Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

19 occurrences of རྒྱུད་གསུམ་
[Clear Hits]


  
  
  
  
  
  
  
 
སྐུ་གསུམ་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས།
  
  
  
  
16   


19 occurrences of རྒྱུད་གསུམ་
[Clear Hits]

 
previousསྐུ་གསུམ་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས།next

སྐུ་གསུམ་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས།


JKT022_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཛྷ ན བྲྀ ཋ བེ བྱཱ ཏི ནཱ མ ཏཱི ཀཱ ཡ གུ རོ རྨོ གཱ སྟི།།
༄༅། །སྐུ་གསུམ་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །


JKT022_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་བྷྱ༔ དེ་ལ་འདིར་སྐུ་གསུམ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་ཟུང་འཇུག་གི་གོ་འཕང་མྱུར་དུ་འགྲུབ་པར་འདོད་ན། དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པས། དད་པ་དང་། ངེས་འབྱུང་གི་བསམ་པ་དང་། བྱང་ཆུབ་ཀྱི་སེམས་ཤུགས་དྲག་ཏུ་བསྐྱེད་བཞིན་པའི་ངང་། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་དམིགས་ཏེ་སྐྱབས་སེམས་བྱ་བ་ནི། ན་མོ། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །འཆི་མེད་སྐུ་གསུམ་ལྷ་ལ་སྐྱབས་སུ་མཆི། །གཞན་དོན་ཟུང་འཇུག་གོ་འཕང་མྱུར་ཐོབ་ཕྱིར། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་


JKT022_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ལན་གསུམ། རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས། །དཀར་གསལ་རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ། །ཐུགས་ཀར་ཟླ་སྟེང་ཧཱུཾ་མཐར་སྔགས་ཕྲེང་འཁོར། །བདུད་རྩིའི་རྒྱུན་བབས་ནད་གདོན་སྡིག་སྒྲིབ་སྦྱངས། །སྟོབས་བཞིའི་གནད་དང་ལྡན་པས་ཡི་གེ་བརྒྱ་པ་ཉེར་གཅིག་ལ་ཉུང་མཐའ་བྱས་པ་བཟླས་ནས། བཤགས་སྡོམ་གྱི་མཐར་རང་ལ་བསྟིམ། དངོས་གཞིར་བླ་མའི་རྣལ་འབྱོར་ནི། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ། སྣོད་བཅུད་ཐམས་ཅད་མི་དམིགས་སྟོང་པའི་ངང་། །སྣང་སྲིད་རྣམ་དག་འཆི་མེད་པདྨ་འོད། །དག་པའི་ཞིང་


JKT022_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་མཚན་ཉིད་ཡོངས་སུ་རྫོགས། །དེ་དབུས་པདྨ་ཉི་མ་བམ་རོའི་སྟེང་། །རང་ཉིད་གཞི་ལུས་དབང་ཆེན་རྟ་མཆོག་དཔལ། །དམར་སྨུག་གྲི་ཐོད་གར་དགུའི་ཉམས་དང་ལྡན། །རྡོ་རྗེ་ཕག་མོ་ཡུམ་དང་གཉིས་མེད་སྦྱོར། །ཁྲོ་བོའི་ཆས་རྫོགས་མེ་དཔུང་དབུས་ན་འགྱིང་། །བདེ་ཆེན་འཁོར་ལོ་འཇའ་ཟེར་ཐིག་ལེའི་ཀློང་། །རྩ་བའི་བླ་མ་སྤྲུལ་སྐུ་ཐོད་ཕྲེང་རྩལ། །མཐིང་གསལ་མདངས་ལྡན་ཁྲོ་འཛུམ་མཚན་དཔེས་མཛེས། །རྡོ་རྗེ་དྲིལ་འཛིན་མཚོ་རྒྱལ་དཀར་མོ་འཁྲིལ། །ཡིད་འཕྲོག་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །ཞབས་གཉིས་སྐྱིལ་ཀྲུང་པད་ཉི་ཟླ་སྟེང་རོལ། །ཐུགས་ཀར་ཆུ་སྐྱེས་གེ་སར་རྒྱས་པའི་དབུས། །ལོངས་སྤྱོད་རྫོགས་སྐུ་འཕགས་མཆོག་སྤྱན་རས་གཟིགས། །ཞི་འཛུམ་ཕྱག་གཡས་མཆོག་སྦྱིན་གཡོན་པད་དཀར། །དར་དང་རིན་ཆེན་རྒྱན་མཛེས་ཕྱེད་སྐྱིལ་བཞུགས། །རལ་པའི་སྐྲ་གསེབ་ཆོས་སྐུ་སྣང་མཐའ་ཡས། །དམར་པོ་མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས། །མཚན་དཔེའི་དཔལ་འབར་ཆོས་གོས་རྣམ་གསུམ་གསོལ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་པད་ཟླར་རོལ། །མཐའ་སྐོར་བླ་མ་མཆོག་གསུམ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷའི་ཚོགས། །དཔག་ཡས་ནམ་མཁའ་ཁྱབ་པར་གསལ་བ་ཡི། །ཀུན་ཀྱང་གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན། །དེ་ལས་འོད་ཟེར་ཕྱོགས་བཅུར་


JKT022_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འཕྲོས་པས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿ༔ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛསིདྡྷི་ཕ་ལ་ཧཱུྃ་ཨཱཧཱུྃ་ཧཱུྃ་ཧཱུྃ། ཞེས་ཡང་ཡང་བརྗོད་པས་བྱིན་དབབ། ཛཧཱུྃ་བཾ་ཧོས་དབྱེར་མེད་དུ་བསམས་ལ། ཚོགས་བསགས་ཤིང་སྡོམ་པ་བཟུང་བ་ནི། བླ་མ་སྐུ་གསུམ་རྒྱལ་བ་སྲས་བཅས་ལ། །མི་ཕྱེད་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཕྱི་ནང་གསང་བ་བླ་མེད་མཆོད་སྤྲིན་འབུལ། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་བཤགས། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་རྣམས། །སྲོག་གི་ཕྱིར་ཡང་མི་བཏང་ཅི་ནུས་བཟུང་། །འདིས་མཚོན་དགེ་ཚོགས་ཆོས་དབྱིངས་ཆེན་པོར་བསྔོ། །འགྲོ་ཀུན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །མཎྜལ་རྒྱས་པའམ། །བསྡུ་ན། བདག་གཞན་དུས་གསུམ་ལོངས་སྤྱོད་དགེ་ཚོགས་དང་། །རབ་འབྱམས་སྐུ་གསུམ་ཞིང་གི་མཆོད་པའི་སྤྲིན། །བློ་ཡིས་བླངས་ཏེ་དཔལ་ལྡན་བླ་མར་འབུལ། །བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་གུ་རུ་བུདྡྷ་བོ་དྷི་ས་ཏཱ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་


JKT022_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། གསོལ་འདེབས་རྒྱས་པ་ཇི་ལྟར་རིགས་པའི་མཐར། བདེ་ཆེན་ཞིང་ན་ཆོས་སྐུ་སྣང་མཐའ་ཡས། །གྲུ་འཛིན་རི་བོར་ལོངས་སྐུ་སྤྱན་རས་གཟིགས། །པདྨོ་བཀོད་པར་སྤྲུལ་སྐུ་ཐོད་ཕྲེང་རྩལ། །དབྱེར་མེད་དྲིན་ཅན་རྩ་བའི་བླ་མ་ལ། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །འབྲལ་བ་མེད་པར་རྟག་ཏུ་རྗེས་བཟུང་ནས། །དབང་བསྐུར་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་སྐུ་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་གནས་གསུམ་དུ་ཐིམ། སླར་ཡང་སོ་སོའི་གནས་གསུམ་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པ་འཕྲོས། རང་གི་གནས་གསུམ་དུ་སིབ་སིབ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར། ཅེས་དམིགས་པའི་རྟེན་གོམས་དང་མ་བྲལ་བས། ཨོཾ་ཨ་མི་དྷེ་ཝ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་པ་རྣམས་ཇི་ལྟར་རིགས་པ་བཟླས། ཚེ་སྒྲུབ་དམིགས་བསལ་བྱེད་ན། སྤྱི་བོའི་རིགས་བདག་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རང་གི་བླ་ཚེ་ཆད་པ་ཡར་བ། ཉམས་པ་


JKT022_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་དང་། འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་ཕྱག་གི་ལྷུང་བཟེད་ཀྱི་ནང་དུ་བསྡུས་ཏེ། དེ་ལས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཔལ་ཏུ་མེད་པ་བྱུང་། བླ་མ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྤྱི་བོ་ནས་ཞུགས། སྦྱོར་མཚམས་ནས་བརྒྱུད། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པའི་འཆི་བའི་འཇིག་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་གྱུར། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་བཟླ་ཞིང་རླུང་ཁ་སྦྱོར་དུ་བཟུང་། ཐུན་མཐར་ལམ་དབང་བླང་བ་ནི། གསོལ་འདེབས་ཀྱི་མཐར། སྤྱི་བོའི་སྟེང་གི་བླ་མ་འཁོར་བཅས་རྣམས། །འཆི་མེད་བདུད་རྩིའི་རྣམ་པར་འོད་དུ་ཞུ། །རང་ལུས་ཀུན་ཁྱབ་ནད་གདོན་སྡིག་སྒྲིབ་དག །དབང་བཞི་ཐོབ་ཅིང་སྐུ་བཞིའི་ས་བོན་བཞག །མཐར་ཐུག་སེམས་ཉིད་ཀ་དག་ཆོས་ཀྱི་སྐུ། །ལྷུན་གྲུབ་འོད་གསལ་རྣམ་རོལ་ལོངས་སྤྱོད་རྫོགས། །ཟུང་འཇུག་ཤར་གྲོལ་དུས་མཉམ་སྤྲུལ་པའི་སྐུ། །དབྱེར་མེད་མ་བཅོས་གཉུག་མའི་རང་ཞལ་བལྟ། །ཅེས་བརྗོད་ཅིང་། དེ་ཡང་སྤྱི་བོའི་ལྷ་ཚོགས་འོད་དུ་ཞུ་བའི་བདུད་རྩིས་རང་ཉིད་དབང་ཆེན་ཧེ་རུ་ཀར་གསལ་བའི་རྩ་གསུམ་འཁོར་ལོ་བཞི་གང་བས་ཡབ་ཡུམ་ལུས་དཀྱིལ་གྱི་ལྷ་དང་


JKT022_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ལྷག་པར་གསལ་བའི་ལྷར་སྣང་སྒྱུ་མ་ལྟ་བུ་ལ་སེམས་འཛིན་པ་བུམ་དབང་གི་ལམ། ལུས་གནད་དང་བཅས་རླུང་རོ་བསལ་ཏེ་འཁོར་ལོ་རེ་རེར་འཇམ་རླུང་བུམ་པ་ཅན་ཅི་རིགས་པ་བཟུང་བ་གསང་དབང་གི་ལམ། དེ་ལ་བརྟེན་ནས་དགའ་བ་བཞིའི་ཡེ་ཤེས་སྐྱེས་པར་བསམ་པ་ཤེར་དབང་གི་ལམ།. དེ་ཐམས་ཅད་ཀྱང་རིག་སྟོང་རྗེན་པ་སྐད་ཅིག་མའི་ངང་ལས་མི་འདའ་བ་དབང་བཞི་པའི་ལམ་མོ། །དེ་ནས་སྤྲོ་ན་ཡི་དམ་གྱི་བཟླས་པ་བྱ་བ་ནི། རང་ཉིད་དབང་ཆེན་ཐུགས་ཀར་ཉི་ཟླའི་དབུས། །ཧཱིཙམཐར་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས། །འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་ཤར། །ཨོཾ་ཧྲིབཛྲ་ཀྲོ་དྷ་ཧ་ཡ་གཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཞེས་ཅི་ནུས་དང་། སླར་ཡང་ཡབ་ཡུམ་གཉིས་ཀའི་གནས་བཞི་ནས། །རིགས་བཞི་དཔའ་བོ་མཁའ་འགྲོ་དཔག་མེད་འཕྲོས། །སྣང་སེམས་དབྱེར་མེད་འོད་གསལ་གཉུག་མའི་ངང་། །རྣམ་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར། །ཧཱིཝཔཾ་ཧ་རི་ནི་ས་ར་ཙ་ཧཱི་ཡ་ཙིཏྟ་ཧཱིང་ཧྲིང་ཛ་ཛ༔ ཤཱནྟཾ་པུཏྟཾ་ཝ་ཤཾ་མཱ་ར་ཡ་ཕཊ། ཅེས་པའང་ཅུང་ཟད་བཟླས་མཐར། སྣོད་བཅུད་འོད་ཞུ་རང་ལ་ཐིམ། །རང་ཡང་ཐུགས་སྲོག་ཧཱི༔ཡིག་ལ། །དེ་ཉིད་མི་དམིགས་འོད་གསལ་ངང་། །སྤྲོས་བྲལ་སྟོང་པ་ཉིད་དུ་གྱུར། །ཞེས་པའི་དོན་ལ་རྩེ་གཅིག་ཏུ་མཉམ་


JKT022_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག །དེ་ལས་ལྡང་བ་ན། སླར་ཡང་རང་དང་སྣང་བ་ཐམས་ཅད་སྐད་ཅིག་གིས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་སད་པར་བསམས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་སྐུ་གསུམ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་གྱིས་རྒྱས་གདབ། སྤྱོད་ལམ་ལ་འཇུག་པའི་ཚེ། རང་ཉིད་དབང་ཆེན་ཧེ་རུ་ཀར་གསལ་བའི་སྙིང་གར་སྐུ་གསུམ་བླ་མའི་ལྷ་ཚོགས་གསལ་བཏབ་ནས། ཁ་ཟས་ཡེ་ཤེས་ཀྱི་བདུད་རྩི་དང་། གོས་ལྷ་རྫས་ཀྱི་ན་བཟས་མཆོད་པར་བསམས་ལ་ལོངས་སྤྱད། ཚོགས་དྲུག་གི་སྣང་བ་གང་ཤར་ཡང་ཐ་མལ་གྱི་སྣང་ཞེན་སྤངས་ཏེ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ལམ་ཁྱེར་དང་མ་བྲལ་བར་བྱ། ནུབ་མོ་ཉལ་བའི་དུས་སུ། སྙིང་གའི་བླ་མ་ཡབ་ཡུམ་གྱི་སྐུ་ལས་བྱུང་བའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང་བ་ལ་རླུང་སེམས་བསྡུས་ཏེ་ཁམས་གསོས་ལས། འོད་གསལ་ཟིན་པར་འགྱུར་ཞིང་། ཐོ་༢ རངས་ལྡང་བའི་ཚེ་སྐུ་གསུམ་བླ་མའི་ལྷ་ཚོགས་ཀྱིས་ནམ་མཁའ་ནས་ཌཱ་མ་རུའི་སྒྲ་སྔགས་ཀྱི་གདངས་སུ་བསྒྲགས་པས་བསྐུལ་ཏེ་འོད་གསལ་ལས་ལྡང་བར་མོས་ལ། ལྷར་གསལ་བཞིན་པའི་ངང་ནས་ལྡང་སྟེ། ཇི་སྐད་དུ་བཤད་པའི་ལམ་གྱི་རིམ་པ་རྣམས་ཐུན་དྲུག་གམ། བཞི་ལ་སོགས་པར་ཉམས་སུ་བླངས་པས་རབ་ཚེ་འདི་ཉིད་ལ་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པར་འགྱུར་རོ། །གལ་ཏེ་དབང་པོ་འབྲིང་ཚེ་


JKT022_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་མ་གྲོལ་ན་འཆི་ཁར་སངས་རྒྱས་པར་བྱེད་པ་འདའ་ཀ་མའི་རྣལ་འབྱོར་ཁྱད་པར་བ་ནི། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལྷར་གསལ་བ་ལ་ཐིམ། ཡུམ་བི་ཡིག་གི་རྣམ་པས་ཡབ་ལ་ཐིམ་པས། རང་གི་ལུས་ཟག་མེད་འཇའ་ཚོན་གྱི་རང་བཞིན་དུ་གྱུར། སེམས་རྒྱུད་ལ་བདེ་སྟོང་གི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་ཏེ། སྤྱི་བོའི་ཧཾ་ཡིག་ལས་དཀར་ཆ་ཐུར་དུ་བབས་པས་བདེ་བ། ལྟེ་འོག་གི་དམར་ཆ་གྱེན་དུ་ལྡོག་པས་གསལ་བ། དེ་གཉིས་སྙིང་གའི་ཧཱིཝལ་ཐིམ་པས་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་། མཐར་ལུས་འོད་ཀྱི་རང་བཞིན་གྱིས་ཧཱུྃ་ལ་ཐིམ། ཧཱིཝསྐར་མདའ་འཕངས་པ་བཞིན་ཡུམ་མཚོ་རྒྱལ་ལ་ཐིམ། དེ་ཡབ་ལ། དེ་རིགས་ཀྱི་བདག་པོ་ལ་ཐིམ། རིགས་བདག་བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས་སུ་ཡུད་ཀྱིས་གཤེགས་པར་བསམས་ལ་དམིགས་བསམ་བརྗོད་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག །སླར་ཡང་ནམ་མཁའ་ལས་སྤྲིན་བརྡོལ་བའི་ཚུལ་གྱིས་རིགས་བདག་དང་། དེ་ལས་བླ་མ་ཡབ་ཡུམ་ཡེ་ཤེས་སེམས་དཔའ་དང་བཅས་པ་དང་། ཡུམ་གྱི་ཐུགས་ཀ་ནས་ཧཱུྃཡིག་རང་ཉིད་གནས་པའི་གོ་སར་བབས་པས་ལྷ་སྐུ་སོགས་སྔར་བཞིན་དུ་གྲུབ་པར་བསམས་ལ་ཡང་ཡང་རྩལ་སྦྱངས། ནམ་འཆི་བའི་དུས་ལ་བབ་པའི་ཚེ། རིགས་བདག་བདེ་ཆེན་ཞིང་དུ་གཤེགས་པར་བསམ་པའི་མཐར་རྟོག་པ་གཞན་


JKT022_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བར་མ་ཆོད་པར་འོད་གསལ་འཇུག་པར་བྱའོ། །གལ་ཏེ་འདའ་ཀ་མ་ཐེབ་ན་བར་དོའི་རྣལ་འབྱོར་ནི། ད་ལྟ་སྣང་བ་ཐམས་ཅད་བར་དོར་ངེས་པར་བྱས་ཏེ། ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་སྤངས་ལ་སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་སྐུར་བསྲེ་བའི་ཉམས་ལེན་དང་མ་བྲལ་ན། བར་དོར་ཡང་དྲན་པས་ཟིན་ནས་གྲོལ་བར་འགྱུར་ལ། ཐ་མ་ལམ་འདིར་མོས་པས་ཞུགས་པ་རྣམས་ཀྱང་དད་པ་དམ་ཚིག་རྣམ་པར་དག་པས་རྒྱུད་སྦྱངས་ཤིང་། སྨོན་ལམ་གྱིས་མཚམས་སྦྱར་བས་བདེ་བ་ཅན་དང་པདྨ་འོད་སོགས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཞིང་། ལམ་གྱི་ལྷག་མ་མྱུར་དུ་བགྲོད་ནས་མཆོག་གི་དངོས་གྲུབ་འགྲུབ་པ་ནི་ངེས་པའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཟབ་རྒྱས་གདམས་པའི་སྙིང་པོ་ཉུང་ངུར་དྲིལ་ཏེ་སྦྱར་བའི་དགེ་བས་འགྲོ་ཀུན་སྐུ་གསུམ་དབྱེར་མེད་པདྨ་ཐོད་ཕྲེང་གི་གོ་འཕང་མྱུར་བ་ཉིད་དུ་འགྲུབ་པའི་རྒྱུར་གྱུར་ཅིག། ༈ །།བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས་ཀྱི་སྨིན་བྱེད་ཡེ་ཤེས་བཅུད་སྦྱིན་ཞེས་བྱ་བ། ན་མཤྲཱི་གུ་ར་ཝེ། བློ་འདས་གཉུག་མ་དོན་དམ་གྱི། །ཡོངས་གྲུབ་བླ་མར་ཕྱག་བྱས་ནས། །འདི་ན་དེ་ཡི་སྨིན་བྱེད་ནི། །ཡེ་ཤེས་མཆོག་གི་བཅུད་ལེན་སྦྱིན། །དབེན་པའི་གནས་སུ་སྟེགས་བུའི་ཁར། །འབྲུ་ཚོམ་དམར་པོའི་སྟེང་ཉིད་དུ། །བྷནྡྷ་བདུད་


JKT022_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་བཀང་བའི་ཁར། །རྡོ་རྗེ་སེམས་དཔའི་མེ་ལོང་བཀོད། །མཐའ་བསྐོར་ཕྱི་ནང་མཆོད་པས་བསྐོར། །དེ་ནས་ཡེ་ཤེས་བྱིན་འབེབས་ལྟར། །བདག་མདུན་བུམ་གསུམ་དབྱེར་མེད་པའི། །བསྐྱེད་བཟླས་ལྷ་ཚོགས་འོད་དུ་ཞུ། །ལས་བུམ་བདུད་རྩི་འཁྱིལ་བས་བསྒྲུབ། །ཐུན་མཐར་མཆོད་བསྟོད་བདག་འཇུག་བླང་། །དེ་ནས་སློབ་མ་གྲལ་ལ་འཁོད། །ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ། །དེ་ནས་ལོ་རྒྱུས་མཚམས་སྦྱོར་ནི། །ད་ལམ་འདིར་ནི་ཡང་གསང་བླ་མའི་དཀྱིལ་འཁོར་དུ་སྨིན་པར་བྱེད་པ་ཡིན་ཏེ། དེ་ཡང་དཔལ་གྱི་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །ནམ་དུ་ཡང་ནི་མི་རྙེད་པས། །བླ་མའི་དུས་ཐབས་བསྟན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། །སྐྱ་བ་འཛིན་པ་མེད་པར་ནི། །གྲུས་ཀྱང་ཕ་རོལ་ཕྱིན་མི་ནུས། །ལ ཡོན་ཏན་ཐམས་ཅད་ཀུན་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །ཞེས་གསུངས་པ་ལྟར། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱང་དཔལ་ལྡན་བླ་མ་དམ་པའི་བཀའ་དྲིན་ཁོ་ན་ལ་བརྟེན་ཅིང་གནས་ཏེ། ཡང་དག་པར་འབྱུང་བའི་ཕྱིར་དང་། ཁྱད་པར་གསང་སྔགས་ཀྱི་རྩ་བ་ནི་བླ་མ་ཡིན་ཞིང་། དེ་ལ་མོས་གུས་ཀྱི་རྟེན་འབྲེལ་གནད་དུ་སྨིན་ན་རིང་པོར་མི་ཐོགས་


JKT022_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྡོ་རྗེ་འཆང་གི་གོ་འཕང་ལ་འཛེགས་པར་འགྱུར་བ་བཅས་དགོངས་ནས་ལམ་ཐམས་ཅད་ཀྱི་རྩ་བ་ཟབ་མོ་བླ་མའི་རྣལ་འབྱོར་དུ་གསུངས་ཤིང་། དེ་ཡང་སྔོན་དུ་རྒྱུ་དུས་ཀྱི་དབང་གིས་སྨིན་པར་བྱས་ནས་ཕྱིས་ལམ་དབང་ཐོད་རྒལ་དུ་བླངས་པས་འབྲས་བུ་སངས་རྒྱས་རྣམས་ལས་འོད་ཟེར་ཆེན་པོའི་དབང་ནོད་དེ་སྣང་གསུམ་འཕོ་ཆགས་ཀྱི་སྤྲོས་པ་ལས་བརྒལ་བའི་གོ་འཕང་མངོན་དུ་བརྙེས་པ་བྱིན་རླབས་ཟབ་མོ་བགྱི་བ་ལ་བདག་ཉིད་ཀྱིས་བྱ་བར་འོས་པ་ཐམས་ཅད་སྔོན་དུ་སོང་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་མཎྜལ་ཞིག་ཕུལ་མཛོད། མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི། ཨེ་མ། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི། །ཁྱབ་བདག་རྡོ་རྗེ་སློབ་དཔོན་དགོངས། །བདག་ལ་ཡེ་ཤེས་བླ་མེད་ཀྱིས། །བྱིན་རླབས་བཅུད་ཆེན་དབབ་ཏུ་ལ གསོལ། །ལན་གསུམ་རྗེས་སུ་སྐྱབས་སེམས་དང་། །ཡན་ལག་བདུན་གྱིས་ཚོགས་གཉིས་འདུམས། །དེ་ནས་དབང་གི་དོན་པོ་ནི། །ཡེ་ཤེས་དབབ་པ་ཉིད་ཡིན་ཕྱིར། །སློབ་མ་ལུས་གནད་བསྲངས་བྱས་ལ། །ཁ་སྦྱོར་རླུང་བསྡམ་འདི་བཞིན་དམིགས། །ཨོཾ་མ་ཧཱ་ཤུནྱ་ཏཱ་སོགས། སློབ་དཔོན་གྱི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས། ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཟག་པ་ཆ་དང་བཅས་པ་སྦྱངས།


JKT022_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པ་ཧཱུྃ་ཡིག་མཐིང་གར་གྱུར་པ་རྡོ་རྗེ་འཛིན་པ་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་ཞལ་ནས་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་གསང་དུ་བབས་པ་ལས་བདེ་སྟོང་སྲས་ཀྱི་རྣམ་པར་གྱུར་པ་ནི་ངོ་བོ་ཁྱབ་བདག་དཔལ་ལྡན་བླ་མ་ལ་རྣམ་པ་ཐོག་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བ་སྟང་དཔྱལ་དུ་གསལ་བའི་གསང་བ་གསུམ་གྱི་གནས་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རིགས་མཐའ་དག་གི་བདག་ཉིད་འཁོར་ལོའི་མགོན་པོའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས་ཏེ་སྙིང་གར་ཡེ་ཤེས་པའི་ཚུལ་གྱིས་བཞུགས་པའི་མོས་པ་མཛོད། ཧཱུྃ། ཕྱོགས་བཅུའི་ཞིང་ཁམས་དག་པ་རབ་འབྱམས་ནས། །བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་ཀུན། །ཡེ་ཤེས་བླ་མའི་གསང་གསུམ་རྣམ་པ་རུ། །གནས་འདིར་བྱིན་ཕོབ་རྡོ་རྗེའི་ཡེ་ཤེས་སྐྱེད། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨ༔ བརྟན་པར་གྱུར་ཅིག་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་ནས་ཐོད་བུམ་སྤྱི་བོར་གཏུགས། །ཧཱུྃ། རྣམ་པ་ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །ཟུང་འཇུག་སྒྱུ་མའི་དཀྱིལ་འཁོར་ཆེན་པོ་སྟེ། །མཐའ་དག་སྒྱུ་འཕྲུལ་དྲྭ་བར་རྫོགས་པ་ཡི། །སྐུ་ཡི་དབང་མཆོག་དམ་པ་ཁྱོད་ལ་སྦྱིན། །རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོ། དེས་ལུས་ཀྱི་ལས་དང་


JKT022_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ཡི་སྒྲིབ་པ་སྦྱངས། ལམ་སྣང་སྟོང་ཟུང་འཇུག་གི་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་བླ་མ་སྤྲུལ་པའི་སྐུ་འགྲུབ་པའི་ས་བོན་རྒྱུད་ལ་བཞག་པའོ། །གཉིས་པ་བྷནྡྷའི་བདུད་རྩི་སྦྱིན། ཧཱུྃ། བདེ་ཆེན་དགའ་བ་བཞི་ཡི་བདུད་རྩིའི་སྤྲིན། །ཐབས་ཤེས་མཉམ་པར་རོལ་པའི་དངོས་གྲུབ་དབྱིག །འགག་མེད་གསུང་གི་རྡོ་རྗེར་རྫོགས་གྱུར་པའི། །སྔགས་ཀྱི་དབང་མཆོག་དམ་པ་ཁྱོད་ལ་སྦྱིན། །རྩ་སྔགས། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་ངག་གི་ལས་དང་རླུང་གི་སྒྲིབ་པ་སྦྱངས། བདེ་སྟོང་ཟུང་འཇུག་རྩ་རླུང་དང་འཕོ་བའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ །གསུམ་པ་དྭངས་ཤེལ་བསྟན་བྱས་ལ། །ཧཱུྃ། རྟག་ཏུ་ཐིག་ལེ་ཆེན་པོ་གཅིག་གི་ངང་། །སྤྲོ་དང་བསྡུ་བའི་བྱ་རྩོལ་མ་དམིགས་ཀྱང་། །འགགས་མེད་སྣང་ཆ་སྒྱུ་མར་རང་གྲོལ་བའི། །ལ ཀ་དག་གཉུག་མའི་དབང་བསྐུར་ཁྱོད་ལ་སྦྱིན། །རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེས་ཡིད་ཀྱི་ལས་དང་ཉོན་ཤེས་ཀྱི་སྒྲིབ་པ་སྦྱངས། རིག་སྟོང་ཟུང་འཇུག་འོད་གསལ་གྱི་ལམ་སྒོམ་པ་ལ་དབང་། འབྲས་བུ་བླ་མ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ །དེ་ནས་ཁྱད་པར་ཚིག་ཙམ་གྱི། །བརྡ་དང་ཐབས་ལ་བརྟེན་ནས་ཀྱང་། །དོན་དམ་དགོངས་པར་ངོ་སྤྲོད་པའི། །རྡོ་རྗེའི་གླུ་ནི་ལན་གསུམ་བླང་། །


JKT022_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་དགོངས་པའི་དྲོད་གཏད་ཅིང་། །རྗེས་ཐོབ་སྒྱུ་མའི་རྟོགས་པ་སྦྱར། །རྗེས་ལ་དམ་ཚིག་ཁས་བླང་དང་། །གཏང་རག་མཎྜལ་རྒྱས་པར་ཕུལ། །ཤིས་པ་བརྗོད་ཅིང་དགེ་བ་བསྔོ། །དགོངས་བརྒྱུད་བྱིན་རླབས་ལྡན་པ་ཡི། །རྡོ་རྗེའི་སློབ་དཔོན་མཆོག་ཉིད་ཀྱིས། །མོས་གུས་ལྡན་པའི་སློབ་མ་ལ། །ཚུལ་བཞིན་འདི་ནི་སུས་བསྐུར་བས། །ཆོས་ཉིད་དགོངས་པ་རང་གྲོལ་བའི། །རྡོ་རྗེའི་རྣལ་འབྱོར་བསླུ་བ་མེད། །ས་མ་ཡ༔ ལམ་ཟབ་མོ་བླ་མའི་བྱིན་རླབས་ཀྱི་རིམ་པའོ།། ༈ །།སྣང་བ་མཐའ་ཡས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བདེ་ཆེན་ལམ་བཟང་ཞེས་བྱ་བ། ན་མོ་གུ་རུ་ཨ་མི་ཏཱ་བྷཱ་ཡ། བླ་མ་འོད་སྣང་མཐའ་ཡས་ཀྱི། །རྡོ་རྗེའི་རྣལ་འབྱོར་ལ་བརྟེན་ནས། །དངོས་གྲུབ་རྣམ་གཉིས་བསྒྲུབ་འདོད་ན། །སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས། །ཧཱི༔ ཡོངས་གྲུབ་བློ་འདས་འོད་གསལ་རྡོ་རྗེའི་དབྱིངས། །ཟུང་འཇུག་སྙིང་རྗེའི་གཞན་དབང་ལ་ཆགས་པས། །ཀུན་བརྟགས་བརྟན་གཡོའི་དངོས་པོ་ཐམས་ཅད་ཀུན། །རྣམ་གྲོལ་བདེ་ལྡན་པདྨོ་བཀོད་པའི་ཞིང་། །མནན་ནེམ་བཏེགས་འཕར་གསེར་གྱི་ས་གཞི་ལ། །རིན་ཆེན་སྣ་ཚོགས་ལྗོན་པའི་དགའ་ཚལ་དང་། །ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆུ་གཏེར་སོགས། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་དབུས། །རང་ཉིད་འཆི་མེད་རིག་འཛིན་མཚོ་སྐྱེས་རྗེ། །


JKT022_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་མདངས་ལྡན་རྡོ་རྗེ་ཐོད་བུམ་བསྣམས། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །མཚན་དཔེའི་གཟི་འབར་འོད་ལྔའི་ཀློང་ན་བཞུགས། །སྤྱི་བོར་རྨ་བྱས་བཏེགས་པའི་རིན་ཆེན་ཁྲིར། །སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ། །བཀའ་དྲིན་མཉམ་མེད་ཁྱབ་བདག་འཁོར་ལོའི་མགོན། །རྣམ་པ་བཅོམ་ལྡན་མགོན་པོ་འོད་དཔག་མེད། །བྱེ་རུའི་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །ཉིན་བྱེད་འབུམ་གྱིས་འཁྱུད་པའི་ལང་ཚོ་འབར། །ངོ་མཚན་མཚན་དཔེའི་འོད་ཟེར་རབ་འཕྲོ་ཞིང་། །ཞལ་གཅིག་ཕྱག་གཉིས་མཉམ་གཞག་ལྷུང་བཟེད་བསྣམས། །སྤྲུལ་སྐུའི་ཆ་ལུགས་ཆོས་གོས་རྣམ་གསུམ་གསོལ། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གདན་ལ་རོལ། །གཡས་གཡོན་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །མཐའ་སྐོར་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་ཚོགས། །དྭངས་པའི་མཁའ་ལ་ཤར་བའི་འཇའ་ཚོན་ལྟར། །སྣང་སྟོང་ཟུང་འཇུག་ཆེན་པོར་གསལ་བ་ཡི། །གནས་གསུམ་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར། །ཧཱི༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱི། །སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སྐུ། །བཅོམ་ལྡན་འཆི་མེད་མགོན་པོ་འོད་མཐའ་ཡས། །འདིར་གཤེགས་ཐུགས་རྗེའི་དབང་གིས་བཞུགས་སུ་གསོལ། །ཧཱི༔ གཟོད་ནས་རྣམ་གྲོལ་དོན་གྱི་


JKT022_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ། །མཆོག་ཏུ་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །སྣང་སྲིད་སྣོད་བཅུད་ཀུན་བཟང་མཆོད་པའི་སྤྲིན། །མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོར་འབུལ། །རིག་སྟོང་སྤྲོས་པ་བྲལ་བའི་གཤིས་ལུགས་ལ། །གློ་བུར་འཁྲུལ་པས་བཅིངས་པ་མཐོལ་ཞིང་བཤགས། །འོད་གསལ་སོ་སོར་རྟོག་པའི་ཡེ་ཤེས་ངང་། །རྟག་ཏུ་འདུ་འབྲལ་མེད་པར་རྗེས་ཡི་རང་། །སྒྲ་ཚིག་མཚན་མའི་ཆོས་ལས་རྣམ་གྲོལ་བའི། །ཐར་པ་དམ་པའི་ལམ་བཟང་སྟོན་པར་བསྐུལ། །ཡོངས་གྲུབ་རྣམ་ཀུན་མཆོག་ལྡན་རྡོ་རྗེའི་སྐུ། །རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་འཁོར་གསུམ་ལས་འདས་པའི། །ཟབ་ཞི་སྤྲོས་བྲལ་ཆོས་དབྱིངས་ཆེན་པོར་བསྔོ། །ཧཱུྃ༔ བཅོམ་ལྡན་མགོན་པོ་སྣང་བ་མཐའ་ཡས་དང་། །དབྱེར་མེད་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་དངོས། །སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ། །སྙིང་ནས་གུས་པ་ཆེན་པོས་གསོལ་འདེབས་ན། །བདག་ཅག་ལས་དང་ཉོན་མོངས་དག་སོང་བས། །སྡུག་བསྔལ་གསུམ་གྱི་ཞགས་པས་བཅིངས་པ་རྣམས། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །འདི་ནས་བྱང་ཆུབ་བར་དུ་ཐུགས་རྗེས་ཟུངས། །གནས་སྐབས་བརྒྱད་གཉིས་འཇིགས་པ་ཀུན་ཞི་ཞིང་། །དབང་བཅུའི་ཡོན་ཏན་ལྷུན་གྱིས་གྲུབ་པ་དང་། །མཐར་ཐུག་རིག་སྟོང་དོན་གྱི་འོད་


JKT022_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས། །མངོན་སུམ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །ཚེ་ཡི་མཐར་ཡང་འདྲེན་མཆོག་འོད་དཔག་མེད། །འཁོར་བཅས་དགྱེས་པའི་ཕྱག་གིས་མདུན་བསུས་ནས། །བདེ་ཆེན་པདྨོ་བཀོད་པར་དབུགས་དབྱུངས་ཏེ། །རང་གཞན་དོན་གཉིས་མྱུར་དུ་འགྲུབ་པར་ཤོག །ཨོཾ་ཨ་མི་དྷེ་ཝ་ཧི སྟོང་དང་སྙིང་རྗེ་ཟུང་འཇུག་ངང་། །བཅོས་མིན་མོས་གུས་དྲག་པོའི་བློས། །གསོལ་འདེབས་ཚུལ་དུ་རྩེ་གཅིག་བཟླ། །ཁྱད་པར་ཚེ་ཡི་སྒྲུབ་པ་ནི། །གུས་པས་བསྙེན་ཅིང་གསོལ་གདབ་པས། །ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས། །སྲིད་དང་ཞི་བའི་དྭངས་བཅུད་ཀུན། །བདུད་རྩིའི་རྣམ་པར་སྤྱན་དྲངས་ཏེ། །རང་དང་བསྒྲུབ་བྱའི་ཚོགས་རྣམས་ཀྱི། །ཚངས་བུག་ནས་ཞུགས་ལུས་ཀུན་གང་། །འཆི་མེད་རྡོ་རྗེའི་སྲོག་འགྲུབ་བསམ། །མ་ཡེངས་བཟླས་པ་འདི་ལ་འབད། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཐུན་མཐར་དབང་བཞི་བླང་བ་ནི། །རྩེ་གཅིག་གུས་པས་གསོལ་བ་བཏབ་པ་ལས། །དཔལ་ལྡན་བླ་མ་འོད་སྣང་མཐའ་ཡས་ཀྱི། །གསང་གསུམ་འོད་ཟེར་བདག་གི་གནས་བཞིར་ཐིམ། །སྒྲིབ་དག་དབང་དང་བྱིན་རླབས་དངོས་གྲུབ་ཐོབ། །མཐར་ནི་བླ་མ་འོད་ཞུ་རང་ཉིད་དང་། །དབྱེར་མེད་བརྗོད་བྲལ་མ་བཅོས་གཉུག་མའི་ངང་། །སྐྱེ་འགག་གནས་གསུམ་སྤྲོས་པ་ལས་འདས་པའི། །དོན་དམ་སོ་སོར་རྟོག་པའི་རང་ཞལ་བལྟ། །


JKT022_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་སྣང་གྲགས་རིག་པ་གསུམ། །བླ་མའི་གསང་བ་གསུམ་དུ་གསལ། །ངེས་འབྱུང་སྙིང་རྗེ་མོས་གུས་དང་། །གནས་ལུགས་བརྗོད་མེད་ལམ་དུ་ཁྱེར། །དེ་ལྟར་ཉམས་སུ་སུས་བླངས་པར། །ཚེ་འདིར་དངོས་གྲུབ་རྣམ་གཉིས་ཐོབ། །ཕྱི་མ་བདེ་བ་ཅན་གྱི་ཞིང་། །པདྨའི་སྦུབས་སུ་སྐྱེས་ནས་ཀྱང་། །སངས་རྒྱས་མཆོད་ཅིང་དམ་ཆོས་ཉན། །མྱུར་དུ་བྱང་ཆུབ་ལུང་སྟོན་འགྱུར། །དེ་ཕྱིར་དད་དང་བརྩོན་ལྡན་རྣམས། །གུས་པས་ཉམས་སུ་བླང་བར་རིགས། །གང་གི་ངོ་བོ་སྤྲོས་པ་ལས། །འདས་ཀྱང་རང་བཞིན་འོད་གསལ་བ། །འཆི་མེད་མགོན་པོའི་ཞལ་ལུང་འདིས། །འགྲོ་ཀུན་སྲིད་མཚོ་ལས་སྒྲོལ་ཤོག ། མངྒ་ལཾ།། ༈ །།གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་དང་འབྲེལ་བའི་སྨོན་ལམ་ཕན་བདེའི་དགའ་སྟོན་ཅེས་བྱ་བ། ན་མོ་གུ་རུ་ཨ་མི་ཏ་བྷཱ་ཡ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱི། །ཡེ་ལཾ ཤེས་ཕུང་པོ་གཅིག་ཏུ་བསྡུས་པའི་གཟུགས། །གདོད་མའི་མགོན་པོ་འོད་མཐའ་ཡས་པ་དང་། །དབྱེར་མེད་ཁྱབ་བདག་བླ་མར་གསོལ་བ་འདེབས། །ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལས། །མཁའ་དབྱིངས་དྭངས་པར་ཤར་བའི་འཇའ་ཚོན་བཞིན། །སྣང་སྟོང་ཟུང་འཇུག་མཚན་དཔེའི་དཔལ་འབར་བའི། །འཆི་མེད་རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། །དོན་དམ་སྒྲ་ཚིག་མཚན་མ་ལས་འདས་ཀྱང་། །ཀུན་


JKT022_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་དབྱངས་ཀྱི་ཡན་ལག་ཇི་སྙེད་ཀུན། །ཆོས་ཕུང་རྒྱ་མཚོའི་དཔྱིད་དུ་ངལ་འཚོ་བ། །གྲགས་སྟོང་རྡོ་རྗེའི་གསུང་ལ་གསོལ་བ་འདེབས། །གཟོད་ནས་སྤྲོས་བྲལ་ཡེ་ཤེས་མེ་ལོང་དུ། །ཇི་ལྟ་ཇི་སྙེད་ཆོས་ཁམས་ཀུན་འཆར་བས། །སྲིད་དང་ཞི་བའི་དེ་ཉིད་གཅིག་གྱུར་པ། །འོད་གསལ་རྡོ་རྗེའི་ཐུགས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་འདེབས་ན། །ཚད་མེད་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །དགྱེས་པའི་ཞལ་བསྟན་གསུང་གིས་དབུགས་དབྱུང་ནས། །མཐའ་ཀླས་ཏིང་འཛིན་སྒོ་བརྒྱ་དབྱེ་བར་མཛོད། །དེ་མཐུས་སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །མཚན་ལྡན་བླ་མས་རྗེས་བཟུང་བསླབ་གསུམ་དང་། །ཕར་ཕྱིན་དྲུག་གི་སྤྱོད་པ་རྒྱ་མཚོ་ཡིས། །ས་བཅུ་ལམ་ལྔའི་ཕ་མཐར་ཕྱིན་པར་ཤོག །ཁྱད་པར་གསང་ཆེན་ངེས་པའི་སྡེ་སྣོད་ཀྱི། །སྨིན་གྲོལ་བདུད་རྩིས་བརླན་པའི་དགེ་མཚན་གྱིས། །༡ དངོས་ཀུན་ཟུང་འཇུག་ལྷན་སྐྱེས་བདེ་བ་ཆེར། །རྣམ་རོལ་གྲུབ་པའི་མེ་ཏོག་འཛིན་གྱུར་ཅིག །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པ་ན། །ཕྱི་ནང་འབྱུང་བ་ཕྲ་རགས་ཐིམ་པའི་རྗེས། །ལྷན་སྐྱེས་བརྗོད་བྲལ་དོན་གྱི་འོད་མཐའ་ཡས། །ངོ་ཤེས་ཐག་ཆོད་བརྟན་པ་ཐོབ་པར་ཤོག །གལ་ཏེ་གཉིས་འཛིན་འཁྲུལ་པའི་གཞན་དབང་གིས། །ལྷུན་གྲུབ་ཐུགས་རྗེའི་འཆར་ཚུལ་ཅི་ཤར་ཡང་། །ཐམས་ཅད་རིག་རྩལ་ཁོ་ནར་ངོ་


JKT022_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པས། །ཟུང་འཇུག་སྒྱུ་མའི་དབྱིངས་སུ་གྲོལ་གྱུར་ཅིག །དེར་ཡང་མཆོག་གི་བརྟན་པ་མ་ཐོབ་ན། །འདྲེན་མཆོག་བླ་མ་འོད་དཔག་མེད་མགོན་དང་། །སངས་རྒྱས་བྱང་སེམས་ཚོགས་ཀྱིས་མདུན་བདར་ཏེ། ། བདེ་ཆེན་པདྨོ་བཀོད་དུ་ཕྱིན་པར་ཤོག །གང་ན་རི་བྲག་རོལ་མཚོ་ཡུལ་ལྗོངས་སོགས། །ཐམས་ཅད་དག་པའི་སྣང་བ་འབའ་ཞིག་ལས། །འཁྲུལ་པའི་ར་རི་ནམ་ཡང་མི་འཛིན་པར། །ཐེག་ཆེན་ཆོས་ལ་རྟག་ཏུ་སྤྱོད་གྱུར་ཅིག །དེ་ཚེ་ཁྱབ་བདག་སྣང་བ་མཐའ་ཡས་ཀྱིས། །འོད་ཟེར་ཆེན་པོའི་དབང་གིས་སྨིན་བྱས་ནས། །ཤིན་ཏུ་ཕྲ་བའི་བག་ཆགས་ཀུན་སྦྱངས་ཏེ། །ཡང་དག་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །དེ་ལས་སླར་ཡང་ཚད་མེད་སྙིང་རྗེའི་མཐུས། །གང་ལ་གང་འདུལ་གཟུགས་སྐུའི་རོལ་པ་ཡིས། །མཁའ་ཁྱབ་ཡིད་ཅན་ཐར་པའི་གྲོང་ཁྱེར་དུ། །འདྲེན་པའི་དེད་དཔོན་མཚུངས་པ་མེད་གྱུར་ཅིག །གཞན་ཡང་གནས་སྐབས་ཚེ་བསོད་དཔལ་འབྱོར་སོགས། །དབང་བཅུའི་ཡོན་ཏན་ལྷུན་གྱིས་གྲུབ་པ་དང་། །སྣོད་བཅུད་རྫོགས་ལྡན་གསར་པའི་དགའ་སྟོན་གྱིས། །འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །དེ་ལྟར་རྩེ་གཅིག་སྨོན་པའི་གནས་སྐབས་ཀུན། །སྐྱབས་གསུམ་འདུས་ཞལ་དཔལ་ལྡན་བླ་མ་ཡི། །བྱིན་རླབས་སྣང་བ་གསར་པའི་དགེ་མཚན་གྱིས། །གེགས་མེད་མྱུར་བ་ཉིད་དུ་འགྲུབ་གྱུར་ཅིག །ཅེས་པའང་


JKT022_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་གྲུབ་པའི་དཔྱིད་གཞོན་ནུ་ཨ་བྷཱ་ཡས་སྙིང་ནས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། ༈ །།ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྲུབ་གཉིས་ལམ་བཟང་ཞེས་བྱ་བ། ན་མོ་གུ་རུ་ལོ་ཀེ་ཤཱ་རཱ་ཡ། སྙིང་རྗེའི་དབང་ཕྱུག་པད་དཀར་འཆང་། །དབྱེར་མེད་དཔལ་ལྡན་བླ་མའི་ཞབས། །བསྙེན་ལས་དངོས་གྲུབ་བརྙེས་འདོད་ན། །སྐྱབས་སེམས་སྤྱི་ལྟར་སྔོན་སོང་ནས། །ཧཱུྃ༔ གཟོད་ནས་སྤྲོས་བྲལ་འོད་གསལ་ཆོས་སྐུའི་དབྱིངས། །གཟུང་འཛིན་འཁྲུལ་པའི་མཚན་མ་ལས་འདས་བཞིན། །ཟུང་འཇུག་འགགས་མེད་སྙིང་རྗེའི་སྣང་ཆ་ནི། །སྣོད་བཅུད་༈ ཐམས་ཅད་རི་བོ་པོ་ཏཱ་ལ། །དྲང་སྲོང་རིག་འཛིན་གྲུབ་པའི་དགའ་ཚལ་ཆེ། །ཐ་གྲུ་ཡངས་པའི་གསེར་གྱི་ས་གཞི་ལ། །རིན་ཆེན་བཻཌཱུརྱ་ཡི་བྲག་རིས་མཛེས། །དྭངས་པའི་རོལ་མཚོ་ཡན་ལག་བརྒྱད་ལྡན་ཆབ། །ནོར་བུའི་དྲ་བས་དཔྱངས་པའི་ལྗོན་ཤིང་སོགས། །ཐར་པ་ཆེན་པོའི་གྲོང་ཁྱེར་ཉམས་དགའི་དབུས། །རང་ཉིད་གཞི་ལུས་འཆི་མེད་ཐོད་ཕྲེང་རྩལ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣམས། །མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་པས་འཁྱུད། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །སྤྱི་བོར་ཆུ་སྐྱེས་ཉི་ཟླའི་དཀྱིལ་འཁོར་དབུས། །རྩ་བའི་བླ་མ་མགོན་པོ་སྤྱན་རས་གཟིགས། །སྐུ་མདོག་དཀར་


JKT022_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་མཚན་དཔེའི་འོད་ཟེར་འབར། །ཞལ་གཅིག་ཕྱག་བཞི་ཞི་འཛུམ་སྒེག་པའི་ཉམས། །རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་ཞིང་། །ལྷག་མ་རྣམ་གཉིས་ཤེལ་ཕྲེང་པད་དཀར་བསྣམས། །ཀྲྀཥཱ་སཱ་རའི་པགས་པའི་སྟོད་གཡོགས་དང་། །ལྷ་རྫས་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གདན་ལ་རོལ། །རལ་པའི་གསེབ་ན་རིགས་བདག་འོད་དཔག་མེད། །དམར་པོ་མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས། །དེ་ལྟར་གསལ་བའི་གནས་གསུམ་ཡིག་འབྲུ་ལས། །འོད་འཕྲོས་ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར། །ཧཱུྃ༔ སྟོང་ཉིད་སྙིང་རྗེར་རོལ་བའི་ཡེ་ཤེས་ནི། །སྲིད་ཞིར་མི་གནས་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན། །བཅོམ་ལྡན་མགོན་པོ་འཕགས་པ་སྤྱན་རས་གཟིགས། །འགག་མེད་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །ཧཱིཐ་དད་བློ་ཡི་སྣང་ཆ་ཞིག་གྱུར་པའི། །རོ་གཅིག་གཉུག་མའི་ངང་དུ་ཕྱག་བགྱིའོ། །རྟོག་ཚོགས་གང་ཤར་རང་སར་གྲོལ་བའི་དཔྱིད། །བདེ་སྟོང་རོལ་མོར་འཆར་བའི་མཆོད་སྤྲིན་འབུལ། །བློ་བྲལ་འོད་གསལ་གདོད་མའི་གཤིས་ལུགས་ལ། །ཡིད་བྱེད་མཚན་མས་བཅིངས་པ་མཐོལ་ཞིང་བཤགས། །སློབ་དང་མི་སློབ་ལམ་གྱི་སྤངས་རྟོགས་ཆོས། །ཡེ་ཤེས་ཕ་རོལ་ཕྱིན་ལ་རྗེས་ཡི་རང་། །མི་ཤིགས་རྡོ་རྗེ་ནཱ་དའི་དབྱངས་སྙན་པོས། །བདེན་གཉིས་ཆོས་འཁོར་རྒྱ་མཚོ་


JKT022_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བར་བསྐུལ། །འཆི་མེད་རྟག་པ་དམ་པའི་ཐིག་ལེ་རུ། །རྡུལ་བྲལ་ཕྱག་རྒྱ་ཆེན་པོར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་འཁོར་གསུམ་ལས་འདས་པའི། །ཟབ་ཞི་སྤྲོས་བྲལ་དབུ་མའི་ཀློང་དུ་བསྔོ། །ཧཱི༔ སྙིང་རྗེའི་དབང་ཕྱུག་འཕགས་མཆོག་སྤྱན་རས་གཟིགས། །གང་འདུལ་མོས་པའི་སྣང་ངོར་རྗེས་ཆགས་གར། །ཁྱབ་བདག་བླ་མ་དྲན་མཆོག་འཁོར་ལོའི་མགོན། །སྐུ་གསུམ་དབྱེར་མེད་ཁྱོད་ལ་གསོལ་བ་འདེབས། །བདག་ཅག་སྙིགས་མ་ལྔ་ཡིས་གཟིར་བའི་འགྲོ། །ལས་དང་ཉོན་མོངས་དྲག་པོའི་མཐུས་ནོན་ཚེ། །ཚད་མེད་ཐུགས་རྗེའི་ཕྱག་གིས་དྲངས་ནས་ཀྱང་། །ཕན་དང་བདེ་ཝཱ བའི་གནས་སུ་དབུགས་དབྱུང་མཛོད། །གནས་སྐབས་ངེས་འབྱུང་སྙིང་རྗེའི་གཞན་དབང་གིས། །སྨོན་འཇུག་སེམས་བསྐྱེད་དམ་བཅའ་མི་འདོར་ཞིང་། །མཐར་ཐུག་ལམ་ལྔ་ས་བཅུའི་ཐེམ་སྐས་ལ། །འཛེགས་ཏེ་ཀུན་མཁྱེན་གྲོང་དུ་དཀྲི་གྱུར་ཅིག །ཁྱད་པར་འདིར་སྣང་ནུབ་པར་གྱུར་པའི་ཚེ། །འཕགས་མཆོག་ཕྱག་ན་པདྨོས་རྗེས་བཟུང་སྟེ། །རང་སྣང་རྣམ་དག་ཡིད་འོང་པོ་ཏཱ་ལར། །གྲུབ་པ་གཉིས་ཀྱི་རྩེ་དགའ་རོལ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱི༔ མི་ཕྱེད་དད་པས་གསོལ་བཏབ་བཟླས། །ཐུན་མཐར་དབང་བཞི་བླང་བ་ནི། །རྩེ་གཅིག་གུས་པས་ཉེ་བར་བསྙེན་པ་ལས། །འཕགས་མཆོག་དགྱེས་པའི་གསང་


JKT022_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འོད་ཟེར་སྤྲིན། །གནས་བཞིའི་འཁོར་ལོར་སྨིན་པའི་བྱེད་ལས་ཀྱིས། །སྒྲིབ་བཞི་དག་ཅིང་དབང་བཞིའི་ཡེ་ཤེས་ཐོབ། །སྐུ་བཞིའི་གོ་འཕང་ཐོབ་པའི་ས་བོན་བཞག །མཐར་ཐུག་བླ་མ་རང་སེམས་དབྱེར་མེད་ངང་། །སྣང་ཞེན་གདན་གསུམ་སྒྱུ་མའི་ལྷ་སྐུར་དག །སྒྲ་གྲགས་མི་ཤིགས་ནཱ་དའི་རོལ་མོར་རྫོགས། །རྟོག་ཚོགས་འོད་གསལ་དབུ་མར་ཐིམ་པ་ལས། །འཕགས་པའི་གསང་གསུམ་གསལ་སྟོང་རོལ་པར་སྤྱོད། །ཞེས་བརྗོད་ལམ་ཁྱེར་འབྲལ་མེད་ངང་། །རྗེས་ཐོབ་དྲན་དང་ཤེས་བཞིན་པས། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་པར། །ཚོགས་གཉིས་རྫོགས་པའི་ཐབས་ལ་འབད། །འདི་ནི་བླ་མ་སྤྱན་རས་གཟིགས། །སྙིང་དབུས་བསྒོམ་ནས་གསོལ་བཏབ་པས། །བྱིན་རླབས་ཅུང་ཟད་ཐོབ་པ་ལས། །གང་ཤར་བཅོས་བསྒྱུར་བྲལ་བར་བཀོད། །དགེ་དེས་བདག་དང་གཞན་གྱི་འགྲོ། །ཐབས་ཤེས་ཟུང་འབྲེལ་ལམ་མཆོག་ལ། །བརྟེན་ནས་གོམས་པ་མཐར་ཕྱིན་པས། །སྐུ་དང་ཡེ་ཤེས་མཆོག་བརྙེས་ཤོག །སརྦ་མངྒ་ལཾ་བྷ་བ་ཏུ།། ༈ །།འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་དང་འབྲེལ་བའི་སྨོན་ལམ་སྐལ་བཟང་དགའ་སྟོན་ཅེས་བྱ་བ། ན་མོ་གུ་རུ་ལོ་ཀེ་ཤཱ་རཱ་ཡ། རྣམ་པ་ཀུན་གྱི་མཆོག་ལྡན་ཡེ་ཤེས་ནི། །དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་། །མི་ཕྱེད་སྲས་བཅས་རྒྱལ་བ་ཀུན་གྱི་དངོས། །བླ་མ་སྤྱན་རས་


JKT022_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ལ་གསོལ་བ་འདེབས། །གང་གི་རང་བཞིན་རྣམ་པ་ཐམས་ཅད་པ། །མཚན་མའི་ཡུལ་ལས་རིང་དུ་འདས་གྱུར་ཀྱང་། །སྣ་ཚོགས་སྤྲོས་དང་རྗེས་སུ་མཐུན་པའི་གཟུགས། །ཟུང་འཇུག་རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། །ཤིན་ཏུ་ཕྲ་བ་ནཱ་དའི་ཆོས་ཉིད་ལས། །ལུང་རྟོགས་ཆོས་ཕུང་རྒྱ་མཚོའི་ཆར་འབེབས་པས། །སྐལ་བཟང་སྨིན་གྲོལ་ལང་ཚོ་རྒྱས་མཛད་པ། །ཟབ་གསང་རྡོ་རྗེའི་གསུང་ལ་གསོལ་བ་འདེབས། །སེམས་དང་ཡིད་དང་རྣམ་པར་ཤེས་པའི་ཚོགས། །གདོད་ནས་འགྱུར་བ་མེད་པའི་གཤིས་ལུགས་སུ། །རང་གྲོལ་དོན་དམ་བདེན་པའི་ངོ་བོ་ཉིད། །འོད་གསལ་རྡོ་རྗེའི་ཐུགས་ལ་གསོལ་བ་འདེབས། །ཁྱོད་ཀྱི་རྨད་བྱུང་ཡོན་ཏན་ཕྲིན་ལས་ཀྱིས། །མཐའ་ཀླས་ཡིད་ཅན་སྲིད་པའི་ཆུ་གཏེར་ལས། །བྱང་ཆུབ་སྙིང་པོའི་གྲོང་དུ་དབུགས་དབྱུང་བའི། །ཚད་མེད་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྒྲིབ་པ་གཉིས་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་མྱ་ངན་མི་འདའ་བཞུགས། །འདིས་མཚོན་དགེ་ཚོགས་སྤྲོས་བྲལ་དབྱིངས་སུ་བསྔོ། །བདག་གཞན་རྙེད་དཀའི་དལ་བ་ཐོབ་གྱུར་ཀྱང་། །སྐད་ཅིག་མི་རྟག་འཆི་བ་རྗེས་དྲན་ཤིང་། །འཁོར་བ་གར་སྐྱེས་སྡུག་བསྔལ་རང་བཞིན་ལ། །བཅོས་མིན་ངེས་འབྱུང་འབྱོང་བར་བྱིན་གྱིས་རློབས། །དེས་


JKT022_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས་མཚན་ཉིད་ཀུན་ལྡན་བཤེས་གཉེན་གྱི། །ཞབས་པད་མཉེས་པ་གསུམ་གྱིས་ལེགས་བསྙེན་ནས། །སྨིན་གྲོལ་ཟབ་མོའི་བདུད་རྩི་བཏུང་བ་ལས། །ཐར་པའི་བཅུད་ལེན་གྲུབ་པར་བྱིན་གྱིས་རློབས། །སྐྱབས་ཀུན་འདུས་ཞལ་བླ་མ་སྤྱན་རས་གཟིགས། །གསང་གསུམ་བདེ་ཆེན་རྡོ་རྗེའི་སྣང་ཆ་ཅན། །རྩེ་གཅིག་བསྒོམ་ནས་གསོལ་བ་བཏབ་པའི་མཐུས། །བྱིན་རླབས་ཟབ་མོ་སྙིང་ལ་འཇུག་པར་ཤོག །དེ་ཚེ་རིག་སྟོང་གཉུག་མའི་ཡེ་ཤེས་མཆོག །སྐད་ཅིག་རྗེན་པར་རང་ངོ་འཕྲོད་ནས་ཀྱང་། །འཁོར་འདས་རྟོག་པའི་རི་མོ་མཐའ་དག་ཀུན། །གཏད་མེད་སྒྱུ་མར་གྲོལ་བར་བྱིན་གྱིས་རློབས། །སྣང་སྤྱོད་ཐམས་ཅད་འོད་གསལ་ལྷ་སྐུར་དག །སྒྲ་གྲགས་མི་ཤིགས་རྡོ་རྗེའི་དབྱངས་སུ་རྫོགས། །རླུང་སེམས་དྷུ་ཏིར་སྨིན་པའི་ཡེ་ཤེས་ཀྱིས། །མཆོག་གི་དངོས་གྲུབ་བརྙེས་པར་བྱིན་གྱིས་རློབས། །ནམ་ཞིག་འདིར་སྣང་ནུབ་པར་བ གྱུར་པའི་ཚེ། །རང་སྣང་རྣམ་དག་ཡིད་འོང་པོ་ཏཱ་ལར། །དོན་དམ་འཕགས་པའི་རང་ཞལ་མྱུར་མཇལ་ནས། །སྲིད་ཞིའི་མཐའ་ལས་འདས་པར་བྱིན་གྱིས་རློབས། །སླར་ཡང་ཟག་མེད་སྙིང་རྗེའི་གཞན་དབང་ལས། །སྲིད་པར་རྗེས་སུ་ཆགས་པའི་སྒྱུ་ཐབས་ཀྱིས། །མ་ལུས་འགྲོ་ཀུན་སྒྲོལ་བའི་མཐུ་ཐོབ་ནས། །བཅོམ་ལྡན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །ཆོས་ཉིད་འགོག་བདེན་འདུས་མ་བྱས་པ་དང་། །


JKT022_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་ཀུན་རྫོབ་རྟེན་འབྲེལ་བསླུ་མེད་པས། །ཇི་ལྟར་གསོལ་བ་བཏབ་པའི་འབྲས་བུ་ཡིས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཞེས་པའང་རིག་འཛིན་གྱི་བཙུན་པ་གཞོན་ནུ་ཨ་བྷཱ་ཡས་གང་ཤར་གསོལ་བ་བཏབ་པ་འགྲོ་ཀུན་འཕགས་མཆོག་ཕྱག་ན་པདྨོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག ༈ །རྗེ་བཙུན་པདྨ་ཀ་ར་ལ་བརྟེན་པའི་བླ་མའི་རྣལ་འབྱོར་རིག་པ་འཛིན་པའི་ལམ་བཟང་ཞེས་བྱ་བ། ན་མོ་གུ་རུ་པདྨ་ཀ་རཱ་ཡ། །བདེ་ཆེན་འཁོར་ལོའི་ཆུ་སྐྱེས་དབུས། །བླ་མ་འཆི་མེད་ཐོད་ཕྲེང་རྩལ། །བསྙེན་ལས་དངོས་གྲུབ་མཆོག་ཐོབ་སླད། །སྐྱབས་སེམས་སྔོན་སོང་འདི་ལྟར་བསྒོམ། །ཧཱི༔ ཆོས་ཀུན་གདོད་ནས་རིག་སྟོང་གཉུག་མའི་ངང་། །སྣོད་བཅུད་ཐམས་ཅད་པདྨ་འོད་ཀྱི་ཞིང་། །རིག་འཛིན་གྲུབ་པ་རྒྱ་མཚོའི་དགའ་བའི་ཚལ། །མེ་ཏོག་ཆར་འབེབས་འཇའ་ཟེར་འཁྲིགས་པའི་ཀློང་། །བདེ་སྟོང་ཆུ་སྐྱེས་ཉི་མ་བམ་རོའི་སྟེང་། །རང་ཉིད་གཞི་ལུས་དབང་ཆེན་ཧེ་རུ་ཀ །ཐུགས་རྗེ་ཆགས་པའི་སྐུ་མདོག་དམར་པོ་ལ། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་པ་འཛིན། །གར་དགུའི་ཉམས་ལྡན་ཁྲོ་བོའི་ཆས་ཀུན་རྫོགས། །རང་འོད་རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར། །ཐབས་ཤེས་སྤྱི་བོར་རྟ་གདོང་ཕག་ཞལ་བཞད། །སྣང་སྟོང་དབྱེར་མེད་ཆེན་པོར་གསལ་བ་ཡི། །བདེ་ཆེན་འཁོར་ལོར་པད་དཀར་ཉི་ཟླའི་སྟེང་། །ངོ་


JKT022_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཁྱབ་བདག་དྲིན་ཅན་བླ་མ་ལ། །རྣམ་པ་འཆི་མེད་པདྨ་ཐོད་ཕྲེང་རྩལ། །སྐུ་མདོག་དཀར་དམར་ཁྲོ་འཛུམ་གཟི་བརྗིད་འབར། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །སྐུ་ལ་གསང་ཕོད་ཆོས་གོས་ཟབ་བེར་དང་། །དབུ་ལ་རབ་མཛེས་པདྨའི་མཉེན་ཞུ་གསོལ། །ལྷན་སྐྱེས་འདུ་འབྲལ་མེད་པའི་ཀི་ནི། །མནྡཱ་ར་བ་གྲི་ཐོད་འཛིན་པས་འཁྱུད། །ཞབས་གཉིས་ཕྱེད་སྐྱིལ་མཉམ་པར་རོལ་པ་ཡི། །སྤྱི་བོར་ལོངས་སྐུ་འཕགས་མཆོག་སྙིང་རྗེའི་གཏེར། །དེ་ཡི་སྤྱི་བོར་ཆོས་སྐུ་སྣང་མཐའ་ཡས། །སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོར་བཞུགས། །ཕྱི་རོལ་སྟོང་གསལ་འོད་ལྔའི་དཀྱིལ་འཁོར་དབུས། །ཐོད་ཕྲེང་སྡེ་ལྔ་སྤྲུལ་པའི་མཚན་བརྒྱད་སོགས། །སྒྱུ་འཕྲུལ་རྡོ་རྗེའི་རྣམ་རོལ་བསམ་མི་ཁྱབ། །བར་མཚམས་བརྒྱུད་གསུམ་རིག་འཛིན་བླ་མ་དང་། །སྒྲུབ་སྡེ་བརྒྱད་སོགས་ཡི་དམ་ཞི་ཁྲོའི་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་ཚོགས། །སྣང་སྟོང་ཆུ་ཟླ་ལྟ་བུར་གསལ་བ་ཡི། །སྤྱི་མགྲིན་སྙིང་གར་རྡོ་རྗེ་གསུམ་གྱི་དངོས། །རྣམ་ཐར་གསུམ་ལྡན་ཡི་གེ་འབྲུ་གསུམ་མཚན། །སྙོམས་འཇུག་རྗེས་ཆགས་རོལ་མོའི་འོད་ཟེར་སྤྲིན། །དཔག་ཡས་ནམ་མཁའ་ཁྱབ་པར་འཕྲོས་པ་ཡིས། །འོག་མིན་བདེ་ཆེན་པདྨ་འོད་ལ་སོགས། །ཕྱོགས་བཅུ་དུས་བཞིའི་ཞིང་ཁམས་རབ་འབྱམས་ནས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་


JKT022_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་གྱུར། །ཧཱུྃ༔ རྗེ་བཙུན་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ། །སངས་རྒྱས་ཀུན་དངོས་ཡེ་ཤེས་སྒྱུ་མའི་སྐུ། །རྩ་གསུམ་རྒྱལ་བ་རྒྱ་མཚོའི་འཁོར་དང་བཅས། །རྩེ་གཅིག་མོས་པས་གནས་འདིར་སྤྱན་འདྲེན་ན། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །འགག་མེད་སྙིང་རྗེ་ཆེན་པོའི་གཞན་དབང་གིས། །བདག་སོགས་འཁོར་བའི་མཚོ་ལས་བསྒྲལ་བ་དང་། །བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་སྐུར་བཞེངས་ཤིག །ཧཱི༔ གཉིས་སུ་འཛིན་པའི་སྣང་བ་རྣམ་དག་པ། །རོ་གཅིག་གཉུག་མའི་ངང་དུ་ཕྱག་འཚལ་ལོ། །གང་ཤར་བདེ་སྟོང་རོལ་མོར་འཆར་བའི་དཔྱིད། །འོད་གསལ་ཐིག་ལེ་ཆེན་པོའི་མཆོད་པར་འབུལ། །བློས་བྱས་འཁྲུལ་པའི་སྡིག་ལྟུང་ཇི་སྙེད་ཀུན། །འགྱུར་མེད་ཡོངས་གྲུབ་ཀ་དག་ཀློང་དུ་བཤགས། །མཁའ་ལྟར་རབ་ཞི་སྐྱེ་བ་མེད་པའི་དོན། །དྲན་འཛིན་གཉེན་པོ་བྲལ་ལ་རྗེས་ཡི་རང་། །སྒྲ་ཚིག་མཚན་མའི་ཆོས་ལས་རྣམ་གྲོལ་བའི། །དོན་དམ་རྟོགས་པའི་ཆོས་འཁོར་བསྐོར་བར་བསྐུལ། །ཡོངས་གྲུབ་རྟག་པ་དམ་པའི་བདག་ཉིད་ཆེ། །རྣམ་ཀུན་མཆོག་ལྡན་ཆེན་པོར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་འཁོར་གསུམ་ལས་འདས་པ། །སྲིད་ཞི་མི་གནས་དབུ་མའི་དབྱིངས་སུ་བསྔོ། །ཧཱི༔ འཆི་མེད་རིག་འཛིན་པདྨ་ཐོད་ཕྲེང་རྩལ། །ཉེ་རྒྱུའི་བདེ་སྟེར་མནྡཱ་ར་བར་བཅས། །རབ་འབྱམས་


JKT022_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ། །རྟག་ཏུ་སྙིང་ནས་གུས་པས་གསོལ་འདེབས་ན། །གནས་སྐབས་དངོས་ཉམས་རྨི་ལམ་སྣང་ཆ་རུ། །མགོན་པོ་དགྱེས་པའི་འཛུམ་ཞལ་མྱུར་མཐོང་ཞིང་། །མཐར་ཐུག་རིག་འཛིན་རྣམ་བཞིའི་ཐེམ་སྐས་ལ། །བརྟེན་ནས་སྐུ་བཞིའི་ཕ་མཐར་ཕྱིན་གྱུར་ཅིག །ཁྱད་པར་ཚེ་འདིའི་སྣང་བ་ནུབ་མ་ཐག །རླུང་སེམས་ཟུང་འཇུག་སྒྱུ་མའི་སྐུར་ལྡང་སྟེ། །བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་དུ། །འཆི་མེད་གདོད་མའི་གོ་འཕང་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་པས་གསོལ་འདེབས་བསྙེན་པར་འབད། །སྐབས་སུ་མོས་གུས་དྲག་པའི་ངང་། །བྱིན་རླབས་ཚད་མེད་རྡོ་རྗེའི་གསུང་། །གསོལ་འདེབས་ རྒྱུད་བསྐུལ་ཅི་རིགས་བྱ། །རེས་འགའ་སྣང་གྲགས་རིགས་གསུམ next hit་ཀུན། །བླ་མའི་སྐུ་གསུང་ཐུགས་སུ་བལྟ། །ལམ་ཁྱེར་ཧཱུྃ་ལྔའི་སྣང་གླུ་ལེན། །ཐུན་མཐར་དབང་བཞི་བླང་བ་ནི། །རྩེ་གཅིག་གུས་པས་བསྙེན་ཅིང་གསོལ་བཏབ་མཐུས། །སྐྱབས་ཀུན་འདུས་ཞལ་འཆི་མེད་པདྨ་འབྱུང་། །ཡབ་ཡུམ་མཉམ་པར་སྦྱོར་བའི་མཁའ་གསང་ནས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན། །ཟླ་བ་ཞུན་མའི་མདོག་ཅན་དཔག་མེད་བབས། །སྤྱི་བོ་ནས་ཞུགས་རྩ་ཁམས་ཀུན་ཁྱབ་པས། །དབང་བཞི་ཐོབ་ཅིང་སྒྲིབ་བཞིའི་འཆིང་བ་སྦྱངས། །སྐུ་བཞིའི་གོ་འཕང་འགྲུབ་པའི་སྐལ་བ་བཞག །མཐར་ཐུག་ལྷ་ཚོགས་


JKT022_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཞུ་རང་ཉིད་དང་། །དབྱེར་མེད་མ་བཅོས་འོད་གསལ་བློ་འདས་དང་། །རིག་སྟོང་སྤྲོས་བྲལ་གདོད་མའི་ཐོད་ཕྲེང་རྩལ། །ལྷུན་གྲུབ་རིག་འཛིན་རང་ཞལ་མཐོང་བར་གྱུར། །ཞེས་བརྗོད་རིག་སྟོང་རྗེན་པར་བཞག །དེ་ལྟར་མོས་གུས་རྩེ་གཅིག་གིས། །ཟབ་མོའི་ལམ་འདི་ཉམས་བླངས་ན། །དོན་གཉིས་འགྲུབ་པར་ཐེ་ཚོམ་མེད། །མཉམ་གཞག་རྣམ་པར་མི་རྟོག་དང་། །རྗེས་ཐོབ་ངེས་གསང་གདམས་པ་འདི། །རྣལ་འབྱོར་གཞོན་ནུའི་རྟོག་ཆོས་ཏེ། །སྐལ་བཟང་རྣམས་ཀྱི་དཔལ་དུ་ཤོག །བདེ་ཆེན་སྙིང་དབུས་དབུ་མའི་ཀློང་། །འོད་གསལ་སྟོང་པའི་ཧེ་རུ་ཀས། །འདུ་འབྲལ་མེད་པར་རྗེས་བཟུང་ནས། །རྣམ་ཀུན་མཆོག་ལྡན་ཉིད་གྱུར་ཅིག ༈ །འཆི་མེད་པདྨ་ཀ་རའི་རྣལ་འབྱོར་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ་དང་བཅས་པ་གྲུབ་གཉིས་དགའ་སྟོན་ཅེས་བྱ་བ། ན་མོ་གུ་རུ་པདྨ་ཀ་རཱ་ཡ། མཆོག་ཏུ་མི་འགྱུར་འོད་གསལ་རྡོ་རྗེའི་དབྱིངས། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །སྐུ་གསུམ་རིགས་འདུས་པདྨ་ཐོད་ཕྲེང་དང་། །དབྱེར་མེད་དྲིན་ཆེན་བླ་མར་གསོལ་བ་འདེབས། །མཁའ་ཁྱབ་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །གང་འདུལ་ཅིར་ཡང་འཆར་བའི་མིག་འཕྲུལ་ལས། །དེང་འདིར་མཆོག་གི་སྤྲུལ་སྐུའི་ཟློས་གར་ཅན། །ཨོ་རྒྱན་སངས་རྒྱས་གཉིས་པར་གསོལ་བ་འདེབས། །ཁྱོད་ནི་སྐྱབས་གནས་ཀུན་


JKT022_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བླ་མ་སྟེ། །དངོས་གྲུབ་རྣམ་གཉིས་ཆར་འབེབས་ཡི་དམ་ལྷ། །གནས་ཡུལ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་རྗེར། །ཡོངས་ཤར་རིགས་བརྒྱའི་ངོ་བོར་གསོལ་བ་འདེབས། །ཀྱེ་མ་སྙིགས་མའི་ཡང་ཊྛ མཐར་སྐྱེས་པ་ཡི། །བདག་དང་བདག་འདྲའི་མགོན་མེད་ཉམས་ཐག་འགྲོ། །བཟོད་དཀའི་སྡུག་བསྔལ་གསུམ་གྱིས་མནར་བ་ལ། །རྨད་བྱུང་ཐུགས་རྗེ་ཆེན་པོས་ཉེར་དགོངས་ནས། །རྡུལ་བྲལ་ཐམས་ཅད་གཟིགས་པའི་ཡེ་ཤེས་སྐུ། །མངོན་སུམ་མིག་གི་དཔྱིད་དུ་བསྟན་ནས་ཀྱང་། །སྨིན་གྲོལ་བདུད་རྩིས་བརླན་པའི་དགེ་མཚན་གྱིས། །དོན་བརྒྱུད་བྱིན་རླབས་པདྨོ་འཛུམ་པར་མཛོད། །དེ་མཐུས་སྲིད་ལས་ངེས་པར་འབྱུང་བ་དང་། །དད་དང་སྙིང་རྗེའི་བློ་གྲོས་ཕུན་ཚོགས་ཤིང་། །རྣམ་དག་བསྟན་ལ་རིམ་བཞིན་བསླབ་དང་བཅས། །རབ་ཞི་ནོར་བུའི་གླིང་དུ་བསྙེན་གྱུར་ཅིག །ཁྱད་པར་མཚན་ཉིད་ཀུན་ལྡན་བླ་མ་མཆོག །མཉེས་བ་གསུམ་གྱི་བྱ་བས་ལེགས་བསྟེན་ནས། །ངེས་དོན་རིག་པ་འཛིན་པའི་སྡེ་སྣོད་ལ། །ཐོས་བསམ་བསྒོམ་པའི་ཕ་མཐར་སོན་པར་ཤོག །སྣོད་བཅུད་པདྨ་འོད་ཀྱི་དཀྱིལ་འཁོར་དུ། །རྟག་པར་ཞེན་མེད་གསལ་བཏབ་སྒྲར་གྲགས་ཀུན། །སྔགས་ཀྱི་རོལ་མོར་འཁྲོལ་ཞིང་རྟོག་པའི་འགྲོས། །གང་ཤར་རང་གྲོལ་དབྱིངས་སུ་ཐིམ་གྱུར་ཅིག །ནམ་ཞིག་འདིར་སྣང་ནུབ་པར་གྱུར་པའི་མོད། །


JKT022_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གསལ་ཀ་དག་དོན་གྱི་མཚོ་སྐྱེས་རྗེ། །ངོ་ཤེས་ཐག་ཆོད་བརྟན་པ་ཐོབ་པའི་མཐུས། །འཆི་སྲིད་ཆོས་ཀྱི་སྐུ་རུ་རོ་གཅིག་ཤོག །གལ་ཏེ་གཉིས་འཛིན་དྲྭ་བས་བཅིངས་པ་ལས། །ལྷུན་གྲུབ་སྒྱུ་མའི་སྣང་ཆ་འཆར་སྲིད་ན། །འགག་མེད་པདྨ་ཐོད་ཕྲེང་རོལ་པ་རུ། །ཟུང་འཇུག་ལོངས་སྤྱོད་རྫོགས་སྐུ་འགྲུབ་གྱུར་ཅིག །དེར་ཡང་མཆོག་གི་གོ་འཕང་མ་ཐོབ་ན། །རྣམ་དག་སྨོན་ལམ་ཐུགས་རྗེའི་འཕེན་པ་ལ། །བརྟེན་ནས་རང་བཞིན་སྤྲུལ་པའི་ཞིང་ཁམས་ཆེ། །རྔ་ཡབ་ཟངས་མདོག་དཔལ་རིར་བགྲོད་པར་ཤོག །དེ་ཚེ་གཟོད་ནས་སྤྲོས་པ་ལས་འདས་ཀྱང་། །འགག་མེད་སྙིང་རྗེ་ཆེན་པོའི་ཡེ་ཤེས་དང་། །མི་ཕྱེད་བདེ་ཆེན་རྡོ་རྗེའི་ངོ་བོ་ཉིད། །ཟུང་འཇུག་པདྨ་ཀ་ར་མཐོང་གྱུར་ཅིག །དེ་མཐུས་བློ་བུར་བསལ་རུང་སྒྲིབ་གཉིས་ཚོགས། །ཟབ་ཞི་སྤྲོས་བྲལ་ཀློང་དུ་ཐིམ་པ་ལས། །ཟག་མེད་དགེ་ཚོགས་རྒྱ་མཚོའི་འདུ་བྱེད་ཀྱིས། །བ ལམ་ལྔ་ས་བཅུ་མྱུར་དུ་ཐོབ་པར་ཤོག །གཞན་ཡང་གནས་སྐབས་མི་མཐུན་ཕྱོགས་ཀུན་ཞི། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །སྣང་སེམས་དབང་འདུས་གཟུང་འཛིན་དགྲ་བགེགས་ཚོགས། །སྲིད་ཞི་དབྱེར་མེད་ཀློང་དུ་སྒྲོལ་གྱུར་ཅིག །ཕྱི་སྣོད་འབྱུང་བའི་དཔྱིད་དཔལ་ངང་གིས་སྙོམས། །ནང་བཅུད་འགྲོ་རྣམས་དགེ་བཅུའི་སྤྱོད་པས་འཚོ། །རྫོགས་ལྡན་གསར་པའི་དགའ་སྟོན་དར་བབས་པའི། །


JKT022_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དཔལ་གྱིས་རྟག་ཏུ་ཁྱབ་པར་ཤོག །མཐར་ཐུག་སྐུ་དང་ཡེ་ཤེས་ཕྲིན་ལས་རྣམས། མགོན་པོ་ཁྱོད་དང་རྣམ་དབྱེར་མི་ཕྱེད་པས། །མཁའ་མཉམ་ཡིད་ཅན་སྲིད་པའི་ཆུ་གཏེར་ལས། །སྒྲོལ་བའི་དེད་དཔོན་ཆེན་པོར་བདག་གྱུར་ཅིག །མདོར་ན་རྩེ་གཅིག་གསོལ་བཏབ་སྨོན་པའི་མཐུས། །རྩ་གསུམ་ཀུན་འདུས་པདྨ་འབྱུང་གནས་དང་། །དབྱེར་མེད་དཔལ་ལྡན་བླ་མའི་ཐུགས་རྗེ་ཡིས། །དོན་གཉིས་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཅེས་པའང་རིག་འཛིན་གྲུབ་པའི་དཔྱིད་གཞོན་ནུ་ཨ་བྷཱ་ཡས་སྙིང་ནས་གུས་པ་ཆེན་པོས་གང་ཤར་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།བླ་མ་སྐུ་གསུམ་དྲིལ་སྒྲུབ་ཁྱེར་བདེ་བྱིན་རླབས་སྙིང་པོ་བཞུགས། ན་མོ་གུ་རུ་བྷྱ༔ འདིར་བླ་མ་སྐུ་གསུམ་གྱི་དྲིལ་སྒྲུབ་ཤིན་ཏུ་མདོར་བསྡུས་པའི་ཚུལ་གྱིས་ཉམས་སུ་བླང་བ་ནི། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །དཀོན་མཆོག་རྩ་བ་གསུམ་ལ་སྐྱབས་སུ་མཆི། །སེམས་བསྐྱེད་མཁའ་ཁྱབ་འགྲོ་བ་ཀུན་དོན་དུ། །སྐུ་གསུམ་བླ་མའི་གོ་འཕང་བསྒྲུབ་པར་བགྱི། །ལན་གསུམ། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། འཁོར་འདས་ཆོས་ཀུན་གཟོད་ནས་འོད་གསལ་ངང་། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ལས། །སྣོད་བཅུད་ཐམས་ཅད་པདྨ་འོད་ཀྱི་ཞིང་། །ཡིད་འཕྲོག་ངོ་མཚར་བཀོད་པ་འབྱམས་ཀླས་དབུས། །སྐད་ཅིག་དྲན་


JKT022_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་བདག་ཉིད་པདྨ་འབྱུང་། །སྐུ་མདོག་དཀར་དམར་ཁྲོ་འཛུམ་གཞོན་ནུའི་ཚུལ། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་དང་། །མཆན་ཁུང་གཡོན་ན་ཁ་ཊཾ་རྩེ་གསུམ་བསྣམས། །དབུ་ལ་རབ་མཛེས་ཤེའུའི་སྙན་ཞུ་དང་། །སྐུ་ལ་གསང་ཕོད་སྣམ་སྦྱར་ཟབ་བེར་གསོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་རོལ། །སྣང་སྟོང་འོད་ལྔ་འཁྲུགས་པའི་ཀློང་དཀྱིལ་ན། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་སྤྲོ། །སྤྱི་བོར་རིགས་བདག་བླ་མ་འོད་དཔག་མེད། །དམར་གསལ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྟེང་། །འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་འཛིན། །མཚན་དཔེའི་དཔལ་འབར་ཆོས་གོས་རྣམ་གསུམ་གསོལ། །སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་བཞུགས། །ཐུགས་ཀར་ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས། །རབ་དཀར་ཞི་འཛུམ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་ཕྱེད་སྐྱིལ་རོལ། །དེ་ཡི་ཐུགས་ཀར་པད་ཟླའི་གདན་གྱི་དབུས། །ཏིང་འཛིན་སེམས་དཔའ་ཧཱིཝཡིག་དམར་པོའི་མཐར། ། སྔགས་ཀྱི་ཕྲེང་བས་བསྐོར་ལས་འོད་ཟེར་འཕྲོས། །རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད། །གསང་གསུམ་བྱིན་རླབས་ལྷ་སྔགས་ཕྱག་མཚན་གྱི། །རྣམ་པར་ཆར་བཞིན་བབས་ནས་རང་ལ་


JKT022_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། །སྒྲིབ་དག་དབང་དང་དངོས་གྲུབ་མ་ལུས་ཐོབ། །སླར་ཡང་འོད་འཕྲོས་འགྲོ་དྲུག་སྒྲིབ་གཉིས་སྦྱངས། །སྣང་བ་ལྷ་ལ་གྲགས་པ་སྔགས་ཀྱི་སྒྲ། །དྲན་རྟོག་བློ་འདས་འོད་གསལ་གཉུག་མའི་ངང་། །མ་ཡེངས་མི་བསྒོམ་ཆོས་སྐུའི་རང་ཞལ་བལྟ། །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཅི་ནུས་བཟླས་མཐར། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །སྐུ་གསུམ་བླ་མའི་གོ་འཕང་མྱུར་ཐོབ་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་དང་། །ཕན་བདེའི་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་ཅི་ཤེས་བྱའོ། །ཞེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་ལྷས་མདོར་བསྡུས་སྙིང་པོར་དྲིལ་ཏེ་སྦྱར་བའི་དགེ་བས་འགྲོ་ཀུན་སྐུ་གསུམ་བླ་མའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། ༈ །།སྐུ་གསུམ་བླ་མའི་ལས་བྱང་སྙིང་པོའི་མཛེས་རྒྱན་ཞེས་བྱ་བ། བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །སྐུ་གསུམ་དབྱེར་མེད་དཀོན་མཆོག་གསུམ་གྱི་དངོས། །བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་སུ་མཆི། ༡ །མཁའ་ཁྱབ་ཕ་མ་རིགས་དྲུག་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་མཆོག་ལ་འགོད་བྱའི་ཕྱིར། །སྨོན་འཇུག་དོན་དམ་སེམས་ལ་རབ་སྦྱར་ནས། །རིམ་གཉིས་ཟབ་མོའི་རྣལ་འབྱོར་


JKT022_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བགྱི། ༢ །བླ་མ་མཆོག་གསུམ་རྒྱལ་བ་སྲས་བཅས་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤག །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་དུ། །རྟག་པར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། ༣ །ཧཱུྃ། ཡེ་ཤེས་རོལ་པ་ལྷ་ཡི་དཀྱིལ་འཁོར་འདིར། །བར་ཆད་བརྩམས་པའི་གདོན་བགེགས་འབྱུང་པོ་ཀུན། །མཆོད་སྦྱིན་འདོད་ཡོན་ལྔ་ལྡན་འདི་ལོངས་ལ། །རང་རང་སོ་སོའི་གནས་སུ་བདེ་བར་དེངས། ༤ །ཧཱི༔ ཀུན་བརྟག་སྣང་བ་རྡོ་རྗེའི་སྲུང་འཁོར་དབུས། །གཞན་དབང་སྲིད་པ་ལྷ་སྔགས་ཆོས་སྐུར་ཤར། །ཡོངས་གྲུབ་ཡེ་ཤེས་མཆོག་གིས་བྱིན་བརླབས་པས། །གཟུང་འཛིན་འཁྲུལ་པའི་གདོན་བགེགས་མཚམས་བཅད་གྱུར། ༥ །ཨོཾ། ཆོས་ཀྱི་དབྱིངས་དང་བདེ་ཆེན་ལོངས་སྤྱོད་རྫོགས། །ཕྱོགས་བཅུ་རབ་འབྱམས་སྤྲུལ་པའི་ཞིང་ཁམས་ནས། །སྐུ་གསུམ་བླ་མ་ཡི་ས དམ་མཁའ་འགྲོའི་ཚོགས། །འདིར་གཤེགས་དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ། ༦ །ཨོཾ་ཨཱཿ་ཧཱུཾ། སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ། །ཕྱི་ནང་གསང་བ་བླ་ན་མེད་པའི་སྤྲིན། །མི་ཟད་ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལས། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་རྒྱ་མཚོར་གྱུར།། ༧ །།མཎྜལ་གྱི་རིམ་པ་བསོད་ནམས་ཆར་འབེབས་ཅེས་བྱ་བ། ཨོཾ་ཨཱཿཧཱུཾ། བདག་གཞན་ལུས་དང་ལོངས་སྤྱོད་དང་། །


JKT022_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་དགེ་ཚོགས་ལས་བྱུང་བའི། །འོག་གཞི་དབང་ཆེན་གསེར་གྱི་གཞིར། །ཕྱི་རོལ་ལྕགས་རིས་ཁོར་ཡུག་བསྐོར། །དབུས་སུ་རི་རབ་ལྷུན་པོ་དང་། །ཕྱོགས་མཚམས་གླིང་བཞི་གླིང་ཕྲན་བརྒྱད། །རིན་ཆེན་རི་བོ་དཔག་བསམ་ཤིང་། །འདོད་འཇོའི་བ་དང་མ་རྨོས་ཚལ། །རྒྱལ་སྲིད་སྣ་བདུན་གཏེར་ཆེན་བུམ། །སྒེག་སོགས་མཆོད་པའི་ལྷ་མོ་དང་། །ཉི་མ་ཟླ་བའི་སྣང་བས་མཛེས། །གདུགས་དང་རྒྱལ་ཡྻོ མཚན་སྲིད་རྩེར་བསྒྲེང་། །གཞན་ཡང་ལྷ་མིའི་དཔལ་འབྱོར་ནི། །མ་ཚང་མེད་པའི་མཆོད་སྤྲིན་ཆེ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི། །ཞིང་ཁམས་རབ་འབྱམས་བསམ་མི་ཁྱབ། །དངོས་བཤམས་གཟུངས་དང་རིག་པ་དང་། །མོས་པའི་སྟོབས་ཀྱིས་རྣམ་སྤྲུལ་ཏེ། །འཁོར་བ་ཇི་སྲིད་གནས་ཀྱི་བར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས། །ཆོས་སྲུང་ནོར་ལྷའི་ཚོགས་བཅས་ལ། །བ སྒོ་གསུམ་གུས་པས་འབུལ་བར་བགྱི། །ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང་། །བདག་དང་མཐའ་ཡས་སེམས་ཅན་གྱི། །ནད་གདོན་སྡིག་སྒྲིབ་ཞི་བ་དང་། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་རཏྣ་མཎྜལ་པཱུ་ཛ་མ་གྷ་ས་མུ་དྲ་སྤུ་ར་ཎ་ས་མ་ཡེ་ཨཱཿཧཱུྃ།། ༈ །།སྐུ་གསུམ་བླ་མའི་རྣལ་འབྱོར་སྐོར་ལ། ལོ་རྒྱུས་ངེས་ཤེས་དད་པའི་


JKT022_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་༡བ། བྱིན་རླབས་ཡེ་ཤེས་འོད་ཀྱི་སྣང་༢བ། ཁྲིད་ཡིག་ཟུང་འཇུག་ལམ་གྱི་སྣང་༣བ། སྐུ་གསུམ་ཡེ་ཤེས་བླ་མའི་རྣལ་འབྱོར་ལམ་བཟང་སྐོར་གསུམ་༦། སྨོན་ལམ་དགའ་སྟོན་སྐོར་གསུམ་༩།། སྐུ་གསུམ་དྲིལ་སྒྲུབ་བྱིན་རླབས་སྙིང་༡༠པོ། རྩ་གསུམ་བླ་མའི་རྣལ་འབྱོར་ཡེ་ཤེས་༡༡སྙིང་པོ། མཆོག་གསུམ་བླ་མའི་རྣལ་འབྱོར་ཕན་བདེའི་སྙིང་༡༢པོ། བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་རྒྱ་མཚོའི་སྤྲིན་༡༣། ཉེར་མཁོའི་ཡི་གེ་གཞན་ཕན་རྒྱ་མཚོའི་སྤྲིན་༡༤། འདི་ལ་ནང་གསེས་སུ། བསྙེན་ཡིག །མྱང་གྲོལ། གནས་ལུང་། སྦྱིན་སྲེག །རབ་གནས་བཅས་པའོ།། གཏོར་མའི་ཆོ་ག་ཕྲིན་ལས་རྒྱ་མཚོའི་༡༥སྤྲིན་ཏེ་ལེ་ཚན་བཅོ་ལྔས་རྩ་བའི་ཆོས་སྐོར་རྣམས་ཚང་བ་ཡིན་ནོ། །སརྦ་མངྒ་ལཾ།། ༈ །།བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྩོལ་ཞེས་བྱ་བ། ན་མོ་གུ་ར་བེ། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་རྒྱུད་འབྱོངས་པས་བླ་མའི་མོས་གུས་བ ལམ་གྱི་སྲོག་ཏུ་བཟུང་སྟེ་རྣལ་འབྱོར་ཟབ་མོ་རྩེ་གཅིག་ཏུ་བསྒོམ་པ་ནི་གསང་ཆེན་རྡོ་རྗེ་ཐེག་པའི་མྱུར་ལམ་མཐར་ཐུག་པ་ཡིན་ཏེ། དེའི་ཚུལ་ཤིན་ཏུ་མདོར་བསྡུས་ཏེ་བྱ་བ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །སྡུག་བསྔལ་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །ཟབ་མོའི་རྣལ་འབྱོར་བསྒོམ་


JKT022_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པར་སེམས་བསྐྱེད་དོ། །ཞེས་ལན་གསུམ་སོགས་ཅི་ནུས་སུ་བརྗོད་ཅིང་བློ་སྦྱང་། གཉིས་པ་ལ་བཞི་ལས། ཐོག་མར་ཚོགས་རྟེན་གསལ་གདབ་པ་ནི། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། སྣོད་བཅུད་གཟུང་འཛིན་མི་དམིགས་སྟོང་པའི་ངང་། །ཟབ་གསལ་གཉིས་མེད་ཡེ་ཤེས་གཅིག་པུའི་འཕྲུལ། །སྲིད་ཞིའི་ཉམས་འགྱུར་དུ་མར་འཆར་བ་ལས། །གནས་ཡུལ་ཅིར་སྣང་དག་པ་རབ་འབྱམས་ཞིང་། །འོག་མིན་གསང་ཆེན་རྡོ་རྗེའི་ཕོ་བྲང་དབུས། །མདུན་གྱི་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་གྱིས། །མངོན་པར་དཀྲིགས་པའི་རིན་ཆེན་སེང་གེའི་ཁྲི། །དར་ཟབ་འབོལ་བརྩེགས་ངུར་སྨྲིག་གདན་གྱི་སྟེང་། །རིགས་ཀུན་ཁྱབ་བདག་སུམ་ལྡན་རྡོ་རྗེ་འཛིན། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ནི། །དཀར་དམར་མདངས་ལྡན་གཟི་བརྗིད་དཔལ་དུ་འབར། །ཞལ་རས་རྒྱས་ཤིང་སྤྱན་ཟུང་ཟླུམ་ལ་འཁྱིལ། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་སྐལ་བཟང་ལ། །དངོས་གྲུབ་མཆོག་སྩོལ་རྡོ་རྗེ་ཚེ་བུམ་འཛིན། །གཡོན་པས་མཉམ་གཞག་ཤེས་རབ་དྲིལ་བུ་དང་། །གླེགས་བམ་བསྣམས་པས་མཐའ་ཡས་ཆོས་ཚུལ་སྟོན། །སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་པར་བཀླུབས། །སྡེ་སྣོད་རབ་འབྱམས་འཛིན་པའི་པཎ་ཞུ་གསོལ། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །མཆོག་གསུམ་ངོ་བོ་རྩ་གསུམ་རྒྱ་མཚོའི་བདག །


JKT022_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་དབྱེར་མེད་རིགས་བརྒྱའི་འཁོར་ལོས་སྒྱུར། །དྲན་པས་སྲིད་ཞིའི་འཇིགས་པ་འཕྲོག་མཛད་པ། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །གཉིས་པ་བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་བྱ་བ་ནི། སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །ཚེ་རབས་བསགས་པའི་སྡིག་ལྟུང་སྙིང་ནས་བཤགས། །བྱང་ཆུབ་སྤྱོད་མཆོག་རྒྱ་མཚོར་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་རྟག་ཏུ་བཞུགས་གསོལ་འདེབས། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །ཞེས་ཕྱག་དང་བཅས་ཏེ་ཅི་རིགས་སུ་བྱ་ཞིང་། སྤྲོ་ན་མཎྜལ་འབུལ། གསུམ་པ་ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། འཇམ་པའི་དབྱངས་སོགས་སྲས་བཅས་རྒྱལ་ཀུན་གྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡུས་པ། །མཁས་གྲུབ་དབང་པོ་དཔལ་ལྡན་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་ཅི་ནུས་དང་། ་གཞོན་ཡང་གསོལ་འདེབས་གང་ཤེས་བྱ། སྤྲོ་ན། ཨོཾ་ཨཱཿགུ་རུ་མཉྫགྷོ་ཥ་སརྦ་སིདྡྷི་ཧཱུྃ། ཞེས་པའི་མཚན་སྔགས་ཀྱང་བཟླ། བཞི་པ་དབང་བླང་ཞིང་ཐུགས་ཡིད་བསྲེས་ཏེ་མཉམ་པར་གཞག་པ་ནི། བླ་མའི་གནས་


JKT022_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་རིམ་དང་ཅིག་ཅར་བྱུང་། །རང་གི་གནས་གསུམ་ཞུགས་ཤིང་ཐིམ་པ་ཡིས། །དབང་བསྐུར་སྒྲིབ་སྦྱངས་སྨིན་གྲོལ་དངོས་གྲུབ་ཐོབ། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །དུས་གསུམ་རྟོག་པས་མ་བསླད་གཉུག་མའི་ངང་། །བློ་འདས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་བསམ་ལ་མཉམ་པར་གཞག །གསུམ་པ་རྗེས་ནི། ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་བདག་སོགས་ཡིད་ཅན་ཀུན། །འཁོར་ལོའི་མགོན་པོས་འབྲལ་མེད་རྗེས་བཟུང་ནས། །དད་དང་མོས་གུས་དམ་ཚིག་རྣམ་དག་པས། །རྗེ་བཙུན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ལ་སྣང་གྲགས་རྟོག་གསུམ་བླ་མའི་གསང་བ་གསུམ་དུ་ཤེས་ཤིང་མོས་གུས་ཕྱག་རྒྱ་ཆེན་པོའི་ལམ་ཁྱེར་དང་མ་བྲལ་བའི་སྒོ་ནས་སྤྱོད་ལམ་ཐམས་ཅད་ཆོས་སྤྱོད་རྣམ་པ་བཅུ་སོགས་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །ཞེས་པའང་གཙུག་ལག་དུ་མར་ལྟ་བའི་རྣམ་དཔྱོད་ཀྱི་མཐུ་གྲུབ་པ་ཡུལ་ལྷོ་ཕྱོགས་ཀྱི་པཎྜི་ཏ་ཀརྨ་བི་ཛ་ཡས་ཚུལ་འདི་ལྟ་བུ་ཞིག་བྲིས་ཞེས་རྒྱང་རིང་མོ་ནས་དོན་གཉེར་ཆེན་པོས་བསྐུལ་བ་ལྟར། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པས་སརྦ་དཱ་སུ་ཤེ་ཡསིདྡྷི་རསྟུ།། ༈ །།ཨོཾ་སྭ་


JKT022_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྩོལ་དང་འབྲེལ་བར་ཚེ་སྒྲུབ་ཀྱི་དམིགས་བཟླས་བྱེད་པར་སྤྲོ་ན། །རྩ་བའི་མཚན་སྔགས་བཟླས་ཟིན་རྗེས། སླར་ཡང་ཁྱབ་བདག་དཔལ་ལྡན་བླ་མ་ཡི། །ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃཡིག་ལས། །ཚེ་དཔག་མེད་མགོན་དཀར་གསལ་ལོངས་སྐུའི་ཆས། །ཞལ་གཅིག་ཕྱག་གཉིས་འཆི་མེད་ཚེ་བུམ་བསྣམས། །ཐུགས་དབུས་ཟླ་སྟེང་ཧྲིམཐར་སྔགས་ཕྲེང་མཚན། །བཟླས་པས་རྒྱུད་བསྐུལ་གསོལ་བ་བཏབ་པ་ལས། །ཡེ་ཤེས་འོད་ཟེར་མཁའ་ཁྱབ་ཀུན་ཏུ་འཕྲོས། །རང་གི་བླ་ཚེ་ཆད་ཉམས་ཡར་བ་དང་། །འཁོར་འདས་དྭངས་བཅུད་བསྡུས་ནས་བུམ་པར་འཁྱིལ། །ཞུ་ཞིང་ཁོལ་བའི་བདུད་རྩིའི་ཆུ་རྒྱུན་གྱིས། །ལུས་ཀྱི་ནང་གང་དུས་མིན་འཆི་བ་སྦྱངས། །བླ་སྲོག་དབང་ཐང་ཉམས་པ་སོར་ཆུད་ཅིང་། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་འགྲུབ་གྱུར། །ཅེས་བརྗོད་ཅིང་བསམས་ལ། །ཨོཾ་གུ་རུ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླའོ། །ཞེས་པའང་རྡོ་རྗེ་འཛིན་པ་ཆེན་པོ་ཨོ་རྒྱན་བསྟན་སྐྱོང་གིས་འདི་ལྟར་བྲིས་ཞེས་རྒྱང་རིང་མོ་ནས་བསྐུལ་བ་ལྟར་མཉྫགྷོ་ཥས་བྲིས་པ་དགེ།། ༈ །།བྱིན་རླབས་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས་ཞེས་བྱ་བ། ན་མོ་གུ་རུ་བྷྱ༔ འདིར་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་འབེབས་པར་བྱེད་པའི་ཐབས་བླ་ན་མེད་པ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་མདོར་


JKT022_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ་བསྒོམ་པའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། ངེས་འབྱུང་གིས་བློ་བཅོས་པ། ཐེག་པ་སྤྱིའི་འཇུག་སྒོ་སྐྱབས་སུ་འགྲོ་བ། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའོ། །དང་པོ་ནི། གནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ། དལ་འབྱོར་རྙེད་དཀའ་ཞིང་འཇིག་སླ་བ་དང་། ལས་འབྲས་སྨིན་ཚུལ་དང་རིགས་དྲུག་སྤྱི་དང་བྱེ་བྲག་གི་ཉེས་དམིགས་རྣམས་སྒོ་དུ་མ་ནས་བསམ་པས་ངེས་འབྱུང་གི་ཤུགས་དྲག་ཏུ་བསྐྱེད་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བར་འདོད་པའི་སྐྱེས་བུ་ཆེན་པོའི་བློས་སྐྱབས་འགྲོ་ལ་འཇུག་གོ། །གཉིས་པ་ནི། སྐྱབས་ཡུལ་གསལ་བཏབ་ལ། སྐྱབས་གསུམ་འདུས་ཞལ་དྲིན་ཅན་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་སྐྱབས་སུ་མཆི། །ཞེས་དང་། གསུམ་པ་ནི། འགྲོ་ཀུན་སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པར་སེམས་བསྐྱེད་དོ། །ཞེས་དོན་དྲན་བཞིན་པས་ལན་གསུམ་སོགས་ཅི་ནུས་སུ་བྱ། གཉིས་པ་དངོས་གཞི་ལ་གསུམ། ཚོགས་རྟེན་གསལ་གདབ་པ། བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་བྱ་བ། ཕུར་ཚུགས་སུ་གསོལ་བ་གདབ་པའོ། །དང་པོ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཆོས་ཀུན་གདོད་ནས་འོད་གསལ་སྟོང་ཉིད་ངང་། །རྟེན་ཅིང་འབྲེལ་


JKT022_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་སྒྱུ་མའི་སྣང་ཆ་ལས། །ཕྱི་སྣོད་འོག་མིན་པདྨ་འོད་ཀྱི་ཞིང་། །ངོ་མཚར་བཀོད་པ་ཕུན་ཚོགས་གཞལ་མེད་ཁང་། །ཡངས་ཤིང་རྒྱ་ཆེ་ཡེ་ཤེས་འོད་ལྔའི་ཀློང་། །མདུན་གྱི་ནམ་མཁར་ཆུ་སྐྱེས་ཉི་ཟླའི་སྟེང་། །ངོ་བོ་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །ཐུགས་རྗེའི་དབང་ཕྱུག་ཀརྨ་ཆགས་མེད་ཞབས། །ཐ་དད་མ་དམིགས་ཡེ་ཤེས་སྒྱུ་མའི་སྐུ། །རྣམ་པ་བདེ་བ་ཆེན་པོ་པདྨ་འབྱུང་། །ཞལ་གཅིག་ཕྱག་གཉིས་དཀར་དམར་གཞོན་ནུའི་ཚུལ། །བདེ་སྟོང་ཟུང་འཇུག་ཞི་འཛུམ་སྒེག་པའི་ཉམས། །ཕྱག་གཉིས་མཉམ་གཞག་བདུད་རྩིའི་བྷནྡྷ་བསྣམས། །སྐུ་ལ་རྡོ་རྗེའི་གསང་གོས་དཀར་པོ་དང་། །ཕོད་ཆེན་མཐིང་ག་ཆོས་གོས་ངུར་སྨྲིག་མདངས། །ཟ་བེར་སྨུག་པོའི་ན་བཟའ་བརྩེགས་མར་གསོལ། །དབུ་ལ་པདྨའི་སྙན་ཞུ་བརྗིད་ལྡན་མཛེས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །སྣང་སྟོང་ཟུང་འཇུག་ཡེ་ཤེས་འོད་ཀྱི་སྐུ། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །གཉིས་པ་ནི། བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན། །ཞིང་རྡུལ་མཉམ་པའི་ལུས་སུ་རབ་སྤྲུལ་ནས། །དང་འདོད་ཡིད་ཆེས་དད་པས་ཀུན་བསླངས་ཏེ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །མི་ཟད་ནམ་མཁའ་མཛོད་ཀྱི་རྗེས་འགྲོ་བའི། །ལུས་དང་ལོངས་སྤྱོད་ཀུན་བཟང་


JKT022_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྤྲིན་འབུལ། །རང་བཞིན་བཅས་པའི་སྡིག་ལྟུང་སྙིང་ནས་བཤགས། །བསོད་ནམས་མཛད་པ་རྒྱ་མཚོར་ཡི་རང་ངོ་། །ཞི་བསིལ་བདུད་རྩིའི་ཆོས་འཁོར་བསྐོར་བར་བསྐུལ། །རྟག་པར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་འདིས་མཚོན་དུས་གསུམ་དགེ་ཚོགས་ཀུན། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོས་པའི་མཐུས། །བདག་དང་མཐའ་ཡས་འགྲོ་བ་མ་ལུས་ཀུན། །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་དང་། སྤྲོ་ན་མཎྜལ་རྒྱས་བསྡུས་ཅི་ནུས་དབུལ། །གསུམ་པ་ནི། སྐྱབས་གནས་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཆེ། །སྐུ་གསུམ་རིགས་འདུས་དཔལ་ལྡན་བླ་མ་དང་། །ཐུགས་རྗེ་ཆེ་དངོས་ཀརྨ་ཆགས་མེད་ཞབས། །ཟུང་འཇུག་བདེ་ཆེན་པདྨ་སཾ་བྷ་ཝ། །དགོངས་ཀློང་འདུ་འབྲལ་མེད་པའི་ངང་ཉིད་ལས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །རྣམ་འཕྲུལ་བསམ་མི་ཁྱབ་པའི་ཚུལ་སྟོན་པ། །འདི་ཕྱིའི་རེ་ལྟོས་གཅིག་གྱུར་ཁྱེད་ཉིད་ལ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །དབང་སྐུར་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ། །བདག་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །དམ་ཆོས་ལམ་དུ་ལོངས་པར་བྱིན༔ ལམ་གྱི་འཁྲུལ་པ་སེལ་བར༔ འཁྲུལ་སྣང་ཆོས་སྐུར་འཆར་བར༔ རྩེ་གཅིག་ཏིང་འཛིན་བརྟན་པར་


JKT022_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ་ལྟ་བ་རྟོགས་པར༔ རོ་གཅིག་མངོན་དུ་འགྱུར་བར༔ སྒོམ་མེད་ཟད་སར་འཁྱོལ་བར༔ ཕྱི་ནང་བར་ཆད་ཞི་བར༔ རྟོགས་པས་བདག་རྒྱུད་གྲོལ་བར༴ ཐུགས་རྗེས་གཞན་རྒྱུད་སྨིན་པར རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་མོས་གུས་རྩེ་གཅིག་པས་གསོལ་བ་གདབ་ཅིང་། གསོལ་འདེབས་ཀྱི་བསྙེན་པ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་པའི་བཟླས་པ་དང་། གཞན་ཡང་གསོལ་འདེབས་གང་འོས་བྱ། མཚན་སྔགས་བཟླ་བར་སྤྲོ་ན། ཨོཾ་ཨཱཿ་མ་ཧཱ་གུ་རུ་བཛྲ་དྷ་ར་སརྦ་སིདྡྷི་ཧཱུྃ། བླ་མ་རྡོ་རྗེ་འཆང་ཆེན་པོས་དངོས་གྲུབ་ཐམས་ཅད་སྩོལ། ཞེས་ཅི་ནུས་སུ་བཟླའོ། །གསུམ་པ་རྗེས་ལ་གསུམ། ལམ་གྱི་དབང་བླང་བ། ཐུགས་ཡིད་བསྲེས་ཏེ་མཉམ་པར་གཞག་པ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཇུག་བསྡུ་བའོ། །དང་པོ་ནི། རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བཏབ་མཐུས། །བླ་མའི་གནས་བཞིའི་རྡོ་རྗེའི་འོད་ཟེར་སྤྲིན། །རང་གི་གནས་བཞིར་ཞུགས་ཤིང་གཉིས་མེད་ཐིམ། - །སྒྲིབ་དག་དབང་བསྐུར་བྱིན་གྱིས་བརླབས་པར་གྱུར། །ཅེས་བརྗོད་ཅིང་བསམ། གཉིས་པ་ནི། མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །བླ་མའི་ཐུགས་དང་རང་སེམས་རོ་གཅིག་འདྲེས། །དབྱེར་མེད་མ་བཅོས་བརྗོད་བྲལ་གཉུག་མའི་ངང་། །དུས་གསུམ་སྤྲོ་བསྡུ་བྲལ་བའི་ངང་དུ་བཞག །ཅེས་བརྗོད་ཅིང་མཉམ་པར་བཞག །


JKT022_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། ཐུན་ལས་ལྡང་བར་བརྩམས་པ་ན། དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན། །འཁོར་ལོའི་མགོན་པོའི་གོ་འཕང་མྱུར་ཐོབ་ནས། །སྲིད་དང་ཞི་བའི་ཕན་བདེའི་འབྱོར་པ་ཡིས། །ས་གསུམ་བཀྲ་ཤིས་སྣང་བ་རྒྱས་གྱུར་ཅིག །ཅེས་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། །ཞེས་པའང་ཀར་རྙིང་བསྟན་པའི་སྣང་བྱེད་མཚུངས་ཟླ་དང་བྲལ་བ་ཆགས་མེད་མཆོག་སྤྲུལ་རིན་པོ་ཆེས་བཀྲ་ཤིས་@པའི་ལྷ་རྫས་དང་། རིན་ཆེན་གཉིས་པའི་གནང་སྐྱེས་བཅས་རྒྱང་རིང་མོ་ནས་བཀའ་སྩལ་སྤྱི་བོར་ཕེབས་པ་གུས་པས་མཆོད་དེ། བྱ་བྲལ་བ་ཀརྨ་སྒར་གྱི་མཁན་པོ་བླ་མ་སྡོམ་བརྩོན་མདོ་རྒྱུད་འཛིན་པ་ཆེན་པོ་ཀརྨ་སངས་རྒྱས་ཆོས་འཕེལ་གྱིས་བྲིས་པའི་དགེ་བས་བླ་མའི་བྱིན་རླབས་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།བླ་མའི་རྣལ་འབྱོར་རྡོ་རྗེའི་ཡེ་ཤེས་འབེབས་པ་ཞེས་བྱ་བ། ན་མོ་གུ་རུ་བྷྱ༔ འདིར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་རྡོ་རྗེའི་ཡེ་ཤེས་ཀྱི་ཉི་མ་སྙིང་དབུས་སུ་འཆར་བ་འདོད་པས། གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ་འདི་ལྟར་བསམ་པར་བྱའོ། །སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །བཀའ་དྲིན་མཉམ་མེད་ཁྱབ་བདག་འཁོར་ལོའི་མགོན། །སྤྱི་བོའི་པདྨོར་འབྲལ་མེད་རྟག་བཞུགས་ནས། །བདག་རྒྱུད་བྱིན་


JKT022_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཆར་ཆེན་དབབ་ཏུ་གསོལ། །རྙེད་དཀའ་དོན་ལྡན་དལ་འབྱོར་རྟེན་ཐོབ་ཀྱང་། །དོ་ནུབ་ཙམ་ཡང་མི་འཆིའི་གདིང་མེད་ཅིང་། །ཤི་བའི་འོག་ཏུ་ལས་ཀྱི་རྗེས་འབྲངས་ནས། །འཁོར་བ་གར་སྐྱེས་སྡུག་བསྔལ་རང་བཞིན་ཕྱིར། །བདག་གཞན་སྲིད་ལས་ངེས་པར་འབྱུང་བའི་བློས། །མཆོག་གསུམ་འདུས་ཞལ་དཔལ་ལྡན་བླ་མ་ལ། །སྙིང་ནས་སྐྱབས་མཆི་སྨོན་དང་འཇུག་པ་ཡི། །བྱང་ཆུབ་སེམས་གཉིས་རྟག་ཏུ་བསྐྱེད་པར་བགྱི། །ཨོ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཉཧཾ། གནས་ཡུལ་སྣོད་བཅུད་མི་དམིགས་སྟོང་པའི་ངང་། །རྣམ་ཀུན་མཆོག་ལྡན་རྡོ་རྗེའི་ཡེ་ཤེས་ནི། །དག་པའི་གཞན་དབང་སྐུ་དང་ཞིང་ཁམས་ཀྱི། །བཀོད་པ་ཚད་མེད་ཅིར་ཡང་འཆར་བ་ལས། །ཕྱི་སྣོད་བདེ་ཆེན་འོད་མཐའ་ཡས་པའི་ཞིང་། །ཡིད་འཕྲོག་ངོ་མཚར་སྣང་བ་འབྱམས་ཀླས་པའི། །མདུན་གྱི་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །སེང་གེས་བཏེགས་པའི་རིན་ཆེན་སྣ་ཚོགས་ཁྲིར། །པད་དཀར་འདབ་བརྒྱ་རབ་ཏུ་བཞད་པ་དང་། །ཐབས་ཤེས་ཉི་མ་ཟླ་བའི་དཀྱིལ་འཁོར་སྟེང་། - །ཟུང་འཇུག་དང་པོའི་མགོན་པོ་རྡོ་རྗེ་སེམས། །རིགས་རྣམས་སྣ་ཚོགས་སྤྲོ་དང་བསྡུ་བའི་གཞི། །སྐྱབས་གནས་ཀུན་འདུས་དྲིན་ཅན་བླ་མ་ནི། །རྣམ་པ་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་། །སྐུ་མདོག་ཨིནྡྲ་ནི་ལའི་ལྷུན་པོ་ལ། །ཉིན་བྱེད་བྱེ་བས་འཁྱུད་


JKT022_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟི་བྱིན་འབར། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །རང་འོད་ཡུམ་འཁྱུད་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །སྣང་སྟོང་འཇའ་ཟེར་འཁྲིགས་པའི་ཀློང་ན་རོལ། །སྐུ་ལས་སྐྱེས་པའི་འོད་ཀྱི་དཀྱིལ་འཁོར་དབུས། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །གནས་གསུམ་དཔའ་བོ་དང་ནི་རྣལ་འབྱོར་མ། །ཆོས་སྲུང་ནོར་ལྷ་རྒྱ་མཚོ་སྤྲིན་ལྟར་གཏིབས། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །སྲས་བཅས་རྒྱལ་ཀུན་ཡབ་གཅིག་འཇམ་པའི་དབྱངས། །དེང་འདིར་བཤེས་གཉེན་མཆོག་གི་རྣམ་རོལ་ཅན། །མཁྱེན་བརྩེའི་དབང་པོ་དཔལ་ལྡན་བླ་མ་ལ། །གུས་པས་ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས། །ལུས་དང་ལོངས་སྤྱོད་མཆོད་སྤྲིན་རྒྱ་མཚོར་དབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །ཁྱོད་ཐུགས་གཟོད་ནས་རྣམ་གྲོལ་རྫོགས་སངས་རྒྱས། །གསུང་གསང་བདེན་གཉིས་དབྱེར་མེད་དམ་པའི་ཆོས། །སྐུ་ནི་རིག་གྲོལ་མཐར་ཕྱིན་དགེ་འདུན་ཏེ། །ཡོན་ཏན་དགོས་འདོད་ཆར་འབེབས་ནོར་གྱི་ལྷ། །ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་འདུས་པའི་ཞལ། །དྲན་པས་སྲིད་ཞིའི་གདུང་བ་ཀུན་སེལ་བའི། །བསྔགས་བརྗོད་རྡོ་རྗེའི་ཚིག་


JKT022_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབྱངས་སྙན་པོ། །རིག་པ་འཛིན་པའི་རྒྱུད་དུ་བླངས་པའི་ཚུལ། །ཡང་ཡང་ཡིད་ལ་གོམས་པ་ལས་བྱུང་བའི། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། བྱིན་རླབས་ཆར་ཆེན་ཕོབ་ཅིག་བླ་མ་རྗེ། །དལ་འབྱོར་རྙེད་དཀའ་མཐོང་བར་བྱིན་གྱིས་རློབས། །ནམ་འཆི་ངེས་མེད་དྲན་པར༴ ལས་འབྲས་བླང་དོར་ནུས་པར༴ སྲིད་ལས་ངེས་འབྱུང་སྐྱེ་བར༔ བྱང་ཆུབ་སེམས་གཉིས་འབྱོང་པར ངེས་དོན་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །ཅི་སྣང་ལྷ་སྐུར་ཤར་བར༔ ལྷར་སྣང་བདེ་ཆེན་འཆར་བར་བྱིན་གྱིས་རློབས། །གནས་སྐབས་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས། །སློབ་པའི་འོད་གསལ་ཟུང་འཇུག་མངོན་གྱུར་ཅིང་།མཐར་ཐུག་སློབ་པ་མིན་པའི་འོད་གསལ་ལས། །ཟུང་འཇུག་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །མདོར་ན་དམ་ཚིག་སྡོམ་པ་རྣམ་པར་དག །ཐོས་བསམ་སྒོམ་པའི་ཡོན་ཏན་ཕ་མཐར་སོན། །བླ་མའི་བྱིན་རླབས་སྙིང་ལ་ཞུགས་པ་ལས། །དོན་གཉིས་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ཧཱུཾ། ཞེས་པས་གསོལ་བཏབ་བླ་མ་རྡོ་རྗེ་འཆང་། །ཡབ་ཡུམ་མཉམ་སྦྱོར་བདེ་ཆེན་བདུད་རྩིའི་རྒྱུན། །བདག་གི་འཁོར་ལོ་རྣམ་བཞིར་སོན་པ་ལས། །སྒྲིབ་དག་དབང་དང་བྱིན་རླབས་དངོས་གྲུབ་ཐོབ། །མཐར་ནི་སྐྱབས་ཡུལ་འོད་ཞུ་རང་ཉིད་ལ། །ཐིམ་པས་རང་གི་གཉུག་མའི་སྒོ་གསུམ་


JKT022_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཁྱབ་བདག་བླ་མའི་གསང་གསུམ་དབྱེར་མེད་ངང་། །གསལ་སྟོང་ཟུང་འཇུག་གདོད་མའི་རང་ཞལ་བལྟ། །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཔལ་ལྡན་བླ་མས་འབྲལ་མེད་རྗེས་བཟུང་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་འཁོར་ལོའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པའི་སྐུའི་དབོན་མཁྱེན་བརྩེའི་གཏེར་ཆེན་བཤེས་གཉེན་ཆེན་པོ་པྲ་ཛྙཱ་དྷཱ་ཛས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ནན་དུ་བསྐུལ་བ་ལས། རང་ཉིད་ལ་ཟབ་མོའི་ལམ་དངོས་སུ་སྟོན་པའི་བླ་མ་དམ་པ་སྤྱི་ལའང་སྦྱར་ཆོག་པའི་དབང་དུ་བྱས་ཏེ། རྒྱུད་སྡེའི་དགོངས་པ་གྲུབ་པའི་མན་ངག་གིས་ཕྱེ་བའི་རྗེས་སུ་འབྲངས་ནས་ལམ་ཡོངས་སུ་རྫོགས་པའི་ཚུལ་དུ་རིག་འཛིན་གྱི་བཙུན་པ་མཉྫ་གྷོ་ཥས་གྲོ་བཞིན་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱི་ཉི་ཤར་ལ་གང་ཤར་ཤར་མར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག ༈ །དཀར་པོ་ལྷ་གསུམ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚེ་དང་ཡེ་ཤེས་གྲུབ་སྟེར་ཞེས་བྱ་བ། ན་མོ་གུ་རུ་བྷྱ༔ འདིར་དཀར་པོ་ལྷ་གསུམ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མདོར་བསྡུས་ཉམས་སུ་བླང་བའི་ཚུལ་ལ། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་སྒོ་དུ་མ་ནས་ཡིད་ལ་བྱས་ཏེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་སྐྱབས་


JKT022_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བློ་རྒྱུད་དང་འདྲེས་པར་བྱ། དངོས་གཞི་ནི། ཨོཾ་སྭ་བྷཱ་བ་ཤུདྡྷསརྦ་དྷརྨཱསྭ་བྷ་ཝ་ཤུདྡྷོཉཧཾ། ཆོས་ཀུན་རང་བཞིན་གཟོད་ནས་སྟོང་པའི་ངང་། །རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་རྣམ་རོལ་ལས། །སྣོད་བཅུད་ཐམས་ཅད་བདེ་བ་ཅན་གྱི་ཞིང་། །ཕུན་ཚོགས་ངོ་མཚར་བཀོད་པ་འབྱམས་ཀླས་དབུས། །པད་ཟླའི་སྟེང་དུ་རང་སེམས་ཧཱུཾ་དཀར་པོ། །ཡོངས་གྱུར་འཆི་མེད་ཡིད་བཞིན་འཁོར་ལོ་ནི། །ཆུ་ཤེལ་མདོག་ཅན་དར་དང་རིན་ཆེན་རྒྱན། །ཕྱག་གཡས་མཆོག་སྦྱིན་གཡོན་པས་ཨུཏྤལ་བསྣམས། །ཞི་འཛུམ་རབ་དགྱེས་ཡེ་ཤེས་སྤྱན་བདུན་འཛུམ། །རྡོ་རྗེའི་སྐྱིལ་ཀྲུང་འོད་ལྔའི་ཀློང་ན་བཞུགས། །སྤྱི་བོར་དྲིན་ཅན་རྩ་བའི་བླ་མ་དང་། །དབྱེར་མེད་ཚེ་དཔག་མེད་མགོན་སྐུ་མདོག་དཀར། །མཉམ་གཞག་ཚེ་བུམ་འཛིན་ཅིང་ལོངས་སྤྱོད་རྫོགས། །པད་ཟླའི་གདན་ལ་སྐྱིལ་ཀྲུང་སྟབས་ཀྱིས་རོལ། །ཐུགས་ཀར་ཆུ་སྐྱེས་ཟླ་བའི་དཀྱིལ་འཁོར་དབུས། །པདྨའི་རིགས་ཀྱི་ཕོ་ཉ་དབྱངས་ཅན་མ། །ཡིད་འཕྲོག་ཟླ་ཤེལ་ནོར་བུའི་མཚན་དཔེ་ཅན། །ཞི་འཛུམ་སྒེག་ཉམས་རིན་ཆེན་པི་ཝཾ་བསྒྲེང་། །ལྷ་རྫས་ན་བཟའ་རཏྣ་ཨུཏྤལ་རྒྱན། །ཞབས་ཟུང་ཙོག་བུའི་ཚུལ་གྱིས་དགྱེས་བཞིན་བཞུགས། །ཀུན་ཀྱང་གནས་གསུམ་རྡོ་རྗེའི་ཡི་གེས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུར། །ཅེས་བརྗོད་ཅིང་གསལ་གདབ་ལ་ཡན་ལག་


JKT022_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་འབུལ་བ་ནི། བདག་དང་མཁའ་མཉམ་འགྲོ་ཀུན་ལྷན་ཅིག་ཏུ། །གུས་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །མྱ་ངན་མི་འདའ་བཞུགས་གསོལ་ཆོས་འཁོར་བསྐུལ། །བསོད་ནམས་དངོས་ཀུན་བྱང་ཆུབ་སྙིང་པོར་བསྔོ། །བདག་གཞན་ཡིད་ཅན་ཚོགས་རྣམས་མ་ལུས་ཀུན། །སྐུ་དང་ཡེ་ཤེས་རྨད་བྱུང་བཅོམ་ལྡན་འདས། །འཆི་མེད་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག །མཎྜལ་རྒྱས་བསྡུས་ཇི་ལྟར་རིགས་པ་ཕུལ། །གསོལ་བ་གདབ་པ་ནི། སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ངོ་བོ་ཉིད། །བླ་མ་ཚེ་དཔག་མེད་དང་དབྱངས་ཅན་མ། །འཆི་མེད་ཡིད་བཞིན་འཁོར་ལོར་གསོལ་བ་འདེབས། །ཚེ་དང་ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས། །ཞེས་ཅི་ནུས་བརྗོད་ཅིང་ཕུར་ཚུགས་སུ་གསོལ་བ་གདབ། བཟླས་པ་བྱ་བ་ནི། རྩེ་གཅིག་གུས་པས་གསོལ་བ་བཏབ་པའི་མཐུས། །བླ་མ་ཚེ་དཔག་མེད་དང་སྒྲ་དབྱངས་ལྷའི། །ཐུགས་ལས་འོད་ཟེར་མཁའ་ཁྱབ་ཀུན་ཏུ་འཕྲོས། །འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །སྲིད་ཞིའི་དྭངས་བཅུད་བདུད་རྩིའི་རྣམ་པར་བསྡུས། །ཚེ་དཔག་མེད་མགོན་ཕྱག་གི་བུམ་པར་ཐིམ། །བདུད་རྩིའི་རྒྱུན་བབས་རང་ལུས་ནང་ཀུན་ཁྱབ། །དུས་མིན་འཆི་དང་སྡིག་སྒྲིབ་ཐམས་ཅད་སྦྱངས། །ཚེ་དང་གཟི་བརྗིད་སྟོབས་དཔལ་ཡོན་ཏན་


JKT022_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ། །ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་ཡིས། །བློ་གྲོས་པདྨོ་མཆོག་ཏུ་རྒྱས་པར་གྱུར། །ཅེས་བརྗོད་ཅིང་བསམ་ལ་ཚེ་དཔག་མེད་ཀྱི་གཟུངས་དང་། ཨོ་་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་གཙོ་བོར་བཟླ། མཐར། ཧཱུྃ༔ ཞེས་དབྱངས་ཅན་མའི་རིག་པ་འབྲུ་གཅིག་པ་དང་། ཨ་ཨཱ་སོགས་དབྱངས་བཅུ་དྲུག །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎཱཛཱ་ན་པུཊྚི་ཀུ་རུ་སྭཱ་ཧཱ། ཞེས་སྒྲོལ་དཀར་ཚེ་༧ ཤམ་ཅན་གྱི་སྔགས་རྣམས་ཀྱང་ཅི་རིགས་པ་བཟླའོ། །མཐར་གོང་ལྟར་གསོལ་འདེབས་དང་། མཐར་ནི་སྤྱི་བོའི་བླ་མ་ཚེ་དཔག་མེད། །སྒྲ་དབྱངས་རྒྱ་མཚོའི་བདག་ཉིད་དང་བཅས་པ། །འཆི་མེད་ཚེ་དང་ཡེ་a ཤེས་བདུད་རྩིར་ཞུ། །སྤྱི་བོ་ནས་ཞུགས་རང་གི་ལུས་ཀུན་གང་། །དབང་དང་བྱིན་རླབས་དངོས་གྲུབ་ཀུན་ཐོབ་གྱུར། །ཅེས་བརྗོད་ཅིང་བསམས་ལ་སྤྲོས་བྲལ་གྱི་ངང་དུ་བཞག །དེ་ལས་ལྡང་བ་ན། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ནི། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །བླ་མ་འཆི་མེད་མགོན་པོས་རྗེས་བཟུང་ནས། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཤེས་རབ་རྒྱས། །ཐམས་ཅད་གཟིགས་པའི་གོ་འཕང་མྱུར་ཐོབ་ཤོག་།ཅེས་པས་མཚམས་སྦྱར་ཏེ་སྤྱོད་ལམ་ཐམས་ཅད་ཆོས་དང་མཐུན་པའི་བྱ་བས་གནས་པར་བྱའོ། །ཞེས་པའང་ཐུབ་བསྟན་རྡོ་རྗེ་བྲག་གི་དགེ་སློང་རྣམ་པར་དཔྱོད་པའི་བློ་ཅན་སུ་ཀ


JKT022_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལྤ་ཤཱི་ལས་འདི་ལྟ་བུ་དགོས་ཞེས་གསུང་ངོར། བླ་མའི་རྣལ་འབྱོར་དང་འབྲེལ་བར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།བླ་མ་འཇམ་དཔལ་ཡབ་ཡུམ་གྱི་རྣལ་འབྱོར་སྙིང་པོ་བཞུགས་སོ། །ན་མོ་མཉྫགྷོ་ཥཱ་ཡ། བླ་མ་འཇམ་པའི་དབྱངས་ཀྱི་རྣལ་འབྱོར་ཉམས་སུ་བླང་བར་འདོད་པས། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །བླ་མ་འཇམ་དཔལ་གཞོན་ནུ་ལ། ། ཕྱག་འཚལ་སྐྱབས་མཆི་སེམས་ཅན་དོན། །ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི། །རང་མདུན་ནམ་མཁར་འོད་ལྔའི་ཀློང་། །སྣ་ཚོགས་མཆོད་པའི་སྤྲིན་ཕུང་དབུས། །ཆུ་སྐྱེས་ཉི་ཟླའི་གདན་གྱི་སྟེང་། །ཁྱབ་བདག་རྩ་བའི་བླ་མ་ཉིད། །རྣམ་པ་འཇམ་པའི་རྡོ་རྗེའི་སྐུ། །དམར་སེར་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཉིས་རལ་གྲི་དྲིལ་བུ་འཛིན། །རང་འོད་རྡོ་རྗེ་དབྱངས་ཅན་མ། །དམར་མོ་པི་ཝཾ་བསྒྲེང་བས་ལོ འཁྱུད། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །བདེ་སྟོང་གཟི་བྱིན་ལྷམ་མེར་བཞུགས། །སྐྱབས་ཀུན་འདུས་པའི་ངོ་བོར་གྱུར། །སྲས་བཅས་རྒྱལ་ཀུན་ཡེ་ཤེས་སྐུ། །བླ་མ་འཇམ་དཔལ་ཡབ་ཡུམ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས། །ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་སྒྲིབ་ཉེས་ལྟུང་མཐོལ་ཤིང་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རངས། །


JKT022_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་བསྐོར་བཞིན་བཞུགས་པར་གསོལ། །དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །རྨད་བྱུང་རིག་དང་བརྩེ་བ་ཡི། །ཡོན་ཏན་རྒྱ་མཚོར་དབང་འབྱོར་ཞིང་། །འཇམ་དཔལ་དཔའ་བོའི་ཡེ་ཤེས་ཀྱིས། །དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་དང་། སྤྲོ་ན་མཚན་ཡང་དག་པར་བརྗོད་པའི་བསྟོད་པའང་བྱ། གང་ལྟར་ཡང་མཐར། ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཞེས་ཅི་ནུས་དང་། ཨོ་ཨཱམལྦུ་བཛྲ་དྷཱིཀ་ཧཱུྃ་ཧཱུྃ། ཞེས་དང་། ཨོ་པི་ཙུ་པི་ཙུ་པྲཛྙཱ་བནྡྷ་ནི། ཛཱ་ལ་ཛཱ་ལ་མེ་དྷ་བནྡྷ་ནི། དྷི་རི་དྷི་རི་བུདྡྷི་བནྡྷ་ནི་སྭཱ་ཧཱ། ཞེས་པའང་ཅུང་ཟད་བཟླས་མཐར། བླ་མའི་གནས་བཞིའི་འོད་ཟེར་གྱིས། །བདག་ལ་བྱིན་རླབས་དབང་བཞི་བསྐུར། །མཐར་ནི་རང་དང་དབྱེར་མེད་ཐིམ། །བློ་འདས་གཉུག་མའི་རང་ཞལ་བལྟ། །དགེ་བ་འདི་ཡིས་བདག་གཞན་ཀུན། །འཇམ་དཔལ་མཁྱེན་པའི་ཡེ་ཤེས་དང་། །མི་ཕྱེད་མཉམ་པ་ཉིད་གྱུར་ཏེ། །ཕན་བདེའི་དགེ་མཚན་རྒྱས་པར་ཤོག །ཅེས་པའང་རྣམ་འདྲེན་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་ཆེན་པོའི་རྗེ་དབོན་མཆོག་སྤྲུལ་རིན་པོ་ཆེས་བཀའ་སྩལ་བཀྲ་ཤིས་པའི་ལྷ་རྫས་དང་བཅས་སྤྱི་བོར་ཕེབས་པ་གུས་པས་མཆོད་དེ། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག ༈ །འཇམ་དབྱངས་བླ་མའི་རྣལ་འབྱོར་ཡེ་ཤེས་སྣང་སྟེར་ཞེས་བྱ་བ་བཞུགས་སོ། །


JKT022_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫགྷོ་ཥཱ་ཡ། དེ་ལ་ཁམས་གསུམ་གྱི་འཁོར་བ་ལས་རང་གཞན་ཐམས་ཅད་ངེས་པར་འབྱུང་སྟེ་མཐའ་གཉིས་ལ་མི་གནས་པའི་རྣམ་མཁྱེན་གྱི་གོ་འཕང་མྱུར་དུ་ཐོབ་པར་འདོད་པ་དག་གིས་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་མཐའ་ཡས་པ་བསླབ་པར་བྱ་བའི་ཕྱིར་རིགས་ཐམས་ཅད་ཀྱི་ཁྱབ་བདག་འཁོར་ལོའི་མགོན་པོ་འཇམ་དཔལ་གཞོན་ནུའི་རྣམ་པར་བསྒོམ་པའི་ཟབ་མོའི་རྣལ་འབྱོར་ལ་འཇུག་པའི་ཐོག་མར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ་མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་བཞིན་དུ་གསལ་བཏབ་སྟེ། སྐྱབས་སུ་འགྲོ་བ་ནི། བདག་སོགས་འགྲོ་ཀུན་སྲིད་པའི་གྲོང་ཁྱེར་དུ། །ཕ་མཐར་མི་མངོན་སྡུག་བསྔལ་རྒྱ་མཚོར་བྱིངས། །དེ་ལས་སྐྱོབ་ཕྱིར་བླ་མ་མཆོག་གསུམ་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། ཤེས་པས་སྲིད་པའི་སོ སྦྱོར་བ་ལས་བརྒལ་ཀྱང་། །སྙིང་རྗེས་ཞི་བའི་ཕ་མཐར་ལྷུང་མིན་པ། །བླ་མ་འཇམ་དཔལ་གཞོན་ནུའི་ཡེ་ཤེས་སྐུ། །ཐོབ་ཕྱིར་ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི། །ཚོགས་ཞིང་གསལ་གདབ་པ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷསརྦ་དྷརྨཱསྭབྷཱ་བ་ཤུདྡྷོཉཧཾ། འོད་གསལ་སྟོང་ཉིད་ངང་ལས་སྒྱུ་མའི་འཕྲུལ། །སྣོད་བཅུད་ཐམས་ཅད་བདེ་བ་ཅན་གྱི་ཞིང་། །ཡིད་འཕྲོག་ངོ་མཚར་བཀོད་པ་འབྱམས་ཀླས་དབུས། །པད་ཟླའི་


JKT022_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་རང་ཉིད་སྐད་ཅིག་གིས། །སྒྲ་དབྱངས་རྒྱ་མཚོའི་བདག་ཉིད་བཅོམ་ལྡན་མ། །རབ་དཀར་སྟོན་ཟླ་གསར་པའི་ལང་ཚོ་ལ། །མཚན་དཔེའི་ཉམས་འགྱུར་ཆ་ཤས་ཡོངས་སུ་རྫོགས། །ཕྱག་གཉིས་བཻ་ཌཱུར་རྒྱུད་མངས་དལ་གྱིས་བརྡུང་། །ཞབས་ཟུང་ཙོག་པུར་བསྣོལ་བའི་ཚུལ་གྱིས་བཞུགས། །དབུ་སྐྲ་གནས།་སྣུམ་མེ་ཏོག་ཆུན་པོས་བཅིངས། །རྣམ་མང་དར་དང་རིན་ཆེན་རྒྱན་གྱིས་མཛེས། །སྣང་སྟོང་དབང་པོའི་གཞུ་བཞིན་གསལ་བ་ཡི། །མདུན་གྱི་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས། །སྣ་ཚོགས་ཆུ་སྐྱེས་ཟླ་བའི་དཀྱིལ་འཁོར་སྟེང་། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་ནི། །རྣམ་པ་འཇམ་དཔལ་གཞོན་ནུའི་ཡེ་ཤེས་སྐུ། །གསེར་རི་གུར་གུམ་ཆབ་ཀྱིས་བཀྲུས་པ་ལ། །ཉི་གཞོན་བྱེ་བས་འཁྱུད་པའི་མཚན་དཔེའི་དཔལ། །མཐོང་ན་མི་མཐུན་མེད་པའི་ཕྱག་གཡས་ཀྱི། །གཟུངས་འཛིན་དྲ་བ་གཅོད་འོ པའི་རལ་གྲི་འཕྱར། །གཡོན་པས་ཨུཏྤལ་ཟེའུ་འབྲུར་སྙོམས་ཞུགས་པའི། །ཤེར་ཕྱིར་སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་བརྒྱན། །ཟླ་བའི་འོད་ཀྱི་རྒྱབ་ཡོལ་ལ་བརྟེན་ནས། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །མཐའ་སྐོར་སྐྱབས་གནས་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །ཀུན་ཀྱང་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་


JKT022_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ། །ཐིམ་ལས་སྐྱབས་ཡུལ་ཐམས་ཅད་འདུས་པའི་དངོས། །བདག་ལ་དགྱེས་བཞིན་མངོན་སུམ་བཞུགས་པར་གྱུར། །ཚོགས་བསགས་པའི་ཕྱིར་ཡན་ལག་བདུན་པ་ལོགས་སུ་བཀོད་པ་ལྟར་རམ།བསྡུ་ན། བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན། །ཞིང་གི་རྡུལ་རྙེད་ལུས་རབ་སྤྲུལ་བྱས་ཏེ། །འཇམ་དབྱངས་བླ་མར་འཁོར་བཅས་ཞབས་པད་མོར། །སྒོ་གསུམ་གུས་པས་རྟག་ཏུ་ཕྱག་འཚལ་ལོ། །དངོས་ཡིད་ལས་བྱུང་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་ཞིང་མྱ་ངན་མི་འདའ་བཞུགས། །དགེ་ཚོགས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེས་ཕྱག་དང་བཅས་བྱ། མཎྜལ་རྒྱས་བསྡུས་ཇི་ལྟར་རིགས་པ་འབུལ། །ཐུགས་རྒྱུད་བསྐུལ་བའི་ཕྱིར་གསོལ་བ་གདབ་པ་ནི། ན་མོ་གུ་རུ་མཉྫ་གྷོ་ཥཱ་ཡ། མཁའ་ཁྱབ་རྒྱལ་བ་ཀུན་གྱི་སྐུ་ཡེ་ཤེས། །གཅིག་སོ བསྡུས་བླ་མ་བརྟན་པའི་འཁོར་ལོ་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་འདེབས་ན། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག་འཇམ་པའི་དབྱངས། །རྙེད་དཀའི་དལ་འབྱོར་མི་ལུས་ཐོབ་དུས་འདིར། །ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །སྲིད་པའི་ཕུན་ཚོགས་ཀུན་ལ་མ་ཆགས་པའི། །ཐར་འདོད་བློ་གྲོས་སྐྱེད་ཅིག་འཇམ་པའི་དབྱངས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་


JKT022_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགེ་བའི་བཤེས་གཉེན་གྱི། །ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནུས་པའི། །སྐལ་བ་བཟང་པོ་སྦྱོར་ཅིག དེ་ལས་ཁས་བླངས་ཚུལ་ཁྲིམས་རྣམ་པར་དག །མང་དུ་ཐོས་དང་བསམ་པའི་ཕ་རོལ་སོན། །རྩེ་གཅིག་བསྒོམ་པས་ཞི་ལྷག་ཟུང་འཇུག་གི །ཏིང་འཛིན་སྒོ་བརྒྱ་འབྱེད་མཛོད༔ ལོག་སྨྲ་ཚར་གཅོད་གཞན་དག་རྗེས་བཟུང་བའི། །ཐུན་མོང་རིག་པའི་གནས་ལ་མ་རྨོངས་ཤིང་། །ཁྱད་པར་སྡེ་སྣོད་རྒྱུད་སྡེའི་ངེས་གསང་ལ། །འཁྲུལ་མེད་བློ་གྲོས་སྩོལ་ཅིག་འཇམ་པའི༔ འཆད་མཁས་བློ་ལྡན་བྱེ་བའི་ཡིད་དབང་འཕྲོག །རྩོད་པས་ཕས་རྒོལ་འཁྲུལ་པའི་དྲེགས་པ་བཅོམ། །རྩོམ་པས་ཐུབ་བསྟན་ཡུན་རིང་གསལ་ནུས་པའི། །སྨྲ་བའི་དབང་ཕྱུག་སྩོལ་ཅིགཌ ཐ་སྙད་ཁོ་ནའི་གནས་ལ་མ་ཞེན་པར། །དབེན་པའི་གནས་སུ་མདོ་སྔགས་ལམ་གྱི་རིམ། །ཚུལ་བཞིན་བསྒྲུབས་པས་ཉམས་རྟོགས་ཡོན་ཏན་ཀུན། །རྩོལ་མེད་རྒྱུད་ལ་སྐྱེད་ཅིག གལ་ཏེ་ཚེ་འདིར་བརྟན་པ་མ་ཐོབ་ན། །འཆི་བ་འོད་གསལ་དོན་གྱི་འཇམ་པའི་དབྱངས། །མངོན་སུམ་མཐོང་ནས་ཆོས་སྐུའི་གྲོང་ཁྱེར་དུ། །འབྲལ་མེད་རྗེས་སུ་ཟུངས་ཤིག དེར་ཡང་འཁྲུལ་ནས་བར་དོར་འཁྱམས་སྲིད་ན། །བླ་མ་མཆོག་དང་བརྟན་པའི་འཁོར་ལོ་ཡིས། །རྣམ་འཕྲུལ་དུ་མས་དག་པའི་ཞིང་ཁམས་སུ། །ལུང་བསྟན་དབུགས་དབྱུང་སྩོལ་ཅིག༔ ལས་ཉོན་དབང་གིས་


JKT022_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པར་སྐྱེས་གྱུར་ཀྱང་། །དལ་འབྱོར་རྟེན་ཐོབ་ཐེག་ཆེན་རིགས་སད་ནས། །དཀའ་བ་མེད་པར་ལམ་གྱི་ལྷག་མ་ཀུན། །རྫོགས་པའི་རྟེན་འབྲེལ་སྒྲིགས་ཤིག༔ མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན། །མགོན་པོ་ཁྱོད་ལས་སྐྱབས་གཞན་མི་འཚོལ་བས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི། །དགེ་མཚན་མངོན་སུམ་སྩོལ་ཅིག་འཇམ་པའི་དབྱངས། །ཞེས་དད་མོས་ཀྱི་ཤུགས་དྲག་ཏུ་བསྐྱེད་ལ་གསོལ་ཁོ་ན་ཉིད་ལ་མཉམ་པར་གཞག་པ་ནི། །ཕྱོགས་དུས་རྒྱལ་བ་སྲས་བཅས་ཡེ་ཤེས་ཀུན། །གཅིག་བསྡུས་བླ་མ་འཇམ་དཔལ་གཞོན་ནུ་ཡིས། །བདག་ལ་བརྩེ་བའི་ཐུགས་རྗེས་ཉེར་དགོངས་ནས། །དབང་དང་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །ཞེས་པས་གསོལ་བཏབ་མཐའ་སྐོར་སྐྱབས་ཡུལ་ཀུན། །བླ་མ་འཇམ་དཔལ་གཞོན་ནུར་དབྱེར་མེད་ཐིམ། །དེ་ཡི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གའི་ཁ་དོག་ཅན། །རིམ་དང་ཅིག་ཅར་བདག་གི་གནས་གསུམ་ཞུགས། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་རྒྱུར་བཅས་སྦྱོང་། །ཟབ་མོའི་ལམ་བཞི་བསྒོམ་པའི་རྟེན་འབྲེལ་བསྒྲིགས། །འབྲས་བུ་སྐུ་བཞི་ཐོབ་པའི་སྐལ་ལྡན་བྱས། །མཐར་ནི་བླ་མ་ཚངས་པའི་ལམ་ནས་བྱོན། །རང་གི་སྙིང་དབུས་འོད་ལྔའི་གུར་ཁྱིམ་དུ། །པད་ཟླའི་གདན་ལ་དགེས་བཞིན་


JKT022_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ཡིས། །རྟག་ཏུ་བྱིན་རླབས་དངོས་གྲུབ་སྩོལ་བར་གྱུར། །ཅེས་བརྗོད་ཅིང་བསམས་ལ་བླ་མའི་སྐུའི་གསལ་སྣང་ལ་སེམས་ཞུགས་པ་བཞིན་ཆེར་གྱིས་གཏད་ནས་འཛིན་མེད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་གཞག །ཞར་བྱུང་བཟླས་པ་བྱ་བར་སྤྲོ་ན། བླ་མ་འཇམ་པའི་དབྱངས་ཀྱི་ཐུགས་ཀ་རུ། །དྲི་མེད་རི་བོང་འཛིན་པའི་དཀྱིལ་འཁོར་དབུས། །དམར་སེར་དྷིཡིག་སྔགས་ཀྱི་ཕྲེང་བས་བསྐོར། །བཟླས་པས་འོད་འཕྲོས་རང་གི་ལུས་ཀུན་གང་། །སྡིག་སྒྲིབ་ཀུན་སྦྱངས་གཟུངས་དང་སྤོབས་པ་སོགས། །བསམ་གྱིས་མི་ཁྱབ་ཡེ་ཤེས་སྣང་བ་རྒྱས། །སླར་འཕྲོས་འཕགས་མཆོད་འགྲོ་བའི་དོན་བྱས་ནས། །ཚུར་འདུས་བདག་ཐིམ་བྱིན་གྱིས་བརླབས་པར་གྱུར། །ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཞེས་དང་། སྤྲོ་ན་ཤེས་རབ་བློ་འཕེལ་གྱི་གཟུངས་ཀྱང་བཟླ། རྗེས་བསྔོ་སྨོན་ནི། དགེ་བ་འདི་ཡིས་བདག་སོགས་སེམས་༤ ཅན་ཀུན། །ལས་ཉོན་ཤེས་བྱའི་སྒྲིབ་པ་ཀུན་བྱང་ནས། །སྤངས་རྟོགས་ཕྲིན་ལས་མཐའ་ཡས་བདག་ཉིད་ཆེ། །འཇམ་དབྱངས་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པའི་ཚེ་སྣང་གྲགས་རྟོག་གསུམ་བླ་མའི་གསང་བ་གསུམ་གྱི་རྣམ་རོལ་དུ་ལྟ་བ་དང་མ་བྲལ་བའི་ངང་། དོན་ཡོད་བཞིའི་སྒོ་ནས་བླ་མ་མཉེས་པར་བྱ་བ་དང་། ཆོས་སྤྱོད་བཅུ་སོགས་དགེ་བའི་བྱ་


JKT022_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བས་དུས་འདའ་བར་བྱའོ། །ཞེས་པའང་དད་བརྩོན་ཤེས་རབ་དང་ལྡན་པའི་དགེ་སློང་དགེ་བའི་བཤེས་གཉེན་ངག་དབང་འོད་ཟེར་གྱིས་ནན་ཏན་ཆེན་པོས་འདི་ལྟར་དགོས་ཞེས་བསྐུལ་བའི་ངོར། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྨན་ཤོད་ཕུའི་ཆོས་རར་སྦྱར་བའི་ཡི་གེ་པ་ནི་རིག་པར་སྨྲ་བ་འཇམ་དབྱངས་ཡེ་ཤེས་མཐའ་ཡས་ཀྱིས་བགྱིས་པའི་དགེ་བས་འགྲོ་ཀུན་འཇམ་དཔལ་གཞོན་ནུའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག ༈ །བླ་མ་སྨྲ་བའི་སེང་གེའི་རྣལ་འབྱོར་ཤེས་རབ་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཱ་དི་སཾ་ཧཱ་ཡ། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་བ་སོགས། ཆོས་ཀུན་གཟོད་ནས་འོད་གསལ་སྟོང་པའི་ངང་། །རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་སྣང་ཆ་ལས། །ཡིད་འཕྲོག་བཀོད་པ་དུ་མས་མངོན་འཕགས་པ། །མགོན་པོ་ཀུན་ཏུ་གཟིགས་ཀྱི་ཞིང་ཁམས་དབུས། །པད་ཟླའི་གདན་ལ་རང་ཉིད་མཚོ་བྱུང་མ། །ནམ་མཁའི་མདངས་ཅན་ཁྲོ་འཛུམ་ལང་ཚོས་སྒེག །ཕྱག་གཉིས་ཐབས་ཤེས་རལ་གྲི་པུསྟི་འཛིན། །དར་དང་རིན་ཆེན་རྒྱན་རྫོགས་བཞེངས་པའི་སྟབས། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །རྩ་བའི་བླ་མ་རྗེ་བཙུན་འཇམ་པའི་དབྱངས། །སྨྲ་བའི་སེང་གེ་གུར་གུམ་གཞོན་ནུའི་མདོག །ཞི་ཞིང་འཛུམ་ལ་སྒེག་པའི་ངང་ཚུལ་ཅན། །ཕྱག་གཡས་


JKT022_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་རལ་གྲི་ནམ་མཁར་འཕྱར། །གཡོན་པས་ཨུཏྤ་ལར་གནས་གླེགས་བམ་བསྣམས། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་བརྒྱན། །ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །གསང་གསུམ་རྡོ་རྗེའི་ཡི་གེ་འབྲུ་གསུམ་ལས། །འོད་འཕྲོས་བླ་མ་སངས་རྒྱས་བྱང་ཆུབ་སེམས། །ཡི་དམ་ལྷ་ཚོགས་འཁོར་བཅས་སྤྱན་དྲངས་ཐིམ། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོར་གྱུར། །འཇམ་དབྱངས་གཞོན་ནུ་སྲས་བཅས་རྒྱལ་བའི་ཡབ། །མཁྱེན་བརྩེའི་དབང་པོ་དཔལ་ལྡན་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་གསོལ་བ་འདེབས། །ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །ཚེ་རབ་བསགས་པའི་སྡིག་ལྟུང་མཐོལ་ཞིང་བཤགས། །བྱང་ཆུབ་སྤྱོད་པ་རྒྱ་མཚོར་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་རྟག་པར་བཞུགས་སུ་གསོལ། །བསོད་ནམས་དངོས་ཀུན་བྱང་ཆུབ་སྙིང་པོར་བསྔོ། །མཎྜལ་རྒྱས་བསྡུས་གང་རིགས་དང་། གསོལ་འདེབས་ཅི་ཤེས་བྱ། སྔགས་བཟླ་བར་སྤྲོ་ན། ཨོ་ཧཱིདྡྷིམམེ་དཱི་པཾ་མཉྫ་ཤཱི་མཾ་ཧཱིཔྲཛྙཱ་ཝཎྷ་ནི་ཧཱིདྷིསྭཱ་ཧཱ། ཞེས་དང་། ཨོཾ་ཨཱཿགུ་རུ་མཉྫགྷོ་ཥ་ཛྷཱ་ན་ཀྲི་པེནཱ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ། ཞེས་པའང་ཅི་ནུས་བཟླ། བླ་མའི་གནས་གསུམ་རྡོ་རྗེའི་ཡི་གེའི་འོད། །རང་གི་གནས་གསུམ་རིམ་དང་ཅིག་ཅར་དུ། །ཐིམ་པས་སྒྲིབ་དག་དབང་དང་དངོས་གྲུབ་ཐོབ། །སོ་སོར་རྟོག་པའི་


JKT022_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རྒྱས་པར་གྱུར། །ཅེས་བརྗོད་ཅིང་བསམ། མོས་གུས་དད་བརྒྱས་འདུད་པའི་སྤྱི་བོ་དང་། སྙིང་གའི་ཆུ་སྐྱེས་ཐིག་ལེར་རྟག་བཞུགས་ནས། །ཕྱི་ནང་འགལ་རྐྱེན་མཐའ་དག་ཞི་བ་དང་། །ཕན་བདེའི་ལེགས་ཚོགས་འཕེལ་བར་བྱིན་གྱིས་རློབས། །བསོད་ནམས་འདི་ཡིས་དཔལ་ལྡན་བླ་མ་མཆོག །རྗེ་བཙུན་འཇམ་པའི་དབྱངས་དང་དབྱེར་མེད་པས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛད་ནས། །དོན་གཉིས་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་པའང་དད་པ་དང་ལྡན་པས་ནན་དུ་བསྐུལ་བའི་རེ་བ་སྐོང་ཕྱིར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གང་ཤར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ༈ །རྡོ་རྗེ་གཞོན་ནུ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་མཆོག་སྦྱིན་ཅེས་བྱ་བ། ན་མོ་གུ་རུ་བཛྲ་ཀུ་མཱ་རཱཡ། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཆོས་ཀུན་སྟོང་ཉིད་རྡོ་རྗེ་ནམ་མཁའི་དབྱིངས། །ཡེ་ཤེས་རིག་པ་སྙིང་རྗེ་ཁྲོས་པའི་གདངས། །སྣོད་བཅུད་རྣམ་དག་འོག་མིན་གསང་ཆེན་ཞིང་། །དུར་ཁྲོད་རོལ་པའི་བཀོད་པས་བརྗིད་པའི་དབུས། རང་མདུན་ནམ་མཁར་རྩ་བའི་བླ་མ་ནི། །རྣམ་པ་བཅོམ་ལྡན་བཛྲ་ཀུ་མཱ་ར། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་


JKT022_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་གར་དགུའི་ཉམས། །ཕྱག་དྲུག་གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ། །གཡོན་གཉིས་མེ་ཕུང་ཁ་ཊཾ་རྩེ་གསུམ་བསྣམས། །ཐ་མ་གཉིས་ཀྱིས་རི་རབ་ཕུར་བུ་འདྲིལ། །འཁོར་ལོ་རྒྱས་འདེབས་ཨུཏྤལ་ཐོད་ཁྲག་འཛིན། །ཡབ་ཡུམ་མཉམ་སྦྱོར་དཔལ་དང་དུར་ཁྲོད་ཆས། །ཞབས་བཞི་པད་ཉི་ལྷ་ཆེན་ཕོ་མོའི་སྟེང་། །ཡེ་ཤེས་མེ་ཕུང་འབར་བའི་དབུས་ན་རོལ། །ཕུང་པོ་སྲས་མཆོག་ཚིགས་རྣམས་ཁྲོ་རྒྱལ་བཅུ། །སྐུའི་ཆ་ཤས་ཕྲ་ཐབས་སྒོ་མ་སོགས། །རབ་འབྱམས་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །སྐྱབས་གནས་ཐམས་ཅད་སྤྱན་དྲངས་དབྱེར་མེད་གྱུར། །ཆོས་སྐུ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །གཞོན་ནུའི་གཟུགས་སྐུའི་སྒྱུ་འཕྲུལ་དྲྭ་བའི་གར། །འཁོར་ལོའི་མགོན་པོ་དཔལ་ཆེན་ཧེ་རུ་ཀར། །ཕྱག་འཚལ་སྐྱབས་མཆི་དངོས་ཡིད་མཆོད་པས་མཆོད། །ཉེས་བྱས་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །བྱང་ཆུབ་སེམས་བསྐྱེད་ལུས་དང་ལོངས་སྤྱོད་འབུལ། །བསོད་ནམས་དངོས་ཀུན་རྫོགས་བྱང་ཆེན་པོར་བསྔོ། །ཞེས་ཡན་ལག་བརྒྱད་པའི་སྒོ་ནས་ཚོགས་བསག །མཎྜལ་ཅི་ནུས་འབུལ། བཀྲ་ཤིས་དགེ་མཚན་བྱེ་བས་བརྒྱན་པའི་སྐུ། །ལུང་རྟོགས་ཆོས་ཀྱི་ཆར་པ་འབེབས་མཁས་གསུང་། །ཇི་ལྟ་ཇི་སྙེད་གཟིགས་པའི་


JKT022_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་མངའ་བའི། །དཔལ་ལྡན་ཕྱོགས་ཀྱི་གླང་པོའི་ཞབས་ལ་འདུད། །གསན་བསམ་སྒོམ་པའི་ཆུ་གཏེར་ལས་བྱུང་ཞིང་། །འཆད་རྩོད་རྩོམ་པའི་འོད་སྟོང་དྲྭ་བ་ཅན། །མཁྱེན་བརྩེ་ནུས་པས་ས་གསུམ་སྣང་མཛད་པ། །འཇམ་མགོན་སྨྲ་བའི་ཉི་མར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བསྟན་འཛིན་ཞབས་བརྟན་བསྟན་པ་ཕྱོགས་བཅུར་རྒྱས། །སྡེ་བཞིའི་དགེ་བཅུའི་འབྱོར་པས་འགྲོ་ཀུན་ལ། །ཕན་བདེའི་ལེགས་ཚོགས་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་སོགས་གསོལ་འདེབས་གང་རིགས་གྲངས་གསོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་བྷནྡྷ་ཧཱུྃ་ཕཊ། ཅེས་ལྷ་སྔགས་དང་། ཨོ་ཨཱནྟགུ་རུ་ཀུ་མཱ་ར་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ། ཞེས་མཚན་སྔགས་ཀྱང་བཟླ། བླ་མ་ཡབ་ཡུམ་སྨིན་མཚམས་འོད་ཟེར་ལས། །དབང་ལྷ་སྤྲུལ་ནས་བུམ་པའི་དབང་མཆོག་སྩལ། །རང་ཉིད་རྡོ་རྗེ་གཞོན་ནུའི་སྐུ་རུ་གྱུར། །སྦྱོར་མཚམས་ནས་བྱུང་བདུད་རྩིའི་གསང་དབང་ཐོབ། །སྦྱོར་ཡུམ་སྤྲོས་པས་འཁྲིལ་ཏེ་སྙོམས་པར་ཞུགས། །ཤེས་རབ་ཡེ་ཤེས་བཞི་བའི་དབང་མཆོག་གིས། །དཔེ་དང་དོན་གྱི་ཡེ་ཤེས་རྒྱུད་ལ་སྨིན། །ཐུགས་ཡིད་གཅིག་འདྲེས་དབྱེར་མེད་བྱིན་གྱིས་རློབས། །ཞེས་བརྗོད་ཅིང་དོན་བསམ། དཔལ་ལྡན་རྩ་བའི་བླ་མ་ཧེ་རུ་ཀ །སྤྱི་གཙུག་ཛ་ལནྡྷ་རའི་ཟུར་ཕུད་དང་། །སྙིགས་དབུས་མི་ཤིགས་ཐིག་ལེར་འབྲལ་


JKT022_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ། །བཞུགས་ནས་དབང་དང་དངོས་གྲུབ་མ་ལུས་སྩོལ། །དགེ་བ་འདི་ཡིས་ཁམས་གསུམ་ཡིད་ཅན་ཀུན། །དམ་ཆོས་སྒྲུབ་པའི་བར་ཆད་ཀུན་ཞི་ཞིང་། །ལམ་ལྔ་ས་བཅུའི་གོ་འཕང་ལ་བརྟེན་ནས། །མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་གང་ཤེས་བྱས་ཏེ་སྤྱོད་ལམ་ལ་འཇུག་གོ །རྗེ་བཙུན་ས་སྐྱ་པ་དང་ལྷག་པའི་ལྷ་རྡོ་རྗེ་གཞོན་ནུ་དབྱེར་མེད་པར་གསོལ་བ་འདེབས་ཚུལ་གྱི་བླ་མའི་རྣལ་འབྱོར་འདི་ལྟ་བུ་ཞིག་དགོས་ཞེས་དད་ལྡན་ཨཱ་ནནྡ་ཤུ་རས་བསྐུལ་ངོར་བྱ་བྲལ་ཆོས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ ༈ །རྡོ་རྗེའི་སློབ་དཔོན་ངག་དབང་ལེགས་གྲུབ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། རྡོ་རྗེའི་སློབ་དཔོན་ངག་དབང་ལེགས་གྲུབ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཉམས་སུ་བླང་བར་འདོད་པས། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་སྣོད་བཅུད་དག་པའི་ཞིང་། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་དབུས། །མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་། །དབང་སྔོན་མདོག་ཅན་རྡོ་རྗེ་དྲིལ་བུ་འཛིན། །རང་འོད་ཡུམ་འཁྱུད་མཚན་དཔེའི་གཟི་བྱིན་འབར། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་


JKT022_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་རྒྱ་མཚོའི་བདག །དྲན་པས་སྲིད་ཞིའི་རྒུད་པ་ཞི་མཛད་པ། །སྐྱབས་ཀུན་འདུས་པའི་ངོ་བོར་རབ་བཞུགས་པའི། །གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །སྐྱབས་གནས་ཐམས་ཅད་སྤྱན་དྲངས་དབྱེར་མེད་གྱུར། །ངག་གི་དབང་ཕྱུག་ཡེ་ཤེས་སྒྱུ་མའི་སྐུ། །ལེགས་བཤད་རབ་འབྱམས་སྨྲ་ལ་མཁས་པའི་ཕུལ། །གྲུབ་གཉིས་མཆོག་སྩོལ་རྩ་བའི་བླ་མ་ལ། །ཕྱག་འཚལ་སྐྱབས་མཆི་ལུས་དང་ལོངས་སྤྱོད་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཕྱོགས་བཅུའི་རྣམ་འདྲེན་སྲས་དང་བཅས་པ་ཀུན། །མྱ་ངན་མི་འདའ་ཆོས་འཁོར་བསྐོར་བར་བསྐུལ། །འདིས་མཚོན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །སྤྲོ་ན་མཎྜལ་རྒྱས་བསྡུས་གང་རིགས་དང་། །ཁོ་བོས་བྱས་པའི་རྣམ་ཐར་གསོལ་འདེབས་བྱིན་རླབས་མྱུར་འབེབས་སོགས་སྐུ་བསྟོད་རིགས་གང་ཤེས་གྲངས་གསོག །མཚན་སྔགས་བཟླ་བར་མོས་ན། ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ཝཱ་གིནྡྲ་སུ་སིདྡྷི་མེ་པྲ་ཡཙྪ་ཧཱུཾ། ཨོཾ་ཨཱཿཧཱུྃ་བླ་མ་རྡོ་རྗེ་འཆང་ངག་དབང་ལེགས་གྲུབ་ཀྱི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། མཆན། ཞེས་ཅི་ནུས་བཟླས་མཐར། དཔལ་ལྡན་བླ་མའི་གནས་གསུམ་འབྲུ་གསུམ་ལས། །དཀར་དམར་མཐིང་འོད་རིམ་དང་གཅིག་ཅར་འཕྲོས། །རང་གི་གནས་གསུམ་ཐིམ་པས་དབང་བཞི་ཐོབ། །སྒྲིབ་དག་བྱིན་རླབས་སྐུ་བཞི་མངོན་


JKT022_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར། །ཅེས་བརྗོད་མཐར་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ལ་མཉམ་པར་གཞག །ཐུན་ལས་ལྡང་བ་ན་ཉིན་མོར་སྤྱི་བོ་དང་། མཚན་མོར་སྙིང་གར་བསྒོམ་ཞིང་སྐུའི་གསལ་སྣང་ལ་སེམས་བཟུང་མཐར། དགེ་བ་འདི་ཡིས་དཔལ་ལྡན་བླ་མ་དང་། །འབྲལ་མེད་གསུང་གི་བདུད་རྩིས་ཉེར་འཚོ་ཞིང་། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་། །མཐུན་རྐྱེན་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་གང་ཤེས་བྱས་ཏེ་སྤྱོད་ལམ་ལ་འཇུག་གོ །ཞེས་པའང་དད་ལྡན་ཨཱ་ནནྡ་ཤཱ་རས་བསྐུལ་བ་ལྟར་ཆོས་སྨྲ་བའི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ ༈ །ལམ་ཟབ་ཕྱི་མའི་ཉམས་ལེན་སྙིང་པོར་དྲིལ་བ་བྱིན་རླབས་མཆོག་སྩོལ་ཞེས་བྱ་བ། ན་མོ་གུ་ར་ཝེ། གསུང་ངག་རིན་པོ་ཆེའི་ལམ་ཟབ་ཕྱི་མའི་བླ་མའི་རྣལ་འབྱོར་ཤིན་ཏུ་བསྡུས་པའི་ཚུལ་གྱིས་ཉམས་སུ་བླང་བར་འདོད་ན། སྦྱོར་བ་སྐྱབས་སེམས་ནི། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །ཟབ་མོའི་རྣལ་འབྱོར་ཉམས་སུ་བླང་བར་བགྱི། །ལན་གསུམ། དངོས་གཞིར་ཚོགས་ཞིང་གསལ་གདབ་པ་ནི། རང་མདུན་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས། །སེང་ཁྲི་པད་ཉི་བདུད་བཞིའི་གདན་གྱི་སྟེང་། །


JKT022_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་བླ་མ་དགེས་པ་རྡོ་རྗེའི་སྐུ། །ཞལ་བརྒྱད་བཅུ་དྲུག་ཕྱག་ཅན་ཞབས་བཞི་པ། །བདག་མེད་ཡུམ་འཁྱུད་གར་དགུའི་ཉམས་ཀྱིས་རོལ། །གནས་གསུམ་རྡོ་རྗེའི་ཡི་གེ་འབྲུ་གསུམ་མཚན། །ཕུང་པོ་རིགས་ལྔ་འབྱུང་བ་ཡུམ་མཆོག་ལྔ། །དབང་པོ་ཚིགས་མཚམས་རྩ་རྒྱུས་སེམས་དཔའ་བརྒྱད། །སྐུ་ཡི་གནས་བཅུ་ཁྲོ་བོའི་དབང་པོ་བཅུ། །ཟག་མེད་ཡུལ་རྣམས་རྡོ་རྗེའི་ལྷ་མོའི་དངོས། །མཐའ་སྐོར་སྐྱབས་ཡུལ་རྒྱ་མཚོའི་ཚོགས་དང་བཅས། །སྣང་སྟོང་ཟུང་འཇུག་དགེས་བཞིན་བཞུགས་པར་གྱུར། །གསོལ་བ་འདེབས་པ་ནི། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །དྲིན་ཅན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཉམ་མེད་བཀའ་དྲིན་ཅན་གྱི་ཐུགས་རྗེས་གཟིགས། །འདི་ཕྱི་བར་དོ་ཀུན་ཏུ་བྱིན་གྱིས་རློབས། །ཅི་ནུས་སུ་བརྗོད། ཞེན་པ་སྤང་བ་ནི། བདག་གི་ཉོན་མོངས་རང་གཟུགས་ལུས་ལོངས་སྤྱོད། །དགྲ་གཉེན་སཾ བར་མའི་སྣང་བ་ཇི་སྙེད་ཀུན། །རྗེ་བཙུན་བླ་མ་མཆོག་ལ་དབུལ་བར་བགྱི། །གཟུང་འཛིན་རྣམ་རྟོག་ཞི་བར་བྱིན་གྱིས་རློབས། །མཆོད་པ་འབུལ་བ་ནི། ལག་གཡས་རལ་གྲིས་ཕུང་པོ་ཚོགས་སུ་སྦར། །ཨོཾ་ཨཱཿ༔ཧཱུྃ་ཧོས་ཟག་མེད་བདུད་རྩིར་བསྒྱུར། །རང་སེམས་ལྷར་གསལ་མཆོད་པའི་ལྷ་མོ་སྤྲོས། །བླ་མ་སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་མཆོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། མཆོད་


JKT022_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་རྣམས་རྩ་བའི་བླ་མར་ཐིམ། །ཟག་མེད་བདེ་ཆེན་དགེས་པའི་གཟི་བྱིན་འབར། །ལྷག་མས་རིགས་དྲུག་མགྲོན་ཀུན་ཚིམ་པར་གྱུར། །རྗེས་དབང་དང་དངོས་གྲུབ་བླང་ཞིང་དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། མཐའ་སྐོར་སྐྱབས་ཡུལ་རྩ་བའི་བླ་མར་འདུས། །བླ་མའི་གནས་གསུམ་འབྲུ་གསུམ་འོད་ཟེར་བཅས། །རིམ་དང་ཅིག་ཅར་བྱུང་ནས་རང་ལ་ཐིམ། །དབང་ཐོབ་སྒྲིབ་དག་བྱིན་རླབས་དངོས་གྲུབ་ཐོབ། །བླ་མ་མཆོག་དང་རང་སེམས་དབྱེར་མེད་པའི། །གཤིས་ལུགས་བརྗོད་མེད་གསལ་གདངས་མ་འགགས་པ། །མོས་གུས་ལམ་ཁྱེར་ཕྱག་རྒྱ་ཆེན་པོའི་ངང་། །བསྒོམ་བྱ་སྒོམ་བྱེད་བྲལ་བའི་དབྱིངས་སུ་བཞག །ཅེས་བརྗོད་ཅིང་བསམས་ལ་མཉམ་པར་གཞག །ཐུན་དེ་ལས་ལྡང་བ་ན། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་བསྔོ་སྨོན་ཇི་ལྟར་རིག་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ ། ཞེས་པའང་རྗེ་བཙུན་བླ་མའི་བཀའ་དྲིན་གྱིས་བསྐྱངས་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་ཇི་ལྟ་བར་ཤིན་ཏུ་བསྡུས་པའི་ཚུལ་གྱིས་སྦྱར་བའི་དགེ་བས་འགྲོ་ཀུན་བླ་མ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག ༈ །རིགས་བདག་རྣམ་པར་སྣང་མཛད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཐར་འདོད་སྙིང་གི་བདུད་རྩི་ཞེས་བྱ་བ།


JKT022_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀུན་ཁྱབ་བདག་རྣམ་པར་སྣང་མཛད་དང་། །དབྱེར་མེད་བླ་མའི་ཞབས་ལ་གུས་བཏུད་ནས། །གང་དེའི་ཟབ་མོའི་རྣལ་འབྱོར་ཉམས་ལེན་ཚུལ། །རྒྱུད་དང་མན་ངག་གཞུང་བཞིན་བཤད་ཀྱིས་ཉོན། །དེ་ལ་ལྔ། སྦྱོར་བ་ཚོགས་ཞིང་གསལ་བཏབ་པ། དངོས་གཞི་བྱིན་རླབས་འཇུག་པའི་ཆེད་དུ་གསོལ་བ་གདབ་པ། ཚོགས་བསགས་པའི་ཆེད་དུ་མཆོད་པ་འབུལ་བ། མཇུག་དབང་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པ། འཕྲོས་དོན་གཞན་བཤད་པའོ། །དང་པོ་ནི། འཁོར་བའི་ཉེས་དམིགས་དང་། དལ་འབྱོར་རྙེད་དཀའ་འཇིག་སླ། ལས་འབྲས་སྨིན་ཚུལ་ལ་བརྟེན་ནས་ངེས་འབྱུང་གི་ཤུགས་དྲག་ཏུ་བསྐྱེད། བྱམས་པ་དང་། སྙིང་རྗེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྒོ་དུ་མ་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་བསྒོམ་པར་བགྱིའོ་སྙམ་པའི་བློས། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །སྐྱབས་གནས་ཀུན་འདུས་བླ་མར་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །ཟབ་མོའི་རྣལ་འབྱོར་ཉམས་སུ་བླང་བར་བགྱི། །ལན་གྲངས་ཇི་ལྟར་རིགས་པའི་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་འགྲོ་བས། ཨོཾ་སྭ་བྷ་བ་ཤུདྡྷསརྦ་དྷརྨཱསྭ་བྷཱ་བ་ཤུདྡྷོཉཧཾ། ཆོས་ཀུན་


JKT022_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གཟོད་ནས་སྤྲོས་བྲལ་ཡང་། །རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་རྣམ་རོལ་ལས། །སྣོད་བཅུད་དག་པའི་ཞིང་ཁམས་ཆེན་པོའི་དབུས། །རང་གི་སྤྱི་བོར་གླང་པོས་བཏེགས་པ་ཡི། །རིན་ཆེན་མཛེས་ཁྲི་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་རྣམ་པར་སྣང་མཛད་ནི། །སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་འཁོར་ལོ་ཐུགས་ཀར་གཏོད་དེ་འཛིན། །གཡོན་པས་རིགས་ཀྱི་དྲིལ་བུ་འཁོར་ལོས་ཡུ་བ་བྱས་པ། དཀུ་ལ་བརྟེན། དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །ཞབས་ཟུང་གཡས་བརྐྱང་རོལ་པས་བཞུགས་པ་ཡི། །ཕུང་པོ་རིགས་ལྔ་ཁམས་ལྔ་ཡུམ་མཆོག་ལྔ། །རྣམ་ཤེས་ཡུལ་དང་ཚིགས་མཚམས་ཐམས་ཅད་ཀུན། །སེམས་དཔའ་སེམས་མ་ཁྲོ་བོའི་ངོ་བོ་ཉིད། །སྤྱི་བོ་ཛ་ལནྡྷ་ར་ལ་སོགས་པ། །ཉེར་བཞིའི་ཡུལ་གྱི་དཔའ་བོ་རྣལ་འབྱོར་མར། །ཡོངས་ཤར་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །དེ་ལས་འོད་འཕྲོས་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས་རྣམས་ཀུན། མ་ལུས་སྤྱན་དྲངས་གཉིས་སུ་མེད་པར་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །གཉིས་པ་ནི། སངས་རྒྱས་ངོ་བོ་དམ་ཆོས་འབྱུང་བའི་གནས། །འཕགས་པའི་དགེ་འདུན་ཀུན་གྱི་མངའ་བདག་མཆོག །བླ་མ་ཀུན་དངོས་ཡི་དམ་ཞི་ཁྲོའི་བདག །མཁའ་འགྲོ་ཆོས་སྲུང་ནོར་ལྷའི་དེད་དཔོན་ཆེ། །


JKT022_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་ཀུན་འདུས་ཞལ་རྩ་བའི་བླ་མ་ལ། །སྙིང་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་འབྱོངས། །སྨིན་བྱེད་མཆོག་ཐོབ་དམ་ཚིག་རྣམ་པར་དག །བསྐྱེད་རིམ་ཐབས་ཀྱིས་ཐ་མལ་སྣང་ཞེན་སྦྱངས། །རྫོགས་རིམ་ཟབ་མོས་རླུང་སེམས་དབུ་མར་ཐིམ། །ཟུང་འཇུག་བདེ་བ་མཆོག་གི་ཡེ་ཤེས་སྐུ། །ཚེ་འདིར་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །གསུམ་པ་ནི། གང་ལ་དམིགས་ནས་ཆགས་སྡང་རྨོངས་པ་ཡི། །འབྱུང་གནས་གཉེན་དང་དགྲ་བགེགས་བར་མའི་འགྲོ། །རྗེ་བཙུན་བླ་མ་མཆོག་ལ་དབུལ་བར་བགྱི། །ཆགས་སྡང་རྨོངས་གསུམ་ཞི་བར་བྱིན་གྱིས་རློབས། །ཉེར་སྤྱོད་འདོད་ཡོན་མཐའ་ཡས་སྤྲིན་གྱིས་མཆོད། །བསོད་ནམས་ཚོགས་ཆེན་རྫོགས་པར༔ བདེ་ཆེན་ཟིལ་དངར་བླ་ན་མེད་པས་མཆོད། །ཡེ་ཤེས་ཉེར་ལེན་སྨིན་པར་བྱིན༔ ཡིད་འཕྲོག་རིག་མའི་སྙོམས་སཾ འཇུག་བདེ་བས་མཆོད། །དཔེ་ཡིས་ལྷན་སྐྱེས་མཚོན་པར འཁོར་གསུམ་སྤྲོས་བྲལ་ཕྱག་རྒྱ་ཆེན་པོས་མཆོད། །དོན་གྱི་ལྷན་སྐྱེས་རྟོགས་པར སྒྱུ་ལུས་ཕུང་པོ་ཚོགས་ཀྱི་འཁོར་ལོས་མཆོད། །ཉེ་རྒྱུའི་བརྟུལ་ཞུགས་འགྲུབ་པར༔ སྣོད་བཅུད་མཎྜལ་ཀུན་བཟང་སྤྲིན་གྱིས་མཆོད། །སྐུ་དང་ཡེ་ཤེས་རྫོགས་པར་བྱིན་གྱིས་རློབས། །ཞེས་ཞེན་པ་སྤང་བ་སྔོན་དུ་འགྲོ་བས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀུ་སཱ་ལིའི་ཚོགས་


JKT022_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་མཎྜལ་དང་བཅས་པ་འབུལ། སྐབས་འདིར་ཕུར་ཚུགས་སུ་གསོལ་བ་གདབ་པའི་ཕྱིར་མཚན་སྔགས་བཟླ་བར་སྤྲོ་ན། ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་སརྦ་སིདྡྷི་ཧཱུྃ། ཞེས་དེ་ཉིད་སུམ་སྤེལ་ལམ། ཨོ་ཨཱཿགུ་རུ་བཛྲ་དྷ་ར་སརྦ་སིདྡྷི་ཧཱུྃ་སྭཱ་ཧཱ། ཞེས་དེ་ཉིད་ལྔ་སྤེལ་གང་རུང་བཟླ་བ་རྒྱུད་སྡེ་ཆེན་པོའི་དགོངས་པ་ཡིན། བཞི་པ་ནི། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེས། །བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། །ཞེས་པས་གསོལ་བཏབ་སྤྱི་བོའི་བླ་མ་ཡི། །གནས་གསུམ་ཨོ་དཀར་ཨཱཋདམར་ཧཱུྃ་མཐིང་ལས། །འབྲུ་གསུམ་འོད་ཟེར་བདུད་རྩིའི་རྒྱུན་དང་བཅས། །རིམ་དང་ཅིག་ཅར་ཉིད་དུ་བྱུང་ནས་ཀྱང་། །བདག་གི་གནས་གསུམ་རིམ་དང་ཅིག་ཅར་ཐིམ། །དབང་བཞི་ཐོབ་ཅིང་སྒྲིབ་བཞིའི་དྲི་མ་སྦྱངས། །ལམ་བཞི་བསྒོམ་དང་སྐུ་བཞི་ཐོབ་རུང་བའི། །ས་བོན་བག་ཆགས་བཅས་པ་རྒྱུད་ལ་བཞག ། མཐར་ནི་བླ་མའི་ཐུགས་དང་རང་གི་སེམས། །མི་ཕྱེད་ངོ་བོ་སྟོང་པ་ཆོས་ཀྱི་དབྱིངས། །རང་བཞིན་གསལ་ལ་མ་འགགས་ལོངས་སྤྱོད་རྫོགས། །དེ་གཉིས་དབྱེར་མེད་རང་རྩལ་སྤྲུལ་པའི་སྐུ། །བསྒོམ་བྱ་སྒོམ་བྱེད་ལས་འདས་གཉུག་མའི་ངང་། །དོན་དམ་འོད་གསལ་བླ་མའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་བསམ་ལ་མཉམ་པར་བཞག །ཐུན་དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་དཔལ་ལྡན་བླ་མ་མཆོག །


JKT022_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་རྣམ་བཞིས་རྟག་ཏུ་མཉེས་བྱས་མཐུས། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །ས་དང་ལམ་གྱི་ཡོན་ཏན་ཡོངས་རྫོགས་ཤོག །ཅེས་སོགས་བསྔོ་སྨོན་རྣམ་པར་དག་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཉིན་མོའི་དུས་ཐམས་ཅད་དུ་སྤྱི་བོར་འབྲལ་མེད་དུ་བསྒོམ་ཞིང་། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་སྤྱི་བོའི་བླ་མ་ལ་གསོལ་བ་བཏབ་ཅིང་ལམ་དུ་བསླང་ངོ་། . །ལྔ་པ་ནི། ནུབ་མོ་ཉལ་བའི་ཚེ་བླ་མའི་རྣལ་འབྱོར་གོང་བཞིན་གསལ་བཏབ་ལ་དགེ་བ་བསྔོ་བ་དང་བཅས་པའི་མཐར། དཔལ་ལྡན་བླ་མ་ཚངས་པའི་ལམ་ནས་བརྒྱུད། །སྙིང་དབུས་འོད་ལྔའི་གོང་བུར་དགྱེས་བཞུགས་ཏེ། །སྐུ་ཡི་སྣང་བས་ལུས་ཀྱི་ནང་ཀུན་གང་། །འོད་གསལ་ཡེ་ཤེས་མཆོག་གིས་བྱིན་བརླབས་གྱུར། །ཅེས་བརྗོད་ཅིང་བསམ་ལ་བླ་མའི་སྐུའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་བཟུང་སྟེ་དུས་གསུམ་གྱི་རྟོག་པ་དང་བྲལ་བའི་ངང་ངལ་བསོས་པས་གཉིད་ཀྱི་འོད་གསལ་ཟིན་པར་འགྱུར་རོ། །རྒྱལ་ཀུན་ཡུམ་གཅིག་རྡོ་རྗེ་རྣལ་འབྱོར་མའི། །རིགས་བདག་རྣམ་སྣང་བླ་མ་དབྱེར་མེད་དུ། །སྒྲུབ་ཚུལ་མན་ངག་ཟབ་མོ་འདི་བགྱིས་པའི། །དགེ་བས་འགྲོ་ཀུན་སྐུ་བཞི་མངོན་གྱུར་ཤོག །ཅེས་པའང་། མདོ་ཁམས་སྒ་ལུང་རུ་བཞིའི་ཡ་གྱལ། ཁྲི་འདུ་དགོན་གསར་དགོན་གྱི་སྒྲུབ་བརྩོན་བྱམས་པ་བསྟན་འཛིན་སོགས་དོན་གཉེར་ཅན་དག་གིས་ཚུལ་


JKT022_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུ་ཞིག་གྱིས་ཤིག་ཅེས་བསྐུལ་བའི་ངོར་རྒྱུད་དང་གྲུབ་པའི་མན་ངག་ཇི་ལྟ་བར་དྲན་པས་སྙིང་གི་གདུང་སེལ་ཕ་བླ་མ་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་བརྒྱ་ཕྲག་ཐལ་བའི་ཞབས་ཀྱི་ཆུ་སྐྱེས་ལ་སྤྱི་བོས་རེག་པས་མདོ་རྒྱུད་མན་ངག་རབ་འབྱམས་ཐོས་པའི་སྐལ་བ་ཅན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག ༈ །བླ་མའི་རྣལ་འབྱོར་བྱིན་རླབས་སྙིང་པོ་ཞེས་བྱ་བ། ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མ་ཡི། །ཞབས་ཀྱི་པདྨོ་གུས་པས་ཕྱག་འཚལ་ནས། །རྣལ་འབྱོར་ཟབ་མོ་བྱིན་རླབས་སྙིང་པོའི་བཅུད། །སྐལ་བཟང་ཡིད་ཀྱི་ཐིག་ལེར་འབེབས་པར་བྱ། འདི་ལ་བཞི། སྦྱོར་བ་བླ་མའི་རྣལ་འབྱོར་གསལ་གདབ་པ། དངོས་གཞི་ཚོགས་བསག་པའི་སླད་དུ་ཡན་ལག་བདུན་པ་བྱ་བ། བྱིན་རླབས་འཇུག་པའི་ཆེད་དུ་གསོལ་བ་གདབ་པ། མཇུག་དབང་བླང་ཞིང་སྙིང་པོའི་དོན་ལ་མཉམ་པར་གཞག་པའོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་བྱི་དོར་ལེགས་པར་བྱ། རྩ་བའི་བླ་མའི་སྣང་བརྙན་སོགས་དཀོན་མཆོག་གི་རྟེན་ཇི་ལྟར་རིགས་པའི་སྤྱན་སྔར། ཅི་འབྱོར་པའི་མཆོད་པ་བཟང་པོ་གཙང་ཞིང་བཀོད་པས་མཛེས་པར་བཤམ། སྟན་བདེ་བ་ལ་


JKT022_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ་དགེ་སེམས་ཁྱད་པར་ཅན་གྱི་ངང་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས་འདི་ལྟར་གསལ་གདབ་པར་བྱའོ། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཆོས་ཀུན་གཟོད་ནས་དག་པའི་སྟོང་ཉིད་ངང་། །རྟེན་ཅིང་འབྲེལ་འབྱུང་བདེ་བ་ཆེན་པོའི་ཚུལ། །ཟུང་འཇུག་དྭངས་བའི་མཁའ་ལ་འཇའ་ཚོན་ལྟར། །སྣོད་བཅུད་འོག་མིན་ཞིང་གི་བཀོད་པའི་དབུས། །རང་མདུན་ནམ་མཁར་ཀུན་བཟང་མཆོད་སྤྲིན་གྱིས། །མངོན་པར་སྤུངས་པའི་སེང་ཁྲི་པད་ཟླའི་སྟེང་། །དྲན་པས་སྲིད་དང་ཞི་བའི་གདུང་བ་ཀུན། །ཐུགས་རྗེ་བདུད་རྩིའི་ཆར་གྱིས་བསིལ་མཛད་པ། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ནི། །རྣམ་པ་ཡེ་ཤེས་སྐུ་ཅན་མཉྫཤྲཱི། །དམར་སེར་ཕྱག་གཡས་རལ་གྲི་ནམ་མཁར་འཕྱར། །གཡོན་པས་ཨུཏྤལ་ལྟེ་བ་གླེགས་བམ་བསྣམས། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་རྒྱན། །ཞི་འཛུམ་བརྒྱད་གཉིས་ལང་ཚོའི་མཚར་སྡུག་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་རོལ་པས་བཞུགས། །དེ་ཡི་སྤྱི་བོར་ཁྱབ་བདག་དང་པོའི་མགོན། །བྱམས་པའི་ཐུགས་རྗེས་དུར་སྨྲིག་འཛིན་པའི་ཚུལ། །ཕུན་ཚོགས་སྐུ་བཞིའི་བདག་ཉིད་བླ་མ་མཆོག །རྣམ་པ་ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་། །སྐུ་མདོག་ཨིནྡྲ་ནཱི་ལའི་ལྷུན་པོ་ལ། །ཉི་གཞོན་སྟོང་གིས་འཁྱུད་པའི་གཟི་བྱིན་འབར། །


JKT022_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་མཚན་དཔེར་མཛེས། །རང་འོད་ཡུམ་འཁྱུད་བདེ་བའི་ཉམས་འགྱུར་རྫོགས། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་རོལ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀུན། །རྣམ་དག་གདན་གསུམ་ཚང་བའི་ངོ་བོ་ཉིད། །སྐྱབས་ཀུན་འདུས་ཞལ་ཆེན་པོའི་གནས་གསུམ་དུ། །འབྲུ་གསུམ་ཡི་གེས་མཚན་པའི་འོད་ཟེར་གྱིས། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷའི་ཚོགས། །སྤྱན་དྲངས་རྡོ་རྗེ་གསུམ་དང་དབྱེར་མེད་གྱུར། །གཉིས་པ་ནི། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །ཞིང་རྡུལ་མཉམ་པའི་ལུས་སུ་སྤྲུལ་ནས་ཀྱང་། །མི་ཕྱེད་དད་པའི་གདུང་ཤུགས་དྲག་པོ་ཡིས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོར་འབུལ། །ཐོགས་མེད་ནས་བསགས་སྡིག་ལྟུང་ཇི་སྙེད་ཚོགས། །སྟོབས་བཞི་ཚང་བས་སྙིང་ནས་སོ་སོར་བཤགས། །རྗེ་བཙུན་བླ་མའི་ཕྲིན་ལས་རྨད་བྱུང་བར། །མཆོག་ཏུ་དད་པས་རྗེས་སུ་ཡི་རང་ངོ་། །རིགས་ཅན་གསུམ་གྱི་གདུལ་བྱ་མཐའ་དག་ལ། །གང་འདུལ་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ། །ངེས་པ་ལྔ་ལྡན་ལོངས་སྤྱོད་ཆེན་པོ་དང་། །དབྱེར་མེད་རྒྱུན་གྱིས་རྟག་པར་བཞུགས་


JKT022_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས། །དགེ་བ་འདི་དང་མཐའ་ཡས་དགེ་བ་ཀུན། །བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བར་བགྱི། །ཞེས་དང་། མཎྜལ་རྒྱས་བསྡུས་གང་རིགས་འབུལ། གསུམ་པ་ནི། མཁའ་ཁྱབ་སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །ཡེ་ཤེས་ཕུང་པོ་གཅིག་ཏུ་བསྡུས་པའི་གཟུགས། །དྲན་པ་ཙམ་གྱིས་དངོས་གྲུབ་མཆོག་སྩོལ་བ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བྱམས་པའི་ཐུགས་རྗེས་ཁྱབ་བདག་རྡོ་རྗེ་འཆང་། །ཐེག་མཆོག་དགེ་བའི་བཤེས་ཀྱི་ཚུལ་བཟུང་བས། །ཕུན་ཚོགས་སྐྱབས་གནས་རྒྱ་མཚོའི་ངོ་བོ་ཉིད། །རྣམ་འདྲེན་དང་པོའི་མགོན་པོར༴ འཇམ་དབྱངས་བླ་མ་རྣམས་ཀྱིས་བྱིན་བརླབས་པས། །མཁྱེན་དང་བརྩེ་བའི་ཡེ་ཤེས་རྨད་བྱུང་བརྙེས། །མདོ་སྔགས་སྨྲ་བའི་དབང་པོ་ཆོས་ཀྱི་རྗེ། །བཀའ་དྲིན་མཚུངས་མེད་ཞབས་ལ༔ གསོལ་བ་འདེབས་སོ་བྱམས་མགོན་རྡོ་རྗེ་འཆང་། །བྱིན་གྱིས་རློབས་ཤིག་འཇམ་དབྱངས་བླ་མ་རྗེ། །བདག་ཅག་འདི་ནས་བྱང་ཆུབ་སྙིང་པོའི་བར། །འབྲལ་བ་མེད་པར་རྟག་ཏུ་རྗེས་སུ་ཟུངས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཟུང་ལས་སྐྱབས་གཞན་མ་མཆིས་པས། །མི་མཉེས་བྱ་བ་སྐད་ཅིག་མི་བགྱིད་ཅིང་། །མཉེས་པས་ཚུལ་བཞིན་བསྟེན་པར་བྱིན་གྱིས་རློབས། །རྙེད་དཀའ་ཕན་འདོགས་ཆེ་བའི་དལ་འབྱོར་རྟེན། །ངེས་པར་འཆི་ཞིང་ནམ་འཆིའི་ཚད་


JKT022_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་མེད། །ཤི་ན་ལས་ཀྱི་རྗེས་སུ་འབྲང་བའི་ཕྱིར། །དགེ་སྡིག་བླང་དོར་ཤེས་པར༴ །ཁམས་གསུམ་འཁོར་བ་གང་དུ་སྐྱེས་གྱུར་ཀྱང་། །སྡུག་བསྔལ་གསུམ་གྱིས་འགྱུར་བའི་ཚུལ་རིག་ནས། །བདེན་བཞིའི་འཇུག་ལྡོག་ཚུལ་བཞིན་གོམས་པ་ཡིས། །བསླབ་གསུམ་རྣམ་པར་དག་པར །རང་ཡིད་ཁོ་ན་སྲིད་ལས་ངེས་འབྱུང་བློས། །རྣམ་མཁྱེན་གོ་འཕང་ནམ་ཡང་མི་ཐོབ་པས། །མར་གྱུར་འགྲོ་ལ་བྱམས་དང་སྙིང་རྗེའི་བློས། །བྱང་ཆུབ་སེམས་མཆོག་འབྱོངས་པར༔ ཆོས་ཀུན་སྟོང་དང་རྟེན་འབྲེལ་ཟུང་འཇུག་པའི། །གནས་ལུགས་ཟབ་མོའི་དེ་ཉིད་ཁོངས་ཆུད་ནས། །རྩེ་གཅིག་ཏིང་འཛིན་བརྟན་པས་གཟུང་འཛིན་གྱི། །བདེན་ཞེན་མཐའ་དག་ཞི་བར༴ གཞན་ཕྱིར་མྱུར་དུ་སངས་རྒྱས་ཐོབ་བྱའི་ཕྱིར། །ཟབ་མོ་རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །དབང་གིས་རྒྱུད་སྨིན་དམ་ཚིག་སྡོམ་པ་ལ། །ངེས་འབྱུང་དྲི་མ་མེད་པར༔ སྲིད་པ་སྐྱེ་ཤི་བར་དོའི་སྣང་ཞེན་ཀུན། །སྐུ་གསུམ་ལམ་བྱེད་བསྐྱོད་པའི་རིམ་པ་ཡིས། །ཡོངས་སུ་དག་པའི་སྐུ་དང་ཡེ་ཤེས་དང་། །ཡོན་ཏན་ཕྲིན་ལས་རྫོགས་པར༔ སྣང་བ་ལྷ་དང་སྲོག་རྩོལ་སྔགས་སུ་ཤར། །གཟུང་འཛིན་ཉེར་ཞི་ཀུན་རྫོབ་སྒྱུ་ལུས་དང་། །དོན་དམ་འོད་གསལ་ངང་དུ་མཉམ་གཞག་པས། །སློབ་པའི་ཟུང་འཇུག་འགྲུབ་པར མཐར་ཐུག་སྤྱོད་པ་ཟབ་མོས་མཚམས་སྦྱར་ནས། །


JKT022_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་དང་ཆོས་སྐུ་དབྱེར་མེད་པའི། །སློབ་པ་མིན་པའི་ཟུང་འཇུག་མངོན་གྱུར་ནས། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར༴ རྒྱལ་བ་དགྱེས་པའི་ལམ་ལ་བསླབ་པ་རྣམས། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པ་ཡིས། །རང་གཞན་ཕན་བདེར་འགོད་པར= བསྟན་འཛིན་སྐྱེས་བུ་མཆོག་རྣམས་ཞབས་པད་བརྟན། །བཤད་སྒྲུབ་བསྟན་པས་ས་ཆེན་ཡོངས་སུ་ཁྱབ། །འགྲོ་རྣམས་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །བདེ་སྐྱིད་ཆོས་འབྱོར་འཕེལ་བར༔ མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན། །རྗེ་བཙུན་བླ་མས་རྟག་ཏུ་བྱིན་བརླབས་པས། །བསམ་པའི་དོན་ཀུན་ཆོས་བཞིན་འགྲུབ་པ་དང་། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་སྩོལ། །ཅེས་མོས་གུས་ཤུགས་དྲག་པོས་རྩེ་གཅིག་ཏུ་གསོལ་བ་གདབ། མཚན་སྔགས་བཟླ་བར་སྤྲོ་ན། བླ་མ་རིན་པོ་ཆེ་ལ་མོས་གུས་རྩེ་གཅིག་པས་མཚན་ནས་བོས་ཏེ་བདག་ལ་དངོས་གྲུབ་རྣམ་པ་གཉིས་སྩལ་དུ་གསོལ་སྙམ་པའི་ཡིད་ཀྱིས། ཨོཾ་ཨཱཿཐགུ་རུ་བཛྲ་དྷཱ་ར་མེ་ཏྲི་ལངྒཱི་སརྦ་སིདྡྷི་ཧཱུྃ། ཞེས་དང་། ཨོཾ་ཨཱཿམཉྫགྷོ་ཥ་གུ་རུ་བིད་ཀྱི་པེནྡྲ་སརྦ་སིདྡྷི་ཧཱུྃ། ཞེས་ཅི་ནུས་སུ་བཟླ། བཞི་པ་ནི། དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །རྒྱལ་ཀུན་འདུས་ཞལ་རྗེ་བཙུན་བླ་མ་ཟུང་། །དམིགས་མེད་ཐུགས་རྗེའི་འཇུག་པས་ལྷག་པར་


JKT022_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས། །བདག་ལ་དགྱེས་ཤིང་བརྩེ་བས་བཞུགས་པ་ཡི། །གནས་གསུམ་རྡོ་རྗེ་གསུམ་གྱི་འབྲུ་གསུམ་ལས། །དཀར་དམར་མཐིང་གའི་འོད་ཟེར་བདུད་རྩིར་བཅས། །རིམ་དང་ཅིག་ཅར་བར་མ་ཆད་དུ་བྱུང་། །རང་གི་གནས་previous hit གསུམ་ཞུགས་ཤིང་ཐིམ་པ་ཡིས། །དབང་བཞིས་རྒྱུད next hit་སྨིན་སྒྲིབ་བཞི་ཡོངས་སུ་སྦྱངས། །བསྐྱེད་རྫོགས་ཟབ་མོའི་ལམ་བཞི་བསྒོམ་པ་དང་། །འབྲས་བུ་སྐུ་བཞི་འགྲུབ་པའི་སྐལ་ལྡན་བྱས། །མཐར་ནི་རྡོ་རྗེ་འཆང་དབང་བླ་མ་ཆེ། །འཇམ་མགོན་བླ་མ་ཉིད་དང་དབྱེར་མེད་གྱུར། །དེ་ཡང་འོད་ཞུ་རང་ལ་ཐིམ་པ་ཡིས། །སྒོ་གསུམ་བླ་མའི་སྐུ་གསུང་ཐུགས་སུ་འདྲེས། །བྱིན་རླབས་སྟོབས་ཀྱིས་རླུང་སེམས་དབུ་མར་ཐིམ། །དགའ་བཞིའི་བདེ་དང་སྟོང་པ་བཞིའི་འོད་གསལ། །དབྱེར་མེད་ལྷན་སྐྱེས་ཡེ་ཤེས་མངོན་གྱུར་ནས། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་སྐུར་ཤར། །ཅེས་བརྗོད་ཅིང་བསམ་ལ་སེམས་བཟུང་། ཐུན་མཚམས་ཀྱི་བྱ་བར་འཇུག་པ་ན། དགེ་བ་འདི་ཡིས་བདག་སོགས་འགྲོ་བ་ཀུན། །དཔལ་ལྡན་བླ་མས་འབྲལ་མེད་རྗེས་བཟུང་ཞིང་། །རྒྱལ་བ་དགྱེས་པའི་ལམ་བཟང་མཐར་ཕྱིན་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། ཐུན་མཚམས་ཐམས་ཅད་དུའང་བླ་མའི་མོས་གུས་དང་མ་བྲལ་བའི་སྒོ་


JKT022_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པས་དོན་ཡོད་པའི་དགེ་ཚོགས་རླབས་པོ་ཆེ་སྒྲུབ་པའི་ཐབས་ལ་མཁས་པར་བྱའོ། །དེ་ལྟར་ཐུན་མོང་གི་ལམ་གྱིས་རྒྱུད་འབྱོངས། །དབང་བཞི་ཐོབ་ཅིང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་ལམ་འདི་ལྟ་བུ་ལ་བརྩོན་པར་བྱས་པས་རིང་པོར་མི་ཐོགས་པར་བླ་ན་མེད་པའི་དངོས་གྲུབ་ལ་དབང་འབྱོར་བར་འགྱུར་རོ། །འདི་ལས་རྒྱས་པར་སྤྲོས་ཏེ་བླ་མ་མཆོད་པ་བྱེད་པར་སྤྲོ་ན། ཅི་འབྱོར་པའི་མཆོད་པ་དང་། ཚོགས་ཀྱི་ཡོ་བྱད་སོགས་བཤམ། རང་སྐད་ཅིག་གིས་ལྷག་པའི་ལྷར་གསལ་བའི་ངང་ནས་སྐྱབས་སེམས་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་ཚོགས་ཞིང་བརྗོད། ཡན་ལག་བདུན་པ་དང་མཎྜལ་རྒྱས་པར་འབུལ། གོང་དུ་སྨོས་པའི་གསོལ་འདེབས་དང་། གཞན་ཡང་གསོལ་འདེབས་རྒྱས་པ་ཅི་རིགས་པ་བྱ་ཞིང་མཚན་སྔགས་བཟླ། ཚོགས་མཆོད་ཡོད་ན་ཆོ་ག་རྒྱས་བསྡུས་གང་རིགས་ཀྱིས་ཕུལ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་སོགས་རིགས་ལྔའི་སྡོམ་བཟུང་ལན་གསུམ་གྱི་མཐར། སླར་ཡང་གསོལ་བ་གདབ་ཅིང་དབང་བཞི་བླངས་ནས་མཉམ་པར་གཞག ། དེ་ལས་ལྡང་བ་ན་བསྔོ་སྨོན་དང་ཤིས་བརྗོད་རྒྱས་པར་བྱས་པས་གྲུབ་བོ། །སྲིད་ཞིའི་དགེ་ལེགས་ཀུན་གྱི་སྒོ་གཅིག་པུ། །བླ་མའི་རྣལ་འབྱོར་བྱིན་རླབས་སྙིང་པོའི་ལམ། །འདི་ལ་བརྟེན་ནས་མཐའ་ཡས་ཡིད་


JKT022_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན། །རྣམ་གྲོལ་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་བླ་མ་རྡོ་རྗེ་འཆང་བྱམས་པའི་མཚན་ཅན་གྱི་ཐུགས་སྲས་དམ་པ་ལི་ཐང་རྩེ་རི་ཁྲོད་ཀྱི་དབུ་མཛད་ལུང་རིགས་སྨྲ་བ་དགེ་སློང་ཕྲིན་ལས་རྒྱ་མཚོ་དང་། མཐུ་སྟོབས་ཟུང་ནས་མཎྜལ་དང་བཅས་ཏེ་ནན་ཏན་དུ་བསྐུལ་བ་ལྟར། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག ༈ །བླ་མའི་རྣལ་འབྱོར་བྱིན་རླབས་སྙིང་པོའི་སྒོ་ནས་བླ་མ་མཆོད་པ་རྒྱས་པར་བྱེད་ན། བདེ་ཆེན་ངང་ལས་སོགས་ནས། གང་བར་གྱུར། བར་བླ་མཆོད་བདེ་སྟོང་དབྱེར་མེད་མ་སོར་བཞག་ལ། བར་འདིར་སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་བརྗོད། དེ་ནས། ཨོཾ་ཤུ་ནྱ་ཏཱ་སོགས་ནས། རྡོ་རྗེ་གསུམ་དང་དབྱེར་མེད་གྱུར། བར་དཀྱུས་ལྟར། ཕུན་ཚོགས་བདེ་ལེགས་སོགས་ནས། ཕྱོགས་ཀུན་ཁྱབ་པར། བླ་མཆོད་ལྟར། 2 འདི་ནས་མཎྜལ་རྒྱས་པར་འབུལ། བྱེ་བ་ཕྲག་བརྒྱ་ནས། བཟུང་དུ་གསོལ། བར་དང་། ཐོགས་མེད་དུས་ནས་སོགས་ནས། ཐོབ་ཕྱིར་བསྔོ། བར་བླ་མཆོད་ལྟར། ཡང་ན་ཡན་ལག་བདུན་པ་རྒྱས་པར་གཞན་བྱས་ཀྱང་རུང་། དེ་ནས། མཁའ་ཁྱབ་སྲས་བཅས་སོགས་དཀྱུས་ལྟར་གསོལ་འདེབས་དང་། སྤྲོ་ན། ཡོན་ཏན་མཚུངས་མེད་ནས་བྱང་ཆུབ་སེམས་དངོས་ཁྱོད་ལ་གསོལ་བ་འདེབས། བླ་མཆོད་ལྟར། །


JKT022_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་སྔགས་དཀྱུས་ལྟར། །ཚོགས་མཆོད་རྒྱས་བསྡུས་གང་རིགས་བྱིན་རླབས་ནས་ལྷག་མའི་བར་དང་། བསྔོ་སྨོན་གང་རིགས་བྱ། སངས་རྒྱས་བྱང་ཆུབ་སེམས་ཀུན་སོགས་རིགས་ལྔའི་སྡོམ་པ་བཟུང་། སླར་ཡང་། མཁའ་ཁྱབ་སྲས་བཅས། སོགས་གསོལ་འདེབས་དང་། ཁྱོད་ནི་བླ་མ་སོགས་བླ་མཆོད་ལྟར་ལན་གསུམ། དེ་ལྟར་རྩེ་གཅིག་སོགས་ནས། ཆོས་སྐུར་ཤར། ཞེས་པའི་བར་དཀྱུས་ལྟར། མཐར་མཉམ་པར་གཞག །དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་སོགས་དཀྱུས་ལྟར་ལ། སྤྲོ་ན་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་རྒྱས་པར་གདབ་ཅིང་། གང་ལྟར་ཡང་། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་འབྱུང་བའི་ཤིས་བརྗོད་རྒྱས་པར་བྱའོ།། ༈ །།འཇམ་མགོན་རྡོ་རྗེ་འཆང་ངག་དབང་ཐེག་ཆེན་བཀྲ་ཤིས་རིན་ཆེན་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འབེབས་ཞེས་བྱ་བ། ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། སྐྱབས་སེམས་སྔོན་དུ་འགྲོ་བས་ཚོགས་རྟེན་གསལ་གདབ་པ་ནི། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། སྣོད་བཅུད་གཟུང་འཛིན་མི་དམིགས་སྟོང་པའི་ངང་། །གནས་ཡུལ་འོག་མིན་སྟུག་པོ་བཀོད་པའི་ཞིང་། བྱང་ཆུབ་སེམས་དཔའ་ནོར་བུའི་གཞལ་མེད་ཁང་། །ཡངས་ཤིང་རྒྱ་ཆེ་བཀོད་པས་མཛེས་པའི་དབུས། །རང་མདུན་ནམ་མཁར་འཇའ་ཚོན་འོད་ལྔའི་ཀློང་། །སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །


JKT022_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་རྗེ། །ངག་དབང་ཐེག་ཆེན་བཀྲ་ཤིས་རིན་ཆེན་ཞབས། །རྣམ་པ་རྒྱལ་ཀུན་ཡབ་གཅིག་འཇམ་པའི་དབྱངས། །སྐུ་མདོག་དམར་སེར་གཟི་བརྗིད་དཔལ་དུ་འབར། །ཕྱག་གཡས་ཤེས་རབ་རལ་གྲི་མཁའ་ལ་འཕྱར། །གཡོན་པས་ཨུཏྤ་ལར་གནས་གླེགས་བམ་བསྣམས། །ཟུར་ཕུད་ལྔ་ལྡན་དར་དང་རིན་ཆེན་རྒྱན། །སྣང་སྟོང་ཟུང་འཇུག་དབང་པོའི་གཞུ་ལྟ་བུ། །མཚན་དཔེའི་ཆས་རྫོགས་ཞི་འཛུམ་སྒེག་པའི་ཉམས། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷ་ཡི་དངོས། །སྐྱབས་གནས་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་ཚོགས། །གང་འདུལ་མོས་ངོར་སྤྲོ་ཞིང་བསྡུ་བའི་བདག །འབྲེལ་ཚད་དད་ལྡན་མཆོག་གི་ངོ་བོར་བཞུགས། །ཞེས་གསལ་བཏབ་ལ་ཚོགས་བསགས་པའི་སླད་དུ་ཡན་ལག་བདུན་པ་འབུལ་བ་ནི། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བཞིན་རྟག་པར་བཞུགས་གསོལ་འདེབས། །དགེ་ཚོགས་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་ཀུན། །དཔལ་ལྡན་བླ་མའི་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་དང་མཎྜལ་རྒྱས་བསྡུས་གང་རིགས་འབུལ། བྱིན་རླབས་འཇུག་པའི་སླད་དུ་


JKT022_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་གདབ་པ་ནི། ངག་གི་དབང་ཕྱུག་ཐེག་ཆེན་བཤེས་གཉེན་མཆོག །སྲིད་ཞིའི་བཀྲ་ཤིས་ཀུན་གྱི་འབྱུང་གནས་ཆེ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་། །འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་རྗེ་བཙུན་ས་སྐྱ་པ། །བྱིན་གྱིས་རློབས་ཤིག་མངྒ་ལ་རཏྟཱ། །སྙིང་ནས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་སུ་ཟུངས། །ཞེས་དང་། སྔགས་བཟླ་བར་སྤྲོ་ན། ཨོཾ་ཨ་ར་པ་ཙ་ན་དྷཱི༔ མཚན་སྔགས། ཨོཾ་ཨཱཿ་གུ་རུ་མཉྫནཱ་ཐ་བཛྲ་དྷ་ར་མངྒ་ལ་རཏྣ་སརྦ་སིདྡྷི་མེ་པྲ་ཡཙྪ་ཧཱུྃ། ཞེས་པའང་བཟླ། དབང་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པ་ནི། བླ་མའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་རིམ་དང་ཅིག་ཅར་འཕྲོས་པ་ཡིས། །སྒྲིབ་པ་བཞི་སྦྱངས་ལམ་བཞིའི་སྣོད་དུ་གྱུར། །སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་བ་བཞག །སེ མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་འོད་གསལ་ཕྱག་རྒྱ་ཆེ། །འཁོར་འདས་དབྱེར་མེད་རྟོགས་པའི་དེ་ཁོ་ན། །བློ་འདས་མ་བཅོས་གཉུག་མའི་ངང་ལ་བཞག །ཅེས་བརྗོད་ཅིང་བསམ་ལ་བསྔོ་སྨོན་ཇི་ལྟར་རིགས་པ་བྱའོ། །ཞེས་པའང་བརྩེ་ཆེན་སྙིང་པོའི་བསྟན་པའི་གསལ་བྱེད་དམ་པ་རྣམ་འདྲེན་རྡོ་རྗེ་འཛིན་དབང་ཕུར་པ་ཆོས་རྗེ་རཏྣ་བྷ་དྲས་བཀྲ་ཤིས་པའི་ལྷ་རེག་དང་། རིན་ཆེན་དང་


JKT022_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཎྜལ་བཅས་ཆེད་དུ་བསྐུལ་ངོར། འཇམ་མགོན་བླ་མ་ས་སྐྱ་པ་ཆེན་པོ་དེ་ཉིད་ཀྱི་ཞབས་རྡུལ་ལ་སྤྱི་བོས་རེག་ཅིང་བྱམས་པ་ཆེན་པོས་རྗེས་སུ་བཟུང་བའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དད་པས་བྲིས་པ་དཔལ་ལྡན་བླ་མའི་བྱིན་རླབས་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག ༈ །ཟབ་ལམ་བླ་མའི་རྣལ་འབྱོར་མཁའ་སྤྱོད་གྲུབ་སྟེར་ཞེས་བྱ་བ། ན་མོ་གུ་ར་བེ། ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས་སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་བ་སོགས། གདོད་ནས་སྟོང་དང་རྟེན་འབྱུང་དབྱེར་མེད་པའི། །རྣམ་རོལ་གནས་ཡུལ་དག་པ་མཁའ་སྤྱོད་ཞིང་། །ཡིད་འཕྲོག་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །མདུན་གྱི་ནམ་མཁར་པད་ཉི་འཇིགས་དུས་སྟེང་། །ངོ་བོ་སྲས་བཅས་རྒྱལ་བའི་ཡེ་ཤེས་དངོས། །རིགས་བརྒྱའི་ཁྱབ་བདག་རྩ་བའི་བླ་མ་མཆོག །སྐལ་བཟང་བསྟན་པའི་ཉི་མ་དཔལ་བཟང་པོ། །རྣམ་པ་རྒྱལ་ཀུན་སྐྱེད་ཡུམ་རྣལ་འབྱོར་མ། །དམར་གསལ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཛེས། །ཕྱག་གཉིས་གྲི་ཐོད་ཕྲག་གཡོན་ཁ་ཊཾ་འཆང་། །དབུ་སྐྲ་གནག་སྣུམ་རུས་པའི་ཕྱག་རྒྱས་སྤྲས། །ཡེ་ཤེས་མེ་དཔུང་བརྐྱང་བསྐུམ་དོར་སྟབས་བཞེངས། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་ལྷ། །སྒྱུ་འཕྲུལ་དྲ་བ་ཆེན་པོའི་


JKT022_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་དུ། །རྡོ་རྗེའི་ཡི་གེས་མཚན་པའི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔དམ་ཡེ་དབྱེར་མེད་གྱུར། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །ཞིང་རྡུལ་མཉམ་པའི་ལུས་སུ་རབ་སྤྲུལ་ནས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བ་མཆོག་གི་མཆོད་སྤྲིན་དང་། །ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །བསོད་ནམས་དངོས་ཀུན་བྱང་ཆུབ་ཆེན་པོར་བསྔོ། །འགྲོ་རྣམས་མཁའ་སྤྱོད་དངོས་གྲུབ་མཆོག་ཐོབ་ཤོག །ཅེས་ཡན་ལག་བདུན་པ་དང་། མཎྜལ་རྒྱས་བསྡུས་གང་རིགས་འབུལ། ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི། སྐལ་བཟང་གདུལ་བྱ་རྒྱ་མཚོའི་མགོན་གཅིག་པུ། །བསྟན་པའི་ཉི་མ་འཇིགས་མེད་སྨྲ་བའི་དབང་། །མཁྱེན་རབ་ཟབ་མོས་ངེས་དོན་བསྟན་པ་འཛིན། །སྐྱབས་མཆོག་རྗེ་བཙུན་དབང་མོར་གསོལ་བ་འདེབས། །འཇམ་པའི་དབྱངས་སོགས་སྲས་བཅས་རྒྱལ་ཀུན་གྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་བསྡུས་པ། །མཁས་གྲུབ་དབང་པོ་རིགས་ཀུན་ཁྱབ་བདག་ཆེ། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་རིགས་བདག་རྣལ་འབྱོར་མ། །བྱིན་གྱིས་རློབས་ཤིག་རྗེ་བཙུན་མཁྱེན་


JKT022_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེའི་དབང་། །ཐུགས་རྗེས་ཟུངས་ཤིག་ཡེ་ཤེས་སྣང་བ་ཡིས། །མཁའ་སྤྱོད་ཆེན་པོའི་གྲོང་དུ་དབུགས་དབྱུང་གསོལ། །ཞེས་ཅི་ནུས་དང་། སྤྲོ་ན་ཁོ་བོས་བྱས་པའི་ཐུགས་དམ་གནད་བསྐུལ་གསོལ་འདེབས་བྱ། སྔགས་བཟླ་བར་སྤྲོ་ན། ཨོ་གསུམ་མ་ཅི་ནུས་དང་། ཨོ་ཨཱགུ་རུ་བཛྲ་ཡོ་གི་ནཱི་སུ་ཀ་ལྔ་ཤཱ་ས་ན་སཱུ་རྱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ། ཞེས་པའང་ཅི་རིགས་པར་བཟླའོ། །རྗེ་བཙུན་བླ་མའི་གནས་གསུམ་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་རིམ་དང་ཅིག་ཅར་བྱུང་། །རང་ལ་ཐིམ་པས་དབང་བཞིའི་ཡེ་ཤེས་སྨིན། །སྒྲིབ་དག་སྐུ་བཞི་ཐོབ་པའི་ནུས་ལྡན་གྱུར། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་བྱིན་རླབས་རྒྱུད་ལ་ཞུགས། །སྟོང་གསལ་འཛིན་མེད་བློ་འདས་འོད་གསལ་ངང་། །གནས་ལུགས་མ་བཅོས་གཉུག་མའི་རང་ཞལ་བལྟ། །ཞེས་དབང་བླང་ཞིང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག ། ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །བླ་མ་རྡོ་རྗེ་བཙུན་མོས་རྗེས་བཟུང་སྟེ། །གནས་སྐབས་མཐར་ཐུག་རྒུད་པ་ཀུན་ཞི་ཞིང་། །གྲུབ་གཉིས་དགའ་སྟོན་རྒྱས་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་བཀྲ་ཤིས་གང་ཤེས་བྱའོ། །ཞེས་པའང་དད་ལྡན་དགེ་བའི་བཤེས་གཉེན་གུ་ཎ་ལཀྵིའི་བཞེད་ངོར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རབ་ཚེས་ས་


JKT022_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་སྟག་ལོའི་ཆུ་སྟོད་ཟླ་བའི་དཀར་ཕྱོགས་མཁའ་འགྲོ་མ་འདུ་བའི་ཚེས་བཅུའི་དུས་བཟང་པོར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ༈ །བླ་མ་འཇམ་པའི་དབྱངས་ཁྲི་སྲོང་ལྡེའུ་བཙན་དང་དབྱེར་མེད་དུ་གསོལ་གླུ བ་འདེབས་པའི་རྣལ་འབྱོར་གྲུབ་གཉིས་ཤིང་རྟ་ཞེས་བྱ་བ། ན་མོ་གུ་རུ་བྷྱ༔ ཕྱོགས་བཅུ་དུས་གསུམ་སྐྱབས་གནས་ཐམས་ཅད་ལ། །བྱང་ཆུབ་བར་དུ་གུས་པས་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །རྣལ་འབྱོར་ཟབ་མོའི་ལམ་ལ་འཇུག་པར་བགྱི། །ལན་གསུམ། རང་མདུན་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས། །རིན་ཆེན་མཛེས་ཁྲི་ཆུ་སྐྱེས་ཉི་ཟླའི་སྟེང་། །རྩ་བའི་བླ་མ་མགོན་པོ་འཇམ་པའི་དབྱངས། །རྣམ་པ་གངས་ཅན་ལྷ་གཅིག་ཁྲི་སྲོང་རྗེ། །དཀར་གསལ་ཞི་འཛུམ་སྤྱན་ཟུང་ཟླུམ་ལ་འཁྱིལ། །ཞལ་གཅིག་ཕྱག་གཉིས་རོལ་པའི་སྟབས་ཀྱིས་བཞུགས། །ཕྱག་གཡས་མཆོག་སྦྱིན་བརྐྱངས་པའི་མཐེབ་སྲིན་གྱིས། །ཨུཏྤལ་གླེགས་བམ་རལ་གྲིས་མཚན་པ་དང་། །གཡོན་པས་མཉམ་གཞག་འཁོར་ལོ་རིན་པོ་ཆེ། །གསེར་སྦྱངས་ལས་གྲུབ་འོད་ཟེར་འཕྲོ་བ་བསྣམས། །ནང་དུ་རྡོ་རྗེའི་འདུང་མ་ཟླ་མདོག་དང་། །གསང་གོས་སྔོན་པོ་ཟ་བེར་སྨུག་པོས་བཀླུབས། །ནོར་བུའི་རྒྱན་ཕྲེང་ལྷ་རྫས་ལ་ཐོད་སོགས། །རྒྱལ་པོའི་ཆ་ལུགས་གཟི་བྱིན་མཚུངས་པ་མེད། །དགོངས་པ་མི་གཡོ་གཞན་


JKT022_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཟིལ་གྱིས་གནོན། །ཐུགས་ཀར་པད་ཟླ་འོད་ཀྱི་གུར་ཁྱིམ་དབུས། །ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུ་ནི། །གསེར་མདོག་རལ་གྲི་གླེགས་བམ་ཕྱག་ན་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །བདག་གཞན་ལུས་དང་ལོངས་སྤྱོད་དགེ་བའི་ཚོགས། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་བརྒྱད། །རྒྱལ་སྲིད་བདུན་དང་ལྷ་མིའི་འབྱོར་པའི་ཕུལ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོས་མཆོད། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཇམ་པའི་དབྱངས། །གངས་ཅན་བཀའ་དྲིན་མཉམ་མེད་ཁྲི་སྲོང་རྗེ། །དེང་འདིར་སུམ་ལྡན་རྡོ་རྗེ་འཛིན་པའི་ཚུལ། །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །བླ་མ་ཀུན་འདུས་འཇམ་དབྱངས་བླ་མ་མཁྱེན། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཡི་དམ་ཀུན་འདུས་འཇམ་དབྱངས་བླ་མ་མཁྱེན། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ཆེན་ཕོབ། །མཁའ་འགྲོ་ཀུན་འདུས་འཇམ་དབྱངས་བླ་མ་མཁྱེན། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །ཆོས་སྐྱོང་ཀུན་* འདུས་འཇམ་དབྱངས་བླ་མ་མཁྱེན། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་མི་མཐུན་ཟློག །ནོར་ལྷ་ཀུན་འདུས་འཇམ་དབྱངས་བླ་མ་མཁྱེན། །མཐུན་རྐྱེན་དཔལ་འབྱོར་འདོད་དགུའི་སྤྲིན་ཕུང་དཀྲིགས། །


JKT022_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་ཀུན་འདུས་འཇམ་དབྱངས་བླ་མ་མཁྱེན། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་སུ་ཟུངས། །གསོལ་འདེབས་ཀྱི་བཟླས་པ་བྱ་བར་སྤྲོ་ན། བླ་མ་འཇམ་དབྱངས་དབྱེར་མེད་ལ་ཕུར་ཚུགས་སུ་གསོལ་བ་བཏབ་ཅིང་། ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཞེས་བརྒྱ་རྩ་སོགས་ཅི་ནུས་བཟླས་མཐར། འཇམ་དབྱངས་བླ་མའི་སྐུ་ལས་བདུད་རྩིའི་རྒྱུན། །འོད་ཟེར་དང་བཅས་ཚངས་པའི་སྒོ་ནས་ཞུགས། །རང་ལུས་ཀུན་ཁྱབ་དབང་བཞིའི་ཡེ་ཤེས་ཐོབ། །སྒྲིབ་དག་སྣོད་རུང་སྐུ་བཞིའི་ངོ་བོར་སྨིན། །མཐར་ནི་བླ་མ་རང་ཐིམ་གཉིས་མེད་ངང་། །སེམས་ཉིད་ངོ་བོ་སྟོང་ལ་རང་བཞིན་གསལ། །དབྱེར་མེད་ཟུང་འཇུག་བློ་འདས་གཉུག་མའི་གཤིས། །དོན་དམ་འོད་གསལ་བླ་མའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་བསམས་ལ་མཉམ་པར་བཞག །དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་རྒྱལ་ཀུན་ཡེ་ཤེས་སྐུ། །བླ་མ་འཇམ་དཔལ་དཔའ་བོ་འགྲུབ་གྱུར་ནས། །མཁའ་ཁྱབ་འགྲོ་ཀུན་བརྟན་པའི་འཁོར་ལོ་དང་། །དབྱེར་མེད་བྱང་ཆུབ་ཐོབ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་སྤྱོད་ལམ་ལ་འཇུག་གོ །ཞེས་པའང་སྒྲུབ་བརྩོན་མཉྫ་ཤྲཱི་དྷཱ་ཛ་ཅན་ཟུང་ནས་འདི་ལྟ་བུ་ཞིག་གྱིས་ཞེས་མེ་ཏོག་དང་བཅས་ཏེ་གསོལ་བ་བཏབ་པའི་ངོར། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གང་ཤར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག ༈ །འཇམ་


JKT022_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་སྙིང་པོར་དྲིལ་བ་བཞུགས་སོ། །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདག །དཔལ་ལྡན་བླ་མར་གུས་བཏུད་ནས། །རང་ཚུལ་སྒྲོ་སྐུར་མ་མཆིས་པར། །དམ་པའི་གསུང་ངོར་མདོར་བསྡུས་བརྗོད། །ཁོ་བོ་བོད་ཆེན་སྡེ་དགེའི་ཤར། །གཏེར་ལྷུང་ཞེས་པའི་ས་ཡི་ཆར། །ཁྱུང་ཆེན་བྲག་གི་འདབས་རོལ་ཏུ། །གཉོས་ཀྱི་རིགས་སུ་གྲགས་པ་ལས། །རབ་ཡིད་ལྕགས་། ཕོ་འབྲུག་གི་ལོའི། །དབྱར་ཐ་ཆུ་སྟོད་ཟླ་བ་ཡི། །ཆོས་འཁོར་བསྐོར་བའི་དུས་ཚེས་དང་། །ཉེ་བ་དཀར་ཕྱོགས་རྫོགས་པའི་ཉིན། ངོ་མཚར་ལྟས་བཅས་བཙས་སོ་སྐད། །དྲན་ཙམ་དུས་སུ་ཡེ་ཤེས་ཀྱི། །མགོན་པོ་ཕྱག་དྲུག་ཨེ་ཀ་ཛས། །ཡང་ཡང་བརྩེ་ཞིང་སྐྱོང་བ་དང་། །ཚེ་སྔོན་བག་ཆགས་འལ་འོལ་དྲན། །ཆུང་ནས་རབ་བྱུང་ཕྱོགས་སུ་བསྙེན། །ཉེར་གཅིག་ལོ་ཡི་གུང་སོན་ཚེ། །སྨིན་གྲོལ་ཆོས་ཀྱི་གླིང་ཆེན་པོར། །བརྟན་མཁས་རྫོགས་པའི་དགེ་བའི་བཤེས། །རིག་འཛིན་བཟང་པོར་བསྙེན་པར་རྫོགས། །ཁྲི་ཆེན་སངས་རྒྱས་ཀུན་དགའ་ལས། །དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་། །དཔལ་ཆེན་ཡང་དག་སོ་ལུགས་དང་། །རིག་འཛིན་ཐུགས་ཏིག་དབང་བསྐུར་ནོས། །སྡོམ་པ་གསུམ་དང་ལྡན་པར་བྱས། །སྔ་ཕྱིར་ཁམས་དབུས་གཙང་གསུམ་དུ། །མི་ལོ་བཅུ་གསུམ་ཐོས་པ་བཙལ། །རྡོ་རྗེ་འཛིན་དང་དགེ་བའི་


JKT022_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས། །རིག་བྱེད་གཞུང་ལ་མཁས་པ་སོགས། །གཙུག་ནོར་བརྒྱ་དང་ལྔ་བཅུ་བསྟེན། །བཟོ་གསོ་སྒྲ་ཚད་ཡན་ལག་བཅས། །འདུལ་མཛོད་དབུ་ཕར་བཤད་སྲོལ་ཐོས། །གསར་རྙིང་རྡོ་རྗེ་ཐེག་པ་ཡི། ། དབང་དང་བྱིན་རླབས་རྗེས་གནང་སོགས། །བཀའ་གཏེར་བཀའ་གདམས་ས་སྐྱ་པ། །འབྲི་སྟག་མཚུར་དང་གདན་འབྲུག་གི། །སྔོན་གྱི་ལུགས་སྲོལ་མ་ཉམས་པར། །བཞུགས་པའི་སྨིན་གྲོལ་གདམས་ངག་དང་། །བདེ་དགྱེས་གསང་previous hit གསུམ་དུས་འཁོར་ལོ། །སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས། །རྒྱབ་བརྟེན་རྒྱུད next hit་ཀྱི་བཤད་པ་དང་། །བཀའ་བསྟན་དམ་པའི་གསུང་རབ་ལུང་། །གླེགས་བམ་བདུན་བརྒྱ་ལྷག་ཙམ་ཉན། །མདོར་ན་བཤད་རྒྱུད་ཤིང་རྟ་བཅུའི། །རིང་ལུགས་རྒྱུན་བཞུགས་ཕལ་ཆེར་ཐོས། །ཅུང་ཟད་སྦྱངས་ཤིང་ཕྱོགས་ཙམ་ཤེས། །རང་གཞན་གྲུབ་མཐའི་ཁས་ལེན་དང་། །ཆོས་རྒྱུས་ཤིན་ཏུ་ཆེ་བ་བྱུང་། །ཐོས་པས་དེ་རྣམས་ཕལ་ཆེར་ཞིག །ཡང་ནས་ཡང་དུ་འཆད་པ་དང་། །ལན་རེ་མ་འཆད་མེད་པ་ལྟར། །དམ་པའི་སྐྱེས་བུ་མཆོག་རྣམས་དང་། །ཕལ་པ་མུ་ཏོ་ཡན་ཆད་ལ། །ཉིན་མཚན་ཆོས་སྦྱིན་ཅི་ནུས་སྤེལ། །བསྟན་པའི་རྒྱུན་ཙམ་འབྱུང་རེ་བའི། །ལྷག་བསམ་སྨོན་པ་སྙིང་ནས་བགྱིས། །གསེར་ཟངས་འབའ་ཞིག་ལས་གྲུབ་པའི། །སྐུ་རྟེན་སྟོང་ཕྲག་གཉིས་ཙམ་དང་། །ཁྱད་པར་གསུང་རྟེན་གླེགས་བམ་ནི། །པུ་སྟི་


JKT022_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཅུ་ཉེ་བའི་སྤར། །ཁྲིས་དང་སྤར་ལ་བསྡོམས་པ་ཡི། །གླེགས་བམ་སྟོང་ཕྲག་གཉིས་ཙམ་བཞེངས། །དེ་རྣམས་བཞུགས་པའི་ལྷ་ཁང་ཁག །བཅུ་གསུམ་ཙམ་ཞིག་བཀོད་མཛེས་བསྐྲུན། །ཐུགས་རྟེན་མཆོད་སྡོང་ཆེན་མོས་གཙོས། །གསེར་ཟངས་ལས་གྲུབ་བརྒྱ་ཕྲག་ལྷག །བཞེངས་ཤིང་ཅི་ནུས་མཆོད་འབུལ་བགྱིས། །གནས་གཞི་གསར་དུ་བཞེངས་པ་ནི། །དུས་ཀྱིས་མཐར་འཁྱོལ་དཀའ་བས་ན། །བསྐྲུན་པའི་རྩོལ་བ་མ་མཆིས་ཀྱང་། །ཕྱོགས་འདིར་སྟོད་སྨད་འཁྲུགས་ལོང་གིས། །དགོན་གནས་ཕལ་ཆེར་ཉམས་པ་རྣམས། །རྒྱ་བོད་ཆོས་རྒྱལ་སྡེ་དགེ་བཅས། །དཔོན་བློན་རྣམས་ཀྱི་རྒྱུད་བསྐུལ་ནས། །ཉམས་གསོས་ཞལ་འདེབས་ཞལ་བསྐོས་དང་། །རང་ངོས་མཛུབ་མགོའི་མཆོད་པའི་དཔེས། །དངོས་ཇ་སུམ་སྟོང་ལྷག་པ་ཕུལ། །ཕལ་ཆེར་གསར་བཞེངས་ཉམས་གསོ་སོགས། །ཚགས་སུ་ཚུད་པའི་བྱ་བ་བསྒྲུབས། །ཕན་ཚུན་ཆོས་ཀྱི་སྡེ་རྣམས་སུ། །ལོ་རེ་བཞིན་དུ་ཡོན་སྦྱར་ནས། །གཟུངས་སྔགས་བསྔོ་བ་སྨོན་ལམ་རྟེན། །སྔ་རྗེས་དངོས་ཇ་བཞི་སྟོང་གི །རྩ་བ་ཉམས་པ་མེད་ཕུལ་ནས། །འབྲེལ་ཚད་དོན་ལྡན་སྨོན་པ་བགྱིས། །ས་ཀར་རྙིང་མ་དགེ་ལུགས་ཀྱི། །བསྟན་འཛིན་སྐྱེས་མཆོག་དམ་པ་སོགས། །དགེ་བའི་བཤེས་གཉེན་མཐའ་ཡས་དང་། །རྒྱ་བོད་དཔོན་ཆེན་གཙོར་གྱུར་པའི། །འདུས་པ་ཚད་


JKT022_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་མེད་པ་ལ། །ཆོས་ཀྱི་མཆོད་པ་འབུལ་བ་དང་། །རྐྱེན་སེལ་དབང་དང་བྱིན་རླབས་སོགས། །བློ་སྣ་སུན་སུན་རེ་བ་བསྐངས། །གོང་མའི་ཡུལ་རྣམས་ཐམས་ཅད་ལ། །ཅི་ནུས་མཆོད་པའི་སྤྲིན་ཡང་སྤྲོས། །བ་མཐའ་གང་ལ་ཡ་ང་། །གུས་ཤིང་དད་པ་མ་གཏོགས་པ། །ལོག་རྟོག་ཅུང་ཟད་མེད་པའི་མཐུས། །གཡུང་དྲུང་བོན་ལུགས་ཚུན་ཆོད་ཀྱི། །སློབ་འབྲེལ་རྒྱ་ཆེ་མུ་མེད་བྱུང་། །སྤོང་བ་བསམ་གཏན་དེ་ཁོ་ནར། །མཉམ་པར་འཇོག་པ་དཀའ་ན་ཡང་། །ཆུང་ནས་གདུལ་བྱ་གྲོང་ཆོག་སོགས། །རྨི་ལམ་དུ་ཡང་མ་དྲན་ཅིང་། །ཚེ་འདི་བློ་ཡིས་ཐོངས་པ་ཡིས། །བྱ་བཏང་ཁོ་ནའི་ཚུལ་དུ་འཁུམས། །མཆོག་དམན་སུ་ལའང་ངོ་སྲུང་དང་། །རེ་དོགས་སྤྲོས་པ་དམར་ཐག་བཅད། །སྔ་ཕྱིར་མི་ལོ་བཅུ་གསུམ་ཙམ། །ལྷག་པའི་ལྷ་ཡི་བསྙེན་སྒྲུབ་དང་། །ཟབ་ཁྲིད་བརྒྱ་རྩ་ཤར་སྒོམ་བགྱིས། །ཉམས་དང་རྟོགས་པས་དབེན་མོད་ཀྱང་། །ཁས་བླངས་ཆ་ཙམ་བསྒྲུབས་པ་ཡིས། །སྙིགས་དུས་སྐལ་བཟང་གྲལ་ཚུད་ཙམ། །བྱུང་བས་ཡིད་བདེ་འབའ་ཞིག་ཤར། །དེ་ལྟར་འཁོར་ལོ་རྣམ་གསུམ་གྱི། །ཕྱི་ཡི་རྣམ་ཐར་མདོར་བསྡུས་སོ།། །།ནང་གི་རྣམ་པར་ཐར་པ་ནི། །སྔ་༡འགྱུར་བཀའ་༢གདམས་ས་སྐྱ་༣པ། །མར་ཤངས་བཀའ་བརྒྱུད་༤ སྦྱོར་བ་དྲུག །ཞི་༦གཅོད་༧བསྙེན་སྒྲུབ་རདང་བཅས་པའི། །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ལ། །


JKT022_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་མོས་ཤིང་དད་པའི་བློས། །སྔོན་གྱི་ལུགས་སྲོལ་མ་ཉམས་པ། །དཀའ་བ་འབད་པ་བརྒྱ་ཕྲག་གིས། །མང་དུ་ཚོལ་ཞིང་ཐོས་པར་བྱས། །དེ་ལྟའི་ཐོས་བསམ་སྒོམ་པའི་སྐབས། །དངོས་ཉམས་རྨི་ལམ་ཅི་རིགས་པར། །བླ་མ་ལྷ་དང་མཁའ་འགྲོ་ཡིས། །ཉེ་བརྒྱུད་གདམས་པ་སྩལ་བ་དང་། །བྱིན་བརླབས་མཚན་མ་ཅི་ཡང་མཐོང་། །དངོས་གྲུབ་ཐོབ་པ་དཀའ་མོད་ཀྱི། །ཚིག་དོན་སྒོམ་ཚུལ་ཕལ་ཆེར་ཞིག །ཤེས་ཤིང་ཁོང་དུ་ཆུད་པ་བྱུང་། །འོན་ཀྱང་གཞན་བློར་ཤོངས་དཀའ་བས། །མདོ་ཙམ་ཡིན་གྱི་རྒྱས་པར་ནི། །བརྗོད་ཀྱིས་མི་ལོངས་དགོས་པ་བསྐྱུང་། །རེ་ཞིག་ནང་གི་རྣམ་ཐར་གྱི། །ས་བོན་ཙམ་དུ་སྨོས་པའོ།། །།གསང་བ་བཀའ་བབས་བདུན་འབྱུང་ཞེས། །ཨོ་རྒྱན་ཆེན་པོའི་ལུང་བྱང་ལས། །ཡང་ཡང་བསྔགས་པར་མཛད་པ་ལྟར། །རང་ལོ་བརྒྱད་པའི་དུས་ཀྱི་ཚེ། །འདུ་འཁྲུགས་དྲག་པོས་མནར་བ་ན། །པདྨ་ཐོད་ཕྲེང་ཡབ་ཡུམ་གྱིས། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ། །དབང་བསྐུར་བྱིན་བརླབས་གེགས་ལས་གྲོལ། །བཅོ་ལྔའི་དུས་སུ་ཉིང་འཁྲུལ་དང་། །མངོན་སུམ་གང་ཡིན་འབྱེད་དཀའ་བའི། ། ཉམས་ཀྱི་གསལ་སྣང་བརྟན་པ་ལ། །རྒྱ་གར་བཛྲ་ཨཱ་ས་ནའི། །ཀེའུ་ཚང་དགུ་རིམ་དྲུང་དུ་སླེབ། །རིམ་གྱིས་འཛེགས་ནས་བརྒྱད་པའི་ནང་། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི། །གཡས་གཡོན་གླེགས་


JKT022_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བམ་དང་བཅས་པ། །པཎྜི་ཏ་ཡི་ཚུལ་དུ་མཇལ། །གུས་པས་བཏུད་ཅིང་གསོལ་བཏབ་པས། །ཐོག་མར་གཡོན་གྱི་གླེགས་བམ་ཉིད། །ཤེར་ཕྱིན་སྡུད་པའི་རྒྱ་དཔེར་སྣང་། །དེ་ཉིད་སྤྱི་བོར་བཀོད་ནས་ཀྱང་། ། མཚན་ཉིད་ཆོས་ཀྱི་བཀའ་ལུང་གི །བྱིན་རླབས་རྫོགས་པ་ཡིན་ནོ་གསུངས། །གཡས་ཀྱི་གླེགས་བམ་རྫོགས་པ་ཆེ། །རྡོར་སེམས་སྙིང་གི་མེ་ལོང་གིས། །བྱིན་བརླབས་སྔགས་ཀྱི་ཚུལ་སྤྱི་དང་། །སྡེ་གསུམ་ཚོ རྫོགས་པ་ཆེན་པོ་ཡི། །ཚིག་དོན་བྱིན་རླབས་རྫོགས་པར་སྩལ། །ལུང་བསྟན་འགའ་ཞིག་མཛད་པའི་མཐར། །དགྱེས་པས་འོད་ཞུ་རང་ལ་ཐིམ། །རྟོག་མེད་ངང་དུ་དར་ཅིག་ལུས། །ཕྱིར་འོང་སྒོ་དྲུང་མེ་ཆེན་པོར། །འབར་བའི་ནང་དུ་དབང་མེད་ཞུགས། །རགས་པའི་ལུས་ཕུང་བསྲེགས་པའི་མོད། །བི་མ་མི་ཏྲ་ཡིན་སྙམ་པའི། །འོད་ཀྱི་ལུས་སུ་ལམ་མེར་སྣང་། །གཞན་ཡང་གྲུབ་ཐོབ་ཐང་སྟོང་སོགས། །མང་པོས་* རྗེས་སུ་བཟུང་བ་དང་། །དབང་དང་བྱིན་རླབས་ཐོབ་པ་སོགས། །གྲུབ་ཆེན་སྙིང་གི་ཐིག་ལེར་བསྡུས། །བཅུ་དྲུག་ས་ཟླའི་ཚེས་བཅུ་ཡི། །ཐོ་རངས་པདྨ་འོད་དུ་སླེབ། །དེ་ཡང་སྤྱིར་བཏང་བཀོད་པ་དང་། །མི་མཐུན་བྲག་རི་ལྷུན་ཆགས་ཕུག །སྤྲིན་དཀར་ཤིན་ཏུ་མཛེས་པའི་ཁྲོད། །མཚོ་སྐྱེས་མཁའ་འགྲོའི་ཚོགས་བཅས་མཇལ། །དགོངས་པས་བྱིན་བརླབས་བརྡ་དབང་བསྩལ། །བཀའ་བབས་བདུན་གྱི་དབུགས་


JKT022_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུང་ཐོབ། །དེ་མཐར་ལྟ་སྟངས་དང་བཅས་ཏེ། །གཟུང་བའི་ཡུལ་གྱིས་མ་གོས་ཤིང་། །འཛིན་པའི་རྟོག་པས་མ་བསླད་པར། །རིག་སྟོང་རྗེན་པར་བསྐྱང་བ་ནི། །སངས་རྒྱས་ཀུན་གྱི་དགོངས་པའོ། །ཞེས་གསུངས་རང་ལ་ཐིམ་པ་ཡིས། །ཐུགས་ཡིད་དབྱེར་མེད་འདྲེས་པའི་ངང་། །གནས་ལུགས་རང་སོ་ཟིན་ཙམ་བྱུང་། །དེ་ལ་སྤྲོ་བ་སྐྱེས་ནས་ཀྱང་། །དད་པས་རྩེ་གཅིག་གསོལ་བཏབ་མཐུས། །སྔ་འགྱུར་བཀའ་མའི་རྒྱུན་༡ཀུན་ཐོབ། །ས་༢གཏེར་དངོས་དང་༣ཡང་གཏེར་དང་། །དགོངས་༤གཏེར་དག་༥སྣང་སྙན་བརྒྱུད་༦སྡེ། །རྗེས་༧སུ་དྲན་པའི་གཏེར་བཅས་པའི། །བཀའ་བབས་བརྒྱུད་མར་ཐོབ་པ་རྣམས། །ལོ་ཆེན་བཻ་རོ་དངོས་བྱོན་པ། །རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་ཅན། །ཛམ་གླིང་ཆོས་ཀྱི་ཤིང་རྟ་ཆེ། །འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། །ཤིན་ཏུ་དོན་གཉེར་དགོངས་གཏད་པས། །ས ཕལ་ཆེར་གཏན་ལ་ཕབ་ནས་ཀྱང་། །དགྱེས་པའི་མཆོད་སྤྲིན་མཆོག་ཏུ་སྤྲོས། །རིན་ཆེན་གཏེར་གྱི་མཛོད་ཆེན་པོར། །རྒྱབ་བརྟེན་ལེགས་བཤད་རྨད་བྱུང་བཅས། །བཞུགས་སུ་གསོལ་ཞིང་སྤར་དུ་བསྐྲུན། ། བསྙེན་སྒྲུབ་འཆད་སྤེལ་མཛད་པ་ཡིས། །བགྱི་བ་དོན་དང་ལྡན་པར་གྱུར། །གཞན་ཡང་རིས་མེད་སྐྱེས་ཆེན་ལ། །ཅི་རིགས་ཕུལ་ཞིང་དགྱེས་པ་བསྐྱེད། །འདི་རྣམས་ཐོག་མར་ལུང་བསྟན་དང་། །ཁ་བྱང་ཇི་ལྟར་


JKT022_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དང་། །བར་དུ་གཏན་ལ་ཕབ་ཚུལ་དང་། །ཐ་མར་འབྲེལ་འཇོག་ཉམས་བླངས་སྐབས། །སློབ་དཔོན་ཡི་དམ་མཁའ་འགྲོ་ཡིས། །དབང་བསྐུར་བྱིན་གྱིས་བརླབས་པའི་ཚུལ། །ཤིན་ཏུ་ཞིབ་པར་ཡོད་ན་ཡང་། །འགའ་ཞིག་ཆོས་ཚན་སོ་སོའི་སྐབས། །ཟུར་ཙམ་གསལ་བས་མཁྱེན་བྱ་ཡི། །རྒྱས་པར་སྤྲོ་བར་མ་ནུས་མོད། །སླད་ནས་སྤྲོ་བའི་རྟེན་འབྲེལ་འཚལ། །དེ་ལྟར་ད་ལྟའི་རྣམ་པར་ཐར། །དོན་གྱི་སྙིང་པོ་ས་བོན་ཙམ། །མདོར་བསྡུས་ཉིད་དུ་གསོལ་བ་སྟེ། །སྔ་མ་དྲན་པའི་མཐུ་ཆུང་ཡང་། །གཏེར་ལུང་རྣམས་སུ་གསལ་བ་དང་། །དམ་པ་རྣམས་ཀྱིས་དམན་པ་ལ། །སྤྲོ་བ་བསྐྱེད་ཕྱིར་དབུགས་དབྱུང་བ། །དཔལ་ལྡན་ཀརྨ་པ་སོགས་ཀྱིས། །གསོལ་འདེབས་ཚིགས་སུ་བཅད་པར་གསལ། །རང་གི་བག་ཆགས་འལ་འོལ་ཙམ། །རྒྱ་གར་ཡུལ་དུ་གྲུབ་པའི་དབང་། །རྡོ་རྗེ་དྲིལ་བུ་པ་དང་ནི། །སྒོ་མཐའ་ཡས་པའི་བློ་གྲོས་མི དང་། །པཎ་ཆེན་ནགས་ཀྱི་རིན་ཆེན་སོགས། །པཎ་གྲུབ་འགའ་ཞིག་གསལ་བ་དང་། །བོད་ཡུལ་ཁྲི་སྲོང་མཆོག་གྲུབ་རྒྱལ། །ཆོས་དབང་མངའ་རིས་པཎྜིཏ། །ཐང་སྟོང་ལྷ་བཙུན་ཆེན་པོ་སོགས། །འལ་འོལ་དྲན་ཡང་ཡིད་བརྟན་ཅི། །མ་འོངས་བི་མའི་བླ་སྒྲུབ་སྐབས། །ཚེ་འདི་འཕོས་མ་ཐག་པ་ནས། །སྤྲུལ་གཞི་རི་བོ་རྩེ་ལྔ་རུ། །པཎ་ཆེན་བི་མའི་ཐུགས་ཀར་ཐིམ། །སྤྲུལ་པ་ལྔ་འབྱུང་སྨོན་ལམ་མཐུས། །


JKT022_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རིས་མེད་བསྟན་པར་ཕན་ཅེས་གསུངས། །དེ་ལྟར་དུས་གསུམ་རྟོགས་བརྗོད་འདི། །ལྷ་སྲས་དམ་འཛིན་སྐྱེ་བའི་མཐའ། །འགྲན་བྲལ་གྲུབ་པའི་འཁོར་ལོས་སྒྱུར། །འཇིགས་མེད་ཕྲིན་ལས་འོད་ཟེར་གྱི། །རྣམ་འཕྲུལ་མཁས་བཙུན་བཟང་པོའི་ཕུལ། །འཇིགས་མེད་བསྟན་པའི་ཉི་མ་ཡིས། །ལྷ་རྫས་རིན་ཆེན་སྐྱེས་དང་བཅས། །ནན་ཏན་བསྐུལ་ངོ་མི་ལྡོག་ཙམ། །ཤིན་ཏུ་མདོར་བསྡུས་ས་བོན་དུ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས། །དགེ་བས་བྱང་ཆུབ་སྙིང་པོའི་བར། །ཐེག་མཆོག་བཤེས་དང་མི་འབྲལ་ཞིང་། །མྱུར་དུ་བྱང་ཆུབ་ཐོབ་པར་ཤོག །མངྒ་ལཾ།། །།འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ལ། །སྙིང་ནས་མོས་གདུང་དྲག་པོས་གསོལ་འདེབས་ན། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་རྣམ་འདྲེན་གྲུབ་ཐོབ་མཆོག་གི་སྤྲུལ་པའི་སྐུ་དམ་པ་དང་། དད་ལྡན་ཚེ་དབང་ལྷ་མོའི་བཞེད་སྐོང་དུ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ཞིང་བཀྲ་ཤིས།། ༈ །།སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ། །གསོལ་བ་འདེབས་སོ་ནད་གདོན་བར་ཆད་སོལ། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་རྒྱས་པ་དང་། །རྣམ་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།


previousསྐུ་གསུམ་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས།next