བླ་མའི་རྣལ་འབྱོར་ཟབ་ཁྱད་ཅན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་གཅིག་བརྒྱུད་ཀྱི་ཚུལ་དུ་གནང་བ།
༄༅། །བླ་མའི་རྣལ་འབྱོར་ཟབ་ཁྱད་ཅན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་གཅིག་བརྒྱུད་ཀྱི་ཚུལ་དུ་གནང་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཟབ་མོ་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བ་བྱས་ནས། རང་གི་མདུན་གྱི་ནམ་མཁར་པདྨ་དང༌། ཟླ་བ་དང༌། སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། རང་གི་དྲིན་ཅན་རྩ་བའི་བླ་མ་རྒྱལ་བ་ཙོང་ཁ་པ་ཆེན་པོ་ཡིན་པ་ལ། རྣམ་པ་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ལི་ཁྲིའི་མདངས་ཅན། ཞལ་གཅིག །ཕྱག་གཉིས་པ། ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང༌། གཡོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་ཐུགས་ཀར་བསྣམས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཟུར་ཕུད་ལྔ་དང་ལྡན་པ། ཞལ་འཛུམ་
བག་དང་ལྡན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའི་ལྷབ་ལྷུབ་ཅན། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རྒྱ་ཆེན་སྤྱོད་བརྒྱུད། ཟབ་མོ་ལྟ་བརྒྱུད། ཉམས་ལེན་བྱིན་རླབས་བརྒྱུད་ལ་སོགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་ཐམས་ཅད་སྤྱན་དྲངས་ཏེ། རྗེ་བཙུན་ལ་ཐིམས་པས། དེ་ཉིད་བླ་མ་ཀུན་འདུས་ཀྱི་བདག་ཉིད་དུ་གྱུར། ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱིས་བསྡུས་པའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་
པ་སྤྱན་དྲངས་ཏེ། དེ་ཉིད་ལ་ཐིམས་པས། དེ་ཉིད་ཡི་དམ་ཀུན་འདུས་ཀྱི་བདག་ཉིད་དུ་གྱུར། ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བཀའ་སྡོད་སྲུང་མའི་ཚོགས་ཐམས་ཅད་དང༌། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་སྤྱན་དྲངས་ཏེ། དེ་ལ་ཐིམས་པས། ཆོས་སྐྱོང་ཀུན་འདུས་ཀྱི་བདག་ཉིད་དུ་གྱུར་པར་བསམས་ལ། གསང་བ་འདུས་པ་ནས་བཤད་པ་ལྟར། ཉེར་སྤྱོད་རོལ་མོ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་སོགས་རྒྱས་པར་འབུལ། དེ་ཙམ་མ་བྱུང་ན་ཡང༌། གུ་རུ་རཏྣ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་སོགས་ཤཔྟའི་བར་དང༌། འདོད་ཡོན་ལྔ་དང་རྒྱལ་སྲིད་སྣ་བདུན་འབུལ། དེ་ནས་མཎྜལ་རྒྱས་བསྡུས་གང་རིགས་ཕུལ་ནས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། ཞེས་སོགས་རྩ་ བརྒྱུད་ཀྱི་བླ་མ་རྣམས་ཀྱི་བསྟོད་པ་གང་ཤེས་ཀྱིས་བསྟོད་ཅིང༌། སྒོ་གསུམ ་གུས་པས་ཕྱག་བྱའོ། །དེ་ནས་བླ་མ་དེ་ཉིད། སངས་རྒྱས་ཀུན་འདུས། ཆོས་ཀུན་འདུས། དགེ་འདུན་ཀུན་འདུས། བླ་མ་ཀུན་འདུས། ཡི་དམ་ཀུན་འདུས། ཆོས་སྐྱོང་ཀུན་འདུས་སུ་ངེས་ཤེས་ཤུགས་དྲག་དྲངས་ཏེ། དུས་འདི་ནས་བཟུངས་ཏེ་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ། རེ་ས་ལྟོས་ས་ཁྱེད་མིན་པ་མེད་སྙམ་བློ་ལིངས་ཀྱིས་བཀལ་ལ། མོས་གུས་ཤུགས་དྲག་པོས་སེམས་མ་ཡེངས་པར་བྱས་ལ། དམིགས་བརྩེ་མ་གང་མང་གིས་གསོལ་འདེབས་རྩེ་གཅིག་ཏུ་བཏབ་ནས། བླ་མ་རིན་པོ་ཆེ་བདག་གི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་
འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་ལ་བར་ཆད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་རང་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་སྤྱི་བོའི་ༀ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་གི་སྤྱི་བོར་ཐིམས་པས་ཐོག་མ་མེད་པ་ནས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །དབང་དང་པོ་བུམ་པའི་དབང་ཐོབ། ལུས་ལྷར་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་བྱུང་སྙམ་དུ་མོས་པ་བརྟན་པར་བྱའོ། །ཡང་སྔར་བཞིན་དམིགས་བརྩེ་མ་ཅི་མང་བགྲངས་ནས། བླ་མ་རིན་པོ་ཆེ་ཞེས་སོགས་ཀྱིས་གསོལ་བ་བཏབ་པས། བླ་མའི་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པར་ཐིམས་པས། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །དབང་གཉིས་པ་གསང་བའི་དབང་ཐོབ། ངག་སྔགས་བཟླ་བ་ལ་དབང་བར་བྱས། འབྲས་བུ་ལོངས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་བྱུང་སྙམ་དུ་བསམ། ཡང་སྔར་བཞིན་གསོལ་བཏབ་པས། བླ་མའི་ཐུགས་ཀའི་ཧཱུཾ་སྔོན་པོ་ལས་འོད་ཟེར་འཕྲོས། རང་གི་སྙིང་ཀར་ཐིམས་པས། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་
ཏིང་ངེ་འཛིན་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ཆོས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་བྱུང་སྙམ་པའི་མོས་པ་བྱས། ཡང་སྔར་བཞིན་གསོལ་བ་དྲག་ཏུ་བཏབ་པས། བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམས་པས་སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག །དབང་བཞི་བ་ཚིག་དབང་རིན་པོ་ཆེ་ཐོབ། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་བྱུང་སྙམ་འི་བསམ་པ་བསྐྱེད། དེ་ནས་རང་གི་ལུས་ཀྱི་དབུས་དྲང་ཐད་སྒལ་ཚིགས་ལ་ཅུང་ཟད་ཉེ་བའི་རྩ་དབུ་མ། སྦོམ་ཕྲ་གྲོ་སོག་ཙམ་དཀར་ལ་དམར་བའི་མདངས་ཅན་ཡར་སྣ་སྤྱི་གཙུག་ལ་ཐུག་པ། མར་སྣ་གསང་གནས་ལ་ཐུག་པ་ཞིག་གསལ་བཏབ། དེའི་ནང་དུ་རང་གི་སྙིང་ཁ་འདི་ཉིད་ད་ལྟ་ཁ་ཐུར་དུ་ལྟ་བ་དེ། བློས་གྱེན་དུ་བསླངས་ཏེ་པདྨ་འདབ་མ་བརྒྱད་པའི་རྣམ་པ་ཅན་ཁ་ཕྱེ་བ་ཞིག་ཏུ་བསྒོམས། རྩ་དབུ་མའི་ཡར་སྣ་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུར་ཐལ་ལེ་ཡོད་པར་བསྒོམས་ལ། སྔར་བཞིན་གསལ་བཏབ་པས། བླ་མ་དགྱེས་ཏེ་དབུ་མའི་ནང་ནས་མར་བྱོན། སྙིང་པདྨ་འདབ་བརྒྱད་དུ་གསལ་བའི་སྟེང་དུ་པད་ཟླའི་གདན་ལ་བཞུགས་པར་གྱུར་པར་བསམས་ལ། དམིགས་བརྩེ་མ་ཅི་མང་བགྲངས་ཤིང༌། རང་གི་རྩ་དབུ་མའི་ཡར་སྣ་བཀག་ནས་ལུས་ཀྱི་ནང་འོད་ཟེར་སྣ་ལྔས་ཞལ་བ་བྱས་པར་བསྒོམ་པ་ནི་མན་ངག་ཡིན་ནོ། །དེ་ནས་ཐུན་འཇོག་ཁར། འདོད་དོན་ལ་གསོལ་བ་བཏབ་པས་ཞལ་གྱིས་བཞེས་པར་བསམས་ལ།
པདྨ་འདབ་བརྒྱད་སྤུངས་སྐུ་ཁ་བསྡུས་པ་ལྟར་ཟུམ་པའི་རྩེ་ལ་དམིགས་བརྩེ་མའི་ཡིག་འབྲུ་རྣམས་གསེར་གྱིས་འབྲིས་པ་ལྟ་བུ་དང༌། དེའི་གཤམ་ནས་ཨར་པ་ཙ་ནའི་ཡི་གེ་གསེར་གྱི་མདོག་ཅན་གྱིས་བར་མཚམས་མེད་པར་བཀྲིས་པར་བསམ་ཞིང༌། ངག་ཏུ་ཡང་བརྗོད་ནས། བསྟན་པ་རྒྱས་པ་སོགས་ཀྱི་བསྔོ་བ་བྱེད་ཅིང༌། དེ་ནས་བཟུངས་ཏེ་བླ་མའི་རྣལ་འབྱོར་འབད་པ་གལ་ཆེའོ། །དེ་ཡང་སྙིང་ཁའི་བླ་མའི་སྐུའི་བཀོད་པ་འཆི་ཁ་ཚུན་ཆད་དུ་སྡུད་རྒྱུ་མིན་པས། རྩ་དབུ་མའི་ནང་ནས་མར་བྱོན། སྔར་གྱི་སྙིང་ཁ་པདྨ་འདབ་བརྒྱད་ཀྱི་སྔགས་དང་ཡིག་འབྲུ་རྣམས་བཀྲོལ་ནས་པདྨ་འདབ་བརྒྱད་ཁ་ཤག་ཕྱེ་བར་བསམས་ནས་སྔར་གྱི་བླ་མའི་སྐུ་ལ་ཐིམས་པར་བསམས་ལ་གསོལ་བ་འདེབས་པ་དང༌། པདྨ་ཁ་ཟུམ་སྟེ་ཕྱི་ནས་ཡི་གེས་དཀྲིས་པ་རྩ་དབུ་མའི་ནང་དུ་འོད་ཀྱིས་ཞལ་ཞལ་བྱེད་བ་སོགས་གོང་བཞིན་བྱའོ། །བླ་མའི་རྣལ་འབྱོར་ཟབ་ཁྱད་ཅན་འདི་ནི། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས། མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་གཅིག་བརྒྱུད་ཀྱི་ཚུལ་དུ་གནང་བའོ། །འདིའི་བརྒྱུད་པ་ནི་རྗེ་བཙུན་འཇམ་དབྱངས། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། མཁས་པ་གྲུབ་ཐམས་ཅད་མཁྱེན་པ། རྗེ་བ་སོ་བ། འཇམ་དབྱངས་ཀུན་དགའ་བདེ་ལེགས། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། རྗེ་བཙུན་བདེ་ལེགས་ཉི་མ། རྗེ་ཤར་པ་ནམ་མཁའ་རྒྱལ་མཚན། ཞལ་སྔ་ནས་དགེ་འདུན་རྒྱལ་མཚན། དེ་ནས་རིམ་པར་བརྒྱུད་
ཞལ་སྔ་ནས་གྲགས་པ་རྒྱལ་མཚན། དེ་ནས་རིམ་པར་བརྒྱུད་རྡོ་རྗེ་བློ་གྲོས་རིན་ཆེན་ལའོ།། །།ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ། སྭ་སྟི། རྒྱ་བསྟན་པད་ཚལ་སོགས།