུ་ལྡན་པའོ། །གཉིས་པ་གླེང་གཞི་རང་ལ་གནས་ཚུལ་ལ་གསུམ་སྟེ། གསང་བའི་གླེང་གཞི་རང་ལ་གནས་པའི་ཚུལ་ལ། ཨེས་མཚོན་པའི་ཡུམ་གྱི་པདྨོ་སྒོ་གྲུ་གསུམ། ཁྱམས་གྲུ་བཞི། སྐྱེ་གནས་ཟླ་གམ། དབྱིངས་ཕྱུག་གི་སྣེ་རྩ་ཟླུམ་པོ་སྟེ་དེ་ནི་གསང་བའི་སྟོན་འཁོར་བཞུགས་པའི་གནས་དང་། ཡབ་ཀྱི་རྡོ་


JKT006_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྩེ་མོར་ཀུན་རྫོབ་ཀྱི་ཐིག་ལེ་ཝཾ་ཡིག་གི་གཟུགས་སུ་གནས་པ་བདེ་བ་གསལ་བར་སྟོན་པའི་ཕྱིར་སྟོན་པ། མ་དཱ་ན་མ་ནུ་ཞེས་པའི་སྒྲ་ལས་ཡིད་སྡོམ་བྱེད་དེ་འདུ་ཤེས་གསུམ་ལྡན་གྱི་སྡོམ་པ་ལ་ཞུགས་པས་མཚན་རྟོག་སྡོམ་པར་བྱེད་པ་གསང་བའི་རྣམ་ཤེས་ཀྱིས་རེག་བདེ་ཉམས་སུ་མྱོང་བར་བྱེད་པའི་ཆ་ནས་འཁོར། པ་ར་མ་ཡཱ་ན་ཞེས་པའི་སྒྲ་ལས་དྲངས་ན་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་བཅུ་དྲུག་གི་དགའ་བ་རྣམ་པ་བཞིའི་རང་བཞིན་ལྷན་ཅིག་སྐྱེས་པ་ནི་ངེས་དོན་གྱི་ཐེག་པ་སྟེ་ཆོས། ཡེ་ཤེས་དེ་ཉམས་སུ་མྱོང་བའི་ཚེ་དུས་འདི་ཞེས་མཚོན་དུ་མེད་པ་ནི་དུས་ཕུན་སུམ་ཚོགས་པ་སྟེ་དེ་ཉིད་ཡུམ་གྱི་མཁའ་གསང་དུ་ལྡན་པའོ། །འདི་ནི་བཤད་རྒྱུད་ཐལ་བ་དང་སྦྱར་ནས་བཤད་པའོ། །གཉིས་པ་ནང་གི་གླེང་གཞི་རང་ལ་གནས་པའི་ཚུལ་ནི་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ན་རྩ་འདབ་བརྒྱད་ཡོད་པ་ལ་རིགས་བསྡུ་ན། ཨེ་སོགས་ལས་བཞིའི་དབྱིབས་སུ་གནས་པ་ནི་གནས། དེའི་སྙིང་པོར་འབྱུང་བ་ལྔའི་རླུང་ལྔའི་དྭངས་མའི་སྒྲོམ་བུའི་དབུས་ན་མི་ཤིགས་པའི་ཐིག་ལེ་བི་ཡིག་གི་གཟུགས་སུ་ཡོད་པ་ནི་སྟོན་པ། མ་མ་ནུའི་སྒྲ་ལས་དྲངས་ན་ཡིད་དེ། དེས་མཚོན་པའི་ཀུན་གཞི་དང་། ཡིད་དང་། ཉོན་ཡིད་དང་། སྒོ་ལྔའི་རྣམ་ཤེས་རྣམས་རྩ་འདབ་བཞི་པོར་གནས་པ་འཁོར། ཡཱ་པ་ར་མཱཏྲ་ཡཱ་ནའི་སྒྲ་ལས་དྲངས་ན་སྟེང་སྒོའི་ལམ་ཉམས་


JKT006_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བླངས་པ་ལས་ཡེ་ཤེས་ནམ་མཁའི་གཟུགས་ཅན་མངོན་སུམ་དུ་སྐྱེས་པ་ནི་ངེས་དོན་གྱི་ཆོས། དེའི་ཚེ་སྐྱེ་འགགས་གནས་གསུམ་གྱི་མཚན་མ་དང་བྲལ་བ་བསམ་གྱིས་མི་ཁྱབ་པ་ནི་དུས་ཕུན་སུམ་། ཚོགས་པ་སྟེ། ཐབས་ལམ་སྟེང་སྒོ་དང་སྦྱར་ནས་བཤད་རྒྱུད་རྒྱ་མཚོའི་རྗེས་སུ་འབྲང་བའི་བཤད་པའོ། །གསུམ་པ་གླེང་གཞིའི་ངེས་ཚིག་ནི། དེ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔ་འཛོམ་པའི་དུས་ན་ཏན་སྟེ་རྒྱུད་ཀྱི་དོན་འབྱིན་པར་བྱེད་པས་ན་ནི་དཱ་ན་སྟེ་ངེས་པར་སྦྱིན་པའམ་གླེང་གཞི་ཞེས་ཀྱང་བྱའོ། །གཉིས་པ་གྲོལ་ལམ་རྒྱུད་དོན་རང་ལ་གནས་ཚུལ་ལ་བརྒྱད་དེ། དང་པོ་ཏིང་ངེ་འཛིན་རང་ལ་གནས་པའི་ཚུལ་ནི། དེ་ལྟ་བུའི་previous hit རྒྱུད་དོན་དེ་ནི་སྙིང་ག་ཆོས་ཀྱི་འཁོར་ལོ་དེ་ཉིད་ན་གནས་ཏེ། མདུན་དུ་ཆོས་ཉིད་ཀྱི་རྩ་གསུམ next hit་དཀར་པོ་ཟླུམ་པོའི་ནང་དུ་ཐིག་ལེ་མི་རྟོག་པའི་ཚུལ་དུ་གནས་པ་ནི་སྟོང་པ་ཆེན་པོའི་ཏིང་འཛིན། གཡས་སུ་ཡེ་ཤེས་ཀྱི་རྩ་གཅིག་སེར་པོ་གྲུ་བཞི་པའི་ནང་དུ་ཐིག་ལེ་མ་འགག་པར་གནས་པ་ནི་སྙིང་རྗེ་སྒྱུ་མ། གཡོན་ན་ཡོན་ཏན་གྱི་རྩ་གཅིག་མདོག་དམར་པོ་ཟླ་གམ་གྱི་དབྱིབས་སུ་ཐིག་ལེ་ཁྱབ་པར་གནས་པ་ནི་ཕྱག་རྒྱ་གཅིག་པ། རྒྱབ་ན་རྩ་གསུམ་གཉིད་རྨུགས་ཀྱི་ལས་བྱེད་པ་ནི་རང་previous hit རྒྱུད་པའི་རྩ་ཞེས་དབྱིབས་གྲུ་གསུམ next hit་དམར་ནག་གི་རྣམ་པར་ཐིག་ལེ་སྣ་ཚོགས་པའི་ཚུལ་དུ་གནས་པ་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་ཏེ། དེ་


JKT006_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྩ་འདབ་བརྒྱད་པོ་ཉིད་ཀྱི་དངོས་པོ་ནི། རྣལ་འབྱོར་བཞི་ཡི་ལམ་གྱི་རིམ་པར་རང་བཞིན་གྱིས་གྲུབ་པས་རྟོགས་ཤིང་གོམས་པའི་སྦྱོར་བས་མངོན་སུམ་དུ་འཆར་བའི་རྟེན་ནམ་གནས་བྱེད་པའོ། །གཉིས་པ་ཕྲིན་ལས་བཞི་རང་ལ་གནས་ཚུལ་ལ་གཉིས་ཏེ། ཕྲིན་ལས་བཞི་རང་ལ་གནས་ཚུལ་དངོས་དང་། སྦྱིན་སྲེག་རང་ལ་གནས་ཚུལ་ལོ། །དང་པོ་ལའང་གཉིས་ཏེ། ནང་ལྟར་གནས་ཚུལ་དང་། གསང་བ་ལྟར་གནས་ཚུལ་ལོ། །སྔ་མ་ལའང་གཉིས་ཏེ། དང་པོ་ཆོས་ཀྱི་འཁོར་ལོ་ལ་གནས་ཚུལ་ནི། སྔར་སྨོས་པའི་རྩ་འདབ་རིགས་བཞིར་སྣོད་ཀྱི་འོད་དེ་ཁ་དོག་དཀར་པོ་དང་། དབྱིབས་ཟླུམ་པོ་ལ་སོགས་པ་ནི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་བཞིར་གནས་པའོ། །གཉིས་པ་ཕྱི་འཁོར་ལོ་བཞི་ལ་གནས་ཚུལ་ནི། གཞང་ཁ་རླུང་ཟླ་གམ། ལྟེ་བ་ཆུ་ཟླུམ་པོ། སྙིང་ཁ་ས་གྲུ་བཞི། ལྐོག་མ་མེ་གྲུ་གསུམ་མམ། ཡང་ན། ལྟེ་བ་ས། སྙིང་ག་ཆུ། མགྲིན་པ་མེ། སྤྱི་བོ་རླུང་སྟེ། དེ་ལྟར་གྱི་གནས་བཞི་པོར་འབྱུང་བ་བཞི་གནས་པས་ཕྲིན་ལས་རྣམ་པ་བཞི་བྱེད་པའོ། །གཉིས་པ་ནི། གསང་བ་དབྱིངས་ཕྱུག་གི་མཁའ་ལ་སྒོ་གྲུ་གསུམ་སོགས་ལས་བཞིའི་དབྱིབས་སུ་རང་བཞིན་གྱིས་ལྡན་པའང་ཕྲིན་ལས་རྣམ་པ་བཞིའོ། །གཉིས་པ་སྦྱིན་སྲེག་ནི། སུམ་མདོར་རཾ་ལས་མེ། སྒྲོམ་མདོར་ཡཾ་ལས་རླུང་། དེ་བསྐྱོད་པས་མེ་འབར། གཡས་ཀྱི་རྩ་རོ་མ་ནི་།


JKT006_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དགང་གཟར། གཡོན་རྐྱང་མ་ནི་བླུགས་གཟར། དབུས་ཀྱི་ཨ་ཝ་དྷུ་ཏི་ནི་མེ་ལྷ། ཡེ་ཤེས་སྙིང་པོ་ནི་སྲེག་ལྷ། ཉོན་མོངས་ལ་སོགས་པའི་རྣམ་པར་རྟོག་པའི་ཚོགས་ནི་སྲེག་རྫས་ཏེ། དེ་ལྟར་སྦྱིན་སྲེག་ཀྱང་ཡེ་ནས་རང་ལ་གནས་ཤིང་ལྡན་པའོ། །གསུམ་པ་བསྙེན་སྒྲུབ་རང་ལ་གནས་ཚུལ་ནི། ཆོས་ཉིད་ཀྱི་རྩ་ཡི་ཐིག་ལེ་དེ་བཞིན་ཉིད་ཀྱི་ངོ་བོ་སྟེ་བསྙེན་པ། ཡེ་ཤེས་ཀྱི་རྩའི་ཐིག་ལེ་ཀུན་སྣང་གི་ངོ་བོ་སྟེ་ཉེ་བསྙེན། ཡོན་ཏན་གྱི་རྩའི་ཐིག་ལེ་ཕྱག་རྒྱ་གཅིག་པའི་ངོ་བོ་སྟེ་སྒྲུབ་པ། རང་རྒྱུད་ཀྱི་རྩ་ཡི་ཐིག་ལེ་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་གྱི་ངོ་བོ་སྒྲུབ་ཆེན་ཏེ། དེ་ལྟར་རང་བཞིན་གྱིས་ལྡན་པ་ཉིད་དོ། །དེ་ཡང་ཇི་ལྟར་རྫོགས་པའི་ཚུལ་ནི། རྩ་འདབ་ཐིག་ལེས་གང་བ་བསྙེན་པ། དེ་ལས་བདེ་བ་འབྱུང་བ་ཉེ་བསྙེན། དེ་ལྟར་ངོས་ཟིན་ནས་ཉམས་སུ་བླངས་པ་སྒྲུབ་པ། བདེ་བ་རྒྱས་པ་དེ་མངོན་སུམ་ཉམས་སུ་མྱོང་བ་ནི་སྒྲུབ་པ་ཆེན་པོའོ། །བཞི་པ་དཀྱིལ་འཁོར་རང་ལ་གནས་ཚུལ་ནི། སྙིང་གའི་རྩ་བཞིའམ། དེ་ལས་གྱེས་པའི་འདབ་མ་བརྒྱད་དང་ལྡན་པའི་ཤིང་སྟེ་རྩའི་མཎྜ་ལ་ཞེས་པ་ནི་བདེ་བ་ཆེན་པོའི་སྙིང་པོ་ལེན་ཅིང་འཛིན་པར་བྱེད་པས་ན་དཀྱིལ་འཁོར་རོ། །ལྔ་པ་དབང་རང་ལ་གནས་ཚུལ་ནི། གནས་པ་རྩ་དང་། བརྟེན་པ་ཐིག་ལེ་དག་ལ། ཕྱི་ཕན་པའི་དབང་བཅུ། ནང་ནུས་པ་འཇུག་པའི་དབང་ལྔ། གསང་བ་ཟབ་


JKT006_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་དབང་གསུམ་རྣམས་རང་བཞིན་གྱིས་ལྡན་པ་སྟེ། དེའང་ཞིབ་ཏུ་དབྱེ་ན། དང་པོ་ནི། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་གནས་པ་དབུ་རྒྱན། རྩ་རོ་རྐྱང་གཡས་གཡོན་ན་དར་འཕྱངས་ཀྱི་ཚུལ་དུ་གནས་པ་ཅོད་པན། འཁོར་ལོ་བཞིར་ཐབས་ཤེས་ཀྱི་ཡི་གེ་ཕྲེང་བའི་ཚུལ་དུ་སྤེལ་བར་གནས་པ་ཕྲེང་བ། སྤྱི་བོའི་ཧཾ་ལས་ལུས་མགོ་མཇུག་ཁྱབ་པའི་རྩའི་དྲྭ་བས་འབྲེལ་པ་གོ་ཆ། རྣམ་ཤེས་དང་དབང་པོ་མི་སྒྲིབ་པར་རང་གསལ་བ་རྒྱལ་མཚན། རྟོག་ཚོགས་ལྷའི་དཀྱིལ་འཁོར་དུ་གནས་པ་ཕྱག་རྒྱ། ཀླད་པ་བདེ་ཆེན་གྱི་འཁོར་ལོའི་འདབ་མ་ཧཾ་ཡིག་ལ་གདུགས་རྩིབ་ཀྱི་ཚུལ་དུ་བརྟེན་པ་གདུགས། རྩ་གནས་འཁོར་ལོ་བཞི་ཐིག་ལེས་གང་བ་བུམ་པ་དམ་ཚིག་ལྔ་རང་བཞིན་གྱིས་གནས་ཤིང་བཟའ་བཏུང་ལ་ལོངས་སྤྱོད་པ་བཟའ་བཏུང་། ཡིག་འབྲུ་ལྔ་རང་བཞིན་གྱིས་གནས་པ་སྙིང་པོའི་དབང་ངོ་། །གཉིས་པ་ནི། རྣ་བའི་རྩའི་འདོམ་རྩ་ན་སྒྲ་ཐོས་པའི་ཐིག་ལེའི་ཚུལ་དུ་ཡོད་པ་ཉན་པའི། མགྲིན་པ་དང་ལྕེ་ལས་སྒྲ་འབྱུང་བ་ཐིག་ལེ་དབྱངས་ཡིག་དང་ཨོ་གནས་པ་འཆད་པའི། ཨ་བ་དྷ་ཏི་དང་། སྲོག་གི་མི་ཤིགས་པའི་ཐིག་ལེ་རྣམ་པར་མི་རྟོག་པ་སྒོམ་པའི། སྙིང་གའི་རྩ་འདབ་བཞིར་ལས་བཞི་ལྷུན་གྲུབ་ཏུ་གནས་ཤིང་ཡན་ལག་བཞིས་བྱ་བ་བྱེད་པ་ཕྲིན་ལས་ཀྱི། རྩ་དང་ཐིག་ལེའི་བྱ་བ་ཐམས་ཅད་བྱེད་ཅིང་། ཡན་ལག་ལྔ་རིགས་ལྔ་དང་ཆོས་


JKT006_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རང་ལ་རྫོགས་པས་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་རང་ལ་གནས་པའོ། །གསུམ་པ་ནི། རྩ་འདབ་ཐམས་ཅད་ཀུན་བྱང་ཆུབ་སེམས་ཀྱིས་གང་བ་གསང་བའི། དེ་ལས་བདེ་བ་ཆེན་པོ་སྐྱེ་བས་ཤེས་རབ་ཡེ་ཤེས་ཀྱི། དེ་ཉིད་བདེ་སྟོང་ཟུང་དུ་འཇུག་པས་བཞི་པའི་དབང་ངོ་། །དྲུག་པ་མཆོད་པ་རང་ལ་གནས་ཚུལ་ལ་གསུམ་སྟེ། དང་པོ་གསང་བའི་མཆོད་པ་རང་ལ་གནས་ཚུལ་ནི། ཐབས་ཤེས་སྙོམས་པར་འཇུག་པའི་དགའ་བས་དྲངས་པའི་རང་བཞིན་གསང་བའི་ལྷ་མོ་བཅུ་གཉིས་སུ་ཤར་བའི་ཚུལ་ནི། འགུགས་པ་ལྕགས་ཀྱུ་མ། འཛིན་པ་ཞགས་པ་མ། སྡོམ་པ་ལྕགས་སྒྲོག་མ། བསྐྱོད་པ་དྲིལ་བུ་མ། ཆས་ཀྱིས་སྒེག་པ་ལ་སྱ། ཐུགས་འཕྲེང་བ་མཱ་ལྱ། ཨ་ཧཾ་གི་སྒྲ་གྲགས་པ་གཱི་རྟི། ཕྱག་རྒྱ་བསྐྱོད་པ་ནི་རྟི། བདེ་བས་རྒྱུད་ཚིམས་པ་དྷ་པེ། འཐོར་བ་པུཉྫ། གསལ་བར་བྱེད་པ་མར་མེ། བསིལ་དྲོད་སྙོམས་པ་གནྡྷེའོ། །གཉིས་པ་འདོད་ཡོན་དབང་པོ་དྲུག་གིས་ཉམས་སུ་མྱོང་བའི་གཟུགས་སྒྲ་དྲི་རོ་རེག་བྱ་དང་། གསུམ་པ་དམ་རྫས་ཀྱི་མཆོད་པ་རང་ལ་ལྡན་པ་ནི། ལྟེ་བའི་རྩ་བ་ནས་ཤ་ཆེན། ལོང་ཁའི་རྩ་བ་ནས་དྲི་ཆེན། དྷ་ཏི་ནས་བྱང་སེམས། རྐྱང་མ་ནས་དྲི་ཆུ། རོ་མ་ནས་རཀྟ་སྟེ་ལྔ་པོ་རང་བཞིན་གྱིས་གནས་པའོ། །བདུན་པ་དམ་ཚིག་རང་ལ་གནས་པ་ནི། གོང་དུ་བསྟན་པ་དེ་དག་རང་ལ་གནས་ཤིང་དེ་


JKT006_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་འདའ་བར་ཆོ་ག་གསུམ་གྱི་རང་བཞིན་གཟོད་མ་ནས་ལྷག་པར་གནས་པའི་ཕྱིར་ས་མ་ཡ་སྟེ་དམ་ཚིག་གོ །བརྒྱད་པ་སྤྱོད་པ་རང་ལ་གནས་པ་ནི། སྒོ་གསུམ་གྱི་རང་བཞིན་ཕྱི་ལྟར་ན་ལུས། ངག་ཡིད་གསུམ་དངོས་དང་། ནང་ལྟར་ན་རྩ་རླུང་ཐིག་ལེ། གསང་བ་ཡུམ་གྱི་པདྨ་དང་ཐབས་ཀྱི་རྡོ་རྗེ། གསང་བའི་རྣམ་ཤེས་སམ། ཡང་ན། ཕྱི་ལུས། ནང་ངག །གསང་བ་ཡིད་ཀྱི་འདུ་བྱེད་ཀྱི་སྤྱོད་ཡུལ་ཐམས་ཅད་རྒྱལ་བའི་མཛད་པ་ཉག་གཅིག་ཏུ་ཤར་བས་རང་བཞིན་ངང་གིས་གནས་པའོ། །གཉིས་པ་ཐབས་ལམ་རང་ལ་གནས་ཚུལ་ནི། གཞན་ལུས་ལ་བརྟེན་པའི་འདོད་ཆགས་རང་ག་མ་དེས་འཁོར་བའི་ཁམས་འགྲུབ་པར་བྱེད་ལ། གཅིག་ཤོས་ཏེ་ཐབས་ཀྱིས་ཟིན་པས་ནི་བདེ་སྟོང་ཟུང་འཇུག་གི་རང་བཞིན་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་འགྲུབ་པའི་ཉེ་རྒྱུ་བྱེད་པའི་ཕྱིར་ཐབས་ལམ་གཞི་འང་རང་ལ་གནས་པའོ། །གཉིས་པ་འབྲས་བུ་རང་ལ་གནས་ཚུལ་ལ་གཉིས་ཏེ། དང་པོ་རྟོག་ཚོགས་ལྷའི་དཀྱིལ་འཁོར་དུ་གནས་པ་དང་ལུང་དང་རིག་པས་སྒྲུབ་པ་ནི། ཆོས་ཀུན་ངོ་བོའི་འདུས་མ་བྱས་པའི་ཡེ་ཤེས་དང་མི་ཕྱེད་པར་གནས་པའི་ཕྱིར་རྡོ་རྗེ་ཕུང་པོ་ལྔ་དང་། དེའི་ཡན་ལག་འབྱུང་བ་ལྔ་པོ་ཀུན་རྫོགས་པའི་སངས་རྒྱས་ཡབ་ཡུམ་ལྔར་གྲགས་པ་སོགས་རྟོག་པ་ཞེ་གཉིས་ལྟར་གྱུར་པའི་ཚུལ་རྒྱུད་ཀྱི་རྡོ་རྗེའི་གནས་ལས་གསལ་བ་ལྟར། དེ་


JKT006_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རིག་པས་དེ་ཙམ་དུ་མ་ཟད་དངོས་པོར་སྣང་བ་འདི་ཀུན་གྱི་གཟུང་བའི་ཡུལ་ལ་ཆགས་པ་རྣམས་རྡོ་རྗེ་བཙུན་མོ་དང་། ནང་འཛིན་པའི་སེམས་ལ་ཆགས་པ་རྣམས་རྡོ་རྗེ་སེམས་དཔའི་ཚུལ་གྱིས་འབྲས་བུར་གྲུབ་པ་སྟེ། དེ་ལ་བསྒོམས་པའི་བྱེད་ལས་དང་རང་གི་ངོ་བོས་ཀྱང་འབྲས་བུ་གཟོད་ནས་གནས་པའོ། །གཉིས་པ་ལྷག་པ་ཀུན་རྫོབ་ཀྱི་མཚན་ཉིད་དཔེའི་སྒོ་ནས་བསྟན་པ་ནི། ཆུ་ཟླ་སྒྱུ་མ་སྤྲུལ་པ་བཞིན། །ཅེས་པའི་དཔེ་previous hit གསུམ་པོས་ནི། འདི་ལྟར་ཕུང་པོ་ལྔ། ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས་རྣམས་རྒྱུ་རྐྱེན་གྱིས་རང་རྒྱུད next hit་པར་གྲུབ་པ་མེད་ཀྱང་རྟེན་འབྲེལ་རྣམས་འདུས་ནས་སྒྱུ་མ་ལྟ་བུར་གྲུབ་པ་ནི་ལོག་རྟོག་སྒྱུ་མ། ཡུལ་དམ་ཚིག །བྱེད་པ་ལས། གསལ་བ་ཆོས། སྟོང་པ་ཕྱག་རྒྱ་ཆེན་པོ་བཞི་ཡེ་ནས་རྫོགས་པས་ལྷའི་དཀྱིལ་འཁོར་གྱི་ཕྱག་རྒྱར་མ་འདྲེས་ཤིང་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུར་གསལ་བ་ཕྱག་རྒྱ་སྒྱུ་མ། དེ་ལྟ་བུའི་ལྷའི་སྐུ་དེ་ཡང་གདུལ་བྱའི་མོས་པ་དང་མཐུན་པར་ཅིར་ཡང་འཆར་བས་སྣ་ཚོགས་སུ་འགྱུར་ཞིང་། བསམ་པ་ལྟར་སྣང་བས་ཅིར་ཡང་འགྲུབ་ཀྱང་འགྲོ་འོང་མ་དམིགས་པ་སྤྲུལ་པ་ལྟ་བུ་ནི་རིག་པ་སྒྱུ་མའོ། །འདི་ལ་འཆད་ཚུལ་གཞན་ཡང་སྣང་ཞིང་། དཔེ་ལ་ལར་གཞི་རྫོགས་ཞེས་བྲིས་པ་ལྟར་ན་ཕུང་ཁམས་སྐྱེ་མཆེད་རྣམས་ལྷའི་དཀྱིལ་འཁོར་དུ་གཞི་ནས་རྫོགས་པའི་དོན་དུ་འཆད་དགོས་པར་


JKT006_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོ་། །གོང་གི་སྒྱུ་མ་གསུམ་པོ་དེའི་རྣམ་པ་ལ་མིང་གི་རྣམ་གྲངས་གཞན་དངོས་པོ་སྒྱུ་མ་དང་། ཡང་དག་སྒྱུ་མ་དང་། ཐབས་སྒྱུ་མ་ཞེས་ཀྱང་བརྗོད་དོ། །ཡང་ཕུང་ཁམས་སྐྱེ་མཆེད་རྣམས་ཆུ་ཟླ། སྒྱུ་མ། །སྤྲུལ་པ་བཞིན་དུ་སྣང་ལ་རང་བཞིན་མེད་པ་ལྷའི་དཀྱིལ་འཁོར་དུ་ཡེ་ནས་གནས་པས། དཀྱིལ་འཁོར་བཞི་རྫོགས་ཕྱག་རྒྱ་མ་འདྲེས་པར་གསལ་ཞིང་། དེ་ཉིད་བསམ་པ་བཞིན་དུ་བསྒོམས་ཤིང་ཉམས་སུ་བླངས་པས། ཅི་ལྟར་བསམ་པ་བཞིན་དུ་འབྱུང་བར་བཤད་པའང་སྣང་ངོ་། །གཉིས་པ་ལྷག་པ་དོན་དམ་གྱི་ཡེ་ཤེས་རང་ལ་གནས་པའི་ཚུལ་ལ་དྲུག་སྟེ། འདི་ལའང་དོན་དམ་རང་ལ་གནས་པའི་ཚུལ་ལ་བཞི། དོན་དམ་དུ་གཞི་ཡེ་ཤེས་རང་ལ་གནས་པ་དང་། འབྲས་བུ་རང་ལ་གནས་པ་གཏན་ཚིགས་དང་བཅས་པ་དང་། ལམ་རང་ལ་གནས་པ་གཏན་ཚིགས་དང་བཅས་པ་དང་། དེས་ན་དོན་དམ་ཀུན་གྱི་དངོས་གཞིར་བསྟན་པའོ། །དང་པོ་ལ་གསུམ་སྟེ། དོན་དམ་ལ་ཆོས་ཀུན་མ་འདྲེས་པར་ཡོངས་སུ་རྫོགས་པ་དང་། དོན་དམ་ལ་དཀོར་བདུན་ངོ་བོ་ཉིད་ཀྱིས་རྒྱུར་གནས་པ་དཔེ་དང་བཅས་པ། དོན་དམ་ལྷག་པའི་ཆོས་སྐུར་གནས་པའོ། །བཞི་པ་ལ་གཉིས། རང་བྱུང་གི་ཡེ་ཤེས་ཀུན་གྱི་ངོ་བོ་ཉིད་ཀྱི་རྒྱུར་གནས་པ་དང་། དེའི་མིང་གི་རྣམ་གྲངས་བཤད་པའོ། །ཞེས་སྣང་ངོ་། །དང་པོ་ལྷག་པའི་དོན་དམ་ལ་ཆོས་ཀུན་མ་འདྲེས་ཡོངས་སུ་རྫོགས་པར་བསྟན་པ་ནི། ཀུན་རྫོབ་དོན་དམ་དབྱེར་མེད་གསུམ་དུ་བསྟན་པའི་བར་མ་དོན་དམ་པའི་དབང་དུ་བྱས་ན། བགྲོད་བྱའི་ཆོས་ལམ་དང་།


JKT006_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་འབྲས་བུའི་ཆོས་རྣམས་ཐམས་ཅད་ཀྱང་རང་ལ་གནས་པར་ཐལ། གང་ཡང་རིགས་རྒྱུད་དང་སོ་སོའི་ཕྱོགས་སུ་རྟག་པར་གྲུབ་པ་མིན་པས། ཆོས་ཀུན་རང་གི་སེམས་སུ་འདུས་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་བྱའི་ཆོས་ཀུན་ཀྱང་དེ་དང་དེ་བཞིན་དུ་མཚུངས་ཏེ། འདོད་ཁམས་སུ་ཕོ་མོ་གཉིས་ཀྱི་གཟུགས་དང་། མ་ནིང་གི་མཚན་མ་སྟེ་གསུམ། གཟུགས་ཁམས་རགས་པའི་ལུས་རྟེན་ཡོད་པ་དང་། ཁམས་གོང་མར་མེད་པ་སྟེ། དེ་ལྟ་བུའི་སྲིད་པ་གསུམ་གྱི་གནས་མཐོ་དམན་དང་། སོ་སོའི་ནང་ཚན་གྱི་རིས་དང་། སྡེ་ཚན་གྱི་ཆ་ཤས་མ་འདྲེས་པར་སྣང་བ་ཐམས་ཅད་དོན་དམ་པར་དངོས་པོར་གྲུབ་པའི་ཆོས་རྡུལ་ཙམ་ཡང་ཡོད་པ་མིན་ཏེ་ཐམས་ཅད་ཡུལ་མེད་རང་གསལ་ཉག་གཅིག་གི་ངང་དུ་རྫོགས་པ་སྟེ་རྣམ་པ་ཀྱེ་རྡོར་དུ་གསལ་ཀུན་གྱི་མཆོག་དང་ལྡན་པའི་ཡེ་ཤེས་ཞེས་བྱའོ། །གཉིས་པ་ལྷག་མ་དོན་དམ་གྱི་ངོ་བོ་ཆོས་ཉིད་ཀྱི་རྒྱུ་རུ་བསྟན་པ་ནི། ཆོས་ཀུན་ངོ་བོ་གཉིས་སུ་མེད་པ་ཡུལ་ཅན་དང་བྲལ་བཞིན་དུ་རང་བཞིན་གང་དུའང་མ་འགག་པ་ཡོངས་སུ་རྫོགས་པ་དང་ལྡན་པའི་དོན་དམ་པའི་བདེན་པའི་མཆོག་དེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡི་འབྲས་བུའི་དོན་དམ་པ་དང་། རང་བཞིན་ཡེ་ཤེས་དོན་དམ་པ་དང་། ངོ་བོ་ཉིད་དབྱིངས་དོན་དམ་པ་སྟེ་རྒྱས་པར་དབྱེ་ན་བདུན་དང་། བསྡུ་ན་དབྱིངས་ཡེ་འབྲས་བུའི་དོན་དམ་


JKT006_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་པོ་ལ་འཁོར་འདས་ཀྱི་ཆོས་ཀུན་རྫོགས་པར་གནས་ཏེ། དཔེར་ན་དཔག་བསམ་གྱི་ཤིང་དང་། ནོར་བུ་རིན་པོ་ཆེ་ལ་དགོས་འདོད་འབྱུང་བའི་རྒྱུ་རང་བཞིན་དུ་གནས་པ་ལྟར། བདུན་ནམ་གསུམ་པོ་དེ་ཀུན་ངོ་བོ་ཉིད་ཀྱི་རྒྱུར་གནས་པའོ། །གསུམ་པ་ལྷག་པ་དོན་དམ་དེ་ཉིད་ཆོས་སྐུར་གནས་པར་བསྟན་པ་ནི། འཇིག་རྟེན་གྱི་ཁམས་ཕྱི་བརྟན་པ་སྣོད་དང་། ནང་གཡོ་བ་བཅུད་ཀྱི་འགྲོ་བ་ཐམས་ཅད་ཀྱང་རང་ཨཱ བྱུང་གི་ཡེ་ཤེས་ལས་རང་སྣང་བ་ཙམ་ཉིད་ན་ངོ་བོ་དངོས་པོར་གྲུབ་པ་མེད་པ་དེ་ཉིད་ལྷག་པའི་ཆོས་སྐུ་ཆེན་པོ་ཡིན་ཏེ། ཆོས་ཀུན་ངོ་བོའི་སྟོང་པ་གང་། །རྡུལ་བྲལ་ཆོས་ཀྱི་སྐུ་རུ་བཤད། །ཅེས་གསུངས་པ་བཞིན་ཏེ། དེ་ཡང་རང་བཞིན་ངང་གིས་དེ་ལྟར་དུ་གནས་པ་ལས་བཅོས་མ་གློ་བུར་བའི་འདུ་བྱེད་པ་ལས་གྱུར་པ་མ་ཡིན་ནོ། །བཞི་པ་ལྷག་པའི་དོན་དམ་དེ་ལ་ལམ་དང་འབྲས་བུ་གཞན་ན་མེད་པར་བསྟན་པ་ནི། དེ་ལས་གཞན་པའི་འབྲས་བུ་གུད་ནས་ཐོབ་བྱ་རྡུལ་ཙམ་ཡང་མེད་དེ། ཅིའི་ཕྱིར་ན་ཆོས་ཀུན་ཀྱང་འབྲས་བུའི་ངོ་བོར་གདོད་ནས་སྨིན་ཟིན་པའི་ཕྱིར་དེ་ལས་གཞན་དུ་བགྲོད་པར་བྱ་བའི་ཡུལ་མེད་པས་སོ། །དེ་ལྟར་ན་དོན་དམ་དེ་ཉིད་ལམ་གྱི་ཡང་ངོ་བོ་ཡིན་ཏེ། དེ་ལ་འཇུག་པར་བྱེད་པ་གཞི། གནས་ཤིང་གོམས་པར་བྱེད་པ་ལམ། རང་བཞིན་ཁམས་ཀྱི་ཡོན་ཏན་མངོན་སུམ་དུ་འབྱིན་པ་འབྲས་བུ་སྟེ། ལམ་གྱི་གཞི་


JKT006_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འབྲས་གསུམ་ཡང་ཆེད་དུ་བྱ་བ་གོང་གི་ལྡོག་ཆ་ཁོ་ན་ལས་སྒྲོ་བཏགས་ཏེ་ཕྱེ་བ་ཡིན་ནོ། །ལྔ་པ་ལྷག་པ་དོན་དམ་དེ་ཉིད་ཆོས་ཀུན་གྱི་རང་བཞིན་དང་རྒྱུ་ཡིན་པར་བསྟན་པ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བསྟན་པའོ། །དང་པོ་སྤྱིར་བསྟན་པ་ནི། འཇིག་རྟེན་དྲུག་གིས་བསྡུས་པའི་ཕྱོགས་བཅུ་མ་ལུས་པ་ཐམས་ཅད་ལ། རང་བྱུང་གི་ཡེ་ཤེས་ཆེན་པོ་དེ་ཡིས་ཏིལ་ལ་ཏིལ་མར་བཞིན་ཀུན་ཏུ་ཁྱབ་པར་ཧེ་བཛྲ་ལས་གསལ་གནས་ཏེ། རང་བྱུང་གི་ཡེ་ཤེས་དེ་ཉིད་དངོས་པོ་དང་མཚན་མར་གྲུབ་པ་མེད་པར་ཕྱོགས་དང་རིས་སུ་མ་ཆད་པར་སྣང་བས། ཆོས་ཀུན་ལ་རྒྱས་འདེབས་པའི་ཕྱག་རྒྱ་དང་རྒྱུ་ཡི་ཚུལ་དུ་གནས་པ་ཡིན་པའི་ཕྱིར་རོ། །དེས་ན་ཆོས་ཐམས་ཅད་དེ་ལྟ་བུའི་ངང་དུ་གནས་ཤིང་འབྱུང་བར་ངེས་སོ། །གཉིས་པ་བྱེ་བྲག་ཏུ་བསྟན་པ་ནི། དོན་དམ་བཅོས་བསླད་མེད་པ་ཇི་ལྟ་བར་གནས་པའི་དེ་བཞིན་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས། རང་བཞིན་འོད་གསལ་བའི་ཡེ་ཤེས་ཏེ། དེ་ཉིད་མ་འགག་པར་ཐབས་ཀྱི་ཕྱག་རྒྱ་སྣ་ཚོགས་སུ་སྣང་བས་འཁོར་འདས་ཀུན་གྱི་ངོ་བོ་ཉིད་ཀྱི་རྒྱུའོ། །དྲུག་པ་རྒྱུ་ཡི་མིང་གི་རྣམ་གྲངས་བསྟན་པ་ནི། དོན་དམ་པ་དེ་ལ་མིང་གི་རྣམ་གྲངས་སུ། རང་གི་ངོ་བོ་མཚན་མར་གྲུབ་པ་མེད་པ་ལས། ཀུན་རྫོབ་ཏུ་སྣ་ཚོགས་འབྱུང་བའི་རྒྱུ་ཡིན་པས་ན་མེད་པའི་རྒྱུ་དང་། འཁོར་འདས་ཀྱི་ཆོས་ཀུན་མ་


JKT006_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་ཟད་པར་གནས་པས་ཡོངས་སུ་རྫོགས་པ་ཞེས་ཀྱང་བརྗོད་དོ། །ཀྱང་གི་སྒྲས་ནི། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་དང་། སྟོང་པ་ཉིད་སོགས་མཐའ་ཀླས་པ་དག་སྡུད་པའོ། །གསུམ་པ་ལྷག་པ་བདེན་པ་དབྱེར་མེད་ཀྱི་ཡེ་ཤེས་རང་ལ་གནས་པའི་ཚུལ་བསྟན་པ་ལ་བཞི་སྟེ། གཞི་འཁོར་འདས་ཆོས་ཀུན་བདེན་པ་དབྱེར་མེད་དུ་གཅིག་པའི་དཔེ་དོན་དང་། བདེན་པ་དབྱེར་མེད་དུ་བརྗོད་པའི་དགོས་ཆེད་དང་། བདེན་པ་གཉིས་མེད་ཡེ་ཤེས་སུ་རང་སྣང་དུ་བསྟན་པ་དང་། ལམ་དང་འབྲས་བུའང་བདེན་པ་གཉིས་མེད་ལས་གཞན་དུ་མེད་པར་བསྟན་པའོ། །དང་པོ་ནི། གསུམ་པ་བདེན་པ་དབྱེར་མེད་དུ་བསྟན་པ་ལ། བདེན་པ་དེ་གཉིས་པོ་ཐ་དད་པའི་དངོས་པོར་ཞེན་པའི་བློས། ཀུན་རྫོབ་འཁོར་བ་དང་། དོན་དམ་མྱ་ངན་ལས་འདས་པ་ཞེས་ཆོས་ཐ་དད་དུ་གདགས་སུ་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཡེ་གདོད་མ་ནས་འཁོར་འདས་ཞེས་རིགས་རྒྱུད་སོ་སོར་གྲུབ་པའི་རྟག་པ་ཞིག་མིན་པས་སོ། །བྱེ་བྲག་ཏུ་གནས་རིགས་སོ་སོའི་གཟུགས་སྒྲ་དྲི་རོ་རེག་བྱ་དང་ཆོས་ཀྱི་བྱེ་བྲག་ཐ་སྙད་དུ་བཏགས་པ་ཀུན། ཀུན་རྫོབ་ཙམ་དུ་འཇའ་ཚོན་ལྟར་མ་འདྲེས་པར་ཤར་ཡང་། དོན་དམ་དུ་ནམ་མཁའ་ལྟར་རོ་གཅིག་པའི་ཕྱིར་རྣམ་གྲངས་སུ་འཛིན་པ་དང་བྲལ་བའོ། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་


JKT006_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དོ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན་འདས། །ཞེས་སོ། །དེ་ལྟར་མ་འདྲེས་པར་སྣང་བ་དེ་ཡང་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་པ་ཉིད་འདུས་བྱས་སུ་སྣང་ལ། འདུས་བྱས་སུ་སྣང་བའི་དུས་ནའང་འདུས་མ་བྱས་པ་དང་ངོ་བོ་དབྱེར་མི་ཕྱེད་པས་ན་རྡོ་རྗེའོ། །གཉིས་པ་ནི། རང་བཞིན་བདེན་པ་དབྱེར་མེད་ཀྱི་དོན་དེ་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒམ་པོས་མ་མཛད། འགྲོ་སེམས་སེམས་ཅན་གྱི་ཤེས་པ་སྒྲིན་པོས་མ་བཅོས་པར་རང་བཞིན་ངང་གིས་བདེན་པ་དབྱེར་མེད་པར་གནས་པ་དེའང་། གནས་ལུགས་ལ་སྣང་སྟོང་དབྱེར་མེད་དུ་འཛིན་པ་ཙམ་ཡང་བྲལ་ཀྱང་། དེ་ལྟར་མ་རྟོགས་པར་དེ་ལྟ་བུའི་མིང་ཚིག་ལ་མཚན་མར་ཞེན་པ་རྣམས་ཀྱི་བློ་རྒྱུད་དགྲོལ་བའི་ཕྱིར་དུ་དོན་དབྱེར་མེད་དུ་བསྟན་པ་ཙམ་ལས། ཐ་སྙད་ཀྱི་ཚིག་དང་བདེན་གཉིས་དབྱེར་མེད་པར་འཛིན་པའི་བསམ་བརྗོད་ལས་རིང་དུ་འདས་པ་སྟེ། མདོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་ཅིང་འཆད་པར་བྱེད་པའང་ཡིན། །ཅེས་དང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཅེས་སོགས་དང་མཐུན་པའོ། །གསུམ་པ་ལ་གསུམ་སྟེ། དང་པོ་ཡུལ་ཤེས་གཉིས་མེད་རང་སྣང་དུ་བསྟན་པ་ནི། འོ་ན་ཤེས་བྱ་དང་ཤེས་བྱེད་ཀྱི་ཡུལ་སེམས་སོ་སོར་སྣང་


JKT006_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་ཅི་ཞིག་ཡིན་ཞེ་ན། ཡུལ་དང་ཤེས་པར་སྣང་བ་དེ་ཡང་རྒྱུ་རྐྱེན་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་དེ་རང་སྣང་བར་ཟད་དོ། །གཉིས་པ་རྒྱུ་འབྲས་གཉིས་མེད་དུ་བསྟན་པ་ནི། རྒྱུ་མེད་པ་ལས་འབྲས་བུ་མི་འབྱུང་བའི་ཕྱིར། རྒྱུ་སེམས་ཅན་ལས་འབྲས་བུ་སངས་རྒྱས་འབྱུང་བ་ལྟར་སྣང་ཡང་། དོན་དུ་གཉིས་སུ་མེད་དེ་ཐམས་ཅད་ལ་རང་བྱུང་གི་ཡེ་ཤེས་ཀྱིས་ཁྱབ་པའི་ཕྱིར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་བ་མེད། །ཅེས་སོགས་གསུངས་པའི་ཕྱིར་རོ། །གསུམ་པ་ཕྱི་ནང་ངམ་སྣོད་བཅུད་གཉིས་མེད་དུ་བསྟན་པ་ནི། ཕྱི་ཕུང་པོ་དང་། ནང་ཤེས་པའམ། ཕྱི་སྣོད་དང་ནང་བཅུད་ལ་སོགས་པའི་གཟུང་འཛིན་གྱི་རྫས་རྟེན་དང་བརྟེན་པར་བཅས་པ་མ་འགག་པར་གསལ་བ་ཡང་དོན་དམ་པར་ན་བདེན་པ་དབྱེར་མེད་ཀྱི་ངང་དུ་རྫོགས་པའོ། །བཞི་པ་ནི། དེ་ལྟར་ཆོས་ཀུན་ཡེ་ཤེས་རང་ལ་གནས་པ་དེ་ལྟ་བུ་བདེན་གཉིས་དབྱེར་མེད་ཀྱི་གནས་ཚུལ་ཇི་ལྟ་བ་བཞིན་ཡིན་ཏེ། ལམ་དང་འབྲས་བུ་ཀུན་གྱི་དངོས་པོ་སྟེ་ངོ་བོར་གྱུར་པའི་འབྲེལ་བ་ནི། ངོ་བོ་བདག་གཅིག་གིས་འབྲེལ་བའི་ཕྱིར། འབྲས་བུ་ཐོབ་པར་བྱེད་པ་འོག་མའི་ཐབས། སྤོང་བ། འགོག་པ། སྦྱོང་བ། བསྒྱུར་བ་ལ་སོགས་པ་ལས་ཆོས་ཁྱད་པར་དུ་འཕགས་པ་ཆོས་ཀུན་མཉམ་པར་བལྟ་བའི་ཕྱིར་མ་ཧཱ་ཡོ་ག་སྟེ་རྣལ་འབྱོར་ཆེན་པོའི་


JKT006_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཉམས་སུ་བླངས་པས། གཞི་འབྲས་དབྱེར་མེད་པའི་གོ་འཕང་མངོན་སུམ་དུ་བྱེད་དེ། དེ་ཡང་གཞན་ནས་ཐོབ་པ་མ་ཡིན་ཏེ། རང་གི་ངོ་བོའི་ཆོས་ཉིད་ལས་བྱུང་བར་ཟད་དོ། །དེ་སྐད་དུའང་། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པ་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཞེས་སོགས་རྒྱ་ཆེར་བསྟན་པ་བཞིན་ནོ། །གཉིས་པ་ལེའུའི་མཚན་བསྟན་པ་ནི། ཀུན་རྫོབ་དོན་དམ་དབྱེར་མེད་པ་ལྷག་པའི་ཡེ་ཤེས་ཆེན་པོ་རང་རྒྱུད་ལ་ལྷུན་གྲུབ་ཏུ་བཞུགས་པའི་ལུས་དང་སེམས་དངོས་པོའི་གནས་ལུགས་གསལ་བར་བྱེད་པའི་ལེའུ་སྟེ་པ་རི་ཙྪེ་དཾ་གཞུང་གི་ཚིག་རྣམས་གཅོད་མཚམས་འཛིན་པར་བྱེད་པ་སྟེ། དེ་ཡང་རིམ་པར་ཕྱེ་བ་དགུ་ལས་དང་པོའོ།།


previousསངས་རྒྱས་གསང་བའི་ལམ་རྣམ་བཀོད་ཀྱི་ལེའུ་དང་པོའི་བསྡུས་དོན།next