ཤོག་ལྷེབ་ ༡ ནས་ ༡༠༠ བར།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ཞེས་བྱ་བ་བཞུགས་སོ། །
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ཞེས་བྱ་བ། བླ་མ་དམ་པ་རྣམས་དང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་སྐྱེ་བ་ཀུན་ཏུ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གང་གི་ཞབས་པད་གཙུག་ན་གུས་བསྟེན་པས། །སྲིད་ཞིའི་རྒུད་པ་གཅོད་པའི་དྲི་མེད་ལམ། །བརྩེ་བའི་ཐུགས་ཀྱིས་ཇི་བཞིན་འདོམས་མཛད་པ། །བཤེས་གཉེན་དམ་པ་རྣམས་ཀྱི་ཞབས་ལ་འདུད། །དྲི་
མེད་མཁའ་ལ་ཡིད་འཕྲོག་འཇའ་ཚོན་བཞིན། །སྤྲོས་ཀུན་ཉེར་ཞིའི་གནས་ལས་མ་གཡོས་པར། །རྣམ་རོལ་སྐུ་ཡི་བཀོད་པས་ལྷ་ཡི་ཚོགས། །རབ་འབྱམས་སྤྲོ་མཛད་འཁོར་ལོའི་མགོན་དེས་སྐྱོངས། །དེ་ཡིས་ཇི་སྙེད་གསུངས་པའི་གསང་བའི་གནས། །མ་ལུས་སྡུད་མཛད་རིག་སྔགས་འཆང་བའི་རྗེ། །མཐུ་སྟོབས་མགོན་ལ་བདག་གིས་གུས་བཏུད་ཀྱིས། །ད་ནི་བདུད་སྡེ་བག་ཡོད་བསྟེན་པར་རིགས། །རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །དགྱེས་ནས་སྤྱན་རས་ཙམ་གྱིས་བཙས་པ་ལའང༌། །རྒྱལ་བའི་དགོངས་ཟབ་རྟོགས་པའི་རྣམ་དཔྱོད་ཀྱི། །མཆོག་སྦྱིན་མཛད་ཅེས་ཐོས་ནས་རིང་ཞིག་ནས། །རྒྱུན་
མ་ཆད་དུ་ལྷག་པའི་ལྷར་བསྟེན་ཅིང༌། །ད་དུང་ཁྱོད་ཀྱི་ཞབས་པད་སྤངས་ནས་ནི། །ནམ་ཡང་སྐྱབས་གཞན་མེད་དོ་མཁྱེན་པའི་གཏེར། །བདག་གི་རེ་བ་འབྲས་བུ་མཆིས་པར་མཛོད། །རྒྱུད་དོན་མཁས་པས་བཀྲལ་བ་ཇི་བཞིན་དུ། །ཚུལ་བཞིན་སྒྲུབ་པར་འདོད་པ་མང་པོ་དང༌། །རབ་འབྱམས་གཞུང་ལ་མཁྱེན་པ་རབ་རྒྱས་པ། །སྐད་གཉིས་སྨྲ་བས་རིང་ནས་བསྐུལ་གྱུར་ཅིང༌། །སྐྱེ་དགུའི་གཙུག་ན་བསོད་ནམས་དུ་མས་བརྗིད། །དཔལ་ལྡན་རྡོ་རྗེ་ཐེག་པ་ཕྱོགས་ཀུན་ཏུ། །རྒྱས་པའི་ཁུར་འཛིན་ལྷག་བསམ་བཟང་པོ་ཅན། །དེ་ཡིས་ཡང་ཡང་ཉེ་བར་བསྐུལ་བ་དང༌། །གཞུང་ལུགས་གདམས་པར་མ་ཤར་ཕྱོགས་རེས་ཚིམ། །ལུང་དོན་དྲི་མེད་རིགས་པས་དཔྱོད་མི་ནུས། །མང་དུ་ཐོས་ཀྱང་སྒྲུབ་ལ་མི་བརྩོན་པ། །དེ་ཡིས་རྒྱལ་བ་དགྱེས་པར་མི་ནུས་པར། །གཟིགས་ནས་བསྟན་ལ་ཚུལ་བཞིན་ལེགས་སློབ་པའི། །སྔོན་གྱི་དམ་པའི་སྤྱོད་པས་བདག་གི་ཡིད། །ཆེས་ཆེར་དྲངས་པས་དེ་དག་རྣམས་ཀྱི་ལུགས། །གསལ་བའི་ཕྱིར་དུ་འདི་ན་འབད་པ་ལ། །ཞིང་སྐྱེས་ལྷན་ཅིག་སྐྱེས་དང་སྔགས་སྐྱེས་ཀྱི། །མཁའ་འགྲོའི་ཚོགས་ཀྱིས་བུ་ལ་མ་བཞིན་དུ། །བརྩེ་བར་དགོངས་ནས་དངོས་གྲུབ་ཀུན་སྩོལ་ཞིང༌། །བགེགས་ཀུན་ཉེ་བར་ཞི་བའི་བཀའ་དྲིན་མཛོད། །གང་ཞིག་ཐེག་པ་མཆོག་གི་རིགས་ཀྱི་ནུས་པ་མི་དམན་པ། བཤེས་གཉེན་དམ་པའི་མགོན་གྱིས་ཟིན་ནས་ལམ་ཐུན་མོང་བ་ལ་སྦྱངས་པས་སྙིང་རྗེ་ཆེན་པོས་ཡིད་ཆེས་ཆེར་བསྐྱོད་པས། འཁོར་བ་ན་འཁྱམ་པའི་མ་དྲིན་ཅན་རྣམས་དེ་ནས་འདོན་པ་ལ་ཤིན་
ཏུ་རིངས་པ་དེ་དག་ནི། སེམས་ཅན་ཐམས་ཅད་ཀྱི་སྐྱབས་གཅིག་པུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་མྱུར་དུ་སྟེར་བའི་ཉེ་ལམ་ཟབ་མོ་རྡོ་རྗེ་ཐེག་པར་འཇུག་པར་བྱའོ། །དེའི་ཕྱིར་འདིར་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་བཤད་པར་བྱའོ། །འདི་ལ་གཉིས། རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ་དང༌། དེ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་བསྟན་པའོ། །དང་པོ་ནི། རང་དང་གཞན་གྱི་དོན་ཆེན་པོའི་གནས་ལ་དཔྱོད་པ་ཞུགས་ནས་སྲོག་འདི་ཇི་སྲིད་འཚོ་བ་དེ་སྲིད་ཚུན་ཆད་ཀྱི་བདེ་བ་སྒྲུབ་པ་དང༌། སྡུག་བསྔལ་སེལ་བའི་འཇུག་ལྡོག་འཇིག་རྟེན་པའི་རྒན་པོ་རྣམས་ཀྱིས་རྣམ་པར་ཕྱེ་བའི་ལུགས་ཙམ་གྱིས་ཆོག་པར་མི་འཛིན་པར། འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་གོང་མའི་ཁྱད་པར་ཚོལ་བ་རྣམས་ཀྱི་འཇུག་ངོགས་ནི། གང་ཟག་གཞན་ཕལ་མོ་ཆེས་སྙིང་ཐག་པ་ནས་རྗེས་སུ་ཡི་རང་བ་ཙམ་ཡང་བྱ་བར་དཀའ་ལ། འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་གཏམ་གྱི་གཞིར་གྱུར་པ་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་དེས་ཀུན་ཏུ་དྲངས་པའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་ཆེ་བ་རྣམས་ལ་བསླབས་པ་ལ་བརྟེན་ནས་རྨད་དུ་བྱུང་བའི་གོ་འཕང་མཆོག་བརྙེས་པས། ཐ་ན་དབུགས་ཕྱི་ནང་དུ་རྒྱུ་བ་ཙམ་ཡང་སེམས་ཅན་རྣམས་ལ་སྨན་པའི་ཐབས་ཆེན་པོར་འགྱུར་བ། སྐྱེ་དགུ་ཐམས་ཅད་ཀྱི་ཉེར་འཚོའི་གཞི་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཞེས་སྙན་པའི་བ་དན་ས་གསུམ་ན་རྣམ་པར་གཡོ་བ་དེའི་བསྟན་པ་ཁོ་ན་ཡིན་ཏེ།
སྤེལ་མར་བསྟོད་པ་ལས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པས། །དེ་རིང་གང་ལ་སྐྱབས་སུ་མཆི། །གང་ལ་ཉེས་པ་ཐམས་ཅད་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང༌། །གང་ཞིག་ལ་ནི་ཡོན་ཏན་ཀུན། །རྣམ་པ་ཀུན་ཏུ་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང༌། །དེ་བསྟོད་དེ་ནི་བཀུར་བ་དང༌། །དེ་ཡི་བསྟན་ལ་གནས་པའི་རིགས། །ཞེས་གང་གསུངས་པ་ལྟར་རོ། །དེ་ལྟ་ནའང་རྣམ་པར་གྲོལ་བའི་ལམ་མི་ཤེས་བཞིན་དུ་ཤེས་པར་རློམ་པའི་ང་རྒྱལ་གྱི་དུག་ཆུས་མྱོས་བའི་སྟོན་པར་རློམ་པ་སེར་སྐྱ་ལ་སོགས་པས། བདེ་བར་གཤེགས་པ་རྣམས་ཀྱིས་ཉེ་བར་བསྟན་པ་ལས་ཚུལ་གཞན་དུ་དངོས་པོའི་དེ་ཁོ་ན་ཉིད་བསྟན་པར་འདོད་ནས་ཡང་དག་པའི་ལམ་ལྟར་བཅོས་པའི་གཞུང་མི་འདྲ་བ་དུམ་ཞིག་སྦྱར་ནས་ཐར་འདོད་རྣམས་ལ་འདོམས་པར་བྱེད་དོ། །དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། དེས་ཉེ་བར་བསྟན་པ་དང༌། དེ་ལ་ཚུལ་བཞིན་དུ་སློབ་པ་རྣམས་ཁོ་ན་ཐར་པ་འདོད་པ་རྣམས་ཀྱི་སྟོན་པ་དང་ལམ་དང་ཐར་པར་བགྲོད་པའི་གྲོགས་ཡིན་གྱི་ཆོས་འདི་ལས་གཞན་དུ་གྱུར་པའི་སྟོན་པ་དང་བསྟན་པ་དེ་ལ་སློབ་པ་རྣམས་ནི་དེ་ལྟ་མ་ཡིན་ནོ་ཞེས་སྐྱབས་གནས་ལ་ཡིད་གཞན་དུ་མི་གཡོ་བའི་ངེས་པ་རྙེད་དགོས་ལ། དེ་ལྟ་ན་ཐུབ་པའི་བསྟན་པ་ཁོ་ན་ཐར་པ་འདོད་པ་རྣམས་ཀྱི་འཇུག་ངོགས་སུ་རྟོགས་པར་འགྱུར་རོ། །
ངེས་པ་དེ་ཡང་བློའི་མཐུ་ཆུང་བས་ནི་ཡིད་དཔྱོད་ཙམ་གྱིས་ཡིན་ལ་བླའི་མཐུ་ཆེ་བས་ནི་ཚད་མས་དྲངས་པའི་ངེས་པ་བརྟན་པོ་བཙལ་བར་བྱ་སྟེ་དེ་ལྟ་མ་ཡིན་ན་དམ་བཅའ་བ་ཙམ་དུ་ཟད་པས་སོ། །དེ་ཡང་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་གསུངས་པ་ལྟར་རང་དང་གཞན་གྱི་སྟོན་པའི་ལུགས་ལ་ཕྱོགས་ལྷུང་དང་སྡང་ཞུགས་དོར་ནས་འདི་གཉིས་ལས་གང་ནི་ལེགས་པར་བཤད་པ་ཡིན་ལ། གང་ནི་ཉེས་པར་བཤད་པ་ཡིན་སྙམ་དུ་དཔྱད་པ་ན། གདུལ་བྱའི་དོན་གཉིས་འགྲུབ་པའི་ཐབས་སྟོན་པ་གང་ལ་སྒྲུབ་བྱེད་ཡང་དག་ཡོད་པ་དེ་ཉིད་ནི་བླང་བར་བྱ་བ་ཡིན་ནོ། །དེའི་ཚེ་ལུང་གཉིས་ནི་བདེན་པའི་དོན་ཅན་ཡིན་མིན་དཔྱོད་པའི་གཞི་ཡིན་པས་རྩོད་གཞི་སྒྲུབ་བྱེད་དུ་མི་རུང་བའི་ཕྱིར་རིགས་པ་ཉིད་ཀྱིས་བདེན་པའི་དོན་ཅན་ཡིན་མིན་དབྱེ་བར་བྱའོ། །དེའི་ཚུལ་ནི་གང་ཟག་གི་རྒྱུད་ལ་སྐྱེ་བ་ན་གནས་སྐབས་ཀྱི་ཐོབ་བྱ་མངོན་མཐོ་སྔོན་དུ་ཐོབ་ནས་ཕྱི་ནས་ངེས་ལེགས་ཐོབ་བར་བྱ་བ་ཡིན་མོད་ཀྱང༌། ལུང་གང་སྐྱེས་བུའི་དོན་གཉིས་སྟོན་པ་རྣམས་དེ་ལ་སླུ་མི་སླུ་དཔྱོད་པའི་ཚེ་ནི། གཙོ་བོའི་དོན་ངེས་ལེགས་ལ་མི་སླུ་བར་རིགས་པས་གྲུབ་པ་སྔོན་དུ་བཏང་ནས་ཐོབ་བྱ་ཕལ་པ་མངོན་མཐོ་ལ་མི་སླུ་བར་དཔོག་པ་ནི་མཁས་པའི་དབང་པོ་རྣམས་ཀྱི་བཞེད་པ་ཡིན་ཏེ་རྣམ་འགྲེལ་ལས། གཙོ་བོའི་དོན་ལ་མི་སླུའི་ཕྱིར། །
གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་དང་བཞི་བརྒྱ་པ་ལས་ཀྱང༌། སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་འགྱུར་བ། །དེ་ཡིས་སྟོང་པ་ཉིད་བརྟེན་ཏེ། །འདི་ཉིད་ཁོ་ནར་ཡིད་ཆེས་བྱ། །ཞེས་གསུངས་པ་བཞིན་ནོ། །དེས་ན་བདག་ཏུ་འཛིན་པའི་ཀུན་འབྱུང་ལས་སྡུག་བསྔལ་གྱི་ཕུང་པོ་ཉིང་མཚམས་སྦྱོར་བའི་འཁོར་བ་དང༌། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་གོ་འཕང་སྒྲུབ་པའི་ཐར་པར་བགྲོད་པའི་རིམ་པ་རྣམས་རིགས་པའི་གཞུང་ལུགས་རྣམས་སུ་རིགས་པས་བསྒྲུབས་པ་ལྟར་རིགས་པས་གྲུབ་པ་དགོས་ཀྱི། དེ་དག་ཚུར་མཐོང་ལ་ཤིན་ཏུ་ལྐོག་གྱུར་ཡིན་པས་སྒྲུབ་བྱེད་ལུང་ཙམ་དུ་ཟད་དོ་ཞེས་སྨྲ་བ་ནི། བདག་ནི་སྟོན་པ་གཞན་སྤངས་ནས་བཅོམ་ལྡན་ཁྱོད་ལ་སྐྱབས་སུ་སོང་བ་འདི་ནི་རང་གི་འདོད་པ་ཙམ་དུ་ཟད་ཀྱི་སྒྲུབ་བྱེད་ཡང་དག་པ་ཅི་ཡང་མེད་དོ་ཞེས་རང་གི་སྐྱབས་འགྲོའི་མཚང་སྒྲོག་པ་སྟེ། དེའི་ཚེ་ལུང་སྒྲུབ་བྱེད་དུ་མི་རུང་ལ་རིགས་པའི་སྒྲུབ་བྱེད་ཀྱང་མེད་པར་འདོད་པའི་ཕྱིར་རོ། །གཞན་ཡང་རང་གཞན་གྱི་སྟོན་པས་སྐྱེ་བ་སྔ་ཕྱི་ཡོད་མེད་དང༌། ཕུང་པོ་རྟག་མི་རྟག་དང༌། བདག་ཡོད་མེད་སོགས་མི་མཐུན་པ་བསྟན་པའི་ལུང་རྣམས་ལ་གང་འཐད་ལ་གང་མི་འཐད་ཅེས་རང་གི་སྡེ་པ་ཆེན་པོ་རྣམས་དང་གཞན་སྡེ་རྣམས་རྩོད་པ་ན། རང་གི་སྟོན་པའི་ལུང་དེ་རྣམས་རྣམ་དག་ཏུ་སྒྲུབ་མི་ནུས་པར་ཡང་འགྱུར་རོ། །དངོས་སྟོབས་ཀྱི་ཚད་མས་མི་འགྲུབ་པའི་ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང་རྣམས་ནི་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་དཔྱད་པ་གསུམ་གྱིས་དག་
པའི་གཏན་ཚིགས་ཀྱིས་སྒྲུབ་ལ་དེའི་ཚུལ་སྒྲུབ་པ་ཡང་རིགས་པས་འགྲུབ་ཀྱི་ལུང་སྒྲུབ་བྱེད་དུ་ཁས་ལེན་པ་ལ་མི་ལྟོས་ཏེ་འདིར་ནི་སྒོ་ཙམ་ཞིག་བསྟན་གྱི་རྒྱས་པར་གཞན་དུ་བྱའོ། །གཞན་སྡེའི་ལུང་སྐྱེས་བུའི་དོན་གྱི་གཙོ་བོ་སྟོན་པ་རྣམས་ནི་སྔ་ཕྱི་འགལ་བ་ཉིད་ཡིན་ཏེ། དཔེར་ན་གཙོ་བོ་དང་དབང་ཕྱུག་ལ་སོགས་པའི་རྟག་པ་འཁོར་བའི་བྱེད་པ་པོར་སྨྲ་ཞིང༌། ཡང་གྲོལ་བ་དོན་གཉེར་གྱིས་ལམ་བསྒོམས་པའི་མཐར་འཁོར་བ་ལྡོག་པར་ཡང་འདོད་པ་ལྟ་བུ་སྟེ། འཁོར་བའི་རྒྱུའི་གཙོ་བོ་མ་ལོག་ན་འཁོར་བ་མི་ལྡོག་པའི་ཕྱིར་དང་རྟག་པའི་རྒྱུ་ཡིན་ན་དུས་ནམ་ཡང་ལྡོག་པར་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་བདག་མེད་པའི་ལྟ་བ་སུན་འབྱིན་ཞིང་འཁོར་བར་འཆིང་བ་ཆད་པའི་གྲོལ་བ་ཐོབ་བྱར་བྱེད་པ་ཡང་འགལ་བའོ། །སྔར་བཤད་པ་ལྟར་རང་གི་སྟོན་པ་ལ་སོགས་པའི་སྐྱབས་གསུམ་ཐར་འདོད་ཀྱི་སྐྱབས་ཡིན་གྱི་དེ་དང་མི་མཐུན་པའི་སྟོན་པ་ལ་སོགས་པ་སྐྱབས་གཏན་མིན་ནོ་སྙམ་པའི་ངེས་པ་མ་དྲངས་ན། རང་གི་སྐྱབས་གནས་ལ་རྩེ་གཅིག་པའི་བློ་བརྟན་བོ་མི་འབྱུང་ལ། དེ་འབྱུང་བ་ཡང་ལུགས་གཉིས་ཀྱི་སྐྱོན་ཡོན་རིགས་པས་མཐོང་བ་ལ་རག་ལས་པས། མུ་སྟེགས་བྱེད་དངོས་སུ་ཡོད་དམ་མེད་ཀྱང་བློའི་བློ་གྲོས་ཆེ་བ་རྣམས་ཀྱིས་སྐྱབས་འགྲོའི་བློ་ཁྱད་པར་ཅན་སྐྱེད་པར་འདོད་ན་སྔར་ལྟར་བྱའོ། །དེས་ན་སྡེ་བདུན་ལ་སོགས་པ་རིགས་པའི་བསྟན་བཅོས་རྣམས་ནི་རང་གི་སྟོན་པ་སངས་རྒྱས་དང་དེའི་བསྟན་པ་ལུང་རྟོགས་གཉིས་དང་དེ་དག་ཚུལ་
བཞིན་དུ་ཉམས་སུ་ལེན་པ་ལ་ཚིག་ཙམ་མིན་པའི་གུས་པ་ཆེན་པོ་སྐྱེད་པའི་ཐབས་མཆོག་ཏུ་ཤེས་པར་བྱོས་ཤིག །གཉིས་པ་ལ་གཉིས། ཐེག་པ་སྤྱིའི་དབྱེ་བ་དང༌། ཐེག་པ་ཆེན་པོའི་དབྱེ་བའོ། །དང་པོ་ལ་བཞི། ཇི་ལྟར་དབྱེ་བའི་སྒོ། གང་གིས་འབྱེད་པའི་རྒྱུ་མཚན། ཕྱེ་བ་སོ་སོའི་རང་བཞིན། ཐམས་ཅད་ཀྱང་མཐར་འཚང་རྒྱ་བའི་ཡན་ལག་ཏུ་བསྟན་པའོ། །དང་པོ་ནི། སྤྱོད་བསྡུས་སྒྲོན་མེར་གདུལ་བྱའི་མོས་པ་གསུམ་གྱི་དབང་དུ་བྱས་ནས་སྤྱོད་པ་གསུམ་དུ་བསྡུས་ནས་ཕྱེ་སྟེ། དམན་པ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ་དང༌། རྒྱ་ཆེན་པོ་ལ་མོས་པ་ལས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། ཟབ་མོ་ལ་ལྷག་པར་མོས་པ་ལ་འདོད་ཆགས་ཀྱི་སྤྱོད་པ་བསྟན་པའོ། །དེ་བཞིན་དུ་ཚུལ་གསུམ་སྒྲོན་མེ་ལས་ཀྱང༌། བདེན་པའི་དེ་ཉིད་ཚུལ་སྟོན་གང༌། །ཕ་རོལ་ཕྱིན་ཚུལ་དོན་གང་ཡང༌། །གསང་སྔགས་ཆེན་པོའི་ཚུལ་དོན་ཡང༌། །བསྡུས་ནས་འདིར་ནི་བསྟན་པ་ཡིན། །ཞེས་སློབ་དཔོན་ཀྲྀ་པི་ཏ་ཀ་མ་ལས་བདེན་པ་བཞིའི་རྣལ་འབྱོར་པའི་ཚུལ་ལ་སོགས་པ་ཚུལ་གསུམ་དུ་བསྡུས་ལ། ཡེ་ཤེས་གྲགས་པས་ཀྱང་བཀའ་མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ་ལས་དེ་ལྟར་དུ་བསྡུས་སོ། །མདོ་སྡེའི་རྒྱན་ལས་ནི། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །ཞེས་ཐེག་པ་མཆོག་དམན་གྱི་སྡེ་སྣོད་གཉིས་སུ་གསུངས་ཏེ། དེ་རྣམས་ཀྱང་གསུང་རབ་ཀྱི་དབྱེ་བ་དང་ལམ་མམ་ཐེག་པའི་དབྱེ་བ་གཉིས་ཀ་ལ་དྲངས་ཏེ་བཤད་པས་ཆོག་གོ །གཉིས་པ་ནི། དབྱེ་བའི་སྒོ་གཉིས་སུ་གསུངས་
པའི་རྒྱུ་མཚན་བཤད་ན། ཆེད་དུ་བྱ་བ་དམན་པ་བདག་གཅིག་པུའི་ཕྱིར་དུ་ཐོབ་བྱ་དམན་པ་འཁོར་བའི་སྡུག་བསྔལ་ཙམ་ཞི་བའི་གོ་འཕང་དོན་དུ་གཉེར་བ་དང༌། ཆེད་དུ་བྱ་བ་ཁྱད་པར་དུ་འཕགས་པ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་ཐོབ་བྱ་མཆོག་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་གདུལ་བྱ་དམན་མཆོག་གཉིས་ཡོད་པས། དེ་གཉིས་ཐེག་པ་གང་གིས་རང་རང་གི་གོ་འཕང་དུ་འགྲོ་བའི་ཐེག་པ་གཉིས་ལ་ཐེག་པ་དམན་པ་དང་ཐེག་པ་ཆེན་པོ་ཞེས་བྱ་ལ། དེ་གཉིས་ཀྱི་དབང་དུ་བྱས་ནས་གསུངས་པའི་ཆོས་གཉིས་ལ་ཐེག་པ་མཆོག་དམན་གྱི་སྡེ་སྣོད་ཅེས་བྱའོ། །ཐེག་པ་དམན་པ་ལ་ཉན་རང་གཉིས་ཡོད་ཅིང་དེ་དག་རང་རང་གི་གོ་འཕང་དུ་འཁྲིད་པར་བྱེད་པའི་ལམ་ལ་ཉན་རང་གི་ཐེག་པ་གཉིས་སུ་ཕྱེ་བས་ཐེག་པ་གསུམ་མོ། །གསུམ་པ་ལ་གཉིས། ཐེག་པ་དམན་པའི་རྣམ་གཞག་དང༌། ཐེག་པ་ཆེན་པོའི་རྣམ་གཞག་གོ །དང་པོ་ནི། ཉན་རང་གཉིས་ལ་དབང་པོ་དང་འབྲས་བུ་ལ་མཆོག་དམན་ཡོད་ཀྱང་ལམ་གྱི་རྣམ་གཞག་ཕལ་ཆེར་མཚུངས་པར་ས་ཡི་དངོས་གཞི་ལས་གསུངས་ལ། ཁྱད་པར་ཞིབ་པ་ནི་ཚིག་མངས་སུ་དོགས་པས་འདིར་གཉིས་ཀའི་སྤྱིའི་རྣམ་གཞག་རགས་པ་འགའ་ཞིག་བརྗོད་པར་བྱའོ། །འདི་གཉིས་ཀྱི་རིགས་ཅན་རྣམས་ནི་གཞན་གྱི་དོན་ཁུར་དུ་འཁུར་བ་ལ་རྒྱབ་ཀྱིས་ཕྱོགས་པས་རང་གྲོལ་བ་ཙམ་གྱི་ཕྱིར་དུ་ཞུགས་པ་ཡིན་ལ། རྣམ་གྲོལ་ཐར་པ་འཐོབ་པའི་རྒྱུའི་གཙོ་བོ་ནི་བདག་མེད་པའི་དོན་རྟོགས་པའི་ཤེས་
རབ་སྟེ། འཁོར་བར་འཆིང་བའི་རྒྱུའི་གཙོ་བོ་བདག་འཛིན་ཡིན་པའི་ཕྱིར་རོ། །དེས་ན་དེ་དག་གིས་ཀྱང་དོན་དེ་རྟོགས་ནས་ཤེས་རབ་དེ་བཙལ་ཏེ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པའི་ལམ་གཞན་གྱིས་གྲོགས་བྱས་ནས་བསྒོམས་པས་ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་དོ། །འདི་དག་གིས་གང་ཟག་གདོད་མ་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་གྱིས་སྟོང་ཡང་དེར་སྣང་བའི་སྒྱུ་མ་ལྟ་བུའི་དོན་མ་རྟོགས་ཀྱི། གང་ཟག་ལ་ཕྱི་རོལ་པས་བཏགས་པའི་རྫས་ཡོད་ཀྱི་བདག་མེད་པར་རྟོགས་པ་གང་ཟག་གི་བདག་མེད་རྟོགས་པའི་དོན་དུ་མདོ་སྡེ་པ་དང་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དང༌། སེམས་ཙམ་པ་དང་དབུ་མ་པ་ཁ་ཅིག་འཆད་དོ། །དཔལ་ལྡན་ཟླ་བ་གྲགས་པ་ནི་དེ་ལྟ་ན་གང་ཟག་ལ་བདེན་པར་འཛིན་པ་ཅུང་ཟད་ཀྱང་མི་ལྡོག་པས་དེ་འདྲ་བ་དེ་ལ་གང་ཟག་གི་བདག་མེད་པ་རྟོགས་པའི་དོན་མེད་དེ། གང་ཟག་ལ་བདེན་པར་འཛིན་པ་དེ་སྲིད་དུ་གང་ཟག་གི་བདག་འཛིན་ཡང་མི་ལྡོག་པའི་ཕྱིར་དང༌། ཕུང་པོ་ལ་སོགས་པའི་ཆོས་རང་བཞིན་མེད་པར་རྟོགས་པ་ཆོས་ཀྱི་བདག་མེད་རྟོགས་པའི་དོན་དུ་གཞག་དགོས་པ་ལྟར་གང་ཟག་རང་བཞིན་མེད་པར་རྟོགས་པ་ཡང་གང་ཟག་གི་བདག་མེད་རྟོགས་པའི་དོན་དུ་གཞག་དགོས་པའི་ཕྱིར་རོ། །དེས་ན་ཕུང་པོ་ལ་བདེན་པར་འཛིན་པ་དེ་སྲིད་དུ་གང་ཟག་ལ་ཡང་བདེན་འཛིན་འཇུག་ལ། དེ་འཇུག་པ་དེ་སྲིད་དུ་ཉོན་མོངས་པ་མ་ལུས་པར་ལྡོག་པ་མེད་པས། ཉན་རང་རྣམས་ཀྱིས་ཇི་ཙམ་འབད་ཀྱང་འཁོར་བ་ལས་མི་གྲོལ་བར་འདོད་དགོས་ན། དེ་ཡང་མི་
རིགས་སོ་སྙམ་དུ་དགོངས་ནས། འཇུག་པ་ལས། ཁྱེད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང༌། །གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། །སྐྱེ་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར། །ཞེས་དང༌། འཇུག་འགྲེལ་ལས་ཀྱང༌། གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། གང་ཟག་གི་བདག་མེད་པ་ཡང་རྟོགས་པར་མི་འགྱུར་ཏེ་བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །ཞེས་གསུངས་སོ། །འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱི་བཞེད་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཉིད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །ལས་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་དང༌། རྩ་ཤེ་ལས། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་ཕུང་པོ་ལ་བདེན་འཛིན་གྱིས་འཁོར་བར་འཆིང་བ་དང་འཁོར་བ་ལས་ཐར་བ་ལ་དེའི་རྩ་བ་བདེན་འཛིན་གྱི་སྤྲོས་པ་ལྡོག་དགོས་ལ། དེ་རང་བཞིན་གྱིས་སྟོང་བའི་དོན་རྟོགས་པས་ཟློག་པར་གསུངས་པའི་ཕྱིར་རོ། །རྣམ་པར་མི་རྟོག་པར་བསྟོད་པ་ལས་ཀྱང༌། སངས་རྒྱས་རང་སངས་རྒྱས་རྣམས་དང༌། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པའི། །ཐར་པའི་ལམ་ནི་གཅིག་ཉིད་ཁྱོད། །གཞན་དག་མེད་ཅེས་བྱ་བར་ངེས། །ཞེས་ཆོས་རང་བཞིན་མེད་པར་རྟོགས་པའི་རྣམ་
པར་མི་རྟོག་པའི་ཡུམ་གཅིག་པུ་ཐག་པ་གསུམ་གའི་ཐར་ལམ་དུ་གསུངས་ཏེ། རྒྱལ་བའི་ཡུམ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་བར་བྱ་ཞེས་གསུངས་ཤིང་རང་རྒྱལ་དང་སངས་རྒྱས་ཀྱི་ས་ལ་ཡང་དེ་ལྟར་གསུངས་པ་དང༌། སྡུད་པ་ལས། གང་དག་བདེར་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང༌། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །ཞེས་གསུངས་པའི་དོན་བསྡུས་པའོ། །ཉན་ཐོས་ཀྱི་སྡེ་སྣོད་ལས་ཀྱང༌། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུད་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་གསུངས་ཤིང་དོན་དེ་ཉིད་སྟོན་པ་ན་རྩ་ཤེ་ལས་ཀྱང༌། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀའང་དགག་པ་མཛད། །ཅེས་གསུངས་པས་ཐེག་པ་དམན་པའི་སྡེ་སྣོད་དུ་ཡང་ཆོས་ཀྱི་བདག་མེད་པ་མ་བསྟན་པ་མ་ཡིན་ནོ། །འོན་ཀྱང་ཉན་ཐོས་ཀྱི་སྡེ་སྣོད་དུ་མི་རྟག་པ་ལ་སོགས་པ་བཅུ་དྲུག་གི་ལྟ་བས་དགྲ་བཅོམ་པའི་བར་དུ་བགྲོད་པར་བཤད་པ་མང་ལ། ཐེག་ཆེན་དུ་ཡང་ཆོས་རང་བཞིན་མེད་རྟོགས་དང་མི་རྟག་སོགས་ཀྱི་ལམ་གྱིས་བགྲོད་པའི་ཚུལ་གཉིས་ཀ་གསུངས་མོད་ཀྱང༌། དཔེར་ན་ཐེག་ཆེན་གྱི་མདོ་སྡེར་སེམས་ཙམ་དང་དབུ་མའི་ལྟ་བས་རྣམ་མཁྱེན་དུ་བགྲོད་པའི་ཚུལ་གཉིས་གསུངས་པ་ལ། སློབ་
དཔོན་འཕགས་པས་དབུ་མའི་ཚུལ་སྟོན་པའི་མདོ་རྣམས་ནི། གཞན་དུ་དྲང་དུ་མི་རུང་བར་རིགས་པའི་ཚོགས་ཀྱིས་ངེས་པར་མཛད་པས། སེམས་ཙམ་གྱི་ཚུལ་གསལ་བར་བྱེད་པའི་མདོ་སྡེ་རྣམས་ནི་ཇི་ལྟར་བསྟན་པ་ལས་གཞན་དུ་དྲང་པར་བྱ་དགོས་པ་ལྟར། འདིར་ཡང་ཚུལ་དེ་བཞིན་དུ་འདོད་པར་བྱའོ། །རྒྱུད་སྡེ་རྣམས་ནས་ཀྱང་ཉན་རང་གིས་དངོས་པོའི་དེ་ཁོ་ན་ཉིད་མ་རྟོགས་པ་ཡང་མང་དུ་གསུངས་ལ། དངོས་པོའི་དེ་ཁོ་ན་ཉིད་མ་རྟོགས་ན་འཁོར་བ་ལས་བརྒལ་མི་ནུས་པ་དང་དངོས་པོ་ལ་བདེན་པར་འཛིན་པའི་རྟོག་པས་འཁོར་བར་འཆིང་བ་ཡང་མང་དུ་གསུངས་ཡོད་པས་མི་འགལ་བར་འཆད་པའི་ཚུལ་ཤེས་དགོས་སོ། །འོ་ན་མི་རྟག་པ་ལ་སོགས་པའི་ལམ་བསྟན་པ་དེས་འཁོར་བ་ལས་མི་གྲོལ་ན་དགོས་པ་ཅིའི་ཕྱིར་དུ་བསྟན་སྙམ་ན། རིགས་པ་དྲུག་ཅུ་པ་ལས། སྐྱེ་བ་དང་ནི་འཇིག་པའི་ལམ། །དགོས་པའི་དོན་དུ་བསྟན་པའོ། །སྐྱེ་བ་ཤེས་པས་འཇིག་པ་ཤེས། །འཇིག་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉིད་ལ་འཇུག་ཤེས་པས། །དམ་པའི་ཆོས་ཀྱང་རྟོགས་པར་འགྱུར། །གང་དག་རྟེན་ཅིང་འབྲལ་འབྱུང་བ། །སྐྱེ་དང་འཇིག་པ་རྣམ་སྤངས་པར། །ཤེས་པར་གྱུར་པ་དེ་དག་ནི། །ལྟ་གྱུར་སྲིད་པའི་རྒྱ་མཚོ་བརྒལ། །ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ། འདུས་བྱས་རྣམས་ལ་ཡིད་ཀུན་ཏུ་ཆགས་པ་ནི་འཁོར་བ་ལས་འདའ་བར་འདོད་པ་མི་འབྱུང་བས། དེའི་གཉེན་པོར་མི་རྟག་པ་དང་སྡུག་བསྔལ་བའི་ལམ་བསྟན་པས་སྲིད་
པ་ལས་འདའ་བར་འདོད་པ་འབྱུང་ངོ༌། །དེ་ནས་སྐྱེ་བ་དང་འཇིག་པའི་རྒྱུ་མཚན་ལས་དམ་པའི་ཆོས་རྟེན་འབྲེལ་རང་བཞིན་གྱིས་སྐྱེ་འགག་མེད་པ་རྟོགས་པ་ན་དེ་འཁོར་བ་ལས་གྲོལ་བར་འགྱུར་བས་ན། གྲོལ་ལམ་ནི་གང་ཟག་དང་ཆོས་རང་བཞིན་མེད་པར་རྟོགས་པ་ཉིད་ཡིན་ལ་མི་རྟག་སོགས་ཀྱི་ལམ་ནི་དེ་སྐྱེད་པའི་ཐབས་རྒྱུད་སྦྱོང་བར་བྱེད་པའི་ལམ་དུ་གཟུང་ངོ༌། །སློབ་དཔོན་གཞན་རྣམས་ཀྱང་སྟོང་པ་དང་བདག་མེད་པའི་ལམ་གྲོལ་བྱེད་དང་མི་རྟག་པ་ལ་སོགས་པའི་རྣམ་པ་ལྷག་མའི་ལམ་སྒོམ་པ་བདག་མེད་རྟོགས་པའི་དོན་དུ་འཇུག་པའི་རྒྱུད་སྦྱོང་བྱེད་དུ་བཞེད་མོད་ཀྱང༌། རྣམ་པ་བཅུ་དྲུག་གི་སྐབས་ཀྱི་སྟོང་པ་དང་བདག་མེད་རྟོགས་པ་ནི་ཕྱི་རོལ་བས་ཀུན་བཏགས་པའི་བདག་ཙམ་ཞིག་མེད་པར་ངེས་པ་ཡིན་པས་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་ལྷན་སྐྱེས་ཀྱི་གཉེན་པོར་མི་རུང་ངོ༌། །དེའི་ཕྱིར་མི་རྟག་སོགས་བཅུ་དྲུག་པོའི་ལམ་ཐམས་ཅད་ཀྱང་གྲོལ་ལམ་མིན་པར་རྒྱུད་སྦྱོང་བྱེད་ཙམ་དུ་མཚུངས་སོ། །དེ་ལྟར་ན་རེ་ཞིག་ལ་རྒྱུད་སྦྱོང་བའི་ལམ་གྱི་སྣོད་དུ་རུང་ལ་གྲོལ་བྱེད་ཀྱི་ལམ་གྱི་སྣོད་དུ་མི་རུང་བ་དང་རུང་བའི་ཐེག་དམན་པ་ནི་དབང་པོ་རྟུལ་བ་དང་རྣོ་བ་ཡིན་ལ། གང་གི་ཕྱིར་དུ་ཐེག་དམན་གྱི་སྡེ་སྣོད་གསུངས་པའི་གདུལ་བྱའི་གཙོ་བོའམ་ཆེད་དུ་བྱ་བའི་གདུལ་བྱ་ནི་ཕྱི་མ་ཡིན་གྱི་སྔ་མ་ནི་ཞར་བྱུང་གི་གདུལ་བྱའོ། །ཐེག་དམན་པ་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཡོད་ཀྱང་ཐེག་པ་ཆེ་ཆུང་ཁྱད་མེད་དུ་མི་འགྱུར་ཏེ། ཐེག་ཆེན་བསྟན་པས་ནི་ཆོས་བདག་མེད་པ་ཙམ་གསལ་བར་བྱེད་པ་མིན་གྱི་ས་དང་
ཕར་ཕྱིན་དང་སྨོན་ལམ་དང་སྙིང་རྗེ་ཆེན་པོ་ལ་སོགས་པ་དང༌། བསྔོ་བ་དང་ཚོགས་གཉིས་དང་དྲི་མ་མ་ལུས་པས་དག་པའི་བསམ་མི་ཁྱབ་ཀྱི་ཆོས་ཉིད་ཀྱང་སྟོན་པས་སོ། །རིན་ཆེན་ཕྲེང་བ་ལས་ཀྱང༌། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་བ། །དེ་ཕྱིར་མཁས་པ་རྣམས་ཀྱིས་གཟུང༌། ཞེས་སོ། །དེས་ན་ཐེག་པ་ཆེ་ཆུང་ནི་ལྟ་བས་མི་འབྱེད་ཀྱི་ཐབས་མཁས་ཀྱི་སྤྱོད་པས་ཕྱེ་བར་འཕགས་པ་ཡབ་སྲས་བཞེད་དེ། མ་ནི་བུ་རྣམས་ཀྱི་ཐུན་མོང་གི་རྒྱུ་ཡིན་ལ་ཕ་ནི་དེ་དག་གི་རིགས་སོ་སོར་འབྱེད་པའི་རྒྱུ་ཡིན་པ་བཞིན་དུ། ཡུམ་ཤེར་ཕྱིན་ནི་སྲས་བཞི་ཀའི་ཐུན་མོང་གི་རྒྱུ་ཡིན་ལ་དེ་རྣམས་ཐེག་པ་ཆེ་ཆུང་གི་རིགས་སོ་སོར་འབྱེད་པའི་རྒྱུ་ནི་སེམས་བསྐྱེད་ལ་སོགས་པའི་ཐབས་རྣམས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་བར་འདོད་ནས་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་ནི་འདིས་འགྲོ་བའི་ཐེག་པ་ཆེན་པོ་བ་སྤྱིའི་དོན་ཡིན་ཏེ། སྔགས་ཀྱི་ཐེག་པར་ཡང་ལམ་ངེས་འགྲོ་བར་རྒྱུད་སྡེ་རྣམས་ནས་ལན་དུ་མར་གསུངས་པས་སོ། །འོན་ཀྱང་དེའི་སྟེང་དུ་ལམ་མི་འདྲ་བའི་ཁྱད་ཆོས་ནི་མང་དུ་ཡོད་དོ། །གང་ཟག་དེ་དག་གི་ལམ་ནི་རྣམ་མཁྱེན་དུ་བགྲོད་པའི་ཐེག་པ་ཆེན་པོའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་བ་རྣམས་ལ་ནི་ལམ་གྱི་སྤྱིའི་ལུས་དེ་
ཙམ་དུ་ཟད་ལ་དེ་ལ་ཡང་ལྟ་བའི་སྒོ་ནས་ཕྱེ་ནས་དབུ་མ་པ་དང་སེམས་ཙམ་པ་གཉིས་སུ་ཡོད་དོ། །དེ་ལྟ་ནའང་དེ་གཉིས་ལ་ཐེག་པ་མི་འདྲ་བའི་རིམ་པ་བཤད་པ་མེད་པས་གཉིས་ཀ་ཡང་ཐེག་པ་ནི་གཅིག་གོ །དེ་ཁོ་ན་ཉིད་ཀྱི་གཏིང་དཔོགས་མི་དཔོགས་ཀྱི་ཁྱད་ཡོད་པས་སྔ་མ་ནི་དབང་པོ་རྣོ་ལ་ཕྱི་མ་ནི་དབང་པོ་རྟུལ་ལོ། །འདིར་ཡང་གང་གི་དབང་དུ་བྱས་ནས་ཕར་ཕྱིན་གྱི་ཐེག་པ་གསུངས་པའི་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་ནི་དབུ་མ་པ་ཡིན་ལ་སེམས་ཙམ་པ་ནི་ཐེག་པ་དེའི་ཞར་བྱུང་ངམ་ཕལ་པའི་གདུལ་བྱའོ། །ཕར་ཕྱིན་ཐེག་པ་པ་འདི་ལའང་ལམ་མྱུར་བུལ་གྱི་སྒོ་ནས་ཕྱེ་ན་ལྔ་ཡོད་པར་ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས་གསུངས་ཏེ། ཕྱུགས་དང་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་གཉིས་དང༌། ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བ་གཅིག་དང༌། ཉན་རང་དང་སངས་རྒྱས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཉིས་སོ། །དེ་དག་ནི་དཔེ་དེ་དག་དང་འདྲ་བར་ལམ་གྱི་འགྲོས་མགྱོགས་བུལ་ཆེས་ཤིན་ཏུ་ཁྱད་པར་ཆེ་ཡང་དེ་དག་ལ་ཐེག་པ་སོ་སོ་བ་མེད་པའི་ཕྱིར་ན་དབང་པོ་རྣོ་རྟུལ་ཙམ་དང་ལམ་བགྲོད་པའི་གཅོད་ཆེ་ཆུང་ཙམ་གྱིས་ཐེག་པ་སོ་སོར་འབྱེད་མི་ནུས་སོ། །དེས་ན་གང་དུ་བགྲོང་བར་བྱ་བའི་འབྲས་བུའི་ཐེག་པ་ལ་མཆོག་དམན་གྱི་ཁྱད་པར་ཆེས་ཆེ་བ་འམ། ཡང་ན་གང་གིས་བགྲོད་པའི་རྒྱུའི་ཐེག་པ་ལ་ལུས་མི་འདྲ་བའི་ལམ་གྱི་རིམ་པ་གཞན་ཡོང་ན་ཐེག་པ་སོ་སོ་བར་གཞག་ལ། ལམ་གྱི་ལུས་ལ་རིགས་མི་འདྲ་བ་ཆེན་པོའི་རྣམ་དབྱེ་མེད་ན། ལམ་གྱི་ནང་གསེས་ཀྱི་དབྱེ་བ་མི་འདྲ་བ་དང་ལམ་དེས་འགྲོ་བའི་གང་ཟག་ལ་མཆོག་དམན་ཡོད་པ་
ཙམ་གྱིས་ཐེག་པའི་རིམ་པ་ཡོད་པར་གཞག་མི་ནུས་སོ། །བཞི་པ་ནི། ཐེག་པ་དམན་པ་པ་རྣམས་ཀྱིས་སངས་རྒྱས་ཐོབ་པའི་དོན་དུ་དམིགས་ནས་རང་གི་ལམ་ལ་འཇུག་པ་མིན་ཡང༌། དེ་དག་གི་ལམ་ནི་གང་ཟག་དེ་རྣམས་སངས་རྒྱས་ཀྱི་སར་འཁྲིད་པའི་ཐབས་ཡིན་པས་ན། ཐེག་དམན་གྱི་ལམ་རྣམས་མཐའ་གཅིག་ཏུ་འཚང་རྒྱ་བའི་གེགས་སུ་མི་གཟུང་སྟེ། དམ་ཆོས་པད་དཀར་ལས། སངས་རྒྱས་ཡེ་ཤེས་རབ་ཏུ་རྟོགས་བྱའི་ཕྱིར། །ཐབས་འདིར་རང་བྱུང་གིས་ནི་མཛད་གྱུར་གྱི། །དེ་དག་རྣམས་ལ་ཁྱེད་ཅག་སངས་རྒྱས་སུ། །འགྱུར་རོ་ཞེས་ནི་ནམ་ཡང་མི་གསུང་ངོ༌། །ཅི་ཕྱིར་ཞེ་ན་སྐྱོབ་པ་དུས་ལ་གཟིགས། །ཞེས་དང༌། སངས་རྒྱས་ཡེ་ཤེས་རབ་ཏུ་རྟོགས་བྱའི་ཕྱིར། །འཇིག་རྟེན་དུ་ནི་མགོན་པོ་གཅིག་པུ་འབྱུང༌། །ཐེག་པ་གཅིག་སྟེ་ཐེག་པ་གཉིས་པ་མེད། །སངས་རྒྱས་ཐེག་པ་དམན་པས་འཁྲིད་མི་མཛད། །གང་ལ་སངས་རྒྱས་རང་བྱུང་བདག་ཉིད་གང༌། །རབ་ཏུ་གནས་ཤིང་རྟོགས་ལམ་གང་ཅི་འདྲ། །སྟོབས་དང་བསམ་གཏན་རྣམ་པར་ཐར་དང་དབང༌། །དེ་ཉིད་ལ་ནི་སེམས་ཅན་རྣམས་འགོད་དོ། །བྱང་ཆུབ་རྡུལ་བྲལ་ཁྱད་པར་ཅན་རེག་ནས། །གལ་ཏེ་ང་ཡིས་ཐེག་པ་དམན་པ་ལ། །སེམས་ཅན་འགའ་ཞིག་བཀོད་པར་གྱུར་ན་ཡང༌། །ང་ལ་སེར་སྣའི་ཉེས་འགྱུར་ལེགས་མ་ཡིན། །ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །གསུམ་པའང་ནམ་ཡང་མིན་འཇིག་རྟེན་ན། །སྐྱེས་བུ་མཆོག་རྣམས་ཐབས་ཀྱིས་ཐེག་པ་གང༌། །སྣ་ཚོགས་ཉེ་བར་སྟོན་པར་མཛད་མ་གཏོགས། །ཞེས་
གསུངས་སོ། །དེའི་དོན་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དགོས་པ་ནི་རང་གིས་བརྙེས་པའི་ཡེ་ཤེས་སེམས་ཅན་གྱིས་ཐོབ་པར་བྱ་བའི་ཕྱིར་ཡིན་པས། ལམ་བསྟན་པ་རྣམས་ཀྱང་སངས་རྒྱས་སུ་འཁྲིད་པའི་ཐབས་གཅིག་ཏུ་ཟད་ཀྱི་དེར་བཀྲི་བའི་ཐབས་སུ་མ་གྱུར་པའི་ཐེག་པ་དམན་པས་སེམས་ཅན་མི་འཁྲིད་དོ། །དེས་ན་རང་ཉིད་གོ་འཕང་གང་ལ་གནས་པའི་སྟོབས་ལ་སོགས་པ་ལ་སེམས་ཅན་རྣམས་ཀྱང་འགོད་དོ། །གལ་ཏེ་བྱང་ཆུབ་བརྙེས་ནས་སེམས་ཅན་འགའ་ཞིག་སངས་རྒྱས་ཀྱི་སར་འགྲོ་བའི་ཐབས་སུ་མ་གྱུར་པའི་ཐེག་དམན་ལ་བཀོད་ན། ཆོས་ལ་དཔེ་མཁྱུད་བྱེད་པའི་སེར་སྣ་ཡོད་པར་འགྱུར་ཏེ། མཐར་ཐུག་ཐེག་པ་གཅིག་ཡིན་པས་ཐེག་པ་དམན་པའི་རིགས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སར་ནི་འཁྲིད་དུ་ཡོད་ལ། དེའི་ཐབས་ཀྱང་ཤེས་བཞིན་དུ་དེ་དག་ལ་སངས་རྒྱས་ཀྱི་སར་བཀྲི་བའི་ཆོས་མི་སྟོན་པར་སྦེད་པའི་ཕྱིར་རོ་ཞེས་པའོ། །བདེན་པ་པོའི་ལེའུ་ལས་ཀྱང༌། འཇམ་དཔལ་གལ་ཏེ་དེ་བཞིན་གཤེགས་པས་སེམས་ཅན་ཁ་ཅིག་ལ་ནི་ཐེག་པ་ཆེན་པོ་སྟོན། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པ་སྟོན། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པ་སྟོན་ན། དེ་ནི་དེ་བཞིན་གཤེགས་པའི་སེམས་ཡོངས་སུ་མ་དག་པར་འགྱུར་རོ། །སེམས་མ་སྙོམས་པ་ཉིད་ཡང་འགྱུར་རོ། །མངོན་པར་ཞེན་པའི་སྐྱོན་དུ་ཡང་འགྱུར་རོ། །སྙིང་རྗེ་ཆེན་པོ་ཕྱོགས་གཅིག་པར་ཡང་འགྱུར་རོ། །འདུ་ཤེས་ཐ་དད་པའི་སྐྱོན་དུའང་འགྱུར་རོ། །ངས་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་བྱས་པར་ཡང་འགྱུར་རོ། །འཇམ་དཔལ་ངས་སེམས་ཅན་རྣམས་ལ་ཆོས་
གང་དང་གང་བསྟན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ལ་གཞོལ་བ། ཐེག་པ་ཆེན་པོ་ལ་འབབ་པ། ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ། ཡུལ་གཅིག་ཏུ་ཡང་དག་པར་ཕྱིན་པར་བྱེད་པ་སྟེ། དེ་བས་ན་ང་ལ་ཐེག་པ་ཐ་དད་པ་རྣམ་པར་དགོད་པ་མེད་དོ། །ཞེས་གསལ་བར་གསུངས་ཏེ་ཐེག་པ་སོ་སོ་བསྟན་ན་ཞེས་པའི་དོན་ནི་སྔར་བཤད་པ་ལྟར་རོ། །འོ་ན་མདོ་སྡེ་རྒྱན་ལས། བློ་དང་ལྡན་པ་དམྱལ་བར་གནས་པ་དུས་ཀུན་ཏུ། །བྱང་ཆུབ་དྲི་མེད་ཡངས་པའི་བར་དུ་གཅོད་བྱེད་མིན། །ཐེག་པ་གཞན་ལ་རབ་བསིལ་རྣམ་རྟོག་བདག་ཕན་པ། །རབ་ཏུ་བདེ་བར་གནས་ཀྱང་བར་དུ་གཅོད་པར་བྱེད། །ཅེས་ཐེག་དམན་གྱི་བསམ་པ་བསྐྱེད་པ་དང་དམྱལ་བར་སྐྱེས་པ་གཉིས་སངས་རྒྱས་ཐོབ་པ་ལ་སྔ་མས་བར་དུ་གཅོད་པ་ཙམ་ཕྱི་མས་མི་གཅོད་པར་གསུངས་པ་ཇི་ལྟར་དྲང་སྙམ་ན། དེ་ནི་བློ་དང་ལྡན་པ་བྱང་སེམས་གྱིས་ཐེག་དམན་དུ་སེམས་བསྐྱེད་པས་སངས་རྒྱས་ལ་རིང་དུ་བྱེད་པ་ཙམ་བྱང་སེམས་དམྱལ་བར་གནས་པས་མི་བྱེད་ཅེས་བའི་དོན་ཡིན་པས་སྐྱོན་མེད་དེ། ཐེག་ཆེན་པ་ལ་ཐེག་དམན་འཚང་རྒྱ་བའི་གེགས་ཡིན་པ་དང༌། ཐེག་དམན་གྱི་རིགས་ཅན་ལ་འཚང་རྒྱ་བའི་ཐབས་སུ་འགྲོ་བ་གཉིས་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར་རོ། །ཚིགས་བཅད་དེའི་གོང་ཉིད་དུ་ཡང་དེ་འདྲ་བ་དེ་རྒྱལ་སྲས་ལ་གསུངས་ཡོད་པས་རྩོད་པའི་གནས་མེད་དོ། །འཕགས་པ་རྣམ་པར་འཐག་པ་བསྡུས་པ་ལས། རྒྱལ་བའི་བཀའ་ལ་བཟང་ངན་དང་རིགས་མི་རིགས་དང༌། ཉན་རང་
དང་བྱང་སེམས་ཀྱི་ཆེད་དུ་གསུངས་པའོ་ཞེས་སོ་སོར་བཅད་ན་ཆོས་སྤོང་དུ་གསུངས་པ་ཡང༌། བཀའ་འགའ་ཞིག་ལ་འཚང་རྒྱ་བའི་ཐབས་དང་འགའ་ཞིག་འཚང་རྒྱ་བ་ལ་གེགས་བྱེད་པར་བཟུངས་པ་ཉིད་ཡིན་ནོ། །མདོ་དེར་སྡིག་གྲོགས་ཀྱི་དབང་གིས་དེར་བཤད་པའི་ཆོས་སྤོང་བྱུང་ན་ལོ་བདུན་གྱི་བར་དུ་ཞག་རེ་ལ་ལན་གསུམ་གསུམ་དུ་བཤགས་ན་སྡིག་འདག་པ་དང༌། འོན་ཀྱང་མྱུར་ནའང་བཟོད་པ་འཐོབ་པ་ལ་བསྐལ་བ་བཅུ་དགོས་པར་གསུངས་པས། གོ་བ་ལོག་པ་དེས་དུས་འདས་ན་དོན་མ་ཡིན་པ་ཆེན་པོ་ལ་སྦྱོར་ཞིང་མ་ནོར་བའི་གོ་བ་རྙེད་ན་རྙེད་པ་ཙམ་གྱིས་ཉེས་པ་དེ་དག་མི་འབྱུང་ངོ༌། །དེའི་ཕྱིར་བདེན་བ་པོའི་ལེའུ་ལས་རྒྱ་མཚོ་ཆེན་པོར་སྒོ་ཐ་དད་པ་ནས་ཆུ་མང་པོ་འབབ་པ་བཞིན་དུ། ཐེག་པ་གསུམ་གྱི་ཆོས་ཀྱི་ཆུ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་རྒྱ་མཚོ་ཆེན་པར་གསུངས་པ་ལྟར། སངས་རྒྱས་ཀྱིས་ཆོས་གང་གསུངས་ཐམས་ཅད་ཐང་ཀ་ཐད་ཀའི་གདུལ་བྱ་ལ་ལྟོས་ཏེ་སངས་རྒྱས་ཀྱི་སར་འཁྲིད་པའི་ཐབས་ཁོ་ནར་གོ་བར་བྱའོ། །འོན་ཀྱང་ཐབས་དེ་ལ་གདུལ་བྱའི་མཆོག་དམན་གྱི་དབང་གིས་ཐབས་རྫོགས་མ་རྫོགས་དང༌། ལམ་མྱུར་བུལ་ལ་སོགས་པའི་ཁྱད་པར་ཡང་འཐད་པས་སངས་རྒྱས་ཀྱི་སར་འཁྲིད་པའི་ཡན་ལག་ཏུ་གྱུར་པའི་ལམ་དང༌། ཐེག་ཆེན་གྱི་ལམ་གཉིས་ནི་མི་གཅིག་གོ །དོན་གྱི་དབང་འདི་དག་གཟིགས་ནས་མཚན་བརྗོད་ལས་ཀྱང༌། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་སོ། །གཉིས་པ་ལ་གཉིས། ཐེག་པ་ཆེན་པོ་ལ་གཉིས་སུ་དབྱེ་བ་དང༌། རྡོ་རྗེ་ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པའོ། །དང་པོ་
ལ་གསུམ། ཇི་ལྟར་དུ་ཕྱེ་བའི་གྲངས་དང༌། ཕྱེ་བ་སོ་སོའི་དོན་དང༌། དེ་ལྟར་དུ་འབྱེད་པའི་རྒྱུ་མཚན་ནོ། །དང་པོ་ནི། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་གཉིས་ཏེ་ས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་ཤྲཱདྡྷ་ཀ་ར་ཝཱརྨས་བཤད་པ་ལྟར་གསང་སྔགས་ཀྱི་ཐེག་པ་དང་འབྲས་བུའི་ཐེག་པ་དང་རྡོ་རྗེ་ཐེག་པ་ཞེས་པ་ནི་སྔགས་ཀྱི་ཐེག་པའི་རྣམ་གྲངས་ཡིན་ལ། ཐབས་ཀྱི་ཐེག་པ་ཞེས་ཀྱང་འབྱུང་ངོ༌། །རྒྱུ་འབྲས་ཀྱི་ཐེག་པ་ནི་ཐེག་པ་གཉིས་ཀྱི་རྣམ་གྲངས་ཡིན་ཏེ་འཕགས་པ་གསང་བ་ལུང་བསྟན་པའི་མདོ་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་བུའི་ཐེག་པ་ཉེ་ལམ་ཞིག །ཅེས་ཛྙཱ་ན་ཤྲཱིས་མཐའ་གཉིས་སེལ་བར་དྲངས་པ་ལྟར་རོ། །ཡང་རྡོ་རྗེ་ཐེག་པའི་གཞུང་ལ་ནི་རིག་པ་འཛིན་བའི་སྡེ་སྣོད་དང་རྒྱུད་སྡེ་ཞེས་སུ་འང་གྲགས་སོ། །གཉིས་པ་ནི། གསང་ཞིང་སྦས་པས་འགྲུབ་ལ་སྣོད་མིན་གྱི་ཡུལ་མིན་པས་དེ་ལ་མི་བསྟན་པས་ན་གསང་བའོ། །སྔགས་ཀྱི་སྐད་དོད་མཱནྟྲཱ་ལ་མཱ་ན་ནི་ཡིད། ཏྲཱ་ཡ་ནི་སྐྱོབ་པས་ན་སྔགས་ཏེ་འདུས་པའི་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་གྱི་གང་དང་གང་བྱུང་ཡིད། །ཡིད་དོ་མཱན་ཞེས་བྱ་བར་བཤད། །ཏྲཱ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱིས་བསྲུང་བ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་
སོ། །རྣམ་གྲངས་གཞན་ཡང་མཱ་ན་དང་ཏྲཱ་ཡའི་སྒྲ་དེ་ཉིད་ཤེས་པ་དང་འགྲོ་བ་སྐྱོང་བའི་སྙིང་རྗེ་ལ་དྲངས་ནས་གསུངས་པ་ལྟར་ཡང་ཤེས་པར་བྱའོ། །ཐེག་པ་ནི་འདིར་འདོང་བ་འབྲས་བུ་དང་འདིས་འདོང་བ་རྒྱུའི་ཐེག་པ་སྟེ་བགྲོང་བས་ན་ཐེག་པའོ། །འབྲས་བུ་ནི་གནས་ལུས་ལོངས་སྤྱོད་མཛད་པ་ཡོངས་སུ་དག་པ་བཞི་སྟེ་སངས་རྒྱས་ཀྱི་ཕོ་བྲང་དང་སྐུ་དང་འབྱོར་བ་དང་འཕྲིན་ལས་སོ། །ཚུལ་དེ་དང་རྗེས་སུ་མཐུན་པར་ད་ལྟ་ནས་གཞལ་ཡས་ཁང་དང་ལྷའི་འཁོར་ལོ་དང་མཆོད་པའི་ཡོ་བྱད་དང་སྣོད་བཅུད་སྦྱོང་བ་སོགས་ཀྱི་མཛད་པ་ཅན་དུ་སྒོམ་བས་ན་འབྲས་བུའི་ཐེག་པ་སྟེ་འབྲས་བུའི་རྣམ་པ་དང་མཐུན་པར་བསྒོམས་ནས་བགྲོད་པའི་ཕྱིར་ཏེ། བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས། དེ་ནི་སྐུ་དང་ལོངས་སྤྱོད་དང་གནས་དང་མཛད་པ་ཡོངས་སུ་དག་པའི་ཚུལ་གྱིས་འཇུག་པས་ན་འབྲས་བུ་སྟེ། ཞེས་བཤད་པ་བཞིན་ནོ། །དྲི་མེད་འོད་ལས། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ་དེ་ཉིད་ཐེག་པ་ཆེན་པོ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཚུལ་དང་ཕར་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ། །ཞེས་རྡོ་རྗེའི་དོན་སྔགས་ཀྱི་ཚུལ་གྱི་འབྲས་བུ་དང༌། ཕར་ཕྱིན་གྱི་ཚུལ་གྱི་རྒྱུ་གཉིས་དབྱེར་མི་ཕྱེད་པ་ལ་མཛད་ནས་རྡོ་རྗེ་ཐེག་པའི་མིང་དོན་གསུངས་སོ། །དེའི་རྒྱུ་འབྲས་ནི་དབང་མདོར་བསྟན་ལས། སྟོང་ཉིད་གཟུགས་འཛིན་རྒྱུ་ཡིན་ཏེ། །འབྲས་བུ་སྙིང་རྗེ་མི་འགྱུར་འཛིན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་གསུངས་པ་ལྟར་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་མཆོག་ཏུ་མི་འགྱུར་བའི་
བདེ་བའོ། །དེ་གཉིས་མི་ཕྱེད་པ་དེ་ལ་འདིས་བགྲོད་པ་དང་འདིར་བགྲོད་པའི་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་ཡོད་དོ། །དེ་འདྲ་བའི་རྡོ་རྗེ་ཐེག་པ་ནི་བླ་མེད་ལ་དགོངས་ཀྱི་རྒྱུད་སྡེ་འོག་མའི་སྐབས་སུ་མི་རུང་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་པ་ནས་གཞག་དགོས་པས་རྗེས་དྲན་མན་ཆད་ཀྱི་ཡན་ལག་གིས་བསྒྲུབ་དགོས་ན། རྒྱུའི་ཡན་ལག་དེ་དག་ཚང་བ་དེ་རྣམས་ལ་མེད་པའི་ཕྱིར་རོ། །དེས་ན་འདིར་རྡོ་རྗེ་ཐེག་པ་སྤྱིའི་དོན་ངེས་འཛིན་པའི་སྐབས་སུ་ཁྱབ་ཚུངས་པ་ཡིན་ལ་ཚུལ་དེས་རྒྱུ་འབྲས་ཀྱི་ཐེག་པའི་དོན་འཇོག་པ་ཡང་སྤྱིའི་རྣམ་གཞག་ལ་མ་ཁྱབ་པ་ཡིན་ནོ། །དེའི་ཕྱིར་འདིར་ནི་སྙིམ་པའི་མེ་ཏོག་ལས་གསུངས་པ་ལྟར་བྱ་སྟེ། རྡོ་རྗེའི་ཐེག་པ་ཞེས་བྱ་བའི་ཐེག་པ་ཆེན་པོ་མ་ལུས་པ་བསྡུས་པ་ནི་ཕ་རོལ་ཏུ་ཕྱིན་བ་དྲུག་ཡིན་ལ། དེ་རྣམས་བསྡུས་པ་ནི་ཐབས་དང་ཤེས་རབ་ཡིན་ཞིང་དེ་དག་ཀྱང་བསྡུས་པ་རོ་གཅིག་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་ཡང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་ལ་དེ་ཉིད་རྡོ་རྗེ་ཡིན་ནོ། །རྡོ་རྗེ་ཡང་དེ་ཡིན་ལ་ཐག་པ་ཡང་ཡིན་བས་ན་རྡོ་རྗེ་ཐེག་པ་སྟེ་སྔགས་ཀྱི་ཐེག་པ་ཞེས་བྱ་བའི་དོན་ནོ། ཞེས་གསུངས་པ་ལྟར་ཐབས་དང་ཤེས་རབ་དབྱེར་མེད་པར་སྦྱོར་བའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ནི་རྡོ་རྗེ་ཐེག་པ་ཡིན་ལ་དེ་ལ་ལམ་དང་འབྲས་བུའི་སྐབས་གཉིས་ཀ་ཡོད་དོ། །ཕར་ཕྱིན་གྱི་ཐེག་པ་ལས་ཐབས་མཁས་པ་ཆེ་བའི་ཕྱིར་ན་ཐབས་ཀྱི་ཐེག་པའོ། །མཐའ་གཉིས་སེལ་བ་ལས་ཀྱང༌། དབྱེར་
མེད་པ་དང༌། འབྲས་བུ་ཉིད་ལམ་དུ་གྱུར་པ་དང༌། ཐབས་ཀྱི་ཆེ་བ་དང་ཤིན་ཏུ་གསང་བར་བྱ་བའི་ཕྱིར་རྡོ་རྗེའི་ཐེག་པ་དང༌། འབྲས་བུའི་ཐེག་པ་དང༌། ཐབས་ཀྱི་ཐེག་པ་དང༌། གསང་བའི་ཐེག་པ་ཞེས་བྱའོ། །ཞེས་སོ། །རིག་འཛིན་གྱི་སྡེ་སྣོད་ནི་རིག་སྔགས་འཆང་རྣམས་ཀྱི་བསླབ་པའི་གཞི་དང་གྲུབ་པའི་མཐའ་སྟོན་པ་ལ་དཔུང་བཟང་གིས་ཞུས་པའི་འགྲེལ་བར་བཤད་པ་ལྟར་རོ། །བླ་མེད་ཀྱི་ རྒྱུད་དོན་ལ་འཇུག་པ་ལས། རིག་འཛིན་གྱི་སྡེ་སྣོད་སྡེ་སྣོད་གསུམ ་དུ་མི་གཏོགས་པའི་སྡེ་སྣོད་བཞི་པར་འདོད་པ་དང་སྡེ་སྣོད་གསུམ་དུ་གཏོགས་པའི་ལུགས་གཉིས་བཤད་ཀྱང༌། དཔུང་བཟང་ལས་གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཞེས་པ་དང༌། གཞན་ཡང་རྒྱུད་མང་པོ་ལས་མདོ་དང་མདོ་སྡེར་བཤད་པས། ཤཱིནྟ་བས་ཟབ་དོན་བསྡུས་ཏེ་སྟོན་པས་མདོ་སྡེར་བཞེད་པ་ལྟར་ལེགས་ལ་དེ་ལ་ཡང་ནང་གསེས་ཀྱིས་ཕྱེ་ན་སྡེ་སྣོད་གཞན་གཉིས་ཀྱིའང་དོན་སྟོན་པས་ན། ཨ་བྷྱས་སྡེ་སྣོད་གསུམ་གར་གཏོགས་པར་བཞེད་པ་ཡང་འཐད་དོ། །རྒྱུད་ནི་རྒྱུན་ཆགས་པ་ཡིན་ལ་དེ་ལ་ལམ་གྱི་བྱེད་པ་འཇུག་པའི་གཞིའི་རྒྱུད་དང༌། དེ་སྦྱོང་བྱེད་ལམ་གྱི་རྒྱུད་དང༌། སྦྱངས་འབྲས་འབྲས་བུའི་ རྒྱུད་གསུམ ་དུ་འདུས་པ་ཕྱི་མ་ལས་གསུངས་པ་ནི་བརྗོད་བྱ་དོན་གྱི་རྒྱུད་ཡིན་ལ། དེ་དག་ཅི་རིགས་པར་བརྗོད་བྱར་བྱེད་པའི་གསུངས་རབ་ནི་རྗོད་བྱེད་གཞུང་གི་རྒྱུད་དོ། །སྡེ་ནི་རྒྱུད་དེའི་ཚོགས་སམ་རིས་སོ། །ཕར་ཕྱིན་གྱི་ཐེག་པ་ནི་ཐེག་པ་གང་ལ་སྤྱོད་པའི་རྟེན་སེམས་བསྐྱེད་པ་དང་སྤྱོད་པ་ཕྱིན་དྲུག་གིས་བགྲོད་ཅིང་དེ་ལས་གཞན་པའི་རིམ་གཉིས་ལ་སོགས་པའི་ལམ་མེད་པ་ལ་བྱའི།
སེམས་བསྐྱེད་དང་ཕྱིན་དྲུག་གིས་བགྲོད་པ་ཡོད་པ་ལ་བྱེད་ན་རྡོ་རྗེ་ཐེག་པ་ཡང་དེར་འགྱུར་རོ། །རྒྱུའི་ཐེག་པ་ཞེས་པ་ཡང་སྔར་བཤད་པ་ལྟར་གྱི་འབྲས་བུ་བཞི་པོ་དེ་དག་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་མི་སྒྲོམ་པར་དེ་དག་གི་རྒྱུ་ཙམ་སྒོམ་པ་ལ་བྱའོ། །གསུམ་པ་ལ་གཉིས། རྟོགས་ལྡན་ལ་སྐྱེ་བའི་དོགས་པའི་གནས་དགོད་པ་དང༌། དེ་ལ་ལན་གདབ་པའོ། །དང་པོ་ནི། གལ་ཏེ་ཐེག་པ་ཆེན་པོ་ལ་ཐེག་པ་གཉིས་སུ་འབྱེད་པ་འདི་གང་གི་སྒོ་ནས་ཡིན། སེམས་བསྐྱེད་པའི་སྒོ་ནས་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་སྤྱོད་པ་གཉིས་ཀ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དུ་ཞུགས་པར་མཚུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དོན་དུ་གཉེར་བྱའི་བྱང་ཆུབ་ལ་ཡང་མཆོག་དམན་མེད་པས་དེའི་སྒོ་ནས་ཀྱང་ཐེག་པ་གཉིས་སུ་དབྱེ་བར་མི་རིགས་སོ། །ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་ཡོད་མེད་ཀྱི་སྒོ་ནས་ཀྱང་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དེས་དོན་གྱི་མདོ་སྡེ་རྣམས་ཀྱི་དགོངས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མའི་བསྟན་བཅོས་སུ་གཏན་ལ་ཕབ་པ་ལས་ལྷག་པའི་ལྟ་བ་མེད་པའི་ཕྱིར་དང༌། ཡོད་དུ་ཆུག་ཀྱང་དེས་ཐེག་པ་སོ་སོ་བ་ཡོད་པར་འཇོག་མི་ནུས་ཏེ། ཕར་ཕྱིན་གྱི་ཐེག་ཆེན་ལ་དབུ་མ་པ་དང༌། སེམས་ཙམ་པ་གཉིས་ཡོད་ཀྱང་དེ་གཉིས་ལ་ཐེག་པ་སོ་སོ་བ་མེད་པ་བཞིན་ནོ། །ཕྱིན་དྲུག་གི་སྤྱོད་པ་ལ་སྤྱོད་པ་ཡང་གཉིས་ཀ་ལ་ཡོད་དོ། །དེའི་ཕྱིར་སྐུ་གཉིས་སྒྲུབ་
པའི་ལམ་ཐབས་དང་ཤེས་རབ་ཀྱི་གཙོ་བོ་གཉིས་ལ་ཁྱད་མི་སྣང་ཞིང༌། ཕར་ཕྱིན་གྱི་ཐེག་པ་ལ་མེད་པའི་ལམ་གྱི་ཁྱད་པར་འགའ་ཞིག་ཡོད་མོད་ཀྱང་ལམ་གྱི་གཙོ་བོའི་ཁྱད་པར་མ་ཡིན་པས་དེ་ཙམ་གྱིས་ཐེག་པ་སོ་སོ་བར་གཞག་མི་ནུས་ལ། གང་བྲག་ལ་དབང་པོ་རྣོ་རྟུལ་ཡོད་པ་ཙམ་དང་ལམ་བགྲོད་པ་མྱུར་བུ་ལ་ཡོད་པ་ཙམ་གྱིས་ཀྱང་གཞག་པར་མི་ནུས་ཏེ། ཕར་ཕྱིན་གྱི་ཐེག་པ་ལ་དེ་དག་གི་ཁྱད་པར་དུ་མ་ཡོད་ཀྱང་ཐེག་པ་སོ་སོ་བ་མེད་པ་བཞིན་ནོ། །གཞན་དུ་ན་སྔགས་ཀྱི་ཐེག་པ་ཉིད་ལ་ཡང་ཐེག་པ་སོ་སོ་བ་དུ་མ་གཞག་དགོས་པར་འགྱུར་རོ་ཞེ་ན། གཉིས་པ་ལ་གཉིས། གཞན་གྱིས་བརྟགས་པའི་མཐའ་དགག་པ་དང༌། ལེགས་པར་གནས་པའི་ཕྱོགས་གཞག་པའོ། །དང་པོ་ནི། ཁ་ཅིག་ན་རེ་སྔགས་ནི་གདུལ་བྱ་ཆགས་ཅན་དང༌། ཕར་ཕྱིན་ནི་གདུལ་བྱ་ཆགས་བྲལ་འདུལ་བའི་དོན་དུ་གསུངས་པས་འདོད་ཡོན་ལ་ཆགས་པ་མི་སྤོང་བར་ལམ་སྒོམ་པ་དང༌། ཆགས་པ་དེ་སྤྱོང་བའི་ལམ་སྒོམ་པ་ནི་ཐེག་པ་གཉིས་སུ་འབྱེད་པའི་རྒྱུ་མཚན་ནོ། །ཞེས་ཟེར་རོ། །འདི་ལ་བཤད་པར་བྱ་སྟེ། ཐེག་པ་དེ་གཉིས་ཀྱི་གདུལ་བྱ་ལ་འདོད་ཡོན་ལ་ཆགས་པ་མ་སྤངས་པར་ལམ་སྒོམ་པ་དང་སྤོང་བའི་ལམ་སྒོམ་པ་ཡོད་པས་འབྱེད་ན་ནི། གཉིས་ཀ་ལ་གཉིས་ཀ་ཡོད་པས་ཁྱད་པར་དེས་ཐེག་པ་སོ་སོ་བར་འབྱེད་མི་ནུས་ཏེ། འདི་ལྟར་ཕར་ཕྱིན་གྱི་ཐེག་པའི་ལམ་དུ་ཞུགས་པའི་ཁྱིམ་པའི་བྱང་སེམས་མི་ཚངས་སྤྱོད་མ་སྤངས་པ་དུ་མ་ཡོད་ཅིང༌། བྲམ་ཟེའི་ཁྱེའུ་སྐར་མ་ལྟ་བུའི་ཐབས་མཁས་པ་ལ་གཞན་དོན་ཆེན་པོ་དང་འབྲེལ་བའི་ཚེ་མི་ཚངས་སྤྱོད་གནང་བ་ཡང་དུ་མ་ཡོང་བའི་ཕྱིར་དང༌། སྔགས་ཀྱི་ཐེག་པའི་གདུལ་བྱ་
ལ་ཡང་འདོད་ཡོན་ལ་སྲེད་པ་སྤངས་པ་དུ་མ་ཡོད་པའི་ཕྱིར་ཏེ། གཞན་དུ་ན་སངས་མ་རྒྱས་ཀྱི་བར་དུ་འདོད་པའི་འདོད་ཆགས་ལས་གྲོལ་བ་མི་སྲིད་པ་འམ་སངས་རྒྱས་ནས་ཀྱང་དེ་མ་སྤངས་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་དེ་གཉིས་ཀྱི་གདུལ་བྱ་གང་ཡིན་ལ་མི་བྱེད་ཀྱི་རང་རང་གི་ཐུན་མོང་མ་ཡིན་པ་འམ་གཙོ་བོའི་གདུལ་བྱ་ཐོག་མར་ལམ་དེ་ལ་འཇུག་པའི་དབང་དུ་བྱེད་ལ། དེ་ཡང་འདོད་ཡོན་ལ་ཆགས་པ་ཆེད་དུ་མི་སྤོང་བར་ཐེག་པ་དེའི་ལམ་སྒོམ་དུ་རུང་བ་ཙམ་ཡིན་གྱི། ཆགས་པ་དེ་ལམ་གྱི་གྲོགས་སུ་བྱེད་ནུས་པས་གྲོལ་བའི་རྒྱུར་འགྱུར་པའི་སྐལ་བ་ཅན་ཡིན་མིན་གྱི་དབང་དུ་བྱེད་དོ་སྙམ་ན། རྒོད་དང་བལྟས་དང་ལག་བཅངས་དང༌། །ཞེས་སོགས་འོག་ནས་འཆད་པ་ལྟར་འདོད་ཡོན་ལ་ཆགས་པ་རིགས་བཞི་ལ་བརྟེན་པའི་དགའ་བ་ལམ་དུ་བྱེད་པ་ཞིག་རྒྱུད་བཞིའི་གདུལ་བྱ་ལ་ཡོད་པར་ཁས་བླང་དགོས་མོད་ཀྱང༌། དེ་འདྲ་བ་དེ་ཐེག་པ་དེ་གཉིས་ལ་ཐོག་མར་འཇུག་པའི་གང་ཟག་གི་ཁྱད་པར་དུ་སྦྱོར་ན་རུང་གི་ཐེག་པའི་འབྱེད་བྱེད་མིན་ནོ། །དེ་བཞིན་དུ་ལམ་བདེ་བས་བརྒྱན་མ་བརྒྱན་དང་ལུས་དང་སེམས་ལ་གནད་དུ་བསྣུན་པའི་ཁྱད་པར་གྱིས་ཀྱང་ཐེག་པ་གཉིས་སུ་དབྱེ་བར་མི་ནུས་ཏེ། ལམ་དེ་བསྒོམས་པས་ལུས་ལ་བདེ་བ་དང་སེམས་ལ་དགའ་བ་ཁྱད་པར་ཅན་སྐྱེ་ལ་དེའི་མཐུས་སེམས་དམིགས་པ་ལ་བརྟན་པར་གནས་པ་ལ་བདེ་བས་བརྒྱན་པར་བྱེད་ན་ནི། ཞི་གནས་ཐོག་མར་འགྲུབ་པ་ཐམས་ཅད་ལ་དང་པོར་ལུས་ཀྱི་རླུང་ལས་སུ་རུང་བ་སྐྱེ་ཞིང་དེས་ལུས་ཤིན་སྦྱངས་བསྐྱེད་པ་ན་ལུས་ལ་བདེ་བ་ཆེན་པོ་དང༌། དེ་ནས་དེའི་མཐུས་
སེམས་ལ་དགའ་བ་ཁྱད་པར་ཅན་སྐྱེས་པ་ལ་བརྟེན་ནས་སེམས་དམིགས་པ་ལ་ཞི་བར་གནས་པ་འབྱུང་བར་ས་སྡེ་ལས་གསུངས་པས། དེ་ནི་ཕྱི་ནང་གཉིས་ཀའི་ཞི་གནས་ལ་ཡོད་པའི་ཕྱིར་དེས་སྔགས་དང་ཕར་ཕྱིན་གྱི་ལམ་སོ་སོར་འབྱེད་ག་ལ་ནུས། འདི་ནི་ཐེག་པ་ཐུན་མོང་གི་ལམ་གྱི་རིམ་པར་རྒྱས་པར་བཤད་ཟིན་པས་མི་སྤྲོའོ། །གལ་ཏེ་བདེ་བས་བརྒྱན་པའི་དོན་ནི། བྱང་སེམས་དཀར་དམར་གཉིས་ཀྱི་འཕྲོད་འདུའི་གནང་ཁྱད་པར་ཅན་སྒྲུབ་པའི་གདམས་པ་ལ་བརྟེན་ནས་ཞུ་བ་དེ་ལ་བརྟེན་བའི་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་ལ་བྱེད་དོ་སྙམ་ན། དེ་ལྟ་ན་རྡོ་རྗེ་ཐེག་པ་སྤྱི་དང་ཕར་ཕྱིན་གྱི་ཐེག་པ་གཉིས་སོ་སོར་འཇོག་པའི་ཁྱད་པར་དུ་མི་རིགས་ཏེ། དེ་ནི་སྔགས་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །རིགས་པ་འདིས་ལུས་དང་སེམས་ལ་གནད་དུ་བསྣུན་པ་ཡང་ཐེག་པ་གཉིས་སོ་སོར་འབྱེད་པའི་ཁྱད་པར་དུ་མི་འཐད་པ་ཤེས་པར་བྱའོ། །གཉིས་པ་ལ་གཉིས། ཐེག་པ་གཉིས་སུ་འབྱེད་པའི་རྒྱུ་མཚན་དངོས་དང༌། ལམ་ལ་ཁྱད་པར་ཡོད་ཀྱང་འབྲས་བུ་ལ་མཆོག་དམན་མེད་པར་བསྟན་པའོ། །དང་པོ་ལ་གསུམ། དངོས་ཀྱི་དོན་བསྟན་པ་དང༌། དེའི་ཁུངས་དགོད་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འདིར་བགྲོད་པར་བྱ་བ་འབྲས་བུའི་ཐེག་པ་ལ་ནི། སྔགས་དང་ཕར་ཕྱིན་གཉིས་མཆོག་དམན་གྱི་ཁྱད་པར་མེད་དེ། ལམ་གཉིས་ཀའི་ཐབ་བྱ་ཡང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཀྱི་སངས་རྒྱས་སུ་མཚུངས་པའི་ཕྱིར་རོ། །དེས་ན་འདིས་བགྲོད་པ་རྒྱུའི་ཐེག་པའི་ཁྱད་པར་ཡིན་ལ་དེ་ལ་ཡང་རྟོགས་པ་ལྟ་བ་དང༌། བསམ་པ་སེམས་བསྐྱེད་དང༌། སྤྱོད་པ་ཕྱིན་དྲུག་ལ་སློབ་པ་ཙམ་ལ་ཁྱད་པར་མེད་པས་
དེ་དག་གི་སྒོ་ནས་དབྱེ་བར་མི་ནུས་སོ། །འོ་ན་གང་ནས་འབྱེད་སྙམ་ན། ཐེག་ཆེན་པ་གཉིས་ཀའི་ཡང་མངོན་པར་འདོད་པའི་དོན་གྱི་གཙོ་བོ་ནི་གཞན་དོན་ཡིན་གྱི་རང་གི་ཐོབ་བྱའི་དོན་བྱང་ཆུབ་མིན་ཏེ། སངས་རྒྱས་ཀྱང་གཞན་དོན་སྒྲུབ་པའི་ཐབས་སུ་མཐོང་ནས་དེའི་ཡན་ལག་ཏུ་དོན་དུ་གཉེར་བའི་ཕྱིར་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པའི་ཕྱིར་དང་སེམས་བསྐྱེད་འདྲ་བའི་ཕྱིར་རོ། །གདུལ་བྱ་ལ་དངོས་སུ་སྣང་ནས་དེ་དག་གི་དོན་སྒྲུབ་པའི་སངས་རྒྱས་ནི་ཆོས་ཀྱི་སྐུ་མིན་གྱི་གཟུགས་ཀྱི་སྐུ་རྣམ་པ་གཉིས་ཡིན་ནོ། །དེ་ལ་ཟབ་མོ་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཀྱི་སྐུ་དང༌། རྒྱ་ཆེ་བའི་ཐབས་ཀྱིས་གཟུགས་ཀྱི་སྐུ་སྒྲུབ་པ་དང༌། ཐབས་དང་བྲལ་བའི་ཤེས་རབ་དང་ཤེས་རབ་དང་བྲལ་བའི་ཐབས་ཀྱིས་སྐུ་གཉིས་སྒྲུབ་པར་མི་ནུས་པས་ཐབས་དང་ཤེས་རབ་ཡ་མ་བྲལ་བ་དགོས་སོ་ཞེས་པ་འདི་ནི་ཐེག་པ་ཆེན་པོ་པ་སྤྱིའི་གྲུབ་པའི་མཐའོ། །གནས་ལུགས་ཀྱི་དོན་མ་རྟོགས་པར་ཉོན་མོངས་པ་ཐམས་ཅད་ཟད་པར་བྱས་ནས་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་རྒལ་བར་མི་ནུས་པས། ཟབ་མོ་རྟོགས་པའི་ཤེས་རབ་ནི་འཕགས་པ་འོག་མ་གཉིས་དང་ཡང་ཐུན་མོང་བའོ། །དེའི་ཕྱིར་ཐེག་ཆེན་གྱི་ལམ་གྱི་ཁྱད་པར་གྱི་གཙོ་བོ་ནི་གཟུགས་ཀྱི་སྐུ་སྐལ་བ་དང་ལྡན་པའི་གདུལ་བྱ་ལ་སྣང་ནས་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་སེམས་ཅན་རྣམས་ཀྱི་མགོན་སྐྱབས་མཛད་པའི་རྒྱུར་གྱུར་པའི་ཐབས་ལ་བྱ་དགོས་སོ། །ཕ་རོལ་ཏུ་ཕྱིན་པ་པ་རྣམས་ལ་ནི། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྤྲོས་པ་དང་བྲལ་བ་སྒོམ་པས་ཆོས་ཀྱི་སྐུ་
དང་རྣམ་པ་རྗེས་སུ་མཐུན་པའི་ལམ་སྒོམ་པ་ཡོད་ཀྱང༌། གཟུགས་ཀྱི་སྐུ་མཚན་དཔེས་སྤྲས་པ་དང་རྣམ་པ་འདྲ་བར་སྒོམ་པའི་ལམ་མེད་ལ་སྔགས་ལ་ནི་ཡོད་དོ། །དེས་ན་གཞན་དོན་གཟུགས་ཀྱི་སྐུ་སྒྲུབ་པའི་ཐབས་ལ་ལམ་གྱི་ལུས་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པས་ཐེག་པ་གཉིས་སུ་མཛད་པ་ཡིན་ཏེ། སྤྱིར་ཐེག་པ་ཆེ་ཆུང་སྟོང་པ་ཉིད་ཀྱི་ཤེས་རབ་ཀྱིས་མི་འབྱེད་པར་ཐབས་ཀྱིས་འབྱེད་དགོས་ལ། ཁྱད་པར་དུ་ཐེག་པ་ཆེན་པོ་ལ་གཉིས་སུ་ཕྱེ་བ་ཡང་ཟབ་མོ་རྟོགས་པའི་ཤེས་རབ་ཀྱིས་མི་འབྱེད་ཀྱི། ཐབས་ཀྱིས་དབྱེ་དགོས་ཤིང་ཐབས་ཀྱི་གཙོ་བོ་ཡང་གཟུགས་སྐུ་སྒྲུབ་པའི་ཆ་ནས་ཡིན་ལ། གཟུགས་སྐུའི་སྒྲུབ་བྱེད་ཀྱི་ཐབས་ནི་དང་རྣམ་པ་འདྲ་བར་སྒོམ་བའི་ལྷའི་རྣལ་འབྱོར་ཉིད་ཐེག་པ་གཞན་གྱི་ཐབས་ལས་མཆོག་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། རྣལ་འབྱོར་བླ་མེད་ཀྱི་གཞུང་ནས་བཤད་པ་དང༌། རྒྱུད་སྡེ་འོག་མའི་གཞུང་ནས་བཤད་པའི་ཚུལ་ལོ། །དང་པོ་ལ་གཉིས། རྒྱུད་ནས་བཤད་པའི་ཚུལ་དང༌། དགོངས་འགྲེལ་རྣམས་ཀྱིས་ཇི་ལྟར་བཤད་པའོ། །དང་པོ་ནི། རྡོ་རྗེ་གུར་གྱི་ལེའུ་དང་པོ་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་ལོག་རྣམས་དང༌། །བདག་ཏུ་ལྟ་བ་འཚོལ་རྣམས་ཀྱི། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པར་བསྟན། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །བདེ་བའི་ཐབས་ཀྱི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །
མངའ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ཕྱིར་ཐབས་ངེས་བསྒྲུབ་བྱ་སྟེ། །ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །ཞེས་གསལ་བར་གསུངས་སོ། །འདི་དག་གིས་ནི་སྟོང་ཉིད་སྒོམ་པ་ཙམ་ཞིག་ཐབས་སུ་འདོད་པ་དགག་པ་དང༌། སྟོང་ཉིད་བསྟན་པའི་དགོས་པ་དང༌། ཐུན་མོང་མ་ཡིན་པའི་ཐབས་ཆེ་བ་དང་བཅས་པ་དང༌། ཐབས་དེས་བསྒྲུབ་དགོས་པའི་རྒྱུ་མཚན་རྣམས་བསྟན་ཏེ་ཚིགས་སུ་བཅད་པ་བཞི་དང་གོ་རིམས་བཞིན་ནོ། །དེ་ལ་རྐང་པ་དང་པོའི་དོན་ནི་གུར་དུ་རང་གི་རྣམ་རྟོག་གི་དྲི་མས་སེམས་སྦགས་པར་བྱས་པས་འབད་པ་ཀུན་གྱིས་སེམས་སྦྱང་བར་བྱའོ་ཞེས་སྔོན་དུ་བསྟན་པ་ལ་འཕྲོས་ནས། དེ་ལྟ་ན་དྲི་མ་སྦྱོང་བ་ལ་སྟོང་པ་ཉིད་ཙམ་ཞིག་བསྒོམ་བར་བྱ་སྟེ། བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཉིད་བདག་ཏུ་འཛིན་པའི་རྣམ་རྟོག་དང་རྣམ་པ་འགལ་བ་ཡིན་གྱི་ལམ་གཞན་དང་མི་འགལ་བའི་ཕྱིར་རོ། །དེས་ན་འཚང་རྒྱ་བའི་ཐབས་ནི་སྟོང་ཉིད་སྒོམ་པ་ཙམ་དུ་ཟད་ཀྱི་སྤྲོས་པ་གཞན་གྱིས་ཅི་བྱ་སྙམ་བའོ། །དེའི་ཚེ་ཐབས་དེ་ལ་ཇི་ཙམ་འབང་ཀྱང་སངས་རྒྱ་བར་མི་འགྱུར་ཏེ། དེ་འདྲ་བ་དེ་ལ་ནི་རྒྱུ་སྟོང་ཉིད་སྒོམ་པ་དེ་ལས་གཞན་འབྲས་བུའི་ཐབས་མེད་པའི་ཕྱིར་ན། ཐབས་ཀྱི་ཡན་ལག་དང་བྲལ་བས་རྒྱུ་མ་ཚང་བའི་ཕྱིར་རོ། །དེའི་ཕྱིར་སྟོང་པ་ཉིད་ཙམ་ལ་གོམས་པར་བྱེད་པ་ནི་ཐབས་ཚང་བ་མ་ཡིན་ནོ། །ཚུལ་དེ་ནི་སྔགས་སུ་མ་ཟད་ཕར་ཕྱིན་གྱི་ཐེག་པའི་ལུགས་ཀྱང་ཡིན་ནོ་ཞེས་ལྷའི་རིགས་ཀྱི་བློ་གྲོས་ཀྱིས་བཤད་དེ་ལེགས་པ་ཡིན་ནོ། །འོ་ན་སྟོང་ཉིད་བསྟན་པའི་དགོས་པ་ཅི་ཡིན་སྙམ་ན་ཆོས་བདག་མེད་པ་ལས་སོགས་པའི་ལྟ་བ་ལས་ཕྱིན་ཅི་ལོག་པ་དང༌། བདག་ཏུ་
ལྟ་བ་འཚོ་བ་སྟེ་བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་རྣམས་ཀྱི་བདག་ཏུ་འཛིན་པ་གཉིས་བཟློག་པའི་ཕྱིར་བདག་མེད་པའི་སྟོང་པ་ཉིད་བསྟན་ཏོ། །འདིས་ནི་བདག་གཉིས་སུ་ཀུན་ཏུ་རྟོག་བའི་དྲི་མ་སྦྱོང་བ་ལ་གདོན་མི་ཟ་བར་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་བཙལ་ནས་སྒོམ་དགོས་པར་བསྟན་ཏེ་འདི་དག་གི་ཆ་ནི་ཕ་རོལ་ཏུ་ཕྱིན་པ་དང་འདྲ་བ་ཡིན་ནོ། །ལྟ་བ་རྣམས་ལས་ལོག་རྣམས་ཞེས་སོགས་རྐང་པ་གཉིས་ཀྱི་བཤད་པ་ནི་གུར་འགྲེལ་གྱི་དགོངས་པ་ལྟར་རོ། །སྟོང་ཉིད་སྒོམ་པ་ཙམ་ལ་ཐབས་མ་ཚང་ན་ཐབས་ཁྱད་པར་བ་དེ་གང་ཡིན་སྙམ་ན། སྟོང་ཉིད་སྒོམ་པ་ཙམ་ཐབས་སུ་མི་འཐད་པ་དེའི་ཕྱིར་ཐབས་ཁྱད་པར་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ཞེས་གསུངས་པ་དེའོ་ཞེས་སྦྱར་ཏེ། གུར་འགྲེལ་དུ། ཐབས་ནི་བདེ་བའི་སྡོམ་པ་སྟེ། །ཞེས་བསྒྱུར་བ་བདེའོ། །འདིར་ཕར་ཕྱིན་གྱི་ཐེག་པ་ལས་ཐབས་མཆོག་ཏུ་གྱུར་བ་སྟོན་པའི་སྐབས་ཡིན་ཞིང་སྟོང་ཉིད་སྒོམ་པ་ཙམ་ལ་ཐབས་མ་ཚང་བར་བསྟན་བའི་རྒྱུ་མཚན་གྱིས། སྟོང་ཉིད་སྒོམ་པ་ལ་བསྣན་རྒྱུའི་ཐབས་དེ་ལྷའི་རྣལ་འབྱོར་དུ་གསུངས་པས་ན། དཀྱིལ་འཁོར་ཀྱི་འཁོར་ལོ་སྒོམ་པ་གཟུགས་སྐུའི་ཐབས་ཀྱི་གཙོ་བོར་ཤེས་པ་ཡིན་ནོ། །ཐབས་དེའི་ཁྱད་པར་ནི་གཉིས་ལས་བདེ་བ་ནི་དཀའ་སྤྱད་ལ་མི་ལྟོས་པའོ། །སྡོམ་པ་ལ་ཀྱཻ་རྡོ་རྗེར་སྡོམ་ལུགས་མང་དུ་གསུངས་ཀྱང་སྐབས་འདིར་རྣམ་པ་ལྷའི་འཁོར་ལོར་སྣང་བའི་ཐབས་དང་རང་བཞིན་སྟོང་ཉིད་དུ་རྟོགས་པའི་ཤེས་རབ་མི་ཕྱེད་པ་ལ་བྱའོ། །དེ་འདྲ་བའི་རྣམ་སྣང་ལ་སོགས་པའི་སངས་རྒྱས་ཀྱི་ང་རྒྱལ་སྒོམ་པའི་ཐབས་ཤེས་ཀྱི་རྣལ་འབྱོར་གྱིས་སངས་རྒྱས་ཀྱི་གོ་འཕང་ཕར་ཕྱིན་གྱི་ཐག་པ་ལྟར་ཡུན་རིང་པོ་མ་ཡིན་པར་ཐོབ་པར་བྱེད་དོ་ཞེས་པ་ནི་ལམ་དེའི་ཆེ་བ་བརྗོད་
པའི། །ལྷའི་རྣལ་འབྱོར་མྱུར་ལམ་དུ་བཤད་པ་འདིས་ནི་ལྷའི་རྣལ་འབྱོར་རྣམས་མཆོག་སྒྲུབ་པ་ལ་དོན་མེད་དོ་སྙམ་དུ་འཛིན་པའི་ལོག་པར་རྟོག་པ་རྣམས་འགོག་པ་ཡིན་ནོ། །འོ་ན་གཟུགས་ཀྱི་སྐུ་སྒྲུབ་པ་ལ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་གྱི་སངས་རྒྱས་ཀྱི་ང་རྒྱལ་འཆང་བའི་རྣལ་འབྱོར་དགོས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། སྟོན་པ་ཞེས་སོགས་རྐང་པ་གཉིས་དང་དེ་ཕྱིར་ཞེས་པས་བསྒྲུབ་བྱ་གཟུགས་ཀྱི་སྐུ་དེ་མཚན་དཔེས་བརྒྱན་པ་ཡིན་པ་གཏན་ཚིགས་སུ་བྱས་ནས། འབྲས་བུ་སྟོན་པ་དེའི་གཟུགས་ཅན་ནམ་རྣམ་པ་ཅན་གྱི་ཐབས་དེས་བསྒྲུབ་དགོས་སོ་ཞེས་གསུངས་སོ། །གུར་གྱི་འགྲེལ་པ་གཞན་གཉིས་སུ་དོགས་པ་བསལ་ནས་གསལ་བར་བཤད་པ་མི་སྣང་ལ། ལྷའི་རིགས་ཀྱི་བློ་གྲོས་ཀྱི་འགྲེལ་པ་ལས། རྐང་བཔ་དང་པོ་གཉིས་ཀྱིས་སྟོང་ཉིད་སྒོམ་པ་ཙམ་ཞིག་ཐབས་སུ་འདོད་པ་བཀག་པའི་སྐབས་སུ། ཐབས་དང་བྲལ་བའི་སྟོང་པ་འབའ་ཞིག་བསྒོམས་ན་ནམ་མཁའ་མཐའ་ཡས་ལ་སོགས་པའི་མི་ཁོམ་པར་སྐྱེ་བར་འགྱུར་རོ་ཞེས་བཤད་པ་ནི་འཐད་པར་མ་མཐོང་ངོ༌། །དེ་ནས་སྟོང་ཉིད་ལམ་གྱི་སྐབས་སུ་ཐབས་དང་སྨིན་པའི་སྐབས་སུ་འབྲས་བུ་ཡིན་ཞེས་སྨྲ་བའི་ལན་དུ། དེའི་ཚེ་རྒྱུ་ལམ་དང་འབྲས་བུ་སྨིན་པ་གཉིས་ཀྱི་སྟོང་ཉིད་ལ་ཁྱད་པར་གཞན་མེད་པའི་ཕྱིར་འབྲས་བུར་འདོད་པ་བཞིན་དུ་སྟོང་ཉིད་ཀྱང་ཐབས་མིན་པར་འགྱུར་རོ། །རྒྱུ་ནི་དམིགས་བཅས་སྤྲོས་པའི་ངོ་བོ་ཉིད་དང་འབྲས་བུ་ནི་དེ་ལས་བཟློག་པ་ཡིན་པས། རྒྱུ་འབྲས་ཐ་དད་དུ་གྲུབ་པས་ཐབས་ནི་སྟོང་ཉིད་འབའ་ཞིག་མ་ཡིན་ནོ་ཞེས་འཆད་དོ། །སྟོང་ཉིད་བསྟན་པའི་དགོས་པ་ནི་
སྔར་དང་འདྲའོ། །དེ་ནས་ཤེར་ཕྱིན་ཕར་ཕྱིན་ལྷག་མ་ལྔའི་ཐབས་ཀྱིས་ཟིན་པ་བསྐལ་པ་གྲངས་མེད་གསུམ་དུ་སྤྱད་པས་བྱང་ཆུབ་་འགྲུབ་པ་ཕར་ཕྱིན་གྱི་ཐེག་པར་བསྟན་ན། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ཐབས་ཀྱིས་ཅི་བྱ་སྙམ་པའི་དོགས་པ་སེལ་བ་ལ་དེ་ཕྱིར་ཞེས་སོགས་རྐང་པ་བཞི་འཆད་ཅིང་དེའི་བདེ་བ་སྔར་དང་འདྲ། སྡོམ་པ་ནི་དབང་པོ་གཉིས་སྦྱོར་གྱི་བདེ་བ་མྱོང་བ་དང་སངས་རྒྱས་ཀྱི་ང་རྒྱལ་ནི་ཐ་མལ་པའི་ང་རྒྱལ་དང་བྲལ་བ་དང༌། ཡུན་མི་རིང་བ་ནི་ཚེ་འདི་ལ་འཐོབ་པ་ལ་འཆད་དོ། །དེ་ནས་སངས་རྒྱས་ཀྱི་སྐུ་ཆོས་སྐུའི་ཚུལ་གྱིས་བསྒོམ་པར་བྱའམ་སྙམ་པའི་དོགས་པ་སེལ་བ་ལ་སྟོན་པ་ཞེས་སོགས་རྐང་པ་བཞི་སྟེ་ཐབས་ནི་སྐུ་གསུམ་གྱི་གཟུགས་ཅན་གྱི་ཏིང་ངེ་འཛིན་གསུམ་ལ་འཆད་པར་སྣང་ངོ༌། །འདིར་དཀྱིལ་འཁོར་གྱི་འཁོར་ལོའི་ལྷའི་རྣལ་འབྱོར་བསྟན་པ་དེ་རིམ་པ་དང་པོ་ཁོ་ན་ལ་བོད་ཀྱི་བླ་མ་མང་པོས་སྦྱར་བ་ནི་ལྷའི་རྣལ་འབྱོར་དང་བསྐྱེད་རིམ་གཉིས་ཀྱི་རྒྱ་ཆེ་ཆུང་མ་ཕྱེད་པའི་སྐྱོན་ཡིན་པས་རིམ་པ་གཉིས་ཀའི་སྐབས་སུ་གཟུང་དགོས་སོ། །མཆོག་སྒྲུབ་པ་ལ་ལྷའི་རྣལ་འབྱོར་འདོར་བའི་ལོག་རྟོག་གི་གཞི་ཆེ་བ་ནི་སྟོང་ཉིད་བསྒོམས་པ་ཉིད་སྐུ་གཉིས་ཀའི་སྒྲུབ་བྱེད་དུ་འཛིན་པ་འདི་ཡིན་ལ། དེའི་དོགས་པ་གསལ་བར་བཅད་ནས་གཟུགས་སྐུའི་རྒྱུར་ལྷའི་རྣལ་འབྱོར་ངེས་པར་སྒོམ་དགོས་པར་གུར་ནས་གསུངས་པ་འདི་གསལ་བར་སྣང་བས་དྲངས་པ་ཡིན་པས། དེས་མཚོན་ནས་རྒྱུད་གཞན་གྱིས་བསྟན་པ་ཡང་ཤེས་པར་བྱ་སྟེ་འདིར་ནི་མངས་སུ་དོགས་ནས་མ་བྲིས་སོ། །གཉིས་པ་ལ་གཉིས། སློབ་དཔོན་ཡེ་ཤེས་ཞབས་ཀྱི་གཞུང་ནས་ཇི་ལྟར་བཤད་པ་དང༌། སློབ་དཔོན་གཞན་གྱིས་ཇི་ལྟར་
བཤད་པའོ། །དང་པོ་ནི། སྔར་དྲངས་པའི་རྒྱུད་ཀྱིས་བསྟན་པ་ལྟར་ཤིན་ཏུ་གསལ་བར་སྒྲུབ་པ་ནི་སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་ཀྱིས་བདག་སྒྲུབ་པའི་ཐབས་ལས་གསུངས་སོ། །དེ་ཡང་སྔོན་དུ་ཕར་ཕྱིན་གྱི་ཐེག་པའི་ཚུལ་གསུངས་ཏེ་ཇི་སྐད་དུ། བདག་མེད་པ་ལ་གོམས་པ་ཡང་ཐབས་ཀྱི་བྱེ་བྲག་དང་བྲལ་བ་ཡིན་ན། གང་གི་ཕྱིར་དེས་རྟོག་བའི་དྲི་མ་མ་ལུས་པ་དང་བྲལ་ཞིང་འགྲོ་བ་མ་ལུས་པ་ལ་ཕན་པ་མཛད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེད་པར་མི་ནུས་པ་དེའི་ཕྱིར། ཐབས་ཤིན་ཏུ་མངོན་དུ་གྱུར་བ་ལ་རབ་ཏུ་འབད་པར་བྱའོ། །སྐྱེ་བོ་མ་ལུས་པ་ལ་ཕན་པའི་བདག་ཉིད་ནི་ཐམས་ཅད་མཁྱེན་བའི་ཡེ་ཤེས་ཡིན་ལ་ཕན་པ་ཡང་མཐར་ཐུག་བའི་རྒྱུ་ཆེ་བ་ལས་བྱུང་བ་ཡིན་ནོ། །དེའི་རྒྱུ་ཡང་ཐབས་གོམས་པ་ཁོ་ན་ཡིན་ཏེ། བདག་མེད་པ་ལ་གོམས་པ་ནི་རྣམ་པར་རྟོག་པ་ཙམ་སྤངས་པའི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང༌། ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །རྣམ་མི་རྟོག་དང་ཡོངས་སུ་སྨིན། །འདི་ལ་དེ་གཉིས་བསྟན་པས་ན། །དེ་ཕྱིར་བླ་ན་མེད་པའི་ཐབས། །ཞེས་གསུངས་སོ། །དེ་བས་ན་ཕྱིན་ཅི་མ་ལོག་པའི་སྦྱིན་པ་ལ་སོགས་པའི་སེམས་པ་རབ་ཏུ་འཇུག་པ་ནི་ཐབས་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་བསྔོས་པར་གྱུར་ན་དེ་དག་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། སྦྱིན་དང་ཚུལ་ཁྲིམས་བཟོད་དང་དེ་བཞིན་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་བྱང་ཆུབ་ཡོངས་སུ་བསྔོ་བར་གྱིས། །བྱང་ཆུབ་ཕུང་པོར་ཞེན་ནས་མཆོག་འཛིན་མ་བྱེད་ཅེས། །དང་པོའི་ལས་ཅན་དེ་ལ་དེ་སྐད་
བསྟན་པར་བྱ། །ཞེས་གསུངས་པ་ཡིན་ནོ། །ཞེས་སོ། །དེ་དག་གི་དོན་ནི་རྒྱ་ཆེ་བའི་ཐབས་དང་བྲལ་ན་བདག་མེད་པ་ཅི་ཙམ་གོམས་ཀྱང་འགྲོ་བ་ཀུན་གྱི་གསོས་སུ་གྱུར་པའི་སངས་རྒྱས་མི་འཐོབ་པས་ཐབས་ལ་འབད་དགོས་པ་དང༌། སེམས་ཅན་མ་ལུས་པ་ལ་ཕན་འདོགས་པའི་གོ་འཕང་དེ་ཡང་རྒྱ་ཆེ་བའི་ཐབས་གོམས་པ་ཁོ་ནའི་ལག་རྗེས་ཡིན་ཏེ། བདག་མེད་གོམས་པའི་ལག་རྗེས་ནི་དྲི་མ་ཟད་པ་ཙམ་གྱི་སྤངས་པ་ཡིན་པའི་ཕྱིར་རོ། །འདིས་ནི་རྒྱ་ཆེ་བའི་ཐབས་དང་བྲལ་བའི་སྟོང་ཉིད་བསྒོམས་པས་དྲི་མ་ཐམས་ཅད་ཟད་པར་བྱེད་ནུས་ཀྱང༌། སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་མི་འབྱུང་ཞེས་སྟོན་པ་མིན་ལ། སྟོང་ཉིད་སྒོམ་པ་དང་བྲལ་བའི་རྒྱ་ཆེ་བའི་ཐབས་ཙམ་ལ་གོམས་པས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པའི་གཟུགས་སྐུ་ཐོབ་ནུས་ཀྱང་དྲི་མ་ཐམས་ཅད་ཟད་པའི་ཆོས་སྐུ་མི་འཐོབ་ཅེས་སྟོན་པ་ཡང་མ་ཡིན་ཏེ། ཆོས་སྐུ་དང་གཟུགས་སྐུ་གཉིས་གཅིག་ཐོབ་ནས་ཅིག་ཤོས་མ་ཐོབ་པ་མི་སྲིད་པའི་ཕྱིར་ཏེ། དེ་གཉིས་ནི་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་བ་ངེས་པ་ཅན་ཡིན་པས་ནམ་ཡང་མི་འབྲལ་བའི་ཕྱིར་རོ། །དེ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་འཕགས་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ནི་བདག་ཏུ་འཛིན་པའི་དྲི་མ་མཐའ་དག་འདག་བྱེད་ཡིན་པས། དག་པ་གཉིས་ལྡན་གྱི་ཆོས་ཀྱི་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ཡང༌། གཟུགས་ཀྱི་སྐུའི་ཡང་ལྷན་ཅིག་བྱེད་པའི་རྐྱེན་ནོ། །དེ་བཞིན་དུ་རྒྱ་ཆེ་བའི་ཐབས་རྣམས་ཀྱང་གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ཡང་ཆོས་སྐུའི་ཡང་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཏེ། རྒྱ་ཆེ་བའི་ཐབས་ལ་མ་འབད་ན་དངོས་པོའི་དེ་ཁོ་ན་ཉིད་ལ་ཇི་ཙམ་ཞིག་གོམས་པར་བྱས་ཀྱང་འཁོར་བ་ལས་བརྒལ་བ་ཙམ་སྲིད་
ཀྱི། དྲི་མ་ཐམས་ཅད་ཟད་པའི་ཆོས་སྐུ་ལ་གཏུག་མི་ནུས་པའི་ཕྱིར་དང༌། སྟོང་ཉིད་རྟོགས་པའི་ཤེས་རབ་ལ་མ་འབད་ན་རྒྱ་ཆེ་བའི་ཐབས་ལ་ཅི་ཙམ་འབད་ཀྱང་གཟུགས་ཀྱི་སྐུ་ལ་གཏུག་པར་མི་ནུས་བའི་ཕྱིར་རོ། །དེ་ལྟ་ནའང་སངས་རྒྱས་པའི་སྐབས་ཀྱི་དྲི་མ་ཐམས་ཅད་ཟད་པ་ནི་སྟོང་ཉིད་བསྒོམས་པའི་ལག་རྗེས་ཡིན་ལ། འགྲོ་བ་མ་ལུས་པའི་གསོས་སུ་འགྱུར་བ་ནི་ཐབས་རྒྱ་ཆེ་བའི་ལག་རྗེས་སུ་བྱ་དགོས་ཏེ། དཔེར་ན་སྔོན་པོ་འཛིན་པའི་མིག་གི་ཤེས་པ་སྐྱ་བ་ལ་རྐྱེན་གསུམ་ཚང་དགོས་པས། གསུམ་གའི་འབྲས་བུ་ཡིན་མོད་ཀྱང་གཟུགས་ལ་འཛིན་གྱི་སྒྲ་ལ་སོགས་པ་ཡུལ་གཞན་ལ་མི་འཇུག་པ་ནི་དབང་པོའི་ལག་རྗེས་དང༌། མྱོང་བའི་ངོ་བོར་སྐྱེས་པ་དེ་མ་ཐག་རྐྱེན་དང༌། སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་དམིགས་རྐྱེན་གྱི་ལག་རྗེས་ཡིན་པ་དང་འདྲའོ། །ཟབ་པའི་ཕྱིར་དང་ཞེས་སོགས་མདོ་སྡེ་རྒྱན་གྱི་ལུང་ནི། ཐབས་དང་ཤེས་རབ་ཀྱི་ཕྱོགས་གཉིས་ཀ་ཚང་ན་འབྲས་བུ་སྒྲུབ་པའི་ཐབས་བླ་ན་མེད་པར་འགྱུར་བའི་ཁུངས་སོ། །སྦྱིན་དང་ཞེས་སོགས་ཀྱི་སྡུད་པའི་ལུང་ནི། སྦྱིན་སོགས་སངས་རྒྱས་སྒྲུབ་པའི་ཐབས་རྣམས་ཀྱང་བྱང་ཆུབ་ཏུ་བསྔོ་བ་དང༌། དམིགས་སུ་མེད་པའི་ཤེས་རབ་ཀྱིས་ཟིན་པར་བྱས་ན་ཐབས་སུ་འགྱུར་བའི་ཁུངས་སོ། །དེའི་འོག་ཏུ་སྔགས་ཀྱི་ཐེག་པའི་ཐུན་མོང་མ་ཡིན་པའི་ཐབས་གསུངས་པ་ནི་ཇི་སྐད་དུ། དེ་ནི་དེ་ཁོ་ན་ལྟར་ཡང་མ་ཡིན་ཏེ། རྒྱུ་མི་འདྲ་བ་གོམས་པ་ལས་རྫོགས་པའི་བྱང་ཆུབ་མངོན་དུ་གྱུར་པ་དང་རྗེས་སུ་མཐུན་པའི་སྒོམ་པ་མེད་པའི་ཕྱིར་རོ། །ཞེས་སོ། །དེའི་དོན་ནི་སྦྱིན་སོགས་ཐབས་སུ་བཤད་པ་དེ་རྣམས་བླ་ན་
མེད་པའམ་གོང་ན་མེད་པའི་ཐབས་སུ་གསུངས་པ་དེ་ན་དེ་ལྟར་མ་ཡིན་ཏེ། སངས་རྒྱས་ཀྱི་སྐུ་མངོན་དུ་གྱུར་བ་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་སྒོམ་པ་མེད་པའི་ཕྱིར་ཏེ། འབྲས་བུ་དང་རྣམ་པ་ཡེ་མི་འདྲ་བའི་ལམ་ཙམ་ཞིག་གོམས་པར་བྱེད་པའི་ཕྱིར་རོ། །ཞེས་པའོ། །གཟུགས་སྐུ་དང་རྣམ་པ་མཐུན་པའི་ལམ་སྒོམ་པ་མེད་ན་སངས་རྒྱས་སྒྲུབ་པའི་ཐབས་གོང་མེད་པས་མ་ཡིན་པ་སྒྲུབ་པ་ནི་དེ་ཉིད་ལས། བདག་ཉིད་ཀྱི་རང་གི་ངོ་བོ་ཉིད་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཅན་གྱི་འབྲས་བུ་ནི་རང་གི་རང་བཞིན་ལས་བསྒྲུབ་པའི་བྱ་བ་ཡིན་ལ། ཞེས་པའོ། །དེ་ལ་སྤྱིར་ཐོབ་པར་བྱ་བའི་འབྲས་བུ་ནི་ཟབ་པ་ཆོས་ཀྱི་སྐུའི་བདག་ཉིད་ཅན་དང༌། རྒྱ་ཆེ་བ་མཚན་དཔེས་སྤྲས་པའི་བདག་ཉིད་ཅན་ཞིག་སྟེ། དེ་ཡང་ཐུགས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དང་རོ་མཉམ་པར་ཞུགས་ནས་དེ་ལས་ནམ་ཡང་ལྡང་བ་མེད་པ་དང༌། དེ་ཉིད་ཀྱི་དུས་སུ་སྐུ་མཚན་དང་དཔེ་བྱད་འབར་བས་བརྒྱན་པ་ནམ་ཡང་རྣམ་པར་འགྱུར་བ་མི་སྟེན་པར་བཞུགས་པ་གཉིས་ཀའང་ངོ་བོ་དབྱེར་མེད་པ་སྟེ་བདག་ཉིད་ཀྱི་རང་གི་ངོ་བོ་ཉིད་ཀྱིས་ཞེས་གསུངས་པའི་དོན་ནོ། །དེ་ལྟར་ན་དེ་སྒྲུབ་པའི་ཐབས་དང་ཤེས་རབ་ཀྱང་དེ་དང་མཐུན་པ་ཞིག་དགོས་ཏེ། དཔེར་ན་རྒྱལ་བའི་ཐུགས་ཆོས་སྐུ་སྒྲུབ་པ་ན་རྣལ་འབྱོར་བས་ད་ལྟ་ནས་རང་གི་སེམས་དངོས་པོའི་དེ་ཁོ་ན་ཉིད་ཀྱི་དོན་ལ་བཞག་ནས་རྒྱལ་བའི་ཐུགས་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་སྒོམ་པ་བཞིན་དུ། གཟུགས་ཀྱི་སྐུ་སྒྲུབ་པ་ནའང་རང་གི་ལུས་མཚན་དཔེའི་རྣམ་པ་ཅན་དུ་སྣང་བའི་སྐུ་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་སྒོམ་དགོས་ཏེ། འདི་གཉིས་ནི་བྱེད་ན་བྱེད་མཉམ་དང་འཇོག་ན་འཇོག་མཉམ་དུ་ཀུན་ནས་
མཚུངས་པའི་ཕྱིར་རོ། །དེ་ལ་དགོངས་ནས་བདག་སྒྲུབ་པ་ལས། དེ་བས་ན་བདག་མེད་པ་དང་འདྲ་བར་རྒྱ་ཆེ་བའི་རང་གི་ངོ་བོ་ཡང་ཐ་མི་དད་པ་ཉིད་དུ་བསྒོམ་པར་བྱའོ། །ཞེས་གསུངས་ཏེ་འདིའི་ལུགས་ཀྱི་རྒྱ་ཆེ་བ་ནི་ལྷའི་རྣལ་འབྱོར་ལ་བྱེད་པ་ཡིན་ལ་རྒྱ་ཆེ་ལུགས་ནི་འོག་ནས་བཤད་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་སྒྲུབ་པ་ལ་རང་གི་རང་བཞིན་ལས་སྒྲུབ་པ་ཞེས་གསུངས་སོ། །འབྲས་བུའི་སྐབས་སུ་ལུས་མཚན་དཔེས་སྤྲས་པའི་རྟེན་དང་དེ་ལ་བརྟེན་པའི་དམིགས་མེད་ཀྱི་ཐུགས་གཉིས་ངོ་བོ་དབྱེར་མེད་དུས་གཅིག་ཏུ་གནས་པ་བཞིན་དུ། ལམ་གྱི་སྐབས་སུ་ཡང་རྣལ་འབྱོར་བའི་ཡིད་ངོན་རང་གི་སྐུ་དེ་བཞིན་གཤེགས་པའི་སྐུའི་རྣམ་པར་སྣང་བའི་ཐབས་དང༌། དེའི་ཚོ་རང་གི་སེམས་ཆོས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མེད་པ་ལ་དམིགས་པའི་ཤེས་རབ་གཉིས་ཤེས་པ་གཅིག་གི་ངོ་བོར་དབྱེར་མེད་པ་དུས་གཅིག་ཏུ་ཚོགས་པའི་ཐབས་ཤེས་དབྱེར་མེད་དུ་བྱ་དགོས་ཏེ། འདི་གཉིས་དུས་གཅིག་ཏུ་སྦྱོར་བའི་རྣལ་འབྱོར་ལ་གོམས་པར་བྱས་བས་མཐར་གཉིས་སུ་མེད་པའི་ཡེ་ཤེས་ཉིད་གདུལ་བྱ་ལ་གཟུགས་ཀྱི་སྐུར་སྣང་བའི་གོ་འཕང་འགྲུབ་པའི་ཕྱིར་རོ། །དེ་ལྟར་ལྷར་སྣང་བའི་ཐབས་ཀྱི་མཆོག་ཀྱང་རང་གི་སེམས་ཀྱི་ངོ་བོ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་དང་བྲལ་ནས་དེས་ཕོངས་པར་གྱུར་ན། སངས་རྒྱས་སུ་བགྲོད་མི་ནུས་པས་གཉིས་ཚོགས་པ་དགོས་པར་བདག་སྒྲུབ་པ་ལས། དེ་ལ་ཡང་ཐུབ་པ་འོད་ཟེར་དཔག་ཏུ་མེད་པ་སྤྲོ་བ་དང་ལྡན་པ། རང་དང་གཞན་གྱི་ཕུན་སུམ་ཚོགས་པ་མཐའ་
ཡས་པའི་རྟེན་དུ་གྱུར་པ་ཉིད་ཀྱིས་ཡང་དག་པའི་ཐབས་ཀྱི་མཆོག་གི་མཚན་ཉིད་ཅན། ཤེས་རབ་དང་བྲལ་བས་ཕོངས་པར་གྱུར་བ་ནི་མངོན་དུ་ཕྱོགས་པས་སྒོམ་པར་བྱེད་ནའང་ཕུན་སུམ་ཚོགས་པ་མ་ལུས་པ་འཐོབ་པར་བྱེད་པ་མ་ཡིན་པའི་ཕྱིར་དེའི་ངོ་བོ་ལ་ཕྱིན་ཅི་མ་ལོག་བའི་སེམས་སུ་བྱའོ། །ཞེས་སོ། །གཟུང་རྣམ་ལྷའི་རྣམ་པར་སྣང་བའི་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དེ་ཉིད་རྒྱ་ཆེ་བ་ལྟའི་རྣལ་འབྱོར་གྱི་སེམས་དང་ངོ་བོ་གཅིག་ཡིན་ཡང་ཐབས་ཤེས་ཐ་དད་དུ་འཇོག་པ་ནི། ལོག་ས་ཐ་དད་ལ་ལྟོས་པའི་ལྡོག་པ་ཐ་དད་པའི་ཐ་སྙད་ཀྱི་དབང་གིས་ཡིན་ཏེ། འདི་ལྟར་དེ་ཁོ་ན་ཉིད་ཀྱི་དོན་ལ་སེམས་ཕྱིན་ཅི་ལོག་ཏུ་འཛིན་པ་ལས་བཟློག་པའི་ཆ་ནས་ཤེས་རབ་ཏུ་འཇོག་སྟེ། ཤེས་བྱའི་མཐར་ཐུག་པ་དོན་དམ་པ་ཤེས་པ་ནི་ཤེས་པ་མཆོག་ཡིན་པའི་ཕྱིར་རོ། །རང་གི་འབྲས་བུ་སངས་རྒྱས་སྒྲུབ་པའི་ནུས་པ་མེད་པ་ལས་ལོག་པའི་ཆ་ནས་ཐབས་སུ་འཇོག་སྟེ། སངས་རྒྱས་ཀྱི་ཐབས་ནི་སངས་རྒྱས་སྒྲུབ་བར་ནུས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་བདག་སྒྲུབ་པ་ལས། དེ་དག་ཀྱང་ཕྱིན་ཅི་མ་ལོག་པའི་རྒྱ་ཆེ་བའི་སེམས་དང་མཚན་ཉིད་གཅིག་པ་ཉིད་ཡིན་ནའང༌། ཐ་དད་པའི་ཐ་སྙད་ནི་ཐ་སྙད་ནི་ཐ་དད་པར་ཁོང་དུ་ཆུད་པར་བྱེད་པ་སྟེ། འདི་ལྟར་དེ་ཁོ་ན་ཉིད་ལས་སེམས་ཕྱིན་ཅི་ལོག་པ་ལས་བཟློག་པའི་ངོ་བོ་ཉིད་ཀྱིས་ཤེས་རབ་ཏུ་ཤེས་པར་བྱ་ལ། རང་གི་འབྲས་བུ་ལ་ནུས་པ་མེད་པ་ལས་བཟློག་པ་ནི་ཐབས་སུ་བསྟན་པ་ཡིན་ནོ། །ཞེས་སོ། །འདིར་ཐབས་ཤེས་སུ་འཇོག་པའི་ཚུལ་སྤྱི་འགྲོ་ལྟར་གསུངས་ཀྱང་ཐབས་ཤེས་སུ་འཇོག་པའི་གཞི་ནི་སྔགས་ཀྱི་ཐབས་ཤེས་ཁྱད་པར་ཅན་ཡིན་ནོ། །དེ་ལྟར་ན་གཟུང་ཆ་
ལྷའི་འཁོར་ལོར་སྣང་བས་གཟུགས་ཀྱི་སྐུ་སྒྲུབ་ཅིང༌། རང་བཞིན་སྟོང་ཉིད་རྟོགས་པས་ཆོས་ཀྱི་སྐུ་སྒྲུབ་པའི་ཐབས་ཤེས་གཉིས་མེད་དུ་སྦྱོར་བ་ནི་སྔགས་ནས་གསུངས་པའི་ཐབས་ཤེས་དང་རྣལ་འབྱོར་རྣམས་ཀྱི་གཙོ་བོའི་དོན་དུ་ཤེས་པར་བྱའོ། །གཉིས་པ་ནི། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས། ཡང་ན་ལྷའི་བདག་ཉིད་ཅན་འབའ་ཞིག་ཙམ་བསྒོམས་ན་དེ་ལྟ་ན་ནི་དེ་ཙམ་གྱིས་འཚང་རྒྱ་བ་ཉིད་དུ་མི་འགྱུར་ཏེ། ལས་རྫོགས་པ་མཚང་བའི་ཕྱིར་རོ། །ཡང་ན་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་བསྒོམ་གྱི་ལྷ་རྣམས་མ་ཡིན་ན་ནི། དེ་ལྟ་ན་ཡང་བསྐལ་བ་གྲངས་མེད་པ་མང་བར་སངས་རྒྱས་ཉིད་ཐོབ་བར་འགྱུར་གྱི་མྱུར་དུ་ནི་མ་ཡིན་ནོ། །དེ་བས་ན་གཉིས་ཀ་སྒོམ་པ་ནི་ཤིན་ཏུ་ཡིད་དུ་འོང་བ་ཡིན་པའི་ཕྱིར་དང༌། བྱིན་གྱིས་བརླབས་ཀྱི་ཁྱད་པར་གྱིས་མཆོག་ཏུ་མྱུར་བར་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་ཤཱནྟི་པས་གསུངས་ཏེ། ལྷའི་རྣལ་འབྱོར་ཙམ་ཞིག་སྒོམ་ན་གཏན་འཚང་རྒྱ་མི་ནུས་པ་དང༌། ལྷ་མ་བསྒོམས་ན་སྟོང་ཉིད་ཐབས་གཞན་དང་ལྡན་པར་བསྒོམས་པས་བསྐལ་པ་གྲངས་མེད་མང་པོས་འཚང་རྒྱ་བ་དང་ལྷ་དང་སྟོང་ཉིད་ཀ་བསྒོམས་ན་ལམ་མྱུར་བར་གསུངས་སོ། །དེས་ན་སློབ་དཔོན་འདི་ཡང་སྟོང་ཉིད་ཀྱི་ལྟ་བ་ཐེག་ཆེན་པ་གཉིས་ཀའི་ཐུན་མོང་བ་ཡིན་པས་ལྷའི་རྣལ་འབྱོར་མེད་ན་ཕར་ཕྱིན་གྱི་ཐེག་པ་ལྟར་ལམ་འགྱང་བ་དང༌། ལྷའི་རྣལ་འབྱོར་སྟོང་ཉིད་ཀྱི་ལྟ་བ་དང་སྦྲེལ་བས་ལམ་མྱུར་བར་བཞེད་པ་ཡིན་ཏེ་སྔར་བཤད་པའི་རྗེས་སུ་འབྲང་བའོ། །མན་ངག་སྙེ་མའི་སྙེ་མ་བཅོ་བརྒྱད་པ་ལས་
ཀྱང༌། ཨ་བྷྱས་ཤཱནྟི་པ་ཇི་ལྟར་བཞེད་པ་བཞིན་བཤད་ནས་དེའི་ཤེས་བྱེད་དུ། ཐ་མལ་ང་རྒྱལ་གཞོམ་དོན་དུ། །བསྒོམ་པ་ཡང་དག་རབ་ཏུ་བསྒྲགས། །ཞེས་དང༌། སླར་ཡང་འོན་ཀྱང་མི་གཙང་བའི་ལུས་སྦྱང་བའི་སླང་དུ་སངས་རྒྱས་ཀྱི་སྐུ་བསྒོམ་པར་བགྱིའོ། །ཞེས་གུར་གྱི་ལེའུ་བཅུ་བཞི་པ་ལས་གསུངས་པ་དྲངས་སོ། །མི་ཐུབ་ཟླ་བས་ཀྱང་གུར་གྱི་ལེའུ་དང་པོ་དང་བཅུ་བཞི་པ་ནས་ལུང་དྲངས་ནས་མི་འདྲ་བའི་རྒྱུས་མི་འདྲ་བའི་འབྲས་བུ་སྒྲུབ་མི་ནུས་པར་བརྟག་གཉིས་ཀྱི་ལེའུ་དང་པའི་འགྲེལ་པར་བཤད་དོ། །དགྲ་ནག་གི་འགྲེལ་པ་ལྷན་ཅིག་སྐྱེས་བའི་སྣང་བ་ལས་ཀྱང༌། སྦྱིན་པ་ལ་སོགས་པ་ཐབས་ཀྱི་སྒོ་ནས་དང༌། སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བར་འགྱུར་རོ་ཞེས་བརྗོད་པར་ཡང་མི་བྱ་སྟེ་གང་གི་ཕྱིར་མ་བསྒོམས་པའི་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་བདག་ཉིད་དག་ལ་ཡང་ཐེ་ཚོམ་ཟ་བ་ནི་ལྟར་སེམས་ངེས་པར་འགྱུར། དེ་ལྟར་ཡང་སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བར་འགྱུར་རོ་ཞེ་ན། བདག་མེད་པ་ཡང་མ་བསྒོམས་པ་ཉིད་དུ་མངོན་སུམ་ཉིད་དུ་འགྱུར་བས་དེ་བསྒོམ་པའི་ངལ་བས་ཅི་ཞིག་བྱ། གལ་ཏེ་དེ་ནི་བསྒོམས་པ་ཉིད་ཀྱིས་འབྱུང་བར་འགྱུར་རོ་ཞེ་ན། ལོངས་སྤྱོད་རྫོགས་པ་དང་སྦྲུལ་བའི་སྐུ་གཉིས་ཀྱིས་ཉེས་པ་ཅི་ཞིག་བྱས་ན་གང་གི་ཕྱིར་དེ་དག་བསྒོམ་པར་མི་བྱ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་གནས་པས་ཀྱང་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་སངས་རྒྱས་ཁས་བླང་བར་བྱའོ། །དེ་ནི་བསྒོམས་པས་གསལ་བར་འགྱུར་རོ། །ཞེས་ཆོས་སྐུའི་རྣམ་པ་ཅན་གྱི་བདག་མེད་སྒོམ་ན་གཟུགས་སྐུའི་རྣམ་པ་ཅན་གྱི་ལྷ་ཡང་བསྒོམ་དགོས་ལ། དེ་མི་སྒོམ་ན་སྔ་མ་ཡང་མ་
བསྒོམས་པར་ཆོས་སྐུ་མངོན་དུ་འགྱུར་བར་འདོད་དགོས་སོ་ཞེས་མགོ་མཚུངས་བྱེད་དོ། །དེའི་ཤེས་བྱེད་ཀྱང་དེ་ཉིད་ལས། དེའི་ཕྱིར། སངས་རྒྱས་ཉིད་ནི་སྒྲུབ་པའི་རྒྱུ། །སངས་རྒྱས་རྣལ་འབྱོར་ཀུན་ཏུ་ཡང༌། །རྒྱུ་དང་འདྲ་བའི་འབྲས་བུ་ཉིད། །ཀུན་ཏུ་མཐོང་བ་མ་ཡིན་ནམ། །ཞེས་བསྟན་པ་དང༌། ཐམས་ཅད་གསང་བ་ལས་ཀྱང༌། སངས་རྒྱས་ཉིད་ཀྱང་མདོར་བསྡུ་ན། །ཏིང་འཛིན་ཡེ་ཤེས་ལས་ངེས་འབྱུང༌། །སངས་རྒྱས་རྣལ་འབྱོར་མ་གཏོགས་པར། །སངས་རྒྱས་རྣལ་འབྱོར་པས་མི་འཐོབ། །ཅེས་པ་རྣམས་ཤྲཱི་དྷ་རས་དྲངས་ཏེ་འདི་དང་འདྲ་བར་དམ་ཚིག་རྡོ་རྗེས་ཀྱང་དགྲ་ནག་འགྲེལ་པར་བཤད་ལ། རྒྱལ་བས་བྱིན་གྱིས་ཀྱང་གསང་འདུས་འགྲེལ་པར་བཤད་དོ། །འདུལ་བས་བྱིན་གྱིས་ཀྱང༌། དོན་འདི་ནི་བླ་མའི་ཞལ་སྔ་ནས་ཀྱང་གསུངས་ཏེ་གཟུགས་སྐུ་ཆོས་ཀྱི་སྐུ་ཡིན་སྒོམ་བྱེད་པ། །ཀྭ་ཡེ་ངེས་པར་བྱང་ཆུབ་འཐོབ་པ་ཡིན། །ཆོས་སྐུ་རྒྱལ་བའི་བསམ་གཏན་གྱིས་འཐོབ་ན། །གཟུགས་ཀྱི་སྐུ་ལ་ཅི་སྟེ་སྒོམ་མི་བྱེད། །གཟུགས་སྐུ་བསོད་ནམས་ཚོགས་ཀྱིས་འཐོབ་ན་ཡང༌། །དེ་ནི་ཡུན་རིང་དུས་གཞན་དམན་པ་སྟེ། །འབྲས་བུའི་ཁྱད་པར་རྒྱུ་ཡི་ཁྱད་པར་ལས། །སྐུ་གསུམ་དུས་མཉམ་པར་ནི་སྣང་བ་ཡིན། །ཞེས་སྒྱུ་མ་ཆེན་མོའི་དཀྱིལ་ཆོག་ཏུ་རྒྱས་པར་བཤད་དོ། །བསྟན་བཅོས་ཀྱི་ཁུངས་གཞན་ཡང་ཡོད་མོད་ཀྱི་འདི་དག་གསལ་བར་སྣང་བས་བཀོད་དོ། །གཉིས་པ་ནི། བདག་སྒྲུབ་པའི་ཐབས་ལས་རྒྱ་ཆེ་བའི་ལྷའི་རྣལ་འབྱོར་ཕར་ཕྱིན་ཐེག་པ་པ་དང་སྔགས་གཉིས་ཀྱི་ཐབས་ཀྱི་ཁྱད་པར་དུ་གསུངས་པ་དེ། དེ་ཉིད་བསྡུས་པའི་མངོན་བྱང་གིས་
ལྷར་སྐྱེད་པའི་ལུང་དྲངས་ནས་བསྒྲུབས་ཤིང༌། རྣལ་འབྱོར་དེ་ལ་རྡོ་རྗེ་དབྱིངས་ཀྱི་ལྷ་རྣམས་ཚང་ལུགས་ཀྱང་གསལ་བར་གསུངས་པས་བླ་མེད་དུ་མ་ཟད་རྣལ་འབྱོར་རྒྱུད་དང་གཉིས་ཀའི་ཐབས་ཀྱི་ཁྱད་པར་དུ་བཞེད་དོ། །དེ་བཞིན་དུ་སློབ་དཔོན་གཞན་རྣམས་ཀྱིས་བཤད་པ་ཡང་བླ་མེད་ཀྱི་སྐབས་སུ་བཤད་མོད་ཀྱང༌། རང་ཉིད་ལྷའི་རྣམ་པར་སྐྱེད་པའི་རྒྱུད་སྡེ་ཀུན་ལ་འདྲ་སྟེ་དེ་ལྟར་སྒོམ་དགོས་པའི་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །འོན་ཀྱང་རྣལ་འབྱོར་གྱི་རྒྱུད་ནས་ཀྱང་མང་དུ་གསུངས་ཏེ་དེ་ཉིད་བསྡུས་པའི་དུམ་བུ་དང་བོ་ལས། ལུས་དང་ངག་སེམས་རྡོ་རྗེ་ཡི། །རང་གི་རྡུལ་ནི་ཕྲ་མོ་རྣམས། །སངས་རྒྱས་ཀྱི་ནི་སྐུར་བསྒོམས་ན། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །ཞེས་པའི་འགྲེལ་པ་ཀོ་ས་ལའི་རྒྱན་ལས། རྡུལ་ཕྲ་རབ་དེ་ཉིད་རྡོ་རྗེ་ལ་སོགས་པར་བསྒོམས་པས་ཡིད་ལ་བྱེད་པ་ཐུལ་བའི་རྣལ་འབྱོར་པས། སངས་རྒྱས་ཉིད་ཀྱི་སྐུར་ཉིད་རེ་བཞིན་ཐུན་བཞིར་བསྒོམས་ནའོ། །སངས་རྒྱས་ཀྱི་ནི་སྐུར་བསྒོམས་པས་དངོས་གྲུབ་གང་ཞིག་འཐོབ་ཅེ་ན། རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ནོ།51 །ཞེས་སོ། །དེ་ཉིད་སྣང་བའི་སྟོད་འགྲེལ་ལས་ཀྱང༌། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱི་གཟུགས་ཀྱི་སྐུ་དང་ཆོས་ཉིད་རྗེས་སུ་དྲན་པར་བྱའོ། །ཞེས་རྟོགས་པར་བྱ་བའི་ཕྱིར་རོ། ཞེས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུས་གནས་པ་
དེ་ལ་འཁྱུད་པར་བྱ་ཞིང༌། ཆོས་ཀྱི་སྐུའི་ཚུལ་དང་གཟུགས་ཀྱི་སྐུའི་ཚུལ་གྱིས་དེ་དང་ལྷན་ཅིག་བདག་ཉིད་ཐ་མི་དད་ཅིང་དབྱེར་མེད་པར་ཇི་སྲིད་མངོན་སུམ་དུ་རང་ཉིད་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །ཞེས་སོ། །ཆོས་ཀྱི་སྐུ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྒྲུབ་པ་ཤིན་ཏུ་གསལ་བས་ཁུངས་སུ་མ་བྲིས་སོ། །བྱ་སྤྱོད་ཀྱི་གཞུང་ནས་ཀྱང་གསུངས་པའི་ཚུལ་ནི། རྣམ་སྣང་མངོན་བྱང་གི་བསྡུས་དོན་གྱི་འགྲེལ་བ་སངས་རྒྱས་གསང་བས་མཛད་པ་ལས། འདི་ལས་མཚན་མ་དང་བཅས་པ་དང་མཚན་མ་མེད་པ་གཉིས་ཀྱི་གོ་རིམས་བཞིན་དུ་ཡོངས་སུ་དག་པ་དང༌། ཡོངས་སུ་མ་དག་པའི་སྐུ་གཉིས་ཀྱི་བྱེ་བྲག་གི་སྒོ་ནས་ལྷའི་སྐུའི་ངོ་བོ་ཉིད་རྣམ་པ་གཉིས་སུ་བསྟན་ཏོ། །དེ་ལ་ཡང་ཡོངས་སུ་དག་པ་ནི་ཆོས་ཀྱི་སྐུའི་མཚན་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཡེ་ཤེས་རྣམ་པ་མེད་པའི་མཚན་ཉིད་ཀྱི་རང་བཞིན་ཡིན་ནོ། །ཡོངས་སུ་མ་དག་པ་ཡང་ཀུན་ཏུ་བརྟགས་པའི་གཟུགས་ཀྱི་ངོ་བོ་ཉིད་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལོངས་སྦྱོང་རྫོགས་པ་དང༌། སྦྲུལ་བའི་སྐུའི་མཚན་ཉིད་གདུལ་བྱའི་སྐྱེ་བོ་ལ་སྣང་བའི་དབང་གིས་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་རྣམ་པར་བཞག་པ་ཡིན་ནོ། །ཞེས་སྐུ་གཉིས་དང་རྣམ་པ་རྗེས་སུ་མཐུན་པར་སྒོམ་པའི་རྣལ་འབྱོར་གཉིས་བསྟན་ཏེ་འདི་སྤྱོད་གཉིས་ཀ་ལ་འདྲའོ། །འདིར་ཐེག་ཆེན་པ་གཉིས་ལ་ལྟ་བ་ལ་མཆོག་དམན་མེད་ཀྱང་རྒྱ་ཆེ་བ་ལྷའི་རྣལ་འབྱོར་གྱི་སྒོ་ནས་ཕྱེ་བ་ནི་ཐེག་པ་གསུམ་རྣམ་པར་བཞག་པར་ཡང་གསལ་བར་གསུངས་ཏེ་ཇི་སྐད་དུ། དེའི་ཕྱིར་
དོན་དམ་པའི་བདེན་པ་བཅོམ་ལྡན་འདས་དང་ཀླུ་སྒྲུབ་ལ་སོགས་པས་རྣམ་པར་བཞག་པ་ལས་ཁྱད་པར་དུ་གྱུར་པའི་དོན་དམ་པའི་བདེན་པ་གཉིས་པ་ནི་མེད་དོ། །ཀུན་རྫོབ་ཙམ་གྱིས་ཇི་ལྟར་རྒྱ་ཆེ་བར་འགྱུར་ཞེས་གང་སྨྲས་པ་ནི་འདིར། དམིགས་པ་རྣམ་པར་དག་པ་དང༌། །གྲོགས་ཀྱི་མཐུ་དང་སྤྱོད་པ་ཡིས། །བློ་ལྡན་རྣམས་ཀྱིས་ཐེག་པ་ནི། །ཆེན་པོའི་ཆེན་པོ་ཉིད་དུ་བསྒྲགས། །ཞེས་རྣམ་པར་དག་པའི་ལྷའི་བདག་ཉིད་དུ་རྟོགས་པ་དང༌། རྒྱལ་བ་རྣམས་ཀྱི་དམ་ཚིག་གཟུང་བས་བྱིན་རླབས་སྐྱེ་བ་དང༌། རྒྱལ་བ་སྲས་བཅས་ཀྱིས་འགྲོ་བའི་དོན་བྱེད་ཅིང་ཞིང་དག་པར་མཛད་པ་ལྟར་བྱེད་པས། དམིགས་པ་དང་གྲོགས་དང་རྗེས་སུ་སྤྱོད་པ་གསུམ་རྒྱ་ཆེ་བས་ཕ་རོལ་ཏུ་ཕྱིན་པའི་དབུ་མ་པ་ལས་ཁྱད་པར་དུ་འཕགས་པར་བཤད་ཅིང༌། ཁྱད་པར་དེ་ གསུམ་དང་ལྡན་པའི་ཐེག་པ་ལ་བྱ་སྤྱོད་སོགས་ཀྱི་རྒྱུད ་སྡེའི་དབྱེ་བ་བཤད་པའི་ཕྱིར་སྔགས་སྤྱིའི་ཁྱད་པར་དུ་འདོད་དོ། །མདོར་ན་ཆོས་རྣམས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་བས་སྟོང་པའི་རང་བཞིན་མེད་པ་ངེས་པའི་ལྟ་བ་དང་རང་ཉིད་ལྷར་སྐྱེད་པའི་ལྷའི་རྣལ་འབྱོར་གཉིས་སྦྲེལ་ནས་འབྲས་བུ་སྐུ་གཉིས་སྒྲུབ་པ་ནི། རྡོ་རྗེ་ཐེག་པ་གང་གི་དབང་དུ་མཛད་ནས་གསུངས་པའི་གདུལ་བྱའི་གཙོ་བོ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་དུ་བྱས་ནས། རྒྱུད་སྡེ་སོ་སོ་ནས་དེ་གཉིས་ལས་གཞན་པའི་ལམ་མང་པོ་བཤད་པ་རྣམས་ཁ་ཅིག་སྟོང་ཉིད་ཀྱི་རྟོགས་པས་ཁྱད་ཞུགས་པར་འགྲོ་བའི་ཐབས་དང༌། ཁ་ཅིག་ལྷའི་རྣལ་འབྱོར་གྱི་ཡན་ལག་ཏུ་ཤེས་པར་བྱ་བ་ནི་གནད་ཀྱི་དོན་དུ་གཟུང་བར་བྱའོ། །གསུམ་པ་ནི། ཁ་ཅིག་ན་རེ་ཕ་རོལ་ཏུ་ཕྱིན་
པའི་ཐེག་པ་ལ་གཟུགས་སྐུའི་འདྲ་བའི་རྒྱུ་མེད་ལ་སྔགས་ལ་དེ་ཡོད་པས་མཆོག་དམན་དུ་འཇོག་པ་མི་རིགས་ཏེ། འབྲས་བུ་དང་འདྲ་བའི་རྒྱུས་འབྲས་བུ་སྒྲུབ་པ་ནི་ཤིན་ཏུ་ཡང་མ་ངེས་བའི་ཕྱིར་ཏེ། འདི་ལྟར་འབྲས་བུ་མཚན་དཔེས་སྤྲས་བའི་སྐུ་སྒྲུབ་བ་ལ་རྒྱུ་ལ་ཡང་མཚན་དཔེའི་རྣམ་པ་ཅན་གྱི་ལམ་སྒོམ་དགོས་ན། འཁོར་ལོས་སྒྱུར་བ་ལྟ་བུ་མཚན་བཟང་པོས་བརྒྱན་པའི་ལུས་འགྲུབ་པའི་རྒྱུར་ཡང་མཚན་དཔེའི་རྣམ་པ་ཅན་གྱི་ལམ་སྒོམ་དགོས་པར་འགྱུར་ལ། དེ་བཞིན་དུ་བདེ་འགྲོ་དང་ངན་འགྲོའི་ལུས་འགྲུབ་པའི་རྒྱུ་གསོག་པའི་སྐབས་ཐམས་ཅད་དུ་ཡང་འགྲོ་བ་གཉིས་ཀྱི་རྣམ་པ་ཅན་གྱི་རྒྱུ་བསྒྲུབ་དགོས་པར་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་འབྲས་བུ་དེ་དག་ལ་རང་དང་རྣམ་པ་རྗེས་སུ་མཐུན་པའི་རྒྱུ་མི་དགོས་ན། སངས་རྒྱས་ལ་དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ཡང་དག་པ་སྨྲ་བར་བྱ་དགོས་ན་དེ་ཡང་མི་རྙིད་དོ། །དེའི་ཕྱིར་གཟུགས་སྐུའི་རྣམ་པ་ཅན་གྱི་ལམ་གྱིས་གཟུགས་སྐུ་སྒྲུབ་པ་སྔགས་ཀྱི་ཐེག་པ་པ་རྣམས་ཀྱི་ཁྱད་ཆོས་ཡིན་ནོ་ཞེས་པ་ནི་དད་པར་བྱ་བཙམ་དུ་ཟད་དོ་ཞེ་ན། འདི་ལ་བཤད་པར་བྱ་སྟེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་རྣམས་གཟུགས་ཀྱི་སྐུའི་ངོ་བོའི་རྒྱུ་བསོད་ནམས་ཀྱི་ཚོགས་མཆོག་རྣམས་དང༌། མཚན་དཔེ་ལ་སོགས་པ་ཁྱད་པར་གྱི་རྒྱ་བླ་མ་བསུ་སྐྱེལ་ལ་སོགས་པ་རྣམས་ཚེ་རབས་དུ་མ་ཞིག་ཏུ་བསགས་པའི་མཐུས་ས་མཐོན་པོར་སོང་བ་ན། མཚན་དཔེ་རྗེས་མཐུན་པས་བརྒྱན་པའི་ལུས་ཐོབ་སྟེ། དེ་ཡང་ཇེ་བཟང་ཇེ་བཟང་དུ་སོང་སྟེ་མཐར་སྲིད་པ་ཐ་མ་པར་གྱུར་
པ་ན། སློབ་པའི་མཚན་དཔེ་མཐར་ཐུག་པ་ཐོབ་པར་འགྱུར་རོ། །དེའི་ཚེ་རྟེན་དེ་ལ་ཆོས་ཀྱི་སྐུ་མངོན་དུ་བྱས་པ་ན་ལུས་ཀྱི་མཚན་དཔེའི་རིགས་འདྲ་དེ་ཉིད་ལ་ལོངས་སྐུར་འགྱུར་བ་ཡིན་གྱི། ལམ་དུས་སུ་མཚན་དཔེ་མེད་པར་འབྲས་བུ་ཐོབ་མ་ཐག་གསར་དུ་འབྱུང་བར་མི་འདོད་དོ། །དེ་བཞིན་དུ་རྡོ་རྗེ་ཐེག་པ་པ་རྣམས་ཀྱང་ཚེ་གཅིག་ལ་སངས་རྒྱས་སྒྲུབ་པ་ན། སློབ་པའི་དུས་སུ་མི་སློབ་པའི་མཚན་དཔེ་དང་རྗེས་སུ་མཐུན་པའི་མཚན་དཔེ་མེད་ན་མཐར་ཐུག་པའི་མཚན་དཔེ་གློ་བུར་དུ་འབྱུང་བར་མི་འདོད་དོ། །དེ་ལྟར་ན་སློབ་པའི་ལམ་དུ་མཚན་དཔེ་མེད་ན་གཟུགས་སྐུ་མི་འགྲུབ་པ་ནི་ཐེག་པ་ཆེན་པོ་གཉིས་ཀའི་ལུགས་སོ། །དེའི་ཚེ་ཚེ་གཅིག་ལ་འཚང་རྒྱ་བ་སྔགས་ལ་འུག་པའི་ལས་དང་པོ་པ་དེ་ལ། དང་པོར་སྐྱེས་ཙམ་ནས་ལུས་ལ་མཚན་དཔེས་བརྒྱན་བ་ཞིག་དགོས་པར་སྔགས་ནས་མ་གསུངས་ཤིང༌། །ཡོད་པ་ཡང་མིན་པས་ལུས་ཀྱི་མཚན་དཔེས་གཟུགས་སྐུའི་མཚན་དཔེའི་རྒྱུ་བྱེད་པ་གཞག་ཏུ་མེད་པས། ཚེ་དེ་ལ་གསར་དུ་བསྒོམས་ནས་མཚན་དཔེའི་རིགས་མཐུན་གྱི་རྒྱུ་ཞིག་བསྒྲུབ་དགོས་ལ། དེ་ཡང་ལྷའི་རྣལ་འབྱོར་ལས་གཞན་དུ་འཐད་པ་མ་ཡིན་ནོ། །དེ་ལྟར་བྱས་ན་བདེ་འགྲོ་དང་ངན་འགྲོའི་ལུས་འགྲུབ་པ་ལ་རྒྱུའི་སྐབས་སུ་དེའི་རྣམ་པ་ཅན་གྱི་རྒྱུ་བསག་མི་དགོས་པ་དང༌། སངས་རྒྱས་ཀྱི་གཟུགས་སྐུ་འགྲུབ་པའི་སྔོན་རོལ་ཏུ་དེ་དང་རྣམ་པ་རྗེས་སུ་མཐུན་པའི་རྒྱུ་དགོས་པ་གཉིས་ཇི་ལྟར་མཚུངས། ཁོ་བོ་ཅག་གིས་གཟུགས་སྐུར་སྐྱེ་བ་ལན་པའི་རྣམ་སྨིན་གྱི་རྒྱུར་དེའི་རྣམ་པ་ཅན་གྱི་ལམ་སྒོམ་དགོས་ཞེས་འདོད་པ་མིན་གྱི་སངས་རྒྱས་ཀྱི་མཚན་དཔེ་འགྲུབ་
པའི་སྔ་རོལ་ཏུ་དེ་དང་རྗེས་སུ་མཐུན་པའི་རིགས་མཐུན་གྱི་རྒྱུ་དགོས་སོ་ཞེས་འདོད་པ་ཡིན་པས་ཀླན་ཀའི་གནས་མེད་དོ། །འོ་ན་ རྒྱུད་སྡེ་འོག་མ་གསུམ ་གྱི་ལྷའི་རྣལ་འབྱོར་སྒོམ་པ་དང༌། བླ་མེད་ཀྱིའང་ཆོ་དེ་ལ་སངས་རྒྱས་མི་འགྲུབ་པར་སྐྱེ་བ་བརྒྱུད་དགོས་པའི་ལྷའི་སྐུ་སྒོམ་པ་རྣམས་གཟུགས་སྐུའི་རྗེས་སུ་མཐུན་པའི་རྒྱུར་རྗེ་ལྟར་འགྱུར་སྙམ་ན། འདི་དག་ཀྱང་ཚེ་འདིར་དེ་ལྟར་གོམས་པས་མཐར་སྐྱེ་བ་གཞན་དུ་ཚེ་དེ་ལ་གཟུགས་སྐུ་འགྲུབ་པའི་ཚེ་རིགས་མཐུན་པའི་རྒྱུར་འགྲོ་བ་ཡིན་གྱི། གཟུགས་སྐུར་སྐྱེ་བ་ལེན་པའི་རྣམ་སྨིན་གྱི་རྒྱུ་མ་ཡིན་ནོ། །དེ་ལྟར་ཇི་སྐད་བཤད་པའི་དགོས་པ་རྣམས་ལེགས་པར་བཅད་ནས་ལྷའི་རྣལ་འབྱོར་སྒོམ་པ་མེད་མི་རླུང་ཡིན་པ་ལ་ངེས་པ་རྙེད་དགོས་ཏེ་རྡོ་རྗེ་མཁའ་འགྲོའི་དང་པོ་ལས། བདག་ཉིད་སངས་རྒྱས་ཐམས་ཅད་དང༌། དཔའ་པོ་ཐམས་ཅད་ཉིད་ཡིན་ཏེ། རང་གི་ལྷ་ཡི་སྦྱོར་པ་ཡིས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །འདི་ཡིས་སངས་རྒྱས་ཐམས་ཅད་དང༌། དཔའ་བོ་ཐམས་ཅད་ཉིད་དང་ནི། །རྡོ་རྗེ་འཛིན་པ་ཐམས་ཅད་དུ། །ཚེ་འདི་ཉིད་དུ་འགྲུབ་འགྱུར་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དཔལ་ལྡན་བཅོམ་ལྡན་འདས་ཀྱིས་གསུངས། །ཞེས་དང་། ཕྱག་རྒྱའི་སྦྱོར་པ་འདི་ཡིས་ནི། །ས་གསུམ་མ་ལུས་བཟའ་པར་བྱ། །གཞན་དུ་གལ་ཏེ་སྦྱོར་ནི། །མ་ཚང་མར་མེ་ལྟ་བུར་འདའ། །ཞེས་གསུངས་ཤིང་དེའི་འགྲེལ་པ་ལས། འདི་ཡིས་ནི་ཞེས་བྱ་
བ་བསྟན་མ་ཐག་པའི་སྟོང་པ་ཉིད་ཀྱི་ཕྱག་རྒྱ་འདིས་སོ། །ཕྱག་དང་ཞལ་ལ་སོགས་པའི་ཀུན་རྫོབ་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣལ་འབྱོར་བ་དེས་ཅི་ཞིག་བྱ་ཞེ་ན། ས་གསུམ་མ་ལུས་བཟའ་བར་བྱ། །ཞེས་བྱ་བ་སྟེ། སྐུ་ལ་སོགས་པའི་ཐ་མལ་པའི་གཟུགས་བཟློག་པར་བྱ་ཞེས་བྱ་བའི་དོན་ནོ། །སྟོང་པ་ཉིད་ཀྱི་བསམ་གཏན་འབའ་ཞིག་གིས་ཇི་ལྟར་ཡང་བྱང་ཆུབ་འགྲུབ་པ་མེད་པར་བསྟན་པའི་ཕྱིར། གཞན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དུ་ཞེས་བྱ་བ་ནི་སྟོང་པ་ཉིད་འབའ་ཞིག་གིས་སོ། །སྦྱོར་བ་མ་ཚང་པ་ཞེས་བྱ་བ་ནི་སྣང་བ་ལས་འདས་པའོ། འདའ་ཞེས་བྱ་བ་ནི་བདག་གི་དོན་ཙམ་ཡང་མེད་པར་མྱ་ངན་ལས་འདའ་བའོ། །ཇི་ལྟ་བུར་ཞེ་ན། མར་མེད་ལྟ་བུར་ཏེ་ཇི་ལྟར་མར་མེ་མར་གྱི་རྒྱུན་གྱིས་ནམ་མཁའི་ངོས་སུ་གསལ་ཞིང་འབར་བ་ལས། གང་གི་ཚེ་མར་གྱི་རྒྱུན་ཟད་པ་དེའི་ཚེ་དེ་ཉིད་དུ་ཟད་ཅིང་གཏུགས་པར་གྱུར་པས། བདག་ཉིད་ཀྱང་མི་སྣང་ན་གཞན་སྣང་པར་བྱེད་པ་ལྟ་ཅི་སྨོས། །དེ་བཞིན་དུ་སྟོང་པ་ཉིད་འབའ་ཞིག་གི་ཏིང་ངེ་འཛིན་ཡང་ལྟ་བར་བྱའོ། །ཞེས་བཤད་པས་སྔགས་ཀྱི་ལམ་ལ་ལྷའི་རྣལ་འབྱོར་སྒོམ་པ་མེད་ན་སྟོང་པ་ཉིད་ལ་སོགས་པ་ལ་ཇི་ཙམ་གོམས་ཀྱང་འབྲས་བུའི་སྐབས་སུ་ཞི་བའི་མཐར་ལྟུང་བ་འགོག་མི་ནུས་པ་ནི་རྒྱུད་སྡེའི་དགོངས་པ་དམ་པའོ། །དེ་དག་ལ་ངེས་པ་ལེགས་པོར་མ་རྙེད་ན་ལྷའི་རྣལ་འབྱོར་དོར་ནས་སྔགས་ཀྱི་ལམ་གྱི་ཆ་ཕྱོགས་རེ་བ་ལ་སྦྱོང་བས། ལམ་གྱི་ལུས་གཏན་རྙེད་པ་མ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་
བཤད་པ་དང༌། ལམ་གྱི་ཁྱད་པར་ཉིད་བཤད་པའོ། །དང་པོ་ནི། ཁ་ཅིག་རེ་ཐེག་པ་གཉིས་ཀྱི་ལམ་ལ་མཆོག་དམན་ཡོད་ན། ཐོབ་བྱའི་སངས་རྒྱས་ལ་ཡང་མཆོག་དམན་ཡོད་དགོས་ཏེ། རྒྱུ་ལ་ཁྱད་ཡོད་ན་འབྲས་བུ་ལ་ཁྱད་མེད་པ་འགལ་བའི་ཕྱིར་ཏེ་དེ་ལྟ་མ་ཡིན་ན་རྒྱུའི་ཁྱད་པར་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེས་ན་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནི་རྡོ་རྗེ་འཆང་གི་གོ་འཕང་ལས་དམན་པ་ཡིན་ཏེ། ཁ་སྦྱོར་གྱི་བརྟག་པ་དང་པོའི་རབ་བྱེད་བཞི་པ་ལས། མདོར་བསྡུས་པས་ནི་སངས་རྒྱས་ཉིད། བསྐལ་པ་བྱེ་བགྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་པ། །གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཡང་ན་རྡོ་རྗེ་འཛིན་པ་ཉིད། །ཅེས་བསྐལ་པ་བྱེ་བ་དང་གྲངས་མེད་ཀྱིས་ཐོབ་པའི་སངས་རྒྱས་དང་རྡོ་རྗེ་འཆང་གཉིས་སོ་སོར་བཤད་པའི་ཕྱིར་དང༌། ཡང་དེ་ཉིད་ལས། སྐྱེ་བ་འདིར་སངས་རྒྱས་དམ་རྡོ་རྗེ་སེམས་དཔའ་ཐོབ་པར་འགྱུར་ཏེ། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པ་དེ་ནི་བར་གཤེགས་པ་སྟེ་སངས་རྒྱས་ཡིན་ནོ། །མཚན་གཞི་མཚོན་པར་བྱེད་པ་ནི་སེམས་དཔར་ཡང་དག་པར་གཟུངས་སོ་ཞེས་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ནི་འཐད་པ་མ་ཡིན་ཏེ། ལུང་དེས་བླ་མེད་ཀྱི་ལམ་གྱིས་ཚོ་གཅིག་ལ། །ཡང་ན་ཕར་ཕྱིན་བཤད་པའི་ཀུན་ཏུ་འོད་འགྲུབ་ལ། ཡང་ན་སྔགས་ནས་བཤད་པའི་རྡོ་རྗེ་འཆང་འགྲུབ་ཅེས་སྟོང་པ་མིན་པའི་ཕྱིར་དང༌། བསྐལ་པ་གྲངས་མེད་ཀྱིས་ཐོབ་པར་བྱ་བའི་
སངས་རྒྱས་དང་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་གཉིས་ཁྱད་མེད་པར་ཕར་ཕྱིན་གྱི་ཐེག་པ་པས་ཀྱང་མི་འདོད་པའི་ཕྱིར་རོ། །འདི་ལྟར་བསྐལ་པ་གྲངས་མེད་ཀྱིས་ཐོབ་པར་བྱ་བ་དེ་ལ་གཉིས་སུ་བྱས་པའི་སངས་རྒྱས་ནི་མངོན་རྟོགས་རྒྱུན་ལས། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་ས་བཅུ་པ་པ་ལ་སངས་རྒྱས་སུ་གསུངས་པ་དེ་ཡིན་ལ། རྡོ་རྗེ་འཆང་གིས་ནི་ས་བཅུ་གཅིག་པ་ཡིན་པའི་ཕྱིར་རོ། །སྔགས་ནས་ས་བཅུ་གཉིས་དང་བཅུ་གསུམ་དང་བཅུ་བཞིར་བཤད་པ་ཡོད་ཀྱང་དེ་དག་ནི་ཕར་ཕྱིན་ནས་བཤད་པའི་ས་རྣམས་དང་དབྱེ་བསྡུ་ཡིན་པར་རྒྱ་གར་གྱི་མཁས་པས་བཤད་དེ་འབྲས་བུའི་སྐབས་སུ་འཆད་པར་འགྱུར་རོ། །དེས་ན་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཉིད་རྡོ་རྗེ་འཆང་གིས་དང་དོན་གཅིག་ཏུ་བྱ་ལ་དེ་ཉིད་མདོ་སྡེ་ལས་གྲངས་མེད་ གསུམ་དང༌། རྒྱུད ་སྡེ་ནས་ཚེ་གཅིག་ལ་འགྲུབ་པར་གསུངས་པར་ཤེས་པར་བྱ་ཡི་རྡོ་རྗེ་འཆང་ཞེས་གསུངས་པས་ཕར་ཕྱིན་ཐེག་པའི་འབྲས་བུ་མིན་ནོ་སྙམ་དུ་མི་གཟུང་སྟེ། དེ་ཁོ་ན་ཉིད་གྲུབ་པའི་རབ་བྱེད་ལས། དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ལམ་གཞན་དག་གིས་བསྐལ་པ་དུ་མ་གྲངས་མེད་པས་རྟོགས་པར་བྱ་བ། །རྡོ་རྗེ་ཐེག་པའི་ཐབས་དང་ལྡན་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་དཀའ་བ་མེད་པར་བསྒྲུབ་པར་བྱ་བ་ཞེས་རྡོ་རྗེ་འཆང་ཉིད་ལམ་གཉིས་ཀའི་ཐོབ་བྱར་དཔལ་ལྡན་ཞི་པ་འཚོས་གསུངས་པ་ལྟར་བྱའོ། །ཁ་སྦྱོར་གྱི་ལུང་དེའི་འགྲེལ་པ་མན་སྙེ་ལས་ཀྱང༌། །སངས་རྒྱས་ཉིད་ནི་ས་བཅུའི་
དབང་ཕྱུག་གོ །རྣམ་སངས་རྒྱས་ཉིད་ནི་ཁྱད་པར་གྱི་ལམ་ཐོབ་པ་ཉིད་དོ། །རྡོ་རྗེ་འཛིན་པ་ཉིད་ནི་ས་བཅུ་གཅིག་གི་དབང་ཕྱུག་ཉིད་དོ། །ཞེས་གསུངས་ཤིང་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཞེས་པའི་དོན་སྔགས་དང་ཕར་ཕྱིན་གཉིས་ཐོབ་བྱའི་དོན་གཅིག་ཏུ་རང་ཉིད་ཀྱིས་ཀྱང་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་ཕར་ཕྱིན་ནས་ཀུན་ཏུ་འོད་ཀྱིས་བརྙེས་པ་དེ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་ཤིང༌། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པར་གསུངས་པས། །དེར་བཤད་པའི་སངས་རྒྱས་དེ་ལས་ལྷག་པ་ཡོད་ན་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཟད་ཀྱང་ད་དུང་སྐྱོན་མ་ཟད་པ་དང༌། སྟོབས་བཅུ་ལ་སོགས་པའི་ཟག་མེད་ཀྱི་ཡོན་ཏན་བརྒྱ་ཞེ་བཞི་སོགས་ཐོབ་ཀྱང་ད་དུང་ཡོན་ཏན་རྫོགས་པར་མ་ཐོབ་པ་ཁས་བླང་དགོས་པར་འགྱུར་རོ། །དེས་ན་དེ་འདྲ་བའི་གོ་འཕང་དེར་སྔགས་ཀྱི་ལམ་ལ་མ་ལྟོས་པར་ཕར་ཕྱིན་ནས་བཤད་པའི་ལམ་ཙམ་གྱིས་བགྲོད་པར་ནུས་མི་ནུས་དཔྱོད་ན་རྒྱ་གར་པའིི་ཡང་མཁས་པ་མང་པོས་མཛད་སྣང་བ་ལྟར་དཔྱོད་རིགས་མོད་ཀྱང༌། ཀུན་ཏུ་འོད་ཀྱི་ས་བར་དུ་ཕར་ཕྱིན་གྱི་ལམ་རྐྱང་བས་བགྲོད་ནུས་པར་ཁས་བླངས་ནས། དེ་ལྟ་ཡིན་ཀྱང་ད་དུང་དེ་ལས་གོང་དུ་བགྲོད་པར་བྱར་ཡོད་དོ། །ཞེས་པ་ནི་འཐད་པར་མ་མཐོང་ངོ༌། །ལམ་གཉིས་ཀྱི་བགྲོད་པ་ལ་གྲངས་མེད་ལ་མ་ལྟོས་པར་འཚང་རྒྱ་ནུས་མི་ནུས་ཀྱི་མཆོག་དམན་བྱུང་ཡང་འབྲས་
བུ་བཟང་ངན་དུ་བྱེད་པའི་རྒྱུར་མ་སོང་པས་རྒྱུའི་ཁྱད་པར་དོན་མེད་དུ་སྒྲུབ་མི་ནུས་ཏེ། འབྲས་བུ་ལ་བཟང་ངན་མ་བྱུང་ཡང་འབྲས་བུ་ལ་ཉེ་རིང་གི་ཁྱད་པར་ཆེན་པོ་བྱུང་བའི་ཕྱིར་རོ། །གཉིས་པ་ལ་གཉིས། རང་གི་ལུགས་ཀྱི་ཁྱད་པར་དང༌། སློབ་དཔོན་གཞན་གྱིས་བཤད་པའི་ཁྱད་པར་རོ། །དང་པོ་ནི། རྒྱུད་སྡེ་འོག་མ་གསུམ ་དང་ཕར་ཕྱིན་གྱི་ཐེག་པའི་མྱུར་ཁྱད་ནི་ལྷའི་རྣལ་འབྱོར་དང་བཟླས་པའི་མཐུ་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་མང་པོ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དངོས་སུ་རྗེས་སུ་བཟུངས་ནས་བྱིན་གྱིས་རློབ་པ་ལ་སོགས་པའི་ཐབས་མཁས་མང་པོས་བྱང་ཆུབ་ཀྱི་སྤྱོད་པ་རྫོགས་པར་བྱེད་པ་ཡིན་ལ། བླ་མེད་ཀྱི་མྱུར་ཁྱད་ནི། བསྐྱེད་རིམ་ལ་ཡང་རྒྱུད་སྡེ་འོག་མ་ལ་མེད་པའི་ཟབ་གནས་མང་ལ། རྫོགས་རིམ་ལ་ནི་མཆོག་ཏུ་གྱུར་པའི་ཟབ་གནས་དག་ཡོད་དེ་འཆད་པར་འགྱུར་རོ། །བསྐལ་པ་གྲངས་མེད་འདའ་བ་ལ་མ་བལྟོས་པར་འཚང་རྒྱ་བའི་མྱུར་ཁྱད་ནི་བླ་མེད་ཀྱི་ཁྱད་ཆོས་ཡིན་པས། རྒྱུད་སྡེ་འོག་མའི་གདུལ་བྱས་དེ་ལྟར་འཐོབ་པ་ཡང་བླ་མེད་ཀྱི་རིམ་གཉིས་ལ་ཞུགས་པ་ལ་བལྟོས་ཀྱི་རང་གི་ལམ་ཙམ་གྱིས་མི་ཆོག་གོ །དེའི་ཕྱིར་སྔགས་ཀྱི་མྱུར་ཁྱད་ཐམས་ཅད་རྩོད་དུས་ཀྱི་ཚེ་གཅིག་ལ་འཚང་རྒྱ་བ་འམ་བསྐལ་པ་གྲངས་མེད་ལམ་བལྟོས་པར་འཚང་རྒྱ་བ་ཁོ་ནར་མི་གཟུང་ངོ༌། །གཉིས་པ་ལ་གཉིས། སྡོམ་འབྱུང་འགྲེལ་པ་ལས་བཤད་པའི་ཚུལ་དང༌། ཚུལ་གསུམ་སྒྲོན་མེ་ལས་བཤད་པའི་ཚུལ་ལོ། །དང་པོ་ནི། རཏྣ་རཀྵི་ཏས་རྫོགས་རིམ་གྱི་སྐབས་སུ་སྤྲོས་བྲལ་སྒོམ་པ་ནི་གཉིས་
ཀ་ལ་འདྲ་བ་དང༌། ཡབ་སྲས་མཇལ་བ་ལས་ཆོས་ཐམས་ཅད་བདེ་བས་ཁྱབ་པའི་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་དམིགས་པ་ཐམས་ཅད་ལ་ཚོར་བ་བདེ་བ་ཁོ་ན་འབྱུང་གི་སྡུག་བསྔལ་དང་བཏང་སྙོམས་མི་འབྱུང་བ་དང༌། ཀཪྵ་པ་ནའི་ཚད་ཙམ་དུ་བཅད་ཅིང་གཏུབས་པ་དང་གླང་པོ་རྣམས་ཀྱིས་བརྫིས་པ་ལ་ཡང་བདེ་བའི་འདུ་ཤེས་ཁོ་ན་འཇུག་པར་གསུངས་པ་དང༌། བདེ་བ་དེ་ཡང་སྔགས་ཀྱི་ཐེག་པ་དང་མི་མཐུན་པ་མ་ཡིན་ཞིང་དེའི་ཐབས་ཀྱང་གསུངས་ཏེ། འཇིག་རྟེན་ལས་འདས་མ་འདས་ཀྱི་ཕུན་ཚོགས་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་སུ་ཕར་ཕྱིན་ནས་གསུངས་ལ། དེ་བཞིན་དུ་སྔགས་སུ་ཡང་བསྟན་ཏོ་ཞེས་སྣང་བ་རྡོ་རྗེར་འཆང་བ་སོགས་ཁུངས་སུ་དྲངས་ནས་བདེ་བ་ཆེན་པོ་ཡང་ཐུན་མོང་བར་བསྒྲུབས་སོ། །མངོན་རྟོགས་རྒྱན་ལས། འདོད་ལ་སྤྱོད་ལ་ཐབས་མཁས་དང༌། །ཞེས་དང་འོད་སྲུངས་ཀྱི་ལེའུ་ལས་ཞིང་པའི་དཔེས་ཉོན་མོངས་པའི་ལུང་སངས་རྒྱས་ཀྱི་ཆོས་སྐྱེད་པ་ལ་ཉེ་བར་མཁོ་བར་གསུངས་པའི་འདོད་ཡོན་ལ་སྤྱོད་པ་ཡང་ཐུན་མོང་ངོ༌། །འབྲས་བུའི་ས་ལ་སོགས་པ་ཡང་མཚུངས་པས་ན་བསྐྱེད་རིམ་ཉིད་སྔགས་ཀྱི་ཁྱད་ཆོས་སུ་བཤད་དེ་སྡོམ་འབྱུང་གི་བཅུ་གསུམ་པའི་འགྲོལ་པ་ལས། དེའི་ཕྱིར་བསྐྱེད་པའི་རིམ་པ་སྒོམ་པ་མེད་ན་སྔགས་ཀྱི་ཚུལ་ལས་ཁྱད་པར་མེད་པ་ཁོ་ནའོ་ཞེས་གསུངས་ཏེ་འདིས་ལྷའི་རྣལ་འབྱོར་སྒོམ་པ་ཐམས་ཅད་བསྐྱེད་རིམ་དུ་བསྡུས་ཤིང་རྩ་རུང་ཐིག་ལེའི་རྣལ་འབྱོར་རྣམས་བདེ་བ་སྐྱེད་
པའི་རྣལ་འབྱོར་ཡིན་ལ་བདེ་བ་ཡང་འདྲ་བས་སོ་སྙམ་དུ་བསམས་སོ། །གཉིས་པ་ནི། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པའི་དབང་བྱས་པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་ཐམས་ཅད་མཁྱེན་པར་བཤད་པའི་འབྲས་བུ་ནི་སྔགས་དང་ཕར་ཕྱིན་གཉིས་ལ་ཁྱད་པར་མེད་མོད་ཀྱི་འོན་ཀྱང་ཁྱད་པར་བཞིས་སྔགས་ཀྱི་རྒྱུད་སྡེ་བཞི་ཕར་ཕྱིན་ལས་ཁྱད་པར་དུ་འཕགས་པར་གསུངས་སོ། །དེ་ལ་མ་རྨོངས་པའི་ཁྱད་པར་ནི། ཕར་ཕྱིན་པ་རྣམས་སྦྱིན་སོགས་ལ་འཇུག་པ་ན་འཁོར་གསུམ་མི་དམིགས་པས་འཇུག་པས་ཤིན་ཏུ་རྨོངས་པ་མིན་ཡང༌། མགོ་ལ་སོགས་པ་གཏོང་བ་ཕྱིའི་སྦྱིན་སོགས་ལ་འཇུག་པས་དབང་པོ་ཤིན་ཏུ་མི་རྣོ་བས་ཡུན་རིང་པོས་བྱང་ཆུབ་ཐོབ་པར་བྱེད་དོ། །སྔགས་ཀྱི་སྒོར་སྤྱོད་པ་རྣམས་ལ་རྨོངས་པ་དེ་མེད་དེ། །ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཐམས་ཅད་ཀྱི་འདོད་དོན་ཅིག་ཅར་དུ་རྫོགས་པར་བྱེད་ནུས་པ་ཡིན་ལ། མགོ་གཏོང་བ་སོགས་ཀྱིས་ནི་སེམས་ཅན་མཐའ་ཡས་པ་གསོ་མི་ནུས་པས། །དེ་ནི་ཏིང་ངེ་འཛིན་གྱི་འབྲས་བུར་མཐོང་སྟེ་ཐ་མལ་པའི་ཐབས་དེ་ལ་སྨད་ནས་ཐབས་ཀྱི་མཆོག་ཚོལ་བར་བྱེད་དེ། དེ་ཡང་ཐབས་ཤེས་གཉིས་ཀྱི་ཏིང་ངེ་འཛིན་དེ་ཕྱོགས་ཆད་པ་མེད་པ་དང༌། རྒྱུན་མི་འཆད་པར་གོམས་པར་བྱས་པས་སེམས་ཅན་མཐའ་ཡས་པའི་འདོད་དོན་རྫོགས་པར་བྱེད་ནུས་པས་སྦྱིན་པའི་ཕར་ཕྱིན་རྫོགས་ལ། དེའི་ཚེའི་ཕར་ཕྱིན་ལྷག་མ་རྣམས་ཀྱང་རྫོགས་པར་འགྱུར་རོ། །ཐ་མལ་པའི་
ལུས་སྦྱིན་པ་སོགས་ལ་དེ་མེད་པས་ཕ་རོལ་ཏུ་ཕྱིན་པར་མི་གཞག་གོ །ཐབས་མང་བའི་ཁྱད་པར་ནི། །ཕར་ཕྱིན་ནས་དཀའ་ཐུབ་དང་སྡོམ་པ་དང་བརྟུལ་ཞུགས་ལ་སོགས་པ་མཐོ་རིས་དང་ཐར་པའི་ཐབས་སུ་གསུངས་པ་ནི་ཤིན་ཏུ་ཞི་བའི་ལས་ལ་སྤྱོད་པའི་དབང་དུ་མཛད་པས་ན་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་མི་ནུས་སོ། །སྔགས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་རྒྱུད་སྡེ་བཞི་གསུངས་སོ། །སྐབས་འདིར་ཐོག་མར་རང་ཉིད་ཉོན་མོངས་གང་ཆེ་བའི་རིགས་ཤེས་པར་བྱས་ནས་འདོད་ཆགས་སོགས་འོད་དཔག་མེད་སོགས་སུ་བསྐྱེད་ནས་སྔགས་ཟློ་བའི་ཐུགས་ཀྱི་དཀྱིལ་འཁོར་དང༌། དབྱངས་གསལ་རྣམས་ལྷར་སྐྱེད་པའི་གསུང་གི་དཀྱིལ་འཁོར་དང༌། གཞལ་ཡས་ཁང་རྟེན་བཅས་སྡོམ་པའི་སྐུའི་དཀྱིལ་འཁོར་གསུམ་ལ་འཇུག་པའི་སྒོ་མི་འདྲ་བ་གསུམ་གསུངས་སོ། །དཀའ་བ་མེད་པའི་ཁྱད་པར་ནི། དཀའ་མི་དཀའ་བློ་ལ་བལྟོས་ནས་ཡིན་གྱི་དངོས་པོ་ལ་མ་ངེས་ཏེ། ཁ་ཅིག་ལ་དཀའ་བ་གཞན་ལ་སླ་བ་ཡོད་པའི་ཕྱིར་རོ། །དེས་ན་རང་ཉིད་ཇི་ལྟར་འདོད་པ་དང་མཐུན་པར་བཀྲིར་ཡོད་པ་ནི་བདེ་བས་བདེ་བ་ཐོབ་པར་བྱེད་པས་སྔགས་སུ་ནི་དཀའ་སྤྱོད་མི་སྟོན་ནོ། །དེ་ལ་དབང་པོ་རབ་ཀྱི་རབ་ཆགས་སོགས་ཀྱི་ཉེས་པ་མི་སྤྱོད་པ་རྣམ་རྟོག་ཤས་ཆུང་བ་སྙིང་རྗེ་ཆེ་བ་གཉིས་མེད་ཀྱི་དེ་ཁོ་ན་ཉིད་ལ་བརྩོན་པ་ལ། སྙིང་རྗེ་ཆེན་པོ་དང་རོ་གཅིག་པ་ཆོས་བདག་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་མིང་གཞན་ཐབས་ཤེས་ཞེས་བྱ་བའི་ཕྱག་ཆེན་སྟོན་ནོ། །
དབང་པོ་བར་མ་ཐ་མལ་པའི་ཡུལ་ལ་སྤྱོད་པ་ལ་རྒྱབ་ཀྱིས་ཕྱོགས་ཀྱང་ཆགས་སོགས་ཀྱི་རྣམ་རྟོག་མ་སྤངས་པ་དོན་དམ་པའི་ཡེ་ཤེས་ཀྱི་རྒྱ་མཚོར་འཇུག་མི་ནུས་པའི་ཕྱིར་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་སྒོམ་པ་གསུངས་ཏེ། དེ་ཡང་དེ་བཞིན་གཤེགས་པ་རིགས་ལྔ་དང་དེ་དག་གི་རིག་པ་སྤྱན་ལ་སོགས་པའི་ལྷ་མོ་སྒོམ་པའི། །དེ་དག་བསྒོམས་པས་དེ་ཁོ་ན་ཉིད་ལ་འཇུག་ཚུལ་ནི་ལྷའི་སྐུ་ལ་སེམས་བརྟན་པ་ན་སེམས་ཉིད་ལྷར་སྣང་གི་ཕྱི་རོལ་ནི་མེད་པས། །བསྒོམ་བྱ་སོགས་ཀྱི་འཁོར་གསུམ་དུ་ཞེན་པར་མི་བྱའོ་ཞེས་པར་བྱས་པ་ན། ཕྱི་རོལ་དང་གཟུང་འཛིན་དུ་རྟོག་པ་དང་བྲལ་བའི་སྐུར་གནས་པར་འགྱུར་ལ། ཡང་སྐུ་དེ་རྣམས་གཅིག་དང་དུ་མ་དང་བྲལ་བས་དངོས་པོ་མེད་པ་ཉིད་དུ་བླ་མའི་མན་ངག་གིས་རྟོགས་པར་འགྱུར་རོ། །དེ་ནས་དེ་དང་འདྲ་བར་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་རྟོགས་པར་འགྱུར་ཏེ་དེ་ལ་དགོངས་ནས་ལྷ་སྒོམ་པ་མཐའ་ཡས་པ་ཞིག་གསུངས་སོ་ཞེས་ཡེ་ཤེས་གྲགས་པས་བཤད་དོ། །དབང་པོ་མཆོག་གི་ཐ་མ་གཉིས་མེད་ཀྱི་ཡེ་ཤེས་ལ་དགའ་ཡང་འདོད་པའི་ཆགས་པ་མ་སྤངས་ཤིང༌། འདོད་པའི་ཡུལ་དང་ཉེ་བ་ལས་སེམས་གཡེངས་ཤིང་ཏིང་ངེ་འཛིན་དུ་མི་འགྱུར་བ་ལ་དམ་ཚིག་གི་ཕྱག་རྒྱ་གནང་སྟེ། དེ་ནི་གཞན་ནས་བཤད་པའི་རིག་མ་མཚན་ཉིད་དང་ལྡན་པའོ། །འདོད་ཆགས་ལྷག་པར་ཆེ་ཞིང་དེ་ཁོ་ན་ཉིད་ཀྱི་བློ་ཆེ་བ་མ་ཡིན་པ་ཐབས་དེ་ལས་གཞན་གྱིས་སེམས་མཉམ་པར་འཇོག་མི་ནུས་པ་ལ་ལས་རྒྱ་གསུངས་ཏེ། །དེར་ཡང་རྗེས་སུ་མཐུན་པའི་ལས་སུ་བྱེད་པ་ཉིད་ཀྱིས་ཉམས་སུ་ལེན་པའོ། །འདི་ལ་
ཚུལ་གསུམ་སྒྲོན་མེ་ལས་དབང་པོ་ཇི་ལྟ་བུ་དང་ལས་རྒྱ་ཇི་འདྲ་ཡིན་མ་གསུངས་ལ། ཡེ་ཤེས་གྲགས་པས་རབ་ཀྱི་ཐ་མ་ལ་དམ་ཚིག་དང་ལས་རྒྱ་གཉིས་གདམ་ང་ཅན་དུ་བཤད་དེ། །དངོས་སུ་ལས་ལ་སྦྱོར་མི་སྦྱོར་རམ་རིག་མ་མཚན་ཉིད་ཚང་བ་ཡིན་མིང་གཉིས་ལ་དགོངས་པ་འདྲའོ། །དེ་ལྟར་ན་སྔགས་ལ་འཇུག་པའི་གདུལ་བྱ་དབང་པོ་རབ་ལ་རིག་མའི་འདོད་ཡོན་ལ་ཆགས་མ་ཆགས་གཉིས་ལས་ཕྱི་མ་ལ་ཕྱག་ཆེན་སྒོམ་པ་གསུངས་ཤིང༌། སྔ་མ་ལ་ཕྱིའི་རིག་མ་ལ་ཆགས་པ་ཡོད་མེད་གཉིས་ལས་ཕྱི་མ་ལ་ཡེ་རྒྱ་སྒོམ་པ་དང༌། སྔ་མ་ལ་དམ་རྒྱ་དང་ལས་རྒྱ་གཉིས་གནང་བར་བཞེད་པས། །སློབ་དཔོན་འདིའི་ལུགས་རང་ལུགས་ལ་འདོད་པ་དང༌། བླ་མེད་ཀྱི་གདུལ་བྱའི་གཙོ་བོ་ལ་ཕྱིའི་རིག་མའི་འདོད་ཡོན་ལ་ཆགས་པ་ཆེ་བ་དགོས་པར་འདོད་པ་ནི་འགལ་བའོ། །དབང་པོ་རྣོ་བའི་ཁྱད་པར་ནི། །བདེན་པ་བཞིའི་རྣལ་འབྱོར་པ་ནི་དེ་ཁོ་ན་ཉིད་མ་ཤེས་པས་དབང་པོ་རྟུལ་ལ་ཕར་ཕྱིན་གྱི་རྣལ་འབྱོར་པ་ནི་ཐབས་ལ་འཁྲུལ་བས་དབང་པོ་འབྲིང་ངོ༌། །སྔགས་ཀྱི་སྒོར་སྤྱོད་པ་རྣམས་ནི་གང་དུ་ཡང་མ་རྨོངས་པས་དབང་པོར་རྣོ་སྟེ། གཞན་གྱིས་བྱས་ན་ངན་འགྲོར་འགྲོ་བ་དེ་ཐབས་མཁས་པས་སྤྱད་པས་རྣམས་པར་དག་པའི་གནས་ཐོབ་པར་བྱེད་པའི་ཕྱིར་རོ་ཞེས་སློབ་དཔོན་ཀྲྀ་པི་ཏ་ཀ་མ་ལས་བཤད་དོ། །ཡེ་ཤེས་གྲགས་པས། གང་ཞིག་ཡེ་ཤེས་ཕྱག་རྒྱ་སོགས། །སྒོམ་ལ་མངོན་དགའ་མེད་གྱུར་པ། །ཤེས་རབ་ཉམ་ཆུང་ཉིད་ཡིན་ཕྱིར། །ཕྱག་རྒྱ་ཆེན་པོ་སྒོམ་པ་མིན། །དེ་ལ་ཀུན་
མཁྱེན་ཕན་བཞེད་པས། །ཕྱག་རྒྱ་ཆེན་པོའི་མིང་གིས་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །གཟུགས་དེ་ཉིད་ནི་ངེས་པར་བསྟན། །ཅེས་ཤེས་རབ་སྟོབས་ཆུང་བས་ཕྱག་ཆེན་སྒོམ་མི་ནུས་ཤིང་ཕྱག་རྒྱ་གཞན་གསུམ་སྒོམ་པ་ལ་མི་དགའ་བ་ལ་ལྷའི་སྐུ་ལ་ཕྱག་ཆེན་དུ་མིང་བཏགས་ནས་བསྟན་པར་བཤད་དེ་རྣལ་འབྱོར་རྒྱུད་ཀྱི་སྒོམ་པའོ། །འདིས་བྱ་སྤྱོད་གཉིས་ཀྱང་ཤེས་པར་བྱའོ། །ཐབས་སྙིང་རྗེ་ཆེན་པོ་དང་ཆོས་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་གཉིས་ལམ་གྱི་སྲོག་ཏུ་ཕར་ཕྱིན་པས་ཀྱང་འདོད་ཅིང༌། །མགོ་ལ་སོགས་པའི་ཟང་ཟིང་གི་རྫས་བཏང་ནས་སེམས་ཅང་ཡི་འདོད་པ་རྫོགས་པ་སྦྱིན་པའི་ཕར་ཕྱིན་ཡིན་ན། སྦྱིན་པའི་ཕར་ཕྱིན་རྫོགས་པ་མི་སྲིད་དོ་ཞེས་བཀག་ནས་རང་ལ་བདོག་པ་ཐམས་ཅད་ལ་སེར་སྣ་དང་རང་གི་ཕྱིར་དུ་ཀུན་འཛིན་གྱི་དྲི་མ་སྦྱངས་ནས། གཏོང་སེམས་རབ་ཀྱི་མཐར་ཐུག་པར་འཕེལ་བ་ལ་སྦྱིན་པའི་ཕར་ཕྱིན་དུ་ཕར་ཕྱིན་གྱི་ཐེག་པ་ནས་གསུངས་ཏེ། སྤྱོད་འཇུག་ལས། གལ་ཏེ་འགྲོ་བ་དབུལ་བོར་བས། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན། །དུ་དུང་འགྲོ་བཀྲེན་ཡོད་ན་སྔོན། །སྐྱོབ་པ་རི་ལྟར་ཕ་རོལ་ཕྱིན། །བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཉིད་དོ། །ཞེས་གསུངས་སོ། །དེ་ནས་རྨོངས་པའི་ཁྱད་པར་བཤད་པ་ཡང་དཀའ་བར་སྣང་ལ་དབང་པོ་རྣོན་པོའི་ཁྱད་པར་ཡང་དཀའ་སྟེ། ཐབས་ལ་མ་རྨོངས་པ་ལ་བྱེད་ན་སྔ་མ་དང་ཟློས་ཤིང༌། །འདོད་ཡོན་གྱི་ཆགས་པ་ལམ་དུ་བྱེད་པ་ལ་འདོད་ནི་
སྔགས་ཀྱི་གདུལ་བྱ་རབ་ཏུ་མི་སྡང་བས་གཙོ་བོའི་གདུལ་བྱ་ལ་ཁྱད་པར་དེ་མེད་པའི་ཕྱིར་རོ། །སྔགས་ལ་འཇུག་པའི་གདུལ་བྱ་ཡང་རབ་རིམ་པ་དང་པོས་རྫོགས་པར་ཁྲིད་ནས་རིམ་པ་གཉིས་པ་ལ་འཁྲིད་པ་དང༌། རྫོགས་རིམ་བརྟན་པའི་ཚེ་རིག་མ་ལ་བརྟེན་ནས་སྤྱོད་པ་བྱས་པས་ཚེ་དེ་ལ་འཚང་རྒྱ་བ་མང་དུ་བཤད་པའི་ཕྱིར། ཡེ་རྒྱ་སྒོམ་པ་དང་དམ་རྒྱ་སོགས་གདང་བ་དབང་པོ་འབྲིང་དང་ཐ་མར་བཞེད་པ་ཡང་གཞག་དཀའ་བར་སྣང་བས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་དེ་དག་ལ་སོགས་པ་རྣམས་དཔྱད་པར་བྱའོ། །བོད་ཀྱི་བླ་མ་དག་ཐབས་མང་བ་ནི་ཞི་སོགས་ཀྱི་ལས་ཚོགས་མང་བ་དང༌། དཀའ་བ་མེད་པ་འདོད་ཡོན་ལམ་བྱེད་ལ་འཆད་པ་ནི་སློབ་དཔོན་འདི་དང་ཡེ་ཤེས་གྲགས་པ་གཉིས་ཀའི་གཞུང་ན་མི་སྣང་ངོ༌། །གཉིས་པ་ལ་གསུམ། སྔགས་ལ་འཇུག་པའི་སྒོ་མི་འདྲ་བ་ཅི་ཙམ་ཞིག་ཡོད་པ་དང༌། འཇུག་སྒོ་མི་འདྲ་བར་འཇོག་པའི་ཁྱད་པར་ངོས་གཟུང་བ་དང༌། ཁྱད་པར་དེ་དག་དང་ལྡན་པ་རྣམས་ཀྱི་ལམ་བགྲོད་པའི་ཚུལ་བསྟན་པའོ། །དང་པོ་ནི། གུར་གྱི་བཅུ་གསུམ་པ་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མེད་རྣལ་འབྱོར་དེ་ལྟག་ལའོ། །རྣལ་འབྱོར་མཆོག་ནི་སེམས་ཅན་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་གདུལ་བྱ་ལ་དམན་པ་དང་དེའི་ལྟག་འབྲིང་དང༌། མཆོག་དང་དེའི་ལྟག་མ་ཆེས་མཆོག་ཏུ་གྱུར་པ་བཞི་ལ་རྒྱུད་སྡེ་བཞི་གསུངས་པས་རྒྱུད་སྡེ་བཞིའི་སྒོ་ནས་འཇུག་པའི་སྒོ་བཞིའོ། །བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས་ཀྱང༌། །
གསང་སྔགས་འབྲས་བུར་རྡོ་རྗེ་ཐེག་པ་ལ་ནི་འཇུག་པའི་སྒོ་རྣམ་པ་བཞི་སྟེ། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་སྤྱིར་གྲགས་པ་ཡིན་ནོ། །ཞེས་བཤད་དོ། །གཉིས་པ་ལ་གཉིས། དྲི་བ་དང༌། ལན་ནོ། །དང་པོ་ནི། གལ་ཏེ་གདུལ་བྱའི་དམན་མཆོག་གི་སྒོ་ནས་རྒྱུད་སྡེའི་རིམ་པ་མི་འདྲ་བའི་འཇུག་སྒོ་འདི་ཆེད་དུ་བྱ་བ་དང་ཐོབ་བྱ་དམན་མཆོག་གི་སྒོ་ནས་ནི་མ་ཡིན་ཏེ། རྡོ་རྗེ་ཐེག་པ་ལ་ཞུགས་པ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བའི་ཐེག་ཆེན་གྱི་སེམས་བསྐྱེད་པ་ཅན་དུ་ཁྱད་པར་མེད་པའི་ཕྱིར་རོ། །ཐོབ་བྱ་སྐུ་གཉིས་ཀྱི་རྒྱུའི་གཙོ་བོར་གྱུར་བའི་ལམ་གྱི་སྤྱི་ལ་མི་འདྲ་བ་ཡོད་པའི་སྒོ་ནས་ཀྱང་མ་ཡིན་ཏེ། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་ཆོས་སྐུ་སྒྲུབ་པ་ལ་འདྲ་ཞིང་ལྷའི་རྣལ་འབྱོར་བསྒོམས་ནས་གཟུགས་སྐུ་སྒྲུབ་པའི་སྤྱི་ཡང་འདྲ་བའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་ཀྱང་རྡོ་རྗེའི་ཐེག་པ་ཞེས་པའི་ཐེག་པ་གཅིག་ཏུ་ཟད་དེ། ལྷའི་རྣལ་འབྱོར་མི་འདྲ་བ་ལ་སོགས་པའི་ལམ་གྱི་ཁྱད་པར་མི་འདྲ་བ་མང་དུ་ཡོད་པ་ཙམ་གྱིས་ཐེག་པ་སོ་སོ་བའམ་རྒྱུད་སྡེའི་རིམ་པ་མི་འདྲ་བའི་འཇུག་སྒོ་སོ་སོར་འཇོག་ན། རྣལ་འབྱོར་བླ་མེད་ཀྱི་རྒྱུད་རེ་རེ་ལ་ཡང་ཐེག་པ་མི་འདྲ་བ་དུ་མ་གཞག་དགོས་པར་འགྱུར་ལ། གསང་འདུས་ལྟ་བུ་གཅིག་ལ་ཡང་རྒྱུད་སྡེ་མི་འདྲ་བའི་འཇུག་སྒོ་དུ་མ་ཡོད་པར་འགྱུར་ཏེ། པདྨ་དང་ཙནྡན་ལ་སོགས་པའི་གང་ཟག་མཆོག་དམན་ལྔ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་གསུངས་པའི་ཕྱིར་རོ། །དེས་ན་གདུལ་བྱ་མཆོག་དམན་གྱི་སྒོ་ནས་རྒྱུད་སྡེ་མི་འདྲ་
བའི་འཇུག་སྒོ་བཞིར་བྱེད་པ་འདི་རྒྱུ་མཚན་གང་གི་སྒོ་ནས་བཞག་པ་བརྗོད་དགོས་སོ་སྙམ་ན། གཉིས་པ་ལ་གཉིས། གཞན་གྱི་ལན་མི་འཐད་པར་བསྟན་པ་དང༌། རང་གི་ལན་གདབ་པའོ། །དང་པོ་ནི། བོད་ཀྱི་བླ་མ་ཁ་ཅིག་མུ་སྟེགས་ལ་རིགས་བཞི་ཡོད་པ་རྗེས་སུ་གཟུང་པའི་ཕྱིར་དུ་རྒྱུད་སྡེ་བཞི་བསྟན་ཏེ། འདོད་ཆགས་ཅན་དབང་ཕྱུག་གི་རྗེས་སུ་འབྲང་བ་དང༌། ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲང་བ་དང༌། གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲང་བ་དང༌། མ་ངེས་པ་དེ་གསུམ་གང་རུང་དང་ཕྲད་ན་དེ་དག་གི་གྲུབ་མཐའ་འཛིན་པ་བཞི་ཡོད་པས་རིམ་པ་བཞིན་དུ་རྣལ་འབྱོར་བླ་མེད་དང༌། སྤྱོད་རྒྱུད་དང༌། བྱ་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་རྣམས་བསྟན་ལ་དེ་ཡང་དེ་ཉིད་བསྡུས་པའི་རྗེས་སུ་འབྲངས་ནས་ཀུན་སྙིང་དང༌། རབ་འབྱོར་བསྐྱངས་ལ་སོགས་པ་རྣམས་བཞེད་དོ་ཞེས་གསུང་ངོ༌། །འདིར་གང་ཟག་དེ་དག་རྒྱུད་དེ་དང་དེས་འདུལ་བ་སྲིད་པ་ལ་བྱེད་ན་ནི་དེས་རྒྱུད་སྡེ་བཞིའི་སྒོ་ནས་འཇུག་པ་རྣམས་ཀྱི་མི་འདྲ་བའི་ཁྱད་པར་ངོས་མི་ཟིན་ཏེ། དེ་དག་རེ་རེས་ཀྱང་དེ་བཞི་ཀའི་གང་ཟག་འདུལ་བ་སྲིད་པའི་ཕྱིར་རོ། རྒྱུད་སྡེ་དེ་དག་གི་གདུལ་བྱའི་གཙོ་བོ་ལ་དེ་དག་དགོས་པར་འདོད་ནི་ཤིན་ཏུ་མི་རིགས་ཏེ། སྔགས་ཀྱི་ཐེག་པའི་གདུལ་བྱའི་གཙོ་བོ་རྣམས་ནི་རྒྱལབའི་བསྟན་པ་ལ་འཇུག་པའི་གདུལ་བྱ་མཆོག་ཡིན་པས་དེ་ལ་སྔོན་དུ་ལྟ་བ་ལོག་པ་ལ་ཞུགས་པ་ཞིག་མི་དགོས་པའི་ཕྱིར་དང༌། དང་པོ་ནས་གྲུབ་མཐའ་ཕྱིན་ཅི་ལོག་ལ་མ་ཞུགས་པར་ཡང་
དག་པའི་གྲུབ་མཐའ་ལ་ཞུགས་པ་རྣམས་རྒྱུད་དེ་དག་གི་གདུལ་བྱའི་གཙོ་བོར་མི་འགྱུར་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །སློབ་དཔོན་ཀུན་སྙིང་གི་བཞེད་པ་ཡང་མ་ཡིན་ཏེ། དེས་མཛད་པའི་གསང་འདུས་ཀྱི་ལེའུ་དང་པོའི་འགྲེལ་པ་ལས། དེར་བཅོམ་ལྡན་འདས་བཞུགས་པས་ན་བྷ་ག་ཞེས་པ་འདིས་ནི་གནས་བསྟན་ཏེ། དེ་ཡང་སྤྱན་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་ཞེས་བྱ་བ་ལྷ་མོ་བཞི་ནི་འདིར་བཙུན་མོ་སྟེ། དེ་རྣམས་ནི་འདི་ཉིད་ཀྱི་ལེའུ་བཅུ་བདུན་པ་ལས་སྟོན་ནོ། །ཅིའི་ཕྱིར་དེ་དག་གི་གསང་བ་ལ་བཞུགས་ཤེ་ན། སྨྲས་པ་ཁྱབ་འཇུག་ལ་སོགས་པའི་རྒྱུད་ལ་མངོན་པར་དགའ་ཞིང་ཡུལ་ཡོངས་སུ་མི་སྤོང་བ་རྣམས་ནི་འདོད་ཆགས་ཀྱིས་འདོད་ཆགས་སྤོང་བ་འདི་ལ་དགའ་བ་བསྐྱེད་པར་བྱ་བའི་ཕྱིར་ཏེ། འདི་ལྟར་བུད་མེད་བསྟེན་པ་དང་བཤང་གཅི་ལ་སོགས་པ་རྣམས་བསྟེན་པས་ཁྱབ་འཇུག་ལ་སོགས་པ་བསྒྲུབ་པར་འདོད་ཅིང༌། དེས་བསྟན་པའི་དངོས་གྲུབ་ཚོལ་བ་ལ་ཞུགས་པ་དེ་དག་བཙུན་མོའི་གསང་བ་ལ་མངོན་པར་འཇུག་པར་འགྱུར་ཏེ་དེ་ཡང༌། བྷ་ག་ལེགས་ལྡན་ཁྱབ་འཇུག་སྟེ། །བུད་མེད་ཀྱི་ནི་འདོམས་ན་གནས། །མི་རྣམས་དགའ་བར་བྱེད་པས་ན། །དེས་ན་སྲེད་མེད་བུ་ཞེས་བྱ། །ཞེས་སོགས་ཀྱིས་ཁྱབ་འཇུག་གི་རྒྱུད་ལ་དགའ་བ་ལ་བླ་མེད་ཀྱི་འདོད་ཆགས་ཀྱི་ཀུན་སྤྱོད་རྣམས་བསྟན་པར་རྒྱས་པར་གསུངས་པའི་ཕྱིར་རོ། །དེ་ཉིད་བསྡུས་པ་ནས་རྣལ་འབྱོར་བླ་མེད་གདུལ་བྱ་འདི་ལ་གསུངས་པའི་རྣམ་གཞག་འོད་དོན་མེད་ལ། དེའི་དུམ་བུ་བཞི་འདོད་ཆགས་དང་ཁྲོ་བ་ལ་སོགས་པའི་ཉོན་མོངས་ཅན་ལ་གསུངས་པ་
ལ་དཔགས་ནས་སྦྱར་བ་ཙམ་དུ་སྣང་བས་ཤེས་བྱེད་ཡང་དག་པ་ཅི་ཡང་མི་སྣང་ངོ༌། །ཡང་བོད་ཀྱི་བླ་མ་དག་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་དང་སྒོ་བསྟུན་ནས་ལྷའི་སྐྱེད་ཆོག་མི་འདྲ་བ་བཞིའི་སྒོ་ནས་རྒྱུད་སྡེ་བཞིར་བཞག་པར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྗེས་སུ་འབྲངས་ནས་འཕགས་པ་ཡབ་སྲས་དང་ཡེ་ཤེས་ཞབས་རྗེས་འབྲང་དང་བཅས་པ་བཞེད་པར་འཆད་པ་ཡང༌། །སློབ་དཔོན་དེ་དག་གསང་འདུས་པ་ཡིན་ཞིང་འདུས་པའི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་བྱ་རྒྱུད་ཀྱི་སྐབས་སུ་རང་ལྷར་སྙེམས་པ་དང་ཡེ་ཤེས་སེམས་དཔའི་བདེ་བ་མེད་པར་བཤད་པ་ཙམ་ལ་དཔགས་པར་སྣང་བས། །གྲུབ་མཐའ་བཞི་དང་སྒོ་བསྟུན་པ་ལ་ཤེས་བྱེད་ཅིང་ཡང་མི་སྣང་ངོ༌། །རང་སངས་རྒྱས་དང་རྣལ་འབྱོར་རྒྱུད་ཀྱི་སྐྱེད་ཆོག་སྦྱོར་ཡང་རང་རྒྱལ་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་མིན་པའི་ཕྱིར་དང༌། བྱ་རྒྱུད་ལ་བདག་སྐྱེད་མེད་པ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ལུང་དོན་མིན་པ་ཡང་འཆད་པར་འགྱུར་བས་མི་འཐད་དོ། །ཡང་ཨ་ལ་ཀ་ཀ་ལ་ཤས་བྲམ་ཟེ་དང་རྒྱལ་རིགས་ལ་བྱ་རྒྱུད་དང་རྣལ་འབྱོར་རྒྱུད་དང༌། རྗེའུ་རིགས་ལ་གཉིས་ལས་ཆགས་སྡང་གཉིས་ཆུང་ཞིང་གཏི་མུག་ཤིན་ཏུ་ཆབ་ཁྱབ་འཇུག་ལ་མོས་པ་ལ་སྤྱོད་རྒྱུད་དང༌། ཆགས་སྡང་གཉིས་ཆེ་ཞིང་གཏི་མུ་ཆུང་བ་ལ་གསང་འདུས་ལ་སོགས་པའི་རྣལ་འབྱོར་གྱི་རྒྱུད་དང༌། ཆགས་སྡང་ཆེན་པོའི་ཆེན་པོ་གཏི་མུག་ཆུང་ངུའི་ཆུང་ངུ་གདོལ་པའི་རིགས་དང་འབྲེལ་བ་རྣམས་ལ་བདེ་མཆོག་ཉུང་ངུའི་རྒྱུད་ལ་སོགས་པ་མ་རྒྱུད་བསྟན་པར་བཞེད་
པ་ཡང༌། །རྒྱུད་བཞིའི་གདུལ་བྱ་དང་མི་རིགས་བཞི་ཆ་འདྲ་བ་ལ་བསམས་ནས་སྨྲ་ན་ནི། དེས་རྒྱུད་སྡེ་བཞིའི་སྒོ་ནས་འཇུག་པ་རྣམས་ཀྱི་མི་འདྲ་བའི་ཁྱད་པར་མི་ཟིན་ལ། མི་རིགས་བཞི་རྒྱུད་སྡེ་བཞིའི་གདུལ་བྱ་ལ་དགོས་པར་འདོད་ན་ནི་ནམ་ཡང་མ་ངེས་ཤིང༌། །གཙོ་ཆེ་ཆུང་ཡང་མི་སྣང་བས་འཐད་པར་མ་མཐོང་ངོ༌། །རྡོར་དབྱིངས་ལྟ་བུའི་ལྷ་རྣམས་རྒྱལ་པོ་འཁོར་བཅས་དང་ཆོས་མཐུན་པར་བཤད་ཀྱང་རྒྱུ་མཚན་དེས་དེའི་གདུལ་བྱ་རྒྱལ་རིགས་སུ་སྒྲུབ་པར་མི་ནུས་སོ། །སྤྱིར་ཐེག་ཆེན་གྱི་གདུལ་བྱའི་གཙོ་བོ་ལ་སྙིང་རྗེ་ཤས་ཆེ་བ་དགོས་ལ། ཁྱད་པར་དུ་རྣལ་འབྱོར་བླ་མེད་ཀྱི་གདུལ་བྱའི་གཙོ་བོ་རྣམས་སྙིང་རྗེ་ཆེན་པོས་ཡིད་ཆེས་ཆེར་བསྐྱོད་པས་གཞན་གྱི་དོན་སྒྲུབ་པ་ལ་ཤིན་ཏུ་འདིས་ནས་མྱུར་དུ་སངས་རྒྱས་ཐོབ་འདོད་པས་ན། དེ་དག་ལ་ཞེ་སྡང་ཤིན་ཏུ་ཤས་ཆེ་བ་དགོས་པར་སྨྲ་བ་ནི་མི་རིགས་པའི་གཏམ་མོ། །གཉིས་པ་ནི། རྒྱུད་སྡེའི་སྒོ་ནས་འཇུག་སྒོ་མི་འདྲ་བ་བཞིར་བཞག་པ་ནི་ཐེག་པ་སོ་སོ་བ་ཡང་མ་ཡིན་ལ་ལྷའི་རྣལ་འབྱོར་སོགས་ལམ་གྱི་ཁྱད་པར་མི་འདྲ་བ་ཙམ་གྱིས་ཀྱང་མ་ཡིན་མོད། འོན་ཀྱང་རྡོ་རྗེ་ཐེག་པ་ལ་འཇུག་པའི་གདུལ་བྱའི་གཙོ་བོ་ཆེས་མི་འདྲ་བ་བཞི་ཡོད་པས་འཇུག་སྒོ་བཞིར་བཞག་གོ །གདུལ་བྱ་མི་འདྲ་བའི་ཁྱད་པར་དེ་ལྟར་འོང་བ་ཡང་སྒོ་གཉིས་ནས་ཡིན་ཏེ་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་ཚུལ་འདྲ་བ་བཞི་ཡོད་པ་དང༌། གང་གི་སྒོ་ནས་དེ་ལྟར་ལམ་དུ་བྱེད་པའི་སྟོང་པ་དང་ལྷའི་རྣལ་འབྱོར་རྒྱུད་ལ་སྐྱེད་པའི་ནུས་པ་མཆོག་དམན་བཞི་ཡོད་པའི་དབང་གིས་ཡིན་ནོ། །དེ་ལ་དང་པོ་ནི། ཁ་སྦྱོར་གྱི་
བརྟག་པ་དྲུག་པའི་རབ་བྱེད་གསུམ་པ་ལས་རྒོད་དང་ལྟ་དང་ལག་བཅངས་དང༌། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་གསུངས་ཤིང་བརྟག་གཉིས་ལས་ཀྱང་འདི་དང་དོན་འདྲ་བར་གསུངས་སོ། །འདི་མན་ངག་སྙེ་མར་ལམ་གྱི་རྒྱུད་ལ་བཤད་ཅིང་གཞུང་གི་རྒྱུད་ལ་མ་བཤད་ཀྱང༌། བརྟག་པ་བདུན་པའི་རབ་བྱེད་དང་པོའི་སྙེ་མར་གཞུང་གི་རྒྱུད་ལ་ཡང་བཤད་ལ། དཔའ་བོ་རྡོ་རྗེས་ཀྱང་ཁ་སྦྱོར་གྱི་འགྲེལ་པར་རྒྱུད་སྡེ་བཞི་ལ་བཤད་དོ། །རྡོ་རྗེ་རྙིང་པོ་རྒྱན་གྱི་རྒྱུད་ཀྱི་བཅུ་གཅིག་པ་ལས་ཀྱང་ཐབས་ཀྱི་རྒྱུད་ཀྱི་འདོད་ཆགས་ཀྱི་རྒྱུད་ཀྱི་དབྱེ་བ་མང་དུ་གསུངས་པའི་མཐར། འདི་ནི་གཉིས་པོ་འཁྱུད་པ་ཡིས། །རྒྱུད་ཀྱི་དབྱེ་བ་བསྟན་པའོ། །དེ་བཞིན་དུ་ནི་ལག་བཅངས་དང༌། །རྒོད་དང་བལྟས་པས་ཤེས་པར་བྱ། །ཞེས་རྗོད་བྱེད་ཀྱི་རྒྱུད་ལ་གསུངས་པས་རྒྱུད་སྡེ་བཞིའི་དབྱེ་བ་བསྟན་པ་ཡིན་ནོ། །དེའི་ཚེ་རྒྱུད་སྡེའི་མཚན་ཡང་རྒོད་པའི་རྒྱུད་དང༌། ལྟ་བའི་རྒྱུད་དང༌། ལག་བཅངས་སམ་འཁྱུད་པའི་རྒྱུད་དང༌། གཉིས་གཉིས་སྦྱོར་བའི་རྒྱུད་ཅེས་པ་བཞིར་འགྱུར་རོ། །སྔར་བཤད་པ་ལྟར་གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་ལྷའི་རྣལ་འབྱོར་དུ་བཤད་པ་ནི་ཐབས་ཀྱི་གཙོ་བོ་ཡིན་ལ། ཐབས་ཀྱི་ཆ་རྣམས་ཀྱིས་སྟོང་ཉིད་རྟོགས་པའི་ཤེས་རབ་ཁྱད་ཞུགས་པར་བྱེད་པ་ནི་ཐེག་པ་ཆེན་པོ་གཉིས་ཀའི་ལུགས་ཡིན་ཏེ་སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་
དུ་གསུངས། །ཞེས་གསུངས་པ་ལ་ལྟར་རོ། །ལྷའི་རྣལ་འབྱོར་གྱི་སྒོ་ནས་ཤེས་རབ་ཀྱི་ལམ་ཁྱད་ཞུགས་པར་འགྲོ་བའི་ཚུལ་ནི། ཐབས་ཤེས་ཁྱད་པར་ཅན་འདོད་པའི་ལྷ་ཡབ་ཡུམ་མཉམ་པར་སྦྱོར་བའི་རྣམ་པ་ཅན་དུ་སྣང་བའི་ལྷའི་རྣལ་འབྱོར་ཏེ། བླ་མེད་ལ་ལམ་གྱི་ཁྱད་པར་མང་དུ་ཡོད་ཀྱང་གཉིས་སྦྱོར་གྱི་རྒྱུད་ཅེས་དེའི་སྒོ་ནས་མིང་འདོགས་མཛད་ཅིང༌། རྒྱུད་རང་ནས་ཀྱང་གཉིས་སྦྱོར་གྱི་རྣམ་པ་ཅན་དུ་བཤད་པ་ཤིན་ཏུ་མང་ངོ་། །དེའི་སྒོ་ནས་ཆགས་པ་ལམ་དུ་བྱས་པས་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་འཕྲོད་འདུའི་གནད་ལ་བརྟེན་ནས་སྟོང་ཉིད་ཀྱི་རྟོགས་པ་ཁྱད་ཞུགས་པར་འགྱུར་རོ། །དེ་འདྲ་བའི་ཆགས་པ་ལམ་བྱེད་ཀྱི་ཐབས་ཁྱད་པར་བ་དང་བྲལ་བས་ རྒྱུད་སྡེ་འོག་མ་གསུམ ་དུ་ཡན་ལག་བདུན་གྱི་ནང་གི་ཁ་སྦྱོར་གྱི་ཡན་ལག་མ་གསུངས་སོ། །དེ་ལྟ་ནའང་རྒོད་པ་དང་ལྟ་བ་དང་ལག་བཅངས་སམ་འཁྱུད་པ་ལས་བྱུང་བའི་དགའ་བ་ལམ་དུ་བྱེད་པ་ཡོད་པས་སྤྱིར་འདོད་ཡོན་ལ་ཆགས་པ་ལམ་བྱེད་ཙམ་ཞིག་ནི་ཡོད་དོ། །དེ་ཡང་སྙེ་མ་ཉེར་ལྔ་པ་ལས། །བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་མ་བཞི་རྣམས་ཀྱི་རྒྱུད་གང་ཡིན་པ་ནི་རྒོད་པ་དང་བལྟས་པ་དག་དང་འཁྱུད་པ་དང་གཉིས་གཉིས་དང་ལག་བཅངས་རྣམས་ཀྱིས་མཚོན་པའོ། །དེ་ལྟར་ནི་བྱ་བའི་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ལྷ་རྣམས་ཤེས་རབ་དང་ཐབས་དག་གི་རྗེས་སུ་ཆགས་པ་གསལ་བར་བྱེད་པ་ལྟ་བའོ། །ཁ་ཅིག་ཏུ་ནི་འཛུམ་པའོ། །ཁ་ཅིག་ཏུ་ནི་ལག་པ་འཛིན་པའོ། །ཁ་ཅིག་ཏུ་ནི་འཁྱུད་པའོ། །ཁ་ཅིག་ཏུ་ནི་གཉིས་གཉིས་སོ། །ཞེས་དང༌། བརྟག་པ་ཕྱི་མའི་ལེའུ་གསུམ་པ་ལས། རྒོད་
དང་ལྟ་བ་དག་གིས་ཀྱང༌། འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱིས། རྒྱུད་ཀྱང་རྣམ་པ་བཞི་རྣམས་ཏེ། །ཞེས་པའི་འགྲེལ་པ་ལས། བཞིས་ཞེས་པ་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་མའི་རྒྱུད་རྣམས་ཀྱིས་གང་རྒོད་པ་དང་ལྟ་བ་དང་འཁྱུད་པ་དང་གཉིས་སྦྱོར་བ་མཚོན་ཏེ། དེ་ལྟར་ན་བྱ་བའི་རྒྱུད་ལ་སོགས་པ་གང་དུ་ཐབས་དང་ཤེས་རབ་ཀྱི་ལྷ་རྣམས་རྗེས་སུ་ཆགས་པ་སྟོན་པའི་འཛུམ་པ་དང༌། ཁ་ཅིག་ཏུ་དེའི་རྗེས་ལ་ལྟ་བ་དང༌། ཁ་ཅིག་ཏུ་འཁྱུད་པ་དང༌། ཁ་ཅིག་ཏུ་གཉིས་ཀྱི་གཉིས་སོ། །ཞེས་ཤཱནྟི་པས་གསུངས་པ་ལྟར་ཡིན་ནོ། །དེ་ལ་ལྷ་རྣམས་ལྟ་བའོ་ཞེས་སྦྱར་བ་ནི་རྒོད་པ་ལ་སོགས་པ་རྣམས་ལ་ཡང་ལྟ་བ་པོ་ནི་ལྷ་ལ་བྱའོ། །ལྟ་བ་ལ་སོགས་པ་དེས་ཅི་ཞིག་བྱེད་སྙམ་ན། ཤེས་རབ་དང་ཐབས་དག་གི་རྗེས་སུ་ཆགས་པ་གསལ་བར་བྱེད་པ་ཞེས་གསུངས་ཏེ་ལྷ་ཕོ་མོ་ཕན་ཚུན་དུ་ཆགས་པ་མཚོན་པར་བྱེད་པའོ། །དེ་ཡང་རྣམ་སྣང་དང་སྤྱན་མ་སོགས་ཀྱི་ལྷ་ལ་ཆགས་པ་མི་སྲིད་པས་འདིར་ནི་ལྷ་དེ་དང་དེའི་ང་རྒྱལ་འཆང་བའི་སྒྲུབ་པ་པོ་ལ་བྱ་དགོས་ཏེ། རྒྱུད་སྡེ་རྣམས་ཀྱི་གདུལ་བྱས་ལྟ་བ་ལ་སོགས་པའི་ཆགས་པ་ལམ་དུ་བྱ་དགོས་པ་སྐབས་ཀྱི་དོན་ཡིན་པའི་ཕྱིར་དང༌། བྱ་སྤྱོད་སོགས་ནས་ལྷ་ཕོ་མོ་ཕན་ཚུན་དུ་ལྟ་བ་སོགས་ཡོད་པར་གསུངས་པ་གདུལ་བྱ་ལ་མ་སྦྱར་ན་དེ་དག་གི་སྒོ་ནས་གདུལ་བྱའི་ཁྱད་པར་ངོས་མི་ཟིན་པའི་ཕྱིར་རོ། །དེ་ཡང་བླ་མེད་ནས་རྒོད་པ་སོགས་གསུངས་པར་མ་ཟད་རྒྱུད་སྡེ་འོག་མ་ལས་ཀྱང་དེ་དག་གི་གཞི་གསུངས་པ་ཡིན་ཏེ། དོན་
ཞགས་ཀྱི་ཆོ་ག་ཞིབ་མོ་ལས། །བཅོམ་ལྡན་འདས་ཞལ་ཁྲོ་གཉེར་ཅན་ལ་གཏོད་པར་བྱ་ཞིང་ཞེས་དང༌། གཡས་ཕྱོགས་ན་ལྷ་མོ་སྒྲོལ་མ་འཛེམ་བག་དང་བཅས་ཤིང་ལུས་བཏུད་པར་མཆོག་སྦྱིན་པའི་ཕྱག་རྒྱ་ལ་མིག་གཏོད་པར་བྱའོ། །གཡོན་དུ་པདྨའི་རིགས་མཛེས་མ་འཛེམ་བག་དང་བཅས་པ་གསང་སྔགས་ཀྱི་ཚུལ་རྗེས་སུ་མཐུན་ཞིང་དོན་ཡོད་ཞགས་པ་ལ་མིག་གཏོང་པར་བྱའོ། །ཞེས་དང༌། རྣམ་སྣང་མངོན་བྱང་ལས། དེ་ཡི་གཡས་སུ་ལྷ་མོ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་སྟེ། །ལྷ་མོ་ཅུང་ཟད་འཛུམ་པའི་ཞལ། །འོད་ཀྱི་དཀྱིལ་འཁོར་འཛོམ་གང་བ། །མཚུངས་མེད་སྐུ་ནི་རབ་ཏུ་དང༌། །དེ་ནི་ཤཱཀྱ་ཐུབ་པའི་ཡུམ། །ཞེས་དང༌། སྤྱན་རས་གཟིགས་དབང་དཔའ་བོ་ནི། །པདྨ་དཀར་པོའི་སྟན་ལ་འདུག །དུང་དང་ཀུན་ད་ཟླ་བ་འདྲ། །དབུ་ལ་འོད་དཔག་མེད་བཞུགས་པ། །བཞིན་ནི་བག་ཙམ་འཛུམ་པར་བྲི། །དེ་ཡི་གཡས་སུ་ལྷ་མོ་ནི། །སྒྲོལ་མ་གྲགས་པ་ཆེན་མོ་དེ། །དགེ་ཞིང་འཇིགས་པ་སེལ་བ་སྟེ། །ཞེས་དང༌། རྩེ་མོ་ལས། ལྷ་མོ་རྡོ་རྗེ་ཅ་ཅོ་སྒྲོག །དབུས་འཁྱུད་རང་གི་ལྷ་མོ་དེ། །དེ་ཡི་གློ་ན་མགོ་སྒྱུར་ཞིང༌། །འཛུམ་བཅས་ཀུན་ཏུ་ལྟ་བ་སྟེ། །བཅོམ་ལྡན་འདས་ཀྱི་ཕྱག་ལ་འཇུས། །ཞེས་དང༌། དཔལ་མཆོག་དང་པོ་ལས། དེ་ཡི་ལོགས་ལ་རྡོ་རྗེ་ཆེ། །མདའ་ནི་གསོར་པ་ལ་བརྩོན་པ། །སྙེམས་པའི་ཕྱག་གིས་ཡོངས་འཁྱུད་པའི། །ཆུ་སྲིན་རྒྱལ་མཚན་བསྒྲེང་དང་བཅས། །ཞེས་གསུངས་སོ། །འདི་དག་ནི་མཚོན་པ་ཙམ་སྟེ་སྒྲུབ་པ་པོས་སྐབས་ཀྱི་ལྷ་གང་ཡིན་དུ་བསྐྱེད་ནས་ཕར་ལ་ལྟ་བ་སོགས་དང༌།
ཚུལ་ལ་ལྟ་བ་སོགས་ཀྱི་སྒོ་ནས་ཕན་ཚུན་རྗེས་སུ་ཆགས་པ་ལས་བྱུང་བའི་དགའ་བདེ་ལམ་དུ་བྱེད་པའོ། །འདི་ཡང་རྒྱུད་སྡེ་འོག་མ་ནས་ཕྱི་རོལ་གྱི་ཕྱག་རྒྱལ་དམིགས་ནས་དེ་ལྟར་བྱེད་པ་མ་བྱུང་ཞིང༌། །རྒྱུད་སྡེ་གོང་མ་ནས་ཀྱང་དེ་ལྟར་བྱ་བར་མ་གསུངས་པས། །རང་གིས་བསྒོམས་པའི་སྤྱན་མ་ལ་སོགས་པའི་ལྷ་མོ་ལ་བྱའོ། །གདུལ་བྱ་སྟོབས་ཆུང་བས་ཆགས་པ་ཆེན་པོ་ལམ་དུ་བྱེད་མི་ནུས་པ་ལ་དགོངས་ནས་ཆགས་པ་ཆུང་རིམ་ནས་ལམ་དུ་བྱེད་པར་གསུངས་པ་འདི་ནི་འཆད་པར་འགྱུར་བ་ལྟར་ལྷའི་རྣལ་འབྱོར་བརྟན་པར་སོང་ཞིང་སྟོང་ཉིད་ཀྱི་ཏིང་ངེ་འཛིན་རྙེད་པ་ན་རང་གི་རིགས་གང་ཡིན་པའི་ལྷ་མོ་སྤྱན་ལ་སོགས་པ་ལ་དམིགས་ནས་བྱེད་པར་མངོན་ཏེ། དཔའ་བོ་རྡོ་རྗེའི་ཁ་སྦྱོར་གྱི་འགྲེལ་པ་ལས། རྒོད་དང་ལྟ་དང་ལག་བཅངས་དང༌། །ཞེས་སྨོས་ཏེ་རྒོད་པའི་སྒྲའི་སྟེང་བདེ་བ་རྟོག་མེད་སྐྱེ་བ་འམ། གཟུགས་ལ་ལྟ་བ་དང་རེག་བྱ་ལག་བཅངས་དང་གཉིས་གཉིས་འཁྱུད་པ་དང་རེག་བྱ་ལས་བདེ་བ་རྟོག་པ་མེད་པ་སྐྱེ་བ་ཡིན་ནོ། །སྲིན་བུའི་ཚུལ་གྱིས་ཞེས་པ་ནི་ཟག་མེད་བདེ་བ་ཆེན་པོ་སྟོང་པའི་ཚིག་ཡིན་ཏེ། སྲིན་བུ་ཤིང་ལས་སྐྱེས་ནས་ཤིང་ཉིད་ཟ་བ་བཞིན་དུ་བདེ་བ་ལས་སྐྱེས་པའི་ཏིང་ངེ་འཛིན་སྟོང་ཉིད་དུ་བསྒོམ་པར་བྱའོ། །ཞེས་བཤད་པ་ལྟར་རོ། །སྙེ་མ་ཉེར་ གསུམ་པ་ལས། རྒོད་པས་རྒྱུད ་ནི་འཕྲུལ་དགའ་བ་རྣམས་ཀྱི་ལྟ་བུའོ། །ཞེས་སོགས་གསུངས་པ་ནི་ལྷ་དེ་དག་དཔེར་མཛད་པ་ཙམ་ཡིན་གྱི་དེ་དག་རྒྱུད་སྡེ་རྣམས་ཀྱི་གདུལ་བྱའི་གཙོ་བོར་སྟོན་པ་མིན་ནོ། །རྡོ་རྗེ་
ཐེག་པ་ལ་མོས་དང་དེའི་ལམ་གྱི་ཆ་འགའ་ཞིག་སྒོམ་པ་ལ་ངེས་པ་མེད་ཀྱང༌། །ཐོག་མར་ཐེག་པ་དེ་ལ་འཇུག་པའི་གདུལ་བྱའི་གཙོ་བོ་ནི་འདོད་ཁམས་པ་ཡིན་ལ། དེ་ཡང་སྤྱིར་རིག་མའི་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ཙམ་ཞིག་གི་སྒོ་ནས་བྱང་ཆུབ་འཚོལ་པ་ལ་མོས་པའོ། །འདི་ཡང་བླ་མེད་དུ་ནི་དངོས་དང་བསྒོམས་པའི་རིག་མ་གཉིས་ཀ་ལ་དམིགས་པའི་རྒོད་པ་སོགས་ཀྱི་ཆགས་པ་ལམ་དུ་བྱེད་པ་གསུངས་ལ། རྒྱུད་སྡེ་འོག་མ་གསུམ ་ལ་ནི། བསྒོམས་པའི་ཡེ་ཤེས་ཀྱི་རིག་མ་ཁོ་ནའི་འདོད་ཡོན་ལ་དམིགས་པའི་དགའ་བ་ལམ་བྱེད་ཡིན་ནོ། །དབང་པོ་གཉིས་སྦྱོར་བསྒོམ་པ་ཙམ་ཡང་རྣལ་བྱོར་རྒྱུད་ལའང་མི་རུང་བས་དེ་ལས་གཞན་པའི་ལག་བཅངས་སམ་འཁྱུད་པའི་རེག་བྱ་ལ་དམིགས་པའི་དགའ་བ་ལམ་བྱེད་རྣམ་འབྱོར་རྒྱུད་ལ་སྦྱར་ལ། རེག་བྱ་ལས་གཞན་རྒོད་པ་དང་ལྟ་བའི་དམིགས་པ་ལ་བརྟན་ནས་བྱུང་བའི་དགའ་བ་ལམ་བྱེད་བྱ་སྤྱོད་ལ་སྦྱར་རོ། །དེ་དག་ནི་རྒྱུད་སྡེ་བཞིའི་མིང་འདོགས་བླ་མེད་ན་གསུངས་པའི་མཚན་དོན་བཤད་ནས་དེ་དག་གི་གདུལ་བྱ་དང་ལམ་གྱི་ཁྱད་པར་བསྟན་པའོ། །ད་ནི་རྒྱུད་སྡེ་བཞིའི་མིང་འདོགས་རྒྱུད་སྡེ་གོང་འོག་རྣམས་ལ་ཐུན་མོང་དུ་གྲགས་པའི་མཚན་དོན་བཤད་ནས་གདུལ་བྱའི་ཁྱད་པར་བཤད་པར་བྱ་སྟེ། དེ་ལྟ་བུའི་འདོད་ཡོན་ལམ་དུ་བྱེད་པའི་ཐབས་ནི་སྟོང་པ་དང་ལྷའི་རྣལ་འབྱོར་ཡིན་ལ། དེ་གཉིས་མངོན་དུ་བྱེད་པ་ལ་ཕྱིའི་བྱ་བ་ཤིན་ཏུ་མང་པོ་ལ་བལྟོས་པ་ནི་བྱ་རྒྱུད་པའི་གདུལ་བྱའོ། །ཕྱི་བྱ་བ་དང་ནང་གི་ཏིང་ངེ་འཛིན་གཉིས་ཆ་མཉམ་པའི་བྱ་བ་ཧ་ཅང་མི་མང་བ་ལ་
བལྟོས་པ་ནི་སྤྱོད་རྒྱུད་པའི་གདུལ་བྱའོ། །ཕྱིའི་བྱ་བ་དང་ནང་གི་ཏིང་ངེ་འཛིན་གཉིས་ལས་ཏིང་ངེ་འཛིན་གཙོ་བོར་གྱུར་ཅིང་ཕྱིའི་བྱ་བ་ཉུང་ཟད་ལ་བལྟོས་པ་ནི་རྣལ་འབྱོར་རྒྱུད་ཀྱི་གདུལ་བྱའོ། །ཕྱིའི་བྱ་བ་ལ་མི་བལྟོས་ཤིང་རྣལ་འབྱོར་དེ་ལས་གོང་ན་མེད་པའི་རྣལ་འབྱོར་སྐྱེད་ནུས་པ་ནི་རྣལ་འབྱོར་བླ་མེད་ཀྱི་གདུལ་བྱ་སྟེ། བྱ་བ་ཤས་ཆེ་བས་ན་བྱ་རྒྱུད་དང་བྱ་བ་དང་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པས་ན་སྤྱོད་རྒྱུད་དང་ནང་གི་རྣལ་འབྱོར་ཤིན་ཏུ་གཙོ་བོར་གྱུར་པས་རྣལ་འབྱོར་རྒྱུད་དང༌། རྣལ་འབྱོར་དེ་ལས་གོང་ན་མེད་པས་ན་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཅེས་པའི་སྒོ་ནས་མཚན་དོན་བཤད་པའི་དབང་དུ་བྱས་པའོ། །འདི་དག་ཀྱང་རང་རང་གི་གདུལ་བྱའི་གཙོ་བོ་ལམ་ལ་འཇུག་པའི་དབང་དུ་བྱས་ཀྱི་ངེས་པ་ནི་མ་ཡིན་ཏེ། དེ་ཉིད་བསྡུས་པའི་རྒྱུད་ཕྱི་མའི་ཕྱི་མ་ནི་བསྒོམ་པས་འཇིགས་ཤིང་སྐྲག་པ་ལ་གསུངས་པར་དེ་ཉིད་སྣང་བ་ལས་བཤད་པའི་ཕྱིར་རོ། །སྤྱིར་གདུལ་བྱ་ལ་ཕྱིའི་བྱ་བ་དང་གི་རྣལ་འབྱོར་སྒོམ་པ་ལ་མོས་པ་ཤས་ཆེ་ཆུང་ཡོད་མོད་ཀྱང་རང་གི་དབང་པོ་དང་མི་འཚམ་པའི་ལམ་ལ་མོས་པ་ཡང་ཡོད་པས། དེས་དེ་དག་གི་གདུལ་བྱའི་གཙོ་བོ་ངོས་མི་ཟིན་པའི་ཕྱིར་ཕྱིའི་བྱ་བ་ཤས་ཆེ་ཆུང་སོགས་ལ་བལྟོས་མི་བལྟོས་སུ་བཤད་པ་འཐད་པར་རྟོགས་སོ། །ཇི་སྐད་དུ་ཚུལ་གསུམ་སྒྲོན་མེ་ལས། སྐྱེ་བ་གཞན་དུ་གོམས་པའི་བག་ཆགས་ཀྱིས་སྐྱེ་བོ་མེད་པའི་ནགས་ཚལ་གྱི་གནས་དང༌། ཁྲུས་དང་དཀྱིལ་འཁོར་བྲི་བ་དང་མཆོད་པ་དང་སྦྱིན་སྲེག་
དང༌། དཀའ་ཐུབ་དང་བཟླས་བརྗོད་ལ་སོགས་པའི་བྱ་བ་མེད་པར་ཡིད་མཉམ་པར་འཇོག་པ་མི་འཐོབ་པས་དེའི་ཕྱིར་ནི་བྱ་བའི་རྒྱུད་སྟོན་པར་མཛད་པ་ཡིན་ནོ། །གང་ཡང་དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པའི་སེམས་དང་ལྡན་པ་དག་ཀྱང་དང་པའི་སྟོབས་ཀྱིས་བདེ་བར་གཤེགས་པས་གསུངས་པའི་བྱ་བ་རྣམས་ཀྱིས་ཀྱང་ཡེ་ཤེས་ཐབ་པར་འགྱུར་བས་བྱ་བ་ལ་བལྟོས་པ་དང་བཅས་པ་ཡིན་ལ། དེ་རྣམས་ལ་ནི་བྱ་བའི་ཡན་ལག་ཤིན་ཏུ་མང་པོ་མ་ཡིན་པ་རྩ་པའི་རྒྱུད་གསུངས་པ་ཡིན་ནོ། །ཞེས་བཤད་དེ་རྩ་རྒྱུད་ནི་སྤྱོད་དུ་གྲགས་པ་དང་དོན་གཅིག་གོ །ནང་གི་ཏིང་ངེ་འཛིན་ཡོད་ཀྱང་ཕྱིའི་བྱ་བ་ཤས་ཆེ་བར་སྟོན་པས་བྱ་རྒྱུད་དུ་འཇོག་པ་ནི་རྣམ་སྣང་མངོན་བྱང་གི་ཚིགས་འགྲེལ་ལས། བྱ་བའི་རྒྱུད་རྣམས་ཀྱང་ཕྱིའི་སྤྱོད་པ་གཙོ་བོར་གྱུར་པ་ཡིན་མོད་ཀྱི་ནང་གི་སྤྱོད་པ་མེད་པ་མ་ཡིན་ཏེ། ཞེས་དང༌། ཀྱཻ་རྡོར་དོན་བསྡུས་ཀྱི་འགྲེལ་པ་ལས་ཀྱང༌། དེ་ཁོ་ན་ཉིད་སྒོམ་པའི་ནུས་པ་ཆུང་ཞིང་ཕྱིའི་སྤྱོད་པ་རྣམས་ཤས་ཆེ་བ་བྱ་རྒྱུད་དུ་བཤད་དོ། །ནང་གི་ཏིང་ངེ་འཛིན་དང་ཕྱིའི་བྱ་བ་ཆ་མཉམ་པར་སྟོན་པས་སྤྱོད་རྒྱུད་དུ་འཇོག་པ་ནི་རྣམ་སྣང་མངོན་བྱང་གི་ཚིག་འགྲེལ་ལས། རྒྱུད་འདི་ཡང་ཐབས་དང་ཤེས་རབ་གཙོ་བོར་གྱུར་པའི་སྦྱོར་བའི་རྒྱུད་ཡིན་མོད་ཀྱི། བྱ་བ་ལ་མོས་པའི་གདུལ་བྱའི་འགྲོ་བ་རྣམས་གཟུང་བའི་ཕྱིར་བྱ་བའི་རྗེས་སུ་མཐུན་པའི་སྤྱོད་པ་དག་ཀྱང་བསྟན་པས་བྱ་བའི་རྒྱུད་དམ་གཉིས་ཀའི་རྒྱུད་ལྟ་བུར་སོ་སོར་བརྟགས་ཤིང་གྲགས་སོ། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཀྱང༌། བྱ་དང་གཉིས་ཀ་རྣམས་འབྱོར་རྒྱུད། །
ཅེས་གཉིས་ཀའི་ རྒྱུད་ཅེས་ཀྱང་གསུངས་སོ། །ཚུལ་གསུམ ་སྒྲོན་མ་ལས། གཞན་དག་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་སྒོམ་པར་གཅིག་ཏུ་མོས་པ། བྱ་བ་མང་པོའི་ཚོགས་རྣམས་ལ་གཡེང་བར་འདུ་ཤེས་པ་དེའི་དོན་དུ་ནི་རྣལ་འབྱོར་གཙོ་བོར་མཛད་དེ། བྱ་བའི་ཡན་ལག་ཅུང་ཟད་ཅིག་ཞར་ལ་སྟོན་པར་མཛད་པའི་སྤྱོད་པའི་རྒྱུད་གསུངས་པ་ཡིན་ནོ། །ཞེས་བཤད་དེའི་འདིའི་སྤྱོད་རྒྱུད་ན་རྣལ་འབྱོར་རྒྱུད་ཡིན་ནོ། །གསུམ་པ་ལ་གཉིས། ཐེག་པ་ཆེན་པོ་གཉིས་ཀྱི་ལམ་གྱི་རིམ་པ་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པའོ། །དང་པོ་ནི། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་གསུངས་སྔགས་ཆེན་པོའི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེ་བ་འདི་དང་ཤིན་ཏུ་ཟབ་པ་འདི་དང་གཏིང་དཔག་དཀའ་བ་དང་གསང་བ་བས་ཀྱང་ཆས་གསང་བ་སེམས་ཅན་སྡིག་པ་ཅན་རྣམས་ལས་བསྟན་དུ་མི་རུང་བ་འདི་ནི། ལག་ན་རྡོ་རྗེ་ཁྱོད་ཀྱིས་ཤིན་ཏུ་དཀོན་པ་ཞིག་སྨྲས་ཏེ། འདི་ནི་སྔོན་ཐོས་ན་འདི་སེམས་ཅན་ཇི་ལྟ་བུ་དག་ལ་བཤད་པར་བྱ། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ཞུགས་པ་དང་གང་གི་ཚེ་དེ་དག་གི་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱའི། གང་དག་གི་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་
དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ན་དཀྱིལ་འཁོར་ཡང་ལྟར་མི་གཞུག་གོ །དེ་དག་ལ་ནི་ཕྱག་རྒྱ་དང་གསང་སྔགས་ཀྱང་བསྟན་པར་བྱའོ། །ཞེས་དབང་བསྐུར་བའི་སྔ་རོལ་ཏུ་བྱང་ཆུབ་ཀྱི་སེམས་རྫོགས་པར་བྱ་བར་གསུངས་པས། སྔོན་དུ་སྨོན་འཇུག་གི་སེམས་སྦྱངས་ནས་འཇུག་པར་བྱའོ། །དེའི་རིམ་པ་ནི་ཐོག་མར་ཐེག་པ་ཆེན་པོའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་ལ་བསམ་པ་དང་སྦྱོར་བས་བསྟེན་པ་ཚུལ་བཞིན་དུ་བྱའོ། །དེས་ཀྱང་དལ་བ་དོན་ཆེ་བ་དང་རྙེད་དཀའ་བའི་ཚུལ་བསྟན་ཏེ་བློ་སྦྱངས་པས་དལ་བའི་རྟེན་ལ་སྙིང་པོ་ལེན་འདོད་ཆེན་པོ་སྐྱེས་པ་ན། སྙིང་པོ་ལེན་པའི་མཆོག་ནི་ཐེག་ཆེན་དུ་འཇུག་པ་ཉིད་ཡིན་ལ་དེའི་འཇུག་སྒོ་ཡང་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ཏེ། དེ་ཡང་དག་པ་ཞིག་རྒྱུད་ལ་ཡོད་ན་དེའི་ཐེག་ཆེན་པ་ཡང་བཅོས་མ་མ་ཡིན་པར་འགྱུར་ལ། དེ་ཚིག་ཙམ་དུ་སོང་ན་ཐེག་པ་ཆེན་པོ་པ་ཡང་ཚིག་ཙམ་དུ་འགྲོ་བའི་ཕྱིར་རོ། །དེ་ལྟར་ན་ཤེས་རབ་ཅན་གྱིས་སེམས་དེའི་མི་མཐུན་པའི་ཕྱོགས་རིམ་གྱིས་བསལ་ནས་མཚན་ཉིད་ཚང་བ་ཞིག་བསྐྱེད་པར་བྱའོ། །དེ་ལ་ཡང་ཐོག་མར་ཚེ་འདི་ལ་བློ་མ་ཟློག་ན་ཐེག་པ་ཆེ་ཆུང་གང་གི་ཡང་ལམ་གྱི་གེགས་པ་ཡིན་པས་ཚེ་འདིར་རུ་མི་གནས་པའི་འཆི་བ་དྲན་པ་དང༌། ཤི་བའི་འོག་ཏུ་ངན་འགྲོར་འཁྱམས་པའི་ཚུལ་རྣམས་བསམས་ནས་ཚེ་འདི་ལ་བློ་བཟློག་པར་བྱའོ། །དེ་ནས་འཇིག་རྟེན་ཕྱི་མའི་ཕུན་ཚོགས་ལ་སྲེད་པའི་བློ་ཡང་འཁོར་བ་མཐའ་དག་གི་ཉེས་དམིགས་ལེགས་པར་བསམས་ཏེ་བཟློག་ནས་ཡིད་ཐར་པ་ལ་ཕྱོགས་པར་
བྱའོ། །དེའི་འོག་ཏུ་རང་ཉིད་ཞི་བ་དེའི་སེམས་བཟློག་པའི་ཕྱིར་དུ་བྱམས་པ་དང་སྙིང་རྗེ་དང་དེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་ལ་རིང་དུ་སྦྱངས་ནས་བཅོས་མ་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་སྦྱང་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ཤེས་པར་བྱས་ལ་སློབ་འདོད་བསྐྱེད་དེ་རྒྱལ་སྲས་ཀྱི་སྤྱོད་པའི་ཁུར་གཟུང་བར་ནུས་པ་ན། བྱང་སེམས་ཀྱི་སྡོམ་པ་བཟུངས་ནས་དེའི་བསླབ་བྱ་ལ་བསླབ་པར་བྱའོ། །དེ་ནས་རྡོ་རྗེ་ཐེག་པའི་དམ་ཚིག་དང་སྡོམ་པའི་ཁུར་གཟུང་བར་ནུས་པ་ན། བླ་མ་ལྔ་བཅུ་པ་མཉན་ནས་བླ་མའི་བསྟེན་ཚུལ་རྣམ་པར་དག་པ་བྱས་ནས་སྔགས་ལ་འཇུག་པར་བྱ་སྟེ། བླ་མ་ལྔ་བཅུ་པ་ལས། བསམ་པ་དག་པའི་སློབ་མ་ནི། །དཀོན་མཆོག་གསུམ་ལ་སྐྱབས་སོང་ལ། །བླ་མའི་རྗེས་སུ་འཇུག་པ་འདི། །ཁ་ཏོན་བྱ་བར་སྦྱིན་པར་བྱ། །དེ་ནས་སྔགས་སོགས་བྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། །ཞེས་བསམ་པ་དག་པ་སྟེ་བྱང་ཆུབ་ཀྱི་སེམས་སྦྱངས་པ་དང་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་ལྡན་པ་ལ་བླ་མ་ལྔ་བཅུ་པ་བཤད་པར་གསུངས་ཤིང༌། བླ་མ་ལྔ་བཅུ་པ་བྱིན་པའི་རྗེས་སུ་དབང་གིས་སྣོད་དུ་བྱ་བར་གསུངས་སོ། །ཟུང་འཇུག་གསལ་བ་ལས་ཀྱང༌། དེ་ལ་འདི་ཡི་རིམ་པ་ནི། ཚེས་དང་རྒྱུ་སྐར་སོགས་དགའི་ཚེ། །སློབ་མས་ཐལ་སྦྱར་བཏུད་པ་ཡིས། །སྡིག་པ་ཐམས་ཅད་བཤགས་བྱ་སྟེ། །སྐྱབས་གསུམ་གཟུང་བ་ཉིད་དུ་བྱ། །བྱང་ཆུབ་སེམས་ནི་ལེགས་བསྟེན་ཏེ། །དགེ་བསྙན་སྡོམ་པ་ཉིད་དང་ཡང༌། །
བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། །དེ་ནས་གསོ་སྦྱོང་ཉིད་ཀྱང་བླང༌། །འདི་ཡི་རྗེས་མཐུན་རིམ་པ་ཡང༌། །རྡོ་རྗེ་སློབ་དཔོན་ཚུལ་དམ་པར། །བསྟེན་ཏེ་འདིར་ནི་གཞུང་མངས་པས། །འཇིགས་པའི་ཕྱིར་ནི་མ་བྲིས་སོ། །དེ་ལྟར་བྱས་ནས་བླ་མ་ལ། །བདག་ལ་དབང་སྐུར་སྩོལ་ཞེས་གསོལ། །ཞེས་དབང་གི་སྔོན་དུ་སོ་ཐར་དང་བྱང་སེམས་ཀྱི་སེམས་བསྐྱེད་དང་སྡོམ་པ་བཟུངས་ནས་དེ་ནས་བླ་མ་ལ་དབང་སྐུར་གྱི་དོན་དུ་གསོལ་བ་གདབ་པར་གསུངས་སོ། །དགེ་བསྙེན་དང་དེའི་གསོ་སྦྱོང་བསྙེན་གནས་ནི་ཁྱིམ་པའི་དབང་དུ་བྱས་ཀྱི་སྔགས་ལ་འཇུག་པའི་རབ་བྱུང་གིས་ནི་དགེ་ཚུལ་ལ་སོགས་པའི་སྡོམ་པ་ཡོངས་སུ་དག་པར་བྱ་དགོས་སོ། །སྤྱོད་བསྡུས་ཀྱི་ལེའུ་དང་པོ་ལས་ཀྱང་རིམ་ཅན་དུ་བསླབ་དགོས་ཀྱི་ཅིག་ཅར་དུ་མ་ཡིན་ནོ་ཞེས་བསྒྲུབས་པའི་འོག་ཏུ། དེའི་རིམ་པ་ཡང་འདི་ཡིན་ཏེ་ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་བསླབ་བོ། །གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་ལོབས་པར་གྱུར་པ་དེའི་ཚེ་ཐེག་པ་གསར་པ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་བསླབ་བོ། །ཞེས་སྔོན་དུ་སངས་རྒྱས་ཀྱི་ཐེག་པ་ལ་བསླབས་པའི་འོག་ཏུ་ཐེག་པ་གསར་པ་སྟེ་སྔགས་ལ་སློབ་དགོས་པར་གསུངས་པས། སངས་རྒྱས་ཀྱི་ཐེག་པའི་བསམ་པ་ནི་སྨོན་འཇུག་གི་སེམས་ཡིན་ནོ། །དེ་ལྟར་སྨོན་འཇུག་གི་སེམས་བསྐྱེད་ནས་སྤྱོད་པ་ཕྱིན་དྲུག་དང་ལྡན་པར་བྱ་དགོས་པ་ནི་ཕར་ཕྱིན་ནས་ཚུར་ལ་བཀབ་པ་མིན་གྱི་སྔགས་ཉིད་ནས་ལམ་དེ་དག་ལ་བསླབ་པར་ཡང་ཡང་གསུངས་པས་ན་རྡོ་རྗེ་ཐེག་པ་ཉིད་ནས་འབྱུང་བའི་ཐུན་མོང་བ་
ཡིན་ནོ། །འདི་རྣམས་རྒྱས་པར་ཐེག་པ་ཐུན་མོང་གི་ལམ་གྱི་རིམ་པར་བཤད་ཟིན་པས་མི་སྤྲོའོ། །འདིར་སྨྲས་པ། དྲི་མེད་རིགས་པས་རང་གཞན་གཞུང་ལུགས་ཀྱི། །ལེགས་ཉེས་བཤད་པའི་ཁྱད་པར་མ་ཕྱེད་ཅིང༌། །ཐེག་པ་ཆེ་ཆུང་སྔགས་དང་ཕར་ཕྱིན་གྱི། །ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི། །ཁྱད་པར་གཙོ་བོ་ཇི་བཞིན་མ་ཕྱེད་པར། །བསྟན་པ་སྤྱི་དང་ཐེག་པ་ཆེན་པོ་དང༌། །ཁྱད་པར་རྡོ་རྗེ་ཐེག་པ་སྐལ་ལྡན་གྱི། །འཇུག་སྒོ་མཆོག་ཅེས་སྨྲ་བའང་དད་པ་ཙམ། །དེ་ཕྱིར་ཀྱེ་ཀྱེ་བློ་གྲོས་འདུན་ལྡན་དག །རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ། །ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི། །བསྟན་པའི་གནད་ལ་ངེས་པ་བརྟན་པོ་ཚོལ། །རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས་བསྟན་པ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་སྤྱིར་བསྟན་པ་སྟེ་ལེའུ་དང་པོའོ།། །།ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་ལ་གསུམ། བྱ་སྤྱོད་ཀྱི་རྒྱུད་ཀྱི་ལམ་གྱི་རིམ་པ་དང༌། རྣལ་འབྱོར་རྒྱུད་ཀྱི་ལམ་གྱི་རིམ་པ་དང༌། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་ལམ་གྱི་རིམ་པའོ། །དང་པོ་ལ་གཉིས། བྱ་སྤྱོད་ལ་བདག་སྐྱེད་དང་ཡེ་ཤེས་པ་གཞུག་པ་ཡོད་མེད་དཔྱད་པ་དང༌། བྱ་སྤྱོད་ཀྱི་ལམ་གྱི་རིམ་པ་སོ་སོར་བཤད་པའོ། །དང་པོ་ལ་གཉིས། སློབ་དཔོན་རྣམས་ཀྱི་བཞེད་པ་དགོད་པ་དང་། དེ་དག་ལས་འཐད་པའི་ཕྱོགས་བཤད་པའོ། །དང་པོ་ནི། བོད་ཀྱི་བླ་མ་སྔ་མ་ཕལ་མོ་ཆེ་ན་རེ་བྱ་རྒྱུད་ལ་མདུན་
དུ་ལྷ་སྒོམ་པ་ཡོད་ཀྱང་བདག་སྐྱེད་མེད་ལ། སྤྱོད་རྒྱུད་ལ་རང་དམ་ཚིག་པར་སྐྱེད་ཅིང་མདུན་དུ་ཡེ་ཤེས་པའི་ལྷ་སྐྱེད་པ་མ་གཏོགས་པ་རང་ལ་ཡེ་ཤེས་པ་འཇུག་པ་མེད་དེ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། འཇིགས་པར་དམིགས་ཤིང་ཤིན་ཏུ་གཙང་བར་བྱེད་པ་དང་ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང༌། བདག་ཉིད་ལྷའི་སྙེམས་པ་མེད་པ་དང་རྨད་དུ་བྱུང་བའི་སྤྱོད་ཡུལ་མ་ཡིན་པ་དང་སྐྱོན་གྱི་རྒྱུའི་རྟོག་པས་རབ་ཏུ་སྤྱོད་པས་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་ལ་གནས་སོ། །ཞེས་བྱ་རྒྱུད་ལ་བདག་སྐྱེད་དང་ཡེ་ཤེས་པ་གཞུག་པ་མེད་པར་བཤད་པའི་ཕྱིར་དང༌། རྣམ་སྣང་མངོན་བྱང་དང་ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས་རང་ཉིད་ལྷར་སྐྱེད་པ་བཤད་ཅིང་ཡེ་ཤེས་པ་གཞུག་པ་མ་བཤད་པའི་ཕྱིར་ཞེས་ཟེར་རོ། །དགྲ་ནག་གི་འགྲེལ་པ་ལྷན་ཅིག་སྐྱེས་པའི་སྣང་བ་ལས། བྱ་བ་དང་སྤྱོད་པའི་ལུགས་ལ་ཡང་བསྒྲུབ་བྱ་དང་སྒྲུབ་པའི་ཐབས་དུས་རིང་པོར་རྗེས་སུ་མི་འཇུག་སྟེ། དེ་དག་ནི་བརྟགས་པ་ལས་རབ་ཏུ་བྱུང་བ་ཉིད་ཡིན་ཏེ། དེར་ནི་འདི་ལྟར་རས་རིས་ལ་སོགས་པར་གཏོགས་པའི་ལྷའི་སྟོབས་ཀྱིས་དངོས་གྲུབ་རྫོགས་པར་བྱེད་པའི་ཕྱིར་རོ། །རྣལ་འབྱོར་གྱི་རྒྱུད་དུ་ནི་ཁྱད་པར་འདི་ཡོད་དེ་རང་གི་ལྷའི་རྣལ་འབྱོར་གྱིས་རས་རིས་ལ་སོགས་པར་གཏོགས་པའི་ལྷ་ལ་དམིགས་ནས་མཐུན་པའི་དངོས་གྲུབ་སྒྲུབ་བར་བྱེད་དོ། །ཞེས་གསུངས་ཤིང་རྒྱལ་བས་བྱིན་གྱིས་ཀྱང་གསང་འདུས་འགྲེལ་པར་དེ་བཞིན་དུ་བཤད་ལ། ཨིནྡྲ་བྷཱུ་ཏིས་བྱས་ཟེར་བའི་བདེ་མཆོག་གི་འགྲེལ་པར་ཡང༌། གསང་བ་རྡོ་རྗེ་ཐེག་པ་ལ་གནས་པའི་བྱ་
བ་དང་སྤྱོད་པའི་སྒོ་ལས་ཀྱང་རིག་སྔགས་ཀྱི་རྗེས་སུ་གནང་བ་ཙམ་ལ་བརྟེན་ཏེ། བདག་དང་ལྷ་ཐ་དད་དུ་ལྟ་བ་ཅན་ཡོངས་སུ་བརྟགས་པ་མཚན་བཅས་དམིགས་པ་ལས་གྲུབ་པའི་དོན་མངོན་དུ་བྱེད་པར་འདོད་པའོ། །ཞེས་བཤད་དེ་འདི་རྣམས་ཀྱིས་ནི་བྱ་སྤྱོད་གཉིས་ཀ་ལ་བདག་སྐྱེད་མེད་པར་འདོད་དོ། །བསམ་གཏན་ཕྱི་མ་ལས། གསང་སྔགས་བསམ་གཏན་ཞེས་བྱ་བ། །མཆོག་ཏུ་གསང་བ་ཡང་དག་གསུངས། །ཞེས་པའི་འགྲེལ་པ་ལས། གསང་བ་ནི་མི་བསྟན་པ་སྟེ་དེ་དག་ནི་འདི་ལྟར་དགོངས་སོ། །གསང་སྔགས་ཀྱི་བསམ་གཏན་དེ་གསང་སྔགས་ཐམས་ཅད་འགྲུབ་པའི་ཡན་ལག་གི་སྙིང་པོར་གྱུར་པ་ཡིན་ཡང༌། རྒྱུད་སོ་སོ་དག་ཏུ་གསལ་བར་རྣམ་པར་ཕྱེ་སྟེ་མ་བསྟན་པ་ནི། སླར་སྡུད་པ་དང་སྲོག་དང་རྩོལ་བ་ལ་སོགས་པ་བསམ་གཏན་གྱི་ཡན་ལག་རྣམས་ནན་ཏན་དུ་བྱེད་མི་ནུས་པའི་གདུལ་བྱའི་འགྲོ་བ་རྣམས་གཟུང་བའི་ཕྱིར་རོ། །མི་མངོན་པའི་ཚིག་ཏུ་ནི་ཐམས་ཅད་དུ་ཡང་ཕལ་ཆེར་གསུངས་ཏེ་ཕྱིས་བཤད་པར་བྱའོ། །ཞེས་སྔགས་ཀྱི་བསམ་གཏན་འཆད་པར་འགྱུར་བའི་ལྷའི་རྣལ་འབྱོར་ལ་སོགས་པ་ནི། དངོས་གྲུབ་སྒྲུབ་པའི་ཡན་ལག་རྣམས་ཀྱི་སྙིང་པོ་ཡིན་ཡང་བྱ་རྒྱུད་གཞན་རྣམས་སུ་གསལ་བར་མ་བསྟན་པ་ནི་འཆད་པར་འགྱུར་བའི་རླུང་ནང་དུ་འཛིན་པ་སོགས་ཀྱི་ཐབས་ཀྱིས། ལྷའི་རྣལ་འབྱོར་རྩེ་གཅིག་ཏུ་སྒོམ་པར་མི་ནུས་པ་རྣམས་རྒྱུད་ལ་གཟུང་བའི་ཕྱིར་དུ་ཡིན་གྱི། མི་གསལ་བའི་ཚུལ་དུ་ནི་རྒྱུད་གཞན་རྣམས་སུ་ཡང་བཤད་ཅེས་སངས་རྒྱས་གསང་བས་
གསུངས་སོ། །ཡང་འགྲེལ་པ་དེ་ཉིད་ལས། འདི་ཡང་གསང་སྔགས་བཟླས་རྗོད་བྱེད་པའི་བསམ་གཏན་གྱི་ཚེ་ན་བྱ་བར། བྱ་བའི་རྒྱུད་ཐམས་ཅད་ཀྱི་སྤྱིའི་ཆོ་ག་བསྡུས་པའི་རྒྱུད་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་དང༌། དཔུང་བཟང་དང་དཔལ་རྟོག་པ་བསྡུས་པ་ལ་སོགས་པ་དང༌། བྱེ་བྲག་གི་རྒྱུད་འཕགས་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་དང༌། འཕགས་པ་ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བ་དང༌། བྱང་ཆུབ་ཀྱི་སྙིང་པོ་དང༌། རིག་འཛིན་གྱི་སྡེ་སྣོད་ལ་སོགས་པ་ལས་གསུངས་ཏེ། ཁ་ཅིག་ཏུ་ནི་མི་མངོན་པའི་ཚིག་ཏུ་བཤད། ཁ་ཅིག་ཏུ་ནི་གསལ་བར་བསྟན་ཏེ། འདི་ལྟར་རབ་ཏུ་གྲུབ་པར་བྱེད་པ་ལས། བཟླས་རྗོད་བྱེད་པས་བཟླས་བརྗོད་ཆེ། །རིག་སྔགས་ལྷ་ཉིད་བཏང་ནས་ནི། །སྒོམ་པ་མཆོག་ཏུ་གཅེས་པ་ཡང༌། །རྟོག་པས་བཟུངས་ནས་ཡོང་མི་བསམ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེས་དང༌། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལས་ཀྱང༌། བཟླས་རྗོད་བྱེད་པའི་ཚེ་བཟླས་བརྗོད་ཀྱི་ཡན་ལག་བཞིའི་སྦྱོར་བས་སྔགས་ཀྱི་སྦྱོར་བ་གསལ་བ་ཉིད་དུ་བཤད་དོ། །ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བ་ལས་ཀྱང༌། འཇམ་དཔལ་ནམ་སྔགས་པ་ལྷུན་གྱིས་གྲུབ་པར་ལྷ་ཉིད་ཀྱི་ང་རྒྱལ་དུ་གྱུར་པ་དེའི་ཚེ། གསང་སྔགས་ཐམས་ཅད་མངོན་དུ་ཕྱོགས་པར་གནས་པར་འགྱུར་རོ་ཞེས་གསུངས་སོ། །རིག་སྔགས་འཆང་གི་སྡེ་སྣོད་ལས་ཀྱང༌། རི་མོ་ལ་སོགས་པ་ལ་གནས་པའི་ལྷའི་བསམ་གཏན་བྱ་བ། འདིས་ནི་སྙན་ཆ་ཀུན་ཏུ་སྐྱོད། །ནེའུ་ལེ་རྐྱལ་བུ་
སྒུལ་བ་སྙམ། །དེ་ལྟར་བཟླས་བརྗོད་འབད་པའི་ཚེ། །ཞབས་ལ་སོགས་པའང་རིམ་གྱིས་བརྟག །ཅེས་གསུངས་པ་དང༌། དཔལ་རྟོག་པ་བསྡུས་པ་ལས་ནི། ཆོས་བདག་མེད་པ་གོམས་པར་བྱ་བ་དང་ལྷའི་རྣལ་འབྱོར་གཞུང་རབ་ཏུ་མང་པོས་བསྟན་པས་འདིར་མ་བྲིས་སོ། །དེ་བས་ན་དེ་ལ་སོགས་པའི་རྒྱུད་ལས་ཇི་ལྟར་སྲེད་པའི་ལྷའི་གཟུགས་དང༌། གསང་སྔགས་ཀྱི་སྒྲའི་བསམ་གཏན་དུ་བྱས་པ་ཉིད་ཀྱི་བཟླས་བརྗོད་གསུངས་སོ། །ཞེས་ལྷའི་གཟུགས་སྒོམ་པ་དང་སྔགས་ལ་དམིགས་ནས་བསམ་གཏན་བྱ་བ་དང༌། བདག་གི་དེ་ཁོ་ན་ཉིད་སྒོམ་པ་སོགས་གསལ་མི་གསལ་དང་ཚང་མ་ཚང་ཅི་རིགས་སུ་རྒྱུད་རྣམས་ལས་བཤད་པར་གསུངས་ཤིང༌། བསམ་གཏན་ཕྱི་མ་དང་རྣམ་སྣང་མངོན་བྱང་དུ་བཟླས་བརྗོད་ཀྱི་ཡན་ལག་བཞི་ཤིན་ཏུ་གསལ་བར་བསྟན་པར་གསུངས་སོ། །སློབ་དཔོན་འདི་བཟླས་རྗོད་ཀྱི་ཡན་ལག་བཞི་ལ་སོགས་པའི་ལྷའི་རྣལ་འབྱོར་སོགས་ལ་བྱ་སྤྱོད་གཉིས་འདྲ་བར་བཞེད་ཅིང༌། རྣམ་སྣང་མངོན་བྱང་ལྟ་བུ་ཡང་གདུལ་བྱའི་དབང་གིས་བྱ་རྒྱུད་དུ་ཡང་གསུངས་པས། བྱ་སྤྱོད་གཉིས་གདུལ་བྱའི་དབང་གིས་འབྱེད་པ་མ་གཏོགས་པ་རྒྱུད་རང་གི་ངོས་ནས་མི་འབྱེད་དོ། །ལེགས་གྲུབ་ཀྱི་མངོན་རྟོགས་ལས་ཀྱང༌། བྱ་བའི་རྒྱུད་ལས་ལྷ་སྒྲུབ་པའི་རིམ་པ་མ་བསྟན་ཏོ་སྙམ་དུ་བསམ་པར་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཕལ་ཆེར་མ་བསྟན་ཀྱང་ཕྱག་ན་རྡོ་རྗེ་དབང་བསྐུར་བ་དང་དེ་ཁོ་ན་ཉིད་བཅུ་པ་དག་ལས་གཙོ་བོར་བསྟན་ཏོ། །
གཅིག་ཏུ་དངོས་གྲུབ་ཐམས་ཅད་ནི་གསང་སྔགས་ཀྱི་ལྷ་དང་དེ་ཁོ་ན་ཉིད་ལ་རག་ལུས་པ་ཡིན་ལ། དེ་དག་རྣམ་པར་ཉམས་ན་ཞི་བ་ལ་སོགས་པའི་ལས་རྣམས་འགྲུབ་པར་མི་འགྱུར་བས། བླ་མས་བཤད་པ་དང་རྒྱུད་ཀྱི་ཁྱད་པར་ཅུང་ཟད་དཔྱད་པ་ལས་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་སོ། །འདིར་བྱ་རྒྱུད་ལ་ལྷ་སྐྱེད་པ་ཡོད་པའི་ཁུངས་སུ་ཕྱག་རྡོར་དབང་བསྐུར་བ་དྲངས་པ་ནི། སྔ་མ་ལྟར་བྱ་སྤྱོད་ཀྱི་ལྷའི་རྣལ་འབྱོར་འདྲ་བར་བཞེད་པར་གསལ་ལ། ཞི་སོགས་ཀྱི་ལས་རབ་འབྱམས་འགྲུབ་པ་ལྷ་དང་སྟོང་ཉིད་ཀྱི་རྣལ་འབྱོར་ལ་རག་ལས་པས། བྱ་རྒྱུད་ལ་ཡང་ལྷ་སྒོམ་པ་དགོས་པར་བཤད་པ་ནི་ཤིན་ཏུ་ལེགས་པ་ཡིན་ནོ། །གཉིས་པ་ནི། འོ་ན་ལུགས་ཐ་དད་པ་དེ་དག་ལས་འདིར་གང་ཞིག་གཟུང་བར་བྱ་སྙམ་ན། དེ་ལ་སྤྱོད་རྒྱུད་ལ་རང་ལྷར་སྐྱེད་པ་མེད་པར་འདོད་པ་ནི་རིགས་པ་མ་ཡིན་ཏེ། རྣམ་སྣང་མངོན་བྱང་དང་ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལ་སྤྱོད་རྒྱུད་དུ་མི་བྱེད་ན་ནི་སྤྱོད་རྒྱུད་མི་རྙེད་ལ། བྱེད་ན་ནི་དེ་དག་ལས་བདག་སྐྱེད་གསལ་བར་བཤད་པའི་ཕྱིར་དང༌། སྤྱོད་བསྡུས་ཀྱི་ལེའུ་ གསུམ་པ་ལས་ཀྱང༌། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་སྤྱོད་པའི་རྒྱུད ་ལས། ཞེས་སྤྱོད་རྒྱུད་དུ་གསུངས་པའི་ཕྱིར་རོ། །ལྷ་ཕོ་མོ་ལ་དམིགས་པའི་ཕན་ཚུན་དུ་རྗེས་སུ་ཆགས་པ་ལམ་དུ་བྱེད་པ་ཁ་སྦྱོར་དང་བརྟག་གཉིས་ཀྱི་དགོངས་པ་ཡིན་པས་ན། བྱ་བའི་རྒྱུད་ལ་ཡང་རང་ལྷར་སྐྱེད་པ་ངེས་པར་འདོད་དགོས་སོ། །འོ་ན་རང་ལྷར་སྐྱེད་པ་འདི་རྒྱུད་གཞན་གྱིས་བཀབ་ནས་སམ་བྱ་རྒྱུད་རང་གི་ངོས་
ནས་བྱེད་སྙམ་ན། འདི་ལ་ཕྱིས་ཀྱི་མཁས་པ་དག་ན་རེ། བྱ་རྒྱུད་ལ་བདག་སྐྱེད་དང་ཡེ་ཤེས་པ་འཇུག་པ་མེད་པར་གསུངས་པ་ལྟར་དོན་ལ་ཡང་དེ་ལྟར་གསལ་མོད་ནའང༌། སངས་རྒྱས་གསང་བ་དང་བྱང་ཆུབ་མཆོག་གཉིས་ཀྱིས་བྱ་རྒྱུད་ལ་བདག་སྐྱེད་ཡོད་པར་གསུངས་ཤིང་ཡེ་ཤེས་པ་གཞུག་པ་མ་བཤད། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཕྱག་སྟོང་གི་གཟུངས་ཀྱི་སྒྲུབ་ཐབས་ལས་བདག་སྐྱེད་ཡེ་ཤེས་པ་གཞུག་པ་དབང་བསྐུར་བ་དང་བཅས་པ་གསུངས་སོ། །སློབ་དཔོན་པདྨས་མཛད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་དང་དགེ་སློང་མ་དཔལ་མོས་མཛད་པའི་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་དང༌། ཙནྡྲ་གཽ་མིས་མཛད་ཟེར་བའི་གདུགས་དཀར་གྱི་སྒྲུབ་ཐབས་དང༌། ཤཱནྟི་བ་དང་ཛེ་ཏ་རིས་མཛད་པའི་གྲྭ་ལྔའི་སྒྲུབ་ཐབས་དང༌། ཇོ་བོ་རྗེས་མཛད་པའི་གཙུག་ཏོར་དྲི་མེད་ཀྱི་སྒྲུབ་ཐབས་དང༌། གཞན་ཡང་སྒྲུབ་ཐབས་རྒྱ་མཚོ་དང་ཕྱེད་དང་ཉིས་བརྒྱ་པ་དང༌། བརྒྱ་རྩ་ལ་སོགས་པ་རྣམས་སུ་བྱ་རྒྱུད་ལ་བརྟེན་པ་རྣམས་ལའང་བདག་སྐྱེད་དང་ཡེ་ཤེས་པ་གཞུག་པ་ལ་སོགས་པ་བཤད་དེ། སངས་རྒྱས་གསང་བ་སོགས་རྣམ་སྣང་མངོན་བྱང་སོགས་ཀྱང་བྱ་རྒྱུད་དུ་བཞེད་པས་བྱ་སྤྱོད་བསྲེས་པ་ལ་དགོངས་སམ་བརྟག་ཅིང༌། སློབ་དཔོན་གཞན་རྣམས་དེ་ཉིད་བསྡུས་པ་ལས། སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། །ཇི་ལྟར་འདོད་པའི་ཚུལ་གྱིས་ནི། དུམ་བུ་ལས་བཤད་རང་བྱས་པའམ། །སྒྲུབ་པ་འདིར་ནི་ཐམས་ཅད་དོ། །ཞེས་བྱ་སྤྱོད་ཀྱི་ཆོ་ག་ལའང་རྣལ་འབྱོར་རྒྱུད་ཀྱི་རིགས་པ་སྦྱར་དུ་རུང་བར་
བཤད་པ་ལ་དགོངས་སམ། དཔེར་ན་སོར་འབྲང་དང་འོད་ཟེར་ཅན་དང་རི་ཁྲོད་ལོ་མ་ཅན་ལྟ་བུའི་ལྷ་དང་སྔགས་འདྲ་བ་ཞིག་བྱ་རྒྱུད་ལས་འབྱུང་བ་ལྟར། སཾ་པུ་ཊ་སོགས་བླ་མེད་ཀྱི་རྒྱུད་ལས་ཀྱང་འབྱུང་བས་བླ་མེད་ཀྱི་རྒྱུད་ཀྱི་དགོངས་པ་བཀབ་པ་ཡིན་ནམ། འོན་ཏེ་བྱ་རྒྱུད་རང་གི་དགོངས་པས་ཀྱང་བདག་སྐྱེད་ཐོབ་པ་ཡིན་བརྟག་པར་བྱའོ་ཞེས་གསུང་ངོ༌། །དེ་ལ་སངས་རྒྱས་གསང་བས་བྱ་རྒྱུད་ནས་བདག་སྐྱེད་གསལ་བར་བཤད་པ་མ་རྙེད་ནས་རྣམ་སྣང་མངོན་བྱང་དང་ཕྱག་རྡོར་དབང་བསྐུར་བ་སོགས་ཁུངས་སུ་མཛད་པ་ཡིན་ཏེ། བྱ་བའི་རྒྱུད་རྡོ་རྗེ་གཙུག་ཏོར་ནས་བཟླས་རྗོད་ཀྱི་ཡན་ལག་བཞི་གསལ་བར་བསྟན་པར་བཞེད་པའི་ཕྱིར་རོ། །དེ་ལྟར་ཡང་བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་པའི་འགྲེལ་པ་ལས། དེ་བས་ན་སྒྲ་དང་སེམས་དང་གཞི་ལ་སོགས་པ་བཟླས་རྗོད་ལ་སོགས་པའི་ཡན་ལག་རྣམས་ཀྱི་མཚན་ཉིད་ཀྱི་ཚིག་འདིར་མ་བཤད་པ་ནི། འདི་ལྟར་སྒྲ་དང་སེམས་ལ་སོགས་པ་བཤད་པ་ཐོག་མ་ཉིད་དུ་རྒྱུད་འདིར་བཤད་ཟིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །དེར་འདི་དག་གི་མཚན་ཉིད་བཤད་པ་ཡང་སྒྲ་ནི་སྔགས་ཀྱི་ཡི་གེའོ། །སེམས་ནི་སྔགས་ཀྱི་གཞི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའོ། །གཞི་ནི་དེ་བཞིན་གཤེགས་པའི་སྐུའི་རང་བཞིན་ནོ། །གཞི་གཉིས་པ་ནི་རང་གི་ལྷའི་གཟུགས་སོ། །གཞན་ཡང་སྲོག་དང་རྩོལ་བ་དང་སླར་སྡུད་པ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་དག་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་འདི་ཉིད་དུ་སྔར་བཤད་ཟིན་པས། དེ་དང་འབྲེལ་བ་
བསམ་གཏན་ཕྱི་མ་ཞེས་བྱ་བ་རིམ་པར་ཕྱེ་བ་འདིར་དེ་དག་གི་མཚན་ཉིད་མ་གསུངས་པར་ཤེས་པར་བྱའོ། །ཞེས་རང་ལྷའི་གཟུགས་སུ་བྱེད་པ་སོགས་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་འདིར་སྔར་བཤད་ཟིན་པས། དེའི་ཕྱོགས་གཅིག་བསམ་གཏན་ཕྱི་མ་འདིར་མ་གསུངས་པར་བཤད་པའི་ཕྱིར་དང༌། འདི་བྱ་རྒྱུད་དུ་མི་འདོད་པ་ཡང་མེད་པའི་ཕྱིར་རོ། །འདིར་བཤད་པའི་ཡན་ལག་བཞི་དང་རྣམ་སྣང་མངོན་བྱང་གཉིས་ཀྱང་འདྲ་བར་བཞེད་པ་ཡིན་ཏེ་དེ་ཉིད་ལས། ཇི་ལྟར་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་བཤད་པ། ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་ལ་ནི་སྒྲ་ཞེས་བྱ། །གཞི་ནི་རང་གི་ལྷ་གཞག་པ། །རང་གི་ལུས་ལ་བྱ་བ་ཡིན། །གཉིས་པའི་གཞི་ནི་ཞེས་བྱ་བ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །སྲོག་ཅེས་བྱ་བ་རླུང་དུ་བཤད། །རྩོལ་བ་དྲན་པ་ཞེས་བྱའོ། །ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། དེ་བཞིན་དུ་འདིར་ཡང་གཞི་ལ་སོགས་པ་དེ་དག་གི་མཚན་ཉིད་སྔར་བཤད་ཟིན་པར་བལྟའོ། །ཞེས་གསུངས་སོ། །དེས་ན་སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་པའི་གཞིའི་ཚིག་གི་དོན་རང་ལྷར་སྐྱེད་པའི་གཞི་ལ་བྱར་མི་རུང་ན། རྣམ་སྣང་མངོན་བྱང་གི་གཞི་ནི་ཞེས་པའི་རྐང་པ་གཉིས་ཀྱིས་ཀྱང་རང་ལྷར་སྐྱེད་པ་མ་བསྟན་པར་འདོད་དགོས་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །འོད་ཟེར་ཅན་གྱི་རྟོག་པ་འགའ་ཞིག་ལས་བདག་སྐྱེད་གསལ་བར་བཤད་ཅིང་བསྐྱེད་རིམ་དང་རྫོགས་རིམ་ཞེས་པའི་ཐ་སྙད་བྱས་པ་ཡང་སྣང་མོད།
དེ་དག་བྱ་རྒྱུད་དུ་བྱེད་ན་ནི་མ་དག་པར་གསལ་ལ། རྣལ་འབྱོར་བླ་མེད་དུ་གཏོགས་པར་འདོད་ན་ནི་བྱ་རྒྱུད་ལ་བདག་སྐྱེད་ཡོད་པའི་ཁུངས་སུ་མི་རུང་ངོ༌། །དེས་ན་བྱ་རྒྱུད་རང་གི་ངོས་ནས་བདག་སྐྱེད་ཡོད་པ་ལ་ནི་བསམ་གཏན་ཕྱི་མ་འགྲེལ་པ་དང་བཅས་པ་ཤིན་ཏུ་གསལ་བར་སྣང་ཞིང༌། སངས་རྒྱས་གསང་བས་རྣམ་འཇོམས་ཀྱི་འགྲེལ་པར་རྣམ་འཇོམས་ཀྱི་རྒྱུད་རྒྱས་པ་ལས་ལྷ་དྲུག་བསྒོམ་པར་གསུངས་པ་དྲངས་པ་སོགས་ཀྱིས་ཀྱང་ཤེས་སོ། །དེ་ཉིད་བསྡུས་པའི་སྟོད་འགྲེལ་ལས། བྱ་བ་དང་སྤྱོད་པ་དང་གཉིས་ཀའི་རྒྱུད་ལ་སོགས་པའི་ཆོ་ག་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཀྱང་ཆོ་ག་དེས། འདི་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱའོ་ཞེས་དོན་དེ་བཤད་པར་བྱ་བའི་ཕྱིར། སྙིང་པོ་ཕྱག་རྒྱ་སྔགས་རིག་རྣམས། །ཇི་ལྟར་འདོད་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སྟོན་ནོ། །ཞེས་གསུངས་ཏེ། སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་བཞི་ནི་རིམ་པ་བཞིན་དུ་དུམ་བུ་བཞི་ཀའི་དཀྱིལ་འཁོར་ཆེན་པོ་དང་གཟུངས་དཀྱིལ་དང་ཆོས་དཀྱིལ་དང་ལས་དཀྱིལ་ལས་གསུངས་པ་རྣམས་རྣལ་འབྱོར་རྒྱུད་རང་དང༌། བྱ་སྤྱོད་ཀྱི་རྒྱུད་གཞན་གྱི་ཆོ་ག་གཉིས་ཀས་ཀྱང་བསྒྲུབ་ཏུ་རུང་བར་གསུངས་པས་དེའི་སྒོ་ནས་ཀྱང་བདག་སྐྱེད་དང་ཡེ་ཤེས་པ་གཞུག་པ་སོགས་རུང་བར་གསལ་ལོ། །བྱ་རྒྱུད་དང་བླ་མེད་གཉིས་ནས་འོད་ཟེར་ཅན་ལ་སོགས་པ་ལྷ་དང་སྔགས་འདྲ་བར་གསུངས་པ་རྣམས་ལ་དགོངས་ནས་ཀྱང༌། དེ་དག་མཚོན་པ་ཙམ་དུ་བྱས་ནས་བྱ་སྤྱོད་ནས་བཤད་
པའི་ལྷ་ལ་སྐྱེད་ཆོག་སོགས་བླ་མེད་ལྟར་མཛད་པ་སྒྲུབ་ཐབས་རྒྱ་མཚོ་སོགས་ན་མང་དུ་ཡོད་པར་མངོན་ནོ། །འོ་ན་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་ལུང་གི་དོན་གང་ཡིན་སྙམ་ན། དེ་ནི་སངས་རྒྱས་གསང་བས་གསུངས་པ་ལྟར། བྱ་རྒྱུད་ཀྱི་གདུལ་བྱ་ལྷའི་རྣལ་འབྱོར་རྩེ་གཅིག་ཏུ་སྒོམ་པའི་བྱ་བས་འཇིགས་ཤིང་སྐྲག་པ་དང༌། རྨད་དུ་བྱུང་བ་སྟེ་འཇིག་རྟེན་དང་འགལ་བའི་འདོད་ཆགས་ཀྱི་ཀུན་སྤྱོད་ལམ་དུ་བྱེད་པའི་སྣོད་དུ་མ་གྱུར་པ་དང༌། སྐྱེ་རྒ་ལ་སོགས་པའི་སྐྱོན་གྱི་རྒྱུའི་རྣམ་རྟོག་བདེན་འཛིན་དང་བཅས་པའི་སྤྱོད་པས་ལམ་སྒྲུབ་པའི་བྱེ་བྲག་པ་འགའ་ཞིག་ལ། རང་ཉིད་ལྷར་སྐྱེད་པ་དང་ཡེ་ཤེས་པ་འཇུག་པ་མེད་པར་གསུངས་ཀྱི་བྱ་རྒྱུད་ཀྱི་གདུལ་བྱ་གང་ཡིན་ཐམས་ཅད་ལ་མ་ཡིན་ཏེ་རྡོ་རྗེ་གཙུག་ཏོར་བཞིན་ནོ། །བྱ་སྤྱོད་གཉིས་ཀ་ལ་དེ་འདྲ་བའི་གདུལ་བྱ་ཤས་ཆེ་བས་རྒྱུད་རྣམས་ནས་ཀྱང་ལྷའི་རྣལ་འབྱོར་མི་གསལ་ཞིང༌། ཡོད་པ་རྣམས་ཀྱང་མི་རྒྱས་པ་ཡིན་མོད་ཀྱང་གདུལ་བྱའི་གཙོ་བོ་ནི་ལྷའི་རྣལ་འབྱོར་སྲོག་རྩོལ་བསྡམས་པ་སོགས་ཀྱི་སྒོ་ནས་རྩེ་གཅིག་ཏུ་སྒོམ་པ་ལ་མི་དགའ་བ་འམ་མི་ནུས་པ་མ་ཡིན་ན། །སློབ་དཔོན་བྱང་ཆུབ་མཆོག་གིས་བཤད་པ་ལྟར་བྱ་སྤྱོད་ཀྱི་སྔགས་ལ་སྤྱོད་པའི་སོ་སོ་སྐྱེ་བོས་ཀྱང་རལ་གྲི་རི་ལུ་ལ་སོགས་པའི་གྲུབ་པ་ཆེན་པོ་རྣམས་དང༌། ཞི་བ་ལ་སོགས་པའི་ལས་རབ་འབྱམས་རྣམས་འགྲུབ་པར་བཤད་ལ། དེ་འགྲུབ་པ་ནི་ལྷ་དང་སྟོང་པའི་རྣལ་འབྱོར་ལ་བལྟོས་པར་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་གསལ་བར་
གསུངས་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་བདག་ཉིད་རང་གི་ལྷའི་གཟུགས་སུ་བྱས་ལ། ཐེ་ཚོམ་མེད་པའི་ཡིད་ཀྱིས་ང་རྒྱལ་བསྐྱེད་ཅིང་འགྲོ་ཡང་རུང་འགྲེང་ཡང་རུང་འདུག་ཀྱང་རུང༌། རྟག་ཏུ་དུས་ཐམས་ཅད་དུ་བསྐྱོད་ཀྱང་མི་གཡོ་བ་དེའི་ཚེ་ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཞེས་གསུངས་ཤིང་དེས་ལྷས་བསྟན་པའི་ཚུལ་དང་མཐུན་པར་བྱ་བ་བྱེད་ཅིང་རྣལ་འབྱོར་ལ་བརྩོན་པའི་ཚེ་བརྟུལ་ཞུགས་ལ་གནས་པ་དང༌། བརྟུལ་ཞུགས་དེ་ལ་བཟླས་རྗོད་དང་སྦྱིན་སྲེག་སོགས་ཀྱི་ལས་སྤྱོད་པའི་ཚེ་སྤྱད་པ་སྤྱོད་པ་དང༌། ལྷ་དང་ཐ་མི་དད་པའི་རྣལ་འབྱོར་ལ་བརྩོན་ཞིང་བསླབ་པའི་གཞི་རྣམས་བཟུངས་ཏེ་ཐེག་ཆེན་ལ་སྤྱོད་པའི་ཚེ་གསང་སྔགས་ལ་དངོས་གྲུབ་འཐོབ་བར་གསུངས་པའི་དེ་མ་ཐག་ཏུ། གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་མཚན་མ་མེད་པ་ལ་གནས་པར་བྱའོ། །ཞེས་གསུངས་པའི་མཐར། རྫོགས་སངས་རྒྱས་ཀྱིས་བཅས་པ་ཡི། །བརྟུལ་ཞུགས་དང་ནི་ཚུལ་ཁྲིམས་དང༌། །སྤྱོད་དང་བསླབ་པའི་གཞི་རྣམས་ལ། །གང་ཚེ་གནས་ནས་དེ་ཡི་ཚེ། །སྔགས་པས་འདི་ལྟར་སྔགས་འགྲུབ་བོ། །རྟོག་དང་བྲལ་བའི་ཡེ་ཤེས་ནི། །སྔོན་གྱི་རྒྱལ་བས་མངོན་སངས་རྒྱས། །རྟོག་དང་བྲལ་བ་དེ་ལ་ནི། །གསང་སྔགས་འགྲུབ་པར་བསྟན་པ་ཡིན། །དེ་ཡི་འབྲས་བུ་རྣམ་དག་
པ། །རང་བཞིན་གྱིས་ནི་འོད་གསལ་འགྱུར། །གང་ཞིག་རྟོག་ལ་གནས་བྱེད་པ། །དེ་ལ་དངོས་གྲུབ་མི་འབྱུང་ངོ༌། །དེ་ལྟ་བས་ན་རྟོག་སྤངས་ལ། །སྔགས་ཀྱི་གཟུགས་ནི་བསམ་པར་བྱ། །ཞེས་གསལ་བར་གསུངས་ཏེ། རྟོག་པ་སྤངས་པ་ནི་བདག་མེད་པའི་ཤེས་རབ་ཀྱིས་བདག་འཛིན་གྱི་རྟོག་པ་སུན་ཕྱུང་བ་ཡིན་གྱི་རྟོག་པ་གང་ཡིན་འགོག་པ་མིན་ནོ། །སྔགས་ཀྱི་གཟུགས་བསམ་པ་ནི་ལྷ་སྒོམ་པའོ། །ལྷའི་རྣལ་འབྱོར་བརྟན་པའི་ཚད་ཀྱང་འགྲོ་ཡང་རུང་ཞེས་པ་ནས་མི་གཡོ་བ་དེའི་ཚེ་ཞེས་པའི་བར་གྱིས་བསྟན་ཏེ། མཉམ་པར་བཞག་མ་བཞག་གི་སྤྱོད་ལམ་ཐམས་ཅད་དུ་ལྷའི་སྐུ་ལས་སེམས་གཞན་དུ་མི་གཡོ་པར་འཛིན་པའི་ནུས་པ་ཐོབ་ནས་ཐ་མལ་པའི་ང་རྒྱལ་སེལ་ནུས་པའོ། །རང་ལ་ཡེ་ཤེས་པ་གཞུག་པ་སློབ་དཔོན་སངས་རྒྱས་གསང་བ་དང་བྱང་ཆུབ་མཆོག་གཉིས་ཀྱིས་མ་བཤད་ཀྱང༌། རྒྱ་གར་པའི་པཎ་གྲུབ་དུ་མས་བཤད་པས་ན་རུང་སྟེ། དེ་མི་རུང་ན་དེའི་རྒྱུ་མཚན་དུ་རང་དང་ལྷ་ཡེ་ཤེས་པ་གཉིས་སོ་སོར་བཟུངས་ནས་གཅིག་ཏུ་འཛིན་པ་ལ་མི་མོས་པ་དགོད་དགོས་ན། དེ་ནི་མི་རུང་སྟེ་རང་གི་ལུས་ངག་ཡིད་གསུམ་དང་ལྷའི་སྐུ་གསུང་ཐུགས་གསུམ་དབྱེར་མི་ཕྱེད་པར་མོས་པའི་མཐུས། ལུས་ཀྱི་བསྒྲུལ་བསྐྱོད་ཀུན་ཕྱག་རྒྱ་དང་ངག་ཏུ་བརྗོད་པ་ཀུན་སྔགས་སུ་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དཀྱིལ་འཁོར་མཐོང་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྙིང་
རྗེ་དང་ལྡན་པ་ཐབས་ལ་མཁས་པ་གསང་སྔགས་ཀྱི་སྒོ་ཡི་གེའི་ཚུལ་བསྟན་པ་ལ་མཁས་པས་འདི་སྙམ་དུ་ངག་མ་གཏོགས་པར་ཡིད་མེད་ཡིད་མ་གཏོགས་པར་ངག་མེད། ཡིད་མ་གཏོགས་པར་ལྷའི་གཟུགས་མེད་དེ་ཡིད་ཉིད་ངག་ཡིན་ངག་ཉིད་ཡིད་ཡིན་ཞིང་ལྷའི་གཟུགས་ཉིད་ཀྱང་ཡིད་ཡིན་ལ། ངག་ཉིད་ཀྱང་ལྷའི་གཟུགས་ཡིན་ནོ་སྙམ་དུ་བསམ་པར་བྱའོ། །དེ་ལྟར་ཐ་དད་དུ་བྱ་བ་མེད་པར་མོས་ན་སྔགས་པས་ཡིད་རྣམ་པར་དག་པ་ཐོབ་བོ། །ཡིད་རྣམ་པར་དག་པ་དང་ལྡན་པ་དེ་དག་གི་ཚེ་ན་རྣམ་པ་ཐམས་ཅད་དུ་རྟག་པ་བདག་གི་ལུས་དང་ལྷའི་གཟུགས་སུ་བདག་གི་ངག་དང་ལྷའི་ངག་ཏུ་བདག་གི་ཡིད་དང་ལྷའི་ཡིད་དུ་མཚུངས་པར་མཐོང་བ་དེའི་ཚེ་མཉམ་པར་བཞག་པ་ཡིན་ནོ། །གང་ཚེ་ཀུན་ཏུ་ཐམས་ཅད་དུ། །སྔགས་པ་མཉམ་པར་བཞག་གྱུར་ན། །དེ་ཚེ་ལུས་ལ་སོགས་པ་ཡི། །མཉམ་ཉིད་གནས་ལ་ཞུགས་པར་འགྱུར། །མཉམ་ཉིད་གནས་ལ་གནས་པ་ཡི། །ཡན་ལག་བསྐྱོད་པ་ཇི་སྙེད་དང༌། །ཚིག་ཏུ་བརྗོད་པ་ཇི་སྙེད་པ། །དེ་སྙེད་གསང་སྔགས་ཕྱག་རྒྱ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འདི་བྱ་རྒྱུད་ལ་ཡང་མཚུངས་ཏེ་རང་ལྷར་སྐྱེད་པ་ཡོད་ན་རྣམ་སྣང་སོགས་གང་རུང་དུ་བསྐྱེད་རྒྱུའི་ལྷ་དེ་དངོས་ཡིན་ནོ་སྙམ་པའི་ང་རྒྱལ་བྱ་དགོས་པའི་ཕྱིར་རོ། །དེས་ན་ལུས་ལྷ་དང་ངག་སྔགས་དང་ཡིད་དེ་ཁོ་ན་ཉིད་ལ་ཞུགས་པར་ལྟ་བ་ནི་བླ་མེད་ཀྱི་ཁྱད་ཆོས་མ་ཡིན་གྱི་རྒྱུད་སྡེ་འོག་མ་ལ་ཡང་ངེས་པར་དགོས་སོ། །གཉིས་པ་ལ་གཉིས། ལམ་སྡུད་པའི་སྤྱིའི་ཆིངས་བཤད་པ་དང༌། ལམ་གྱི་རིམ་པ་དངོས་
བཤད་པའོ། །དང་པོ་ནི། བསམ་གཏན་ཕྱི་མ་ལས། དུས་གསུམ་དུ་ནི་ཕྲ་མོ་འདི། །གསང་སྔགས་སྒྲུབ་ལ་བརྟུན་པ་ཡིས། །ཚངས་པ་རྟག་ཏུ་རིག་བྱ་བ། །ཡན་ལག་བཅུ་ཡི་ཆོ་གའི་ལས། །ཞེས་སྔགས་སྒྲུབ་པ་ལ་བརྩོན་པས་ཐུན་གསུམ་དུ་བསམ་གཏན་གྱིས་རིག་པར་བྱ་བས་ན་ཕྲ་མོ་སྟེ་ལྷའི་རྣལ་འབྱོར་གྱི་མཚན་ཉིད་རིག་སྔགས་ཀྱི་བརྟུལ་ཞུགས་རིག་པར་བྱ་བ་སྟེ་མངོན་དུ་བྱས་པ་ལས་དངོས་གྲུབ་སྒྲུབ་པའི་ཡན་ལག་རྣམས་བཅུར་བསྡུས་ནས་གསུངས་སོ། །བཅུ་ནི་གང་དུ་སྒྲུབ་པའི་གནས་དང༌། བདག་གི་དེ་ཁོ་ན་ཉིད་དང༌། རིག་སྔགས་ཀྱི་དེ་ཁོ་ན་ཉིད་དང༌། བཟླས་རྗོད་ཀྱི་དེ་ཁོ་ན་ཉིད་དང༌། མེ་ལ་གནས་པ་དང༌། སྒྲ་ལ་གནས་པ་དང༌། སྒྲ་མཐར་ཐར་བ་སྟེར་བའི་བསམ་གཏན་གསུམ་དང༌། སྔགས་སྒྲུབ་པ་ལ་འཇུག་པའི་ཆོ་ག་དང༌། སྦྱིན་སྲེག་གི་ཆོ་ག་དང༌། དབང་བསྐུར་བའི་ཆོ་ག་སྟེ་བཅུར་འགྲེལ་པས་བཤད་དོ། །དེ་ལ་རིག་སྔགས་ལ་སོགས་པ་གསུམ་ནི་བཟླས་བརྗོད་ཀྱི་ཡན་ལག་བཞིའི་བསམ་གཏན་ནོ། །དེ་ནས་གསུམ་ནི་འཆད་པར་འགྱུར་བའི་དེ་ཉིད་གསུམ་གྱི་བསམ་གཏན་ཏེ་དེ་གཉིས་ནི་ལམ་གྱི་གཙོ་བོའོ། །དེ་ནས་གཅིག་ནི་བསམ་གཏན་གཉིས་པོ་དེ་སྒྲུབ་པའི་དུས་སུ་སྔོན་དུ་བྱ་བའི་ཆོ་ག་དང་མཇུག་ཏུ་བྱ་བའི་ཆོ་ག་རྣམས་སོ། །དབང་བསྐུར་ནི་ལམ་དེ་དག་སྒོམ་པའི་སྣོད་རུང་དུ་བྱེད་པའོ། །སྦྱིན་སྲེག་ནི་སྒྲུབ་པའི་དུས་དང་ལས་སྦྱོར་གྱི་དུས་ལ་སོགས་པར་བྱ་བའོ། །དེ་དག་གི་སྒོ་ནས་ནུས་པ་རྙེད་པ་ན་ལས་རབ་འབྱམས་རྣམས་བསྒྲུབས་ནས་བྱང་ཆུབ་
ཀྱི་སྤྱོད་པ་རྫོགས་པར་བྱེད་དེ། དེ་ནི་བྱ་བ་དང་སྤྱོད་པ་གཉིས་ཀའི་རྒྱུད་ཀྱི་དོན་རྣམས་དེ་གཉིས་ཀྱི་གདུལ་བྱ་འཚང་རྒྱ་བའི་ཆ་རྐྱེན་དུ་སྡུད་པའི་ཚུལ་ལོ། །དེ་ཡང་བྱ་བ་སྤྱིའི་ རྒྱུད་བཞི་ལས་དཔུང་བཟང་གིས་ཞུས་པར་ནི་དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་པདྨའི་རིགས་གསུམ ་དང༌། གཞན་ཡང་ལྔས་རྩེན་དང་ནོར་ཅན་དང་འཇིག་རྟེན་པའི་རིགས་དྲུག་གི་རིགས་དང་གསང་སྔགས་དང༌། ལས་ཀྱི་དབྱེ་བ་དང་མཉེས་པར་བྱ་བའི་ཐབས་རྣམས་རྒྱུད་ཁ་ཅིག་ཏུ་རྒྱས་པར་བཤད་པ་སྡུད་མ་ཤེས་པ་བསྡུ་བ་དང༌། ཁ་ཅིག་ཏུ་མདོ་ཙམ་དུ་བསྟན་པ་གསལ་བར་བཤད་པ་དང༌། གཞན་དག་ཏུ་མ་གསུངས་པ་རྣམས་བསྟན་པར་མཛད་དེ། ཡན་ལག་བཞིའི་བསམ་གཏན་དང་དེ་ཉིད་གསུམ་གྱི་བསམ་གཏན་ཕལ་མོ་ཆེ་གསལ་བར་མ་བཤད་པར་སྔགས་སྒྲུབ་པའི་ཆོ་ག་ལྷག་མ་དང༌། ལས་ཚོགས་སྒྲུབ་པའི་ཚུལ་རྣམས་གསལ་ཞིང་རྒྱས་པར་བཤད་དོ། །སྤྱི་ རྒྱུད་ལས་ནི་རིགས་གསུམ ་གྱི་དཀྱིལ་འཁོར་སུམ་སྟོང་དང་ལྔ་བརྒྱ་བཤད་པ་རྣམས་ཀྱི་བྲི་བ་དང་དབང་བསྐུར་བ་ལ་སོགས་པའི་སྤྱིའི་ཆོ་ག་སྟོན་པས་གཙོ་ཆེར་སྣོད་རུང་དུ་བྱེད་པའི་སྐོར་རྣམས་སྟོན་ནོ། །ལེགས་གྲུབ་ལས་ནི་བསམ་གཏན་དྲུག་ཤིན་ཏུ་གསལ་བ་མིན་པར་རིགས་གསུམ་གྱི་ཐུན་མོང་གི་སྔགས་སྒྲུབ་པའི་ཆོ་ག་དང་ལས་ཚོགས་སྒྲུབ་ལུགས་དང་སྦྱིན་སྲེག་དང་བསྲུང་བྱའི་དམ་ཚིག་ལ་སོགས་པ་གསལ་བར་སྟོན་ནོ། །བསམ་གཏན་ཕྱི་མ་
ལས་ནི་སྤྱིར་བསམ་གཏན་དྲུག་དང་ཁྱད་པར་དུ་བསམ་གཏན་གྱི་ཡན་ལག་སྲོག་རྩོལ་སྡོམ་པ་སོགས་དང༌། བསམ་གཏན་ཕྱི་མ་གསུམ་ཤིན་ཏུ་གསལ་བར་སྟོན་ནོ། །དེ་ཡང་རིགས་ གསུམ་གྱི་ཐུན་མོང་དུ་སྣང་ངོ༌། །དེ་དག་གི་རྣམ་གཞག་ཤེས་ན་བྱ་བ་སོ་སོ་བའི་རྒྱུད ་རྣམས་དང་སྤྱོད་རྒྱུད་རྣམས་ཀྱི་དོན་ཚན་རྣམས་ཇི་ལྟར་བསྡུ་བ་ཡང་ལེགས་པར་ཤེས་པར་འགྱུར་རོ། །དེ་ཡང་བཞིར་བསྡུས་ན་བདེ་སྟེ། ལམ་སྒོམ་པའི་སྣོད་རུང་དུ་བྱེད་པའི་དབང་བསྐུར་བའི་སྐོར་དང༌། དངོས་གྲུབ་འགྲུབ་པའི་གཞི་དམ་ཚིག་དང་སྡོམ་པ་བསྲུང་བའི་སྐོར་དང༌། དེ་ནས་ནུས་པ་བསྐྱེད་པའི་ཕྱིར་བསྙེན་པའི་སྐོར་དང༌། ནུས་པ་རྙེད་ནས་རང་གཞན་གྱི་དོན་བྱ་བའི་ཕྱིར་དངོས་གྲུབ་སྒྲུབ་པའི་སྐོར་རོ། །བྱ་སྤྱོད་ལ་བརྟེན་པའི་ལྷའི་སྒྲུབ་ཐབས་མང་དུ་སྣང་ཡང་རྒྱུད་གཉིས་ནས་ཇི་ལྟར་འབྱུང་བ་ལྟར་བཀྲལ་བ་ནི། སངས་རྒྱས་གསང་བ་དང་བྱང་ཆུབ་མཆོག་གི་གཞུང་ལེགས་པར་སྣང་བས་འདིར་དེ་བཞིན་དུ་བཤད་པར་བྱའོ། །གཉིས་པ་ལ་གཉིས། བྱ་རྒྱུད་ཀྱི་ལམ་གྱི་རིམ་པ་དང༌། སྤྱོད་རྒྱུད་ཀྱི་ལམ་གྱི་རིམ་པའོ། །དང་པོ་ལ་བཞི། ལམ་སྒོམ་པའི་སྣོད་དུ་རུང་བར་བྱ་བ་དང༌། སྣོད་དུ་གྱུར་ནས་དམ་ཚིག་དང་སྡོམ་པ་དག་པར་བྱ་བ་དང༌། དམ་ཚིག་ལ་གནས་ནས་སྔོན་དུ་བསྙེན་པ་ཇི་ལྟར་བྱ་བ་དང༌། བསྙེན་པ་ལས་སུ་རུང་ནས་དངོས་གྲུབ་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི། དཀྱིལ་འཁོར་གྱི་ཆོ་ག་དབང་བསྐུར་བ་དང་བཅས་པ་ནི་གཞུང་ཧ་ཅང་མངས་པས་འཇིགས་པས་འདིར་མི་བྲི་ལ། རྒྱུད་གཉིས་ལ་དཀྱིལ་འཁོར་དུ་གཞུག་པ་ཙམ་དང་ཞུགས་པ་ལ་དབང་ཇི་ཙམ་ཞིག་སྐུར་བ་ནི་རྩ་ལྟུང་གི་རྣམ་བཤད་དུ་བཤད་ཟིན་ཏོ། །གཉིས་པ་ནི། དབང་བསྐུར་
བའི་སྐབས་སུ་སྡོམ་པ་ཇི་འདྲ་ཞིག་བཟུང་བ་དང་དེའི་རྩ་བའི་ལྟུང་བ་ཇི་ལྟར་ཡིན་པ་སོགས་ནི་རྩ་ལྟུང་གི་རྣམ་བཤད་དུ་རྒྱས་པར་བསྟན་པས་འདིར་ནི་དམ་ཚིག་གཞན་རྣམས་བཤད་པར་བྱའོ། །དེ་ཡང་ལེགས་གྲུབ་ཀྱི་རིག་སྔགས་ཀྱི་འདུལ་བ་རིམ་པར་ཕྱེ་བ་ལས། དེ་ནས་གཞན་ཡང་གང་ཞིག་ལ། །གནས་ན་ཟློས་པ་པོ་རྣམས་ཀྱིས། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི། །གསང་སྔགས་ཟློས་པའི་འདུལ་བ་བཤད། །སྒྲུབ་པས་གསང་སྔགས་ཐམས་ཅད་དང༌། །ལྷ་རྣམས་དག་ནི་ཐམས་ཅད་དང༌། །ཟློས་པ་བདག་ཉིད་ཆེན་པོ་ལ། །མཁས་པས་ཞེ་སྡང་མི་བྱའོ། །མཁས་པས་གསང་སྔགས་ཆོ་ག་དང༌། །གསང་སྔགས་རང་བཟོར་མི་བྱ་ཞིང༌། །རང་བཞིན་ངན་པའི་མི་དག་ལ། །བརྙས་པར་ཡང་ནི་མི་བྱའོ། །བླ་མ་དཀྱིལ་འཁོར་སྟོན་པ་ནི། །སྤྱོད་པ་ངན་པར་གྱུར་ན་ཡང༌། །ངག་གམ་ཡང་ན་ཡིད་ཀྱིས་སུ། །ནམ་ཡང་སྨད་པར་མི་བྱའོ། །མཁས་པས་རིག་སྔགས་དག་ལ་ནི། །ཁྲོས་ནས་གནན་དང་བཅིང་བ་དང༌། །བཅད་པ་དང་ནི་ཚིར་གཅོད་དང༌། །དྲག་སྤྱོད་དེ་དང་དེ་མི་བྱ། །གཞན་གྱིས་རྗེས་སུ་མ་གནང་བར། །གསང་སྔགས་གཟུང་བར་མི་བྱ་སྟེ། །བསྙེན་བཀུར་མ་བྱས་པ་ལ་ཡང༌། །ཆོ་ག་ཤེས་པས་སྔགས་མི་སྦྱིན། །རྒྱུད་ཤེས་མཁན་པས་གསང་སྔགས་དང༌། །ཕྱག་རྒྱ་ཆོ་ག་ཞིབ་མོ་དང༌། །རྒྱུད་དང་དཀྱིལ་འཁོར་བཤད་པ་དག །དཀྱིལ་འཁོར་མ་ཞུགས་ལ་མི་སྦྱིན། །མཚོན་ཆ་འདྲ་བ་ཐམས་ཅད་དང༌། །དེ་བཞིན་སེམས་ཅན་འདྲ་བ་དང༌། །ཕྱག་རྒྱ་སྣ་ཚོགས་ཐམས་ཅད་དག །བཟའ་བར་མི་བྱ་འགོམ་མི་
བྱ། །སྒྲུབ་པ་པོ་ནི་བློ་ལྡན་གྱིས། །སྨན་རྣམས་སྨོད་པར་མི་བྱ་སྟེ། །མི་གཙང་བས་ཀྱང་རིག་མི་བྱ། །རྐང་བས་ཀྱང་ནི་མི་འགོང་ངོ༌། །ཐེག་པ་ཆེན་པོ་པ་དག་དང༌། །ཤེས་རབ་ཅན་གྱིས་བརྩད་མི་བྱ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དག །ཐོས་ནས་སུན་ཀྱང་མི་དབྱུང་ངོ༌། །སྔགས་ཀྱིས་སྒྲུབ་པ་པོ་དག་དང༌། །ལྷན་ཅིག་ནམ་ཡང་འགྲན་མི་བྱ། །ཉེས་པ་ཆུང་ངུ་དག་ལ་ནི། །ཁྲོས་ནས་དྲག་ཤུལ་སྤྱད་མི་བྱ། །ཟློས་པ་ཆོ་ག་ལ་གནས་པས། །གླུ་གར་རྩེད་མོ་མི་བྱ་སྟེ། །མཛེས་པར་བྱ་ཕྱིར་ཕྲེང་བ་དང༌། །ཁ་དོག་འཆང་བར་མི་བྱའོ། །འགོང་བ་དང་ནི་མཆོད་པ་དང༌། །རྒྱུག་པ་དང་ནི་ཙབ་ཧྲལ་དང༌། །ལུས་ལས་བྱུང་བའི་གནས་ངན་ལེན། །ཐམས་ཅད་ཡོངས་སུ་སྤང་པར་བྱ། །བདེན་པའི་ཆོས་ལ་གནས་པ་ཡིས། །ལོག་པ་གཏུམ་དང་འགྱུར་དང་རྩུབ། །དབྱེན་གྱི་ཚིག་ཀྱང་སྤང་བ་དང༌། །དོན་མེད་གཏམ་མང་མི་བྱའོ། །མུ་སྟེགས་ཅན་དང་གནས་པ་དང༌། །རྩོད་པ་དག་ཀྱང་མི་བྱ་ཞིང༌། །གདོལ་པ་ལ་སོགས་རིགས་ངན་དང༌། །གསང་སྔགས་ཟློས་པ་སྨྲ་མི་བྱ། །བློ་ཅན་བཟླས་རྗོད་བྱེད་པ་ན། །སྔགས་གཡོག་གཅིག་པུ་མ་གཏོགས་པར། །གཞན་དང་ལྷན་ཅིག་དགོས་མེད་པར། །འགའ་དང་ཡང་ནི་སྨྲ་མི་བྱ། །འབྲུ་མར་དག་གིས་ལུས་མི་བསྐུ། །ཏིལ་ཡང་བཟའ་བར་མི་བྱའོ། །ལ་ཕུག་སྒོག་པ་ཚྭ་དག་དང༌། །བཅའ་སྒྱུར་རྣམ་པ་ཐ་དད་དང༌། །ཅུང་པེང་དང་ནི་སྲན་རིལ་དང༌། །
ཏིལ་གྱི་ཅུང་པེང་ལ་དུ་དང༌། །དེ་བཞིན་མ་ཤའི་སྲན་ཆེན་དག །དངོས་གྲུབ་འདོད་པས་རྣམ་པར་སྤང༌། །ལོག་འདྲེན་དག་གི་ཟས་ཀུན་དང༌། །གཏོར་མའི་ཁ་ཟས་ཐམས་ཅད་དང༌། །ཀྲྀས་ར་དང་འོ་ཐུག་ཀྱང༌། །གསང་སྔགས་ཟློས་པས་རྣམ་པར་སྤང༌། །ཤིང་རྟ་ལ་སོགས་བཞོན་པ་དང༌། །པདྨ་ལ་སོགས་བརྫི་མི་བྱ། །ཁ་ཟས་ལྷག་མ་བོར་བ་ལ། །རྐང་པས་ཀྱང་ནི་རེག་མི་བྱ། །སྒེག་པའི་ཆོ་ག་ཐམས་ཅད་དང༌། །ལྷམ་དང་གདུགས་དག་འཆང་བ་དང༌། །ལུས་ཀྱི་བྱི་བྱད་ཐམས་ཅད་དག །གསང་སྔགས་ཟློས་པས་རྣམ་པར་སྤང༌། །རྐང་པས་རྐང་པ་ཉེད་པ་དང༌། །ལག་པས་ལག་པ་མཉེ་མི་བྱ། །བཤད་གཅི་དག་ནི་ཆུར་མི་དོར། །དེ་དང་ཉེ་བར་དོར་མི་བྱ། །སྙིམ་པ་ཁོ་ནར་མི་བཟའ་སྟེ། །འཁར་བའི་སྣོད་དུའང་བཟའ་མི་བྱ། །ལོ་མའི་རྒྱབ་ཏུ་འང་མི་བཟའ་ཞིང༌། །མཁས་པས་ཆགས་པའི་ཟས་མི་བཟའ། །ཁྲི་རྣམས་དང་ནི་ཁྲིའུ་དག་ལ། །སྒྲུབ་པ་བློ་ལྡན་མི་གཙང་ལ། །གཞན་དང་ཉལ་བར་མི་བྱ་སྟེ། །གན་རྐྱལ་ཁ་སྦུབ་ཏུ་ཡང་མིན། །ཡང་དང་ཡང་དུ་མི་བཟའ་སྟེ། །ཧ་ཅང་ཆུང་དང་ཆེར་མི་བཟའ། །མི་བཟའ་བར་ཡང་མི་བྱ་ལ། །གང་དག་དོགས་པའི་པའང་མི་བཟའོ། །ངོ་མཚར་རྣམས་ལ་དགའ་མི་བྱ། །ལྟད་མོ་ཀུན་ལ་མི་བལྟ་ཞིང༌། །བུད་མེད་ཡུལ་ལ་འཇོལ་ཉག་ལ། །ཞེན་པའི་སེམས་ཀྱིས་ཆགས་མི་བྱ། །སྔགས་ཟོས་ཆོ་ག་ལ་གནས་པས། །ལུས་དང་ངག་དང་ཡིད་ཀྱིས་ཀྱང༌། །ཟས་དང་དེ་བཞིན་སྤྱོད་པ་ལ། །མ་བསྡམས་པར་ནི་