རྣམ་གཞག་རིམ་པའི་རྣམ་བཤད་དཔལ་གསང་བ་འདུས་པའི་གནད་ཀྱི་དོན་གསལ་བ།
རྣམ་གཞག་རིམ་པའི་རྣམ་བཤད་དཔལ་གསང་བ་འདུས་པའི་གནད་ཀྱི་དོན་གསལ་བ་ཞེས་བྱ་བ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པས་མཛད་པ་བཞུགས་སོ། །
རྣམ་གཞག་རིམ་པའི་རྣམ་བཤད་དཔལ་གསང་བ་འདུས་པའི་གནད་ཀྱི་དོན་གསལ་བ་ཞེས་བྱ་བ། རྗེ་བཙུན་དམ་པ་ཐུགས་རྗེ་ཅན་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་རྡོ་རྗེ་ཐེག་པའི་གནད། །ཇི་བཞིན་རྟོགས་པས་དྲངས་པའི་དགའ་བདེའི་རོས། །ཡིད་ཀྱི་སྐྱེས་བུ་ཀུན་ནས་ཚིམ་མཛད་པ། །འཇམ་དབྱངས་བླ་མའི་ཞབས་ལ་གུས་ཕྱག་འཚལ། །འོད་གསལ་ལྷ་ཡི་ལམ་ལས་འཁྲུངས། །ཟུང་འཇུག་དབང་བོའི་གཞུ་ལྟ་བུ། །དཔལ་ལྡན་དང་པོའི་མགོན་དེ་ཡི། །མཛད་པས་ཁྱེད་རྣམས་སྐྱོང་གྱུར་ཅིག །གར་མཁན་མཆོག་དེས་འགྲོ་བ་འདུལ་བའི་ཕྱིར། །སྣ་ཚོགས་རོལ་བའི་ཉམས་ཀྱིས་གར་
མཛད་པས། །ཉིད་སྐུའི་ཆ་ཤས་གཉིས་ལྷག་སུམ་ཅུ་ཡི། །འཁོར་ལོ་མཆོག་ཏུ་སྤྲུལ་ལ་བདག་ཕྱག་འཚལ། །གང་ཞིག་རྟོགས་ན་སྐྱེ་ཤི་བར་དོ་གསུམ། །སྐུ་གསུམ་ཉིད་དུ་བསྒྱུར་བའི་ཐབས་མཁས་མཆོག །དཔལ་ལྡན་འདུས་པའི་རྒྱུད་དུ་རྒྱས་བཏབ་པ། །རབ་གསལ་བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །ཇི་བཞིན་བཀྲོལ་བས་སྐལ་བཟང་རྣམས་ལ་ནི། །དངོས་གྲུབ་མཆོག་གི་དགའ་སྟོན་སྩོལ་བ་ཡི། །རྒྱུད་རྒྱལ་འདུས་པའི་གནད་དོན་གསལ་མཛད་པ། །འཕགས་པ་ཡབ་སྲས་ཞབས་ལ་གུས་བཏུད་ནས། །ཀླུ་སྒྲུབ་སྲས་མཆོག་ཀླུ་ཡི་བྱང་ཆུབ་ཀྱིས། །འཕགས་པའི་ དགོངས་པ ་གསལ་ཕྱིར་མཛད་པ་ཡི། །རྣམ་གཞག་རིམ་པའི་རྣམ་
བཤད་སྔོན་མེད་པ། །འདུས་པའི་དོན་གསལ་བདག་གིས་བཤད་ཀྱིས་ཉོན། །འདིར་བདག་ཅག་གི་སྟོན་པ་འཇིག་རྟེན་ཐམས་ཅད་ཀྱི་མིག་གཅིག་པུར་གྱུར་པ་དཔེ་ཟླ་མེད་པའི་མཁྱེན་པ་དང་བརྩེ་བ་དང་དེ་དག་གི་མཐུ་ཕུལ་དུ་བྱུང་བ་མངའ་བ་དེས། འདོད་ཆགས་དང་བྲལ་བའི་སྐུར་སྤྲུལ་ནས་དམན་པ་ལ་མོས་པ་རྣམས་ལ་འདོད་ཆགས་དང་བྲལ་བའི་སྤྱོད་པ་དང༌། རྒྱ་ཆེན་པོ་ལ་མོས་པ་རྣམས་ལ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། འཁོར་ལོས་སྒྱུར་བའི་གཟུགས་སུ་སྤྲུལ་ནས་ཟབ་མོ་ལ་ལྷག་པར་མོས་པ་རྣམས་ལ་འདོད་ཆགས་ཀྱི་སྤྱོད་པ་སྟེ། སྤྱོད་པ་གསུམ་སྟོན་པའི་ཐེག་པ་དམན་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང༌། རྡོ་རྗེ་ཐེག་པའི་གསུང་རབ་མཐའ་ཡས་པ་ཅིག་གསུངས་པ་རྣམས་ལས། གོང་ནས་གོང་དུ་ཇེ་མཐོ་ཇེ་མཐོར་སོང་བའི་མཐར་ཐུག་པའི་རྩེ་མོ་ནི་དཔལ་གསང་བ་འདུས་པ་ཡིན་པར་གསུངས་ཏེ། དགྲ་ནག་གི་རྒྱུད་ལས། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། ཞེས་དང༌། འཇམ་དཔལ་གྱི་ཞལ་གྱི་ལུང་ལས་ཀྱང༌། སངས་རྒྱས་ཀུན་གྱི་འདུས་པའི་རྒྱུད། །གསང་ཆེན་གསང་བ་ཆེས་གསང་བ། །གོང་ན་མེད་པའི་ལུང་ཆེན་པོ། ཞེས་གསུངས་ཤིང༌། སྒྲོན་གསལ་ལས་ཀྱང༌། གསལ་བྱེད་ཀྱི་ཡི་གེའི་མཐའ་ཅན་གྱི་རྒྱུད་སྡེ་ཇི་སྙེད་གསུངས་པ་ཐམས་ཅད་ཀྱི་རྩ་བ་ཡང་ས་མ་ཛའི་ཡི་གེས་བསྟན་པའི་འདུས་པ་ཡིན་ལ་མདོ་སྡེ་ཐམས་ཅད་ཀྱིའང་སྣོད་དུ་གྱུར་པས་ན་གསུང་རབ་ཀུན་གྱི་རྩེ་མོར་གསུངས་ཏེ་ཇི་སྐད་དུ། ཇི་སྲིད་ཡ་ར་ལ་ཧའི་བར། །ཀ་ཁ་གྷ་མཐའ་ཎ་ཛའི་མཐའ། །ད་ངྷའི་མཐའ་དང་
མ་མཐར་བཅས། །དེ་དེའི་རྩ་བ་ཡི་གེ་གསུམ། །ཐུབ་པ་ཆེན་པོས་ཆོས་ཕུང་བོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་དེ་ནི་རྒྱུད་ཀྱི་རྩེ། ཞེས་སོ། །དེའི་ཕྱིར་ཚུལ་བཞིན་དུ་དཔྱོད་པའི་ཤེས་རབ་དང༌། བཟློག་ཏུ་མེད་པའི་དད་པ་དང༌། རྒྱུན་ཆད་པ་མེད་པའི་བརྩོན་འགྲུས་ལ་སོགས་པའི་འཕགས་པའི་ནོར་གྱི་འབྱོར་བ་དང་ལྡན་པའི་སྐལ་བ་དང་ལྡན་པ་དག་གིས་ནི། རྣལ་འབྱོར་གྱི་དབང་ཕྱུག་ཨིནྡྲ་བོ་ངྷི་དང་མགོན་པོ་ཀླུ་སྒྲུབ་ལ་སོགས་པ་བགྲང་ལས་འདས་པའི་དཔལ་བོ་དང་རྣལ་འབྱོར་མ་ཡོན་ཏན་གྱི་ཕུང་བོ་ཆེན་པོ་རྣམས་ཀྱིས་གཤེགས་ཤིང་སླར་ཡང་གཤེགས་པར་འགྱུར་པའི་བགྲོད་པ་གཅིག་པའི་ལམ་དཔལ་གསང་བ་འདུས་པ་ནས་གསུངས་པའི་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་ལ་འབད་པ་དྲག་པོས་འཇུག་པར་རིགས་ཤིང༌། དེ་འདྲ་བའི་ཡོན་ཏན་མེད་པས་ཀྱང་ཐ་ན་སྨོན་ལམ་གྱི་ཡུལ་དུ་བྱས་ནས་ཀྱང་བསྒྲུབ་པར་བྱ་སྟེ། ཞལ་ལུང་ལས། དེ་བས་རབ་ཏུ་འབད་པ་ཡིས། །མཆོག་གི་དེ་ཉིད་རབ་གསང་གསང༌། །སྨོན་ལམ་གྱིས་ཀྱང་ཐ་ན་བསྒྲུབ། །བསྒྲུབ་པ་ལ་ནི་ཤིན་ཏུ་འབད། ཅེས་གསུངས་སོ། །དེ་ལ་འཇུག་པའི་རིམ་པ་ཡང་ཕྱིའི་རྐྱེན་བཤེས་གཉེན་དམ་པ་ཆེས་རྙེད་དཀའ་བ་དང་ནང་གི་རྐྱེན་དལ་འབྱོར་བཟང་བོ་རྙེད་དཀའ་ཞིང་རྙེད་པ་ཡང་རླུང་ནང་གི་མར་མེ་ལྟར་སྐད་ཅིག་ཀྱང་མི་སྡོད་པར་ཤིན་ཏུ་གཡོ་བའི་ཚུལ་རྣམས་ལེགས་པར་བསམ་པ་དང༌། བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་བརྟན་པར་བསྐྱེད་ཅིང་སྦྱིན་པ་ལ་སོགས་པའི་བྱང་སེམས་ཀྱི་སྤྱོད་པ་ལ་བསླབས་ཏེ་ཟབ་མོ་རྡོ་རྗེ་ཐེག་པ་ལ་མོས་པ་བརྟན་པ་ན། གསང་བ་འདུས་པ་
ལ་སོགས་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་དམ་ཚིག་དང་སྡོམ་པ་ལེགས་པར་མནོས་པ་དེ་ཚུལ་བཞིན་དུ་བསྲུང་བ་ཅིག་གཞིར་བྱས་ནས་སྔགས་ཀྱི་ལམ་སྒོམ་པ་ནི། སྔགས་ལ་མཁས་པའི་ཤིང་རྟ་ཆེན་པོ་རྣམས་ཀྱི་ལུགས་ཡིན་ཏེ། སྒྲུབ་ཐམབས་ཀུན་བཟང་ལས། དལ་འབྱོར་འདི་ནི་ཤིན་ཏུ་གཡོ་བ་དང༌། །འཇིག་རྟེན་སྐྱེ་བོ་དམ་པ་ཕྲད་རྙེད་དཀའ། །དེ་བས་ཤེས་རབ་ཐབས་ལ་གཞོལ་བ་ཡི། །ཡིད་ལ་བྱེད་པའི་མཆོག་ཏེ་བསྒྲུབ་པར་བྱ། །དེ་ལ་སྔགས་པས་སྙིང་རྗེའི་སྟོབས་ཀྱིས་ནི། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པ་དང༌། །གཏོང་བ་ལ་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །ཟབ་མོའི་ཚུལ་དག་ལ་ནི་ལྷག་པར་མོས། །དཔལ་ལྡན་འདུས་པའི་དཀྱིལ་འཁོར་ཆོ་ག་ཡིས། །རང་གིས་དབང་བསྐུར་ཕུན་སུམ་ཚོགས་ལྡན་ཞིང༌། །ཆོ་ག་བཞིན་དུ་རྗེས་གནང་ཐོབ་པ་ཡིས། །བློ་དང་ལྡན་པས་རང་སྔགས་མཉེས་པར་བྱ། ཞེས་དང༌། ཞལ་ལུང་ལས་ཀྱང༌། དེ་བས་ཆུ་འཁོར་དྲག་པོའི་ཁར་ལྷུང་ལྟར། །ལུས་དང་ངག་དང་སེམས་ཀྱིས་བརྩོན་འགྲུས་བསྐྱེད། །རིམ་པར་སྔོན་བཞིན་རབ་ཏུ་བསྒྲུབ་པར་བྱ། །དལ་འབྱོར་འདི་ནི་ཤིན་ཏུ་གཡོ་སླ་བས། །ཇི་ལྟར་རླུང་གིས་མར་མེ་གསོད་པ་ལྟར། །སྐད་ཅིག་ཙམ་དུ་མི་སྡོད་དུས་འདའ་བྱེད། །དེ་བས་འདི་ནི་ཆུད་གསན་མི་བྱ་སྟེ། །དངོས་ཀུན་དེ་ཉིད་མཆོག་ཆེན་རབ་བརྩོན་བྱ། ཞེས་གསུངས་པ་ལྟར་རོ། །ལམ་གྱི་རིམ་པ་དེ་དག་ནི་གསུང་རབ་སྦྱི་ལ་ངེས་པ་སྟེར་བའི་གལ་བོ་ཆེ་ཡིན་པས་སྔར་ཡང་བྱང་ཆུབ་ལམ་གྱི་རིམ་པར་རྒྱས་པར་བཤད་ཅིང་སླར་ཡང་སྔགས་དང་བསྟུན་ནས་གཞུང་གཞན་གྱི་འགྲེལ་པར་འཆད་པར་འདོད་པས་འདིར་དེ་
ཙམ་ལས་མི་བཤད་དོ། །འོ་ན་སྔར་བཤད་པའི་རྟེན་དེས་སྔགས་ཀྱི་ལམ་ཇི་འདྲ་བ་ཞིག་བསྒོམ་པར་བྱ་སྙམ་ན། འདུས་པའི་རྒྱུད་ཕྱི་མ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པ་ཡི་ནི་རིམ་ཉིད་དོ། །ཞེས་གསུངས་པ་འདི་རྩ་རྒྱུད་ལེའུ་བཅུ་འདུན་པོ་ཐམས་ཅད་ཀྱི་དོན་རིམ་པ་གཉིས་སུ་འདུ་བའི་ཁུངས་སུ་སྒྲོན་གསལ་ལས་དྲངས་པས་ན། བསྒོམ་པར་བྱ་བའི་ལམ་ནི་རིམ་པ་གཉིས་ཡིན་ནོ། །འདིར་མ་ཟད་རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་ཀྱི་ལམ་ཡང་རིམ་པ་གཉིས་སུ་འདུ་བས་ན་སྔགས་པས་གང་ཞིག་རྟོགས་ན་སྔགས་ཀྱི་ལམ་ཐམས་ཅད་ཀྱི་གནད་ཁྲོལ་བ་ལམ་རིམ་པ་གཉིས་ལ་མཁས་པར་བྱའོ། །དེས་ན་རྒྱུད་སྡེ་རིམ་པོ་ཆེའི་དོན་རྣམས་ཤིང་རྟ་ཆེན་པོ་དག་གིས་ལེགས་པར་བཀྲལ་བའི་རིམ་པ་གཉིས་ཀྱི་རྣམ་གཞག་བྱས་པ་དང་མི་མཐུན་པའི་ཟབ་པར་འདོད་པའི་གདམས་པ་ལ་རིང་དུ་འབད་ཀྱང་ས་བཅས་ པ་ཅི་ཡང་མི་འབྱུང་བས། ཤེས་རབ་ཅན་རྣམས་ཀྱིས་རྒྱུད་སྡེ་དང་དེའི་དགོངས ་འགྲེལ་གྱི་གཞུང་ཆེན་མོ་རྣམས་གདམས་ངག་ཏུ་འཆར་བའི་ཐབས་ལ་འབད་པར་རིགས་སོ། །རིམ་པ་གཉིས་ལ་སློབ་པ་ཡང་ཐོག་མར་སྐས་ཀྱི་གདང་བུ་འོག་མ་དང་འདྲ་བའི་བསྐྱེད་རིམ་ལ་སློབ་པ་ཡིན་ཏེ་རིམ་ལྔ་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། ཞེས་སོ། །འདི་ལ་འདུས་པའི་སྒྲུབ་ཐབས་རིམ་པ་དང་པོ་དངོས་ནི་མདོར་བྱས་ནས་གསུངས་པའི་
ཏིང་ངེ་འཛིན་གསུམ་ཡན་ལག་དང་བཅས་པ་ཡིན་ལ། མངོན་རྟོགས་དེ་རྩ་རྒྱུད་ཀྱི་གཞུང་གང་གིས་བསྟན་པའི་ཚུལ་གྱིས་ལུང་གིས་སྒྲུབ་པ་ནི་མདོ་དང་བསྲེས་པའོ། །མངོན་རྟོགས་ཀྱི་ལམ་དེ་དག་དེ་ལྟར་སྒོམ་པའི་རྒྱུ་མཚན་གྱི་གནད་ལ་ངེས་པ་སྟེར་ཞིང་མངོན་རྟོགས་ལ་ཐེ་ཚོམ་གྱི་གནས་གཞན་ཡང་མང་དུ་བཅད་ནས་བསྐྱེད་རིམ་གཙོ་བོར་སྟོན་ཞེས་རྫོགས་རིམ་གྱི་གནད་འགའ་ཞིག་ཀྱང་སྟོན་པ་ནི་རྣམ་གཞག་རིམ་པ་སྟེ་དེ་ནི་འདིར་གང་བཤད་པར་བྱ་བའོ། །འདི་ལ་གསུམབཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས་ལས་མཆོད་པར་བརྗོད་པ་ནི། ཕྱག་ནི་འདུད་པ་སྟེ་དེ་བྱས་ཞེས་དྲང་ངོ༌། །ཡུལ་གང་ལན་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེ་འཆང་ལའོ། །དེ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་གང་ལ་དབྱེར་མི་ཕྱིར་པར་ལྡན་པའི་སྐུའོ། །གང་གིས་ན་སློབ་དཔོན་ཀླུའི་བློས་སོ། །དུས་ནམ་གྱི་ཚེ་ན་རྣམ་གཞག་རིམ་པ་རྩོམ་པའི་དང་པོར་རོ། །དགོས་པ་ནི་རང་དམ་པར་རྟོགས་པ་དང་གཞན་དང་བ་བསྐྱེད་པ་དང་རྩོམ་པའི་བར་ཆད་ཟློག་པའི་དོན་དུའོ། །ཏེ་ཞེས་པ་ཁྲུས་བྱས་ཏེ་ཟས་ཟ་ཞེས་པ་ལྟར་བྱ་བ་ལ་འཇུག་པའི་རིམ་པ་སྟོན་པས་ཕྱག་བྱས་ནས་བསྟན་བཅོས་རྩོམ་ཞེས་སྟོན་པའོ། །བརྩམ་པར་དམ་བཅའ་བ་ནི། བཤད་པར་བྱ་ཞེས་དྲང་ངོ༌། །གང་ན། འདུས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་ཚོགས་པའམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་སྟེ་རྒྱུད་ཕྱི་མ་ལས། །སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བཤད།
ཅེས་སོ། །དེ་སྒྲུབ་པའི་ཐབས་ནི་མདོར་བྱས་ནས་འབྱུང་བའི་ཏིང་ངེ་འཛིན་གསུམ་འཁོར་དང་བཅས་པའོ། །དེའི་ཡན་ལག་ནི་འདི་སྒྲུབ་ཐབས་དེའི་ཆ་ཤས་སུ་གྱུར་པ་ཡིན་གྱི་རང་དབང་དུ་མི་གནས་པའོ། །རྣམ་པར་བཞག་པའི་རིམ་པ་ནི་རྣམ་པར་དགོད་པ་ལ་སོགས་པ་བཞི་སྟེ་དེ་བཞི་སྟེ་དེ་བཤད་བྱར་བཀོད་པའོ། །དེའི་དགོས་པ་ནི་ཤེས་རབ་སྡོང་བུ་ལས། དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། ཞེས་གསུངས་པ་ལྟར་རྩོམ་པ་མཐར་ཕྱིན་པའི་ཆེད་དུའོ། །གཉིས་པ་ལ་གཉིས། རྣམ་གཞག་མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འདུས་པའི་སྒྲུབ་ཐབས་ཀྱི་རྣམ་གཞག་རིམ་པ་རྩོམ་པར་དམ་བཅས་པ་དེ་ལ་ཐོག་མར་གང་གི་རྣམ་གཞག་འཆད་པའི་སྒྲུབ་ཐབས་མདོ་ཙམ་དུ་བསྟན་ན་རྟེན་དང་བརྟེན་པ་བསྐྱེད་པ་གཉིས་ཀྱི་རྟེན་བསྐྱེད་པའི་དང་པོར་དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ལ་སྣོད་དང་སོགས་པའི་སྒྲས་བསྡུས་པ་བཅུད་ཀྱི་དངོས་པོ་རྣམས་སྟོང་པ་ཉིད་དུ་གཞུག་པ་སྟེ་བསྒོམ་པར་བྱའོ། །རེ་ཞིག་ནི་སྔོན་ལ་འདི་བྱ་ལ། དེ་ནས་འདི་བྱའོ་ཞེས་རིམ་པ་སྟོན་པའོ། །དེའི་རྗེས་ནས་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པས་སའི་ཆ་བསྐྱེད་པའི་སྟེང་དུ་བྷྲུཾ་ལས་གཞལ་ཡས་ཁང་བསྐྱེད་པ་དེར་མི་བསྐྱོད་པ་ལ་སོགས་པའི་ལྷ་སོ་གཉིས་ཀྱི་འཁོར་ལོ་ཐམས་ཅད་ལྷག་པར་མོས་པ་ཙམ་གྱིས་རང་རང་གི་གདན་ལ་དགོད་པར་བྱའོ། །འདི་ལ་བོད་ཀྱི་བླ་མ་ཁ་ཅིག་རིགས་སུའི་ཟློས་པ་པོ་ཡིན་ཡང་ལྷག་མོས་ཀྱི་གཙོ་བོ་
རྡོ་རྗེ་འཆང་གིས་བྱེད་པ་ལ་འདིར་མི་བསྐྱེད་པ་སྨོས་པ་ནི་དེའི་རིགས་ཀྱི་ཟློས་པ་པོ་ལ་ དགོངས་པ ་ཡིན་གསུངས་པ་ནི་མི་འཐད་དེ། འདིར་མི་བསྐྱོད་པ་དཀྱིལ་འཁོར་ལ་དགོད་བྱར་གསུངས་ཀྱི་དགོད་པ་པོར་མ་བཤད་པས་ཡི་གེའི་དོན་དུ་མི་སྣང་བའི་ཕྱིར་རོ། །བླ་མ་གཞན་གྱིས་ནི་སྒྲོན་མ་རབ་གསལ་དང་འགྲེལ་པ་རིན་ཆེན་ཕྲེང་བར་མི་བསྐྱོད་པ་ཞེ་སྡང་རྡོ་རྗེ་ལྷག་མོས་ཀྱི་གཙོ་བོར་བཤད་པ། མདོར་བྱས་དང་མོད་བསྲེ་དང་ཟླ་བ་གྲགས་པས་རྡོ་རྗེའི་འཆང་དུ་གསུངས་པའི་ལུང་གིས་བཀག་ནས་མི་བསྐྱོད་པ་གཙོ་བོ་མ་ཡིན་པར་འཆད་དོ། །གལ་ཏེ་སློབ་དཔོན་གྱིས་ལྷག་མོས་ཀྱི་གཙོ་བོ་རྡོ་རྗེ་འཆང་དུ་གསུངས་ན་འདིར་མི་བསྐྱོད་པར་བཤད་པ་ཇི་ལྟར་ཡིན་སྙམ་ན། འཕགས་པའི་གཞུང་གཉིས་དང་སྒྲོན་གསལ་ལ་སོགས་པའི་ཟླ་གྲགས་ཀྱི་གཞུང་རྣམས་སུ་ཡང་རྡོ་རྗེ་འཆང་དུ་གསལ་བར་གསུངས་ཤིང་ཁྱད་པར་དུ་མདོ་བསྲེ་ལས། གནས་བསྐྱེད་པ་སྔོན་དུ་འགྲོ་བས་རྡོ་རྗེ་གསུམ་པསྐྱེད་པ་བསྒོམ་པར་བྱའོ་ཞེས་གསུངས་པས་ལྷག་པར་མོས་པ་ཅན་གྱི་སེམས་ཀྱིས་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་གྱུར་ནས། ཞེས་གསུངས་པ་དང༌། འདིར་ཡང༌། དེ་ནས་རྣམ་པར་ཤེས་པའི་བདག་པོ་རྡོ་རྗེ་འཆང་ཆེན་པོ་སེམས་ཅན་བསྐྱེད་པར་མཛད་པ་པོས་སྣོད་ཀྱི་འཇིག་རྟེན་བསྐྱེད་པའི་འོག་ཏུ་སེམས་ཅན་གྱི་ཁམས་ངེས་པར་སྤྲུལ་པར་མཛད་དེ། གནས་ནི་སྒྲུབ་པ་སྔོན་འགྲོ་བས། །རྡོ་རྗེ་གསུམ་པསྐྱེད་བསྒོམ་པར་བྱ། ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་གཉིས་དོན་གཅིག་ཏུ་སྣང་བས་སློབ་དཔོན་འདིས་ཀྱང་རྡོ་རྗེ་འཆང་དུ་བཞེད་མོད་ཀྱང་མི་བསྐྱོད་པར་གསུངས་པ་ནི། ལེའུ་བཅུ་གཅིག་པའི་སྒྲོན་གསལ་ལས། བཅོམ་ལྡན་འདས་
རྡོ་རྗེ་མི་བསྐྱེད་པ་སྟེ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་གསུངས་ཤིང་རྡོ་རྗེ་འཆང་ལ་དེ་བཞིན་གཤེགས་པ་གཞན་གྱི་མིང་གིས་བཏགས་པའི་བཤད་པ་ཡང་མང་བས་མི་འགལ་ལོ། །ལྷ་མོས་བསྒོམས་པ་དེའི་འོག་ཏུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་གྱི་རིམ་པས་ལོངས་སྐུ་རྡོ་རྗེ་འཆང་དང༌། ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་རིམ་པས་སྤྲུལ་སྐུ་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དུ་བསྐྱེད་དེ། དེ་ནས་ཕྱག་རྒྱ་འདུ་བྱ་བ་སྔོན་དུ་འགྲོ་བས་ཡབ་ཡུམ་གྱི་དབང་བོ་གཉིས་མཉམ་པར་སྦྱར་བ་ལས་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཕྱུང་སྟེ། དཀྱིལ་འཁོར་རྒྱལ་མཆོག་བྱའོ། །དེ་ནས་ལྷ་དེ་རྣམས་དང་ཕྲ་མོའི་རྣལ་འབྱོར་བསྒོམ་པ་དང་ལྷ་རྣམས་ཀྱི་ཐུགས་བསྐུལ་བའི་བཟླས་པ་བྱས་ནས་གཙོ་བོ་ཞུ་བ་དང་དེ་ལ་གླུས་བསྐུལ་བ་དང་དེའི་ངོར་བཞེངས་པ་ལ་བསྟོད་ཅིང་མཆོད་པ་བྱས་པའི་མཐར་གཤེགས་སུ་གསོལ་བ་སྟེ་འཁོར་གྱི་ལྷ་རྣམས་གཙོ་བོ་ལ་བསྡུ་བ་དང༌། དེས་མཚོན་ནས་སེམས་ཅན་རྣམས་ལྷར་བྱས་པ་ཡང་རང་ལ་སྡུད་པ་འདི་ནི་མངོན་རྟོགས་སྒོམ་པའི་རིམ་པ་མདོར་བསྡུས་ཏེ་བསྟན་པའོ། །གཉིས་པ་ལ་བཞི། རྣམ་པར་དགོད་པའི་རྣམ་གཞག་རིམ་པ། སྐུའི་དཀྱིལ་འཁོར་གྱི་རྣམ་གཞག་རིམ་པ། ཕྱུང་བའི་དཀྱིལ་འཁོར་གྱི་རྣམ་གཞག་རིམ་པ། དོན་དམ་པའི་དཀྱིལ་འཁོར་གྱི་རྣམ་གཞག་རིམ་པའོ། །དང་པོ་ནི། ད་ནི་རྣམ་པར་བཞག་པ་བཞིའི་དང་པོ་སྔར་ཉེ་བར་བསྡུས་ནས་མདོར་བསྟན་པ་རྒྱས་པར་བརྗོད་པར་བྱ་སྟེ་དེ་ནི་སྣོད་བཅུད་ཀྱི་སྲིད་པའི་རིམ་པ་དང་རྟེན་དང་བརྟེན་པའི་རྣལ་འབྱོར་གཉིས་དཔེ་དོན་དུ་རྣམ་པར་བཀོད་ནས་བསྒོམ་
པའི་ཚུལ་སྟོན་པས་རྣམ་པར་དགོད་པའི་རིམ་པའོ། །འདི་ལ་གསུམ། སྣོད་ཀྱི་སྲིད་པའི་རིམ་པ་དང་མཐུན་པར་བསྒོམ་པ། བཅུད་ཀྱི་སྲིད་པའི་རིམ་པ་དང་མཐུན་པར་བསྒོམ་པ། དེ་དག་དང་བསྟུན་ནས་བསྒོམ་པར་གསུངས་པའི་ དགོངས་པ ་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། སྣོད་ཞིག་ཅིང་སྟོངས་པ་དང་མཐུན་པར་བསྒོམ་པ། སྣོད་ཆགས་པའི་རིམ་པ་དང་མཐུན་པར་བསྒོམ་པའོ། །དང་པོ་ནི། མདོར་བྱས་ལས། དམ་པའི་དོན་དུ་དངོས་པོ་རྣམས། ཞེས་པ་ནས་ཡེ་ཤེས་ས་གཞི་བྱིན་གྱིས་བརླབ། ཅེས་བའི་བར་གྱི་གཞུང་གིས་རྟེན་སྐྱེད་པའི་ཐོག་མར་སྣོད་བཅུད་རྣམས་སྟོང་པ་ཉིད་དུ་སྒོམ་པར་གསུངས་ན་དེ་ལྟར་སྒོམ་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། ལེའུ་དྲུག་པའི་སྒྲོན་གསལ་ལས། འདི་ནི་སྲིད་པ་སྐྱེ་བའི་རིམ་པ་ལྟར་སྒོམ་པ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུངས་ཀར་གྱི་སྒྲས་མཚོན་པར་མཛད་དེ། ཞེས་གསུངས་པ་ལྟར་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྟེན་དང་བརྟེན་པའི་བསྐྱེད་རིམ་བསྒོམ་པ་ནི་སྲིད་པ་སྐྱེ་བའི་རིམ་པ་ལྟར་སྒོམ་པ་ཡིན་ལ། དེ་ལ་ཡང་ཐོག་མར་སྣོད་ཀྱི་སྲིད་པ་སྟོངས་པ་དང་མཐུན་པར་སྒོམ་དགོས་པས་སྣོང་ལ་སོགས་པ་སྟོང་པ་ཉིད་དུ་སྒོམ་པ་གསུངས་སོ། །འདི་ལ་གཉིས། མཐུན་ཡུལ་སྣོད་འཇིག་པའི་རིམ་པ། དེ་དང་རྗེས་སུ་མཐུན་པར་བསྒོམ་པའོ། །དང་པོ་ལ་གཉིས། སྣོད་འཇིག་པའི་སྔོན་དུ་བཅུད་འཇིག་ཚུལ། དེའི་འོག་ཏུ་སྣོད་འཇིག་ཚུལ་དངོས་སོ། །དང་པོ་ནི། གང་གི་ཚེ་སྟོང་གསུམ་འདིར་འཇིག་རྟེན་དུ་འཇིག་པ་ཐོབ་པ་ནི་འཇིག་རྟེན་ཆགས་ནས་བར་བསྐལ་ཉི་ཤུར་གནས་པ་དེ་ལས་ནི་བྱུང་ལ་བར་བསྐལ་ཉི་ཤུར་འཇིག་རྟེན་འཇིག་པར་འགྱུར་པ་དེ་ལ་ཞུགས་ཤིང་དེའི་འགོ་བརྩམས་པ་སྟེ་དེ་ནས་བཟུང་སྟེ་ས་འོག་ས་སྟེང་ས་བླའི་ཁམས་
གསུམ་པའི་སེམས་ཅན་གཅིག་ཀྱང་མ་ལུས་པར་གྱུར་པ་ན་བཅུད་ཞིག་པ་ཡིན་ནོ། །ས་བླའི་ཡ་མཐའ་ནི་མེས་འཇིག་གི་དབང་དུ་བྱས་ན་བསམ་གཏན་དང་པོ་མན་ཆད་དོ། །དེ་ཡང་ཐོག་མར་དམྱལ་བ་ནས་འཇིག་པས་སྟོང་གསུམ་འདིའི་དམྱལ་བར་སེམས་ཅན་གསར་དུ་མི་སྐྱེ་ཞིང་སྔར་སྐྱེས་པ་རྣམས་ཀྱང་ཤི་འཕོས་ནས་དམྱལ་བ་སྟོངས་པར་འགྱུར་རོ། །དེ་ནས་དུད་འགྲོ་དང་དེ་ནས་ཡི་དྭགས་ཀྱི་གནས་སྟོངས་པར་འགྱུར་ཏེ། དེ་ཡང་ངན་འགྲོ་དེ་དག་དུ་དུང་མྱོང་ངེས་ཀྱི་ལས་ཡོད་པ་རྣམས་འཇིག་རྟེན་གཞན་གྱི་དམྱལ་བ་ལ་སོགས་པར་སྐྱེའོ། །དུད་འགྲོ་ནི་རྒྱ་མཚོ་ཆེན་པོ་ན་གནས་པ་རྣམས་སྔར་འཇིག་ལ་མི་དང་ལྷན་ཅིག་འཁོད་པ་རྣམས་དེ་དག་དང་ལྷན་ཅིག་ཏུ་འཇིག་པར་མཛོད་འགྲེལ་ལས་བཤད་དེ་འདོད་ལྷའི་གནས་ཀྱི་དུད་འགྲོ་ལ་ཡང་འདྲ་བར་མངོན་ནོ། །དེ་ནས་འཛམ་བུ་གླིང་པའི་མི་གཅིག་གིས་སློབ་དཔོན་མེད་པར་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ལ་དེས་དེ་ལས་ལངས་ནས་ཀྱེ་མ་དབེན་པ་ལས་སྐྱེས་པའི་དགའ་བདེ་ནི་བདེ་བ་དང་ཞི་བ་ཡིན་ནོ་ཞེས་སྨྲའོ། །སྒྲ་དེ་ཐོས་ནས་མི་གཞན་དག་ཀྱང་སྙོམས་པར་འཇུག་ཅིང་དེ་དག་ཤི་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་སྟེ་འཛམ་བུ་གླིང་པ་རྣམས་སྟོངས་པར་འགྱུར་རོ། །དེ་ནས་ཤར་ལུས་འཕགས་པོ་དང་དེ་ནས་ནུབ་བ་གླང་སྤྱོད་པའི་མི་རྣམས་ཤི་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་ལ་དེ་དག་སྟོངས་པར་འགྱུར་པ་ནི་འཛམ་བུ་གླིང་པ་བཞིན་ནོ། །དེ་ནས་བྱང་སྒྲ་མི་སྙན་པ་རྣམས་འཇིག་སྟེ་དེ་ལ་འདོད་པ་ལ་ཆགས་པ་དང་འབྲལ་བ་མེད་པས་སྔ་མ་གསུམ་བཞིན་དུ་བསམ་གཏན་དང་པོར་མི་སྐྱེའི་ཤི་ནས་འདོད་ལྷའི་ནང་དུ་སྐྱེའོ། །དེ་ནས་འདོད་ལྷ་དྲུག་རིམ་
གྱིས་འཇིག་སྟེ་བསམ་གཏན་དང་པོ་ཐོབ་པའི་འོག་ཏུ་ཤི་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ། །དེ་ནས་བསམ་གཏན་དང་པོའི་ལྷག་ཅིག་གིས་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་ཏེ་དེ་ལས་ལངས་ནས། ཀྱེ་མ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ནི་བདེ་བ་དང་ཞི་བ་ཡིན་ནོ་ཞེས་སྨྲའོ། །སྒྲ་དེ་ཐོས་ནས་ལྷ་གཞན་དག་ཀྱང་དེ་ལ་སྙོམས་པར་འཇུག་ཅིང་དེ་དག་ཤི་འཕོས་ནས་འོད་གསལ་གྱི་ལྷའི་ནང་དུ་སྐྱེས་པས་བསམ་གཏན་དང་པོ་སྟོངས་སོ། །དེ་ལྟར་དམྱལ་བ་བསམ་གཏན་དང་པོའི་བར་གྱི་སེམས་ཅན་གཅིག་ཀྱང་མ་ལུས་པ་ན་བཅུད་ཞིག་པ་ཡིན་ཏེ་དེ་ལ་ནི་བར་བསྐལ་བཅུ་དགུའི་ཡུན་ཡོད་དོ། །གཉིས་པ་ནི། གང་གི་ཚེ་བཅུད་ཞིག་ནས་སྣོད་ཀྱི་འཇིག་རྟེན་འབའ་ཞིག་ལུས་པ་དེའི་ཚེ་ཁམས་གསུམ་པ་སྟེ་ས་གསུམ་པོའི་སྣོད་ཐམས་ཅད་བསྲེགས་ཏེ་ནམ་མཁའ་སྟོང་པའི་རང་བཞིན་དུ་བྱེད་དོ། །ཇི་ལྟར་དུ་སྲེག་ཅེ་ན། ཉི་མ་བདུན་གྱི་འོད་ཟེར་རྣམས་ཀླགས་པ་སྟེ་འཕེལ་བས་སྲེག་གོ །འཕེལ་ཚུལ་ནི་ཉི་མ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རིམ་གྱིས་རིམ་གྱིས་ཀླགས་པས་སོ། །འདི་མཛོད་འགྲེལ་དང་རྒྱལ་པོ་སྲས་ཀྱིས་ཞིབ་པར་མ་བཤད་ལ་ས་ཡི་དངོས་གཞི་ལས། སེམས་ཅན་མེད་པས་ཡོ་བྱད་མི་འབྱུང་ལ་དེ་མེད་པས་ཆར་མི་འབབ་བོ། །དེ་མ་བབ་པས་རྩྭ་དང་སྨན་དང་ཤིང་ཐམས་ཅད་སྐམས་སོ། །ཐན་པ་བྱུང་བས་ཉི་མ་འདི་ཉིད་ཀྱིས་ཤས་ཆེར་སྲེག་གོ །དེ་ནས་སེམས་ཅན་རྣམས་ཀྱི་འཇིག་པར་འགྱུར་པའི་ལས་ཀྱི་དབང་གིས་ཉི་མ་གཞན་དྲུག་འབྱུང་སྟེ་ཉི་མ་འདི་ལས་བཞི་འགྱུར་བཞི་འགྱུར་གྱི་མཐུས་སྲེག་པའོ། །ཉི་མ་གཉིས་པས་ལྟེང་ཀ་ཆེ་ཆུང་དང་གསུམ་པས་ཆུ་ཀླུང་ཆེ་ཆུང་དང་བཞི་པས་མཚོ་མ་དྲོས་པ་དང༌། ལྔ་པ་
དང་དྲུག་པའི་ཕྱོགས་གཅིག་གིས་རྒྱ་མཚོ་ཆེན་པོ་སྐོམས་པར་བྱེད་དོ། །དྲུག་པའི་ཕྱོགས་གཅིག་ནི་ཤར་མ་ཐག་པ་ལ་ཁ་ཅིག་འདོད་དོ། །དེ་ནས་དྲུག་པ་དང་བདུན་པས་རི་རབ་དང་ས་ཆེན་པོ་བསྲེགས་པའི་མེ་ལྕེ་དེ་རླུང་གིས་ཁྱེར་བས་ཚངས་པའི་གཞལ་མེད་ཁང་མན་ཆད་སྲེག་པར་གསུངས་སོ། །སྣོད་འཇིག་བ་དེ་ལ་བར་བསྐལ་གཅིག་དགོས་པས་དེ་ལྟར་དམྱལ་བར་སེམས་ཅན་གསར་དུ་མི་སྐྱེ་ཞིང་འཆི་འཕོ་བ་ནས་སྣོད་ཞིག་པའི་བར་དེ་ནི་འཇིག་པའི་བསྐལ་བ་སྟེ་མཛོད་ལས། འཇིག་པའི་བསྐལ་བ་དམྱལ་བ་ཡི། །སྲོད་པ་མེད་ནས་སྣོད་ཟད་པ། །ཞེས་སོ། །གཉིས་པ་ནི། བསྒོམ་པར་བྱའོ། ཞེས་དྲང་ངོ༌། །གང་གིས་ན་བསྐྱེད་པའི་རིམ་པ་སྒོམ་པ་པོས་སོ། །གང་བསྒོམ་ན། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ཏེ་དེ་ཡང་ཚིག་དེ་ངག་ཏུ་བརྗོད་ཅིང་སྟེ་བརྗོད་ལ་དེའི་དོན་ཡིད་ལ་དྲན་པར་བྱའོ། །ཚུལ་ཇི་ལྟར་སྒོམ་ན། སྣོད་ཞིག་ནས་ནམ་མཁའི་རང་བཞིན་དུ་གནས་པའི་དོན་དེ་ལྟར་རམ་དེ་བཞིན་དུའོ། །དེས་ན་སྐབས་ཀྱི་དོན་སྣོད་ཞིག་པ་ཤེས་པར་བྱས་ནས་དེ་དང་ཆོས་མཐུན་པར་སྟོང་ཉིད་སྒོམ་པ་ཡིན་པ་ལ་བཅུད་འཇིག་པའི་རིམ་པ་བསྟན་པ་ནི། སྣོད་འཇིག་པའི་རིམ་པ་སྟོན་པའི་ཡན་ལག་ཏུ་བཤད་པ་ཙམ་ཡིན་ཏེ་སེམས་ཅན་ཤི་བ་དང་ཆོས་མཐུན་པར་སྒོམ་པ་ནི་ལྷག་མོས་འོད་གསལ་དུ་སྡུད་པའི་སྐབས་ཡིན་པས་འདི་དང་སྐབས་མི་གཅིག་པའི་ཕྱིར་རོ། །སྒོམ་པའི་དུས་སུ་མདོར་བྱས་ལས། ཚིགས་བཅད་འདི་ཡིས་རྒྱུ་མི་རྒྱུའི། །བདག་ཉིད་ཅན་རྣམས་སྟོང་པར་སྒོམ། ཞེས་གསུངས་པ་ལྟར་སྣོད་བཅུད་ཐམས་ཅད་མི་དམིགས་པར་སྒོམ་དགོས་ཀྱང་དེ་གང་དང་ཆོས་མཐུན་པར་སྒོམ་
པའི་མཐུན་ཡུལ་ནི་སྣོད་ཞིག་པ་ལ་བྱའི་བཅུད་ཞིག་པ་ལ་མི་གཟུང་ངོ༌། །ལུགས་གཞན་ལ་འདིའི་སྐབས་ཀྱི་སྟོང་པ་སྒོམ་པ་འཆི་བ་དང་ཆོས་མཐུན་པར་བཤད་པ་ཡང་སྣད་མོད་ཀྱང་དེ་དག་དང་འདི་རྣམ་གཞག་མི་གཅིག་གོ །སྐབས་གཞན་དུ་སྭ་བྷ་བ་དང་ཤཱུ་ནྱ་ཏཱ་ལ་སོགས་པའི་སྔགས་ངག་ཏུ་བརྗོད་ནས་སྔགས་དོན་ཡིད་ལ་སེམས་པ་དང་འདྲ་བར་འདིར་ཡང་ཚིགས་བཅད་དེ་ངག་ཏུ་བརྗོད་ནས་དེའི་དོན་སྒོམ་པ་ཡིན་པས་བརྗོད་པ་དང་སྒོམ་པ་གཉིས་ཀ་བྱའོ། །འོ་ན་སྣོད་ཞིག་པའི་ནམ་མཁའ་དང་ཆོས་མཐུན་པར་སྒོམ་པའི་སྟོང་པ་འདི་སྟོང་ཉིད་ཀྱི་ལྟ་བ་མ་རྙེད་ཀྱང་སྣོད་བཅུད་ཀྱི་སྣང་བ་རྣམས་ཉེ་བར་བསྡུས་པ་ཙམ་ཡིད་ལ་བྱེད་པས་ཆོག་གམ་ལྟ་བ་རྙེད་པའི་དོན་སྐབས་དེར་དྲན་པ་དགོས་ཤེ་ན། འདི་ལ་ནི་ཕྱི་མ་ངེས་པར་དགོས་ཏེ་མདོ་བསྲེ་ལས། དངོས་པོ་མེད་པར་སྒོམ་པའི་དངོས། ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཚིགས་སུ་བཅད་པའི་དོན་གྱིས་སྟོང་པ་ཉིད་ཀྱི་རང་བཞིན་དུ་སྒོམ་མོ། ཞེས་གསུངས་ལ་ཚིགས་བཅད་དེའི་དོན་ནི་སྒྲོན་གསལ་ལས་ཚུལ་བཞིན་བཤད་པའི་ཡིག་དོན་དང་སྤྱི་དོན་གཉིས་འདིར་སྐབས་སུ་བབ་ཅིང་དེ་གཉིས་ཀྱང་སྒོམ་པ་པོ་དང་བསྒོར་པར་བྱ་བ་དང་སྒོམ་པ་ལ་རང་བཞིན་མེད་པའི་འཁོར་གསུམ་མི་དམིགས་པ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་སྒོ་གསུམ་ལ་གསུངས་པའི་ཕྱིར་རོ། །འདི་ཡང་འཁོར་གསུམ་དང་ངོ་བོ་རྒྱུ་འབྲས་གསུམ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་མེད་པ་ལ་ངེས་པ་རྙེད་པ་དགོས་ཀྱི་གསུམ་ཚན་དེ་དག་གི་སྣང་བ་ཞི་བ་ཙམ་ཡིད་ལ་བྱས་པས་འཁོར་གསུམ་མི་དམིགས་པ་དང་རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་དུ་འགྱུར་ན་ཧ་ཅང་ཐལ་ལོ། །དེས་ན་སྲིད་གསུམ་སོགས་ལ་དོན་དམ་པར་རམ་བདེན་
པར་ཡོད་པར་འཛིན་པ་འཁོར་བའི་རྩ་བ་ཡིན་པས་དེའི་གཉེན་པོར་དོན་དམ་པར་མ་གྲུབ་པར་གསུངས་ཏེ། མདོར་བྱས་ལས། དམ་པའི་དོན་དུ་དངོས་པོ་རྣམས། །སྲིད་གསུམ་དངོས་པོ་མེད་པར་བསྒོམ། ཞེས་སྐབས་འདིར་གསུངས་པས་ན་སྟོང་པ་ཉིད་ཀྱི་ལྟ་བ་ངེས་པར་དགོས་སོ། །དེ་ལྟར་ཆོས་རྣམས་དོན་དམ་པར་ཅིར་ཡང་མ་གྲུབ་པར་ངེས་པའི་རིགས་པའི་ཤེས་པའི་དོན་གང་དུ་མ་གྲུབ་པའི་ཡིན་ལུགས་ལ་དེར་སྣང་བ་ཙམ་ཡང་ལྡོག་པས་ན་སྣོད་ལ་སོགས་པའི་སྣང་བ་ཐམས་ཅད་ཉེ་བར་ཞི་བ་ཡང་མི་སྒོམ་པ་མིན་ནོ། །གཞུང་གཞན་གྱི་སྐབས་སུ་ཡང་སྭ་བྷཱ་བ་ལ་སོགས་པའི་སྔགས་དོན་སྒོམ་པ་ལ་ལྟ་བ་རྙེད་དགོས་པ་ནི་འདི་དང་འདྲ་བ་ཡིན་ཏེ། དཔལ་སམྦུ་ཊའི་རབ་བྱེད་དང་པོ་ལས། དང་པོ་སྟོད་ཉིད་རྣམས་བསམ་པས། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །གཟུགས་ཁམས་ཞེས་བྱ་སྟོང་པ་སྟེ། །དེ་བཞིན་དུ་ནི་སྒྲ་ཡང་བྱ། ཞེས་སོགས་ཀྱིས་ཁམས་བཅོ་བརྒྱད་སྟོང་པར་གཏན་ལ་ཕབ་ནས་བསྒོམ་པར་གསུངས་ཤིང༌། རྡོ་རྗེ་གདན་བཞིའི་ལེའུ་གསུམ་པར་ཡང་དེ་བཞིན་དུ་གསུངས་ལ། །སམྦུ་ཊའི་བརྟག་པ་གསུམ་པའི་རབ་བྱེད་བཞི་པ་ལས་ཀྱང༌། དེ་ནས་བསམ་གཏན་གྱི་ཁྱད་པར་གནས་ནས་ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་བལྟ་བར་བྱ་སྟེ་ཕྱི་དང་ནང་གི་དངོས་པོ་འདི་དག་སེམས་ཉིད་ཀྱིས་བཞག་པ་སྟེ་སེམས་མ་གཏོགས་པ་གཞན་ན་མེད་པས་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པའི་ཕྱིར་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ཡིད་ལ་བརྗོད་ལ། ཞེས་གསལ་བར་གསུངས་སོ། །བཅུད་རྣམས་དམྱལ་བ་ནས་རིམ་པ་བཞིན་དུ་འཇིག་པ་དང་སྣོད་
རྣམས་ཉི་མ་བདུད་གྱིས་འཇིག་པའི་རིམཔ་ལ་ནི་ཆོས་མཐུན་སྦྱོར་མི་དགོས་པས་མ་གསུངས་སོ། །གཉིས་པ་ལ་གཉིས། འོག་གཞིའི་སྣོད་འཆགས་པའི་རིམ་པ་དང་མཐུན་པར་བསྒོམ་པ། སྟེང་གི་རི་གླིང་སོགས་ཀྱི་སྣོད་འཆགས་པའི་རིམ་པ་དང་མཐུན་པར་བསྒོམ་པའོ། །དང་པོ་ནི། མདོར་བྱས་ནས་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ཞེས་སོགས་ཀྱིས་དཀྱིལ་འཁོར་བཞི་སྐྱེད་པར་གསུངས་པ་ནི་སྣོད་འཆགས་པའི་དུས་ཀྱི་རླུང་ལ་སོགས་པ་དང་མཐུན་པར་བསྒོམ་པ་ཡི་པས་འདི་ལ་གཉིས། མཐུན་ཡུལ་བཤད་པ། དེ་དང་མཐུན་པར་སྒོམ་ཚུལ་ལོ། །དང་པོ་ནི། འཇིག་རྟེན་ཞིག་ནས་བར་བསྐལ་ཉི་ཤུར་སྟོངས་ཏེ་གནས་པ་དེ་ནས་འཆགས་པའི་འགོ་རྩོམ་མོ། །འདིར་ས་དང་མ་འབྲེལ་བའི་སྣོད་རྣམས་ཡས་རིམ་ནས་འཆགས་ཤིང་ས་དང་འབྲེལ་བ་རྣམས་མས་རིམ་ནས་འཆགས་ལ། དེ་ཡང་སྔོན་དུ་ཚངས་པའི་གཞལ་མེད་ཁང་དང་དེ་ནས་གཞན་འཕྲུལ་དབང་བྱེད་དང་དེ་ནས་འཕྲུལ་དགའ་དང་དེ་ནས་དགའ་ལྡན་དང་དེ་ནས་འཐབ་བྲལ་བའི་གཞལ་མེད་ཁང་རྣམས་འཆགས་སོ། །དེ་ནས་ཐོབ་མར་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ་སེམས་ཅན་གྱི་ལས་ཀྱི་སྟོབས་ལས་ནམ་མཁའ་ལ་སྣོད་ཀྱི་སྔ་ལྟས་སུ་གྱུར་པའི་རླུང་འཇམ་པོ་དག་ཁད་ཀྱི་ཁད་ཀྱིས་གཡོ་བའམ་ལྡང་སྟེ། དེ་ནས་རླུང་དེ་རྣམས་འཕེལ་བར་གྱུར་པ་ནི་རླུང་གི་དཀྱིལ་འཁོར་དུ་གྱུར་ཏེ་ནམ་མཁའི་སྟེང་དུ་འཆགས་པར་འགྱུར་རོ། །རླུང་དེའི་མཐོ་དམན་གྱི་རྔམས་ཀྱི་ཚད་ནི་དཔག་ཚད་འབུམ་ཕྲག་བཅུ་དྲུག་དང༌། རྒྱར་ནི་དཔག་ཚད་གྲངས་མེད་པ་
གཅིག་སྟེ་ཚན་པོ་ཆེ་ཆེན་པོའི་རྡོ་རྗེ་ཀྱང་གཞིག་མི་ནུས་པར་སྲ་བ་ཡིན་ནོ། །རླུང་འདི་ཡི་དང་པོའི་རྒྱུ་ནི་གཟུགས་ཁམས་ཀྱི་རླུང་ཡིན་ནོ། །དེའི་སྟེང་དུ་ཆུའི་དཀྱིལ་འཁོར་འཆགས་ཏེ། རླུང་གི་དཀྱིལ་འཁོར་དེ་ལས་སྤྲིན་གསེར་གྱི་སྙིང་བོ་ཅན་བྱུང་བས་ཤིང་རྟའི་འཕང་ལོ་ཙམ་གྱི་ཆར་གྱི་རྒྱུན་བབ་པར་གྱུར་ཏེ་དེ་ལས་ཆུའི་དཀྱིལ་འཁོར་དུ་གྱུར་ཏོ། །ཆུ་དེ་ཐད་ཀར་མི་འབོ་བ་ནི་ལས་ཀྱི་དབང་གིས་ཡིན་པ་དང་རླུང་གིས་བང་བ་བཞིན་དུ་ཆུ་འཛིན་པའི་ལུགས་གཉིས་མཛོད་འགྲེལ་ལས་གསུངས་པའི་ཕྱི་མ་ནི་ས་ཡི་དངོས་གཞི་དང་མཐུན་ནོ། །ཆུ་དེ་ཡི་རྔམས་ཀྱི་ཚད་ནི་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུའོ། །སླར་ཡང་སེམས་ཅན་རྣམས་ཀྱི་མཐུ་ལས་བྱུང་བའི་རླུང་གིས་ཆུ་དེ་ཀུན་ཏུ་བསྲུབས་པ་ལས་འོ་མ་བསྐོལ་བའི་སྤྲིས་མ་ཆགས་པའི་ཚུལ་དུ་ཆུ་དེའི་སྟེང་རྣམས་གསེར་གྱི་རང་བཞིན་གྱི་ས་གཞིར་གྱུར་ཏེ་ཆུའི་སྟེང་དུ་འཆགས་སོ། །དེ་ཆགས་པ་དང་ཆུ་དེའི་རྔམས་ཀྱི་ཚད་འབུམ་ཕྲག་བརྒྱད་ཡིན་ཏེ་ཆུའི་སྟེང་རིམ་སུམ་འབུམ་ཉི་ཁྲི་གསེར་དུ་སོང་པའི་ཕྱིར་ཏེ། མཛོད་ལས། ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། ཞེས་སོ། །ཆུ་གསེར་གཉིས་ཀྱི་རྒྱ་དང་ཁོར་ཡུག་གི་ཚད་ཀྱང་། དེ་ཉིད་ལས། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེ་དང་ལྔ་རྣམས་ཁོ་ནའོ། །ཁོར་ཡུག་ཏུ་ནི་སུམ་འགྱུར་རོ། ཞེས་སོ། །དེ་ལྟར་འོག་གཞི་ལ་དཀྱིལ་འཁོར་གསུམ་ལས་མེད་ན་མེའི་དཀྱིལ་
འཁོར་སྒོམ་པའི་ཆོས་མཐུན་མེད་པར་མི་འགྱུར་རམ་སྙམ་ན། མེའི་དཀྱིལ་འཁོར་ཡང་སྔ་མ་གསུམ་བཞིན་དུ་ལོགས་པ་མེད་ཀྱང་རླུང་ལ་སོགས་པ། དེ་རྣམས་ཀྱི་ནང་ཉིད་དུ་གནས་པས་ན་ཆོས་མཐུན་སྒོམ་དུ་རུང་སྟེ། མཛོད་ལས། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། ཅེས་འདོད་ཁམས་ན་དབང་པོ་དང་སྒྲ་མེད་པའི་གོང་བུ་རྣམས་ལ་མེ་ལ་སོགས་པའི་རྫས་བརྒྱད་ཡོད་པར་གསུངས་པའི་ཕྱིར་རོ། །དེ་ལྟར་ན་ཆགས་པའི་བསྐལ་བ་ནི། མཛོད་ལས། ཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །ཞེས་གསུངས་པ་ལྟར་ཡིན་ལ། སྣོད་ཆགས་པ་ལ་བར་བསྐལ་གཅིག་དང་བཅུད་བསམ་གཏན་དང་པོ་ནས་རིམ་པ་བཞིན་དུ་འཆགས་ནས་དམྱལ་བར་སེམས་ཅན་གཅིག་སྐྱེས་པའི་བར་ལ་བར་བསྐལ་བཅུ་དགུ་ཡོད་དོ། །གཉིས་པ་ནི། བསྐྱེད་པར་བྱའོ་ཞེས་དྲང་ངོ༌། །གང་གིས་བསྐྱེད་ན་རྟེན་དང་བརྟེན་པའི་རྣམ་པ་ཁྱད་པར་ཅན་ཡང་དག་པར་སྒྲུབ་ཅིང་བསྐྱེད་པའི་རྣལ་འབྱོར་པས་སོ། །གང་བསྐྱེད་པར་བྱ་ན། མདོར་བྱས་ལས། དཀྱིལ་འཁོར་བཞི་པོ་ཡང་དག་པསྡུས། །རྡོ་རྗེའི་ས་གཞི་དཀྱིལ་འཁོར་ལ། ཞེས་གསུངས་པ་ལྟར་དཀྱིལ་འཁོར་བཞི་གཅིག་ཏུ་བསྡུས་པའི་རྡོ་རྗེའི་སའི་ཆའོ། །དེ་ཡང་རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་སྔ་མ་སྔ་མ་བསྐྱེད་པའི་སྟེང་དུ་ཕྱི་མ་ཕྱི་མ་བསྐྱེད་པའི་རིམ་པས་མཐར་དེ་དག་གཅིག་ཏུ་བྱའོ། །གཞུང་གང་གིས་བསྟན་པ་བཞིན་དུ་བྱ་ན། མདོར་བྱས་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཧཱུཾ་གཉིས་ས་བོན་ཡཾ་ལས་བྱུང༌། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། ཞེས་བྱ་བ་ནས་སོགས་ཀྱི་སྒྲས་བསྡུས་པ། ས་ཡི་དཀྱིལ་འཁོར་ཉིད་ཀྱང་ནི། །དེ་ཡི་
སྟེང་དུ་རྣམ་པར་བསམ། ཞེས་པའི་བར་གྱི་གཞུང་གིས་བསྟན་པ་ལྟར་རོ། །དཔེ་ཇི་དང་འདྲ་བར་བསྒོམ་ན་འོག་གཞིའི་སྣོད་འཆགས་པའི་རིམ་པ་དེ་ལྟར་རབ་དེ་བཞིན་དུའོ། །འདིར་རླུང་ལ་སོགས་པ་བཞི་ལ་ཆོས་མཐུན་གསུངས་ཀྱི་གཅིག་ཏུ་འདྲེས་པའི་ས་ཡི་ཆ་ལ་མ་གསུངས་སོ། །གཉིས་པ་ནི། མདོར་བྱས་ལས། དེར་ནི་བྷྲུཾ་ལས་བྱུང་བ་ཡི། །གཞལ་ཡས་ཁང་པ་རྣམ་པར་བསྒོམ། ཞེས་པ་ལ་སོགས་པས་གཞལ་ཡས་ཁང་བསྐྱེད་པར་གསུངས་པ་ནི་སྣོད་འཆགས་པའི་དུས་ཀྱི་སྟེང་གི་རི་གླིང་སོགས་དང་མཐུན་པར་སྒོམ་པ་ཡིན་པས་འདི་ལ་གཉིས། མཐུན་ཡུལ་བཤད་པ་དང༌། དེ་དང་མཐུན་པར་སྒོམ་ཚུལ་ལོ། །དང་པོ་ནི། སྔར་གསེར་འཆགས་པའི་དུས་སུ་བཤད་པ་དེ་ལྟར་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ཁམས་སྣ་ཚོགས་ཀྱི་སྙིང་པོའི་སྤྲིན་བྱུང་སྟེ་དེ་ལས་བབ་པའི་ཆར་གྱི་ཆུ་རྣམས་གསེར་གྱི་ས་གཞིའི་སྟེང་དུ་གནས་སོ། །དེ་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་བྱུང་བའི་རླུང་གིས་བསྲུབས་ཤིང་འཐས་པར་བྱས་པས་རི་རབ་ལ་སོགས་པའི་རི་བརྒྱད་དང༌། སུམ་ཅུ་རྩ་གསུམ་པ་མན་ཆད་ཀྱི་ལྷའི་གཞལ་མེད་ཁང་དང་གླིང་བཞི་གླིང་ཕྲན་བརྒྱད་དང་མཐའ་ལྕགས་རིས་བསྐོར་བའི་ཁོར་ཡུག་གི་རི་ཚུན་ཆད་དུ་ཤིང་དང་ལྗོན་ཤིང་དང་ལྕུག་མ་ལ་སོགས་པ་བྱུང་བར་གྱུར་ཏོ། །རི་རབ་ལ་སོགས་པ་དེ་དག་ཀྱང་རླུང་གིས་ཆར་གྱི་ཆུ་བསྲུབས་པ་ན་གསེར་ལ་སོགས་པའི་ཚོགས་བྱུང་བ་རྣམས་ལས་ཀྱི་མཐུས་བསྐྱེད་པའི་རླུང་གིས་བསྡུས་ནས། ཕུང་པོར་བྱས་པ་རྣམས་རི་དང་གླིང་དུ་འགྱུར་པར་མཛོད་འགྲེལ་ལས་གསུངས་ལ། ཁམས་
དེ་དག་མཆོག་ལས་རི་རབ་དང་འབྲིང་ལས་གསེར་གྱི་རི་བདུན་དང་ཐ་མ་ལས་གླིང་བཞི་གླིང་ཕྲན་བརྒྱད་ཁོར་ཡུག་གི་རི་རྣམས་བྱུང་བར་ས་ཡི་དངོས་གཞི་ལས་བཤད་དོ། །གཉིས་པ་ནི། བསྐྱེད་རིམ་སྒོམ་པར་བྱེད་པ་རྣམས་ཀྱིས་དེར་ནི་བྷྲུཾ་ལས་བྱུང་བ་ཡི། ཞེས་བྱ་བ་ལ་སོགས་པའི་གཞུང་གིས་གཞལ་ཡས་ཁང་བསྐྱེད་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །གཞལ་ཡས་ཁང་བསྐྱེད་པའི་སྔོན་དུ་ཇི་ལྟར་བྱ་བ་སྔར་བཤད་པ་སླར་འདིར་དྲན་པར་བྱེད་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ཞེས་པ་ལ་སོགས་པའི་གཞུང་སྔར་བཤད་པ་འདིས་སྟོང་པ་ཉིད་ལ་དམིགས་པ་ཡེ་ཤེས་ཀྱི་ས་བསྐྱེད་པ་སྔོན་དུ་སོང་བས། རླུང་ལ་སོགས་པའི་དཀྱིལ་འཁོར་བཞིའི་རིམ་པས་རྡོ་རྗེའི་ས་བསྐྱེད་ལ་དེའི་སྟེང་དུ་བསྐྱེད་དོ་ཞེས་བསྟན་པའོ། །དཔེ་ཅི་དང་འདྲ་བར་བསྐྱེད་པར་བསྟན་ན། སྟེང་གི་སྣོད་ཀྱི་སྲིད་པ་སྐྱེ་བ་སྟེ་འཆགས་པའི་རིམ་པ་བསྟན་པ་དེ་ལྟར་དུ་བསྒོམ་པའམ་བསྐྱེད་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །གཞུང་གཞན་ལས་འོག་ཏུ་རི་རབ་བསྐྱེད་ནས་དེའི་སྟེང་དུ་གཞལ་ཡས་ཁང་སྒོམ་པར་གསུངས་མོད་ཀྱང་འདིར་ནི་གཞལ་ཡས་ཁང་བསྐྱེད་པ་དང་རི་རབ་གཉིས་ཆོས་མཐུན་དུ་མཛད་ཀྱི་དེའི་འོག་གཞི་དང་ཆོས་མཐུན་པར་མ་མཛད་དོ། །དེས་ན་རི་རབ་དང་སྣ་ཚོགས་རྡོ་རྗེ་དང་པདྨ་དང་གཞལ་ཡས་ཁང་རྣམས་རིམ་པ་བཞིན་དུ་སྟེང་ནས་སྟེང་དུ་བསྒོམ་པར་མདོར་བྱས་ཀྱི་འགྲེལ་པ་རིམ་ཆེན་ཕྲེང་བར་བཤད་པ་དང༌། རི་རབ་ཞུ་བ་ལས་གཞལ་ཡས་ཁང་བསྐྱེད་པར་རབ་ཏུ་སྒྲོན་གསལ་ལས་གསུངས་པ་རྣམས་འཐད་པ་མ་ཡིན་ནོ། །དེ་ལྟར་སྟེང་གི་རི་གླིང་སོགས་ཀྱི་སྣོད་འཆགས་པ་སྦྱི་ཙམ་དང་མཐུན་
པར་གཞལ་ཡས་ཁང་བསྐྱེད་པ་གསུངས་ཀྱི་རི་གླིང་སོགས་ཀྱི་ཁྱད་པར་དང་འདྲ་ཆོས་སྦྱོར་བ་དང༌། གཞལ་ཡས་ཁང་གིའང་གྲུ་བཞི་དང་སྒོ་བཞི་དང་རྩིག་པ་རིམ་པ་ལྔ་ལ་སོགས་པའི་སྒོ་ནས་ཆོས་མཐུན་སྦྱོར་བ་འདིར་མི་དགོས་པས་མ་གསུངས་སོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། མཐུན་ཡུལ་ལ་སྣོད་ཆགས་པ་དང་བསྐྱེད་རིམ་ལ་གཞལ་ཡས་ཁང་ཆགས་པ་དེ་ནས་མཐུན་ཡུལ་ལ་མ་དག་པའི་སེམས་ཅན་གྱི་ཁམས་དང་བསྐྱེད་རིམ་ལ་དག་པའི་སེམས་ཅན་གྱི་ཁམས་ལྷའི་ཚོགས་ངེས་པར་སྤྲུལ་པ་སྟེ་བསྐྱེད་པར་མཛད་པ་ཡིན་ཏེ། གནས་གཞལ་ཡས་ཁང་ནི་སྒྲུབ་པ་སྔོན་དུ་འགྲོ་བས་རྡོ་རྗེ་གསུམ་པསྐྱེད་པ་བསྒོམ་པར་བྱའོ་ཞེས་གསུངས་པའི་ཕྱིར་དང་རིམ་པ་དེ་སྣོད་བཅུད་ཀྱི་འཆགས་ཚུལ་དང་མཐུན་པར་བསྒོམ་པ་ཡིན་པའི་ཕྱིར་རོ། །ལུང་འདི་ལེའུ་བཅུ་གཅིག་པ་ལས། ཡི་གེ་བྷྲུཾ་གྱི་གནས་བསྒོམས་ཏེ། །རྡོ་རྗེ་གསུམ་འབྱུང་བསྒོམ་པར་བྱ། ཞེས་གསུངས་པ་དེ་ཡིན་ལ་སྒྲོན་གསལ་ལས་སྔོན་དུ་གཞལ་ཡས་ཁང་བསྒོམས་ནས་དེའི་འོག་ཏུ་ཟླ་བ་ལས་བྱང་ཆུབ་པའི་སྐབས་ཀྱི་ཉི་མ་སོགས་ཀྱི་མཚན་མ་གསུམ་པསྒོམ་དགོས་པའི་དོན་དུ་བཤད་དོ། །འདི་དང་མདོ་བསྲེ་གཉིས་ཀྱིས་གཞལ་ཡས་ཁང་བསྐྱེད་པའི་འོག་ཏུ་ལྷ་བསྐྱེད་པའི་ཁུངས་སུ་མཛད་ལ་ཁྱད་པར་དུ་རྡོ་རྗེ་གསུམ་པསྐྱེད་པའམ་རྡོ་རྗེ་གསུམ་འབྱུང་བ་བསྒོམ་པ་ནི་རྡོ་རྗེ་འཆང་བསྐྱེད་པ་ལ་བཞེད་དེ། རྒྱུད་ཀྱི་རྡོ་རྗེའི་ཚིག་རེ་རེ་ལ་དོན་མི་འདྲ་བ་མང་པོ་བཤད་པ་ཡབ་སྲས་ཀྱི་གཞུང་ན་སྣང་བས་འགལ་བར་མི་བསམ་མོ། །སེམས་ཅན་གྱི་ཁམས་སྤྲུལ་པ་པོ་ནི་རྣམ་པར་ཤེས་པ་ཡང་ཡིན་ལ་བདག་པོ་ཡང་
ཡིན་པ་ནི་སེམས་ཅན་རྣམས་ཀྱི་སེམས་ཏེ་མ་དག་པའི་སེམས་ཅན་སྐྱེད་པར་བྱེད་པ་པོའོ། །འདིས་ཐུན་མོང་གི་ལས་བསགས་ནས་སྣོད་དང་ཐུན་མོང་མ་ཡིན་པའི་ལས་བསགས་ནས་བཅུད་ཀྱི་འཇིག་རྟེན་བསྐྱེད་པ་ལ་དབང་བྱེད་པས་ན་བདག་པོའམ་བྱེད་པ་པོའོ། །དེ་ལྟར་ཡང་དབུ་མ་ལ་འཇུག་པ་ལས། ཇི་བཞིན་རང་གི་བསྟན་བཅོས་དེ་དེ་ལས། །མུ་སྟེགས་རྣམས་ཀྱིས་གང་ཟག་སོགས་དེ་དག །སྨྲས་པ་དེ་དག་པྱེད་པོར་མ་གཟིགས་ནས། །རྒྱལ་བས་སེམས་ཙམ་འཇིག་རྟེན་བྱེད་པོར་གསུངས། ཞེས་དང༌། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང༌། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། ཞེས་སོ། །རྡོ་རྗེ་འཆང་ཆེན་པོ་ནི་དག་པའི་སེམས་ཅན་ལྷའི་འཁོར་ལོ་བསྐྱེད་པར་མཛད་པ་པོ་ཡིན་ཏེ། རྟེན་དང་བརྟེན་པའི་འཁོར་ལོ་ཐམས་ཅད་དེ་ཉིད་ཀྱི་སྐུའི་ཆ་ཤས་རྣམས་དེར་སྤྲུལ་བར་གསུངས་པའི་ཕྱིར་རོ། །འོག་ནས་བར་དོའི་སེམས་ལ་ཡང་རྣམ་པར་ཤེས་པའི་བདག་པོ་ཐུགས་རྡོ་རྗེ་ཞེས་གསུངས་པས་རྣམ་ཤེས་ཀྱི་བདག་པོ་དང་རྡོ་རྗེ་འཆང་གཉིས་གཅིག་ཏུ་འཆད་པ་མི་འཐད་ལ་རྡོ་རྗེ་འཆང་གིས་འཁོར་བའི་སེམས་ཅན་བསྐྱེད་པར་འཆད་པ་ཡང་དོན་མིན་ནོ། །རྡོ་རྗེ་འཆང་ནི་འདིར་ལྷག་མོས་ཀྱི་གཙོ་བོ་ལ་གཟུང་ངོ༌། །སེམས་ཅན་གྱི་ཁམས་གཉིས་སྤྲུལ་བའི་དུས་ནི་དག་མ་དག་གི་སྣོད་ཀྱི་འཇིག་རྟེན་གཉིས་པོསྐྱེད་པའི་འོག་ཏུའོ། །གཉིས་པ་ལ་གསུམ། བཅུད་ཀྱི་སྲིད་པ་སྐྱེ་བའི་རིམ་པ་སྤྱིར་བསྟན་པ། མི་ཡི་སྲིད་པ་སྐྱེ་བའི་རིམ་པ་ཉིད་དང་མཐུན་པར་བསྒོམ་པའི་རྒྱུ་མཚན། དེ་དང་མཐུན་པར་སྒོམ་པའི་རིམ་པ་ཉིད་
བཤད་པའོ། །དང་པོ་ནི། བཅུད་ཀྱི་སེམས་ཅན་ཐམས་ཅད་སྐྱེ་གནས་བཞིར་ངེས་ལ་བཞི་པོ་ནི་འདི་ལྟ་སྟེ་སྒོང་སྐྱེས་ནི་མ་ལས་སྒོ་ང་སྐྱེ་ཞིང་དེ་བརྟོལ་ནས་སྐྱེ་བ་དང་མངལ་ནི་མའི་ལྟོར་ཤ་མས་དཀྲིས་ནས་འདུས་པ་ཡིན་ལ་དེ་བརྟོལ་ནས་སྐྱེ་བ་དང་ས་ལ་སོགས་པ་འབྱུང་བའི་དྲོད་དང་གཤེར་ལས་སྐྱེས་པ་དང་ཁུ་ཁྲག་སོགས་རྒྱུར་མ་བྱས་བར་ཡན་ལག་དང་དབང་པོ་སོགས་ཅིག་དར་དུ་སྐྱེ་བའི་བརྫུས་ཏེ་སྐྱེས་པའོ། །སྐྱེ་གནས་ནི་འདིར་སེམས་ཅན་རྣམས་སྐྱེ་བ་ཐུན་མོང་བར་འགྱུར་པའོ། །གཞན་རྣམས་གོ་སླ་ལ་དབང་བོ་མ་ཚང་བ་མེད་པ་ནི་མིག་ལ་སོགས་པ་ཚང་བའོ། །མ་རྫོགས་པ་མེད་པ་ནི་མཛོད་འགྲེལ་ལས་དམན་པ་མ་ཡིན་པ་ཞེས་འབྱུང་ལ་དེའི་དོན་ནི་ཞར་བ་དང་ལོང་བ་སོགས་མེད་པ་ལ་རྒྱལ་པོ་སྲས་ཀྱིས་བཤད་དོ། །ཡན་ལག་ནི་ལག་པ་དང་རྐང་པ་སོགས་སོ། །ཉིང་ལས་ནི་སོར་མོ་སོགས་སོ། །དེ་དག་ནི་མཛོད་འགྲེལ་དང་སྔོམ་འབྱུང་གི་ལེའུ་གཉིས་པ་ནས་གསུངས་པ་རྣམས་དང་རེ་རེ་ཙམ་མ་གཏོགས་པ་འདྲ་བར་སྣང་ངོ༌། །བཅུད་ཀྱི་སེམས་ཅན་འགྲོ་བ་ལྔའི་སྒོ་ནས་མ་གསུངས་པར་སྐྱེ་གནས་བཞིའི་སྒོ་ནས་གསུངས་ པ་ནི། སྐྱེ་གནས་བཞིར་སེམས་ཅན་འདུ་ཡི་འགྲོ་བ་ལྔར་མི་འདུ་བ་ལ་དགོངས ་བ་སྟེ། མཛོད་ལས། སེམས་ཅན་ཞེས་བྱ་བར་སྲིད་མིན། ཞེས་པའི་རང་འགྲེལ་ལས། སེམས་ཅན་ཞེས་བྱ་བ་ཁོ་ན་ཡིན་ཡང་སྲིད་པ་བར་མའི་རང་བཞིན་དག་ནི་མ་ཡིན་ནོ། །གདགས་བདག་ལས་ཀྱང་སྐྱེ་གནས་བཞིས་ནི་འགྲོ་བ་ལྔ་པསྡུས་ཀྱི་འགྲོ་བ་ལྔས་ནི་སྐྱེ་གནས་བཞི་མ་བསྡུས་ཏེ་གང་ཞིག་མ་བསྡུས་ཤེ་ན་སྲིད་པ་བར་
མའོ་ཞེས་གསུངས་སོ། །ཞེས་བར་དོ་སེམས་ཅན་ཡིན་ཀྱང་འགྲོ་བ་མིན་པར་གསུངས་སོ། །གཉིས་པ་ནི། མཐུན་ཡུལ་ལ་སྣོད་ཆགས་པའི་འོག་ཏུ་བཅུད་འཆགས་པ་ལྟར་བསྐྱེད་རིམ་ལ་གཞལ་ཡས་ཁང་བསྐྱེད་བའི་འོག་ཏུ་བརྟེན་བ་ལྷ་བསྐྱེད་པ་ནི། བཅུད་ཀྱི་སེམས་ཅན་དང་ཆོས་མཐུན་པར་སྒོམ་པ་ཡིན་པ་ལ་འདིར་སྐྱེ་གནས་གཞན་དང་འགྲོ་བ་གཞན་དང་ཆོས་མཐུན་པར་མི་བྱེད་པར་བསྐལ་བ་དང་པོའི་འཛམ་བུ་གླིང་བའི་མི་རིམ་གྱིས་ཐ་མལ་བར་སོང་བ་ཞིག་ཤི་བ་དང༌། དེ་ནས་བར་དོ་འགྲུབ་པ་དང་དེས་འཛམ་བུ་གླིང་པའི་མི་མོ་ཞིག་གི་མངལ་དུ་སྐྱེ་བ་ལེན་པའི་ཚུལ་ཉིད་དང་ཆོས་མཐུན་པར་འོག་ཏུ་འཆད་དོ། །དེ་ལ་སྔོན་དུ་འཛམ་བུ་གླིང་བའི་མིའི་སྲིད་པ་འགྲུབ་པའི་རིམ་པ་ཉིད་དང་བསྟུན་ནས་སྒོམ་པའི་རྒྱུ་མཚན་བསྟན་པའི་ཕྱིར་དུ། དགའ་ལྡན་གྱི་བྱང་སེམས་སྐྱེ་བ་གཅིག་གིས་ཐོགས་པ་གླིང་གཞན་དུ་མི་འཇུག་པར་འཛམ་བུ་གླིང་པའི་མིར་སྐྱེ་བ་ལ་སོགས་པའི་རྣམ་གཞག་འཆད་པ་ཡིན་ཏེ། གཞུང་དེ་དག་གིས་བསྒྲུབས་པའི་འབྲས་བུ་སྟོན་པ་ན། རྒྱུ་དེས་ན་མིའི་སྲིད་པ་སྐྱེ་བའི་རིམ་པ་བསྟན་ཏོ་ཞེས་གསུངས་པའི་ཕྱིར་དང༌། དེ་ལྟར་མ་བྱས་ན་བཅུད་འཆགས་པ་དང་ཆོས་མཐུན་པར་སྒོམ་པ་སྟོན་པའི་སྐབས་སུ་དགའ་ལྡན་གྱི་བྱང་སེམས་འཛམ་བུ་གླིང་པའི་རྟེན་ལ་འཚང་རྒྱ་བར་བསྒྲུབས་པ་མ་འབྲེལ་བར་འགྱུར་པའི་ཕྱིར་རོ། །དེས་ན་སྔར་བཤད་པའི་སྐྱེ་གནས་བཞིའི་ནང་ནས་ལྷག་མོས་དང་རྣལ་འབྱོར་བཞིས་ལྷ་བསྐྱེད་པ་འཛམ་བུ་གླིང་པའི་མིའི་སྲིད་པ་འགྲུབ་པའི་རིམ་པ་དང་བསྟུན་ནས་འཆད་པ་མ་གོ་བར་སྐྱེ་གནས་བཞིབཤད་པས་དེ་དག་དང་འདྲ་བའི་བསྐྱེད་ཆོག་མི་འདྲ་བ་བཞིའི་ལྷའི་རྣལ་འབྱོར་གྱིས་
སྐྱེ་གནས་བཞི་སྦྱང་བར་བཟུང་ན་སྐབས་ཀྱི་དོན་ལས་ཉམས་པར་འགྱུར་རོ། །འདི་ལ་བཞི། སླབ་མའི་དྲི་བ་དགོད་པ། སློབ་དཔོན་གྱིས་ལན་གདབ་པ། དེ་ལ་ཤེས་བྱེད་དགོད་པ། དེ་དག་གིས་གྲུབ་པའི་དོན་ནོ། །དང་པོ་ནི། བཅུད་འཆགས་པ་དང་མཐུན་པར་ལྷ་སྒོམ་པ་འཆད་པའི་སྐབས་འདིར་རྡོ་རྗེ་སློབ་མས་གསོལ་པ། འཛམ་བུ་གླིང་ན་མི་ཡོད་པར་མ་ཟད་ལུས་འཕགས་པོ་ལ་སོགས་པའི་གླིང་གསུམ་པའི་མི་རྣམས་ཀྱང་གླིང་སོ་སོར་གནས་པ་མ་ལགས་སམ་སྟེ་གནས་ལགས་ན། ཅིའི་སླད་དུ་འཚང་རྒྱ་བ་ལ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཆེན་པོ་དགའ་ལྡན་གྱི་གནས་མཆོག་ནས་གླིང་གསུམ་པོ་དེར་འཇུག་པར་མི་མཛད་པའི་རྒྱུ་མཚན་བཤད་དུ་གསོལ། བྱང་སེམས་དེ་འཚང་རྒྱ་བའི་སྐབས་འདིར་ངེས་པ་ཁོ་ནར་འཛམ་བུ་གླིང་དུ་འཇུག་པ་སྟེ་དེའི་མིར་སྐུ་འཁྲུངས་ནས་མི་རྣམས་ལ་ཆོས་སྟོན་པའི་རྒྱུ་མཚན་ཉིད་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ་ཞེས་ཞུས་པ་སྟེ། མདོར་ན་མིའི་རྟེན་ལ་འཚང་རྒྱ་བའི་བྱང་སེམས་དེ་མིར་ཁྱད་པར་མེད་པ་ལ་འཛམ་བུ་གླིང་བའི་མི་ཁོ་ནར་འཁྲུངས་ནས་འཚང་རྒྱ་བའི་རྒྱུ་མཚན་གང་ཡིན་ཞེས་པའོ། །གཉིས་པ་ནི། རྡོ་རྗེ་སློབ་དཔོན་གྱིས་ལན་སྨྲས་བ་ཤར་གྱི་ལུས་འཕགས་ལ་སོགས་པའི་གླིང་གསུམ་གྱི་མི་རྣམས་ལོངས་སྤྱོད་ཀྱི་འབྱོར་པ་ཆེན་པོ་དང་ལྡན་པས་ལོངས་སྤྱོད་ཀྱི་ས་པ་ཡིན་ཏེ་ལོངས་སྦྱོད་ཆེ་བ་དེ་ལྟ་མོད་ཀྱི་སྟེ་དེ་ལྟ་ནའང་དབང་པོ་བླུན་པས་སོ་སོར་རྟོག་པའི་ཤེས་རབ་ཆེན་པོས་མི་དཔྱོད་ཅིང་རྨོངས་པས་ཞིབ་པའི་ཤེས་རབ་ཀྱིས་མི་འབྱེད་པ་སྟེ་དཔྱོད་མི་ནུས་སོ། །དེས་ན་རྟེན་དེ་ལ་འཚང་རྒྱ་
བར་མི་འགྱུར་རོ། །སྡོམ་འབྱུང་གི་ལེའུ་གཉིས་པ་ལས་ཀྱང༌། ཤར་གྱི་ལུས་འཕགས་པ་གླང་སྤྱོད། །དེ་བཞིན་བྱང་གི་སྒྲ་མི་སྙན། །གླིང་གསུམ་པོ་ཡི་མི་རྣམས་ནི། །ལོངས་སྤྱོད་ཆེན་པོས་ཡང་དག་འཚོ། །རྣམ་རྟོག་མེད་ཅིང་རྣམ་དཔྱོད་མེད། །བླུན་རྨོངས་བྱེ་བྲག་མི་ཕྱེད་པའོ། ཞེས་གསུངས་སོ། །བླུན་པ་ནི་རང་ཉིད་ཀྱིས་འདོད་དོན་སྒྲུབ་པ་དང་མི་འདོད་པ་སེལ་བ་ལ་རྨོངས་པ་དང༌། རྨོངས་པ་ནི་གཞན་གྱིས་བསྟན་པའི་དོན་འཛིན་མི་ནུས་པ་དང་དེ་ཉིད་ནི་བྱེ་བྲག་མི་ཕྱེད་པའོ། ཞེས་འགྲེལ་པར་བཤད་དོ། །འཛམ་བུ་གླིང་པ་འདི་ནི་ལས་ཀྱི་ས་པ་ཡིན་ཏེ་དེས་ན་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདིར་སྣང་བར་འགྱུར་རོ། །སྨིན་ཚུལ་ནི་མཆོག་དང་འབྲིང་དང་ཐ་མའི་སེམས་ཅན་རྣམས་སུ་རྣམ་པར་སྨིན་པ་སྟེ་ཚེ་རིང་ཐུང་དང་འབྱོར་དབུལ་ལ་སོགས་པའི་མཆོག་དམན་གྱི་ཁྱད་པར་ཆེན་པོ་ཅན་ནོ། །དེ་ཡང་ཚེ་རབས་སྔ་མར་ལེགས་པར་སྤྱད་པ་དགེ་བ་དང་ཉེས་པར་སྤྱད་པ་མི་དགེ་བ་བསགས་པའི་མཐུས་སོ། །དེས་ན་གླིང་གཞན་གྱི་མི་རྣམས་ནི་སྔོན་གྱི་ལས་ཀྱི་མཐུས་འདི་འདྲ་བའི་མཆོག་དམན་གྱི་ཁྱད་པར་ཆེན་པོ་ཅན་མ་ཡིན་པས་གླིང་འདི་ལ་ལས་ཀྱིས་པར་གསུངས་སོ། །བྷ་བ་བྷ་དྲས་ནི། འདི་ལྟར་འཛམ་བུ་གླིང་ཉིད་ཀྱི་ཡུལ་དང་གནས་དེ་དག་ན་རྣལ་འབྱོར་མ་རྣམས་བཞུགས་ཏེ། གླིང་འདི་ཉིད་ལས་ཀྱི་ས་བ་ཡིན་པས་ལས་རྣམས་འགྲུབ་པར་འགྱུར་གྱི་གླིང་གཞན་རྣམས་ན་ནི་དེ་ཉིད་ཀྱི་ལས་ཀྱིས་དེར་འབྲས་བུ་སྨིན་པར་མི་འགྱུར་ཏེ། གཞན་གྱི་འབྲས་བུ་ཡིན་པའི་ཕྱིར་དེ་དག་ཏུ་ལས་མི་འགྲུབ་པས་རྣལ་འབྱོར་མ་རྣམས་གླིང་གཞན་དུ་མི་གཤེགས་སོ། ཞེས་ཚེ་དེ་ལ་བསགས་པའི་ལས་ཀྱིས་ཚེ་དེ་ཉིད་ལ་འབྲས་བུ་འགྲུབ་མི་འགྲུབ་ལ་ལས་ཀྱི་ས་པ་ཡིན་
མིན་དུ་འཇོག་ཅིང་གླིང་གཞན་པ་རྣམས་ལས་ཀྱི་ས་པ་མིན་པས་ཡུལ་ཉེར་བཞིའི་རྣལ་འབྱོར་མ་རྣམས་གླིང་གཞན་དུ་མི་གཤེགས་པར་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་བཞི་པའི་འགྲེལ་པར་གསུངས་སོ། །ཉེས་སྤྱོད་དེའི་འབྲས་བུ་སྨིན་ཚུལ་གཞན་ཡང་འདི་ལྟ་སྟེ་འཛམ་བུ་གླིང་གི་མི་རྣམས་རྙེད་བཀུར་ལ་ཆགས་པའི་དབང་གིས་བྱུང་ཞིང་འདོད་ཆགས་དང་གཏི་མུག་གང་རུང་གི་ཆར་གཏོགས་པ་ཡོན་ཏན་མེད་བཞིན་དུ་ཡོད་པ་ལྟར་སྟོན་པའི་གཡོ་དང༌། ངོ་བོ་དེ་དང་འདྲ་བ་ལ་རང་གི་སྐྱོན་ཐབས་ཀྱིས་མི་མངོན་པར་བྱེད་པའི་སྒྱུ་དང༌། རིགས་ལ་སོགས་པའི་རང་གི་ཆོས་ལ་ཆགས་པའི་དབང་གིས་སེམས་ཡོངས་སུ་གཏུགས་པའི་དྲེགས་པའམ་རྒྱགས་པ་དང་ཞེ་སྡང་གི་ཆར་གཏོགས་ཤིང་གཞན་གྱི་ཕུན་ཚོགས་ལ་སེམས་ཁོང་ནས་འཁྲུག་པའི་ཕྲག་དོག་དང༌། གཞན་ལ་གནོད་པ་བྱ་བར་སེམས་པའི་གདུག་པའི་བསམ་པ་ལ་སོགས་པའི་ཉོན་མོངས་མང་པོ་དང་ལྡན་པས་རིམས་ནང་ལ་སོགས་པའི་ནད་མང་པོ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་མང་པོས་ཡོངས་སུ་གཟིར་བར་འགྱུར་རོ། །སྡོམ་འབྱུང་ལས་ཀྱང༌། འཛམ་བུ་གླིང་རྣམས་ལེགས་སྐྱེས་པའི། །ལས་ཀྱི་ས་པར་རབ་ཏུ་གྲགས། །ལེགས་བྱས་དང་ནི་ཉེས་བྱས་ལས། །མཆོག་དང་འབྲིང་དང་ཐ་མ་ཡི། །སྐྱེ་བ་སྔ་མའི་རྣམ་སྨིན་འདིར། །སྐྱེ་བོ་ཀུན་ལ་མཐོང་བར་འགྱུར། །རྒྱགས་པ་སེར་སྣ་གདུག་སེམས་དང༌། །གཡོ་སྒྱུ་མངོན་པའི་ང་རྒྱལ་དང༌། །ཆགས་སྡང་གཏི་མུག་སོགས་རྣམས་དང༌། །རྒ་དང་ནད་ཀྱིས་རབ་ཏུ་གཟིར། ཞེས་སོ། །དེ་ལྟར་སྐྱོན་མང་པོ་ཅན་ཡིན་ན་དེའི་རྟེན་ལ་འཚང་རྒྱ་
བར་འགལ་ལམ་སྙམ་ན་སྐྱོན་དེ་དག་ཡོད་པ་འོན་ཀྱང་ཚིག་གི་མགོ་སྨོས་པས་དོན་རྫོགས་པར་གོ་བ་དང་དད་པ་ལ་སོགས་པའི་དབང་པོ་རྣམས་ཤིན་ཏུ་རྣོ་བ་དང་སྒྲིན་ཞིང་རྟུལ་ཕོད་པ་སྟེ། དེས་ན་བྱང་སེམས་སྐྱེ་བ་གཅིག་གིས་ཐོགས་པ་དགའ་ལྡན་ན་བཞུགས་པ་རྣམས་འཛམ་བུ་གླིང་གི་སྐྱེ་བོའི་གནས་རྣམས་ཀྱི་དབུས་སུ་སྐུ་འཁྲུངས་ཤིང་རྟེན་དེ་ལ་སངས་རྒྱས་ནས་མི་རྣམས་ལ་ཆོས་སྟོན་པར་འགྱུར་རོ། །ནད་ལ་སོགས་པའི་སྡུག་བསྔལ་ཡོད་པ་རྣམས་སངས་རྒྱས་འཛམ་བུ་གླིང་དུ་འབྱོན་པའི་རྒྱུ་མཚན་དུ་འཆད་པ་ནི་འོན་ཀྱང་ཞེས་བ་དང་འགལ་བས་མི་འཐད་དོ། །སྡོམ་འབྱུང་ལས་ཀྱང༌། འཛམ་བུ་གླིང་བའི་མཆོག་གཙོ་བོ། །དབུས་ཀྱི་ཡུལ་དུ་སྐྱེས་པ་དེ། །དབང་པོ་རྟུལ་འབྲིང་རྣོན་པོ་རྣམས། །སྐྱེ་བ་སྔ་མའི་དགེ་བ་ལྟོས། ཞེས་གསུངས་ཏེ་དབང་པོ་གསུམ་ཡོད་པ་ནི་སྔོན་གྱི་དགེ་བའི་ལས་ལ་ལྟོས་པ་འགྲེལ་པས་བཤད་དོ། །ལན་གྱི་གཞུང་དེ་དག་གིས་ནི་མིར་མཚུངས་ཀྱང་དབང་པོ་ཤིན་ཏུ་རྣོ་བ་ཡིན་མིན་གྱི་ཁྱད་པར་གྱིས་གླིང་གཞན་དུ་སངས་རྒྱས་འཚང་མི་རྒྱ་ལ་འཛམ་བུ་གླིང་དུ་འཚང་རྒྱ་བ་དང་དེ་ཡང་འཛམ་བུ་གླིང་བའི་མཆོག་ཡུལ་དབུས་སུ་འབྱོར་པར་གསུངས་སོ། །གསུམ་པ་ནི། འཛམ་བུ་གླིང་པའི་རྟེན་ལ་བྱང་སེམས་འཚང་རྒྱ་བ་དེའི་ཕྱིར་རྒྱུད་དུ་ཡང་སྔར་བཤད་པ་དང་མཐུན་པར་གསུངས་པ། འཚང་རྒྱ་བའི་ཚུལ་བཞི་ལས་འཛམ་བུའི་གླིང་དུ་མི་ཁོམ་པ་བརྒྱད་ལས་གྲོལ་བའི་མི་རུ་འཁྲུངས་པ་ནི་ངེས་ཚུལ་དང་པོའོ། །ཁྱིམ་ནས་ངེས་པར་བྱུང་ནས་རབ་ཏུ་བྱུང་བ་ནི་ཚུལ་གཉིས་པ་ཡིན་ནོ། །རབ་ཏུ་བྱུང་ནས་འདུལ་བ་ནས་བསྟན་པའི་བསླབ་པ་བསྲུང་བ་ནི་ཚུལ་ཆེན་གསུམ་པའོ། །དེ་ལྟར་ཚུལ་
ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་བརྙེས་པ་ནི་ཚུལ་རྣམས་ཀྱི་མཆོག་ཏུ་གྱུར་པ་བཞི་པ་ཡིན་ནོ་ཞེས་ཐུན་མོང་མ་ཡིན་པའི་གསང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་སོ། །སྡོམ་འབྱུང་ལས་ཀྱང༌། མི་རུ་སྐྱེས་པ་འབྲས་བུའི་དམ་པ་དང་པོ་སྟེ། །རང་གི་ཁྱིམ་ནས་ངེས་འབྱུང་རྙེད་པ་གཉིས་པ་ཡིན། །རབ་ཏུ་བྱུང་ནས་དགེ་བ་སྒྲུབ་པ་གསུམ་པ་སྟེ། །རྩེ་གཅིག་ཡིད་ནི་རྙེད་བ་བཞི་པ་དག་ཏུ་གསུངས། ཞེས་གསུངས་སོ། །སྡོམ་འབྱུང་འགྲེལ་པར་ཁྱིམ་ནས་བྱུང་བ་གཉིས་པ་དང་རབ་ཏུ་བྱུང་བ་གསུམ་པར་མཛད་མོད་ཀྱང་རབ་ཏུ་བྱུང་ནས་དགེ་བ་སྒྲུབ་པ་གསུམ་པར་བྱ་སྟེ་ཐུན་མོང་མ་ཡིན་པའི་གསང་བ་དང་སྒྲོན་གསལ་གཉིས་ཀྱི་ དགོངས་པ ་དང་མཐུན་པའི་ཕྱིར་རོ། །འདི་ནི་སངས་རྒྱས་འཚང་རྒྱ་བ་ལ་ཆགས་བྲལ་དང་ཆགས་ཅན་གྱི་ཆོས་ཀྱིས་འཚང་རྒྱ་ཚུལ་བཞི་ཡོད་པའི་དང་པོ་ཡིན་ཏེ་སྒྲོན་གསལ་ལས། མི་ཡི་སྐྱེ་བར་འཁྲུངས་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བཤད། །བཙུན་མོའི་འཁོར་གྱི་ནང་ནས་ནི། །ངེས་པར་འབྱུང་བ་གླེང་གཞི་ཡིན། །འདུལ་ལས་སྡོམ་པ་བསྟན་པ་ནི། །ངེས་པའི་ཚིག་ནི་ཡིན་ཞེས་བཤད། །འབྲས་བུ་འདོད་པས་ཆོས་སྤྱོད་པ། །དེ་ནི་རྒྱུ་ཞེས་བརྗོད་བྱ་སྟེ། །འདི་ནི་འདོད་ཆགས་བྲལ་ཆོས་ཀྱི། །རིགས་པ་རྣམ་བ་བཞིར་འདོད་དོ། ཞེས་སོ། །བཞི་པ་ནི། སྔར་བཤད་པ་དེ་ལྟར་གསུངས་པས་ན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མི་ཡི་བདག་ཉིད་ཀྱི་སྲིད་པར་ཞུགས་པ་སྟེ་སྐུ་འཁྲུངས་ཏེ་ཐམས་ཅད་མཁྱེན་པའི་དངོས་གྲུབ་
ཀྱི་གོ་འཕང་བརྙེས་པ་དང་ལྡན་པར་འགྱུར་རོ། །རྒྱུ་མཚན་དེས་ན་འཛམ་བུ་གླིང་བའི་མིའི་སྲིད་པ་སྐྱེ་བའི་རིམ་པ་དང་མཐུན་པར་བརྟེན་པ་ལྷ་བསྐྱེད་པའི་རིམ་པ་འདིར་བསྟན་ཏོ། །གལ་ཏེ་འོག་མིན་གྱི་རྟེན་ལའང་སངས་རྒྱས་འཚང་རྒྱ་བ་ཡིན་པའི་ཕྱིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མིའི་རྟེན་ལ་འཚང་རྒྱ་བའི་གཏན་ཚིགས་འདི་མ་གྲུབ་ལ་གྲུབ་ཏུ་ཆུག་ཀྱང་སྒྲུབ་བྱེད་དུ་མི་རུང་སྟེ། འདི་ལྟར་དམ་པ་ཏོག་དཀར་པོ་ལྟ་བུའི་བྱང་སེམས་དེ་འཛམ་བུ་གླིང་པའི་རྟེན་ལ་འཚང་རྒྱ་བའི་རྒྱུ་མཚན་གྱིས་ལྷག་མོས་དང་རྣལ་འབྱོར་བཞིའི་ཏིང་ངེ་འཛིན་གྱིས་བརྟེན་པ་ལྷ་བསྐྱེད་པ་ན་འཛམ་བུ་གླིང་པའི་མིའི་སྲིད་པ་སྐྱེ་པའི་རིམ་པ་དང་མཐུན་པར་སྒོམ་དགོས་པ་ལ་ཅི་ཡང་མི་ཕན་པའི་ཕྱིར་རོ་ཞེ་ན། །དེའི་སྐྱེན་མེད་དེ་དུས་གསུམ་གྱི་སངས་རྒྱས་རྣམས་མིའི་རྟེན་ལ་འཚང་རྒྱ་བར་གསུངས་པ་ནི་སངས་རྒྱས་སྤྱིའི་དབང་དུ་མཛད་པ་མིན་གྱི་འདོད་པའི་ཁམས་སུ་འཚང་རྒྱ་བ་རྣམས་ཀྱི་དབང་དུ་མཛད་པ་ཡིན་པའི་ཕྱིར་དང༌། བརྟེན་པ་ལྷ་བསྐྱེད་པ་ཡང་འདིར་སྔགས་ཀྱི་ལམ་སྒོམ་པ་སྤྱིའི་དབང་དུ་མ་བྱས་ཀྱི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་གདུལ་བྱའི་གཙོ་བོ་རིན་པོ་ཆེ་ལྟ་བུའི་གང་ཟག་ཚེ་དེ་ལ་ལམ་རིམ་པ་གཉིས་པོསྒོམས་ནས་སྔགས་ནས་འབྱུང་བ་བཞིན་འཚང་རྒྱ་བའི་དབང་དུ་མཛད་པ་ཡིན་པའི་ཕྱིར་དང༌། རྟེན་དེ་ཡང་འདོད་པའི་རྟེན་ཅན་པར་ངེས་པའི་ཕྱིར་རོ། །འདོད་པའི་རྟེན་ཅན་པ་ཡིན་པར་ཅིས་ཤེས་སྙམ་ན། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་གྲངས་མང་དུ་གསུངས་པའི་མཐར། འདི་ནི་གཉིས་པོ་འཁྱུད་པ་ཡིས། །རྒྱུད་ཀྱི་དབྱེ་བ་བསྟན་བའོ། །དེ་བཞིན་དུ་ནི་ལག་བཅངས་དང༌། །རྒོད་དང་བལྟས་པས་ཤེས་པར་བྱ། ཞེས་དང༌།
དཔལ་སཾ་བྷུ་ཊའི་བརྟག་པ་དྲུག་པ་ལས། རྒོད་དང་བལྟས་དང་ལག་བཅངས་དང༌། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། ཞེས་རྒོད་པ་ལ་སོགས་པའི་འདོད་ཆགས་རིགས་བཞི་ལམ་དུ་བྱེད་པ་ལ་རྒྱུད་སྡེ་བཞིར་གསུངས་ཤིང་འདོད་ཆགས་དེ་དག་ཀྱང་། མཛོད་ལས། གཉིས་གཉིས་འཁྱུད་དང་ལག་བཅངས་དང༌། །རྒོད་དང་བལྟས་པས་འཁྲིག་པ་ཡིན། ཞེས་འཁྲིག་པའི་འདོད་ཆགས་སུ་གསུངས་པས་རྒྱུད་སྡེ་བཞི་གང་གི་ཡང་གདུལ་བྱའི་གཙོ་བོ་འདོད་ཁམས་པར་ཁ་ཅིག་འཆད་ཀྱང༌། འདིར་ནི་གཞན་གསུམ་རེ་ཤིག་བཞག་ལ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་གདུལ་བྱ་བཤད་དེ་དེ་ཡང་ལམ་དེ་ལ་མོས་པ་དང་ཉམས་སུ་ལེན་པ་ཙམ་ལ་ངེས་པ་མེད་ཀྱི་གང་གི་དབང་དུ་མཛད་ནས་རྒྱུད་དེ་གསུངས་པའི་གདུལ་བྱའི་གཙོ་བའོ། །དེ་ནི་དབང་པོ་གཉིས་སྤྱོར་གྱི་ཆགས་པའི་སྒོ་ནས་འདོད་ཡོན་ལམ་དུ་བྱེད་ནུས་པའི་འདོད་ཁམས་པ་ཡིན་ཏེ། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། སྔགས་དང་ཕྱག་རྒྱས་སྔོན་དུ་མངོན་པར་འདུས་བྱས་པའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་མེད་པར་རྣམ་པར་ཤེས་པ་གསུམ་ཉེ་བར་མཚོན་པར་མི་ནུས་སོ། །བྷ་ག་དང་ལིང་ག་ཡང་དག་པར་སྦྱོར་མི་ནུས་པ་དེས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་དོ། ཞེས་དང༌། གང་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་བདེ་བས་རང་བཞིན་སྣང་བ་ཡང་དག་པར་ཉེ་བར་མཚོན་པར་བྱེད་པ་དེ་ནི་བདེ་བ་ཆེན་པོའི་གོ་འཕང་ལ་གནས་པར་འགྱུར་རོ། ཞེས་དང༌། འདུས་པའི་རྩ་རྒྱུད་སྟོན་པའི་ཚེ་སྟོན་པས་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བསྟན་པའི་དོན་ལ་མདོ་བསྲེ་ལས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་གོ་འཕང་ནི་འདོད་ཆགས་ལས་སྐྱེ་བར་འགྱུར་པར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ལེའུ་དང་པོ་འདོད་ཆགས་ཆེན་པོའི་ཚུལ་གྱིས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་མཛད་པ་དེ་བཞིན་དུ། སྐྱེ་བཞིན་པ་ལ་གནས་པས་དང་པོ་སྦྱོར་བ་བྱ་སྟེ་འདོད་ཆགས་ལ་སྦྱོད་པའི་སེམས་ཅན་རྣམས་ཀྱི་འདོད་པས་ཐར་པ་རབ་ཏུ་བསྟན་པར་བྱ་བའི་ཕྱིར། ཞེས་དང༌། སྒྲོན་གསལ་ལས་ཀྱང༌། ད་ནི་འདོད་པའི་ཁམས་ན་གནས་པའི་ཡུལ་ལ་ཆགས་པའི་སེམས་ཅན་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔའི་སྒོ་ནས་གྲོལ་བ་རབ་ཏུ་བསྟན་པའི་ཕྱིར། ཞེས་དང༌། གང་གི་དོན་དུ་འདི་ཉིད་མཛད་ཅེས་བའི་ལན་དུ། སྐྱེ་བོ་འདོད་ཆགས་ཅན་དོན་དུ། ཞེས་གསུངས་པའི་ཕྱིར་རོ། །དབང་པོ་གཉིས་སྦྱོར་ཡང་ངན་འགྲོ་གཉིས་དང་འདོད་ལྷ་འོག་མ་གཉིས་དང་མི་རྣམས་ལ་ཡོད་ཀྱི་དེ་དག་ལས་གཞན་ན་མེད་ལ་ངན་འགྲོ་ནི་སྔགས་ཀྱི་ལམ་གྱི་རྟེན་རྣམ་དག་ཏུ་མི་རུང་ཞིང་འདོད་ལྷ་ལ་ཡང་བདེ་བ་ཆེན་པོའི་རྟེན་བྱང་སེམས་ཀུན་ད་ལྟ་བུ་མེད་པས་དེ་ལ་བརྟེན་ནས་དགའ་བཞི་ལ་སོགས་པའི་ཏིང་ངེ་འཛིན་མཚོན་དུ་མེད་པས་བླ་མེད་ཀྱི་གདུལ་བྱའི་གཙོ་བོར་མི་རུང་ངོ༌། །དབང་པོ་གཉིས་སྦྱོར་གང་ན་ཡོད་པ་དང་བྱང་སེམས་ཀུན་ད་ལྟ་བུ་ཡོད་མེད་ཀྱི་ཚུལ་ནི། ས་ཡི་དངོས་གཞི་ལས། དུད་འགྲོ་རྣམས་དང་ཡི་དྭགས་རྣམས་དང་མི་རྣམས་ལ་ནི་ལུས་ཀྱི་བདེ་བ་དང་སྡུག་བསྔལ་འདྲེས་པར་ཡོད་པས་འཁྲིག་པའི་སྦྱོར་བ་ཡོད་དེ། སྐྱེས་པ་དང་བུད་མེད་དེ་རྣམས་ཕན་ཚུན་གཉིས་ཀྱིས་གཉིས་སྤྱོད་པ་བྱེད་དེ་ཁུ་བ་ཡང་འབྱུང་ངོ༌། །འདོད་པ་
ན་སྤྱོད་པའི་ལྷ་རྣམས་ལ་ཡང་འཁྲིག་པའི་སྦྱོར་བ་ནི་ཡོད་ལ་ཁུ་བ་འབྱུང་བ་ནི་མེད་དེ་དེ་དག་གི་ནི་འབྱུང་བའི་ཚེ་མཚན་གྱི་སྒོ་ནས་རླུང་ཉི་ཚེ་འབྱུང་ངོ༌། ཞེས་གསུངས་ཤིང་སློབ་དཔོན་དབྱིག་གཉེན་གྱིས་ཀྱང་དེ་བཞིན་དུ་གསུངས་སོ། །ཡང་དེ་ཉིད་ལས། དེ་དག་ནི་ལུས་ཀྱི་ཕྱི་ནང་གཙང་ཞིང་དྲི་ང་བ་མེད་དོ། །དེ་དག་ལ་ནི་འདི་ལྟ་སྟེ་མི་གཙང་བའི་རྫས་འདི་ལྟ་སྟེ་རྡུལ་དང་དྲི་མ་དང་རུས་པ་དང་རྒྱུས་པ་དང་རྩ་དང་མཁལ་མ་དང་སྙིང་ལ་སོགས་པ་གང་ཡིན་པ་དེ་དག་མེད་དོ། ཞེས་རྩ་དང་ནང་ཁྲོལ་རྣམས་མེད་པར་གསུངས་པས་འདོད་ལྷ་རྣམས་ལ་ཀུན་ད་ལྟ་བུའི་རྟེན་རྩའི་འཁོར་ལོ་རྣམས་ཀྱང་མེད་དོ། །དེ་དག་གིས་བདུད་རྩི་ལ་སོགས་པའི་ཁམ་ཟས་ཟོས་པ་རྣམས་ཀྱང་དེ་མ་ཐག་ཏུ་ལུས་ཀྱི་ཆ་ཐམས་ཅད་དུ་སོང་ནས་ཞུ་སྟེ་བཤང་གཅིར་འགྱུར་པ་མེད་པར་ས་ཡི་དངོས་གཞི་ལས་གསུངས་སོ། །མིའི་གླིང་གཞན་རྣམས་ཀྱང་སྔར་བཤད་པ་ལྟར་དབང་པོ་ཤིན་ཏུ་རྣོ་བ་མ་ཡིན་ལ་སྔགས་ནས་བཤད་པའི་ཚེ་གཅིག་གིས་སངས་རྒྱས་འགྲུབ་པ་ལ་ནི་དབང་པོ་མཆོག་ཏུ་རྣོ་བ་ཞིག་དགོས་པས་འཛམ་བུ་གླིང་པ་དགོས་སོ། །འདི་ཡང་སྒྲོན་གསལ་ལས། ཨུ་ཏྤལ་དེ་བཞིན་པད་དཀར་དང༌། །པདྨ་ཙནྡན་ཉིད་དག་སྟེ། །གང་ཟག་བཞི་པོ་འདིདག་ནི། །ཚོགས་པ་ལ་བཤད་གང་ཟག་གོ །རྫོགས་པའི་རིམ་གྱི་སྐལ་ལྡན་ཞིང༌། །རྟག་ཏུ་སྤྱོད་པས་རྣམ་བརྒྱན་པ། །འདི་ནི་རིན་ཆེན་གང་ཟག་སྟེ། །སློབ་མ་ལ་བཤད་སྣོད་ཡིན་ནོ། ཞེས་གསུངས་པ་ལྟར་ཚོགས་བཤད་ཀྱི་སྣོད་ཀྱི་གང་ཟག་བཞི་དང་སློབ་བཤད་ཀྱི་སྣོད་གཅིག་སྟེ་ལྔ་ཡོད་ཀྱང་གདུལ་བྱའི་གཙོ་བོ་ནི་རིན་པོ་ཆེ་ལྟ་བུའོ། །
དེ་ལ་ཡང་རྒྱུད་དང་སྒྲུབ་ཐབས་ཀྱི་རྒྱ་གཞུང་ཕལ་མོ་ཆེར་སྐྱེས་པའི་དབང་དུ་བྱས་ནས་བསྟན་པ་མང་བར་སྣང་ན་ཡང་བུད་མེད་རྟེན་དུ་མི་རུང་བ་ནི་མ་ཡིན་ཏེ། རྒྱུད་ཀྱི་ལེའུ་བཅུ་གསུམ་པ་ལས། རིག་པ་ཆེན་མོ་སྦྱན་ལ་སོགས། །རྟག་ཏུ་འདོད་པའི་དོན་བརྩོན་པ། །འདོད་པའི་ལོངས་སྤྱོད་དག་གིས་ནི། །ཇི་ལྟར་འདོད་པ་བསྟེན་ན་འགྲུབ། ཅེས་གསུངས་ཤིང་དེའི་འགྲེལ་པ་སྒྲོན་གསལ་ལས་ཀྱང༌། འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་ནི་སྐྱེས་པ་འབའ་ཞིག་གིས་བགྲུབ་པར་མ་ཟད་ཀྱི་བུད་མེད་ཀྱིས་ཀྱང་སྒྲུབ་པར་བྱེད་དོ་ཞེས་བསྟན་པར་བྱ་བའི་ཕྱིར་རིག་པ་ཆེན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཞེས་གསུངས་པས་སོ། །དེ་ལ་རིག་པ་ཆེན་མོ་ནི་ལེགས་པར་བསླབས་པའི་ཕྱག་རྒྱའོ། །སྦྱན་ལ་སོགས་པ་ནི་པདྨ་ཅན་ལ་སོགས་པའི་བུད་མེད་བཞིའོ། །འདོད་པ་ནི་ཡུལ་ལྔ་དང་དེའི་དོན་ནི་དེ་རྣམ་པར་དག་པ་སྟེ་དེ་ལ་རྟག་ཏུ་སྒོམ་པ་ལྷུར་ལེན་པ་ལ་བརྩོན་པས་ཇི་ལྟར་བདེ་བར་འདོད་པའི་ཡུལ་ལ་བསླབས་ན་རྡོ་རྗེ་འཆང་གི་གོ་འཕང་འགྲུབ་པར་འགྲེལ་པར་བཤད་པས་ཐོབ་བྱ་འདྲ་ལ། རྟེན་ནི་སྡོམ་འབྱུང་དང་གདན་བཞི་དང་ཞལ་ལུང་ལ་སོགས་པར་གསུངས་པའི་མཚན་ཉིད་དེ་རྣམས་ཚང་བའི་བུད་མེད་དགོས་པར་གསལ་ལོ། །འདི་ཡི་གྲོལ་ལུགས་ཀྱི་ཁྱད་པར་ནི་རྡོ་རྗེ་མཁའ་འགྲོའི་ལེའུ་དང་པོའི་འགྲེལ་པར་ཡང་བཤད་དོ། །དེ་ལྟར་ན་འདོད་པའི་རྟེན་ལ་འཚང་རྒྱ་བ་ཐམས་ཅད་འཛམ་བུ་གླིང་པའི་རྟེན་ཅན་དུ་བསྒྲུབས་པས་ནི་སྔགས་ཀྱི་ལམ་གྱིས་ཚེ་དེ་ལ་འཚང་རྒྱ་བ་རྣམས་ཀྱང་འདོད་པའི་རྟེན་ལ་འཚང་རྒྱ་བ་ཡིན་པས་འཛམ་བུ་གླིང་པའི་རྟེན་
ཅན་དུ་འགྲུབ་ལ། དེའི་རྒྱུ་མཚན་གྱིས་རྟེན་དེས་བཅུད་ཆགས་པ་དང་ཆོས་མཐུན་པར་བསྒོམ་པར་བྱ་བའི་མཐུན་ཡུལ་ཡང་འཛམ་བུ་གླིང་པའི་མིའི་སྲིད་པ་འགྲུབ་པའི་རིམ་པ་དང་མཐུན་པར་སྒོམ་པ་འགྲུབ་པ་ཡིན་ནོ། །སྡོམ་འབྱུང་གི་ལེའུ་གཉིས་པ་བསྐྱེད་རིམ་སྟོན་པའི་ལེའུ་ལས་སྔར་བཤད་པ་བཞིན་སྐྱེ་གནས་བཞིབཤད་པའི་འོག་ཏུ་གླིང་བཞི་ལ་ལོངས་སྤྱོད་དང་ལས་ཀྱིས་གཉིས་དང་འཚང་རྒྱ་བའི་ཚུལ་བཞི་གསུངས་པའི་དོན་རྣམས་ནི་འགྲེལ་པས་འདི་དང་མི་མཐུན་པར་བཀྲལ་མོད་ཀྱང་སློབ་དཔོན་འདིས་བཀྲོལ་བའི་དོན་ཇི་ལྟ་བ་བཞིན་དུ་སྣང་བས་རྒྱུད་དེའི་དོན་ཡང་འདི་དང་མཐུན་པར་བྱའོ། །འདིར་ཆོས་མཐུན་སྒོམ་པ་པོ་དེ་འཛམ་བུ་གླིང་པའི་མི་ཡིན་དུ་ཆུག་ཀྱང་ཆོས་མཐུན་པའི་མཐུན་ཡུལ་ལ་འཛམ་བུ་གླིང་པའི་མིའི་སྐྱེ་ཤི་བར་དོ་གསུམ་དགོས་པའི་རྒྱུ་མཚན་ཅི་ཡིན་སྙན་ན། སྤྱིར་ཆོས་མཐུན་སྒོམ་པ་དང་ཁྱད་པར་དུ་འཛམ་བུ་གླིང་པའི་མི་དང་མཐུན་པར་སྒོམ་པ་རྣམས་ཀྱི་གནད་ཀྱི་དོན་དང་རིམ་པ་གཉིས་ཀྱི་སྦྱང་བར་བྱ་བའི་གཞིར་གང་འགྱུར་པ་རྣམས་ནི་འཆད་པར་འགྱུར་རོ། །སྔགས་ཀྱི་ལམ་གྱིས་ཚེ་གཅིག་ལ་བསྒྲུབ་པར་བྱ་བའི་སངས་རྒྱས་དེ་མིའི་རྟེན་ལ་སྒྲུབ་ན་འོག་མིན་གྱི་རྟེན་ཅན་གྱིས་རྟེན་དེ་ལ་ཐོབ་པའི་སངས་རྒྱས་སྔགས་ཀྱི་ལུགས་ཀྱིས་འདོད་མི་འདོད་དང་འོག་མིན་གྱི་ལྷ་དང་འདོད་པའི་མིའི་རྟེན་ལ་གསར་དུ་འཚང་རྒྱ་བའི་ཆོས་དང་གཟུགས་ཀྱི་སྐུ་འགྲུབ་པའི་ཁྱད་པར་དང༌། མིའི་རྟེན་ལ་འཚང་རྒྱ་བར་བཤད་པ་དང༌། རྫོགས་རིམ་ཐོབ་ནས་སྤྱོད་པ་བྱེད་པ་མ་བྱུང་བར་ཚེའི་དུས་བྱས་པ་དེ་འགྲོ་བ་གཞན་དུ་སྐྱེ་བ་མ་བླངས་པར་འཚང་རྒྱ་བར་སྤྱོད་བསྡུས་ལས་གསུངས་པ་གཉིས་མི་
འགལ་བའི་ཚུལ་དང༌། ཚེ་གཅིག་ལ་འཚང་རྒྱ་བའི་རྟེན་དེས་ཀྱང་ལུས་བརྗེས་ནས་འཚང་རྒྱ་བར་སྤྱོད་བསྡུས་དང་སྒྲོན་གསལ་ལས་གསུངས་པས་དེ་ལྟ་ཡིན་ན་དང་པོར་མིའི་རྟེན་ལ་ལམ་སྒྲུབ་པ་ཡིན་ཀྱང་མཐར་འབྲས་བུ་འཐོབ་པ་ན་ལུས་རྟེན་དེ་བརྗེ་ཚུལ་ཇི་ལྟར་བྱེད་པ་སོགས་ནི། རྫོགས་རིམ་གྱི་གཞུང་འཆད་པའི་སྐབས་སུ་བབ་པར་སྣང་བས་དེར་བཤད་པར་བྱའོ། །གསུམ་པ་ལ་གསུམ། བསྐལ་པ་དང་པོའི་མི་དང་མཐུན་པར་བསྒོམ་པ། དེ་འཆི་འཕོ་ཞིང་བར་སྲིད་གྲུབ་པ་དང་མཐུ་པར་བསྒོམ་པ། དེས་སྐྱེ་སྲིད་གྲུབ་པ་དང་མཐུན་པར་བསྒོམ་པའོ། །དང་པོ་ནི། གཞལ་ཡས་ཁང་བསྐྱེད་ནས་ལྷ་བསྐྱེད་པའི་ཐོག་མར་ལྷག་མོས་ཀྱི་དཀྱིལ་འཁོར་བསྐྱེས་པར་མདོར་བྱས་སུ་གསུངས་པ་ནི་བསྐལ་བ་དང་པོའི་མི་དང་ཆོས་མཐུན་པར་བསྒོམ་པ་ཡིན་ནོ། །འདི་ལ་གཉིས། དངོས་སུ་བསྟན་པའི་མཐུན་ཡུལ། ཤུགས་ཀྱིས་ཐོབ་པའི་ལྷག་མོས་བསྒོམ་པའོ། །དང་པོ་ནི། སྤྱིར་བཅུད་འཆགས་པའི་རིམ་པ་ནི་འོད་གསལ་ནས་ལྷ་གཅིག་ཚེ་འཕོས་ནས་ཚངས་པ་ཆེན་པོར་སྐྱེ་ལ་དེ་ནས་ཚངས་པའི་མདུན་ན་འདོན་དང་དེ་ནས་ཚངས་རིས་དང་དེ་ནས་འདོད་ལྷ་དྲུག་ཡས་རིམ་ནས་དང་དེ་ནས་སྒྲ་མི་སྙན་དང་བ་གླང་སྤྱོད་དང་ལུས་འཕགས་པོ་དང་འཛམ་བུ་གླིང་པའི་མི་རྣམས་རིམ་བཞིན་དུ་འཆགས་སོ། །དེ་ནས་ཡི་དྭགས་དང་དུད་འགྲོ་དང་དམྱལ་བ་སྐྱེ་སྟེ་གང་མཇུག་ཏུ་འཇིག་པ་དེ་དང་པོར་འཆགས་པ་ཆོས་ཉིད་དོ། །དེ་ལྟར་ཡོད་ཀྱང་འདིར་ནི་ལྷ་དང་མིའི་གླིང་གཞན་གསུམ་དང་ངན་འགྲོའི་བཅུད་འཆགས་པ་དང་མི་བསྟུན་གྱི་འཛམ་བུ་གླིང་པའི་མི་དང་བསྟུན་ནས་འཆད་དོ། །དེ་ཡང་འོད་གསལ་གྱི་ལྷའི་རིས་ནས་སེམས་ཅན་རྣམས་ཤི་འཕོས་ནས་འཛམ་བུ་གླིང་པའི་མིར་སྐྱེ་སྟེ་
བསྐལ་པ་དང་པོའི་མི་རྣམས་ནི། མཚན་དཔེའི་ཡོན་ཏན་རྗེས་མཐུན་པ་ཡོད་པས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ཅིང༌། ཡིད་ཀྱི་རང་བཞིན་གྱི་གཟུགས་ཅན་ནི་མཛོད་འགྲེལ་དུ་མདོ་དྲངས་པ་དང་ལུང་རྣམ་འབྱེད་གཉིས་ཀར་གཟུགས་ཅན་དང་ཡིད་ལས་བྱུང་བ་གཉིས་སོ་སོར་གསུངས་ལ་དེའི་དོན་ནི་རྒྱལ་པོ་སྲས་ཀྱིས་གཟུགསལྟར་རུང་བ་དང་བརྫུས་ཏེ་སྐྱེས་པ་ལ་བཤད་དོ། །ལག་པ་དང་རྐང་པ་ལ་སོགས་པའི་ཡན་ལག་དང་སོར་མོ་ལ་སོགས་པའི་ཉིང་ལག་ཐམས་ཅད་ཀྱིས་མཚན་པ་སྟེ་དེ་དག་དང་ལྡན་པ། དབང་པོ་ཚོགས་པས་མ་ཚང་བ་མེད་པ། མ་རྫོགས་པ་མེད་པ་ལ་མཛོད་འགྲེལ་དུ་མདོ་དྲངས་པ་ལས་ངན་པ་མ་ཡིན་པ་ཞེས་འབྱུང་བའི་དོན་ཞར་བ་དང་ལོང་བ་མེད་པ་ལ་རྒྱལ་པོ་སྲས་ཀྱིས་བཤད་དེ་རྣམ་འབྱེད་ལས་དབང་པོ་མ་ཉམས་པ་ཞེས་པ་དང་མཐུན་ནོ། །ཁ་དོག་གསལ་བའི་ལུས་ཅན་ལ་མཛོད་འགྲེལ་ལས། མཛེས་པ་ཁ་དོག་ལ་གནས་པ་རང་གི་འོད་ཅན་ཞེས་དྲངས་པ་དང༌། རྣམ་འབྱེད་གཉིས་དོན་འདྲ་བར་ཡོད་ལ་དེའི་དོན་ནི་དབྱིབས་དང་ཁ་དོག་བལྟ་ན་སྡུག་པ་དང་ཉི་མ་ལ་སོགས་པའི་འོད་ལ་མི་ལྟོས་པ་ལ་རྒྱལ་པོ་སྲས་ཀྱིས་བཤད་དོ། །རང་གི་ལས་ཀྱི་རྫུ་འཕྲུལ་གྱི་མཐུས་ནམ་མཁའ་ལ་འགྲོ་བ་ལོ་གྲངས་ཀྱིས་དཔག་ཏུ་མེད་པའི་ཚེ་ཐུབ་པས་རིང་ཞིང་ཁམ་ཟས་ལ་མི་ལྟོས་པས་དགའ་བ་ལ་སྤྱོད་པ་སྟེ་དགའ་བའི་ཟས་ཅན་ནོ། །སངས་རྒྱས་ཀྱི་ཡོན་ཏན་གྱིས་བརྒྱན་པ་ཞེས་པ་མངོན་པ་དང་རྣམ་འབྱེད་ལས་མ་བྱུང་ངོ༌། །དེ་ལྟར་ཡེ་ཤེས་ཀྱི་ལུས་ཅན་ཏེ་འབྱུང་བའི་ལུས་རགས་པ་དང་བྲལ་བའི་གཟུགས་ཁམས་པའི་ལྷའི་ལུས་དང་འདྲ་བའི་ལུས་ཁྱད་པར་ཅན་ཐོབ་པ་ཡིན་ཡང་
རང་གི་སེམས་ལས་བྱུང་བའི་ལས་དང་ཉོན་མོངས་པ་ཐམས་ཅད་ཀྱིས་མངོན་པར་ཟིལ་གྱིས་གནོན་པ་སྟེ་དེ་གཉིས་ཀྱི་དབང་དུ་འགྱུར་རོ། །རྒྱུ་གང་གི་དབང་གིས་དེ་ལྟར་འགྱུར་པ་ནི། ཐོག་མ་མེད་པའི་དུས་ནས་བྱུང་བའི་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པའི་མི་ཤེས་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བག་ཆགས་ཀྱི་སྟོབས་ལས་ལས་ཉོན་གྱི་དབང་དུ་འགྱུར་རོ། །འདི་ལ་སྒྱུ་ལུས་དང་ཆ་འདྲ་བའི་ལུས་ཡོད་ཀྱང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོས་བསམ་གྱིས་མི་ཤེས་ཤིང་བསྒོམས་པས་ཁོང་དུ་མ་ཆུད་དེ་དེས་ན་སྲིད་པར་འཁྱམ་པ་ཡིན་ཏེ། སྡོམ་འབྱུང་ལས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །རབ་ཏུ་མི་ཤེས་མི་རྣམས་ནི། །ཐོག་མེད་དུས་ཅན་ཉོན་མོངས་ཀྱི། །བག་ཆགས་རབ་ཏུ་བསགས་བྱས་ལ། །དེ་ནས་སྔོན་བྱས་ལས་ཀྱིས་ནི། །སྐྱེ་དང་འཆི་བ་ཡང་དག་འབྱུང་། ཞེས་སོ། །དེ་འདྲ་བའི་ལུས་གྲུབ་པ་དེ་ནས་དེ་དག་གིས་རིམ་གྱིས་བརྒྱད་ནས་འཆད་པར་འགྱུར་པ་ལྟར་རང་གི་འོད་ནུབ་པ་ལ་སོགས་པའི་སྒོ་ནས་ཡིད་ཀྱི་རང་བཞིན་གྱི་ལུས་སྔར་བཤད་པའི་ཡོན་ཏན་ཅན་དེ་སྤངས་ཏེ་ཉོན་མོངས་པའི་རྒྱུད་ཀྱིས་རིམ་གྱིས་ཐ་མལ་པའི་མིའི་བདག་ཉིད་ཀྱི་དངོས་པོ་ཕོ་མོའི་མཚན་མ་ཅན་རགས་པའི་ལུས་ཡོངས་སུ་འཛིན་ཏོ། །གཉིས་པ་ནི། དེ་ལྟར་བསྐལ་པ་དང་པོའི་མི་ཐ་མལ་པའི་ལུས་ཅན་དུ་གྱུར་ནས་ཕོ་མོའི་སྒོ་ནས་ཐབས་ཤེས་ཀྱི་རྣམ་པ་གྲུབ་པའི་བཅུད་ཀྱི་སྲིད་པའི་རིམ་པ་གྲུབ་པ་དེ་དང་མཐུན་པར་ལྷག་མོས་ཀྱི་ལྷ་ཕོ་མོའི་རྣམ་པ་ཅན་དུ་སྒོམ་པ་ཡིན་ནོ། །འདིར་ལྷག་མོས་ཀྱི་ལྷ་རྣམས་བསྐལ་པ་དང་པོའི་མི་དང་ཆོས་མཐུན་པར་མཛད་པའི་རྒྱུ་མཚན་ནི། སྲིད་པ་སྐྱེ་བ་ལ་སྣོད་འཆགས་པའི་འོག་ཏུ་བཅུད་འཆགས་བ་དང་འདྲ་བར། བསྐྱེད་རིམ་ལ་རྟེན་གཞལ་ཡས་ཁང་གི་
སྣོད་ཆགས་པའི་འོག་ཏུ་བཅུད་ཐོག་མར་ཆགས་པ་ལྷག་མོས་ཀྱི་ལྷ་ཡིན་པའི་ཕྱིར་དང༌། འཛམ་བུ་གླིང་པའི་མི་འཆགས་པའི་བཅུད་ཉིད་དང་ཆོས་མཐུན་པར་སྒོམ་དགོས་པའི་ཕྱིར་རོ། །འོ་ན་སྐབས་འདིར་ལྷག་མོས་བསྒོམ་པ་དང་ཆོས་མཐུན་སྤྱོར་བ་མ་མཛད་པ་ཅི་ཡིན་ཞེ་ན། རྟེན་བསྐྱེད་པའི་འོག་ཏུ་བརྟེན་པ་ཐོག་མར་བསྐྱེད་པ་ན། དེར་མི་བསྐྱེད་པ་ལ་སོགས་པ་ལྷའི་འཁོར་ལོ་ཐམས་ཅད་ལྷག་པར་མོས་པས་དགོད་པར་བྱའོ། ཞེས་པ་དང༌། གནས་ནི་སྒྲུབ་པ་སྔོམ་འགྲོ་བས། །རྡོ་རྗེ་གསུམ་པསྐྱེད་བསྒོམ་པར་བྱ། ཞེས་གསུངས་ཟིན་ལ་བརྟེན་པ་ལྷ་བསྐྱེད་པའི་མཐུན་ཡུལ་ཡང་སྔར་བཤད་ཟིན་པས་དེ་དང་ལྷག་མོས་གཉིས་སྤྱོར་བ་གོ་སླ་བ་ལ་དགོངས་ནས་མ་གསུངས་སོ། །དེའི་ཕྱིར་མན་ངག་སྙེ་མའི་སྙེ་མ་བཅུ་གཉིས་པར་ལྷག་མོས་དང་བར་སྲིད་གཉིས་ཆོས་མཐུན་པར་སྦྱོར་བ་ནི་མི་འཐད་ཅིང༌། བར་སྲིད་དང་དང་པོའི་མགོན་པོ་གཉིས་ཆོས་མཐུན་པར་སྤྱོར་བ་འོག་ནས་སྟོན་པ་དང་འགལ་བའི་ཕྱིར་རོ། །དེས་ན་ལྷག་མོས་ཀྱི་ལྷ་རྣམས་དཀྲོངས་སྐྱེད་བྱེད་པ་ཡང་བསྐལ་པ་དང་པོའི་མི་བརྫུས་སྐྱེས་དང་བསྟུན་པ་ཡིན་གྱི་བར་སྲིད་ཀྱི་སྐྱེ་ཚུལ་དང་བསྟུན་པ་མིན་ནོ། །འདིར་ལྷག་མོས་ཀྱི་མཛད་པ་དང་ལྷག་མོས་ལུས་ལ་བསྡུ་བ་སོགས་ལ་ཆོས་མཐུན་སྦྱོར་བའི་ཕྲ་མོའི་ཆོས་མཐུན་མི་དགོས་ཀྱི་རགས་པའི་ཆོས་མཐུན་གྱིས་ཆོག་སྟེ་སྐབས་གཞན་དུ་བཤད་པ་བཞིན་ནོ། །གཉིས་པ་ལ་གཉིས། མཐུན་ཡུལ་བཤད་པ། དེ་དང་མཐུན་པར་སྒོམ་ཚུལ་ལོ། །དང་པོ་ལ་གཉིས། འཆི་འཕོ་བ་དང༌། ཤི་ནས་བར་དོ་འགྲུབ་པའི་ཚུལ་ལོ། །དང་པོ་ནི། སྔར་བསྟན་པ་དེ་ལྟ་བུའི་
བསྐལ་པ་དང་པོའི་མིའི་སེམས་ཐུགས་རྡོ་རྗེ་ཞེས་ཐ་སྙད་བྱ་བའི་གཞི་དེས་སམས་རང་ཉིད་ཀྱི་རང་བཞིན་གྱི་སྣང་བ་རླུང་གི་བཞོན་པའི་རང་བཞིན་ཅན་ཡོངས་སུ་མ་ཤེས་པས་སེམས་ཅན་གྱི་རིས་ནས་འཇིག་རྟེན་གཞན་དུ་འཆི་འཕོའོ། །སེམས་ཀྱི་རང་བཞིན་མི་ཤེས་པའི་རྒྱུ་ནི་ལམ་ཕྱིན་ཅི་མ་ལོག་པ་སྟོན་པའི་དགེ་བའི་བཤེས་གཉེན་དང་བྲལ་བས་ཡིན་ནོ། །སྤྱོད་བསྡུས་ལས་ཀྱང༌། དེ་ལྟར་འདི་དག་ནི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའོ་ཞེས་མི་ཤེས་ཤིང་རང་ཉིད་ཀྱི་རང་བཞིན་གྱི་སྣང་བ་རླུང་གི་བཞོན་པའི་རང་བཞིན་ཅན་མ་ཤེས་ནས་ངའི་ལུས་དང་ངའི་ངག་དང་ངའི་སེམས་ཡིན་ནོ་ཞེས་རློམ་པ་དང་ངར་སེམས་པས་ལས་དགེ་བ་དང་མི་དགེ་བ་རྣམས་བྱས་ནས་བདེ་འགྲོ་དང་ངན་འགྲོར་མཆོག་ཏུ་གཞོལ་བར་འགྱུར་རོ། ཞེས་སེམས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་མ་ཤེས་པར་བདག་དང་བདག་གི་བར་བཟུང་བའི་ཉོན་མོངས་ཀྱི་དབང་གིས་ལས་བསགས་ནས་འཁོར་བར་འཁྱམས་པར་གསུངས་པ་འདི་སྔགས་དང་མཚན་ཉིད་གཉིས་ཀའི་ལུགས་ཀྱིས་འཁོར་བའི་འཇུག་རིམ་ཡིན་ནོ། །དེས་ན་སྲིད་པར་འཁྱམ་པའི་རྩ་བ་བདག་འཛིན་གཅོད་བྱེད་ཀྱི་བདག་མེད་པའི་ལྟ་བ་ནི་ལམ་གཉིས་ཀ་ལ་འདྲ་བས་སྔགས་ཀྱི་ལམ་ལ་ཡང་བསྟན་པའི་སྙིང་པོ་བདག་མེད་པའི་དེ་ཁོ་ན་ཉིད་གཏན་ལ་ཕེབས་པའི་ཤེས་རབ་དང་མ་བྲལ་བ་སྙིང་པོའི་དོན་དུ་གཟང་བར་བྱའོ། །གཉིས་པ་ལ་གཉིས། བར་དོར་གནས་པའི་དུས། བར་དོའི་མཚན་ཉིད་བསྟན་པའོ། །དང་པོ་ནི། ཤི་འཕོས་པ་དེ་བར་དོར་ཡུན་ཇི་ཙམ་ཞིག་གནས་སྙམ་ན། ཇི་སྲིད་དུ་སྐྱེ་གནས་ཕྱི་མར་སྐྱེ་བའི་རྒྱུ་རྐྱེན་གྱི་ཚོགས་པ་མ་རྙེད་པ་དེ་སྲིད་དུ་སྲིད་པ་བར་མ་དོ་ན་གནས་སོ་ཞེས་གསུངས་པ་ནི་ངེས་པར་བཤད་
པ་ཡིན་པས་དེ་ནི་བར་དོ་ཐམས་ཅད་ལ་འདྲ་བ་ཡིན་ནོ། །དུས་དེ་ཡང་ཇི་ཙམ་སྙམ་ན་ཞག་བདུན་དུ་ཞེས་པ་ནི་བར་དོའི་ཚེ་གཅིག་གི་དབང་དུ་མཛད་ཀྱི་སྦྱིར་ནི་གང་དུ་སྐྱེ་བའི་རྒྱུ་རྐྱེན་མ་ཚོགས་ན་བར་དོ་དེ་ཤི་ནས་བར་དོར་ཞག་བདུན་ཕྲག་བདུན་གནས་ལ་དེ་ཚུན་ཆད་ཀྱིས་སྐྱེ་བའི་ཚོགས་པ་རྙེད་པར་འགྱུར་རོ། །སྡོམ་འབྱུང་ལས་ཀྱང༌། ཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་བདུན་པར་དོའི་སྲིད་པར་གནས། །སྲིད་པ་བར་དོའི་སེམས་ཅན་ནི། །འགྲོན་པོ་རྣམས་ཀྱི་བགྲོད་པ་བཞིན། །འདི་ལྟར་ལས་ཀྱི་སྲད་བུ་ཡིས། །འགྲོ་བ་དྲུག་ཏུ་རབ་ཏུ་རྒྱུ། ཞེས་གསུངས་སོ། །བར་དོའི་གནས་ཚད་ནི་ས་ཡི་དངོས་གཞི་ལས། བར་མ་དོའི་སྲིད་པ་དེ་ཡང་སྐྱེ་བའི་རྐྱེན་མ་རྙེད་ཀྱི་བར་དུ་རེ་ལྟར་ཐོགས་ན་ཞག་བདུན་གནས་པར་ཟད་དོ། །རྐྱེན་རྙེད་ན་ནི་ངེས་པ་མེད་དོ། །ཡང་མ་རྙེད་ན་ནི་ལུས་བརྗེས་ནས་ཡང་ཞག་བདུན་དུ་གནས་སོ། །རྐྱེན་མ་རྙེད་ན་ཞག་བདུན་ཕྲག་བདུན་གྱི་བར་དུ་ཡང་གནས་སོ། །དེ་ལས་འདས་ཕན་ཆད་ནི་གདོན་མི་ཟ་བར་སྐྱེ་བའི་རྐྱེན་རྙེད་པར་འགྱུར་རོ། །ཞེས་གསལ་བར་གསུངས་ཏེ། རེ་ལྟར་ཐོགས་ན་ཞེས་དང་ངེས་པ་མེད་དོ་ཞེས་གསུངས་པས་ཞག་བདུན་ནི་ཚེ་གཅིག་གི་རིང་མཐའོ། །གཉིས་པ་ལ་གཉིས། དྲི་བ་དང༌། ལན་ནོ། །དང་པོ་ནི། སྲིད་པ་བར་མ་དོའི་སྒྲ་དོན་དང་ལུས་ཀྱི་རབ་བཞིན་ཇི་ལྟར་ལགས་ཞེས་ཞུས་པའོ། །གཉིས་པ་ལ་གསུམ། བར་དོའི་རང་བཞིན་སྤྱིར་བསྟན་པ། བྱང་སེམས་ཀྱི་བར་དོ་བྱེ་བྲག་ཏུ་བཤད་པ། སྤྱིའི་མཚན་ཉིད་བསྟན་པའོ། །དང་པོ་ནི། དྲི་བའི་ལན་སྨྲས་པ། ཚེ་སྔ་མའི་འཆི་སྲིད་དང་ཚེ་ཕྱི་མའི་སྐྱེ་བའི་སྲིད་པའི་བར་ན་བདག་གི་ངོ་བོ་མངོན་པར་གྲུབ་ཅིང་ད་
གཟོད་ཡུལ་གཞན་དུ་སྐྱེ་བ་འགྲུབ་པ་དེ་ལ་སྲིད་པ་བར་མ་ཞེས་གསུང་རབ་ལས་བཤད་དེ་སྐྱེ་འཆི་གཉིས་ཀྱི་བར་ན་གནས་པའི་སྲིད་པ་ཡིན་པའི་ཕྱིར་རོ། །དེའི་མིང་གི་རྣམ་གྲངས་གཞན་ནི་དྲིའི་ཕྱིར་འགྲོ་ཞིང་དྲིས་བརྟས་པར་འགྱུར་པས་དྲི་ཟ་དང་དེ་ལ་བརྟེན་ནས་ཡིངས་སྐྱེ་གནས་སུ་འགྲོ་བའམ་ཁུ་ཁྲག་སོགས་ཀྱི་རྒྱུད་ལ་མ་ལྟོས་པར་ཡིད་ལས་སྐྱེས་པས་ཡིད་ལས་བྱུང་བ་དང་སྐྱེ་བ་འགྲུབ་པ་ལ་ཕྱོགས་པས་ན་མངོན་པར་འགྲུབ་པ་དང་སྲིད་པ་ཆོལ་བའི་ངང་ཚུལ་ཅན་ཡིན་པས་ན་སྲིད་པ་ཚོལ་བ་ཞེས་གསུངས་སོ། །བར་དོ་དེ་ཡང་ན་ཚོད་གཞོན་ཞིང་དབང་པོ་རྣོ་བར་འགྱུར་ཏེ། མཛོད་འགྲེལ་ལས། བོངས་ཚོད་ནི་བྱིས་པ་ལོ་ལྔའམ་ལོ་དྲུག་ལོན་པ་ལྟ་བུ་སྟེ་དེ་ཡང་དབང་པོ་གསལ་བ་ཡིན་ནོ། ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། ཇི་ལྟར་ཏེ་དཔེན་ན་དགའ་ལྡན་གྱི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་མཚན་དང་དཔེ་བྱད་ཐམས་ཅད་དང་ལང་ཚོ་ཡོངས་སུ་རྫོགས་པ་ཡང་ཡིན་པ་དེ་བཞིན་དུ་མའི་རུམ་དུ་སྟེ་ཡུམ་གྱི་ལྷུམས་སུ་རབ་ཏུ་འཇུག་པའི་བྱང་ཆུབ་སེམས་དཔའི་སྲིད་པ་བར་མ་དོ་ན་གནས་པ་ཡང་མཚན་དང་དཔེ་བྱད་དང་ལྡན་ཞིང་ལང་ཚོ་ཡོངས་སུ་རྫོགས་པ་ཡིན་ན། །དེའི་ཕྱིར་གླིང་བཞི་པ་བྱེ་བ་ཕྲག་བརྒྱར་ཡང་བྱང་སེམས་བར་དོན་གནས་པ་འདིའི་འོད་ཀྱི་སྣང་བས་གསལ་བར་བྱེད་དོ། །བར་དོ་མངལ་དུ་འཇུག་ཚུལ་འོག་ཏུ་སྟོན་ཞིང་འདིར་བར་དོའི་མཚན་ཉིད་སྟོན་པས་ན་འདི་བྱང་སེམས་ཀྱི་བར་དོ་སྟོན་པ་ཡིན་གྱི་བར་དོས་སྐྱེ་བ་ལེན་ཚུལ་སྟོན་པ་མིན་ནོ ། མཛོད་འགྲེལ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ནི་དཔེར་ན་གཞོན་ནུ་ཐོར་བུ་ལྟ་བུ་མཚན་དང་དཔེ་བྱད་དང་བཅས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྲིད་པ་བར་མ་ལ་གནས་པ་ཡུམ་གྱི་ལྷུམས་སུ་འཇུག་པས་གླིང་བཞི་པྱེ་བ་
ཕྲག་བརྒྱ་སྣང་བར་མཛད་དོ། ཞེས་བྱང་སེམས་དགའ་ལྡན་ནས་འཕོ་བའི་བར་དོ་ངོས་བཟུང་བ་དང་འདི་གཉིས་དོན་གཅིག་ཡིན་པས་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །འདིར་མཛོད་འགྲེལ་ལས་ཡུམ་གྱི་རྨི་ལམ་ན་གླང་པོ་ཆེའི་ཕྲུག་གུ་དཀར་པོ་ཞུགས་པར་གཟིགས་པ་དང་ཆོས་ལྡན་རབ་འབྱོར་གྱིས་གླང་ཆེན་དཀར་པོ་མཆེ་བ་དྲུག་དང་ལྡན་པ་ཞིག་ཡུམ་གྱི་ལྷུམས་སུ་ཞུགས་པར་བཤད་པ་དང་སྔར་གྱི་བྱང་སེམས་ཀྱི་བར་སྲིད་ཀྱི་རྣམ་པ་མི་འདྲ་བའི་རྩོད་སྤོང་ལ། དུད་འགྲོའི་སྐྱེ་གནས་བཟློག་ནས་ཡུན་རིང་དུ་ལོན་པའི་ཕྱིར་མཚན་མ་ཙམ་དུ་ཟད་དེ་དཔེར་ན་རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་བཞིན་ནོ། ཞེས་སྔ་མའི་ལན་དུ་གསུངས་ལ། ཆོས་ལྡན་རབ་འབྱོར་གྱི་ཚིག་ནི་སྡེ་སྣོད་གསུམ་གང་ཡང་མིན་པས་ངེས་པར་དྲང་མི་དགོས་ལ་གལ་ཏེ་འདྲེན་ནའང་ཡུལ་གྱི་རྨི་ལམ་དང་མཐུན་པར་ཚིགས་བཅད་བྱས་སོ་ཞེས་དྲང་བར་བྱ་བར་གསུངས་ཤིང༌། ལྷའི་སྲིད་པ་བར་མ་བོངས་ཚོད་རྫོགས་པར་གསུངས་པས་བྱིས་པ་ལོ་ལྔའམ་དྲུག་ལོན་པ་ལྟ་བུ་ནི་མི་ལ་སོགས་པའི་བར་སྲིད་ལ་ དགོངས་སོ། །གསུམ་པ ་ལ་གཉིས། མདོ་ནས་བཤད་པའི་མཚན་ཉིད་དང༌། མངོན་པའི་བསྟན་བཅོས་ནས་བཤད་པའི་མཚན་ཉིད་དོ། །དང་པོ་ནི། བར་དོའི་མཚན་ཉིད་གཞན་ནི་བཟང་སྐྱོང་གིས་ཞུས་པའི་མདོ་ལས་ཇི་སྐད་དུ་གསུངས་པ་བཞིན་ཏེ་བར་དོ་དེ་ཡང་རགས་པའི་འབྱུང་བ་ཆེན་པོ་རྣམས་རབ་ཏུ་སྤངས་པའི་ཕྲ་བའི་ལུས་ཅན་ཏེ། རྣམ་འགྲེལ་ལས། ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར། །འགའ་ཞིག་ལ་ལར་ཐོགས་མེད་དེ། །ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན། ཞེས་གསུངས་པ་ལྟར་རོ། །ལྷའི་དྲན་པ་རབ་ཏུ་གསལ་བ་ཐོབ་པ་ནི།
ས་ཡི་དངོས་གཞི་ལས། སྐྱེ་བའི་གནས་མ་བླངས་ཀྱི་བར་དུ་དེའི་མིག་ལྷའི་མིག་ལྟ་བུར་ཐོགས་པ་མེད་དོ། ཞེས་གསུངས་པ་ལྟར་ལྷའི་དྲན་པ་སྟེ་ལྷའི་མིག་གི་ཤེས་པ་དང་འདྲ་བའི་མིག་རབ་ཏུ་གསལ་བ་ཐོབ་པའོ། །མིག་དེས་འདོད་པ་དྲུག་ལ་སྤྱོད་པའི་ལྷ་དང་དམྱལ་བ་བཅུ་དྲུག་མཐོང་བ་ནི་འདོད་པའི་བར་དོའི་དབང་དུ་མཛད་ལ་དེ་ཡང་འདོད་པའི་འགྲོ་བ་རྣམས་ཀྱི་ཡ་མཐའ་དང་མ་མཐའ་བཟུང་བས་བར་གྱི་མི་དང་ངན་འགྲོ་གཞན་གཉིས་མཐོང་བ་ཡང་མཚོན་ནོ། །མཐོང་ཚུལ་ནི་ས་ཡི་དངོས་གཞིར་བར་དོ་དེས་རང་དང་རིགས་མཐུན་པའི་བར་དོ་དང་རང་དང་དེ་དག་གང་དུ་སྐྱེ་བའི་སྐྱེ་གནས་མཐོང་བར་གསུངས་པས་ལྷ་ལ་སོགས་པ་རྣམས་མཐོང་ངོ༌། །བར་དོ་དེ་ཡང་ལག་པ་སོགས་ཡན་ལག་དང་ཉིང་ལག་ཐམས་ཅད་མ་ཚང་བ་མེད་པའི་རང་གི་ངོ་བོ་སྟེ་ལུས་སྣང་བ་སྟེ་སྐྱེ་བར་འགྱུར་རོ། །དེས་ན་ཕྱིས་སྐྱེ་གནས་སུ་སྐྱེ་བ་བླངས་པའི་འོག་ཏུ་མིག་ལ་སོགས་པ་མ་ཚང་བ་འབྱུང་གི་བར་དོར་མི་འབྱུང་བར་གསུངས་སོ། །འདི་ལྟར་བདག་གི་སྔོན་གྱི་ལུས་དེ་དང་དེ་ནི་འདི་དང་འདི་ཡིན་ནོ་ཞེས་རབ་ཏུ་ཤེས་སོ། །འོན་ཀྱང་རྣམ་ཤེས་མི་གནས་པས་སྔོན་གྱི་ལུས་ལ་འདོད་པ་མི་འབྱུང་གི་ཡུལ་ལ་འདོད་པ་འབྱུང་བར་ས་ཡི་དངོས་གཞི་ལས་གསུངས་སོ། །གཉིས་པ་ནི། བར་དོ་དེའི་མཚན་ཉིད་གཞན་ཡང་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་ཇི་སྐད་གསུངས་པ་ལྟར་ཡིན་ཏེ། བར་དོ་ནི། ད་གཟོད་སྐྱེ་བ་བླངས་པའི་སྐད་ཅིག་དང་པོ་དོར་བའི་སྐད་ཅིག་གཉིས་པ་ནས་འཆི་བའི་སྐད་ཅིག་ཐ་མ་དོར་བའི་གོང་ཡན་ཆད་ནི་སྔོན་དུས་ཀྱི་སྲིད་པ་ཡིན་ལ་དེའི་ཤ་ཚུགས་ཅན་ནི་དེའི་ལུས་དབྱིབས་ཀྱི་རྣམ་པ་ཅན་ཏེ། མཛོད་ལས། དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་
དོ། ཞེས་གསུངས་པས་སྔོན་དུས་ཀྱི་སྲིད་པ་ནི་ཚེ་ཕྱི་མའི་འཆི་སྲིད་ལ་ལྟོས་པའི་སྔོན་ཡིན་གྱི་བར་དོ་ལ་ལྟོས་ནས་སྔོན་དུ་འཇོག་པ་མིན་ནོ། །དེས་ན་མངོན་པ་གོང་མར་གང་དུ་སྐྱེ་འགྱུར་གྱི་དབྱིབས་ཅན་དུ་གསུངས་པ་དང་སྔོན་དུས་ཀྱི་སྲིད་པའི་དབྱིབས་ཅན་གཉིས་དོན་འདྲ་བ་ཡིན་ནོ། །གང་དང་གང་གི་བར་སྲིད་གྲུབ་ན་འགྲོ་བ་དེ་དང་དེར་སྐྱེ་བ་མི་ཟློག་པར་མངོན་པ་འོག་མར་བཤད་ལ་ངེས་པ་མེད་པར་འཕགས་པ་ཐོགས་མེད་ཀྱིས་བཤད་དོ། །གཉིས་ཀའི་ལུགས་ལའང་བར་དོར་འདའ་བ་འདོད་པས་བར་དོ་ཐམས་ཅད་ཀྱིས་སྐྱེ་སྲིད་ལེན་པའི་ངེས་པ་མེད་དོ། །ངན་འགྲོའི་བར་སྲིད་ནི་ཕྱར་བ་ནག་པོའམ་མཚན་མོ་མུན་ནག་གི་སྣང་བ་ལྟ་བུ་དང་བདེ་འགྲོའི་བར་སྲིད་ནི་སྣམ་བུ་དཀར་པོའམ་མཚམ་མོའི་སྣང་བ་ཟླ་འོད་དང་བཅས་པ་ལྟ་བུར་འཕགས་པ་ཐོགས་མེད་ཀྱིས་གསུངས་ལ། དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་དང་འདོད་པའི་ལྷ་མི་གཉིས་དང་གཟུགས་ཀྱི་བར་སྲིད་རྣམས་ནི་རིམ་པ་བཞིན་དུ་སྡོང་བོ་ཚིག་པ་དང་དུ་བ་དང་ཆུ་དང་གསེར་ལྟ་བུ་དང་དཀར་པོར་མངལ་འཇུག་ལས་བཤད་དོ། །འགྲོ་ཚུལ་ནི་ལྷ་དང་མི་དང་ངན་འགྲོའི་བར་སྲིད་རྣམས་ནི་རིམ་པ་བཞིན་གྱེན་དུ་དང་ཐད་ཀར་དང་སྤྱིའུ་ཚུགས་སུ་འགྲོ་བར་ས་ཡི་དངོས་གཞི་ལས་བཤད་དོ། །མིག་ལ་སོགས་པའི་དབང་པོ་ཀུན་ཚང་ཞིང་རྡོ་རྗེ་ལ་སོགས་པས་ཀྱང་མི་བཟློག་པས་ཐོགས་རྡུགས་མེད་པ་སྟེ་ལྕགས་ཀྱི་ཐུ་ལུམ་འབར་བ་གཤགས་པའི་ནང་ནས་སྲིན་བུ་བྱུང་ངོ་ཞེས་གྲག་གོ །ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་ཏེ་མགྱོགས་པ་དང་ལྡན་པས་སངས་རྒྱས་ཀྱིས་ཀྱང་དགག་པར་མི་ནུས་ཏེ་ལས་སྟོབས་དང་ལྡན་པའི་ཕྱིར་རོ། །བར་དོ་རིགས་མཐུན་རྣམས་དང་ལྷའི་མིག་གི་མངོན་ཤེས་
ཀྱིས་མཐོང་གི་སྐྱེས་ཐོབ་ཀྱི་ལྷའི་མིག་གིས་མི་མཐོང་ངོ་། །ལྷ་ལ་སོགས་པའི་བར་སྲིད་གོང་མ་གོང་མས་འོག་མ་འོག་མ་ཐམས་ཅད་མཐོང་བའི་ལུགས་ཀྱང་མཛོད་འགྲེལ་ལས་བཤད་དོ། ཞེས་གསུངས་སོ། ཞེས་སྔ་མ་དང་སྦྱར་ལ་གསུངས་པས་སོ་ཞེས་པ་ནི་ཕྱི་མའི་རྒྱུ་མཚན་དུ་སྦྱར་རོ། །གཉིས་པ་ནི། སྲིད་པ་སྐྱེ་བའི་རིམ་པ་ལ་དེ་ལྟར་གསུངས་པས་དེ་དང་མཐུན་པར་ལྷའི་རྣལ་འབྱོར་སྒོམ་དགོས་པས་བསྟན་ཏོ་ཞེས་དྲང་ངོ༌། །གང་གིས་ན་མདོར་བྱས་ལས། དེ་ལྟར་སྦྱོར་བ་དམིགས་ནས་ནི། །རྗེས་སུ་སྦྱོར་བ་བརྩམས་པར་བྱ། ཞེས་སོགས་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་སྟོན་པའི་གཞུང་འདིས་སོ། །འདི་མདོར་བྱས་ཀྱི་རྣམ་གཞག་ཡིན་པས་འདི་ཞེས་ཉེ་བའི་ཚིག་གིས་བསྟན་པ་ཡིན་ཏེ། དཔེར་ན་མངོན་རྟོགས་རྒྱན་ལས། སྟོན་པས་འདི་ལས་བཤད་པ་གང༌། ཞེས་ཡུམ་གྱི་མདོའི་དོན་འགྲེལ་པས་ཡུམ་གྱི་མདོ་ལ་ཉེ་བའི་ཚིག་གིས་སྨོས་པ་བཞིན་ནོ། །གང་བསྟན་ན་ལྷའི་སྐུ་དང་པོའི་མགོན་པོ་བསྐྱེད་པའོ། །གང་གིས་བསྐྱེད་ན་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པ་པོ་རྣམས་ཀྱིས་སོ། །རིམ་པ་ཅི་འདྲ་བས་བསྐྱེད་ན་སྔོན་དུ་རྣལ་འབྱོར་དང་དེའི་འོག་ཏུ་རྗེས་སུ་རྣལ་འབྱོར་བསྒོམ་པའི་རིམ་པས་སོ། །གང་དང་འདྲ་བར་བསྐྱེད་ན། ཀྱང་ཞེས་པ་སྲིད་པ་སྐྱེ་བའི་རིམ་པ་ལ་དེ་ལྟར་སྐྱེ་བར་མ་ཟད་རྣལ་འབྱོར་པས་ཀྱང་དེ་ལྟར་བསྐྱེད་དོ་ཞེས་པའི་དོན་ཡིན་ལ་དེ་ཡང་སྐབས་འདིར་ནི་སྔར་བཤད་པའི་བསྐལ་པ་དང་པོའི་མི་ཤི་བ་དང་དེ་ནས་བར་དོ་གྲུབ་པ་གཉིས་དང་མཐུན་པར་རོ། །འདིར་བླ་མ་ཁ་ཅིག་གིས་གཞུང་འདིས་བར་སྲིད་དང་མཐུན་པར་ལྷ་བསྐྱེད་པ་སྟོན་པ་བློ་ལ་མ་བདེ་བས་འོག་གི་རྐང་ལག་འགྱུ་སྟེ་གནས་སྐབས་ལྔ་གསལ་བར་འགྱུར་རོ་ཞེས་པའི་འོག་ཏུ་དྲངས་ནས་དང་
པོའི་མགོན་པོ་བསྐྱེད་པ་མངལ་གྱི་གནས་སྐབས་དང་སྦྱར་ནས་འཆད་པ་ནི། མཁས་པའི་གཞུང་རྣམ་པ་གཞན་དུ་སྐྱོགས་ཏེ་འཆད་པའི་བཤད་པ་ཆེར་མི་འཚམ་པའོ། །སློབ་དཔོན་འདིས་གཞུང་འདིའི་འོག་ཏུ་བར་དོས་མངལ་དུ་སྐྱེ་བ་ལེན་ཚུལ་དེ་ནས་མངལ་དུ་འཕེལ་ནས་བཙས་པའི་བར་གྱི་ཆོས་མཐུན་པའི་ཡུལ་བཤད་ནས་དེ་དང་མཐུན་པར་བསྒོམ་ཚུལ་གསུངས་ལ། སྐབས་འདིར་ནི་བསྐལ་པ་དང་པོའི་མི་ཤི་བ་དང་དེ་ནས་བར་སྲིད་གྲུབ་པ་དང་མཐུན་པར་རྣལ་འབྱོར་གཉིས་ཀྱིས་ལྷའི་སྐུ་བསྐྱེད་པ་གསལ་བར་བསྟན་པས་ན་དེ་དག་གི་སྐབས་རྣམས་ནི་སོ་སོར་བཤད་དགོས་སོ། །དེས་ན་རྣལ་འབྱོར་ལ་བྱང་ཆུབ་པ་གཉིས་ཡོད་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་ལྷག་མོས་འོད་གསལ་དུ་སྡུད་པ་ནི་བསྐལ་པ་དང་པོའི་མིས་འཆི་བའི་འོད་གསལ་ཉམས་སུ་མྱོངས་པ་དང་འདྲ་སྟེ། མདོར་བྱས་ལས་ཆོས་སྐུར་གསུངས་པས་འཆི་བ་སྦྱོད་བྱེད་ཆོས་སྐུ་བསྒོམ་པའོ། །དེ་ནས་བྱང་ཆུབ་བ་ལྷག་མ་བཞིས་དང་པོའི་མགོན་པོ་བསྐྱེད་པ་ནི་ཤི་བའི་འོད་གསལ་ལས་ལངས་པའི་མཐར་བར་དོ་འགྲུབ་པ་དང་འདྲ་སྟེ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས། དེ་ལྟར་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་གྱི་རིམ་པས་བདག་ཉིད་ལོངས་སྦྱོད་རྫོགས་པའི་སྐུར་བསྐྱེད་ནས། ཞེས་གསུངས་པས་བར་དོ་སྦྱོད་བྱེད་ལོངས་སྐུ་བསྒོམ་པའོ། །དེ་ནས་ལོངས་སྐུ་སྤྲུལ་སྐུར་བསྒྱུར་བ་སོགས་རྣལ་འབྱོར་ལྷག་མ་གཉིས་པོསྒོམ་པ་ནི་བར་དོས་མངལ་དུ་སྐྱེ་བ་བླངས་པ་དང་འདྲ་སྟེ་འདི་སྤྲུལ་སྐུར་བསྒྱུར་བ་ཡིན་པས་སྐྱེ་བ་སྤྱོད་བྱེད་སྤྲུལ་སྐུ་བསྒོམ་པའོ། །འོག་ཏུ་ལོངས་སྐུས་མི་རྣམས་ཀྱི་དོན་མཛད་པར་མི་ནུས་པས་སྤྲུལ་པའི་སྐུ་གཟུང་བའི་དོན་དུ་མའི་
མངལ་དུ་འཇུག་པའི་སྤྲུལ་པ་བསྟན་པ་དང་འདྲ་བར་བར་དོ་ཐ་མལ་པའི་མིག་གི་ཡུལ་དུ་མི་རུང་བ་དེས་མངལ་དུ་སྐྱེ་བ་བླངས་པ་རྫོགས་པ་ནས་ཐ་མལ་པས་མཐོང་དུ་རུང་བ་དང་འདྲ་བར་རྣལ་འབྱོར་ལྷག་མ་རྣམས་བསྒོམ་པར་གསུངས་པས་ཀྱང་དང་པོའི་མགོན་པོ་བསྐྱེད་པ་འབྲས་བུའི་སྐབས་ཀྱི་ལོངས་སྐུ་དང་གཞིའི་སྐབས་ཀྱི་བར་དོ་དང་འདྲ་བ་དང༌། དེ་སྤྲུལ་སྐུར་བསྒྱུར་བ་འབྲས་བུའི་སྐབས་ཀྱི་སྤྲུལ་སྐུ་དང་གཞིའི་སྐབས་ཀྱི་མངལ་དུ་སྐྱེ་བ་བཟུང་བ་དང་འདྲ་བ་ཤིན་ཏུ་གསལ་བ་ཡིན་ནོ། །མདོ་བསྲེ་ལས་ཀྱང༌། རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཇི་ལྟ་བ་བཞིན་དུ་བསྒོམ་པ་ནི་རྗེས་སུ་རྣལ་འབྱོར་རོ། །དེ་ནས་ལེའུ་དང་པོ་ལས་གསུངས་པའི་རིག་པའི་སྐྱེས་བུའི་གཟུགས་ཅན་དུ་བསྟན་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་ཀྱིས་སེམས་ཅན་གྱི་དོན་བྱ་བར་མི་ནུས་པས་ན། ཞེས་དང་པོའི་མགོན་པོ་སྤྲུལ་སྐུར་བསྒྱུར་པའི་སྐབས་སུ་དེའི་རྒྱུ་མཚན་དུ་གསུངས་པ་འདི་དང་གཞུང་འདི་གཉིས་ཀྱང་དོན་འདྲ་བར་སྣང་ངོ༌། །ལེའུ་དང་པོའི་སྒྲོན་གསལ་ལས་ཀྱང༌། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཕུང་པོ་ལ་སོགས་པར་རྗེས་སུ་ཞུགས་པས་སྤྲུལ་པའི་སྐུ་འཛིན་པར་མཛད་པ་བསྟན་པ་ཡིན་ཏེ། ཞེས་སྐྱེ་བ་བཟང་པའི་དོད་དང་སྤྲུལ་སྐུ་གཉིས་གཅིག་ཏུ་གསུངས་པས་དང་པོའི་མགོན་པོ་སྤྲུལ་སྐུར་བསྒྱུར་དགོས་པ་ཡང་འདོད་ལ་མངལ་དུ་སྐྱེ་བ་བཟུང་བའི་དོད་དུ་ཡང་འདོད་པ་ནི་འགལ་བའོ། །རིམ་ལྔ་ལས་ཀྱང་། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྦྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་ཡིན། ཞེས་ལོངས་སྐུ་བར་དོའི་དོད་གསུངས་པས་དང་པོའི་མགོན་པོ་བསྐྱེད་པ་ནི་བར་དོ་དང་ཆོས་མཐུན་པར་
གདོན་མི་ཟ་བར་བྱ་དགོས་སོ། །དེ་ལྟར་ན་སྲིད་པ་སྐྱེ་བ་དང་ཆོས་མཐུན་སྤྱོར་བ་རྣམས་ཀྱི་སྙིང་པོ་ནི་སྐྱེ་ཤི་བར་དོ་གསུམ་དང་མཐུ་པར་ལམ་གྱི་སྐུ་གསུམ་པསྒོམས་པས་འབྲས་བུའི་སྐུ་གསུམ་དང་ཡང་མཐུན་པར་འབྲས་བུའི་རྣམ་པ་ལམ་དུ་བྱེད་པ་འདི་ཡིན་ལ། རིམ་པ་གཉིས་ཀ་ལ་སྦྱོད་བྱེད་སྐུ་གསུམ་པསྒོམ་ལུགས་ཀྱི་ཁྱད་པར་འགའ་ཞིག་མ་གཏོགས་པ་སྦྱིར་གཞི་འབྲས་ཀྱི་ཆོས་གསུམ་དང་མཐུན་པར་སྐུ་གསུམ་པསྒོམ་པ་ཙམ་ནི་འདྲ་བ་ཡིན་ནོ། །དེའི་ཕྱིར་རིམ་པ་དང་པོའི་སྐབས་སུ་སྐྱེ་ཤི་བར་དོ་གསུམ་གྱི་སོ་སོའི་ཆོས་མཐུན་ངོས་མ་ཟིན་པར་འཕྱུགས་ན་རྒྱུད་འགྲེལ་དུ་སེམས་དབེན་དང་འོད་གསལ་གྱི་མཐར་སྒྱུ་མ་དང་ཟུང་འཇུག་གི་སྐུར་བཞེངས་པ་ལོངས་སྐུ་དང་དེ་སྤྲུལ་སྐུར་བསྒྱུར་བའི་རྣམ་གཞག་ཡང་ཡང་གསུངས་པ་རྣམས་ཀྱི་གནད་ཟིན་པ་ཡང་ངེས་པར་འཕྱུག་པ་ཡིན་པས་འདི་གལ་ཆེའོ། །དེས་ན་སྔོན་དུས་ཀྱི་བཤེས་གཉེན་ཁ་ཅིག་ཉི་མ་དང་པདྨ་དང་དེའི་སྟེང་གི་ཡི་གེ་གསུམ་དང་འདྲེས་ནས་ཟླ་བ་གཅིག་ཏུ་སོང་བའི་སྦྱང་གཞི་ནི་རིམ་པ་ལྟར་ཕ་དང་མ་དང་བར་དོ་དང་ཕ་མ་བར་དོ་དང་བཅས་པ་གསུམ་པདེ་བས་བརྒྱལ་བ་ཡིན་ལ། རང་བཞིན་གྱི་རིགས་ཡོད་པས་མེར་མེར་པོ་ལ་ༀ་ལྟར་ལྟར་པོ་ལ་ཨཱཿ གོར་གོར་པོ་ལ་ཧཱུཾ་གི་དབྱིབས་རང་ཆས་སུ་ཡོད་པ་དང་འཁྲང་འགྱུར་དང་རྐང་ལག་འགྱུས་པའི་སྐབས་ལྔ་ནི་ས་བོན་དང་ཕྱག་མཚན་དང་སྐུ་རྫོགས་པའི་སྦྱང་གཞིར་བཞེད་པ་དང༌། སྔོན་གྱི་ཁཅིག་ནི་ཕའི་རྡོ་རྗེ་རྒྱས་པ་ཉི་མ་ཕ་མ་གཉིས་ཕན་ཚུན་ཆགས་པ་
ཟླ་བ་མ་ཡི་པདྨ་རྒྱས་པ་པདྨ་དེའི་སྟེང་གི་ཡི་གེ་གསུམ་པར་སྲིད་ཀྱི་ལུས་ངག་ཡིད་གསུམ། འདྲེས་པ་ནི་བར་དོ་དང་ཁུ་ཁྲག་གསུམ་འདྲེས་ནས་ཡེ་ཤེས་ཀྱི་ས་ཐོབ་པ་དང་ཆོས་མཐུན་ལ་གནས་སྐབས་དང་པོ་གཉིས་ཀྱི་ཚེ་འབྲུ་གསུམ་གྱི་དབྱིབས་དང་བར་པ་གཉིས་ཀྱི་ཚེ་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པས་ཕྱག་མཚན་གྱི་དབྱིབས་སུ་ཡོད་ལ་ལྔ་ག་ནི་སྔར་དང་འདྲ་བར་འཆད་པ་ཡང་རྣར་མི་འོང་སྟེ། དཔལ་ཀླུའི་བྱང་ཆུབ་ལ་སོགས་པའི་ཆེན་པོ་དག་གིས་བར་དོ་དང་ལོངས་སྐུ་ཆོས་མཐུན་སྦྱར་བའི་ཆོས་མཐུན་ཁྱད་པར་ཅན་དོར་ནས་སྣང་རུང་མ་དམིགས་པས་ཁེགས་པའི་ༀ་ལ་སོགས་པའི་དབྱིབས་སྒྲུབ་བྱེད་ལྟར་སྣང་ལ་བརྟེན་ནས་ནན་ཏན་གྱིས་བསྒྲུབ་པའི་ཕྱིར་རོ། །དེ་བཞིན་དུ་མན་ངག་སྙེ་མའི་སྙེ་མ་བཅུ་གཉིས་པར་ཡང་མངོན་བྱང་ལྔས་དང་པོའི་མགོན་པོ་བསྐྱེད་པ་མངལ་དུ་སྐྱེ་བ་བླངས་པ་དང་ཆོས་མཐུན་སྦྱར་བ་ཡང་ཆེན་པོ་དག་གི་གཞུང་དང་འགལ་བས་ཡིད་བརྟན་པའི་གནས་སུ་མི་རུང་ངོ༌། །ཕྱིས་ཀྱི་བླ་མ་ཁ་ཅིག་གིས་ནི་ལུགས་དེ་རྣམས་བཀག་ནས་རང་གི་ལུགས་འདི་ལྟར་འཇོག་སྟེ། ཟླ་ཉི་པདྨ་གསུམ་ནི་ལུགས་བཟློག་གི་སྣད་པ་གསུམ་དེ་དག་པསྐྱེད་པའི་ཡི་གེ་གསུམ་ནི་སེམས་ཀྱི་བཞོན་པའི་རླུང༌། པདྨའི་སྟེང་གི་ཡི་གེ་གསུམ་ནི་བར་དོའི་ལུས་ངག་ཡིད་གསུམ་འདྲེས་པ་ནི། བར་དོར་སྐྱེ་བ་བླངས་པ་སྤྲོ་བསྡུས་ཟླ་བ་རྫོགས་པ་ནི་རྣམ་ཤེས་རླུང་གི་བཞོན་པ་ཅན་ལ་བརྟེན་ནས་བར་དོའི་ཕུང་པོ་རྫོགས་པ་དང་ཆོས་མཐུན་ནོ། །ལུགས་བཟློག་གི་སྣང་བ་ལས་བར་དོ་འགྲུབ་ལུགས་ལ། སྙེ་མ་ཉེར་གཅིག་
པར་ཐམས་ཅད་སྟོང་པ་ཤི་བའི་འོད་གསལ་ལས་བྱུང་བའི་སྣང་བ་ཉེར་ཐོབ་ཀྱི་ཚེ་བར་སྲིད་གྲུབ་ལ་སྣང་བ་མཆེད་པ་ནི་བར་དོས་འདོད་པ་ལེན་པའི་སེམས་དང་སྣང་བ་ནི་སྐྱེ་བ་གཟུང་བའི་སེམས་སུ་བཤད་པ་སུན་འབྱིན་ཏེ། ཉེར་ཐོབ་ཀྱི་ཚེ་བར་སྲིད་གྲུབ་པ་མི་འཐད་དེ་བར་དོ་འགྲུབ་པ་ལ་སྣང་བ་གསུམ་ག་དགོས་པའི་ཕྱིར་ཏེ། རྒྱུད་རྡོ་རྗེ་འཕྲེང་བ་ལས། སྣང་བ་གསུམ་གྱི་མཚན་ཉིད་ཅན། །གང་འདི་རྣམ་ཤེས་གསུམ་ཐོབ་པ། །སེམས་ཅན་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། ཞེས་སོ། །དེས་ན་འོད་གསལ་ལས་ལྡང་བ་དང་བར་དོར་སྐྱེ་བ་སྲང་མདའི་མཐོ་དམན་ལྟར་འབྱུང་བས་འོད་གསལ་ལས་ལྡང་བར་རྩོམ་འདོད་པའི་ལྡང་སེམས་ལ་གཉིས་ལས་མི་གསལ་བ་ནི་ཉེར་ཐོབ་ཡིན་ལ་གསལ་བ་ནི་སྣང་བ་མཆེད་པའོ། །འོད་གསལ་ལས་ལངས་པ་དང་དུས་མཉམ་པའི་བར་དོའི་སེམས་གསལ་པ་ནི་སྣང་བའོ། །སྐྱེ་བ་གཟུང་བའི་སེམས་སྣང་བར་བྱེད་པ་ཡང་མི་འཐད་དེ་བར་དོ་ཤི་ནས་སྐྱེ་བ་ལེན་པ་ལ་ལུགས་མཐུན་གྱི་སྣང་བ་གསུམ་རིམ་གྱིས་བྱུང་ནས་མཐར་འཆི་བའི་འོད་གསལ་དུ་འགྲོ་དགོས་པས་སྣང་བ་ཙམ་ནས་འོད་གསལ་དུ་མི་འགྲོ་བའི་ཕྱིར་རོ། །དེས་ན་ལུགས་བཟློག་གི་ཐ་མར་འབྱུང་བའི་སྣང་བ་ལས་སྣང་བ་མཆེད་པར་འགྲོ་བ་ནི་སྐྱེ་བ་ལེན་པའི་དོན་དུ་འགྲོ་བ་སོགས་ཀྱི་སྐབས་སོ། །དེ་ཉེར་ཐོབ་ཏུ་ཐིམ་པ་ནི་སྐྱེ་སྲིད་ལ་གཞོལ་བའི་བར་དོ་འགག་པ་ལ་ཕྱོགས་པའི་སེམས་ཏེ་དེ་འོད་གསལ་དུ་ཐིམ་ནས་སྐྱེ་བ་ལེན་ནོ། །སྣང་བ་དེ་གསུམ་སྦྱོང་བ་ལ་ཟླ་བ་ལས་བྱང་ཆུབ་པ་དང༌། ས་བོན་དང་
ཕྱག་མཚན་ལས་བྱང་ཆུབ་པ་དང་། སྐུ་རྫོགས་པ་ལས་བྱང་ཆུབ་པ་གསུམ་ཡིན་ཏེ། རིམ་ལྔ་ལས། ཤེས་རབ་ངོ་བོ་ཉིད་འདི་ན། །ཟླ་བའི་དཀྱིལ་འཁོར་དག་ཏུ་བརྟག །སེམས་ཉིད་རང་གིས་མཐོང་འགྱུར་ཏེ། །རང་ཉིད་ཟླ་བའི་གཟུགས་བཞིན་ནོ། །དེ་ནས་ཟླ་བ་ལ་དམིགས་པ། །རྡོ་རྗེ་མཚན་མར་རབ་ཏུ་བརྟག །འདི་ནི་རྡོ་རྗེ་ལས་བྱུང་བའི། །རྣལ་འབྱོར་པ་ཡི་ཐབས་སུ་བཤད། །ཟླ་བ་རྡོ་རྗེ་སོགས་མཉམ་སྦྱོར། །སེམས་དང་སེམས་བྱུང་འདུས་པ་སྟེ། །ཤེས་རབ་ཐབས་སུ་འདུས་པ་ལས། །ལྷ་ཡི་གཟུགས་ནི་འབྱུང་བར་འགྱུར། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང༌། །ལྷ་ཡི་ང་རྒྱལ་འཆང་བྱེད་དེ། །བསྐྱེད་པའི་རིམ་དང་ལྡན་པར་ནི། །སྔགས་པས་རྟག་ཏུ་སྤྱོད་པར་འགྱུར། ཞེས་པ་དྲངས་ནས་དེ་ལྟར་འཆད་དོ། །འདི་ལ་ཅུང་ཟད་དཔྱད་ན་ས་ཡི་དངོས་གཞི་ལས། བར་མ་དོའི་སྲིད་པ་ཕྱོགས་དེ་ནས་བར་ཆད་མེད་པར་དུས་གཅིག་ཏུ་འགག་པ་དང་སྐྱེ་བའི་ཚུལ་གྱིས་སྲང་གི་ཐོར་ཏོ་མཐོ་དམན་དུ་འགྱུར་པ་བཞིན་དུ་འབྱུང་བར་འགྱུར་རོ། ཞེས་འཆི་སྲིད་འགགས་པ་དང་བར་སྲིད་གྲུབ་པ་གཉིས་པར་དུ་གཞན་གྱིས་མ་ཆོད་པར་དུས་མཉམ་པར་གསུངས་ལ་དེ་ལྟར་དུ་རང་ཡང་བཞེད་ཅིང་བར་སྲིད་རྫུས་ཏེ་སྐྱེ་བའི་ཡན་ལག་དང་ཉིང་ལག་ལ་སོགས་པ་རྣམས་དུས་གཅིག་ཏུ་འགྲུབ་པར་གསུངས་པའི་ཕྱིར། ཤི་བའི་འོད་གསལ་ལས་ལུགས་བཟློག་ཏུ་ཤར་བའི་ཉེར་ཐོབ་ཀྱི་ཚེ་བར་དོར་སྐྱེས་པ་དགོས་པས་དེ་འགོག་པ་མི་འཐད་དོ། །ལྡང་སེམས་གཉིས་པོ་འཆི་སྲིད་ཀྱི་སྐབས་ལ་འཇོག་ན་ཐམས་ཅད་སྟོང་པ་ཡིན་གྱི་ཉེར་ཐོབ་དང་མཆེད་པར་མི་
རུང་ལ་དེ་གཉིས་པོར་དོ་གྲུབ་པའི་སྐབས་ལ་འཇོག་ན་རང་གི་ཁས་བླངས་པ་དང་ཡང་འགལ་ཞིང་སྐབས་དེ་གཉིས་སུ་མི་འཇོག་ན་སྲིད་པ་གཉིས་ཀྱི་བར་དུ་བཞག་དགོས་པས་ལུང་དང་ཁས་བླངས་པ་གཉིས་ཆར་དང་འགལ་བར་སྣང་ངོ༌། །སེམས་ཅན་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། ཞེས་པའི་ལུང་གིས་ནི་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་བརྒྱད་ཅུའི་རྟོག་པའི་རྩ་བར་སྣང་བ་གསུམ་དགོས་པར་བསྟན་གྱི་སེམས་ཅན་དུ་གང་སྐྱེ་བ་ཐམས་ཅད་ལ་སྔར་གྱི་ཤི་བའི་འོག་ཏུ་སྣང་བ་གསུམ་སྟོན་པར་མི་སྣང་ངོ༌། །རིམ་པ་གཉིས་པའི་ལུང་དོན་ཡང་གཞིའི་སྣང་བ་གསུམ་ལས་བར་དོ་འགྲུབ་པ་དང་ཆོས་མཐུན་པར་ཟླ་བ་རྡོ་རྗེ་སོགས་ལས་ལྷ་བསྐྱེད་པའི་རིམ་པ་སྟོན་པ་མིན་གྱི། རྫོགས་རིམ་པས་ཡེ་ཤེས་གསུམ་ལས་ལྷ་བསྐྱེད་པའི་དོད་བསྐྱེད་རིམ་པས་ཟླ་བ་དང་རྡོ་རྗེ་སོགས་ལས་ལྷའི་སྐུ་བསྐྱེད་དོ་ཞེས་སྟོན་པའི་དོན་ཡིན་ཏེ་སྔར་དྲངས་པ་ལྟར་བསྐྱེད་རིམ་པའི་སྔགས་པས་དེ་ལྟར་སྦྱོད་པར་གསུངས་པའི་འོག་ཏུ། ད་ནི་ཡོངས་རྫོགས་རྣལ་འབྱོར་གྱི། །མཚོན་པར་བྱེད་པ་དག་ནི་བྱ། ཞེས་སོགས་ཀྱིས་འོད་གསལ་ལས་ལངས་པའི་ཡེ་ཤེས་གསུམ་ལས་མཚན་དཔེས་སྤྲས་པའི་སྐུ་འབྱུང་བར་གསུངས་པའི་ཕྱིར་རོ། །བསྐྱེད་རིམ་ལ་ལུགས་འབྱུང་གི་སྣང་བ་གསུམ་གྱི་རིམ་པ་བཤད་ལ་རྫོགས་རིམ་ལ་ལུགས་བཟློག་གི་སྣང་བའི་རིམ་པ་བཤད་ཀྱང་དེ་གཉིས་ཀྱི་གོ་རིམ་རིམ་གཉིས་ལ་འདྲ་བ་མི་དགོས་ཀྱི་སྦྱིར་སྣང་བ་གསུམ་ལས་ལྷའི་སྐུ་འབྱུང་
བ་ཙམ་དུ་འདྲ་བས་ཆོག་གོ །གཞན་ཡང་ལུང་དེས་ཟླ་བ་དང་རྡོ་རྗེ་སོགས་འདྲེས་པ་ལས་ལྷ་བསྐྱེད་པར་བསྟན་ལ་འདིར་ནི་ཟླ་བ་གདན་དུ་བྱས་པའི་སྟེང་དུ་བསྐྱེད་དེ་སྟོན་པ་དང་གནས་ཕུན་ཚོགས་ཡིག་དོན་དུ་བཤད་པའི་སྐབས་བཞིན་ནོ། །ལུགས་བཟློག་གི་སྣང་བ་གསུམཔ་སྐྱེ་བ་གཟུང་སེམས་སུ་བཤད་པ་ལ་ཡང་སྐྱོན་མེད་དེ་བར་དོ་སྲིད་པ་ཚོལ་བའི་ངང་ཚུལ་ཅན་ཡིན་པས་ཐོག་མ་ནས་སྐྱེ་བ་འཚོལ་བའི་སེམས་འབྱུང་གི་བར་དོ་འགག་ཁ་མའི་ཚེ་ཁོ་ན་མི་དགོས་པས་སོ། །དེས་ན་བར་དོ་ནི་ཤི་བའི་འོད་གསལ་ལས་ལུགས་བཟློག་ཏུ་ལངས་པའི་རླུང་སེམས་ཙམ་ལས་གྲུབ་པ་འབྱུང་བའི་ལུས་རགས་པ་སྤངས་པའི་ཤིན་ཏུ་ཕྲ་བའི་ལུས་ཅན་ཡིན་པས་ཡིད་ལུས་དང་ཡེ་ཤེས་ཀྱི་ལུས་ཅན་ཞེས་གསུངས་སོ། །དེ་དང་མཐུན་པར་ལྷ་བསྐྱེད་པ་ལ་ཤི་བའི་འོད་གསལ་དང་འདྲ་བ་ནི་དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །དེའི་ངང་ནས་ལངས་པ་ལ་ལྷ་བསྐྱེད་པའི་རྒྱུར་སྔོན་དུ་ཟླ་བ་ལས་བྱང་ཆུབ་པ་སྟོན་པ་ནི་རླུང་གི་བཞོན་པ་ཅན་གྱི་རྣམ་ཤེས་རྣམ་པ་ཟླ་བ་ཡོངས་སུ་རྫོགས་པར་སྣང་བ་ཙམ་ལས་བསྐྱེད་པའི་ལྷའི་སྐུ་ནི་ཡེ་ཤེས་ཀྱི་ལུས་ཅན་དུ་བསྟན་པའི་ཕྱིར་རོ། །དེ་ལ་སྟོང་ཉིད་ཀྱི་ངང་ནས་ལྡང་བའི་ཟླ་ཉི་པད་གསུམ་ནི་གཞིའི་ལུགས་བཟློག་གི་སྣང་བ་གསུམ་དང་འདྲ། ཡི་གེ་གསུམ་སྔ་རྟིང་རྣམས་ནི་གཞིའི་རྣམ་ཤེས་ཀྱི་བཞོན་པའི་རླུང་དང་འདྲ། དེ་རྣམས་འདྲེས་པས་ནི་གཞིའི་སྐབས་ཀྱི་རླུང་སེམས་དབྱེར་མི་ཕྱེད་པ་མཚོན། སྤྲོ་བསྡུས་ཟླ་བ་རྫོགས་པ་ནི། རྒྱུད་རྡོར་འཕྲེང་ལས། སྐྱེ་དང་གནས་དང་འཇིག་པ་དང༌། །སྲིད་པ་བར་མར་
གནས་པ་སྟེ། །ཇི་སྙེད་འཇིག་རྟེན་གྱིས་བརྟགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། ཞེས་གསུངས་པ་ལྟར་རླུང་གི་བཞོན་པ་ཅན་གྱི་རྣམ་པར་ཤེས་པ་ནི་སྣོད་བཅུད་ཀྱི་རྩ་བ་ཅན་དུ་མཚོན་པར་བྱེད་པའོ། །དེ་ནས་ངོ་བོ་རྣམ་པར་ཤེས་པ་ཙམ་ཞིག་རྣམ་པ་ཟླ་བའི་རྣམ་པར་སྣང་བ་ལས་ཆུ་ལས་ཆུ་བུར་སྐྱེ་བ་བཞིན་དུ་ས་བོན་སྐྱེས་ནས་དེས་ཕྱག་མཚན་དང་དེས་ལྟའི་སྐུ་རྫོགས་པར་བསྐྱེད་པ་ནི་རླུང་སེམས་ཙམ་ལས་གྲུབ་པའི་བར་དོའི་ལུས་ངག་ཡིད་གསུམ་པྱ་བ་དང་བཅས་པ་བཞི་དང་འདྲ་བར། གསུང་ཆོས་ཀྱི་ཕྱག་རྒྱ་དང་ཐུགས་དམ་ཚིག་གི་ཕྱག་རྒྱ་དང་སྐུ་ཕྱག་རྒྱ་ཆེན་པོ་དང་འཕྲིན་ལས་ལས་ཀྱི་ཕྱག་རྒྱ་བཞི་ལས་མིའདའ་བའི་ཚུལ་གྱིས་རྒྱས་བཏབ་ནས་ལྷའི་སྐུ་བསྒོམས་པས་ཐ་མལ་པའི་སྒོ་གསུམ་པྱ་བ་དང་བཅས་པ་སྤྱོད་པའོ། །འཕྲིན་ལས་ནི་ས་བོན་སོགས་ལས་སྤྲོ་བསྡུ་བྱེད་པ་ལ་བྱའོ། །འདི་དག་ཀྱང་སྤྱིར་ཆོས་མཐུན་སྤྱོར་བ་ཡིན་གྱི་སྔ་རྟིང་གི་རིམ་པ་ལ་སོགས་པའི་ཕྲ་མོ་འགའ་ཞིག་ཇི་ལྟ་བ་བཞིན་སྦྱར་རྒྱུ་མ་བྱུང་ཡང་སྐྱོན་མེད་དེ་སྐབས་གཞན་དུ་བསྟན་པ་དང་འདྲའོ། །གསུམ་པ་ནི། མདོར་བྱས་ལས། དང་པོ་མགོན་པོ་བསམས་ནས་ཀྱང༌། །ཤིན་ཏུ་སྦྱོར་བ་ཡང་དག་པརྩམ། ཞེས་པ་ནས་ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་བ། །ཡི་གེ་ཧཱུཾ་ནི་དེ་རུ་དགོད། ཅེས་པའི་བར་གྱིས་ལོངས་སྐུ་སྤྲུལ་སྐུར་བསྒྱུར་བ་ནས་སེམས་དཔའ་གསུམ་རྩེག་ཏུ་བྱ་བའི་བར་ནི་བར་དོ་མངལ་དུ་སྐྱེ་བ་བླངས་པ་དང་མཐུན་པར་བསྒོམ་པ་ཡིན་པས་
འདི་ལ་གཉིས། མཐུན་ཡུལ་བཤད་པ། དེ་དང་རྗེས་སུ་མཐུན་པར་སྒོམ་ཚུལ་ལོ། །དང་པོ་ལ་གཉིས། སྐྱེ་བ་ལེན་ཚུལ་མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ཇི་ལྟར་ཏེ་དཔེར་ན་མའི་མངལ་དུ་འཇུག་པ་ཉེ་བར་བསྟན་ཏོ་ཞེས་དྲང་ངོ༌། །གང་ན་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཆེན་པོ་དགའ་ལྡན་བཞུགས་པས་སོ། །གང་གི་དོན་དུ་ན་མཆོག་གི་སྤྲུལ་པའི་སྐུར་སྐྱེ་བ་འཛིན་པའི་དོན་དུའོ། །དེར་སྐྱེ་བ་གཟུང་དགོས་པའི་རྒྱུ་མཚན་ནི་བྱང་སེམས་དེས་མི་ལ་སོགས་པའི་གདུལ་བྱ་ཐ་མལ་པའི་ཡང་དོན་མཛད་དགོས་ལ། སྔར་ལོངས་སྐུར་སངས་རྒྱས་པའི་སྐུ་དེ་དེ་རྣམས་ཀྱིས་མཐོང་དུ་མི་རུང་བས་དེའི་སྒོ་ནས་མི་དང་དེས་མཚོན་པའི་གདུལ་བྱ་ཐ་མལ་པ་རྣམས་ཀྱི་དོན་མཛད་པར་མི་སྦྱོད་པས་སོ། །འདིས་ནི་ལོངས་སྐུས་མི་ལ་སོགས་པའི་དོན་མཛད་པའི་ཕྱིར་དུ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་སུ་སྤྲུལ་ནས་འཛམ་བུ་གླིང་དུ་སྤྲུལ་སྐུར་སངས་རྒྱས་བར་བསྟན་པས་བདག་ཅག་གི་སྟོན་པ་ལྟ་བུ་ནི་སྔོན་སངས་རྒྱས་ཟིན་ནས་འདོད་ཁམས་སུ་མཛད་པ་བསྟན་པར་བཞེད་དོ། །སྐྱེ་བ་འཛིན་ཚུལ་ནི་སྔར་བཤད་པ་ལྟར་གྱི་བྱང་སེམས་ཀྱི་བར་དོ་དེ་ཡུམ་གྱི་ལྷུམས་སུ་མི་ཡི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྗེས་སུ་ཞུགས་པའི་སྒོ་ནས་སོ། །དཔེ་དེ་བཞིན་དུ་སྐྱེ་བ་ལེན་ཏོ་ཞེས་དྲང་ངོ༌། །གང་གིས་ན་བྱང་སེམས་དེར་མ་ཟད་སྔར་བཤད་པའི་བསྐལ་པ་དང་པོའི་མི་ཤི་བའི་འོག་ཏུ་སྲིད་པ་བར་མ་ན་གནས་པའི་བར་དོ་དེ་ཡང་ངོ༌། །སྐྱེ་བ་ལེན་པའི་དུས་ནི་ཉིན་ཞག་བདུན་པ་སྔར་
བཤད་པ་ལྟར་དོར་ཏེའོ། །གང་གི་མཐུས་སྐྱེ་ན་འཁོར་བ་ཐོག་མ་མེད་པའི་རང་གི་བདག་གཉིས་སུ་རྣམ་པར་རྟོག་པའི་བག་ཆགས་ལས་བྱུང་བའི་ལས་ཀྱིས་ཡང་དག་པར་བསྐུལ་ཏེའོ། །བར་སྲིད་སྐྱེ་སྲིད་དུ་འཇུག་པའི་ཚུལ་ནི་འོག་ནས་འཆད་པའི་རིམ་པ་འདིས་སོ། །གལ་ཏེ་སྐབས་འདི་རྣམས་གཞིའི་སྲིད་པ་སྐྱེ་བའི་རིམ་པ་དང་བསྐྱེད་རིམ་སྒོམ་པ་ཆོས་མཐུན་པར་སྟོན་པའི་སྐབས་མ་ཡིན་ནམ། ཅིའི་ཕྱིར་སྐབས་འདིར་འབྲས་བུའི་སྤྲུལ་སྐུ་འགྲུབ་པ་དང་གཞིའི་བར་དོས་སྐྱེ་བ་ལེན་ཚུལ་ཆོས་མཐུན་པར་སྟོན་སྙམ་ན། དེ་ལ་སྔོན་གྱི་བླ་མ་ཁ་ཅིག་ལྷ་བསྐྱེད་པ་ལ་ཚུལ་གཉིས་ལས་སངས་རྒྱས་འཚང་རྒྱ་བའི་རིམ་པ་དང་མཐུན་པར་བསྐྱེད་པ་ནི་དེ་ཉིད་བསྡུས་པ་སོགས་ནས་བསྟན་པ་རྣམས་ཡིན་ལ། སེམས་ཅན་སྲིད་པར་སྐྱེ་བ་དང་མཐུན་པར་བསྐྱེད་པ་ནི་རྣལ་འབྱོར་ཆེན་པོ་ནས་བསྟན་པ་འདིའོ་ཞེས་དེ་གཉིས་མི་མཐུན་པར་འཆད་མོད་ཀྱང༌། གཞིའི་སྐྱེ་ཤི་བར་དོ་གསུམ་དང་མཐུན་པར་སྒོམ་པ་ན་ཆོས་ལོངས་སྤྲུལ་གསུམ་དང་མཐུན་པར་སྒོམ་དགོས་པས་གཞི་དང་མཐུན་པར་སྒོམ་པ་དང་འབྲས་བུ་དང་མཐུན་པར་སྒོམ་པ་ལ་འགལ་བ་མ་མཐོང་ངོ༌། །དེས་ན་འཆི་བ་ཆོས་སྐུ་དངའདྲ་བ་ནི་རྣམ་གཞག་བཞི་པ་ནས་འཆད་པར་འགྱུར་ལ་བར་དོ་དང་སྐྱེ་བ་གཉིས་ལོངས་སྤྲུལ་དང་འདྲ་བར་འདིར་བསྟན་པ་ན་ཆོས་མཐུན་སྤྱོར་བའི་གཙོ་བོའི་དོན་མི་འཕྱུག་ལ། དེ་ལ་བརྟེན་ནས་འཆད་པར་འགྱུར་པ་ལྟར་སྐུ་གསུམ་པོ་གང་བསྒོམས་པས་སྦྱང་གཞི་གང་སྦྱོད་བའི་ཚུལ་མི་འཆུག་
པ་དང་མངོན་རྟོགས་ཀྱི་འདིའི་རྗེས་སུ་འདི་སྒོམ་དང་འདི་ལྟར་སྒོམ་པའི་རྒྱུ་མཚན་རྣམས་ཀྱང་བདེ་བླག་ཏུ་ངེས་པར་འགྱུར་པས་དེའི་ཕྱིར་གཞི་དང་འབྲས་བུའི་ཆས་མཐུན་གསུངས་སོ། །ད་ནི་དཔེར་ན་འབྲས་བུའི་སྐབས་སུ་ལོངས་སྐུས་སྤྲུལ་པའི་སྐྱེ་བ་འཛིན་པའི་རྒྱུ་མཚན་འདིར་གསུངས་པས་དང་པོའི་མགོན་པོ་སྤྲུལ་སྐུར་སྒྱུར་དགོས་པའི་རྒྱུ་མཚན་ཤེས་པ་ལྟ་བུའོ། །གཞན་ཡང་ལོངས་སྐུས་འགྲོ་བ་གང་གི་ཕུང་པོ་སོགས་ལ་ལྷུམས་སུ་ཞུགས་པས་དེའི་རྟེན་ལ་འཚང་རྒྱ་བའི་སྤྲུལ་པ་སྟོན་པའི་རྟེན་དེ་ནི་སྦྱིར་མིའི་འགྲོ་བ་དང་དེའི་ནང་ནས་ཀྱང་འཛམ་བུ་གླིང་པའི་རྟེན་ཁྱད་པར་ཅན་ཡིན་པ་དེ་བཞིན་དུ། སྔགས་པས་གང་དང་མཐུན་པར་བསྒོམས་པས་དེའི་དོད་ལ་སྤྲུལ་པའི་སྐུ་འགྲུབ་པའི་སྐྱེ་བ་དང་དེ་འཛིན་པའི་བར་དོ་རྣམས་ཀྱང་འཛམ་བུ་གླིང་པའི་དབང་དུ་བྱས་པ་དགོས་པར་བསྟན་པའི་ཕྱིར་དུ། བྱང་སེམས་ཡུམ་གྱི་ལྷུམས་སུ་འཇུག་པ་དང་འདྲ་བའི་མའི་མངལ་དུ་སྐྱེ་བའི་བར་དོ་བསྟན་གྱི་བར་དོ་མངལ་དུ་སྐྱེ་བ་འཛིན་པ་ཐམས་ཅད་ཀྱི་དབང་དུ་མ་བྱས་ཏེ་འོག་ནས་འཆད་པ་བཞིན་ནོ། །གཉིས་པ་ལ་གསུམ། བར་དོ་མ་ཡི་མངལ་དུ་འཇུག་པའི་རིམ་པ། ཞུགས་ནས་མངལ་དུ་འཕེལ་བའི་རིམ་པ། མངལ་ནས་ཕྱིར་འཐེན་པའི་རིམ་པའོ། །དང་པོ་ལ་གཉིས། མངལ་འཛིན་པའི་མ་ལ་སོགས་པ་རྣམས་ཇི་ལྟར་བྱུང་བ། དེ་ནས་བར་དོ་ཇི་ལྟར་ཞུགས་པའོ། །དང་པོ་ལ་གཉིས། བསྐལ་པ་དང་པོའི་མི་རྣམས་ཐ་མལ་པའི་མིར་གྱུར་པའི་རིམ་པ། ཕོ་མོ་བྱུང་ནས་གྲོང་པའི་ཆོས་བསྟེན་ཚུལ་ལོ། །དང་པོ་ནི། བར་དོས་སྐྱེ་བ་ལེན་པ་དེ་ལ་ལེན་པའི་རིམ་པ་ནི་འོག་ནས་
འབྱུང་བ་འདི་ཡིན་ཏེ། བསྐལ་པ་དང་པོའི་མི་རྣམས་སྔར་ཐ་མལ་པའི་མིར་རིམ་གྱིས་འགྱུར་པར་བསྟན་པའི་འགྱུར་ཚུལ་ནི་བདུད་རྩི་སྟེ་སའི་བཅུད་ཟ་བ་ནས་བཟུང་སྟེ་ཇི་སྲིད་དུ་འབྲས་ཆན་ཟ་བ་ཡན་ཆད་ཀྱིས་ཐ་མལ་པའི་ལུས་སུ་འགྱུར་རོ། །འཇིག་རྟེན་འཆགས་པའི་དུས་ནས་ཆེན་པོ་འདི་རྒྱ་མཚོ་འབའ་ཞིག་ཏུ་གྱུར་པའི་སྟེང་ན་འོ་མ་བསྐོལ་བ་གྲངས་པའི་སྤྲིས་མ་ཆགས་པ་བཞིན་དུ་ཆགས་པའི་ས་ཡི་བཅུད་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པའི་ཁ་དོག་ནི་མར་གསར་ལྟ་བུ་རོ་ནི་སྤྲང་རྩི་མ་བསྐོལ་བ་ལྟ་བུ་ཡོད་པ་དེ། སྔར་བཤད་པའི་བསྐལ་པ་དང་པོའི་མི་བརྐམ་ཆགས་ཅན་ཞིག་གིས་སོར་མོའི་རྩེ་མོས་བླངས་ཏེ་མྱང་བར་བྱེད་ཅིང་དེ་ལ་འདོད་པར་བྱེད་དོ། །དེ་བཞིན་དུ་སེམས་ཅན་གཞན་གྱིས་ཀྱང་བྱེད་དེ་ཁམ་ཟས་ཟོས་པ་དེས་དེ་དག་གི་ལུས་ལ་སྲ་བ་དང་ལྕི་བ་ཉིད་ཀྱིས་ནོན་ཏེ་ལུས་ཀྱི་ཁ་དོག་གསལ་བའི་འོད་མི་སྣང་བར་གྱུར་ཏེ། །དེའི་འོག་ཏུ་མུན་པ་སྐྱེས་པས་ཉི་མ་དང་ཟླ་བ་དག་འཇིག་རྟེན་དུ་བྱུང་ལ་རྒྱུ་སྐར་དང་ཉིན་མཚན་དང་ཟླ་བ་དང་ཟླ་བ་དང་ཕྱེད་དང༌། དུས་ཚིགས་དང་ལོ་དག་ཀྱང་བྱུང་ངོ༌། །ས་ཡི་བཅུད་ཟོས་པའི་དབང་གིས་འོད་ནུབ་ནས་ཉི་ཟླ་བྱུང་བར་ལུང་རྣམ་འབྱེད་ལས་གསུངས་པ་ལྟར་མཛོད་འགྲེལ་ལས་ཀྱང་འབྱུང་བས་འབྲས་ཆན་ཟོས་པའི་འོག་ཏུ་ཉི་ཟླ་བྱུང་བ་མིན་ནོ། །ཟས་དེ་ཉུང་དུ་ཟོས་པ་རྣམས་ཁ་དོག་བཟང་ལ་མང་དུ་ཟོས་པ་རྣམས་ཁ་དོག་ངན་པར་གྱུར་པ་ན་ང་ནི་ཁ་དོག་བཟང་ལ་ཁྱོད་ནི་ངན་ནོ་ཞེས་ཁྱད་དུ་བསད་པའི་དབང་གིས་ས་ཡི་བཅུད་དེ་མེད་པར་གྱུར་ཏོ། །དེ་དག་འདུས་ནས་དེ་ལ་མྱ་ངན་བྱེད་པ་ན་ས་
ཞག་ཁ་དོག་དོང་ཀའི་མེ་ཏོག་ལྟ་བུ་རོ་སྔར་དང་འདྲ་བ་ཞིག་བྱུང་བ་ནས་ཁྱད་དུ་བསད་པའི་བར་སྔར་བཞིན་བྱས་པས་དེ་ཡང་མེད་པར་གྱུར་ཏོ། །དེ་ནས་ཡང་སྔར་བཞིན་མྱ་ངན་བྱེད་པ་ན་མྱུ་གུའི་ཚལ་ཕུན་སུམ་ཚོགས་པ་ཁ་དོག་ནི་ཀ་ཏམ་པུ་ཀའི་མེ་ཏོག་ལྟ་བུ་རོ་སྔར་དང་འདྲ་བ་ཞིག་བྱུང་བ་ནས་ནུབ་པའི་བར་ཡང་སྔར་བཞིན་ནོ། །དེ་ནས་ཡང་མ་རྨོས་མ་བཏབ་པའི་འབྲས་ས་ལུ་ཤུན་པ་དང་ཕུབ་མ་མེད་པ་རྩ་བ་སོར་བཞི་པ་ནང་བརྔས་ན་ནུབ་སྐྱེ་ཞིང་ནུབ་བརྔས་ན་ནང་སྐྱེ་བ་བརྔས་པར་མི་མངོན་པ་ཞིག་བྱུང་བ་ཟ་བར་བྱེད་དོ། །གཉིས་པ་ནི། འབྲས་དེ་ཟོས་པ་དང་ཟས་དེ་ཆེས་རགས་པས་དེ་ནས་ཐབས་དང་ཤེས་རབ་ཀྱི་རྣམ་པར་དབྱེ་བ་བསྟན་པའི་ཆེད་དུ་བཤང་གཅི་འབྱུང་བའི་ལམ་ཕོ་མོའི་དབང་པོ་དང་བཅས་པ་དོད་ཅིང་ཕོ་མོའི་དབྱིབས་ཀྱང་ཐ་དད་པར་གྱུར་ཏོ། །དེ་ནས་སྔོན་ཐོག་མ་མེད་པ་ནས་ཚུལ་མིན་ཡིད་བྱེད་ལ་གོམས་པའི་དབང་གིས་ཕོ་མོ་གཅིག་ལ་གཅིག་ལྟ་ཞིང་ཕན་ཚུན་ཆགས་པའི་སེམས་སྐྱེའོ། །གང་གི་ཕྱིར་ཏེ་གང་ཚུན་ཆད་ཕན་ཚུན་ལོག་པར་ཞུགས་པ་དེ་ནས་བརྩམས་ཏེ་ཕོ་དང་མོ་ཞེས་པའི་མིང་འཇིག་རྟེན་དུ་གྲགས་སོ། །དེ་ཡང་ལོག་པར་ཞུགས་པ་མཐོང་ནས་ས་ལ་སོགས་པ་འཐོར་བ་སོགས་བྱེད་ཅིང་སེམས་ཅན་ངན་པ་ཞེས་སྨྲས་པ་ན་བྱ་བ་མ་ཡིན་པ་བྱེད་པའི་དོན་དུ་ཁྱིམ་བརྩིགས་ཏེ་འདོད་པ་བསྟེན་པ་དང་ཁྱིམ་གྱི་དང་པོའོ། །དེ་ནས་འབྲས་ས་ལུ་དེ་ནང་ཟ་བ་ན་ནང་ལེན་ནུབ་ཟ་བ་ནུབ་ལེན་ པ་ལ་སེམས་ཅན་ལེ་ལོ་ཅན་ཞིག་གིས་ནང་དགོངས ་གཉིས་ཀའི་ས་ལུ་དུས་གཅིག་ཏུ་བླངས་སོ། །དེ་ནས་སེམས་ཅན་གཞན་ཞིག་གིས་ཀྱང་ཉི་མ་གཉིས་དང་གསུམ་དང་
བདུན་གྱི་བར་གྱི་ས་ལུ་དུས་གཅིག་ཏུ་བླངས་སོ། །དེ་མཐོང་ནས་གཞན་དག་གིས་ཀྱང་ཟླ་བ་ཕྱེད་དང་ཟླ་བ་གཅིག་གིས་ལུ་དུས་གཅིག་ཏུ་བླངས་པས་བརྔས་པ་རྣམས་སླར་མི་སྐྱེ་ཞིང་སོ་བ་དང་ཤུན་པ་དང་ལྡན་པར་གྱུར་ཏོ། །ལུང་རྣམ་འབྱེད་ལས་སྔར་བཤད་པའི་ལུས་ཁྱད་པར་ཅན་ཐོབ་པ་དེ་རྣམས་ཉིད་འདིའི་བར་དུ་གྱུར་པར་གསུངས་པས་ལྷག་མོས་དང་ཆོས་མཐུན་སྦྱར་བའི་མི་ནི་བསྐལ་པ་དང་པོའི་རྫུས་སྐྱེས་ཡིན་ལ་མཚམས་འདི་ནས་རྒྱལ་པོ་མང་པོས་བཀུར་བ་བསྐོས་པར་གསུངས་ཤིང་དེའི་གདུང་རབས་ལས་ཤཱཀྱ་རྣམས་བྱུང་བ་ཡིན་པས་དེ་དག་ནི་གླིང་འདིའི་དབང་དུ་བྱས་པའོ། །ལྷག་མ་རྣམས་ནི་ཚིགས་མངས་སུ་དོགས་ནས་མ་བྲིས་ཏེ་རྒྱས་པར་ཤེས་པར་འདོད་ན་འདུལ་བ་ལུང་བལྟ་བར་བྱའོ། །གཉིས་པ་ལ་གསུམ། མངལ་དུ་སྐྱེ་བ་འཛིན་པའི་རྒྱུ་བསྟན་པ། དེ་ལ་བརྟེན་ནས་སྐྱེ་གནས་སུ་འཇུག་ཚུལ། དེའི་རིམ་པ་རྩ་རྒྱུད་དང་མ་རྒྱུད་ནས་ཇི་ལྟར་བསྟན་པའོ། །དང་པོ་ནི། སྔར་བཤད་པའི་བསྐལ་པ་དང་པོའི་མི་ཐ་མལ་བར་གྱུར་པ་ཤི་བའི་རྗེས་སུ་བར་སྲིད་གྲུབ་པ་དང་བསྐལ་པ་དང་པོའི་མི་ཕོ་མོ་ལོག་པར་འཇུག་པའི་སྐབས་དེ་ནས་གནས་སྐབས་གསུམ་ཉེ་བ་སྟེ་ཚོགས་པར་གྱུར་པས་མའི་རུམ་དུ་བར་དོ་དེ་མངལ་དུ་འཇུག་པར་འགྱུར་ཏེ། མ་ནང་མེད་པར་ཉམས་བདེ་ཞིང་ཟླ་མཚན་གྱི་ཁྲག་དང་ལྡན་པའི་སྐབས་དང་ཕ་དང་མ་ཕན་ཚུན་རྗེས་སུ་ཆགས་པར་གྱུར་ཅིང་ཕྲད་པ་དང་དྲི་ཟའི་སེམས་ཅན་ཉེ་བར་འཁོར་བ་སྟེ་དེར་ཉེ་བར་གནས་ཤིང་
འཇུག་འདོད་པའོ། །མངལ་དུ་འཇུག་པ་ལས་ཕ་མ་ཆགས་པར་གྱུར་ཅིང་ཕྲད་པ་དང་མ་ཡང་རུང་བར་གྱུར་ཅིང་ཟླ་མཚན་དང་ལྡན་པ་དང་དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ཅིང་འཇུག་པར་འདོད་ན་སྟེ་དགའ་བོ་དྲི་ཟ་ཞེས་བྱ་བ་ནི་སྲིད་པ་བར་མའི་སེམས་ཅན་གྱི་ཚིག་བླ་དྭགས་ཡིན་ནོ། ཞེས་གསུངས་པ་ལྟར་བཤད་དགོས་པས་གཞུང་འདིར་ནད་མེད་པ་དང་ཁྲག་དང་ལྡན་པ་སོ་སོར་ཕྲལ་ཞིང་དྲི་ཟ་ཉེ་བ་གནས་སྐབས་གསུམ་གྱི་སྐབས་སུ་མ་བྱུང་བ་ནི་འགྱུར་གྱིས་མ་ཐོན་པའོ། །དེ་ཡང་རླུང་མཁྲིས་བད་ཀན་གྱིས་བསྒགས་པ་དང་དབུས་ནས་འདྲ་བ་དང་གྲོག་མའི་རྐེད་པ་འདྲ་བ་ལ་སོགས་པའི་མངལ་གྱི་ཉེས་པ་དང་ཕ་མ་གཉིས་ཀ་ལས་མ་བྱུང་བ་དང་བྱུང་ཡང་གང་རུང་གཅིག་རུལ་བ་ས་བོན་གྱི་ཉེས་པ་དང༌། ཕ་མས་བུ་རྙེད་པ་དང་བུས་ཀྱང་ཕ་མར་འགྱུར་པའི་ལས་མ་བསགས་པ་ལས་ཀྱི་ཉེས་པ་གསུམ་གང་རུང་དང་ལྡན་ན་མངལ་དུ་བུ་མི་འཆགས་མངལ་འཇུག་ལས་གསུངས་པས་དེ་དག་དང་ཡང་གྲལ་བ་དགོས་སོ། ། །གཉིས་པ་ནི། དེ་དག་ཚོགས་པ་དེ་ནས་ཕོ་མོ་དེ་དག་ཕན་ཚུན་རྗེས་སུ་ཆགས་པས་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་པ་སྟེ་རྒྱས་པར་བྱས་པས་འཁྱུད་པ་དང་འོ་བྱ་བ་ལ་སོགས་པའི་འཁྲིག་པའི་བྱ་བས་ཕོ་མོའི་དབང་པོ་གཉིས་མཉམ་པར་སྦྱོར་བ་བར་དོ་དེས་མཐོང་ངོ༌། །དེ་ནི་ས་ཡི་དངོས་གཞི་ལས་ཕ་མ་ལས་བྱུང་བའི་ཁུ་ཁྲག་ལ་ཕ་མ་ཉལ་པོ་བྱེད་པ་མེད་བཞིན་དུ་མཐོང་བའི་ཕྱིན་ཅི་ལོག་གི་བློ་ཡིན་པར་གསུངས་སོ། །དེ་མཐོང་བས་འདོད་པའི་ཡུལ་ཉེ་བར་ལེན་པའི་ཕྱིར་དུ་སྲིད་པ་བར་མ་སྤོང་སྟེ་སྐྱེ་བ་ལེན་ནོ། །དེ་
ཡང་མི་རྟ་ལ་ཞོན་པ་བཞིན་དུ་རྣམ་པར་ཤེས་པའི་བདག་པོ་ཐུགས་རྡོ་རྗེ་བར་དོའི་སེམས་ཤིན་ཏུ་ཕྲ་བའི་ལུས་དང་བཅས་པ་དེ་རླུང་གི་བཞོན་པ་ལ་ཡང་དག་པར་ཞོན་ནས་ཤིན་ཏུ་མྱུར་བར་འོང་ཞིང་སྐད་ཅིག་ཐང་ཅིག་གམ་ཡུད་ཙམ་གྱིས་ཕྱོགས་དེར་ཕྱིན་ནས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་འཇུག་གོ །འདི་ལ་སྔོན་གྱི་བླ་མ་དགབཤད་པ་ལ་རྣམ་སྣང་དུ་གསུངས་པ་ལ་བརྟེན་ནས་བཤང་ལམ་རྣམ་སྣང་གི་སྒོར་འཆད་པ་མི་འཐད་དེ་ཡེ་ཤེས་སེམས་དཔའ་ལྟར་ཞེས་དམ་ཚིག་པ་ལ་ཡེ་ཤེས་པ་འཇུག་པའི་སྒོར་གསུངས་པས་སོ། །དེས་ན་ཡེ་ཤེས་སེམས་དཔའ་སྦྱི་བོ་ནས་འཇུག་པ་ལྟར་རྣམ་སྣང་སྐུ་རྡོ་རྗེ་གང་དུ་འགོད་པའི་སྒོ་སྦྱི་བོ་ནས་འཇུག་གོ །སྡོམ་འབྱུང་ལས་ནི། དང་པོ་ཕ་མའི་ཀུན་སྦྱོར་ལས། །སྲིད་པའི་སྐྱེ་བོ་ཅན་དུ་མཐོང༌། །ཤིན་ཏུ་ངེས་པར་ཀུན་དགའི་སྟོབས། །ཁ་ཡི་ལམ་ལ་རབ་ཏུ་འཇུག །ཅེས་ཁ་ནས་འཇུག་པར་ཡང་བཤད་ལ་དེ་ཡང་ཕའི་ཁ་ཡིན་པར་རྒྱུད་རྡོར་འཕྲེང་ལས། སྔོན་ལས་རླུག་གི་རྣམ་ཤེས་ནི། །བརྒྱ་ལ་གང་ཚེ་འགྲོ་འགྱུར་ན། །ཕ་ཡི་ཁ་ལ་མཚུངས་པར་ལྡན། །དེ་ཚེ་ཆགས་པའི་དབང་དུ་འགྱུར། །གསང་གནས་ཟླ་མཚན་ལྡན་པའི་རྩ། །མེ་དང་ཉི་མ་འཆར་བ་ན། །དེ་ཚེ་ལྷག་པར་ཆགས་པས་ནོན། །ཆགས་པ་མཆོག་ཏུ་འདོད་པར་འགྱུར། །རྡོ་རྗེ་པདྨ་འདྲེས་པའི་གདོང༌། །འཇུག་པ་རྩ་ཡི་ཁ་ཡི་རླུང༌། །དེ་ཚེ་ས་བོན་དུ་ནི་འགྱུར། །ས་བོན་ལས་ནི་སེམས་ཅན་འབྱུང༌། ཞེས་ལེའུ་
བཅུ་པདུན་པ་ལས་གསུངས་སོ། །མཛོད་འགྲེལ་ལས། སྲིད་པ་བར་མ་ནི་ལྟོ་བ་བརྟོལ་ཏེ་འཇུག་པ་མ་ཡིན་གྱི་སྐྱེ་གནས་ཀྱི་སྒོ་ནས་འཇུག་སྟེ་དེ་ཉིད་ཀྱི་ཕྱིར་མཚེ་མ་ལས་གང་ཕྱིས་བྱུང་བ་དེ་ནི་ཕུ་བོ་ཞེས་བྱའོ། །གང་སྔར་བྱུང་བ་དེ་ནི་ནུ་བོ་ཞེས་བྱའོ། ཞེས་ཀྱང་བཤད་པས་མཐའ་གཅིག་ཏུ་མ་ངེས་སོ། །དང་པོ་གང་ནས་འཇུག་ཀྱང་མཐར་མངལ་གྱི་སྐྱེ་གནས་སུ་འཇུག་པར་ནི་ཐམས་ཅད་འདའོ། །བར་སྲིད་ཐོགས་མེད་ཡིན་པས་འཇུག་པའི་སྒོ་ལ་བུ་ག་ནམ་མཁའི་སྒོ་མི་དགོས་ཏེ་ལྕགས་ཀྱི་ཐུ་ལུམ་བཤགས་པའི་ནང་ནས་སྲིན་བུ་བྱུང་བར་གྲག་གོ །ཞེས་མཛོད་འགྲེལ་ལས་བཤད་པ་ལྟར་རོ། །ཡེ་ཤེས་ཀྱི་ས་དངོས་ནི་སྤྲོས་པའི་མཚན་མ་མི་དམིགས་པའི་སྟོང་པ་ཉིད་ཀྱི་ཤེས་པ་ཡིན་མོད་ཀྱང་བར་དོ་ཤི་བ་ལ་དེར་བཏགས་པ་ནི་རྣམ་རྟོག་རགས་པ་འགགས་པའི་ཆ་ནས་ཡིན་ལ་དེ་ཐོབ་པ་ནི་ཤི་བའི་འོད་གསལ་མྱོང་བའོ། །འདིར་ས་ཡི་དངོས་གཞི་ལས་ཉལ་པོ་བྱེད་པ་དེ་མཐོང་བ་ན་གཅིག་ལ་ཆགས་ཤིང་ཅིག་ཤོས་ལ་འབྲལ་འདོད་སྐྱེ་སྟེ། ཕོར་སྐྱེ་ན་བུད་མེད་ལ་ཆགས་ཤིང་སྐྱེས་པ་ལ་འབྲས་བར་འདོད་ལ་མོར་སྐྱེ་ན་དེ་ལས་བཟློག་སྟེ་འབྱུང་བ་དང༌། དེ་ནས་སྐྱེས་པའམ་བུད་མེད་གང་རུང་གཅིག་ཁོ་ན་མཐོང་ལ་ཇི་ལྟར་ཕྱོགས་དེར་ཉེ་བར་སྦྱོར་བ་དེ་ལྟར་ཡན་ལག་གཞན་མི་སྣང་བར་ཕོ་མོའི་མཚན་མ་ཙམ་ཞིག་མཐོང་བ་ན་ཁོང་ཁྲོ་སྐྱེས་ནས་འཆི་བར་བཤད་དོ། །བར་དོ་ཤི་ནས་ཉིད་མཚམས་སྦྱོར་བ་ནི་སྲང་མདའི་མཐོ་དམན་ལྟར་འབྱུང་བས་དེའི་ཚུལ་ནི་ཐབས་ཀྱི་ཡེ་ཤེས་ཐིག་ལེ་དང་གཉིས་སུ་མེད་པར་གྱུར་ཏེ་གང་ལ་བརྟེན་ནས་ཤིན་ཏུ་དགའ་བ་
སྐྱེ་བའི་གནས་ཁུ་ཁྲག་གི་དབུས་དེར་བར་དོ་ཤི་བའི་སེམས་ཆུད་པ་ཡང་ཡིན་ལ་དེ་དག་གི་སྙིང་པོར་གྱུར་པ་ཡང་ཡིན་པས་ཆུད་པའི་སྙིང་པོ་ཡིན་ནོ། །འདིར་ཕ་མ་གཉིས་ཆགས་པ་དྲག་པོའི་སྐབས་སུ་བབ་པ་ན་འཇུག་ཏུ་ཁུ་བ་བསྐ་བ་འབྱུང་ལ་དེའི་རྗེས་སུ་དེ་གཉིས་ཀ་ལས་ཁུ་ཁྲག་གི་ཐིགས་པ་གཉིས་ངེས་པར་བྱུང་བ་དེ་མའི་སྐྱེ་གནས་སུ་འདྲེས་ནས་འོ་མ་བསྐོལ་བའི་སྤྲིས་མ་ཆགས་པ་ལྟར་འདུག་པའི་དབུས་སུ་ཀུན་གཞི་རྣམ་ཤེས་འཇུག་པར་ས་ཡི་དངོས་གཞི་ལས་གསུངས་སོ། །ཀུན་གཞི་ཁས་མི་ལེན་པ་རྣམས་ནི་དེ་ཡིད་ཀྱི་ཤེས་པར་འདོད་དོ། །གསུམ་པ་ནི། དེ་ལྟར་བར་དོས་གང་དུ་སྐྱེ་བ་ལེན་པའི་ཕ་མའི་ཐིག་ལེ་ཇི་ལྟར་འབྱུང་བའི་ཚུལ་འདུས་པའི་རྩ་བའི་རྒྱུད་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་གསུངས་པའི་རིམ་པ་དང་སྦྱར་ན་ལེའུ་དང་པོ་ལས། དེ་ནས་ནམ་མཁའི་དབྱིངས་འདི་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོ་གནས་པར་གྱུར་ཏོ། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ན་གནས་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ། ཞེས་རྡོ་རྗེ་འཆང་ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་ལ་ཞུགས་མ་ཐག་ཏུ་དེ་ལྟར་གྱུར་པར་གསུངས་ལ། དེའི་འགྲེལ་པ་སྒྲོན་གསལ་དུ་ནམ་མཁའི་དབྱིངས་ནི་རྩ་བདུན་ཁྲི་ཉིས་སྟོང་གི་ཁོང་སྟོང་དང་
རྡོ་རྗེ་ནི་ཐབས་ཀྱི་ཡེ་ཤེས་དང་གནས་པ་ནི་བྱུང་བར་གྱུར་པ་དང་སེམས་ཅན་ཐམས་ཅད་ནི་ཕུང་བོ་ལ་སོགས་པ་དང་རྡོར་སེམས་ཀྱི་བྱིན་རླབས་ནི་ཐབས་ཀྱི་ཡེ་ཤེས་ཤར་བ་དང༌། བདེ་བ་དང་ཡིད་བདེ་བ་ཐོབ་པ་ནི་དབང་པོ་གཉིས་སྦྱར་བ་ལས་ཆགས་པ་ཆེན་པོའི་མེས་ཞུ་ནས་མཆོག་ཏུ་དགའ་བ་མྱོང་བ་ལ་བཤད་དོ། །དེ་ལྟར་ན་ཕ་མ་གཉིས་སྙོམས་པར་ཞུགས་པ་ན་ཆགས་པའི་མེས་རྩ་གནས་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་ཞུ་ནས་འབབ་པར་གསུངས་པའི་ཐིག་ལེའི་དབུས་སུ་བར་དོའི་ཤེས་པ་འཇུག་པའོ། །སྒྲོན་གསལ་ལས། འདི་འདོད་ཆགས་ཆོས་ཀྱི་སྤས་དོན་དུ་བཤད་པས་ལམ་སྒོམ་པའི་རྣལ་འབྱོར་ཕོ་མོ་སྙོམས་པར་ཞུགས་པའི་སྐབས་ཡིན་མོད་ཀྱང་མཚན་ཉིད་ལ་དཔྱད་ན་གཞིའི་སྐབས་དང་འདྲ་བས་འདིར་ཡང་སྦྱར་དུ་རུང་ངོ༌། །རྣལ་འབྱོར་རྒྱུད་ལས་དེ་ལྟར་གསུངས་པར་མ་ཟད་ཀྱི་ཤེས་རབ་ཀྱི་མདོ་སྟེ་རྣལ་འབྱོར་མའི་རྒྱུད་སྡོམ་འབྱུང་ལས་ཀྱང་གསུངས་ཏེ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡང་དག་པར་བསྐུལ་བ་སྟེ་དེ་དག་ནས་ཁམས་བཞུས་ཏེ་ཕོ་མོ་གཉིས་ཀ་ཡང་ཁམས་ཞུ་བ་ལས་བྱུང་བའི་མཆོག་ཏུ་དགའ་བའི་བདེ་བས་ཚིམ་པར་བྱའོ་སྟེ་བྱེད་དོ། །རྩ་གནས་ནས་ཁམས་འཇུ་བའི་རྐྱེན་ནི་ཤེས་རབ་སྟེ་བུད་མེད་དང་ཡེ་ཤེས་ཏེ་སྐྱེས་པ་གཉིས་ཀྱི་གཏུམ་མོའི་མེའི་འོད་ཟེར་ཤར་བ་སྟེ་འབར་བས་རེ་རེར་མ་ཟད་ཕོ་མོ་གཉིས་ཀའི་ཐིག་ལེ་ཡང་ཞུ་བར་གྱུར་ཏོ། །ཁུ་ཁྲག་ཡང་དག་པར་འདྲེས་ནས་བུད་མེད་ཀྱི་སྐྱེ་གནས་ཀྱི་དབུས་སུ་ཐིག་ལེའི་གཟུགས་སུ་བབས་ནས་གནས་སོ། །མེ་དེ་གང་གིས་སྤོར་བ་དང་སྤང་
བའི་མེས་རྩ་སད་པར་བྱེད་ཚུལ་ནི། རྒྱུད་རྡོ་རྗེ་ཕྲེང་བའི་ལེའུ་བཞི་པ་ལས། དཔའ་བོ་རྣལ་འབྱོར་མ་སྦྱོར་བ། །གང་ཚེ་གསང་བའི་རྩ་གཉིས་ནི། །ཡང་དག་སྦྱོར་བས་རེག་གྱུར་པ། །དེ་ཚེ་ནམ་མཁར་རྣམ་རྒྱས་ཉིད། །ནམ་མཁའ་ལས་ནི་སྐྱེས་པའི་རླུང༌། །དེ་ཡིས་མེ་ནི་རབ་ཏུ་འབར། །རྩ་ནི་སྟོང་ཕྲག་བདུན་ཅུ་གཉིས། །རྩ་རྣམས་རབ་སད་མེ་དེ་ཡིས། །བདེ་བ་ཀུན་གྱི་གོ་འཕང་མཆོག །བདེ་བ་ཆེན་པོ་བྱང་ཆུབ་སེམས། །རྣམ་པར་ཞུ་ནས་རྩར་གནས་པ། ཞེས་གསུངས་སོ། །དེ་ལྟར་ཁུ་ཁྲག་གཉིས་རྩ་གནས་རྣམས་ནས་སྐྱེ་གནས་སུ་འོང་བའི་ཚུལ་ནི་ཨཱ་ལི་སྟེ། ཁུ་བ་རྩའི་གནས་སོ་སོ་ནས་ཞུ་བ་རྣམས་མཐར་རྩའི་ལམ་གཅིག་ཏུ་འདྲེས་པ་དང་དེ་བཞིན་དུ་ཀཱ་ལི་སྟེ་ཁྲག་རྣམས་ཀྱང་གཅིག་ཏུ་འདྲེས་པར་གྱུར་ཏེ་ཁམས་ཕྲ་བ་རླུང་ལ་ཞུགས་པས་རླུང་གིས་བསྐྱོད་ནས་ཐུར་དུ་དྲངས་པས་སྐྱེ་གནས་སུ་འདྲེས་པ་ཡིན་ཏེ། སྤྱོད་བསྡུས་ལས། དེ་ཉིད་ཨཱ་ལི་ཀཱ་ལི་རྣམས་དང་ལྷན་ཅིག་དབང་པོ་གཉིས་མཉམ་པར་སྦྱོར་བའི་དུས་སུ་ཁ་ཐུར་དུ་བལྟས་པར་འགྱུར་པས་གསང་བའི་སྣའི་བུ་ག་ནས་ས་བོན་གྱི་གཟུགས་ཀྱིས་ཕྱུང་ནས་སེམས་ཅན་གྱི་ཁམས་རྣམས་སྐྱེད་པར་བྱེད་དོ། ཞེས་གསུངས་ཏེ་དེ་ཉིད་ནི་འབྲུ་གསུམ་ཡིན་ལ་དེ་ཡང་རླུང་འཇུག་གནས་ལྡང་གསུམ་གྱི་རང་བཞིན་ལ་མཛད་དོ། །དཔལ་སྡོམ་པ་འབྱུང་བ་ལས། རྟ་ཞོན་པ་ཡི་རྣམ་ཤེས་ནི། །རླུང་གི་བཞོན་པ་ཞོན་པ་བཞིན། །
ཤིན་ཏུ་མྱུར་བར་འོངས་གྱུར་ཏེ། །སྐད་ཅིག་ཐང་ཅིག་ཙམ་ལ་ནི། །གཉིས་དང་སྟོང་ཕྲག་བདུན་ཅུའི་རྩ། །རབ་བསྐུལ་དེ་ཡི་སྐད་ཅིག་ལ། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །ཨཱ་ལི་ཀཱ་ལི་ཞུ་བྱས་པའི། །ཁུ་ཁྲག་དེ་དག་གི་དབུས་སུ། །ཐིག་ལེའི་གཟུགས་ཀྱིས་གནས་པར་འགྱུར། ཞེས་གསུངས་སོ། །ཁུ་ཁྲག་འདྲེས་པའི་ཐིག་ལེ་སྐྱེ་གནས་ཀྱི་དབུས་སུ་གནས་པ་འདིའི་དོན་གསལ་བར་གསུངས་པ་ནི་འདུས་པའི་རྩ་བའི་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་གསུངས་སོ། །འདིས་བསྟན་ཚུལ་ནི་བཤད་རྒྱུད་སྒྲོན་གསལ་དུ་དྲངས་པ་ལས། འདི་ན་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །དེ་ཡི་བདག་ཉིད་སྐུ་གསུང་ཐུགས། །རྡོ་རྗེ་ཐུགས་འདིར་བདེ་ཆེན་པོ། །བཙུན་མོ་ལེགས་སྦྱངས་ཕྱག་རྒྱ་ཡིན། །ལེགས་སྦྱངས་པདྨ་བྷ་ག་ཡིན། །བཞུགས་པ་རྡོ་རྗེ་འཛིན་པ་དེར། །ཐིག་ལེའི་གཟུགས་ཀྱིས་གནས་པའོ། ཞེས་གསུངས་པ་ལྟར་རོ། །བར་དོའི་ཤེས་པ་ཁུ་ཁྲག་འདྲེས་པའི་དབུས་སུ་ཞུགས་པ་སྐྱེ་གནས་སུ་གནས་པར་གསུངས་པའི་སྐྱེ་གནས་ནི་མའི་ཕོ་བའི་འོག་ལོང་གའི་སྟེང་གི་བར་ཡིན་པར་མངལ་འཇུག་ནས་གསུངས་པས་འདིར་པདྨ་ལ་གནས་པར་གསུངས་པ་དང་པོ་དེར་ཐིག་ལེ་ཞུགས་པ་ལ་བྱའི་མེར་མེར་པོ་གནས་པའི་སྐྱེ་གནས་ནི་མིན་ནོ། །སྒྲོན་གསལ་ལས། ཐིག་ལེའི་གཟུགས་ཀྱིས་གནས་
པ་ལྷ་མོ་བཞིས་ཞུས་ཀྱི་ལུང་དྲངས་ནས་ལྷའི་རྣམ་པ་ཅན་གྱི་སྐབས་སུ་བཤད་མོད་ཀྱང་གཞིའི་སྐབས་ཀྱི་ཐིག་ལེ་དངོས་ལ་ཡང་བཤད་དུ་རུང་བས་སློབ་དཔོན་འདིས་སྔར་ལྟར་བཤད་དོ། །གཉིས་པ་ལ་གསུམ། འཕེལ་རིམ་དངོས། གནས་སྐབས་ལྔ་རིགས་ལྔ་དང་སྦྱར་བ། ཁུ་རྡུལ་གྱི་རྟེན་རྩའི་གཙོ་བོ་བསྟན་པའོ། །དང་པོ་ནི། །མངལ་དུ་སྐྱེ་བ་བླངས་པ་དེའི་འོག་ཏུ་ལུས་རིམ་གྱིས་འཕེལ་ཏེ་དང་པོ་ནི་མེར་མེར་པོ་སྟེ་ཕྱི་སྤྲིས་མ་ལྟ་བུས་གཡོགས་ལ་ནང་ཤིན་ཏུ་སླ་བར་འདུག་པའོ། །འདིར་དང་པོ་ཕྱོགས་གང་དུ་རྣམ་ཤེས་ཞུགས་པའི་ཕྱོགས་དེ་ནི་སྙིང་ག་སྟེ་ཐ་མ་གང་ནས་རྣམ་ཤེས་འཕོ་བའི་ཕྱོགས་དེར་དང་པོར་འཇུག་པར་ས་ཡི་དངོས་གཞི་ལས་གསུངས་སོ། །འདི་ལ་མཛོད་འགྲེལ་དང་ལུང་གི་མངལ་འཇུག་ལས། ནུར་ནུར་བོ་དང་གནས་སྐབས་གཉིས་པ་ལ་མེར་མེར་པོ་ཞེས་གསུངས་ལ་ས་ཡི་དངོས་གཞི་ལས་བཟློག་སྟེ་གསུངས་ཀྱང་དོན་གྱི་རིམ་པ་འདྲའོ། །མེར་མེར་པོ་སྨིན་པ་ལས་ལྟར་ལྟར་པོ་སྟེ་ཕྱི་ནང་གཉིས་ཀ་སྤྲིས་མ་ལྟར་གྱུར་ཏེ་ཞོ་ལྟར་འདུག་ལ་ཤར་ནི་མ་གྱུར་པའོ། །ལྟར་ལྟར་པོ་སྨིན་པ་ལས་གོར་གོར་པོར་འགྱུར་ཏེ་ཤར་ནི་གྱུར་ལ་མནན་མི་བཟོད་པའི་རླ་བའོ། །འདི་ལ་ས་ཡི་དངོས་གཞི་ལས་ལྟར་ལྟར་པོ་དང༌། མངལ་འཇུག་ལས་ཟངས་ཀྱི་ཐུར་མ་དང་འདྲ་བས་ནར་ནར་པོ་ཞེས་གསུངས་སོ། །གོར་གོར་པོ་སྨིན་པ་ལས་འཁྲང་འགྱུར་ཏེ་བསྐ་ཞིང་མནན་བཟོད་པའོ། །མངལ་འཇུག་ལས། གདར་དང་
འདྲ་བས་གོར་གོར་པོ་ཞེས་གསུངས་སོ། །འཁྲང་འགྱུར་རླུང་གིས་བསྐུལ་ཏེ་སྨིན་པར་བྱས་པ་ལས་རྐང་ལག་འགྱུ་བ་སྟེ་དཔུང་པ་གཉིས་དང་བརླ་གཉིས་དང་མགོ་པོའི་མཚན་མ་ལྔ་འབྱུང་ངོ༌། །ཡང་ཞེས་པ་ནི་གནས་སྐབས་སྔ་མ་རྣམས་སུ་ཡང་རླུང་གིས་བསྐུལ་བར་མ་ཟད་པའོ། །དེ་ལྟར་ན་མེར་མེར་པོ་ལ་སོགས་པའི་མངལ་གྱི་གནས་སྐབས་ལྔ་གསལ་བར་འགྱུར་རོ། །དེའི་འོག་ཏུ་སྐྲ་དང་སེན་མོ་དང་བ་སྤུ་ལ་སོགས་པ་དང་མིག་ལ་སོགས་པའི་དབང་པོ་གཟུགས་ཅན་རྣམས་ཞེས་སྦྱར་ཏེ། མཛོད་འགྲེལ་དུ་མདོ་དྲངས་པ་ལས། སྐྲ་སྤུ་སེན་མོ་ལ་སོགས་དང༌། །དབང་པོ་གཟུགས་ཅན་རྣམས་དང་ནི། །མཚན་རྣམས་རིམ་གྱིས་སྐྱེ་བར་འགྱུར། །ཞེས་གསུངས་སོ། །མཚན་མ་ནི་ཕོ་མོའི་རྟགས་ཏེ་དེ་རྣམས་རིམ་གྱིས་སྐྱེའོ། །རྒྱལ་པོ་སྲས་ཀྱིས་མིག་ལ་སོགས་པའི་དབང་རྟེན་ལ་མཚན་མར་འཆད་དོ། །སྡོམ་འབྱུང་ལས་ཀྱང༌། དང་པོར་ནུར་ནུར་པོའི་རྣམ་པ། །མེར་མེར་པོ་ནི་གཉིས་པ་ཡིན། །ལྟར་ལྟར་པོ་སྐྱེས་གསུམ་པ་སྟེ། །བཞི་པ་གོར་གོར་པོ་ཉིད་དོ། །རླུང་རྣམས་ཀྱིས་ནི་བསྐུལ་བས་ན། །ཉ་ཡི་རྣམ་པ་ལྟ་བུར་འགྱུར། །ཟླ་བ་ལྟར་གྱུར་ས་བོན་ལས། །ཡན་ལག་ལྔ་་ནི་རབ་ཏུ་སྐྱེ། །སྐྲ་སྤུ་སེན་མོ་རྣམས་དང་རྟགས། །ཟླ་བ་བདུན་གྱིས་སྐྱེ་བར་འགྱུར། །དབང་པོ་རྣམས་དང་གཟུགས་རྣམས་ནི། །ཟླ་བ་བརྒྱད་ལ་སྐྱེ་བར་འགྱུར། །ཟླ་བ་དགུ་ཡིས་ཡང་དག་རྫོགས། །ཟླ་བ་བཅུ་ལ་སེམས་དང་ལྡན། ཞེས་ཟླ་བ་དགུས་ལུས་རྫོགས་ནས་ཟླ་བ་བཅུ་པ་ལ་ཕྱིར་
འབྱུང་བའི་སེམས་དང་ལྡན་པར་གསུངས་སོ། །མངལ་འཇུག་ལས། ཞག་བདུན་ཕྲག་སོ་བརྒྱད་རྫོགས་ནས་བཙའ་བར་གསུངས་ལ་ས་ཡི་དངོས་གཞི་ལས་དེ་ནས་ཞག་བཞི་ལོན་ནས་བཙའ་བར་གསུངས་པས་རིལ་པོ་དགུ་དང་ངོ་བཅུར་བྱས་ན་འདི་དང་མཐུན་པར་སྣང་ངོ༌། །མངལ་ན་གནས་པ་ཞག་བདུན་ཕྲག་རེ་རེ་ལ་རླུང་གིས་སྨིན་པར་བྱེད་ཚུལ་རྒྱས་པར་ལུང་གི་མངལ་འཇུག་ལས་ཤེས་པར་བྱ་སྟེ་འདིར་ཚིག་མངས་སུ་དོགས་ནས་མ་བྲིས་སོ། །གཉིས་པ་ནི། སྔར་གྱི་གནས་སྐབས་དེ་ལ་ཡང་ས་བོན་གྱི་སྟེ་ཁུ་བའི་གནས་སྐབས་དེ་ནི་གནས་སྐབས་ལྔར་ངེས་པར་སྐྱེ་བ་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་སྟེ་དེར་ང་རྒྱལ་བྱ་བ་ལས། དེ་ལ་མེར་མེར་པོའི་ནི་མི་བསྐྱོད་པས་བྱིན་གྱིས་བརླབས་པ་སྟེ་དེ་བཞིན་དུ་ལྷག་མ་བཞི་ལ་ཡང་སྦྱར་རོ། །ཁུ་བར་མ་ཟད་ཁྲག་གི་ཡང་གནས་སྐབས་ལྔ་པསྟན་པར་བྱའོ། །ལྔ་པོ་དེ་ལ་ཁྲག་གི་ཞུ་བའི་གནས་སྐབས་ནི་མི་བསྐྱོད་པའི་འོ། །དེའི་དམར་པོ་ནི་འོད་དཔག་མེད་ཀྱིའོ། །གོང་བུ་སྟེ་གོར་གོར་པོའི་སྐབས་ནི་རིན་ཆེན་འབྱུང་ལྡན་གྱིའོ། །དེའི་འཁྲང་འགྱུར་གྱི་སྐབས་ནི་དོན་ཡོད་གྲུབ་པའི་འོ། །གནས་སྐབས་དེ་བཞི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མར་སྨིན་ནས་གནས་སྐབས་ལྔ་པར་སོན་པོ་ནི་ཡང་དག་པར་འདྲེས་པ་སྟེ་རྐང་ལག་འགྱུ་བའི་སྐབས་སོ། །དེ་ནི་རྣམ་སྣང་གིས་བྱིན་གྱིས་བརླབས་པའོ། །མདོར་ན་མངལ་གྱི་གནས་སྐབས་ལྔ་པོ་དེའི་དང་པོ་མེར་མེར་པོ་ནི་ཁུ་ཁྲག་གཉིས་འདྲེས་པའི་སྐབས་ཙམ་ཡིན་ལ་དེ་རིམ་
གྱིས་འཕེལ་ནས་གནས་སྐབས་ཕྱི་མ་བཞིར་འགྱུར་པས་ན་དེ་དག་ལ་ཁུ་བ་དང་ཁྲག་གི་གནས་སྐབས་ལྔ་ལྔར་བྱས་ནས་དེ་དག་རིགས་ལྔ་དང་སྦྱར་བའོ། །སྡོམ་འབྱུང་ལས་ཅུང་མི་འདྲ་ཙམ་དུ་གསུངས་ཏེ། མི་བསྐྱེད་གཟུགས་ཀྱི་ནུར་ནུར་པོ། །མེར་མེར་པོ་ནི་རིན་ཆེན་འབྱུང༌། །དཔག་མེད་མགོན་ཡང་ལྟར་ལྟར་པོ། །དོན་ཡོད་གྲུབ་པ་གོར་གོར་པོ། །འཁྲང་འགྱུར་རྣམ་པར་སྣང་མཛད་དེ། །རྣམ་པ་ལྔར་ནི་བསྟན་པ་ཡིན། །དྲི་ཆུ་ཁྲག་ནི་མི་བསྐྱོད་པ། །ཁུ་བའི་གཟུགས་ཅན་འོད་དཔག་མེད། །གོང་བུ་ཙམ་ནི་རིན་ཆེན་འབྱུང༌། །འདྲེས་པ་རྣམ་པར་སྣང་མཛད་ནས། ཞེས་ཏེ་ཕྱི་མ་ལ་མི་བསྐྱོད་པ་ལ་གཉིས་སྦྱར་ནས་དོན་གྲུབ་དང་མ་སྦྱར་རོ། །འགྲེལ་པས་གོང་བུ་རོ་ལ་སོགས་པ་འདུས་པ་དང་འདྲེས་པ་དྲི་ཆེན་ལ་འཆད་དོ། །གལ་ཏེ་སྐབས་འདིར་མཐུན་ཡུལ་གྱི་སྲིད་པ་འཆད་ན་རིགས་ལྔ་དང་སྦྱོར་མི་དགོས་ལ་དེ་དང་ཆོས་མཐུན་གྱི་ལམ་འཆད་ན་ལུས་དཀྱིལ་སྒོམ་པའི་རིགས་ལྔ་དང་སྦྱར་དགོས་པ་ལ་དེ་དང་མི་མཐུན་ཞིང་སྐབས་ཀྱང་མིན་ནོ་ཞེ་ན། སྐྱོན་མེད་དེ་མངལ་དུ་སྐྱེ་བ་བཟུང་བའི་ལུས་ཀྱི་གནས་སྐབས་བསྐྱེད་པ་ལ་ཕ་མ་ལས་ཐོབ་པའི་དཀར་དམར་གྱི་ཆ་གཉིས་ཀྱི་གནས་སྐབས་སྨིན་པ་ལས་མི་འདའ་ལ་དེ་དག་ཀྱང་རིགས་ལྔ་ལས་མི་འདའ་བར་བསྟན་པས། བར་སྲིད་དང་འདྲ་བའི་དང་པོའི་མགོན་པོས་སྐྱེ་སྲིད་དང་འདྲ་བའི་སྤྲུལ་སྐུའི་ལུས་བླངས་པ་ལ་དགོད་པར་བྱ་བའི་ལུས་དཀྱིལ་གྱི་ལྷ་རྣམས་ཀྱང་རིགས་ལྔ་དང་དེའི་རིགས་ཅན་ལས་མི་འདའ་བར་བསྟན་པའི་ཕྱིར་དང༌། བར་སྲིད་གང་དུ་སྐྱེ་བ་ལེན་པའི་གནས་མེར་མེར་པོ་མི་
བསྐྱོད་པར་གསུངས་པས་དང་པོའི་མགོན་པོ་མི་བསྐྱོད་པ་ལ་རྗེས་སུ་ཞུགས་པས་སྤྲུལ་སྐུར་འགྱུར་པའི་རྒྱུ་མཚན་ཤེས་པར་བྱ་བའི་ཕྱིར་རོ། །གསུམ་པ་ནི། སྔར་བཤད་པའི་ཕ་མ་ལས་ཐོབ་པའི་ཐིག་ལེ་དཀར་དམར་ལུས་བསྐྱེད་པ་ལ་རྒྱུར་གྱུར་པ་དེའི་རྟེན་བསྟན་པར་བྱ་བའི་ཕྱིར་སྐྱེ་གནས་སོགས་གསུངས་པས། སྐྱེ་གནས་ནི་འདིར་མངལ་ན་གནས་པའི་ལྟེ་བ་ལ་བྱ་ཡི་མ་ཡི་སྐྱེ་གནས་མིན་ཏེ། བརྟག་པ་ཕྱི་མའི་ལེའུ་བཞི་པ་ལས། སྐྱེ་གནས་འཁོར་ལོའི་རྣམ་པ་ཨ། །བདེ་ཆེན་གྱིའང་རྣམ་པ་ཧྃ། ཞེས་སྐྱེ་གནས་ཀྱི་འཁོར་ལོ་ལྟེ་བའི་འཁོར་ལོ་ལ་བཤད་པ་བཞིན་ནོ། །ལྟེ་བའི་འཁོར་ལོའི་དབུས་སུ་རྩ་གཉིས་ནི་གཡས་སུ་རོ་མ་དང་དེ་བཞིན་དུ་གཡོན་དུ་རྐྱང་མ་གནས་སོ། །གཡོན་གྱི་རྩ་དེ་ན་ནི་ཁུ་བ་གནས་པར་ཤེས་པར་བྱ་ལ་གཡས་པའི་རྩ་ན་ནི་ཁྲག་རྒྱུ་བ་ཉིད་དོ། །རྩ་དེ་དག་གཉིས་གཅིག་ཏུ་འདྲེས་པ་སྟེ་གང་ལ་འདུས་ཤིང་འཁྱུད་པ་ཉིད་ནི་ཆོས་ཀྱི་དབྱིངས་ཏེ་རྩ་ཨ་བ་དྷཱུ་ཏཱིར་བསྡུས་པ་སྟེ་དེར་འཁྱུད་པའོ། ཞེས་གསུངས་སོ། །དེ་ལྟར་ན་གཡོན་ནས་སྙིང་སྟོབས་ཁུ་བ་འབབ་པ་ནི་སྐུ་དང་གཡས་ནས་རྡུལ་ཁྲག་འབབ་པ་ནི་གསུང་དང་དབུས་ནས་མུན་པ་སེམས་གནས་པ་ནི་ཐུགས་ཏེ་སཾ་བྷུ་ཊའི་བརྟག་པ་དྲུག་པའི་རབ་བྱེད་དང་པོ་ལས། སྐྱེ་གནས་དབུས་ན་རྩ་གཉིས་ཏེ། །གཡོན་དང་དེ་བཞིན་གཡས་ནའོ། །གཡོན་ན་ཁུ་བ་ཞེས་བྱ་སྟེ། །གཡས་ན་དེ་བཞིན་ཁྲག་ཉིད་དོ། །དེ་དག་ཕན་ཚུན་འདུས་པ་ནི། །
ཆོས་ཀྱི་དབྱིངས་སུ་འདུས་པ་ཡིན། །སྙིང་སྟོབས་ལུས་ཏེ་རྡུལ་ནི་ངག །མུན་པ་སེམས་ཀྱི་རང་བཞིན་ཏེ། །སྙིང་སྟོབས་ཁུ་བ་རྡུལ་ཁྲག་སྟེ། །དེ་ལས་སྐྱེས་པ་མུན་པ་ཡིན། ཞེས་སོ། །ཚིགས་བཅད་སྔ་མ་འདི་ལྷ་མོ་བཞིས་ཞུས་དང་སྡོམ་འབྱུང་ལས་ཀྱང་འབྱུང་ཞིང༌། སྔོམ་འབྱུང་འགྲེལ་པས་ཀྱང་སྐྱེ་གནས་ལྟེ་འོག་དང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྩ་ཨ་བ་དྷཱུ་ཏཱི་ལ་བཤད་དོ། །རྩ་བདུན་ཁྲི་ཉིས་སྟོང་གི་གཙོ་བོ་བརྒྱ་ཉི་ཤུ་དེའི་གཙོ་བོ་སོ་གཉིས་དེའི་གཙོ་བོ་གསུམ་དུ་སྔགས་ནས་བཤད་ལ། དགའ་བོ་མངལ་འཇུག་ལས། ཞག་བདུན་ཕྲག་བཅོ་ལྔ་པ་ལ་ལུས་ཀྱི་མདུན་རྒྱབ་དང་གཡས་གཡོན་བཞིར་རྩ་ལྔ་ལྔ་སྟེ་ཉིཤུ་སྐྱེ་ལ་དེ་རེ་རེ་ལ་རྩའི་འཁོར་བཞི་པཅུ་རེ་ཡོད་པས་བརྒྱད་པརྒྱ་སྟེ་སྔར་གྱི་གནས་བཞིར་ཉིས་བརྒྱ་རེའོ། །དེ་རེ་རེ་ལ་ཡང་རྩའི་འཁོར་བརྒྱ་བརྒྱ་ཡོད་པས་བརྒྱད་ཁྲི་སྟེ་མདུན་ལ་སོགས་པ་བཞིར་ཉི་ཁྲི་རེ་འཆགས་ཤིང་ཁ་དོག་ནི་སྔོན་པོ་ལ་སོགས་པ་སྣ་ཚོགས་དང་མིང་ཡང་སྣ་ཚོགས་ཡོད་ཅིང་ཁ་ཅིག་ལ་བུ་གུ་གཅིག་པ་དང་ཁ་ཅིག་ལ་གཉིས་པ་ནས་བདུན་པའི་བར་ཡོད་གསུངས་སོ། །གསུམ་པ་ལ་གསུམ། མངལ་དུ་སྨིན་པའི་མཐར་ཆོས་འབྱུང་གི་སྒོར་ཕྱོགས་པར་བྱེད་ཚུལ། དེའི་སྔོན་དུ་མངལ་ནི་ཇི་ལྟར་གནས་པ། ཟླ་བ་བཅུའི་མཐར་མངལ་སྒོར་འཐོན་པའི་ཚུལ་ལོ། །དང་པོ་ནི། སྔར་བཤད་པའི་རིམ་པ་དེ་ལྟར་མེར་མེར་པོ་ལ་སོགས་པའི་རིམ་པས་ས་བོན་ལས་མྱུ་གུ་དང་དེ་ལས་སྡོང་བུ་ལ་སོགས་པའི་རིམ་གྱིས་འཕེལ་བ་དེ་བཞིན་དུ་རིམ་གྱིས
་མངལ་ཡོངས་སུ་སྨིན་པ་ཐོབ་སྟེ་མངལ་གྱི་སྣོད་སྐྱེ་གནས་ཀྱི་ནང་དུ་ཞག་བདུན་ཕྲག་སོ་བརྒྱད་པ་ལ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་ཡན་ལག་ཅེས་བྱ་བ་ལངས་ནས་རྒྱུ་བ་གང་དག་གིས་མངལ་གྱི་སྣོད་དུ་གནས་པའི་སེམས་ཅན་དེ་ཡོངས་སུ་བསྒྱུར་ནས་ལག་པ་གཉིས་པོཅུ་མ་སྟེ་མའི་རུམ་ནས་ཆོས་ཀྱི་འབྱུང་གནས་ཀྱི་སྒོར་མངོན་པར་ཕྱོགས་པར་བྱེད་ཅིང་གནས་པར་འགྱུར་རོ། །དེ་ནས་སྔོན་གྱི་ལས་ཀྱིས་རླུང་ཁ་ཐུར་དུ་ལྟ་བ་ཞེས་པ་ལངས་ནས་དེའི་རྐང་པ་གྱེན་དུ་དང་མགོ་ཐུར་དུ་བསྟན་ནས་མའི་གཅི་བའི་ལམ་དུ་འཕུལ་བར་མངལ་འཇུག་ལས་གསུངས་ཤིང་ཞག་བདུན་ཕྲག་སོ་དྲུག་པ་ལ་མངལ་ན་གནས་པར་མི་དགའ་ཞིང་འབྱུང་འདོད་ལ། སོ་བདུན་པ་ལ་མི་གཙང་བ་དང་དྲི་ང་བའི་འདུ་ཤེས་སྐྱེ་བར་བཤད་དོ། །གཉིས་པ་ནི། །འོ་ན་དེ་མངལ་ན་གནས་པའི་ཚེ་ཁ་གང་དུ་ཕྱོགས་ཏེ་གནས་སྙམ་ན། དེ་ཡང་ཕོ་ཞིག་ཡིན་ན་མའི་རུམ་གྱི་གཞོགས་གཡས་སུ་བརྟེན་ཅིང་ཁ་རྒྱབ་ཏུ་མངོན་པར་ཕྱོགས་ཏེ་ཙོག་ཙོག་པུར་གནས་སོ། །གལ་ཏེ་མོ་ཞིག་ཡིན་ན་མ་དེའི་མངལ་གྱི་གཞོགས་གཡོན་དུ་བརྟེན་ཏེ་ཁ་ལྟོ་བར་མངོན་པར་བལྟས་ཏེ་གནས་སོ། །མ་ནིང་ཡིན་ན་ནི་ཕོ་མོའི་ཆགས་པ་གཉིས་གང་དང་ལྡན་པ་དེ་བཞིན་དུ་གནས་པར་མཛོད་འགྲེལ་ལས་གསུངས་ལ་ཁའི་ལྟ་ཕྱོགས་དེ་ལྟར་འོང་བ་ནི་རང་ཉིད་འཁྲིག་པ་བྱེད་པའི་མངོན་པའི་ང་རྒྱལ་དང་ལྡན་པ་ཡིན་པར་རྒྱལ་པོ་སྲས་ཀྱིས་བཤད་དེ་བར་སྲིད་ཀྱི་སྐབས་ཀྱི་བསམ་བའི་དབང་གིས་
དེ་ལྟར་ཡིན་པར་སྔོམ་འབྱུང་འགྲེལ་པར་གསུངས་སོ། །རླུང་གིས་ཆོས་འབྱུང་གི་སྒོར་ཕྱོགས་པར་བྱེད་པ་དང་མའི་ལྟོ་ན་ཇི་ལྟར་གནས་པ་འདིར་བཤད་པ་བཞིན་སྡོམ་འབྱུང་ལས་ཀྱང་གསུངས་ཤིང༌། ཁྱད་པར་དུ་ཕའི་ས་བོན་ལྷུང་བའི་དུས་སུ་རླུང་གང་ནས་རྒྱུ་བའི་རྟགས་ལས་སྐྱེས་པ་སོགས་སུ་འགྱུར་པ་ནི། ས་བོན་ལྷུང་དུས་ཡུད་ཙམ་ལ། །རིམ་པ་མཚོན་བྱ་ལེགས་པའི་གློ། །གཡས་པར་རྒྱུ་བའི་རླུང་དག་ལ། །ཐམས་ཅད་ཚེ་ནི་སྐྱེས་པར་འགྱུར། །གལ་ཏེ་གཡོན་ལ་རླུང་རྒྱུ་ན། །ངེས་པར་བུད་མེད་དག་ཏུ་འགྱུར། །གཉིས་ཀའི་དབུས་རྒྱུའི་རླུང་དག་ལ། །རྟག་ཏུ་མ་ནིང་དག་ཏུ་འགྱུར། ཞེས་སོ། །གསུམ་པ་ནི། སྔར་བཤད་པ་ལྟར་རླུང་གིས་མངལ་གྱི་སྒོར་ཕུལ་བ་དེའི་འོག་ཏུ་མའི་མངལ་གྱི་སྒོ་ནས་ཕྱིར་འཐོན་པར་འགྱུར་རོ། །དུས་ཅི་ཙམ་ཞིག་སོང་བའི་ཚེ་སྙམ་ན། ཟླ་བ་རིལ་པོ་དགུ་དང་ངོ་བཅུ་མཐོང་བའི་མཐར་ཏེ་མཚམས་དེ་ནས་འཐོན་ནོ། །འཐོན་པའི་ཚུལ་ནི་རྩ་བའི་རྒྱུད་ཀྱི་ལེའུ་དང་པོ་ལས་གསུངས་པའི་རིམ་པས་ཏེ་དེ་ཡང་དེར་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ཡང་དག་པར་བསྟན་པའི་རིམ་པ་ལྟར་རོ། །མངལ་ནས་ཕྱི་རོལ་ཏུ་བཙས་པ་དེའི་ཕྱིར་དྲི་ཟ་ཉེ་བར་འཁོར་བའི་སེམས་ཅན་བར་དོ་དེ་སྔར་བར་དོའི་དུས་ནས་ཤའི་མིག་གི་ཡུལ་དུ་མི་རུང་ཡང་དེ་ནས་ཤའི་མིག་གི་ཡུལ་དུ་གྱུར་ཏོ། །གཉིས་པ་ལ་གཉིས། རྩ་རྒྱུད་དང་བཤད་རྒྱུད་ཀྱིས་ཇི་ལྟར་བཤད་པ་དང༌། མདོར་བྱས་ཀྱི་གཞུང་གིས་ཇི་ལྟར་བསྟན་པའི་ཚུལ་ལོ། །དང་པོ་ནི། འདུས་པའི་རྩ་བའི་རྒྱུད་
ལས་གསུངས་ཏེ་ཞེས་དྲང་ངོ༌། །ཚིག་ཅི་འདྲ་ཞིག་གསུངས་ན། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་སོ། །བྱིན་གྱིས་བ་རླབས་མ་ཐག་ཏུ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་དེ་ཉིད་ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། ཞེས་གསུངས་སོ། །ཇི་ལྟར་དུ་གསུངས་ན། བར་དོས་མངལ་དུ་སྐྱེ་བ་བླངས་པ་དང་དེ་ནས་རིམ་གྱིས་ལུས་རྫོགས་ནས་བཙས་པ་དེ་ལྟར་ཏེ་དེ་དང་མཐུན་པར་ལྷ་བསྐྱེད་པའི་རིམ་པ་གསུངས་སོ། །ཆོས་མཐུན་སྦྱོར་ཚུལ་ནི། སློབ་དཔོན་འདིས་གཞུང་དེས་སྲིད་པ་སྐྱེ་བའི་རིམ་པ་དང་དེ་ལྟར་དུ་ལྷའི་སྐུ་བསྐྱེད་པ་གཉིས་ཀ་བསྟན་པར་བཞེད་ལ་སྒྲོན་གསལ་དུ་ལྷའི་སྐུ་བསྐྱེད་ཚུལ་དྲང་ངེས་གཉིས་སུ་བཀྲལ་བའི་དང་པོ་འདིར་སྐབས་སུ་བབ་པས་དེ་དག་པསྒྲིགས་ནས་བཤད་དགོས་སོ། དེ་ལ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ནི་ཡི་གེ་གསུམ་མོ། །དེ་ཉིད་ལྷ་སྒོམ་པའི་རྣལ་འབྱོར་པས་འདའ་པར་མི་བྱ་བས་ན་དམ་ཚིག་ཡིན་ལ་དེ་ལས་བྱུང་བ་ནི་སྐྱེས་པ་སྟེ་ཕྱག་མཚན་དང་སྐུ་རྫོགས་པ་ལས་བྱང་ཆུབ་པ་ལ་བྱ་དགོས་སོ། །དེ་ནི་གཞན་གྱིས་མི་ཕྱེད་པས་ན་
རྡོ་རྗེ་སྟེ་དེ་བསྐྱེད་པའི་ཏིང་ངེ་འཛིན་ལ་རྡོ་རྗེ་འཆང་སྙོམས་པར་ཞུགས་པའོ། །རིག་པ་ཆེན་པོ་ནི་སྔགས་ཀྱི་ཡི་གེ་གསུམ་སྟེ་དེས་བསྐྱེད་པའི་སྐྱེས་བུའི་གཟུགས་ནི་སྐྱེ་བ་ལེན་པའི་བར་དོ་ལྟ་བུ་དང་པོའི་མགོན་པོ་ཡིན་ལ་དེ་ཉིད་ནི་འདིར་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་ལོངས་སྐུ་རྡོ་རྗེ་འཆང་ངོ་། །དྲི་ཟའི་སེམས་ཅན་སྐྱེ་བ་བླངས་ནས་བཙས་པའི་ཚེ་ཤའི་མིག་གིས་མཐོང་བ་དང་འདྲ་བར་ལོངས་སྐུ་དེ་ཡང་སྐབས་གཞན་དུ་གྱུར་པ་ན་དེ་བཞིན་གཤེགས་པ་སྟེ་གདུལ་བྱ་རྣམས་ཀྱིས་ཞལ་གསུམ་པར་གཟིགས་པར་གྱུར་ཏོ། །དུས་ནམ་གྱི་ཚེ་ན་གཟིགས་སྙམ་ན་བྱིན་གྱིས་བརླབས་མ་ཐག་ཏུའོ། །དེ་ཡང་རྣམ་སྣང་གི་ས་བོན་ༀ་ལ་སོགས་པ་ལུས་ལ་དགོད་རྒྱུའི་སྔགས་སུམ་ཅུ་སོ་གཉིས་ཀྱིས་བྱིན་གྱིས་བརླབས་པ་སྟེ་དེ་རྣམས་ལུས་ལ་བཀོད་པའི་མཇུག་ཐོགས་སུའོ། །སྔགས་འགོད་པའི་ལུས་ནི་བར་དོས་མངལ་དུ་སྐྱེ་བ་བླངས་པའི་རྟེན་དེ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཡན་ལག་དང་ཉིང་ལག་རྣམས་ཡོངས་སུ་རྫོགས་པར་འགྱུར་པ་དེ་བཞིན་དུ་དང་པོའི་མགོན་པོ་སྤྲུལ་སྐུར་བསྒྱུར་བ་ལོངས་སྐུས་སྤྲུལ་སྐུའི་སྐྱེ་བ་བཟུང་བའི་ལུས་དེ་ཡིན་ནོ། །རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་འདི་ཞེས་སྐུ་དེ་ལུས་དཀྱིལ་འགོད་པའི་རྟེན་ལྟ་བུར་གསུངས་ཀྱང་དེ་སྤྲུལ་སྐུར་བསྒྱུར་བ་ལ་བྱ་སྟེ་སྔར་མདོ་བསྲེ་དྲངས་པ་ལྟར་སྐུ་དེ་དང་པོའི་མགོན་པོའི་སྐུར་གསུངས་ལ་སྒྲོན་གསལ་ལས་ཀྱང་སྐུ་དེ་ཡི་གེ་གསུམ་གྱིས་བསྐྱེད་པའི་སྐུར་གསུངས་པས་སོ། །དང་པོའི་མགོན་པོ་སྤྲུལ་སྐུར་བསྒྱུར་ལུགས་ལ། །མདོ་བསྲེ་ན་མི་གསལ་ཞིང་མདོར་བྱས་ལས་
མི་བསྐྱེད་པ་རྗེས་སུ་ཞུགས་པས་བསྒྱུར་བ་ཙམ་ལས་མ་གསུངས་ལ། རབ་ཏུ་སྒྲོན་གསལ་དང་འགྲེལ་པ་རིན་འཕྲེང་དང་དམ་ཚིག་རྡོ་རྗེ་རང་གི་ཐུགས་ཀ་ནས་མི་བསྐྱོད་པ་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཚུར་འདུས་ནས་རང་ལ་ཐིམ་པས་སྤྲུལ་སྐུར་བསྒྱུར་བར་འདོད་དོ། །ཕྱིས་ཀྱི་མཁས་པ་དག་ལུགས་དེ་དག་པཀག་ནས་སློབ་དཔོན་འདིས་ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་ལྟར་བསྐྱེད་པར་གསུངས་པས་རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པའི་སྤྲུལ་སྐུས་སེམས་ཅན་འདུལ་བའི་ཏིང་ངེ་འཛིན་ལ་ཞུགས་པ་ནི་ཕ་མ་སྙོམས་པར་ཞུགས་པ་དང་འདྲ། དེས་མི་བསྐྱོད་པ་སྤྲུལ་ཏེ་ནམ་མཁའ་ཁྱབ་པར་བྱས་པའི་ནམ་མཁའ་ནི་རྩ་བདུན་ཁྲི་ཉིས་སྟོང་དང་འདྲ་མི་བསྐྱོད་པ་ནི་བྱང་ཆུབ་ཀྱི་སེམས་ཐབས་ཀྱི་ཡེ་ཤེས་ཤར་བ་དང་འདྲ། སེམས་ཅན་ཐམས་ཅད་ལ་དེས་བྱིན་གྱིས་བརླབས་པས་ཟག་མེད་ཀྱི་དགའ་བདེ་ཐོབ་པ་ནི་དབང་པོ་སྦྱར་པའི་བདེ་བ་མྱོང་བ་དང་འདྲ་རང་ཉིད་དེ་ལ་ཞུགས་པ་ནི་སྐྱེ་བ་བཟུང་བ་དང་འདྲ་བར་འཆད་དོ། །སློབ་དཔོན་འདིས་ཟིལ་གནོན་རྡོ་རྗེ་སྲིད་པ་སྐྱེ་བའི་རིམ་པ་ལ་སྦྱར་བ་མ་གཏོགས་པ་དེ་དང་མཐུན་པར་ལྷ་བསྐྱེད་པ་ལ་སྦྱོར་བའི་གསལ་ཁ་མེད་ཀྱང་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་སྲིད་པ་སྐྱེ་བ་དང་ལྷ་བསྐྱེད་པ་གཉིས་ཀ་ལ་བཤད་པ་ལྟར་དེ་ལའང་ཤིན་ཏུ་རུང་ཞིང༌། དེ་ལྟར་བཤད་པ་དེའི་ཡིག་དོན་དུའང་སྣང་ལ་དེ་དང་སྤས་བཤད་ཀྱི་སྐབས་གཉིས་ཀྱི་ཆོས་མཐུན་ཡང་ཤིན་ཏུ་ལེགས་པས་ལེགས་པར་བཤད་པ་ཡིན་ནོ། །
འོ་ན་སྤྲུལ་སྐུར་བསྒྱུར་བ་ནས་སེམས་དཔའ་གསུམ་པརྩེག་གི་བར་རྣམས་མངལ་དང་བཙས་པའི་སྐབས་གཉིས་ལ་སྦྱོར་ཚུལ་ཇི་ལྟར་ཡིན་སྙམ་ན། འདི་ལ་སྔོན་གྱི་མཁས་པ་དག་གནས་གསུམ་པྱིན་གྱིས་བརླབ་པ་ཚུན་ཆད་མངལ་ན་གནས་པ་དང་སྦྱོར་ལ་སེམས་དཔའ་གསུམ་པརྩེག་ནི་མངལ་ནས་འཐོན་པའི་ལུས་དང༌། དེ་ལ་གནས་པའི་རླུང་དང་ཨ་ཐུང་དང་སྦྱོར་རོ། །ཕྱིས་ཀྱི་བླ་མ་དག་ལུས་དཀྱིལ་དགོད་པ་མངལ་དང་སྦྱོར་ལ་གནས་གསུམ་པྱིན་བརླབ་སེམས་དཔའ་གསུམ་པརྩེག་བཙས་པའི་སྐབས་དང་སྦྱོར་བར་བྱེད་དོ། །སློབ་དཔོན་འདིས་བཙས་མ་ཐག་པ་དང་ཞལ་གསུམ་པ་ལྟ་བུར་མཐོང་བ་གཉིས་སྦྱར་ལ། རྒྱུད་ལས་དེའི་གོང་དུ་སྔགས་ཀྱིས་བྱིན་གྱིས་བརླབ་པར་གསུངས་པའི་དོན་སྒྲོན་གསལ་ལས། འདི་སྐད་སྟོན་པར་འགྱུར་ཏེ་བསྒྲུབ་པའི་ཐབས་ཀྱི་ཚུལ་དུ་རྣལ་འབྱོར་བཞིའི་རིམ་གྱིས་སེམས་དཔའ་གསུམ་གྱི་མཐར་ཐུག་པའི་བར་གྱིས། ཇི་སྲིད་སྔགས་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དུ་བྱིན་གྱིས་བརླབས་པར་གྱུར་པའོ། ཞེས་སེམས་དཔའ་གསུམ་པརྩེག་ཡན་ཆད་ཀྱིས་སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་སྐུ་བསྐྱེད་པ་གསལ་བར་གསུངས་པས་སེམས་དཔའ་གསུམ་པརྩེག་ཡན་ཆད་ཐམས་ཅད་མངལ་གྱི་སྒོར་ཕྱོགས་པ་ཡན་ཆད་དང་སྦྱར་བར་བྱའོ། །མངལ་དུ་ངག་སྨྲ་བ་མེད་ཀྱང་ངག་གི་གནས་ལྕེ་ཡོད་པས་ངག་བྱིན་གྱིས་རློབ་པ་དང་ཆོས་མཐུན་པ་སྦྱོར་བ་མི་འགལ་ལོ། །དེ་ལྟར་ན་མངལ་དུ་ཕུང་པོ་ཁམས་སྐྱེ་
མཆེད་ཕྱི་ནང་ཡན་ལག་དང་ཉིང་ལག་རྣམས་ཡོངས་སུ་རྫོགས་པ་ན་དེ་མ་ཐག་བཙས་ནས་སྐྱེ་བ་ཡོངས་སུ་རྫོགས་པ་དེ་བཞིན་དུ་སྤྲུལ་སྐུར་བསྒྱུར་བའི་སྐུའི་དཀྱིལ་འཁོར་རྫོགས་པ་ནའང་སྤྲུལ་པའི་སྐུ་ཡོངས་སུ་རྫོགས་པ་ཡིན་ཏེ་གནས་གསུམ་པྱིན་བརླབས་དང་སེམས་དཔའ་གསུམ་པརྩེག་ཀྱང་དེའི་སྐབས་ཀྱི་ལུས་ངག་ཡིད་གསུམ་ལ་འཇོག་པའི་ཕྱིར་རོ། །ལུས་ལྷའི་དཀྱིལ་འཁོར་བར་བསྒོམ་པ་བཤད་པའི་རྒྱུད་ལས་ཀྱང་གསུངས་པ་ནི། ཆུའི་ཁམས་ཏེ་ཁུ་བ་ནི། ཕ་ལས་སྐྱེས་པ་ཡིན་ཏེ་མེའི་ཁམས་ཏེ་ཁྲག་ནི་མ་ལ་སྐྱེས་ཞེས་བྱའོ། །ལྷ་མོ་བཞིས་ཞུས་ཀྱི་རྒྱུད་དང་སྡོམ་འབྱུང་དུ་ཁམས་དེ་གཉིས་ཕ་མ་ལས་སྐྱེས་པར་བསྒྱུར་བའི་འགྱུར་ལེགས་སོ། །པགས་པ་སོགས་གསུམ་ནི་མ་ལས་སྐྱེས་སུ་སྟེ་སྐྱེས་ཞེས་བསྟན་པ་ཡིན་ལ་རུས་པ་སོགས་གསུམ་ནི་ཕ་ལས་སྐྱེས་སུ་བསྟན་པའོ། །སྡོམ་འབྱུང་ལས། རྒྱུས་པ་རྐང་དང་ཁུ་བ་ཡང༌། ཞེས་འབྱུང་ལ། ད་ལྟའི་ལྷ་མོ་བཞིས་ཞུས་ལས། ཚིལ་དང་རྐང་དང་ཁུ་བ་ཡང༌། ཞེས་འབྱུང་ཞིང་སམ་བྷུ་ཊའི་བརྟག་པ་དྲུག་པའི་རབ་བྱེད་དང་པོ་ནས་འབྱུང་བ་དང་གཞུང་འདི་མཐུན་ནོ། །ལུས་ཀྱི་གོང་བུ་ནི་མདོ་རུ་བསྡུས་ན་དྲུག་པོ་དེ་ཙམ་ཞིག་ཏུ་བསྟན་པའོ། །འདི་ལ་ཁ་ཅིག་གཙོ་བོའི་གཡས་ཞལ་གྱིས་ཕ་ལས་ཐོབ་པའི་དཀར་ཆ་དང་གཡོན་ཞལ་གྱིས་མ་ལས་ཐོབ་པའི་དམར་ཆ་དང་རྩ་ཞལ་སྔོན་པོས་རྣམ་ཤེས་མཚོན་ལ་ཡང་ཕ་ལས་སྐྱེས་པ་གསུམ་གྱིས་
གཡས་ཀྱི་ཕྱག་གསུམ་དང་མ་ལས་སྐྱེས་པ་གསུམ་གྱིས་གཡོན་གྱི་ཕྱག་གསུམ་མ་མ་ཕྱག་མཚན་བསྟན་པར་འཆད་དོ། །འདིར་ནི་ལུས་ལ་ཕ་མ་ལས་ཐོབ་པའི་ཆ་གཉིས་སུ་བསྟན་པས་ལུས་དཀྱིལ་དགོད་པའི་ལྷ་རྣམས་ལ་ཕོ་མོ་གཉིས་སུ་འོང་བའི་ཁུངས་སུ་བྱ་དགོས་པ་འདྲའོ། །གཟུགས་ལ་སོགས་པ་ལྔ་སངས་རྒྱས་ལྔའི་རང་བཞིན་དུ་བསྟན་པས་ནི་དེ་དག་གི་རིགས་ཅན་གྱི་ལྷ་གཞན་ཡང་མཚོན་པས་ལུས་དཀྱིལ་དགོད་པའི་ཁུངས་སོ། །སྡོམ་འབྱུང་དང་ད་ལྟའི་ལྷ་མོ་བཞིས་ཞུས་ལ་སོགས་ཀྱི་སྒྲ་མ་བྱུང་ལ་ཕུང་པོ་ལ་སོགས་ཞེས་འདིར་བྱུང་བ་ལྟར་ན་ལྷག་མ་ཁམས་བཞི་ལ་སོགས་པ་རྣམས་བསྡུའོ། ཞེས་བཅོམ་ལྡན་འདས་ཀྱིས་ལྷ་མོ་བཞིས་ཞུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ལེའུ་གསུམ་པ་གོས་དཀར་མོས་ཞུས་པ་ལས་གསུངས་སོ། །གཉིས་པ་ནི། དེ་ལྟར་རྩ་རྒྱུད་དང་བཤད་རྒྱུད་ནས་ཇི་ལྟར་བསྟན་པ་གསུངས་ནས་སྐབས་ཀྱི་གཞུང་མདོར་བྱས་ཀྱིས་ཇི་ལྟར་བསྟན་པ་ནི་བསྟན་ཏོ་ཞེས་དྲང་ངོ༌། །གང་གིས་ན་སྔར་དྲངས་པའི་ཐོག་མཐའ་སྨོས་པའི་མདོར་བྱས་ཀྱི་གཞུང་འདིས་སོ། །ཅི་བསྟན་ན་ང་རྒྱལ་བསྐྱེད་པར་བྱའོ་ཞེས་བསྟན་ནོ། །སུས་བསྐྱེད་ན་བསྐྱེད་པའི་རིམ་པ་སྒོམ་པའི་སྔགས་པས་སོ། །ཇི་ལྟར་བསྐྱེད་ན་དེ་ནི་བདག་ཡིན་ནོ་ཞེས་སེམས་པའོ། །སུ་ཞིག་ཅེ་ན་རྣལ་འབྱོར་བཞི་ལས་བསྒྲུབས་པའི་རྡོ་རྗེ་འཆང་དེ་ནིའོ། །བསྐྱེད་རིམ་སྒོམ་པ་ལ་ལྷའི་སྐུ་མདོག་སོགས་ཀྱི་སྣར་བ་གསལ་ཞིང་བརྟན་པ་སྒྲུབ་པ་དང་རང་ཉིད་ལྷ་དེ་ཡིན་ནོ་སྙམ་པའི་ང་རྒྱལ་བརྟན་པར་བསྒྲུབ་
པ་གཉིས་ཡོད་མོད་ཀྱང་གཙོ་བོ་ནི་རང་ལྷ་དེའོ་སྙམ་དུ་བསམས་པ་ན་བཅོས་ནས་བྱས་པ་མིན་པར་འཛིན་སྟངས་བཅོས་མ་མིན་པར་འགྱུར་ཐུབ་པའི་ང་རྒྱལ་བསྐྱེད་པ་འདི་ཡིན་པས་འདིར་ཡང་ང་རྒྱལ་བསྐྱེད་པ་ཉིད་གསུངས་སོ། །དེ་ལྟར་སྒོམ་པ་དེ་སྲིད་པ་སྐྱེ་བའི་རིམ་པ་གང་དང་བསྟུན་ནས་སྒོམ་པ་གཞུང་འོག་མ་འདིས་མ་གསུངས་པ་ནི་སྔར་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་རིམ་པ་དང་བསྟུན་ནས་གསུངས་ཟིན་པས་འདིར་རྣལ་འབྱོར་བཞིས་བསྒྲུབས་ཟིན་པའི་མཐར་རྡོ་རྗེ་འཆང་ལ་ང་རྒྱལ་འཇོག་ཚུལ་ཙམ་ཞིག་གསུངས་པའོ། །འོ་ན་བར་དོས་མངལ་དུ་སྐྱེ་བ་བླངས་པ་མན་ཆད་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་གཉིས་དང་མཐུན་པར་སྒོམ་པ་མ་ཡིན་ནམ་རྣལ་འབྱོར་བཞི་ཞེས་གསུངས་པ་ཇི་ལྟར་ཡིན་སྙམ་ན། སྐྱེ་བ་བཟུང་ཕྱིན་ཆད་དང་མཐུན་པར་སྒོམ་པའི་སྐབས་སུ་རྣལ་འབྱོར་དང་པོ་གཉིས་མི་སྒོམ་ཡང་རྣལ་འབྱོར་བཞི་ལས་བསྒྲུབས་པའི་རྡོ་རྗེ་འཆང་ལ་ང་རྒྱལ་འཇོག་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་དེ་དཔེར་ན་མངོན་བྱང་ཐ་མའི་སྐབས་སུ་མངོན་བྱང་དང་པོ་རྣམས་མི་སྒོམ་ཡང་དེ་དག་གིས་བསྐྱེད་པའི་ལྷ་སྐུ་སྒོམ་པ་མི་འགལ་བ་བཞིན་ནོ། །དེས་ན་གཞུང་ལས་རྣལ་འབྱོར་བཞི་ལས་བསྒྲུབས་པ་ནི་ཞེས་གསུངས་ཀྱི་རྣལ་འབྱོར་བཞི་སྒོམ་པར་མ་གསུངས་སོ། །གསུམ་པ་ལ་གཉིས། སྲིད་པའི་རིམ་པ་དང་བསྟུན་ནས་གསུངས་པ་རྣམས་ཀྱི་དོན་བསྟན་པ་དང༌། མངོན་རྟོགས་ལྷག་མ་རྣམས་ལ་དེ་ལྟར་མ་
གསུངས་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ལ་གཉིས། རྟོགས་ལྡན་ལ་སྐྱེ་བའི་དོགས་པའི་གནས་དགོད་པ་དང༌། དོགས་པ་དེ་གཅོད་པའི་ལན་ནོ། །དང་པོ་ནི། གལ་ཏེ་སྔར་བཤད་པ་ལྟར་སྣོད་བཅུད་ཀྱི་སྲིད་པ་དང་རྟེན་དང་བརྟེན་པའི་ལྷ་སྒོམ་པའི་རིམ་པ་གཉིས་ལ་དངོས་པོ་ལ་འདྲ་བ་ཡོད་དུ་ཆུག་ཀྱང་དེ་རྟོགས་པས་ཅི་ཞིག་བྱ་སྟེ། འདྲ་བར་མ་ཤེས་ཀྱང་མངོན་རྟོགས་བསྒོམས་པས་འདོད་པའི་དོན་འགྲུབ་པ་ལ་ཅུང་ཟད་ཀྱང་མི་སྒྲིབ་པའི་ཕྱིར་ཏེ། སྒྲིབ་ན་ནི་ཐམས་ཅད་འདྲ་བ་ནི་གང་ནའང་མེད་ལ་ཕྱོགས་རེ་ཙམ་མི་འདྲ་བ་ཡང་མེད་པས་སྔར་གྱི་དེ་མིན་པའི་འདྲ་ཡུལ་རྣམས་དང་ཡང་འདྲ་བར་རྟོགས་དགོས་པས་ཧ་ཅང་ཐལ་བར་འགྱུར་རོ། །ཅི་སྟེ་ཐམས་ཅད་དང་འདྲ་བ་ཤེས་མི་དགོས་ཀྱི་སྔར་བཤད་པའི་ཆོས་མཐུན་ཤེས་ནས་དེ་དག་དང་ཆོས་མཐུན་པར་བསྒོམས་པས་ཐ་མལ་པའི་ལུས་དང་གནས་སུ་སྣང་བ་ལོག་ནས་སྣང་བ་དེ་གཉིས་ཁྱད་པར་ཅན་བསྐྱེད་པའི་ཕྱིར་དུ་སྒོམ་པ་ལ་དེ་ཤེས་དགོས་སོ་སྙམ་ན། དེ་ལྟ་ན་དགོས་པ་དེ་འགྲུབ་པ་ལ་འདྲ་བར་ཤེས་མི་དགོས་ཏེ་རང་ཉིད་ལྷ་དང་དེའི་གནས་གཞལ་ཡས་ཁང་དུ་བསྒོམ་པ་གོམས་པ་ཙམ་གྱིས་རང་དང་གནས་ལ་ཁྱད་པར་ཅན་གྱི་སྣང་བ་སྐྱེ་བ་མྱོང་བས་གྲུབ་པའི་ཕྱིར་རོ། །འོན་ཏེ་ཆོས་མཐུན་སྦྱོར་བ་ནི་སྲིད་པའི་སྣོད་བདུད་འདི་དང་འདི་རྟེན་དང་བརྟེན་པའི་རྣལ་འབྱོར་འདི་དང་འདིས་སྦྱོང་བ་ཡིན་ནོ་ཞེས་སྦྱང་གཞི་དང་སྦྱོད་བྱེད་སོ་སོར་ངོ་འཕྲོད་པའི་དོན་དུ་ཡིན་ནོ་སྙམ་ན། བསྐལ་པ་དང་པོར་བྱུང་ཟིན་པའི་སྣོད་དང་བཅུད་ཀྱི་སྐྱེ་ཤི་བར་དོ་རྣམས་ད་ལྟ་ལམ་སྒོམ་པའི་བྱེད་པས་སྦྱོད་བར་
འདོད་པ་ནི་ན་ནིང་བུད་ཤིང་ཞིག་པ་ད་ལོའི་མེས་སྲེག་པར་འདོད་པ་དང་འདྲ་བས་སྙིང་བོ་མེད་པའི་གཏམ་མོ། །དེས་ན་སྲིད་པ་སྐྱེ་བ་ལྟར་སྒོམ་པའི་ཆོས་མཐུན་སྦྱོར་བ་ལ་དགོས་པ་མེད་དོ་སྙམ་ན། གཉིས་པ་ལ་གཉིས། ཆོས་མཐུན་སྦྱར་བའི་རྒྱུ་མཚན་བསྟན་པ་དང༌། རིམ་པ་གཉིས་ཀྱི་སྦྱང་གཞི་ངོས་གཟུག་བའོ། །དང་པོ་ནི། སྣོད་བཅུད་ཀྱི་འཇིག་ཆགས་དང་སྔགས་ཀྱི་ལམ་སྒོམ་པ་གཉིས་ལ་ཆོས་མཐུན་པའི་འདྲ་ཆོས་གཅིག་དངོས་པོ་ལ་ཡོད་པ་དེ་ངོས་ཟིན་པ་ཙམ་གྱི་ཕྱིར་དུ་འདྲ་ཆོས་སྒྲིག་པ་ཙམ་བྱེད་པ་མིན་པས་ཧ་ཅང་ཐལ་བའི་ཉེས་པ་མེད་ལ། རང་གི་ལུས་དང་གནས་ལ་ཁྱད་པར་ཅན་གྱི་སྣང་བ་བསྐྱེད་པ་ལ་སྔོན་དུ་སྲིད་པའི་རིམ་པ་དང་འདྲ་བར་ཤེས་དགོས་པ་ཡང་མིན་པས་སྐྱོན་གཉིས་པ་ཡང་མེད་དོ། །བསྐལ་པ་དང་པོའི་དུས་ཀྱི་སྣོད་བཅུད་ཀྱི་རིམ་པ་རྣམས་ད་ལྟ་ལམ་སྒོམ་པའི་སྦྱང་གཞིར་བོད་ཀྱི་འདུས་པ་ལ་སྦྱངས་པ་རྣམས་འཆད་མོད་ཀྱང་ཁོ་བོ་ནི་ཆོས་མཐུན་གྱི་ཡུལ་དང་སྦྱང་གཞི་གཉིས་མ་ཕྱེད་པའི་གཏམ་དེ་མི་སྨྲ་སྟེ། རིགས་པའི་རྒྱལ་བོས། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །གང་ཡང་སྐྱོན་རྣམས་འགོག་བྱེད་པ། །དེ་བསྐྱེད་ལས་ལ་ནུས་འགྱུར་གྱི། །ཇི་ལྟར་བྱས་པ་ཉམས་པར་འགྱུར། ཞེས་གསུངས་པ་ལྟར་འབྱུང་འགྱུར་ནི་རྒྱུའི་ནུས་པ་བཀག་པའི་སྒོ་ནས་དགག་ནུས་ལ་འབྲས་བུ་ཕྱུང་ཟིན་ཞིག་པ་ལ་འགོག་པའི་བྱེད་པ་མི་འཇུག་པའི་ཕྱིར་རོ། །འོ་ན་གང་ཞིག་ཡིན་ཞེ་ན། བཤད་པར་བྱ་སྟེ་སྤྱིར་འཕགས་པ་ཡབ་སྲས་
ཀྱི་བཞེད་པས་སྔགས་ཀྱི་ལམ་གྱིས་སྙིགས་དུས་ཀྱི་མིའི་ཚེ་གཅིག་ལ་བསྒྲུབ་པར་བྱ་བའི་འབྲས་བུ་ཐུན་མོང་མ་ཡིན་པ་ནི་གཞི་ལ་ཆོས་གསུམ་གནས་པ་ཇི་འདྲ་བ་དེ་འདྲ་བའི་སྐུ་གསུམ་གྱི་གོ་འཕང་ཞིག་ཡིན་ནོ། །སྐུ་གསུམ་གྱི་གོ་འཕང་མཐར་ཕྱིན་པ་མི་སློབ་པའི་ཟུང་འཇུག་གི་སྐབས་ལ་བཞག་དགོས་མོད་ཀྱང་ལམ་ལའང་བཤད་པ་ནི་ཡབ་སྲས་ཀྱི་གཞུང་ནས་མང་དུ་འབྱུང་བས་འདིར་ནི་རགས་པའི་དབང་དུ་བྱས་ཀྱི། ཞིབ་ཏུ་ནི་རྫོགས་རིམ་གྱི་སྐབས་སུ་བཤད་པར་བྱའོ། །འདི་ལྟར་འཆི་བ་ནི་ཕུང་སོགས་ཐིམ་ནས་སྤྲོས་པ་རགས་པ་ཐམས་ཅད་ཞི་བར་འགྱུར་པས་ཆོས་ཀྱི་སྐུ་དང་རྗེས་སུ་མཐུན་ཞིང་བར་དོ་ནི་རླུང་སེམས་ཙམ་ལས་གྲུབ་ཅིང་འཇའ་ལུས་ལྟར་ཤིན་ཏུ་ཕྲ་བའི་ལུས་ཅན་ཡིན་པས་ལོངས་སྐུ་དང་རྗེས་སུ་མཐུན་ལ། དེས་ཤའི་མིག་གི་ཡུལ་དུ་གྱུར་ནས་དེ་དག་གི་བྱ་བ་སྒྲུབ་ནུས་པའི་སྐྱེ་བ་ལེན་པ་ནི་ལོངས་སྐུས་སྐྱེ་བ་ལེན་པའི་སྤྲུལ་པ་ཐ་མལ་པའི་མཐོང་བའི་ལམ་དུ་བསྟན་ནས་དེ་དག་གི་དོན་སྒྲུབ་པ་དང་འདྲའོ། །དེས་ན་དེ་གསུམ་དང་རིགས་འདྲ་བའི་ལམ་གསུམ་པསྒོམས་པའི་མཐར་ཐ་མལ་བ་ལ་འཆི་བ་འོང་བའི་དོད་ལ་རྣལ་འབྱོར་བ་ལ་དོན་དམ་པའི་བདེན་པ་མངོན་དུ་བྱས་པའི་ཆོས་སྐུ་འོང་ཞིང༌། ཐ་མལ་བ་ལ་བར་དོ་འོང་བའི་དོད་ལ་འོད་གསལ་ལས་ལུགས་བཟློག་ཏུ་ཤར་བའི་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྐུ་འོང་ལ་ཐ་མལ་བ་ལ་འཁོར་བའི་སྐྱེ་བ་འོང་བའི་དོད་ལ་རྣལ་འབྱོར་བ་ལ་འགྲོ་བའི་དོན་དུ་དགའ་མགུར་སྐྱེ་བ་ལེན་པའི་སྤྲུལ་སྐུ་འོང་བ་ཡིན་ནོ། །འདི་ནི་གཞུང་གཞན་ནས་བཤད་པའི་
སྐུ་གསུམ་དང་མི་འདྲ་ཡི་འདི་ཉིད་ཀྱི་ཁྱད་ཆོས་མཆོག་ཏུ་གྱུར་པའོ། །དེ་ལྟར་ན་ཐབས་མཁས་དང་བྲལ་ན་འཁོར་བའི་རྒྱུར་གྱུར་པའི་སྐྱེ་འཆི་བར་དོ་གསུམ་དུ་འོང་རྒྱུ་དེ་ཐབས་མཁས་ཀྱི་མཐུས་དེ་གསུམ་ཇི་འདྲ་བ་དེ་འདྲ་བའི་སྐུ་གསུམ་དུ་བསྒྱུར་བ་ཡིན་ཏེ། སྤྱོད་བསྡུས་ལས། དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་སྲིད་པ་བར་མ་ཞེས་བྱ་བ་ནི་འཁོར་བའི་རྒྱུར་འགྱུར་རོ། །དེ་ཉིད་བླ་མ་བརྒྱུད་པའི་རིམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཐོབ་པ་རྣམས་ནི་བདག་ལ་བྱིན་གྱིས་བརླབས་པ་ཞེས་བྱ་བ་འདི་ལྟར་རྩིག་པའམ་རས་རིས་མེ་ལོང་གི་ནང་དུ་ཉེ་བར་སྣང་བ་དེ་བཞིན་དུ་རྡོ་རྗེའི་སྐུའི་ངོ་བོ་ཉིད་ཀྱིས་བདག་ཉིད་སྤྲུལ་ཏེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྐུ་ལྟ་བས་ཆོག་མི་ཤེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་ལུས་ལ་བརྒྱན་པ་སྟེ་མདོར་ན་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བའི་བར་དུའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འཇའ་ཚོན་ལྟ་བུའི་ལུས་དག་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། ཞེས་གསུངས་སོ། ཞེས་བྱིས་པ་ལ་འཁོར་བའི་རྒྱུར་འགྱུར་པའི་བར་དོ་དེ་མན་ངག་དང་ལྡན་པ་ལ་འཇའ་ལུས་རྡོ་རྗེ་སེམས་དཔར་འགྱུར་པར་གསུངས་ཏེ་བར་དོ་འོང་བའི་དོད་ལ་ལོངས་སྐུ་བྱུང་བའོ། །དེ་བཞིན་དུ་འཆི་བའི་དོད་ལ་དོན་དམ་ཆོས་སྐུ་དང་སྐྱེ་བའི་དོད་ལ་ཀུན་རྫོབ་གཟུགས་ཀྱི་སྐུ་འོང་བར་ཡང་། དེ་ཉིད་ལས། དེ་བས་
ན་དེ་ཁོ་ན་ཉིད་ཤེས་པ་ནི་རྐྱེན་མ་ཚང་བས་ཇི་སྐད་དུ་བཤད་པའི་སྤྱོད་པ་གལ་ཏེ་མ་སྤྱད་དུ་ཟིན་ཀྱང༌། ལྟ་བ་ཐམས་ཅད་རྣམ་པར་སྤངས་ནས་འཆི་བར་འགྱུར་པ་ནི། དོན་དམ་པའི་བདེན་པ་ཡིན་ལ་སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་ཡང་དག་པར་མངོན་པར་རྟོགས་ནས་བརྒྱ་ལམ་ན་འོད་གསལ་བར་ཞུགས་ནས་ཐ་མལ་བའི་ཕུང་བོ་བོར་ནས་བདག་ལ་བྱིན་གྱིས་བརླབས་པའི་རིམ་གྱིས་ལྡང་བར་བྱའོ་ཞེས་བརྟན་པའི་སེམས་བསྐྱེད་དེ། དེ་ཡིད་ལ་བྱེད་པས་གནས་པར་བྱེད་ན་དེ་སྐྱེ་བ་གཞན་དུ་ཡིད་ལ་བྱེད་པ་དེ་འདོར་བར་མི་འགྱུར་ཏེ་དེ་བས་ན་ཐམས་ཅད་མཁྱེན་པར་འགྱུར་རོ། ཞེས་གསུངས་སོ། །འདི་རིམ་པ་དང་པོ་མཐར་ཕྱིན་ནས་རྫོགས་རིམ་ཐོབ་པ་གཅིག་སྤྱོད་པ་བྱེད་པ་མ་བྱུང་བར་འཆི་བའི་དབང་དུ་བྱས་ནས་གསུངས་པ་ཡིན་ཀྱང་སྤྱིར་འཆི་བ་ཆོས་སྐུ་དང་སྐྱེ་བ་གཟུགས་སྐུར་འཆར་བ་ཞེས་པའི་དོན་ལ་ནི་འདྲ་བ་ཡིན་ནོ། །རིམ་ལྔ་ལས་ཀྱང༌། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་ཡིན། །རྡོ་རྗེའི་སྐུ་ཡང་དེ་ཉིད་གང་། །རྡོ་རྗེ་སེམས་དཔའ་རང་ཉིད་དེ། །དེ་བས་རང་ཉིད་མཆོད་ལ་འཇུག །ཅེས་གསུངས་ཏེ་སྔར་ཡང་མང་དུ་བཤད་དོ། །དེས་ན་གཞིའི་སྐྱེ་འཆི་བར་དོ་གསུམ་དང་རིགས་མཐུན་པའི་སྐུ་གསུམ་པསྒྲུབ་བྱར་བྱེད་པའི་གནས་ཀྱིས་ལམ་དུ་ཡང་དེ་གསུམ་དང་རྗེས་སུ་མཐུན་པའི་སྒོམ་པའི་རིམ་པ་སྟོན་པས། སྣོད་བཅུད་ཀྱི་སྲིད་པའི་རིམ་པ་རེ་དང་བསྟུན་ནས་དེའི་དོད་ལ་ལམ་འདི་འདྲ་ཞིག་སྒོམ་ཞེས་གསུངས་
ཏེ་དཔེར་ན་རས་རིས་ལ་དོན་མེད་པའི་གཟུགས་བརྙན་མང་པོ་འདྲི་བ་ཞིག་གིས་དེའི་དོད་ལ་སངས་རྒྱས་ཀྱི་སྐུ་འདི་བྲིས་ཤིག་ཅེས་སྨྲ་བ་བཞིན་དུ་འཁོར་བ་པ་ལ་སྣོད་བཅུད་འདི་ལྟར་འབྱུང་བའི་དོད་དེ་ལ་གཞལ་ཡས་ཁང་དང་སྐུ་གསུམ་འདི་འདྲ་བ་ཞིག་འོང་བ་གྱིས་ཞེས་གསུངས་པ་ཡིན་ཏེ། དེ་དག་སྒོམ་པ་ན་ཇི་ལྟར་སྒོམ་པ་དེ་དང་དེར་གྲུབ་པའི་རྣམ་པར་སྒོམ་པས་སོ། །དེ་ལྟར་ན་སྔར་བཤད་པ་ལྟར་ཆོས་མཐུན་སྒོམ་པ་པོ་འཛམ་བུ་གླིང་བའི་མི་ཡིན་པར་གྲུབ་པ་ན་དེས་གང་དང་མཐུན་པར་སྒོམ་པའི་སྐྱེ་ཤི་བར་དོའི་རིམ་པ་ཡང་འཛམ་བུ་གླིང་བའི་མིའི་དབང་དུ་བྱས་པ་ཞིག་དགོས་པ་ཡིན་ཏེ། སྐྱེ་ཤི་བར་དོ་གསུམ་ལམ་སྒོམ་པའི་མཐུན་ཡུལ་དུ་བཀོད་པ་ནི་འདྲ་སྒྲིག་པ་ཙམ་མ་ཡིན་གྱི་དེ་དང་རིགས་གཅིག་པའི་སྐྱེ་ཤི་བར་དོ་གསུམ་དུ་འོང་རྒྱུ་དེ་སྐུ་གསུམ་དུ་བསྒྱུར་བའི་ཆེད་ཡིན་པའི་ཕྱིར་དང༌། དེ་ཡང་འཛམ་བུ་གླིང་བའི་ཆོས་དེ་གསུམ་ཁོ་ན་ལ་ཡོད་པས་དེ་དང་རིགས་གཅིག་པའི་མཐུན་ཡུལ་ཡང་འཛམ་བུ་གླིང་བའི་དབང་དུ་བྱས་པ་ཡིན་ནོ། །དེ་ལྟར་ན་འཆི་བ་ལ་འཛམ་བུ་གླིང་བའི་དབང་དུ་བྱས་པ་དགོས་སུ་ཆུག་ཀྱང་སྐྱེ་བ་ལ་འཛམ་བུ་གླིང་གི་མི་དང་དེར་སྐྱེ་བའི་བར་དོ་མི་དགོས་ཀྱི་འཛམ་བུ་གླིང་བའི་མི་ཤི་བའི་འོག་གི་བར་དོ་དང་སྐྱེ་བ་ཙམ་དང་ཆོས་མཐུན་སྦྱར་བས་ཆོག་གོ་སྙམ་ན། སྐྱོན་མེད་དེ་འཛམ་བུ་གླིང་བའི་མིའི་སྐྱེ་བ་དང་དེར་སྐྱེ་བའི་བར་དོའི་དོད་ལ་ཡོངས་སྤྲུལ་གྱི་
སྐུ་སྒྲུབ་ནུས་ན་རང་ཉིད་ལས་ཀྱི་དབང་གིས་འཇུག་པའི་བར་དོ་དང་སྐྱེ་བ་ལེན་པ་ཐམས་ཅད་སྤྱོད་ནུས་པའི་ཕྱིར་དང༌། འཛམ་བུ་གླིང་བའི་མིའི་སྐྱེ་བ་དང་དེར་སྐྱེ་བའི་བར་དོ་དང་སྦྱོར་བ་ལ་ཁྱད་པར་ཅན་གྱི་ཆོས་མཐུན་ཡོད་པའི་ཕྱིར་རོ། །དེ་ཇི་ལྟར་ཡིན་ཞེ་ན་སྲིད་པ་སྐྱེ་བའི་རིམ་པ་དང་ཆོས་མཐུན་སྦྱོར་བ་རྣམས་ལ་མར་ལ་གཞིའི་སྐབས་དང་ཡར་ལ་འབྲས་བུའི་སྐབས་གཉིས་ཀ་དང་རྣམ་པ་རྗེས་སུ་མཐུན་པའི་ཆོས་མཐུན་ཁྱད་པར་ཅན་ཡོད་པས་དེ་དག་ལ་འབྲས་བུ་ལམ་དུ་བྱེད་པ་ཡོད་པ་ཡིན་ནོ། །དེས་ན་ཡུམ་གྱི་ལྷམས་སུ་སྐྱེ་བ་བཟུང་ནས་མཆོག་གི་སྤྲུལ་སྐུར་འཚང་རྒྱ་བའི་རྟེན་དེ་འཛམ་བུ་གླིང་བའི་མིའི་སྐྱེ་བ་ཡིན་པས་འབྲས་བུའི་རྣམ་པ་དེ་ལམ་དུ་བྱེད་པའི་སྤྲུལ་བའི་སྐུ་སྒོམ་པའི་ཆོས་མཐུན་གྱི་ཡུལ་ཡང་འཛམ་བུ་གླིང་བའི་མི་ལམ་མཛད་དོ། །དེའི་ཕྱིར་བར་དེ་ཡང་སྐྱེ་བ་དེ་ལེན་པའི་བར་དོ་བྱེ་བྲག་པ་ལ་མཛད་དེ་མཆོག་གི་སྤྲུལ་སྐུའི་སྐྱེ་བ་འཛིན་པའི་ལོངས་སྐུའི་དོད་ཡིན་པའི་ཕྱིར་ཏེ་སྔར་བཤད་པ་ལྟར་རོ། །འོ་ན་ལམ་སྒོམ་པ་པོ་དེའི་འབྱུང་འགྱུར་གྱི་སྐྱེ་འཆི་བར་དོ་གསུམ་མཐུན་ཡུལ་དུ་བྱ་བར་རིགས་པས་བསྐལ་བ་དང་པོའི་སྐབས་དང་བསྟུན་པར་མི་རིགས་སོ་ཞེ་ན། སྐྱོན་མེད་དེ་གཞིའི་ཆོས་གསུམ་དང་འདྲ་བའི་སྐུ་གསུམ་སྒོམ་པ་ལ་སྔོན་དུ་རྟེན་བསྐྱེད་དགོས་ཤིང་དེ་ནི་སྣོད་ཆགས་པ་དང་ཆོས་མཐུན་པར་བྱ་དགོས་ལ་དེ་ལྟ་ན་དེར་བཅུད་ཀྱི་ལྷ་ཆགས་པ་དང་དེ་འོད་གསལ་དུ་སྡུད་པ་སོགས་ཀྱང་བསྐལ་བ་དང་པོའི་བཅུད་ཀྱི་སེམས་ཅན་ཆགས་པ་དང་དེ་ཤི་བ་སོགས་དང་ཆོས་
མཐུན་པར་སྦྱར་དགོས་པའི་ཕྱིར་རོ་བསྐལ་བ་དང་པོའི་དུས་ཀྱི་སྣོད་བཅུད་ཀྱི་སྲིད་པའི་རིམ་པ་རྣམས་ཆོས་མཐུན་གྱི་ཡུལ་ཡིན་ཡང་ད་ལྟ་ལམ་སྒོམ་པའི་བྱེད་པས་དེ་མི་སྦྱོང་བས་ལམ་བསྒོམས་པས་ནི་འབྱུང་འགྱུར་གྱི་སྲིད་པའི་རིམ་པ་སྦྱོང་བ་ཡིན་ནོ། །གཉིས་པ་ནི། གལ་ཏེ་རིམ་པ་དང་པོའི་སྦྱང་གཞི་ལ་སྐྱེ་འཆི་བར་དོ་གསུམ་ག་འཇོག་ན་རྫོགས་རིམ་གྱི་སྦྱང་གཞི་མེད་པར་འགྱུར་ལ་དེ་གསུམ་ལམ་གཉིས་ཀའི་སྦྱང་གཞིར་འཇོག་ན་སྦྱང་བྱ་གཅིག་ལ་སྦྱོད་བྱེད་གཉིས་དོན་མེད་དོ། །སྦྱོད་སྡུས་ལས་ཀྱང༌། སྐྱེ་བ་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །རིམ་གཉིས་དེ་དག་པླ་མའི་དྲིན་གྱིས་ནི། །སྙེད་པ་འདི་ནི་མ་འོངས་སངས་རྒྱས་ཡིན། ཞེས་སྐྱེ་འཆི་སྦྱོང་བྱེད་ཀྱི་བདེན་པ་གཉིས་ལ་རིམ་པ་གཉིས་སུ་གསུངས་པ་དང་འགལ་ལོ་ཞེས་ཟེར་ན། འདི་ལ་སྔོན་གྱི་བླ་མ་དག་རིམ་གཉིས་ཀྱི་སྦྱང་གཞི་འགལ་བར་བཟུང་ནས་སྐྱེ་བ་བསྐྱེད་རིམ་གྱི་སྦྱང་གཞིར་འདོད་ཅིང༌། འཆི་བ་ལ་བསྐལ་བ་དང་པོའི་མི་འཆི་བ་ནི་ལྷག་མོས་འོད་གསལ་དུ་སྡུད་པ་དང་མངལ་ཁ་བརྒྱུད་པའི་མི་འཆི་བའི་ཕུང་སོགས་རགས་པ་འགགས་པ་ནི་ལུས་དབེན་དང་རླུང་རྣམས་འགགས་པ་ངག་དབེན་དང་སེམས་གསུམ་འགགས་པ་སེམས་དབེན་གྱི་སྦྱང་གཞིར་འདོད་དོ། །སྒྱུ་མའི་སྦྱང་གཞི་ལ་རྒྱལ་བོ་སྤྲིན་ཤུགས་ཅན་བར་དོ་ལ་འདོད་པ་དང་བཙུན་མོ་ཅན་རྨི་ལམ་ལ་འདོད་པ་དང་མངོན་ཤེས་ཅན་བར་དོས་ལུས་ལེན་ཁའི་སྒྲོ་འདོགས་ཤེས་པ་ལ་འདོད་པ་དང་
ཁ་ཅིག་བར་དོའི་སེམས་ཟུང་འཇུག་གི་སྦྱང་གཞི་ཡིན་པས་ལུས་ཡིན་ཞེས་འདོད་པ་རྣམས་བཀག་ནས། སྒྱུ་མ་དང་ཟུང་འཇུག་གཉིས་སྦྱང་གཞི་ལ་ཁྱད་མེད་ཀྱང་དང་པོ་གཉིས་པའི་ཉེར་ལེན་གྱི་རྒྱུ་ལ་དགོས་པས་དེ་གཉིས་ཀའི་སྦྱང་གཞི་བར་དོ་ལ་བྱེད་པ་ནག་པོ་པའི་ལུགས་ལེགས་པར་སྨྲ་ཞིང་འཆི་བའི་ཤེར་ཕྱིན་འོད་གསལ་གྱི་སྦྱང་གཞིར་བྱེད་ལ། སྦྱང་གཞི་སྦྱོང་བ་དང་སྤང་བྱ་སྤོང་བའི་ཁྱད་པར་ནི་གནས་ལུས་ལོངས་སྤྱོད་ལ་ཐ་མལ་པར་ཞེན་པ་ནི་མི་སྤོང་བར་གཞལ་ཡས་ཁང་དང་ལྷ་སོ་གཉིས་སུ་བསྒོམས་ཏེ་སྣང་བ་བསྒྱུར་བ་ཙམ་ཡིན་ལ་རང་གི་སེམས་རྒྱུན་ལ་ཞེན་པའི་ས་བོན་གཅོད་པ་ནི་སྤོང་བ་ཡིན་ཞེས་འཆད་དོ། །བླ་མ་རྔོག་པ་ནི་བསྐྱེད་རིམ་གྱི་སྦྱང་གཞི་ཕུང་བོ་ཁམས་སྐྱེ་མཆེད་ཡུལ་ཡེ་ཤེས་རྣམས་ལ་སྤྱོད་བསྡུས་ནས་གསུངས་པ་ལྟར་བརྒྱར་ཕྱེ་བ་དང་ལུས་ཀྱི་ཁོང་སྟོང་ལས་རླུང་ཉི་ཁྲི་གཅིག་སྟོང་དྲུག་པརྒྱ་ཡི་གེ་གསུམ་གྱི་སྒྲར་གྲག་ཅིང་རྒྱུ་བ་དང༌། སེམས་གསུམ་རང་བཞིན་དང་བཅས་པ་དང༌། དབང་བོ་གཉིས་སྦྱོར་གྱི་ཚེ་རང་རིག་གི་བདེ་བ་ཉམས་སུ་མྱོང་བ་དང༌། རྨི་ལམ་གྱི་དུས་སུ་རླུང་སེམས་ཙམ་ལས་ཡིད་ལུས་མངོན་ཞེན་དང་བཅས་པ་བྱུང་ནས་ཕྱོགས་བཅུར་འདོད་པ་ལ་སྤྱོད་པར་སྣང་བ་དང༌། འཆི་བའི་འོད་གསལ་དང༌། དེ་ལས་གྲུབ་པའི་བར་དོ་རྣམས་ལུས་དབེན་ནས་ཟུང་འཇུག་གི་པར་གྱི་སྦྱང་གཞིར་འདོད་ཅིང་འཆི་བ་དང་བར་དོ་རིམ་པ་གཉིས་ཀའི་སྦྱང་གཞིར་བཤད་པ་ནི་འཆི་བའི་སྟོང་ཉིད་ཇི་ལྟ་བ་བཞིན་མ་རྟོགས་པ་དང་རྟོགས་པ་དང་མངལ་དུ་འཇུག་པའི་དུས་ཀྱི་བར་དོ་དང་བར་དོའི་དུས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་གྱི་
ཁྱད་པར་རམ་ཡང་ན་ལུས་འདིའི་སྔོན་རོལ་དང་ལུས་འདི་མཐར་འགག་པའི་འཆི་བ་དང་བར་དོའི་ཁྱད་པར་དུ་འཆད་དོ། །དེ་ལ་འཕགས་པ་ཡབ་སྲས་ཀྱིས་ནི་འདི་དག་ལ་སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཐ་སྙད་གསལ་བར་མ་མཛད་ལ་སྤྱི་ཙམ་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །ཡང་དག་མཐས་ནི་རྣམ་པར་སྦྱང༌། ཞེས་རིམ་ལྔ་ལས་གསུངས་པ་ལྟར་གཉེན་པོ་ཡང་སྦྱང་བྱར་གསུངས་པ་ཡོད་མེད་ཀྱང་འདིར་ནི། མདོར་བྱས་ལས། རྣམ་རྟོག་བག་ཆགས་ཉེས་པ་ཡིས། །འགྲོ་བ་གསུམ་པོ་རྣམ་རྨོངས་ལ། །བློ་དང་ལྡན་པས་ལེགས་བལྟས་ཏེ། །རྣལ་འབྱོར་རྒྱུད་ཀྱིས་སྦྱང་བར་བྱ། ཞེས་གསུངས་པ་ལྟར་དྲི་མ་སེལ་བ་ལ་སྦྱོར་བར་བྱའོ། །འདི་ལ་གུར་གྱི་ལེའུ་དང་པོ་ལས། ཐུགས་ཀྱི་རྡོ་རྗེ་ལས་བྱུང་བའི། །སེམས་ཅན་སྣ་ཚོགས་རང་བཞིན་ཅན། །སེམས་ནི་རང་གི་རྣམ་རྟོག་གི །དྲི་མས་སྐྱེ་བོ་སྤགས་པར་བྱས། །དེ་ཕྱིར་ཀུན་ཏུ་རབ་འབད་པས། །ཐུགས་ཀྱི་རྡོ་རྗེ་རྣམ་པར་སྦྱང༌། །སེམས་དག་པས་ནི་བདེ་བ་ཡིན། །ཉོན་མོངས་དུག་ནི་ཐམས་ཅད་འཇོམས། ཞེས་གསུངས་པ་ལྟར་དྲི་མས་བསླད་པའི་སེམས་སྦྱོང་བ་ནི་སེམས་ཀྱི་རིགས་འདྲ་རྒྱུན་གཅོད་པ་སྦྱོང་བའི་དོན་མ་ཡིན་གྱི་སེམས་ཀྱི་རིགས་འདྲ་ཕྱི་མ་དྲི་མ་དང་བྲལ་བར་བསྐྱེད་པ་སྦྱོང་བའི་དོན་ཡིན་ལ། བདག་ཏུ་འཛིན་པ་སྦྱོང་བར་གསུངས་པ་ལྟ་བུ་ནི་རིགས་འདྲ་གཅོད་པ་སྦྱོང་བའི་དོན་དང་དེ་བཞིན་དུ་སེམས་ཀྱི་ཆོས་ཉིད་མངོན་དུ་འགྱུར་པ་ལ་སྒྲིབ་པའི་དྲི་མ་
སེལ་བ་ལ་ཆོས་ཉིད་དེ་སྦྱོང་བར་གསུངས་པ་ཡང་ཡོད་པས་སྦྱོང་ཚུལ་གསུམ་སྔགས་དང་མཚན་ཉིད་ཀྱི་ཐེག་པ་གཉིས་ཀ་ནས་གསུངས་སོ། །འདིར་ནི་སྦྱང་གཞི་ཁྱད་པར་བ་ཞིག་སྟོན་པ་ཡིན་ཏེ་དེ་ལ་ཡང་སྣོད་བཅུད་གཉིས་སུ་དབྱེར་ཡོད་མོད་ཀྱང་གཙོ་བོའི་དོན་ངོས་བཟུང་ན་གཞིའི་སྐྱེ་འཆི་བར་དོ་གསུམ་ཡིན་ལ། དེ་སྦྱོང་ཚུལ་ནི་དེ་གསུམ་གྱི་རིགས་འདྲ་ཕྱི་མ་གསུམ་དྲི་བྲལ་དུ་བསྐྱེད་པ་མ་ཡིན་ཏེ་དེ་ལ་དྲི་མ་ཟད་པ་མེད་པའི་ཕྱིར་རོ། །དེ་གསུམ་མངོན་དུ་གྱུར་པ་ལ་སྒྲིབ་པའི་དྲི་མ་སེལ་བ་ཡང་མ་ཡིན་ཏེ་སེམས་ཅན་རྣམས་ལ་དེ་དག་མངོན་དུ་གྱུར་ཟིན་པས་དེའི་དོན་དུ་འབད་མི་དགོས་པའི་ཕྱིར་རོ། །བདག་མེད་པ་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་འགོག་པ་ལྟ་བུ་ཡང་མིན་ཏེ་དེ་ལ་དག་པྱ་དང་རྗེས་སུ་མཐུན་པའི་ལམ་སྒོམ་མི་དགོས་ལ་འདི་ལ་དེ་དགོས་པའི་ཕྱིར་རོ། །དེས་ན་འདིར་ནི་ཐ་མལ་བ་འཆི་བའི་ཚེ་འབྱུང་བ་ཐིམ་པའི་རིམ་པ་ཅན་གྱི་ཉམས་ཇི་ལྟར་སྐྱེ་བ་དེ་འདྲ་བའི་རྫོགས་རིམ་སྐྱེད་པར་གསུངས་པ་ལྟར་གཞིའི་ཆོས་གསུམ་ཇི་འདྲ་བ་དེ་འདྲ་བའི་ལམ་བསྒོམས་ནས་ཐ་མལ་བའི་སྐྱེ་ཤི་བར་དོ་གསུམ་དག་པར་བྱེད་པ་སྦྱོང་བའི་གནད་ཀྱི་དོན་དུ་མཐོང་ངོ༌། །ཚུལ་དེས་ལམ་སྒོམ་པ་པོ་རང་གི་སྐྱེ་འཆི་བར་དོ་གསུམ་སྦྱོང་བ་ལ་ལམ་རིམ་པ་གཉིས་གསུངས་ཤིང༌། དེ་ཡང་དཔེར་ན་ཉོན་མོངས་བདག་འཛིན་ལྟ་བུ་ཅིག་སྦྱོང་བ་ལ་སློབ་པའི་ལམ་བཞི་སྒོམ་པ་མི་འགལ་བ་ལྟར་སྦྱང་གཞིའི་ཆོས་གསུམ་གཅིག་ཡིན་ཡང་དེ་སྦྱོང་བའི་ལམ་རིམ་པ་གཉིས་རིམ་གྱིས་སྐྱེ་བ་ཅི་ཞིག་འགལ། རིམ་པ་རེ་རེས་རྫོགས་པར་སྦྱོང་ནུས་ན་
སྦྱང་གཞི་གཅིག་ལ་སྦྱོང་བྱེད་གཉིས་མི་དགོས་ཀྱང་དེ་ཁས་མི་ལེན་པས་རྩོད་པའི་གནས་མེད་དོ། །དེ་ལྟ་མ་ཡིན་པར་སྦྱང་གཞི་སོ་སོ་བར་དེས་ན་ནི་རིམ་པ་རེ་རེས་ཀྱང་སྐྱེ་བ་སྦྱངས་པའི་སྤྲུལ་སྐུ་དང་འཆི་བ་དང་བར་དོ་སྦྱངས་པའི་ཆོས་སྐུ་དང་ལོངས་སྐུ་ཐོབ་པར་ནུས་པ་ཡང་འདོད་པར་གྱིས་ཤིག །གལ་ཏེ་སོ་སོའི་སྦྱང་གཞི་རྫོགས་པར་སྦྱོོང་ནུས་པའི་དབང་དུ་མི་བྱེད་ཀྱི་སྦྱང་གཞི་དང་རྣམ་པ་རྗེས་སུ་མཐུན་པར་སྒོམ་པ་གང་ལ་ཡོད་པའི་དབང་དུ་བྱས་ནས་སྦྱང་གཞི་སོ་སོར་བྱེད་དོ་སྙམ་ན། དེ་ལྟན་རིམ་པ་དང་པོ་ལ་ཡང་གཞིའི་ཆོས་གསུམ་དང་མཐུན་པར་སྒོམ་པ་གསུམ་གསུངས་པས་སྐྱེ་བ་གཅིག་པུ་སྦྱོང་བྱེད་དུ་འགལ་ལ་གསུམ་ག་སྦྱོང་ན་ནི་སྦྱང་གཞི་གཅིག་ཏུ་འགྱུར་ཏེ། བསྐལ་བ་དང་པོའི་མི་རྫུས་སྐྱེས་དང་མངལ་སྐྱེས་སམ་ལམ་སྒོམ་པ་པོའི་ཚེ་སྔ་ཕྱིའི་ཆོས་གསུམ་སོ་སོར་ཕྱེ་ནས་རིམ་པ་གཉིས་ཀྱི་སྦྱང་གཞི་སོ་སོར་འདོད་པ་བཀག་ཟིན་པའི་ཕྱིར་རོ། །དེ་བཞིན་དུ་རྫོགས་རིམ་ལ་ཡང་འཆི་བ་དང་རྗེས་སུ་མཐུན་པའི་སྟོང་ཉིད་སྒོམ་པ་དང་བར་དོ་དང་རྗེས་སུ་མཐུན་པའི་སྒྱུ་ལུས་དང་སྐྱེ་བ་ལེན་པ་དང་རྗེས་སུ་མཐུན་པའི་སྤྲུལ་སྐུར་བསྒྱུར་བ་སོགས་ཡོད་པས་འཆི་བ་དང་བར་དོ་ཁོ་ན་སྦྱོང་བྱེད་དུ་འགལ་ལོ། །སྤྱོད་བསྡུས་ལས། སྐྱེ་འཆི་གཉིས་པོདེན་པ་གཉིས་སུ་གསུངས་པ་ནི་སྔར་དྲངས་པའི་རྫོགས་རིམ་ཐོབ་ལ་སྤྱོད་པ་བྱེད་རྒྱུ་མ་བྱུང་བ་དེའི་སྐྱེ་འཆི་གཉིས་ལ་གསུངས་པ་དེ་ནི་ཤིན་ཏུ་གསལ་བས་དེས་འཆི་བའི་དུས་སུ་དོན་དམ་མངོན་དུ་བྱས་ནས་སྐྱེ་བའི་དུས་སུ་སྒྱུ་
མའི་སྐུ་འགྲུབ་པའི་དོན་ཡིན་གྱི་གཞིའི་སྐབས་ཀྱི་སྐྱེ་འཆི་གཉིས་རིམ་གཉིས་ཀྱི་སྦྱང་གཞིར་སྟོན་པ་གཏན་མིན་ནོ། །འོ་ན་རིམ་གཉིས་དེ་དག་ཅེས་གསུངས་པའི་དོན་གང་ཡིན་སྙམ་ན། འཆི་བའི་ཚེ་འོད་གསལ་མངོན་དུ་བྱེད་པར་གསུངས་པའི་ལུང་སྔར་དྲངས་པ་དེའི་མཇུག་ཏུ་དེའི་དོན་བསྡུས་པ་ན། འདིར་བཤད་པ་གང་ཞིག་སྐྱེ་བ་ཞེས་སོགས་གསུངས་ཤིང་སྔར་རྫོགས་རིམ་ལ་གནས་པར་བཤད་པས་རིམ་པ་གཉིས་ཐོབ་པར་བསྟན་པ་དེ་ལ་སྙེག་པའི་ཚིག་ཡིན་གྱི་སྐྱེ་བ་ཀུན་རྫོབ་དང་འཆི་བ་དོན་དམ་ལ་སྙེག་པ་མིན་ཏེ་དེ་གཉིས་ནི་གང་ཟག་དེའི་ཕྱིས་ཀྱི་ཐོབ་བྱ་ཡིན་པས་ད་དུང་མ་རྙེད་པའི་ཕྱིར་རོ། །དེ་ལྟར་བྱས་ན་ལྷག་མོས་འོད་གསལ་དུ་སྡུད་པ་དང་སེམས་དབེན་དང༌། འོད་གསལ་ནི་འཆི་བ་དང་རྣམ་པ་རྗེས་སུ་མཐུན་པར་སྒོམ་པ་འཆི་བ་སྦྱོང་བྱེད་ཡིན་ལ། དང་པོའི་མགོན་པོ་དང་སྒྱུ་ལུས་དང་ཟུང་འཇུག་ནི་བར་དོ་དང་རྣམ་པ་རྗེས་སུ་མཐུན་པར་སྒོམ་པ་བར་དོ་སྦྱོང་བྱེད་དང་དེ་གསུམ་རང་རང་གི་སྐབས་ཀྱི་སྤྲུལ་སྐུར་སྒྱུར་བ་ནི་སྐྱེ་བ་ལེན་པ་དང་རྣམ་པ་རྗེས་སུ་མཐུན་པར་སྒོམ་པ་སྐྱེ་བ་སྦྱོང་བྱེད་ཡིན་ཏེ། དེ་ཡང་སྦྱང་གཞི་གཅིག་སྦྱོང་བ་ལ་རབ་འབྲིང་ཐ་གསུམ་གྱི་རྟོགས་པ་ཐོག་མཐའ་བར་གསུམ་དུ་སྐྱེ་བ་སྐས་ཀྱི་གདང་བུའི་རིམ་པ་དང་འདྲ་བའོ། །དེས་ན་རིམ་པ་དང་པོར་དེ་བཞིན་ཉིད་ལས་བྱང་ཆུབ་པ་མངོན་དུ་བྱེད་པའི་རྟེན་ལ་ལྷག་མོས་གསུངས་པ་དང་འདྲ་བར་ལུས་དབེན་ནི་སེམས་དབེན་གྱི་སྟོང་པ་གསུམ་མངོན་དུ་བྱེད་པའི་རྟེན་ཡིན་ལ་ངག་དབེན་ནི་སེམས་ཀྱི་བཞོན་པའི་རླུང་དབང་དུ་བྱེད་པས་སེམས་དབེན་གྱི་ལྷན་ཅིག་བྱེད་
རྐྱེན་ཡིན་པས་དེ་གཉིས་ལ་སྲིད་པ་སྐྱེ་རིམ་གྱི་དབང་དུ་བྱས་པའི་སྦྱང་གཞི་ཟུར་བ་མི་དགོས་ཏེ། རིམ་པ་དང་པོའི་སྐབས་སུ་སྤྱིར་ལམ་དེས་སྦྱོང་བ་ལ་དུ་མ་ཞིག་ཡོད་ཀྱང་དེ་དག་ཐམས་ཅད་སྦྱང་གཞིར་མི་འཆད་པར་སྐྱེ་འཆི་བར་དོ་གསུམ་པསྟན་པ་དང་འདྲ་བར་རིམ་པ་གཉིས་པའི་སྐབས་སུ་ཡང་སྦྱང་གཞིའི་གནད་བསྡུས་པ་ནི་གསུམ་པོ་དེ་ཙམ་ལ་བྱའོ། །ཁྱད་པར་དུ་སྤྱོད་བསྡུས་ལས་བདག་བྱིན་གྱིས་བརླབ་པ་ངེས་པའི་ཡན་ལག་ཏུ་རྨི་ལམ་ལ་དྲིས་ལན་མཛད་པའི་སྐབས་ཀྱི་ཚིག་ཙམ་ལ་འཁྲུལ་ནས་རྨི་ལམ་སྒྱུ་ལུས་ཀྱི་སྦྱང་གཞིར་འཆད་པ་ནི། འདྲ་ཆོས་སྒྲིག་པ་ཙམ་ལ་སྦྱང་གཞི་དང་སྦྱོང་བྱེད་གོ་བར་འདོད་པའི་ལུགས་སུ་སྣང་བས་སྦྱང་གཞིའི་གནད་མ་ཟིན་པའོ། །སྦྱང་གཞི་གསུམ་པོ་སྦྱོང་བ་ན་དེ་དང་རིགས་མཐུན་གྱི་རྟོགས་པ་བསྐྱེད་ནས་སྦྱོང་དགོས་པ་ལ་མཚན་ཉིད་ཇི་ལྟ་བ་བཞིན་མཐུན་པའི་རྟོགས་པ་རྫོགས་རིམ་གྱི་སྐབས་མིན་པར་མི་སྐྱེ་ཞིང༌། དེ་སྐྱེ་བ་ལ་ཡང་དང་པོ་ཕྱོགས་མཐུན་ཙམ་གྱི་ལམ་རིམ་པ་དང་པོས་རྒྱུད་སྨིན་པར་བྱ་དགོས་ཏེ་དེས་སྨིན་པར་མ་བྱས་ན་དགེ་རྩ་མི་སྨིན་པས་རྫོགས་པའི་རིམ་པ་མི་སྐྱེ་བའི་ཕྱིར་ཏེ། ལེའུ་བཅུ་གཅིག་པའི་སྒྲོན་གསལ་ལས། དེ་ལྟར་བརྟགས་པའི་ཡིད་ཀྱིས་ཐུན་བཞིར་བསླབ་པར་བྱས་ན་དེ་དགེ་བའི་རྩ་བ་ཡོངས་སུ་སྨིན་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་པར་རྟོགས་ནས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། ཞེས་གསུངས་ཤིང་། རིམ་ལྔ་དང་སྦྱོད་བསྡུས་ལས་ཀྱང་
སྐབས་ཀྱི་རིམ་པ་དང་འདྲ་བར་གསུངས་པའི་ཕྱིར་རོ། །དེ་ལ་རིམ་པ་དང་པོས་དགེ་རྩ་སྨིན་པར་བྱས་པས་སྦྱང་གཞི་གསུམ་ཅི་ཙམ་ཞིག་སྦྱོང་བ་དང་དེས་སྦྱོང་མ་ནུས་པའི་ལྷག་མ་གཉིས་པར་ཅི་ཙམ་རེ་སྦྱོང་བ་རྣམས་ཀྱི་ཁྱད་པར་ལེགས་པར་ཕྱེད་ན་སྦྱོད་བསྡུས་ནས་གསུངས་པ་ལྟར་གྱི་གོ་རིམས་རྣམས་ལ་ངེས་པ་བརྟན་པོ་རྙེད་ནས་ཉམས་ལེན་མི་འཕྱུག་ལ། དེ་ལྟ་མ་ཡིན་ན་འཕགས་པའི་གདམས་པ་དམ་པ་མདོར་བྱས་ནས་འབྱུང་བའི་ཏིང་ངེ་འཛིན་གསུམ་ལ་སོགས་པ་གཙིས་མེད་དུ་བཞག་ནས་རྒྱུད་ཀྱི་དོན་ཡབ་སྲས་ཀྱིས་གཏན་ལ་ཕབ་པའི་དོན་གཞུང་འདིས་བསྟན་ཟེར་རྒྱུ་མེད་པའི་མན་ངག་ཕྲ་མོ་འགའ་ཞིག་གིས་དུས་འདས་ནས་ལམ་གྱི་ལུས་མི་རྙེད་པས་བསྐྱེད་རྫོགས་གཉིས་ཀའི་ཆོས་སྐད་རྣམས་སྦྱང་གཞིའི་གནད་གཅིག་ལ་བསྐོར་ནས་ལམ་ལྟར་སྣང་བས་བཀྲི་བར་མི་ནུས་པའི་ངེས་པ་བརྟན་པོ་བླ་མ་ལས་བཙལ་བར་བྱ་སྟེ་འདི་དག་ཀྱང་གཞན་དུ་བཤད་པར་བྱའོ། །རྣལ་འབྱོར་ཆེན་པོའི་རྒྱུད་ལྡེ་དག་ནས་རྟེན་དང་བརྟེན་པའི་རྣལ་འབྱོར་རྣམས་སྲིད་པ་སྐྱེ་བའི་རིམ་པ་དང་མཐུན་པར་སྒོམ་པར་གསུངས་པ་རྣམས་ལ། འཕགས་པ་ཡབ་སྲས་ཀྱི་ དགོངས་པ ་འདི་འདྲ་བའི་འགྲེལ་ལུགས་ཤིག་མེད་ན་གང་མཐུན་མཐུན་བསྒྲིགས་པའི་འདྲ་སྒྲིག་པ་ཙམ་རེའི་བཤད་པ་ལས་། ནུས་པ་གཞན་མི་ཐོན་པས་བློ་གྲོས་ཆེན་པོ་དག་ཚིམ་པར་ག་ལ་འགྱུར། དེའི་ཕྱིར་རྣལ་འབྱོར་ཆེན་པོའི་ལམ་རིམ་པ་གཉིས་པོསྒོམས་ནས་ཚེ་དེ་ལ་འཚང་རྒྱ་བར་སྔགས་ནས་གསུངས་པའི་རིན་པོ་ཆེ་ལྟ་བུའི་རྟེན་གྱི་གང་ཟག་དེ་
འཛམ་བུ་གླིང་བའི་རྟེན་ཅན་དུ་བྱས་ནས། དེས་འཛམ་བུ་གླིང་བའི་མིའི་སྐྱེ་ཤི་བར་དོ་གསུམ་དང་མཐུན་པར་སྔགས་ཀྱི་ལམ་སྒོམ་པའི་ཚུལ་འཕགས་སྐོར་གཞན་དུ་མི་གསལ་བ་སློབ་དཔོན་འདིས་གསལ་བར་མཛད་པ་འདི་ནི། བླ་མེད་སྤྱི་དང་ཁྱད་པར་དུ་དཔལ་གསང་བ་འདུས་པའི་དོན་འཕགས་པ་ཡབ་སྲས་ཀྱིས་བཀྲལ་བ་ལ་མེད་དུ་མི་རུང་བའི་གནད་ཆེན་པོར་མཐོང་བས་ཤེས་རབ་ཅན་རྣམས་ཀྱིས་འདིའི་དོན་ལེགས་པར་ཁོང་དུ་ཚུད་པར་བྱེད་པ་འགག་གི་དོན་དུ་ཟུངས་ཤིག །གཉིས་པ་ནི། འོ་ན་བསྲུང་འཁོར་དང་རིག་མ་འདུ་བྱ་བ་ཕྱིན་ཆད་ལ་ཆོས་མཐུན་མ་སྦྱར་བ་ཅི་ཡིན་སྙམ་ན། འདི་ལ་བླ་མ་བཙུན་མོ་ཅན་ཕྱིའི་ལྕགས་རི་དང་བསྲུང་འཁོར་གཉིས་ཆེས་མཐུན་སྦྱོར་བ་ནི་འཐད་པ་མ་ཡིན་ཏེ། གང་དང་ཆོས་མཐུན་སྦྱོར་བའི་ཡུལ་སྲིད་པ་ལ་སྣོད་བཅུད་གཉིས་ལས་མེད་ལ་དེའི་ཐོག་མ་ཡང་སྣོད་ནས་སྦྱོར་བ་ཡིན་ན་སྣོད་ཞིག་པ་དང་དེ་ནས་ཆགས་པ་མན་ཆད་ཡེ་ཤེས་ཀྱི་ས་སྒོམ་པ་མན་ལ་སྦྱོར་བའི་འཐད་པ་མ་ཡིན་ཏེ། གང་དང་ཆོས་མཐུན་སྦྱོར་བའི་ཡུལ་སྲིད་པ་ལ་སྣོད་བཅུད་གཉིས་ལས་མེད་ལ་དེའི་ཐོག་མ་ཡང་སྣོད་ནས་སྦྱོར་བ་ཡིན་ན་སྣོད་ཞིག་པ་དང་དེ་ནས་ཆགས་པ་མན་ཆད་ཡེ་ཤེས་ཀྱི་ས་སྒོམ་པ་མན་ལ་སྦྱོར་བའི་ཕྱིར་དང༌། ལྕགས་རི་ནི་གཞལ་ཡས་ཁང་དང་ཆོས་མཐུན་པར་དངོས་སུ་སྦྱར་བའི་ཕྱིར་རོ། །ཕྱིས་ཀྱི་བླ་མ་ཁ་ཅིག་ལྷག་མོས་བསྐལ་བ་དང་པོའི་མི་དང་ཆོས་མཐུན་སྦྱར་བ་ལ་བསམས་ནས་བསྲུང་འཁོར་ཡན་ཆད་དུ་བསྐལ་བ་དང་བོའི་མིར་སྐྱེ་བའི་རྒྱུ་སོག་པ་དང་འདྲ་བར་ལྷག་མོས་ཀྱིས་ལྷར་སྐྱེད་པའི་རྒྱུ་སོག་པ་ལ་སྦྱོར་ཏེ། སྦྱོར་བ་ཚོགས་སོག་ནི་བསྐལ་པ་དང་པོའི་མིར་སྐྱེ་བའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་འདྲ། དེ་ནས་
སྟོང་ཉིད་སྒོམ་པ་ནི་རྟེན་དེ་ནས་ཤི་བ་དང་འདྲ། དེ་ལས་དང་པོའི་མགོན་པོར་སྐྱེད་པ་ནི་བར་དོ་དང་འདྲ། དེ་ཞེ་སྡང་རྡོ་རྗེར་བསྒྱུར་བ་ནི་སྐྱེ་བ་བླངས་པ་དང་འདྲ། ར་བ་དང་དྲ་བ་དང་ཕུར་བུ་ནི་གདན་བཞིར་སྤྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་ལ་གསུངས་པས་དེ་གསུམ་གྱིས་བསྡུས་པའི་དགེ་བ་བསགས་པ་ནི་བསྐལ་པ་དང་པོའི་མིར་སྐྱེ་བའི་སྐྱེས་ནས་མྱོང་འགྱུར་གྱི་ལས་དང་འདྲ། དེ་ནས་ཡེ་ཤེས་ཀྱི་ས་སྒོམ་པ་ནི་ཤི་བ་དང་འདྲ་ལ་ལྷག་མོས་སྒོམ་པ་ནི་བསྐལ་པ་དང་པོའི་མིར་སྐྱེས་པ་ལྟ་བུའི་གསུང་ཡང་མི་འཐད་དེ། ཁས་བླངས་དང་འགལ། གཞུང་དང་འགལ། ཐུག་པ་མེད་པའི་སྐྱོན། སྐབས་ཀྱི་དོན་མ་རྟོགས་པའི་སྐྱོན་བཞི་སྣང་བའི་ཕྱིར་རོ། །དང་པོ་ནི། དམ་ཚིག་རྡོ་རྗེ་སོགས་ཀྱིས་དང་པོའི་མགོན་པོས་རང་གིས་ཐུགས་ཀ་ནས་མི་བསྐྱོད་པ་སྤྲོས་ཏེ་རང་ལ་ཐིམ་པས་སྤྲུལ་སྐུར་བསྒྱུར་བ་འགོག་པ་ན་བར་དོ་རང་གི་ཁུ་བས་རང་གི་ལུས་སྐྱེད་པ་མེད་པས་སྦྱང་གཞི་དང་མི་མཐུན་ནོ་ཞེས་སྨྲས་ནས་བསྲུང་འཁོར་གྱི་སྐབས་སུ་དང་པོའི་མགོན་པོ་ཡབ་ཡུམ་མཉམ་པར་སྦྱར་བའི་ཁུ་བ་ལས་མི་བསྐྱོད་པ་བསྐྱོད་ནས་རང་ལ་བཅུག་པས་ཞེ་སྡང་རྡོ་རྗེ་བསྒྱུར་བར་འདོད་པ་ནི་རང་གི་ཚིག་ལ་ཅོ་འདྲི་བའོ། །གཉིས་པ་ནི། བསྲུང་འཁོར་བསྒོམས་པའི་། འོག་ཏུ་སྣོད་བཅུད་འོད་གསལ་དུ་སྡུད་པ་ནི་སྣོད་ཞིག་པ་དང་སྦྱོར་བ་གསལ་བར་གསུངས་པས་བསྐལ་བ་དང་པོའི་མིར་སྐྱེ་རྒྱུ་ཤི་བ་དང་སྦྱོར་བ་ནི་འབྲེལ་མེད་དོ། །གསུམ་པ་ནི། དེ་ལྟ་ཡིན་ན་བསྐལ་བ་དང་པོའི་མིར་སྐྱེ་རྒྱུའི་སེམས་ཅན་དེར་སྐྱེ་བའི་རྒྱུ་ལ་
སོགས་པ་དང་ཡང་སྦྱར་དགོས་པར་འགྱུར་པས་ཐུག་པ་མེད་ལ་ཡེ་ཤེས་ཀྱི་ས་བསྒོམས་པ་དང་ལྷག་མོས་ཀྱི་བར་དུ་ཡང་བར་སྲིད་དང་སྦྱོར་དགོས་པར་འགྱུར་རོ། །བཞི་པ་ནི། ཆོས་མཐུན་སྦྱོར་བའི་ཡུལ་སྲིད་པ་འཇིག་ཆགས་ནི་སྣོད་བཅུད་འཇིག་ཆགས་གཉིས་སུ་ངེས་ཤིང༌། དེའི་ཐོག་མ་སྣོད་འཇིག་པ་ནས་ཡེ་ཤེས་ཀྱི་ས་སྒོམ་པ་མན་ཆད་ལ་སྦྱར་བས་ན་དེའི་གོང་དུ་སྦྱོར་མི་དགོས་པར་ཤིན་ཏུ་གསལ་བར་རྟོགས་ན་བསྲུང་འཁོར་དང་སྲིད་པ་ཆོས་མཐུན་སྦྱོར་བའི་ཚེགས་ཀྱིས་ཅི་ཞིག་བྱ། དེས་ན་སྒྲོན་གསལ་ལས། བསམ་གཏན་ཞེས་བྱ་བ་ལ་སོགས་པས་ནི་ལས་དང་པོ་བའི་དགེ་བའི་བྱ་བའི་ཡན་ལག་ཏུ་གྱུར་པའི་བསྲུང་བའི་ཆོ་ག་གསུངས་པ་ཡིན་ཏེ། ཞེས་གསུངས་པ་ལྟར་བསྲུང་འཁོར་ནི་སྲིད་པ་སྐྱེ་བའི་རིམ་པ་ལྟར་བསྒོམ་པའི་བསྐྱེད་རིམ་དངོས་གཞིའི་ཡན་ལག་གམ་སྔོན་འགྲོ་ཙམ་ཡིན་པས་དེ་དག་ལ་སྲིད་པའི་རིམ་པ་དང་ཆོས་མཐུན་སྦྱར་མི་དགོས་སོ། །ཡང་བོད་ཀྱི་བླ་མ་དག་ཕྱག་རྒྱ་སྒྲུབ་པ་དང༌། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ཏེ་རྗེས་སུ་ཆགས་པ་དང༌། ལས་ལ་གནས་ཏེ་མཆོད་པ་བྱེད་པ་དང༌། དཀྱིལ་འཁོར་རྒྱལ་མཆོག་སྐྱེད་པ་དང༌། མཆོད་པ་ལ་སོགས་པའི་རིམ་གྱིས་དཀྱིལ་འཁོར་རྒྱལ་མཆོག་སྒོམ་པ་དང༌། སེམས་སྦྱང་བའི་ཕྱིར་ཕྲ་མོ་བསྒོམས་པས་དངོས་གྲུབ་འབྱུང་བ་རྣམས་ནི། རིམ་པ་བཞིན་རིགས་གཞན་གྱི་བུད་མེད་ལེན་པ་དང༌། ཕོ་མོའི་དབང་བོ་སད་ནས་རྗེས་སུ་ཆགས་པ་དང༌། ལས་ལ་གནས་ཏེ་སྒོ་
གསུམ་ཚིམ་པ་དང༌། བུ་དང་བུ་མོ་སྐྱེད་པ་དང༌། བུ་ཚ་གསོ་བ་དང་སྲུང་བའི་རིམ་གྱིས་ལུས་ཡོངས་སུ་རྫོགས་པ་དང༌། བུ་དང་ཚ་བོ་དེ་དག་རང་གི་སེམས་སྦྱང་ཞིང་ཤེས་རབ་སྐྱེད་པའི་ཕྱིར་རིག་པའི་གནས་ལ་བསླབས་ནས་རང་གཞན་གྱི་དོན་གྲུབ་པ་དང་ཆོས་མཐུན་ལ། ཡང་འགའ་ཞིག་གིས་རྒྱལ་བོ་ལ་སོགས་པ་མཉེས་པར་བྱས་པས་འདོད་པའི་དོན་སྟེར་བ་ནི། སྔགས་ལ་གཞོལ་བས་སྔགས་འབུམ་ཕྲག་དང་སྤྱིན་སྲེག་གིས་ལྷ་མ་ཉེས་པར་བྱས་པས་དགོས་གྲུབ་འབྱུང་བ་དང་ཆོས་མཐུན་པར་འཆད་དོ། །སྤྱིར་མངོན་རྟོགས་དངོས་གཞིའི་དོན་ནི་འདི་ཡིན་ཏེ་གང་དུ་འཚང་རྒྱ་བའི་གནས་དང་དེར་འཚང་རྒྱ་བའི་རྟེན་དང་གང་གི་ངོ་བོར་འཚང་རྒྱ་བའི་རིམ་པ་དང་སངས་རྒྱས་ནས་མཛད་པ་ཅི་མཛད་པ་སྟེ་བཞིའོ། །དེ་ལ་དང་པོ་ནི་ཡེ་ཤེས་ཀྱི་ས་དང་རྡོ་རྗེའི་ས་སྔོན་དུ་འགྲོ་བའི་གཞལ་ཡས་ཁང་ངོ༌། །གཉིས་པ་ནི་ལྷག་མོས་ཀྱི་ལྷའོ། །གསུམ་པ་ནི། ལྷག་མོས་འོད་གསལ་དུ་སྡུད་པའི་ཆོས་སྐུ་དང་དང་པོའི་མགོན་པོར་སྐྱེད་པའི་ལོངས་སྐུ་དང་དེ་རྡོར་སེམས་སྔོན་པོར་བསྒྱུར་བའི་སྤྲུལ་སྐུ་སྟེ་སྐུ་གསུམ་གྱི་ངོ་བོར་འཚང་རྒྱ་བ་ཡིན་ནོ། །དེ་ཡང་བསྐྱེད་རིམ་གྱི་སྐབས་སུ་དངོས་པོ་ལ་དེ་ལྟར་མི་གནས་ཀྱང་དེ་དང་དེའི་ང་རྒྱལ་བྱེད་པས་ན་འདི་ཡན་ཆད་ཀྱིས་ཞིང་དག་ཅིང་སྐྱེ་འཆི་བར་དོ་གསུམ་སྦྱངས་པའི་སྐུ་གསུམ་ཐོབ་པའི་ལུགས་སུ་བྱེད་པས་སྣོད་དང་བཅུད་ཀྱི་སྐྱེ་འཆི་བར་དོ་གསུམ་དུ་མ་འདུས་པའི་སྦྱང་རྒྱུ་ཟུར་བ་མེད་པས་རིག་མ་འདུ་བྱ་བ་མན་ཆད་ལ་ཆོས་མཐུན་སྦྱོར་བ་མ་
མཛད་དོ། །ལེའུ་བརྒྱད་པའི་སྒྲོན་གསལ་ལས། ཕྱག་རྒྱ་འདུ་བྱས་པ་དང་སྙོམས་པར་ཞུགས་ནས་ལྷ་བསྐྱེད་པ་སྲིད་པ་སྐྱེད་པའི་རིམ་པར་གསུངས་པ་ནི་ཕ་མས་བུ་བསྐྱེད་པ་དང་འདྲ་བ་ཙམ་ཡིན་གྱི་སྦྱང་གཞི་དང་འདྲ་བ་གཉིས་ཀ་ཚོགས་པའི་མཐུན་ཡུལ་སྟོན་པ་མིན་ནོ། །དེའི་ཕྱིར་རིག་མ་འདུ་བྱ་བ་མན་ཆད་རྣམས་ནི་སངས་རྒྱས་པའི་སྐབས་ཀྱི་མཛད་པ་དང་སྦྱར་གྱི་སྲིད་པའི་རིམ་པ་དང་མི་སྦྱར་ཏེ། སྔར་དྲངས་པའི་མདོ་བསྲེ་ནས་སྟོན་པས་འདོད་ཆགས་ཆེན་པོའི་ཚུལ་ལ་སྙོམས་པར་ཞུགས་པ་དེ་བཞིན་དུ་སྐྱེ་བཞིན་པ་ལ་གནས་པས་དང་པོའི་སྦྱོར་བ་བྱ་ཞེས་འབྲས་བུའི་སྐབས་ཀྱི་མཛད་པ་དང་ཆོས་མཐུན་སྦྱར་ལ་དེ་དང་མཐུན་པར་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་ཀྱང་འབྲས་བུའི་སྐབས་དང་སྦྱར་གྱི་སྲིད་པའི་རིམ་པ་དང་མ་སྦྱར་བ་ལྟར་རོ། །དེ་ཡང་སྒྲུབ་ཐབས་དེ་དང་སྤྱོད་བསྡུས་ནས་གསུངས་པ་ལྟར་སྟོན་པས་དགའ་ལྡན་ནས་བབས་ཏེ། སྤྲུལ་སྐུའི་སྒོ་ནས་ཆགས་བྲལ་གྱི་སྤྱོད་པ་དང་ཕར་ཕྱིན་གྱི་སྤྱོད་པ་དང་འདོད་ཆགས་ཀྱི་སྤྱོད་པ་གསུམ་པསྟན་པའི་སྤྱོད་པ་ཕྱི་མས་འདུལ་བའི་གདུལ་བྱའི་ཕྱིར་དུ་གཟུངས་དཀྱིལ་སྤྲུལ་ཞིང་དེ་རྣམས་ལ་དབང་བསྐུར་བའི་ཕྱིར་དུ་ལྷ་བཅུ་གསུམ་སྤྲུལ་བ་དེ་བཞིན་དུ། རྣལ་འབྱོར་བས་ཀྱང་སྤྲུལ་སྐུར་བསྒྱུར་བའི་དགོས་པ་སྒྲུབ་པ་ནས་མཛད་པ་གསུམ་པས་བྱེད་ལ་དེ་ཡང་རིག་མ་འདུ་བྱ་བ་སོགས་སྔོན་དུ་བཏང་སྟེ་ལས་ལ་གནས་པར་བྱས་ནས་བྱང་ཆུབ་ཀྱི་སེམས་ལས་ལྷ་རྣམས་བསྐྱེད་ནས་སེམས་
ཅན་གྱི་དོན་བྱེད་དེ་ལྷའི་སྐུ་སྤྲོས་ནས་དོན་མཛད་པ་སྐུའི་མཛད་པ་དང་འདྲའོ། །སེམས་བརྟན་པར་བྱ་བའི་ཕྱིར་ཕྲ་མོ་གཉིས་སྒོམ་པ་དང་ལྷ་རྣམས་ཀྱི་ཐུགས་སྐུལ་བའི་ཕྱིར་དུ་སྔགས་བཟླས་པ་ནི་ཐུགས་ཀྱི་མཛད་པ་ནང་དུ་ཡང་དག་པར་འཇོག་པ་དང་གསུང་གི་མཛད་པ་ཆོས་སྟོན་པ་དང་འདྲའོ། །དངོས་ཀྱི་མཛད་པས་འདུལ་བ་མེད་པ་ན་མྱ་ངན་ལས་འདའ་ཚུལ་སྟོན་ཞིང་ཡོད་པ་ན་ཚད་མེད་བཞིས་བསྐུལ་ནས་དེ་རྣམས་ལ་གཟུགས་ཀྱི་སྐུར་སྣང་ནས་དེ་དག་གི་ཡོན་གནས་མཛད་པ་བཞིན་དུ་དཀྱིལ་འཁོར་རྒྱལ་མཆོག་གི་གཙོ་བོ་ཡབ་ཡུམ་ཡང་བསྒོམ་བཟླས་སོགས་ཀྱི་བྱ་བ་མཛད་པའི་མཐར་ཞུ་བ་དང་དེ་ལ་ཚད་མེད་བཞིའི་ལྷ་མོའི་གླུས་བསྐུལ་བ་དང་དེའི་ངོར་བཞེངས་ནས་མཆོད་བསྟོད་བདག་གིར་མཛད་དོ། །འདི་ཁ་ཅིག་གིས་འབྲས་བུ་དང་གཞིའི་སྐབས་གཉིས་ལ་སྦྱར་བའི་སྔ་མ་ལེགས་མོད་ནའང་སྔར་བཤད་པ་ལྟར་བུ་ཚ་བོ་ལ་སོགས་པ་བསྐྱེད་ཅིང་རང་གཞན་གྱི་བྱ་བ་བྱས་པའི་མཐར་དུས་བྱས་ནས་གཉེན་འབྲེལ་རྣམས་དུ་བ་དང་དེ་དག་ལ་ཆགས་པ་དང་ལས་ཀྱི་དབང་གིས་སྐྱེས་ནས་འདོད་ཡོན་ལོངས་སྤྱོད་པ་དང་སྦྱོར་བ་ནི་མི་འཐད་དེ། སྔར་བཤད་པའི་སྐྱེ་འཆི་། བར་དོ་གསུམ་དང་སྦྱར་ནས་བསྒོམས་པས་སྦྱང་གཞི་སྦྱོང་བའི་རིགས་དེར་དེའི་སྦྱང་གཞི་ཐམས་ཅད་འདུ་བས་དེ་ཙམ་གྱིས་ཆོག་པའི་ཕྱིར་ཏེ་གཞན་དུ་ན་སྦྱང་གཞི་དང་སྦྱོར་ཚུལ་ཐུག་པ་མེད་པ་བྱ་དགོས་པར་འགྱུར་རོ། །སྤྲུལ་བ་སླར་རང་ལ་སྡུད་པ་ནི་འབྲས་བུའི་སྐབས་སུ་མྱ་ངན་ལས་འདས་པའི་སྔོན་དུ་འོང་ཡང་འདིར་རྗེས་འཇུག་གི་དབང་དུ་བྱས་པའོ། །
རྣམ་པར་དགོད་པའི་རྣམ་པར་བཞག་པ་རིམ་པར་ཕྱེ་བ་སྟེ་ལེའུ་དང་པོའི་རྣམ་པར་བཤད་པའོ།། །།གཉིས་པ་སྐུའི་དཀྱིལ་འཁོར་གྱི་རྣམ་གཞག་རིམ་པ་ལ་གཉིས། ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྒོམ་པ་དང༌། བརྟན་པའི་དཀྱིལ་འཁོར་དུ་སྒོམ་པའི་རྒྱུ་འབྲས་བསྟན་པའོ། །དང་པོ་ནི། ད་ནི་རྣམ་གཞག་རིམ་པ་གཉིས་པ་རྒྱས་པར་ཉེ་བར་བསྟན་པར་བྱ་བའི་ཕྱིར་སྐུའི་དཀྱིལ་འཁོར་རྣམ་པར་གཞག་པར་བྱ་སྟེ་དེ་ལ་ཡང་གཉིས་ཡོད་པའི་དང་པོ་ཁོ་ནར་རྟེན་གྱི་སྐུ་དཀྱིལ་བཤད་པར་བྱའོ། །དེ་ལ་ཕྱིའི་དཀྱིལ་འཁོར་ནི་ཤར་ནུབ་ཏུ་འདེབས་པའི་ཚངས་པའི་ཐིག་དང་པོ་ནས་བརྩམས་པ་སྟེ་དེ་ནས་བཟུང་སྟེ་གྲུ་བཞི་པ་དང་སྒོ་བཞི་པ་རུ་དཀྱིལ་འཁོར་གྱི་ཆ་རྣམས་རྣམ་པར་དབྱེ་བ་སྟེ་སོ་སོར་བགོས་པའི་གཞལ་ཡས་ཁང་ངོ༌། །རྣལ་འབྱོར་བའི་ལུས་དེ་ལྟ་བུར་སྣང་བའི་སྐུའི་དཀྱིལ་འཁོར་རོ། །དེ་ལ་ཁུངས་དགོད་པ་ནི་དེ་སྐད་དུ་ཞེས་སོགས་ཏེ་རྒྱུད་ཕྱི་མ་ལས་དཀྱིལ་འཁོར་གསུམ་གསུངས་པའི་གསུམ་པའོ། །དེ་གསུམ་ནི་སྒྲོན་གསལ་ལས། དོན་དམ་པའི་དཀྱིལ་འཁོར་དང་སྐུའི་དཀྱིལ་འཁོར་དང་ཕྱུང་བའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཡིན་པས་ན་དཀྱིལ་འཁོར་གསུམ་སྟེ། ཞེས་གསུངས་པ་ལྟར་རམ་ཡང་ན་བྷ་ག་ཉིད་དེའི་དཀྱིལ་འཁོར་དང་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ལ་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་བྱའོ། །རྒྱལ་བས་བྱིན་གྱིས་བྷ་ག་པདྨ་ཡིན་ལ་དེ་ཡང་སོ་སོར་རྟོག་པའི་ཡེ་ཤེས་ལོངས་སྐུ་དང་
བྱངཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ཆོས་སྐུ་དང་འགྲོ་བའི་དོན་སྒྲུབ་པའི་སྤྲུལ་སྐུ་གསུམ་གྱི་སྙིང་བོ་ལེན་ཅིང་འཛིན་པ་ལ་དཀྱིལ་འཁོར་གསུམ་དུ་བཤད་ལ། ཐ་ག་ནས་ཆོས་འབྱུང་གི་དང་པདྨ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གྱུར་པའི་དང་ལུས་ལ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ཞེས་འཆད་དོ། །ལུས་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་པ་མདོར་བྱས་སུ་མ་གསུངས་པས་འདི་ནི་དེའི་ དགོངས་པ ་ཁ་སྐོང་བའོ། །དེ་ཡང་རྡོ་རྗེ་འཕྲེང་བའི་ལེའུ་རེ་བདུན་པ་ལས། ཟུར་བཞི་པ་ནི་མདུན་རྒྱབ་དང༌། །གཡས་དང་གཡོན་གྱི་དབྱེ་བས་སོ། ཞེས་སོགས་ཀྱིས་ལུས་ཀྱི་ཆ་གང་གཞལ་ཡང་ཁང་གི་ཆ་གང་དུ་སྒོམ་པ་རྣམས་རྒྱས་པར་གསུངས་པ་ལྟར་བྱའོ། །གཉིས་པ་ལ་ལྔ། ཕུང་བོ་ལ་རིགས་ལྔ་དགོས་པའི་རྒྱུ་འབྲས་བསྟན་པ། ཁམས་ལ་ཡུམ་བཞི་དགོད་པའི་རྒྱུ་འབྲས་བསྟན་པ། དབང་བོ་དང་ཚིགས་དང་རྒྱུས་པ་ལ་སེམས་དཔའ་བརྒྱད་དགོད་པའི་རྒྱུ་འབྲས་བསྟན་པ། ཡུལ་ལ་སེམས་མ་ལྔ་དགོད་པའི་རྒྱུ་འབྲས་བསྟན་པ། ཡན་ལག་རྣམས་ལ་ཁྲོ་བོ་བཅུ་དགོད་པའི་རྒྱུ་འབྲས་བསྟན་པའོ། །དང་པོ་ནི། དགོད་པའི་གཞི་སྔར་བཤད་པ་དེ་ལྟར་གྱུར་པའི་རང་གི་ལུས་ཀྱི་དཀྱིལ་འཁོར་ལ་དགོད་ཚུལ་ཕུང་ཁམས་སྐྱེ་མཆེད་ཀྱི་རང་བཞིན་གྱི་དགོད་བྱ་ལྷ་རྣམས་དགོད་པའི་རྒྱུ་དང་འབྲས་བུ་གསུངས་པ་དེ་ལ་ཞེས་སོགས་སོ། །རྒྱུ་ནི་སྐུའི་དཀྱིལ་འཁོར་སྒོམ་པ་ཡིན་ལ་དེའི་འབྲས་བུ་ནི་སྐབས་སོ་སོ་ནས་འབྱུང་བ་རྣམས་སོ། །དེ་ལ་གཟུགས་ཕུང་ནི་རྣམ་སྣང་ངོ་
ཞེས་པ་ནས། སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། ཞེས་པའི་བར་གྱིས་ནི་ཕུང་བོ་ལྔ་ལ་རིགས་ལྔ་དགོད་པའི་རྒྱུ་དང༌། དེ་ལྟར་ཞེས་པ་ནས་འདོད་དང་ཐར་བ་རབ་སྒྲུབ་བྱེད། ཅེས་པའི་བར་གྱིས་ནི་ཕུང་སོགས་ཀྱི་མཚན་ཉིད་ཤེས་ནས་ལྷ་དགོད་པའི་འབྲས་བུ་བསྟན་ནོ། །གཏི་མུག་ནས་དམ་ཚིག་གི་བར་ནི་རིམ་པ་བཞིན་རྣམ་སྣང་མི་བསྐྱོད་པ་འོད་དཔག་མེད་རིན་འབྱུང་དོན་གྲུབ་སྟེ་ཕུང་བོ་ལྔའི་ངོ་བོར་གྱུར་པའི་རིགས་ལྔ་ཡིན་ལ་དེ་དག་པསྒོམས་པས་གདུལ་བྱ་རྣམས་ཀྱི་ཐར་བའི་མངོན་པར་འདོད་པ་དང་ཟག་མེད་ཀྱི་བདེ་བའི་ཐར་བ་རབ་ཏུ་སྒྲུབ་པར་བྱེད་དོ། །འདི་ཡང་བསྒོམས་པའི་ལམ་གྱི་འབྲས་བུར་མ་ཟད་ཀྱི་སྒོམ་པ་པོའི་ཕུང་བོ་དང་ཁམས་རྣམས་ཀྱང་བྱང་ཆུབ་ཀྱི་རྒྱུར་འགྱུར་པར་གསུངས་པ་ལྟར་གཞན་ལ་ཡང་ཤེས་པར་བྱ་སྟེ་སྐུ་དཀྱིལ་བསྒོམས་པ་ཕྱིན་ཆད་ནས་དེའི་མཐུས་དེ་ལྟར་འགྱུར་པའོ། །གཉིས་པ་ནི། ལྷ་མོ་རྣམས་ཞེས་སོགས་ཀྱིས་མཚམས་སྦྱར་ནས་གཏི་མུག་དགའ་མ་ཞེས་པ་ནས་རླུང་ནི་སྒྲོལ་མར་རབ་ཏུ་གྲགས། ཞེས་པའི་བར་གྱིས་རྒྱུ་དང༌། དེ་ལྟར་ཞེས་པ་ནས་རྩོལ་བར་འགྱུར་རོ་ཞེས་པའི་བར་གྱིས་འབྲས་བུ་བསྟན་ནོ། །གསུམ་པ་ནི། མིག་ཅེས་པ་ནས་གསུངས་པ་ཞེས་པའི་བར་གྱིས་མཚམས་སྦྱར་ནས། བཅོམ་ལྡན་འདས་ཞེས་པ་ནས་བཀོད་ཅེས་པའི་བར་གྱིས་རྒྱུ་དང་གཟུགས་ཞེས་པ་ནས་རྩལ་བར་འགྱུར་རོ་ཞེས་པའི་བར་གྱིས་འབྲས་བུ་བསྟན་ནོ། །
ཐུགས་རྡོ་རྗེ་ནི་འདིར་རྡོ་རྗེ་འཆང་སྟེ་ས་སྙིང་ལ་སོགས་པ་རྣམས་དེ་ཉིད་ཀྱི་རྣམ་འཕྲུལ་ཡིན་པས་དེ་ཉིད་མིག་ལ་བཀོད་པ་སྟེ། སྡོམ་འབྱུང་གི་ལེའུ་བཞི་པ་ལས། མིག་སོགས་རྣམས་ལ་བསྒོམ་བྱ་སྟེ། །མིག་གི་དབང་བོའི་རྣམ་ཤེས་ནི། །ཐུགས་ཀྱི་རྡོ་རྗེའི་རྣམ་འཕྲུལ་ཡིན། །གསུམ་གྱི་རང་བཞིན་རྣམ་དག་དོན། །འོད་གསལ་གྱི་ནི་གོ་འཕང་འགྱུར། ཞེས་སོ། །གཟུགས་གསུམ་ནི་རབ་འབྲིང་ཐ་མ་སྟེ་དེ་དག་ལ་ཆགས་ཐོགས་མེད་པར་འཇུག་པའི་རྡོ་རྗེའི་མིག་སྟེར་བ་ནི་རྣལ་འབྱོར་བའི་མིག་འོད་གསལ་བས་སྦྱངས་པ་ལས་ཡིན་ལ་མིག་ལ་ས་སྙིང་བསྒོམས་པས་ནི་མིག་འོད་གསལ་དུ་འཇུག་པར་འགྱུར་རོ། །དབང་བོ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་ཞེས་པ་སྔ་མ་ནི་ཐུགས་རྡོ་རྗེ་ཉིད་མིག་ལ་བཀོད་པ་ལྟར་རྣ་བ་ལ་ཡང་འགོད་པའི་དོན་ཡིན་ལ་དེ་བཞིན་དུ་ཞེས་པ་གཉིས་པ་ནི་འོད་གསལ་གྱིས་སྦྱངས་པ་གོ་བར་བྱེད་པའོ། །འཇུག་ཤེས་དྲུག་ནི་རྣམ་ཤེས་ཚོགས་དྲུག་གོ །ཡེ་ཤེས་གསུམ་ནི་སེམས་ཅན་རྣམས་ཀྱི་སྣང་མཆེད་ཐོབ་གསུམ་གྱི་ཤེས་པའོ། །ནང་གི་ཁམས་རྣམས་ནི་ཟིན་པའི་ས་ཆུ་མེ་རླུང་རྣམ་ཤེས་ཀྱི་ཁམས་ལྔ་ཡིན་ལ་གཅིག་ལ་གཅིག་བསྡུས་པ་ནི་སྔ་མ་རྣམས་ཕྱི་མ་ལ་ཐིམ་པའི་མཐར་འོད་གསལ་དུ་ཞུགས་ཏེ་དེ་ལས་ལངས་པའི་མཐར་ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་སྐྱེ་བ་ལ་རབ་ཏུ་འཇུག་པ་སྟེ་ཞུགས་ནས་རྡོ་རྗེའི་སྐུ་སྒྲུབ་པར་འགྱུར་རོ། །སྒྲིབ་པ་མེད་པ་ནི་ཐགས་ཐོགས་མེད་པར་ཁམས་རྣམས་འོད་གསལ་དུ་འཇུག་པའོ། །
འོད་གསལ་དུ་ཐམས་ཅད་བརྟན་པར་བྱ་བ་ནི་ཚིགས་ཐམས་ཅད་དེར་འཇུག་པའི་རྣམ་གྲངས་སོ། །བཞི་པ་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་དེ་ཉིད་གཟུགས་གསུམ་གྱི་རྣམ་པས་ཕྱི་རོལ་གྱི་ཡུལ་ལྟ་བུར་སྣང་བས་མིག་གི་དབང་བོ་ས་སྙིང་ལ་བདེ་བ་སྩོལ་བའི་ལྷ་མོ་གཟུགས་རྡོ་རྗེའོ། །དེ་ལྟར་དུ་སྒྲ་རྡོ་རྗེ་སོགས་ཀྱང་ཁོང་དུ་ཆུད་པར་བྱ་སྟེ་དེ་ཉིད་སྒྲ་གསུམ་གྱི་རྣམ་པས་ཕྱི་རོལ་ལྟ་བུར་སྣང་བས་རྣ་བའི་དབང་བོ་ལ་བདེ་བ་སྩོལ་བའི་སྒྲ་རྡོ་རྗེའོ་ཞེས་སོགས་སུ་སྦྱར་རོ། །དབང་བོ་ལ་བཀོད་པའི་ས་སྙིང་སོགས་དང་ལུས་ལ་བཀོད་པའི་ལྷ་མོ་རྣམས་ཐུགས་རྡོ་རྗེ་ཉིད་ཀྱི་རྣམ་འཕྲུལ་ཡིན་པར་སྒྲུབ་པའི་ཤེས་བྱེད་ནི་ཇི་སྐད་དུ་ཞེས་སོགས་ཏེ། ལོངས་སྤྱོད་པ་པོའི་སེམས་ཅན་ལྷར་བསྐྱེད་པར་བྱ་བའི་ལྷའི་རྣལ་འབྱོར་ཐམས་ཅད་དེ་བཞིན་གཤེགས་པ་དྲུག་པ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལས་གཞན་ན་མེད་པས་ན་ཁམས་གསུམ་པའི་ལོངས་སྤྱོད་ལྷའི་ལོངས་སྤྱོད་དུ་བསྐྱེད་པར་བྱ་བ་མ་ལུས་ཀུན་ཀྱང་རྡོ་རྗེ་སེམས་དཔའ་དེའི་ལོངས་སྤྱོད་ལས་གཞན་དུ་མེད་དེ་ཞེས་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ལས་གསུངས་སོ། །དེས་ན་ལྷ་གཞན་ལ་ཡང་དེ་ལྟར་ཤེས་པར་བྱའོ། །ཡུལ་ལྔ་ལ་རྡོ་རྗེ་མ་ལྔ་དགོད་པའི་ཚུལ་འདིས་ལྷ་མོ་རྣམས་དགོད་པའི་རང་བཞིན་ཤེས་པས་དེ་ལྟར་སྒོམ་པ་ནི་རྒྱུ་ཡིན་ལ་དེ་ལ་བརྟེན་ནས་ཡུལ་རྣམ་པར་དག་པར་བསྒྲུབས་པར་འགྱུར་པ་ནི་ཡུལ་རྣམས་འོད་གསལ་དུ་འཇུག་
པར་འགྱུར་པ་སྟེ་འབྲས་བུའོ། །དབང་བོ་ལ་སེམས་དཔའ་དང་ཡུལ་ལ་སེམས་མ་དགོད་པའི་དོན་དེ་ཉིད་རྩ་རྒྱུད་དང་སྦྱོར་བ་ནི་ཚིག་རྐང་གཉིས་གཉིས་སོ། །སྔ་མ་རྣམས་མདོར་བྱས་དང་རྡོ་རྗེ་འཕྲེང་བའི་སྐུ་དཀྱིལ་གྱི་སྐབས་སུ་རྡོ་རྗེ་མ་ལྔ་དངོས་སུ་མ་བསྟན་པ་ལ་བརྟེན་ནས་ཡབ་ཀྱི་སྐུ་དཀྱིལ་ལ་དེ་རྣམས་མི་འགོད་པ་ཕྱིས་ཀྱི་མཁས་པ་དག་གིས་གཞུང་འདི་དང་སྒྲོན་གསལ་གྱི་ལུང་གིས་འགོག་པ་ནི་ཤིན་ཏུ་ལེགས་སོ། །དེས་ན་འདིར་རྡོ་རྗེ་མ་ལྔ་འགོད་པར་གསུངས་པ་ནི་མདོར་བྱས་ཀྱི་མ་ཚང་བ་ཁ་སྐོང་བའི་རྣམ་གཞག་གོ །མདོར་ན་ཞེས་སོགས་ཀྱི་རྩ་རྒྱུད་ཀྱི་ལུང་དེ་རྣམས་སྤྱོད་བསྡུས་སུ་ལུས་དབེན་གྱི་སྐབས་སུ་སྦྱར་ཏེ་ལེའུ་བཅུ་པདུན་པའི་སྒྲོན་གསལ་ལས་ཀྱང་རྡོ་རྗེ་མ་ལྔ་མ་གཏོགས་པ་དེ་དང་འདྲ་བར་བཤད་དོ། །ལེའུ་དང་པོའི་སྒྲོན་གསལ་ལས། མདོར་ན་ཞེས་པའི་རྐང་པ་གཉིས་དང་རྡོ་རྗེའི་སྐྱེ་མཆེད་ཅེས་པའི་རྐང་པ་གཉིས་ནི་གླེང་གཞིའི་སྐབས་ཀྱི་འཁོར་དང་ཞིང་། རྣམས་རྡོ་རྗེ་འཆང་གི་སྐུའི་ཆ་ཤས་ཡིན་པའི་ཁུངས་སུ་མཛད་ལ་སློབ་དཔོན་འདིས་ལུས་དཀྱིལ་སྒོམ་པའི་ཁུངས་སུ་མཛད་དེ་དེ་རྣམས་ཀྱི་སོ་སོར་སྦྱོར་ཚུལ་དང༌། ཁྱད་པར་དུ་ལུས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སྒོམ་པའི་བློ་རྩེ་གཏོད་ལུགས་རྣམས་ལེགས་པར་གཏན་ལ་དབབ་དགོས་པར་སྣང་ནའང་མངོན་རྟོགས་སྒོམ་པའི་སྒོམ་རིམ་ཉིད་བཤད་པའི་སྐབས་སུ་བབ་པར་སྣང་བས་དེར་བཤད་པར་བྱའོ། །ལྔ་པ་ནི། ཡན་ལག་ཅེས་པ་ནས་གསུངས་པ་ཞེས་པའི་བར་གྱིས་མཚམས་སྦྱར་
ནས་ལག་པ་གཡས་ལ་གཤིན་རྗེ་གཤེད། ཅེས་པ་ནས་གནོད་མཛེས་རྒྱལ་བོ་རྣམ་པར་བསམ། ཞེས་པའི་བར་གྱི་མདོར་བྱས་ཀྱི་གཞུང་དྲངས་པས་ནི་རྒྱུ་བསྟན་ལ། སྒྲུབ་པ་པོ་ཞེས་པ་ནས་བསྡིགས་པར་མཛད་དོ། །ཞེས་པའི་བར་གྱིས་ནི་འབྲས་བུ་བསྟན་ཏོ། །དོན་ནི་ཡན་ལག་གི་གནས་བཅུར་ཁྲོ་བོ་བཅུ་པཀོད་ནས་བསྒོམས་པས་འབད་པ་སྟེ་ཐོགས་པ་མེད་པར་རང་གི་ལུས་ལས་དེ་འདྲ་བའི་ཁྲོ་བོ་བྱུང་ནས་རང་ལ་གནོད་པའི་བགེགས་ཕྱོགས་བཅུར་གནས་པ་རྣམས་འཇོམས་པའོ། །སྔར་བཤད་པ་འདིས་བསྟན་པ་ནི་རྩ་རྒྱུད་ལས་གསུངས་ཏེ་ཁྲོ་བོ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །ཞེ་སྡང་ནི་མི་བསྐྱོད་པ་ཡིན་ལ་གནས་ནི་དེ་སྐྱེད་པའི་རྒྱུ་ཡི་གེ་ཧཱུཾ་སྟེ་དེ་ལས་ཁྲོ་བོ་རྣམས་སྐྱེས་པའོ། །གསོད་ལ་བརྩོན་པ་ནི་གདུག་པ་འདུལ་བའི་ལས་ཅན་ནོ། །སྒྲུབ་པ་མཆོག་གི་ཆོས་ཅན་ནི་ཤིན་ཏུ་རྟུལ་ཞུགས་ཅན་གྱི་སྒྲུབ་པ་པོའོ། །གསོད་པའི་དོན་ནི་དྲག་ལས་ཏེ་ངེས་འདོད་པའི་དོན་སྒྲུབ་པར་བྱེད་པའོ། །སྐུ་དཀྱིལ་གྱི་ལྷ་རྣམས་ལུས་ཀྱི་ཆ་གང་ལ་དགོད་པ་ནི་རྣམ་གཞག་དང་པོའི་ཤིན་ཏུ་རྣལ་འབྱོར་གྱི་སྐབས་སུ་བབ་པ་ཡིན་མོད་ཀྱང་དེ་ལྟར་བཀོད་པའི་འབྲས་བུ་སྐབས་འདིར་སྟོན་པ་ན་དེའི་ཡན་ལག་ཏུ་བསྟན་པ་ཙམ་མོ། །སྐྱེ་མཆེད་ལ་ས་སྙིང་སོགས་བཀོད་པ་ལ་བརྟེན་ནས་དེ་དག་མཐར་འོད་གསལ་དུ་འཇུག་པའི་འབྲས་བུ་གསུངས་པ་ནི་ཕུང་བོ་ལ་སོགས་པ་གཞན་ལ་ཡང་འདྲ་བས་ལུས་དཀྱིལ་གྱི་
ལྷ་རྣམས་ཀྱིས་ཕུང་སོགས་སྦྱོང་བར་གསུངས་པའི་དོན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེའི་ཕྱིར་དེ་བཞིན་ཉིད་ལས་བྱང་ཆུབ་པ་བསྒོམ་པ་ན་སྔོན་དུ་ལྷ་རྣམས་ལུས་ལ་བཀོད་ནས་དེ་ནས་རྟེན་དེ་འོད་གསལ་དུ་འཇུག་པར་གསུངས་ཏེ་གཞིའི་སྐབས་སུ་ཕུང་སོགས་མཐར་འཆི་བའི་འོད་གསལ་དུ་འཇུག་པ་ལམ་དུ་སློང་བའོ། །གཞིའི་སྐབས་སུ་ཕུང་སོགས་ཐིམ་པའི་རིམ་པ་ཇི་བཞིན་པའི་ལམ་ནི་རིམ་པ་གཉིས་པའི་སྐབས་མིན་པར་མི་སྐྱེ་ཡང་དེ་སྐྱེ་བ་ནི་སྔོན་དུ་རིམ་པ་དང་པོས་འདི་ལྟར་སྦྱངས་པ་ལ་ལྟོས་པས་ན་ལས་དང་པོ་ལ་རིམ་པ་དང་པོ་གལ་ཆེའོ། །མདོར་བྱས་ལས་སྐུའི་དཀྱིལ་འཁོར་གསུངས་པ་སྲིད་པ་སྐྱེ་རིམ་དང་སྦྱོར་བའི་རྣམ་གཞག་ནི་རྣམ་གཞག་དང་པོར་བསྟན་ཟིན་པས་ལེའུ་འདི་ནི་དེའི་སྐབས་ཀྱི་དཀྱུས་ཀྱི་རྣལ་འབྱོར་འགའ་ཞིག་ཁ་སྐོང་བ་དང་དེ་ལྟར་སྒོམ་པའི་དགོས་པ་མཐའ་གཅོད་པའི་རྣམ་གཞག་གོ །སྐུའི་དཀྱིལ་འཁོར་གྱི་རྣམ་གཞག་རིམ་པར་ཕྱེ་བ་སྟེ་ལེའུ་གཉིས་པའི་རྣམ་བཤད་དོ།། །།གསུམ་པ་ཕྱུང་བའི་དཀྱིལ་འཁོར་གྱི་རྣམ་གཞག་རིམ་པ་ལ་གསུམ། ཕྱུང་བའི་དཀྱིལ་འཁོར་དངོས། ཕྱུང་བའི་རྟེན་གྱི་དཀྱིལ་འཁོར་ལུང་གིས་བསྒྲུབ་པ། དྲིས་ལན་གྱིས་དོགས་པ་བཅད་པའོ། །དང་པོ་ལ་བཞི། སྐུའི་དཀྱིལ་འཁོར་ལས་ཕྱུང་བའི་དཀྱིལ་འཁོར་བསྐྱེད་ཚུལ། འབྱིན་པའི་སྔགས་ཀྱི་དོན་བཤད་པ། ཕྱུང་བའི་ལྷས་འཕྲིན་ལས་མཛད་ནས་རང་གནས་སུ་འཁོད་པ། དེ་དག་གི་ཕྱག་མཚན་དང་སྐུ་མདོག་ལ་
སོགས་པ་བསྟན་པའོ། །དང་པོ་ནི། དེ་ལྟར་སྐུའི་དཀྱིལ་འཁོར་ལ་ལྷ་རྣམས་དགོད་པའི་རྒྱུ་དང་འབྲས་བུ་ཤེས་པའི་སྔགས་པས་སྤྲུལ་བར་བྱ་སྟེ་ཞེས་སྦྱར་རོ། །གང་ན་ཕྱུང་བའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རོ། །གང་ལས་ཕྱུང་ན་པདྨར་བསྐྱེད་པ་རྣམས་ཐུགས་ཀར་དྲངས་ཏེ་དེ་ནས་ཕྱིར་འབྱིན་པ་དང་ལུས་ལ་བཀོད་པའི་ལྷ་རྣམས་ཐིག་ལེར་ཞུ་བ་རྡོ་རྗེའི་ལམ་ནས་པདྨར་ཕྱུང་ནས་བསྐྱེད་པ་གཉིས་ཀ་སྐུའི་དཀྱིལ་འཁོར་ལས་ཕྱུང་བའོ། །ཚུལ་ཇི་ལྟར་སྤྲུལ་ན་འོག་ནས་འཆད་པའི་རིམ་པ་འདིས་སོ། །ཅི་ཞིག་གི་ཆེད་དུ་སྤྲུལ་ན་སྔར་བཤད་པ་ལྟར་རང་དོན་སྐུ་གསུམ་ཐོབ་པ་དེས་གཞན་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་དུའོ། །སྒྲོན་གསལ་ལས་ཀྱང༌། ལྷག་མ་དཀྱིལ་འཁོར་གྱི་མཆོག་དང་ལས་ཀྱི་མཆོག་གི་མཐར་ཐུག་པ་ནི་གཞན་གྱི་དོན་ཆེན་པོ་སྒྲུབ་པས་ན་སྒྲུབ་པ་ཆེན་པོ་སྟེ། ཞེས་གསུངས་སོ། །འོ་ན་མདོ་བསྲེ་ལས་མཆོད་པ་ཡན་ཆད་རང་དོན་ཕུན་ཚོགས་ལ་སྦྱར་ཞིང་མི་བསྐྱོད་པ་འབྱིན་པ་མན་ཆད་གཞན་དོན་ཕུན་ཚོགས་ལ་སྦྱར་བ་ཅི་ཡིན་སྙམ་ན། མདོ་བསྲེ་ལས། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་འདོད་པས་ཐར་བ་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ཞེས་སོགས་སྔར་དྲངས་པ་ལྟར། སྔོན་བྱུང་ལ་སྟོན་པ་འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་ལ་ཞུགས་པ་བཞིན་དུ་རྗེས་འཇུག་གིས་རིག་མ་ལ་སྙོམས་པར་ཞུགས་པ་ལ་བརྟེན་ནས་ཆགས་པ་ལམ་དུ་
བྱས་ཏེ་རང་གི་དོན་སྒྲུབ་ པ་ལ་དགོངས ་ནས་རང་དོན་དུ་གསུངས་ལ། སྙོམས་པར་ཞུགས་པ་དེ་ཉིད་དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་བའི་ཡན་ལག་ཏུ་འགྱུར་ པ་ལ་དགོངས ་ནས་གཞན་དོན་སྒྲུབ་བྱེད་དུ་གསུངས་པས་མི་འགལ་ལོ། །དེ་ལྟར་ན་གཟུངས་དཀྱིལ་སྤྲུལ་བ་སྔ་མ་རྣམས་ཀྱིས་སྤྱོད་པའི་སྐབས་ལ་སྦྱར་བ་ཡང་རུང་མོད་ཀྱང་མདོ་བསྲེ་དང་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་གཉིས་ཀ་ནས་དངོས་སུ་སྐབས་འདིར་སྦྱར་བ་ལྟར་སྦྱར་དགོས་ཤིང༌། ཏིང་ངེ་འཛིན་དེ་ལ་དྲང་ངེས་གཉིས་ཀྱི་བཤད་པ་སྒྲོན་གསལ་ལས་མཛད་པའི་དྲང་དོན་གྱི་ཚུལ་འདིར་སྦྱར་ནས་དེ་ལས་ཏིང་ངེ་འཛིན་ཅི་སྐྱེད་པ་སོགས་ཤེས་པར་བྱའོ། །དཀྱིལ་འཁོར་སྤྲུལ་བ་དེ་ལ་རིམ་པ་ནི་འདི་ཡིན་ཏེ་མི་བསྐྱོད་པའི་སྒྲུབ་པ་པོ་ཡིན་ན་སྨེ་ཤ་ཅན་གྱི་བུ་མོ་རིག་མར་བྱ་དགོས་པ་ལྟ་བུ་སྒྲུབ་པ་པོ་རང་རང་གི་རིགས་ཀྱི་བུ་མོ་སེམས་ལས་སྤྲོ་བ་སྟེ་ཡིད་ཀྱིས་སྤྲུལ་བའམ་ཡང་ན་རིགས་དེ་དང་དེའི་ཕྱིར་རོལ་གྱི་བུ་མོ་བླངས་ལ་སྤྲུལ་བར་བྱའོ། །མདོར་བྱས་ལས། ཕྱི་རོལ་གྱི་བུ་མོ་ཙམ་ལས་མ་གསུངས་ཀྱང་མདོ་བསྲེ་དང་གཞུང་འདིར་ཡེ་ཤེས་ཀྱི་ཕྱག་རྒྱ་ད་གདམ་ང་ཅན་དུ་གསུངས་ཤིང་རང་གི་རིགས་ཀྱི་བུ་མོ་འབྱིན་པར་གསུངས་པས་ཐོག་མར་རིག་མ་རང་དགའ་བའི་རྣམ་པ་ཅན་ཅིག་ཕྱུང་ནས་དེ་ནས་རེག་བྱ་རྡོ་རྗེ་མ་སོགས་ཀྱི་ལྷ་མོར་བསྐྱེད་དགོས་ཏེ་འབྱིན་པའི་གནས་ནི་སྙིང་ག་ནས་བྱ་བར་མདོ་བསྲེ་ལས་གསུགས་སོ། །དེ་ནས་སྒྲུབ་ཐབས་མདོར་བྱས་ལས་གསུངས་པའི་རིག་མ་འདུ་བྱ་བ་དང་རྡོ་རྗེ་དང་
པདྨ་འདུ་བྱ་བའི་རིམ་པས་ཡབ་ཡུམ་གྱི་དབང་བོ་གཉིས་མཉམ་པར་སྦྱོར་བར་བྱ་སྟེ་ལྷ་སོ་གཉིས་པོ་ཐམས་ཅད་ཀྱི་འཁོར་ལོ་བསྐྱེད་ནས་སྤྲོ་བར་བྱའོ། །དེ་ལ་སྔོན་དུ་གཞལ་ཡས་ཁང་བསྒྲུབས་ལ་དེ་ནས་ལྷ་བསྐྱེད་དེ་སྒྲུབ་པའི་ཚུལ་ནི་མདོར་བྱས་ལས་གསུངས་པའི་རིམ་པས་བྱའོ། །དེ་ཡང་སའི་ཆ་གཉིས་པོསྐྱེད་མི་དགོས་ཀྱི་ཐིག་ལེ་ལས་བྷྲུཾ་ཡིག་དང་དེ་ལས་གཞལ་ཡས་ཁང་གི་མཚན་ཉིད་རྫོགསཔར་བསྐྱེད་པའོ། །མདོ་བསྲེ་ལས། འབྱིན་པའི་སྐབས་སུ་ཕཊ་ཅེས་བརྗོད་ལ་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་འབྱུང་གནས་སུ་བསྒྲོམས་ལ་སྔར་བཤད་པའི་གཞལ་ཡས་ཁང་གི་དབུས་ན་གནས་པར་བྱའོ་ཞེས་གསུགས་པ་ནི། ཐིག་ལེ་རྡོ་རྗེ་ནས་ཕྱིར་འབྱིན་པའི་དུས་སུ་དེ་ལྟར་བྱས་ནས་དེ་ནས་དོན་གྲུབ་ཀྱི་ང་རྒྱལ་གྱིས་སྔགས་བརྗོད་པར་གསུགས་པས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་གཞལ་ཡས་ཁང་དུ་གནས་ཚུལ་སྟོན་པ་མིན་པས་ལུང་དེས་གཞལ་ཡས་ཁང་སྐབས་འདིར་བསྐྱེད་མི་དགོས་པར་སྟོན་པ་མིན་ནོ། །དེས་ན་མདོར་བྱས་དང་མདོ་བསྲེ་ལས་གསར་དུ་གཞལ་ཡས་ཁང་བསྐྱེད་པ་མ་གསུངས་ཀྱང་གཞུང་འདིར་གསལ་བར་གསུངས་པས་དགོས་སོ། །ལྷ་བསྐྱེད་ཚུལ་ནི་ཐིག་ལེ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དང་འོག་ནས་འབྱུང་བ་ལྟར་སྔགས་ཀྱི་ཡིག་འབྲུའི་གཟུགས་ལས་བསྐྱེད་ཅིང་ཞེས་པའོ། །དེ་ནས་སྤྲུལ་ཚུལ་ནི་ཡུལ་གྱི་མཁའ་
ནས་ཡབ་ཀྱི་ཐུགས་ཀར་དྲངས་ལ་བཛྲ་དྷྲིཀ་ལ་སོགས་པ་སོ་སོའི་འབྱིན་སྔགས་བརྗོད་དེ་ཐུགས་ཀ་ནས་ཕྱིར་སྤྲོ་བར་བྱའོ། །གཉིས་པ་ནི། ཕྱུང་བའི་དཀྱིལ་འཁོར་བའི་ལྷ་རྣམས་ཀྱི་འབྱིན་སྔགས་ཀྱི་དོན་བསྟན་པར་བྱ་སྟེ། དེ་བཞིན་ཉིད་ལས་བྱང་ཆུབ་པ་ལ་སོགས་པ་མངོན་བྱང་ལྔ་སྟོན་པ་སྟེ་མཚོན་པར་བྱེད་པའི་རྡོ་རྗེ་གཡས་ཀྱི་ཕྱག་དང་པོ་ན་བསྣམས་པས་ན་བཛྲ་དྷྲིཀ་སྟེ་རྡོ་རྗེ་འཆང་ངོ་། །རྡོ་རྗེ་འཆང་འདིས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་ཞེ་སྡང་རྣམ་པར་སྦྱངས་ནས་སླར་བྱོན་ཏེ་སྔར་གྱི་རྡོ་རྗེ་འཆང་ཆེན་པོ་དང་ལྷན་ཅིག་གཉིས་སུ་མེད་པར་འདྲེས་པར་གྱུར་ཏེ་མི་བསྐྱོད་པ་དྲག་པོ་ཞེ་སྡང་རྡོ་རྗེའི་གཟུགས་ཀྱིས་དཀྱིལ་འཁོར་གྱི་དབུས་ན་བཞུགས་སོ། །ཁ་སྦྱར་སྦྱོར་བ་ནི་ཕྱུང་བའི་མི་བསྐྱོད་པ་རྡོ་རྗེ་འཆང་དང་དབྱེར་མེད་དུ་འདྲེས་པ་བཤད་ཟིན་པས་རེག་བྱ་རྡོ་རྗེ་མ་དང་ཞལ་སྦྱར་བའི་སྦྱོར་བས་བཞུགས་པ་ལ་བྱའོ། །བཛྲ་དྷྲིཀ་གི་སྔགས་ཀྱིས་ཕྱུང་བ་ནི་མི་བསྐྱོད་པ་ཡིན་ན་དེ་རྡོ་རྗེ་འཆང་དུ་ཇི་ལྟར་རིགས་སྙམ་ན། སྐྱོན་མེད་དེ་བཛྲ་ནི་རྡོ་རྗེ་ཡིན་ལ་དྷྲིཀ་ནི་འཛིན་པའམ་འཆང་བ་ཡིན་པས་སྔགས་དེའི་སྒྲ་བཤད་པའི་རྒྱུ་མཚན་ཡོད་པའི་དབང་དུ་བྱས་ནས་རྡོ་རྗེ་འཆང་དུ་གསུངས་པ་ཡིན་གྱི་རིགས་དྲུག་པ་རྡོ་རྗེ་འཆང་ནི་མ་ཡིན་ནོ། །དེས་ན་གཞུང་ལས་རྡོ་རྗེ་འཆང་ཆེན་པོ་ཞེས་གསུངས་པ་ནི་དྲུག་པ་ཡིན་ལ་སྒྲ་བཤད་པའི་རྒྱུ་མཚན་ཡོད་པ་ནི་མི་བསྐྱོད་པ་སྟེ་དཔེར་ན་མཚོའི་ནང་གི་སྦལ་པ་ལ་མཚོ་སྐྱེས་ཀྱི་སྒྲ་བཤད་པའི་རྒྱུ་མཚན་ཡོད་ཀྱང་མཚོ་སྐྱེས་མིན་པ་བཞིན་ནོ། །དེ་བཞིན་དུ་ཞེས་པ་ནི་སེམས་
ཅན་གྱི་ཉོན་མོངས་སྦྱངས་ནས་སླར་བྱོན་ཏེ་རང་གི་གནས་སུ་བཞུགས་པ་སྔར་ལྟར་སྦྱོར་བའི་དོན་ནོ། །རྩིབས་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོས་ལྷའི་བུ་དང་ཕུང་བོ་དང་ཉོན་མོངས་པ་དང་འཆི་བདག་གི་འདུད་ལས་རྒྱལ་བས་ན་ཛི་ན་ཛི་ཀ་སྟེ་རྒྱལ་བ་རྒྱལ་ལོ། །རཏྣ་ནི་སེམས་ཅན་གྱི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་རིན་པོ་ཆེ་ཆ་དགུ་པའོ། །དྷྲིཀ་ནི་དེ་བཛིན་པས་ན་རིན་ཆེན་འཆང་ངོ༌། །ཨཱ་ནི་མ་ལུས་པ་དང་རོ་ནི་འཁོར་བ་དང་ལིཀ་ནི་དེ་ལས་འདས་ཤིང་འགྲོ་བས་ན་འཁོར་བ་འདས་སོ། །ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ནི་པྲཛྙཱ་ཞེས་པ་ཤེས་རབ་སྟེ་དྷྲིཀ་ནི་དེ་འཛིན་པས་ན་ཤེས་རབ་འཆང་ངོ༌། །མོ་ཧ་ར་ཏི་དང་དྭེ་ཥ་ར་ཏི་དང་རཱ་ག་ར་ཏི་དང་བཛྲ་ར་ཏི་བཞི་ནི་གཏི་མུག་དགའ་མ་ནས་རྡོ་རྗེ་དགའ་མ་ཞེས་པ་ཡན་ལ་གཏི་མུག་ལ་སོགས་བཞི་ནི་རྣམ་སྣང་ནས་དོན་གྲུབ་ཀྱི་བར་ཡིན་ཞིང་དེ་དག་ལ་དགའ་བས་ན་དེ་སྐད་དུ་བཏགས་སོ། །ཀྵི་ཏི་ནི་ས་སྟེ་ས་ལྟར་མི་གཡོ་བའི་ཏིང་ངེ་འཛིན་དེ་ཉིད་གརྦྷ་ནི་སྙིང་བོ་སྟེ་ནང་གི་བདག་ཉིད་གང་ལ་ཡོད་པ་དེ་ནི་ས་སྙིང་ངོ༌། །བཛྲ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་སྟེ་དེ་ཕྱག་ན་འཆང་བར་མཛད་པས་ན་བཛྲ་པཱ་ནི་སྟེ་ཕྱག་རྡོར་རོ། ནམ་མཁའ་ནི་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་ཏེ་དེ་ཉིད་སྙིང་བོ་ཡིན་པས་ན་ཁ་གརྦྷ་སྟེ་ནམསྙིང་ངོ༌། །ལོ་ཀི་ཤྭ་ར་དང་མཉྫུ་ཤྲཱི་དང་སརྦ་ནི་ཝ་ར་ན་བི་སྐཾ་བི་ནི་དང་ས་མནྟ་བྷ་དྲ་དང་མཻ་ཏྲི་ནི་འཇིག་རྟེན་དབང་ཕྱུག་ནས་
བྱམས་པའི་བར་གྱི་འབྱིན་སྔགས་ཡིན་ལ་སྔགས་དེ་དག་གི་དོན་གཞན་ནི་གོ་སླ་ཞིང་སྐུའི་འོད་གསལ་ཞིང་ཡིད་དུ་འོང་བ་ནི་འཇམ་པའི་དོན། །བསྐུལ་བ་ནི་གཞན་གྱི་ཡིད་དོ། །རཱུ་པ་དང་ཤཔྟ་དང་གནྷེ་དང་ར་ས་དང་སྤར་ཤ་རྣམས་ལ་བཛྲ་ཞེས་སྦྱར་བ་ནི་རྡོ་རྗེ་མ་ལྔའི་འབྱིན་སྔགས་སོ། །རཱུ་པ་སོགས་ལྔ་ནི་བལྟ་བར་བྱ་བས་ན་གཟུགས་ཞེས་སོགས་ཡུལ་ལྔ་ཡིན་ལ་རྡོ་རྗེའི་སྒྲས་ནི་ཡུལ་དེ་དག་གི་ལྷ་མོའི་རང་བཞིན་གྱིས་གཟུགས་སོགས་དག་པར་བྱེད་པ་བསྟན་ནོ། །ཡ་མཱན་ཏ་ཀྲྀད་པད་མཱ་ན་ཏ་ཀྲིད་དང་བིགྷྣ་ན་ཏ་ཀྲིད་ནི་ཤར་ལ་སོགས་པ་བཞའི་ཁྲོ་རྣམས་ཀྱི་འབྱིན་སྔགས་སོ། །ཡ་མ་ནི་གཤིན་རྗེ་སྟེ་དམྱལ་བའོ། །ཁྲོ་བོའི་ཏིང་ངེ་འཛིན་ནི་གཤིན་རྗེ་གཤེད་ཀྱིའོ། །ཏ་ཀྲྀད་ནི་མཐར་བྱེད་པ་སྟེ་འཇིག་ཅིང་འཇོམས་པར་མཛད་པའོ། །འཆིང་པ་ནི་ཉོན་མོངས་པའོ། །པདྨ་ལྟར་ནི་དེ་ཆུས་མ་གོས་པ་བཞིན་དུ་ཆགས་སོགས་ཀྱིས་མ་གོས་པའོ། །ཨ་ཙ་ལ་དང་ཊཀྐི་རཱ་ཛཱ་དང་ནཱི་ལ་དནྜ་དང་མཧཱ་བཱ་ལ་ནི་མཚམས་ཀྱི་ཁྲོ་བོ་བཞིའི་འབྱིན་སྔགས་སོ། །འཇིག་རྟེན་གྱི་ཆོས་བརྒྱད་ནི་རྙེད་པ་དང་ལྐོག་ཏུ་སྙན་པར་སྨྲ་བ་དང་བདེ་བ་དང་དངོས་སུ་བསྟོད་པ་བཞི་ལ་དམིགས་ནས་ཡིད་བདེ་བ་དང༌། དེ་ལས་བཟློག་པ་བཞི་ལ་དམིགས་ནས་ཡིད་མི་བདེ་བ་སྐྱེ་བ་ཡིན་གྱི་རྙེད་པ་ལ་སོགས་པ་ནི་མ་ཡིན་ནོ། །དེ་དག་གིས་སེམས་བསྐྱོད་པ་ནི་ཙ་ལ་སྟེ་གཡོ་བ་ཡིན་ལ་དེ་རྣམས་བཅོམ་པས་ན་ཨ་ཙ་ལ་སྟེ་མི་གཡོ་བའོ། །ཊཀྐི་ནི་འདོད་པ་སྟེ་འདིར་
འདོད་པ་ལ་ཆགས་པའོ། །དེ་བསལ་ཞིང་དག་པར་བྱེད་བས་ན་རཱ་ཛཱ་སྟེ་རྒྱལ་བོའོ། །ནཱི་ལ་ནི་སྔོན་པོ་སྟེ་སྡིག་པའི་ལས་སོ། །དཎྜ་ནི་དབྱིག་པ་སྟེ་དེ་ཆད་བས་ཚར་གཅོད་པའོ། །དོན་དམ་པའི་སྟོབས་ཀྱིས་སེམས་ཅན་གྱི་ཉོན་མོངས་པ་འཇོམས་པས་ན་བཱ་ལ་ནི་སྟོབས་དང་མ་ཧཱ་ནི་ཆེན་པོ་སྟེ་སྟོབས་པོ་ཆེའོ། །ཨུཥྞཱ་ཥ་ཙཀྲ་ཝ་རྟི་དང་སུཾ་བྷ་རཱ་ཛཱ་ནི་སྟེང་འོག་གི་ཁྲོ་བོ་གཉིས་ཀྱི་འབྱིན་སྔགས་སོ། །སེམས་ཅན་རྣམས་ལ་ཁམས་གསུམ་ལས་གྲོལ་བའི་ཡེ་ཤེས་སྩོལ་བས་ན་ཨུཥྞཱ་ཥ་སྟེ་གཙུག་ཏོར་དང་ཙཀྲ་ཝ་རྟི་ནི་འཁོར་ལོས་སྒྲུར་བའོ། །ཕྱོགས་བཅུའི་བགེགས་བཀུག་ནས་ཕུར་བུས་འདེབས་བས་ན་སུཾ་བྷ་རཱ་ཛཱ་སྟེ་གནོད་མཛེས་རྒྱལ་བོའོ། །གསུམ་པ་ནི། ལྷ་ཞེས་པ་ནས་གྱུར་ཏོ། །ཞེས་པའི་བར་གྱིས་ནི་འབྱིན་སྔགས་དེ་དག་གིས་ཕྱུང་བའི་ལྷ་དང་དེའི་མཛད་པ་སོགས་སྟོན་ཏེ། ལྷ་གྲངས་ནི་སོ་གཉིས། ངོ་བོ་ནི་སྤྲུལ་བའི་སྐུ་ཞལ་ཕྱག་ནི་གསུམ་དང་དྲུག་པ་མཚན་མའི་ཕྱག་རྒྱ་སྟེ་རྡོ་རྗེ་སོགས་ཀྱི་ཕྱག་མཚན་ཕྱག་ན་བསྣམས་པ་སྤྲུལ་ལོ་ཞེས་སྦྱར་རོ། །གང་ལས་སྤྲུལ་བ་ནི་བྱང་ཆུབ་ནས་གཟུགས་ཀྱིས་ཞེས་པའི་བར་རོ། །སྐུ་དཀྱིལ་ལས་བྱུང་བ་ནི་ཐུགས་ཀ་ནས་ཕྱིར་འཐོན་པའོ། །འབད་པ་མེད་པ་ནི་ཐོགས་པ་མེད་བའོ། །ལྷ་དེ་དང་དེའི་ཏིང་ངེ་འཛིན་གྱིས་སེམས་ཅན་གྱི་ཉོན་མོངས་སྦྱོང་བ་ལ་དུག་གསུམ་སྨོས་པ་ནི་གཙོ་བོ་བརྗོད་པའོ། །དེ་ལྟར་འཛད་པའི་དགོས་པ་ནི་རང་གི་བསོད་ནམས་ཀྱི་
ཚོགས་འཕེལ་བའི་དོན་དུ་སྟེ་སེམས་ཅན་གྱི་ཁམས་མཐའ་མེད་པ་ལ་དམིགས་ནས་ལྷའི་སྐུ་དེ་སྙེད་སྤྲོས་ཏེ་སྦྱངས་པས་བསོད་ནམས་ཀྱང་དེ་སྙེད་འཐོབ་པའོ། །འདིར་མདོ་བསྲེ་ལས། དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཕྱུང་ནས་དེ་རྣམས་ཀྱིས་གཏི་མུག་ལ་སོགས་པ་ལ་རྗེས་སུ་དགའ་བའི་སེམས་ཅན་རྣམས་ཡང་དག་པར་སྦྱངས་ནས་བསྡུས་ཏེ་ཡེཤེས་ཀྱི་འཁོར་ལོ་བཅུག་ལ་སླར་བཀུག་སྟེ། གནས་ཇི་ལྟ་བ་བཞིན་དུ་གནས་པར་བྱས་ལ་ཕྱག་རྒྱ་བཞིས་རྒྱས་བཏབ་པ་འདི་ནི་དཀྱིལ་འཁོར་རྒྱལ་བོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏེ་གཉིས་པོའོ། །ཞེས་ལྷ་རྣམས་ལ་ཕྱག་རྒྱ་བཞིས་། རྒྱས་གདབ་པར་གསུངས་སོ། །བཞི་པ་ནི། རྡོ་རྗེ་ནས་དྲིལ་བུའི་བར་དྲུག་ནི་གྲངས་བཞིན་དུ་མི་བསྐྱོད་པ་རྣམ་སྣང་རིན་འབྱུང་འོད་དཔག་མེད་དོན་ཡོད་གྲུབ་པ་རྡོ་རྗེ་འཆང་སྟེ་དེ་བཞིན་གཤེགས་པ་དྲུག་གི་མཚན་མར་གསུངས་ཏེ་དེ་ཉིད་མཚོན་ཆ་ལྟ་བུར་ཕྱག་ན་བསྣམས་སོ། །རྡོ་རྗེ་ནི་ཐུགས་མཚོན་པའི་མཚན་མ་ཡིན་པས་མི་བསྐྱོད་པའི་མཚན་མ་ཡིན་ལ་དྲིལ་བུ་ནི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྒྲ་འབྱུང་བ་མཚོན་པས་སྟོན་པའི་གཙོ་བོ་རྡོ་རྗེ་འཆང་གི་མཚན་མའོ། །ལྷ་རྣམས་ཀྱི་མདོག་ནི་དང་པོ་ལྷའི་རྣལ་འབྱོར་ལ་སློབ་པའི་དུས་སུ་མདོར་བྱས་ནས་གསུགས་པ་ལྟར་སྔོ་སེར་ལ་སོགས་པ་སྣ་ཚོགས་ཡིན་ལ། ཕྱིས་ནུས་པ་རྙེད་ནས་ལས་སྒྲུབ་པའི་སྐབས་སུ་ནི་ཞི་བ་ལ་ཐམས་ཅད་དཀར་བོ་དང་རྒྱས་པ་ལ་སེར་བོ་དང་སོགས་ཀྱིས་བསྡུས་པ་དབང་
ལ་དམར་བོ་དང་དྲག་པོ་ལ་ནག་པོ་སྟེ་ལས་ཀྱི་དབྱེ་བ་ཡིས་ཁ་དོག་སོ་སོར་དབྱེ་བར་བྱའོ། །མདོག་ཨིནྡྲ་ནཱི་ལ་ལྟ་བུའོ་ཞེས་པ་ནི་གཙོ་བོའི་ཁ་དོག་ལ་དོགས་པ་གཅོད་པ་སྟེ། དེ་ཡང་མདོར་བྱས་ལས། ཞེ་སྡང་རྡོ་རྗེའི་གནས་ལ་བཞུགས། །ཨིནྡྲ་ནཱི་ལའི་འོད་འབར་བ། ཞེས་མཐིང་ནག་གི་འོད་འབར་བར་གསུངས་པ་ནི་སྐུ་ལས་འཕྲོས་པའི་འོད་ཀྱི་ཁ་དོག་སྟོན་པ་ཡིན་ནམ་སྙམ་ན། སྐུ་མདོག་མཐིང་གར་སྟོན་པ་ཡིན་གྱི་འཕྲོས་པའི་འོད་ཀྱི་ཁ་དོག་མིན་ཏེ་སྐུ་ལ་རིན་པོ་ཆེ་ཁ་དོག་ཐམས་ཅད་ཀྱི་རྒྱན་དང་ལྡན་པའི་ཕྱིར་སྔོ་སེར་ལ་སོགས་པའི་འོད་སྣ་ཚོགས་འཕྲོ་བས་སོ། །གཉིས་པ་ནི། ཕྱུང་བའི་དཀྱིལ་འཁོར་འདི་ཉིད་བཤད་པའི་ཕྱིར་དུ་འདུས་པའི་རྩ་བའི་རྒྱུད་ལས་དེ་ནས་ཞེས་པ་ནས་གསུངས་སོ་ཞེས་པའི་བར་རོ། །སྔོན་བྱུང་ལ་མི་བསྐྱོད་པས་བྷ་ག་ལ་དཀྱིལ་འཁོར་སྤྲུལ་བ་ཡིན་ལ་དེ་རྗེས་འཇུག་གི་ཉམས་ལེན་ལ་སྦྱར་ན་མི་བསྐྱོད་པ་ནི་རྣལ་འབྱོར་བཞིས་བསྒྲུབས་པའི་རྡོ་རྗེ་འཆང་གི་ང་རྒྱལ་འཛིན་པའི་སྒྲུབ་པ་པོའོ། །བཙུན་མོ་ནི་འདུ་བྱས་པའི་རིག་མ་ཡིན་ལ་བྷ་ག་ནི་དེའི་པདྨ་སྟེ། བཙུན་མོ་ལེགས་སྦྱངས་ཕྱག་རྒྱ་སྟེ། །ལེགས་སྦྱངས་པདྨ་བྷ་ག་ཡིན། ཞེས་སྟོན་པ་དང་གནས་ཕུན་ཚོགས་སྤྱི་དོན་དུ་བཤད་པའི་སྐབས་སུ་སྒྲོན་གསལ་དུ་དྲངས་པ་དང་འདྲའོ། །དཀྱིལ་འཁོར་རྡུ་ལ་དང་བྲལ་བ་བྱིན་གྱིས་བརླབས་པ་ནི་ཡུལ་གྱི་པདྨའི་ནང་དུ་དྲི་མ་མེད་པའི་དཀྱིལ་འཁོར་གྲུ་བཞི་སྒོ་
བཞི་ལ་སོགས་པ་སྤྲུལ་བའོ། །དེ་སུའི་དཀྱིལ་འཁོར་ཡིན་ན་དམ་ཚིག་ཆེན་པོའི་ཡིན་ལ། དེ་ཡང་སྒྲོན་གསལ་ལས། རྡོ་རྗེ་འཆང་ཆེན་པོ་ལ་བཤད་ པ་ནི་ལྷག་མོས་ཀྱི་དཀྱིལ་འཁོར་ལ་དགོངས ་ལ་འདིར་ནི་གཙོ་བོ་འཕོ་བའི་དབང་གིས་མ་ངེས་པས་མི་བསྐྱོད་པ་ལ་སོགས་པ་སྐབས་སུ་གང་བབ་པའི་གཙོ་བོ་ལ་བྱའོ། །དེའི་མཚན་ཉིད་ནི་ཤེལ་གྱི་ནང་གི་གཟུགས་བཞིན་དུ་གསལ་བ་སྟེ་ཕྱི་ནས་ཀྱང་ལྷ་རྣམས་མཐོང་བའོ། །ཨིནྡྲ་ནཱི་ལ་ལ་སོགས་པ་ཁ་དོག་སྣ་ཚོགས་པའི་གཟུགས་ཀྱིས་ཀུན་ཏུ་རྒྱས་པ་སྟེ་ཁྱད་པར་དང་ལྡན་པ་དང་སངས་རྒྱས་སྤྲིན་གྱིས་ཁྱབ་པ་ནི་ཕྱུང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཁྱབ་པ་ལ་སྒྲོན་གསལ་ལས་གསུངས་ཤིང་སྤྲོས་པའི་དཀྱིལ་འཁོར་གྱི་ལྷ་ཞེས་ཏ་ཐཱ་ག་ཏ་རཀྵི་ཏས་བཤད་དོ། སྒྲོན་གསལ་དུ་ལྷག་མོས་ཀྱི་དཀྱིལ་འཁོར་ལ་གསུངས་པ་དང༌། གཞུང་འདིར་པདྨར་དཀྱིལ་འཁོར་སྐྱེད་པའི་ཁུངས་སུ་མཛད་ པ་གཉིས་ཀ་དོན་གྱི་ཕྱོགས་རེ་ལ་དགོངས ་པར་བྱས་ན་ དགོངས་པ ་མཐུན་ནོ། གཞལ་ཡས་ཁང་གི་ཕྱོགས་བཅུར་གནས་པའི་ཁྲོ་བོའི་འོད་ཟེར་གྱི་ཚོགས་མང་པོ་འཕྲོ་ཞིང་འཁྲུགས་པ་དང་གསལ་བའི་དཀྱིལ་འཁོར་ཏེ་ཟླ་བའི་གདན་ལ་སོགས་པ་རྣམས་དང་ལྡན་པ་ནི་དེ་བཞིན་གཤེགས་པ་ཀུན་གྱི་གནས་དཀྱིལ་འཁོར་རོ། །ཚིགས་བཅད་དེ་དག་ནི་སྒྲོན་གསལ་ནས་བཀྲལ་བ་ལྟར་འདིར་ཡང་བཤད་པས་ཆོག་པར་སྣང་བས་བཤད་པ་ཡིན་ནོ། །མདོར་བྱས་དང་མདོ་བསྲེ་ལས་ཡུམ་གྱི་པདྨར་རྟེན་གྱི་
དཀྱིལ་འཁོར་སྐྱེད་པ་མ་བཤད་པས་སློབ་དཔོན་འདིས་བཤད་པ་ལ་ཁུངས་ཅི་ཞིག་ཡོད་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ། བཙུན་མོའི་བྷ་ག་ལ་རྟེན་གྱི་དཀྱིལ་འཁོར་སྐྱེད་པ་རྩ་རྒྱུད་ལས་གསལ་བར་གསུངས་པ་དྲངས་པ་ཡིན་པས་ཕྱུང་བའི་རྟེན་གྱི་དཀྱིལ་འཁོར་གྱི་ཁུངས་སུ་ཤེས་པར་བྱའོ། ཕྱུང་བའི་བརྟེན་པའི་དཀྱིལ་འཁོར་གྱི་ལྷ་གྲངས་སོ་གཉིས་ཡིན་པར་སྒྲུབ་པ་ནི་འོག་ནས་སྟོན་ལ་འབྱིན་སྔགས་ཀྱིས་ཕྱུང་ནས་མཛད་པ་མཛད་དེ་སླར་གནས་སུ་འཁོད་པ་ལ་ཁུངས་འགོད་ན་ནི་ལེའུ་དང་པོའི་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་གསལ་བར་གསུངས་པས་སྒྲུབ་པར་རིགས་ཀྱི་བརྟེན་པའི་ལྷའི་རྣམ་གཞག་ཤིན་ཏུ་མི་གསལ་བའི་བསྡུས་པའི་དཀྱིལ་འཁོར་གྱི་གཞུང་གིས་སྒྲུབ་པར་མི་རིགས་སོ། །དེས་ན་བླ་མ་ཁ་ཅིག་གིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཉིས་པོྱས་ནས་ལུང་གིས་སྒྲུབ་པ་མི་རིགས་ཤིང་ཁྱད་པར་དུ་རྟེན་གྱི་དཀྱིལ་འཁོར་ལྷག་མོས་ཀྱི་སྔོན་དུ་སྐྱེད་པ་ལ་བྱེད་པ་ནི་དོན་མིན་ཏེ་དེ་ལུང་གིས་བསྒྲུབས་པས་ཕྱུང་བའི་དཀྱིལ་འཁོར་སྐྱེད་པ་ལ་ཅི་ཡང་མི་ཕན་པའི་ཕྱིར་རོ། །འདི་ཡན་ཆད་རིག་མ་འདུ་བྱ་བ་མན་ཆད་ནི། མདོ་བྱས་ལས། ཆོ་གའི་སྦྱོར་བ་འདི་ཡིས་ནི། །ཕྱག་རྒྱ་བསྒྲུབ་པ་བརྩམ་པར་བྱ། །ཞེས་པ་ནས་ས་ཡི་འོག་ཏུ་དེ་བཞུགས་སོ། །ཞེས་པའི་བར་གྱི་རྣམ་གཞག་གོ །གསུམ་པ་ལ་བཞི། ཕྱག་རྒྱ་བཞིས་ལྷའི་སྐུ་རྒྱས་གདབ་པ་ལ་དྲིས་ལན་གྱི་དོགས་པ་བཅད་པ། འདུས་པའི་ལྷ་
རྣམས་ཞལ་གསུམ་པར་བཤད་པ་ལ་དྲིས་ལན་གྱིས་དོགས་པ་བཅད་པ། དཀྱིལ་འཁོར་གྱི་ལྷ་གྲངས་མི་མཐུན་པ་ལ་དྲིས་ལན་གྱིས་དོགས་པ་བཅད་པ། སྒྲུབ་པ་པོའི་ལུས་ལ་བཀོད་པ་ལ་དྲིས་ལན་གྱིས་དོགས་པ་བཅད་པའོ། །དང་པོ་ལ་གཉིས། དྲི་བ་དང་། ལན་ནོ། དང་པོ་ནི། སློབ་མས་གསོལ་བ། གལ་ཏེ་འདུས་པའི་རྒྱུད་འདི་ལ་ལག་པའི་ཕྱག་རྒྱ་འཆིང་བ་མེད་ན་ཇི་ལྟར་ན་ཕྱག་རྒྱ་བཞིས་རྒྱས་བཏབ་པའི་ལྷའི་སྐུ་སྐྱེད་པར་འགྱུར་ཏེ་མི་འགྱུར་རོ། །ཞེས་དྲིས་པ་སྟེ། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་བསྐྱེད་པ་ན་ཕྱག་རྒྱ་བཞིས་རྒྱས་འདེབས་པར་བཤད་པ་དང་ལག་པའི་ཕྱག་རྒྱ་མེད་པ་གཉིས་འགལ་ཏེ། །དམ་རྒྱ་དང་ལས་རྒྱ་དང་ཕྱག་ཆེན་ལ་ལག་པའི་ཕྱག་རྒྱ་འཆིང་དགོསཔས་སོ་སྙམ་དུ་བསམས་པའོ། །གཉིས་པ་ནི། དེའི་ལན་སློབ་དཔོན་གྱི་བཀའ་སྩལ་བ། །མཚན་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པས་བརྒྱན་པའི་གཞིར་གྱུར་པའི་ལྷའི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །བཙུན་མོ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཧཱུཾ་ལ་སོགས་པའི་སྔགས་ཀྱི་ཡི་གེ་རྣམས་ནི་ཆོས་ཀྱི་ཕྱག་རྒྱའོ། །ལྷ་རྣམས་ཀྱི་གཟུགས་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ཅིང་སྒྲུབ་པའི་འཕྲིན་ལས་ནི་ལས་ཀྱི་ཕྱག་རྒྱའོ། །གལ་ཏེ་བཙུན་མོ་དམ་ཚིག་གི་ཕྱག་རྒྱ་ཡིན་ན་རིགས་ལྔ་དང་ས་སྙིང་སོགས་ལྔ་ལ་ཕྱག་རྒྱ་བཞིས་རྒྱས་གདབ་པ་ཡོད་དུ་ཆུད་ཀྱང་ལྷ་ཕོ་གཞན་རྣམས་དང་ལྷ་མོ་དགུ་ལ་ཕྱག་རྒྱ་བཞིས་རྒྱས་གདབ་པ་མེད་པར་འགྱུར་པས་ལྷ་སོ་གཉིས་པོ་ཐམས་
ཅད་ལ་ཕྱག་རྒྱ་བཞིས་རྒྱས་འདེབས་པ་མི་འཐད་ལ་གཞན་ཡང་ཕྱག་རྒྱ་བཞིས་རྒྱས་འདེབས་པ་ནི་ལྷ་སྐྱེད་པའི་རིམ་པ་དེ་བཞི་ལས་མི་འདའ་བའི་ཚུལ་གྱིས་སྐྱེད་པ་ཡིན་ན་ལྷ་མོ་རྣམས་ལྷ་དེ་དང་དེ་སྐྱེད་པའི་ཐབས་སུ་ཇི་ལྟར་འགྱུར་ཞེ་ན། དེ་ལྟར་ཡིན་ན་བདེན་མོད་ཀྱང་སྐྱོན་མེད་དེ་བཙུན་མོ་ནི་ལྷ་མོ་ལ་མི་བྱེད་ཀྱི་མཚན་མའི་ཕྱག་རྒྱ་ཕྱག་མཚན་ལ་བྱེད་པའི་ཕྱིར་རོ། །དེ་ལྟར་ཡང་དེ་ནས་ལས་ཀྱི་ཆོ་ག་ནི། །མཐོང་བས་ཕྱག་རྒྱ་དགོད་པར་བྱ། ཞེས་པའི་ལེའུ་བཞི་པའི་སྒྲོན་གསལ་ལས། ཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱ་དང་མཚན་མའི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོ་དག་གསུམ་སྟེ་ཡི་གེ་ཧཱུཾ་ལ་སོགས་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ལ་སོགས་པ་ནི་མཚན་མའི་ཕྱག་རྒྱའོ། །མི་བསྐྱོད་པ་ལ་སོགས་པའི་ལྷོའི་འཁོར་ལོ་ནི་ཕྱག་རྒྱ་ཆེ་ཆེན་པོའོ། །ཞེས་གསུངས་པ་བཞིན་ནོ། །སྐུ་དང་གསུང་དང་འཕྲིན་ལས་གསུམ་ཕྱག་རྒྱ་གཞན་གསུམ་དུ་བཤད་པའི་ཟླའི་ཤུགས་ཀྱིས་ཀྱང་ཐུགས་མཚོན་པའི་ཕྱག་མཚན་དམ་རྒྱར་ངེས་པར་བྱ་དགོས་སོ། །འོ་ན་ཕྱག་མཚན་མི་སྨོས་པར་བཙུན་མོའི་མིང་གིས་སྟོན་པ་ཅི་ཡིན་སྙམ་ན། སྒྲོན་གསལ་ལས། རྡོ་རྗེ་བཙུན་མོ་ནི་ཤེས་རབ་སྟེ། ཞེས་སྟོང་པ་ཉིད་དང་དབྱེར་མེད་པའི་ཤེས་རབ་ལ་བཙུན་མོར་གསུངས་ཤིང་དམ་རྒྱ་ནི་ཐུགས་ཀྱི་གསང་བ་ཡིན་པས་དེ་མཚོན་བྱེད་ཕྱག་མཚན་ལ་ཡང་བཙུན་མོའི་སྒྲས་བསྟན་ནོ། །མཁས་པ་ཁ་ཅིག་རྒྱུད་གཞན་ལས་བཙུན་མོ་ཕྱག་མཚན་གྱི་ཚུལ་དུ་
སྦས་པར་གསུངས་པ་ལྟར་ཕྱག་མཚན་དམ་རྒྱར་འཆད་དོ། །དེ་ལྟར་ལྷ་སོ་གཉིས་རེ་རེ་ཡང་ཡིག་འབྲུ་ལས་ཕྱག་མཚན་དང་དེ་ལས་སྐུ་རྫོགས་ཏེ་འགྲོ་བའི་དོན་མཛད་པའི་འཕྲིན་ལས་དང་བཞིའི་རིམ་པ་ལས་མ་འདས་པར་སྐྱེད་ཅིང་དེ་ཉིད་ཀྱང་ཕྱག་རྒྱ་བཞིས་རྒྱས་འདེབས་པའི་དོན་ཡིན་པས་ན་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་ལྷའི་སྐུ་སྐྱེད་པ་དང༌། ལག་པའི་ཕྱག་རྒྱ་འཆིང་བ་མེད་པ་གཉིས་ལ་འགལ་བ་ག་ལ་ཡོད། དེ་ལྟ་བུའི་ཕྱག་རྒྱ་བཞིའི་རྒྱས་འདེབས་ནི་ཕྱག་རྒྱ་བཞིའི་རྒྱས་བཏབ་པའི་ལྷའི་སྐུ་ཇི་ལྟར་སྐྱེད་ཅེས་ལྷ་སྐྱེད་པའི་རིམ་པ་ལ་ཕྱག་རྒྱ་བཞི་འོང་ཚུལ་དྲིས་པའི་ལན་ཡིན་ལ། སྤྱིར་ནི་ལྷ་སྐྱེད་པ་གང་ལ་སྐུ་དང་ཕྱག་མཚན་དང་སྐུ་ལ་འགོད་པའི་ཡིག་འབྲུ་དང༌། དེ་རྣམས་ཀྱི་མཛད་པ་བཞི་སྣང་བ་ཐམས་ཅད་ལ་ཕྱག་རྒྱ་བཞིས་རྒྱས་བཏབ་པའི་དོན་ཚང་བར་བྱ་དགོས་པ་འདྲའོ། །འདི་ནི་གཙོ་ཆེར་དཀྱིལ་འཁོར་རྒྱལ་མཆོག་ལ་རྩོད་པ་སྤོང་བ་ཡིན་ལ་མངོན་རྟོགས་ཀྱི་སྐབས་གཞན་འགའ་ཞིག་གིའང་རྩོད་སྤོང་དུ་འགྲོའོ། །གཉིས་པ་ལ་གཉིས། །དྲི་བ་དང་། ལན་ནོ། །དང་པོ་ནི། སློབ་མས་གསོལ་བ། རྩ་བའི་རྒྱུད་དེ་ཁོ་ན་ཉིད་བསྡུས་པ་དང་སོགས་ཀྱི་སྒྲས་བསྡུས་པ་བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ་དང་དཔལ་མཆོག་ལ་སོགས་པའི་རྣལ་འབྱོར་ཀྱི་རྒྱུད་དང་གཉིས་ཀའི་རྒྱུད་རྣམ་སྣང་མངོན་བྱང་སོགས་ལས་ནི་ལྷ་རྣམས་ཞལ་གཅིག་པར་རབ་ཏུ་གྲགས་པ་སྟེ་བཤད་ན། གསང་བ་འདུས་པའི་འདིར་ཅིའི་ཕྱིར་ལྷ་ཐམས་ཅད་ཞལ་
གསུམ་པ་ལྟ་བུར་སྣང་བར་འགྱུར་ཞེས་པ་སྟེ་རྒྱུད་གཞན་གཉིས་ལས་དཀྱིལ་འཁོར་བའི་ལྷ་རྣམས་ཞལ་གཅིག་པ་དང་རྒྱུད་འདི་ལས་དཀྱིལ་འཁོར་བའི་ལྷ་ཐམས་ཅད་ཞལ་གསུམ་པར་བཤད་པའི་ཞལ་གྱི་གྲངས་མི་འདྲ་བའི་རྒྱུ་ཅི་ཡིན་ཞེས་འདྲི་བའོ། །ཞལ་གཅིག་པ་ནི་ཕལ་ཆེ་བའི་དབང་དུ་བྱས་ཀྱི་མ་ངེས་ཏེ་དུམ་བུ་དང་པོར་གཙོ་བོ་ཞལ་བཞི་པརགསུངས་པ་ལྟ་བུའོ། །གཉིས་པ་ནི། སློབ་དཔོན་གྱིས་ལན་བཀའ་སྩལ་བ། འདུས་པའི་ལྷ་ཞལ་གསུམ་པར་བཤད་པ་འདིའི་དོན་འདུས་པའི་བཤད་རྒྱུད་ དགོངས་པ ་ལུང་སྟོན་ཞེས་བྱ་བའི་རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ལས་རྡོ་རྗེ་ཐལ་མོའི་ངེས་དོན་བཤད་པའི་སྐབས་ལས་གསུགས་སོ་ཞེས་སྦྱར་རོ། །ཇི་ལྟར་གསུངས་སྙམ་ནགང་ཞིག་ཅེས་སོགས་ཏེ། ད་ལྟ་འགྱུར་པའི་རྒྱུད་ན་ལག་པ་གཡོན་པ་ཞེས་སོགས་རྐང་པ་བརྒྱད་ཆད་ནས་མི་སྣང་ལ་རྐང་པ་དང་པོ་བཞི་ཡང་གསལ་བར་མི་སྣང་ངོ་། །ལྷག་མ་རྣམས་ནི་རིམ་པ་འདི་ཇི་ལྟ་བ་བཞིན་མི་སྣང་ཡང་སྟོད་སྨད་ཀུན་བསྒྲིགས་ན་ཚང་ཙམ་སྣང་ངོ་། །དེ་ལ་ལྷ་དེ་རྣམས་ལ་མཆོག་དམན་མེད་ཀྱང་རྒྱུད་དེ་དག་ཏུ་ཐབས་དང་ཤེས་རབ་དང་དེ་གཉིས་དབྱེར་མེད་པ་སྒྲུབ་པའི་ལམ་ཡོངས་སུ་རྫོགས་པ་སྟོན་མི་སྟོན་གྱི་སྒོ་ནས་དཀྱིལ་འཁོར་བའི་ལྷ་རྣམས་ཞལ་གསུམ་རྫོགས་མ་རྫོགས་སུ་བཤད་དོ། །དེ་འཆད་པ་ན་མདོར་བསྟན་པ་ནི། གང་ཞིག་ཕྱིའི་བདག་ཉིད་ཀྱི་རྟོག་པ་དང་ནང་གི་བདག་ཉིད་ཀྱི་རྟོག་པ་དང་ཕྱི་ནང་དེ་ཉིད་གཉིས་ཀའི་རྟོག་པ་རྣམས་འོད་
གསལ་དུ་དག་ནས་རོ་གཅིག་ཏུ་སོང་བ་ནི་གཟུང་འཛིན་གཉིས་སུ་མེད་པར་བཤད་པ་སྟེ་དེ་ནི་གསུམ་པོ་དེའི་དེ་ཉིད་ཆེན་པོ་ཡིན་ནོ། །དེ་རྒྱས་པར་འཆད་པ་ན་ཕྱིའི་དེ་ཉིད་སྟོན་པ་ནི། ལག་པ་གཡོན་པའི་མཐེའུ་ཆུང་དང་ཐ་མ་དེའི་ལྟག་སྟེ་གོང་མ་སྲིན་ལག་ནས་མཐེ་བོང་གི་བར་ནི་རིམ་པ་བཞིན་དུ་གཟུགས་ནས་རེག་བྱའི་བར་ཡིན་པར་གཟུང་ངོ༌། །ཡུལ་དེ་རྣམས་དངོས་པོ་མེད་པ་འོད་གསལ་དུ་སྦྱོར་བས་དེ་ཁོ་ནའི་དོན་རྣམ་པར་འབྱེད་པའི་མཚན་ཉིད་ཅན་གྱི་ཤེས་རབ་ནི་ཆོས་ཀྱི་སྐུ་དང་དེ་བཞིན་ཉིད་དང་གཉིས་སུ་མེད་པ་ཞེས་པའི་མིང་གིས་བཤད་དོ། །ནང་གི་དེ་ཉིད་སྟོན་པ་ནི་མི་བསྐྱོད་པ་ནས་རྣམ་སྣང་གི་བར་གྱི་སྒྲས་མཚོན་པའི་མིག་ལ་སོགས་པའི་དབང་བོ་ལྔ་ནི་རིམ་པ་བཞིན་དུ་ལག་པ་གཡས་པའི་མཐེའུ་ཆུང་ནས་མཐེ་བོང་གི་བར་ཡིན་པར་གཟུང་ངོ་། །དེ་རྣམས་དངོས་པོ་མེད་སྦྱོར་ཞེས་སོགས་ནི་འདིར་ཡང་སྦྱར་ཏེ་འདྲ་བའི་ཕྱིར་རོ། །འོ་ན་ཡུལ་དང་དབང་བོའི་སྒྲས་ཐད་ཀར་བཤད་པས་ཆོག་མོད་ལག་པ་གཡས་གཡོན་གྱི་སོར་མོ་དང་རིགས་ལྔའི་སྒྲས་བསྟན་ནས་ཅི་བྱ་སྙམ་ན། དགོངས་པ ་ལུང་སྟོན་ལས། རྡོ་རྗེ་ཐལ་མོའི་དེ་ཉིད་འདི། །ལུང་བསྟན་བྱ་ཡིས་དེ་ཉོན་ཅིག །ཅེས་གསུགས་པའི་རྡོ་རྗེ་ཐལ་མོའི་ངེས་དོན་གཞུང་འདི་རྣམས་ཀྱིས་འཆད་པ་ཡིན་ལ་དེ་ལྟ་ན་གཡོན་པ་ཤེས་རབ་ཀྱི་ཕྱོགས་ཡིན་པས་རྡོ་རྗེ་མ་ལྔའི་ངོ་བོའི་གཟུགས་སོགས་དང་གཡས་པ་ཐབས་ཀྱི་ཕྱོགས་ཡིན་པས་རིགས་ལྔའི་ངོ་བོའི་དབང་བོ་ལ་བཤད་དོ། །གཉིས་ཀའི་དེ་ཉིད་སྟོན་པ་ནི། གཉིས་ཀ་ཞེས་པ་ནི་ལག་པའི་དབང་དུ་བྱས་ན་གཡས་གཡོན་གྱི་
སོར་མོ་གཉིས་ཀ་ཡིན་ལ་དེའི་མཚོན་དོན་གྱི་དབང་དུ་བྱས་ན་ཡུལ་དང་དབང་བོ་གཉིས་ཀ་ལ་བརྟེན་ནས་འབྱུང་བའི་རྣམ་པར་ཤེས་པའོ། །གཅིག་ཏུ་སྦྱར་བ་ཡང་ལག་བའི་དབང་དུ་བྱས་ན་གཡས་གཡོན་གྱི་སོར་མོ་ཕན་ཚུན་བསྣོལ་བ་རྒྱུད་གཞན་ལས་རྡོ་རྗེ་ཐལ་མོར་གསུངས་པ་དེ་ཡིན་ལ་དེའི་མཚོན་དོན་གྱི་དབང་དུ་བྱས་ན་ཡུལ་དབང་རྣམ་ཤེས་གསུམ་འོད་གསལ་དུ་རོ་གཅིག་པར་སྦྱར་བའོ། །དེ་ལྟར་བྱས་ན་ལག་པའི་སོར་མོ་གཡས་གཡོན་རེ་རེ་བ་དང་གཉིས་ཀས་ནི་འོད་གསལ་དུ་གཞུག་རྒྱུ་གསུམ་མཚོན་ལ། སོར་མོ་རྣམས་གཤིབས་ཏེ་ཕན་ཚུན་བསྣོལ་བས་ནི་དེ་གསུམ་འོད་གསལ་དུ་བཅུག་པ་མཚོན་ཏེ་ངེས་དོན་གྱི་རྡོ་རྗེ་ཐལ་མོའོ། །དེ་ལྟ་བུའི་ཐལ་མོ་འདི་ན་ཡུལ་ཡུལ་ཅན་རོ་གཅིག་ཏུ་འདྲེས་པ་གཅིག་ཡིན་ཀྱང་དེ་ཉིད་གསུམ་དང་སྐྱབས་གསུམ་དུ་བརྟགས་པ་སྟེ་དེ་དག་ཏུ་རྣམ་གཞག་བྱས་པ་ཡིན་ནོ། །འདི་ནི་འོད་གསལ་གྱི་དབང་དུ་བྱས་པའི་རྡོ་རྗེ་ཐལ་མོའོ། །ད་ནི་ཟུང་འཇུག་གི་རྡོ་རྗེ་ཐལ་མོ་བཤད་པར་བྱ་སྟེ། ཡང་རྡོ་རྗེ་ཐལ་མོ་ནི་རྡོ་རྗེ་སེམས་དཔའ་རིགས་དྲུག་པའི་གོ་འཕང་མཆོག་ཡིན་ནོ། །ཇི་ལྟར་ཞེ་ན་ཤེས་རབ་དོན་དམ་འོད་གསལ་དང་ཐབས་ཀུན་རྫོབ་སྒྱུ་མའི་སྐུ་གཉིས་ཕན་ཚུན་དུ་དབྱེར་མི་ཕྱེད་པར་སྦྱོར་བས་ན་བདེན་གཉིས་ཟུང་འཇུག་སྟེ། སྒྲོན་གསལ་ལས། ཡན་ལག་དྲུག་པ་ཏིང་ངེ་འཛིན་གྱི་ཡན་ལག་གཟུང་འཇུག་ལ་བཤད་པའི་སྐབས་སུ་ཐབས་ཤེས་སྤྱོར་བ་བདེན་གཉིས་སྦྱོར་བའི་ཟུང་འཇུག་ལ་བཤད་པ་ལྟར་རོ། །དེ་འདྲ་བའི་
བདེན་གཉིས་ཟུང་འཇུག་གི་ཐལ་མོ་སྦྱར་བ་ཙམ་གྱིས་ནི་སངས་རྒྱས་ཐམས་ཅད་དེ་དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་རྡོ་རྗེ་འཆང་ཡང་དག་པར་འགུགས་པ་སྟེ་ཐོབ་པར་བྱེད་དོ། །དགོངས་པ་ལུང་སྟོན་ལས། ཐལ་མོ་བཅིངས་པ་ཙམ་གྱིས་ཀྱང༌། །སངས་རྒྱས་ཐམས་ཅད་ཉིད་ཐོབ་འགྱུར། ཞེས་སོ། །དེ་ལྟར་ན་ལག་པ་གཡས་པའི་སོར་མོ་ནི་ཀུན་རྫོབ་བདེན་པ་ཐབས། ཡོན་པའི་སོར་མོ་ནི་དོན་དམ་བདེན་པ་ཤེས་རབ༌། དེ་གཉིས་གཤིབས་ཏེ་ཕན་ཚུན་བསྣོལ་བ་ཡི་བདེན་གཉིས་ཟུང་དུ་འཇུག་པ་ཡིན་པས་རྡོ་རྗེ་ཐལ་མོའི་ངེས་དོན་སྔ་མ་ནི་ལམ་གྱི་སྐབས་ཡིན་ལ་འདི་འབྲས་བུའི་སྐབས་ཡིན་པས་ཐལ་མོ་མཐར་ཐུག་གོ །སྔ་མའི་སྐབས་སུ་སོར་མོ་གཡས་གཡོན་རེ་རེ་བ་དང་གཉིས་ཀ་ནི་གཉེན་པོས་དག་པར་བྱ་བའི་སྤང་བྱ་ཡིན་ལ་འདིར་ནི་དེ་རྣམས་ཐོབ་བྱའི་དོན་ལ་བྱ་དགོས་པས་ཁྱད་པར་ཤིན་དུ་ཆེའོ། །ཐལ་མོ་དེ་ལ་གསུམ་ཚན་རྣམས་གནས་པར་སྟོན་པ་ནི། སྐྱབས་གསུམ་ནས་སངས་རྒྱས་མཉེས་པའི་བར་ཏེ། དེ་ཉིད་འདིར་ནི་ཐལ་མོར་གནས། ཞེས་པ་ནི་རེ་རེའི་མཐར་སྦྱར་རོ། །སྐྱབས་གསུམ་ནི། རྒྱུད་རྡོར་ཕྲེང་ལས། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ། །དམ་པའི་ཆོས་ནི་ཆོས་ཀྱི་སྐུ། །དགེ་འདུན་སྤྲུལ་བའི་སྐུར་ནི་འགྱུར། །དེ་ནི་སྐུ་གསུམ་པདག་ཉིད་ཅན། ཞེས་གསུངས་པ་ལྟར་རོ། །དེ་ཉིད་གསུམ་ནི་སྔར་བཤད་པ་ལྟར་རམ་ཐབས་དང་ཤེས་རབ་དང་གཉིས་ཀའི་དེ་ཉིད་དོ། །སྡོམ་འབྱུང་འགྲེལ་པར་སྐུ་གསུང་ཐུགས་ཀྱི་དེ་ཉིད་གསུམ་ལ་བཤད་དོ། །
སྐུ་གསུམ་ནི། དགོངས་པ ་ལུང་སྟོན་ལས། དངོས་པོ་མེད་པའི་དེ་ཉིད་འདི། །རྟེན་འབྱུང་ཆོས་ཞེས་བྱ་བ་ཡིན། །ལོངས་སྤྱོད་རྫོགས་པ་བསྡུས་ཏེ་གྱུར། །སྤྲུལ་བ་བསམ་མི་ཁྱབ་ཆོས་ཅན། ཞེས་གསུངས་པས་དོམ་དམ་ཆོས་སྐུ་ཀུན་རྫོབ་སྤྲུལ་སྐུ་དབྱེར་མེད་ལོངས་སྐུའོ། །རྣམ་ཐར་གསུམ་ནི་སྟོང་པ་ཉིད་མཚན་མ་མེད་པ་སྨོན་པ་མེད་པའི་སྒོ་གསུམ་མོ། །ཞལ་གསུམ་ནི་འདིར་སྐབས་ཀྱི་དོན་ཡིན་ཏེ། དེ་ཡང་གཡས་ཞལ་ཐབས་ཡིན་པས་ཀུན་རྫོབ། གཡོན་ཞལ་ཤེས་རབ་ཡིན་པས་དོན་དམ་དེ་གཉིས་གང་ལ་སྦྱར་བའི་རྩ་ཞལ་ནི་བདེན་གཉིས་དབྱེར་མི་ཕྱེད་པའོ། །དེས་ན་འདུས་པ་ལས་ཟུང་འཇུག་གི་སྐུ་སྒྲུབ་པའི་ལམ་རིམ་པ་དང་པོ་དང་རིམ་པ་གཉིས་པའི་དབེན་གསུམ་དང་སྒྱུ་མ་དང་འོད་གསལ་རྣམས་ཡོངས་སུ་རྫོགས་པར་སྟོན་པས་དེའི་ལྷ་རྣམས་ཞལ་གསུམ་པར་བཤད་དོ། །ཞལ་གསུམ་དུ་འོང་བའི་རྒྱུ་མཚན་འདི་ནི་འདུས་པ་ལ་ངེས་པ་སྟེར་བའི་གནང་ཆེན་པོར་སྣང་ངོ༌། །མདོག་གསུམ་ནི་ནག་དཀར་དམར་བ་དང་སེར་ནག་དཀར་བ་དང་ལྗང་ནག་དཀར་བའི་ལྷའི་སྐུ་མདོག་ཐམས་ཅད་ལ་བྱའོ། །སྦྱོར་བ་གསུམ་ནི་དང་པོ་སྦྱོར་བ་སོགས་གསུམ་དང་། དམ་ཚིག་གསུམ་ནི་ལྷ་དང་སྔགས་དང་ཕྱག་རྒྱུའམ་རྡོ་རྗེ་དང་དྲིལ་བུ་དང་ལྷའམ་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་གསུམ་ལ་སྡོམ་འབྱུང་འགྲེལ་པར་བཤད་དེ། རྡོ་རྗེ་ཐུགས་ཀྱི་དང་དྲིལ་བུ་གསུངས་གི་དང་ལུས་ལྷར་གནས་པ་ཕྱག་རྒྱའི་དམ་ཚིག་གསུམ་ལ་བཤད་
པ་འཐད་དམ་སྙམ་མོ། །འདིར་བོད་ཀྱི་བླ་མ་རྣམས་སྦྱོར་བ་གསུམ་ནི་རིང་རྒྱུད་དབེན་པ་གསུམ་དམ་ཚིག་ནི་འོད་གསལ་དང་གསུམ་ནི་ཉེ་རྒྱུ་ལུགས་བཟློག་གི་སྣང་བ་གསུམ་ལ་བྱས་ནས་ཁ་དོག་གསུམ་དུ་འོང་བའི་རྒྱུ་མཚན་དུ་སྦྱོར་བ་ནི་དོན་མིན་ཏེ། གསུམ་ཚན་འདི་རྣམས་ཐམས་ཅད་ཟུང་འཇུག་གི་ཐལ་མོ་ལ་ཚང་བར་སྟོན་པའི་སྐབས་ཡིན་པས་སོ། །སྣང་མཆེད་ཐོབ་གསུམ་གྱི་ཚེ་ཟླ་ཉི་མུན་པ་གསུམ་གྱི་འོད་དང་ཁ་དོག་འདྲ་བ་འབྱུང་བར་གསུངས་པ་ལ་ཡང་འཁྲུལ་བར་མི་བྱ་སྟེ། དེ་ལྟར་ན་ནག་དཀར་དམར་བའི་ཁ་དོག་གསུམ་ལ་རྒྱུ་མཚན་བསྟན་པར་འགྲོ་ཡི་འདུས་པའི་ལྷའི་ཁ་དོག་ཐམས་ཅད་ལ་རྒྱུ་མཚན་མ་བསྟན་པར་འགྱུར་པའི་ཕྱིར་རོ། །དེས་ན་ཐར་གསུམ་གྱི་ཞེས་པ་དང་། གསུམ་སྦྱོར་བས་ཞེས་བྱེད་ཚིག་གསུངས་པ་ནི། དེ་ཉིད་འདིར་ནི་ཐལ་མོར་གནས། ཞེས་པའི་རྒྱུ་མཚན་དུ་བྱའོ། །ཁམས་གསུམ་ནི་སྤྱོད་བསྡུས་སུ་ཟུང་འཇུག་གི་མིང་གི་རྣམ་གྲངས་སུ་འཇིག་རྟེན་གསུམ་གྱི་བདག་ཉིད་ཅན་ཞེས་གསུངས་པ་ལྟར་རོ། །ལྷ་གསུམ་ནི་སྡོམ་འབྱུང་འགྲེལ་པར་སྐུ་རྡོ་རྗེ་སོགས་གསུམ་ལ་བཤད་ཀྱང་། དགོངས་པ ་ལུང་སྟོན་ལས། ལག་པ་གཡོན་ནི་དྲག་པོར་འགྱུར། །གཡས་པ་དེ་བཞིན་ཁྱབ་འཇུག་སྟེ། གཉིས་པོ་སྦྱོར་བ་ཚངས་པ་ཡིན། ཞེས་གསུངས་པ་ལྟར། དབང་ཕྱུག་ཤེས་རབ། ཁྱབ་འཇུག་ཐབས། ཚངས་པ་བདེན་གཉིས་དབྱེར་མི་ཕྱེད་པ་ལ་བྱའོ། །དཀྱིལ་འཁོར་གསུམ་ནི་སྤྱོད་བསྡུས་ལས་ཀྱང་ཟུང་འཇུག་གི་མིང་གི་རྣམ་གྲངས་
སུ་གསུངས་པ་དེའི་དོན་ནི་དོན་དམ་པའི་དང་སྐུའི་དང་ཕྱུང་བའི་དཀྱིལ་འཁོར་ལ་སྒྲོན་གསལ་དུ་གསུངས་པ་ལ་བྱའོ། །དུས་གསུམ་ནི་སྡོམ་འབྱུང་ལས་དགེ་བ་གསུམ་གསུངས་པའི་དོན་འགྲེལ་པས་ཐོག་མཐའ་བར་གསུམ་ཐམས་ཅད་དུ་དགེ་བ་ལ་བཤད་པ་ལྟར་རམ་ཡང་ན་དུས་གསུམ་གྲགས་པ་ལ་བྱའོ། །ལམ་གསུམ་ནི་སྤྱོད་བསྡུས་ལས། ཐེག་པ་གསུམ་གྱི་བདག་ཉིད་ཅན། ཞེས་གསུངས་པ་ལྟར་རོ། །མཆོག་གསུམ་ནི་ དགོངས་པ ་ལུང་སྟོན་ལས། དུས་གསུམ་དམ་ཚིག་མཆོག་གསུམ་དང་། ཞེས་དམ་ཚིག་གསུམ་ལ་བཤད་པ་ལྟར་རམ་ཡང་ན་རྡོ་རྗེ་གསུམ་ལ་བྱའོ། །རྟོག་པས་བསྐུལ་བ་ནི་ དགོངས་པ ་ལུང་སྟོན་ལས། ཇི་སྲིད་རྟོག་པས་བརྗོད་པ་རྣམས། །དེ་ནི་ཐལ་མོར་སྦྱོར་འདི་ཡིན། ཞེས་བསྒྱུར་བ་ལྟར་བདེ་བས་སྔར་བཤད་པ་དེ་ལྟ་བུའི་གསུམ་ཚན་སྒྲ་དང་རྟོག་པས་བརྗོད་པ་རྣམས་ཐལ་མོའི་དོན་ལ་གནས་ཞེས་པའོ། །གསོལ་བ་ཞེས་སོགས་ལ་ དགོངས་པ ་ལུང་སྟོན་ལས། གསོལ་བ་འདེབས་དང་ཕྱག་འཚལ་དང༌། འཇིག་རྟེན་རྣམས་ལ་གསོལ་བྱ་བ། །རྫོགས་སངས་རྒྱས་རྣམས་མཉེས་བྱེད་དེ། །ཁྱེད་ཀྱི་ཐལ་མོར་གནས་པ་ཡིན། ཞེས་འབྱུང་ལ་ལྟར་གསོལ་བ་འདེབས་པ་དང་ཕྱག་འཚལ་བ་དང༌། སེམས་ཅན་གྱི་དོན་བྱ་བ་དང་སངས་རྒྱས་མཉེས་པར་བྱེད་པ་ཐམས་ཅད་ཀྱང་ཐལ་མོ་ལ་ཚང་བའི་དོན་ནོ། །སངས་རྒྱས་ནི་སྔར་བཤད་པའི་ཟུང་འཇུག་གི་ཐལ་མོའོ། །དེ་ལ་ཐམས་ཅད་རྣམས་པར་བཞུགས་པ་ནི་དོན་ཚང་བའི་
ཚུལ་གྱིས་གནས་པའོ། །གང་ན་སེམས་ཅན་གང་ཡིན་པ་དང་སངས་རྒྱས་སུ་གྱུར་པ་གང་ཡིན་པ་དང་དེའི་ཆོས་དེ་བཞིན་ཉིད་དང་གཉིས་སུ་མེད་པ་ལ་སོགས་པ་རྣམས་སོ། །གནས་ཚུལ་ནི་གནས་པ་མེད་པའི་ཚུལ་གྱི་གནས་པའི་སྦྱོར་བའམ་རྣལ་འབྱོར་གྱིས་ཏེ་དེ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྣམས་དེར་མཐར་ཐུག་པའོ། །དེ་ལྟར་ན་གསུམ་ཚན་རྣམས་ནི་ཀུན་རྫོབ་དོན་དམ་གཉིས་དང་དེ་གཉིས་དབྱེར་མི་ཕྱེད་པ་གསུམ་གྱི་མཚོན་བྱེད་ཡིན་པས་མཐར་གཏུགས་པ་ན་ཟུང་དུ་འཇུག་རྒྱུ་གཉིས་དང་དེ་གཉིས་མི་འབྲལ་བར་འཇུག་པ་སྟེ་གསུམ་ཚོགས་པའི་ཟུང་འཇུག་གི་གོ་འཕང་དུ་འགྱུར་ཞིང༌། དེའི་གནད་ཀྱི་ཞལ་གསུམ་དུ་བཤད་ལ་རྒྱུད་གང་ལས་ལམ་རིམ་པ་གཉིས་ཀྱི་སྐབས་ཀྱི་དཀྱིལ་འཁོར་བའི་ལྷ་ཐམས་ཅད་ཞལ་གསུམ་པར་བསྟན་པ་དེ་ལས་ནི་རྒྱུད་དེས་ཟུང་འཇུག་གི་གོ་འཕག་བསྒྲུབ་པའི་ལམ་ཡོངས་སུ་རྫོགས་པ་བསྟན་པ་ཡིན་པར་དཔོག་པར་ནུས་པ་འདི་བསྟན་པ་ཡིན་ནོ། །དེའི་ཕྱིར་གང་དག་རྐང་པ་དང་པོ་བཞིས་ཞལ་གསུམ་དུ་འོང་བའི་རྒྱུ་མཚན་འདུས་པས་ནི་དེ་ཁོ་ན་ཉིད་གསུམ་མ་ལུས་པ་སྟོན་ལ། དེ་ཉིད་བསྡུས་པ་སོགས་ནི་དེ་ཁོ་ན་ཉིད་ཀྱི་ལམ་སྦྱོང་བ་ཙམ་ཡིན་པའི་ཕྱིར་ཞེས་སྨྲ་ཞིང༌། རྒྱུད་འདི་ལ་ལག་པའི་ཕྱག་རྒྱ་མེད་པས་སངས་རྒྱས་རྣམས་སྤྱན་འདྲེན་པའི་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་ཡང་མེད་པའི་ཕྱིར་སངས་རྒྱས་རྣམས་སྤྱན་འདྲེན་པ་མི་རུང་ངོ་ཞེས་བའི་ལན་དུ། ལག་པ་གཡོན་པ་ཞེས་པ་ནས། སངས་རྒྱས་ཐམས་ཅད་ཡང་དག་འགུགས། །ཞེས་པའི་བར་གྱི་ཡུལ་དབང་རྣམ་ཤེས་
གསུམ་སྟོང་ཉིད་དུ་རྟོགས་པ་ནི་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་ཡིན་ལ་དེས་སངས་རྒྱས་རྣམས་འགུགས་པས་སྐྱོན་མེད་ཅེས་འཆད་པ་དང༌། ཞལ་གསུམ་ལ་མདོག་གསུམ་འོང་བའི་རྒྱུ་མཚན་དྲིས་པའི་ལན་དུ་རྐང་པ་གཅིག་གཏོང་བ་དང་། ལྷ་དེ་རྣམས་ལ་དགོས་པ་ཅི་ཞིག་ཡོད་ཅེས་པའི་ལན་དུ། ཁམས་གསུམ་དུ་ནི་ཞེས་སོགས་འཆད་པ་ནི་སྐབས་ཀྱི་དོན་མ་རྙེད་པའི་བཤད་པར་རིག་པར་བྱའོ། །ཞལ་གྱི་གྲངས་ལ་དྲིས་ལན་མཛད་པ་འདི་ནི་རིམ་པ་གཉིས་ཀའི་སྐབས་ཀྱི་ལྷའི་ཞལ་གྱི་གྲངས་ཀྱི་རྣམ་གཞག་གོ །གསུམ་པ་ལ་གཉིས། དྲི་བ་དང༌། ལན་ནོ། །དང་པོ་ནི། སློབ་མས་གསོལ་བ། ཕྱུང་བའི་དཀྱིལ་འཁོར་གྱི་སྐབས་འདིར་གསང་བ་འདུས་པའི་དཀྱིལ་འཁོར་ལ་ལྷ་རྣམས་དགོད་པ་ལ་འདུས་པའི་དོན་སྨྲ་བའི་སློབ་དཔོན་རྣམས་ཀྱི་སྣ་ཚོགས་པའི་གཞུང་འཇིག་རྟེན་དུ་རབ་ཏུ་འཇུག་པར་འགྱུར་པ་སྟེ་ལུགས་མི་མཐུན་པ་དུ་མ་སྣང་ན། །སྒྲུབ་བ་པོ་རྣམས་ལྷ་གྲངས་ལ་གྲངས་འདི་ཙམ་ཞིག་ཡིན་ནོ། ཞེས་ངེས་པ་ཐོབ་ནས་སོམ་ཉི་སྟེ་ཐེ་ཚོམ་མ་མཆིས་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ་སྙམ་པའོ། །ལུགས་མི་མཐུན་པ་ནི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་བཅུ་གསུམ་དང་བཅུ་དགུ་དང་ཉེར་ལྔར་འདོད་པ་ཡོད་པར་གསུགས་པའི་དོན་ལ། དང་པོ་ནི། སྙིང་བོའི་དཀྱིལ་འཁོར་གྱི་རིགས་ལྔ་དང་ཡུལ་བཞིའི་སྟེང་དུ་གཤིན་རྗེ་མཐར་བྱེད་ལ་སོགས་པའི་སྒོ་བཞིའི་ཁྲོ་བོ་བཞི་པསྣན་པའོ། །གཉིས་པ་ནི། དཔལ་སྒྱུ་འཕྲུལ་དྲ་བ་ལས་འབྱུང་བ་ལ་སོགས་
པའི་རིམ་པས་སོ། །གསུམ་པ་ནི། སྔར་བཤད་པ་ལྟར་སྙིང་བོའི་དཀྱིལ་འཁོར་གྱི་ལྷ་དགུ་དང་དེའི་ཕྱི་རོལ་ཏུ་གཟུགས་རྡོ་རྗེ་མ་ནས་ཆོས་དབྱིངས་རྡོ་རྗེ་མའི་བར་རྣལ་འབྱོར་མ་དྲུག་དང་དེའི་ཕྱི་རོལ་ཏུ་ཁྲོ་བོ་བཅུའོ། །ཞེས་ཏ་ཐཱ་ག་ཏ་རཀྵི་ཏས་བཤད་ཅིང་སློབ་དཔོན་འདིས་འདོད་པའི་གསལ་ཁ་མི་སྣང་ངོ་། །བླ་མ་སྔ་མ་རྣམས་ཨིནྡྲ་བོ་ངྷི་ཕྱི་མ་དང་ཡེ་ཤེ་ཞབས་དང་མགྲིན་པ་གསུམ་པའི་འདོད་པར་འཆད་དེ། ཡེ་ཤེས་ཞབས་སློབ་དཔོན་འདི་དང་ཟླ་བ་གྲགས་པ་ལས་འཕྱི་ཡང་ཁོང་གི་སྔོན་ནས་རིགས་ལྔ་དང་ཡུམ་བཞི་དང་རྡོ་རྗེ་མ་དྲུག་དང་སྒོ་བཞིའི་ཁྲོ་བོ་སྟེ་ལྷ་བཅུ་དགུ་འདོད་པ་བྱུང་ན་དོན་འདྲའོ། །གཉིས་པ་ནི། སློབ་དཔོན་གྱི་ལན་བཀའ་སྩལ་བ། སེམས་དཔའ་ཆེན་པོ་ཞེས་སློབ་མ་ལ་བོས་ནས་སེགས་སོ་གཉིས་གསུངས་པ་ནི་ངོ་མཚར་བ་ལ་ཚིག་གཅིག་ལན་གཉིས་པོརྗོད་པར་གསུངས་པ་ལྟར་རོ། །དྲི་བ་དེའི་ལན་ནི་ལུང་དང་རིགས་པས་སོ་སོར་ཏེ་རེ་རེ་ནས་བཤད་པར་བྱའོ་ཞེས་གསུངས་ཏེ། འདི་ནི་ཆེས་ཆེ་བའི་མཁས་པ་དག་གི་མི་མཐུན་པའི་གནས་ཡིན་པས་ཤིན་ཏུ་དཀའ་ལ་དེས་ན་དྲི་བའི་སྐབས་སུ་བྱུང་བ་ལྟར་ཐེ་ཚོམ་ཆོད་པའི་སྒྲུབ་བྱེད་ཀྱང་ཤིན་ཏུ་དཀའ་བས་འཕགས་པ་ཡབ་སྲས་ཀྱི་བཞེད་པ་འདི་ལེགས་པར་གཏན་ལ་དབབ་དགོས་སོ། །འདིར་སྒྲུབ་བྱེད་གཉིས་གསུངས་པའི་རིགས་པས་བསྒྲུབ་པ་ནི་མངོན་སུམ་གྱིས་མི་འགྲུབ་པས་རྗེས་དཔག་གིས་བསྒྲུབ་དགོས་ལ་དེ་ལ་ནི་རྟགས་སྐྱོན་མེད་ཀྱི་སྦྱོར་བ་དགོད་དགོས་པས་ཆོས་ཅན་ལ་སོགས་པ་ངོས་
གཟུང་བར་བྱའོ། །དེ་ལ་ཆོས་ཅན་ནི་ཕྱུང་བའི་དཀྱིལ་འཁོར་ཞེས་པ་སྟེ་འདུས་པའི་ལྷ་དགོད་པའི་གནས་ཕྱུང་བའི་རྟེན་གྱི་དཀྱིལ་འཁོར་རོ། །དམ་བཅའ་ནི་ལྷ་རྣམས་དགོད་པར་འགྱུར་རོ་ཞེས་པ་སྟེ་ལྷ་སོ་གཉིས་དགོད་པར་བྱ་བ་ཡིན་ཏེ་ཞེས་པའི་དོན་ནོ། །རྟགས་ནི་ཤུགས་ཀྱིས་ཤེས་ཏེ་འདུས་པའི་དཀྱིལ་འཁོར་ལ་དགོད་དགོས་པའི་ལྷའི་འཁོར་ལོ་རྣམས་རྫོགས་པར་དགོད་པའི་གཞི་ཡིན་པའི་ཕྱིར་ཞེས་པའོ། །དཔེ་ནི་ཇི་ལྟར་ནས་དེ་བཞིན་ཞེས་པའི་བར་ཏེ་སྐུའི་དཀྱིལ་འཁོར་བཞིན་ཞེས་པའི་དོན་ནོ། །སྒྲོན་གསལ་ལས་ཀྱང༌། ཇི་ལྟར་སྐུའི་དཀྱིལ་འཁོར་ལ་ལྷ་སུམ་ཅུ་རྩ་གཉིས་དགོད་པར་བྱུང་བ་ཇི་ལྟ་བ་དེ་བཞིན་དུ་ཕྱུང་བའི་དཀྱིལ་འཁོར་ལ་ཡང་སྐུའི་དཀྱིལ་འཁོར་དང་འདྲ་སྟེ་འདི་ལྟར་རེ་ཤིག་ལྷ་སུམ་ཅུ་རྩ་གཉིས་དགོད་པར་ཤེས་པར་བྱའོ། །ཞེས་གསལ་བར་གསུགས་པས་སློབ་དཔོན་གཉིས་ཀའི་བཞེད་པས་སྦྱོར་བའི་འགོད་ཚུལ་ནི་གདོན་མི་ཟ་བར་དེ་ལྟར་བྱའི་སྐུ་དཀྱིལ་ལ་ལྷ་སོ་གཉིས་ཡོད་པ་རྟགས་སུ་བཀོད་ནས་ཕྱུང་བའི་དཀྱིལ་འཁོར་ལ་ལྷ་སོ་གཉིས་ཡོད་པར་བསྒྲུབ་པ་རྒྱུ་ཚོགས་པའི་རྟགས་ཀྱི་འབྲས་བུ་འབྱུང་རུང་བསྒྲུབ་པའི་རང་བཞིན་གྱི་རྟགས་སུ་སྔ་མ་རྣམས་འཆད་པ་ནི་གཞུང་གི་དོན་གཏན་མ་ཡིན་ནོ། །སྦྱོར་བ་དེ་ལ་རྟགས་མ་གྲུབ་པའི་ཉེས་པ་མེད་པ་ནི་ཤིན་ཏུ་སླ་ལ་འགལ་བའི་སྐྱོན་ཡང་མེད་དེ་རྟགས་མཐུན་ཕྱོགས་ལ་ཡོད་པའི་ཕྱིར་ཏེ་འདི་ལུང་གིས་བསྒྲུབ་པར་འགྱུར་རོ། །གལ་ཏེ་འདུས་
པའི་ལྷའི་འཁོར་ལོ་རྫོགས་པར་དགོད་པའི་གཞི་ཡང་ཡིན་ལ་ལྷ་སོ་གཉིས་མི་དགོད་པ་ཡང་ཡིན་ན་གནོད་པ་ཅི་ཡོད་བསྙམ་ན། ལུས་ཀྱི་དཀྱིལ་འཁོར་ལ་ལྷ་སོ་གཉིས་དགོད་པར་བྱ་བ་ནི་བཤད་རྒྱུད་ཀྱིས་བསྒྲུབ་པར་འགྱུར་པས་ལུང་གིས་འགྲུབ་ལ་དེ་ལྟ་ན་སྤྱིར་དཀྱིལ་འཁོར་ལ་དགོད་པར་བྱ་བའི་ལྷ་གྲངས་སོ་གཉིས་སུ་གྲུབ་པ་ཡིན་ཏེ། སྐུའི་དཀྱིལ་འཁོར་ལ་དགོད་པར་བྱ་བའི་ལྷ་ལ་སོ་གཉིས་ཡོད་པའི་ཕྱིར་རོ། །དེས་ན་དགོད་བྱའི་ལྷ་རྫོགས་པར་དགོད་པའི་གཞི་དང་ལྷ་སོ་གཉིས་མི་འགོད་པ་གཉིས་འགལ་བ་ཡིན་ནོ། །ཚུལ་གསུམ་པའི་རྟགས་དེ་ལས་ནི་གཞལ་ཡས་ཁང་ལ་ལྷ་སོ་གཉིས་འགོད་པ་འགྲུབ་པས་དཔལ་གསང་བ་འདུས་པའི་རྟེན་གྱི་དཀྱིལ་འཁོར་ལ་འགོད་པའི་ལྷའི་གྲངས་ལ་སྒྲུབ་པ་པོ་རྣམས་ཀྱི་ཐེ་ཚོམ་ནི་དེ་ལྟར་གཅོད་པ་ཡིན་ནོ། །འོ་ན་རྩ་རྒྱུད་ཀྱི་ལེའུ་དང་པོའི་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་དང་། ལེའུ་བཞི་པའི་མཚན་མ་འགོད་པའི་སྐབས་སུ་སྔར་བཤད་པའི་ལྷ་བཅུ་གསུམ་དང་དེའི་མཚན་མ་བཅུ་གསུམ་ཙམ༌ཞིག་གཞལ་ཡས་ཁང་ལ་བཀོད་ནས་ལྷག་མ་མ་བཀོད་པ་ཅི་ཡིན་སྙམ་ན། ལྷ་སོ་གཉིས་འགོད་པར་བྱ་བ་དེ་ལྟ་མོད་ཀྱི་སྟེ་དེ་ལྟ་ནའང་རྩ་རྒྱུད་ལས་ལྷ་རྣམས་འགོད་པ་རྫོགས་པར་མ་བསྟན་པའི་རྒྱུ་མཚན་ནི། འདི་ལྟར་སློབ་དཔོན་མེད་པར་ཏེ་དེ་ལ་རག་མ་ལས་པར་རྒྱུད་ལ་འཇུག་པར་མ་གྱུར་ཅིག་སྙམ་དུ་སྟོན་པས་དགོངས་སོ་ཞེས་ཏེ་སློབ་དཔོན་ལ་ལྟོས་པར་བྱ་བའི་ཕྱིར་དུ་རྫོགས་པར་མ་གསུངས་པའོ། །གལ་ཏེ་རྩ་རྒྱུད་ལས་ལྷ་གྲངས་བཅུ་གསུམ་དུ་གསུངས་པ་དེ་ལྷག་མ་དང་
བཅས་པ་ཡིན་དེ་ལྟར་རྫོགས་པར་མ་མཛད་པའི་རྒྱུ་མཚན་བཙལ་བར་རིགས་ན་མ་རྫོགས་པ་ཉིད་དུ་ཅིས་འགྲུབ་སྙམ་ན། དཀྱིལ་འཁོར་ཀྱི་ལྷ་འགོད་པ་ཡང་རྒྱུན་གཅིག་ཏུ་གྲངས་ཡོངས་སུ་རྫོགས་པར་བཅོམ་ལྡན་འདས་ཀྱིས་འདུས་པའི་བཤད་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་ལེའུ་རེ་གསུམ་པ་ལས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་གསུངས་པའི་སྐུ་དཀྱིལ་གྱི་སྐབས་དེ་ལས་ཤེས་ཏེ་རྒྱུ་དེ་ལ་འཇུག་པར་བྱའོ། །སེམས་ཀྱིས་ཞེས་པའི་རྐང་པ་གཉིས་ནི་ཉན་པར་བསྐུལ་བའོ། །དེ་ནས་རྐང་པ་གཉིས་ནི་མདོར་བསྟན་པའོ། །རྡོ་རྗེ་སློབ་དཔོན་ནི་ཤིན་ཏུ་རྣལ་འབྱོར་གྱི་སྐབས་ཀྱི་སྒྲུབ་པ་པོ་རྡོ་རྗེ་འཆང་དུ་བསྐྱེད་པ་སྟེ་གང་དུ་བསྐྱེད་པའི་རྡོ་རྗེ་འཆང་དེ་རྒྱུད་ཀྱི་སྟོན་པ་པོ་ཡིན་པས་རྡོ་རྗོ་སློབ་དཔོན་དུ་གསུངས་སོ། །དེའི་ལུས་ནི་ལྷ་འགོད་པའི་གཞིའོ། །དང་པོཞེས་པ་ནས་གནོད་མཛེས་ཏེ་ཞེས་པའི་བར་གྱིས་ནི་སྐུ་དཀྱིལ་རྒྱས་པར་བཤད་དེ་སླའོ། །སྐུ་རྡོ་རྗེ་ནས་ཐུགས་རྡོ་རྗེའི་བར་ལྔ་ནི་རིགས་ལྔའོ། །དེའི་གཉིས་པ་དང་བཞི་པ་ལ་ད་ལྟ་འགྱུར་པའི་ཕྲེང་བ་ལས་ནམ་མཁའ་རྡོ་རྗེ་དང་ལས་ཀྱི་རྡོ་རྗེ་ཞེས་འབྱུང་ངོ༌། །ལུས་ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅན་བཞུགས། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། ཞེས་སོགས་རྐང་པ་དྲུག་ནི་དོན་བསྡུ་བའོ། །དེ་ནས་རྐང་པ་བཞི་ཕན་ཡོན་སྟོན་ཏེ་རྐང་པ་དང་པོ་ལ་ད་ལྟ་འགྱུར་པའི་ཕྲེང་བ་ལས། སྐྱེ་བ་འདི་ལ་རྣལ་འབྱོར་བ། ཞེས་འབྱུང་ངོ༌། །རྡོ་རྗེ་ལེགས་བྱས་བསྟན་པ་
ནི། ཞེས་པ་ལྟར་ན་རྡོ་རྗེ་འཆང་གི་སྐུར་ལེགས་པར་བྱས་ནས་བསྟན་པའི་ལུས་དཀྱིལ་སྒོམ་པའོ། །མྱང་འདས་ནི་མི་གནས་པའི་མྱང་འདས་ཟུང་འཇུག་གོ །མྱང་འདས་དེ་མྱུར་དུ་སྟེ་ཚེ་འདི་ལ་འཐོབ་པའི་རྒྱུ་ཁྱོད་ཀྱི་དགེ་བ་ཡོངས་སུ་སྨིན་ཞེས་པ་ནི་རིམ་པ་དང་པོ་བསྒོམས་པས་དེ་ལྟར་འགྱུར་པའོ། །དེ་ནི་ཞེས་པ་སྒྲོན་གསལ་དང་རྒྱུད་གཉིས་ཀར་དེས་ན་ཞེས་བསྒྱུར་བ་བདེ་བས་སྐུ་དཀྱིལ་བསྒོམས་པས་རྒྱུད་སྨིན་པར་བྱེད་པ་དེ་བས་ན་ཉོན་ཅིག་མཐོང་ན་དོན་ཡོད་པ་ཀྱེ་ཞེས་བོས་ནས་ཕྱི་མའི་དུས་ན་སེམས་དཔའ་ལས་དང་པོ་པ་རྣམས་ཀྱིས་རབ་ཏུ་འབད་དེ་བླ་མ་སྟེན་ཅིག །བླ་མ་ཇི་ལྟ་བུ་ཞེ་ན། རྡོ་ཇེ་སློབ་དཔོན་ཏེ་རྡོ་རྗོ་འཆང་དུ་བསྒོམས་པའི་ལུས་ལ་རྒྱལ་བ་སོ་གཉིས་ཐམས་ཅད་བཞུགས་པའི་ལམ་སྟོན་པ་པོའོ། །དེ་ཚེ་ཞེས་པའི་རྐང་པ་བཞི་ནི་གོ་སླའོ། །གལ་ཏེ་ལུང་དེ་དག་གིས་དཀྱིལ་འཁོར་རྫོགས་པར་བསྟན་ཞེས་པ་མི་འཐད་དེ། གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔ་མ་བསྟན་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ་མིག་ལ་སོགས་པའི་དབང་བོ་གྲུབ་ན་དེ་དག་གི་ལོངས་སྤྱད་བྱའི་ཡུལ་ལྔ་དེའི་དབང་གིས་འགྲུབ་པ་ལྟར་མིག་སོགས་ལྔའི་རང་བཞིན་ས་སྙིང་སོགས་ཡབ་ལྔར་དངོས་སུ་བསྟན་པའི་ཤུགས་ཀྱིས་ལོངས་སྤྱད་བྱའི་ཡུལ་ལྔ་གོ་བར་ནུས་པའི་ཕྱིར་རོ། །གཞུང་འདི་དང་སྒྲོན་གསལ་གཉིས་ཀར་རྡོ་རྗེ་ཕྲེང་བའི་ལུང་དེ་དག་ལྷ་སོ་གཉིས་ཕྱོགས་གཅིག་ཏུ་རྫོགས་པར་སྟོན་པའི་ཁུངས་སུ་དྲངས་པས་ན་དེ་དག་གིས་རྡོ་རྗེ་མ་ལྔ་མ་བསྟན་པར་འདོད་པ་ནི་གཞུང་གཉིས་དང་འགའ་བ་སྨྲ་བའོ། །འདིར་སྔ་ཕྱིར་བྱོན་པའི་བོད་ཀྱི་འདུས་པ་
སྨྲ་བ་རྣམས་ནི། ཕྱུང་བའི་དཀྱིལ་འཁོར་ཞེས་པའི་ཕྱུང་བའི་ཚིག་ཙམ་ལ་འཆེལ་ནས་སྐུའི་དཀྱིལ་འཁོར་ལ་སོ་གཉིས་ཡོད་ན་ཕྱུང་བའི་དཀྱིལ་འཁོར་ལ་ཡང་སོ་གཉིས་ཡོད་དེ་དེ་དག་ནི་དེ་ལས་ཕྱུང་བའི་ཕྱིར་རོ་སྙམ་དུ་སེམས་སོ། །དེ་ལས་ཀྱང་སྔར་བྱོན་པ་རྣམས་ནི་འདི་སྐད་སྨྲ་སྟེ་རྒྱུ་ཙམ་རྟགས་སུ་བཀོད་ནས་འབྲས་བུ་དཔོག་ན་མ་ངེས་པས་རྒྱུ་ནུས་པ་ཐོགས་པ་མེད་པ་ལས་འབྲས་བུ་དཔོག་པའི་རང་བཞིན་གྱི་རྟགས་ཏེ། དཔའ་ལྡན་ཆོས་གྲགས་ཀྱིས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། ཅེས་གསུངས་པས་སོ། །གལ་ཏེ་ཡབ་ཀྱི་སྐུ་དཀྱིལ་ལ་ཡོད་པ་འགོད་ན་རྡོ་རྗེ་མ་ལྔ་མེད་པས་ཉེར་འདུན་ལས་མེད་པའི་ཕྱིར་མངས་སོ། །ཡུམ་གྱི་སྐུ་དཀྱིལ་ལ་ཡོད་པ་འགོད་ནའང་རིགས་ལྔ་དང་ཡུལ་བཞི་དང་རྡོ་རྗེ་མ་ལྔ་དང་ཁྲོ་མོ་བཅུ་སྟེ་ཉེར་བཞི་ལས་མེད་པས་མངས་ལ། གཉིས་ཀའི་སྐུ་དཀྱིལ་ལ་ཡོད་པ་འགོད་ན་ང་གཅིག་ཡོད་པས་ཉུངས་སོ། །དེས་ན་རྟགས་མ་གྲུབ་པོ་ཞེ་ན ། དཔེར་ན་བུ་བསྐྱེད་པ་ལ་ཕ་མ་གཉིས་ཆར་དགོས་པ་ལྟར་འདིར་ལྷ་མངའ་བསྐྱེད་ཡིན་པས་དང་པོ་གཉིས་མི་འདོད་ཀྱི་གསུམ་པ་ལྟར་འདོད་ལ་མངས་པའི་སྐྱོན་མེད་དེ། ཡབ་ཡུལ་གྱི་རིགས་ལྔ་ཚན་པ་གཉིས་ཡུམ་བཞི་ཚན་པ་གཉིས་ནི་རྣམ་དག་གཅིག་ཡིན་ལ། ཡབ་ཀྱི་ཁྲོ་བོ་བཅུ་དང་ཡུམ་གྱི་ཁྲོ་མོ་བཅུ་ཡང་རྣམ་དག་གཅིག་པས་སོ་སོར་བགྲང་དུ་མེད་པས་བཅུ་དགུ་ཡིན་པའི་ཕྱིར་དང༌། ཡབ་ཀྱི་སེམས་དཔའ་བརྒྱད་དང་ཡུམ་གྱི་སེམས་མ་
ལྔ་སོ་སོར་འགྲངས་པས་བཅུ་གསུམ་ཡོད་པའི་ཕྱིར་རོ། །ཡང་ཡུམ་གྱི་ཁྲོ་བོ་ཡབ་ཡུམ་རྣམས་བཅུར་བགྲང་ན་ཡབ་ཡུམ་གྱི་སེམས་དཔའ་ཡབ་ཡུམ་བཅུ་ཡང་ལྔར་བགྲང་དགོས་པ་མི་མཚུངས་ཏེ། ཁྲོ་བོ་ཕོ་མོ་གཉིས་ཀ་ལ་ཡན་ལག་གི་རྣམ་དག་གཅིག་ལས་མེད་ལ་སེམས་དཔའ་ཕོ་མོ་ལ་དབང་བོ་དང་ཡུལ་གྱི་རྣམ་དག་སོ་སོར་ཡོད་པའི་ཕྱིར་རོ། །དེས་ན་སོ་གཉིས་ལས་མེད་ལ་སོ་གཉིས་ཡོད་པའི་རྟགས་ནི་ལུང་གིས་གྲུབ་ཅིང་ཁྱབ་པ་ནི་དངོས་སྟོབས་ཀྱི་ཚད་མས་གྲུབ་བོ་ཞེས་འཆད་པ་ནི། རིགས་པའི་བསྟན་བཅོས་ལས་རྒྱུ་ཚོགས་གྲངས་ཚང་གིས་འབྲས་བུ་འབྱུང་ངེས་དཔོག་མི་ནུས་པས་འབྱུག་རུང་ཙམ་དཔོག་པར་བཤད་པ་དང་མི་མཐུན་ཞིང་དངོས་དང་བརྒྱུད་པ་གང་གི་སྐབས་སུ་ཡང་རྒྱུའི་གྲངས་ཀྱིས་འབྲས་བུའི་གྲངས་དཔོག་པ་འཁྲུལ་བས་ཁྱབ་པ་མི་འགྲུབ་ལ། སྐུ་དཀྱིལ་བསྒོམས་པའི་དེ་མ་ཐག་ཏུ་ཕྱུང་བའི་དཀྱིལ་འཁོར་མི་སྒོམ་པ་སྲིད་པ་ལ་གནོད་པ་ཅན་གྱི་ཚད་མ་ཅི་ཡང་མེད་པས་ནུས་པ་ཐོགས་མེད་ཀྱི་གཏན་ཚིགས་ཀྱང་མི་འགྲུབ་བོ། །རྒྱུ་ནུས་པ་ཐོགས་མེད་ཙམ་བཀོད་ན་ནི་མ་ངེས་ལ། ཕྱུང་བའི་ལྷ་སོ་གཉིས་ཀྱི་རྒྱུ་འགོད་ན་ནི་རྟགས་དང་བསྒྲུབ་བྱ་གཉིས་ངེས་དཀའ་སླ་མེད་པར་འགྱུར་རོ། །དཀྱིལ་འཁོར་གྱི་ལྷ་གྲངས་ལ་དྲིས་ལན་མཛད་པ་འདི་ནི་རིམ་པ་གཉིས་ཀའི་སྐུ་དཀྱིལ་དང་གཞལ་ཡས་ཁང་ལ་ལྷ་འགོད་པའི་རྣམ་གཞག་གོ །བཞི་པ་ལ་གཉིས། དྲི་བ་དང༌། ལན་ནོ། །དང་པོ་ནི། སློབ་མ་གསོལ་བ། ལས་དང་པོ་པས་ལྷ་སྒོམ་པའི་སྐབས་འདིར་ཐ་མལ་བའི་ལུས་ལ་རྣམ་སྣང་ལ་སོགས་པའི་སངས་རྒྱས་དང་ས་སྙིང་ལ་སོགས་པའི་བྱང་སེམས་རྣམས་
འགོད་པ་མི་འགལ་ལགས་སམ་ཞེས་འདྲིའོ། །སངས་རྒྱས་བྱང་སེམས་རྣམས་ཅི་འདྲ་ཞེ་ན་སྤང་བྱ་ཉོན་མོངས་ཐམས་ཅད་སྤངས་ལ་ཐོབ་བྱ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་བརྙེས་པ་རྣམས་སོ། །དོན་ནི་ལྷ་སྒོམ་པ་པོ་དེ་སྔར་བཤད་པའི་སྤག་བྱ་མ་སྤངས་ཤིང་ཐོབ་བྱ་མ་ཐོབ་པའི་ཐ་མལ་པ་ཡིན་པས་ན་དེས་སངསརྒྱས་བྱང་སེམས་དེ་དག་ཏུ་སྒོམ་པ་འགལ་ཏེ་སོལ་བ་ལ་དུང་དུ་སྒོམ་པ་བཞིན་སྙམ་པའོ། །ལུས་ལ་ལྷ་དགོད་པ་ཞེས་པའི་ལུས་ནི་ལྷ་སྒོམ་པ་པོ་དང་ལྷ་དགོད་པ་ནི་ལྷ་དེར་སྒོམ་པ་ལ་བསམས་ནས་རྩོད་པ་ཡིན་གྱི་རང་ལྷར་སྒོམ་པ་ལ་མི་རྩོད་པར་ལུས་ལ་ལྷ་བཀོད་པ་ཙམ་ལ་རྩོད་པ་མིན་ནོ། །འགལ་ཞེས་པའི་དོན་ནི་རག་ཉིད་ལྷ་མིན་པ་དང་དེར་སྒོམ་པ་གཉིས་ལ་གཞི་མཐུན་མི་སྲིད་སྙམ་དུ་རྩོད་པ་མིན་ཏེ་སྒོམ་པ་པོ་དེ་ལྷ་དེ་དག་མིན་བཞིན་དུ་དེ་དག་ཏུ་སྒོམ་པ་མཐོང་ནས་རྩོད་པས་སོ། །དེས་ན་རང་ཐ་མལ་པ་ཡིན་ན་ལྷར་སྒོམ་དུ་མི་རིགས་སོ་སྙམ་དུ་རྩོད་པའོ། །གཉིས་པ་ནི། དྲི་བ་དེའི་ལན་སློབ་དཔོན་གྱིས་བཀའ་སྩལ་བ། རང་ཉིད་སངས་རྒྱས་མ་ཡིན་ཀྱང་སངས་རྒྱས་ཡིན་པར་སྒོམ་པ་ལ་མི་རིགས་པ་མེད་དེ། དེ་ལྟར་བསྒོམས་པས་དེའི་ཕུང་སོགས་སངས་རྒྱས་ཀྱི་རྒྱུར་འགྱུར་པའི་དགོས་པ་ཡོད་པའི་ཕྱིར་རོ། །གལ་ཏེ་ཐ་མལ་པའི་ལུས་དེ་སྔར་བྱང་ཆུབ་ཀྱི་རྒྱུར་མ་གྱུར་པ་ཕྱིས་ལྷར་བསྒོམས་པ་ན་བྱང་ཆུབ་ཀྱི་རྒྱུར་བསྒྱུར་བ་འགལ་ཏེ་ཐ་མལ་པའི་གནས་སྐབས་སུ་མཚུངས་པའི་ཕྱིར་རོ་སྙམ་ན། གནས་སྐབས་ཅན་གཅིག་ལ་གནས་སྐབས་མི་འདྲ་བ་གཉིས་མི་འགལ་བ་དཔེ་བཀོད་ནས་
བསྒྲུབ་སྟེ། དཔེར་ན་ཟངས་ལྟ་བུ་གཅིག་མགར་བས་བཀྲུ་བཤལ་གྱི་སྣོད་དུ་བྱས་པ་དེ་ཇི་སྲིད་དུ་དེའི་གནས་སྐབས་ཡིན་པ་དེ་སྲིད་དུ་ནི་མཆིལ་མ་འདོར་གྱི་འོག་མ་གཉིས་མི་བྱེད་ལ། ཡང་གཞོང་པར་བྱས་པ་ན་དེའི་གནས་སྐབས་སུ་ནི་འཇིག་རྟེན་པ་རྣམས་ཟས་ཟའི་སྔ་ཕྱི་གཉིས་མི་བྱེད་དོ། །ཡང་དེ་ཉིད་གཟུགས་བརྙན་ཏེ་སངས་རྒྱས་ཀྱི་སྐུ་འདྲ་རུ་བྱས་པ་ན་དེའི་གནས་སྐབས་སུ་ནི་ཕྱག་དང་མཆོད་པའི་གནས་སུ་བྱེད་དེ་སྔ་མ་གཉིས་མི་བྱེད་པ་དེ་བཞིན་དུ། སྒྲུབ་པ་པོའི་ཐ་མལ་པའི་ལུས་ཀྱང་སྔོན་གྱི་གནས་སྐབས་སུ་འཁོར་བའི་རྒྱུ་ཡིན་ལ་སྟེ་ཡིན་པ་དང༌། ཕྱིས་ཀྱི་སྐབས་སུ་ཐམས་ཅད་མཁྱེན་པ་འགྲུབ་པའི་རྒྱུར་འགྱུར་པ་ལ་འགལ་བའི་སྐྱོན་མེད་དོ། །སྔོན་གྱི་སྐབས་ཇི་ལྟ་བུ་ཞིག་སྙམ་ན། ལྷར་སྒོམ་པ་སོགས་ཀྱི་ཐབས་དང་མི་ལྡན་ཞིང་ལུས་ལ་འདོད་ཆགས་སོགས་ཀྱིས་བརླན་པ་སྟེ་སྦགས་པའི་རང་དགའ་བའི་དུས་སོ། །ཕྱིར་ཀྱི་སྐབས་ནི། ཕུང་བོའི་རང་བཞིན་སྟོང་པ་ཉིད་དུ་ཡོངས་སུ་ཤེས་ཤིང་ལྷར་བསྒོམས་པས་ཡོངས་སུ་དག་པ་བྱས་པའི་སྐབས་སོ། །རྒྱུད་གཞན་གྱི་ལམ་གྱིས་གཞན་གྲོལ་བར་མི་འགྱུར་གྱི་རང་གི་རྒྱུད་གྲོལ་བར་འགྱུར་པས་སྣོད་བཅུད་ཐམས་ཅད་འོད་གསལ་དུ་བསྡུས་ནས་དེ་རྣམས་ལྷ་དང་གཞལ་ཡས་ཁང་དུ་བསྒོམས་པ་ལ་ཐལ་ཆེས་པར་མི་འགྱུར་རོ། །འདིར་ཐ་མལ་བས་ལྷར་བསྒོམ་པ་འགལ་མི་འགལ་དྲིས་པའི་ལན་དུ་མི་འགལ་བར་གསུངས་པ་ཡིན་པས་ལྷར་བསྒོམ་པའི་དུས་སུ་སྒོམ་མཁན་ཐ་མལ་པ་ཡིན་མོད་ཀྱང༌། ལྷར་སྒོམ་པའི་ཏིང་ངེ་འཛིན་དེའི་དོན་ཐ་མལ་པར་སྣང་བ་ལྡོག་དགོས་པར་བདག་བསྒྲུབ་པའི་ཐབས་ལས་གསུངས་
པ་ལྟར་ཤེས་དགོས་སོ། །ཐབས་ཀྱི་ཟིན་པའི་ཐ་མལ་པའི་ཕུང་བོ་བྱང་ཆུབ་ཀྱི་རྒྱུར་འགྱུར་པ་དེ་ཡང་གསུངས་པ། ཤིན་ཏུ་ཞེས་སོགས་ཏེ། འདི་སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་གཟུང་། ཞེས་པ་དང་འགྱུར་ཁྱད་ཙམ་མ་གཏོགས་པ་འདྲ་བར་སྣང་ངོ༌། །ལུང་དེས་བསྟན་པ་དེ་བཞིན་དུ་ཡང་དཀོན་བརྩེགས་ཀྱི་འོད་སྲུངས་ལེའུ་ལས། འོད་སྲུངས་ཞེས་སོགས་ཏེ་ཐབས་ཀྱིས་ཟིན་པའི་བྱང་སེམས་ཀྱི་ཉོན་མོངས་ཀྱང་བྱང་ཆུབ་ཀྱི་རྒྱུར་འགྱུར་པའོ། །དགོངས་པ་ལུང་སྟོན་ཞེས་བྱ་བའི་བཤད་རྒྱུད་ཀྱི་ལེའུ་གསུམ་པ་ལས་གསུངས་པའི་ཤེས་བྱེད་དགོད་པ་ནི། ཕྱག་ན་རྡོ་རྗེས་ཕྲ་མོའི་རྣལ་འབྱོར་གྱི་དོན་ཞུས་པའི་ལན་དུ། ཕྱག་ན་རྡོ་རྗེ་གྲགས་པ་ཆེན་པོ་དང་ལྡན་ པ་ཞེས་བོས་ནས་དགོངས ་པས་གསུངས་སོ་ཞེས་དྲང་ངོ་། །གང་ན་ཕྲ་མོའི་རྣལ་འབྱོར་གྱི་དེ་ཉིད་དོ། །དེའི་དོན་དེ་ཇི་འདྲ་བ་ཞིག་ཏུ་གསུངས་ན་ཕྲ་མོར་སྦྱོར་བའི་དོན་ནི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གཤེགས་པ་སྟེ་དེ་དང་གཉིས་སུ་མེད་པར་འགྱུར་པའོ། །གང་དང་གཉིས་སུ་མེད་པ་ནི། འགྲོ་བ་སེམས་ཅན་རྣམས་དེ་བཞིན་ཉིད་དང་གཉིས་སུ་མེད་པར་སྦྱོར་བ་ཡིས་ཕྲ་མོའི་རྣལ་འབྱོར་ཏེ་ཕྲ་མོ་ནི་འདིར་དེ་བཞིན་ཉིད་དང་རྣལ་འབྱོར་ནི་དེ་དང་འགྲོ་བ་དབྱེར་མེད་དུ་སྦྱོར་བའོ། །དེ་ལྟར་སྦྱར་བའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་ལ་སོགས་པ་མངོན་བྱང་ལྔའི་སྒོ་ནས་ལྷར་
བསྐྱེད་པ་འདི་ནི་མ་འོངས་པའི་སྐྱེ་བོ་སངས་རྒྱས་ཀྱི་རྒྱུར་བྱེད་པ་ཅན་ཡིན་ནོ། །གང་གི་ཚོས་རྣམས་ཡང་དག་པར་བརྗོད་པའི་སངས་རྒྱས་ཀྱི་སྐུ་གདུལ་བྱའི་བསམ་པ་ཇི་ལྟ་ཇི་ལྟར་ཡིན་པ་དེ་ལྟ་དེ་ལྟར་སྟོན་པར་གསུགས་པའི་སངས་རྒྱས་རིགས་ལྔ་ནི་ཕུང་བོ་འདི་དག་སྟེ་དེར་བསྒོམས་པས་ཕུང་བོ་རྫོགས་པའི་བྱང་ཆུབ་ཀྱི་རྟེན་དུ་འགྱུར་རོ། །ཕུང་བོ་དེ་དག་དེ་བཞིན་ཉིད་དང་གཉིས་སུ་མེད་པར་འཇུག་པ་སྟེ་སྦྱར་ནས་ལྷར་བསྐྱེད་པས་དེ་ཡང་དེ་གཞིན་གཤེགས་ཞེས་གསུངས་སོ། །དེ་ལྟར་ན་ལུང་འདིས་རང་བཞིན་ཤེས་པའི་སྒོ་ནས་ལྷར་བྱས་པས་ཕུང་བོ་བྱང་ཆུབ་ཀྱི་རྒྱུར་འགྱུར་པར་བསྟན་ལ། ལུང་སྔ་མ་གཉིས་ཀྱིས་ནི་ཐབས་ཀྱིས་ཟིན་ན་ཉོན་མོངས་དང་མི་གཙང་བའི་ལུས་ཀྱང་བྱང་ཆུབ་ཀྱི་རྒྱུར་འགྱུར་པར་བསྟན་ནོ། །སྒྲུབ་པ་པོས་སངས་རྒྱས་སུ་སྒོམ་དུ་རིགས་མི་རིགས་ལ་དྲིས་ལན་མཛད་པ་འདི་ནི་རིམ་པ་དང་པོའི་སྐབས་གཙོ་ཆེ་མོད་ཀྱང་རིམ་པ་གཉིས་པའི་སྐབས་ཀྱི་ལྷ་སྒོམ་པའི་ཡང་རྣམ་གཞག་ཏུ་འགྲོའོ། །ཕྱུང་བའི་དཀྱིལ་འཁོར་གྱི་རྣམ་པར་བཞག་པའི་རིམ་པར་ཕྱེ་བ་སྟེ་ལེའུ་གསུམ་པའི་རྣམ་བཤད་དོ།། །།བཞི་པ་དོན་དམ་པའི་དཀྱིལ་འཁོར་གྱི་རྣམ་གཞག་རིམ་པ་ལ་གསུམ། ཕུང་སོགས་འོད་གསལ་དུ་གཞུག་པ། ཕུང་སོགས་དང་པོ་བཞི་འོད་གསལ་དུ་ཞུགས་པའི་རྟགས། །ལྷག་མ་འོད་གསལ་དུ་འཇུག་པའི་རིམ་པའོ། །དང་པོ་ལ་གཉིས། རྩ་རྒྱུད་ཀྱིས་མདོར་བསྟན་པ། བཤད་རྒྱུད་ཀྱིས་རྒྱས་པར་བཤད་པའོ། །དང་པོ་ནི། ད་ནི་དོན་དམ་པའི་དཀྱིལ་འཁོར་གྱི་རྣམ་གཞག་རིམ་པ་བསྟན་པའི་ཕྱིར་དུ་ཐོག་མར་མདོར་བསྟན་པའི་ཚིག་རྩ་བའི་རྒྱུད་ལས་
གསུངས་པ་ལ་འཇུག་པར་བྱ་སྟེ་ཞེས་མཚམས་སྦྱར་བའོ། །དོན་དམ་པའི་དཀྱིལ་འཁོར་འདི་སྐབས་གང་དུ་འབྲེལ་སྙམ་ན། མདོར་བྱས་དང་མདོ་བསྲེར་ལྷག་མོས་འོད་གསལ་དུ་སྡུད་པའི་སྐབས་སུ་ལེའུ་བདུན་པ་དང་རྡོ་རྗེ་ཕྲེང་བའི་ལུང་འདི་རྣམས་དྲངས་ནས་དོན་དམ་པའི་དཀྱིལ་འཁོར་བཤད་པ་འདིར་འཆད་པས་ན་རིམ་པ་དང་པོའི་སྐབས་སུ་འབྲེལ་ལ་འཆད་པར་འགྱུར་པ་ལྟར་རྫོགས་རིམ་གྱི་སྐབས་ཀྱང་སྟོན་པས་གཙོ་བོར་ནི་རིམ་པ་གཉིས་ཀྱི་ལམ་གྱི་སྐབས་ཀྱི་དོན་དམ་པའི་དཀྱིལ་འཁོར་སྟོན་མོད་ཀྱང་ཞར་ལ་ཆོས་མཐུན་སྦྱོར་བའི་ཡུལ་གཞིའི་སྐབས་ཀྱི་འཆི་བའི་འོད་གསལ་གྱི་དོན་དམ་པའི་དཀྱིལ་འཁོར་ཡང་སྟོན་ནོ། །དེ་ལ་དམ་ཚིག་ནི་ཐབས་ཞེས་སྦྱོར་བ་སྟེ་དེས་ཁུ་བ་སྟེ་ས་བོན་ཕྱུང་བ་སྟེ་བཏོན་ནས་མེར་མེར་བོ་ལ་སོགས་པའི་རིམ་གྱིས་མངོན་པར་འཕེལ་བ་དེ་ཉིད་ས་བོན་ལས་མྱུ་གུ་འཕེལ་བ་དང་འདྲ་བར་བྱིས་པ་དང་གཞོན་ནུ་དང་བར་མའི་གནས་སྐབས་གསུམ་རིམ་གྱིས་ཐོབ་པས་མ་ཚང་བ་མེད་པར་གནས་ནས་འདོད་ཡོད་ལྔ་རྗེས་སུ་མྱོང་བར་འགྱུར་རོ། །མ་ཚང་བ་མེད་པ་ནི་རྣམ་སྣང་ལ་སོགས་པའི་སྐུའི་དཀྱིལ་འཁོར་ཏེ་ཕུང་བོ་ཁམས་སྐྱེ་མཆེད་ཡུལ་ཡན་ལག་རྣམས་ཡོངས་སུ་རྫོགས་པའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། རྡོར་ཕྲེང་གིས་འཆད་པར་འགྱུར་པ་ལྟར་དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པའི་ཆོ་ག་བཞིན་དུ་ཕུང་བོ་ལ་སོགས་པ་བཏུང་བ་སྟེ་དོན་དམ་བདེན་པར་གཞུག་པར་བྱའོ། །ཆོ་ག་བཞིན་དུ་འཐུང་བ་ཡང་རང་བཞིན་ལྔ་རིམ་གྱིས་འོད་གསལ་དུ་ཞུགས་པ་ལ་བྱའོ། །རང་བཞིན་ལྔ་ནི་ཕུང་བོ་ཁམས་དབང་བོ་ཡུལ་ཡེ་ཤེས་རྣམས་སོ། །ཅིའི་ཕྱིར་འཐུང་ན་འབྲས་
བུ་སྟེ་འོད་གསལ་བས་དག་པའི་རྡོ་རྗེ་སེམས་དཔའི་སྐུ་འདོད་ཅིང་དོན་དུ་གཉེར་བས་དེའི་ཕྱིར་དུའོ། །དོན་དམ་པར་སོང་བ་བཞིན་དུ་སླར་ཡང་འོང་བས་ན་དེ་བཞིན་གཤེགས་པ་སྟེ། རྣམ་སྣང་ལ་སོགས་པར་བརྟགས་པའི་གཟུགས་ཕུང་སོགས་ཀྱི་ཚོགས་སོ། །དེ་བསང་པ་ནི་སྲོག་རྩོལ་ལ་གནས་པ་བཅད་ནས་དོན་དམ་བདེན་པ་ལ་འཇུག་པའོ། །དེས་ཅིར་འགྱུར་པ་རབ་ཏུ་སྟེ་ཤིན་ཏུ་མཆོག་ཏུ་གྱུར་པའི་ཕྱག་ཆེན་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་སྒྲོན་གསལ་ལས་བཤད་དོ། །འདིར་སྔ་ཕྱིའི་བོད་ཀྱི་བླ་མ་དག་སྒྲོན་གསལ་ལས་ལུང་འདིས་རྫོགས་རིམ་ཐོབ་ལ། སྤྱོད་པ་བྱེད་རྒྱུ་མ་བྱུང་བ་དུས་བྱས་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་སྟོན་པར་གསུངས་པ་ལ་བརྟེན་ནས། དམ་ཚིག་ཁུ་ཕྱིང་གི་དོན་ནི་གང་ཟག་དེ་མངལ་ནས་རིམ་གྱིས་སྐྱེས་པ་ཁོ་ན་ལ་འཆད་ཅིང་དེ་བཞིན་གཤེགས་པའི་ཚོགས་བསད་པ་ཡང་གང་ཟག་དེས་ཕུང་སོགས་འོད་གསལ་དུ་བཅུག་པ་ཁོ་ན་ལ་འཆད་པར་བྱེད་དོ། །དེ་ནི་འཐད་པར་མ་མཐོང་སྟེ། སྒྲོན་གསལ་ལས། ད་ནི་རྣལ་འབྱོར་བ་ཐམས་ཅད་ཀྱི་ཐུན་མོང་གི་དོན་དམ་པའི་དཀྱིལ་འཁོར་གྱི་རིམ་གྱིས་ཡང་དག་པའི་མཐའ་ལ་འཇུག་པ་བསྟན་པའི་ཕྱིར། ཞེས་གཞུང་དེའི་མཚམས་སྦྱོར་དུ་གསུངས་པས་རིམ་པ་གཉིས་ཀའི་སྐབས་ལ་སྦྱར་དགོས་པའི་ཕྱིར་དང༌། མདོ་བསྲེ་ལས་ཀྱང་། ཁུ་བ་ཕྱུང་སྟེ་ཆོ་ག་བཞིན། །འབྲས་བུ་འདོད་པས་བཏུང་བར་བྱ། ཞེས་པའི་ལུང་ལྷག་མོས་འོད་གསལ་དུ་སྡུད་པའི་སྐབས་སུ་དྲངས་པའི་ཕྱིར་དང༌། འཕགས་པ་ཡབ་སྲས་གསུམ་གྱིས་རྩ་རྒྱུད་ཀྱི་དོན་དེ་ཉིད་རྡོར་ཕྲེང་གི་ལུང་གི་འཆད་པར་བཤད་པས་རྡོར་ཕྲེང་གི་ལུང་དོན་ཡང་
ལེ་ལོ་ཅན་འཚང་རྒྱ་བ་ཁོ་ན་ལ་བཤད་དགོས་པར་འགྱུར་པའི་ཕྱིར་རོ། །འཕགས་པ་ལྷས་ཀྱང་སློབ་དཔོན་འདིའི་གསུངས་པ་ལྟར་དེ་བཞིན་གཤེགས་པའི་ཚོགས་བསད་ན། དངོས་གྲུབ་མཆོག་ཐོབ་པར་འགྱུར་པའི་རྒྱུད་ཀྱི་དོན་ དགོངས་པ ་ལུང་སྟོན་གྱིས་བཤད་པ་རྣམས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའི་སྐབས་སུ་གསུངས་པ་དང་ཡང་འགལ་བར་སྣང་ངོ༌། །དེས་ན་ལེ་ལོ་ཅན་འཚང་རྒྱ་བ་བསྟན་པར་དསུངས་པ་ནི་དོན་གྱི་ཕྱོགས་གཅིག་ཏུ་རིག་པར་བྱའོ། །འོ་ན་དམ་ཚིག་ཁུ་ཕྱུང་གི་དོན་བསྐྱེད་རིམ་དང་རྫོགས་རིམ་གཞན་གྱི་སྐབས་སུ་ཇི་ལྟར་བཤད་སྙམ་ན། འདིར་འཐུང་རྒྱུ་ནི་ཁུ་བ་ཞེས་པའི་ཚིག་གིས་སྟོན་པས་སྔོན་དུ་དེ་ཕྱུང་ནས་དེ་ནས་བཏུང་བར་བྱའོ་བྱེད་པའི་རིམ་པ་སྟོན་པ་ཡིན་ཏེ། སྒྲོན་གསལ་ལས། དེ་ནས་ཅི་ཞིག་བྱ་ཞེ་ན། ཆོ་ག་བཞིན་འབྲས་བུ་འདོད་པས་བཏུང་བར་བྱ། ཞེས་གསུངས་ཏེ་འོན་ཀྱང་འབྱིན་པ་དང་འཐུང་བ་པོ་གཉིས་ནི་མི་གཅིག་གོ །དེའི་བཤད་རྒྱུད་ལེའུ་བདུན་པ་ལས་ཀྱང༌། དམ་ཚིག་རྗེས་དྲན་རྣམས་ཀྱིས་ནི། །དེ་བས་ཚངས་པ་ཤིན་ཏུ་དབྱུང༌། །དངོས་མེད་གཅིག་ཏུ་སྦྱོར་བ་ཡིས། །མཁས་པས་ཆོ་ག་བཞིན་དུ་བཏུང༌། ཞེས་འཐུང་བའི་སྔོན་དུ་དབྱུང་བར་གསུངས་ཏེ་ཚངས་པ་ནི་ཁུ་བའོ། །བཏུང་རྒྱུ་ལ་ཁུ་བ་ཞེས་འབྱུང་ཡང་འགྲེལ་པར་ཕུང་བོ་ལ་སོགས་པ་བཏུང་བ་སྟེ་ཞེས་གསུངས་པས་འབྲས་བུ་ཟུང་འཇུག་འདོད་པའི་སྒྲུབ་པ་པོའི་ཕུང་སོགས་ནི་འོད་གསལ་དུ་གཞུག་རྒྱུའི་བཏུང་བ་ཡིན་ལ་དེ་དང་དེ་བཞིན་གཤེགས་པའི་ཚོགས་བསད་ན། ཞེས་གསུགས་པའི་བསད་རྒྱུའི་དེ་བཞིན་གཤེགས་པ་
གཉིས་དོན་གཅིག་གོ །འོ་ན་སྒྲུབ་པ་པོའི་ཕུང་སོགས་ལ་ཁུ་བའི་སྒྲས་སྟོན་པ་ཅི་ཡིན་སྙམ་ན། དམ་ཚིག་གི་དོན་ཕ་མ་གཉིས་ཐབས་ཤེས་སུ་སྦྱར་བ་ལས་བྱུང་བའི་ཁུ་བ་ལས་རིམ་གྱིས་རྫོགས་པ་ནི་སྒྲུབ་པ་པོའི་ཕུང་སོགས་ཡིན་པས་ཁུ་བ་ལས་བསྐྱེད་པ་འཐུང་བ་ལ་ཁུ་བ་མཐོང་བའི་སྒྲས་བཏགས་པའོ། །དེས་ན་གཟུགས་སོགས་ནང་གི་ཆོས་དང་མི་བསྐྱོད་ལ་སོགས་སུ་བཏགས་པ་ཞེས་ དགོངས་པ ་ལུང་སྟོན་ལས་གསུངས་པ་དང༌། གཟུགས་ཕུང་ཞེས་སོགས་རྡོར་ཕྲེང་ནས་གསུངས་པ་དང་ཁུ་བ་ལས་བསྐྱེད་པའི་ཕུང་བོ་སོགས་དོན་གཅིག་ཡིན་པས་རྩ་རྒྱུད་དང་བཤད་རྒྱུད་དེ་གཉིས་མདོར་བསྟན་དང་རྒྱས་བཤད་དུ་གསུངས་སོ། །དེའི་ཕྱིར་ལྷག་མོས་འོད་གསལ་སུ་སྡུད་པ་དང་ཚེ་འདི་ལ་འཚང་རྒྱ་བའི་རྫོགས་རིམ་གྱི་སྐབས་སུ་ཡང་དམ་ཚིག་ཁུ་ཕྱུང་འཐུང་བ་དང་དེ་བཞིན་གཤེགས་པའི་ཚོགས་བསད་པ་ཞེས་པའི་ལུག་དོན་མི་འགལ་བ་ཡིན་ནོ། །གཉིས་པ་ལ་གཉིས། དགོངས་པ ་ལུང་སྟོན་དང༌། རྡོ་རྗེ་ཕྲེང་བས་བཤད་པའོ། །དང་པོ་ནི། ལེའུ་བདུན་པའི་རྩ་རྒྱུད་འདི་ཡི་དོན་བཤད་པ་ནི་ དགོངས་པ ་ལུང་སྟོན་ཞེས་བྱ་བའི་བཤད་རྒྱུད་ཀྱི་ལེའུ་གསུམ་པ་ལས་གསུངས་ཏེ་ཞེས་མཚམས་སྦྱོར་བའོ། །ལྷག་མཐོང་ཞེས་བྱ་བར་བཤད་དེ་ཞེས་དྲུང་ངོ༌། །གང་ན་སྒྲུབ་པ་པོའི་སེམས་རྒྱུད་ཀྱིས་ཟིན་པའི་ནང་གི་ཆོས་གཟུགས་ལ་སོགས་པ་མཐོང་བ་ནིའོ། །མཐོང་ཚུལ་ནི་རིམ་པ་དང་པོའི་ལྷག་མོས་ལུས་ལ་བསྡུས་པའི་སྐབས་སུ་ཕུང་སོགས་ཀྱི་ངོ་བོར་ལྷ་རྣམས་མཐོང་བ་ཡིན་ལ་རིམ་པ་གཉིས་པའི་སྐབས་སུ་རླུང་སེམས་ཙམ་ལས་ལྷའི་སྐུར་བསྐྱེད་པའོ། །ཞི་གནས་སུ་བྱ་བ་སྟེ་ཞི་
བར་བྱའོ་ཞེས་དྲང་ངོ༌། །གང་ན་རྣམ་ཤེས་ལ་སོགས་པ་མི་བསྐྱོད་པ་ལ་སོགས་པར་གྲངས་བཞིན་དུ་བརྟགས་པ་སྟེ་བསྐྱེད་པ་དག་ནིའོ། །དེ་དག་ཞི་གནས་སུ་བྱེད་ཚུལ་ནི་མི་བསྐྱོད་པ་ལ་སོགས་པར་བརྟགས་པ་འདི་དག་དངོས་པོ་མེད་པར་གྱུར་པའི་དེ་བཞིན་ཉིད་དུ་ཞུགས་པ་ནི་ཞི་གནས་ཞེས་པའི་མིང་ཅན་ཏེ་མིང་དེའི་དོན་ནོ། །ད་ལྟ་འགྱུར་པའི་རྒྱུད་ལ། འདི་གཉིས་དངོས་པོ་མེད་པའི་བདག །དེ་བཞིན་ཉིད་ནི་ཞི་ཞེས་བྱ། ཞེས་བསྒྱུར་མོད་ཀྱང་མི་བསྐྱོད་པ་ལ་སོགས་པ་ཞི་གནས་སུ་བྱེད་ཚུལ་སྟོན་པས་གཞུང་འདི་དང་སྤྱོད་བསྡུས་སུ་བསྒྱུར་བ་ལྟར་ལེགས་སོ། །འདི་ཡང་རིམ་པ་དང་པོའི་སྐབས་སུ་ནི་མཚན་ཉིད་ལ་ལྷག་པར་མོས་པ་ཙམ་ཡིན་ལ་རིམ་པ་གཉིས་པར་ནི་སྤྲོས་པའི་སྣང་བ་རྣམས་སྣང་མེད་དུ་སྡུད་ནུས་པ་ཡང་ཡིན་ནོ། །འདི་ནི་གཞུང་གཞན་ནས་བཤད་པའི་ཞི་ལྷག་གཉིས་དང་མི་འདྲའོ། །དེ་བཞིན་ཉིད་འོད་གསལ་གྱི་དཀྱིལ་འཁོར་དུ་སངས་རྒྱས་ཏེ་ཕུང་པོ་རྣམས་རྣལ་འབྱོར་བ་ཡིས་གཞུག་གོ །འབྲས་བུ་འདོད་པས་ཞེས་དང་། རྣལ་འབྱོར་བ་ཡིས་ཞེས་དང་། དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། ཞེས་གསུགས་པས་གཞུང་དེ་དག་གིས་ནི་ལམ་གྱི་སྐབས་ཀྱི་འོད་གསལ་དུ་འཇུག་ཚུལ་སྟོན་གྱི་གཞིའི་སྐབས་མིན་ནོ། །སྒྲོན་གསལ་དུ་ དགོངས་པ ་ལུང་སྟོན་གྱི་ལེའུ་བདུན་པའི་བཤད་རྒྱུད་དྲངས་ལ་འདིར་མ་དྲགས་ཀྱང་དོན་འདྲའོ། །གཉིས་པ་ནི། རྩ་རྒྱུད་ཀྱི་དོན་འདི་སླར་ཡང་ཞིབ་ཏུ་བཤད་པ་རྡོ་ཇེ་ཕྲེང་བ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་ཏེ་དེ་ལ་འཇུག་པར་བྱའོ་ཞེས་
མཚམས་སྦྱོར་བའོ། །གཟུགས་ཕུང་གཏོགས་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་རྣམས་ཞེས་འབྱུང་བ་ལྟར་འདི་རྣམས་རྣམ་སྣང་གི་རིགས་ཅན་ཡིན་པའི་དོན་ཏེ་གཞན་ལ་ཡང་ཚོར་ཕུང་གཏོགས་ཞེས་སོགས་ཀྱི་དོན་སྦྱར་རོ། །མེ་ལོང་ཡེ་ཤེས་ནི། མེ་ལོག་ལ་གཟུགས་བརྙན་སྣང་བ་བཞིན་ཡུལ་རྣམས་ཅིག་ཅར་སྣང་བ་ལ་སྤྱོད་བསྡུས་ལས་གསུངས་སོ། །གཟུགས་ནི་ཁ་དོག་དང་དབྱིབས་ཀི་གཟུགས་སོ། །རྣམ་པ་ལྔ་ནི་ཕུང་བོ་དང་ཁམས་དང་དབང་བོ་དང་ཡུལ་དང་ཡེ་ཤེས་རེ་རེ་བགྲངས་པ་སྟེ་ཐམས་ཅད་ལ་དེ་བཞིན་དུ་སྦྱར་རོ། །དེ་ཙམ་དུ་ཟད་དམ་སྙམ་ན་ལག་པ་དང་དཔུང་པ་གཡས་པ་ལ་བཀོད་པའི་ཁྲོ་བོ་གཉིས་དང་ཡང་དག་པར་ལྡན་པ་སྟེ་དེ་དག་དང་བཅས་པ་ནི་རྣམ་སྣང་གི་རིགས་ཅན་ནོ། །དེ་བཞིན་དུ་འོག་ཏུ་ཡང་ཞེས་པར་བྱའོ། །མདོར་བྱས་ལས། ཁྲོ་བོ་བྱམས་པར་ཡང་དག་ལྡན། ཞེས་འབྱུང་ངོ༌། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། རྐང་མེད་རྐང་གཉིས་ལ་སོགས་པའི་སེམས་ཅན་རྣམས་སེམས་ཙམ་མོ་ཞེས་རྣམ་པ་གཅིག་ཏུ་རྟོགས་པ་ལ་སྤྱོད་བསྡུས་ལས་གསུངས་སོ། །ཁྲོ་བོ་གཉིས་ནི་གཡོན་པའི་ལག་པ་དང་དཔུང་བ་ལ་བཀོད་པའི་ཁྲོ་བོའོ། །དེ་གཉིས་དང་ལྡན་པའི་བཤད་པ་ནི་སྔར་བཞིན་ཐམས་ཅད་ལ་ཤེས་པར་བྱའོ། །སོ་སོར་རྟོག་པ་ནི་ཆོས་རྣམས་ཀྱི་ཆ་ཤས་ནི་འདི་དག་གོ་ཞེས་སོ་སོར་རྟོག་པ་ལ་སྤྱོད་བསྡུས་ལས་གསུགས་སོ། །བྱིན་ཟ་ནི་མེའི་མིང་གི་རྣམ་གྲངས་སོ། །ཁྲོ་བོ་གཉིས་ནི་ཁ་དང་པུས་མོ་གཡས་ལ་བཀོད་པ་གཉིས་སོ། །བྱ་བ་བསྒྲུབ་པ་ནི་རང་གཞན་གྱི་སྒོ་གསུམ་གྱི་བྱ་བ་རྫོགས་པར་སྒྲུབ་པ་ལ་སྤྱོད་བསྡུས་ལས་གསུངས་སོ། །ཁྲོ་བོ་གཉིས་ནི་གསང་གནས་དང་པུས་མོ་
གཡོན་ལ་བཀོད་པ་གཉིས་སོ། །སྟེང་འོག་གི་ཁྲོ་བོ་ནི་སྤྱི་གཙུག་དང་རྐང་མཐིལ་ལ་བཀོད་པ་གཉིས་ཏེ་ཤིན་ཏུ་དང་བཅས་པ་གཉིས་ནི་སྐབས་གཞན་དུ་ཡང་དག་པ་དང་ལྡན་པར་གསུངས་པ་དང་དོན་འདྲ་བ་ཡིན་གྱི་བཅས་པའི་སྒྲས་རེག་རྡོ་རྗེ་མ་སྟོན་པ་མིན་ནོ། །རང་བཞིན་གྱི་ནི་སྣང་བ་ཉིད་ཅེས་པ་ནི་རྟོག་པ་རང་བཞིན་བརྒྱད་ཅུ་དང་རྟོག་མེད་ཀུན་ཏུ་སྣང་བ་གསུམ་མོ། །རྣམ་ཤེས་ཕུང་བོར་ཞུགས་པ་ནི་རག་བཞིན་སྣང་བ་ལ་ཐིམ་ཞིང་སྣང་བ་གསུམ་ཡང་རིམ་བ་བཞིན་སྔ་མ་ཕྱི་མ་ལ་ཐིམ་པའོ། །དེར་མ་ཟད་རྣམ་ཤེས་ཉེར་ཐོབ་ཀྱང་འོད་གསལ་བར་འཇུག་གོ །དེའི་མིང་གི་རྣམ་གྲངས་སྟོན་པ་ནི་མྱ་ངན་ལས་འདས་པ་དང་ཀུན་ཏེ་ཐམས་ཅད་སྟོང་པ་དང་ཆོས་ཀྱི་སྐུར་ཡང་རྒྱུད་ལས་བཤད་པ་ཡིན་ནོ། །བཅས་པའི་སྒྲས་ནི་ཐམས་ཅད་སྟོང་པ་ཙམ་གྱི་སྒྲ་འཇུག་པ་མ་ཡིན་པར་སྟོན་པའོ། །འོ་ན་རྣམ་ཤེས་ཀྱི་སྐབས་སུ་སྐབས་གཞན་བཞིན་དུ་ཕུང་བོ་ལ་སོགས་པ་ལྔ་མི་སྟོན་པ་ཅི་ཞེ་ན། ནམ་མཁའ་ལ་གཉིས་ལས་བུ་ག་ནམ་མཁའ་ནི་གཟུགས་ཀྱི་སྐྱེ་མཆེད་ཡིན་པས་ལྔ་ཚན་དང་པོའི་སྐབས་ཡིན་ལ། འདུས་མ་བྱས་ཀྱི་ནམ་མཁའ་ནི་རིམ་ནས་འགྲོ་རྒྱུའི་ཁོངས་སུ་མི་གཏོགས་པས་འདིར་མ་བཤད་དོ། །ཆོས་ཀྱི་སྐྱེ་མཆེད་ཀྱི་ཕུང་བོ་བར་བ་གསུམ་ནི་སྐབས་གོང་མར་བཤད་ཟིན་ལ་ནམ་མཁའ་ལ་སོགས་པའི་འདུས་མ་བྱས་ནི་སྔར་བཤད་པ་ལྟར་ཡིན་པས་ཆོས་ཀྱི་ཁམས་ནི་འོད་གསལ་དུ་ཐིམ་པར་འགྱུར་པའི་ཁོངས་སུ་མ་བགྲངས་སོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། སྒྲོ་གསུམ་གྱི་སྒྲིབ་པ་དག་ཅིང་ལས་ཉོན་ལསགྲོལ་ཏེ་དགེ་མི་དགེའི་རྣམ་རྟོག་གི་བག་ཆགས་སྦྱངས་པ་ལ་སྤྱོད་
བསྡུས་སུ་གསུངས་པ་ཚང་བ་སྐབས་འདིར་མེད་ཀྱང་ལས་དང་ཉོན་མོངས་ཡོངས་སུ་སྦྱོང་བའི་རྣམ་ཤེས་ཡོད་པས་ཚང་ལ་ཡིད་ཀྱི་དབང་བོ་ནི་སྣང་བ་གསུམ་པོ་ཡིན་ཏེ། སྤྱོད་བསྡུས་ལས། འཇམ་དཔལ་གྱི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ཏེ་བཤད་པ་ལུས་ཀྱི་ནང་ན་སྣང་བའི་རྣམ་པར་ཤེས་པ་གསུམ་པོ་དེ་ནི་ཡིན་གྱི་དབང་བོ་སྟེ། ཞེས་གསུགས་པས་སོ། །དེ་ལྟར་ན་སྟེང་འོག་གི་ཁྲོ་བོ་གཉིས་དང་འཇམ་དཔལ་དང་མི་བསྐྱོད་པ་རྣམས་ནི་རྣམ་ཤེས་ཀྱི་ཕུང་བོའི་སྐབས་ཀྱི་འོད་གསལ་དུ་འཇུག་རྒྱུའོ། །འོ་ན་འདིར་མིག་ལ་སོགས་པའི་སྦྱང་གཞི་ཉིད་འོད་གསལ་དུ་འཇུག་རྒྱུར་བཤད་པ་དང་ཁྲོ་བོ་རྣམས་བཤད་པ་ལྟར་ལྷ་འོད་གསལ་དུ་འཇུག་རྒྱུར་བཤད་པ་གཉིས་ཀ་སྣང་ན་དེ་དག་ཇི་ལྟར་ཡིན་སྙམ་ན། དེ་ལ་ཐ་མལ་བའི་ཕུང་སོགས་འཆི་བའི་འོད་གསལ་དུ་འཇུག་པ་ནི་ཐབས་ལ་མཁས་པ་དང་བྲལ་བའི་འཇུག་ཚུལ་ཡིན་པས་རྣམ་སྣང་ལ་སོགས་པའི་ལྷ་འོད་གསལ་དུ་འཇུག་རྒྱུ་མེད་དོ། །དེའི་ཕྱིར་འཁོར་བ་པ་རང་དགའ་བའི་སྐྱེ་འཆི་བརྒྱུད་མའོ། །འདིར་ནི་གཙོ་བོར་རྣལ་འབྱོར་བའི་ཕུང་སོགས་འོད་གསལ་དུ་འཇུག་ཚུལ་སྟོན་ལ་དེ་ཡང་སྦྱང་གཞི་སོ་གཉིས་ཀྱི་རང་བཞིན་ལྷ་སོ་གཉིས་སུ་བསྒོམས་པའི་མཐུས་འོད་གསལ་དུ་འཇུག་པས་ན་ཕུང་སོགས་དང་ལྷ་གཉིས་ཀ་འོད་གསལ་དུ་འཇུག་རྒྱུར་གཟུང་ངོ༌། །རྒྱས་པར་ཕྱེ་ན་དེ་ལྟར་ཡིན་ཡང་བསྡུ་ན། སྤྱོད་བསྡུས་ལས། རྣམ་སྣང་དང་རིན་འབྱུང་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང་མི་བསྐྱོད་པའི་རིགས་སུ་གཏོགས་པའི་བསྒོམ་རྒྱུ་རྣམས་རིམ་པ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་དང་རྣམ་ཤེས་ཀྱི་ཁམས་ལྔར་འདུས་པར་གསུགས་པས་ཕུང་སོགས་ལྷ་སོ་གཉིས་སུ་བསྒོམས་
པས་ནི་ཁམས་ལྔ་སྦྱངས་ནས་དེ་དག་འོད་གསལ་དུ་རིམ་གྱིས་འཇུག་པར་བྱེད་པ་ཡིན་པར་ཤེས་པར་གྱིས་ཤིག །དེ་ལྟར་འོད་གསལ་དུ་འཇུག་པ་དེ་བརྟན་པར་བྱ་བའི་དོན་དུ་གསང་སྔགས་འདི་ནི་བརྗོད་པར་བྱའོ། །སྔགས་ནི་ༀ་ཞེས་སོགས་སོ། །འདི་རིམ་པ་དང་པོའི་སྐབས་སུ་ངག་ཏུ་བརྗོད་ནས་དེའི་དོན་ལ་མོས་པ་ཙམ་བྱ་དགོས་ལ་རིམ་པ་གཉིས་པའི་སྐབས་སུ་ནི་མངོན་སུམ་དུ་འགྱུར་རོ། །གཉིས་པ་ནི། ཉེ་བར་བཤད་པར་བྱ་སྟེ་ཤེས་མཚམས་སྦྱོར་རོ། །གང་ན་རྫོགས་པ་ལ་གནས་པ་ནི་རྫོགས་པའི་རིམ་པ་སྟེ་དེའོ། །དེ་ནི་རྣམ་གཞག་བཞི་པ་འདི་ལ་བསྐྱེད་རྫོགས་གཉིས་ཀའི་ཆ་ཡོད་པའི་ནང་ནས་འདི་ཉིད་ཀྱི་རྫོགས་རིམ་གྱི་ཆའོ། །དེ་ལ་སྤྱིར་འཁོར་བ་ཐོག་མ་མེད་པ་ནས་ཞེས་གསུངས་པ་ལྟར་ཐིམ་པའི་རིམ་པ་འདི་སེམས་ཅན་ཐ་མལ་བ་འཆི་བ་ལ་ཡང་ཡོད་མོད་ཀྱང་རྣལ་འབྱོར་བ་ལ་རྣལ་འབྱོལ་གྱི་སྟོབས་ཀྱིས་དེ་ལྟ་བུའི་ཐིམ་རིམ་འབྱུང་བ་ནི་རྫོགས་རིམ་པ་མིན་པ་ལ་མེད་དོ། །དེ་ལ་ནས་ཤེས་པར་བྱ་སྟེ་ཞེས་པའི་བར་ནི་མཚམས་སྦྱོར་བ་སྟེ། གཟུགས་ཀྱི་ཕུང་བོ་ཞེས་འབྱུང་ཡང་རྣམ་སྣང་གི་རིགས་རྣམས་འོད་གསལ་དུ་ཞུགས་པའི་མཚན་མ་ལ་བྱ་དགོས་ཏེ་འོག་མ་གསུམ་གྱི་འགྲོས་ཀྱིས་ཤེས་སོ། །གཟུགས་ཕུང་ཐིམ་པའི་མཚན་མ་ནི། ཡན་ལག་ཐམས་ཅད་སྔར་ལས་ཕྲ་རུ་སོང་བ་དང་ལུས་ཉམས་ཆུང་བ་དང་ནུས་པ་མེད་པར་འགྱུར་རོ། །མཚན་མ་ནི་ཞེས་ཀུན་ལ་སྦྱར་རོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པ་ན་མི་གསལ་བར་རབ་རིབ་ཏུ་འགྱུར་རོ། །ས་ཁམས་འགགས་པ་ན་ལུས་ཐམས་ཅད་བསྐམས་པར་འགྱུར་རོ། །ས་
ཆུ་ལ་ཐིམ་པ་ན་སྨིག་རྒྱུ་ལྟ་བུ་འབྱུང་བར་གསུངས་པ་སོགས་ནི་ཡིད་ངོའི་ཉམས་འཆར་ཚུལ་ཡིན་ལ། འདིར་ནི་འབྱུང་བ་བཞི་ཐིམ་པ་ན་ལུས་ལ་ཇི་ལྟར་འགྱུར་པ་སོགས་སྟོན་པས་མི་འདྲའོ། །མིག་མི་འགྱུར་པ་ནི་འབྱེད་འཛུམས་མི་ཤེས་པའོ། །ཡུལ་གཟུགས་ནི་རྒྱུད་ཀྱི་མ་ཟིན་པའི་ཕྱི་རོལ་གྱི་གཟུགས་མིན་གྱི་རང་གི་ལུས་ཀྱི་གཟུགས་ཡིན་པས་དེ་ཐིམ་པ་ན་ལུས་ཀྱི་མདངས་ཡལ་བ་དང་ཉམས་སྟོབས་ཟད་པར་འགྱུར་རོ། །དེ་ལྟར་ཞེས་སོགས་ནི་དོན་སྡུད་པ་སྟེ་འཇུག་གོ་ཞེས་དྲང་ངོ་། །གང་ན་འཁོར་བ་ནས་སེམས་ཅན་རྣམས་ཞེས་པའི་བར་ཏེ་མཚན་མ་སྟོན་པའི་གཞུང་འདི་དག་གིས་སེམས་ཅན་དང་དགའ་བ་དང་རྣལ་འབྱོར་བ་ལ་འབྱུང་ཚུལ་ཐུན་མོང་དུ་སྟོན་ནོ། །གང་དུ་ན་དོན་དམ་པའི་དཀྱིལ་འཁོར་དུའོ། །སེམས་ཅན་དེའི་ཆོས་གང་དེར་འཇུག་ན། རྣམ་སྣང་གི་རིགས་ཅན་ཏེ་དེའི་རིགས་སུ་བསྒོམ་རྒྱུའི་སྐུའི་དཀྱིལ་འཁོར་ལ་གནས་པ་རྣམས་སོ། །རིམ་པ་ནི་སྐད་ཅིག་པ་སྟེ་མྱུར་བའི་རིམ་གྱིས་སོ། །དེ་དག་གི་མཚན་མ་ནི་སྔར་བཤད་པ་དེ་ལྟར་རོ། །འོ་ན་རྡོར་ཕྲེང་དུ་རྣམ་སྣང་ལ་སོགས་པའི་རིགས་ཅན་འགའ་ཞིག་གི་སྐབས་སུ་དེའི་རིགས་རྣམས་ཚང་བར་མ་བསྟན་པ་དེ་དག་དོན་དམ་དུ་མི་འཇུག་གམ་སྙམ་ན། བྱམས་པ་ལ་སོགས་པ་གང་དག་རྣམ་སྣང་ལ་སོགས་པའི་རིགས་ཀྱི་ཆ་ཤས་ལ་གནས་པ་དེ་དག་གི་འོད་གསལ་དུ་འཇུག་པ་ནི་རྡོ་རྗེ་ཕྲེང་བ་འདིར་རྣམ་པར་བཞག་པ་མེད་མོད་ཀྱི་སྟེ་མེད་ནའང་འོན་ཀྱང་རྣམ་སྣང་ལ་སོགས་པའི་རིགས་རྣམས་བསྟན་པའི་ཟླ་སྟོབས་ཀྱིས་དེ་དག་ཀྱང་དོན་དམ་བདེན་པར་རབ་ཏུ་འཇུག་པར་
ཤེས་པར་བྱའོ། །ཡང་ན་རྣམ་གཞག་ཏུ་ལྔ་ཚན་དེ་ལས་མ་གཏོགས་པ་གཞན་འོད་གསལ་དུ་འཇུག་པར་མ་བཤད་པའི་དོགས་གཅོད་དུ་སྦྱར་ཏེ། དེ་ལྟར་ཡང་ལྷག་མ་མ་བསྟན་པ་རྣམས་གོ་དགོས་པ་ལ་འདྲ་བ་ཡིན་ནོ། །མདོར་བྱས་ཀྱི་འགྱུར་ལྟར་ཡིན་ན་ནི་བྱམས་པ་སྒྲས་ཟིན་པས་རྣམ་སྣང་གི་རིགས་རྣམས་ཚང་བར་སྣང་ངོ༌། །གཉིས་པ་ནས་ཤེས་པར་བྱ་སྟེ་ཞེས་པ་ནི་མཚམས་སྦྱོར་བའོ། །ལྷ་རྣམས་ཞེས་པ་ནི་ལྷ་དང་དར་སྒོམ་རྒྱུ་གཉིས་ཆར་ལ་བྱ་སྟེ་གཞན་དུ་ཡང་ཤེས་པར་བྱའོ། །དེ་བཞིན་དུ་ཞེས་པ་ནི་དངོས་སུ་མ་བཤད་པ་རྣམས་བཤད་པའི་ཟླ་སྟོབས་ཀྱིས་གོ་བར་བྱ་དགོས་པ་གཞན་ལ་ཡང་འདྲ་བར་སྟོན་པའོ། །ལུས་ཅན་རྣམས་ཀྱི་ཚོར་བ་ནི་དབང་ཤེས་ཀྱི་ཚོར་བའོ། །ཡིད་ཅན་གྱི་ཚོར་བ་ནི་ཡིད་ཤེས་ཀྱི་ཚོར་བའོ། །རང་གི་ལུས་ཀྱི་སྒྲ་ནི་རྣ་བའི་ནང་གི་འུར་སྒྲ་ཡིན་ནམ་བརྟག་གོ །གསུམ་པ་ནས་ཤེས་པར་བྱ་སྟེ་ཞེས་པའི་བར་ནི་མཚམས་སྦྱོར་རོ། །རྐང་གཉིས་ལ་སོགས་པའི་སེམས་ཅན་གྱི་དོན་རྣམས་སོ་སོར་གཅོད་པ་ལ་སྤྱོད་བསྡུས་ལས་འདུ་ཤེས་སུ་གསུངས་པས་དེ་ཐིམ་པ་ན་སེམས་ཅན་དེ་རྣམས་དྲན་པར་མི་འགྱུར་རོ། །སོར་རྟོག་ཀྱང་མིང་ལ་སོ་སོར་རྟོག་པ་སོགས་ལ་བྱེད་པས་དེ་ཐིམ་པ་ན་མིང་མི་དྲན་ནོ། །ལུས་ཀྱི་མེ་ཐིམ་པ་ན་བཟའ་བཏུང་འཇུ་བའི་ནུས་པ་ཉམས་སོ། །སྟེང་གི་རླུང་ནི་སྣ་སྒོའི་ཡིན་ལ་རྩེག་ཅིང་རྩེག་ཅིང་འགྲོ་བ་ནི་ནང་དུ་སྡུད་པ་ཞན་ཅིང་ཕྱིར་དྲག་ལ་རིང་བར་འགྲོ་བའོ། །དྲི་ཐིམ་པ་ན་རང་གི་ལུས་ལ་དྲི་མི་བྲོ་བ་ནི་མི་ཚོར་བའོ། །འདིར་འོད་དཔག་མེད་ཀྱི་རིགས་ཀྱི་སྤྱན་རས་
གཟིགས་དང་འཇམ་དབྱངས་གཉིས་ཆད་ལ་སྣ་ནམ་སྙིང་རིན་འབྱུང་གི་རིགས་ལྷག་གོ་སྙམ་ན། གཟུགས་ནས་རྣམ་ཤེས་ཀྱི་ཕུག་བོའི་བར་ནི་གཙོ་བོ་ཡིན་ལ་དེ་དག་ཀྱང་སྔ་མ་སྔ་མ་རགས་ཤིང་ཕྱི་མ་ཕྱི་མ་ཕྲ་བས་རགས་རིམ་ནས་འགག་གོ །དེས་ན་ཕུང་བོ་རེ་རེ་ཐིམ་པ་ན་ཁམས་དང་དབང་བོ་དང་ཡུལ་གང་ཐིམ་པར་འགྱུར་པ་རྣམས་ཕྱོགས་གཅིག་ཏུ་མཛད་པས་ན་ཚོར་བ་ཐིམ་པ་ན་སྣ་དབང་མི་ཐིམ་ཞིང་འདུ་ཤེས་ཐིམ་པ་ན་དེ་ཐིམ་པར་འགྱུར་པས་ནམ་སྙིང་རིན་འབྱུང་གི་རིགས་ཡིན་ཡང་ཐིམ་རིམ་གྱི་དབང་དུ་མཛད་ནས་པདྨའི་རིགས་སུ་གསུངས་ཏེ་གཞན་རྣམས་ལ་ཡང་དེ་ལྟར་རོ། །བཞི་པ་ནས་ཤེས་པར་བྱ་སྟེ་ཞེས་མཚམས་སྦྱར་ནས་ལུས་ཀྱི་བྱ་བ་ནི་བསྒུལ་བསྐྱོད་དོ། །རླུང་བཅུ་ནི་སྲོག་འཛིན་དང་ཐུར་སེལ་དང་མེ་མཉམ་དང་གྱེན་རྒྱུ་དང་ཁྱབ་བྱེད་ནི་རྩ་བའི་ལུང་ལྔ་སྟེ་སྙིང་ག་གསང་གནས་ལྷེ་བ་མགྲིན་པ་ཚིགས་རྣམས་ལ་གནས་སོ། །རྒྱུ་བ་དང་རྣམ་པར་རྒྱུ་བ་དང་ཡང་དག་པར་རྒྱུ་བ་དང་རབ་ཏུ་རྒྱུ་བ་དང་ངེས་པར་རྒྱུ་བ་ནི་ཡན་ལག་གི་ལུང་ལྔ་སྟེ་མིག་ལ་སོགས་པའི་དབང་བོ་ལ་གནས་སོ། །འདིར་ལུས་དབང་ཐིམ་དགོས་ཤིང་རེག་བྱའི་བྱ་བ་བྱེད་པའི་ངེས་པར་རྒྱུ་བའི་རླུང་ཐིམ་པར་གསུངས་པས་མིག་ལ་སོགས་པ་བཞི་ཐིམ་པའི་དུས་དེར་ཡུལ་བཞི་ཐིམ་པར་གསུངས་པ་ལྟར་རེག་བྱ་ཡང་ཐིམ་དགོས་སོ། །དེ་ཡན་ཆད་ཀྱིས་ནི་ཕུང་བོ་བཞི་དང་ཁམས་བཞི་ཐིམ་པ་བསྟན་ལ་རྣམ་ཤེས་ཐིམ་པ་ནི་འདི་མན་ཆད་ཀྱིས་སྟོན་ཏེ་དེ་ལ་རྟགས་དངོས་སུ་མ་གསུངས་སོ། །སྤྱོད་བསྡུས་ལས་ཀྱང་རིམ་པ་འདིས་དོན་དམ་པའི་བདེན་པ་ལ་དམིགས་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ་ཕུང་བོ་
ལ་སོགས་པ་ནི་ཁམས་ཕྲ་བ་ལ་གཞུག་གོ །ཁམས་ཕྲ་བ་ནི་སེམས་ལ་གཞུག་གོ །སེམས་ནི་ཡང་སེམས་པ་ལ་གཞུག་གོ །སེམས་པ་ནི་ཡང་མ་རིག་པ་ལ་གཞུག་སྟེ་དེ་ལྟར་སྦྱར་ནས་གཉིད་ལོག་པར་བྱེད་དོ། ཞེས་གསུངས་པའི་མཐར་རིམ་པ་འདིས་ལུས་ཀྱི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པའི་ཚོགས་བསད་ན་དངོས་གྲུབ་ཐོབ་པའི་ཤེས་བྱེད་དུ་སྔར་གྱི་ དགོངས་པ ་ལུང་སྟོན་གྱི་ལུང་དྲངས་ནས་འོད་གསལ་མངོན་སུམ་དུ་བྱེད་ཚུལ་ཕུང་སོགས་ཐིམ་པའི་རིམ་པ་ཅན་གྱི་སྒོ་ནས་གསུངས་སོ། །རྒྱུད་ཕྱི་མར། རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །ཅེས་འཛིན་པའི་ཡན་ལག་འོད་གསལ་ལ་བཤད་པའི་དོན་ལ་རང་ནི་གཟུགས་ལ་སོགས་པ་དང་དབང་བོ་ནི་མིག་སོགས་དང་རིན་ཆེན་ནི་སེམས་དང་རླུང་སྟེ་དེ་དག་ཐིམ་ནས་འོད་གསལ་དུ་འཇུག་པ་དང་སྨིག་རྒྱུ་ལ་སོགས་པའི་མཚན་མ་ལྔ་ཡང་ས་ཆུ་ལ་ཐིམ་པ་སོགས་ཀྱི་ཚེ་འབྱུང་བར་སྒྲོན་གསལ་ལས་གསུངས་སོ། །དེས་ན་རྫོགས་རིམ་གྱི་སྐབས་སུ་འོད་གསལ་མངོན་དུ་བྱེད་ཚུལ་ནི་གཞུང་གཞན་ནས་བཤད་པ་དང་མི་འདྲ་ཡི། སེམས་ཅན་ཐ་མལ་བས་འཆི་བའི་འོད་གསལ་མངོན་དུ་བྱེད་པའི་སྐབས་ཀྱི་འཆི་རིམ་ཇི་འདྲ་དེ་འདྲ་བ་གཅིག་རྣལ་འབྱོར་གྱི་སྟོབས་ཀྱིས་མངོན་དུ་བྱས་པའི་སྐབས་སུ་འོད་གསལ་མངོན་དུ་བྱེད་པ་འདི་འཕགས་པ་ཡབ་སྲས་ཀྱི་ཆོས་སྐད་ཐུན་མོང་མ་ཡིན་པར་སྣང་ངོ༌། །དེའི་གནད་ཀྱིས་ཟུང་འཇུག་གི་གོ་འཕང་ཡང་སྒྲུབ་ཚུལ་ཐུན་མོང་མ་ཡིན་པ་གཅིག་སྣང་སྟེ་
རྫོགས་རིམ་གྱི་སྐབས་སུ་བཤད་པར་བྱའོ། །འདིའི་གནད་མ་ཟིན་པའི་རྒྱུ་མཚན་གྱིས་ཁ་ཅིག་གིས་འདིར་བཤད་པའི་འོད་གསལ་དུ་འཇུག་པའི་རྟགས་རྣམས་གཞིའི་སྐབས་ཁོ་ན་ལ་སྦྱོར་བ་དང༌། གཞན་དག་གིས་འདི་དང་སྒྲོན་གསལ་ལས་གསུངས་པའི་འོད་གསལ་མངོན་དུ་བྱེད་པར་འགྱུར་པའི་མཚན་མ་རྣམས་ལེ་ལོ་ཅན་འཚང་རྒྱ་བའི་འོད་གསལ་མངོན་དུ་བྱེད་ཚུལ་ཁོ་ན་ལ་སྦྱོར་བ་སྣང་སྟེ། དེ་ལྟར་བྱས་ན་འཕགས་པ་ཡབ་སྲས་ཀྱི་ཆོས་སྐད་ཀྱི་རྐང་སྟོར་ནས་འགྲོ་བར་སེམས་སོ། །སྔར་བཤད་པའི་བསྐལ་པ་དང་པོའི་་མི་ཤི་བ་ནི་རྫུས་སྐྱེས་དབང་སོགས་ཅིག་ཅར་དུ་འགགས་ནས་འཆི་བ་ཡིན་པས་འདིར་བསད་པ་ལྟར་དབང་སོགས་རིམ་གྱིས་ཐིམ་པ་མེད་ཀྱང་ཤི་བའི་འོད་གསལ་ཉམས་སུ་མྱོང་བ་ཙམ་ཡོད་པས་དེ་ཆོས་མཐུན་གྱི་ཡུལ་ཡིན་ནོ། །གསུམ་པ་ལ་གཉིས། རང་བཞིན་སྣང་བ་ལ་ཐིམ་པ་རྒྱུ་དང་བཅས་པ་དང༌། བསམ་གཏན་གཉིས་ཀྱིས་སྔགས་དོན་མངོན་དུ་བྱེད་ཚུལ་ལོ། །དང་པོ་ནི། ཤེས་པར་བྱེ་སྟེ་ཞེས་དྲང་ངོ༌། གང་ན་ལྷག་མ་ནི་ཕུང་བོ་བཞིའི་ལྷག་མ་ཡིན་ལ་དེས་ན་རིགས་བཞིའི་ལྷག་མ་རྡོ་རྗེའི་རིགས་སུ་དོན་གྱི་གོའོ། །དེ་ནི་རང་བཞིན་གྱི་རྟོག་པ་བརྒྱད་ཅུ་སྣང་བ་གསུམ་དུ་ཐིམ་པའི་འཇམ་དཔལ་གྱི་ཡེ་ཤེས་སོ། འཇམ་དཔལ་ནི་ཡིད་སྦྱོང་བ་ཡིན་པས་མི་བསྐྱོད་པ་དང་སྦྱང་གཞི་གཅིག་གོ །མདོར་བྱས་ནས་གསུང་པ་ལྟར་རྡོ་རྗེ་ཕྲེང་བའི་ལུང་འདི་རྣམས་ལྷག་མོས་འོད་གསལ་དུ་སྡུད་པའི་སྐབས་སུ་ཡང་བཤད་དགོས་ན་ལྷག་མོས་ཀྱི་སྐབས་སུ་ནི་མི་བསྐྱོད་པ་གཙོ་འཁོར་གང་དུ་ཡང་མེད་པར་རྡོ་རྗེའི་
རིགས་ཇི་ལྟར་བྱ་སྙམ་ན། ལྷ་དེ་མེད་ཀྱང་དེའི་སྦྱང་གཞི་ཡོད་པས་མི་འགལ་ཏེ། དཔེར་ན་འཁོར་བ་ཐོག་མ་མེད་པ་ནས་སེམས་ཅན་གྱི་གཟུགས་ཕུང་གི་སྐོར་འོད་གསལ་དུ་འཇུག་པ་ལ་རྣམ་སྣང་གི་རིགས་ཀྱི་ལྷ་རྣམས་མེད་ཀྱང་དེའི་རིགས་ཅན་དུ་སྔར་གསུགས་པ་བཞིན་ནོ། །ཡེ་ཤེས་དེ་ནི་རྡོར་བཟླས་ལ་རིམ་པ་དང་པོར་བྱས་པའི་རིམ་པ་གཉིས་པ་སེམས་དབེན་ཏེ་དེ་ཡང་བསམ་གཏན་གཉིས་ཀྱིས་རྣམ་ཤེས་འོད་གསལ་དུ་འཇུག་པའི་སྔ་རོལ་དུ་རང་བཞིན་སོ་གསུམ་དང་བཞི་པཅུ་དང་བདུན་འགགས་པ་ཡེ་ཤེས་སོ། །འོ་ན་རང་བཞིན་ཐིམ་པའི་སེམས་དམིགས་ཀྱི་རིམ་པ་ཤེས་པར་བྱེད་པ་དེ་གང་ལ་བརྟེན་ནས་ཡིན་སྙམ་ན། སེམས་དམིགས་ཀྱི་རིམ་པ་དེ་ཡང་རྡོ་རྗེ་བཟླས་པའི་རིམ་པས་སམ་རིམ་པ་ལ་གནས་ཏེ་བསྒྲུབ་དགོས་ཏེ། རིམ་ལྔ་ལས། རྡོ་རྗེ་བཟླས་གནས་རྣལ་འབྱོར་པས། །སེམས་པ་དམིགས་པ་ཐོབ་པར་འགྱུར། ཞེས་གསུངས་པས་སོ། །ཡི་གེ་གསུམ་ཙམ་ཟློས་པའི་རྡོར་བཟླས་ཡིན་ནམ་སྙམ་ན། སྲོག་ནི་འཚོ་བའོ། །རྩོ་ལ་བ་ནི་རིང་དུ་སྤྲོ་བའོ། །དེ་དང་བཅས་པར་ཏེ་རླུང་སྔགས་གཉིས་སྦྱར་ནས་ཟློས་པའོ། །འདི་སྐབས་འདིར་བཤད་པའི་རྒྱུ་མཚན་ནི་སྟོན་པར་འགྱུར་རོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། སྔགས་དོན་ལུང་གིས་བཤད་པའོ། །དང་པོ་ནི་མངོན་སུམ་དུ་བྱས་ཞེས་དྲང་ངོ་། །གང་ན། སྙིང་གི་དབུས་ན་མི་ཤིགས་པ། །གསལ་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། ཨ་ནི་གཙོ་བོ་དམ་པའོ། །
ཞེས་རྡོ་རྗེ་དཀྱིལ་འཁོར་རྒྱན་གྱི་རྒྱུད་སྤྱོད་བསྡུས་སུ་དྲངས་ནས་བཤད་པ་མཛད་པ་ལ་རང་བཞིན་གྱིས་གྲུབ་པའི་ཨ་ཐུར་དང་དེས་མཚོན་པའི་སྐྱེ་མེད་ཀྱི་དོན་གཉིས་ཡོད་པའི་ཕྱི་མ་ནི་འདིར་མི་ཤིགས་པ་སྟེ་འོད་གསལ་ལོ། །ཐམས་གང་གིས་ན་ཅིག་ཅར་དུ་འོད་གསལ་དུ་སྡུད་པའི་རིལ་རིམ་པོར་འཛིན་པ་དང་རིམ་གྱིས་སྡུད་པའི་རྗེས་སུ་གཞིག་པའི་རིམ་པ་སྟེ་བསམ་གཏན་གཉིས་ཀྱི་ཏེ། རིམ་ལྔ་ལས། མགོ་བོ་ནས་ནི་རྐང་པར་བར། །ཇི་སྲིད་སྙིང་གར་ཕྱིན་གྱི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་བོར་འཛིན་པ་ཞེས་བཤད་དོ། །རྒྱུ་བ་དག་ནི་མི་རྒྱུ་ཉིད། །དང་པོ་འོད་གསལ་བར་བྱས་ཏེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ་གཞིག་པའི་རིམ་པ་ཡིན། ཞེས་སོ། །དེ་ལྟར་བྱས་ཏེ་སྔགས་ཀྱི་དོན་མངོན་སུམ་དུ་བྱེད་པར་འགྱུར་རོ། །གང་གི་ཚེ་སྙམ་ན་མི་ཤིགས་པ་མངོན་སུམ་དུ་བྱས་པ་དེའི་ཆེ་སྟེ་དུས་དེར་རོ། །དེས་ན་རླུང་ཐིམ་པའི་ཚེ་མི་ཤིགས་པ་མངོན་དུ་བྱས་ལ་ཉེར་ཐོབ་ཐིམ་པའི་དུས་སུ་འོད་གསལ་མངོན་དུ་བྱས་པར་འཆད་པ་དོན་མིན་ནོ། །སྔགས་ནི་ༀ་ནས་ཨ་ཧཾ་ཞེས་བྱ་བའི་བར་རོ། །འོད་གསལ་མངོན་དུ་བྱས་ཚུལ་ནི་འཛིན་པ་སྟེ་རྣམ་ཤེས་ཉེ་བར་བསྡུས་ནས་བྱེད་དེ་ཡུལ་དོན་དམ་དང་ཡུལ་ཅན་རིག་པ་གཉིས་ཀྱི་གཉིས་སྣང་ཕྲ་མོ་ཡང་དག་ནས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མི་ཕྱེད་པར་ཞུགས་པའོ། །སྔགས་དོན་ཡང་དེ་ཡིན་ཏེ། ཤཱུ་ནྱ་ཏཱ་ནི་སྟོང་ཉིད་དང་། ཛྙཱ་ན་ནི་ཡེ་ཤེས་དང་། བཛྲ་ནི་རྡོ་རྗེ་དང་། སྭ་བྷཱ་བ་ནི་རང་བཞིན་དང༌། ཨཱ་ཏ་མ་ཀོ་ནི་བདག་
ཉིད་དང་། ཨ་ཧཾ་ནི་ངའོ་ཞེས་པའི་དོན་ཡིན་པས། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ངའོ་ཞེས་པ་སྟེ། རྣལ་འབྱོར་པ་དེའི་བདག་ཏུ་ཐ་སྙད་གདགས་པའི་གཞིའི་གཙོ་བོ་སེམས་དེ་བཞིན་ཉིད་དང་དབྱེར་མེད་པར་སོང་བའི་ཕྱིར་རོ། །འདི་ན་དབུ་མའི་གཞུང་ནས་བཤད་བ་ལྟར་གྱི་རང་བཞིན་མེད་པའི་དོན་ལ་ཕུ་ཐག་ཆོད་པའི་གོ་བ་རྙེད་ནས་དེ་ནས་རིམ་པ་དང་པོ་ནས་བསྒོམས་པའི་མཐར་རྫོགས་རིམ་གྱི་སྐབས་སུ་དེ་ལྟར་བྱུང་བ་ཡིན་གྱི། །ངེས་དོན་གྱི་ལྟ་བ་ཐོས་བསམ་གྱིས་གཏན་ལ་ཕབ་ནས་ལེགས་པར་མ་སྙེད་པའམ་རྙེད་ཀྱང་སྔགས་ཀྱི་ལམ་གྱི་སྐབས་སུ་དེ་ལ་དམིགས་ནས་མ་བསྒོམས་པར་ལྷ་སྐུ་དང་རླུང་ངམ་ཐིག་ལེ་སོགས་ཀྱི་ལམ་བསྒོམས་པས་གཉིས་སྣང་རགས་པ་ལོག་པའི་ཏིང་ངེ་འཛིན་སྐྱེས་པ་དང་མི་གཅིག་གོ །དབུ་མ་ནས་བཤད་པའི་སྟོང་ཉིད་སྒོམ་པར་འདྲ་ཡང་ས་ལ་སོགས་པ་ཐིམ་པའི་རིམ་པ་ཅན་གྱི་རྟོགས་པ་བསྐྱེད་ནས་འོད་གསལ་མངོན་དུ་བྱེད་པ་ནི་འདི་དག་གི་ཁྱད་ཆོས་སོ། །རིམ་པ་དང་པོའི་དེ་བཞིན་ཉིད་ལས་བྱང་ཆུབ་པའི་སྐབས་སུ་མོས་པ་ཙམ་གྱིས་སྒོམ་པའི་སྔགས་དེའི་དོན་རྫོགས་རིམ་གྱི་སྐབས་སུ་འཆི་བའི་རིམ་པ་བཞིན་དུ་ཕུང་སོགས་ཐིམ་པའིམཐར། ཆོསཀྱི་སྐུར་ཡང་བཤད་པ་ཡིན། ཞེས་གསུངས་པ་ལྟར་ཆོས་སྐུ་འོད་གསལ་མངོན་དུ་བྱེད་པར་གསུངས་པའི་འདིས་རིམ་པ་དང་པོར་དང་པོའི་མགོན་པོ་བསྐྱེད་པ་དང་དེ་སྤྲུལ་སྐུར་བསྒྱུར་བ་སོགས་གསུངས་པ་ཡང་རྫོགས་རིམ་གྱི་སྐབས་སུ་ཇི་ལྟར་འགྱུར་པ་ཤེས་པར་བྱ་དགོས་སོ། །དེ་ལྟར་འོད་གསལ་དུ་འཇུག་རྒྱུ་
ཚན་པ་ལྔར་བཅད་ནས་དང་པོ་བཞི་ཞུགས་པའི་རྟགས་དང་ཐ་མ་ཞུགས་པའི་ཚེ་ཤཱུ་མྱ་ཏཱའི་སྔགས་དོན་མངོན་དུ་བྱས་པར་བཤད་པ་འདིས་ནི་རྡོར་ཕྲེང་གི་ དགོངས་པ ་ལེགས་པར་བཤད་དོ། །གཉིས་པ་ལ་གཉིས། དྲི་བ་དང་། ལན་ནོ། །དང་པོ་ནི། སློབ་མས་གསོལ་བ། ཨ་ཤཱུ་ནྱ་ཏཱ་ལ་སོགས་པའི་སྔགས་འདིའི་དོན་བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། ཞེས་འདྲི་བ་སྟེ་བཤད་ཟིན་པ་དེ་ཉིད་ལུང་གཞན་གྱི་ཀྱང་བཤད་པ་དང་སྔགས་དོན་གཞན་ཡང་བསྟན་པར་བཞེད་པའོ། །གཉིས་པ་ནི། སློབ་དཔོན་གྱི་ལན་གསུངས་པ། སྔགས་ཀྱི་དོན་ནི་བཅོམ་ལྡན་འདས་ཀྱིས་བཤད་པའི་རྒྱུད་ དགོངས་པ ་ལུང་སྟོན་ལས་གསུགས་ཏེ་དེ་འདིར་དྲངས་ཏེ་བཤད་པར་བྱའོ། །ཕྱག་རྡོར་ལ་ལེའུ་གསུམ་པ་ཉན་པར་བསྐུལ་བའི་རྗེས་དེ་ནས་དེ་བཞིན་གཤེགས་པ་ཀུན་ཕྲ་མོའི་སྦྱོར་བ་སྟེ་རྣལ་འབྱོར་ལ་རྣམ་པར་བཞུགས་སོ། །ཕྲ་མོ་ནི་འདིར་རླུང་དང་འོད་གསལ་བ་གཉིས་ཆར་ལ་བྱའོ། །སོཾ་ཞེས་པ་ནི་གཅིག་དང་ལྡན། ཞེས་པ་ནས། དྲུག་པ་ཨ་ཧཾ་ཞེས་སུ་བརྗོད། ཅེས་པའི་བར་རྐང་པ་དྲུག་གིས་ནི་སྔགས་དེ་ཚན་པ་དྲུག་ཏུ་བཅད་ལ། དེ་ལྟར་དེ་བཞིན་གཤེགས་པ་དྲུག །སྐྱེ་བོ་མཆོག་ལ་བསྟན་པ་ཡིན། ཞེས་པས་ནི་དྲུག་པོ་དེ་རིགས་དྲུག་ཡིན་པར་བསྟན་ཞིང་དེ་ཡང་གདུལ་བྱ་མཆོག་ཏུ་གྱུར་པ་རིན་པོ་ཆེ་ལྟ་བུ་ལ་བསྟན་པར་གསུངས་སོ། །དེ་ལ་དེ་བཞིན་གཤེགས་པ་དྲུག་ལ་སྦྱོར་ལུགས་དུ་མ་ཞིག་ཡོད་ཀྱང་ཐོག་མར་སྔར་བཤད་པའི་སྔགས་དོན་མངོན་སུམ་དུ་བྱས་པ་དེའི་དོན་བསྟན་དགོས་པས་སྔགས་དོན་དེ་ནི་རྣམ་སྣང་དང་རིན་འབྱུང་དང་འོད་དཔག་མེད་
དང་དོན་གྲུབ་དང་མི་བསྐྱོད་པའི་རིགས་ལྔ་འོད་གསལ་དུ་ཞུགས་པ་ཡིན་ལ། དེ་ལྔ་འོད་གསལ་དུ་ཞུགས་པའི་དབྱེར་མི་ཕྱེད་པ་ནི་སྔར་བཤད་པ་ལྟར་ངའོ་ཞེས་པའི་དོན་ཡིན་པས་རྡོ་རྗེ་འཆང་ངོ༌། །དེ་ལྟར་ན་རྣམ་སྣང་གི་རིགས་འོད་གསལ་དུ་ཞུགས་པ་ནི་ༀ་གྱི་དོན་ཡིན་ཏེ། གཞན་བཞི་ལ་ཡང་དེ་ལྟར་སྦྱར་རོ། །སྔགས་དོན་གྱི་དེ་བཞིན་གཤེགས་པ་དྲུག་ནི་ངེས་དོན་གྱི་རིགས་དྲུག་སྟེ་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བའོ། །ༀ་ཤཱུ་ནྱ་ཏཱ་ཟུང་དང་པོ། །ཞེས་པ་ནས། སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་གསུམ་པ་ཡིན། ཞེས་པའི་བར་གྱིས་སྔགས་དེ་ཚན་ལ་གསུམ་དུ་བཅད་ལ། དེ་ཉིད་གསུམ་དུ་འདི་རུ་བསྟན། །དེ་ཉིད་གསུམ་ནི་གཅིག་ཏུ་འགྱུར། །གསལ་དང་མི་གསལ་མིང་ཅན་ཏེ། ཞེས་པས་ཚན་པ་གསུམ་དུ་བྱས་པའི་སྔགས་དོན་ནི་དེ་ཉིད་གསུམ་ཡིན་པར་བསྟན་ཞིང་དེ་ཡང་དེ་ཉིད་གཅིག་ཏུ་གྱུར་པ་ནི་གསལ་དང་མི་གསལ་གྱི་མིང་གིས་བསྟན་པའི་མིང་ཅན་གྱི་དོན་དུ་གསུངས་སོ། །འདི་རྩ་རྒྱུད་ཀྱི་ལེའུ་གསུམ་པའི་སྔགས་དོན་བཤད་རྒྱུད་ཀྱིའང་ལེའུ་གསུམ་པར་གསུངས་པ་ཡིན་ལ་འོག་མ་རྣམས་ལེའུ་བཅུ་གཅིག་པ་ནས་གསུངས་པ་འདིར་སྦྱར་བའོ། །འདི་ལ་ཁ་ཅིག་སྔར་བཤད་པའི་སྔགས་དོན་དང་པོ་གཉིས་སྦྱར་བ་ནི་སྐུ་རྡོ་རྗེ། བར་པ་གཉིས་སྦྱར་བ་གསུང་རྡོ་རྗེ། ཐ་མ་གཉིས་སྦྱར་བ་ཐུགས་རྡོ་རྗེ་བྱས་ནས་དེ་ཉིད་གསུམ་དུ་འཆད་མོད་ཀྱང་འཐད་པར་མ་མཐོང་སྟེ། དེ་ལྟར་ན་དེ་ཉིད་གསུམ་ནི་འོད་གསལ་དུ་ཞུགས་པའི་དོན་ཙམ་དུ་འགྱུར་པས་འོག་ནས་འཆད་པའི་རླུང་ལྡང་
འཇུག་གནས་གསུམ་ལ་བཤད་དུ་མི་རུང་བར་འགྱུར་རོ། །དེ་འདོད་ན་ལུང་འོག་མས་ཤཱུ་ནྱ་ཏཱའི་སྔགས་དོན་མ་བཤད་པར་འགྱུར་པས་དེ་འདིར་དྲངས་པ་མ་འབྲེལ་བར་འགྱུར་རོ། །དེས་ན་དུམ་བུ་གསུམ་དུ་བཅད་པ་ནི་ཤཱུ་ནྱ་ཏཱའི་སྔགས་དོན་ཡིན་མོད་ཀྱང་སྔར་འོད་གསལ་དུ་ཞུགས་པ་ལ་བཤད་པའི་སྔགས་དོན་དང་མི་གཅིག་གོ །ཕྱག་ན་རྡོ་རྗེས་སྔགས་དང་ཕྱག་རྒྱ་སྦྱར་བ་གཅིག་པུས་མི་འགྲུབ་ཅེས་ཁྱེད་ཀྱིས་བསྟན་པ་ལ་འདུས་པ་འདིས་སྔགས་ཀྱི་སྦྱོར་བ་མ་གཏོགས་པ་ཕྱག་རྒྱ་མ་བསྟན་ན་དེ་གཅིག་པུས་ཇི་ལྟར་འགྲུབ་ཅེས་པ་དང་། སྤྱན་དྲངས་པ་དང་གཤེགས་སུ་གསོལ། །འདིར་ནི་ལེགས་པར་ཇི་ལྟར་བརྗོད། ཅེས་ཞུས་པའི་ལན་དུ་འོག་མ་འདི་རྣམས་གསུངས་སོ། །གཞན་ཡང་ཞེས་པ་ནི་སྔར་དྲུག་ཏུ་བཤད་པ་ལས་གཞན་གསུམ་དུ་བསྟན་པ་འཆད་པ་ལ་བྱའོ། །ད་ལྟ་འགྱུར་པའི་རྒྱུད་ལ། འོན་ཏེ་རྡོ་རྗེ་འཛིན་གང་ཞིག །ཅེས་འབྱུང་ལ་དེའི་རྗེས་སུ་འབྱུང་བའི་ལུང་རྣམས་རྫོགས་པའི་འོག་ཏུ་ཚིགས་བཅད་འདི་འབྱུང་ངོ༌། །རྡོ་རྗེ་འཛིན་པ་སྟེ་སྔགས་ཀྱི་སྒྲུབ་པ་པོ་གང་ཞིག་སྤྱན་དྲངས་པ་སོགས་གསུམ་གྱི་བརྡ་དང་ལྡན་པ་སྟེ་དེ་གསུམ་གྱི་དོན་ཤེས་པས་སྤྱན་དྲངས་པ་སོགས་བྱའོ། །ད་ལྟ་འགྱུར་པའི་རྒྱུད་དང་རིམ་ལྔར། སྦྱོར་བ་གསུམ་དང་ལྡན་པའི་མི། ཞེས་ཡོད་ལ་དེའི་དོན་རིམ་ལྔའི་འགྲེལ་པ་ཁ་ཅིག་ལས་འཇུག་ལྡང་སོགས་ལ་བཤད་དོ། །ཇི་ལྟར་བྱེད་ན། རླུང་ནང་དུ་འཇུག་པ་ཡིས་ནི་སྤྱན་དྲངས་ཏེ་མྱུར་བ་ཕྱིར་རྒྱུ་བ་ཡིས་ནི་གཤེགས་སུ་གསོལ་བ་དང་དལ་བ་སྟེ་རླུང་ནང་དུ་གནས་པ་ཡིས་ནི་སངས་
རྒྱས་སྤྱན་དྲངས་པ་དེ་བཞུགས་པར་འགྱུར་རོ། །དེ་ལྟར་གསུམ་པོ་དེ་དག་པ་སྟེ་སྦྱངས་པ་ལས་ནི་དངོས་གྲུབ་མཆོག་འགྲུབ་བོ། །རྒྱུད་ན། ཡིད་རྟོན་དངོས་གྲུབ་དམ་པ་ཡིན། ཞེས་ཡོད་དེ་ཡིད་དེ་ལ་ལྷུར་ལེན་པའོ། །སྐྱེས་བུ་ཞེས་པའི་རྐང་པ་གཉིས་ནི། རྒྱུད་ལས། དེ་ནི་སྐྱེས་བུའི་སྦྱོར་བ་ཡིས། །ཕྱག་རྒྱ་ཆེ་དང་གཅིག་བསྒྲུབ་ལས། ཞེས་པའི་འགྱུར་པདེ་བས་དངོས་གྲུབ་མཆོག་དེ་ནི་ལམ་སྒོམ་པའི་སྐྱེས་བུའི་སྦྱོར་བས་ཕྱག་རྒྱ་དང་སྔགས་གཅིག་ཏུ་སྦྱར་བ་ལས་འགྲུབ་པོ། །ཕྱག་རྒྱ་གང་ཡིན་སྙམ་ན། རྒྱུད་ལས། མྱུར་བ་ལ་སོགས་གསུམ་ལྡན་པ། །དེ་ནི་ཕྱག་རྒྱ་ཡིན་པར་བཤད། ཅེས་བསྒྲུར་བ་བདེ་བས་རླུང་ལྡང་འཇུག་གནས་གསུམ་པགྲང་བ་དང་ལྡན་པ་དེ་ནི་འདིར་ཕྱག་རྒྱའོ། །ཕྱག་རྒྱ་དང་སྔགས་གཉིས་གཅིག་ཏུ་སྦྱོར་ཚུལ་ནི། རྣམ་སྡུད་ནི་རླུང་ནང་དུ་འཇུག་པ་སྟེ་དེ་གསུམ་སྔགས་སུ་སྟེ་ཡི་གེ་གསུམ་དུ་དབྱེར་མེད་པར་ངེས་པར་སྦྱོར་བ་ནི་སློབ་དཔོན་གྱིས་བརྗོད་ཅེས་སྦྱར་རོ། །གང་ལ་ན་རྣ་དྲུང་དུ་སྟེ་གསངས་ནས་སློབ་མ་ལ་གོ་བར་བྱ་བའི་དོན་ནོ། །དེ་ཡང་སློབ་དཔོན་གྱིས་སྣོད་དང་ལྡན་པའི་སློབ་མ་ལ་འབད་པ་ཡིས་བྱའོ། །རིམ་ལྔའི་འགྲེལ་པ་ཁ་ཅིག་ལས་སློབ་མས་གསོལ་བ་བཏབ་པ་ལ་འཆད་དོ། །སྒྲོན་གསལ་དུ་སྔགས་ཚན་དྲུག་དང་གསུམ་དུ་བཅད་པ་རྣམས་རླུང་སྟོན་པའི་བཤད་པར་དྲངས་མོད་ཀྱང་སྔར་བཤད་པ་ལྟར་འོད་གསལ་ཞུགས་པ་སྟོན་པ་ཡང་མི་བཞེད་པ་མིན་
ནོ། །དེ་ལྟར་ན་དེ་ཉིད་གསུམ་ནི་རླུང་ལྡང་འཇུག་གནས་གསུམ་ལ་བྱ་ལ་དེ་གསུམ་གཅིག་ཏུ་གྱུར་པ་ནི་སྔགས་དང་དེ་གསུམ་དབྱེར་མེད་དུ་སྦྱོར་བའོ། །གསལ་དང་མི་གསལ་ནི་དེ་དག་གི་རྒྱུ་ཚུལ་དང་ནང་ཚན་གྱི་ཁྱད་པར་རྣམས་ཤིན་ཏུ་ཕྲ་བས་རྣལ་འབྱོར་བ་ལ་གསལ་ཞིང་དེ་ལས་གཞན་པ་ལ་མི་གསལ་བ་ལ་བྱ་སྟེ། དགོངས་པ ་ལུང་སྟོན་གྱི་ལེའུ་གཉིས་པ་ལས། །རླུང་ཞེས་བྱ་བ་བྱང་ཆུབ་སེམས། །དབང་བོ་ཀུན་གྱི་གཙོ་འདི་ཡིན། །འདི་ལྟར་མི་མངོན་ཕྲ་བ་ལས། །རྟག་ཏུ་གསལ་བར་བརྗོད་པ་ཡིན། ཞེས་སོ། །དེ་ལྟར་ཤཱུ་ནྱ་ཏཱའི་སྔགས་ཚན་པ་གསུམ་གྱི་དོན་སྟོན་པ་ན་རླུང་གསུམ་སྔགས་དང་དབྱེར་མེད་པར་སྟོན་པས་རྡོ་རྗེ་བཟླས་པའི་རིམ་པ་སྐབས་འདིར་བསྟན་ཏེ། ཤཱུ་ནྱ་ཏཱའི་སྔགས་དོན་ལ་འོད་གསལ་དུ་ཞུགས་པ་དང་རླུང་ལ་བཤད་པ་གཉིས་ཡོད་ལ་གཉིས་ཀ་སྔགས་དེའི་དོན་འཆད་པའི་སྐབས་འདིར་དྲངས་པའོ། །དེས་ན་སྐབས་འདིར་རྡོར་བཟླས་གསུངས་པ་རྫོགས་རིམ་ཐོབ་ནས་སྤྱོད་པ་བྱེད་པ་མ་བྱུང་བར་འཆི་བ་དེས་འཆི་བའི་དུས་ན་ཁྱབ་བྱེད་ཀྱི་རླུང་རྒྱུ་བའི་ཚེ་རྡོར་བཟླས་བྱེད་པ་ལ་སྦྱོར་བ་ནི་ཡབ་སྲས་ཀྱི་བཞེད་པར་མི་སྣང་ངོ་། །དཔལ་གསང་བ་འདུས་པའི་དོན་འཕགས་པ་ཡབ་སྲས་ཀྱིས་བཀྲལ་བ་འདི་ལ་རྫོགས་རིམ་གྱི་གནད་རྣམས་གོ་བ་བསྐྱེད་རིམ་ལེགས་པར་གོ་བ་ལ་ལྟོས་ལ། བསྐྱེད་རིམ་གྱི་དཔྱད་གཞི་ཤིན་ཏུ་ཆེ་བའི་གནས་རྣམས་མདོར་བྱས་དང་གཞུང་གཞན་ན་མི་གསལ་ཞིང་གཞུང་འདི་གསལ་བར་མཐོང་ནས་རྣམ་གཞག་བཞི་རྒྱས་པར་གཏན་ལ་ཕབ་པ་ཡིན་ནོ། །དེས་ན་འདི་དང་མདོར་
བྱས་ཀྱི་མངོན་རྟོགས་ཀྱི་རིམ་པ་རྣམས་ཀྱི་བསྐྱེད་ཚུལ་ལེགས་པར་ཤེས་ན་རིམ་པ་དང་པོ་ཕྱིན་ཅི་མ་ལོག་པར་ཤེས་ནས་རྒྱུད་སྨིན་པར་བྱེད་ནུས་པ་ཡིན་ནོ། །དཔལ་གསང་འདུས་པ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་སྒྲུབ་ཐབས་རྣམས་པར་བཞག་པའི་རིམ་པ་ལས་དོན་དམ་པའི་དཀྱིལ་འཁོར་ཀྱི་རྣམ་པར་བཞག་པའི་ལེའུ་སྟེ་རྣམ་གཞག་བཞི་པའི་རྣམ་བཤད་དོ།། །།གསུམ་པ་ནི། རྡོ་རྗེ་སློབ་དཔོན་མཁས་ལ་གྲུབ་པ་བརྙེས་པ་དཔལ་ཀླུའི་བྱང་ཆུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པའི་རྣམ་པར་བཞག་པའི་རིམ་པ་རྫོགས་སོ་ཞེས་བྱ་བ་ནི་ཡང་དག་པར་གྲུབ་པའོ། །རྒྱ་གར་ཀྱི་མཁན་པོ་ངྷ་རྨ་ཤྲཱི་བྷ་དྲ་སྟེ་ཆོས་དཔལ་བཟང་བོ་དང༌། བོད་ཀྱི་ཞུ་ཆེན་གྱི་ལོཙྪ་བ་ཆེན་པོ་སྐྱེས་མཆོག་དགེ་སློང་རིན་ཆེན་བཟང་པོས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཞིང་ཚིག་དོན་ལ་ཞུ་ཆེན་བྱས་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པའོ། །ཞིང་འདིར་ལྷར་བཅས་འགྲོ་བའི་མིག་གཅིག་པུ། །ཐུབ་དབང་ཆོས་ཀྱི་དབྱིངས་སུ་ཞུགས་རྗེས་སུ། །དེ་ཡི་རབ་ཟབ་ དགོངས་པའི་གསང་འབྱེད་པ། །ལུང་བསྟན་བརྙེས་པ ་དཔལ་ལྡན་ཀླུ་སྒྲུབ་ཞབས། །མགོན་དེའི་ཐུགས་ལས་སྐྱེས་པའི་གྲུབ་པ་མཆོག །ད་དུང་ཡིད་འཛིན་དཔལ་གྱི་རིར་བཞུགས་ནས། །རྡོ་རྗེ་ཐེག་པའི་དགའ་སྟོན་འགྱེད་མཛད་པ། །རྣལ་འབྱོར་དབང་ཕྱུག་ཀླུ་ཡི་བྱང་ཆུབ་ཀྱི། །གཞུང་མཆོག་སྒྲུབ་ཐབས་རྣམ་གཞག་རིམ་པའི་དོན། །ཡོངས་རྫོགས་བདག་འདྲའི་བློ་ཡི་ཡུལ་མིན་
ཡང་། །འདུས་པའི་ལམ་བཟང་འདི་ལ་ཆེར་མོས་པས། །རྣམ་བཤད་འདི་ལ་བདག་གིས་འབད་པ་བྱས། །དེ་ནི་རང་བློ་གོམས་པ་བསྐྱེད་ཕྱིར་དང༌། །གསང་སྔགས་ལམ་གྱི་མཐར་ཐུག་འཕགས་པའི་ལུགས། །ཆེས་ཆེར་ཉམས་པར་གྱུར་པ་མ་བཟོད་ནས། །བསྟན་པའི་མཐར་ཐུག་རྒྱས་པའི་དོན་དུའོ། །དེང་དུས་གཞུང་ལུགས་གདམས་པའི་ཆོག་ཡིན་པར། །ངེས་པ་རྙེད་ནས་སྒྲུབ་པ་ཤིན་ཏུ་ཉུང༌། །དེས་ན་ཕྲན་ཚེགས་ལམ་གྱི་མ་ཚིམ་པར། །འདི་འདྲའི་གཞུང་ལ་རྟོན་པའང་སྐལ་བ་བཟང༌། །ཁྱབ་བདག་རྡོ་རྗེ་འཛིན་པས་གསུགས་པའི་རྒྱུད། །ལུང་བསྟན་བརྙེས་པས་ལེགས་པར་བཀྲལ་བའི་ལམ། །དྲི་མེད་རིགས་པའི་ལམ་ནས་དྲངས་ནས་ནི། །དབེན་པར་སྒྲུབ་པ་དེ་ལ་གློ་བ་དགའ། །རྒྱུད་དང་བསྟུན་ཚེ་དེ་དང་མི་མཐུན་ཞིང༌། །དཔང་གྱུར་སྐྱེ་བོས་ལེགས་པར་མ་བཀྲལ་དང༌། །དྲི་མེད་རིགས་པའི་དཔྱད་ལ་འདོར་དགོས་པའི། །ལམ་དེས་བློ་གྲོས་ཆེ་ན་ཚིམ་མི་འགྱུར། །འདི་ནི་གང་ནོངས་བདག་གི་ཉེས་པ་སྟེ། །ལེགས་པར་གང་བཤད་རྗེ་བཙུན་བླ་མའི་དྲིན། །ནོངས་དེའི་རྩ་བ་མ་རིག་དང་བཅས་པ། །བརྩེ་ལྡན་རྣམས་ཀྱི་མྱུར་དུ་བཟློག་ཏུ་གསོལ། །བསྟན་པའི་མཐར་ཐུག་རྒྱས་པར་བྱ་སླད་དུ། །བདག་གིས་འབད་ལས་བསོད་ནམས་གང་བསགས་པ། །དེས་ནི་འགྲོ་ཀུན་ཐེག་པ་མཆོག་གི་གྲུས། །རྒལ་དཀའ་འཁོར་བའི་མཚོ་ལས་སྒྲོལ་བར་ཤོག །འགྲོ་བའི་ཕན་བདེ་རབ་འབྱམས་མ་ལུས་པ། །རྒྱལ་བའི་
བསྟན་ལས་འབྱུང་བར་ཡིད་ཆེས་ནས། །ཚེ་རབས་ཀུན་ཏུ་རྒྱལ་བའི་ཆོས་ཚུལ་ཀུན། །འཛིན་པར་བྱེད་ལས་ལྡོག་པར་མ་གྱུར་ཅིག །དེ་ཚེ་དམ་ཆོས་འཛིན་པའི་མཐུན་རྐྱེན་ཀུན། །བསམས་བ་ཙམ་གྱིས་བདེ་བླག་ཉིད་འགྲུབ་ཅིང༌། །དེ་ཡི་བར་ཆོད་འགལ་བའི་རྐྱེན་རྣམས་ཀྱི། །མཚན་མ་ཙམ་ཡང་འབྱུང་བར་མ་གྱུར་ཅིག །རྣམ་བཤད་འདིས་ཀྱང་འགྲོ་བློའི་མུན་བསལ་ཏེ། །དཔལ་ལྡན་འདུས་པའི་གནད་དོན་གསལ་བྱས་ནས། །ཐེག་མཆོག་ལམ་གྱིས་འགྲོ་བ་རྣམས་ལ་ནི། །དངོས་གྲུབ་གཉིས་ཀྱི་དགའ་སྟོན་རྒྱས་བྱེད་ཤོག །ཅེས་རྣམ་གཞག་རིམ་པའི་རྣམ་བཤད་དཔལ་གསང་བ་འདུས་པའི་གནད་ཀྱི་དོན་གསལ་བ་ཞེས་བྱ་བ་འདི་ནི། དཔལ་གསང་བ་འདུས་པའི་རྣལ་འབྱོར་བ་ཤཱ་ཀྱའི་དགེ་སློང་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་གངས་རིའི་དབང་བོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་བྱམས་པ་གླིང་མིང་གཞན་གསང་སྔགས་ནང་ཞེས་བྱ་བའི་རི་ཁྲོད་དུ་སྐྱར་བའི་ཡི་གེ་བ་ནི་དཀའ་བཞི་འཛིན་པ་གཡས་སྡེ་པ་བསོད་ནམས་དཔལ་བཟང་ངོ་། །འདི་ལ་བརྟེན་ནས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་པར་གྱུར་ཅིག །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུ་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོ་སྦྱིན་ཆར་འདི་སྤེལ། །སརྦ་མངྒ་ལཾ། །