ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
གྱི་དབང་ཕྱུག་མི་ལར་སྨོན། །དུས་དེང་སང་དེད་རང་ཆོས་པ་ཚོ། །སྐབས་དང་པོ་ངེས་འབྱུང་སད་སུད་ཀྱི། །ཆོས་བྱེད་བློས་བླ་མའི་གདམས་ངག་མཉན། །ད་ཅུང་ཟད་བསྒོམས་པ་ཁ་ལ་ཁྱེར། །གཏམ་སྙན་གྲགས་གཞན་ཟེར་དབང་དུ་ཤོར། །རང་དམའ་ས་འཛིན་པ་ལ་ཞོག་གི །གཞན་ཆེན་པོས་ཀྱང་སྤྱི་བོས་མཆོད་དུ་རེ། །ཁོང་འཇིག་རྟེན་པར་དཀའ་ལས་ཅི་འདྲ་འདུག །ལྟོ་བཟའ་རྒྱུ་དང་གོན་རྒྱུ་ཅི་འདྲ་འདུག །ཁྲལ་འར་འུར་དང་འདེད་དྲག་ཅི་འདྲ་འདུག །དེ་བྱས་ཀྱང་ཕྱི་མ་ག་འདྲ་ཡོང་། །སྲོད་རྒྱུག་གླུ་ལེན་པ་ཐོས་ཙ་ན། །རང་མལ་དུ་ཉལ་བ་ལ་ཞེ་ཁྲེལ་སྐྱེས། །ཐོ་སླར་གྲལ་མ་ཞིག་པ་དེ་ནས་ལངས། །ལས་སྡུག་སྒུར་བཙུགས་པའི་བཟའ་བཏུང་དེ། །ཆུ་དངས་སངས་དང་སིང་འདག་ཙམ་དུ་འདུག །རང་ཆོས་པ་ཚོར་ཕྱག་ལས་ཅི་འདྲ་འདུག །དལ་བྲེལ་དང་བདེ་སྡུག་ག་འདྲ་འདུག །བཟའ་རྒྱུ་དང་གོན་རྒྱུ་ག་འདྲ་འདུག །ཨུ་ཧུ་ཧུ་སྐྱིད་སྡུག་གི་མ་སྙོམས་པ་ཨ། །ཚོད་རེས་ཧ་ཅང་རང་སྐྱིད་དྲག་པས། །རེས་འཇོག་ཅིག་ཕྱི་མར་ཡོད་ཉེན་ཆེ། །དེ་བྱུང་ན་དི་དྲག་ག་ཙུག་བྱེད། །བོད་གངས་རིས་བསྐོར་བྱའི་རྒྱལ་ཁམས་ན། །གྲངས་ཅན་པའི་གྲུབ་མཐའ་མངོན་གྱུར་མེད། །ཤཱཀྱའི་བསྟན་པ་ལ་ཀུན་ཀྱང་འཇུག །དེ་ལ་
རང་གཞན་དུ་གཅོད་ལུགས་འདིས། །དགའ་སྡུག་དང་ཆགས་སྡང་སྐྱེ་ལུགས་འདིས། །ཁ་གསག་དང་དབྱེན་གཏུགས་ལ་སོགས་པ། །ཐབས་སྣ་ཚོགས་ཀྱིས་མང་པོའི་ངག་དཀྲོགས་ནས། །གཟུ་བོར་མི་གནས་པའི་ངན་གཡོ་རྫུ་འཕྲུལ་ཅན། །གནད་མ་གོ་བའི་རང་རྒྱལ་ཆོས་གཏམ་དང་། །དོན་མ་རྟོགས་པའི་བདག་མེད་སྤྲོས་བྱེད་ཡང་། །བྱང་ཆུབ་གསུམ་གྱི་རྒྱུར་མ་ངེས། །རླུང་མི་བསྒོམ་པའི་འཁྲུལ་འཁོར་གྱ་མ་གྱུས། །རྩ་མདུད་གྲོལ་བའི་ལམ་རྟགས་ག་ན་ཡོད། །དབྱིངས་མ་འཇལ་བའི་འདྲི་རྒྱུ་མེད་པ་འདིས། །སླར་འཁོར་བའི་གཏིང་རྡོ་བྱས་ཀྱིས་དོགས། །རང་མ་མགུ་ན་དམ་ཙིག་ད་རྨི་ལམ་ཙམ། །ཆགས་སྡང་གི་རང་འདེགས་ལྷུར་བྱས་ན། །དེ་ལ་ཕལ་ཆེར་མགུ་མོད་ཀྱི། །སེམས་བསྐྱེད་དང་གཞན་དོན་ག་ཙུག་བྱེད། །ལར་དད་མེད་ལ་སེམས་ངོ་སྤྲད་པ་དེ། །རང་བྱུང་གི་ཡེ་ཤེས་ཡིན་པའི་ཕྱིར། །སྐད་ཅིག་མ་དང་པོར་ཅེར་མཐོང་དང་། །མཛུབ་ཚུགས་སུ་རང་ངོ་ཤེས་ན་ཡང་། །བསོད་ནམས་ཀྱི་མ་འཆུན་རང་སར་ཡལ། །ཁོང་ལུང་བསྟན་གྱིས་སློབ་མའང་ནོར་གྱིས་བྲིད། །གཞན་སྡིག་པའི་གྲོགས་ཀྱི་ཕྱོགས་འཛིན་བྱེད། །མདུན་དྲིན་ཅན་དང་བ་མའི་ཞལ་ཏ་སྙན། །རྒྱབ་མཆེད་གྲོགས་དང་ཐ་ཤལ་ཉིད་དུ་སྒྲོགས། །རྒྱུ་འབྲས་བུར་སྨིན་པ་མཐོང་ཙ་ན། །སྙིང་མཆི་མ་འཕོངས་སེམས་
དང་སྙིང་རྗེ་སྐྱེས། །ལར་གསང་སྔགས་ཀྱི་རྩ་བ་དམ་ཚིག་ཡིན། །ང་སྤྲོས་བྲལ་སྒྱུ་མའི་རྣལ་འབྱོར་ལ། །འཕྲལ་བལྟར་སྣང་གི་གྱ་གྱུས་མི་བརྫི་ཡང་། །ཕུགས་དམ་ཚིགས་ཉམས་པ་ཆད་བ་འདི། །གྲོགས་ཁྱེད་ལ་བྱུང་དོགས་སྨྲས་པ་ཡིན། །ཁོང་རེ་རེ་ཞིག་སྡིག་ཅན་གྱི་དཀོར་ལ་བརྔམས། །ཆོས་སྙིང་རུས་སུ་བྱས་ཀྱང་གྱོད་ཅག་མཆི། །ལས་དཀར་པོའི་ཆོས་ལ་རེམ་ན་ཡང་། །ཁར་སྲོག་གི་སྤུ་གྲི་ཟོས་པ་དེས། །མེ་འབར་ཞུན་མར་གྱི་གསོད་བ་བཞིན། །ལས་སྡིག་སྒྲིབ་སྦྱོང་བཞིན་སྡིག་ཆེན་བཟའ། །འདི་ཡང་ཤི་ཡང་སོས་ཀྱི་འཁྲུལ་འཁོར་ལ། །དོན་སྙིང་པོ་ཅི་འདུག་མནོ་བསམ་ཐོང་། །རྒྱ་གར་ན་རྒྱན་དྲུག་མཆོག་གཉིས་ལའང་། །གདུང་དང་སྐུ་སྐྱེའི་གྲགས་སྙན་མེད། །ཕུགས་རང་རྒྱུད་ཀྱི་ཡོན་ཏན་མི་རྟོག་པར། །ཡོངས་མི་ནག་པས་སངས་རྒྱས་དངོས་མཐོང་ལ། །དེ་དེ་བཞིན་ནོ་སྙམ་པའི་རང་རྒྱལ་འདིས། །མཐར་འོད་སྲུང་རྫོགས་བྱེད་དང་ཕྲད་ཀྱི་དོགས། །ང་སྐྱེ་བ་མི་ལེན་པའི་སྨོན་ལམ་འདེབས། །སྦྱངས་ཡོན་བཅུ་གཉིས་དག་ན་ཡོད། །བཞི་གསུམ་གྱི་ཆོ་གའི་རིམ་ལ། །རྟག་བརྟན་དང་ཐེར་ཟུག་བལྟར་སྣང་ཙམ། །བརྣབ་སེམས་དང་འཛིན་ཆགས་མ་སྤངས་པའི། །སྦྱིན་ལེན་གྱི་ཕྱག་ལེན་མཁས་མཁས་མོས། །ཐར་པ་དང་དགྲ་བཅོམ་
མ་ཐོབ་དགོས། །ཁོང་སྡེ་དཔོན་རྣམས་སྔགས་སྡོམ་མ་གོ་བའི། །ལམ་མྱུར་པོ་གསང་སྔགས་ལ་འཇུག་བློ་འདི། །ཚེ་གཅིག་ལ་མགོན་པོ་རྡོར་འཆང་གི །གྲུབ་མཐའ་སྙོགས་པ་ཡིན་མཆི་སྟེ། །ཕུགས་མ་ཏྲཾ་རཱུ་ཏྲར་ཕྱིན་གྱི་དོགས། །ང་རིག་པ་ཐོད་རྒལ་དུ་འུར་བའི་ཚེ། །རང་སྐྱོན་ལ་ཇི་མི་སྙམ་པའི་བློས། །བཤགས་བཙན་པོ་སྤག་སྤུག་མེད་པར་ཐལ། །ཁེ་དང་ཉེས་དམིགས་མ་བསམས་ཤིང་། །རྣལ་འབྱོར་གྱི་སྣང་བ་གདོང་འདེད་ལ། །བསམ་ཡོད་ཀོ་ལོང་མི་འཚལ་ཏེ། །ཕོག་ཐུག་མེད་པའི་ཀློང་དུ་ཨ། །འདི་ལོའང་སྟོན་སེར་དུར་ཁྲོད་རོལ་པའི་གནས་གངས་ལ་རྗེའུ་རྫ་ཁྲོད་དུ་གནས་འབྲེལ་བྱེད་པར་ཕྱིན། ཡར་སྟོད་དགོན་པ་རྣམས་ནས་ཚོགས་ཀྱི་འཁོར་ལོ་རྒྱས་པར་བསྟབས། སྔ་ལོ་ཚེ་འདིར་སླེབས་པས་སེར་བ་མི་འབབ་པ་དང་ཆུ་བཟུང་བ་སོགས་བྱུང་། གནས་རེངས་བ་དུལ་བའི་ཕྱིར་ཕྱི་ལོ་རྣམས་ཀྱང་སླེབ་པ་བྱེད་དགོས་ཟེར། གནས་ལ་རེངས་རྒྱུ་ཅི་ཡིད་དེ་འཇིག་རྟེན་པའི་ཁ་གཏམ་དུ་སྣང་། ཁོ་རང་ཚོ་དག་སྣང་ཆེན་པོ་འདུག་པས་རིན་ཆེན་སྤུངས་པར་གྲགས་པའི་ལོགས་ལ་རང་བྱོན་གྱི་རྣམ་པ་གསལ་བ་ཡང་ངོ་སྤྲད། །ཟླ་བ་དགུ་པའི་ནང་དེར་སྦྱོར་རྩེ་རིན་པོ་ཆེ་ལྷ་རྩེར་ལོ་གསུམ་ལ་ཕེབས་བརྩམས་ཀྱི་ཐོག་ནས་ངེད་འབོད་མཁན་གྱི་བང་མི་ཆེད་
གཏང་བྱུང་། ཤུལ་དུ་འཇུག་བར་བརྩམས་པ་ན། རྨི་ལམ་དུ་བུད་མེད་ཅིག་གིས་ཆ་རྒྱུས་མེད་པའི་ས་ཆ་ལ། འདི་ན་འདིར་བཞུགས་ཀྱི་བཀོད་པ་འདྲ་མོ་ཞིག་དང་། དྲག་ཇག་ཆོམ་རྐུན་མི་ཡོང་། དོལ་དུ་ངེད་ཀྱི་ཇོ་བོས་ཀྱང་གདན་འདྲེན། ཞུ་རྩིས་འདུག་ཟེར་བ། གཡོར་པོ་སྟོད་ལ་བརྟིང་ལ་བྱས་ཙ་ན་བགྲོད་པར་བྱ་བའི་གནས་ལོ་རེ་དོལ། གནས་དེ་ན་ཚེ་རིང་མ་བཞུགས་པའི་ཁྱད་པར་དུ་ཤེས། ཚོར་བ་དང་བཅས་པའི་འདུ་བྱེད་ཀྱི་ཕུང་པོ་ཅན་ལ་ངལ་དུབ་ཀྱི་རྣམ་པ་སྤྱི་མཐུན་དུ་ཡོད་པར་བསམས་ནས་རྐང་པས་འགྲོ་གང་བཅོགས་རྟ་ལས་གཞོལ་ཏེ་ཕྱིན་པས། ཟླ་བོ་ཚོ་རྐང་པ་ན་བའི་གསུང་འབྱོན་བར་སྣང་བས་སླན་ཆད་ཆང་ཤེས་སུ་སོང་། ཕུན་གངས་ལྡན་གྱི་རི་བོ་ནི་ཤེལ་གྱི་མཆོད་རྟེན་ལྟ་བུར་བཀོད་ལེགས། བར་ན་མཁའ་འགྲོ་ཆེན་མོ་ལྔའི་ཕོ་བྲང་གི་བྲག་རི་དབུ་འཕང་གཏོད་པ་ལྟ་བུ། སྐབས་ཕྱེད་པའི་གནས་ཅི་རིགས་པར་སྭ་ལའི་ནགས་ཚལ་ཐོར་བུ་དང་བཅས་པའི་སྨན་ལྗོངས་ལ་རི་དྭགས་རྣམས་བག་ཕེབས་པར་རྒྱུ་ཞིང་། འབབ་ཆུ་བསིལ་བའི་སྒྲ་དང་བཅས་འདུ་འཛིའི་ཉེས་དམིགས་ལས་བརྒལ་ཞིང་། ནགས་ཀྱི་ཡོན་ཏན་ཕལ་མོ་ཆེས་བསྟན་པ་མོག་པ་ལྷ་རྩེ་ཞེས་རྗེ་བཙུན་རས་ཆུང་པས་མཁའ་སྤྱོད་ཀྱི་གྲུབ་མཐའ་སྙགས་པའི་གནས་སུ་སླེབས། བླ་མ་
མཆོག་ནས་བསྙེན་བཀུར་དང་སྲི་ཞུ་ཐུགས་ལ་བཏགས། འདུལ་བ་ལུང་ལས། ང་ལ་མཁན་པོ་མེད་པས་ན། །ང་ནི་རང་བྱུང་དགེ་སློང་ཡིན། །ཞེས་འགྲོ་བ་ལྷ་དང་བཅས་པའི་བླ་མ་ཤཱཀྱང་སེང་གེ་ནི་སྤངས་པ་དང་རྟོགས་པའི་ཡོན་ཏན་གཞན་དབང་ཅན་ལ་མི་ལྟོས་བར། མདོ་སྔགས་རང་སའི་ལམ་དང་དེའི་འབྲས་བུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དེ་མ་ཐག་པར་མངོན་དུ་མཛད་ལ། གཞན་འཇིག་རྟེན་གྱིས་གདགས་པའི་སྤྲུལ་པའི་སྐུ་རྣམ་པ་ཚོ་ཡང་། ཆོས་ཉིད་ཀྱི་ངོ་བོ་ཤེས་བྱ་མ་ཡིན་པས། བརྒལ་བརྟག་གིས་ཀྱི་བཞུགས་ཚུལ་ཆེན་པོའི་མཚང་འདྲུས་པར་མ་གྱུར་པ་གང་། རྐང་འཁྱམས་ཀྱི་རྒྱལ་བུ་རྒྱལ་སར་འདོན་པའི་དཔེས་བསྟན་པར་བྱ་བའི་ངོ་བོ་ཉིད། དབང་དང་དོན་དམ་བརྒྱུད་པའི་བྱིན་རླབས་ལས་བྱུང་བའི་ཡེ་ཤེས་ཀྱི་ཆོས་ཉིད་མངོན་སུམ་བར་གཏན་ལ་འབེབས་པ། རང་བཞིན་རྫོགས་པ་ཆེན་པོའི་སྨིན་གྲོལ་ལུགས་གསུམ་གྱི་སྒོ་ནས་རང་བྱུང་གདོད་མའི་རྒྱལ་ཐབས་ལ་མངའ་གསོལ། ཆོས་ལ་ཕྱོགས་རིས་མི་གཅོད་པ་རྒོད་ཚང་མགོན་པོ་རྡོ་རྗེའི་རྣམ་ཐར་ལ་སྨོན་ནས་བོ་དོང་བའི་དཀྱིལ་འཁོར་དྲུག་མ་ཆོས་འབྲེལ་དུ་ཞུས། ཞར་ལ་འབྲུག་པ་རིན་པོ་ཆེ་པདྨ་དཀར་པོའི་རྣམ་ཐར་གྱིས་ངེས་པ་དྲངས་པའི་རྟེན་གསུམ་རྣམས་ཞི་བ་
མཇལ་བྱས་སྐུ་འདྲ་ལ་བལ་ཚར་འདོགས་པ་སོགས་རྡོ་བོ་དང་གྲོགས་མཆེད་རང་དུ་སྣང་སྟེ་ཆོས་པ་ལ་དག་སྣང་དགའ་མོ་འདུག །ཟླ་བའི་འཁོར་ལོར་ལོངས་པ་ཙམ་གྱི་བར་ལ་བཞེད་དོན་མ་ལུས་པ་བསྐངས། བརྒྱ་ཀོང་ལེགས་པོ་དང་། སའི་སྙིང་པོ་ལ་སོགས་པ་བདོག་པ་སྩལ་པ་མཆོད་རྫས་དང་རྟེན་བཞེངས་ལ་ཤིན་ཏུ་མཁོ་བར་བྱུང་། །ལམ་ཞོར་ལ་ཞེ་བོར་ཞག་བདུན་འདུག་རིང་བསམ་གཏན་ཆོས་སྡེ་ནས་བོ་དོང་བའི་གསུང་རབ་དེ་ཉིད་འདུས་པ་ཆེན་པོ་ལ་བལྟས་མོ་བྱས་ངེད་རྫོགས་ཆེན་པོ་ཀུན་གཞི་དང་ཆོས་སྐུའི་བྱེ་བྲག་འབྱེད་པ་ལ་ཆོས་སྐད་རང་མཚན་པར་འདོད་པར་སྣང་། མདོ་ལས་ཀུན་གཞིའི་རྣམ་ཤེས་ཞེས་གསུངས་པ་ནི། བྱིས་པ་རྣམས་ཆོས་ཀྱི་དབྱིངས་དྲི་མེད་ལ་ཡིད་ཆེས་པར་དཀའ་བས་དེ་དག་དང་དྲན་པའི་ཕྱིར་ཡིན་གྱིས། སྒྲ་ཇི་ལྟ་བ་བཞིན་མ་ཡིན་ལ། གཉིས་སྣང་འཁྲུལ་པའི་བློ་ཡིན་ན། བྱིས་པ་རྣམས་ཀྱིས་གཉིད་མཐུག་པོ་ལོག་པའི་གནས་སྐབས་སུ་ཐ་ནའང་ལ་ལས་ཅུང་ཟད་མྱོང་དགོས་པ་ལ་ཅུང་ཟད་ཀྱང་མྱང་བ་མེད་པའི་ཕྱིར་དང་། ཡོད་ན་རྨི་ལམ་གྱི་བློ་ལྟར་འགྱུར་བས་འཇིག་རྟེན་ན་སེམས་མེད་པའི་གནས་སྐབས་སུ། ཤིན་ཏུ་གྲགས་པ་མི་བརྟེན་པར་འགྱུར་བའི་ཕྱིར་
རོ། །དེས་ན་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་འདི་ནི་འཕགས་པ་ཁོ་ནས་སོ་སོར་རིག་པའི་དངོས་ཀྱི་སྤྱོད་ཡུལ་ཡིན་གྱིས། གཞན་གྱིས་ཉམས་སུ་མྱོན་བར་ནུས་བྱེད་མ་ཡིན་ཏེ་འཁྲུལ་སྣང་གིས་བསྒྲིབས་པའི་ཕྱིར་དང་། །ཤི་བའི་ཚེ་འཁྲུལ་སྣང་མངོན་གྱུར་ཞི་བ་བག་ཆགས་ཀྱིས་ནོན་པས་རྗེས་སུ་དྲན་པར་ཡང་མི་ནུས་པའི་ཕྱིར། །གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ལ་ཀུན་གཞིའ་རྣམ་ཤེས་སུ་བཞག་པ་གནས་སྐབས་ཀྱི་གདུལ་བྱ་དྲང་པའི་དོན་མ་ཡིན་ན། དབུས་མཐའ་ལས་སེམས་མེད་པའི་གནས་སྐབས་ལྔར་བཤད་པའི་གཉིད་སྟུག་པོའི་ཚེ། ཡུལ་ལྔའི་ཤེས་པ་ཡིད་དང་བཅས་ཀུན་གཞིར་ཐིམ་བའི་གནས་སྐབས་ན། ཆོས་ཉིད་ཀྱི་ངོ་བོ་མ་ནོར་བ་སུས་ཀྱང་ཉམས་སུ་མྱོང་བ་མེད་པས་ཤེས་པ་ལ། ཀུན་གཞི་ཆོས་དབྱིངས་སུ་སད་བའི་ཆ་ནས་དབྱེ་བའི་ཁྱད་པར་འདོ་དགོངས་འབྲེལ་མཁན་པོ་ཀུན་གྱིས་ཤེས་པ་མ་ཡིན་ནོ། །རྗེ་བོ་དོང་པའི་གསོལ་འདེབས་ཤིག་དང་། ཆོས་སྐྱོང་བཀྲ་ཤིས་འོད་འབར་གྱི་གསོལ་ཀ་ཉུང་འདུས་ཤིག་དགོས་གསུངས་པའང་འདི་ནས་བྲིས་ཏེ་ལྷ་རྩེར་ཕུལ། ཚུར་ལམ་སྦ་མཁར་ཕུར་གྲགས་པ་ནས་ནམ་བཏེག་གླ་ཁོལ་ལ་འཛེག་དུས། དང་པོ་རིན་ཐང་ཡོད་པ་ཞིག་བོར་བའི་རྣམ་རྟོག་ཤར། སྐད་
ཅིག་མ་དང་པོ་འཕངས་སེམས་ཀྱི་སྣང་བ་ཤར། དེ་མ་ཐག་སྟོན་པའི་གསུང་རབ་ན་ལུས་སྲོག་ལ་ལྟོས་པ་མེད་པའི་ལོ་རྒྱུས་ཡོད། དེ་ཙམ་མ་ཆགས་པའི་བྱ་བྲལ་གྱི་རྣལ་འབྱོར་བ་ཧུ་ཧུ། དངོས་འཛིན་དང་བྲལ་བ་དེ་ག་ན་ཡོད། རང་གིས་གཏོང་མ་ནུས་པ་ཁོའི་དབང་ཐང་གིས་ཐོབ་པ་ཡིན། ཁོང་ལ་དག་དགའ་བ་དཔག་ཏུ་མེད་པ་ཡོད་དགེ་བའང་འདུན་པའི་ཁྱད་པར་ཡིན་པས་འཕོངས་སེམས་མ་སྐྱེས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་དེ་ལས་གང་སྙམ་ནས་བསྔོ་བའི་རྒྱས་འདེབས་བྱས། གངས་རྒྱབ་ནས་རྟ་བོར་བ་ལའང་བསམ་པ་དེ་ཀ་སྐྱེས་པས་བྱ་ས་ཀོ་ཁའི་བང་ཆེན་གྱི་གཏམ་རྒྱུད་བཞིན་འདུན་པ་དགེ་བའི་ནུས་པ་ཁོ་ནས་གཉིས་ཀ་ལག་ཏུ་སོན། ལས་རྒྱུ་འབྲས་ཡིད་ལ་ཆེས་པ་ལགས། ལར་འཁོར་འདས་རྣམ་རྟོག་གིས་བཟོས་པའི་གཡོ་འཁྲུལ་དང་བདེ་བླག་ལ་ཨ། བློ་འདི་བཟང་ངན་གང་གི་ཕྱོགས་སུའང་ཕྲལ་ཕྲལ་འགྱུར་འགྲོ་བ་ལ་དཀའ་ཚེགས་མི་འདུག་པས་རྣམ་པ་ཀུན་ཏུ་དྲན་པ་ཤེས་བཞིན་གཅེས་པའི་ཚུལ། ཤནྟ་དེ་ཝས། སེམས་བསྲང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །མ་གྲངས་དྲོལ་བའི་ཁྲོད་
གནས་ན། །བསྒྲིམས་ཏེ་མ་ཡི་བག་བྱེད་བཞིན། །སྐྱེ་བོ་ངན་ཁྲོད་གནས་པས་ཀྱང་། །སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང་། །ཞེས་པ་འདི་གལ་ཆེ་བར་སྣང་། དགུན་རང་གནས་སུ་ལྡོག་ མཚམས་རྒྱའི་མུར་གནས་པ་ན། མཛའ་ཤེས་ལ་སྦྲེངས་པར། །ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཅེས་གསུངས་པ་ལྟར། སང་དང་འཇིག་རྟེན་ཕྱི་མ་མྱུར་བུ་ལ་རྟག་པ་མངོན་སུམ་དུ་མཐོང་བ་ལ་སྐྱོ་བ་བསྐུལ་བའི་གླུ། ཕ་དྲན་ཆོག་རྒྱལ་པོ་ཨུ་རྒྱན་རྗེ། །གནས་ཟངས་མདོག་དཔལ་གྱི་རི་བོར་གཤེགས། མ་སྙིང་ལ་བྱམས་པའི་མཚོ་རྒྱལ་མས། །བུ་ཤུལ་དུ་བསྒྱུར་ནས་མཁའ་སྤྱོད་འགྲིམ། །དུས་དེ་ནས་ད་དུང་སྲིད་མཚོ་ལ། །ལས་ཉིང་མཚམས་སྦྱར་བའི་རྣལ་འབྱོར་བར། །ཕྱི་ལོག་སྨོན་དམ་སྲིའི་ཆོ་འཕྲུལ་དང་། །ནང་རྩ་རླུང་འཁྲུགས་པའི་འཁུ་འཕྲིགས་སོམས། །རྐྱེན་རྣམ་འགྱུར་སྣ་ཚོགས་ལ་སྐྱོ་ནས། །ལམ་རོ་སྙོམས་ཆེན་པོར་ལ་བཟླ་ཚེ། །གྲོང་སྟོད་ནས་བུ་ཆུང་ཤིའོ་ཟེར། །གྲོང་སྨད་ནས་རྒས་འཁོགས་ནའོ་ཟེར། །གྲོང་དཀྱིལ་
ནས་རྒྱལ་བསེན་གནོད་དོ་ཟེར། །བརྟག་པ་དང་ཕྱིན་རླབས་དགོས་སོ་ཟར། །རྗེས་འཛིན་དང་བསྔོ་སྨོན་མཛད་དགོས་སྐད། །ཁོང་རང་རང་སོ་སོའི་འདོད་པའི་དོན། །གག་ཐུག་གི་གནས་སྐབས་ཡིན་སྙམ་ནས། །སེམས་བསྐྱེད་དང་སྨོན་ལམ་དང་ཡང་བླངས་། །ལས་འཁོར་བ་ཟེར་བའི་སྡུག་པོ་འདིར། སེམས་སྐྱོ་ཤས་ཀྱི་རྣམ་ཆ་ཅིར་ཡང་ཤར། །དུས་རེ་ཞིག་མུན་པའི་སྨག་རུམ་ན། །གཅུང་སྒྲུབ་གཡོག་ཁོ་མདུན་དུ་ཧར་གྱིས་བྱུང་། །ཡས་བཞེངས་པ་ཞུ་དང་རིན་པོ་ཆེ། །ལྕམ་རིན་ཆེན་དཔལ་འཛོམ་གཤེགས་པར་གདའ། །གསོལ་འདེབས་ལ་ད་ལྟ་ཕེབ་དགོས་ཟེར། །དེར་ལྟ་བ་རྟབ་ངང་ནས་ཕྱིན་ཙ་ན། །ཆུང་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན། །ཡར་ཐོལ་གྱིས་ཡོངས་པས་ལྕམ་ཆུང་དེའི། །ལུས་མལ་གྱི་ཐ་མལ་བཞག་ནས་འདུག །སྙིང་རྗེ་བ་ལ་བཟོད་ཐབས་ག་ན་ཡོད། །ལམ་ཟབ་མོ་རྡོ་རྗེའི་ཐེག་པ་ཡིས། །གནས་སྤོར་དང་བསྔོ་སྨོན་ཡང་དག་བགྱིས། །ཁོང་འཆི་བདག་གཤིན་རྗེའི་ཞགས་ཐེབས་དེ། །གློག་ཕྲེང་ལས་བདེ་བླག་རྩོལ་དྲག་པ། །དུས་རྟག་པར་ཡིད་ལ་གཅགས་ཡོད་ཀྱང་། །དོ་ནུབ་ཐ་མའི་སྐད་ཅིག་ལ། མངོན་སུམ་དུ་མཐོང་བས་མཆི་མ་བཀུ། །འདི་དོ་ནུབ་ཁོང་གི་ཐོག་ཏུ་བབ། །སྤྱིར་སེམས་ཅན་ཀུན་གྱི་མདུན་ན་འདུག །
སྒོས་བདག་ཅག་ལ་ནམ་ཡོད་ཆ་ཅི་འཚལ། །དེ་བསམས་བཞིན་དམ་པའི་ལྷ་ཆོས་བྱེད། །འདི་དྲན་བཞིན་དབེན་པའི་རི་ཁྲོད་སྙོགས། །དེ་མཐོང་བཞིན་འདི་སྣང་ཞེན་འཁྲིས་གཅོད། །དེ་བསམས་བཞིན་བློ་སྣ་དྲུང་བུར་འཐུལ། །ཡིད་གདོན་གྱིས་བཏབ་པའི་སྐྱེ་བོ་ཀུན། །མི་གཞན་ལ་བྱུང་བ་ཤེས་བཞིན་དུ། །དེ་རང་ལ་འོང་སྙམ་མི་འདུག་སྟེ། །མིང་ལ་སྙིང་ནས་ལྟོས་པ་དང་། །ཁྱེད་སྒྲུབ་ཚུགས་ཟིན་པའི་སློབ་མ་རྣམས། །ཚུལ་འདི་ལ་བསམས་ནས་སྙིང་རུས་བསྐྱེད། །ཅིས་ཀྱང་དགོས་མེད་ཀི་བློ་སྣ་བསྟུངས། །ཞེས་སོ། །རྒྱ་གར་ན་སློབ་དཔོན་ཆེན་ཀླུ་སྒྲུབ་ཞབས་ཀྱིས་བསྟན་པ་སྐྱང་བའི་དུས་ཙ་ན་སྡེ་སྣོད་འཛིན་པ་གཞོན་ནུ་སྡེ་ཞེས་བྱ་བ་བདུད་ཀྱི་བྱིན་གྱིས་བརླབས་པས། སངས་རྒྱས་ཀྱི་བསྟན་པ་ལ་སེལ་བསྐྱེད་པའི་ཕྱིར་འཚོ་བ་ཆོས་སུ་སྨྲ་བ་ཀླ་ཀླའི་གྲུབ་མཐའ་བརྩམས་པ་ཡིན། བོད་ན་དེའི་རིང་ལུགས་མངོན་གྱུར་པ་མེད་ཀྱང་། བསམ་སྦྱོར་རྗེས་སུ་མཐུན་པ་མང་པོ་འབྱུང་བ་འདི་མཁྱེན་ནས། བཟོད་པ་དཀའ་ཐུབ་བཟོད་པ་དམ་བ་ནི། །ལ་སོགས་པའི་ཤོ་ལོ་ཀ་གཅིག་པོ་འདིས་གལ་བསྡམས་པར་ཤེས། རྒྱལ་བའི་ཕྲིན་ལས་ཀྱི་དབང་ལས་བསྟན་པའི་སྒོ་ཡང་འགྲོ་བའི་མོས་པ་དེ་སྙེད་དང་འཚམ་པས་འདུལ་བར་ཤེས་པ་ལ་འགོས་ལོ་གཞོན་ནུ་དཔལ་ཤིན་ཏུ་གཟུ་བོར་སྣང་། འདི་ན་རང་
ཉིད་གང་གི་རྗེས་སུ་ཞུགས་པ་དེའི་གྲུབ་པའི་མཐའ་ཚུལ་བཞིན་དུ་ཤེས་པར་དཀའ་མོད་དེ། ཕྱོགས་མགོ་ཚོས་པ་ཙམ་གྱི་ཐོག་ནས་གཞན་ལ་སྡང་ཞེན་དང་བཅས་པའི་བློས་ཟག་ཟོག་མཁན་དུ་དྲིལ་བསྒྲགས་ན་མཛེས་མོད། སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང་། །ཤེས་དང་ཚུལ་ཁྲིམས་བྲལ་བ་བཀུར་མ་ལགས། །དེ་ལྟས་གང་ལ་ཡོན་ཏན་འདི་གཉིས་ལྡན། །དེ་ནི་ཡོན་ཏན་གཞན་དང་བྲལ་ཡང་མཆོད། །ཅེས་པ་འདི་རྒྱ་གར་ཆུ་བོ་གང་གཱ་ཕན་ཆད་ཀྱི་གནས་ཚུལ་དུ་འདུག །ཇོ་བོ་རྗེའི་གྲུབ་མཐའ་འཛིན་ན་སོ་སོ་ཐར་པའི་སྡོམ་པ་དག་ཀྱང་བསམ་པ་བྱང་ཆུབ་སེམས་ཀྱིས་འཕང་བར་བྱའོ། ཞེས་པའི་སྦྱོར་བའི་འདི་རྒྱུད་ལ་ལྡན་པར་བྱས་ནས་རབ་ཏུ་བྱུང་བའི་སྤྱོད་ཡུལ་སུམ་བརྒྱ་པ་ལས། གང་ཞིག་སྲོག་གཅོད་གཞན་གྱིས་ནོར་འཕྲོག་དང་། །མི་ཚངས་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་སྤོང་བྱེད་པ། །ཉོན་མོངས་དག་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །ཞེས་གསུངས་པའི་གནས་ལ་དམ་ཆོས་འདུལ་བའི་རྒྱ་ཆེར་འགྲེལ་དང་། རྒྱས་པའི་བསྟན་བཅོས་ས་སྡེ་སོགས་ནས་ལེགས་པར་བཀྲལ་བའི་བསླབ་བྱ་ལ་ཚུལ་བཞིན་དུ་གནས་པ་བྱུང་ན་བོད་ན་སངས་རྒྱས་ཀྱི་བསྟན་པ་
གནས་སོ་སྙམ་ནས་དད་པ་ཤིན་ཏུ་འཕེལ་བ་ཡིན། གཞོན་ནུ་ཉིད་ནས་བསྟན་པའི་སྒོར་ཞུགས་ཀྱང་མ་བསྡམས་པ་བདག་ཅག་ནི། སུམ་བརྒྱ་པ་ལས། གང་ཞིག་གནང་མེད་དེ་བཞིན་བཀག་མེད་པ། དེ་ནི་གསུངས་པའི་རྗེས་མཐུན་བརྟགས་ཏེ་བཟུང་། །ཞེས་པ་ལྟར་དུས་བྱིན་གྱིས་བརླབས་ནས། །ཡང་ནས་ཡང་དུ་ཟ་དགོས་པ་ལ་བྱང་སྒྲ་མི་སྙན་པའི་གླིང་དུ་མོས་པ་ནས་བཟུང་། རིན་པོ་ཆེ་ལ་རེག་པ་དང་བདག་གིར་བྱེད་པ་ན་ཀྡོན་ཅོག་མཆོད་པ་དང་། སེམས་ཅན་གསོ་བ་ལ་སོགས་པའི་དོན་དུ་གནང་བ་ཡིན་སྙམ་དུ་མཐའ་གཉིས་ལ་གནས་པ་སླངས་ནས་ཕྱོགས་མཐུན་དང་རུང་མཐུན་དུ་བརྩི་མཁན་ཞིག་ཡིན་དུ་ཆུག་ཀྱང་། ལྟུང་བ་མི་འཕོག་པ་ལ་ཤིན་ཏུ་ཕན་པར་གདའ་སྟེ་གཟུགས་བརྙན་ཁོ་ནར་སོང་བའི་ཚུལ། ཆེད་དུ་བརྗོད་པའི་མདོ་ནས། དགེ་སློང་དག་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། །རྣལ་མ་སེར་པོ་ལ་བྱང་ཆུབ་ག་ལ་ཡོག །ཆུས་བཀྲུས་པ་ལ་བྱང་ཆུབ་ག་ལ་ཡོད། །དགོངས་ལྟོ་བཅག་པ་ལ་བྱང་ཆུབ་ག་ལ་ཡོད། །ཅེས་གསུངས་པས་དགེ་སློང་རྣམས་ཡིད་གཉིས་སུ་གྱུར་པ་ན། ཡང་བཀའ་སྩལ་པ། ཡེ་ཤེས་ཀྱི་སྤུ་གྲིས་རྣམ་རྟོག་གི་སྐྲ་བྲེག་བར་བྱ། སྟོང་ཉིད་ཀྱི་གོས་ཀྱིས་ཉོན་མོངས་པའི་ཚད་པ་ལས་སྐྱོབ་པར་བྱ། ཡེ་ཤེས་ཀྱི་
ཆུས་མ་རིག་པའི་དྲི་མ་བཀྲུ་བར་བྱ། བསམས་གཏན་གྱི་ཟས་ཀྱིས་འདོད་པའི་སྲེད་པ་བསལ་བར་བྱ་ཞེས་གསུངས་པ་དེས་སོ། །དེ་ལྟ་བའང་སྔོན་གྱི་སྨོན་ལམ་གྱི་དབང་ལས་གྱུར་བའི་བག་ཆགས་དུ་མ་སད། ལྟ་བ་འདི་ལ་དགག་སྒྲུབ་མང་པོ་ཞིག་འདུག་པས། དགེ་བའི་བཤེས་གཉེན་འགའི་དགོངས་པ་དང་གཏན་ཚིགས་བཀོད་འདུག་པ་ལྟར་ན། སྙིང་པོའི་རིང་ལུགས་འདི་རྟག་ཆད་ཀྱི་མཐར་ལྷུང་ཡོད་པའི་རྒྱུ་མཚན་མང་པོ་མཐོང་ཡང་། སྒོམ་པའི་ཉམས་མྱོང་གི་སྟེང་ནས་དེ་ལྟར་སྨྲ་བ་པོའི་མཚང་ཡང་ཕུགས་ནས་རིག །ནང་གི་ཉམས་སུ་མྱོང་བ་བརྗོད་མེད་བློ་འདས་ཆེན་པོ་ལ་ཚིག་གིས་བཏགས་པའི་ཁས་ལེན་གང་གིས་ཀྱང་ཕོག་པ་མེད་པ་ཞིག་ཏུ་སོང་བས། སློབ་དཔོན་འཕགས་པ་ལྷས། ཚུལ་ཁྲིམས་ལས་ནི་ཉམས་སླ་ཡི། །ལྟ་ལས་དེ་ལྟར་མ་ཡིན་ནོ། །ཞེས་ལྟ་བ་ནོར་བ་ལས་རྣམ་གྲོལ་གྱིས་འབྲས་བུ་མེད་པའི་གནམ་ལའང་ནོངས་པ་མེད་པའི་ངེས་ཤེས་ཐོང་། དེ་ཀས་རྒྱུ་འབྲས་ལུང་མ་བསྟན་བྱང་གི་སྒྲ་མི་སྙན་པ་སྲོག་མི་གཅོད་པ་ལྟ་བུའི་མཚུངས་དཔེས་སྤྱོད་པ་ལ་ཚུལ་འཆོས་དང་བླང་དོར་ངོ་ལྐོག་ཅན་བྱེད་དགོས་པའི་རྫུན་ཕུགས་ཀྱང་རང་སར་རྡིབ། འདི་བྱས་ན་འདི་ཡོད་སྙམ་པ་སྲིད་པ་རྒན་པ་རྟོག་དཔྱོད་ཅན་གྱི་རེ་བ་ཆེན་
པོའམ། མདོ་སྔགས་གཉིས་ཀའི་དོན་མཐར་ཐུག་གང་ཡིན་པ་དང་འགལ་བའི་ཆོས་མིན་གྱི་བྱ་བ་རླབས་པོ་ཆེ་བྱས་ན་དཀོན་མཆོག་རིན་པ་ཆེ་ཐུགས་ཁྲེལ་ཡོང་སྙམ་པའི་འཇིགས་པ་རྩེ་གཅིག་ལས། གཞན་སྲིད་པ་མགོ་མཇུག་ལྡོག་ཀྱང་སྙིང་ལས་སུ་གྱུར་པའི་དོགས་པའི་རྣམ་རྟོག་ཆེན་པོ་ཕལ་མོ་ཆེ་ཡང་འཁོར་འདས་མཉམ་པ་ཉིད་དུ་སངས་པར་གྱུར་ནའང་། གཏམ་དུ་བྱ་བའི་གནས་ལ། རྒྱལ་བས་སྙིང་ལ་འབབ་དང་བདེན་པ་དང་། །ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱི་ནི། །སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག །རྣམ་གསུམ་བཀའ་རྩལ་དེ་ལས་ཐ་མ་སྤང་། །ཞེས་གྱལ་ཀ་དང་རྩུབ་མོའི་དྲེས་པ་འདི་ནམ་ཡང་སྨྲ་བྱ་མ་ཡིན་པར་ངེས་མོད། དེ་ལྟ་ནའང་ཞི་བ་ལྷས། བྱིས་དང་འགྲོགས་ན་བྱིས་པ་ལ། བདག་བསྟོད་གཞན་ལ་སྨོད་པ་དང་། །འཁོར་བར་དགའ་བའི་གཏམ་ལ་སོགས། །མི་དགེ་ཅིས་ཀྱང་ངེས་པར་འབྱུང་། །ཞེས་པ་ལྟར་ཁ་ཅིག་ནི་ཞེ་སྡང་། ལ་ལ་ནི་འདོད་ཆགས། ཕལ་ཆེར་གཏི་མུག་གི་དབང་ལས་དུལ་བར་མི་གནས་པའི་རྣམ་ཐར་གང་ཡིན་པ་འདུལ་བ་ལུང་ལས། གང་ཞིག་རབ་ཏུ་ཡང་ཡང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་བྱུང་དེ་ནི་རབ་བྱུང་མ་ཡིན་ཁྱིམ་པའང་
མིན། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་ཇཾ་བཞིན་ནོ། །ཞེས་པའང་སྣང་སྟེ། སྣང་བ་དག་པ་རབ་འབྱམས་ཀྱི་དམ་ཚིག་དང་འགལ་བས་དེ་ལ་རྟོག་དཔྱོད་གཏོང་མི་ནུས། འདི་ན་གཞན་གྱིས་དོན་ངན་པ་ཡིད་ བསམས་ཤིང་། ཚིག་རྩུབ་མོ་ཁ་ཏོན་དུ་བགྱིད་པ་གང་ཡིན་པ་ལ་གནོད་བཀུར་བ་བཞིན་དུ་འཆབ་པར་བྱ་བ་ནི་ནམ་ཡང་མ་ཡིན་པས་ལྔ་བརྒྱ་པ་རྣམས་ཀྱིས་རྣ་ལམ་དུ་མྱོས་པར་བྱ་བ་ནི་བསྟན་པའི་སྒོར་ཞུགས་པ་ཙམ་ལའང་བཀག་པར་མ་ཟད། འཁོར་འདས་ལམ་གསུམ་གྱི་བགེགས་བྱེད་པའི་ཚུལ། ཡན་ལག་བརྒྱད་པའི་རྒྱུད་ལས་ཀྱང་། ར་རོ་དང་པོ་བག་མེད་གནས་ལ་གནས། །རྣམ་རྟོག་ངན་བཅོམ་བདེ་བ་ཡིན་སྙམ་སེམས། །ར་རོ་གཉིས་པ་གླང་ཆེན་སྨྱོན་པ་ལྟར། །ཁ་ན་མཐོ་ཚུལ་ཁྲིམས་འཆལ་བའི་གནས། །ར་རོ་ཐ་མ་སེམས་མེད་རོ་ལྟར་ཉལ། །གང་ཡང་མི་ཤེས་མུན་པའི་གནས་སུ་འགྱུར། །ཅེས་པ་འདི་གའི་དགེ་སྐྱོན་དང་པོ་ཉིད་ནས་རིག་པས་དགྱེས་སྤྲོ་དང་ཕུད་བཞེས་ལ་སྤྲོ་བ་ཞིག་མ་ཡིན་མོད་ཀྱང་། སྨད་ར་བྱུང་ཕྱིར་རྒྱ་ཆེ་ལ་གཏིང་ཟབ་པ་འདི་ག་སྒྲིབ་པ་འདག་པ་ལ་ཕན་པས་མྱོས་པར་བྱ་བའི་གནས་ལ་བག་མ་ཡིན་པར་སྤྱོད་ཚུལ་གྱི་གླན་ཀ །སུ་ཞིག་གིས་དད་པར་གྱུར་ཅིང་གང་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་སྒོ་
ནས་ལན་གདགས་པ་དེ་དག་ནི་བགྲོད་བྱ་དང་། ལོག་པར་གཡེམ་པའི་རྟེན་དུ་ཕྱར་ཀ་སྒྲོག་པར་བྱེད། ཁ་ཟེར་བར་བྱེད། ལ་ལ་འདི་སྙམ་དུ། ཡང་དེ་བཞིན་གཤེགས་པ་ལའང་མུ་སྟེགས་བྱེད་ཀྱི་བྲམ་ཟེའི་བུ་མོ་དང་མཛའ་ཞེས་བརྗོད་ན། རྣལ་འབྱོར་དབང་ཕྱུག་ལ་ཚུལ་མ་ཡིན་པའི་ཚུལ་དབྱར་གྱི་ཆུ་ཀླུ་བཞིན་དུ་འབྲུབ་པར་འགྱུར་ནའང་དམ་ཚིག་གི་ཀུན་ཏུ་སྤྱོད་པའི་གནས། གསང་བ་འདུས་པ་ལས་དཀའ་ཐུབ་སྡོམ་པ་མི་བཟད་པ། །རྟེན་ཡང་འགྲུབ་པར་མི་འགྱུར་ཏེ། །འདོད་པའི་ཡོན་ཏན་ལྔ་རྣམས་ལ། །ཅི་བདེ་བར་ནི་བརྟན་པས་འགྲུབ། །ཅེས་དང་། རྩ་རྒྱུད་ལེའུ་བཅུ་དྲུག་པར། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོངས། །བུད་མེད་དག་ཀྱང་བསྟེན་པར་བྱ། །རྡོ་རྗེའི་ལམ་ནི་འདི་དག་གིས། །སེམས་ཅན་ཐམས་ཅད་བསྐུལ་བར་བྱ། །ཞེས་པ་འདི་ལ་དགོངས་པ་ལུང་སྟོན་ལྟར་བཤད་པའི་སྐབས་སྲོག་གི་རླུང་སྟེ་ལས་རླུང་གི་རྒྱུ་བ་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་ངེས་པས་གསད་པ་དང་། ཆོས་ཉིད་དང་ཐ་སྙན་གཉིས་འགལ་བ་ཅན་ཡིན་པའི་དཔེས་དོན་གྱི་གནས་ཚུལ་དང་མི་མཐུན་པའི་རྫུན་ཚིག་སྨྲ་བ་དང་། །བླང་བྱའི་རྫས་སོགས་པའི་སངས་རྒྱས་ཀྱི་གོ་འཕང་སུས་ཀྱང་མ་བྱིན་བཞིན་དུ
འང་སྟོབས་ཀྱིས་བླངས་པའི་མ་བྱིན་ལེན། སྟོང་པ་ཉིད་ལ་བུད་མེད་ཀྱི་སྒྲར་བཏགས་ཏེ། དེ་ཉིད་ལ་རིག་པ་ཡེ་ཤེས་ཀྱི་སྦྱོར་བ་ལ་འདོད་པ་བསྟན་པའི་ཐ་སྙད་དབང་རྣོན་སྔགས་ལ་དྲོད་ཐོབ་པ་དང་བསྟི་གནས་ལ་སྤྱོད་པའི་ཁྱིམ་བས་མཚོན་གསང་སྔགས་མོས་པས་སྤྱོད་པའི་གནས་རྣམ་པ་གཉིས་ལ་གནང་བ་དང་བཀག་པའི་མཚམས་ཀྱང་ཤེས། སྤྱོད་འཇུག་ལས། ལ་ལ་བདག་གི་ཁྲག་མཐོང་ན། །དཔའ་བརྟན་ལྷག་པར་སྐྱེ་འགྱུར་ཡོད། ལ་ལ་གཞན་གྱི་ཁྲག་མཐོང་ན། །འབོག་ཅིང་བརྒྱལ་བར་འགྱུར་བ་ཡོད། །ཅེས་བློའི་ནུས་པ་དང་འཇུག་པ་ཐ་དད་པའི་ཁྱད་པར་ཡང་རྟོགས། ཀུན་ནས་ཉོན་མོངས་པའི་བྱིས་པ་རྣམས་ཀྱི་ཅོལ་སྒྲོགས་ལ་འཇིགས་པ་མེད་པའི་གདེངས་ཀྱང་ཐོབ། ཡུལ་རྐྱེན་ཆོས་ཉིད་དང་བསྲེ་བའི་རོ་སྙོམས་དངོས་གྲུབ་ཆེན་པོའི་ཕ་མ་ཕབས་ཤིན་ཏུ་ཡང་བློའི་ངོ་ལ་ལྐོག་ཏུ་གྱུར་པའི་རིགས་ཅན་འགའ་ཞིག་ལ་རྩེད་འཇོ་དང་བཞད་གད་ཀྱི་གནས་སུ་གྱུར་པ་འདི་ཙམ་བརྗོད་མི་རུང་བ་མ་ཡིན་ཏེ། པཎིྜ་ཏ་དྷ་རྨ་རཀིྵ་ཏས། ཁྱིམ་ནས་བྱུང་ཞིང་བསྟན་པའི་སྒོར་ཞུགས་ཀྱང་། །ཁྱིམ་པ་བཞིན་དུ་བྱ་བ་མཐའ་ཡས་ཤིང་། སྤང་བླང་ཐམས་ཅད་ཁྱད་དུ་གསོད་པ་སྟེ། དྲང་སྲོང་རྣམས་ཀྱི་དམོད་པས་
གདབ་བྱ་ཡིན། ཅེས་བཤད་བས་རང་སྐྱོན་ལ་ཅི་ཡང་མི་སེམས་པ་སྒོ་ང་ལྟ་བུའི་རྣམ་རྟོག་ཅན་ལ་དགའ་བ་ཆེན་པོའི་གཏམ་འཇིགས་མེད་དཔའ་བོའི་རྒྱང་གླུ་ཞེས་བྱ་བ། ཡ་གི་གྲུབ་དབང་སར་ཧ་པ་ནས། །ད་ལྟ་དྲིན་ཅན་བླ་མ་ཡན་ཆད་ཀྱི། །གསང་སྔགས་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྣམས། །འདོད་པའི་ཡོན་ཏན་སྒྱུ་མ་ལྟ་བུར་སྤྱོད། །ཆོས་མགོ་མ་ཐོན་སྨྲ་ན་ཁྱོད་རང་ཤེས། །དང་པོ་འདུལ་ཁྲིམས་བསླབ་པ་དང་དུ་བླངས། །བསླབ་པར་བྱ་བའི་གཞི་བཅུ་སུན་མ་དབྱུང་། །བལྟར་མི་མངོན་པའི་ལྐོག་གྱུར་རིང་དུ་སྤངས། །ཁྱིམ་གྱི་འཚོ་འཛིན་ལྷོ་ཚོང་བྱང་བསྐྱེལ་སོགས། །བལྟར་སྣང་བཙུན་པའི་གཟུགས་བརྙན་བྱས་རེ་ཤི། །དེ་ནས་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས། །ཀུན་ཏུ་བཟང་པོའི་སྤྱོད་པ་ཁྲེལ་བག་ཡོད། །རྡོ་རྗེའི་རྣལ་འབྱོར་རྩ་ཐིག་རླུང་ལ་བསྣུན། །རིག་པ་གཏད་མེད་ཆོས་སྐུར་ཡོངས་སུ་གྲོལ། །གྲུབ་པའི་མཐའ་དང་སྤང་བླང་རང་སར་ཞིག །བསླབ་བ་བསྲུང་བའི་ནང་ན་འདི་གཅེས་པ། །སེམས་བསྲུང་བརྟུལ་ཞུགས་དྲན་པ་ལྟ་ཞོག་གིས། །ལྟུང་བ་འབྱུང་བའི་སྒོ་གཅིག་མི་ཤེས་པ། །ཡིན་ཞེས་ཐོགས་མེད་བཞེད་ཕྱིར་དེའི་གནས་ལ། །སོ་སོ་ཐར་པའི་མདོ་དང་རྒྱ་ཆེར་འགྲེལ། །དགེ་ཚུལ་གྱི་ནི་
ལྔ་བཅུ་ཙམ་དང་། །བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་ཡི། །ཉེས་བྱས་སྦོམ་པོ་ཕམ་ལྟུང་འབྱུང་ཚུལ་གྱི། །གཞུང་ལུགས་ཙམ་ཡང་མཐོང་བར་མ་གྱུར་པས། །ལྡན་དང་གྲོལ་བའི་ཡོན་ཏན་ལྟ་ཅི་སྨོས། །དམར་སེར་གོས་ལ་ཚུལ་ཁྲིམས་ཆགས་སོ་སྙམ། །སྤང་བྱའི་གནས་ལ་ལྐོག་ཏུ་གྱུར་བ་ཅན། །ཆུ་ནང་རྡོ་བ་སྐམ་པོ་མཐོང་ཙ་ན། །བྱི་ལའི་བརྟུལ་ཞུག་མ་བཟུང་ཁར་རྗེ་ཆེ། །རྡོ་རྗེ་བཙུན་མོའི་སྒྱུ་མ་བདག་མེད་དབྱིངས། །དྷཱུ་ཏིའི་རྩ་མདུད་དགྲོལ་ལ་ཆས་པ་བཞིན། །ཕྱག་རྒྱ་ཆེན་པོའི་གནས་ལ་མིག་བསྒྱུར་གར། གུ་ཧྱ་པདྨ་བྷཉྫ་མོ་ཀྵ་ཧོ གནས་བརྟན་རྒན་པོ་འདོད་པའི་དགའ་ཐུབ་ཅན། །རྡུལ་གྱི་དངས་ས་མེད་པའི་མེ་ལོང་ལྟར། །མགོ་བྲིགས་བརྟུལ་ཞུགས་དག་ཀྱང་འགྱུར་བཅས་ཕྱིར། །ཆུ་ཡི་ཡོན་ཏན་བྲལ་བའི་ཆབ་རོམ་བཞིན། །བདག་ཏུ་སྤྲོས་པ་ཞི་བའི་སྲིད་གསུམ་སྒྲོན། །ཚད་མའི་གཏན་ཚིགས་ཙམ་ལ་ལྟོས་མིན་པ། །རང་ལས་བྱུང་ཡང་འདི་ཞེས་མི་མཚོན་པ། །ངོ་མཚར་སྒྱུ་མའི་ཆང་གི་མྱོས་པའི་རྗེས། །ངན་སྐྱུགས་མ་ཡིན་ཏི་གླེགས་བམ་ཆར། །རྒྱལ་པོ་ལུང་བསྟན་རྡོ་རྗེར་འགྲན་པ་བཞིན། །གནས་འགྱུར་བརྐོས་སུ་འདེབས་ལ་ཁེངས་པའི་བློ། །གང་དང་མཆེད་གྲོགས་སྤྱོད་ཡུལ་མཉམ་པ་ཅན།
རྣམ་མང་ཐོས་པའི་ནོར་གྱིས་ཕྱུག་པ་དང་། །གོ་ས་ཆེན་པོར་འཕོངས་པའི་དམ་པ་འགའ། །དད་པའི་མེ་ཏོག་འཐོར་ལ་རིངས་པ་བཞིན། །རང་མིན་གཞན་ལ་མི་མཐོང་ཐོས་སྒྲོགས་རིགས། །རྣལ་མ་སེར་པོའི་མེ་ཏོག་གང་ཡིན་པ། །རྡོ་རྗེའི་ཐེག་པ་འདི་ལ་སྐྲག་པའི་མོད། །རང་ཚུགས་ལས་ཀྱང་འདས་པས་ཤིན་ཏུ་ཉམས། །སྡེ་སྣོད་གསུམ་དང་རྒྱུད་སྡེའི་ཆོས་ཚུལ་ལ། །དངོས་དང་དངོས་འདྲ་དངོས་མིན་གསུམ་དུ་ཡོད། །ཀུན་ཀྱང་སངས་རྒྱས་བསྒྲུབ་ལ་མྱུར་བུལ་ཙམ། །ལས་དང་དེ་ཡི་འབྲས་ཀྱང་སར་ཡོད་། །སོ་སོའི་འདུན་མ་བདག་གིར་བཞེས་པ་འཐད། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་སྟངས་དཔྱལ་ཀྱང་། དུས་གསུམ་ཁ་སྦྱོར་ཡན་ལག་བདུན་ལྡན་དབྱིངས། །དུས་མེད་ཆེན་པོའི་ཀློང་ན་འདུ་འབྲེལ་མེད། །རྡོ་རྗེའི་གནས་འདི་ཐོ་ཅོས་མ་ཡིན་ནོ། །ལར་ཨཱརྱ་དེ་ཝས། ཕལ་མོ་ཆེར་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱིགས་ལོངས་འཛིན། །ཞེས་པ་ལྟར་ཕལ་པ་འདི་ནི་གནས་སྐབས་ཁོ་ན་ལ་འགྲོ་རྩིས་པའི་སྤོང་གཉེན་གྱི་འགྱུར་ལྡོན་གར་མཁན་གྱི་ལག་པ་ལས་ཀྱང་བདེ་བླག་འཁྱུག་ ཟེར་ལོའི་རྗེས་སུ་འབྲེང་བ་ལ་ནི་དགའ། ཆོས་ཀྱི་དོན་ནི་ངོ་མི་ཤེས། ལས་འཕྲོ་དང་སྐལ་པ་ནི་ཤིན་ཏུ་ཆུང་། དེ་ལ་དཔའ་བོ་མཁའ་འགྲོ་རྣམས་མི་
དགྱེས་པས་རྩ་ཁམས་བདེ་བ་ཆེན་པོའི་ཕོ་བྲང་དུ་ཀརྨ་ཌཀྐིའི་ལྷ་ཚོགས་ལ་ཉམས་གྲིབ་ཀྱི་རྟེན་འབྲེལ་སྟོབས་སུ་གྱུར་ནས། འདུ་བ་ཆ་མི་སྙོམས་པ་ལ་ཐབས་དང་རིམ་གྲོས་ཐོབ་ཤོར་མེད་པ་ཞིག་བྱུང་། །དེའི་ཚེ་དབང་ཆེན་འདུས་པའི་ཚེ་རྟ་ཟུང་འབྲེལ་གྱི་བཅད་མཚམས་ཤིན་ཏུ་དམ་པར་ཡོད་པའི་ཆོས་བཅུ་ཞིག་གི་ནུབ། ཉམས་སྣང་ལ་བུད་མེད་རྒྱན་་མཆོར་མོ་བཀྲག་ཟིལ་ཅན་ཞིག་གིས་བཞིན་མི་སྡུག་པའི་རྣམ་འགྱུར་སྟོན་པའི་ངང་ལ། ལུང་བསྟན་ཡིན་ཟེར་ཀོ་དམར་ལ་བྲིས་པ་ཞིག་གཏད་བྱུང་བའི་རྒྱུ་མཚན་ངེས། །དེ་ཀའི་མུར་ཁང་བ་སྐྱེད་རབ་ཅིག་ན་གྲུབ་རྒྱའི་རྣམ་ཐར་རིགས་མ་འདྲ་བ་གསུམ་ཀློག་པའི་སྣང་བ་ལ། བལ་པོའི་སློབ་དཔོན་དཔལ་སྡེས་མཛད་པའི་མངོན་རྟོགས་དང་རང་བཞིན་མཐུན་གྱི་མཐུན་གྱི་རྟོག་དཔྱོད་ཞུགས་པའི་ངང་དེར། གཙང་སྨྱོན་ཧེ་རུ་ཀ་པས་བསྐུར་བ་ཡིན་ཟེར་བའི་ཡི་གེ་ཞིག་ལག་ཏུ་འབྱོར་བར། ཁ་ཡིག་ལ་ཀུན་དགའ་དབྱངས་ཅན་ཚེ་དབང་ཞེས་བྲིས་འདུག །དེ་ལ་དཔྱོད་མི་ཤེས་པར་དགོད་བྲོ་བའི་མོད། ད་ཅིའི་བུད་མེད་དེ་དང་། དྲི་ལན་འདི་འདྲ་བྱེད་པའི་སྣང་བ་ཤར། །ཀ་དག་གཉུག་མའི་གཏན་སྲིད་ཟིན་པ་ཁྱེད། །ཁ་དོག་མཛེས་པའི་ནི་གུ་ངལ་དགོངས། །ག་བུར་ཐེངས་པས་ཚད་པ་སྨིན་པ་བཞིན། །ང་བདག་ལོག་
འཛིན་སྤངས་པའི་ཆོས་ཤིག་ཞུ། །ཞེས་ཟེར་བར། ཅ་ག་རྣམ་རྟོག་ཡིན་ཀྱང་སྡོམ་པ་བསྲུང་། །ཆ་བྱད་བུ་མོ་མཚར་ཀྱང་བལྟས་སྣང་ཙམ། །ང་བཟང་ཤང་དཀར་བཏུང་བའི་དགེ་སློང་ལ། །ཉ་མའི་བསླུ་བྲིད་འོས་པ་མ་ཡིན་ནོ། །ཞེས་སྨྲས་པ་ན། ཤིན་ཏུ་ཡུས་པའི་ཚུལ་གྱིས། ཏ་ན་ག་ན་གསང་ཆེན་འཕུར་འགྲོའི་ལམ། ཐ་མལ་ཉན་ཐོས་སྤྱོད་པའི་ཡུལ་མིན་ཀྱང་། །ད་ལྟ་སངས་རྒྱས་འགྲུབ་པ་གསང་སྔགས་ཀྱི། །ན་མའི་བསྒུགས་ཡུན་མི་དགོས་ཁྱད་ཆོས་ཡིན། །ཞེས་ཟེར་བར་ཐེག་པ་ཆེན་པོའི་རིགས་ཙམ་ཡིན་པར་ངེས་ནས། །པ་ཕཱ་རྡོ་རྗེའི་ལམ་གྱི་གནད་ཤེས་ན། ཕ་རོལ་ཕྱིན་པ་བདུན་པ་ཐབས་ཀྱི་ལམ། །བ་ལིང་ཚོགས་ཀྱི་འཁོར་ལོར་སྤྱོད་བཞིན་དུ། །མ་དང་མཁའ་འགྲོའི་ཚོགས་རྗེ་བྱས་པས་ཆོག །ཅེས་བརྗོད་པ་ན། དེ་ཤིན་ཏུ་སྒྲོ་བའི་རྣམ་འགྱུར་སྟོན་ཅིང་། །ལག་པ་ནམ་མཁར་གདེངས་ནས། །ཙཱ་རི་ཉེ་བའི་ཐུང་སྤྱོད་དེ་ནས་འོངས། །ཚ་གྲང་རྣམ་རྟོག་སྤངས་པའི་ཌཱ་ཀྐི་ཡིན། །ཛ་ལན་དྷ་ར་ལ་སོགས་ཉུལ་དུ་འགྲོ། །ཝ་ལྟར་འཁྱམས་པའི་བུད་མེད་ང་མ་ཡིན། །ཅེས་སྨྲས་བྱུང་བས། །རང་གི་ཤེས་པའང་བརྟུལ་ཞུགས་རོལ་པའི་ངར་ཐོགས་ནས། ངོ་ཚ་དང་ཚུལ་འཆོས་ཀྱི་རྣམ་རྟོག་རང་སར་
ཞིག་སྟེ། ཞྭ་མོས་ཅི་བྱེད་རལ་པའི་ཟུར་ཕུད་ཡོད། །ཟ་རི་ཟེ་རའི་བཙུན་པ་ཙམ་བཞག་ནས། །འ་ཅག་གྲུབ་དབང་སར་ཧ་པ་ལྟར། །ཡ་ང་མེད་པའི་བརྟུལ་ཞུགས་སྤྱོད་པ་སྐྱོང་། །ཞེས་སྨྲས་པས། རྭ་ཅོ་ལྟ་བུའི་ཐེག་དམན་ཆོད་རེ་ཆུང་། །ལ་ཝ་པ་ནི་གཉིད་ཀྱང་འོད་གསལ་དང་། །ཤ་ཟ་འབོད་སྒྲོག་རྒྱལ་པོ་པདྨ་བཞིན། །ས་བཅུ་ཕོ་ཉའི་ལམ་གྱིས་བསྒྲོད་ལགས་སམ། །ཞེས་ཟེར་བ་ལ། འདི་སྐད་དུ། ཧ་ལས་སྐྱེས་པའི་བཛྲ་ཌཱ་ཀྐི་ནི། །ཨ་ལ་ལ་སྟེ་དབུ་མའི་འཁྲོ་ཤིང་ཅན། །ཧཾ་ཡིག་བྱང་ཆུབ་སེམས་ལ་རྟག་རོལ་ཉིད། །གཏོར་བླུགས་རྒྱལ་པོའི་དམ་ཚིག་དང་དུ་ལོངས། །ཞེས་སྨྲས་པས། ཐལ་མོ་སྦྱར་ནས། བདེ་སྟོང་བུང་བ་གཞོན་ནུའི་འཕུར་རྩལ་གྱིས། བཅུ་དྲུག་སྦྲང་རྩིའི་ཉིད་ཤུ་འཐུངས་པ་ལས། བདུད་རྩིའི་ཆུ་ཡུར་གྱེན་དུ་དྲངས་པའི་མོད། །ང་ཡང་ཁྱོད་དང་རོ་གཅིག་འདྲེས་གྱུར་ཅིག །ཅེས་ཟེར་བའི་མོད་ལ་སྣང་ཤེས་འདྲེས་པའི་ཉམས་དེ་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་སོང་ངོ། །དེ་ནས་ནམ་གུང་གཉིད་ཀྱི་རྣལ་འབྱོར་ལ་སླེབ་པ་ནས། སྤྱན་སྔ་རིན་པོ་ཆེའི་ཕྱག་ཐམ་ཡིན་ཟེར་བའི་ཐམ་ཆེན་མཚལ་གྱིས་བཀུས་པ་གཅིག་དང་། ཤོག་སེར་ཧྲིལ་མོ་ཚས་བཟང་པོས་གྲིལ་བ་ཞིག་
འཇའ་ས་ཡིན་པའི་ཁུངས་ཀྱི་གལ་རྩིས་ཧ་ལས་བྱས་བྱིན། ཐེའུ་དམར་གྱི་རྟེན་འབྲེལ་དང་། གཙང་སྨྱོན་ཧེ་རུ་ཀ་པའི་གནས་ཚུལ་ནི་བླ་མ་ས་སྐྱ་པ་ཆེན་པོ་ཆོས་བདག་ཏུ་ལུང་བསྟན་པར་འཇུག །ཆུ་བོ་རིང་ལྕགས་ཟམ་དང་། དྲེའུ་ལྷས་པ་རིན་པོ་ཆེས་འགྱངས་མིན་ལ་ཆབ་ཤོག་རེ་སྩལ་བྱུང་། སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པའི་སྲོག་ཤིང་དུ་བཞུགས་ཤིང་། འཇིག་རྟེན་རྨོངས་པས་གཡོགས་པའི་དུས་ཚོད་ན་སྔོན་སྦྱངས་སྟོབས་སུ་གྱུར་པ་ཉིད་དུ་བཞུགས་པའི་དངོས་པོ་ངེས་པར་བསྟན་པའི་གཏན་ཚིགས་རྟོག་དཔྱོད་ཅན་གྱིས་ཤེས་པར་བྱ་བའི་སླད་དུ། དྲེའུ་ལྷས་པའི་ཕྱག་བྲིས་དང་པོ། དྲི་མེད་བཤེས་གཉེན་ལྡང་མ་ལྷུན་གྱི་རྒྱལ། །ཀུན་མཁྱེན་ཆོས་རྗེ་ཡབ་སྲས་བརྒྱུད་བཅས་ཀྱི། ཐུགས་རྗེའི་རོལ་གར་མི་མངོན་སྦས་པའི་ཚུལ། །རྣམ་འདྲེན་རིག་འཛིན་བླ་མ་གང་ཞབས་སུ། །རང་ཚུལ་རྟོག་ལ་དམུས་ལོར་ལྟར་དམུན་ཡང་། །གཞན་ཚུལ་ཡང་དག་བལྟར་སྣང་ས་ལེ་སྦྲམ། །ར་གན་སོ་སོར་འབྱེད་པའི་གདེང་ལྡན། །གཡུང་མགོན་རྡོ་རྗེ་རབ་དད་མཆིད་འདི་གསོལ། །གདོད་ནས་སྤངས་རྟོགས་ཡོན་ཏན་ཡོངས་རྫོགས་པའི། །གོ་འཕང་ཙིནྟ་མ་ཎིའི་མཆོག་བརྙེས་ཀྱང་། །དྲང་དོན་སྐྱེ་འདིར་ཚུལ་བཞིན་སྦྱང་རིམ་གྱི། །དེང་སང་
གསལ་རྫོགས་ཡིན་བཞིན་དབང་རྒྱལ་ཁྱོད། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ཆེ། །གདོད་མའི་ཡོན་ཏན་ཁོང་ནས་ངོམ་མོད་ཀྱི། །སྐུལ་དམན་སྐྱེ་བོའི་སྣང་ངོར་དབེན་པའི་རིར། ལྷ་དང་ཌ་ཀྐིའི་ངོ་བོར་དགྱེས་བཞིན་དུ། །འདིར་སྣང་རྙེད་བཀུར་གྲགས་པའི་ཆེད་འདུས་པའི། །འ་འུར་ཟ་ཟིར་ཆེར་རློམ་འགྲོ་དོན་གྱི། །མཆེད་ཟླར་མ་གྱུར་སྐལ་ལྡན་འབའ་ཞིག་ངོར། །སྙིང་པོའི་བསྟན་པ་སྤེལ་དེ་ཅིས་མི་གུས། །གསུང་གི་གནས་དེར་གསུང་གི་རིག་འཛིན་རྗེ། །འོད་གསལ་ཀློང་དུ་ཆོས་ཀུན་ཐུགས་ཆུང་པའི། །སྙན་པའི་སྒྲ་ཆེན་ཚུར་མཐོང་ལག་པ་ཀྱང་། །མཁའ་སྤྱོད་མིག་ཡངས་ཚོགས་རྣམས་ཅ་ཅོས་བྲེལ། །དག་པའི་དགོངས་ཟབ་ཟླ་བའི་མ་མའི་རུམ། །དྲི་མེད་འོད་ཟེར་ཐུགས་བཅུད་ནོར་བུའི་གཏེར། །གདོད་ནས་མཆིས་པར་དུས་བབས་གན་མཛོད་ཀྱི། །སྙིང་པོར་ཕྱུང་ལ་དད་པའི་སྤུ་ལོང་གཡོས། །འདི་ན་རྒྱལ་ཀུན་འདུས་ཞལ་མཚོ་སྐྱེས་རྗེའི། །ཐུགས་རྗེའི་གྲིབ་ཏུ་བསིལ་བང་ངལ་གསོ་བའི། །འདུ་ཤེས་གསུམ་པ་རང་དོན་མ་གྲུབ་བཞིན། །གཞན་ཕན་ཟོལ་ཟོག་སྤྱོད་པས་འདའ་བཞིན་ལགས། །སྒྲིབ་བྲལ་གདོང་ནད་དག་པའི་ཡེ་ཤེས་སྤྱན། །གློ་བུར་ལིང་ཏོག་ནང་གི་རྣལ་འབྱོར་གྱི། །མིག་
སྨན་ཆེན་པོས་སྦྱངས་པའི་སྦྱན་སྡ་ན། །ལྐོག་དང་མངོན་གྱུར་ཐ་སྙད་རྫུན་པའི་ཆོས། །འོན་ཀྱང་བྱམས་ལྡན་མ་ལ་བུས་པས་བཞིན། །རང་ཚུལ་བསྔགས་འོས་དམ་པའི་རྣས་ཐར་དང་། །བྲལ་ཡང་མ་སྦས་གསོང་པོར་རྡོ་རྗེའི་སྙན། །གཙུབས་པའི་རྐྱེན་དུ་གསོལ་འདིར་མ་ཁྲེལ་དགོངས་། །སྐྱེས་རབས་མང་པོར་ཨོ་ཌི་ཡ་ནའི་རྗེས། །བསྐྱངས་སམ་ཀུན་རྟོག་དངས་པའི་མེ་ལོང་དུ། །མགོན་དེར་དད་ཤུགས་གཟུགས་ཀྱི་སྣང་བ་ནི། །བུས་པའི་དུས་ནས་འགོག་མེད་ཅིར་ཡང་བཀྲ། །རིས་བྲལ་དམ་པ་ཀུན་ལ་ཕྱོགས་ལྷུང་དང་། །བྲལ་བའི་དད་གུས་དག་སྣང་ཆེར་རྒྱས་ཤིང་། །མགོན་པོ་དེ་དག་གིས་ཀྱང་རྗེས་བཟུང་བས། སྐལ་པ་བཟང་པོའི་དགེ་མཚན་ཅིར་ཡང་ཐོབ། །རྒྱལ་གསུང་དངོས་དང་རྗེས་འབྲང་གྲུབ་པའི་མཐའ། །མ་ལུས་གདུལ་བྱ་འདུལ་བའི་ཐབས་ཚུལ་དུ། །དེས་ཤིང་མཐར་ཐུག་དགོངས་པའི་གནད་གཅིག་ཏུ། །ཤེས་པས་ཕྱོགས་འཛིན་ཨ་འཐས་མ་དགོས་ཕྱིར། །འོན་ཀྱང་ཐོས་དང་བསམ་པའི་རྗེས་ཞུགས་པའི། །སྐལ་བཟང་ཙམ་ལས་རྣམ་གཡེང་གཞན་དབང་གིས། །རང་ཡིད་བརྟན་པ་མ་ཐོབ་ཀུན་རྟོག་གི། གྱ་གྱུས་བྲེལ་འདི་རྣམ་ཀུན་དལ་པའི་གནས། །ད་ཀོ་གློག་གི་མར་མེའི་གནས་ཚད་ཀྱི། །
སྲོག་དབང་ལྷག་མ་ཇི་སྲིད་ཡོད་ཀྱི་བར། །དལ་འབྱོར་དོན་ལྡན་དེས་གསང་ཐེག་པའི་རྩེ། །ཉམས་ནེལ་ཐུགས་རྗེའི་མཐུ་དཔུང་བསྐྱེད་དུ་གསོལ། །སྒོས་ཀྱི་སྙིང་པོ་རྣམ་འདྲེན་རིག་འཛིན་རྗེ། །གང་ཉིད་བསྐལ་པ་རྒྱ་མཚོར་ཞབས་བརྟན་ཅིང་། །བདག་ཀྱང་རིང་མིན་དངོས་ཞལ་མངོན་སུམ་དུ། །མཇལ་ཞིང་ཟབ་མོའི་བདུད་རྩིར་སྤྱོད་པར་སྨོན། །གནས་སྐབས་བདག་གི་འགལ་རྐྱེན་སེལ་བ་དང་། འདོད་པ་འགྲུབ་པའི་ཐབས་ཚུལ་གསང་བའི་ལུང། །ཡེ་ཤེས་གཟིགས་ངོར་གསལ་དང་སྔོན་རབས་གྱུར། །ཀུན་ཀྱང་མ་སྦས་དྲང་པོའི་བཀའ་ཡིས་སྩོལ། །དེ་སྐད་དེང་སང་སྐྱེ་བོའི་སྤྱོད་འགྲོ་ས་དང་། །ཡེ་ནས་མི་མཐུན་བློ་སྣ་ཡན་གར་བ། ལེགས་སམ་ཉེས་ཀྱང་རུང་སྟེ་གདོད་མ་ནས། །རྟག་ཏུ་ཤར་བའི་རྣལ་འབྱོར་སྨྱོན་པ་དེས། །ཚུལ་ཁྲིམས་བློ་གྲོས་ཤེས་རབ་འོད་ཟེར་གྱི། །རྒྱུད་དུ་བརྫུས་ཏེ་བྱོན་པའི་བླ་མ་མཆོག །དགྱེས་པ་བསྐྱེད་ཕྱིར་རང་གནས་ཀུན་གྲོལ་གླིང་། །མཁའ་འགྲོའི་གླིང་ནས་སུག་བྲིས་ཉིད་དུ་ཐལ། །ཅེས་པ་འདི་ཡིན། ཀར་བརྒྱུད་པ་འདི་ལ་ཆོས་རྗེ་རྒོད་ཚང་པ་ནས་བཟུང་དག་སྣང་གི་སྲོག་ཤིང་བཟང་པོ་འདུག་པའི་སྟེ། རིན་པོ་ཆེ་འདི་ཉིད་གསན་བསམ་གྱི་འབྲས་བུ་ཕྱོགས་འཛིན་དུ་སྨིན་པའི་བཤེས་
གཉེན་རྟོག་གེ་པ་དང་མི་འདྲ་བར་སྣང་བ་ཁྱབ་གདལ་དུ་དག་པ་འདི་ག་གཅིག་པོའང་རྣམ་ཐར་བཟང་པོར་སྣང་། ཕྱག་བྲིས་དང་པོ་འདི་ཕེབས་རྒྱུའི་ནུབ། བནྡེ་སྨུག་འཛི་རི་ཞིག་གིས། མདངས་མཚར་པོ་གཡུ་ཡི་ནེ་ཙོ་ཡིས། །གོས་དྲོ་འཇམ་གྱི་ངོས་ལ་རྩི་དུག་བཀུས། །དེས་རང་བྱུང་རྡོ་རྗེ་སྒྲིབ་བ་ན། །ལུས་ཆུ་བུར་གྱི་ཀོབ་པོར་སོང་གིས་དོགས། །ཤ་དམ་ཚིག་ཡིན་པས་བཟའ་དགོས་ཟེར། །ཟོས་དྲག་ན་མཁའ་འགྲོའི་བཀའ་ཆད་སྡང་། །ཞེས་པ་ལ་སོགས་པའི་ཚིག་རིས་ཤིག་ཟེར་བའང་ཕུལ་བ་ནི་ཡིན། །སླར་ཆབ་ཤོག་ཐེངས་གཉིས་ཙམ་བྱུང་བ་བཞིན། ཀློག་པ་ཐོས་བསམ་གྱི་རྒར་བརྒལ་བརྟག་ རྩོད་པའི་འཁོར་ལོས་སློབ་དཔོན་ཆོས་ཀྱི་གྲགས་པའི་རྣམ་ཐར་སྐྱོང་བ་ལ་དང་པ་བརྟས་པའི་རབ་འབྱམས་སྨྲ་བར་གྲགས་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་ཆོས་ཀྱི་ཚིག་དོན་ལ་བརྟག་དཔྱད་ལེགས་པར་བྱ་བ་འདི་གླེན་པ་རྣམས་ཀྱི་རྣམ་ཆོག་ཏུ་མི་འཛུལ་ཡང་། རྒྱལ་བ་ཀློང་ཆེན་པའི་གྲུབ་མཐའ་ཡིན་པ་བཞིན། དངོས་ཅག་ཀུ་སུ་ལུ་བའི་གཞུང་། ལུང་གི་གཏེར་མཛོད་
སྐོར་ཞིག་ཕུལ་ནས། རིགས་པ་དང་རིགས་པ་མ་ཡིན་པའི་གནས་ལ་བྱི་དོར་མཛད་པ་རབ་བསྐུལ་བའི་ལན། ཀུན་མཁྱེན་དགོངས་པའི་གཏེར་མཛོད་པདྨའི་གདུང་ཚབ་མཆོག་གི་ཞབས་པད་དུ། མཚམས་ཞུའི་མཐར། ལོངས་སྤྱོད་རོལ་དུས་འཁོར་ལོའི་མདུད་རྒྱ་ཀུན། །ཟབ་གསང་རྣལ་འབྱོར་ཆེན་པོའི་སོར་མོ་ཡིས། །ལྷུག་པར་བཀྲོལ་པའི་རང་འབྲས་ལེགས་བཤད་དབྱངས། །ཚིག་རེར་ཆོས་ཕུང་ཀུན་རྫོགས་གཱ་མ་ཀ །ཀུན་བཟད་དགོངས་པའི་དབྱིངས་ནས་རྒྱལ་ཐབས་བཅུད། །སྤྱི་ནས་བླུགས་པའི་ནང་གཏེར་ཐུགས་ཀྱི་མཆོར། །འཁྱིལ་བའི་ཆ་ཤད་དྲི་ལན་ཟོལ་ཉིད་ཀྱིས། །སྐལ་ལྡན་རྗེས་སུ་འཛིན་པའི་ཐབས་དེར་རངས། རྙོག་པའི་ཆ་ཤས་ལན་བརྒྱར་བཙལ་བྱས་ཀྱང་། །རྙེད་པར་མ་གྱུར་དད་གསུམ་འདབ་མ་བརྒྱ། །རྣམ་པར་བཞད་པའི་གསོས་གྱུར་ཐལ་མོ་ཟུང་། །སྤྱི་བོར་ཟུམ་སྟེ་ཆབ་མི་འཚལ་བར་ཕུལ། །སླད་མན་ཡང་བདག་སོགས་བསྟན་དང་འགྲོའི། །སྤྱི་དཔལ་ཆེན་པོར་ཞབས་ཟུང་རྟག་བརྟན་ཅིང་། །རྣམ་ཀུན་ཚད་མེད་ཐུགས་རྗེའི་ལྕགས་ཀྱུ་ཡིས། །འདོར་བ་མེད་པར་འཚལ་ལོ་རིག་འཛིན་དབང་། །ཇི་སྲིད་དངོས་ཞལ་མཇལ་བའི་སྐལ་བཟང་ལ། །སྤྱོད་པར་མ་གྱུར་དེ་སྲིད་ཡང་ནས་ཡང་། །རྗེས་སུ་
བརྩེ་བའི་བཀའ་ཡིག་མི་འཆད་པས། །སྐྱོང་བར་མཛོད་ཅིག་ཀུན་མཁྱེན་གཉིས་པ་ཀྱི། །ཞེས་རྡོ་རྗེའི་ལམ་གྱི་མགྲིན་པའི་རྩ་མདུད་ཞིག་པ་ལས་སྣང་བ་དཔེ་ཆར་ཤར་བའི་ལམ་རྟགས་ཡོད་པ་དང་། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་རང་བྱུང་འོད་གསལ་གྱི་དབྱིངས་ནས་སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེན་པོ་དང་རོ་གཅིག་པ་བསྐུར་ཐོབ་མེད་པར་བཞུགས་པའི་རིགས་ཡོངས་སུ་སད་བ་ནི། གང་ཟག་ས་མཐོན་པོ་ལ་གནས་པས་ཆོས་ཀྱི་གཏེར་རྙེད་པར་བཤད་པ་བཞིན། གསང་སྔགས་སྔ་འགྱུར་ལ་ཚད་མཁའ་འགྲོའི་ལུས། རྟགས་ཟབ་མོའི་བརྡའ་རིས་ཀྱི་བཟུང་བའི་ཆོས་ཚུལ་ངེས་པའི་མཚང་ལོངས་པ་འདི་ངོ་མཚར་དང་བཅས་པའི་རྣམ་དཔྱོད་དུ་ངེས་ལ། དེ་སྐད་དུ་བྱང་པ་བདག་པོས། དྲི་མེད་འོད་ཟེར་ཀུན་མཁྱེན་ཐུགས་གཏེར་མཛོད། །སྒོ་འཕར་འབྱེད་ལ་གཞན་གྱི་འགྲན་ཟླ་བྲལ། །ཅེས་གསུངས་པའི་ཕྱིར་རོ། །ལུགས་འདི་ལ་འཇུག་པའི་གང་ཟག་ཕལ་མོ་ཆེས། །དོན་རྩ་བ་ཆེན་པོ་འདི་མ་གོ་བར། མཁའ་འགྲོ་ཡང་ཏིག་ལ་སོགས་གདོད་མའི་སངས་རྒྱས་ཉག་གཅིག་གི་དགོངས་པའི་ཀློང་ནས་ཕྱུང་བའི་གཏེར་ཞེས་ཉམས་ཆོས་ཀྱི་ནོར་འཁྲུལ་ཞིང་། གོང་འོག་ཕྱིན་ཆད་ན་ས་བ་ཤུས་བཀབ་བྱས་ཆོག་པ་ཆེར་མེད་པ་ཞིག་ལ། སྤྱི་བརྟོལ་ཅན་གྱིས་
ཞལ་བཤུས་སུ་ཁུངས་ཕྱུང་བ་པོའི་བློ་ནུས་དང་འཚམས་པོའི་ཚིག་དོན་གང་གི་ཐད་དུའང་ནོར་བ་ཆེན་པོ་ཡོད་པའི་ཀུན་འབྱུང་གི་སྒྲོ་བཏགས་ཅན། སློབ་དཔོན་པདྨ་དང་། བིམ་ལ་མི་ཏྲ་སོགས་པར་ཁག་བཞག་པས། གངས་ཅན་པའི་མཁས་གྲུབ་གཞན་གྱིས་ས་འོག་གི་རྫུན་མ་ཞེས་པདྨའི་རིང་ལུགས་རྩོད་པ་མེད་པ་དག་ལའང་ཐེ་ཚོམ་དུ་བྱེད་པ་འདི་བྱུང་བ་ཡིན་པས། མ་ཡིན་པ་ལ་ཡིན་དང་། ཡིན་པ་ལ་མ་ཡིན་ཞེས་སྒྲུབ་པ་གཉིས་ཀ་ལ་ཉེས་པ་མི་ཟད་པར་ཡོད་པས། མངོན་པར་ཤེས་པ་ལྔ་དང་བྲལ་བ་རྣམས། དྲན་དང་ཆོས་རབ་འབྱེད་དང་བརྩོན་འགྲུས་དང་། །དགའ་དང་ཤིན་ཏུ་སྦྱངས་དང་ཏིང་འཛིན་དང་། །བཏང་སྙོམས་འདི་བདུན་བྱང་ཆུབ་ཡན་ལག་སྟེ། །མྱ་ངན་འདས་ཐོག་བགྱིད་པའི་དགེ་ཚོགས་ལགས། ཞེས་པའི་དོན་ལ་དགོངས་པར་འཚལ། ཆོ་འཕྲུལ་ཆེན་པོའི་ཚེ་བརྒྱད་ལ་ཤྲཱི་པ་རྦཏའི་འདུས་ཚོགས་སུ་ཉིན་འབྱོངས་གཅིག་གི་བསྙེན་བཀུར་ནས་ན་རག་དོངས་སྤྲུགས་ཀྱི་ཆོ་ག་བསྟར། དགེ་འདུན་རེར་སྐྱ་ཆེན་རེ་དང་། གསུམ་ཊཾ། ལོ་སྔ་རྟིང་གཉིས་ལ་འབྱོར་བའི་ཤོ་གསོན་གྱི་གོས་ལྷྭམ་སོགས་ཉེ་བར་དཔྱད་པ་གནག་ཡོད་འགྱེད་ལ་བཏང་། གཙུག་ལག་ཁང་གི་ཟུར་བཞིར་ལོ་གྲོ་ནས་བྱོངས་པའི་རླུང་དྲིལ་ཆེན་པོ་བཞི་ཡང་བཏགས། བསམ་
མཆིམས་ནས་དགེ་སློང་མཆོག་ཏུ་གྲུབ་པས་ཞལ་གདམས་ཤིག་དགོས་ཞེས་བསྐུལ་བར། ཀྱེ་མ་ཧུད་ཁམས་གསུམ་གྱི་འདྲེན་མཆོག །རྩ་གསུམ་བདེ་གཤེགས་ཀུན་འདུས་ཀྱི་ངོ་བོ། །དྲན་ཆོག་རྒྱལ་བ་འཛམ་གླིང་གི་བླ་རྡོ། །ཨོ་རྒྱན་དུས་གསུམ་མཁྱེན་བ་དེ་དྲན་ནོ། །སྔོན་ཚེ་བཟང་པོ་རྫོགས་ལྡན་གྱི་བསྐལ་བ། །མི་རྣམས་རང་བཞིན་ལྷུན་གྲུབ་ཀྱི་དཔལ་ལྡན། །ས་རྣམས་མ་མྲོས་ལོ་ཏོག་གི་འབྱུང་ཁུངས། །ལས་དང་ཉོན་མོངས་བབ་ཤུགས་ཀྱི་ཆུང་དུས། །མཐོ་རིས་བུ་མོའི་སྐྱེད་ཚལ་ལ་ཆགས་ཀྱང་། །གནས་སྐབས་མངོན་མཐོའི་ཡོན་ཏན་གྱིས་ཕྱུག་མོད། །ད་ནི་དུས་ངན་སྙིགས་མ་ཡི་ཡང་མཐའ། །ས་ཡི་བཅུད་ཉམས་ནད་མཚོན་གྱི་བསྐལ་བ། །ཉོན་མོངས་དུག་ལྔ་འབྱོལ་ཉོག་དུ་སྤྱད་པས། །ཚེ་ཐུང་ནད་མང་སྡུག་བསྔལ་གྱི་སྐྱེ་འགྲོ། །ཁྱེར་ཤོག་འུར་ཤོག་འུ་ལག་གི་འདེད་དག །བརྡུངས་ཤིག་བཀྱིགས་ཤིག་མནར་སྤྱོད་ཀྱི་དུཁ། །མ་ལྡངས་མ་ཕྱིད་མ་མཐུན་པའི་ངང་ལ། །མི་ཚེ་ལྷམ་གྱི་རྡོག་པ་ལྟར་འཛད་དོ། །ངན་སོང་གནས་ལ་ལིངས་སྐྱུར་གྱིས་འགྲོ་བའི། །སྤྱི་མཐུན་ལས་ཀྱི་ཉེར་ལེན་འདི་ཨེ་གཟིགས། སྔོན་བསགས་དཀར་པོའི་ལས་ཐབས་ཀྱི་ལྷག་མས། །ད་རེས་དལ་འབྱོར་མི་ལུས་ཙམ་ཐོབ་ཅིང་། །དམ་པ་ཆོས་ཀྱི་སྒོ་མོ་རུ་ཞུགས་ཀྱང་། །ཆོས་
དང་ཞེ་འབྲས་ལྟོ་འགྲངས་དང་གོས་ཕྱིར། །དོན་གཉེར་ཕག་པའི་སྤུན་ཟླ་རུ་སོང་བ། །རང་དང་རང་འདྲའི་གྲོགས་པོ་རྣམས་མཐོང་བས། །གློ་བུར་འཆི་བདག་བདུད་བོ་དང་ཕྲད་ན། །གཙུག་བྱ་སྙམ་གློ་སྙིང་འདི་སྐྱོག་གྲང་། །ཁྱེད་ཀྱང་དལ་འབྱོར་དོན་ཡོད་ཅིག་མཛད་ན། །མང་པོ་ཚོགས་པའི་ཆགས་སྡང་གི་རམ་འདེགས། །མི་བྱེད་བསམས་ཀྱང་ཤུགས་འབྱུང་དུ་ཐལ་བའི། །དུག་ལྔའི་རླུང་འཁོར་དལ་མེད་དུ་བསྐོར་བས། །སེམས་ཉིད་ཨ་ཐང་ཆད་པ་འདི་སྒྱུར་ནས། །ད་རེས་ཚོགས་པའི་ཕ་མ་དང་སྤུན་ཟླ། །ཡུལ་མི་ཁྱིམ་མཚེས་གྲ་ཚོགས་དང་འདུ་ལོང་། །རྟག་རྟག་འདྲ་ཡང་སྐད་ཅིག་ལ་འགྱུར་བ། །ཚོང་འདུས་འགྲོན་པོ་ཤུལ་མེད་ལ་གྱེས་བཞིན། །རང་འཆི་ཚེ་མར་དཀྱིལ་གྱི་སྤུ་ལྟར། །སུ་དང་མི་འགྲོགས་ལས་རྗེས་སུ་འབྲངས་ནས། །ཕྲང་རིང་བར་དོར་གཅིག་སྐྱེལ་ལ་འབྱོན་པའི། །འོ་བརྒྱལ་སེམས་དཔའ་སྐྱོ་མོ་འདི་དགོངས་ནས། །དལ་འབྱོར་རིན་ཆེན་དོན་ལྡན་ཞིག་མཛོད་དང་། །ང་ཉིད་ས་ཕྱོགས་དེ་ཉིད་དུ་སྒོམ་པའི། །བྲག་ཕུག་ཆར་སྐྱོབས་རླུང་སྐྱོར་དང་བཅས་པ། །དེ་ནས་དེ་ལ་མི་རྟག་པའི་དང་ཚུལ། །བལྟས་མཐོང་གཟིགས་གསལ་མཚོན་དཔེ་རུ་བཞག་ནས། ཁྱེད་ཀྱང་གཉེན་འཁོར་ཡུལ་གཞིས་དང་བཅས་པ། །རང་བཞག་
ལིངས་སྐྱུར་ནམ་འཆི་དང་ཆ་མེད། །ཐུགས་ལ་དགོངས་ནས་བསགས་སྦྱངས་དང་བསྐྱེད་རྫོགས། །སྟེང་འགྲུས་མེད་པའི་བསྐུལ་འདེབས་ཞིག་ཞུའོ། །ང་ཡང་འདུག་གནས་སྐྱིད་མོ་ཞིག་གདའ་སྟེ། །བཀའ་གདམས་དགོན་རྙིང་ཚོ་གྱང་རལ་ཚོ་མཐོང་བས། །དེ་པའི་ནང་དུ་འདོན་འདོན་དང་ཆོས་སྤྱོད། །གཉལ་དང་ལོ་རེའི་གྱང་གོག་ཚོ་མཐོང་བས། །དེ་པའི་ནང་དུ་ཆང་འཐུང་དང་གླུ་བཞད། །དོན་མཁར་ལུང་པའི་དུད་སྟོང་ཚོ་མཐོང་ཚེ། །རྣམ་རིག་འཁྱུག་ལ་སྤྱང་གྲུང་དུ་འཛོམ་པའི། །བྱ་བཞག་གཡར་པོ་བྱེད་མཁན་གྱི་མི་ཚོ། །དེང་སང་གར་ཡོད་འདིར་ཡོད་དང་བྲལ་བའི། །མི་རྟག་སྒྱུ་མའི་དཔེ་དོན་གྱི་ཆོས་འདིས། །སྣང་བ་རྨི་ལམ་མིག་ཡོར་དུ་གོན་ས། །ཞེན་མེད་རོལ་པའི་བརྟུལ་ཞུགས་ལ་སྤྱོད་ཡོད། །ཁྱོད་ཀྱང་ངེས་འབྱུང་ཞེན་ལོག་གིས་ལྕག་འདེབས། །དུས་བཞིར་སྙིང་ལ་གསལ་འདེབས་ཀྱིས་སྐུལ་ནས། ལས་དང་རྒྱུ་འབྲས་ཕྲ་ཞིབ་ཀྱི་འདོར་ལེན། །འཁོར་བའི་རྒྱ་མཚོ་མཐའ་མེད་ལས་ཐར་གྲབས། །རང་སེམས་རིན་ཆེན་ཡིད་བཞིན་གྱི་ནོར་བུ། །རང་ངོ་རིག་པའི་ཐབས་རྩོལ་ལ་འབུངས་ནས། །ཚེ་གཅིག་སངས་རྒྱས་འགྲུབ་ངེས་ཤིག་མཛོད་དང་། །ཕོ་བརྒྱའི་དཀྱིལ་ནས་རྒོད་ཤོས་ཤིག་འོད་ངེས། །མགོ་བརྒྱའི་དཀྱིལ་ནས་རང་ཐོན་ཞིག་
འོང་ངེས། །དལ་འབྱོར་མི་ལུས་དོན་ལྡན་ཞིག་ཡོད་ངེས། །དེ་སྐད་སྙིང་ནས་ཕན་འདོད་ཀྱིས་བསམ་པས། །ཁྱེད་ཀྱི་བསྐུལ་པའི་མཆིད་ལན་དུ་སྨྲ་བའི། །བྱེད་པོ་ཀློང་ཆེན་ནམ་མཁའི་དང་རྣལ་འབྱོར། །བི་ཤྭ་ཌཱ་ཀྐིའི་མགུར་དབྱངས་ལ་སྨན་ནས། །དེ་འདྲ་ཇི་བཞིན་སྐྱི་གླུ་ཡི་ཕྲེང་བ། །མགྲིན་པ་རྡོ་རྗེའི་དཀོར་མཛོད་ནས་བླངས་སོ། །གཞན་སྣང་དགེ་ལ་འགྱུར་བ་ཞིག་ཞུའོ། །ལོ་དེའི་སོས་ནས་ཚེ་དཔག་མེད་ཀྱི་སྐུ་འབུམ་ཐེར་བཏག་གནང་གཟུངས་ཀྱི་གཙོ་བོར་བཞུགས་པའི་མཆོད་རྟེན་བྱང་ཆུབ་མཐོང་གྲོལ་སྟོན་པ་འཁྲུངས་པའི་དུས་ཆེན་ལ་འགོ་འཛུགས་ཀྱིས་བཞེངས། །དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་པའི་མཆོད་རྟེན་བརྒྱད་ཀྱི་ཐིག་གི་རྣམ་པར་བཞག་པ་བྱང་ཆུབ་ལྗོན་ཤིང་དུ་གྲགས་པའང་གསར་དུ་བརྩམས། འདི་ལོའང་འབྲོག་ཆེན་འཇིགས་སུ་རུང་བ་གལ་བར་གནས་འབྲེལ་དུ་ལྷགས། །རྫ་ཁྲོད་དུ་བསམ་གཏན་ལ་གནས་པ་ལས། མུན་མཚམས་སུ་ཙོག་པུར་ལོག་པའི་སྐབས་ན་ཞུམ་ནག་ཆེ་ཕྱོགས་ཙམ་ལ། བདེ་བླག་སྲེ་མོང་ལྟར་འཁྱུགས་ཞིག་རྫ་གསེབ་གཅིག་ནས་གཅིག་ཏུ་འཁྱུད་འགྲོ་བ་ཞིག་མཐོང་། ཟླ་བོ་རྣམས་ལ་ཞུམ་བུ་ཨེ་ཡིན་བྱས་པས་འདིར་མི་ཆགས་ཟེར་བ་དག་ནས་ཡུལ་འདི་ན་ཅེ་སྤྱང་
ཡོད་ཟེར་བ་བདེན་པ་འདྲ། །སྟོན་ཟླ་སུམ་རྩི་ཐོག་དང་འབྲས་བུ་སྨིན་པར་ཕྱོགས་པའི་ཚེ་དཔལ་ཆུ་བོ་ནས་རྗེ་གྲུབ་ཆེན་པོའི་ཁྲི་ལ་མཁས་བཙུན་བཟང་པོའི་ཡོན་ཏན་དུ་མས་ལེགས་པར་བསྐྱིངས་པ་ལྕགས་ཟམ་སྤྲུལ་པའི་སྐུ་རིན་པོ་ཆེ་དཔོན་གཡོག་ཉུང་བསྡུས་ཤིག་ཕེབས། ཞག་གསུམ་གྱི་རིང་། དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་བའི་གསུང་གླེང་སྨར། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྣལ་འབྱོར་རྒྱུན་དབང་དང་། ཀློང་ཆེན་སྙིང་ཏིག་གི་ཆོས་བདག་ཏུ་རྟེན་འབྲེལ་འགྲིག་པ་བཞིན་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ཙམ། གཞན་དགོངས་བཞེད་ཀྱི་ཆོས་འབྲེལ་ཐར་ཐོར་འདྲ་ཡང་ཕུལ། སླན་ཆད་སྒྲུབ་ཆེན་བདེ་གཤེགས་འདུས་པ་མ་ཚང་བ་མེད་པ་གསན་བཞེད་དང་། ཤན་འབྱེད། ལ་བཟླ་རང་གྲོལ་མངོན་སུམ་དུ་སྟོན་པ་རྫོགས་པ་ཆེན་པོའི་སྨིན་གྲོལ་ཐུན་མོང་མ་ཡིན་པའི་དགའ་སྟོན་ལ་སྤྱོད་ཕྱིར་ཅི་ནས་ཀྱང་དཔལ་ཆེན་ཆུ་བོ་རིར་སླེབས་པ་བྱེད་དགོས་གསུངས། གང་དུ་ཀུན་ཏུ་རྒྱུ་རབ་བཟང་གི་བརྟུལ་ཞུགས་འཛིན་ཅིང་། དེ་ལས་ཀྱང་གདུལ་བར་དཀའ་བའི་རྒན་པོ་བྱིས་པའི་བློ་ཅན་ལ་ཆོས་ཀྱི་ལས་འབྲེལ་འཇོག་དགོས་ན། དག་སྣང་དང་མཁྱེན་དཔྱོད་ཕུན་སུམ་ཚོགས་པའི་དམ་པ་ལ་བདུད་རྩི་ཟབ་མོའི་མེ་ཏོག་འཐོར་བ་བསྟན་
པ་དང་སེམས་ཅན་གྱི་སྨན་ཡོན་བླ་ན་མེད་པར་འགྱུར་གྲང་སྙམ་ནས། བཞེད་པ་ཆོས་བཞིན་དུ་བསྐང་བའི་ཁས་ལེན་བྱས། དགུན་ཆོས་ཀྱི་བྱ་བ་བསྒྲུབ་པའི་རྩུབ་འགྱུར་ཞི་ཕྱིར་ཁྲོ་རོལ་སླང་དགུ་མའི་གཏོར་བཟློག་གནད་སྨིན་ཞིང་སོང་། ནམ་ཟླ་དྲོས་ནས་ལོག་མིན་ལྷ་ཁང་གི་རྟེན་བཞེངས་ཚུགས། རྟེན་གཙོ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་སྐུ་ཚབ་བདུད་འདུལ་གྱི་ཆ་བྱད་སྐྱེས་བུའི་ལུས་ཚད་ཉིད་འགྱུར་ཙམ་བཟོ་སྒྲོས་གཙང་བ་དང་། འཁོར་དེ་བཞིན་གཤེགས་པ་རིགས་ལྔ། རྗེ་བཙུན་སྒྲོལ་མ་དང་བཅས་པ་མི་ཚད་ཙམ། ཀུན་ལ་སྲོག་ཤིང་ནས་བརྩམས་ཏེ་ནང་གཟུངས་ཀྱི་བྱ་བ་རྣམས་ལག་བསྟར་དང་། རབ་གནས་དགའ་སྟོན་མཐའ་རྒྱས་ལ་ཐུག་གི་བར་ངེད་རང་མཆོད་ཡོན་གཉིས་ཀས་རྒྱུ་འདོན་སྤུན་འདོན་བྱས། གསེར་གྱི་བྱུག་པ་དང་། བཟོ་ཡོན་རྣམས་རང་ཉིད་ཀྱི་འགྲུབ་པ་བཞིན་དུ་བླངས། ཇི་སྲིད་བར་མཆོད་མེ་སྡོང་གང་རེ་ཉིན་མཚན་བར་མེད། ཉིན་རེ་ཞལ་ཟས་དང་། དེ་ཀའི་མཆོད་འབྲུ་བཅས་གཞིས་ཀ་རང་ནས་སྦྱོར་འཇགས་མཛད། ཏིང་མཆོད་ཆ་དང་བླ་བྲེ་སོགས་ཀྱང་དངོས་ནས་བསྒྲིགས། །ཕྱི་ནས་འཇུག་རྣམས་ཀྱིས་ཀྱང་། །དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས། མི་དགེ་
བཅུ་པོ་སྤངས་པའི་སྟེང་། །ཆང་མི་འཐུང་དང་འཚོ་བ་བཟང་། །རྣམ་མི་འཚེ་དང་གོས་སྦྱིན་དང་། །མཆོད་འོས་མཆོད་དང་བྱམས་པ་སྟེ། །མདོར་ན་ཆོས་ནི་དེ་བཞིན་ནོ། །ཞེས་མི་ཆོས་གཏང་མ་བཅུ་དྲུག་ཏུ་གསུངས་པ་བཞིན། འབྲེལ་མཚུངས་ཀྱི་སྲི་ཞུ་སྨྲ་བའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་འདི་དག་ལ་ཁྱིམ་པའི་འཚང་མི་འཆོས། ཉམས་པ་གསོ་བ་དང་། བསྟི་སྟང་ཇེ་ཆེར་བསྐྱེད། རང་དབང་གི་རིལ་རི་རྒྱལ་བསྡམ་པ་དང་། སྲོག་གཅོད་ལ་འཛེམ་པ་སོགས་ཀྱི་རྒྱུན་ལ་འཐད་ན་ཁོ་བོའི་སྨོན་ལམ་གྱི་དབང་ལས་གནས་སྐབས་མཐར་ཐུག་ཀུན་ཏུ་ཁྱེད་ཅག་ལ་དོན་ཆེ་བའི་རྟེན་འབྲེལ་ཟབ་མོ་ཡོད་ཅེས་ཁ་ཆེམས་སུ་འདྲི་བ་ཡོན། །སྒྲུབ་གནས་རྟེན་གསུམ་དང་བཅས་པའི་དཀར་ཆག་ནོར་བུའི་དོ་ཤལ་ཞེས་བྱ་བའང་བྲིས་པའི་ཁོངས་སུ། འཕྲ་རྒྱན། ན་བཟའ་མཆོད་རྫས་སོགས་ཀྱི་ངེས་བརྗོད་ཀྱང་གསལ། གནས་གཞི་དང་པོར་འདེབས་པ་ཙམ་ནས་མ་གཟའ་རྡོར་གསུམ་གྱིས་སྐྱོང་བྲན་བྱེད་པའི་དག་སྣང་ཤར་ཞིང་། ཕྱིའི་གནས་བདག་བརྟེན་མ་ཆེན་མོ་བཀྲ་ཤིས་ཚེ་རིང་མས་རང་གིར་མཛད་པ་བཞིན་གཉེར་དུ་གཏད་ཅིང་སྐྱེས་བུ་ཆེན་པོ་དང་དྲལ་དུ་བྱས་པའི་བླ་རྡོ་སྲོག་འཁོར་ཁྱད་དུ་འཕགས་པའི་རྟེན་མཁར་བཅས་པ་
ཡིན། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང་། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང་། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་ཀྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པ་ཐུབ་པས་གསུངས་དྲེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལ། །བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ཅེས་སློབ་དཔོན་ནཱ་ག་རྫུ་ནས་མཛའ་བོ་བདེ་སྤྱོད་ལ་གདམས་པ་བཞིན། དུས་ཚོད་འདི་ཙམ་ན་ཐེག་མཆོག་རྫོགས་པ་ཆེན་པོའི་སྒོ་ནས་ལས་འབྲེལ་ཅན་སྨིན་པར་བྱས་ཤིང་སྣང་བ་བློ་རྡེག་ཏུ་བསྒྱུར་བའི་རྟེན་འབྲེལ་ལས། །དཀའ་ཐུབ་འབའ་ཞིག་ལྷུར་བླངས་ནས་གྲོལ་བ་དོན་དུ་གཉེར་བཞིན་ལོ་གསུམ་གྱི་དམ་བཅའ་རང་ལ་གནས་པའང་བཅུ་ཕྲག་ཏུ་བརྒལ་བ་དུས་གཅིག་ལ་སྣང་བས། འདི་ཚེའི་ཉིན་གཅིག་གི་དགེ་སྦྱོར་ལའང་དོན་ཅུང་ཟད་འདུག་སྙམ་སྤྲོ་བ་འཕེལ་བའང་བྱུང་། སྤྱིར་ནས་ཆོས་གཤའམ་བྱེད་མཁན་ཉིན་མོའི་སྐར་མ་ལས་ཀྱང་དཀོན་ཞིང་གཏན་ལ་ཕེབས་པས་ཡིད་སྐྱོ་བའི་གནས། གོང་མ་འགའ་ཞིག་གིས་གསུངས་བགྲོས་ན། མི་ཆེན་གྱི་སློབ་མ་སྟོང་ཕྲག་གཅིག་ལས། བརྒྱུད་པ་འཛིན་པའི་སྤྲང་པོ་གཅིག་དགའ་ཞེས་གསུངས་པ་འདི་ཆོས་ཐོག་ནས་དཔྱད་པའི་གསུང་ངེས་པ་ཅན་དུ་སྣང་། རྒྱུ་
མཚན་དེ་ཀས་འཁྲི་དང་གདམས་པ་བཏབ་པ་ལ་ལྟོས་དེ་རྒྱལ་པོའི་ནང་གཟའ་དྲུང་འཁོར་ཚོས་གཉིས་དང་། བསྟི་གནས་ལ་སྤྱོད་པའི་ཁྱིམ་པ། ཚོང་དང་སོ་ནམས་ཀྱི་གཡེང་བའི་བཙུན་གཟུགས་རྣམས་ལ་སློབ་མའི་དངས་མ་བྱས་པས་ཅི་བཏུབ། བྱ་བ་གཏིང་ནས་ཐོངས་པའི་རྟོགས་བཙུན་གངས་ཀྱི་སེང་གེ་འདྲ་བ་བྱུང་ན་དགའ་སྟེ་དེ་ལས་ཉུང་། འདི་ལོ་མདའ་དཔོན་གཡུ་ཐོག་པ་དཔའ་བོའི་དབང་ཕྱུག་དེ་ཉིད་ཆུ་ཚན་ཞོར་ནས་དཔོན་ག་ཡོག་ལྔ་བཅུར་ཉེ་བ་དཔུང་གི་ཚོགས་ཡན་ལག་བཞི་པའི་ཆ་ཤས་ལ་འགྲན་པ་བཞིན་དུ་འདིར་ཆིབས་ཁ་བསྒྱུར། སྤྱིར་གང་ཟག་གི་རྒྱུད་ཚོད་ནི་སུས་ཀྱང་ཐེངས་པར་དཀའ་མོད་དེ། ཁྱིམ་པའི་ངང་ཚུལ་ཅན་ཞིག་ལ་དེ་དཀོན་མཆོག་གསུམ་ལ་བླ་མར་བྱ་བའི་དག་སྣང་འབྱོངས་ཐལ་བ་ཞིག་ཡིན་པར་སྣང་། །བཀའ་བསྒོ་དང་། བྱིན་རླབས་དགོས་གསུངས་པ་བཞིན་བྱས། མགུར་དབྱངས་ལ་དགྱེས་ཆེ་བས་བསྐུལ་བར་མཛད་པ་བཞིན། ལས་སྨོན་རྟེན་འབྲེལ་དཔག་བསམ་ལྗོན་ཤིང་གི་སྟེང་དུ། རྒྱ་གར་ཤར་གྱི་རྨ་བྱ་གཞོན་ནུ་ཡང་ཕེབས་བྱུང་། །རྨ་བྱའི་གདུགས་སྐོར་དམ་པའི་ཆོས་ཕྱོགས་ལ་བསྒྱུར་དང་། གཞོན་པ་ང་ཆོས་ཐར་པའི་ལམ་སྣ་ཞིག་ཟིན་ཡོང་། །བསོད་ནམས་དཔྱིད་ཀྱི་རྒྱལ་མོའི་ཤིང་རྟ་ལ་ཕེབས་པའི། །ལྷོ་མོན་ཤིང་ལོའི་ཚལ་གྱི་ཁུ་བྱུང་གི་གསུང་སྙན། །ཡ་གི་དྲི་ཟིའི་བུ་མོའི་གླིང་བུ་ལས་སྙན་པ། །དབྱར་
གསུམ་ནམ་ཟླ་བསྲོ་བའི་རྟེན་འབྲེལ་ལ་ཡག་བྱུང་། འདིར་འདུས་ལས་སྨོན་མཐུན་པའི་རྡོ་རྗེའི་དང་སྤུན་གྲོགས། །ང་ཚོའི་བླ་མ་བཞུགས་པའི་ཆོས་ར་ལ་ཕེབས་དང་། །སྨིན་གྲོལ་བདུད་རྩི་འཐུང་བའི་དགའ་སྟོན་གྱི་ངང་ནས། །ཉམས་དགའ་གླུ་རུ་ལེན་པའི་ཁྱད་ཆོས་ཤིག་ཡོད་དོ། །བདེ་ཆེན་འཕོ་འགྱུར་མེད་པའི་བཞུགས་གྲལ་གྱི་དབུས་ནས། །ལྷ་དང་བླ་མའི་ཞལ་རས་མ་བསྒོམས་ཀྱང་མཐོང་བྱུང་། །མ་དང་མཁའ་འགྲོའི་སྙིང་ཏིག་འོད་གསལ་གྱི་ཐེག་པས། །འཇའ་ལུས་ཆོས་སྐུར་བསྒྲུབ་པའི་དངོས་གྲུབ་ཅིག་ཞུའོ། །ཞེས་པ་འདི་རམ་འདེགས་དང་བཅས་བླངས་པ་ཡིན། ཐེགས་ཁར་དབང་བཞི་ལེན་པ་ཡིན་ཞེས་ངོས་ལ་དབུ་གཏུགས་ནས་སྤྱན་ཆབ་བསིལ་བར་འདུག །སྣང་བ་འདི་སློབ་མཚོར་འཆར་གྱི་ཡོད་ན་ཉམས་རྟོགས་སྐྱེ་བའི་རོགས་སུ་ཤིན་ཏུ་འགྱུར་བར་གདའ། གནང་སྦྱིན་གྱི་གྲས་སུ་མར་སྟང་ཆེ་བ་ཞིག་འདུག་སྟེ་། ལྷ་སར་མཆོད་པའི་འབྲེལ་བ་དང་པོར་ཕུལ། དཔལ་རི་ནས་སྤྲུལ་པའི་སྐུ་ཡུལ་རྐྱེན་གྱི་ཉེས་དམིགས་དུ་མས་ཐུགས་དབྱུང་ནས་འཁྲིད་གསན་པ་ལ་ཕེབས། གོ་དོན་ཆགས་སུ་རེ་ནས་སེམས་ཉིད་ངལ་གསོས་ཁོག་ཕུབ་སྟེ་གསོལ་འདེབས་དང་སྦྲགས་སྔོན་འགྲོའི་སྐོར་དཔྱིས་ཕྱིན་པ་ནས། དངོས་གཞི་རྫོགས་པ་ཆེན་པོའི་ཀློང་ཆེན་སྙིང་ཏིག་ནས་རང་བྱུང་གདོད་མའི་
རྒྱལ་ཐབས་ལ་མངའ་གསོལ། རྒྱབ་ཆོས་སུ་ཤིང་རྟ་ཆེན་མོ་རྩ་འགྲེལ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བའི་སྙིང་པོ། མཁའ་འགྲོ་སྙིང་ཏིག །བླ་མ་ཡང་ཏིག །མཁའ་འགྲོ་ཡང་ཏིག་སོགས་ཀྱང་སོང་། གྲོལ་ཐིག་ལ་དབང་ཆོག་སྒྲིགས་མ་དགོས་གསུང་བ། གསང་ཆེན་རྡོ་རྗེའི་ལམ་གྱི་གཞི་ལ་མ་འབྲས་བུའི་གནད་མ་ལུས་པ་དབང་གི་སྒྲོམ་ནས་ཤེས་པར་གྱུར་པ་འདི་རྒྱལ་བ་རོད་རྗེ་འཆང་གི་རིང་ལུས་སྒྲ་ཇི་བཞིན་པ་འཛིན་པ་རྣམས་ཀྱི་སྤྱི་ནོར་ཡིན། གདམས་ཕྲན་ཕལ་ཆེར་ལ་མན་ངག་གི་གཞུང་བསྲང་མི་ནུས་པ་ཞིག་སྣང་ནའང་། འདིའི་དཀྱིལ་འཁོར་གྱི་ཆོ་ག་དབང་དོན་དེ་ཉིད་གསལ་བ་ཞེས་བྱ་བའི་དོན་ཚིག་ཉུང་ལ་དོན་དཔག་པར་དཀར་བ་རྒྱུད་སྡེ་ཆེན་པོའི་སྤྱི་ཆིངས་ཀྱིས་ལེགས་པར་འཁྱུད་ལ་རྒྱ་བོད་ཀྱི་གྲུབ་ཆེན་རྣམས་ཀྱི་གཞུང་དང་མི་འགལ་བ། ཁྱད་པར་གསང་བ་འདུས་པའི་གཞུང་དང་ཕྱོགས་མཐུན་པ་ཉིད་དུ་རིག་པས། བར་སེང་རྣམས་སུ་དཔལ་ལྡན་འདུས་པ་མི་བསྐྱོད་རྡོ་རྗེའི་རྒྱ་གཞུང་དང་། བོད་འགྲེལ་ཚད་མར་གྱུར་པ་རྣམས་ལའང་རང་སྟོབས་ཀྱི་དཔྱད་པ་བཅུག །རང་ལུགས་རྗེ་བཙུན་ཐམས་ཅད་མཁྱེན་པ་མངའ་རིས་པཎ་ཆེན་རིན་པོ་ཆེས་གསར་རྙིང་གི་རྒྱུད་སྡེ་རྒྱ་མཚོའི་དབང་དོན་ཕྱོགས་གཅིག་ཏུ་བཀོད་བ་གབ་པ་མངོན་ཕྱུག་གསལ་བའི་མེ་ལོང་ཞེས་བྱ་བའི་རང་
བཞིན་ཀྱང་ངེས་པར་བྱས་ནས་དབང་གི་ཆོ་ག་མཁྱེན་བརྩེའི་དགོངས་རྒྱན་ཞེས་བྱ་བ་དེ། གོ་བདེ་བ་དང་དོན་འདུ་གཙོ་བོར་བཏོན་ནས་བསྒྲིགས། ཆུ་བོ་རི་ནས་གནོད་སྦྱིན་ཡང་ལེ་བེར་གྱི་བླ་རྡོ་སྲོག་འཁོར་ཞིག་བཅའ་དགོས་གསུང། གཞོན་ནུའི་དུས་ནས་ཙཀྲ་བྱ་བ་ལ་བྱང་ཆུབ་པ་ཞིག་པས་པཎ་ཆེན་རིན་པོ་ཆེའི་གཏེར་གཞུང་ལ་མན་ངག་ལག་ལེན་གྱིས་བརྒྱན་པ་ཉམས་སུ་བསྟར། དེ་སྐབས་གསང་ཆེན་རྙིང་མ་ལ་ཕྱི་སྐོར་འདིར་བསྐྱེད་རིམ་གྱི་རྣམ་གཞག་ཞལ་གསལ་དབྱིངས་ཡོད་ཀྱི་ཡིག་གསལ་དཀོན་པས་དེ་ལྟ་བུ་ཞིག་ཅིས་ཀྱང་དགོས་ཞེས་ཕེབས་པ་ལ། འོན་མིན་བགྲོད་པའི་ཐེམ་སྐས་ཞེས་ཕྱ་བ་བྲིས་ནས་ཕུལ་བ་ལ་དགྱེས་པ་འཁྲུལ་པའི་མཆིད་ལན། དཀྱིལ་འཁོར་ཀུན་གྱི་གཙོ་བོར་བཞུགས་ཀྱང་སེམས་ཅན་ཀུན་གྱི་བསམ་པ་ཇི་བཞིན་རྣམ་པར་འཕྲུལ། ཤེས་བྱ་ཀུན་གྱི་ཕ་རོལ་བྱོན་ཡང་སྤྲོས་པ་ཀུན་གྱིས་རྙོག་པ་མེད་པའི་ཐུགས་མངའ་བ། །བསྟན་པ་ཀུན་གྱི་སྒྲོན་མེ་ལགས་ཀྱང་སངས་རྒྱས་ཀུན་གྱི་གསང་ཆེན་རྡོ་རྗེ་སྙིང་པོའི་ཆོས། །མཁས་པ་ཀུན་གྱི་རྟོགས་པར་དཀའ་མོད་ཐར་འདོང་ཀུན་ལ་རྒྱ་ཆེར་སེང་གེའི་སྒྲ་སྒྲོག་ཅེས། །སྙན་གྲགས་གཏམ་གྱི་འོག་མིན་ཞིང་ཁྱོན་ཡང་། །ཡོངས་སུ་གང་དེ་དོན་དང་ལྡན་པ་ཉིད། །ཐུགས་རྗེའི་རང་བཞིན་
མཁའ་ལྟར་རྒྱ་ཆེ་བ། །དཔལ་ལྡན་བླ་མའི་ཞབས་བཏེགས་ནོར་བུའི་དྲུང་། །ཟོལ་སྦྱོར་ཙམ་མིན་མགོན་ཁྱོད་ཡོན་ཏན་གྱི། །རིན་ཆེན་ཤིང་རྟ་བླ་ན་མཐོ་བ་ཡིས། །ཉེར་དྲངས་རི་དབང་བཞིན་དུ་མི་གཡོ་བའི། །དད་པ་རྒྱས་པས་ཕྱག་གིས་བཏུད་དེ་ཞུ། །འོག་མིན་ཞིང་ན་རྡོ་རྗེ་འཆང་། །རྔ་ཡབ་དཔལ་རིར་ཨོ་རྒྱན་རྗེ། །སྙིགས་དུས་ཕྱོགས་འདིའི་མུན་སེལ་བུ། །སྨྲ་བའི་དབང་ཕྱུག་འཇིགས་མེད་གླིང་། །དངོས་གཅིག་དུ་མའི་ཟློས་གར་ཆུ་ཟླ་བཞིན། །བསྒྱུར་བའི་ངོ་མཚར་དོངས་པོར་མཚན་དཔེའི་ཉི། །སྲིད་གསུམ་ལེགས་ཚོགས་པདྨོ་ཁ་འབྱེད་པའི། །སྣང་བ་མི་འགོག་ཉིན་མོའི་དཔལ་གྱི་གཤིས། །རྨོངས་ཆེན་དུག་གིས་མྱོས་པའི་འཇིག་རྟེན་གྱི། །བྱང་ཆུབ་སྲོག་རྩ་གཅོད་ལ་དཔའ་བའི་ཁུར། །འཛིན་ལ་མཁྱེན་རབ་བདུད་རྩིའི་ཆུ་རྒྱུན་ཅན། །དྲི་མེད་བཤེས་གཉེན་ངག་གི་དབང་པོའི་ཞབས། །སྙིགས་དུས་ཤིན་ཏུ་རྒུད་པའི་རླུང་ནང་དུ། །ཐུབ་བསྟན་སྒྲོན་མེ་མིང་གི་མཐར་ལྷུང་ཚེ། །མཁྱེན་བརྩེ་ཡེ་ཤེས་སྣང་བས་སྲིད་གསུམ་བྱོན། །ཡོངས་ཁྱབ་མགོན་ཁྱོད་རྣམ་པར་མངོན་སུམ་བྱོན། །གདོང་མ་ཉིད་ནས་ཇི་ལྟ་ཇི་སྙེད་ཆོས། །ཐམས་ཅད་གཟིགས་པའི་རིན་ཆེན་བཻ་ཊཱུརྱ། །འབད་རྩོལ་སྦྱངས་སྟོབས་བཙོ་སྦྱངས་དལ་བ་ལ། །
ལྟོས་མིན་མཁྱེན་བརྩེའི་འོད་ཟེར་ལྷག་པར་འབར། །སྣ་ཚོགས་གྲུབ་མཐའི་བློ་ཡི་ཞེ་འདོད་གཟིངས། །རྒྱལ་ཀུན་གསུང་རབ་ཆུ་གཏེར་ཆེར་བཤམས་ཀྱང་། །མཐའ་བྲལ་དགོངས་པའི་ཡིད་བཞིན་དབང་གི་རྒྱལ། །ཚོགས་གཉིས་དཔུང་པས་ཐོགས་པ་གཞན་མ་མཆིས། །གང་འདིར་སྙིགས་དུས་ང་བཞིན་རྩུབ་མོས་ཆེར་དཀྲུགས་པའི། གསང་ཆེན་རྡོ་རྗེའི་ཐེག་མཆོག་ཆོས་ཚུལ་བསྡུ་བ་ལ། །དུས་གསུམ་རྒྱལ་བའི་བཀའ་ཡི་ཅོད་པན་ཁྱོད་ལ་བཅིངས་། །རྡོ་རྗེ་ཆོས་དང་སྐལ་བ་མཚུངས་ཤིང་ངོ་བོ་གཅིག །རྩོད་དུས་མཐའ་འདིར་པདྨ་སཾ་བྷ་ཝའི། །ཆོས་ཀྱི་རྒྱལ་སྲིད་འཛིན་པ་མགོན་ཁྱོད་ཡིན། །གཞན་དུ་ཆོས་ཀྱི་རིགས་ལས་སྐྱེས་པ་ཕལ། །རྨོངས་དང་འདུ་འཛིའི་སྤྱོད་པས་ཆེས་ཆེར་ཉམས། །དེ་སླད་ཆོས་ཀྱི་དུང་སྒྲ་འཆད་དང་རྩོམ། །གསལ་བར་ཁྱོད་དང་དུས་གསུམ་རྒྱལ་བའི་མགུར། །རོ་གཅིག་ཉིད་ནས་ཕྱོགས་འདིར་སྒྲོག་པ་ལ། །སྐྱོན་དང་འགྲན་ཟླའི་གོ་སྐབས་སྲིད་ན་སུ། །སྐྱོ་བཞིའི་ཁང་བཟང་རྩེ་མོར་འགྲོ་བའི་རིན་ཆེན་ཐེམ་སྐས་མ་སྨད་པ། །བསྐྱེད་པའི་རིམ་པའི་རྣམ་པར་བཤད་པ་ངོ་མཚར་ཚིག་དོན་བཅུ་དྲུག་ཆ། །རབ་རྫོགས་མཁྱེན་རབ་རི་དབང་སྤོ་ནས་སྐལ་བཟང་སྤྱོད་ཡུལ་མཁའ་ལ་ཤར། །དེ་ཚེ་
རྒྱལ་སྲས་ཀུན་གྱིས་བཀྲ་ཤིས་གླུ་དང་རོལ་མོས་མཆོད། །གང་ཆེ་ལོགས་བཤད་བདིད་རྩི་དངར་པོའི་སྐྱེས། །ཐུགས་རྗེས་ཆགས་པའི་བཀའ་དྲིན་རོ་བདའ་བ། །གུས་དང་སྤྲོ་བའི་སྤྱི་བོ་ལ་སོན་པས། །རིང་དུ་སྣ་ཚོགས་རྟོག་པ་འགགས་པར་གྱུར། །མཁས་དང་བཙུན་དང་གྲུབ་པའི་ཡོན་ཏན་བྲལ། །སྒོམ་པའི་མྱུ་གུ་ལེ་ལོའི་སད་ཀྱིས་བཅོམ། །མང་དུ་ཐོས་ཀྱང་འབྲས་བུ་སྟོངས་པ་བདག །བསམས་བཞིན་རང་གི་ཚུལ་ལ་ཁྲེལ་བར་གྱུར། །འོན་ཏེ་རྒྱལ་ཀུན་འདུས་ཞལ་བླ་མའི་ཞབས། །གཙུག་གི་ནོར་བུར་ཐོབ་པ་ལེགས་བྱས་ཀྱི། །ཕུང་པོ་མངོན་མཐོར་ཤེས་པའི་སྤྲོ་དགའ་ཡིས། །ཁྱོད་ཤེས་གསོལ་འདེབས་ཙམ་ལ་སྐྱབས་འཚོལ་བཞིན། །འཆི་མེད་གྲུབ་པ་དཔལ་གྱི་རི་བོའི་ངོས། །དགེ་བའི་འབྱུང་གནས་རྒྱལ་བའི་གཙུག་ལག་ཁང་། །གསར་དུ་བསྒྲུབ་པའི་འདུ་འཛི་བརྒྱ་ཕྲག་གིས། །ཡིད་ནི་ཞི་བའི་གནས་ལས་རིང་དུ་བྱས། །ཞེས་པ་ལ་སོགས་གཙུག་ལག་ཁང་གསར་འདེབས་གྲུབ་བསྟུན་རབ་གནས་དང་བཅས་བཞེང་དོན་འབྱམས་ཀླས་པ་བསྒྲུབ་ཕྱིར་ལྷགས་དགོས་པ་སྙན་གསན་དབབ་པའི་ཚུལ་དུ་བྱུང་། དེ་ལྟར་ཆབ་ཤོག་གི་རིམ་པ་བཀོད་པའང་སློབ་དཔོན་ཀླུས། ཤེས་རབ་མེད་ལ་བསམ་གཏན་ཡོད་མིན་ཏེ། བསམ་གཏན་
མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་འདི་གཉིས་ཡོད་པས་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །ཞེས་འཇིག་རྟེན་གྱིས་རྨོངས་པའི་བློས་དམ་པར་བཏགས་པ་ཙམ་ལ་མི་ལྟོས་པར་རང་ངོའི་ཡོན་ཏན་གྱི་བྱེ་བྲག་རྒྱ་མཚོ་དང་བ་ལང་གི་རྨིག་རྗེས་ཀྱི་ཆུས་མཚོན་པའི་གནས་དམ་པ་དེ་དག་གི་རྣམ་ཐར་ཟུར་གྱིས་བསྟན་པར་བྱ་བའི་སླད་དུ་ཡིན་གྱི། དངོས་ཀྱི་གྲགས་པ་སྒྲོག་པའི་དོན་དུ་ལྟ་ག་ལ་ཞིག་སྟེ། སྤེལ་ལེགས་ཀྱི་ཚིག་ལ་རབ་བཏགས་ཀྱི་སྲད་བུ་རྒྱུ་བ་འདི་རྒྱག་པ་བ་སྤུ་ཅན་གྱི་བསྟན་བཅོས་ལ་སོགས་བརྗོད་གཞི་མཛེས་པར་བྱ་བའི་ཕྱིར་ན་བྱས་པ་ལས། དོན་ལ་མི་གནས་པའི་ཚུལ་སློབ་དཔོན་ཙནྡྲ་གོ་མིས། བུད་མེད་ཡན་ལག་དྲི་དང་རུལ་བ་ཤིན་ཏུ་མི་སྡུག་དང་། །པདྨ་ཟླ་བ་ཨུཏྤལ་དག་ཏུ་སྙམ་བྱེད་པ། །སྙན་ངག་མཁན་གྱི་རྫུན་དེའི་འབྲས་བུ་མི་བཟད་པ། །དེ་དག་དེ་ཡི་མངལ་ནས་འཇུག་པ་དེ་ཡིན་ནོ། །ཞེས་གསུངས་པ་ལགས་སོ། །སེར་སྣ་གཡོ་སྒྱུ་ཆགས་དང་སྙོམ་ལས་དང་། །མངོན་པའི་རྒྱལ་འདོད་ཆགས་ཞེ་སྡང་དང་། །རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང་། །དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། །ཞེས་པའི་རྣམ་གྲངས་འདི་འཇིག་
རྟེན་པ་ལྟ་ཅི་ཆོས་པ་བཟང་པོས་ཀྱང་བྱ་དཀའ་བའི་གནས་སུ་སྣང་ཡང་། ཆོས་ཀྱི་རྗེས་སུ་འབྲང་བའི་མདའ་རིས་ལ་དབང་བ་དག་ཡིད་ལ་སྨོན་པའི་གནས་ལ་མ་ནོར་བ་ཡིན་པའི་བརྗོད་པ་ཡང་ཡང་ཡོད་པ་ལ་བརྟེན། རང་ཡུལ་ན་གྲགས་པ་དོན་དུ་གཉེར་པའི་རྣམ་དཀར་ལས་གནད་དུ་སྨིན་པ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར། སྦྱིན་པའི་བདག་མོ་ཙནྡྲ་ཤྲིས་རྒྱན་གོས་ཀྱི་ཐོག་ནས་སྟོང་མཆོད་བཤམས་པར་མཛད་བའི་ཞར། ཐིལ་ནས་ལང་རྫོང་བར་གྱི་སྒྲུབ་གནས་བྱིན་ཅན་མ་ཚང་བ་མེད་པར་བརྒྱ་མཆོད་རེ་དང་། ཚོགས་བརྒྱ་རེ་མེ་མཆོད་བཅས་པའི་ཚོགས་གསོག་དང་སྦྲགས་ཡོན་མཆོད་ཚང་མས་གནས་འབྲེལ་བྱེད་དུ་ལྷགས། དེར་རྐང་འགྲོས་ཞན་པས་བཞོན་པ་ལ་བརྟེན་དགོས་པའི་ཕྱིར་དཀའ་བ་དང་དུ་ལོངས་པའི་ངལ་དུབ་ཀྱི་སྒྲིབ་པ་ལ་དག་ནུས་པ་ཞིག་ཡོང་ཚོད་མིན་ཏེ། གནས་རྟེན་ཁྱད་པར་ཅན་གྱི་བྱིན་རླབས་ཁོ་ནས་ལམ་བར་ཚར་གཉིད་འོད་གསལ་དུ་འཆར་བ་དགའ་མོས་བྱུང་། གཞན་དུ་ན་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་ཆོས་རྗེ་གླིང་པའི་མགུར་ན། སྔོན་བཀའ་བརྒྱུད་ཀྱི་བསྟན་པ་དར་བའི་སྐབས། འགྲོ་མགོན་གྱི་ཕག་མོ་གྲུབ་པ་ལའང་། རོ་གཅིག་རྟོགས་ངེས་ཀྱི་སློབ་བུ་གསུམ། འཇིག་
རྟེན་མགོན་པོ། འབར་རྟ་ཕུག་པ། ཆོས་རྗེ་ལྷུན་མེ་ དེ་ལས་མོད་པ་རྣམ་ཐར་ན་གསལ། །དུས་དེང་སང་རོ་གཅིག་དང་སྒོམ་མེད་དུ། །ཞལ་བཞེས་ཀྱི་སྒོ་མཆེད་སྐར་ལྟར་བཀྲ། །ང་གཅིག་ཏུ་སྐལ་བ་བཟང་བསམས་ཀྱང་། །ཁྱེད་རྟོགས་རྟོགས་འདི་ཡི་མང་ལུགས་ཀྱིས། རྟོགས་པ་ཞིག་རྒྱུད་ལ་མ་སྐྱེས་དོགས། །ཁྱེད་ཉམས་རྟོགས་རོ་གཅིག་གི་རྣལ་འབྱོར་ཚོ། །ཟས་ཞིམ་མངར་དང་ཐག་གི་འཇམ་རྩུབ་དང་། །དེས་མཚོན་པའི་ངོ་བསྲུང་དང་མཐུན་འཇུག་འདིས། །གསུང་དྲང་མདོག་ཁ་ཡང་རྫུན་དུ་ཟད། །དོན་དེ་ཕྱིར་རྣམ་རྟོག་གི་གདར་ཤ་ཆོད། །རོ་སྙོམས་ཀྱི་གདམས་པའི་ཕྲང་ལ་གཤོར། །ཆོས་དང་རང་སེམས་ལ་ཞུ་དག་མཛོད། །ཅེས་པ་འདི་ཤིན་ཏུ་མེད་པར་སྣང་། །ལོ་འདིར་ཕག་ཀྱིས་ས་བརྐོ་རྡོ་སློག་བརྩོན། །ཞེས་པ་ལྟར། ཆར་ཆུ་སྔར་མི་གྲག་རྒྱས་པས་ཞིང་མང་པོ་གྲམ་པར་བརྡལ། ཟམ་པ་ཕལ་ཆེར་ཤུལ་མེད་དུ་སོང་བས་རྡོ་རིང་མདུན་གྱི་ཟམ་པར་སླེབས་པའི་ཚེ། ཚོ་བཞིའི་རྒན་པོ་བཅས་མི་ཉིས་བརྒྱ་ཙམ་ཟམ་ཤིང་ལ་ཐག་པ་འདོགས་བསོགས་བྱ་བ་མང་པོས་བྲེལ་འདུག་པ་ཀུན་གྱིས་བྱིན་རླབས་ཞུ་བ་དང་སྦྲགས། བླ་མ་གྲུབ་ཐོབ་ཕེབས་ད་ཆ་དགའ་མོ་ཨེ་ཡོད། བྱིན་རླབས་ཐུགས་རྗེ་ཆེ་དགོས་ཞེས་འགའ་གདོགས་ཨོ་རྒྱན་པདྨ་ལ་བྱས། དེ་ལ་
སྙིང་རྗེ་ཤུགས་དྲག་ཅིག་སྐྱེས་བྱུང་བའི་མོད། ཆུ་ལ་དྲག་སྔགས་སོ་ལྔ་པ་བཟླས་པའི་རྗེའུ་གཏོར། ཀ་བ་རྣམས་ཀླུ་ཆེན་བརྒྱད་དང་། གདུང་ལྕམ་ལྟོ་འགྲོའི་དབང་པོའི་དྲ་བར་འབྲེལ་བར་བསྒོམས་པའི་མེད། ཟམ་པ་རང་བཞིན་མེད་པར་ཤེས་པའི་དང་ལ་རྟེན་འབྲེལ་སྙིང་པོ་དང་། ཤིས་པ་བརྗོད། དེད་ཀྱི་བསྟན་པ་དང་། སེམས་ཅན་ལ་ལན་ཐོགས་པ་ཞིག་ཡིན་ན་ཟམ་པ་འདི་གནས་པར་ཤོག་ཅིག་སྙམ་དུ་དཀོན་མཆོག་གསུམ་ལ་གདུང་བ་དྲག་པོ་ཞིག་སྐྱེས། གཞན་ངོ་ལ་བདེན་རྫུན་གྱི་དགས་ངས་དགོས་པ་མེད་དེ་རང་ངོ་ལ་རྟེན་འབྲེལ་བཟང་པོ་ཞིག་འགྲིག །མི་རིང་བར་ལྕགས་ཟམ་བྱང་ཆུབ་རྒྱུན་ལམ་ནས་ཞམ་རིམ་པ་ཅན་རྟ་ཁལ་ལག་དོ་དང་བཅས་འབོད་མཁན་དུ་ལྷགས། རྣམ་གླིང་པ་སོགས་ཐུགས་འབྲེལ་ཅན་འབའ་ཞིག་གི་སྲ་ཞགས་བགྱིད་དུ་སྩལ། དཔལ་འགོས་ལོ་ཙཱ་བའི་དེབ་སྔོན་གྱི་རྒྱུས་གྲ་ཐང་གི་གཙུག་ལག་ཁང་དང་། ལམ་བརྐྱང་བྱམས་པ་གླིང་གི་སྐུ་འབུམ་ཡང་མཇལ་བར་ཕྱིན། ནང་གི་རྟེན་གསུམ་དང་། མཆོད་རྟེན་གྱི་བཟོ་བཀོད། གྱང་རིས་སོགས་ཁྱད་དུ་འཕགས་པ་ཞིབ་མཇལ་དང་། ཏཱ་ར་ན་ཐའི་རྣམ་ཐར་ན་གསལ་བ་བཞིན་ཡས་རྒྱབ་པས་བཞེངས་པའི་གྲུབ་བརྒྱ་སོགས་ལའང་རྟོག་པ་ཞིབ་ཏུ་བྱུང་། དགོན་ཁྲོད་ན་དུས་འཁོར་མཆོད་རྟེན་སོགས་མཁས་པའི་དབང་ཕྱུག་བྱོན་པའི་ཕྱག་རྗེས་མང་དུ་སྣང་། ལར་པཎ་ཆེན་
བྱམས་པ་གླིང་བ་དང་། མངའ་རིས་པཎ་ཆེན་བདྤ་དབང་གི་རྒྱལ་པོ་གཉིས་ཡེ་ཤེས་ནང་དུ་ཕྲད་པས་གསར་རྙིང་གི་ཐབ་ཆོས་ཕན་ཚུན་དུ་འབུལ་བར་མཛད་ཤུལ་རྣམ་ཐར་ན་ཐེབས་པས་སྐྱེས་བུ་དམ་པ་དེ་ཚོར་རྩ་ལྟུང་དྲུག་པ་ལ་དག་གིར་མི་མཛད་པ་ཞིག་ཡིན་པར་སྣང་། རིམ་གྱིས་ཐར་རྩེ་ཐབ་བསུ་དང་བཅས་སྨོན་འགྲུབ་འཆི་མེད་ཐར་པ་གླིང་གི་ཉེ་འདབས་སུ་སླེབ་པ་ན། མཁྱེན་གྱོད་ཕུན་སུམ་ཚོགས་པའི་སྤྲུལ་པའི་སྐུ་རིན་པོ་ཆེས། ཐར་པའི་རྒྱལ་མཚན་ཆོས་གོས་རྣམ་གསུམ་གྱི་ཕྱ་བྱད་མཐོང་ན་མེ་མཐུན་པ་མེད་པས་སྒོ་དྲུང་དུ་བསུ་བ་ལ་བྱོན། སྤྱིར་སེམས་ཅན་གྱི་མོས་པས་དད་ཅིང་། ཁྱད་པར་དངོས་ཅག་ལ་ཐང་སྟོང་རྒྱལ་པོར་བླ་མ་བཟང་པོའི་ཕྱག་དང་། སྨྱོན་པ་བརྩོན་འགྲུས་ཀྱི་དྲན་རྒྱའི་དཔེ་བཞིན། མཆོག་དམན་དུ་མར་བརྙས་པ་དང་། བཀུར་སྟི་ཕྱོགས་འཛོལ་བར་འོང་པའི་ཚུལ་སྣང་བ་གོམས་པར་གྱུར་བར། ཙམ་པ་ཀའི་དོ་ཤལ་གྱོན་པ་ལ་དང་བ་བརྟས་པའི་སྣང་བ་ཨ་འཐས་ཤིག་མ་ཡིན་མོད་ཀྱི། རྒྱུད་སྡེ་རྒྱ་མཚོ་དང་། བླ་མ་ལྔ་བཅུ་བའི་དོན་ཐུགས་སུ་ཆུད་པས་དམུན་པོའི་དྲེགས་པ་དབྱིངས་སུ་བཞག་པ་ལ་ངོ་མཚར་དཔག་ཏུ་མེད་པ་སྐྱེས། དམ་པ་མཆོག་གནས་གསར་དུ་བསྐྲུན་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལ་རིག་འཛིན་བཀའ་བརྒྱད་ཀྱི་རས་བྲིས་དཀྱིལ་འཁོར་ལ་
བརྟེན་ནས་ལྷག་པར་གནས་པའི་ཆོ་ག་དངོས་སྟ་ཉིན་གཉིས་མ། མཚོན་པར་གནས་བྱའི་འཁོར་ལོ་ཐབ་ཏུ་སྤྱན་དྲངས་ནས་སྲག་བླུགས་ཀྱི་མཆོད་པས་མཉེས་པར་བྱ་བ་སོགས་ཡོན་བདག་བསྒོ་བ་ནས་དགའ་སྟོན་ལ་ཐུག་གི་བར་མཐའ་རྒྱས་སུ་བྱས། དཀྱིལ་འཁོར་དེ་ཁའི་སྟེང་ནས་དངོས་སྟ་སྦྲེལ་མའི་དབང་ཡང་བཞེད་པ་བཞིན་ཕུལ། ཉག་གཏེར་ཕག་མོ་ཁྲོས་མའི་མེ་མཆོད་ཀྱི་ཞིང་སྐྱོང་གི་མཁའ་འགྲོ་མ་རྣམས་མཉེས་པར་བྱས། དེ་ནས་ཐུགས་རྒྱུད་གྲོལ་བར་བྱེད་པ་འཁྲིད་ཀྱི་གནས་ལ། གསང་སྔགས་སྔ་འགྱུར་ལ་མདོ་སྒྱུ་སེམས་གསུམ་གྱི་རང་ཚུགས་འཛིན་པའི་གྲུབ་པའི་མཐའ་ཁྱད་དུ་འཕགས་པ་ཡོད་པའི་སྟེང་། རྒྱ་གར་གྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་རིང་ལུགས་ཀྱང་ཞར་གྱིས་ཚང་བ་བསྟན་པལ་རིམ་གྱིས་བསླབ་པ་རྒྱ་ཆེན་སྤྱོད་པ། ས་ལམ་ཏིང་ངེ་འཛིན་གྱི་དྲོད་ཚད་བསྟན་པ་ཟབ་ཅིང་རྒྱ་ཆེ་བ། ཆོས་ཉིད་ཀྱི་གནས་ལུགས་བསྟན་པ་ཟབ་མོ་ལྟ་བ་སྟེ། བརྒྱུད་པ་གསུམ་གྱི་མན་ངག་ཀྱང་ཆུ་བོ་གཅིག་ཏུ་འདྲེས་པ་རྒྱལ་བ་ཀློང་ཆེན་པའི་གཞུང་ཡོད་བཞིན་དུ་ཡན་ལག་བརྒྱད་ལྡན་གྱི་ཆུ་འགྲམ་ན་བ་ཚའི་ཁྲོན་པ་འདྲུག་བའི་དཔེས་གདམས་ཕྲན་ལ་རྟུག་བཙིར་བྱེད་མི་དགོས་པ་དགེ་བ་གསུམ་གྱི་དོན་ཁྲིད་ཟབ་མོས་གཞུང་བསྲངས་ཏེ། མན་
ངག་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་ལུང་དང་བཅས་པ་ཟུར་དུ་འགྲེལ་བས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རྒྱལ་ཐབས་ལ་མངའ་གསོལ། དེ་ལྟར་གྲུབ་ནས་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་དང་སྒྲུབ་སྡེ་ཆེན་པོ་གཉིས་སུ་བཞུགས་པའི་སྒྲུབ་སྡེའི་གཙོ་བོ་བདེ་གཤེགས་འདུས་པ་པོད་དགུའི་དབང་ལུང་མ་ཚང་བ་མེད་པར་ཕུལ། དབང་ལ་གྲ་ཚང་ལ་ཕྱོགས་སུ་མ་འཐོར་བ་ཕལ་ཆེར་བཅས་འདུས་པ་ཉི་ཤུ་རྩ་ལྔ་བྱུང་། དེ་ལ་འདི་སྐད་ཅེས་བྱ་སྟེ་རིག་འཛིན་མངའ་རིས་པ་ཆེན་པོ་པཎ་ཆེན་རིན་པོ་ཆེས་བཀའ་བརྒྱད་རྣམ་གསུམ་ལྷའི་ཐ་རམ་ལས། འདི་འཆང་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ། །ཉིན་མཚན་དུས་དྲུག་འབྲལ་མེད་སྤྱན་གྱིས་གཟིགས། །ཡི་དམ་རྒྱལ་བ་རྒྱ་མཚོས་བྱིན་གྱིས་རློབས། །གནས་གསུམ་མཁའ་འགྲོས་བུ་བཞིན་རྟག་ཏུ་སྐྱོང་། །ཆོས་སྤྱོད་དམ་ཅན་སྤྲིན་ཕུང་བཞིན་དུ་འདུ། །ཕྱི་ནང་བར་ཆད་སེལ་ཞིང་དངོས་གྲུབ་སྟེར། །ཕྱག་རྒྱ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །དེ་ཕྱིར་རིག་འཛིན་ཕྱི་རབས་འབྱོན་པ་རྣམས། །རྒྱུད་ལུང་མན་ངག་ཐམས་ཅད་སྟོངས་ཀྱང་སླ། །བཀའ་བརྒྱད་རྣམ་གསུམ་ཉམས་སུ་མ་འཇུག་ཅིག །སྒྲུབ་པའི་
སྙིང་པོ་ཐམས་ཅད་སྟོངས་ཀྱང་སླ། །རྫོང་ཕྲང་གནད་གསུམ་སྒྲུབ་གྲྭ་སྟོངས་མ་འཇུག །བཤད་སྒྲུབ་བྱ་བ་ཐམས་ཅད་སྟོངས་ཀྱང་སླ། དབང་ཁྲིད་རྒྱུད་ཀྱི་བཤད་པ་ཉམས་མ་འཇུག །ཅེས་གསུངས་པ་དེ་ཡིད་ལ་ལྷག་པར་ཡང་གཅགས་ནས་གལ་ཆུང་ཆོས་ལ་བྱེད་པའི་དུས་ཚོད་འདིར་ཆོས་ཀྱི་རྣམ་གྲངས་དེ་དག་སྔར་དབེན་པའི་རི་ཁྲོད་དུ་དྭ་རི་དྲའི་བརྟུལ་ཞུགས་ལ་གནས་བཞིན་དུའང་དོན་གཉེར་བླ་མེད་པས་ཉན་ཅིང་། དེ་ལྟར་ཉན་པའང་འཆད་སྤེལ་ནུས་པའི་གང་ཟག་ལ་ཡོངས་སུ་རྫོགས་པར་འབུལ་ཐུབ་པས་བློ་ཁ་རྫོགས་པའི་ཚུལ། རྗེ་བཙུན་ཐམས་ཅད་མཁྱེན་པ་འདི་གསུང་གི་འཕྲོས་ལས་ཀྱང་། ནང་རྒྱུད་ཡིད་བཞིན་ནོར་བུ་དགུང་ལ་སྟོར་ལ་ཁད་ལ། བླ་མ་ཡི་དམ་མཁའ་འགྲོའི་ཐུགས་རྗེ་དང་། །རང་གི་སྐྱེ་བ་སྔོན་གྱི་སྨོན་ལམ་གྱི་འཕྲོ་མཐུད་པ་འདི་ས་རེ་བའི་དཔལ་ནི་ཐོན། ད་ནི་ཟག་བཅས་ཀྱི་ཕུང་པོ་ད་ལྟ་རང་གི་ཞིག་ཅིང་ཤི་ཡང་འགྱོད་མེད་སྙམ་པའི་བློ་གདེང་རྙེད། དལ་འབྱོར་གྱི་རྟེན་འདིས་བསྟན་པ་རིན་པོ་ཆེ་ལ་བྱ་བ་བྱས་སོ་སྙམ་དུ་བློ་གདེང་མཐོང་བ་ཡང་གྱུར་ཏོ། ཞེས་གསུངས་པ་ལྟར་རྗེ་འདིས་དབུས་གཙང་ལ་སྟོད་ལྷོ་བྱང་ཐམས་ཅད་དུ་ཆོས་ཚུལ་འིད་ཁོ་ནའི་དོན་དུ་ཤིང་ལོ་རླུང་གིས་
ཁྱེར་བ་བཞིན་དུ་ལ་ཆུ་ཕྲང་གསུམ་ལ་དཀའ་བ་སྤྱད། ལབ་རྗེ་ནས་རིམ་པར་བདེ་འདུས་ཁོ་ན་ཡང་ཚར་ཉི་ཤུ་རྩ་ལྔ་གསན་པའི་མཐར། ལྷོ་རྒྱུད་དགོན་དཀར་ཞེས་པའི་རི་ཁྲོད་དུ་མངའ་འོད་ཟེར་གྱི་དངོས་སློབ། རེ་རིགས་ནམ་མཁའི་རྣལ་འབྱོར་དང་མཇལ་ཞིང་། ལན་གཉིས་སུ་གགས་ནས་སྤྲོས་བ་ཡོངས་སུ་ཆོད་པ་ཡིན་པས་སོ། །རྒྱུ་མཚན་དེ་ལྟ་བུས་བསྟན་པ་ལ་གཅེས་སྤྲས་དང་། བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་ཚུལ་སྙན་དུ་སྤྲོན་ཤིང་། དངོས་ཅག་གིས་སྔར་དབང་ལུང་ཉན་ཀློག་གང་གི་ཐད་དུའང་། སྡེ་ཆེ་སར་ཡོད་པ་དག་ནས་ནི་དཔེ་མ་ཁྱུད་དང་བསམ་ར། དབུས་རྒྱུད་སྤྱི་འགྲོ་ལ་ནི་དཔེ་རྒྱུན་ཡང་དཀོན་པ་ཁོ་ནའི་གསུང་གླེང་གི་ཉེ་བར་ལེན་པའི་རྐྱེན་དང་། དམ་པའང་བསྟན་པ་ཉམས་གསོལ་ཐུགས་བསྐྱེད་ཆེན་པོར་གྱུར་པའི་རྒྱུས། བདེ་འདུས་ཡོངས་རྫོགས་གསར་བཞེངས་མཛད་པ་ཞལ་གྱིས་འཆེས་པ་བཞིན། མི་རིང་བ་ཉིད་དུ་ཕྱག་ཐོག་ཏུ་ཁེལ་བ་མིག་གི་ལམ་དུ་དོང་ཞིང་། དུས་སྐབས་དེར་རི་མོ་བ་ཆོས་ཀྱི་གྲགས་པའང་ཟླ་བོར་ཡོད་པ་ནས་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་དང་བཅས་པའི་དབང་ཙག་ཀྱང་གསར་དུ་བསྐྲུན་པ་ཡིན་ནོ། །ཚུར་གཏེར་ཁ་འོག་མའི་གསང་རྫོགས་བོད་བཞི་
རྒྱབ་ཆོས་དང་བཅས་པ་མ་མཚང་བ་མེད་པ་དང་། པཎ་ཆེན་རིན་པོ་ཆེའི་རིག་འཛིན་ཡོངས་འདུས་ཀྱང་ཉན། བོད་ཁམས་ཡོངས་ལ་བཀྲ་ཤིས་དགེ་ལེགས་འབྱུང་བའི་རི། སའི་མདུད་ལྟ་བུར་ཡང་སོང་བས། སྤྱི་སྒེར་ཀུན་ལ་སྣོད་བཅུད་ཀྱི་ལེགས་ཚོགས་སྤེལ་བའི་ཕྲིན་ལས་ཀྱི་ལེ་ལག་གཡང་གཏའ་བསྡམ་པ་དང་། ཀླུ་གཏའ་བཞུགས་པ་ལ་སོགས་འབྱུང་བའི་དཔལ་བསྐྱེད་ཀྱི་བཅའ་གཡང་བཞེད་པ་བཞིན་བསྒྲུབས། རྩེ་མོ་བ་རྣམས་ལ་ཉང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་དབང་བགྱིད་དུ་སྩལ་བའི་ཁོངས་སུ་ཐུར་རྩེ་བ་སོགས་ཕྱོགས་གཞན་གྱི་གྲྭ་བཙུན་ཐོར་བུ་དང་ཁྱིམ་པ་འགའ་ཞིག་བཅས་པར་ཐར་པའི་ས་བོན་འདེབས་པའི་སླད། སྐྱབས་འགྲོ་དང་སེམས་བསྐྱེད་གནད་དུ་སྨིན་པ་ནས་ཐུགས་རྗེ་ཆེན་པོའི་བྱིན་རླབས་མ་ཎིའི་ལུང་དང་བཅས་པའི་ཆོས་འབྲེལ་བཞག །སྔ་འགྱུར་གྱི་ཆོམ་ཚུལ་ལ་ལོག་རྟོག་དང་སྦག་པ་སྐྱེ་བའི་གྲུབ་མཐའ་ལྟོས་གྲུབ་ཏུ་སྨྲ་བ་དག་གིས་ཀྱང་གཤུང་བར་མི་ནུས་པ་རྒྱལ་བ་གཉིས་པ་ཀུན་མཁྱེན་ངག་གི་དབང་པོའི་གྲུབ་པའི་མཐར། དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་གསུང་གི་གསང་བ་ལྟར། ཐོག་མཐའ་བར་གསུམ་དུ་དགེ་ཞིང་། དོན་བཟང་པོ། ཚིག་འབྲུ་ཕུན་སུམ་ཚོགས་པ། མ་
འདྲེས་པ། རྣམ་པར་གྲོལ་བའི་ཡོན་ཏན་རྒྱ་མཚོས་ཡོངས་སུ་ཕྱུག་པ་གང་། གངས་རིའི་ཁྲོད་ཀྱི་མཁས་པ་ཀུན་གྱི་མདུན་སར་མཛེས་པ་ཉིད་དོ། སྔ་འགྱུར་བ་ཀུན་གྱི་བཏང་སྙོམས་ཆེན་པོའི་སྤྱི་ནོར་ལས་རྐང་འཛིན་གྱི་གྲུབ་མཐའ་དོན་གཉེར་ཆུད་སྐབས། དངོས་ཅག་ལ་གདོད་མའི་མགོན་པོའི་ཞལ་སྐྱིན་མངོན་སུམ་པ་དེ་བསྟན་ནས་བསྟན་པ་འདི་ལ་སྲི་ཞུ་ནུས་པར་བྱིན་གྱིས་བརླབས་པའི་དགེ་མཚན་ལས། སླན་ཆད་གསུངས་རབ་རྣམས་མ་ཚང་བ་མེད་པར་གསན་པའི་རྟེན་འབྲེལ་དུ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་བཤེས་གཉེན་བསྟེན་པའི་ལེའུར་འཕྲོ་ཅན་དུ་བཞག་། ཤིང་རྟ་གསུམ་དང་མཛོད་རྩ་འགྲེལ་གསང་སྙིང་འགྲེལ་པ་ལ་སོགས་པ་རྣམས་པ་དགོ་གཏོང་བ་ལ་འཕོངས་པ་མེད་པས་གསར་དུ་བསྒྲུབ་པའི་ཐུགས་འདུན་རྩེ་གཅིག་པར་ཡང་ཤར་སོང་བ་རིང་པོ་མ་ཡིན་པ་ཕྱག་ཐོག་གུ་ཁེལ། རྒྱ་ཅན་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རིང་འཚོའི་རྟེན་འབྲེལ་རྒྱས་པར་མཛད་ཅིང་། འབུལ་ནོད་དང་བསྙེན་བཀུག་གྱི་རིམ་གྲོ་ཆེན་པོ་བསྐྱང་པར་མཛད་པའི་ཚུལ་ཡང་འདི་ལྟ་སྟེ། ས་གཞི་དང་། བཞོན་པ་དང་། གོས་དང་རིན་པོ་ཆེ་ལ་སོགས་པའི་རྙེད་པ། ཕྱག་དང་། ལྡང་བ་དང་། སྟན་
སྟོབ་པ་དང་། བརྗིད་པ་དང་། སྙུན་སྨེད་པ་དང་། ཁྲུས་དང་། བཀུ་མཉེ་དང་། དྲིལ་ཕྱིས་དང་། སྤོས་བཏུག་པ་དང་། སྙན་གྱི་གསོས་སྨན་ལ་སོགས་པའི་བཤེས་གཉེན་བསྟེན་པའི་ཚུལ་གང་ཡིན་པ་དང་། ལོ་གསུམ་གྱི་སྒྲུབ་པའི་དམ་བཅའ་སོགས་མཉེས་པ་གསུམ་གྱི་མཐར་སོན་པ་ཉིད་དུ་མཛད། ཆོས་རྗེ་བྲག་ཕུག་བ་ཡང་ཆོས་འདི་དག་ཡོངས་རྫོགས་ཀྱི་འདུ་བར་ཡོད་པ་ནས་མཁའ་འགྲོ་སྙིང་ཏིག་གི་བཏགས་གྲོལ་པར་འདི་ཁོང་གིས་སྟེར་བར་མཛད་པ་རྟེན་འབྲེལ་ལེགས་ཤིང་འགྲོ་དོན་ཆེ་བར་བྱུང་། སྐུ་འབུམ་ཆེན་མོའི་མཆོད་མཇལ་གྱི་ཞར་ལྕགས་ཟམ་ལ་རབ་གནས་བྱེད་དགོས་ཕེབས་པ་སྣང་སེམས་ཁྱར་གདལ་དུ་འདྲེས་པའི་རྣལ་འབྱོར་གྱི་དབང་ཕྱུག་འགྱུར་མེད་བདེ་བ་ཆེན་པོའི་ཐང་ལ། སྟོང་ཉིད་ཀྱི་གང་རྒྱངས་སྒྲོགས་པ་དེ་ལྷས་བྱིན་གྱིས་བརླབས་པ་ལ་གཉིས་སྣང་གི་རྟོག་པའི་འཐུ་འཐོར་མ་དགོས་མོད་ཀྱིས། སྤྱོད་འཇུག་ལས། གྲུབ་དང་གྲུབ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམ་པ་གྲུབ་གྱུར་ཏེ། །ཆུ་ཡི་ངོགས་སུ་བདེར་ཕྱིན་ནས། །གཉེན་དང་ལྷན་ཅིག་དགའ་བར་ཤོག །ཅེས་པ་འདི་སྨོན་ལམ་དུ་བཏབ་ནས་མེ་ཏོག་གཏོར། །ངེད་ལྡོག་ཁར་རྒྱལ་བ་ཀློང་ཆེན་པའི་སྐུ་མི་ཚད་དུ་ལོངས་པ་ཞིག་གསར་
དུ་བཞེངས་པའི་དབུ་ཚོགས་པ་དགོན་གནས་གསར་པར་འཁྱོལ་ན་རྟེན་འབྲེལ་ལེགས་སམ་སྙམ་ཡང་། གདམས་ཕྲན་ལ་སྡུག་བཙིར་བྱེད་པའི་ཉི་མ་སྤྱི་དང་མཐུན་པར་ཤར། འཆི་མེད་ཀྱི་གྲུབ་གནས་རི་བོའི་ངོགས། །རྨི་ལམ་སད་པའི་གནས་སྐབས་བཞིན། །ཤུལ་དུ་ཞུགས་པས་བལྟར་མི་མངོན། །སྐྱེས་ཐོབ་ཀྱི་ལང་ཚོ་སྒེག་པའི་ངོགས། །རིག་གནས་ཀྱི་དོ་ཤལ་འཛིན་པ་ལ། །སྙེལ་བའི་མི་མངཱ་དམ་པའི་གཅུང་། །སྒོ་འཕར་མཛོད་ལྡན་གྱི་དབང་པོ་ཡང་། །བསྐྱེལ་ཐུང་ལ་རེ་ཞིག་ཆས་པ་བཞིན། །ལས་ལ་རྣམ་ཤེས་མཐའ་ཡས་ན། །སེམས་གནས་ཙམ་ལ་ཡིད་རྟོན་པའི། །རང་བཞིན་ལྟ་སྟངས་ཀྱི་ཤེས་པ་གང་། །དྲི་སྨེད་ཀྱི་གདུང་བ་ངོ་མཚར་ཡང་། །ལྟ་སྒོམ་གྱི་གླེང་མོ་མེད་པས་སྐྱོ། །འཆི་མེད་ཀྱི་ཆུ་རྒྱུན་འབབ་པ་ལས། །ཚང་ཚིང་དང་བཅས་པའི་གཅོང་རོང་ན། །ཤུག་ལྡན་གྱི་བཞོན་པ་ཅང་ཤེས་རྣམས། །བསོད་རྣམས་མ་ཡིན་པའི་སྙུང་བར་བཀོད། །བྲག་རི་ལ་རང་བྱུང་གི་ཐེམ་སྐས་ཅན། །དེ་ལ་རྡོག་པ་བཞག་དཀའ་བཞིན། །ཤུགས་རིང་དང་དབུགས་ཆེན་འབྱིན་པའི་ངང་། །ནུབ་པདྨ་དབང་གི་ཕུག་པའི་སྒོར། །འཇུར་མིག་ལ་སྲས་བུ་རྒྱུ་བཞིན་བགྲོད། །ཡབ་རིག་འཛིན་པདྨའི་
སྒྲུབ་གནས་ལ། །ཡིད་གདུང་བའི་མོས་གུས་བཟོད་བླག་མེད། །བུ་གཅིག་པོ་སྟོར་བའི་མྱ་ངམ་གྱི་ཐང་། །སེམས་རི་དྭགས་རྨས་མ་འཁྱམ་པའི། །རྒན་རྒོན་གྱི་མཐུན་པའི་ཡོ་བྱད་བཤམས། །དོང་སྤྲུགས་དང་ཚོགས་འཁོར་ཡང་དག་བགྱིས། །ཆུ་ལོ་ཧི་ཏ་འགྲམ་རྒྱུ་ཙ་ན། །སོ་བྱ་དང་ཆུ་སྐྱར་གན་པོའི་སྡེ། །ཉ་བ་དང་བཅས་པའི་སྡིག་སྤྱོད་ཀྱི། །རྣམ་འགྱུར་མི་བཟད་པའི་རྒྱུ་འབྲས་ལ། སྐྱོ་ཤས་དང་ངེས་འབྱུང་འགྲན་པ་བཞིན། །ཡུལ་གངས་རི་དཀར་པོའི་གྲོང་རྡལ་ན། །པདོྨའི་གེ་སར་ལས་སྤྲུལ་པའི་སྐུ། །ཉེར་གྲོལ་གྱི་གནས་སུ་གདུང་ཞག་བདུན། །བཞེད་དོན་གྱི་ཤིང་རྟ་འདྲེན་པའི་ཞར། །ཐ་སྙད་དང་གཙུག་ལག་སྨྲ་བའི་དབང་། །བུ་རིང་ཆེན་གྲུབ་ཀྱི་རྗེས་འབྲང་པ། །ཞྭ་ལུ་པའི་བཤེས་གཉེན་བདེ་གཤེགས་སྙིང་། །ཆོ་གར་ལྡན་པ་མཆིས་པ་ལ། །དཔལ་དུས་ཀྱི་འཁོར་ལོ་མཎྜལ། །ཕྱི་ནང་གཞན་གསུམ་གྱི་དགེ་སྦྱོར་དང་། །རྒྱུད་སྡེ་རྒྱ་མཚོའི་ཕྱག་རྒྱ་བཞི། །གར་གྱི་གཞི་བཅར་ནས་བརྩམས་པའི། །དྲི་བ་དང་ལྟད་མོར་གཡེང་བ་བཞིན། །ཡོན་ཏན་དང་ཁེངས་པ་ལྷན་ཅིག་མིན། །སྣང་བའང་དགྲ་རུ་མི་ལྡང་བའི། །ཉན་ཐོས་སྔགས་ལ་མོས་སྤྱོད་ཅན། །ཚུལ་འདི་འདྲ་དགེ་བའི་ཡན་ལག་གོ །སྐྱིད་གཤོངས་སུ་གྲགས་པའི་སྐམ་པོའི་གྲོང་། །
དར་གུད་ལ་མིག་འཕྲུལ་ལྷགས་པ་བཞིན། །ཉག་ཕྲན་གྱིས་འཕན་པོར་ཕྱིན་དེའི་ཁྱིམ། །ཞག་གཉིས་སུ་རེ་བའི་དོན་ཡང་བསྒྲུབས། །ནང་པར་ན་སང་གི་དུས་སྦྱོར་ཚོ། །རྐང་བྲན་གྱི་བཞོན་པའི་སྟེང་འཇོགས་ནས། །བཤེས་གཉེན་གྲྭ་སྟོན་འབར་གྱི་གནས། །སྐྱུང་ཀ་གང་རྒྱངས་སྒྲོགས་པར་བརྟོལ། །གནས་འགྱུར་གྱི་གྲུབ་མཐའི་མཁན་པོ་གང་། །དཔལ་རྡོ་རྗེ་གདན་པའི་བཤེས་གཉེན་དང་། །ཆོས་ཀྱི་གླེང་མོ་འདུམས་སུ་ཀླས། །སད་ནང་པར་རྣམ་སྲས་གླིང་དུ་སླེབས། །ཁྲུས་ཆོག་དང་ཚེ་དབང་བཞེད་བཞིན་བསྒྲུབས། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས། །རི་དྭགས་སྨིག་རྒྱུ་ལ་འཐས་པའི་ངང་། །རང་གནས་སུ་བདེ་བར་ཕྱིན་པའོ། །ལོ་འཕོ་མཚམས་སུ་དཔལ་རི་ནས་སྤྲུལ་པའི་སུ་རིན་པོ་ཆེ་ཕེབས་པ་ལ། བཀའ་བརྒྱད་གསང་རྫོགས་དང་རིག་འཛིན་ཡོངས་འདུས་གཉིས་ཀྱི་དབང་ཚང་བར་སོང་། །དགུན་སྣང་བ་སྐྱོ་ཤས་ཆེར་བརྟས་པའི་རྒྱུན་ལ་དུས་ཆེན་ཞིག་གི་ཐོ་རངས་རྭ་སྤྲུལ་དེ་ཡིན་སྙམ་པའི་གཞོན་ནུ་སྣུམ་བག་ཅན་ཞིག་གིས། སྦུག་ཆོལ་ཁ་དོག་སྐྱ་ཆལ་ལེ་བ་ཞིག་སྒྲ་སྒྲོགས་པ་དང་མཉམ་དུ། འདིས་ལོ་གསར་སེར་ཕྲེང་ཚར་གསུམ་སོང་སྟེ། སྦུག་ཆོལ་བཅུ་ཐམ་པའི་ཁྲོད་ན་འདི་ལས་ལེགས་པ་མ་བྱུང་ཟེར། །ཡང་ཅུང་ཞིག་བསམས་ནས་ཁྱེད་འདི་འདྲ་
མིན་ཞིག་འོང་རྒྱུ་ཡིན་པ་ལ་དཀྱུས་མ་ཙམ་ལས་མ་བྱུང་། བདུད་འདུལ་བའི་ཡུམ་དང་མཇལ། ཆོས་མཛོད་ཟབ་མོ་ལ་དབང་མི་བསྒྱུར་བ་ཟེར། རང་གི་བག་ཆགས་ལ་བཀའ་འདུས་སྙིང་ཏིག་གི་རྒྱུ་མཚན་ཁོང་གིས་མ་རིག །ཡུམ་དང་ཕྲད་ཟེར་བ་རྟོགས་བརྗོད་ཆུ་ཟླའི་དེ་ལ་ཟེར་རྒྱུ་ཡིན་པ་འདྲ་སྙམ་དེ་ཁྱེད་ལ་སུས་བསྟན་བྱས་པས། ཡོངས་རྫོགས་མ་མཐོང་། དེ་ཁའི་ཐད་ཤོག་བུ་གཅིག་སྒྲུབ་རྒྱུད་ཨོ་རྒྱན་ལགས་ནས་བཤུས་འདུག་པ་ལས་མཐོང་ཟེར་བའི་མོད། ངེད་ཀྱི་བརྟགས་པ་ལ་འདི་འདྲ་ཤར་ཟེར། རཀྴའི་ཕྲེང་བ་སྤུས་ལེགས་ལ་ལན་རྒྱན། ལ་ལ་ན་སྲད་བུས་མཚམས་བཅད་པ། ལ་ལ་ན་སྐུད་པའི་དཀྲིས་དཀྲིས་སྤྲུལ་གྱི་རྣམ་པར་བྱས་པ། བཅུ་ཤད་ལ་ཡི་གེ་མང་པི་ཁྲག་མ་ལམ་གསལ་བ་ཞིག་སྟོན་པ་དང་སྒྲགས། སྐུ་ཚེ་མཐར་ཕྱིན་པའི་ཐབས་ལ་ཕན་ཟེར། དེ་ཁའི་མོད་ལ་ཤུགས་རིང་ཞིག་འདོན་པ་དང་སྒྲགས་ཕྲེང་བ་དུམ་བུར་བཅད་པའི་མཚམས་བཟུང་ནས་བསྟན་པ་བགྲངས་པས་ཨུ་ཨཱུ་ཟེར་བའི་སྒྲས་བསྟན། དེར་སྣང་བ་སྐྱོ་ཆད་དེ་བ་ཞིག་།ཅང་ཟེར་དོ་མ་དོད་ཙ་ན་གཉིད་སད། ནམ་མཁའ་ལ་ཟླ་བ་སྐྱ་ཡལ་ཤར་འདུག་པ་རྩ་རླུང་གི་འདུ་ཚུལ་ཞིག་ལས། སྲིད་པ་བར་དོར་སླེབས་པ་ལྟ་བུའི་སྐྱོ་ཤས་ཤོག་ཤར། སྤས་པའི་
གནས་ཆེན་དབེན་པ་ཞིག་ཏུ་ཚེའི་འདུ་བྱེད་འདི་གཏོང་བ་ཡིན་ན་བློ་ཁ་རྫོགས་པ་ལ་སྙམ་ནས་སྐྱོ་གླུ་འདི་འདྲ་སྦག་སྦུག་མེད་པར་ཐལ་ལོ། །ངོ་མཚར་དང་ཨ་ཧོ། །བྱ་རྒྱལ་རྒོད་པོ་བྲག་སྟོང་མཐོན་པོ་ལ་ཕེབས་དང་། །རྩེ་སྒྲོ་རྒྱས་པའི་ཉམས་ཡངས་གང་བདེ་རུ་བསྐྱངས་ཆོག །རྒོད་ཕྲུག་སྐྱེས་ཆེན་ཟངས་མདོག་དཔལ་རི་ལ་བཏེག་དུས། །ཨོ་རྒྱན་ཡབ་ཡུམ་དྲིན་ཅན་ཕ་མ་ཡིས་ལྷག་པ། །ཚེ་སྔོན་འགྲོ་དོན་འཛམ་གླིང་རྡོ་རྗེ་ལ་བསྐྱངས་ཏེ། ད་རེས་སྐྱེ་སའི་རྟེན་འབྲེལ་ཅུང་ཟད་ཅིག་འཕྱུགས་པས། །ཙམ་པ་ཀ་དང་ཤིང་ལོ་རླུང་ཁྱེར་གྱི་རང་བཞིན། །བསོད་ནམས་མ་མཐུན་གཞན་ཕན་འགྲུབ་པ་ཡང་བཀའ་འོ། །དྲིན་ཅན་ཕ་མ་གློ་བར་མ་བཅགས་པ་མིན་ཏེ། །ཁམས་གསུམ་སེམས་ཅན་ཕ་མ་སྤུན་ཟླ་རུ་གཅིག་པས། །གནས་གྲོགས་ལོངས་སྤྱོད་དྲི་ཟའི་གྲོང་ཁྱེར་ལྟར་མེད་ནས། །གཅིག་པོར་འགྲོ་བ་ཙ་ན་གང་ཡོང་རང་མི་འཚལ། །སྒོམ་པ་མ་ཡིན་བྱིས་པའི་བརྟུལ་ཞུགས་ལ་བརྩེ་བ། །སྣང་བ་གཏད་མེད་རང་བྱུང་ལྷུན་གྲུབ་ཀྱི་གཤིས་ལུགས། །ལང་ཤོར་མཁན་ཞེས་རྒྱལ་ཁམས་སྐྱེ་བོ་ཚོས་མ་བཀྱོན། །འདུན་མའི་གདེང་ཆད་མ་ནོར་ཙམ་པ་ཞིག་ཨེ་ཡོད། །ལྷུན་གྱིས་གྲུབ་པའི་འདུན་མ་དང་། རྟོག་པས་བཏགས་
པའི་ཕེར་ཡོད་གཉིས། །བཟང་པོར་བརྫུ་དང་གདོད་ནས་ཡིན། །གང་ཡིན་རྩ་བ་ཆོད་ད་གྱི། །དབྱར་སྟོད་ཤིན་ཏུ་ཐན་པའི་གནམ། །དབྱར་སྨད་ཆུ་ཀླུ་ཆེན་པོར་འགྱུར། །སྐམ་རློན་ཁོང་དུ་མི་སྙོམས་པ། །སྣོད་ཀྱི་འཇིག་རྟེན་འགྱུར་ལྡོག་ལགས། །གང་ཞིག་ཚུར་ལ་མོས་བྱས་ཤིང་། །ཕར་ཡང་ཕན་ཆེར་བཏགས་པ་གང་། །རེས་འགའ་རྣམ་འགྱུར་ཅིར་ཡང་འཆར། །འདྲིས་ལ་ཁེངས་ཤིང་གསར་པ་སྤྲོ། །བཅུད་ཀྱི་སེམས་ཅན་འགྱུར་ལྡོག་ལགས། །ཁ་སང་ལང་ཚོག་བརྟས་པའི་མི། །དེ་རིང་ཐོད་པ་འབྲེག་ལ་ཐུག །ཤུལ་མི་ཅ་ཅོ་འདོན་པ་ཡང་། །ད་ནི་མྱ་ངན་དབྱིངས་ནས་སངས། །འདི་ཡང་སྒྱུ་མའི་དཔེ་ཅིག་ལགས། །ན་ནིང་ཆོས་དང་།མཐུན་པ་ཡི། །སྒྲུབ་ལ་བརྩོན་པའི་ཞལ་ཏ་ཀུན། །ཅི་གསུང་བླ་མའི་བཀའ་བཞིན་ཟེར། །ད་ལོ་སྡིག་པའི་གྲོགས་དང་བསྡོངས་། །ལ་ལ་རང་བཞིན་ངན་ལས་བྱུང་། །ལ་ལ་རྐྱེན་གྱིས་ཆོ་འཕྲུལ་ཅན། །ཕལ་ཆེར་བདུད་ཀྱིས་དབྱེན་བཅོས་ནས། །རང་སྣང་འགྱུར་བ་མ་ཚོར་བཞིན། །རྨི་ལྟས་ཙམ་གྱི་རྩུབ་འགྱུར་ལ། །གེགས་དང་རྒྱལ་འགོང་འབྱུང་ངོ་ཞེས། །ཧཱུཾ་ཧཱུཾ་ཕཊ་ཕཊ་སྒྲ་འབྱིན་ནའང་། །རང་བློ་གེགས་ཀྱིས་གླགས་བལྟས་ནས། །རྣམ་རྟོག་འགྱུར་བའི་ཚུལ་གང་
ཡིན། །མི་ཤེས་རྨོངས་ཆེན་གླང་པོ་རྣམས། །གྲིབ་མ་ཤ་ཟར་འཁྲུལ་བ་བཞིན། །ལར་ནི་བྱ་དང་མི་བྱའི་གནས། །སུ་ཡིས་ནོར་དང་སུ་ཡི་ཡིན། །འཕགས་པས་མིན་པ་མི་མཁྱེན་པས། །ངེད་རང་འདུས་པའི་ཚོམ་བུ་དང་། །སོ་སོར་འགྱེས་ཆོས་ཅན་ཡིན་པས། །དེ་ཡི་རང་བཞིན་དགོངས་པར་མཛོད། །སྡེ་པ་སྤངས་ཆེ་བ་འཆི་བདག་གི་ཞགས་བས་མངོན་གྱུར་དུ་བཏབ་པ་ལ་ཕན་དུ་ར་ེབས་བྱིན་རླབས་ལ་བོས་པའི་ཞར་སྟག་སྤྱན་ལ་ཚོགས་བརྒྱ་དང་། མཆོད་འབུལ་དུ་ལྷགས། ཀུ་མ་རཱ་ཛའི་གཟིམ་ཕུག་མཇལ་དུ་བསྐྱོད་དུས་དེར་གྲུབ་ཆེན་པ་སྤྲོ་བ་ཆེན་པོ་བརྟས་ཏེ་ངེད་ལ་མ་དཱ་ནའི་ཡོལ་ག་བཏེག་ནས། བདེ་སྟོང་ཟུང་འཇུག་གི་ཆོས་བྲོ་ཕུལ་བྱུང་བའི་མོད་ལ་སྣང་བ་ཤིན་ཏུ་འགྱུར། གཏད་མེད་ཀྱི་ཡེ་ཤེས་གསར་དུ་འཁྲུངས་པའི་སྣང་ཆའི་ཉམས་ལ་འགྲོ་བའི་མགོན་པོ་ཀུ་མ་རཱ་ཛ་ཞལ་ཁྱིམ་ཆེ་ཆུང་འཚམ་པ་ཁ་དོག་སྨུག་འཛི་རེ། ཨོལ་ཀཱོ་ལ་ཞོལ་ཆུང་ཆུང་ཡོད་པ་ཞིག་མཇལ་སྐྱེ་བསྔོན་མའི་བླ་མ་ཡིན་སྙམ་གདུང་བ་དྲག་པོ་དང་བདེ་སྟོང་གི་ཉམས་ཟད་མི་ཤེས་པར་སྐྱེས་པའི་ངང་། བུའི་ཚེ་ཕྲང་བསལ་བ་ཡིན་གསུངས་ནས་ཕྱག་རྒྱ་མ་ཎི་དྷ་རར་བསྒྱུར། རྡོ་རྗེ་སྙིང་པོའི་ལམ་ལ་གནས་སྐབས་སུ་
དགེ་མི་དགེའི་རྟེན་འབྲེལ་ནང་གི་རྩ་རླུང་ཐིག་ལེའི་འཇུག་ལྡོག་ཁོ་ན་ལ་འབྱུང་བ་འདི་ངོ་མཚར་གྱི་གནས། ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་སྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཞེས་པ་འདི་ཡིད་ལ་བཞག་ ཚེ་ཡང་ངེས་མེད་ཡིན་སྙམ་ནས་ཟང་ཟིང་མ་ལུས་པ་གཅིག་ཏུ་འདོམས་ཏེ་ཤྲཱི་པ་རྦ་ཏའི་གླིང་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསུང་སྒྲོགས་ནས་བྱས། བཛྲ་ཨ་དྲ་ལོ་གསུམ་གྲོལ་བ་ནས་རིང་འགྲོའི་རྟེན་འབྲེལ་ལ་ནཻ་པ་ལའི་དོང་ཙེ་བརྒྱ་ཕྲག་དང་། མར་ཕོན་ཚེ་ཙམ་སྟོབ་བར་མཛད་པ་འགྱེད་དང་ཞལ་འདེབས་ལ་འཁྱིལ་ཀ་ཆེ་བ་བྱུང་། དགེ་འདུན་བརྒྱ་མ་ཟིན་ཙམ་གྱིས་ཞག་བདུན་ལ་བཀའ་འགྱུར་རིན་པོ་ཆེ་གྲོལ། ཉིན་གཅིག་གཤིན་པོའི་འབྲེལ་བ་ཅན་ལ་དམིགས་ནས་ནར་གདོང་སྤྲུགས་ཞུས། ཐོག་མཐའ་བར་གསུམ་ལ་འགྱེད་དགེ་འདུན་ལ་སྐྱ་ཆེན་རེ། ཉི་མ་འཐུས་ལ་བསོད་བཏགས། ཊཾ་ཁ་རེ་ཕྱག་གཏོད། བསྔོ་རྟེན་གྱི་གོས་ལྷམ་ཉེར་སྤྱད་སྤམས་འབུལ་ལ་ཞོ་རེ་དང་ཊཾ་ཁཱ་ཐོབ་པ་མ་ངེས་པ་བྱུང་སྣང་། དགེ་འདུན་གྱི་སྡེ་རྣམས་རྒྱ་མཚོ་ཆེན་པོའི་སྲོག་ཆགས་ལྟ་བུར་སྣང་
བས་དགོན་པར་ཡང་མང་ཇའི་འབྲེལ་པ་ཞིག་ཞུས། སྐབས་ཤིག་ཉན་ཐོས་དགྲ་བཅོམ་པའི་ངང་ཚུལ་ཞི་བ་དང་དུལ་བའི་རྣམ་པ་ཅན་ཞིག་གིས་བཤེས་སྤྲིང་གི་ཚིག་དོན་ལ་འགྲེལ་པ་མཛད་པ་ཡིད་ལ་ཤིན་ཏུ་གཅགས་པ་ཞིག་བྱུང་བ་དཔལ་མགོན་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱི་བྱིན་རླབས་སུ་ཤེས། །དེང་སང་འདི་ན་བསྟན་པ་ལ་རིམ་བཞིན་འཇུག་པར་འདོད་པ་དག་ལ། གློ་བུར་ཞིག་གིས་ཕན་བཏགས་ན། ཞེས་པ་ལྟར་ཞལ་གྱི་སྐུ་ལུས་མ་བསྒྱུར་བའི་ངོས་ནས་ཆོས་བྱས་པས་ཆོག་དེས་ཡིད་གཉིས་ལ་འདོགས་པ་མང་བས། ཤེས་ལྡན་ཁ་ཅིག་འདི་ཇི་ལྟར་རུང་ཟེར་བ། བསྟན་པའི་སྒོར་མ་ཞུགས་པ་རང་གིས་འབྱོར་པ་བཅུ་ཚང་བའི་གེགས་བྱེད། སྡོམ་པས་མ་བསྡམས་པའི་དགེ་བ་ཐར་པའི་རྒྱུར་མི་འགྲོ། །རང་གི་བློ་དང་ལས་འཕྲོས་བཏུབ་ཕྱིན། གསང་སྔགས་ཉམས་སུ་ལེན་པ་ལའང་། རྒྱ་གར་མཁས་པའི་བསྟན་བཅོས་ན། །སྡོམ་གསུམ་ཆོ་ག་མི་ལྡན་པར། །སྔགས་པའི་བདག་ཉིད་མི་འབྱུང་སྟེ། །ཞེས་སོ་སོ་ཐར་པ་ནས་བཟུང་རིག་འཛིན་གྱི་སྡོམ་པའི་བར་རིམ་ཅན་ནམ། དབང་དུས་ཅིག་ཅར་དུ་ནོད་པའི་རྟེན་ལ་སྔགས་ཀྱི་དངོས་གྲུབ་ཐོབ་པར་འདོད་པ་དེ་ལམ་མ་ནོར་བ་ཡིན། རྒྱུ་མཚན་
དེས་དེང་སང་ལྔ་བརྒྱའི་ཐ་མ་ལ་བསྟན་པའི་སྒོར་འཇུག་པ་དག་ཀྱང་ལ་ལ་ནི་འཇིགས་སྐྱོབས། ཕལ་མོ་ཆེ་ལེགས་སྨོན་ཁོ་ནའི་འདུན་པས་འཇུག་པ་ལས་མེད་པའི་དུས་འདིར། སྡེ་དང་། བཟའ་བཏུང་ལ་དོན་དུ་གཉེར་བ་མེད་པ་དེས་འབྱུང་དང་བཅས་པའི་བློས་རིམ་གྱིས་འཇུག་པའི་ཚུལ་ལ་སློབ་པ་ནི་ཤིན་ཏུ་ཕུན་སུམ་ཚོགས་པའི་ཡན་ལག་ཡིན། ཁམས་གསུམ་བདག་པོ་སྔར་ཡང་ལན་བརྒྱར་བྱས། དུར་སྨིག་རྒྱལ་མཚན་སྒྲེང་བ་ད་རེས་ཙམ། ཞེས་མཁས་པའི་དབང་ཕྱུག་དག་གིས་བཤད། ཕྱིན་ཆད་རང་རྒྱུད་ལ་བསྟན་པ་ཡོངས་སུ་རྫོགས་པའི་ཚེ་གནང་བཀག་གི་མཚམས། རྒྱལ་བ་ཀློང་ཆེན་པ། །ཀུན་མཁྱེན་རོང་ཟོམ། ཟུར་མེས་དབོན་སོགས་ཀྱིས་བཞེན་པ་བཞིན་མངའ་རིས་པཎ་ཆེན་རིན་པོ་ཆེས། དེ་ལྟའི་སྡོམ་གསུམ་གང་ཟག་རྒྱུད་གཅིག་ལ། རང་ལྡོག་མ་འདྲེས་དགག་དགོས་ཡོངས་སུ་རྫོགས། ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་པའི། །གནས་ཀྱིས་མི་འགལ་དུས་སྐབས་གང་གཙོར་དཔྱད། །ཅེས་པའི་རྒྱུ་མཚན་གོ་དགོས་བྱས། སྡེ་པ་ཕ་ལྷ་སྐུ་གཞོན་རང་དང་ལས་འབྲེལ་ཟབ་པས་འདིར་གཙུག་ཕུད་དབྱུང་བར་མཛད། སྐྲ་རྟེན་དུ་དངུལ་གྱི་མཎྜལ་དང་། ཏིང་ལྔ་ཚར་སྲང་བཅོ་བརྒྱད་ཀྱི་
བཟོ་རྒྱུ་ལས་བྱས་པ་སོགས་མདོར་ན་སྔ་ཕྱིར་ངེད་རྣམ་པར་དགར་བའི་བྱ་བ་བསྒྲུབ་པ་ལ་མཁོ་ཆེ་བའི་བདོག་བརྒྱ་ཆེར་བསྟར། རྗེས་སུ་འབྲངས་པའི་གྲ་རིགས་ལོ་གསུམ་གྱི་སྒྲུབ་སྐྲ་ཡོད་པ་རྣམས་སྐྲ་འདབ་ཇི་ལྟར་བྱེད་ཀྱི་དོགས་གཅོད་བྱུང་བ། ལྔ་བརྒྱའི་ཐ་མ་ལ་རྟགས་ཙམ་འཛིན་པའང་བསྟན་པ་མི་ནུབ་པའི་རྟེན་འབྲེལ་ལ་ལྟོས་པ་ཡིན་ན། །ཉེས་སྤྱོད་སྡོམ་པ་ནི་སྨོས་ཅི་དགོས་ཏེ། དགེ་འདུན་གྱི་སྒྲིགས་དང་དེའི་ཁྲོད་ན་འདུ་འཚོག་བྱེད་དགོས་པ་རྣམས་སོ་སོ་ཐར་པའི་རྟགས་དང་མ་བྲལ་བ་བལྟས་སྣང་ལ་མཛེས་ཤིང་། དོན་ལ་སྨན་པའི་ངེས་པ་བརྗོད་པ་དེ་ལགས། རྗེ་རྒོད་ཚང་པ་སྣ་ཚོགས་རང་གྲོལ་གྱི་དབོན་སྤྲུལ། རིན་པོ་ཆེ་ཐང་འབྲོག་པདྨ་རིག་འཛིན་དབང་པོས། སྔ་སོར་ཆུ་ཕོ་སྤྲེའུ་ལོ་ནང་ནས་དག་སྣང་བླ་ན་མེད་པགས་གསུང་བྲིས་ཀྱི་སྙིང་པོར། དེང་རྙིང་བསྟན་རི་མོའི་མར་མེ་ལྟ་བུར་གྱུར་པའི་གནས་སྐབས་འདིར། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ལུང་རྟོགས་གདོང་ལྔའི་ཁྲི་ལ་རང་སྟོབས་ཀྱིས་འཇོགས་ནས་ང་འགྱུར་རྡོ་རྗེའི་ཐེག་པ་ལ་བཤད་སྒྲུབ་ཀྱི་བྱ་བ་མཛད་ནུས་པ་ཁྱོད་ཅིག་བྱོན་པ་བཀའ་དྲིན་དུ་ཆེ། ད་དུང་ཡང་ཆོས་རྒྱུན་དཀོན་པ་རྣམས་གསན་དང་། དབུལ་པོ་ཆོས་དོན་གཉེར་བ་རྣམས་འབུལ་བ་ལ་མ་
ལྟོས་པར་རྗེས་སུ་བཟུང་། རྒན་པོའང་ཚོད་དྲུག་ཅུར་ཐལ་བ་གདམས་པའི་སྙིང་པོས་རྗེས་སུ་གཟུང་བའི་ཕྱིར་ངོས་མཇལ་གྱི་སྨིན་པ་ཐུགས་ལ་གཅགས་པ་ཞིག་ཁ་ཞེ་མ་ཡིན་བར་གསོལ་བ་འདེབས་པ་ཡིན་སོགས་ཀྱིས་མཚོན་ཕྱག་བྲིས་ཡང་ནས་ཡང་སུ་སྩལ་བས་དོན་ཚན་གཉིས་པོ་ཡིད་ལ་ཤིན་ཏུ་འཐད་པའང་བྱུང་། མེ་ཁམས་འཁོར་ལོའི་སྣ་ཅན་གྱི་ཟླ་བའི་ཕུང་པོ་ལ་དངོས་ཅག་དཔལ་ཆེན་ཆུ་བོ་རིར་དོང་བའི་ཚེ། ལྷ་སར་ཕེབས་ཞོར་ནས་འདིར་ཆེད་ཀྱིས་གཏད་འདུག་ཀྱང་རྟེན་འབྲེལ་ཅན་དུ་ལུས་བ་ནི་སངས་རྒྱས་ཀྱི་ཐུགས་རྗེས་བསྐུལ་བའི་ཚུལ། རྒྱལ་པོ་ཛ་ཞེས་བྱ་བ་དག་ཆོས་ལ་ལས་འཕྲོ་ཡོད་གཟིགས་ནས། ཞེས་པའི་སྟ་གོན་དུ་སྣང་། ཕྱི་ལོ་འོའ་དགར་བཀའ་འགྱུར་ལྗགས་ལུང་གི་ཆོས་འཁོར་ལ་ཐེགས་ལན་ནས་བཀྱོགས་ཏེ་ཆེད་དུ་ཕེབས་པ་དང་མཇལ། བླ་མ་དམ་པ་ནི་མ་འདྲིས་པའི་མཛའ་བཤེས་གཉིད་དུ་འདུག །གསུང་གིས་བསྐུལ་བ་བཞིན་རྫོགས་པོ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་བཀའ་གཏད་བྱིན་བརླབས་ཀྱི་ཚུལ་དུ་ཕུལ། ཡར་ལམ་ཅིས་ཀྱང་ཕེབས་པའི་དགོངས་གཏད་འདུག་ལ། ཁོ་བོ་ཅག་གི་བསོད་ནམས་དང་སྨོན་པའི་དབང་གིས། རེ་ཞིག་ཆོས་མཚམས་འཇོགས་དགོས་པའི་སྟེས་དབང་ལས། ཇི་སྐད་དུ་མདོ་དགོངས་འདུས་ཀྱི་ལེའུ་བཞི་
པར་དྲག་ཤུལ་ཅན་ཞེས་བྱ་བའི་རི། དགོན་པ་ཆེན་པོའི་གནས་དེ་ནི། །ཡི་ཤེས་སྙིང་པོ་ཅན་རྣམས་ཀྱི། །ཐེག་ཆེན་གསང་བ་འབྱུང་བའི་གནས། །ཐོག་མཐ་མའི་དུས་མེད་པར། །དམ་པ་རྣམས་ཀྱི་བསྔགས་པ་ཡིན། །ཞེས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས་ཀྱིས་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བའི་རྡོ་རྗེའི་གནས་ཆེན་པོ། སྐལ་བའི་ཆོས་ཅན་གྱིས་འཇིག་པར་མི་ནུས་པའི་རང་བཞིན་ནི་བདེ་མཆོག་རྡོ་རྗེའི་མདོ་འགྲེལ་ལས། རྩེན་རྩལ་གྱི་རྒྱལ་པོ་གནས། །ངོས་ལ་བྲག་དཀར་ཁྱི་ཚུགས་པ། སེང་གེ་གནམ་དུ་འཕྱོང་འདྲས་རྒྱན། །རྩི་སྨན་རྩ་བརྒྱད་ཚང་བར་འཁྲུངས། །འདུ་བའི་ནད་ཀྱིས་ཡོངས་མི་ཚུགས། །སྤྱི་བོར་ཀ་ལན་རྟ་ཀ་ནི། །མི་གཉིས་གཅིག་པུར་གནས་པའི་སྒྲ། །མཛོད་ལྡན་དེ་ཡིས་ཚང་བཅས་ཤིང་། །སྐལ་ལྡན་རྣམས་ཀྱིས་བགྲོད་བར་སླ། །སྐལ་མེད་རྣམས་ནི་ཡོངས་མི་ཐར། །ཞེས་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོར་གསང་བའི་བདག་པོས་ཡོག་གསུམ་གྱི་ཆོས་ཆར་དབབ་གང་། སྐལ་བ་ཆེན་པོའི་ལྕགས་ཀྱུས་འགུགས་པར་ནུས་པའི་སྒྲ་ལས་རྒྱལ་པོ་ཛ་ཞེས་སམ། ཨིནྡྲ་བྷོ་དྷི་ལས་བརྒྱུད་པའི་ཆོས་འཁོར་ཆེན་པོ། མདོ་སྔགས་ཀྱི་ལམ་མ་ལུས་ཤིང་ལུས་པ་མེད་པ་རྡོ་རྗེའི་འགྲོས་ཀྱི་
གཞུང་ལམ་གཅིག་ཏུ་ཚང་བར་སྟོན་བ་འོག་མིན་ཚོགས་ཆེན་འདུས་པའི་པོ་ཏི་གླེགས་བམ་གྱི་ཆོས་སྔོན་བྱུང་གི་ལོ་རྒྱུས་དང་རྗེས་སུ་མཐུན་བར་འཆི་མེད་ཀྱི་རི་བོའི་སྤོ་ལས་འཛིན་བབས་པའི་རྟེན་འབྲེལ་རང་བྱུང་དུ་འགྲིག་ཅིང་། གསང་སྔགས་སྟོན་པའི་སློབ་དཔོན་ནི་དཀྱིལ་འཁོར་གྱི་བདག་པོ་དང་གཉིས་སུ་མ་ཡིན་བའི་རང་བཞིན་དུ་ངེས་པས། གསང་བའི་བདག་པོ་དགེ་བའི་བཤེས་གཉེན་གྱི་རྣམ་པར་བཞེངས་པ་བདག་ཉིད་ཀྱི་འདུན་སར་ཞལ་མངོན་སུམ་པར་བསྟན་པར་གྱུར་ཏོ། །དེ་ལྟར་གྱུར་ནས་ཆོ་འཕྲུལ་ཟླ་བའི་ཆོས་འཁོར་ཆེན་པོའི་དུས་ཆེན་ཀྱང་དུས་ཀྱི་རྒྱལ་མོས་ལྷགས་སུ་བཅུག་པ་ལྟ་བུའི་ཐད་ཀར་འདུས་བ་མོདའི་དཀྱིལ་འཁོར་སྒོ་སྦྲག་བཅུ་གཅིག་གམ་དགུའི་ངེས་འབྱེད་ཅན་དུ་དབང་མོ་ཆེའི་བདུད་རྩི་ལེགས་པར་ནོད་བ་ནི། རྒྱལ་བོ་ཉིད་ཀྱིས་མཛད་བའི་མི་གཅོད་ལས། དེ་ཚེ་ཨིནྡྲ་བྷོ་དྷི་ངས། །ཐུགས་ཀྱི་བསྒྲུབ་བ་མངོན་རྟོགས་ཏེ། །དེ་ཉིད་སྒོ་ནས་དེ་ཉིད་བསྒྲུབས། །སྨོན་པའི་ལྷ་དང་དེ་རུ་མཇལ། །འདོད་པའི་བསམ་པ་དེ་རུ་འགྲུབ། །དོན་དམ་བཅུད་ཀྱང་དེ་ནས་རྒྱས། །ཞེས་པའི་རྗེས་སུ་སོང་བ་ཡིན། །རྗེས་འབྲེལ་དུ། དཔའ་བོའི་སྐྱེས་རབས་སོ་བཞི་པའི་ཁར་སྐོང་རྗེ་རང་བྱུང་རྡོ་རྗེས་མཛད་པའི་སྐྱེས་རབས་བརྒྱ་པ་དང་འདྲ་འབག་ཆེན་མོ།
པཎ་ཆེན་རིན་པོ་ཆེའི་སྡོམ་གསུམ་རྣམ་ངེས། བྱང་བའི་ཀརྨ་གུ་རུ། ལྔ་པའི་རྒྱ་ཅན་དང་། གསུང་འབུམ་ནང་མ། རྒོད་ཚང་སྣ་ཚོགས་པའི་གསུང་འབུམ། དཀར་ཆག་ནང་བཞིན་རྒྱུད་འབུམ་རིན་པོ་ཆེའི་བཀའ་གཏད་སོགས་ཆོས་རྩ་བ་ཆེན་པོ་མང་དུ་ཐོས་པས་བཀའ་དྲིན་ཆེན་པོར་གྱུར་བ་ཡིན། གླང་སྟག་གི་ལོ་འདི་ཚོར་བཟོ་གནས་སྤྲུལ་པའི་རྡོ་རྗེ་དྷརྨཱ་ཀི་རྟིས་དད་བ་དང་ཀུན་ཏུ་དོན་ཡོད་པའི་བམས་བས་ཀུན་ནས་བསླངས་ཏེ། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་སྐྱེས་རབས་རྣམ་ཐར་ཤེལ་བྲག་མའི་ཞིང་བཀོད་ཐང་ཆེན་རྣམས་ལག་བསྟར་མ་བྱས་ཏེ་བྲིས་པས་དངོས་ཤིན་ཏུ་གཙང་བར་གྲུབ། རུས་ཚུགས་དང་རྣམ་འགྱུར་ཀྱི་ཁོ་ལག་མ་ལུས་པ་སྨན་ཐང་པ་དང་། ཆོས་དབྱིངས་པའི་རྗེས་སུ་ཡིད་ཕྱོགས་པར་གྱུར། གོང་ཤམ་ཧོར་གོས་ཅན་རྒྱན་བཞི་དང་། གཙོ་བོའི་མཐོངས་དིང་པོན། བྱིངས་རྣམས་ཧོར་གོས་འཁྱིལ་སྣ་མ་རིན་ཐང་བྲལ་བ་བཅས་སྐུ་ཐང་འདིར་དངུལ་སྲང་ཉིས་བརྒྱའི་རྩ་བ་མ་སྨད་པར་ཡོད་པའི་བྱིངས་ཚོའི་ཞབས་འདེགས་རྗེ་དྲུང་རྡོ་རྗེ་སྙིང་བོས་མཛད་པ་ཡིན། སྔོན་གྱི་ཚེ་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བླ་ན་མེད་པའི་ཐུགས་བསྐྱེད་སྒྲུང་པོས་མཚམས་སྦྱར། སྤྲུལ་པའི་ལོ་པཎ་ཆེན་པོ་སྤྱི་དང་། བྱེ་བྲག་འཇིག་
རྟེན་མིག་གཅིག་བིམ་དང་བཻ་རོའི་ཞབས། རྨ་གཉགས་ལ་སོགས་པས་ལེགས་པར་བསྒྱུར་བའི་སྔ་འགྱུར་གྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་རྣམས། ནག་པོའི་རྩ་ལག་གི་ནུས་པ་དང་། སེམས་ཅན་གྱི་བསོད་ནམས་དང་སྐལ་བའི་དབང་གིས་མཁས་སུ་རློམ་པའི་རྟོག་དཔྱོད་ཅན་དག་ཀྱང་། མདོ་ལས། འཇམ་དཔལ་གང་དེ་བཞིན་གཤེགས་པས་གསང་བའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤོང་བའོ། །ཞེས་པ་ལ་ཅི་ཡང་མི་སེམས་པར། ལ་ལ་ནི་ཆོས་ཉི་རྣམ་གྲངས་རླབས་པོ་ཆེའི་གནས་ལ་ལེགས་པར་མཐོང་བའི་བློ་མིག་ཞན་པས་སྐྲག །ལ་ལ་ནི་སློང་གིས་རྒྱུད་འབུམ་རིན་པོ་ཆེ་བཀའ་འགྱུར་གྱི་ཁྱད་པར་ཅུང་ཟད་ཀྱི་ཐ་སྙད་ལ་རྟོག་ཅིང་དོན་གྱི་དབྱིངས་ལ་ཅང་མི་སེམས་པས་སྡངས་། ལ་ལ་ནི་ཉོན་མོངས་པའི་རྣམ་པར་རྟོག་པ་ཆོས་སུ་སྒྲོགས་པས་རྒྱལ་བའི་རྡོ་རྗེ་འཆང་གི་བཀའ་ལས་ལོགས་སུ་གྱུར་པའོ་ཞེས། དྲན་པ་ཉེ་བར་མ་བཞག་པའི་ཀུན་སློང་གིས་རྒྱུད་འབུམ་རིན་པོ་ཆེ་བཀའ་འགྱུར་དོ་འཚལ་གྱི་དབུས་ན་བཞུགས་སུ་མ་འཚལ། བཟུགས་པར་མི་འགྱུར་བའི་གྲངས་པ་ངན་པས་དབྱེན་བཅོས་ནས་རྒྱལ་བའི་ཕྲིན་ལས་ཆུད་གསན་པ་དེ་བློ་ལ་གདུང་བའི་ཁུར་དུ་ནི་ལྕི། འདི་སྐོར་ལ་དཔེ་རྒྱུན་ཡང་དཀོན་པར་གྱུར་པ་སྙིང་ཐག་པ་ནས་མ་བཟོད་པར་རང་ཉིད་ཀྱི་ལུས་
སྲོག་དབང་ཐང་དང་བཅས་པའང་ཐེད་ལ་བོར་ཏེ་རྒྱུད་རིན་པ་གསར་དུ་བཞེངས་པའི་སྟ་གོན་མགོ་བ་ན། དཀོན་མཆོག་གསུམ་མཆོག་ཡིན་པའི་བདེན་པས། བསྟན་པའི་སྦྱིན་བདག་ཆེན་པོ་དང་། སློབ་མར་གྱུར་བའི་ཆོ་གས་ཀྱང་ཞབས་འདེགས་བསྒྲུབ་པ་ལ་སྤྲོ་བ་བཏེག་བར་གྱུར་ཏེ། སྐྱེས་བུ་ཆེན་པོ་ལེགས་སོ་ལེགས་སོ། །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཞེས་རང་རང་གི་འབྱོར་སྟོབས་དང་བསྟུན་པའི་མེ་ཏོག་འཐོར་བ་ལ་དང་བ་སྟོན་ཏོ། །དེའི་ཚེ་རྣལ་འབྱོར་གྱི་དབང་ཕྱུག་འཇིགས་མེད་གླིང་པ་ནི། རྒྱུད་ལས། འཇིགས་པ་ཐམས་ཅད་སྤངས་ནས་སུ། །དོགས་པ་མེད་པའི་སེམས་ཀྱི་ནི། །སྔགས་པས་སེང་གེ་བཞིན་དུ་སྤྱོད། །འདི་ལ་མི་བྱ་ཅི་ཡང་མེད། དེ་བཞིན་མི་ཟའང་ཡོད་མ་ཡིན། །སྨྲ་བར་མི་བྱ་ཅུང་ཟད་མེད། །རྟག་ཏུ་བསམ་ཅི་ཡང་མེད། །མཉམ་པར་མ་བཞག་སྦྱོར་བ་ཡི། །རྟག་པ་ཉིད་དུ་མཉམ་པར་འཇོག །ཅེས་གསུངས་པ་ལྟར། བདུད་དང་བདུད་ཀྱི་རིགས་ཀྱི་བར་ཅད་དང་། ཀླན་ཀའི་ཚོགས། ཐེ་ཚོམ་གྱི་གནས་གང་ཡིན་པ་ལ་འཁུ་འཕྲིག་གི་བློ་སྐད་ཅིག་མ་དང་པོར་ཤར་ཀྱང་། གཉིས་པར་ཡལ་བས་བཅོས་སུ་མེད། སེམས་ཅན་ཕ་མར་ཤེས་ཀྱང་སྙིང་རྗེ་ཆེན་པོའི་བློས་ཤ་ཁྲག་ལ་ཚོགས་
ཀྱི་འཁོར་ལོར་སྤྱོད། །སེམས་ཅན་བསླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་སྤྱད། །ཅེས་པ་ལྟར། སྣང་བ་འདི་བུ་ཆུང་ལྟ་བུར་སོང་བས་བྱིས་པའི་གྲོགས་ཀྱི་དབུས་སུ་མདའ་རྩེད་ཀྱང་ཐལ། སྡིག་བ་རླབས་པོ་ཆེ་སྤྱོད་པ་མཐོང་ན་ཡོན་གནས་དང་། སྦྱིན་བདག་ཡིན་ཀྱང་ཞེ་ཁྲེལ་འདེབས། གྱ་གྱུ་དང་བཅས་པའི་སློབ་མ་སྐལ་བ་ངན་པའི་མཚངའདྲུ་བའི་ཚེ་སྨྲ་བར་མི་བྱ་བ་ནི་གང་ཡང་མེད། སྤྱོད་ལམ་རྣམ་པ་བཞི་གང་ལའང་ཆོས་ཉིད་ཀྱི་རྩི་དང་མ་བྲལ་ཙམ་ལག་དེང་འཆའ་བས། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ན་མི་འགྲུབ་ཚད་ཚད་ཀྱི་བྱ་བྱ་བརྩམ་པ་ལའང་ཐེ་ཚོམ་མེད་པས་ལྕགས་མོ་ཡོས་ཀྱི་ལོའི་སོ་ཀ་ནས་ཕྱི་ལོའི་དབྱར་གྱི་བར་རྒྱུད་འབུམ་རིན་པོ་ཆེ་བཞེངས་པའི་བྱ་བ་མང་པོས་བྲེལ་བར་གྱུར་ཏོ། །དེ་ལ་འཇིག་རྟེན་གྱི་སྐྱེ་བོ་ཕལ་མོ་ཆེ་ནི་རྒྱུད་འབུམ་ཡོངས་སུ་རྫོགས་པ་ལས་རྣམ་མཐར་ཤེལ་བྲག་ངོ་མཚར་ཆེ་ལ། རྒྱུ་འགྲོ་བ་ཙམ་དུ་བྱེད་མོད། བསོད་ནམས་གསོག་པ་ལ་ཁྱད་པ་མེད་ཀྱང་། བསྟན་པའི་རྩ་ལག་ཏུ་གྱུར་པ་ནི་དམ་པའི་ཆོས་ཁོ་ན་ཡིན་ནོ། །བྱ་དཀའ་བའི་ཆ་ནས་མངའ་རིས་ལ་དཔའ་བ་རྣམས་ནི་ཁྲལ་དང་འུ་ལག་བཞག་པའང་དཀར་པོའི་ལས་ལ་ཉེས་པའི་ཕུང་པོས་འཚོ་ལ། དངོས་ཅག་རྣམས་
ནི་ཤོག་ལས་ཀྱང་རང་ཉམས་སུ་བསྟར། སྐྱོ་སུན་གྱི་རྣམ་པ་དང་དུ་བླངས་ཚེ་སྙིང་གར་ཐང་སྟོང་རྒྱལ་པོའི་སྲས་ཀྱི་ཕྱག་རྟགས་བཞག་གོ་ཟེར་བའི་ཕྱག་རྗེས་སུ་ལྷམ་ལེར་གསལ་བ་ཞིག་རྨིས། རྒྱུ་འགྲོའི་ཆ་ནས་བྲི་བའི་གླ་ཐོབ་ཉིད་ལའང་དངུལ་སྲང་བརྒྱ་དང་སུམ་ཅུ་མ་མཐར་བསྟན་པས་གཞན་རྣམས་ཤེས་པར་འགྱུར་རོ། །དེ་ལྟར་བརྩམས་པ་མཐར་ཕྱིན་བའི་རྟོགས་པ་བརྗོད་པའི་ཁོངས་སུ་དད་པ་དང་བསོད་ནམས་ལ་འདུན་པས་ཞལ་འདེབས་ཀྱི་རྣམ་པ་ཇི་ལྟར་ཕུལ་བའང་འགོད་པ་ཉིད་དོ། །སྔོན་རྒྱ་གར་ནས་སྟན་པ་དར་བའི་སྐབས། དམ་ཆོས་དང་འདུལ་བའི་གླེང་འབུམ་ན། གོས་ཕྱག་དར་ཁྲོད་བ་ཞེས་ཡོངས་སུ་གྲགས། བོད་གངས་ཅན་གྱི་དགེ་བཤེས་རིན་ཐང་ཅན། །ཤམ་ཐབས་ལ་དངུལ་སྲང་བཅོ་བརྒྱད་ཙམ། །དེ་མ་འགྲིག་ཚོང་དང་ཁེ་སྤོགས་བྱུང་། །བདག་དེས་ཀྱང་ཨང་རག་ལ་སེམས་པ་ཤོར། །ཚོགས་གྲལ་དུ་འདུག་ན་སྟོན་འགག་འགྲན། །སྟོན་འགག་བཟང་ཤོས་ལ་རྟ་རྨིག་རེ། །ཧོར་གོས་ལ་རིན་ཐང་མེད་པས་ལན། །བདག་དེས་ཀྱང་སྒོམ་ཐག་ལ་སེམས་པར་ཤོར། །ཐེར་ཕྲུག་གི་རྩོལ་བསྒྲུབ་ལྟ་ཅི་སྨོས། །མཐའ་མུག་མ་ཡན་ཆད་ཀྱི་གནོད་པ་སྡང་། །བདག་དེས་ཀྱང་རས་གོས་ལ་བློ་
སེམས་ཤོར། །གྲ་ས་དང་སྐྱ་ཚེ་ཟུང་དུ་སྦྲེལ། །ཕན་ཚུན་སྐྱོང་བྲན་གྱི་འཛིན་ཐག་ཅན། །བསམ་སྦྱོར་ཡང་དུ་མ་རོ་གཅིག་ལ། །མགོན་ཤཱཀྱའི་རྒྱལ་པོ་ཁྲེལ་དོགས་ནས། །ངས་དྲིན་ཅན་གྱི་ཕ་མའང་ཅི་བདེར་བཞག །ཁར་རྗེ་དང་དབང་ཐང་ཅི་འཚལ་བ། །རྒྱུད་འབུམ་གྱི་ཕྱོགས་སུ་སྤོང་དག་སྨོན། །དུས་ད་ལོ་སང་ཕོད་ཙམ་སྒྱུ་མའི་ལུས། །མི་འཇིག་པའི་ངེས་པ་མ་རྙེད་སྙམ། །བྱ་བྲལ་གྱི་གཤིས་ཚུལ་གྱི་ནའི་ངང་། །གཅོད་ཡུལ་བརྟུལ་ཞུགས་ཀྱི་སྤྱོད་པར་ཕྱིན། །གནས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་གི། །ཕྱག་འཚལ་ལ་ཁར་འབྱོར་ཙམ་ནས། །སྣང་བ་འདི་རང་དབང་མེད་པར་འགྱུར། །དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ལ། །མོས་གུས་ཀྱི་གདུང་བ་བླ་ལྷག་འབར། །གསོལ་འདེབས་དང་སྨོན་པ་དྲག་པོ་བྱས། །དབང་བཞི་ཡང་མཉམ་པ་ཉིད་དུ་ཐོབ། །ལར་སྣང་བ་འགྱུར་བའི་དད་པ་ལ། །བྱིན་རླབས་ཀྱི་ཕ་ཕོགས་ངེས་པར་ཡོད། །སྣང་བ་འགྱུར་བའི་སྙིང་རྗེ་ལའང་། །བསོད་ནམས་ཚད་དུ་སུ་ཡིས་བགྲང་། །དེ་རྡོ་རྗེའི་ལམ་གྱི་གནད་ཅིག་ཡིན། །ཞིང་སྐྱོང་གི་མ་མོ་གནས་བཅས་ཤིང་། །བསིལ་ཚལ་དང་མཉམ་པའི་དུར་ཁྲོད་དུ། །སྔོན་འདྲིས་ཤིང་བཤེས་པའི་ནེ་གུའི་ལུས། །
རུས་པའི་དུམ་ བུ་སྐྱ་ཁྲོལ ་ལེ། །ཁྲག་དང་ཆུ་སེར་རློན་ཙི་ཏེ། །དབང་མེད་དུ་ཕ་རོལ་སོང་མ་ཐག །དེ་མཐོང་བས་སྐྱོ་ཤས་ཀྱི་དྲུག་རོ་ལངས། རང་གཞན་གྱི་རྟག་འཛིན་ལ་ཞེ་ཁྲེལ་སྐྱེས། །སྤྱིར་སེམས་ཅན་ཀུན་ལ་སྙིང་རྗེའི་བློ། །སྒོས་ན་གཞོན་དུ་ཐལ་བས་ལྷག་པར་ཡང་། །བཟོད་མེད་ཀྱི་སྙིང་རྗེའི་ཆུ་ཀླུངས་འཁྲུགས། །གཟུངས་སྔགས་ཀྱིས་བཏབ་ནས་སྨོན་པས་སྦྱངས། །སང་ནང་པར་ས་ལ་སྤྱོད་པའི་ཞིང་། རི་ཟངས་མདོག་དཔལ་རི་གཉིས་པ་དེར། །ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་བསྐོར། །དོན་གཉིས་ལྷུན་གྲུབ་ཀྱི་སྨོན་མཚམས་སྦྱར། །མེ་མཆོད་ཀྱིས་མཁའ་འགྲོ་མཉེས་བྱས་པ། །དུས་མར་ངོའི་ཆོས་བཅུའི་རྨི་ལམ་ན། །ལྷ་རྫོང་བཙན་རྡོ་རྗེ་དགྲ་འཇོམས་དེ། །ནང་དགེ་བསྙེན་དུ་སྤྲུལ་བའི་ཆ་བྱད་ཅན། །སླར་བཙན་པོའི་རྣམ་བར་བསྒྱུར་བྱས་ནས། །བཟའ་བཏུང་དང་འབུལ་བའི་རྣམ་པ་བྱས། །དེའི་གྲོག་ཏུ་མཛེས་མ་ཞིག་ན་རེ། །ཁྱེད་དང་ཁོ་མོ་ཙ་ན་དྲ་དཔལ། །སྨོན་ལམ་གཅིག་པ་མཁྱེན་ལགས་སམ། །ལུས་ནི་ཟ་ཞིང་འཕྲུག་པའི་ནད། །གྲིབ་ལས་བྱུང་བ་ཡིན་ནོ་སྐད། །འཇིག་རྟེན་ལོག་ལྟ་ཐེ་ཚོམ་ཆེ། །རྟེན་འབྲེལ་
ཕྱི་ནང་གསང་བའི་ཆོས། །འགྲིག་ལ་ཉེས་འགལ་མང་མོད་ཀྱང་། །ཉམ་ང་མེད་པར་ཚེ་སྲིད་པའི། །ཐབས་ལ་དབང་པ་ཞུ་ཞེས་ཟེར། །དེ་ཙམ་ལ་ཀུན་རྫོབ་ཀྱི་གསལ་སྣང་ཞུས། །སྟོང་ཚོགས་དང་བརྒྱ་མཆོད་སྨིན་པར་བྱས། །དཔལ་བསིལ་བའི་ཚལ་དང་མཉམ་པ་ཡི། །དུར་ཁྲོད་དུ་བརྟུལ་ཞུགས་རོལ་བའི་བྲོས། །སྣང་བའི་རྫུན་ཕུགས་ཆམ་ལ་ཕན། །མཚན་མོའི་ཐུན་གྱི་ཆ་གསུམ་ལ། །ལུས་སྦྱིན་ཡང་ཤ་ཁྱེར་ཁྲག་ཁྱེར་བཏང་། །ཚར་ལྷོངས་ཀྱི་རྟེན་འབྲེལ་མ་ལུས་པ། །དབུ་མར་རླུང་ཞུགས་ཀྱི་འོད་གསལ་དང་། །འགྲིག་མ་འགྲིག་གི་རྩིས་གདབ་བྱ་མ་དགོས། །རིག་འཛིན་གྱི་གཏེར་སྟོན་རཏྣ་པའི། གདན་ས་ཆོས་ལུང་གོང་འོག་ལ། །གཅོང་རོང་གི་ཕྲང་ལ་བཤར་ནས་ཕྱིན། །ཁང་ཧྲུལ་ནི་སྒྱུ་མའི་ལུས་ཀྱི་དཔེ། །རྟེན་གསུམ་ནི་བསགས་པའི་ནོར་དང་འདྲ། །རྨི་ལམ་གྱི་ནང་ནས་རྨི་བོད་འཕྲོར། །སྐད་ཅིག་ལ་སད་པའི་གནས་སྐབས་བཞིན། །རང་གཞན་གྱི་རྟེན་དང་བརྟེན་པ་དང་། །འཁྲུལ་སྣང་དུ་སྟོན་པའི་སློབ་དཔོན་ལགས། །ད་ནི་དགེ་སྦྱོར་ལ་འབད་པ་ཞུ། །ཆུ་མིག་དགོན་གསར་པས་བསྙེན་ཅིང་བཀུར། །རཏྣ་པའི་ཕྱག་བཟོར་གྲགས་པ་ཡི། །དཔལ་མགོན་མ་ནིང་ལ་ཁྲུས་གསོལ་ཚེ། མར་མེ་ལ་ཐེགས་མ་འཐོར་
བའི་སྒྲར། །འབར་རང་ཞེས་པའི་སྒྲ་ཞིག་སྣང་། །མཉལ་གྱི་ཁུར་པོ་ཅི་མཆིས་པ། །ཁྱིམ་བདག་གིས་དད་པས་དབུགས་འབྱིན་བྱས། །རི་ཡུ་མོ་བྲག་གི་དབེན་གནས་སུ། །བསྙེན་བཀུར་གྱི་དད་པ་ཚོགས་སུ་བསྟབས། རགས་རྩིབས་སུ་གྲུབ་བརྒྱའི་བྲིས་སྐུ་བལྟས། །ཕྱི་ནང་ལ་འབྲུ་ཡི་མེ་ཏོག་གཏོར། །དཀོན་མཆོག་ནི་ཐུགས་རྗེ་ཚད་མེད་པས། །དད་ཅན་གྱི་སྐྱ་སེར་ལས་བྱུང་བའི་རྫས། །ཅི་མཆིས་དེ་མཆོད་པའི་དངོས་པོར་སྒྲིགས། །གཡོ་རུའི་ཁྲ་འབྲུག་ལ་སྲི་ཞུ་བྱས། །འདོད་བྲལ་གྱི་སྨོན་པ་རྒྱ་ཆེན་བཏབ། །དགོན་ཐང་གི་སྐུ་འབུམ་མདུན་དུ་ཉལ། །གྲ་རྒན་ཡང་བཟའ་བཅས་ཚིམ་བར་བགྱིས། །ཆོམ་རྐུན་གྱིས་མཆོད་རྫས་ཁྱེར་བའི་ཚབ། །གྲ་སྒྲིག་གི་སྡུག་སྐད་འདོན་པ་དེར། །མཆོད་ཀློང་གི་འབུལ་བས་དབུགས་འབྱིན་བྱས། །ཕྱུག་པོའི་མཇལ་ཞུ་ངང་མ་བསྲིངས། །ནམ་སེང་ཆས་ནས་འོངས་པའི་ལམ། །ལས་འབྲེལ་ལ་མྱོང་གྲོལ་ཕྱི་འབྲེལ་པ་བྱིན། །རང་གནས་སུ་བདེ་བར་ཕྱིན་པའོ། །ཀོང་སྨད་སྡེ་པ་རྒྱ་ལ་བརྒྱལ་ཁབ་ཀྱི་རུམ་ནས་ཆོས་བྲོས་ལ་བྱོན་པ་རྗེས་སུ་བཟུང་ནས་ཟླ་བོར་ཡོད། བློ་གྲོས་ཀྱི་སྒོ་ཡངས་པས་རྒྱུད་འབུམ་གྱི་ཤོག་ལས་དང་དོད་མ་སོགས་ལ་ཁུར་བ་ཞེས་ཆེ་བ་བྱུང་། དགུན་
སྤྲུལ་པའི་སྐུ་མཆོག་གི་དབུས་གྲ་ཚང་པ་བཅོ་ལྔ་སྐོར་དང་། གྲུབ་པའི་ཁྱུ་མཆོག་རྡོ་རྗེ་རྣལ་འབྱོར། །ཕ་ལྷ་རྗེ་དྲུང་རྡོ་རྗེ་སྙིང་པོ། གཉུག་མར་གནས་པའི་ཚོགས་དང་བཅས་པར་བདེ་གཤེགས་འདུས་པའི་ཆོས་འཁོར་ཆེན་པོ་དང་། གྲོལ་ཐིག་རིག་འཛིན་གྱི་རྩ་དབང་ཆེན་མོ་བསྐུར། དབང་དོན་དེ་ཉིད་གསལ་བའི་བདག་འཇུག་དཔོན་སློབ་ཚད་མས་ལན་ལྔ་ཙམ་བླངས་ཏེ། ཆོ་ག་ཕྱག་ལེན་གྱེར་དབྱངས་དང་བཅས་པ་ལ་དག་ཐེར་འགྲིས་གོམས་མིག་ལྟོས་ལ་ཕན་པ་ཚང་མས་དང་དུ་ལེན་པར་མཛད། རང་ལོ་ཞེ་གསུམ་པའི་ཚེ་ཕྲེང་ལ་དམིགས་ཆུ་བོ་རི་བླ་བྲང་ནས་རིང་འཚོའི་རྟེན་འབྱུང་དང་། གསུང་རྩོམ་ཚིགས་བཅད་བཅད་གནང་བ་སྤྲུལ་སྐུ་རིན་པོ་ཆེ་གྲ་བཅས་ཀྱི་གསུངས། རིང་མིན་གངས་རིའི་ཁྲོད་འདིར་ཁུ་བྱུང་བགྲོད་པ་དང་པོར་བརྩམ་དུ་ཉེ་བ་ན་བཟོ་གནས་རིག་འབྱུང་གི་ཡུལ་གྲུ་ནས་རྒྱུད་འབུམ་བཞེང་པའི་བྲིས་པ་རྣམས་སླེབས། བཤུལ་རིངས་ཀྱི་མགྲོན་པོ་ཐོ་མདོག་བཟང་ངམ། བསྐྱོད་པ་ཡང་དམ་ཞེས་དབུགས་འབྱིན་དམ་པའི་འབབ་སྟེགས་ལ་བཞག་མ་ཐག་སོ་ཀའི་འབྲུག་གི་སྒྲ་དང་པོར་གྲག་པས་རིང་མིན་ཉིད་དུ་རྒྱུད་འབུམ་འདི་ལས་དུ་མ་འཕེལ་ཞིང་འཆད་ཉན་གྱི་ཕྲིན་ལས་དར་བའི་རྟེན་འབྲེལ་དུ་བྱུང་། ཁ་ན་མ་ཐོ་བ་མེད་པའི་བསྙེན་བཀུར་དང་ཡོན་གྱི་མཚམས་སྦྱར་ཏེ་ལས་རྒྱུན་ཟླ་
བ་ཕྱེད་དང་བཞིའི་ཁོངས་སུ་ལེགས་པར་འདྲིལ། བདག་ཅག་ཆོག་རོགས་པ་དང་བཅས་བཅུ་སྐོར་གྱིས་རྒྱུད་སྡེ་རིན་པོ་ཆེ་ནས་ལེགས་པར་གསུངས་པའི་རབ་གནས་མཐའ་རྒྱས་ཀྱི་སྦྱིན་སྲེག་དགའ་སྟོན་བཅས་པ་ཆོ་གར་ལྡན་པ་བགྱིས། གདུགས་འཇམ་ཞིང་སྟ་གོན་གྱི་ཉིན་དཀྱིལ་འཁོར་གྱི་ཁང་པ་འཇའ་གུར་རིམ་པ་གཉིས་པས་རབ་ཏུ་དཀྲིགས། །བྱིན་རླབས་ཀྱི་དགེ་མཚན་ལ་ཀུན་ཀྱང་སྣང་བ་འགྱུར། གཟུ་བོའི་བློ་གྲོས་ཕྲ་མའི་འདམ་རྫབ་ཀྱིས་གཏུམས་པ་དག་ལ་ཐལ་འགྱུར་རྣམ་དག་རྐང་བཏེགས་སུ་འཆའ་བར་ནུས་པས་དེ་ཉིད་ཀྱི་བློ་གྲོས་དྲི་བྲལ་དུ་བྱེད་པའི་དགོས་དབང་ཅན། སྔ་འགྱུར་གྱི་རྒྱུད་ལ་རྩོད་པ་སྤང་བའི་ཚིག་རིགས་འགའ་ཞིག་གནས་སྐབས་འདིའི་བརྗོད་བྱའི་དམ་ཚིག་ཏུ་ངེས་པས། སྟོན་པ་མཆོག་དང་དེའི་བསྟན་པ་ལ་བྱ་བ་ལྷག་པར་བྱས་པ་རྒྱན་དྲུག་མཆོག་གཉིས། གངས་ཁྲོད་བསྟན་བའི་རྩ་ལག་མེས་དཔོན་རྣམ་གསུམ་ལོ་པཎ་དང་བཅས་པའི་སྔོན་བྱུང་རགས་རིམ་གྱི་སྣ་དྲངས། རྡོ་རྗེའི་ཐེག་པ་སྔ་འགྱུར་ཞེས་གྲགས་པའི་དེའི་ཟབ་དང་རྒྱ་ཆེའི་གྲུབ་མཐའ་མ་ནོར་བ་བཟུང་བར་ངེས་པའི་དམ་པའི་ཚོགས་ཀྱི་ཆོས་འབྱུང་སྤེལ་ལེགས་ཀྱི་ཁོང་དུ་ཆོས་ལ་སྡང་བའི་ཉེས་སྤྱོད་ཀྱང་བྱི་དོར་བྱས་པའི་དཀར་ཆགས་འཛམ་གླིང་ཐ་དྲུག་ཡངས་པའི་རྒྱན་ཅེས་བྱ་བའང་བརྩམས།
རྒྱུ་འགྲོའི་རིམ་པ་སྤྱིར་དངུལ་སྲང་བཞི་བརྒྱར་ཐལ་བའང་དམ་པ་གསུམ་དང་འབྲེལ་བའི་བསྔོ་བས་རྒྱས་བཏབ། གསུང་རབས་གླེགས་བམ་རྣམས་དཔལ་རི་ཐེག་པ་ཆེན་པོའི་གླིང་དུ་བསུ་བ་སེར་ཕྲེང་གི་བཀོད་པ་བྱ་ནོམ་མ་དང་བཅས་སྤྱན་དྲངས། སྔོན་གྱི་ཚེའུ་ཤང་རྡོའི་རྟེན་དུ་གྱུར་པའི་བཅོམ་ལྡན་འདས་གཟུགས་ཀྱི་རྒྱལ་པོ་ཆོས་ལི་རྙིང་མ་ཤིན་ཏུ་མཚར་ཞིང་ངེས་པར་གསུང་བྱོན་དུ་གྲགས་པའི་བྱིན་རླབས་ཅན་སྲི་ཞུས་ཉམ་ཆུང་བར་བཞུགས་པ་ལ་གསེར་ཟངས་ཀྱི་དབུ་རྒྱན་ཕྲས་ཕྱུག་བ་བཅས་སྤྱན་དྲངས། ཁྱད་གོས་ཀྱི་ན་བཟའ་ལ་སོགས་པས་གཟེངས་བསྟོད། རྒྱུད་འབུམ་རིན་པོ་ཆེའི་ཀུན་ར་དང་འབྲེལ་བའི་བཞུགས་ཁང་ལྷོ་མོན་གྱི་ཡུལ་བསྐྲུན་འབད་པས་དྲངས་ཏེ་གཏུག་ལག་ཁང་གི་གྲལ་དབུར་བཞུགས་སུ་གསོལ། གྲ་ཚང་ཚོམས་ཡོངས་ནས་ཉིན་གཉིས་གསུང་སྒྲོགས་ལ་བསྙེན་བཀུར་རྒྱས་པ། བཀྲ་ཤིས་ཁ་བཏགས་རེ། ཊཾ་ཁ་ཏེའི་འགྱེད་བཅས་བསྒྲུབས། རྟག་ཏུ་མཉམ་པར་མ་བཞག་པ་མེད་པ་ནི་སངས་རྒྱས་ཁོ་ནའི་ཁྱད་ཆོས་སུ་འདུག་བས་ཉིད་མཚན་ལ་བཟླས་པ་རྣམས་ཨ་ལ་ལ། གཞན་རྗེས་ལ་ཐོབ་པའི་ཤེས་རབ་ཀྱང་འདུས་བྱས་ཀྱི་དགེ་བའི་ཡོ་ལངས་ལ་སྦྱར་ཚེ་རྟོག་པའི་འདུ་འགོད་དུ་འདུག་པས་འཆིང་གྲོལ་མེད་པའི་ངང་སྒོམ་ལ་ངལ་གསོའི་དབུགས་
འབྱིན་ཐོབ། ཁུ་མིའི་ཚེས་བཅུ་པ་རྣམས་ལ་ཟླུམ་པོ་བཞི་དབང་དང་འདོན་ཆའི་ལུང་བྱིན། འབྲུའི་འབུལ་བ་བྱུང་བ་རྣམས་སྤྲེལ་ཟླའི་ཚེས་བཅུའི་ཟླ་ཐེབས་སུ་སྤྲད། སྡེ་པ་ལྷ་རྒྱ་རི་བའི་གདན་འདྲེན་གྱི་ཆབ་ཤོག་དང་པོ་བྱུང་། །ལྷོ་འབྲུག་གི་ཡུལ་ནས་བླ་མ་རྣམ་རྒྱལ་ཅན་དང་བཅས་འདུས་བ་བཅོ་ལྔ་སྐོར་ལ་རྫོགས་པ་ཆེན་པོའི་འཁྲིད་བཏབ། །བླ་མ་རིན་པོ་ཆེ་ཞི་བར་གཤེགས་པའི་ཡོངས་བསྔོ་དང་སྤྲགས་ལྕགས་ཟམ་རིན་པོ་ཆེའི་ལྗགས་བཀོད་ཀྱིས་དགུང་རྟེན་རབ་གནས་ལ་བསྐྱོད་དགོས་ཤར། དབུ་རྩེ་རིགས་གསུམ་ལ་མཆོད་པ་ཅི་ནུས་བསྟབས་ཏེ་ཐུགས་དགོངས་རྫོགས་པའི་སྨོན་ལམ་བྱད་ལར་ཁོ་བོ་སྐལ་བ་མཆོག་ཏུ་གྱུར་པས་ཀུན་མཁྱེན་ཆེན་པོའི་གྲུབ་མཐའ་འཛིན་པ་ལ་རྨོངས་པའི་གཞན་དབང་དུ་གྱུར་པ་དག་གིས་མི་མཐུན་པར་བལྟས་ནས་ལྷས་སྦྱིན་གྱི་བརྟུལ་ཞུགས་འཛིན་པའང་བྱུང་སྟེ། ཡིད་བཞིན་མཛོད་ལས། དམན་པའི་ནོར་དག་ཉོ་ཚོང་བྱེད་ན་ཡང་། །རང་གི་མི་ཤེས་གཞན་ལ་འདྲི་བར་བྱེད། དེང་སང་གང་བྱུང་ཆོས་ཀྱི་ལམ་དེར་འཇུག་རྣམ་དཔྱོད་མིག་མེད་ཐོས་བསམས་སྣང་བ་ལྗོངས་། །མིག་ལྡན་གཞན་ལ་དྲི་བའི་རྟོག་པ་མེད། །ཐར་འདོད་སྐྱེ་བོ་མང་པོ་བསླུས། །ཞེས་པས་སྙིང་རྗེ་བའོ། །སྒྲགས་
སུ་ཆོས་རྗེ་བྲག་ཕུགས་པས་བསྙེན་བཀུར། །མེ་ཚོགས་སོ་སོ་ནས་སྟོང་ཕྲག་ཐལ་བ་དང་མཆོད་པས་ཐུགས་དམ་བསྐངས་བས། མཚོ་རྒྱལ་བླ་མཚོར་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་བརྡ་བསྒྱུར་ཀྱང་བབས། བླ་མ་རྣམ་རྒྱལ་དཔོན་སློབ་ཅན་འདིར་འབྲེངས་པར། རྟ་མགྲིན་དང་། གུ་དྲག་གི་དབང་ལུང་། ཉུང་བསྡུས་ལ་དམ་ཅན་སྡེ་བདུན་གྱི་སྲོག་གཏད་ཀྱང་བགྱིས། དད་ལྡན་འབྲུག་རྣམ་རྒྱལ་ལྷས་ནས་ངེད་ཕྲད་དུ་བྱུང་བ་ལ་དགེ་ཚོགས་རིན་པོ་ཆེའི་གཏོས་ཀྱི་སྤྲོ་བ་བསྐྱེད་དེ་རྣམ་ཐར་ཤེལ་བྲག་མ་བཞེད་པར་གདམས། དེའི་ཚེ་ཁོང་ལྟོས་གྲ་བ་ཞིག་གི་སྣང་བར་འདི་འདྲ་བཞེང་བ་ལས་མཛད་བརྒྱ་ཅིག་བཞེངས་ན་དོན་སྙམ་བའི་ཚེ་རྨི་ལམ་དུ་སློབ་དཔོན་རིན་པོ་ཆེའི་དབུ་ལ་གཙུག་ཏོར་སྐྱེས་ནས་རིམ་བཞིན་སངས་རྒྱས་སུ་གནས་འགྱུར་བ་ཞིག་བྱུང་ཟེར། དམྱལ་བར་འཁྲིད་པའི་དེད་དཔོན་ཞིག་ཐེག་པ་ཆེན་པོའི་གང་ཟག་ལ་ལོག་པར་ལྟ་བ་འདི་ཡིན་ནོ། །ཆོས་རྗེ་བྲག་ཕུག་པས་ཀར་དྲིལ་དངུལ་གྱི་ནང་མཆོད་ཀ་ལི་ཆ། རྟེན་བཞེངས་ཀྱི་རྒྱུ་རག་སེར་བཏུལ་ཕོ་ཆེར་ལ་སོགས་བའི་བདོག་པ་སྟོབས། ས་དེར་རྨི་ལམ་དུ་སྟོན་རྩ་སྦུག་ཏུ་གྲགས་པའི་བཙན་དེས་སྟག་ལྤགས་ཀྱི་འབུལ་བ་དང་སྔོན་གནས་འགའ་ཞིག་བཤད། ཆུ་བོ་རི་ནས་རྟ་ཁལ་གྱི་བསུ་བ་འབྱོར་
བས་ངེད་དཔོན་སློབ་ཚང་མ་ལྕགས་ཟམ་བྱང་ཆུབ་རྒྱུན་ལམ་དུ་ཀུན་ཏུ་བཟང་པོའི་ཆོས་འཁོར་ལ་འགྲིམ། རྡོ་རྗེ་གདན་པའི་རྣམ་ཐར་གྱི་རྒྱུས་དགོན་གནས་རྟེན་གསུམ་ལ་ཞར་བལྟས་བྱས། མཁྱེན་བརྩེ་ཆེན་མོའི་བཟོ་གནས་ཀྱི་མིག་ལ་ངོ་མཚར་གྱི་བདུད་རྩི་དྲངས་། ཡབ་ལར་སློབ་གྲ་དགེ་རྒན་ཨེ་མཆི་རིག་གནས་དབང་པོ་ཆིབས་བསུ་ལ་བྱོན། བླ་བྲང་ཡང་སྟེང་ནས་རོལ་མོའི་བྱེ་བྲག་དང་བཅས་པའི་བསྟི་སྟབ་ཡང་མཛད། གྲ་ཚང་བར་མང་འགྱེད་འཆར་ཅན་མ་བྱས། འཇིག་རྟེན་ན་རྙེད་བར་བཀའ་བ་དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོའི་གསུང་རབ་ལས་ངལ་གསོ་སྐོར་གསུམ། མཛོད་བདུན་རྩ་འགྲེལ། གསང་བ་སྙིང་པོ། འབྲེལ་བ་ཕྱོགས་བཅུ་མུན་སེལ་རྣམས་འགྲོག་ལམ་གྱི་བདེན་པ་ལ་བཤད་པའི་བ་དན་གཡོ་བཞིན་པའི་ལུང་བགླགས། སྤྱིར་ཐེག་མཆོག་མཛོད་སོགས་རིན་པོ་ཆེ་ཐང་འབྲོག་པ་ཁས་བརྒྱུད་པ་དང་། ཤིང་རྟ་ཆེན་མོ་སོགས་ནས་བརྟན་ཀུན་བཟང་འོད་ཟེར་ལས་བརྒྱུད་པའི་རིམ་པ་ཡོད་དེ། ཁོ་བོ་ལས་བརྒྱུད་པའི་འདི་ཡེ་ཤེས་ཀྱི་སྐུ་ལན་གསུམ་བསྟན། རྒྱལ་ཚབ་ཏུ་དབང་བསྐུར་བའི་དེམ་ཐག་སོ་སོར་རྟོག་པའི་ཤེས་རབ་དང་རྟོགས་པ་མཆོག་གི་སྣོད་དུ་གྱུར། རིག་འཛིན་པདྨ་
དང་ཌཱ་ཀྐི་མའི་བརྡ་རིས་ལས་དམ་པ་ཆོས་ཀྱི་མཛོད་ཀློང་སྙིང་། བརྒྱུད་པའི་ཆུ་མགོ་གངས་ལ་ཐུག་པ་ལགས་སོ། །སླར་བླ་གྲ་ཡོངས་རྫོགས་ལ་ཤིན་རྗེ་ཚེ་བདག་གི་དབང་གོང་ས་ལྔ་པའི་ཡིག་ཆ་བཙན་པར་བྱས། སྐུ་འཁོར་ཉུང་བསྡུས་ལ་ལུང་ཡང་བཀླགས། །ལར་དེད་ཀྱི་གྲུབ་དབང་དམ་པ་ལ་ཉན་དུས་མཆོད་རྟེན་བཅས་ཆོ་ག་སྐོར་ལའང་དྲི་བ་ཞིབ་ཏུ་བགྱིས་པས་མན་ངག་གི་གནས་འདི་ལ་གངས་རིའི་ཁྲོད་ཙམ་ན་ཁོང་པ་ལགས་ལེན་ཉམས་འོག་ཏུ་ཆུད་པའི་ཚེ་བདག་དཔའ་བོ་རང་དུ་སྣང་སྟེ། དེའི་རྒྱུས་བློ་ལ་ཆུད་པར་གྱུར་ཡང་ཁོ་བོའི་ཀུན་རྟོག་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་ལར་མི་སྤྲོ་བས་གཡེལ། ཤྲཱི་ན་ཐའི་ཞལ་སྔ་ནས། འདིའི་ལག་ལེན་རྒྱུན་གྱ་ཙོམ་པ་བྱུང་ན། འདྲ་ཅོག་ལ་དཔྱད་པ་འཇོག་གོ་ཞེས་ཀྱང་གསུང་། དེ་སྐབས་རྨི་ལམ། སྐྱེས་བུ་གོས་དཀར་ལྕང་ལོ་གཡོ་བ་ཞིག་གིས་ངེད་ལ་དུང་ཞིག་བྱིན་ནས། འདི་ལས་ཆུང་ཙམ་ཞིག་སྤྲུལ་པའི་སྐུ་ལའང་ཕུལ་བ་ཡིན་ཏེ་ཁོང་མཉེས་པའི་བར་སྐབས་མི་འདུག་ཟེར། རྒྱ་ཅན་ལས་བཞི་ལྷ་མོ་དང་། ལྷ་ཆེན། ཚེ་རིང་མ་སོགས་ཀྱང་ཕུལ། ཕྱི་ལོའི་སོ་ཀ་རྒྱུད་འབུམ་རིན་པོ་ཆེ་ཡོངས་རྫོགས་ཉན་ཐུབ་པའི་སྐལ་བ་མཆོག་ཏུ་གྱུར།
གསེར་དངུལ་སྲབ་ཐེར་ལ་སོགས་པའི་ཆོས་ལ་ཡོན་བདག་ འཕགས་ཡུལ་བ་རྣམས། ཇོ་བོ་ཤཱཀྱ་མུ་ནའི་བཞུགས་ཁྲི་ལ་གཏད་ནས། ཁྲི་འདི་ལ་བཞུགས་པའི་མ་ཧཱ་མུ་ནེ་དེ་བོད་ཀྱིས་ཐོབ། དེའི་ཞལ་མཐོང་ཚད་ངན་སོང་མི་མྱོང་ཟེར་སྐད། བོད་བློ་དྲེད་དྲག་པས་ཞལ་ལྟ་བའང་མི་བརྩོན། མཉམ་གཞག་གི་རྔ་དོན་སངས་རྒྱས་མཐོང་བ་ལས་ཀྱང་རང་སེམས་ངོ་ཤེས་པ་དགའ་སྟེ་ཆོས་སྐུའི་གོ་འཕང་ཤེས་རབ་ཀྱི་ཕྱོགས་ཕ་རོལ་ཏུ་ཕྱིན་པ་གཅིག་གི་རྗེས་སུ་འབྲངས་བ་ངེས་སོ། །རྗེས་ཐོབ་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ན་སྤྱོད་པའི་ཕྱོགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་སྟེ། དབང་པོ་ཡུལ་ལ་སད་པའི་ཚེ་ཐབས་འདི་ཁྱད་པར་འཕགས་པས་ལྷ་སར་ཇོ་ཤཱཀྱ་ཀ་རྣམ་གཉིས་ཀྱི་ཞལ་བལྟ་བ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཞུ་བ་ལ་ཆེད་དུ་གཏད་ནས་ཕྱིན། གསེར་ཆབ། ཀར་མེ། སྙན་ཤལ། གསེར་སིལ་མའི་མེ་ཏོག་གཏོར་བས་སྣ་དྲངས། ཡན་ལག་བདུན་པ་དང་། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་ལ་སོགས་པའི་བརྗོད་པ་གསུམ་གྱིས་སྨོན་པ་དང་། འཇུག་བ་དང་། གཉིས་ཀ་ཆེས་བརྟན་པ་ཉིད་ཐོབ། དེའང་རྫོགས་
པའི་སངས་རྒྱས་དྲི་མེད་འོད་ཀྱི་བཀའ་དྲིན་ལས་ཆོ་ག་ཐ་དད་པ་ལྟར་སྦྱར་བའི་ལྡོག་པ་ཐ་དད་པ་གསུམ། བརྗོད་པ་གསུམ་གྱི་ཐ་མར་སྨོན་འཇུག་ངོ་བོ་གཅིག་ཏུ་སྐྱེ་བའི་བློ་རྫས་གཅིག །དུས་གཅིག །བྱེད་པ་གཅིག་པའི་གོ་དོན་ཡང་ཉམས་སུ་མྱོང་། དེ་ལྟར་ཀུན་རྫོབ་ཆོ་ག་ལ་བརྟེན་པས་དོན་དམ་མཚན་ཉིད་སྒོམ་སྟོབས་ཀྱིས་འཐོབ་པའི་ཚུལ། །རང་བཞིན་ཟེར་བའི་ཅོད་པན་གདགས་པའི་གནས་ལུགས་རྫོགས་པ་ཆེན་པོ་མཉམ་ཡངས་ཕྱོགས་བྲལ་ཆེན་པོའི་ཀློང་ན་སྤང་གཉེན་མེད་བར་གདེང་དུ་གྱུར། ཁོ་བོའི་རྒྱུད་ལ་བྱང་སྡོམ་ཡར་ལྡན་དུ་གྱུར་པའི་གནས་སྟབས་ནས་རྒྱལ་བའི་སྨྱུ་གུ་མཁྱེན་བརྩེའི་ལྷ་ཞེས་མིང་བྱིན་གྱིས་བརླབས་སོ། །རྗེས་ཆོག་ཏུ་སྨོན་ལམ་གྱི་རྒྱལ་པོ་བཟང་པོ་སྤྱོད་པ་དང་། འཇུག་པ་ལ་རྗེས་དྲན་དུ་སློབ་པ་ཕར་ཕྱིན་དྲུག་གི་ངོ་བོ་རྒྱལ་བ་མི་ཕམ་པའི་རྗེས་སུ་བླངས། གུ་རུ་ལྷ་ཁང་དུ་ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་བསྐོར། ཞག་གསུམ་གྱི་བར་ལ་དོན་དུ་གཉེར་བྱ་རྣམས་གྲུབ། འབྲུག་རྣམ་བར་རྒྱལ་བས་ཞལ་གདམས་ཤིག་ཞུ་བ་ལ། གནས་ཆོས་འཁོར་དཔལ་གྱི་ལྷ་ས་རུ། །སྐྱབས་མཚུངས་པ་མེད་པའི་ཇོ་ཤཱཀ་མཇལ། །གསེར་སིལ་མའི་མེ་ཏོག་སྐུ་ལ་གཏོར། །ཞལ་གསེར་གྱི་
བླུགས་པས་སྣུམ་པར་བྱས། །དོན་དོར་བ་མེད་པའི་སྨོན་ལམ་བཏབ། །མ་མཁའ་འགྲོ་དབུས་པའི་ཚོགས་འཁོར་བསྐོར། །བློ་འཁུན་པ་མེད་པའི་མགུར་གླུ་འཐེན། །དེང་འདིར་ཚོགས་དམ་ཚིག་དག་པའི་འཁོར། །ལས་ཟིན་པ་མེད་པའི་འཁོར་བ་ལ། །བློ་ཨ་འཐས་ཞེན་ཆགས་མ་ཚ་བར། །ཚོང་འདུས་ཀྱི་འགྲོན་པོ་གྱེས་པ་བཞིན། །ལུས་ལོངས་སྤྱོད་འདུས་བྱས་ཀྱི་མཐའ་མ་སོམས། །ཕྲལ་འདུ་འཁོད་དང་ཕྱི་ཚིག་འཇིག་རྟེན་གྱི། །ཡོང་རྣམ་ཐར་སྤྱི་མཐུན་ལགས་མོད་ཀྱི། །དེ་ཁོ་ན་མདུན་མའི་རྩེར་མ་འཛིན། །ཚེ་སྔ་ཕྱི་དང་ལས་འབྲས་ཀྱི་འདོར་ལེན་ལ། །དོན་ཡང་དག་གི་གཞིག་པ་མ་བཅུག་ན། །དཔེ་གྲུ་གཟིང་ཞིག་པའི་དེད་དཔོན་བཞིན། །དུས་ལན་ཅིག་ཐོབ་པའི་མི་ལུས་འདི། །སྟོང་ཟད་དུ་ཨེ་འགྲོ་མནོ་བསམ་ཐོང་། །ལར་འཆི་མཁན་ནི་གནམ་སའི་རྡུལ་ཕྲན་ཙམ། །འགྱོད་མེད་དུ་འཆི་བ་གཅིག་ལས་ཉུང་། །དོན་དེ་ཕྱིར་བློ་སེམས་ནང་དུ་ཁུག །ཕྲལ་ཆོས་གཟུགས་དང་ཟབ་ཟབ་མ་བྱུང་ཡང་། །ལས་མི་དགེ་བཅུ་ལ་དགྲ་བཞིན་གཟིགས། །དཀོན་མཆོག་ལ་བློ་སྙིང་བྲང་གསུམ་ཐོད། །སེམས་བསམ་པ་བཟང་པོའི་སྤྱི་ཚིག་འདི། །མི་སྐྱེ་བོ་རང་དགའི་བྱང་ཆུབ་
སེམས། །རྗེས་འབྲེལ་དུ་གཞན་ལ་འཚེ་བ་སྤོངས། །སྐྱབས་འགྲོ་དང་ཡིག་བརྒྱ་ཡན་ལག་བདུན། །ཕྱག་འཚལ་དང་བསྐོར་བ་མཆོད་འབུལ་སོགས། །ཚོགས་གསོག་གི་དགེ་བ་རྒྱ་ཆེར་འབུངས། །སྔགས་ལམ་ལ་བསྐྱེད་རྫོགས་མཐུ་ཆེ་ཡང་། །ཁྱིམ་གནས་ཀྱི་ལམ་དུ་ལོངས་པ་ནི། །དཔལ་ལྡན་འབྱོར་བའི་དབང་པོ་ཙམ། ཨིནྡྲ་དྷཱུ་དྷི། །འོན་ཀྱང་མོས་པ་ལམ་འཁྱེར་ལ། །མཐའ་བཀག་བའི་གནས་སྐབས་ཅི་ཞིག་པས། །ལྷ་སྔགས་དང་ཆོས་སྐུའི་ལམ་འཁྱེར་ལ། །རྣམ་ཀུན་དྲན་པ་བརྟེན་ཀྱང་འཚལ། །ཁྱད་པར་མོས་གུས་བླ་མའི་ལམ། །བྱིན་རླབས་དབང་བཞིའི་རྣལ་འབྱོར་དང་། །འབྲེལ་བར་གསོལ་འདེབས་སྙིང་པོ་འདོན། །ཞིང་ཁམས་སྦྱོང་ལ་བརྩོན་ཡང་འཚལ། །སེམས་ཅན་གྱི་ལས་མཐའ་ཚད་མེད་པས། །སྣང་ཚུལ་དང་སྤྱོད་པ་རིགས་མི་མཐུན། །དེ་ཀུན་ལ་ཕན་བདེའི་བསམ་སྦྱོར་དང་། །མི་འཇིགས་པའི་སྐྱབས་སྦྱིན་བཏང་ཡང་འཚལ། །དགེ་བརྒྱ་མཚོའི་སྲོག་ཤིང་ནི། །སེམས་བསྐྱེད་དབང་བསྔོ་སྨོན་བཙན་པོ་སྟེ། །སངས་རྒྱས་པའི་གྲུབ་མཐའ་ཁྱད་འཕགས་འདིར། །རྣམ་ཀུན་བདག་གིར་མཛད་ཀྱང་འཚལ། །བློ་ཚོད་དང་མཐུན་པའི་སྙིང་གཏམ་འདི། །གནས་དཔལ་གྱི་ཆོས་འཁོར་ལྷ་ས་རུ། །འབྲུག་རྣམ་པར་
རྒྱལ་བ་དད་པ་ཅན། །རྒྱུད་རང་བཞིན་འཇམ་པ་དེས་བསྐུལ་ངོར། །གཏད་མེད་ནམ་མཁའི་རྣལ་འབྱོར་གྱིས། །གྲོང་ཚིག་དུམ་བུར་བཅད་ནས་བཀོད། །གཞན་སྣང་དགེ་ལ་འགྱུར་བར་ཤོག །ལམ་ཞོར་ལ་ཀུན་མཁྱེན་ཆེན་པོའི་སྒྲུབ་གནས་བྲག་དམར་ཟང་ཡག་ནམ་མཁའི་རྫོང་དུ་མཆོད་འབུལ་དང་། ཚོགས་བརྒྱ། མེ་མཆོད། རྡོ་རྗེའི་གླུ་ལ་སོགས་པ་བྱས། ཆུ་འགྲམ་འདི་ལྟ་བུར་སྡིག་སྤྱོད་ཀྱི་བུར་མི་སྐྱེ་བའི་སྨོན་ལམ་བཏབ། ལྕགས་ཟམ་གྱི་སྐུ་འབུམ་ཆེན་མོ་ཙོང་བར་རབ་གནས་བསྐྱོར་དགོས་གསུང་བ་ཆོ་གར་ལྡན་པ་བྱས། སྒོམ་དོན་སྐོར་ལ་དྲིབ་ལེ་ཚན་དུ་བཅད་པ་གནང་བ་བསམ་བྱུང་གི་ཤེས་རབ་དང་མཐུན་བས་ལན་བཏབ། གངས་དཀར་དུ་རྒྱུན་པོའི་རྐང་པ་བྲེགས་ནས་རིང་པོ་མ་ལོན་པ་མཐོང་ནས་སྙིང་རྗེ་དཔག་ཏུ་མེད་པ་སྐྱེས་ཤིང་མྱོང་གྲོལ་དང་ལྟོ་རིན་བྱིན། འདི་དག་རང་སྤྱོད་ཀྱི་ལན་ཞེས་སྨྲ་མོད། དེ་ལྟ་ན་དམྱལ་བ་པ་རྣམས་ཀྱི་དང་པོ་ལས་དེའི་རྒྱུ་བསྒྲུབ་པའི་སྤྱོད་པ་མཐོང་ན་ཞེ་ཁྲེལ་བ་ལས་སྙིང་རྗེའི་ཡུལ་དུ་ཅིས་འགྲུབ། ཡར་མདར་དྲུང་ཡིག་གིས་བསྐུལ་ནས་བྱས་ལྷ་ཁང་གི་གནས་ཡིག་བརྩམ་པར་ཁས་བླངས་ཀྱང་གནས་འཛིན་བས་བདག་པོ་ཨེ་བྱེད་མི་ཤེས་སྙམ་ནས་བཏང་སྙོམས་སུ་ལུས། པདྨ་འོད་གླིང་དུ་སློབ་ཕྲལ་འབྲུག་པ་བླ་མའི་མྱོང་གྲོལ་བདུད་རྩིའི་སྒྲུབ་པ་བཙུགས། ཁོང་ལ་
སྨན་སྒྲུབ་ཀྱི་ལག་ལེན་ལེགས་པར་བསླབས། བླ་མས་བ་སོ་དང་ལི་འཁར་སོགས་ལས་གྲུབ་པའི་ཨ་ཙ་རའི་ཉེར་སྤྱད་སྣ་ཚོགས་ཀྱང་ཕུལ། གཙང་རྒྱང་རུ་དཔལ་སྡིངས་རྗེ་བཙུན་མར་དགེ་བ་གསུམ་གྱི་དོན་ཁྲིད་དང་འབྲེལ་བའི་འཁྲིད་བསྟན་པས་སྔར་ཁོང་རང་གི་ཡབ་ལ་མཚན་ཉིད་པའི་བླ་མ་ཞིག་གིས་ཁྱེད་རྙིང་ལུགས་མཛད་ནས་མཁས་པ་ཀློང་ཆེན་པའི་ལུགས་མཛོད། དེ་སློབ་དཔོན་པདྨ་དང་མཉམ་བྱས་ཀྱང་ཆོག །ལྷག་བྱས་ཀྱང་བཏུབ་གསུངས་སོང་བ་དེ་འདི་ཡིན་པར་སྣང་སྐད། ཤིང་རྟ་ལོ་གསར་ཕྲལ་སྡེ་པ་ལྷ་རྒྱ་རི་བའི་རྟ་བསུ་བ་དྲུང་འཁོར་ཅན་བྱོན། ཆང་དཀར་རྫོང་དཔོན་ཆུ་སྐོར་བས་རྫོང་དུ་བསྟི་སྟང་མཛད། དགའ་ལྡན་ལྷ་རྩེའི་གཟིམ་ཆུང་ཆེན་མོར་ཞབས་སྲུང་ལྷ་ཕུན་ཚོགས་དབང་ཕྱུག་དཔལ་འབར་དང་མཇལ་འཛོམ་མཛད། དེ་ཉིད་འགྲུབ་སྦྱོར་གྱི་རྟེན་འབྲེལ་ཁྱད་ནས་ཚེ་དབང་ཞིག་དགོས་གསུང་པ་ཕུལ། ཁུ་བོ་ཞབས་དྲུང་དགའ་ལྡན་འཇིགས་མེད་དཔལ་བཟང་གཤེགས་ནས་ཞག་ལྔ་པའི་སྐབས། བདུན་ཚིགས་དང་པོ་དང་བསྟུན་པུར་གྱི་མདུན་དུ་སྦྱོང་བ་དང་གནས་སྤོར་ལམ་བསྟན་ཡང་བགྱིས། བསྔོ་རྟེན་འབུལ་སྤམས་དངུལ་སྲང་ལྔ་བཅུ་ཐལ་བའི་དངོས་པོའི་དགེ་བ་རྫོགས་བྱང་དུ་བསྔོས། ཞབས་དྲུང་ཁྲི་བ་དང་ཉིན་རི་བཞིན་ཞལ་རྒྱས། ཁྲུས་ཆོག །
བྱང་འགྲོལ། ཚེ་དབང་། རྗེས་གནང་། དབང་ཀའི་རིགས་བཞེད་པ་བཞིན་ཕུལ། ཞབས་དྲུང་མཁྱེན་རེབ་ཀྱི་སྒོ་ཡང་ས་བར་དང་བར་མཐམས་ཐམས་ཅད་ཆོས་ཀྱི་གླེང་མོས་འབྱམས་ཀླས། ཕྱག་མཛོད་ཆེན་མོར་ས་བརྒྱད་དང་དབང་ཕྱུག་ངལ་བ་སོ་སོ་པོ་རྟ་བདག་བརྒྱད་དང་བཅས་པའི་རྟེན་ཕྱ་རྟེན་བོར་བུའི་ལུགས་རིན་པོ་ཆེས་ཕྱུར་བུར་བལྟམས་པའི་གཏེར་བུམ་དང་བཅས་པའི་བཅའ་ཤིན་ཏུ་རྒྱས་པ། ཡུལ་དང་ཡུལ་ཕྲན་རྣམས་སུ་སྦ་རྒྱུའི་བུམ་གཏེར་བརྒྱ་དང་ལྔ་བཅུ་སྐོར་རྣམས་བསྒྲུབས། སྡེ་དཔོན་གྱི་གཏོར་བཟློག་ཕལ་ཆེར་ཁྱི་ཟན་རོལ་བསྐྱེད་དུ་འདུག་པ་ཁྱེད་དཔོན་སློབ་ནས་ཁྲོ་རོལ་ཞིག་ཐུགས་རྗེ་ཆེན་གསུངས་པ། ངེད་དབེན་པའི་བརྟུལ་ཞུགས་བཟུང་ནས་གཏོར་རྒྱག་གི་རིགས་ལ་མི་སྤྲོ་བས་བཀའ་བརྒྱད་བདེ་གཤེགས་འུ་དུས་པའི་སྒོ་ནས་ཞི་རྒྱས་ཀྱི་སྦྱིན་སྲེག་ཁྲིག་ཚར་ཐལ་བ་བསྒྱུར། གཞན་ཡང་ཆོས་སྐྱོང་གི་རྟེན་འཛུགས་སོགས་དང་། རྩོམ་ཐ་སྣ་ཚོགས་ཀྱིས་གསུང་བ་རྣམ་གཡེང་ཟ་ནས་དང་དུ་མ་བླངས་པས་ཐུགས་རང་ས་བའི་མཐར་སོན་པ་མེད། ཉིན་ཅིག་རྫོང་རྙིང་གཟིམ་ཆུང་གསར་པར་རབ་གནས་དང་འབྲེལ་བར་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ། སའི་སྙིང་པོ་གསེག་མ་དང་། བཞུ་བཏུལ་ཅན། མར་སྟང་། སྲབ་ཐེར། སྣམ་
ཕྲུག་ལ་སོགས་པའང་གནང་། རྟེན་གསུམ། མཆོད་ཆ། རོལ་མོ། །མི་རབས་སུ་གསོན་པར་གྲགས་པའི་ཀླུའི་གཟུགས་བརྙན་རྣམས་ཀྱང་མིག་གི་སྤྱོད་ཡུལ་དུ་མངོན་པར་མཛད། གྲོལ་ཏིང་གི་རྩ་དབང་རྒྱས་པ་རང་ལུགས་དང་། ཀློང་ཆེན་སྙིང་ཐིག་དབང་ལུང་ཚང་མ་གསན། དེ་དག་དང་བསྟན་བཅོས་གསར་བུ་ཕལ་མོ་ཆེའི་དཔེ་རྒྱུན་ཡང་བསྐྲུན་གསུང་ཕྱི་མོ་ནི་བཞེས། དཀོར་མཛོད་ལམ་བྱིན་ལེན་བྱས་པའི་སྐྱེ་བོ་ཞིག་རྒྱལ་ཁྲིམས་ཀྱིས་གཟིར་བ་ལ། སྙིང་དུ་རྗེ་བའི་ཞུ་འཕྲེང་སྦྲང་རྩིའི་རོ་ལྟར་དངར་བས་ནོངས་པ་ཆགས་ཏེ་བདེ་བའི་གནས་སུ་དབུགས་འབྱིན་བྱས། སྐུ་སྒེར་སོ་སོའི་གཟིམ་ཆུང་དུའང་བསྙེན་བཀུར་འབུལ་ནོད་ལ་ལོངས་སྤྱད། གཤེགས་རྫོངས་གནང་སྐྱེས་གྱ་ནོམ་པ་དང་། རྣམ་རབ་ཡོང་སྟེང་ནས་ལོ་ལྟར་འབྲུ་ཁལ་སུམ་ཅུ་ཐམ་པའི་འཛིན་ཐམ་གནང་པ། མི་སེར་བསྐྱེལ་འདྲེན་དྲིང་བདག་ལ་བརྟེན་ནས་གཞན་དག་མནར་བའི་ཉེས་དམིགས་དྲན་པས་ལྡོག་པར་ཞུས་ཀྱང་། འདིར་སེ་ཕེབས་ནན་གྱི་ཁྱེར་དགོས་ཤར་ ད་ལོ་ཉིད་དུ་འཛིན་ཐ་མ་དེ་ནི་བོར། བཤེས་སྤྲིང་ལས། འདོད་བ་རྣམས་ནི་ཕུང་ཀྲོལ་བསྐྱེད་པ་སྟེ། །ཐུབ་པའི་དབང་པོས་ཀིམ་པའི་འབྲས་འདྲར་གསུངས། །དེ་དག་སྤོང་བགྱིད་དེ་ཡི་ལྕགས་སྒྲོག་
གིས། །འཁོར་བའི་བརྩོན་རར་འཇིག་རྟེན་འདི་དག་བཅིངས། །ཞེས་པ་ལ་བླང་དོར་ནུས་ན་བྱ་བའི་དུས་ལ་རང་བཞིན་གྱི་བབ། སྡེ་པ་གླེང་གཞིའི་དཀོར་ལ་རྒྱུན་ཆགས་སུ་སྤྱོད་པའང་སྤྱིར་རྣམ་སྨིན་ལྕི་ལ་ཁྱད་པར་འགྲོ་བའི་ཁམས་དང་ཀུན་རྟོག་འགྱུ་བཅས་ཡིན་པའི་ཕྱིར་བསྙེན་བཀུར་ལ་བརྟེན་ནས་ཁྲོ་ཆགས་དང་འཁོན་དུ་འཛིན་པ་འཕེལ་བའི་རྟེན་ཅིང་འབྲེལ་འབྱུང་རང་བཞིན་མེད་པར་དག་པ་དེ་ཁའི་དང་དུ་བཞག་རྒྱལ་པོའི་ཁབ་འདིར་མཚན་ཉིད་བའི་དགེ་བཤེས་ཤིག་ན་རེ། རྫོགས་པ་ཆེན་པོ་ལྟ་བ་ཀུན་གྱི་ཡང་རྩེར་བྱེད་ཅིང་། ལྟ་བ་མཐོ་བར་བྱེད་པའི་ངོ་བོ་ལ་ཟབ་མོ་དབུ་མའི་ལྟ་བ་དང་ཁྱད་པར་ཅི་ལྟ་བུ་ཡོད་ཟེར། ལར་སྐྱེ་འགག་གནས་གསུམ་དང་བྲལ་བའི་ལྟ་བ་བརྗོད་བྱས་གཏན་ལ་མི་ཕེབས། བརྗོད་དོན་དངོས་ལའང་མུ་བཞིའམ། མཐའ་བརྒྱད་དང་བྲལ་བའི་ལྟ་བ་ནི་དབུ་མའི་རང་བཞེད་དོན་མཐར་ཐུག་ཏུ་བྱེད་དགོས། ལྟ་བའི་ཆོས་ཉིད་ཤེས་བྱས་གཏན་ལ་དབབ་པའི་ཚེ་སྤྲོས་བྲལ་གྱི་ཁྱད་གཞི་འདི་ལ་ཕུམ་གཏུགས་ན་ཁྱད་ཆོས་བསྒྲུབ་དཀའ། ས་པཎ་གྱིས། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོང་གྱུར་ན། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་གལ་འཇུགས་པའང་དེར་མོད། འོན་
ཀྱང་སྤྲོས་བྲལ་དེའི་དགོངས་པ་ལེན་ཕྱོགས་ལ་འཁོར་ལོ་བར་མཐའ་གཉིས། སྐྱེས་བུའི་བླ་སྟོབས་སོ་སོར་དགག་སྒྲུབ་ཏུ་ཤར་ནས་སྒྲ་ཇི་བཞིན་པ་དང་ལྡེམ་དགོངས་ཀྱི་བསྒྲུབ་གཤེགས་ནི་ཁྱད་པར་ཤིན་ཏུ་ཆེ། སྤྱིར་མཚན་ཉིད་པ་ཚོ་ནི། གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་བསྐྱེ་མེད་པ། ལ་སོགས་པའི་ཚིག་ལ་གོ་བས་དཔྱད་པས་དོན་ཐོག་ཏུ་པྲ་ཡས། རྣམ་ཤེས་ཀྱི་རྟོག་པས་ཡེ་ཤེས་དང་རྒྱབ་འགལ། ཕུང་པོ་རྣམ་དཔྱད་ཀྱི་སྟོང་བས་རྒྱུ་མཚན་གཤིས་ཀྱི་ཐོག་ཏུ་མཁེལ། སངས་རྒྱས་ཀྱི་ཡེ་ཤེས་སེམས་ཅམ་གྱི་ཁམས་ལ་ཤེས་བྱར་མི་མི་སྲིད་སྙམ་དུ་རྟོག་ཅིང་གྲངས་མེད་གསུམ་གྱི་མཐའ་ལ་ལྟོས་འཆའ། ངེད་རྫོགས་ཆེན་པ་ནི་ཉེ་བའི་སྙིང་པོའི་རྒྱུད་ལས། བསམ་གཏན་བྱང་ཆུབ་དོན་ལ་གང་འཇུག་པ། །སྒོམ་མོ་སྙམ་པའི་ནད་ཀྱིས་ཟིན་ཏ་རེ། །བདེ་གཤེགས་ཡུལ་ནི་ཚིག་གི་མཚོན་དུ་མེད། །སངས་རྒྱས་ཡུལ་དུ་བསྟན་པ་འཁྲུལ་པའི་ལམ། །ཞེས་འདི་དང་། ཆགས་བྲལ་གྱི་རྣམ་པས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །ཅེས་པ་འདི་དོན་ལ་སྦྱོར་སྐབས། ངོ་བོ་ལ་མཚན་ཉིད་མེད་པས་ཟབ། རང་བཞིན་ལ་བསམ་དུ་མེད་པས་ཞི། རྟག་