ཟབ་ལམ་ནཱ་རོའི་ཆོས་དྲུག་གི་སྒོ་ནས་འཁྲིད་པའི་རིམ་པ་ཡིད་ཆེས་གསུམ་ལྡན།
ཟབ་ལམ་ནཱ་རོའི་ཆོས་དྲུག་གི་སྒོ་ནས་འཁྲིད་པའི་རིམ་པ་ཡིད་ཆེས་གསུམ་ལྡན་ཞེས་བྱ་བ་བཞུགས་སོ། །
རྗེབཙུན་དམ་པ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་དང་རྫུ་འཕྲུལ་ཀུན་འགྲོ་དང། །ཅི་འདོད་སྐྱེད་དང་ཡོན་ཏན་དབང་ཕྱུག་སྟེ། །དབང་ཕྱུག་བརྒྱད་ལྡན་རྡོ་རྗེ་འཆང་དབང་གི །ངོ་བོ་དཔལ་ལྡན་བླ་མའི་ཞབས་ལ་འདུད། །ཤིན་ཏུ་ཟབ་པའི་རྒྱུད་སྡེའི་གནད་བསྡུས་པ། །གྲུབ་པའི་དབང་ཕྱུག་ཏེ་ལོ་ནཱ་རོ་ནས། །རིམ་བཞིན་བརྒྱུད་པ་ནཱ་རོ་ཆོས་དྲུག་ཅེས། །སྙན་པའི་གྲགས་པས་ཕྱོགས་ཀུན་རབ་ཁྱབ་པའི། །ལམ་འདིར་འབད་ལས་སྐལ་ལྡན་མཐའ་ཡས་ཀྱི། །རྣམ་པར་འདྲེན་པའི་གོ་འཕང་མཐོར་གཤེགས་པའི། །གདུང་རབས་འཛིན་པའི་གསུང་གིས་ནན་ཏན་དུ། །ཡང་ཡང་བསྐུལ་ཕྱིར་ལམ་
དེ་འདིར་བཤད་བྱ། །འདིར་ཟབ་ལམ་ནཱ་རོའི་ཆོས་དྲུག་ཅེས་ཀུན་ཏུ་གྲགས་པའི་གདམས་ངག་འཚད་པ་ལ་གཉིས་ཏེ། གང་ལ་བརྟེན་ནས་ལམ་འདི་སྒོམ་པའི་སྔོན་འགྲོ་དང༌། དེ་ལ་བརྟེན་ནས་ལམ་འདི་ཇི་ལྟར་བསྒོམ་པའོ། །དང་པོ་ལ་གཉིས། སྔོན་འགྲོ་དང་པོ་ཐེག་ཆེན་ཐུན་མོང་བའི་ལམ་དང༌། ཐུན་མོང་མ་ཡིན་པ་བླ་མེད་ཀྱི་ཐེག་པའི་སྔོན་འགྲོའོ། དང་པོ་ལ་གཉིས། ལམ་ཐུན་མོང་བ་ལ་སློབ་པ་ལུགས་འདི་ལའང་དགོས་པར་བསྟན་པ་དང༌། ལམ་དེ་ལ་བློ་སྦྱོང་བའི་རིམ་པའོ། །དང་པོ་ནི། ལམ་འདི་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། སྔགས་ཀྱི་ཐེག་པ་གཉིས་ཀྱི་ཐུན་མོང་གི་ལམ་ལ་སྦྱོང་བའི་རིམ་པ་རྣམས་ངེས་པར་དགོས་ཏེ། རྗེ་མར་པའི་རྒྱུད་ཀྱི་བཤད་སྲོལ་འཛིན་པའི་བླ་མ་རྔོག་པ་སོགས་ཀྱིས། བརྟག་གཉིས་
ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། ཞེས་པ་ནས། དེ་ཡི་རྗེས་སུ་དབུ་མ་བསྟན། ཞེས་པའི་བར་གྱིས་ཐེག་ཆེན་པ་གཉིས་ཐུན་མོང་གི་བསླབ་བྱ་བསྟན་པར་བཤད་ལ། དེ་རྒྱུད་ཀྱི་དོན་དུའང་སྣང་བའི་ཕྱིར་དང༌། རྗེ་བཙུན་མིད་ལས་ཀྱང༌། བར་དོ་འཕྲང་སྒྲོལ་གྱི་གདམས་ངག་གིས་འཁྲིད་པ་ན། ཐོག་མར་སྐྱབས་འགྲོ་དང༌། སྨོན་འཇུག་གི་སེམས་བསྐྱེད་དུ་བཅུག་ཅིང༌། དེའི་ཚེ་ཡང་ཕུང་སྣ་གྲོག་གིས་འདྲེན། མཛོ་སྦྲེལ་གཡང་ལ་ལྷུང༌། ཞེས་ཇི་བཞིན་དུ་མི་སྲུང་བར་ཁས་བླངས་ཙམ་བྱེད་པས། དཔོན་སློབ་གཉིས་ཀ་གཡང་ལ་ལྷུང་བ་དང༌། ཕན་ཡོན་རེ་མཐོང་བ་ཙམ་གྱིས་ཞུགས་ན་ཕུང་གི་སྣ་འདྲེན་དུ་གསུངས་ནས། ཕྱིས་རྗེ་བཙུན་མའི་བྱིན་རླབས་མཛད་ནས་གདམས་ངག་ཕོག་ལ། བར་དོ་འཕྲང་སྒྲོལ་ཡང་གདམས་ངག་འདི་ཉིད་ཀྱི་མཚན་གྱི་རྣམ་གྲངས་ཡིན་པའི་ཕྱིར་དང༌། འཁྲིད་ཚུལ་དེ་ཡང་ཀུན་གྱི་ཐུན་མོང་བ་ཡིན་པའི་ཕྱིར་རོ། །ཁྱད་པར་དུ་ཆོས་རྗེ་སྒམ་པོ་པས་ནི། ཆོས་བཞིའི་འགྲེལ་པར་འབྱུང་བ་ལྟར། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་རྒྱུད་སྦྱངས་པ་སྔོན་དུ་བཏང་ནས་མཛད་པ་ཡིན་ནོ། །དེས་ན་ཆོས་རྗེ་ཕག་མོ་གྲུ་པ་སོགས་འགའ་ཞིག་གི །ཆོས་དྲུག་གི་ཁྲིད་ཡིག་ན་ལམ་ཐུན་མོང་བའི་ཁྲིད་ཚུལ་མི་སྣང་བ་ནི། ཚོགས་ཁྲིད་ལམ་རིམ་བཞིན་དུ་ཁྲིད་པའི་རྗེས་ལ། གདམས་ངག་འདི་སྟེར་བའི་ལུགས་སུ་སྣང་བས། ཡང་དགོན་པའི་ཁྲིད་ཡིག་ན་འདུག་པ་བཞིན། ལམ་ཐུན་མོང་བ་ལ་སྔོན་དུ་འཁྲིད་པ་ཤིན་ཏུ་གནད་ཆེ་བར་ཟུངས་ཤིག །དེ་ལྟར་བྱས་ན་ལམ་ཕྱོགས་རེ་བར་མ་སོང་བར། མདོ་
རྒྱུད་གཉིས་ཀའི་ལམ་གྱི་གནད་རྫོགས་པའི་ཁྲིད་ལུགས་ཡིན་པས། ལུགས་འདིའི་ཁྱད་ཆོས་ཆེན་པོ་ཞིག་ཏུ་འདུག་པ་ལ། དེ་ལྟར་དུ་གོ་བ་ཆགས་དགོས་སོ། །གཉིས་པ་ལམ་དེ་ལ་བློ་སྦྱངས་པའི་རིམ་པ་ནི། འོ་ན་ཐེག་ཆེན་གཉིས་ཐུན་མོང་བའི་ལམ་ལ་ཇི་ལྟར་སྦྱང་སྙམ་ན། ཇོ་བོ་ཆེན་པོའི་མན་ངག་ལས་འབྱུང་བ་ལྟར་བྱ་སྟེ། ཐོག་མར་ཐེག་པ་ཆེན་པོའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་ལ་བསམ་པ་དང་སྦྱོར་བས་བསྟེན་པ་ཚུལ་བཞིན་དུ་བྱའོ། །དེས་ཀྱང་དལ་བ་དོན་ཆེ་བ་དང་རྙེད་དཀའ་བའི་ཚུལ་བསྟན་ཏེ། བློ་སྦྱངས་པས་དལ་བའི་རྟེན་ལ་སྙིང་པོ་ལེན་འདོད་ཆེན་པོ་སྐྱེས་པ་ནི། སྙིང་པོ་ལེན་པའི་མཆོག་ནི་ཐེག་ཆེན་དུ་འཇུག་པ་ཉིད་མཆོག་ཡིན་ཏེ། དེའི་འཇུག་སྒོ་ཡང་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ལ། དེ་ཡང་དག་པ་ཅིག་རྒྱུད་ལ་ཡོད་ན། དེའི་ཐེག་ཆེན་པ་ཡང་བཅོས་མ་མ་ཡིན་པར་འགྱུར་ལ། དེ་ཚིག་ཙམ་དུ་སོང་ན་ཐེག་ཆེན་པ་ཡང་ཚིག་ཙམ་དུ་འགྲོ་བའི་ཕྱིར་རོ། །དེ་ལྟར་ན་ཤེས་རབ་ཅན་གྱིས་སེམས་དེའི་མི་མཐུན་ཕྱོགས་རིམ་གྱིས་བསལ་ནས་མཚན་ཉིད་ཚང་བ་ཅིག་བསྐྱེད་པར་བྱའོ། །དེ་ལ་ཡང་ཐོག་མར་ཚེ་འདི་ལ་བློ་མ་ལྡོག་ན་ཐེག་པ་ཆེ་ཆུང་གང་གི་ཡང་ལམ་གྱི་གེགས་ཡིན་པས། ཚེ་འདིར་རིང་དུ་མི་གནས་པའི་འཆི་བ་དྲན་པ་དང། ཤི་བའི་འོག་ཏུ་ངན་འགྲོར་འཁྱམས་པའི་ཚུལ་རྣམས་བསམས་ནས། ཚེ་འདི་ལ་བློ་ལྡོག་པར་བྱའོ། །དེ་ནས་འཇིག་རྟེན་ཕྱི་མའི་ཕུན་ཚོགས་ལ་སྲེད་པའི་བློ་ཡང་འཁོར་བ་མཐའ་དག་གི་ཉེས་དམིགས་ལེགས་པར་
བསམས་ཏེ་བཟློག་ནས་ཡིད་ཐར་པ་ལ་ཕྱོགས་པར་བྱའོ། །དེའི་འོག་ཏུ་རང་ཉིད་ཞི་བདེའི་སེམས་བཟློག་པའི་ཕྱིར་དུ། བྱམས་པ་དང་སྙིང་རྗེ་དང་དེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་ལ་རིང་དུ་སྦྱངས་ནས། བཅོས་མ་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་སྦྱང་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ཤེས་པར་བྱས་ལ་སློབ་འདོད་བསྐྱེད་དེ། རྒྱལ་སྲས་ཀྱི་སྤྱོད་པའི་ཁུར་བཟུང་བར་ནུས་པ་ན། བྱང་སེམས་ཀྱི་སྡོམ་པ་བཟུང་ནས་དེའི་བསླབ་བྱ་ཕྱིན་དྲུག་ལ་སློབ་པ་སྤྱི་དང༌། ཁྱད་པར་དུ་བསམ་གཏན་གྱི་ངོ་བོ་ཞི་གནས་ཀྱིས་སེམས་ལས་རུང་དུ་བྱེད་པ་དང༌། ཤེར་ཕྱིན་གྱི་ངོ་བོ་ཆོས་རྣམས་སྒྱུ་མ་དང་ནམ་མཁའ་ལྟ་བུར་རྟོགས་པའི་ལྷག་མཐོང་ལ་བསླབ་པར་བྱའོ། །དེ་ནས་རྡོ་རྗེ་ཐེག་པའི་དམ་ཚིག་དང་སྡོམ་པའི་ཁུར་བཟུང་བར་ནུས་པ་ན། བླ་མ་ལྔ་བཅུ་པ་མཉན་ནས་བླ་མའི་བསྟེན་ཚུལ་རྣམས་དག་པར་བྱས་ཏེ་སྔགས་ལ་འཇུག་པར་བྱའོ། །ཐེག་པ་ཐུན་མོང་གི་ལམ་གྱི་རིམ་པ་སྔར་བཤད་པ་འདི་དག་ལ་མ་སྦྱངས་ན། ཚེ་འདིའི་ཁྲི་བ་མི་ཆོད་པས་ཆོས་བྱེད་འདོད་བརྟན་པོ་མི་འབྱུང༌། དད་པ་ཁ་ཞེ་མེད་པ་མི་སྐྱེ་བས་སྐྱབས་གནས་ལ་བློ་ལིངས་སྐྱུར་མི་འོང་ལས་འབྲས་ལ་ངེས་པ་བརྟན་པོ་མི་རྙེད་པས་སྡོམ་པ་གང་གིས་ཡང་སྲུང་སྡོམ་ཞིབ་མོ་མེད་པའི་རྩིང་ཆོས་པར་འགྲོ། འཁོར་བ་ལ་ཞེན་ལོག་རྣལ་མ་མི་སྐྱེ་བས་ཐར་པ་དོན་གཉེར་གོ་བ་ཙམ་དུ་ཟད། བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་སྨོན་སེམས་མ་བཅོས་པ་མི་སྐྱེ་བས། ཐེག་ཆེན་པ་མིང་ཙམ་དུ་འགྲོ། བྱང་སེམས་ཀྱི་སྤྱོད་པ་སྦྱི་
ལ་སློབ་འདོད་དྲག་པོ་མི་འབྱུང་བས། འཇུག་སྡོམ་རྣལ་མ་མི་སྐྱེ། ཞི་གནས་དང་ལྷག་མཐོང་སྤྱིའི་གོ་བ་རྣམ་དག་མི་འཆགས་པས། ཏེང་ངེ་འཛིན་ཕྲ་མོ་ལ་ཡང་འཁྲུལ་ཞིང། བདག་མེད་ཀྱི་ལྟ་བ་ལ་ངེས་པ་མི་སྐྱེ་བས། དེ་རྣམས་སུ་མ་སོང་བ་འདོད་ན་ཐེག་ཆེན་གཉིས་ཀྱི་སྤྱིའི་ལམ་ལ་སྦྱང་བར་བྱའོ། །འདི་ནི་རྗེ་བཙུན་བྱམས་པ་ནས་ཐོགས་མེད་དང༌། རྗེ་བཙུན་འཇམ་དབྱངས་ནས་ཀླུ་སྒྲུབ་དང༌། ཞི་བ་ལྷ་ལ་བརྒྱུད་པའི་ཆུ་བོ་གསུམ་འདྲེས་ཀྱི། གདམས་པ་རྡོ་རྗེ་ཐེག་པ་དང༌། ཕར་ཕྱིན་ཐེག་པ་གང་གི་སྒོར་འཇུག་ཀྱང་བྱ་དགོས་པར་ཇོ་བོ་ཆེན་པོ་བཞེད་དོ། །རྗེ་བཙུན་མིད་ལས་ཀྱང༌། དགེ་དང་མི་དགེའི་ལས་རྣམས་ལ། །རྒྱུ་འབྲས་དག་པར་མ་བསམས་ན། །ངན་སོང་སྡུག་བསྔལ་མི་བཟོད་པས། །ཕྲ་ཞིང་ཕྲ་བའི་རྣམ་སྨིན་ལ། །བག་ཡོད་དྲན་པས་ཟིན་ཀྱང་འཚལ། །འདོད་ཡོན་སྐྱོན་དུ་མ་བལྟས་ཤིང༌། །ཞེན་པ་ནང་ནས་མ་ལོག་ན། །འཁོར་བའི་བཙོན་ར་མི་སྒྲོལ་བས། །ཐམས་ཅད་སྒྱུ་མར་ཤེས་པའི་བློས། །ཀུན་འབྱུང་གཉེན་པོ་བསྟེན་ཡང་འཚལ། །འགྲོ་དྲུག་སེམས་ཅན་ཕ་མ་ལ། །བྱས་པ་དྲིན་དུ་མི་གཟོ་ན། །ཐེག་པ་དམན་པར་གོལ་བའི་སྐྱོན། །དེ་ཕྱིར་བརྩེ་བ་ཆེན་པོ་ཡིས། །བྱང་ཆུབ་སེམས་ལ་བསླབ་ཀྱང་འཚལ། ཞེས་དང༌། ང་མི་ཁོམ་བརྒྱད་ལ་འཇིགས་འཇིགས་ནས། །མི་རྟག་འཁོར་བའི་ཉེས་དམིགས་བསྒོམས། །སྐྱབས་དཀོན་མཆོག་གསུམ་ལ་བློ་ཕུགས་གཏད། །ལས་རྒྱུ་འབྲས་ཆོས་ལ་ནན་ཏན་བྱས། །ཐབས་བྱང་ཆུབ་སེམས་ལ་རྒྱུད་སྦྱངས་པས། །བག་
ཆགས་སྒྲིབ་པའི་རྒྱུན་ལམ་ཆད། །སྣང་བ་ཅིར་སྣང་སྒྱུ་མར་རྟོགས། །ད་ངན་སོང་གསུམ་ལ་ཉམ་ང་མེད། ཅེས་གསུངས་པ་ལྟར་ལམ་ཐུན་མོང་བ་དེ་དག་ལ་ངེས་པ་བརྟན་པོ་མ་བྱུང་བར་དུ་བསྒོམ་པར་བྱའོ། །ལམ་གྱི་ལུས་ཡོངས་སུ་རྫོགས་པ་རེ་ལ་གོ་བ་ལེགས་པར་ཆགས་ནས་ཉམས་སུ་ལེན་པ་ནི། ལམ་རྫོགས་པར་བགྲོད་པའི་གཞི་ཚང་བར་ཐིངས་པ་ཡིན་པས་གཞན་དང་མི་འདྲ་ལ། ལམ་ཐུན་མོང་བ་ལ་བསླབ་ཚུལ་ནི་གཞན་དུ་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་ཐུན་མོང་མ་ཡིན་པ་བླ་མེད་ཀྱི་ཐེག་པའི་སྔོན་འགྲོ་ལ་གཉིས། སྤྱིའི་སྔོན་འགྲོ་དང༌། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ལ་གཉིས། དབང་རྫོགས་པར་ཐོབ་དགོས་པར་བསྟན་པ་དང༌། དམ་ཚིག་རྣམས་བསྲུང་དགོས་པར་བསྟན་པའོ། །དང་པོ་ནི། རྗེ་མར་པའི་རྒྱུད་སྡེའི་བརྒྱུད་འཛིན་མེས་སྟོན་དང་རྔོག་སྟོན་ལ་སོགས་པ་རྣམས་ཀྱི་ལུགས་ལ་ཡང༌། གསང་སྔགས་ཀྱི་ལམ་རིམ་པ་གཉིས་སྒོམ་པ་ལ་དབང་བཞི་རྫོགས་པར་བསྐུར་བ་དགོས་པར་བཞེད་ལ། རྗེ་བཙུན་མིད་ལས་ཀྱང༌། སྒམ་པོ་བ་དང་འཇལ་ནས་ལམ་འདི་ལ་འཁྲིད་པའི་སྔོན་དུ། ཁྱོད་ཀྱིས་དབང་ཐོབ་པ་མ་གསུངས་པས། སྒམ་པོ་བས་ཟངས་དཀར་གྱི་སློབ་མ་མར་ཡུལ་བློ་ལྡན་ལ་ཐོབ། ཅེས་ཞུས་པའི་རྗེས་སུ་ཁྲིད་མཛད་ཅིང༌། དེ་བཞིན་དུ་ཁོང་ལ་གདམས་ངག་ཞུས་པ་ན། བ་རི་ལོ་ཙཱ་བ་ལ་དབང་ཞུས་ལ་ཤོག་གསུངས་པ་མང་དུ་མཛད་འདུག་པ་དང༌། དཔལ་ཕག་མོ་གྲུ་པས་མཛད་པ་ན་ཡང༌། སྔོན་དུ་དབང་བཞི་རྫོགས་པར་བསྐུར་བའི་ལུགས་མཛད་འདུག་པས། མར་ལུགས་ལའང་རྒྱུད་ཀྱི་གཞུང་
དང་གདམས་ངག་འཛིན་པའི་བླ་མ་སྔ་ཆེན་པོ་རྣམས་ཀྱི་བཞེད་པས། དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པ་ཅིག་ངེས་པར་དགོས་སོ། །དེ་ནི་རྒྱུད་མང་པོ་ལས་ཀྱང་ཤིན་ཏུ་ནན་ཆེ་བར་གསུངས་ཏེ། ཕྱག་ཆེན་ཐིག་ལེའི་གཉིས་པ་ལས། དང་པོར་རེ་ཞིག་གང་ཚེ་སློབ། །ལན་ཅིག་དབང་རྣམས་ཀྱིས་ནི་བསྐུར། །དེ་ཚེ་གསང་ཆེན་བཤད་པ་ཡི། །ངེས་པར་སྣོད་དུ་གྱུར་པའོ། །དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་ལྟར། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལས་ནི་དབང་དོན་ཞུ། ཞེས་དང། རྒྱུད་རྡོར་འཕྲེང་གི་གཉིས་པ་ལས་ཀྱང༌། དབང་བསྐུར་བ་ནི་གཙོ་བོ་སྟེ། །དངོས་གྲུབ་ཐམས་ཅད་རྟག་ཏུ་གནས། །ང་ཡིས་ཇི་བཞིན་དོན་བཤད་ཀྱིས་དེ་ཕྱིར་ཐོག་མར་ཡང་དག་ཉོན། །ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང༌། །སློབ་དཔོན་སློབ་མ་མཚུངས་པར་ནི། །མི་བཟང་དམྱལ་བ་ཆེན་པོར་འགྲོ། ཞེས་གསུངས་པས་གསང་ཆེན་བཤད་པ་དང་སྒོམ་པའི་སྣོད་དུ་རུང་བ་དབང་རྣམ་དག་ཐོབ་པ་ལ་རག་ལས་པས། དབང་ནི་དངོས་གྲུབ་ཀྱི་རྩ་བ་ཡིན་ཏེ། དེ་མེད་ན་རྒྱུད་དོན་ཤེས་ནས་ལམ་ལ་ཅི་ཙམ་འབད་ཀྱང་
དངོས་གྲུབ་ཁྱད་པར་ཅན་ཐོབ་མི་སྲིད་ལ། དེ་མ་ཐོབ་པའི་ཉེས་དམིགས་ཙམ་དུ་མ་ཟད་དངོས་གྲུབ་ཕྲ་མོ་ཐོབ་ཀྱང་དཔོན་སློབ་གཉིས་ཀ་དམྱལ་བར་འགྲོའོ། །དབང་བསྐུར་བ་ཡང་བདེ་མཆོག་རྩ་རྒྱུད་ལས། སྔགས་པས་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་རྡེག་དང༌། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། ཞེས་གསུངས་པས་སྔོན་དུ་དཀྱིལ་འཁོར་དུ་བཅུག་ནས་དཀྱིལ་འཁོར་མཐོང་བ་དང༌། དེ་ནས་ཆུ་ཅོད་པན་ལ་སོགས་པའི་དབང་རྫོགས་པར་བསྐུར་བ་དགོས་ཀྱི། དེ་ལྟ་མིན་པར་དབང་གི་ཆ་འགའ་རེ་དང་ལྷ་རེའི་བྱིན་རླབས་ཀྱི་རྗེས་གནང་ཙམ་ལ་བརྟེན་པ་ནི། དབང་རྣམ་དག་གཞན་སྔོན་དུ་སོང་བ་ཡིན་ན། མི་རུང་བ་མེད་ཀྱང་དང་པོ་དབང་རྣམ་དག་གཞན་སྔོན་དུ་མ་སོང་ན། དེ་ཙམ་གྱིས་དབང་གི་གོ་མི་ཆོད་པས། དབང་རྫོགས་པ་རྒྱུད་སྡེ་རྣམ་དག་ནས་གསུངས་པ། པཎ་གྲུབ་ཀྱིས་ཀྱང་ལེགས་པར་བཤད་པ། བླ་མ་དམ་པ་རྣམས་ལས་རིམ་པ་བཞིན་དུ་བརྒྱུད་པས་རྒྱུད་སྣོད་དུ་རུང་བར་བྱའོ། །དེ་ཡང་འདིར་ཀྱེ་རྡོ་རྗེའམ། འཁོར་ལོ་བདེ་མཆོག་ལྟ་བུའི་དབང་བསྐུར་བར་བྱས་ན། དེ་དག་དང་འབྲེལ་ཆེ་བས་ལེགས་སོ། །གཉིས་པ་དམ་ཚིག་རྣམས་བསྲུང་དགོས་པར་བསྟན་པ་ནི། དེ་འདྲ་བའི་དབང་རྣམ་དག་ཐོབ་པའི་དུས་སུ་བླ་མ་དང་རྒྱལ་བ་སྲས་བཅས་དཔང་དུ་བཞག་ནས། ཇི་སྐད་གསུངས་པ་བཞིན་སྒྲུབ་པར་ཁས་བླངས་པའི་དམ་ཚིག་དང༌། སྡོམ་པ་རྣམས་ཀྱི་བསྲུང་མཚམས་ལེགས་པར་ཤེས་པར་བྱས་ནས། ཚུལ་བཞིན་དུ་སྲུང་དགོས་པ་ཡིན་ཏེ། བདེ་
མཆོག་རྩ་རྒྱུད་ལས། ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། ཞེས་དང༌། མཉམ་སྦྱོར་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང༌། །དམ་ཚིག་རྣམས་ནི་སྤངས་པ་དང༌། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ། ཞེས་དཀྱིལ་འཁོར་དུ་གཞུག་པ་སྔོན་དུ་འགྲོ་བའི་དབང་མ་ཐོབ་པ་དང༌། བསྲུང་བྱའི་དམ་ཚིག་རྣམས་ཡལ་བར་དོར་བ་དང། རིམ་གཉིས་ཀྱི་གསང་བའི་གནད་རྣམས་ལེགས་པར་མི་ཤེས་པས། རིང་དུ་བསྒྲུབས་ཀྱང་འདོད་པའི་དངོས་གྲུབ་ཅི་ཡང་མི་འགྲུབ་པར་གསུངས་པས། རྣལ་འབྱོར་བླ་མེད་པའི་སྒྲུབ་པ་པོར་ཁས་བླངས་ནས། ལུགས་དེ་ལ་རྩ་ལྟུང་གི་གྲངས་དུ་ཡོད་ཀྱང་མི་ཤེས་ན་མི་འོང་བས། རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་མཚམས་ལེགས་པར་ཤེས་པར་བྱས་ནས་སྲུང་བ་གལ་ཆེའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ནི། སྦྱིར་སྔོན་འགྲོའི་མཆོག་ནི། ལམ་ཐུན་མོང་བ་ལ་སྦྱོར་བ་དང༌། དབང་རྣམ་དག་བསྐུར་བ་དང། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་སྲུང་བ་ཡིན་པས། དེ་ལ་ངེས་པ་རྙེད་པ་དགོས་ལ། བླ་མའི་རྣལ་འབྱོར་དང༌། རྡོར་སེམས་ཀྱི་བསྒོམ་བཟླས་དང༌། མཎྜལ་དབུལ་བ་སོགས་ཀྱང༌། སྔགས་ཀྱི་བསླབ་བྱ་སྲུང་བའི་ཁོངས་ཉིད་ནས་འབྱུང་བ་ཡིན་ནོ། །འོན་ཀྱང་བླ་མ་རྣམས་ཀྱི་ཕྱག་བཞེས་ལ་དེ་དག་ལོགས་སུ་འབྱུང་བ་ལྟར་བཤད་པ་ལ་གཉིས། སྡིག་སྒྲིབ་དག་པར་བྱ་
བའི་ཕྱིར་རྡོར་སེམས་ཀྱི་བསྒོམ་བཟླས་བྱ་བ་དང། བྱིན་རླབས་འཇུག་པའི་ཕྱིར་བླ་མའི་རྣལ་འབྱོར་བསྒོམས་ནས་མཆོད་པའོ། །དང་པོ་ནི། ཐོག་མར་དཀོན་མཆོག་གསུམ་ལ་བློ་ལིངས་སྐྱུར་གྱི་སྐྱབས་འགྲོ་རྒྱུད་དང་འདྲེས་ངེས་པ་བྱ། རང་ཉིད་སྲིད་མཚོར་ལྟུང་བ་བཞིན་དུ་སེམས་ཅན་རྣམས་ཀྱང་དེ་དང་འདྲ་བར་བལྟ་ཞིང༌། དེ་རྣམས་ཀྱང་རང་གི་མ་ཡིན་པ་དང༌། མ་བྱས་རེས་ཀྱིས་ཕན་པ་བསྒྲུབས་ཤིང༌། གནོད་པ་བསལ་བའི་དྲིན་ཆེ་བ་དང༌། དེ་ལ་ལན་དུ་ཕན་འདོགས་པའི་དྲིན་གཟོའི་བློ་བརྟན་པོ་བསྐྱེད་ནས། དེ་ནས་དེ་རྣམས་བདེ་བས་ཕོངས་ལུགས་དང་སྡུག་བསྔལ་གྱིས་མནར་ལུགས་རྣམས་བསམས་ལ། དེ་རྣམས་ཅི་ནས་ཀྱང་བདག་གིས་བདེ་བ་མཐའ་དག་ལ་དགོད་པ་དང༌། སྡུག་བསྔལ་མཐའ་དག་ལས་བསྒྲལ་བར་བྱའོ་སྙམ་པའི་འདུན་པ་དྲག་པོ་བསྐྱེད། དེ་ནས་དོན་དེ་གཉིས་རྫོགས་པར་སྒྲུབ་པ་ནི། སངས་རྒྱས་ཉག་གཅིག་ཏུ་མཐོང་ནས། དེ་རྣམས་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བློའི་འགྱུར་བ་དྲག་པོའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད། དེ་འདྲ་བའི་སངས་རྒྱས་ཐོབ་པའི་དོན་ཏུ་ལམ་འདི་ལ་བསླབ་སྙམ་པའི་ལམ་ལ་བརྟེན་པའི་ཡི་དམ་བརྟན་པོ་ཡང་དང་ཡང་དུ་བྱའོ། །དེ་ཡང་སྙིང་པོ་རྒྱན་ལས། སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །པད་དཀར་ཟླ་བའི་དབུས་གནས་ཤིང༌། །རྡོ་རྗེ་དྲིལ་བུ་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང༌། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་པས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །
གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྦྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། ཞེས་ཐུན་མཚམས་སུ་རྡོར་སེམས་བསྒོམས་ནས། ཡིག་བརྒྱ་ཉེར་གཅིག་རེ་མ་ཆག་པར་བཟླས་ན་ལྟུང་བ་མི་འཕེལ་བ་དང༌། འབུམ་ཕྲག་གཅིག་བཟླས་ན་ཉེས་པ་རྣམས་འདག་པར་གྲུབ་པ་མཆོག་བརྙེས་པ་རྣམས་ཀྱིས་གསུངས་པས་དེ་ལྟར་བྱའོ། ཞེས་གསུངས་པ་བཞིན་དུ་དགོས་པ་དེ་གཉིས་ཀྱི་ཕྱིར་དུ་རྡོར་སེམས་ཀྱི་བསྒོམ་བཟླས་བྱའོ། །དེའི་རིམ་པ་ནི་རང་གི་སྤྱི་བོར་པཾ་ལས་པདྨ་དཀར་པོ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་བསྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། མཚན་དང་དཔེ་བྱད་དུ་ལྡན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་བསྐྱེད་ལ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་དཀར་པོ་བསམ། དེ་ལས་འོད་ཟེར་འཕྲོས་རང་འདྲའི་ཡེ་ཤེས་སེམས་དཔའ་སྦྱན་དྲངས་པ་ལ་མཆོད་པ་ལྔས་མཆོད། ཛཿ ཧཱུཾ་བཾ་ཧོཿ ས་དགུག་གཞུག་བཅིང་མཉེས་པར་བྱ། ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྦྱན་དྲངས་པ་ལ་མཆོད་ནས། དེ་བཞིན་གཤེགས་པ་ཐམས་
ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ནས། ཇི་ལྟར་བལྟམས་པ་སོགས་དང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་པས་དབང་བསྐུར། ལུས་ཡེ་ཤེས་ཀྱི་བདུད་རྩིས་གང༌། མི་བསྐྱོད་པས་དབུ་བརྒྱན་པར་བསམ། དེ་ནས་སྒོ་གསུམ་གུས་པ་ཆེན་པོས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་དང། དམ་ཚིག་ཉམས་ཆགས་ཐམས་ཅད་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག །དེ་དག་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་བྱས། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཐམས་ཅད་ལ་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས། ཐུགས་ཀའི་ཧཱུཾ་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་ཕུན་ཚོགས་སུ་གྱུར་པར་བསམས་ལ། ཧཱུཾ་གི་མཐའ་མར། ༀ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་བཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་བ་ཏིཥྛ། དྲྀ་བྷྲོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀ་བྷ་ཝ། མཧཱ་ས་མ་ཡ་སཏྭ་ཨཱཿ ཧཱུཾ་ཕཊ། ཅེས་པས་བསྐོར་བ་ལ་དམིགས་ཏེ་བཟླས་
པས་ཡིག་འབྲུ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་ཡིག་འབྲུ་ལ་ཐིམ། ཡིག་འབྲུ་ལས་བདུད་རྩིའི་རྒྱུན་དཀར་པོ་བྱུང༌། ཡབ་ཡུམ་གྱི་སྦྱོར་མཚམས་ལས་བབས་ནས། རང་གི་སྦྱི་བོ་ཚངས་པའི་བུ་ག་ནས་ཞུགས་ཏེ། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་ནག་ཕུངས་ཀྱིས་འཐོན། སྡིག་སྒྲིབ་སངས་ཀྱིས་དག །ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དཀར་མེར་གྱིས་གང༌། རྟོགས་པ་དང་ཡོན་ཏན་བདག་གཞན་ཐམས་ཅད་ལ་སྐྱེས་པར་བསམ་ཞིང་བཟླས་སོ། །ཐུན་འཇོག་ཁར་སྟོབས་བཞིའི་བཤགས་པ་བྱས་ལ། སྡིག་སྒྲིབ་ཀྱི་འཁོར་གསུམ་མི་དམིགས་པར་བསམ་ཞིང༌། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་བོ་བདག་ལ་སྐྱོབས། ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དང༌། དམ་ཚིག་ཉམས་ཆགས་ཐམས་ཅད་དག་གོ །ཞེས་གསུངས་ནས་རང་ལ་ཐིམ་པས། རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསམས་ལ། དགེ་རྩ་བསྔོ་བ་དང་སྨོན་ལམ་གདབ་བོ། །གཉིས་པ་བྱིན་རླབས་འཇུག་པའི་ཕྱིར་བླ་མའི་རྣལ་འབྱོར་
སྒོམ་པ་ལ་གཉིས། ཚོགས་ཞིང་དུ་བླ་མ་སྒོམ་པ་དང༌། དེ་ལ་མཆོད་ནས་གསོལ་བ་གདབ་པའོ། །དང་པོ་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་སེང་གེས་བཏེག་པའི་སྟེང་ན་པད་ཉིའི་གདན་ལ། ངོ་བོ་རང་གི་བླ་མ་ལ་རྣམ་པ་རིགས་དྲུག་པ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷ་རྫས་ཀྱི་གོས་ཀྱི་སྟོད་གཡོགས་དང༌། སྨད་གཡོགས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། འོད་ཟེར་རྣམ་པ་ལྔ་རབ་ཏུ་ འབར་བར་བསྒོམས་པའི་སྤྱི་བོར་ཟླ་བ ་ལ་ༀ་དཀར་པོ། །མགྲིན་པར་པདྨ་ལ་ཨཱཿ དམར་བོ། སྙིང་གར་ཉི་མ་ལ་ཧཱུཾ་སྔོན་པོ་འོད་ཟེར་འཕྲོ་བ་བསྒོམ། ཧཱུཾ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་འཆང་ནས་བཟུང་སྟེ། བླ་མ་བརྒྱུད་པ་རྣམས་དང༌། ཡི་དམ་གྱི་ལྷ་ཚོགས་རྣམས་སྤྱན་དྲངས་ཏེ་བསྟིམས་ལ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཉིད། ཅེས་གསུངས་པ་ལྟར། སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་བསྒོམ། རིམ་ལྔ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །མན་ངག་རབ་ཏུ་སྟེར་བའི་ཕྱིར། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་གསུངས་པ་ལྟར་རང་ལ་ཕན་འདོགས་པའི་ཞིང་དུ་ནི་རྡོ་རྗེ་འཆང་ལས་ཀྱང་ཆེས་ལྷག་པ་ཡིན་སྙམ་དུ་བསམ། ཞལ་ལུང་ལས། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་ཡིས་དེ་མཉེས་རང་གི་རྒྱུད། །ལས་ཀྱི་སྒྲིབ་
པ་དག་བྱེད་དོ། ཞེས་གསུངས་པ་ལྟར་ཡང་དག་པའི་གདམས་ངག་གི་དོན་སྟོན་པའི་བླ་མ་སློབ་མས་མཆོད་པའི་དུས་སུ། སངས་རྒྱས་རྣམས་བྱོན་ཏེ་བླ་མའི་ལུས་ལ་བཞུགས་ནས། མཆོད་པ་བཞེས་ཏེ་སློབ་མའི་རྒྱུད་དག་པར་བྱེད་ལ། མཆོད་པ་གཞན་གྱི་ཚེ་རང་གིས་སངས་རྒྱས་ལ་བཏང་བའི་བསོད་ནམས་འཐོབ་ཀྱང༌། སངས་རྒྱས་ཉིད་ཀྱིས་བཞེས་པའི་ངེས་པ་མེད་པའི་ཚུལ་ཤེས་པར་བྱས་ལ། མཆོད་པའི་ཞིང་གོང་ན་མེད་པའི་ངེས་པ་བསྐྱེད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་བལྟས་ལ། སྐྱོན་རྟོག་པའི་བློ་ལ་སྡོམ་སེམས་མང་པོ་དང༌། ཡོན་ཏན་རྣམས་བརྟགས་ནས་དེ་ལ་དམིགས་པའི་དད་པ་སྦྱོང་བ་མང་དུ་བྱ་སྟེ། སྐྱོན་གྱི་ངོས་ནས་བརྟགས་ན་དངོས་གྲུབ་ཀྱི་གེགས་བྱེད་ལ། ཡོན་ཏན་གྱི་ངོས་ནས་བརྟགས་ན་དངོས་གྲུབ་མྱུར་དུ་འགྲུབ་པའི་ཕྱིར་རོ། །དེ་ལྟ་བུ་ལ་སོགས་པའི་ཚུལ་གྱིས་བླ་མ་དེ་ཉིད་ལ་དམིགས་པའི་དད་པ་དང༌། བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པ་ཆེན་པོ་མང་དུ་སྦྱང་ངོ༌། །གཉིས་པ་དེ་ལ་མཆོད་ནས་གསོལ་བ་གདབ་པ་ནི། རིམ་ལྔ་ལས། མཆོད་པ་ཐམས་ཅད་རྣམ་སྤངས་ནས། །བླ་མ་ལ་མཆོད་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་པས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་གང་ཞིག་ཡོད། ཅེས་གསུངས་པ་ལྟར་མཆོད་པ་ཀུན་གྱི་ནང་ནས་བླ་མ་ལ་མཆོད་པ་ཉིད་ལྷུར་བླང་བའི་ཚུལ་ལ། ངེས་པ་དྲག་
པོ་བསྐྱེད་ནས་བླ་མ་ལ་མཆོད་དོ། །དེ་ཡང་མཎྜལ་གྱི་མཆོད་པ་ནི། སའམ་རིན་པོ་ཆེ་ལ་སོགས་པའི་མཎྜལ་བ་བྱུང་གིས་བྱུགས་པ་ལ། དྲི་བཟང་དང་བདུད་རྩི་ལྔ་དང་བཅས་པའི་ཆུས་བྱུག་ཅིང༌། ༀ་བཛྲ་བྷཱུ་མི་ཨཱཿ ཧཱུཾ་ཞེས་པས་དབང་ཆེན་གསེར་གྱི་ས་གཞི་དང༌། ༀ་བཛྲ་རེ་ཁེ་ཨཱཿ ཧཱུཾ་ཞེས་པས་ལྕགས་རིའི་མུ་ཁྱུད། དྲི་བཟང་དང་བཅས་པའི་བདུད་རྩི་ལྔས་སྦགས་པའི་མེ་ཏོག་གི་ཚོམ་བུ་དབུས་སུ་དགོད་ཅིང༌། དབུས་སུ་རི་རབ། དེ་བཞིན་དུ་ཤར་ལ་སོགས་པར་མེ་ཏོག་གི་ཚོམ་བུ་འགོད་ཅིང༌། ཤར་ལུས་འཕགས། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་གྱི་གཡས་གཡོན་གཉིས་སུ་མེ་ཏོག་དགོད་ཅིང༌། ལུས་དང་ལུས་འཕགས། ལྷོའི་གཡས་གཡོན་གཉིས་སུ་དགོད་ཅིང༌། རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཀྱི་གཡས་གཡོན་གཉིས་སུ་དགོད་ཅིང༌། གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་གི་གཡས་གཡོན་གཉིས་སུ་དགོད་ཅིང༌། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། དེ་ནས་གླིང་གི་ནང་གི་ཤར་དུ་དགོད་ཅིང༌། གླང་པོ་རིན་པོ་ཆེ། ལྷོར་དགོད་ཅིང་ཁྱིམ་བདག་རིན་པོ་ཆེ། ནུབ་ཏུ་དགོད་ཅིང་རྟ་རིན་པོ་ཆེ། བྱང་དུ་དགོད་ཅིང་བཙུན་མོ་རིན་པོ་ཆེ། ཤར་ལྷོར་དགོད་ཅིང་དམག་དཔོན་རིན་པོ་ཆེ། ལྷོ་ནུབ་ཏུ་དགོད་ཅིང་འཁོར་ལོ་རིན་པོ་ཆེ། ནུབ་བྱང་དུ་དགོད་ཅིང་ནོར་བུ་རིན་པོ་ཆེ། བྱང་ཤར་དུ་དགོད་ཅིང་གཏེར་ཆེན་པོ། ནང་གི་ཤར་དུ་དགོད་ཅིང་ཉི་མ། ནང་གི་ནུབ་ཏུ་དགོད་ཅིང་ཟླ་བ་རྣམས་སོ་སོའི་རྣམ་པ་ཇི་བཞིན་དུ་གསལ་གདབ། རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བར་
དམིགས་ཏེ། བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ནས་བླ་མ་ཡི་དམ་དཀོན་མཆོག་རྣམས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ལ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་དེ་བླ་མ་ལ་དབུལ། མེ་ཏོག་སོགས་ཕྱི་དང་ནང་བདུད་རྩིའི་མཆོད་པ་དང༌། གསང་བའི་མཆོད་པས་ཀྱང་མཆོད། བསྟོད་པས་ཀྱང་བསྟོད་ལ། བླ་མའི་སྦྱན་སྔར་སྤྱི་དང་ཁྱད་པར་གྱི་སྡོམ་པ་གཟུང་ངོ༌། །དེ་ནས་གུས་པ་ཆེན་པས་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་ལམ་རྣམས་མྱུར་དུ་རྒྱུད་ལ་སྐྱེ་བ་དང༌། དེ་དག་གི་འགའ་རྐྱེན་ཞི་ཞིང་མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པའི་གསོལ་བ་བཏབ་པས་དགྱེས་ཏེ། བླ་མའི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ། རང་གི་གནས་གསུམ་དུ་རིམ་པ་བཞིན་དུ་ཞུགས་པས། ལུས་ཀྱི་ནང་ཐམས་ཅད་འོད་ཟེར་གསུམ་གྱིས་རིམ་པ་བཞིན་དུ་ཁེངས། སྒོ་གསུམ་གྱི་དྲི་མ་སྦྱངས། བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་རིམ་པ་བཞིན་ཐོབ། སྐུ་རྡོ་རྗེ་སོགས་གསུམ་གྱི་དངོས་གྲུབ་རིམ་པ་བཞིན་ཐོབ་པར་བསམ། དེ་ནས་སྐུའི་གནས་ཐམས་ཅད་ལས་འོད་ཟེར་སྣ་ཚོགས་འཕྲོས། རང་གི་ལུས་ཀྱི་སྒོ་ཐམས་ཅད་ནས་ཞུགས་སྒོ་གསུམ་གྱི་སྒྲིབ་པ་ཕྲ་བ་སྦྱངས་དབང་བཞི་པ་ཐོབ། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་དངོས་གྲུབ་ཐོབ་པར་བསམ་མོ། །ཡི་གེ་གསུམ་ནི་རྡོ་རྗེ་གསུམ་གྱི་
མཚོན་བྱེད་ཡིན་ལ། དེ་གསུམ་གྱིས་སྒྲིབ་པ་གསུམ་སྦྱོང་བ་བཞིན་དུ། དབང་གསུམ་གྱིས་ཀྱང་སྦྱོང་བ་འདྲ་བ་ཙམ་དང། དོན་གྱི་དབང་བཞི་པ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པས་ཕྲ་བའི་སྒྲིབ་པ་སྦྱོང་བ་ལ་བསམས་ནས། སྔར་བཤད་པའི་དབང་བཞི་ཐོབ་པའི་ཐ་སྙད་བྱས་པ་ཙམ་ཡིན་གྱི། དེས་དབང་དངོས་ཐོབ་པ་མིན་ནོ། །དེ་ནས་མདུན་གྱི་བླ་མ་རང་གི་སྤྱི་བོར་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སམ། དམིགས་པས་སྤྱན་དྲངས་ཏེ། སྤྱི་བོ་ནས་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང༌། བླ་མའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་བསམས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། དེ་རྣམས་ནི་ཐུན་སྔ་ཕྱིའི་བར་དང་ཐུན་མགོ་རྣམས་སུ་བྱའོ། །གཉིས་པ་ལམ་དེ་ལ་བརྟེན་ནས་ལམ་འདི་ཇི་ལྟར་བསྒོམས་པ་ལ་གཉིས། བསྐྱེད་པའི་རིམ་པ་བསྒོམ་པ་དང༌། རྫོགས་པའི་རིམ་པ་བསྒོམ་པའོ། །དང་པོ་ནི། བསྐྱེད་རིམ་སྒོམ་པ་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ལ་དགོས་ཀྱི། མཆོག་སྒྲུབ་པ་ལ་མི་དགོས་སོ་ཞེས་པའི་ལོག་རྟོག་བོད་ན་ལུགས་འགའ་ཞིག་ལ་སྣང་ཡང༌། བླ་མ་མར་པ་ནས་བརྒྱུད་པའི་མེས་ལུགས་དང༌། མཚུར་དང་རྔོག་གསུམ་གའི་ལུགས་ལ་སྔོན་དུ་བསྐྱེད་རིམ་ལ་འཁྲིད་པ་སྣང་ཞིང༌། བླ་མ་མིད་ལས་ཀྱང༌། སྣང་བ་སྐྱེ་ཤིའི་བར་དོ་རུ། །རིག་པ་སེམས་ཀྱི་རྩལ་སྦྱང་ཕྱིར། །ལམ་བསྐྱེད་རྫོགས་གཉིས་ལ་འབད་ཀྱང་འཚལ། ཞེས་གསུངས་ཤིང༌། བླ་མ་ཆེ་བ་སྔ་མ་གཞན་རྣམས་ཀྱང་རིམ་པ་གཉིས་ཀ་སྒོམ་དགོས་པར་བཞེད་པས། བསྐྱེད་རིམ་ལ་མི་འཁྲིད་ན། རྒྱུད་སྡེ་དང་དེའི་དགོངས་འགྲེལ་ཚད་ལྡན་རྣམས་དང་འགལ་ལ། རང་གི་ལུགས་དང་ཡང་འགལ་
བས་རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་ལ་བསླབ་པར་བྱ་སྟེ། ཀྱེ་རྡོ་རྗེ་ལས། རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། ཞེས་དང༌། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱི་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱ། ཞེས་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། ཞེས་སོགས་གཞུང་དུ་མ་ཞིག་ནས་སྔོན་དུ་བསྐྱེད་རིམ་སྒོམ་དགོས་པར་གསུངས་པས། བསྐྱེད་རིམ་གྱི་དངོས་ཀྱི་དགོས་པའི་གཙོ་བོ་ནི། རྫོགས་རིམ་གྱི་རྟོགས་པ་ཚང་བར་སྐྱེ་བའི་རྒྱུད་ལེགས་པར་སྨིན་པར་བྱེད་པ་ཡིན་ནོ། །འདི་ཡང་སྔོན་དུ་བསྐྱེད་རིམ་གྱི་ཏིང་ངེ་འཛིན་བརྟན་པོ་རྙེད་ན། ད་གཟོད་རྫོགས་རིམ་སྒོམ་པའི་སྐབས་སུ་ཡབ་ཡུམ་ཟུང་རེའི་ལྷའི་རྣལ་འབྱོར་སྒོམ་པ་སྔོན་དུ་བཏང་ནས་སྒོམ་པ་སྐྱོན་ཆུང་ཡང༌། དང་པོ་ནས་དེ་ཙམ་གྱིས་ཆོག་པར་བྱེད་པ་རྒྱུད་སྡེའི་དགོངས་པ་མིན་ནོ། །འོ་ན་ཇི་ལྟར་བསྒོམ་སྙམ་ན། ལུགས་འདིའི་རྒྱུད་ཀྱི་བཤད་སྲོལ་འཛིན་པ་རྣམས་འདིའི་ལམ་གྱི་རྨང་རྡོ་གཏུམ་མོ་ཡིན་ལ། དེ་ཡང་གཙོ་ཆེར་ཀྱེ་རྡོར་གྱི་རྒྱུད་ལ་བརྟེན་པས། རྒྱུད་དེར་གསུངས་པའི་ཀྱེ་རྡོར་རིགས་བཞི་པོ་གང་རུང་ཞིག་ལ་འཁྲིད་པར་བཞེད་དོ། །འདི་ཡི་མན་ངག་ལ་གཙོ་བོར་མཛད་པའི་བླ་མ་གོང་མ་རྣམས། བདེ་མཆོད་ལ་མཛད་པ་མང་སྟེ། སྒམ་པོ་བས་ནི་ཟངས་དཀར་གྱི་སློབ་མ་མར་ཡུལ་
བློ་ལྡན་ལ་བརྟེན་ནས། ཟངས་དཀར་གྱི་ལུགས་ཀྱི་བདེ་མཆོག་དང༌། དཔལ་ཕག་མོ་གྲུ་པས་ནི། ལོ་ཆུང་ནས་བརྒྱུད་པ་མར་ལུགས་ཀྱི་བདེ་མཆོག་དང༌། ཆོས་རྗེ་འབྲི་ཁུང་པས་ནི། མར་དོ་ནས་བརྒྱུད་པའི་ཅོག་རོ་ལུགས་ཀྱི་བདེ་མཆོག་ལ་མཛད་སྣང་སྟེ། དེ་གསུམ་ག་ཡང་དཔལ་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་དྲུག་ཅུ་རྩ་གཉིས་པའི་དཀྱིལ་འཁོར་ལ་བརྟེན་པའོ། །དེ་ལྟར་གཉིས་ཡོད་ཀྱང་འདིའི་གཏུམ་མོ་ནི་བདེ་དགྱེས་གཉིས་ཀའི་ཐུན་མོང་བ་ཡིན་པས། བསྐྱེད་རིམ་དེ་གཉིས་གང་བྱས་ཀྱང་ཆོག་ལ། དཀྱིལ་འཁོར་གྱི་འཁོར་ལོའི་བསྐྱེད་རིམ་བསྒོམས་པས་རྒྱུད་སྨིན་པ་འདྲ་བ། ལྷ་དཔའ་བོ་གཅིག་པ་དང་དཔའ་མོ་གཅིག་པ་ལ་མི་འབྱུང་བས། དྲིལ་བུ་ཞབས་ཀྱི་ལྷ་ལྔ་ལྟ་བུ་ཡན་ཆད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཞིག་ལ་འཁྲིད་པའི་ཐུན་བཞིའི་རྣལ་འབྱོར་བྱའོ། །བསྐྱེད་རིམ་ལ་མྱོང་བ་འདོན་ཚུལ་ནི། དང་པོར་སེམས་མ་ཡེངས་པར་བཤར་སྒོམ་བྱེད། དེ་རྫོགས་པ་དང་གཙོ་བོ་ཞལ་མང་དང་ཕྱག་མང་ཡིན་ན། ཞལ་ཕྱག་གཞན་སྒོམ་པ་རེ་ཞིག་བཏང་སྙོམས་སུ་བྱས་ལ། ཞལ་གཅིག་ཕྱག་གཉིས་པ་ལ་སེམས་བཟུང་བ་ལ་བསླབ་སྟེ། དེ་ལ་ཡང་གཉིས་ལས་རྣམ་པ་ལ་བསླབ་པ་ནི། ལྷ་དེའི་རྣམ་པ་ཡས་རིམ་མམ། མས་རིམ་ནས་སྐུའི་ཆ་ཤས་རགས་པ་ཅིག་གསལ་གདབ་ལ། ཡིད་ངོར་ཆ་ཕྱེད་པ་ལམ་མེ་བ་ཅིག་འཆར་ཐུབ་པ་དང༌། དེ་ཀ་ལ་སེམས་གྲིམས་ལྷོད་རན་པར་རྩེ་གཅིག་ཏུ་བཞག །དང་པོ་གང་གསལ་བཏབ་པ་དེ་མིན་པའི་རྣམ་པ་གང་ཤར་ཡང༌། རེ་ཞིག་ལ་དེའི་རྗེས་སུ་འབྲངས་ན་མི་དགའ་བས། དང་པོའི་དམིགས་པ་དེ་ཀ་ལ་བཞག །མི་
གསལ་བར་སོང་ན་བསྐྱར་ལ་གསལ་བཏབ་ནས་བསྒོམས་པས། རྣམ་པ་གསལ་བར་སོང་སོང་གི་བར་དུ་བསླབ། དེ་ཡང་གང་གསལ་བཏབ་པ་དེ་འཆར་ཐུབ་པ་དང༌། དེ་ལས་གཞན་གསལ་མ་བཏབ་པ་མི་འཆར་ཞིང༌། ཤིན་ཏུ་གསལ་བ་མིག་གིས་མཐོང་བ་ལས་ཀྱང་ལྷག་པ་སྙམ་བྱེད་པ་དང༌། གསལ་བ་དེ་ཉིད་ལ་སེམས་བཞག་ན་བྱིང་རྒོད་དང་བྲལ་བར་ཐུན་འཁྱོངས་པའི་བརྟན་པ་ཅིག་དགོས་སོ། །ལྷའི་སྐུ་རགས་པ་ལ་དེ་ལྟར་བྱུང་བ་ནས། ཞལ་ཕྱག་གཞན་དང་རྒྱན་ལ་སོགས་པའི་ཆ་ཕྲ་མོ་རྣམས་རྫོགས་པར་འཆར་བ་ལ་སྔར་བཞིན་བསླབ། དེ་ནས་དེའི་སྟེང་དུ་ཡུམ་བསྣན་ལ་དེ་ལྟར་བསྒོམ། དེ་ནས་འཁོར་གྱི་ལྷ་གཞན་དང་ཡང་སྦྲེལ་བ་དང༌། མཐར་བརྟེན་པ་ལྷ་ཐམས་ཅད་དང་རྟེན་གཞལ་ཡས་ཁང་གི་སྐོར་རྣམས་དུས་གཅིག་ཏུ། ཕྲ་རགས་ཐམས་ཅད་གསལ་ལམ་མེར་ཤར་བ་ལ་སེམས་རྩེ་གཅིག་ཏུ་གནས་ཐུབ་པ་ཅིག་དགོས་སོ། །ང་རྒྱལ་ལ་བསླབ་པ་ནི། རང་ལྷ་དེའོ་སྙམ་པའི་ང་རྒྱལ་བསྐྱེད་ནས། དེ་ལ་རྩེ་གཅིག་ཏུ་གནས་པར་བྱེད། དེའི་ཤུགས་ཡལ་བ་ན་ཡང་སྔར་ལྟར་ལྷའི་ང་རྒྱལ་ཤུགས་ཅན་བསྐྱེད་ནས་དེ་ལ་འཇོག །དེ་ལྟར་བྱས་པས་དང་པོར་བློས་བཅོས་ནས་དེ་ལྟར་སྒོམ་པ་ཡིན་ཀྱང༌། མཚམས་ཤིག་ནས་ལྷའི་ང་རྒྱལ་བརྟན་པ་ན་བློ་དེར་ཁྱུར་གྱིས་འགྲོ་བའི་ང་རྒྱལ་འཕོ་ཐུབ་པ་འབྱུང་ཞིང༌། དེ་ཡང་ཐུན་འཁྱོངས་འཁྱོངས་ཀྱི་བར་དུ་བྱའོ། །ལྷའི་སྣང་བ་དང་ང་རྒྱལ་སྒོམ་པ་གཉིས་དང་པོ་ནས་རེ་མོས་སུ་བྱས་ནས་བསྐྱང་། རྟེན་དང་བརྟེན་པའི་སྣང་
བ་ཁྱད་པར་ཅན་བསྒོམས་པའི་མཐར་དེ་དྲན་པ་ན། ཡིད་ངོར་ཐ་མལ་གྱི་སྣང་བ་འཆར་མི་ཐུབ་པར་ཁྱད་པར་ཅན་ཀྱི་སྣང་བ་ཉིད་འཆར་བ་ན། ཐ་མལ་པའི་སྣང་བ་ཡིད་ངོར་དག་པར་བྱེད་ནུས་པ་ཡིན་ལ། སྔར་བཤད་པའི་བཅོས་མིན་གྱི་ང་རྒྱལ་འཕོ་ནུས་པ་བྱུང་བ་ན། ཐ་མལ་པའི་ཞེན་པ་ཡིད་ངོར་དག་པར་བྱེད་ནུས་པ་ཡིན་ནོ། །དེ་ནས་མཉམ་གཞག་ལས་ལངས་ཏེ། སྣོད་བཅུད་ཀྱི་སྣང་བ་གང་ཤར་ལ་ལྷ་དང་གཞལ་ཡས་ཁང་དུ་བལྟས་པ་ན། དེ་དང་དེའི་ངོ་བོར་འཆར་བའི་ཏིང་ངེ་འཛིན་བརྟན་པོ་འབྱུང་བས། བསྐྱེད་རིམ་གྱིས་ཐ་མལ་གྱི་སྣང་ཞེན་སྦྱངས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །འདི་ཡང་སྡོམ་པ་འབྱུང་བ་ལས། ཁམས་གསུམ་རང་བཞིན་གཞལ་ཡས་ཁང༌། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་པ། ཞེས་གསུངས་ཤིང༌། འཕགས་པ་ལྷས་ཀྱང༌། སྣ་ཚོགས་འདི་རྣམས་དཀྱིལ་འཁོར་འཁོར་ལོར་ཤེས་པར་གྱིས་དང་སེམས་ཁྱོད་ཅི་ལ་འཁྲུལ། ཞེས་བཤད་དོ། །ཚུལ་འདི་ཡང་རིམ་པ་གཉིས་ཀའི་སྐབས་སུ་འབྱུང་ངོ༌། །ཐེག་པ་འདི་ལ་གང་སྣང་ལྷའི་འཁོར་ལོ་དང༌། ཉམས་མྱོང་བདེ་བ་ཆེན་པོ། རྟོག་པ་སྐྱེ་མེད་ཀྱིས་རྒྱས་འདེབས་པ་ཅིག་དགོས་པ་ཡང་རིམ་པ་དང་པོ་ནས་འབྱུང་ལ། སྲོག་དྷཱུ་ཏཱིར་ཚུད་པ་ལས་བྱུང་བའི་རྫོགས་རིམ་པའི་བདེ་ཆེན་སྐབས་འདིར་མེད་ཀྱང༌། ཡབ་ཡུམ་དངོས་ལྟ་བུའི་གསལ་སྣང་ཤིན་ཏུ་བརྟན་པ་རྙེད་པས། དེ་འདྲ་བའི་ཐབས་ཤེས་མཉམ་པར་སྦྱར་ཞིང༌། ཕཊ་ཡིག་གིས་བྱང་ཆུབ་ཀྱི་སེམས་ཕྱིར་འཕོ་བ་བཀག་པ་ལས་བྱུང་བའི་བསྐྱེད་རིམ་པའི་བདེ་ཆེན་དུ་མ་ཞིག་འབྱུང་བ་ཤེས་དགོས་སོ། །
དཀྱིལ་འཁོར་གྱི་འཁོར་ལོའི་བསྐྱེད་རིམ་བསྒོམས་པས་རྒྱུད་སྨིན་པར་བྱེད་པའི་གཙོ་བོ་ནི་འདི་ཉིད་ཡིན་ནོ། །གཉིས་པ་རྫོགས་པའི་རིམ་པ་བསྒོམ་པ་ལ་གསུམ། གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་ལོ། །དང་པོ་ལ་གཉིས། སེམས་ཀྱི་དངོས་པོའི་གནས་ཚུལ་དང༌། ལུས་ཀྱི་དངོས་པོའི་གནས་ཚུལ་ལོ། །འདི་ཡང་བསྒོམ་རྒྱུ་དོན་གྱི་གནས་ལུགས་ཤེས་པའི་ཕྱིར་དུ། གནས་ཚུལ་དང་པོ་འཆད་ལ། ལུས་ཀྱི་གནས་གང་དུ་དམིགས་པ་གཏོད་སའི་ལུས་ཀྱི་གནད་ཤེས་པའི་ཕྱིར་དུ་གནས་ཚུལ་གཉིས་པ་སྟོན་ནོ། །དེས་ན་དང་པོ་སེམས་ཀྱི་གནས་ཚུལ་སྟོན་པ་ནི། བརྟག་གཉིས་ལས། ངོ་བོས་གཟུགས་མེད་མཐོང་བ་པོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། ཅེས་དང༌། དབང་པོ་དང་ནི་ཡུལ་ཉིད་དང༌། །དབང་པོའི་རྣམ་པར་ཤེས་པ་ཉིད། །རྣམ་འབྱོར་མ་རྣམས་གོ་བྱའི་ཕྱིར། །ཁམས་ནི་བཅོ་བརྒྱད་རྣམས་སུ་བཤད། །རང་བཞིན་གདོད་ནས་མ་སྐྱེས་པ། །རྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། ཞེས་གསུངས་སོ། །དེ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང༌། མཐོང་བ་པོ་ནས་རེག་པ་པོའི་བར་ལྔས། མིག་ནས་ལུས་ཀྱི་དབང་པོའི་བར་དབང་པོ་སྟོན་ཏེ། ཕུང་པོའི་ནང་ནས་གཟུགས་ཀྱི་ཕུང་པོ་དང༌། སྐྱེ་མཆེད་ཀྱི་དབང་དུ་བྱས་ནས། གཟུགས་ཅན་གྱི་སྐྱེ་མཆེད་བཅུ་རང་བཞིན་མེད་པར་བསྟན་ལ། སེམས་ཞེས་པས་ནི་རྣམ་ཤེས་ཀྱི་ཕུང་པོ་དང་ཡིད་ཀྱི་སྐྱེ་
མཆེད་དང༌། སེམས་ལས་བྱུང་བ་ཞེས་པས་ནི། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོ་གསུམ་དང༌། དེས་མཚོན་ནས་ཡིད་ཀྱི་དམིགས་ཡུལ་གྱི་ཆོས་ཀྱི་སྐྱེ་མཆེད་རང་བཞིན་མེད་པར་བསྟན། ཡང་མཐོང་བ་པོ་ལ་སོགས་པའི་ཚིག་གིས། གཟུགས་མཐོང་བ་པོ་དང༌། སྒྲ་ཐོས་པ་པོའི་གང་ཟག་དང་བདག་ལ་སོགས་པ་ཡང་སྟོན་པས། མདོར་ན་གང་ཟག་དང་ཆོས་ལ་བདག་མེད་པའི་བདག་མེད་གཉིས་སྟོན་ལ། ངོ་བོ་ཉིད་མེད་ཚུལ་ནི། ངོ་བོས་མེད་ཅེས་པས་སྟོན་ཏེ། གང་ཟག་དང་གཟུགས་ལ་སོགས་པའི་ཆོས་ལ་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་མེད་ཅེས་པའོ། །བཤད་པ་དེ་དག་ནི་གྲུབ་ཆེན་མཚོ་སྐྱེས་ཀྱི་འགྲེལ་བའི་དགོངས་པའོ། །འདི་ནི་རང་བཞིན་གྱིས་དང་རང་གི་མཚན་ཉིད་ཀྱིས་མེད་ཅེས་གསུང་རབ་ལས་མང་དུ་འབྱུང་བ་རྣམས་ཀྱི་དོན་ནོ། །དེ་འདྲ་བའི་རང་བཞིན་ནམ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་དང༌། རང་བཞིན་གྱིས་མ་སྐྱེས་པ་དེ་ཡང་སྔར་མི་སྟོང་བ་ཅིག་གསར་བུ་ལུང་རིགས་ཀྱིས་བསྒྲུབས་པ་མིན་གྱི། ཡེ་གདོད་མ་ནས་དེ་ལྟར་ཡིན་པ་ལ་ཡིན་པར་ངོ་ཤེས་པར་བྱེད་པ་ནི། གདོད་ནས་ཞེས་པས་སྟོན་ནོ། །བླ་མ་མར་པའི་ཞལ་ནས། ཤར་ཆུ་བོ་གངྒཱའི་འགྲམ་དུ་ཕྱིན། །རྗེ་མཻ་ཏྲི་ཆེན་པོའི་བཀའ་དྲིན་གྱིས། །གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་པ་ཉིད་ལ་སྤར་ཟིན་བྱས། །དོན་སྤྲོས་བྲལ་གཉུག་མའི་ངོ་བོ་མཐོང༌། །སྐུ་གསུམ་མ་དང་མངོན་དུ་འཇལ། །མི་ཁོ་བོའི་སྤྲོས་པ་དེ་ནས་ཆོད། ཅེས་ཕྱག་རྒྱ་ཆེན་པོའི་ལྟ་བ་གཙོ་བོར་མངའ་བདག་མཻ་ཏྲི་པ་ལས་རྙེད་ཅེས་འབྱུང་ལ། སློབ་དཔོན་དེས་མཛད་པའི་དེ་ཁོ་ན་ཉིད་བཅུ་པ་ལས། དེ་བཞིན་ཉིད་ནི་ཤེས་འདོད་པས། །རྣམ་བཅས་མ་ཡིན་རྣམ་མེད་མིན། ཞེས་ཡིན་ལུགས་ཀྱི་དེ་
བཞིན་ཉིད་ཤེས་པར་འདོད་པས། རྣམ་བཅས་དང་རྣམ་མེད་ཀྱི་ལུགས་ཀྱི་དེ་ཁོ་ན་ཉིད་བླང་བར་བྱ་བ་མ་ཡིན་པར་བཤད་པའི་འགྲེལ་པ། མཻ་ཏྲི་པའི་དངོས་སློབ་པཎྜི་ཏ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ་ལས། ཉན་ཐོས་སྡེ་བ་རྣམ་བཅས་མདོ་སྡེ་པ་དང༌། རྣམ་མེད་བྱེ་བྲག་སྨྲ་བ་དང༌། སེམས་ཙམ་རྣམ་བདེན་རྫུན་གཉིས་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཐ་སྙད་དུ་རྣམ་བདེན་དང༌། རྣམ་རྫུན་ལྟར་འདོད་པ་རྣམས་ཀྱི་ལུགས་བླང་བར་བྱ་བ་མ་ཡིན་པར་བསྟན་ཅིང༌། དེ་ཉིད་ལས། དེ་ལྟར་དེས་ནི་དབུ་མ་པ་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ལྷ་དང་ཟླ་བ་གྲགས་པ་ལ་སོགས་པའི་བཞེད་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དེ་བཞིན་ཉིད་ཤེས་པར་འདོད་པས་ཡིན་པར་འགྱུར་རོ། ཞེས་དེ་གསུམ་གྱི་ལུགས་བླང་བྱ་ཡིན་ནོ། ཞེས་བཤད་ལ། མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ལྷ་གཉིས་ནི་གཞུང་ཕྱི་མོའི་དབུ་མ་པ་ཡིན་པས། འདི་གཉིས་ཀྱི་རྗེས་སུ་དབུ་མའི་གྲུབ་མཐའ་སྨྲ་བ་གཞན་རྣམས་ཀྱང་འབྲང་མོད་ཀྱང༌། དེ་གཉིས་ཀྱི་ལུགས་འཛིན་པ་མི་འདྲ་བ་མང་དུ་ཡོད་པ་ལ་མངའ་བདག་མཻ་ཏྲི་པ། དཔལ་ལྡན་ཟླ་བ་གྲགས་པའི་རྗེས་སུ་འབྲང་བར་བཤད་ལ། ཡང་དེ་ཁོ་ན་ཉིད་བཅུ་པ་ལས། བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཡིན་ནོ། ཞེས་ཟླ་བའི་ཞབས་ཀྱི་ལུགས་འདིའི་མན་ངག་གིས་མ་བརྒྱན་པའི་སློབ་དཔོན་གཞན་གྱི་དབུ་མ་རྣམས་འབྲིང་པོ་ཙམ་དུ་བཤད་པས། ལུགས་འདི་ལ་ཡིན་ལུགས་ཀྱི་དོན་མཐར་ཐུག་པ་ཟླ་བའི་ཞབས་ཀྱི་རྗེས་སུ་འབྲངས་ནས་ཤེས་པར་བྱ་དགོས་སོ། །བདེན་མིན་
རྫུན་མིན། ཞེས་སོགས་ཀྱི་དོན་ནི། རིགས་པ་དྲུག་ཅུ་པ་ལས། གང་དག་བརྟེན་ནས་ངོ་བོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྟས་མི་འཕྲོགས། ཞེས་གསུངས་པ་བཞིན་ཤེས་པར་བྱ་སྟེ། ཤེས་རབ་ཅན་གང་དག་གང་ཟག་དང་ཆོས་ཀྱི་ངོ་བོ་རྣམས། རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བ་དང༌། བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་ན། བདེན་པ་དང་ཡང་དག་པར་མེད་དོ། ཞེས་འདི་དག་ལ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་རང་བཞིན་ཅུང་ཟད་ཀྱང་མེད་དེ། རང་ལ་ཚུགས་ཐུབ་ཀྱི་རང་བཞིན་ཡོད་ན། རྒྱུ་རྐྱེན་སོགས་གཞན་ལ་བལྟོས་ནས་བཞག་དགོས་པ་མ་ཡིན་ནོ། ཞེས་བདེན་འཛིན་གྱི་དམིགས་གཏད་བྱ་ས་རྡུལ་ཙམ་ཡང་མེད་སྙམ་པའི་ངེས་པ་དྲང་ངོ༌། །དེ་ལྟར་མཚན་མར་འཛིན་པ་བདེན་འཛིན་གྱི་དམིགས་གཏད་རྡུལ་ཙམ་ཡང་མ་གྲུབ་ཀྱང༌། ལས་འབྲས་ལ་སོགས་པའི་རྒྱུ་འབྲས་ཀྱི་འཁོར་འདས་ཀྱི་བྱ་བྱེད་ཐམས་ཅད་ཉམས་པ་མེད་པ་སྒྱུ་མ་དང༌། རྨི་ལམ་དང་། གཟུགས་བརྙན་གྱི་བྱ་བྱེད་བཞིན་དུ་འཆར་བ་ཡོད་དོ། །དེའི་ཕྱིར་ཆོས་འདི་རྣམས་རི་བོང་གི་རྭ་ཡོད་དོ་ཞེས་པ་ལྟ་བུའི་བརྫུན་པ་ཡང་མིན་ལ། ཐག་པ་ལ་སྦྲུལ་དུ་འཁྲུལ་བ་ལྟ་བུའི་ཕྱིན་ཅི་ལོག་འབའ་ཞིག་གིས་བཞག་པ་ཡང་མིན་ནོ། །དེ་ལྟར་ཆོས་གང་ལ་ཡང་བདེན་འཛིན་གྱི་དམིགས་གཏད་བྱ་ས་རྡུལ་ཙམ་ཡང་མེད་པར་མཐོང་བའི་སྟོང་ཉིད་ཀྱི་ལྟ་བ་གོ་བ་གཅིག་དང༌། ལྟ་ཐོག་དེར་བཞག་ནས་སྒོམ་པ་གཅིག་མེད་ན། ལམ་ཅི་ཙམ་བསྒོམས་ཀྱང་སངས་རྒྱས་ལྟ་ཞོག་འཁོར་བ་ལས་ཀྱང་བརྒལ་མི་ནུས་སོ། །དེའི་ཕྱིར་རྡོ་
རྗེ་གུར་ལས། བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །སྟོང་པ་རྒྱལ་བ་རྣམས་ཀྱིས་གསུངས། ཞེས་གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པ་བཟློག་པའི་ཕྱིར་དུ། སངས་རྒྱས་ཀྱིས་སྟོང་པ་ཉིད་ཀྱི་ལྟ་བ་གཏན་ལ་འབབས་པ་གསུངས་སོ། །དོན་དམ་པར་སྔར་བཤད་པ་ལྟར་ཡིན་ཀྱང༌། མིང་ཙམ་དང་བཏགས་པ་ཙམ་གྱི་ཆོས་རྣམས་ལ། ཀུན་རྫོབ་ཏུ་རྫུན་པ་སྒྱུ་མ་དང་རྨི་ལམ་ལྟ་བུའི་རྒྱུ་འབྲས་ལ་ངེས་པ་འདྲེན་ས་མེད་པར་སོང་ནས། རང་ལུགས་ལ་དེ་དག་བྱེད་པ་མ་བདེ་ནས། གཞན་གྱི་འཁྲུལ་ངོ་ཁོ་ན་ལ་སྐྱེལ་དགོས་པར་སོང་ན། ཆད་པ་སྐུར་འདེབས་ཀྱི་ལྟ་བ་མི་བཟང་བའི་གཡང་སར་ལྟུང་བས། རྟེན་འབྲེལ་སྒྱུ་མ་ལྟ་བུའི་ངེས་པ་ཤིན་ཏུ་ཆེ་བ་ཅིག་དགོས་སོ། །བདེན་གཉིས་ཀྱི་རྣམ་གཞག་དེ་འདྲ་ཅིག་དགོས་པར་ལམ་འདིའི་རྣལ་འབྱོར་པ་ཆེན་པོ་མིད་ལས་ཀྱང༌། ཁྱེད་བློ་དམན་རྣམས་ཀྱི་བསམ་ངོ་དང༌། །བསྟུན་ནས་སངས་རྒྱས་ཀུན་མཁྱེན་གྱིས། །ཐམས་ཅད་ཡོད་ཅེས་གསུངས་པ་ཡིན། །དོན་དམ་བདེན་པའི་དབང་དུ་ནི། །བགེགས་ལས་སངས་རྒྱས་ཉིད་ཀྱང་མེད། །སྒོམ་པ་པོ་མེད་བསྒོམ་བྱ་མེད། །བགྲོད་བྱ་ས་དང་ལམ་རྟགས་མེད། །འབྲས་བུ་སྐུ་དང་ཡེ་ཤེས་མེད། །དེ་ཕྱིར་མྱ་ངན་འདས་པ་མེད། །མིང་དང་ཚིག་གིས་བཏགས་པ་ཙམ། །ཁམས་གསུམ་བརྟན་དང་གཡོ་བར་བཅས། །གདོད་ནས་མ་གྲུབ་སྐྱེ་བ་མེད། །གཞི་མེད་ལྷན་ཅིག་སྐྱེས་པ་མེད། །ལས་དང་ལས་ཀྱི་རྣམ་སྨིན་མེད། །དེ་ཕྱིར་འཁོར་བའི་མིང་ཡང་མེད། །མཐར་ཐུག་དོན་ལ་དེ་ལྟར་གདའ། ཞེས་དོན་དམ་པར་འཁོར་འདས་ཀྱི་ཆོས་གང་
ཡང་རྡུལ་ཙམ་ཡང་མ་གྲུབ་པར་གསུངས་ནས། ཨེ་མ་སེམས་ཅན་མེད་གྱུར་ན། །དུས་གསུམ་སངས་རྒྱས་ཅི་ལས་བྱུང༌། །རྒྱུ་མེད་འབྲས་བུ་མི་སྲིད་པས། །ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཡོད་པ་དངོས་པོར་སྣང་བ་དང༌། །མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །དེ་ལྟར་རྟོགས་པའི་མཁས་པ་ཡིས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང༌། །སེམས་ཅན་མ་མཐོང་སངས་རྒྱས་མཐོང༌། །ཆོས་ཅན་མ་མཐོང་ཆོས་ཉིད་མཐོང༌། ཞེས་དོན་དམ་པར་འཁོར་འདས་ཀྱི་ཆོས་རྣམས་ཀྱི་མིང་ཙམ་ཡང་མ་གྲུབ་པ་དང༌། དེ་ལྟར་ཡིན་ཀྱང་ཀུན་རྫོབ་ཏུ་ནི། སེམས་ཅན་གྱིས་སངས་རྒྱས་ཐོབ་པ་ལ་སོགས་པ་འཁོར་འདས་ཀྱི་རྣམ་གཞག་ཀུན་ཡོད་པ་དང། དེ་ཡང་མིང་དང་ཚིག་གིས་བཏགས་པ་ཙམ་ལ་འཇོག་པ་དང༌། དངོས་པོར་སྣང་བའི་རྟེན་འབྲེལ་དང༌། རང་བཞིན་གྱིས་གྲུབ་པ་མེད་པའི་སྟོད་པ་གཉིས། ངོ་བོ་གཅིག་ཏུ་གནས་པས་སྣང་སྟོང༌། གཅིག་གིས་གཅིག་མ་དོར་བར་གསུངས་པ་ནི། ལུགས་འདིའི་བླ་མ་གོང་མའི་ཁྱད་ཆོས་ཅིག་ཏུ་སྣང་བས། ལུགས་འདི་ལ་ལྟ་བ་གཏན་འབེབས་དབུ་མའི་གཞུང་རྣམས་ལས་འབྱུང་བ་བཞིན། བདེན་གཉིས་ཀྱི་རྐྱ་བར་ནས་དྲངས་ནས་བཤད་པ་མི་དགོས་སོ། ཞེས་མི་གཟུང་སྟེ། དེ་ལྟར་སྨྲ་ན་གསུང་རབ་དང༌། དགོངས་འགྲེལ་སྤྱི་དང་འགལ་ཞིང༌། རང་གི་ལུགས་དང་ཡང་འགལ་བས་བདེ་སྟོང་དབྱེར་མེད་དུ་སྤྱོར་བར་འདོད་པས། སྔར་བཤད་པའི་སྟོང་པ་ཉིད་ཀྱི་ལྟ་བ་ངེས་
པར་བཙལ་བར་བྱའོ། །གཉིས་པ་ལུས་ཀྱི་དངོས་པོའི་གནས་ཚུལ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་སོགས་རྩ་འཁོར་གང་ན་ཡོད་པའི་དབུས་དང༌། དྷཱུ་ཏཱིའི་ཡར་སྣ་མར་སྣ་སོགས་ནི་ལུས་ལ་གནད་དུ་བསྣུན་པའི་ཐབས་ལམ་ཟབ་མོའི་གནད་དུ་བསྣུན་ས་ཡིན་ནོ། །དེ་ཡང་མར་ལུགས་ཀྱི་གདམས་ངག་པ་རྣམས་ཀྱི་ལུགས་ཀྱིས། གཉིད་ལོག་པ་དང་སང་བའི་དུས་གཉིས་ལས། དང་པོའི་སྐབས་སུ་དགེ་སྦྱོར་སྐྱོང་བ་ལ་ནི། སྙིང་ཁ་དང་མགྲིན་པའི་གནད་ཤེས་དགོས་ཤིང༌། སད་དུས་སུ་གཏུམ་མོ་སྒོམ་པ་ལ་ནི་ལྟེ་བ་དང༌། ལས་རྒྱ་དང་སྙོམས་པར་འཇུག་པ་ལ་ནི། སྦྱི་བོའི་གནད་ཤེས་དགོས་པར་འདོད་དེ། དུས་དེ་དག་གི་ཚེ་སེམས་རྟེན་གྱི་ཐིག་ལེ་གནས་དེ་བཞིར་གནས་པར་འདོད་པའི་ལུགས་སོ། །འདི་ནི་དུས་ཀྱི་འཁོར་ལོའི་སྐོར་ནས་དཔྲལ་བ་དང་ལྟེ་བ་ན་སད་པའི་གནས་སྐབས་སྐྱེད་པ་དང༌། མགྲིན་པ་དང་གསང་གནས་ན་རྨི་ལམ་གྱི་གནས་སྐབས་དང༌། སྙིང་ཁ་དང་ནོར་བུ་ན་གཉིད་འཐུག་གི་གནས་སྐབས་དང༌། ལྟེ་བ་དང་གསང་གནས་ཀྱི་རྩེ་ན་བཞི་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་ཡོད་པར་གསུངས་པ་དང་མཐུན་ཤས་ཆེའོ། །གཉིད་དུ་འགྲོ་བའི་དུས་སུ་སྙིང་ཁ་དང་ནོར་བུར་རླུང་འདུ་ཚབས་ཆེ་ལ། དེ་འཐུག་པའི་རིང་ལ་རྨི་ལམ་མེད་པའི་གཉིད་འོང་ངོ༌། །དེ་ནས་གནས་དེ་གཉིས་ནས་རླུང་ཅུང་ཟད་སྲབ་ཏུ་སོང་ནས། མགྲིན་པ་དང་གསང་གནས་སུ་འོངས་པ་ན་རྨི་ལམ་འཆར་ལ། དེར་འདུས་པའི་རིང་ལ་རྨི་ལམ་ཉིད་འབྱུང་ངོ༌། །དེ་ནས་རླུང་གནས་དེ་གཉིས་ནས་གྱེས་ཏེ་དཔྲལ་བ་དང་ལྟེ་བར་སོང་
ནས་སད་པར་འགྱུར་རོ། །སྤྱི་བོ་ནས་བྱང་སེམས་བབ་པ་ལྟེ་བ་དང་ནོར་བུའི་རྩེར་སླེབ་པ་ན། རང་གི་གནས་གོང་མ་རྣམས་ལས་འགྱུར་བའི་བདེ་བ་ཆེ་བ་རེ་རེ་འབྱུང་བ་ནི་བཞི་པའི་གནས་སྐབས་ཡིན་ལ། དེ་ཉིད་རླུང་སྟོབས་ཀྱིས་ལམ་དུ་བསླངས་པ་ན་ཡང༌། ཡས་བབས་ཀྱི་ལྷན་སྐྱེས་ཀྱི་འགོ་རྩོམ་པ་ལྟེ་བ་ནས་དང༌། མཚན་ཉིད་རྫོགས་པ་ནོར་བུའི་རྩེར་ཟིན་པ་ན་འཆར་རོ། །དེ་ལྟར་གནས་བཞིར་གཉིད་དང་རྨི་ལམ་གྱི་དགེ་སྦྱོར་སྐྱོང་བའི་གནད་ཆེ་མོད་ཀྱང། གནས་དེ་དག་ཏུ་སད་དུས་སུ་སེམས་བཟུང་ན་གནད་དུ་མི་འགྲོ་བ་ཡང་མིན་ནོ། །འཁོར་ལོ་རྣམས་ཀྱི་ནང་ནས་ལུགས་འདི་ལ་ཐོག་མར་གནད་དུ་བསྣུན་ས་ནི་སྤྲུལ་པའི་འཁོར་ལོ་ཡིན་ནོ། །དེ་དག་གིས་ནི་རྩ་འཁོར་སོ་སོར་དམིགས་པ་གཏད་ནས་སྐྱོང་བ་ལ། རང་རང་གི་ལག་རྗེས་ཐུན་མོང་མ་ཡིན་པ་ཇི་ལྟར་འོང་གཞན་ཡང་ཤེས་དགོས་པ་རྟོགས་པར་བྱའོ། །གཉིས་པ་ལམ་བགྲོད་པའི་རིམ་པ་ལ་གཉིས། སྔོན་དུ་འཁྲུལ་འཁོར་དང་སྟོང་ར་སྒོམ་པ་དང༌། དེའི་རྗེས་སུ་ལམ་དངོས་སྒོམ་པའི་རིམ་པའོ། །དང་པོ་ནི། མར་ལུགས་ཀྱི་བརྒྱུད་པ་གཞན་གྱི་གདམས་པ་ལས། རླུང་ལྡང་འཇུག་གནས་པ་གསུམ་ལ་བརྟེན་པའི་ཧཱུཾ་གིས་བསྲུང་བ་དང༌། ཁྲོ་ཆུང་གིས་བསྲུང་བ་དང༌། བླ་མའི་རྣལ་འབྱོར་གྱིས་བསོད་ནམས་གསོག་པར་བྱེད་ཅིང༌། འཁྲུལ་འཁོར་དང་སྟོང་ར་སྒོམ་པ་མེད་ཀྱང། རྗེ་བཙུན་མིད་ལ་ནས་སྒམ་པོ་བ་ལ་བརྒྱུད་པ་ལ་སྔ་མ་མེད་ཅིང༌། ཕྱི་མ་ཡོད་པའི་ལུགས་བཞིན་དུ་འདིར་འཆད་པ་ལ་གཉིས་ཡོད་པའི་དང་པོ་འཁྲུལ་འཁོར་ནི། སྐྱབས་སུ་འགྲོ་བ་དང༌།
སེམས་བསྐྱེད་པ་དང་། བླ་མ་སྤྱི་བོར་བསྒོམས་ནས་གསོལ་བ་གདབ་པ་རྒྱུད་དང་འདྲེས་ངེས་པ་རེ་དང༌། རང་ཡི་དམ་ཡབ་ཡུམ་དུ་གསལ་འདེབས། ཐུན་གང་བྱེད་ཀྱི་མགོར་སྔོན་དུ་བཏང་། དེ་ནས་འཁྲུལ་འཁོར་ལ་མང་ཉུང་དང་བྱེད་ལུགས་མི་འདྲ་བ་མང་དུ་སྣང་ནའང། འདིར་དཔལ་ཕག་མོ་གྲུ་པས་མཛད་པའི་ཐབས་ལམ་ཚིགས་བཅད་མའི་ལྷན་ཐབས་ལས། ལུས་སྤྱོང་ནི། བུམ་པ་ལྟར་དགང༌། འཁོར་ལོ་ལྟར་བསྐོར། ལྕགས་ཀྱུ་ལྟར་དགུག །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་གནམ་དུ་འཕངས་ཤིང་འོག་ཏུ་བསྐྱུར། ཁྱི་མོའི་སྐྱུག་ཚུལ་གྱིས་མདའ་ལྟར་བསྲང༌། ལུས་ལ་རྩ་དང་ཁྲག་གནས་པར་བྱ་བའི་ཕྱིར་མགོ་ལུས་མེད་པ་སྤྲུག་ཅིང་ཚིགས་པ་བསྒྲེང༌། དེ་ལྟར་དྲུག་གོ །ཞེས་འབྱུང་བ་ལ་ནཱ་རོ་དྲུག་སྐོར་དུ་གྲགས་པས། དེ་ལྟར་དུ་བྱ་བ་ལ་བུམ་པ་ལྟར་དགང་བ་ནི། སྟན་བདེ་བ་ལ་སྐྱིལ་ཀྲུང་གང་བདེ་བྱ་ལ་རྐེང་པ་བསྲང༌། ལག་པ་གཉིས་པུས་མོ་ལ་དགབ། རླུང་སྣ་བུག་གཡས་ནས་ཐེན་ནས་གཡོན་དུ་བལྟས་ཏེ། དེ་ངོས་ཀྱི་སྣ་བུག་ནས་དལ་བུས་རིང་བར་ལྷག་མ་མེད་པར་བུད། ཡང་གཡོན་ནས་ཐེན་ནས་གཡས་སུ་བལྟས་ཏེ། དེ་ངོས་ཀྱི་སྣ་བུག་ནས་སྔར་བཞིན་དུ་བུད། དེ་ནས་དབུས་ནས་སྣ་བུག་གཉིས་ཀ་ནས་ཐེན་ཏེ། ཐད་ཀར་ལན་ཅིག་སྔར་བཞིན་བུད། དེ་འདྲ་བའི་ཚུལ་གྱིས་སླར་ཡང་གསུམ་ཚན་གཉིས་ཏེ། དགུ་ཕྲུགས་སུ་རླུང་རོ་བསལ་ཏེ། དེ་ཡང་ཕར་ལ་འབུད་པ་དང༌། ཚུར་འདྲེན་པའི་དུས་གཉིས་ཀར་ཁ་ནས་འགྲོ་འོང་མེད་པར་བྱའོ། །དེ་ནས་ལུས་དྲང་པོར་བསྲང་སྟེ།
ལག་པ་གཉིས་ཀྱི་མཐེ་ཆེན་ནང་དུ་དགུག །ཐད་ཀ་ནས་རླུང་ཤིན་ཏུ་དལ་ལ་རིང་བར་ནང་དུ་བརྡུབས་ཏེ། ལྟེ་འོག་ཙམ་དུ་མཆིལ་མ་སྒྲ་མེད་པར་མིད་ནས་ཆིར་གྱིས་མནན་དེའི་རྗེས་སུ་འོག་རླུང་ལྟེ་འོག་ཏུ་མི་དྲག་པ་ཅིག་དྲངས་ཏེ། ཁ་སྦྱར་དུ་བཟུང༌། ཤེས་པ་ལྟེ་བའི་རྩ་འཁོར་གྱི་དབུས་སུ་གཏད་ལ། ནུས་ཚད་དུ་འཛིན་པ་ནི་བུམ་པ་ལྟར་དགང་བ་སྟེ། འཁྲུལ་འཁོར་བྱེད་པ་ཐམས་ཅད་འདིའི་ངང་ནས་བྱེད་པས། འཁྲུལ་འཁོར་གྱི་དབྱེ་བའི་གསེབ་ཏུ་བགྲངས་པ་ཙམ་མོ། །རླུང་མི་ཐུབ་པ་ན་ཁ་ནས་ཡེ་མ་ཤོར་བར་སྣ་སྒོ་ནས་དལ་བུས་གཏོང་བ་ནི། དམིགས་བསལ་མེད་པ་ཐམས་ཅད་དུ་ཤེས་པར་བྱའོ། །འཁོར་ལོ་ལྟར་བསྐོར་བ་ནི་རྐང་པ་སྐྱིལ་ཀྲུང་བྱས་པའི་རྐང་པ་གཡས་པའི་མཐེབ་ཆེན་ལག་པ་གཡས་པས་བཟུང༌། རྐང་པ་གཡོན་པའི་མཐེབ་ཆེན་ལག་པ་གཡོན་པས་བཟུང་ཞིང༌། རྐེད་པ་དྲང་པོར་བསྲང་ལ། ཕོ་བ་དང་རྐེད་པ་གཡས་སུ་ལན་གསུམ་བསྐོར། དེ་བཞིན་དུ་གཡོན་དུ་ཡང་བསྐོར། དེ་ནས་གཡོན་ནས་གཡས་སུ་ཀྱོག་པ་དང། གཡས་ནས་གཡོན་དུ་ཀྱོག་པ་དང༌། མདུན་ནས་རྒྱབ་ཏུ་འཕུལ་བ་རེ་དང༌། རྒྱབ་ནས་མདུན་དུ་འཕུལ་བ་རེ་བྱའོ། །ལྕགས་ཀྱུ་ལྟར་དགུག་པ་ནི། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་ལ་སྙིང་ཁ་ནས་ཐད་ཀར་མདུན་ངོས་སུ་གཤིབས་ལ་ཤུགས་ཆེ་བར་བརྐྱང། དེ་ནས་གཡོན་ངོས་སུ་ལག་པ་གཉིས་བརྐྱང་བའི་གཡས་པ་སྔོན་ལ་དལ་བུས་ཤུགས་ཆེ་བར་གཡས་པའི་དཔུང་མགོ་བར་དུ་དགུག་ལ་གྲུ་མོས་མཚན་དུ་བརྡབ། དེ་ནས་གཡོན་པ་ཡང་སྔ་མ་བཞིན་དུ་དཔུང་མགོ་གཡོན་པ་བར་དུ་བཀུག་ལ་བརྡབ་
སླར་ཡང་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་པ་སྙིང་ཁ་ནས་ཐད་ཀར་མདུན་ངོས་སུ་ཤུགས་ཆེ་བར་གཤིབས་ལ་བརྐྱང༌། དེ་ནས་གཡས་སུ་ལག་པ་གཉིས་བརྐྱང་ནས་སྔ་མ་བཞིན་དགུག་ལ་བརྡབ་བོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་གནམ་དུ་འཕང་ཞིང་འོག་ཏུ་བསྐྱུར་བ་ནི། པུས་མོ་གཉིས་བཙུགས་ཏེ་ལུས་བསྲང༌། དེ་ནས་ལག་པ་གཉིས་ཀྱི་སོར་མོ་རྣམས་ཕྱི་རུ་བསྣོལ་བའི་ལག་ལྕགས་བཅུག་པ། ཡར་ལ་རིམ་པ་བཞིན་སྤྱི་བོའི་བར་དུ་ཤུགས་ཆེ་བར་བཏེག་ལ། དེ་ནས་ལག་པ་གཉིས་ཁ་སྤུབ་ལ་རིམ་པ་བཞིན་ཤུགས་ཆེ་བར་ས་ལ་དབབ་ལ་བསྐྱུར་རོ། །ཁྱི་མོའི་སྐྱུག་ཚུལ་གྱིས་ལུས་མདའ་ལྟར་བསྲང་བ་ནི། པུས་མོ་གཉིས་བཙུགས་ལ་ལུས་བསྲང༌། དེ་ནས་ལག་པ་གཉིས་ས་ལ་བཞག་པའི་བར་དུ། མགོ་བོ་བཞག་པ་རིམ་གྱིས་གྱེན་དུ་ཤུགས་ཆེ་བར་བཏེག་ནས་ལུས་དྲང་པོར་བསྲང་ལ། སླར་ཡང་ལག་པ་གཉིས་རིམ་གྱིས་ཕབ་པའི་བར་དུ་མགོ་བོ་བཞག་ནས། ཧ་ཞེས་སྐྱུག་སྟངས་བྱས་པའི་མཐར། ལངས་ལ་རྐང་པ་གཉིས་ལན་གསུམ་གསུམ་དུ་སྤྲུག་གོ །མགོ་ལུས་སྤྲུག་ཅིང་ཚིགས་པ་བསྒྲེང་བ་ནི། ལག་པས་ཕན་ཚུན་གྱི་སོ་མོའི་ཚིགས་པ་འཐེན་པའི་རྗེས་ལ། མགོ་དང་ལུས་པོ་སྤྲུག་ཅིང་ལག་པ་གཉིས་ཕན་ཚུན་དུ་མཉེས་ཏེ་བཀྲུ་བའི་ཚུལ་བྱེད་པའོ། །ལུས་སྦྱོང་རྣམས་ལ་རླུང་ལེགས་པར་འཛིན་པ་དང༌། སྤྱོད་ལམ་དལ་བ་དང་འཆུན་ཆེ་བ་དགོས་ལ། བྱེད་པའི་དུས་ནི་ཟས་མ་ཟོས་པའི་གོང་དང༌། ཟས་ཟོས་རྗེས་ཡིན་ན་ལྟོ་བདེ་བར་སོང་བའི་མཚམས་ནས་བྱ་སྟེ།
ལུས་ཤིན་ཏུ་མཉེན་པར་མ་སོང་བར་དུ་བྱའོ། །སྟོང་ར་བསྒོམ་པ་ནི། རང་ཡི་དམ་དུ་གསལ་གདབ་པ་སོགས་སྔར་བཞིན་དུ་བྱ་ལ། འདིའི་དམིགས་པ་ཁྱད་པར་བ་ནི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ཕྲུ་མ་ཕུས་བཏབ་པ་ལྟར་སྟོང་སང་ངེ་བ་ལ་དམིགས་པ་གཏད་ནས། དེ་ལ་སེམས་བརྟན་བརྟན་དུ་སྒོམ་པ་ཡིན་ཏེ། འདི་དང་ལུས་སྦྱོང་གཉིས་སྤེལ་མར་བསྐྱང་ངོ༌། །སྟོང་ར་འདི་ལུས་ཐོགས་རྡུགས་ཅན་དུ་མེད་པའི་འཇའ་ཚོན་བཞིན་དུ་ཡིད་ངོར་སྒོམ་པ་ཡིན་གྱི། འདིས་དངོས་སུ་ལུས་དེ་ལྟར་བྱ་མི་ནུས་ཀྱང། དམིགས་པ་དེ་ལ་སེམས་བརྟན་ན། རྩ་རླུང་དྲག་པོ་སྒོམ་པ་ལ་རྩ་ཟུག་དང་རླུང་ཟུག་དྲག་པོ་མི་འབྱུང་བ་དང༌། གལ་ཏེ་བྱུང་ཡང་དམིགས་པ་དེ་བསྒོམས་པས་ཞི་བར་བྱེད་ནུས་པ་ལ། ཁྱད་ཆེ་བས་སྒོམ་པ་ཡིན་ཏེ། ལུས་སྦྱོང་གི་དགོས་པ་ཡང་དེ་དང་འདྲའོ། །སྟོང་ར་ལ་རྟོག་བཟོ་གཞན་མང་པོ་འདུག་ནའང༌། དཔལ་ཕག་མོ་གྲུ་པའི་ཁྲིད་ཡིག་ལས་དེ་ཙམ་ཞིག་ལས་མི་འབྱུང་སྟེ། དེ་གས་ཆོག་གོ །སྟོང་ར་ལུས་སྦྱོང་འདི་དག་རྒྱ་གཞུང་ཁུངས་ཐུབ་ཆེ་བ་ལས་མི་འབྱུང་ཡང། བླ་མ་རྣམས་ཀྱི་མན་ངག་གིས་མཛད་འདུག་ལ། དེ་ཡང་རྩ་རླུང་སྒོམ་པ་ལ་འཇམ་སྦྱོར་གྱིས་ཏིང་ངེ་འཛིན་སྐྱེ་དཀའ་བར་བྱུང་ན། དྲག་སྦྱོར་གྱིས་བྱེད་པ་ལ་འདི་དག་སྦྱངས་ན་གེགས་ཆུང་བ་ལ་བསམས་སོ། །གཉིས་པ་དེའི་རྗེས་སུ་ལམ་དངོས་བསྒོམ་པའི་རིམ་པ་ལ་གཉིས། ལམ་གྱི་ཆིངས་བྱེད་ཚུལ་དང༌། ལམ་ལ་འཁྲིད་པའི་རིམ་པའོ། །དང་པོ་ནི། གདམས་པ་འདི་ལ་ཆོས་གཉིས་དང། གསུམ་དང་། བཞི་དང་། དྲུག་དང༌། བཅུར་བྱེད་ཚུལ་མང་དུ་འདུག་
ནའང༌། འདི་ལ་སྒོམ་པ་པོ་གང་ཟག་གི་དབང་པོའི་རིམ་པ་དང་བསྟུན་ནས་བྱེད་ན། ཚེ་འདི་དང་བར་དོ་དང༌། སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་ལམ་གསུམ་དུ་བྱེད་དགོས་ལ། བསྒོམ་རྒྱུའི་ལམ་གྱི་དབང་དུ་བྱས་ནས་བྱེད་ན། རྫོགས་རིམ་གྱི་ལམ་དཀྱུས་མའི་དབང་དུ་བྱས་པ་ཅིག་དང༌། དེ་ལ་བོགས་འབྱིན་པའི་ཐབས་སྤྱོད་པ་དང་གཉིས་དགོས་པའི་ཕྱི་མ་འདི། ལུགས་འདིའི་བླ་མ་གོང་མ་གདམས་ངག་ཙམ་ལ་གཙོ་བོར་མཛད་པ་རྣམས་ཀྱི་མན་ངག་ཕལ་ཆེར་ལ་མི་སྣང་ཡང༌། མར་ལུགས་ཀྱི་རྒྱུད་ཀྱི་བཤད་སྲོལ་འཛིན་པ་རྣམས་ཀྱིས་བཤད་འདུག་པ་བཞིན་དགོས་སོ། །བླ་མ་མར་པའི་ཞལ་ནས། སྒོ་སྲུངས་ནཱ་རོ་པཎ་ཆེན་ལ། །རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་ཐོས། །བསྲེ་འཕོ་མཚམས་སྦྱོར་གྱི་གདམས་ངག་ཐོབ། །ཁྱད་པར་གཏུམ་མོ་ལས་རྒྱ་ཞུས། །སྙན་བརྒྱུད་ཀྱི་གནད་ལ་ངོ་སྤྲོད་བྱས། ཞེས་སྤྱིར་བསྲེ་འཕོ་སྙན་བརྒྱུད་ཀྱི་ངོ་སྤྲོད་དང༌། ཁྱད་པར་དུ་ཀྱེ་རྡོར་ནས་འབྱུང་བའི་ནང་གཏུམ་མོ་ལ་བརྟེན་ནས་དགའ་བཞི་སྐྱེད་ཚུལ་དང༌། ཕྱི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དགའ་བཞི་སྐྱེད་ཚུལ་ཞུས་པར་གསུངས་པས། གཙོ་བོར་ཀྱེ་རྡོར་ལ་བརྟེན་པ་ལ་གཏུམ་མོ་དང་ལས་རྒྱ་གཉིས་སོ། །ཡང་མར་པའི་ཞལ་ནས། ནུབ་དུ་ལ་ཀྵེ་ཏྲའི་གྲོང་ཁྱེར་དུ། །དཔལ་ཡེ་ཤེས་སྙིང་པོའི་ཞབས་ལ་གཏུགས། །ཕ་རྒྱུད་གསང་བ་འདུས་པ་མཉན། །སྒྱུ་ལུས་འོད་གསལ་གྱི་གདམས་ངག་ཐོབ། །ལམ་རིམ་པ་ལྔ་ཡི་དོན་ལ་བསླབས། ཞེས་གསུངས་ལ། དཔལ་ནཱ་རོ་པ་ལ་རྒྱུད་ཁྱད་པར་དུ་འཕགས་པ་བཞི་ལ་བརྟེན་པའི་
གདམས་པ་ཁྱད་པར་དུ་འཕགས་པ་བཞི་གསན་པའི་གཅིག །དཔལ་གསང་བ་འདུས་པ་ལ་བརྟེན་པའི་རིམ་པ་ལྔའི་གདམས་ངག་ཡིན་པས། ཡེ་ཤེས་སྙིང་པོ་དང་ནཱ་རོ་པ་གཉིས་ཀ་ལ་རིམ་པ་ལྔ་གསན་པའི་སྒྱུ་ལུས་དང༌། འོད་གསལ་གྱི་གདམས་པ་འདུས་པ་ལ་གཙོ་ཆེར་བརྟེན་པ་ཡིན་ནོ། །འཕོ་བ་དང་གྲོང་འཇུག་ནི་གཙོ་བོར་གདན་བཞི་ལ་བརྟེན་པར་སྣང་ངོ༌། །ནཱ་རོའི་ཆོས་དྲུག་ཏུ་བྱེད་ཚུལ་ནི། གཏུམ་མོ་དང་། སྒྱུ་ལུས་དང་། འོད་གསལ་དང་། འཕོ་བ་དང་། གྲོང་འཇུག་དང་། བར་དོའི་གདམས་ངག་དྲུག་ཏུ་བྱེད་དོ། །དེ་ལ་རྨི་ལམ་དང་བར་དོ་ནི་སྒྱུ་ལུས་ཀྱི་ཡན་ལག་རེ་ཡིན་ཞིང༌། གཉིད་ཀྱི་འོད་གསལ་ཡང་སྒྱུ་ལུས་སུ་སྡུད་པ་ལེགས་ལ། འཕོ་བ་དང་གྲོང་འཇུག་གཉིས་ཕྱོགས་གཅིག་ཏུ་བཤད་ན་བདེའོ། །རྗེ་བཙུན་མིད་ལའི་གདམས་ངག་ཏུ། གདམས་པ་འདི་ལ་བསྐྱེད་རིམ་དང༌། གཏམ་མོ་དང་། ལས་རྒྱ་དང༌། གནས་ལུགས་ལྟ་བའི་དོན་གོ་བ་དང༌། མཚོན་བྱེད་ལམ་གྱི་འོད་གསལ། མཚོན་བྱེད་ལམ་གྱི་སྒྱུ་མ་རྨི་ལམ་དང་དོན་དྲུག་ཏུ་བསྡུས་ནས། རྗེ་ལྷོ་བྲག་མར་པའི་ཐུགས་ཀྱི་བཅུད་ཕྱུང་བ། སྙན་བརྒྱུད་དོན་གྱི་ངོ་སྤྲོད་ཐབས་ལམ་གནད་ཀྱི་མཐར་ཐུག་ཀྱང་དེ་ལས་མེད་དོ། །རྣལ་འབྱོར་པ་དེའི་དགོངས་པ་ཞེ་ཕུགས་བློའི་གདེང༌། འཕྲལ་ཉམས་སུ་བླངས་རྒྱུ་དེ་ལས་མེད། ཅེས་གསུངས་པའི་དང་པོ་མ་གཏོགས་པ་རྣམས་ཆོས་དྲུག་གི་རྫོགས་རིམ་འདི་ཉིད་དུ་འདུག་ཅིང༌། མར་བའི་རྒྱུད་ཀྱི་བཤད་སྲོལ་འཛིན་པ་རྣམས་ཀྱི་ལུགས་ཀྱང་དེ་ཁོ་ན་ལྟར་ཡིན་པས། ལུགས་འདི་ལ་ནཱ་རོ་ཆོས་དྲུག་ལས་ཟབ་པའི་གདམས་པ་གཞན་ཡོད་པར་
འདོད་པ་ནི་མུན་སྤྲུལ་ལོ། །དེ་ལ་སྤྱིར་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་རྣམས་ལ་སྔོན་ཏུ། རོ་རྐྱང་གི་རླུང་དབུ་མར་འཛུད་པའི་ཐབས་ཁྱད་པར་ཅན་ཅིག་མེད་མི་རུང་ཡིན་ལ། དེ་ལ་ཡང་རྒྱུད་སྡེ་སོ་སོ་ལ་བརྟེན་པའི་གྲུབ་ཆེན་གྱི་ལུགས་མི་འདྲ་བ་མང་དུ་ཡོད་ཀྱང༌། འདིར་ནི་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་བརྟེན་པའི་གཏུམ་མོ། ཨ་ཐུང་གི་སྲོག་རྩོལ་གྱི་སྒོ་ནས། སྲོག་དྷཱུ་ཏཱིར་སྡུད་པ་ཡིན་ནོ། །དེས་ན་སྲོག་དྷཱུ་ཏཱིར་བཙུད་བ་ལས་བྱུང་བའི་དགའ་བཞིའི་མཐར་སྐྱེས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་སྐྱོང་བ་དགོས་ཀྱི། དེ་འདྲ་བའི་ཐབས་ལམ་ཟབ་མོ་ལ་མ་བརྟེན་པར། སེམས་ཅིར་ཡང་མི་རྟོག་པའི་ཏིང་ངེ་འཛིན་དྲན་ཤེས་ཀྱིས་རིང་དུ་བསྐྱངས་པའི་བདེ་གསལ་མི་རྟོག་པའི་སེམས་གནས་བརྟན་པོ་ནི། ཐེག་པ་ཆེ་ཆུང་དང་སྔགས་དང་ཕར་ཕྱིར་གྱི་ཐེག་པ་ཀུན་གྱི་ཐུན་མོང་པ་ཡིན་པས། དེ་གཉིས་མ་འདྲེས་པར་ཕྱེད་པ་ཤིན་ཏུ་གལ་ཆེའོ། །དེའི་ཕྱིར་མིད་ལ་དང་སྒམ་པོ་པ་གཉིས་མཇལ་བ་ན་ཡང༌། སྒམ་པོ་བས་ཁོ་བོ་ལ་ཞག་མང་པོར་ཏིང་ངེ་འཛིན་ཐུན་རེ་ལ་འགྲོ་བའི་སེམས་གནས་ལེགས་པོ་ཡོད་ཞུས་པས། མིད་ལའི་གསུང་ནས་བྱེ་མ་བཙིར་བ་ལ་མར་ཁུ་མི་འོང་དེ་འདྲའི་ཏིང་ངེ་འཛིན་གྱིས་མི་ཆོག་པས། ངའི་གཏུམ་མོ་ཨ་ཐུང་གི་སྲོག་རྩོལ་སྒོམ་དགོས་ཞེས་གསུངས་པའི་དོན་ལེགས་པར་གོ་དགོས་སོ། །གཏུམ་མོ་ལམ་གྱི་རྨང་རྡོ་ཞེས་ལུགས་འདི་ལ་གྲགས་ཆེ་བ་ཡང༌། རྫོགས་རིམ་ལ་ཐོག་མར་སྲོག་དྷཱུ་ཏཱིར་བཙུང་པ་ལས། ལྷན་སྐྱེས་ཀྱི་བདེ་ཆེན་སྐྱེད་པ་ཅིག་གཞིར་བཞག་པ་
ལ་བརྟེན་ནས། རྫོགས་རིམ་གཞན་རྣམས་ཀྱི་འགྲོས་ཤེས་པ་ཅིག་དགོས་པའི་དོན་དུ་བྱ་དགོས་སོ། །གཏུམ་མོས་སྲོག་དྷཱུ་ཏཱིར་བཙུད་དེ་རླུང་ཞུགས་གནས་ཐིམ་གསུམ་ལ་ལེགས་པར་བྱང་བ་ན། དེའི་མཐུས་བྱང་སེམས་ཕྱི་རོལ་ཏུ་འཛག་མེད་དུ་འཆིང་ནུས་པ་ན་དེས་དགའ་བཞི་སྐྱེད་པའི་ལྷན་ཅིག་བྱེད་རྐྱེན་ལས་རྒྱ་ལ་བརྟེན་ནས། ལྷན་སྐྱེས་ཀྱི་དགའ་བ་སྐྱེད་པ་ནི་ཁྱད་པར་གཏུམ་མོ་ལས་རྒྱ་ཞུས་ཞེས་པའི་དོན་དེའོ། །དེ་འདྲ་བའི་ལྷན་སྐྱེས་ཀྱི་བདེ་སྟོང་སྦྱར་བ་ལ་བརྟེན་ནས། སད་དུས་སུ་སྒྱུ་ལུས་སྒོམ་པ་དང༌། སྒྱུ་ལུས་ལ་བརྟེན་ནས་འོད་གསལ་སྒོམ་པ་གཉིས་དང༌། མཚན་མོ་གཉིད་དུས་སུ་རྨི་ལམ་གྱི་སྒྱུ་མ་སྐྱོང་བ་དང༌། དེ་ཡང་གཉིད་ཀྱི་འོད་གསལ་སྔོན་དུ་བཟུང་ནས། དེའི་རྗེས་སུ་རྨི་ལམ་ལ་འཇུག་པ་ཡིན་ལ། གཉིད་ཀྱི་འོད་གསལ་རླུང་གི་ནུས་པས་ཟིན་པ་ལ་སད་དུས་སུ་སྲོག་དྷཱུ་ཏཱིར་སྡུད་ནུས་པ་ཅིག་སྔོན་དུ་འགྲོ་དགོས་པས། དེ་གཉིས་ཀྱི་རྨང་རྡོ་ཡང་གཏུམ་མོའོ། །དེ་འདྲ་བའི་རྨི་ལམ་གྱི་སྒྱུ་མ་ཐོབ་པ་ཞིག་གིས། ད་གཟོད་ཀྱི་བར་དོ་འཛིན་ནུས་པས། དེའི་ཡང་རྨང་རྡོ་གཏུམ་མོ་ཡིན་ཞིང། དེ་གསུམ་ག་སྒྱུ་ལུས་སུ་སྡུད་པའི་ཚུལ་ཡང་དེའོ། །འཕོ་བ་ཁྱད་པར་ཅན་དང་གྲོང་འཇུག་གཉིས་ཀྱང་སྲོག་དྷཱུ་ཏཱིར་སྡུད་ནུས་པ་ཅིག་སྔོན་ཏུ་བཏང་ནས་བྱེད་པས། དེའི་རྨང་རྡོ་ཡང་འདིར་གཏུམ་མོའོ། །དེ་ལྟར་ཤེས་ན་ལམ་གྱི་ཆིངས་ཀྱི་གྲངས་མང་ཉུང་ལ། ཁྱད་པར་འགངས་ཅན་མེད་པས་ཇི་ལྟར་བྱས་ན་གོ་བ་ཆེ་བ་ཅིག་ལ་བྱས་པས་ཆོག་གོ །གཉིས་པ་ལམ་ལ་འཁྲིད་པའི་རིམ་པ་ལ་གཉིས། ལམ་ལ་འཁྲིད་པའི་དཀྱུས་ཀྱི་དོན་དང། ལམ་ལ་
བོགས་འབྱིན་པའི་ཐབས་སྤྱོད་པའོ། །དང་པོ་ལ་གཉིས། ལམ་དངོས་ཀྱི་དོན་དང༌། ལམ་གྱི་ཡན་ལག་འཕོ་བ་དང་གྲོང་འཇུག་གོ །དང་པོ་ལ་གཉིས། སྲོག་དབུ་མར་བཙུད་ནས་དགའ་བཞི་བསྐྱེད་པ་དང༌། དེ་ལ་བརྟེན་ནས་སྒྱུ་མ་དང་འོད་གསལ་བསྒོམ་པའི་ཚུལ་ལོ། །དང་པོ་ལ་གཉིས། ནང་གི་རྐྱེན་གཏུམ་མོ་བསྒོམ་པ་དང༌། ཕྱིའི་རྐྱེན་ལས་ཀྱི་ཕྱག་རྒྱ་ལ་བརྟན་པའོ། །དང་པོ་ལ་གཉིས། གཏུམ་མོ་བསྒོམས་ནས་སྲོག་དབུ་མར་གཞུག་པ་དང༌། བཙུད་པ་ལ་བརྟེན་ནས་དགའ་བཞི་བསྐྱེད་ཚུལ་ལོ། །དངཔོ་ལ་གཉིས། གཏུམ་མོ་བསྒོམ་ཚུལ་དང༌། དེ་ལྟར་བསྒོམས་པས་སྲོག་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་ཚུལ་ལོ། །དང་པོ་ལ་གསུམ། རྩ་གསལ་བཏབ་ནས་བསྒོམ་པ་དང༌། ཡི་གེ་གསལ་བཏབ་ནས་བསྒོམ་པ་དང༌། རླུང་བུམ་པ་ཅན་བསྒོམ་པའི་ཚུལ་ལོ། །དང་པོ་ནི། མདུན་གྱི་ནམ་མཁའ་ལ་རྩ་བའི་བླ་མ་བརྒྱུད་པའི་བླ་མ་དང་བཅས་པ། དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་དམིགས་ལ། ལུས་ལོངས་སྤྱོད་ལྟོས་པ་མེད་པར་མཆོད་པར་དབུལ་ཞིང༌། སྤྱིར་གསོལ་བ་མང་དུ་གདབ། ཁྱད་པར་དུ་རླུང་བདེ་རྩ་འཇམ། བདེ་སྟོང་གི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བའི་གསོལ་བ་དྲག་ཏུ་གདབ། དེ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་ཙཎྜ་ལི་ཉམས་སུ་བླང་སྙམ་དུ་བསམ་ཞིང༌། བྱང་ཆུབ་ཀྱི་སེམས་རྒྱུད་དང་འདྲེས་ངེས་པ་བསྒོམ། དེ་ནས་རང་ཡི་དམ་གྱི་ལྷར་གསལ་
གདབ་པ་སྔོན་དུ་བཏང་ནས། བསམ་གཏན་གྱི་སྟེགས་བུ་གཞུག །སྒོམ་ཐག་གྱོན། རྐང་པ་རེ་མིག་ཏུ་བསྣོལ། སྒལ་ཚིགས་དྲང་པོར་བསྲང༌། མགྲིན་པ་ཅུང་ཟད་དགུག །མིག་སྣ་རྩེར་དབབ། ལྕེ་རྩེ་ཅུང་ཟད་རྐན་ལ་སྦྱར། སོ་དང་མཆུ་རང་ལུགས་སུ་གཞག །ལུས་སེམས་ཅུང་ཟད་བསྒྲིམ། རོ་སྟོད་འཕེལ་ཀ་བསྐྱེད། མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅས་པ་བྱས་ལ། རྩ་གསུམ་གསལ་གདབ་པ་ནི། ལྟེ་བའི་བུག་པའི་ཐད་ནས་འོག་ཏུ་སོར་བཞི་སོང་བར། ལུས་ཀྱི་ནང་གི་སྒལ་ཚིགས་ངོས་ལ་ཉེ་བར། དབུས་སུ་རྩ་ཨ་བ་དྷཱུ་ཏཱི། གཡས་སུ་རོ་མ། གཡོན་དུ་རྐྱང་མ་གསུམ་འཁོར་ལོ་བཞིའི་སྲོག་ཤིང་གི་ཚུལ་དུ། སྤྱི་གཙུག་བར་དུ་གཤིབས་ནས་གནས་ཤིང༌། སྔར་བཤད་པའི་མར་སྣར་རོ་རྐྱངགཉིས་དབུ་མའི་རྩའི་ནང་དུ་གུག་ནས་ཡོད་པར་བསམ་མོ། །འདི་ལྟར་སྒོམ་པ་ནི་སྲོག་དྷཱུ་ཏཱིར་འཛུད་པའི་དགོས་པའི་དབང་གིས་སྒོམ་མ་ཤེས་པར། ཁ་ཅིག་ལྟེ་འོག་སོར་བཞི་ཙམ་ནས་རྩ་གསུམ་ག་ཟད་པ་དང༌། ཁ་ཅིག་རོ་རྐྱང་གཉིས་དེ་ནས་རྫོགས་པར་འདོད་པ་ལྟར་མིན་གྱི། འོག་ཏུ་ཡང་ནོར་བུའི་རྩེའི་བར་ལ་སོགས་པར་འགྲོ་བ་དང༌། སྟེང་དུ་སྨིན་མཚམས་ཀྱི་འོག་གི་དབུས་དང༌། སྣའི་རྩ་བའི་གཡས་གཡོན་ལ་སྒོ་གཏད་ནས་ཡོད་པར་གསུངས་པ་ལྟར་བྱའོ། །འཁོར་ལོ་བཞི་པོ་རེ་རེའི་དབུས་སུ་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་འཁྱུད་པའི་མདུད་པ་བྱས་ནས་ཡང་དྲང་པོར་འགྲོ་བ་ཡིན་ནོ། །རྩའི་སྦོམ་ཕྲ་ནི་བསྒོམས་པ་དང་མ་བསྒོམས་པའི་དུས་སུ་སྣ་ཚོགས་ཤིག་འོང་བས། མཐའ་གཅིག་ཏུ་མ་ངེས་སོ། །ཁ་དོག་ནི་དབུ་
མ་ནས་གཏུམ་མོ་ འབར་བའི་དུས་སུ། ཏིལ་གྱི་མར་མེའི་མདོག་བཞིན་འོང་བ ་ཁ་སྦྱོར་གྱི་རྒྱུད་དོན་དུ་མན་ངག་སྙེ་མ་ལས་བཤད་ཀྱང༌། དེར་མ་སླེབ་པའི་སྔོན་ཏུ་སྒོམ་པ་ན་གཡས་དམར་གཡོན་དཀར་དབུས་སྔོ་བའི་རྣམ་པ་ཅན་དུ་སྒོམ་པ་ལྟར་བྱའོ། །དེ་ནས་འཁོར་ལོ་བཞི་གསལ་འདེབས་པ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་ཕྱི་དབྱིབས་ཨ་གྲུ་གསུམ་གྱི་རྣམ་པ་ཅན། རྩ་འདབ་ཀྱི་གྲངས་རེ་བཞི་པ། ཁ་དོག་དམར་པོ། ཁ་གྱེན་དུ་ཕྱོགས་པའི་རྣམ་པ་ཅན་དུ་བསྒོམ་མོ། །འདི་དག་ལ་འདབ་མའི་གྲངས་རགས་པ་རྣམས་སྨོས་ནས། ཞིབ་བར་མ་སྨོས་འདུག་པ་བཞིན་འདིར་ཆག་པར་སྣང་བས་མ་བཤད་དོ། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ཕྱི་དབྱིབས་བཾ་ཡིག་ཟླུམ་པོའི་རྣམ་པ་ཅན། རྩ་འདབ་ཀྱི་གྲངས་བརྒྱད་པ་ཁ་དོག་དཀར་པོ། ཁ་འོག་ཏུ་ཕྱོགས་པའི་རྣམ་པ་ཅན་དང༌། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཕྱི་དབྱིབས་བཾ་ཡིག་ཟླུམ་པོའི་རྣམ་པ་ཅན། རྩ་འདབ་ཀྱི་གྲངས་བཅུ་དྲུག་པ། ཁ་དོག་དམར་པོ། ཁ་གྱེན་དུ་ཕྱོགས་པའི་རྣམ་པ་ཅན་དང༌། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཕྱི་དབྱིབས་ཨེ་གྲུ་གསུམ་གྱི་རྣམ་པ་ཅན། རྩ་འདབ་ཀྱི་གྲངས་སོ་གཉིས་པ། ཁ་དོག་སྣ་ཚོགས་པ། ཁ་འོག་ཏུ་ཕྱོགས་པའི་རྣམ་པ་ཅན་དུ་བསྒོམ་སྟེ། འཁོར་ལོ་ཟུང་རེ་རེ་ཐབས་ཤེས་ཟུང་རེའི་ཚུལ་དུ་སྒོམ་པ་ཡིན་ནོ། །དེ་ཡང་ཐོག་མར་རྩ་གསུམ་གསལ་གདབ་ལ། དེ་གསལ་བ་དང་དེ་ལ་སེམས་བཟུང་གིན་རྩའི་གསལ་སྣང་དང་དེ་ལ་སེམས་གནས་པ་གཉིས་ཚོགས་བསྒྲུབ་སྟེ། སེམས་འཛིན་པ་ནི་རྩ་
གསུམ་འདུས་པའི་དྷཱུ་ཏཱིའི་ནང་དུ་གཟུང་བ་གནད་ཆེའོ། །དེ་ལ་བརྟེན་ནས་འཁོར་ལོ་རྣམས་ཀྱི་རྩ་འདབ་ཀྱི་གྲངས་གསལ་གདབ་ལ་སེམས་གཟུང༌། དེ་ནི་བསྒོམས་ན་རྩ་འདབ་ཇེ་གསལ་དུ་འགྲོ་བ་དང༌། དེ་ལ་སེམས་འཛིན་ཇེ་ཐུབ་ཏུ་འགྲོ་ན་བྱ་ཡི། ཅི་བྱས་ཀྱང་འདབ་མ་རྣམས་གསལ་མི་ཐུབ་ན། རྩ་གསུམ་ཉིད་ལ་སེམས་གཟུང༌། འདི་ལ་སྙིང་ཁ་ཡན་ཆད་ལ་གསལ་འདེབས་རེ་དང༌། སེམས་ཅུང་ཟད་རེ་མིན་པ་སེམས་འཛིན་ཡུན་རིངས་ན། གེགས་ཀྱི་ཉེན་ཆེ་བས། ཤས་ཆེར་རྩ་གསུམ་གྱི་འདུས་སོར་ནན་ཏན་བྱས་ལ་སེམས་བཟུང་ངོ༌། །ལུགས་འདི་ལ་རྩའི་གསལ་སྣང་གི་གནས་ཆ་བརྟན་པོ་རིང་དུ་སྒྲུབ་པ་དང་མི་སྒྲུབ་པ་གཉིས་སྣང་ནའང༌། སྔ་མ་ལྟར་བྱས་ན་ལེགས་པ་ཡིན་ཏེ། གྲུབ་ཆེན་ལྭ་བ་པའི་གཞུང་ལས། རྩའི་གསལ་སྣང་སྒྲུབ་པར་བཤད་དོ། །འདིའི་སྐབས་སུ་རླུང་འཛིན་འདོད་ན་སྔར་བཤད་པ་བཞིན་གཟུང་བར་བྱ་ལ། འདི་དང་འཁྲུལ་འཁོར་དང་སྟོང་ར་སྒོམ་པ་རྣམས་སྤེལ་མ་བྱ་སྟེ། སྐབས་འོག་མར་ཡང་ཤེས་པར་བྱའོ། །གཉིས་པ་ཡི་གེ་གསལ་བཏབ་ནས་སྒོམ་པ་ནི། གཏུམ་མོའི་སྐབས་སུ་རྩ་འཁོར་བཞི་གསལ་བཏབ་ནས་སྒོམ་པ་ལ། རྩ་གསུམ་དང་འཁོར་ལོ་བཞི་དང་དེ་དག་ལ་ཡི་གེ་བཀོད་ནས་སྒོམ་པ་ནི། རྩ་རྒྱུད་ཀྱེ་རྡོ་རྗེ་དང༌། བཤད་རྒྱུད་སམ་བྷུ་ཊ་སོགས་ཀྱི་དགོངས་པ་ཡིན་ལ། ནག་པོ་སྤྱོད་པ་སོགས་གྲུབ་ཆེན་མང་པོས་ཀྱང་གསུངས་སོ། །ཡི་གེ་འགོད་པ་ལ་རྒྱས་བསྡུས་གཉིས་ཀྱི་ལུགས་ཡོད་དེ། རྒྱས་པ་ནི་འཁོར་ལོའི་ལྟེ་བ་དང་འདབ་མ་གཉིས་ཀ་ལ་ཡི་གེ་སྒོམ་པ་ཡིན་
ཀྱང༌། ལུགས་འདིའི་མན་ངག་ན་མི་གསལ་ལོ། །བསྡུས་པ་ནི་འཁོར་ལོ་བཞིའི་ལྟེ་བར་ཡི་གེ་བཞི་སྒོམ་པ་ཡིན་ཏེ། བཤད་རྒྱུད་ལས་གསལ་ཞིང་གྲུབ་ཆེན་དུ་མའི་གཞུང་ལས་ཀྱང་འབྱུང་ངོ༌། །དེའི་ཕྱིར་ལྟེ་བའི་ཨ་ཐུང་གཅིག་པུ་སྒོམ་པ་དང༌། སྤྱི་བོའི་ཧཾ་ཡིག་དང་གཉིས་ཙམ་ལས་མི་སྒོམ་པ་ནི་མི་ལེགས་པས། སྙིང་ཁ་དང་མགྲིན་པ་གཉིས་ཀྱི་ཡི་གེ་ཡང་སྒོམ་དགོས་ཏེ། གནད་ཤིན་ཏུ་ཆེ་བའི་ཕྱིར་རོ། །དེ་སྒོམ་པའི་ཚུལ་ནི། ལུས་གནད་སོགས་སྔར་དང་འདྲ་བར་བྱས་ཏེ། ཨ་ཐུང་སྒོམ་པའི་གནས་ནི། ལྟེ་བའི་འཁོར་ལོའི་དབུས་ཀྱི་རྩ་དབུ་མ་སྒལ་བའི་ནང་ངོས་ལ་ཉེ་བ། དེའི་ནང་ཁོ་ནར་སྒོམ་དགོས་སོ། །དེར་སྒོམ་པའི་ཚུལ་ནི་ཟླ་གདན་ཆུང་ངུ་ཞིག་གི་སྟེང་དུ་རྒྱ་ཡིག་གི་ཨ་ཐུང་བོད་ཡིག་གི་དབུ་ཅན་གྱི་ཤད་འདྲ་བ་ཅིག་ཡོད་པས། ཡི་གེ་ཨ་ཐུང་ཤད་ཀྱི་རྣམ་པ་འདྲ་བ་གྱེན་དུ་འགྲེང་བ་མདོག་དམར་པོ་ཞིག་བསྒོམ། སྙིང་ཁར་ཡི་གེ་སྒོམ་པ་ལ་སྒོམ་པའི་གནས་ནི། ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པའི་དབུས་ཀྱི་རྩ་དབུ་མ་ནུ་མ་གཉིས་ཀྱི་དབུས་ཐད་དྲང་ནས། སྒལ་པ་ལ་ཉེ་བར་ཡོད་པའི་དྷཱུ་ཏཱིའི་ནང་ཁོ་ནར་སྒོམ་དགོས་སོ། །སྒོམ་པའི་ཚུལ་ནི། དེར་ཟླ་གདན་ལ་ཧཱུཾ་ཡིག་སྔོན་པོ་མགོ་ཐུར་དུ་ལྟ་བ། བྱང་ཆུབ་ཀྱི་སེམས་ཁ་བ་ལྟ་བུ་འཛག་པ་ཅིག་བསྒོམ་མོ། །མགྲིན་པར་ཡི་གེ་སྒོམ་པ་ལ་སྒོམ་པའི་གནས་ནི། ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པའི་དབུས་ཀྱི་རྩ་དབུ་མ། མགྲིན་པའི་དབུས་ནས་ནང་གི་སྒལ་པ་ངོས་ལ་ཉེ་བའི་
དྷཱུ་ཏཱིའི་ནང་ཁོ་ནར་སྒོམ་དགོས་སོ། །སྒོམ་པའི་ཚུལ་ནི་ཟླ་གདན་ལ་ༀ་ཡིག་དམར་པོ་མགོ་གྱེན་དུ་ལྟ་བ་ཅིག་བསྒོམ་མོ། །སྤྱི་བོར་ཡི་གེ་སྒོམ་པ་ལ་སྒོམ་པའི་གནས་ནི། སྤྱི་གཙུག་ཏུ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་པའི་དབུས་ཀྱི་རྩ་དབུ་མའི་ནང་ཉིད་དུ་སྒོམ་དགོས་སོ། །སྒོམ་པའི་ཚུལ་ནི། དེར་ཟླ་གདན་ལ་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་ལྟ་བ་ཅིག་བསྒོམ་སྟེ། དེ་བཞི་ཀ་ཡང་འཁོར་ལོ་སོ་སོའི་དབུས་ཀྱི་དྷཱུ་ཏཱི་ལ་རོ་རྐྱང་གི་མདུད་པས་དཀྲིས་པའི་ཐད་ཀའི་རྩ་དབུ་མའི་ནང་དུ་སྒོམ་པ་གནད་ཆེ་བ་ཡིན་ནོ། །བཤད་རྒྱུད་སམ་བྷུ་ཊ་ལས། སྙིང་གི་ནང་སོན་པད་མ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེའི་ནང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མ་ཏོག་ལྟར། །བརྐྱང་ཞིང་ཁ་ནི་འོག་ཏུའོ། །དེ་ཡི་ནང་གནས་དབའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །མི་ཤིགས་ཧཱུཾ་གི་ས་བོན་ནི། །ཁ་བ་ལྟ་བུ་འཛག་པ་ཉིད། ཅེས་གསུངས་ཏེ། དེའི་ནང་དུ་སོན་པའི་རྩ་ནི་སྙིང་པོ་ཞེས་པ་རྩ་དབུ་མའོ། །དེའི་ནང་དུ་གནས་པ་ཞེས་ཧཱུཾ་ཡིག་རྩ་དབུ་མའི་ནང་དུ་སྒོམ་པར་གསུངས་པ་ནི། ཡི་གེ་གཞན་གསུམ་ལའང་འདྲའོ། །འཁོར་ལོ་བཞིའི་དབུས་སུ་ཡི་གེ་བཞི་སྒོམ་པ་མན་ངག་མང་པོ་ལས་འབྱུང་ཡང༌། སྒོམ་སའི་གནད་དྷཱུ་ཏཱིའི་ནང་ཁོ་ནར་སྒོམ་པ་གསལ་བར་མ་ཐོན་སྣང་སྟེ། འདི་མ་ཤེས་ན་དམིགས་པ་འདི་དག་བསྒོམས་པ་ལ་བརྟེན་ནས། སྲོག་དྷཱུ་ཏཱིར་སྡུད་པ་མི་ཤེས་པས། གདམས་ངག་གི་སྐབས་དོན་སྟོར་བར་འགྲོའོ། །ཡི་གེ་ཆེ་ཆུང་གི་ཚད་ཧཱུཾ་ཡིག་གི་སྐབས་སུ།
ཡུངས་ཀར་སྦོམ་པོའི་ཚད་ཙམ་དུ་གསུངས་པ་ཡང༌། ཡི་གེ་བཞི་ཀ་ལ་འདྲ་བས། ཡི་གེ་ཇི་ལྟར་ཆུང་ཞིང་རྣམ་པ་གསལ་བ་ལ་སེམས་འཛིན་ཐུབ་ན། རླུང་ཤིན་ཏུ་འདུ་སླ་བའི་གནད་ཆེའོ། །ཨ་ཐུང་ཀླད་ཀོར་ཅན་དུ་སམ་བྷུ་ཊ་ལས་མ་གསུངས་ཀྱང༌། མན་ངག་གིས་ཀླད་ཀོར་ཅན་དུ་བྱེད་པར་མན་ངག་སྙེ་མ་ལས་བཤད་པ་བཞིན་དུ། བདེ་མཆོག་སྡོམ་འབྱུང་ལས་གསུངས་པས། ཡི་གེ་བཞི་ཀའི་མགོར་ཟླ་ཕྱེད་དང༌། ཐིག་ལེ་ནཱ་ད་དང་བཅས་པ་དང༌། བྱང་ཆུབ་ཀྱི་སེམས་པ་མོ་ལྟ་བུ་འཛག་པའི་རྣམ་པ་ཅན་དུ་བསམས་ཏེ། འདི་ལ་བདེ་བ་ཆེ་བའི་གནད་ཡོད་དོ། །ཤིན་ཏུ་འཚེར་བའི་འོད་ཅན་བསྒོམས་ན། བྱིང་བ་གཅོད་སླ་ཞིང་ཏིང་ངེ་འཛིན་གསལ་ཉམས་ཆེའོ། །དམིགས་པ་དེ་རྣམས་ལ་སེམས་འཛིན་ཚུལ་ནི། དམིགས་རྟེན་ཕྲ་མོའི་ནང་དུ་སེམས་ཞུགས་པའི་ཚུལ་གྱིས་འཛིན་པར་གསུངས་པས། ཚུར་ངོས་ནས་ཕར་ལ་ལྟ་བའི་རྣམ་པར་མི་བྱ་ཡི། ཡུལ་ཅན་གྱི་སེམས་ཡུལ་དེའི་ནང་དུ་འདྲེས་པ་བཞིན་དུ་བྱ་སྟེ། སྐྱོང་ཚུལ་འདི་ལྟར་བྱས་ན་ད་གཟོད་སེམས་ཐིག་ལེ་དང་འདྲེས་པར་འགྱུར་བའི་ཉམས་སྐྱེས་ནས་རླུང་འདུ་བར་ཤིན་ཏུ་སླའོ། །དེ་ལྟར་སེམས་འཛིན་པ་ཧ་ཅང་གྲིམས་དྲགས་པ་དང༌། ཧ་ཅང་ལྷོད་དྲགས་པས་བྱིང་རྒོད་སྐྱེད་པས་དེ་གཉིས་སྤངས་ནས་སེམས་གཟུང་བར་བྱའོ། །དེ་ཡང་སྙིང་ཁ་ཡན་ཆད་ཀྱི་ཡི་གེ་གསུམ་ལ་དང་པོ་ཡུམ་ཐུང་བ་རེ་བཟུང་ལ། ཤས་ཆེར་ཨ་ཐུང་ལ་སེམས་བཟུང༌། དམིགས་པ་ཕྲ་མོ་ལ་གང་བྱས་ཀྱང་སེམས་འཛིན་པ་དཀའ་བར་སྣང་ན། ཅུང་ཆེ་རུ་བཏང་ལ་
དེ་ལ་བརྟན་པ་ན། དམིགས་པ་ཕྲ་མོར་བྱས་ལ་སེམས་བཟུང་ངོ༌། །འདི་འདྲ་བའི་གཏུམ་མོ་བསྒོམ་པ་ནི་དགའ་བ་བཞི་སྐྱེད་བའི་ཆེད་ཡིན་ལ། དེ་སྐྱེད་པ་ལ་ཐོག་མར་རྩ་རྣམས་ནས་ཞུ་བའི་བྱང་སེམས་དང༌། རླུང་གཉིས་སྤྱི་བོའི་རྩ་འཁོར་དུ་འདུས་པ་ན་དགའ་བ་སྐྱེ། དེ་ནས་ཡང་རྩ་གནས་སོ་སོར་གྱེས་ནས། མགྲིན་པའི་རྩ་འཁོར་དུ་འདུས་ནས་མཆོག་དགའ་སྐྱེ། དེ་ནས་ཡང་སོ་སོར་གྱེས་ནས་སྙིང་ཁའི་རྩ་འཁོར་དུ་འདུས་ནས་ཁྱད་པར་གྱི་དགའ་བ་སྐྱེ། དེ་ནས་ཡང་སོ་སོར་གྱེས་ནས་ལྟེ་བའི་རྩ་འཁོར་དུ་འདུས་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེད་དགོས་སོ། དེའི་ཕྱིར་འཁོར་ལོ་བཞི་པོ་སོ་སོའི་ལྟེ་བའི་དྷཱུ་ཏཱིའི་ནང་དུ་ཡི་གེ་ལ་སེམས་བཟུང་བས། གནས་དེ་བཞིར་རླུང་སེམས་ཤིན་ཏུ་འདུ་སླ་བ་དང༌། གནས་དེ་བཞིར་དགའ་བ་རེ་སྐྱེས་ནས། དེ་ཉམས་མྱོང་གིས་ལེགས་པར་མཚོན་ཐུབ་པ་དགོས་པ་ལ། གནས་གོང་མ་ནས་བྱང་སེམས་ཞུ་ནས་བབ་པ་གནས་དེ་དག་ཏུ་གནས་ཡུན་མི་རིང་ན། དགའ་བ་རྣམས་ཀྱི་ཁྱད་པར་ལེགས་པར་ངོས་མི་ཟིན་ཞིང༌། ཁྱད་པར་དུ་ལྷན་སྐྱེས་ཀྱི་དགའ་བ་ལེགས་པར་ངོས་མི་ཟིན་ནོ། །གནས་བཞི་པོ་དེར་སེམས་འཛིན་ཡུན་རིང་པའི་གནས་ཆ་བརྟན་པོ་རྙེད་ན། དེ་དག་ཏུ་བྱང་སེམས་བབས་པ་རིང་དུ་གནས་པའི་གནད་ཆེའོ། །གཞན་ཡང་སྤྱི་བོའི་ཧཾ་ཡིག་ལ་སེམས་བརྟན་ན། དེ་ཐིག་ལེ་དཀར་པོའི་གནས་ཡིན་པས་དཀར་ཆ་འཕེལ་བ་སྟོབས་ཆེ། མགྲིན་པའི་ཡི་གེ་ལ་སེམས་བརྟན་ན། དེ་རོ་མས་ཁྲག་འཕེན་འཛིན་བྱེད་པའི་གནས་ཡིན་པས། ལྟེ་བ་ནས་འོངས་པའི་གཏུམ་མོའི་རྡུལ་ཐིག་ལེའི་གནས་སུ་འཁྲིད་པ་ལ་སྟོབས་
ཆེ་ཞིང༌། རྨི་ལམ་གྱི་དགེ་སྦྱོར་ལ་བོགས་ཐོན་པ་ཅིག་འོང༌། སྙིང་ཁའི་ཧཱུཾ་ཡིག་ལ་སེམས་བརྟན་ན་དེ་འོད་གསལ་འཆར་བའི་གནས་མཆོག་ཡིན་པས། སད་དུས་དང་གཉིད་དུས་གཉིས་ཀའི་འོད་གསལ་འཆར་བ་ལ་སྟོབས་ཆེའོ། །ལྟེ་བའི་ཨ་ཐུང་ལ་སེམས་བརྟན་ན། དེ་རྐྱང་མས་ཁུ་བ་འཕེན་འཛིན་བྱེད་པའི་གནས་ཡིན་པས་ལྟེ་བ་ནས་བྱང་སེམས་དཀར་པོས། ལུས་ཀུན་རྒྱས་པར་བྱེད་པའི་གནད་ཆེ་ལ། ཡང་གནས་དེ་གཏུམ་མོའི་མེ་གནས་པའི་གནས་ཁྱད་པར་ཅན་ཡིན་པས། བྱང་སེམས་ཞུ་བྱེད་ཀྱི་མེ་ འབར་བ ་ལ་མཆོག་ཏུ་བསྔགས་པས། རྩ་འཁོར་དང་དེ་ལ་བཀོད་པའི་ཡི་གེ་སྒོམ་པའི་གནད་རྣམས་ལེགས་པར་ཤེས་པ་གལ་ཆེའོ། །རྩ་ལ་བཀོད་པའི་ཡི་གེ་ཡང་གསལ་སྣང་བྱུང་གི་བར་དུ་སྒོམ་པར་ལྭ་བ་པས་གསུངས་སོ། །གསུམ་པ་རླུང་བུམ་པ་ཅན་བསྒོམ་པའི་ཚུལ་ནི། སྔར་བཤད་པ་ལྟར་དང་པོར་རྩའི་གསལ་སྣང་ལ་སེམས་འཛིན་པ་སྤྱི་དང༌། གཙོ་བོར་རྩ་གསུམ་འདོམས་སའི་དྷཱུ་ཏཱིར་སེམས་འཛིན་པ་བརྟན་པ་དང༌། དེའི་རྗེས་སུ་སྤྱིར་རྩ་ལ་བཀོད་པའི་ཡི་གེ་བཞི་དང༌། ཁྱད་པར་དུ་ལྟེ་འོག་གི་དྷཱུ་ཏཱིའི་ནང་གི་ཨ་ཐུང་ལ་སེམས་གཏོད་པ་ལ་གོམས་པས། དེར་སེམས་ཟིན་པའི་གནས་ཆ་བརྟན་ན། རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་སེམས་བཟུང་ས་དེར་རླུང་སེམས་ངེས་པར་འདུ་བ་ལ་དགོངས་ནས། བདེ་མཆོག་སྡོམ་འབྱུང་དང་བདེ་དགྱེས་ཀྱི་བཤད་རྒྱུད་སམ་བྷུ་ཊ་ལ་སོགས་པར། གཏུམ་མོ་འཁོར་ལོ་བཞི་མ་ལ་ཡི་གེ་
བཀོད་ནས་སྒོམ་པའི་སྐབས་སུ་བུམ་པ་ཅན་གྱི་རླུང་སྦྱོར་མ་བཤད་པ་བཞིན་དུ། གྲུབ་ཆེན་ནག་པོ་སྤྱོད་པ་དང་། ལྭ་བ་པ་དང༌། མཚོ་སྐྱེས་སོགས་ཀྱི་གཞུང་མང་པོར་ཡང་དེ་བཞིན་དུ་བཤད་ལ། ཁྱད་པར་དུ་རྒྱུད་ཀྱི་རྫོགས་རིམ་གྱི་གདམས་ངག་གལ་ཆེ་བ་རྣམས་ཚང་བར་བཀོད་པའི་མན་ངག་སྙེ་མར་ཡང༌། སྐབས་དེར་རླུང་བུམ་པ་ཅན་སྒོམ་པ་མ་བཤད་དོ། །དེས་ན་སྔར་བཤད་པའི་སེམས་འཛིན་ལུགས་ལེགས་པར་ཤེས་ནས་བསྒོམ་ན། དེ་ཙམ་གྱིས་སྲོག་དྷཱུ་ཏཱིར་ཚུད་ནས་གཏུམ་མོ་ འབར་སྟོབས་ཀྱིས། བྱང་སེམས་བཞུས་པ་ལ་བརྟེན་ནས་དགའ་བཞི་སྐྱེ་བ ་ནི་ངེས་པར་འོང་ངོ༌། །འོན་ཀྱང་བོད་ཀྱི་བླ་མ་རྣམས་ཀྱིས་གཏུམ་མོའི་མན་ངག་ལ་རྩ་དང་ཡི་གེ་སྒོམ་པ་རླུང་བུམ་པ་ཅན་དང་སྦྲགས་ནས་བྱེད་པ་མང་བོར་བྱུང་བ་ནི། གཏུམ་མོའི་ཉམས་མྱོང་སྐྱེ་བ་མྱུར་བའི་ཆེད་དུ་མཛད་སྣང་བ་བཞིན་འདིར་ཡང་བཤད་ན། རྔུབ་དང་དགང་དང་གཞིལ་བ་དང༌། །མདའ་ལྟར་འཕང་དང་རྣམ་བཞིའོ། ཞེས་བུམ་པ་ཅན་གྱི་རླུང་སྦྱོར་ཁྱད་པར་བཞི་ལྡན་ཅིག་དགོས་པར་འདི་བའི་བླ་མ་གོང་མ་རྣམས་བཞེད་དོ། །འདི་ཡང་བླ་མ་རྣམས་ཀྱི་མན་ངག་ལས་འབྱུང་བ་ཡིན་གྱི། ཁྲིད་ཡིག་ཁ་ཅིག་ལས་གདན་བཞི་ནས་བཤད་ཟེར་བ་ནི། རྒྱུད་ན་ཡོད་མེད་ཞིབ་ཏུ་མ་བརྟགས་པའི་སྐྱོན་ནོ། །རླུང་སྤྱོར་སྒོམ་པའི་ལུས་གནད་སོགས་ནི་སྔར་དང་འདྲ་ལ། སྒོམ་པའི་དུས་ནི་དཔལ་ཕག་མོ་གྲུ་པའི་ཁྲིད་ཡིག་ལས། བླ་མ་རྣམས་ཀྱིས་རླུང་མཉམ་རྒྱུའི་དུས་སུ་སྒོམ་པར་བཤད་ཀྱང༌། ཉམས་ལེན་ལ་ཉིན་མཚན་ཀུན་ཏུ་
སྒོམ་པ་ཡིན་གསུངས་ཏེ། དང་པོ་གསར་དུ་སྒོམ་པའི་མགོ་མཛུགས་ལ། སྤྱི་ཙམ་ནས་རླུང་གསུང་རྡོ་རྗེའི་ངོ་བོ་ཡིན་ལ། དེའི་ནང་ནས་ཀྱང་པད་མ་མགོན་པོའི་རླུང་གྱེན་རྒྱུ་གཙོ་བོར་རྒྱུ་དུས་སུ་སྒོམ་པར། སྡོམ་འབྱུང་གི་འགྲེལ་པ་པད་མ་ཅན་ལས་བཤད་དོ། །དེ་ལ་རྔུབ་པའི་སྤྱོར་བ་ནི། ཁ་ནས་མི་རྔུབ་པར་སྣ་བུག་ནས་བྱེད་པ་དང༌། དེ་ཡང་དྲག་པོ་མིན་པར་འཇམ་པོ་རིང་བར་རྔུབ་གསུངས་པ་ལྟར་རོ། །དགང་བའི་སྦྱོར་བ་ནི། ནང་དུ་རྔུབ་པའི་མཚམས་དེ་ནས་ཕྱིར་མི་གཏོང་བར་ནང་དུ་མནན་པས། རོ་རྐྱང་གི་རྩ་གཉིས་ནས་སི་རི་རི་སོང་བས་རྒྱུ་མ་ཕུས་བཏབ་པ་བཞིན། རྩ་གཉིས་པོ་ཁྲིག་གིས་གང་བར་བསམ་པའོ། གཞིལ་བའི་སྦྱོར་བ་ནི། དེ་ལྟར་རྩ་གཉིས་པོ་ཁེངས་པའི་མཚམས་དེ་ནས། རྩ་གཉིས་ཀྱི་རླུང་ཐམས་ཅད་དབུ་མའི་ནང་དུ་སུར་གྱིས་ཆུད་པར་བསྒོམས་ལ། མཆིལ་མ་གཅིག་སྒྲ་མེད་དུ་མིད་དེ་སྟེང་རླུང་གནས་དེར་མནན། དེ་ནས་འོག་སྒོ་གཉིས་ནས་འོག་རླུང་འཇམ་པོ་ཞིག་ཨ་ཐུང་གི་སར་ཐེན་ལ། དེར་དམིགས་པ་གཏད་ལ་རླུང་ཐུབ་ཚད་དུ་བཟུང་ངོ༌། །འདི་ལ་དཔལ་ཕག་མོ་གྲུ་པའི་ཁྲིད་ཡིད་ཚིགས་བཅད་མར། རོ་རྐྱང་གི་རྩ་གཉིས་ནས་དབུ་མར་ཆུད་པར་སྒོམ་པ་དགང་བའི་སྦྱོར་བ་དང༌། ཐུབ་ཚད་དུ་བཟུང་ནས་མི་ཐུབ་པ་ན་སེ་གོལ་གཅིག་གི་ཡུན་ཙམ་ཞིག་ཕྱིར་བཏང་ནས་ལྷག་མ་སྡོམ་པ་གཞིལ་བའི་རླུང་སྦྱོར་དུ་བྱས་ལ། ཁྲིད་ཡིད་ལྷུག་པ་མར་སྔར་བཞིན་བཤད་པའི་མི་མཐུན་པ་གཉིས་བྱུང་ཡང༌། བཞི་པ་མ་གཏོགས་པ་གསུམ་རླུང་ནང་དུ་འདྲེན་ཚུལ་
དང༌། འཛིན་ལུགས་སུ་འདུག་ཅིང༌། ཕྱིར་གཏོང་བ་ཐ་མས་སྟོན་པར་སྣང་བས་དགང་བ་ནི་ནང་དུ་དྲངས་པའི་རླུང་གིས་རོ་རྐྱང་འགེངས་པ་ཡིན་ལ། གཞིལ་བ་ནི་དེ་གཉིས་ཀྱི་རླུང་རྣམས་དབུ་མར་བཙུད་པས། དབུ་མ་དགང་བ་ཡིན་ཀྱང་རྩ་གཞན་གཉིས་ཀྱི་རླུང་གཞིལ་བ་ཡིན་ནོ། །ལྟེ་བའི་བུམ་པ་ཅན་སྒོམ་པ་འདི་ལ། ཁ་ཅིག་འོག་རླུང་ཡར་ལ་མི་འཐེན་པར་སྟེང་རླུང་གནོན་པ་གཅིག་པུ་བྱེད་པ་དང༌། གཞན་དག་དང་པོའི་རིང་ལ་སྟེང་རླུང་གནོན་པ་གཅིག་པུ་བྱེད། མཚམས་ཤིག་ནས་འོག་རླུང་འཐེན་ལ། དེ་ཡང་ལན་གསུམ་འཐེན་པ་ཡིན་ཟེར་བ་ནི། ལྟེ་བའི་བུམ་པ་ཅན་སྒོམ་པའི་གནད་མ་རྟོགས་པ་ཡིན་ཏེ། དེ་སྒོམ་པ་ནི་ལྟེ་བ་ཡན་ཆད་ཀྱི་སྲོག་རླུང་དང༌། ལྟེ་བ་ཕྱིན་ཆད་ཀྱི་ཐུར་སེལ་གྱི་རླུང་གཉིས་ལྟེ་བར་བསྲེ་བར་བཤད་པ་བཞིན་ཡིན་ལ། དེ་བཞིན་དུ་སྡོམ་འབྱུང་ལས་ཀྱང༌། སྟེང་དང་འོག་ཏུ་འགྲོ་བའི་རླུང༌། །ཡིད་ཀྱིས་ཁ་སྦྱོར་དུ་བྱ་སྟེ། ཞེས་བུམ་པ་ཅན་ལ་སྟེང་འོག་གི་རླུང་ཁ་སྦྱོར་བྱེད་པར་གསུངས་པའི་ཕྱིར་རོ། །དེས་ན་སྟེང་འོག་གི་རླུང་གཉིས་ཀ་ཁ་སྦྱོར་དགོས་ལ། དེ་གཉིས་དུས་གཅིག་ཏུ་མི་འཐེན་པར་རིམ་གྱིས་ཐེན་ནས་བྱེད་དགོས་པ་ལ། དམིགས་བསལ་ཅན་གྱི་དགོས་པ་གཞན་མ་བྱུང་ན་སྟེང་རླུང་སྔོན་ལ་ཐིན་ནས། ལྟེ་བར་མནན་པའི་རྗེས་སུ་འོག་རླུང་ཡར་ལ་ཐེན་ལ་སྔ་མའི་སར་གནོན་པ་ཡིན་ལ། དེ་ལ་འཐེན་ཐེབས་རེ་རེས་ཆོག་གི །གསུམ་གསུམ་མི་དགོས་སོ། །མདའ་ལྟར་འཕང་བའི་སྦྱོར་བ་ནི། རླུང་ཕྱིར་གཏོང་བ་ན་རྩ་དབུ་མའི་ནང་ན་ཡར་བདེ་ཕྲི་ལི་ལི་འགྲོ་
བར་བསམས་ཀྱི། སྦྱི་གཙུག་ནས་འཐེན་པར་བསམ་པར་མི་བྱའོ། །དེ་ལྟར་སྟེང་འོག་ནས་ལྟེ་བར་དྲངས་ཏེ་འཛིན་པ་ན། ལུས་བྱིན་པོ་རླུང་གིས་ཁེངས་པ་དང༌། མགྲིན་པ་དང་སྙིང་ཁ་ཡན་ཆད་ཁེངས་པ་ལ་དམིགས་པ་གཏོད་པ་སོགས་བྱར་མི་རུང་གི ། ཨ་ཐུང་གང་དུ་བསྒོམས་དེར་རླུང་གཉིས་ཁ་སྦྱོར་བ་ལ་དམིགས་པ་གཏོད་པ་ནི་གནད་དམ་པ་ཡིན་ཏེ། སྲོག་དབུ་མར་འཛུད་པ་ལ་སྲོག་ཐུར་གཉིས་རྩ་དེའི་ནང་དུ་ཁ་སྦྱོར་བ་གཅིག་དང༌། དེར་ཡི་གེ་སྔར་བཞིན་བསྒོམ་པ་ལ་དམིགས་པ་གཏོད་པའི་སེམས་ཀྱི་གནད་གཉིས་དང་ལྡན་དགོས་པའི་ཕྱིར་རོ། །དེ་ཡང་རོ་རྐྱང་ཁ་ཕྱེ་བའི་ཚེ་དབུ་མ་ཁ་ཟུམ་ལ། དབུ་མ་ཁ་ཕྱེ་བའི་ཚེ་རོ་རྐྱང་ཁ་ཟུམ་པར་ངེས་པ་ཡིན་པས། བུམ་པ་ཅན་གྱིས་རོ་རྐྱང་ནས་རླུང་ཕྱི་རོལ་ཏུ་རྒྱུ་བ་འགོག་པ་དང༌། དབུ་མར་འཛུད་པའི་དམིགས་པ་གཉིས་གོམས་པར་བྱས་པས། གོམས་པའི་མཐར་དབུ་མར་འཛུད་ནུས་པ་འབྱུང་ངོ༌། །རླུང་འགོག་ལུགས་དང་ཡུན་ཅི་ཙམ་ཞིག་ནས་ཕྱིར་གཏོང་བ་ནི། དཔལ་ཕག་མོ་གྲུ་པའི་གདམས་ངག་ལས། དང་པོ་རྩ་སྦྱོང་བ་ཡིན་པས་རླུང་མི་ཐུབ་བཞིན་དུ་མི་གནོན་པར། དབུགས་ཀྱིས་ཐུབ་ཚད་མི་དྲག་ཙམ་དུ་མནན་ལ། ཕྱི་ནས་ཇེ་དྲག་ཇེ་དྲག་ཏུ་གནོན་པ་ཡིན་ནོ། ཞེས་གསུངས་པ་ལྟར་རླུང་འཇམ་པོར་རེ་དགའ་ཅིག་ཏུ་མ་སོང་བར་དུ། རོ་སྟོད་བསིགས་ཀྱིན་གནོན་པ་དང༌། དྲག་རླུང་ཐེན་ནས་གནོན་པ་སོགས་ཀྱི་དྲག་པོ་མི་བྱ་བ་དང༌། ཡུན་ཀྱང་མི་བདེ་བར་མངོན་པ་མ་བྱུང་བར་དུ་བྱ་ཡི། མི་བདེ་བ་བྱུང་ཡང་འཛིན་
ཡུན་བསྲིང་བ་མི་བྱ་སྟེ། དེ་ལྟར་བྱས་ཀྱང་རླུང་དབུ་མར་འདུ་བ་ལ་དེ་ཙམ་མི་ཕན་པའི་ཕྱིར་ཏེ། ཡུད་གཅིག་གི་རིང་ལ། སྤྲུལ་པའི་འཁོར་ལོའི་དབུས་སུ་བཟུང་བ་དེ་ཡུན་ཅུང་ཟད་རེ་ལས་དེར་མི་གནས་པར་ཕྱིར་ལ་འཕྱུགས་འགྲོ་བའི་ཕྱིར་དང༌། འཁོར་ལོའི་དབུས་ལས་ཕྱིར་རིང་བར་རླུང་ཟིན་པ་ལ། དྲོད་དང་བདེ་བ་ཐན་ཐུན་སྐྱེ་ཡང་སྲོག་དྷཱུ་ཏཱིར་ཚུད་པ་ལ་ཕན་ཆུང་བའི་ཕྱིར་རོ། །དཔེར་ན་སེམས་འཛིན་གསར་དུ་སྒྲུབ་པ་ལ། ཡུད་གཅིག་གི་རིང་ལ་སེམས་རྩོལ་བས་ཕར་ལ་བཞག་པ་ཙམ་མིན་པར། རང་ཤུགས་ཀྱིས་གནས་པ་མི་འོང་ཡང༌། མཚམས་ཤིག་ནས་རང་ཤུགས་ཀྱིས་གནས་པ་འོང་བ་བཞིན་དུ་རླུང་འཁོར་ལོའི་ལྟེ་བར་འཛིན་པ་ལ་ཡང༌། རེ་ཞིག་གི་རིང་ལ་རང་གི་རྩོལ་བས་དེར་འཛིན་པ་ཙམ་མིན་པར། གནས་དེར་རང་ཤུགས་ཀྱིས་གནས་པ་མི་འོང་ངོ༌། །དེས་ན་རང་ཤུགས་ཀྱིས་གནས་པ་མ་བྱུང་བར་དུ་འཛིན་ཡུན་བསྲིངས་པས། ཡུན་རིང་དུ་ཟིན་པ་བྱུང་ཡང༌། འདོད་པའི་གནས་སུ་ཟིན་པ་མི་འོང་བས། གེགས་ཆེ་ལ་དགོས་པ་ཆུང་བ་མི་བྱ་ལ། རླུང་འཁོར་ལོའི་ལྟེ་བར་རང་ཤུགས་ཀྱིས་གནས་པ་བྱུང་བའི་མཚམས་ནས། ཡུན་བསྲིང་བ་ཤེས་དགོས་སོ། །དེ་དག་ལ་རྟོག་པ་ཞིབ་མོས་སྐྱོང་ཤེས་ན། རང་ཤུགས་ཀྱིས་རླུང་གནས་པ་བྱུང་མ་བྱུང་དང༌། འདོད་པའི་གནས་སུ་ཟིན་མ་ཟིན་ལེགས་པོར་ཤེས་པ་འབྱུང་ངོ༌། །བུམ་པ་ཅན་སྒོམ་པ་ནི་ལྟོ་སྟོང་དང༌། ཟས་ཟོས་པའི་རྗེས་ཡིན་ན། ལྟོ་བདེ་མོར་སོང་བའི་མཚམས་རྣམས་སུ་བྱ་ལ། བར་མ་ཆད་དུ་ཧ་ཅང་རྒྱུན་རིང་མི་བྱ་བར་བར་སྐབས་སུ་ངལ་བསོ་ཞིང་བསྒོམ་མོ། །དེ་ལྟར་བུམ་པ་ཅན་སྒོམ་
པ་བྱང་བའི་མཚམས་སུ། བུམ་པ་ཅན་གྱི་རླུང་སྦྱོར་སྒོམ་བཞིན་པའི་སྟེང་ནས། ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་སྤྱི་བོའི་རྩ་འཁོར་བཞིའི་ལྟེ་བར་རྩ་མདུད་ཀྱིས་དཀྲིས་པའི་བུ་གར་སྔར་བཤད་པ་བཞིན་དུ། ཨཾ་ཧཱུཾ་ༀ་ཧཾ་བཞི་གསལ་གདབ་བོ། །དེ་ནས་གསང་གནས་ཀྱི་འཁོར་ལོར་གནས་པའི་རླུང་གིས། མེ་བསྐུལ་བའི་གཏུམ་མོའི་རང་བཞིན་གྱི་ཨཾ་ཡིག་འབར་བའི་མེའི་འོད་ཟེར། དྷཱུ་ཏཱའི་ནང་ནས་གྱེན་དུ་སོང་ནས། ཧཾ་ༀ་ཧཱུཾ་གསུམ་བཞུས་པ་ལྟེ་བར་ཨཾ་ཡིག་ལ་བབས་ཏེ། དེ་དང་དབྱེར་མེད་དུ་གྱུར་ཏེ་ལྷན་ཅིག་སྐྱེས་དགའི་རང་བཞིན་གྱི་ཐིག་ལེར་བལྟས་ལ་སེམས་གཟུང་ངོ༌། །དེ་ལ་སེམས་ཟིན་པ་ན་ཐིག་ལེ་དེ་ལས་གཏུམ་མོའི་མེ་ཕྲ་མོ་མེ་ལྕེ་གཅིག་ཏུ་ འབར་བ ་ལྟར་གནས་པར་བསྒོམ་མོ། །དེའི་འོད་ཀྱིས་འཁོར་ལོ་གོང་མའི་གནས་ནས་བྱང་ཆུབ་ཀྱི་སེམས་ཞུ་བའི་བདུད་རྩི་འཛག་པས་ལྟེ་བའི་ཨཾ་ཡིག་གང་ཞིང༌། ཨཾ་ཡིག་དེ་ལ་སེམས་རྩེ་གཅིག་པས་བརྟན་པ་ཐོབ་པའི་མཚན་མ་མཐོང་བ་དེ་སྲིད་དུ་བསྒོམ་མོ། །སེམས་བརྟན་པ་ན་གཏུམ་མོའི་འོད་ཟེར་གྱི་སྣང་བས། ལུས་ཀྱི་ཕྱི་ནང་དང་གནས་ཁང་སོགས་ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་གསལ་བར་བསྒོམ་ཞིང་མེ་ཕྲ་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་ལ་སེམས་འཛིན་པ་གལ་ཆེའོ། །དེས་ནི་ཏིང་ངེ་འཛིན་གསལ་ཉམས་ཆེ་ཞིང༌། ཏིང་ངེ་འཛིན་མྱུར་དུ་རྫོགས་པར་འགྱུར་རོ། །གཉིས་པ་དེ་ལྟར་བསྒོམས་པས་སྲོག་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་ཚུལ་ནི། སྔར་བཤད་པའི་སྒོམ་ཚུལ་གསུམ་པོ་དེ་དག་གིས་སྲོག་དྷཱུ་ཏཱིར་
ཞུགས་པའི་རྟགས་མི་འཁྲུལ་བ་ཇི་ལྟ་བུ་འབྱུང་སྙམ་ན། འདི་ནི་ཤིན་ཏུ་གལ་ཆེ་ཞིང་རྟགས་བཤད་པ་གཞན་མང་དུ་སྣང་བ་རྣམས་ནི། ལྟར་སྣང་འབའ་ཞིག་ཏུ་སྣང་བས་ཡིད་ཆེས་པའི་རྟགས་མྱོང་བས་ངེས་ཐུབ་པ་ནི་འདི་ཡིན་ནོ། །ཐུན་འཁྱོངས་པའི་འོག་ཏུ་རང་གི་སྣ་བུག་གང་རུང་རེ་རེ་བར་རྒྱུ་བའི་འཕོས་མ་ཐག་པའི་སྐབས་ངོས་གཟུང་ལ། དེ་ནས་ལུས་གནད་དང་སེམས་ཀྱི་འཛིན་ལུགས་སྔར་བཞིན་བྱས་པའི་མཐུས། རིང་པོ་མི་ཐོགས་པར་སྣ་སྒོར་བརྟགས་པ་ན། རླུང་མཉམ་རྒྱུར་ཐེངས་པ་དང༌། དེ་ཡང་ལན་རེ་རེ་གཉིས་གཉིས་ཙམ་ལ་ངེས་པ་མེད་ཀྱི། འགལ་རྐྱེན་གཞན་མེད་ན་ངེས་ཅན་དུ་ཐེངས་ཀྱིན་འདུག་པ་དང༌། མཉམ་རྒྱུ་ཡང་གང་རུང་ཅིག་དྲག་ལ། ཅིག་ཤོས་ཞན་པ་མེད་པར་དྲག་ཞན་ཤེད་མཚུངས་སུ་རྒྱུ་བ་འོང་བར་སྣང་ན། རྣལ་འབྱོལ་དེའི་སྟོབས་ཀྱིས་སྲོག་དབུ་མར་འཛུད་ནུས་པ་ཙམ་དུ་འཇོག་ནུས་མོད་ཀྱང༌། ལན་ཅིག་ཚུད་ནས་གཡས་གཡོན་རེ་རེ་བར་མི་འཕོ་བ་མིན་ནོ། །དེ་ནི་སྲོག་དྷཱུ་ཏཱིར་ཞུགས་པ་ཡིན་ལ། སྲོག་དྷཱུ་ཏཱིར་གནས་པ་ནི་མཚམས་འདི་ནས་དྲིལ་ཏེ་བསྒོམས་པས། སྣ་བུག་གི་རྒྱུ་བ་ཞན་དུ་སོང་བའི་མཐར་ཞིབ་ཏུ་བརྟགས་པ་ན། རྒྱུ་བ་ཕྲ་མོ་ཡང་ལྡོག་པ་ཞིག་འོང་ངོ༌། །རྗེ་བཙུན་མིད་ལའི་ཞལ་ནས་ཀྱང༌། རླུང་རོ་རྐྱང་དྷཱུ་ཏཱིར་ཚུད་དེ་བདེ། ཞེས་དང༌། དབུགས་ལ་འགྲོ་འོང་མེད་ན་བདེ། །རྒྱུ་བ་ཆད་ན་ཡོངས་ཀྱང་བདེ། ཞེས་གསུངས་སོ། །སྣ་བུག་གི་རྒྱུ་བ་ཕྲ་མོ་ཡང་ལོག་པ་ལ་ཐིམ་དཀའ་སླ་གཉིས་ལས། ཐིམ་དཀའ་ན་ཡུད་ཙམ་ལ་ལྟོ་བ་རླུང་གིས་
ཁེངས་པ་འབྱུང་ཞིང༌། དེ་ནས་ཞི་བར་འགྱུར་ལ། ཞི་མ་ཐག་ལྟེ་བ་དང་གསང་གནས་ཀྱི་མེ་གནས་པའི་ཐད་ནས། དྲོད་ཁྱད་པར་ཅན་སྐྱེ་དེ་ནས་རིམ་གྱིས་ཞུ་བདེ་འདྲེན་ནོ། །སྣ་བུག་གི་རྒྱུ་བ་ཕྲ་མོ་ཡང་ལོག་པ་འདི་བྱིང་བ་ཕྲ་མོ་མ་ཆོད་པར་བསགས་པས། བྱིང་བ་ཤས་ཆེ་བ་ཞིག་ལ་ཡང་འོང་ལ། རྩ་འཁོར་གྱི་ལྟེ་བར་གནད་དུ་བསྣུན་པ་ལ་མི་མཁས་པར་བུམ་པ་ཅན་མང་དུ་བསྒོམ་པ་བྱས་ཤིང༌། སྲོག་དྷཱུ་ཏཱིར་འཆིང་བར་ནི་མི་ནུས་པའི་རླུང་གནས་གཞན་དུ་བྱེར་བ་ལ་ཡང༌། རླུང་འབྱུང་འཇུག་ཀྱང་མི་བྱེད་ཅིང་ནང་དུ་འཛིན་རྒྱུ་ཡང་མེད་པ་ཞིག་འོང་ལ། དེ་ནི་དྷཱུ་ཏཱིར་ཚུད་པ་དང་ཐིམ་པ་གང་ཡང་མིན་པས། ཁྱད་པར་དེ་རྣམས་ལེགས་པར་ཕྱེད་པར་བྱའོ། །བུམ་པ་ཅན་གྱིས་རླུང་ཟིན་པའི་ཡུན་ཚད་ནི། སྡོམ་འབྱུང་ལས། བུམ་པ་ཅན་སྔར་ཤེས་བྱས་ནས། །བདག་ཉིད་སྐྱིལ་མོ་ཀྲུང་བཅས་ཏེ། །ལག་པ་ལན་གསུམ་མཉེས་ནས་ནི། །དེ་ནས་ལན་དྲུག་སེ་གོལ་བརྡབ། །ཇི་སྲིད་སུམ་ཅུ་རྩ་དྲུག་ཙམ། །དེ་སྲིད་བུམ་པ་ཅན་བྱ་སྟེ། །སུམ་འགྱུར་མཆོག་གིས་གཞོམ་པར་ནི། །བརྒྱད་ལྷག་པ་ཡི་བརྒྱ་ཙམ་མོ། ཞེས་གསུངས་པ་ལྟར་ལག་པ་གཡས་པའི་ཐལ་མོས། གཡོན་པ་གན་རྐྱལ་དུ་བཞག་པ་ལ། ལན་གསུམ་མཉེས་ནས་སེ་གོལ་ལན་དྲུག་རེ་བརྡབས་པ་ལ་རེ་རེར་བྱས་པའི་རབ་བརྒྱ་རྩ་བརྒྱད་དང༌། འབྲིང་དོན་གཉིས། ཐ་མ་སོ་དྲུག་གི་བར་དུ་རླུང་འཛིན་པར་ནུས་ན། འཆི་བ་འཇོམས་པར་བཤད་པ་ལྟར་རོ། །གཉིས་པ་བཙུད་པ་ལ་བརྟེན་ནས་དགའ་བཞི་སྐྱེད་ཚུལ་ལ་གསུམ།
རྟགས་འཆར་ བ་དང་གཏུམ་མོ་འབར ་ཚུལ་དང༌། བྱང་སེམས་ཞུ་བ་ལ་བརྟེན་ནས་དགའ་བཞི་སྐྱེད་ཚུལ་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒོམ་པའི་ཚུལ་ལོ། །དང་པོ་ནི། ལྟེ་བའི་རྩ་འཁོར་གྱི་དབུས་སུ་དམིགས་ནས་སྲོག་དབུ་མར་འཇུག་པ་འདི་ལ། རྟགས་འཆར་ཚུལ་ནི། གྲུབ་ཆེན་ལྭ་བ་པས། དང་པོ་རི་དྭགས་སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུད་ཁའི་རྣམ་པ་ཅན། །གསུམ་པ་སྲིན་བུ་མེ་ཁྱེར་དང་འདྲ་བ། །བཞི་པ་སྒྲོན་མེ་ འབར་བ ་ལྟ་བུར་གསལ། །མཚན་མ་ལྔ་པ་རྣམ་པར་མ་བརྟགས་པར། །སྤྲིན་བྲལ་ནམ་མཁའ་ལྟ་བུར་སྣང་བ་ཡིན། ཞེས་གསུངས་སོ། །དེ་ལ་རི་དྭགས་སྲེད་ནི་སྨིག་རྒྱུའོ། །རྟགས་བཞི་པོ་འདི་སྔ་མ་ལས་ཕྱི་མ་གསལ་དུ་སོང་བ་ལ་སྨིག་རྒྱུ་སོགས་དང་འདྲ་བར་གསུངས་ཀྱི། དེ་རྣམས་དང་འདྲ་བའི་སྣང་བ་འཆར་བ་མིན་ཞེས་པ་དང༌། ཁ་ཅིག་རྟགས་ཅན་གྱི་ཤེས་པ་བརྟན་གཡོའི་ཚད་ཡིན་ཞེས་པ་དང༌། ཁ་ཅིག་དུ་བ་སོགས་དང་འདྲ་བའི་སྣང་བ་འཆར་བ་ལ་བཞེད་པ་གསུམ་བྱུང་བ་ནི། ཕྱི་མ་ཉིད་ལེགས་པ་ཡིན་ནོ། །རླུང་འདུ་ཕུལ་ཆེ་ཆུང་སོགས་ཀྱི་གནད་ཀྱིས་རྒྱ་ཆེ་ཆུང་དང༌། བརྟན་མི་བརྟན་སོགས་སྣ་ཚོགས་ཤིག་འོང་བས་མཐའ་གཅིག་ཏུ་མ་ངེས་སོ། །དུ་བ་ལ་སོགས་པ་འདི་རྣམས་ལ་སྲོག་དབུ་མར་སྡུད་པའི་ཐབས་ཁྱད་པར་ཅན་གྱི་སེམས་འཛིན་དང༌། དེ་ལྟ་བུ་མིན་པའི་སེམས་མི་རྟོག་པར་འཇོག་པ་བསྐྱངས་པ་རྣམས་ལའང་འབྱུང་བ་གཉིས་ཡོད་པ་ཁྱད་ལེགས་པར་ཕྱེད་དགོས་སོ། །ཐབས་སྔ་མ་ལ་འབྱུང་བ་ལ་ཡང་ཕྱིན་ཅི་ལོག་གི་སའི་རླུང་ལ་
སོགས་པ་རྣམས་ལྡོག་རུང་དུ་སོང་བ་དང༌། ཅུང་ཟད་ལོག་པ་དང་གཏན་ནས་ལོག་པའི་རྟགས་གསུམ་འོང་བར་བཤད་པ་ལྟར། དབང་པོའི་སྒོ་རྣམས་ནས་ཕྱིར་ཧ་ཅང་གཡོ་བའི་རླུང་ཅུང་ཟད་ནང་དུ་ལྡོག་པར་རྩོམ་པ་དང༌། ཅུང་ཟད་ལོག་པ་དང༌། དབུ་མར་ཅུང་ཟད་ཚུད་པ་སོགས་ཀྱི་རྟགས་ནས་བཟུང་སྟེ། ལམ་མཐོན་པོར་སོང་བའི་སྐབས་ཀྱི་ལྡོག་པ་དང༌། ལོག་རྟགས་ཁྱད་པར་ཅན་དུ་གྱུར་བའི་རིམ་པ་དུ་མ་ཞིག་ཡོད་པ་ལས། འདིར་ནི་སྲོག་དབུ་མར་ཐིམ་པར་རྩོམ་པའི་ཐིམ་རིམ་གྱི་སྐབས་ཡིན་ཏེ། སྨིག་རྒྱུ་ནས་ནམ་མཁའ་སྤྲིན་མེད་ཀྱི་བར་རྣམས་པར་མ་ཆད་དུ་འབྱུང་བའི་སྐབས་སོ། །དེ་ཡང་ས་ཆུ་ལ་ཐིམ་པ་ན་སྨིག་རྒྱུ་དང༌། ཆུ་མེ་ལ་ཐིམ་པ་ན་དུ་བ་དང༌། མེ་རླུང་ལ་ཐིམ་པ་ན་མེ་ཁྱེར་དུ་སྣང་བ་དང༌། ཀུན་རྟོག་གི་བཞོན་པའི་རླུང་སེམས་ལ་ཐིམ་པའི་དུས་སུ་རླུང་མེད་པའི་མར་མེ་ འབར་བ ་ལྟ་བུར་སྣང་བ་འབྱུང་ཞིང༌། མཚན་མ་འདི་དག་རིམ་པ་བཞིན་དུ་བྱུང་བའི་མཐུས། ཕྱག་རྒྱ་ཆེན་པོ་འཐོབ་པར་གསུངས་པའི་བསྔགས་པ་མཛད་དོ། །དྷཱུ་ཏཱིའི་ནང་གི་གཏུམ་མོ་ཐོག་མར་ལྟེ་བ་དང་གསང་གནས་ནས་ འབར་བ ་དང༌། དྷཱུ་ཏཱིའི་ཕྱིའི་གཏུམ་མོ་ཕལ་བ་ འབར་བ ་དང༌། དྲོད་འབར་ཚུལ་ལ་ལུས་ཀྱི་གཏིང་ནས་ འབར་བ ་དང༌། ཤ་ལྤགས་ཀྱི་བར་ལྟ་བུར་ཁ་ནས་ འབར་བ ་དང༌། དང་པོར་ འབར་བའི་དྲོད་ཀྱི་རྒྱ་ཆུང་བ ་དང་ཆེ་བ་དང༌། དྲོད་གྱེན་དུ་འཕྱུག་པ་བུལ་བ་དང་མྱུར་བ་དང༌། དྲོད་འཐུག་པོ་དང་སྲབ་པ་རྣམས་ཀྱི་སྔ་མ་རྣམས་བཟང་ལ། ཕྱི་མ་རྣམས་དེ་ཙམ་དུ་མི་བཟང་བ་སོགས་ཀྱི་
ཁྱད་པར་ལས་བདེ་བ་སྐྱེ་ལུགས་ཀྱང་དེ་དང་འདྲ་བར། རིམ་པ་དུ་མ་ཞིག་འོང་བའི་སྟེང་ནས། གཏུམ་མོ་ཁྱད་པར་ཅན་ འབར་བ ་དང༌། དྲོད་ཕལ་བ་ འབར་བ ་དང༌། རླུང་ཙམ་གྱིས་དྲངས་པའི་བདེ་བ་དང༌། ཁམས་ཞུ་བའི་བདེ་བ་ལ་སོགས་པའི་ཁྱད་པར་ཤེས་དགོས་སོ། །གཏུམ་མོ་ཁྱད་པར་ཅན་ འབར་ན་དེ་དང་མཐུན་པའི་བྱང་སེམས་ཞུ་བ ་རེ་འོང་བས། ཁམས་མི་མཉམ་པར་སོང་བའི་ནད་མི་སྐྱེད་ཀྱང༌། དེ་མིན་པའི་དྲོད་ འབར་བ ་ལ་བྱང་སེམས་འཇུ་བའི་ངེས་པ་མེད་པས། ཤས་ཆེར་མཁྲིས་པ་འཕེལ་བ་དང༌། བདེ་ཉམས་མི་ཆེ་བར་དྲོད་ཀྱིས་གདུང་བ་སོགས་འབྱུང་ལ། གཏུམ་མོ་ འབར་བ ་གནད་དུ་སོང་ན་དེས་བྱང་སེམས་དཀར་པོ་ཞུ་ནས་འཕེལ་བར་མ་ཟད། བྱང་སེམས་ཞུ་བ་བབས་པ་དེས་ཀྱང་བྱང་སེམས་དམར་པོའི་གཏུམ་མོ་རྒྱས་པར་བྱེད་པར་གསུངས་སོ། །གཉིས་པ་བྱང་སེམས་ཞུ་བ་ལ་བརྟེན་ནས་དགའ་བཞི་སྐྱེད་ཚུལ་ནི། བྱང་སེམས་ཞུ་བས་གནས་གང་དུ་སླེབ་པ་ན་ཡས་བབས་ཀྱི་དགའ་བཞི་སྐྱེ་ཚུལ་ནི། རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོར་མཆོག་དགའ་དང༌། །བྲལ་དགའ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། ཅེས་གསུངས་ཏེ། བྱང་སེམས་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ་དང༌། མགྲིན་པ་ནས་སྙིང་གར་སླེབ་པ་ན་མཆོག་དགའ་དང༌། སྙིང་ཁ་ནས་ལྟེ་བར་སླེབ་པ་ན་ཁྱད་དགའ་དང༌། ལྟེ་བ་ནས་གསང་
གནས་ནོར་བུའི་རྩེར་སླེབ་པ་ན་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ་ལ། མས་བརྟན་གྱི་སྐྱེ་ཚུལ་ཡང་དེ་ཉིད་ལས། སྤྲུལ་པའི་འཁོར་ལོར་དགའ་བ་དང༌། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང༌། །ལྷན་ཅིག་སྐྱེས་པ་བདེ་བ་ཆེ། །ལུགས་ལྡོག་རིམ་པ་ཞེས་ནི་གསུངས། ཞེས་ཏེ། འདིའི་གནས་ཀྱང་སྔར་བཤད་པའི་རིགས་པས་ཤེས་སོ། །འདི་ནི་ཕྱག་ཆེན་ཐིག་ལེ་དང་ཡང་མཐུན་ལ། དེར་ཡར་མར་གྱི་བཞི་པོ་རེ་རེ་ལ་བཞི་བཞིར་བྱས་པས་ཟླ་བའི་ཆ་བཅུ་དྲུག་དང༌། ཉི་མའི་སྒོ་ནས་རེ་རེ་ལ་གསུམ་གསུམ་དུ་བྱས་ནས་བཅུ་གཉིས་སུ་ཡང་གསུངས་ཏེ། དེ་ཉིད་ལས། རི་བོང་མཚན་མའི་ཆ་འདི་རྣམས། །དགའ་བའི་ཐིག་ལེ་བཅུ་དྲུག་སྟེ། །ཨཱ་ལིའི་ངོ་བོར་ཤེས་པར་བྱ། །འཁོར་ལོ་བཞི་རུ་རིམ་པ་ལས། །ཇི་སྐད་བཤད་རྣམས་དེ་ལྟ་ནའང༌། །ཉི་མའི་བཅུ་གཉིས་རྣམས་སུ་བཤད། ཅེས་སོ། །འདི་ནི་བྱང་སེམས་ཡར་མར་དུ་འབབ་པ་ན་ཁྲག་དང་བཅས་པར་འབབ་ལ། དེ་ལ་གནས་བཞི་པོ་རེ་རེ་ལ་ཆ་བཞི་བཞིར་བྱས་པའི་མཚམས་རེ་རེར་བདེ་བ་རེ་མྱོང་བ་དང༌། གནས་བཞིའི་རེ་རེ་ལ་ཆ་གསུམ་གསུམ་དུ་བྱས་པའི་མཚམས་རེ་རེར་རྡུལ་འབབ་པའི་སྒོ་ནས། བདེ་བ་ཆུང་འབྲིང་ཆེན་པོ་གསུམ་དུ་སོ་སོར་ཕྱེད་པའི་ཉམས་མྱོང་ཅན་གྱིས་ཤེས་དགོས་ཏེ་ཕྲ་བར་སྣང་ངོ༌། །ཡས་བབས་ཀྱི་དགའ་བ་བཞི་ལས་ནི། མས་བརྟན་གྱི་བཞི་བདེ་བ་ཆེ་བ་ཞིག་འོང་དགོས་སོ། །མས་བརྟན་གྱི་དུས་སུ་ལོག་པ་སྤྱི་བོར་
མ་བརྟན་གྱི་བར་དུ་བདེ་བ་མི་བརྟན་ལ། སྦྱི་བོར་བརྟན་ནས་བརྟན་པར་གསུངས་ཏེ། དེ་ཉིད་ལས། དེ་ནས་སྲོག་གི་སྟེང་དུ་ཡིད། །དེ་མི་མཐུན་པས་འབབ་པར་འགྱུར། །པད་མའི་ལྟེ་བའི་དབུས་གནས་པ། །གང་དེ་ཕྱི་ནས་བརྟན་གྱུར་པ། །དེ་ཚེ་མགོན་པོ་འགྲོ་མི་འགྱུར། །ཇི་ལྟར་བུ་ག་མེད་སྣོད་དུ། །ཆུ་རྣམས་ཟད་པ་མེད་གནས་ལྟར། །དེ་ཚེ་བདེ་བ་བརྟན་པར་འགྱུར། །བརྟན་པས་ལྷན་ཅིག་སྐྱེས་པའི་དགའ། །དེ་ཕྱིར་སངས་རྒྱས་མི་ཟད་པ། །རྣལ་འབྱོར་པ་ཡིས་ངེས་པར་འཐོབ། ཅེས་སོ། །ཡིད་ནི་ཁུ་བ་དང༌། མི་མཐུན་པ་ནི་ལུགས་ལྡོག་དང༌། བརྟན་པ་ནི་སྤྱི་བོར་ཡིན་པར་མན་སྙེ་ལས་གསུངས་སོ། །འདིའི་གདམས་ངག་མང་པོ་ལས། གཏུམ་མོ་བསྒོམས་པས་དྲོད་སྐྱེ། དྲོད་ལ་བརྟེན་ནས་རྩ་ནང་གི་བྱང་སེམས་འཇུ། དེ་ཞུ་བས་བདེ་བ་སྐྱེ། བདེ་བ་ལ་བརྟེན་ནས་མི་རྟོག་པ་སྐྱེ་ཟེར་བ་ཙམ་སྣང་ཡང༌། དེ་ཙམ་གྱི་གོ་བས་ནི་ཡས་བབས་དང༌། མས་བརྟན་གྱི་དགའ་བཞི་སྤྱི་དང༌། ཁྱད་པར་དུ་ལྷན་སྐྱེས་ཀྱི་བདེ་ཆེན་ལེགས་པོར་ངོས་ཟིན་པར་མཐོང་ནས། རྒྱུད་སྡེ་ནས་འབྱུང་བའི་དགའ་བ་བཞི་ཚན་གཉིས། གྲུབ་ཆེན་གྱི་གཞུང་དང་མཐུན་པར་བཤད་དོ། །སྦྱིར་ལམ་བསྒོམས་མ་བསྒོམས་གཉིས་ཀ་ལ། བྱང་སེམས་ཞུ་བ་གསང་གནས་སུ་བབས་པ་ལས་བྱུང་བའི་དགའ་བ་ཉམས་སུ་མྱོང་བ་ལ་ནི། ངེས་པར་ལྟེ་བ་དང་གསང་གནས་ཀྱི་གཏུམ་མོ་ འབར་ནས་ཞུ་བ ་ཞིག་འོང་བས། གཏུམ་མོ་ འབར་ནས་བྱང་སེམས་འཇུ་བ ་ལ། སྲོག་དྷཱུ་ཏཱིར་ཐིམ་པ་སོགས་མི་དགོས་སོ། །དེའི་ཕྱིར་གང་ཟག་གི་རིགས་ཁ་ཅིག་ལ།
སྔར་ལྟར་བསྒོམས་པ་ན་རླུང་དྷཱུ་ཏཱིར་ཐིམ་པ་མེད་ཀྱང༌། བྱང་སེམས་ཞུ་བའི་བདེ་བ་འོང་སྟེ། འདི་ནི་ལུས་ལ་གནད་དུ་བསྣུན་པའི་གདམས་ངག་གཞན་སྒོམ་པ་ལ་ཡང་འདྲའོ། །དེ་འདྲ་བའི་ཐིག་ལེ་ནི་རྡོ་རྗེ་ནོར་བུར་སླེབ་ནས་ཤིན་ཏུ་བཟུང་དཀའ་བར་མཐོང་སྟེ། དང་པོར་ཕྱི་ནང་གི་འབེབས་པའི་ཐབས་ཀྱིས་བྱང་སེམས་ཕབ་པ་དེ། ནོར་བུར་མ་སླེབ་པའི་གོང་གི་གནས་རྣམས་ནས་བཙན་ཐབས་ཀྱིས་ལྡོག་པ་དང༌། རྡོ་རྗེར་སླེབ་ན་དེ་མ་ཐག་ཏུ་ལྡོག་པའི་འདྲེན་མང་པོ་དང༌། བཙན་ཐབས་སུ་ལྡོག་པ་དེ་ཡང་ལུས་ལ་མ་ཁྲེམས་ན་ནད་སྐྱེད་པར་མཐོང་ནས། འགྲེམས་པའི་ཚུལ་སྔ་མ་མང་པོས་བྱེད་མོད་ཀྱང༌། རླུང་དྷཱུ་ཏཱིར་ཐིམ་ནས་བྱང་སེམས་ཞུ་བ་དང༌། དེ་ལྟར་མིན་པར་ཞུ་བའི་ཁྱད་པར་ཕྱེ་ནས། དེ་ལ་བྱང་སེམས་གཟུང་དཀའ་སླ་དང༌། དེ་བཙན་ཐབས་སུ་ལྡོག་དགོས་མི་དགོས་དང་། ལྡོག་པ་ལུས་ལ་མ་བཀྲམ་ན་ནད་དུ་འགྱུར་མི་འགྱུར་གྱི་ཁྱད་པར་ཕྱེད་པའི་རྣམ་གཞག་མི་སྣང་ངོ༌། །དེ་ལ་ལམ་བསྒོམས་སྟོབས་ཀྱིས་གཏུམ་མོ་འབར་ནས་བྱང་སེམས་བཞུས་པའི་དགོས་པ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེད་པའི་ཆེད་ཡིན་ལ། དེ་སྐྱེ་བ་ལ་བྱང་སེམས་ཞུ་ནས་བབ་པ་དེ་སྤྱིར་ལྟེ་བ་མན་ཆད་དུ་སླེབ་པ་ཞིག་དང༌། ཁྱད་པར་དུ་ནོར་བུར་སླེབ་ནས་ཕྱིར་མ་འཕོས་པར་རེ་ཞིག་གི་བར་དུ་གནས་པ་ཞིག་མེད་ན་ལྷན་སྐྱེས་མཚན་ཉིད་ཚང་བ་མི་སྐྱེའོ། །ལྷན་སྐྱེས་རྫོགས་རིམ་པའི་བདེ་ཆེན་དུ་འཇོག་པ་ལ་ནི། རླུང་ཐིམ་པའི་དབང་གིས་གནས་པ་ཞིག་དགོས་སོ། །རླུང་དྷཱུ་ཏཱིར་
ཐིམ་པའི་དབང་གིས་བྱང་སེམས་ཞུ་བ་ཞིག་ཡིན་ན་ནོར་བུའི་རྩེར་བཟུང་ཡང་ལྷན་སྐྱེས་མཚན་ཉིད་ཚང་བ་མ་སྐྱེས་བར་དུ་ཕྱིར་མི་འཕོ་སྟེ། བྱང་སེམས་སྤྱི་བོ་ནས་འབབ་པ་ན་རིམ་གྱི་རིམ་གྱིས་རླུང་གི་གཡོ་བ་ཞན་དུ་སོང་ནས་ནོར་བུར་སླེབ་པ་ན། བྱང་སེམས་ཕྱི་རོལ་ཏུ་སྐྱོད་པར་བྱེད་པའི་རླུང་གི་འཇུག་པ་ཞི་བར་འགྱུར་པའི་ཕྱིར་རོ། །རླུང་འདུ་སླ་བ་མིན་པར་ཞུ་བ་དེའི་ཉམས་སྐྱེ་སླ་ བ་འགའ་ཞིག་ལ་འབར ་འཛག་བསྒོམ་ན། བྱང་སེམས་ཞུ་བ་མྱུར་དུ་འབབ་པ་འོང་བས། དེ་ལ་ནི་ཞུ་བ་ཤས་ཆུང་ན་མ་གཏོགས་པ་གནས་མཐོན་པོ་ནས་མ་ལྡོག་ན། དམའ་མོ་ནས་ཤིན་ཏུ་ལྡོག་དཀའ་བ་དང༌། ལྡོག་ས་ཡང་མཐོ་དགོས་ལ། ལྡོག་ནས་ཀྱང་མ་བཀྲམ་ན་ནད་དུ་འགྱུར་བས་འགྲེམས་དགོས་མོད་ཀྱང༌། སྔར་བཤད་པ་ལྟར་གྱི་རླུང་ཐིམ་པ་ལ་ནི་དེ་རྣམས་ཡེ་མི་དགོས་སོ། །འོ་ན་རླུང་ཐིམ་རིམ་མ་བྱུང་བར་ཞུ་བདེ་ཆེ་བར་བྱུང་ན། ལྡོག་པ་དང་འགྲེམས་པ་ཇི་ལྟར་བྱ་ཞེ་ན། འདི་ལ་ཞུ་བ་རིམ་ཅན་དུ་དལ་བུས་འོང་བ་ལ་ནི། རྩོལ་བ་ཤུགས་དྲག་པོ་མིན་པར་དམིགས་པས་སྤྱི་གཙུག་ཏུ་ལྡོག་ཅིང༌། དེ་ནས་རྩ་གནས་ཀུན་ཏུ་བཀྲམ་ན་དེ་གོམས་པའི་མཐར། ཞུ་བ་ཆེན་པོ་ཡང་ལྡོག་པ་དང་དགྲམ་པར་ནུས་སོ། །དེ་ལྟ་མིན་པའི་ཞུ་བ་ཆེས་མྱུར་བར་འབབ་པ་ལ་ནི། རང་ལྷར་གསལ་བའི་ངང་ནས་རྐང་པ་སྐྱིལ་ཀྲུང་དང༌། ལག་པ་གཉིས་བྲང་གི་ཐད་དུ་བསྣོལ། མིག་གཉིས་གྱེན་ལ་དྲག་ཏུ་ལྡོག །རྐང་ལག་གི་སོར་མོ་རྣམས་ལེགས་པར་བསྐུམ། སེམས་སྤྱི་གཙུག་གི་ཧཾ་ཡིག་མགོ་གྱེན་དུ་བསྟན་པ་ལ་དམིགས། ངག་ཏུ་ཧཱུཾ་རིང་པོ་དྲག་ཏུ་
བརྗོད་པ་ཉེར་གཅིག་ཙམ་གྱི་བར་དུ་བརྗོད་ནས། གང་ནས་ལྡོག་པའི་གནས་དེ་ནས་རྒྱབ་གཞུང་ལ་ཉེ་བའི་ངོས་སུ་དྷཱུ་ཏཱིའི་ནང་ནས་སྤྱི་གཙུག་ཏུ་སོང་བར་བསམ། མཐར་འཇམ་རླུང་བུམ་པ་ཅན་བཟུང་ལ་ལུས་མི་དྲག་པར་སྤྲུག་ཅིང༌། སེམས་ཀྱིས་བྱང་སེམས་རྣམས་རྩ་གནས་ཀུན་ཏུ་གྲམ་པར་བསམ་པ་ལན་མང་དུ་བྱའོ། །གསུམ་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒོམ་པའི་ཚུལ་ནི། སྔར་བཤད་པ་ལྟར་གྱི་ཡས་བབས་ཀྱི་དུས་སུ། བྱང་སེམས་ཞུ་བ་ནོར་བུའི་རྩེ་བར་དུ་སླེབ་ནས། ཕྱིར་མི་འཕོ་བར་གནས་པ་ན། ལྷན་སྐྱེས་ཀྱི་དགའ་བ་སྐྱེ་བས་དེའི་དུས་སུ་སྔར་གཏན་ལ་ཕབ་པའི་ལྟ་བ་དྲན་པར་བྱས་ནས། ལྟ་ཐོག་ཏུ་བཞག་སྟེ། བདེ་སྟོང་དབྱེར་མེད་བསྐྱངས། ལྟ་བའི་གོ་བ་ལེགས་པོ་མེད་ནའང་སེམས་ཀྱི་སྤྲོ་བསྡུ་རྣམས་དོར་ལ་བདེ་བ་དེ་ཉིད་ལ་ཅི་གནས་གནས་ཀྱི་བར་དུ་བསྐྱང་ངོ༌། །དེ་བཞིན་དུ་བྱང་སེམས་ནོར་བུར་ཟིན་པ། གྱེན་དུ་ལྡོག་པ་ན་སྤྱི་གཙུག་ཏུ་ནམ་སླེབ་པའི་ཚེ། མས་བརྟན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བས། དེའི་ཚེ་ཡང་དེ་ངོ་ཤེས་པར་བྱས་ལ་བདེ་སྟོང་དབྱེར་མེད་དམ། བདེ་བ་རྐྱང་པའི་མི་རྟོག་པ་སྔར་བཤད་པ་བཞིན་ཅི་ཙམ་གནས་ནུས་ནུས་ཀྱི་བར་དུ་བསྐྱང་ངོ༌། །དེ་དག་ནི་མཉམ་གཞག་ཏུ་སྐྱོང་ཚུལ་ལོ། །རྗེས་ཐོབ་ཏུ་སྐྱོང་ཚུལ་ནི། སྤྱིར་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་ན། དེ་ལས་ལངས་པའི་དུས་སུ་རང་ཤུགས་ཀྱིས་ཀྱང་ཡུལ་སྣང་བདེ་བར་འཆར་བ་ཞིག་འོང་མོད་ཀྱང༌། དེ་ཙམ་གྱིས་མི་ཆོག་གི །རྗེས་ཀྱི་སྐབས་སུ་མཉམ་
གཞག་གི་བདེ་སྟོང་དྲན་ནས། དེས་ཡུལ་སྣང་གང་ཤར་ཐམས་ཅད་ལ་རྒྱས་བཏབ་ནས་བསྒོམས་ན། བདེ་བ་ འབར་བ ་ཁྱད་པར་ཅན་དུ་འགྱུར་བས། དེ་ལྟར་བསྐྱང་བར་བྱ་སྟེ། འདི་འདིའི་གདམས་ངག་གཞན་རྣམས་ལས་མི་གསལ་ཡང༌། མར་པའི་གདམས་པ་རྔོག་པ་ནས་བརྒྱུད་པ་རྣམས་ལས་མང་དུ་འབྱུང་བ་ཀྱེ་རྡོར་སོགས་རྒྱུད་སྡེ་དུ་མའི་དོན་ཡིན་པས་མ་ཆད་པ་གལ་ཆེའོ། །དེ་ལྟར་མཉམ་རྗེས་ལ་སྐྱོང་བ་དང༌། སླར་ཡང་གཏུམ་མོའི་དམིགས་པ་དང༌། རླུང་སྦྱོར་བྱས་ཏེ། དགའ་བཞི་འདྲེན་པ་སྤེལ་མར་བྱའོ། །གཉིས་པ་ཕྱིའི་རྐྱེན་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྒོམ་པ་ནི། རང་དང་ཕྱག་རྒྱ་གཉིས་ཀ་གང་ཟག་དབང་པོ་རབ་ཏུ་གྱུར་པ། རྣམ་པར་དག་པའི་དབང་བསྐུར་བ་ཐོབ་ནས། རྩ་བ་དང་ཡན་ལག་གི་དམ་ཚིག་ལ་མཁས་ཤིང༌། ཇི་ལྟ་བ་བཞིན་དུ་སྲུང་བ། དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས་ལ་མཁས་ཤིང༌། ཐུན་བཞིར་བསྒོམས་པས་ལེགས་པར་བྱང་བ། དགའ་བའི་བསྟན་བཅོས་ནས་འབྱུང་བའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པ། སྟོང་ཉིད་ཀྱི་ལྟ་བ་ཕུ་ཐུག་ཆོད་ཅིང༌། དགའ་བཞིའི་རིམ་པ་དང༌། ཁྱད་པར་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བའི་ས་མཚམས་ལ་མཁས་པ་དང༌། བྱང་སེམས་ཕྱིར་མི་འཕོ་བར་འཛིན་ནུས་པ་སོགས་རྒྱུད་སྡེ་དང༌། གྲུབ་ཆེན་གྱི་གཞུང་ཁུངས་མ་ནས་བཤད་པའི་མཚན་ཉིད་ཚང་བ་ཞིག་གིས་བྱེད་པ་ཡིན་པ་ལ། དེ་ལྟར་བཤད་པའི་བརྡ་ཆད་རགས་པ་ཙམ་ཡང་མ་ཆགས་པར། ཟབ་མོ་ཡིན་ཟེར་བའི་མན་ངག་ལྟར་སྣང་རེ་ལ་ངེས་པ་དྲངས་ནས། ལག་ཏུ་ལེན་པ་ནི། ཤིན་
ཏུ་མི་བཟད་པའི་ངན་འགྲོའི་སྒོ་འབྱེད་པར་ཤེས་པར་གྱིས་ཤིག །ཧེ་རུ་ཀ་མངོན་འབྱུང་ལས་ཀྱང༌། རྣལ་འབྱོར་མེད་པར་རྣལ་འབྱོར་ཆོས། །ཕྱག་རྒྱ་ལ་ནི་བགྲོད་འགྱུར་དང༌། །ཡེ་ཤེས་མེད་པར་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བར་ཐེ་ཚོམ་མེད། ཅེས་གསུངས་ཏེ་ཡུལ་རྟེན་ཀུན་མཚན་ཉིད་མ་ཚང་བར་དེ་ལྟར་བྱེད་པ་ལ། ཉེས་དམིགས་ཤིན་ཏུ་ཆེ་བར་གསུངས་པ་རྣམས་ཤེས་དགོས་སོ། །དེ་ལྟ་བུའི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་ནུས་པ་མ་ཐོབ་ན་ནི། བདག་མེད་མ་དང༌། རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་རིང་དུ་བསྒོམས་པས། སྣང་བ་གསལ་བ་དང་དེ་བརྟན་པ་རྙེད་ན། དེ་དང་སྙོམས་པར་ཞུགས་ནས་དགའ་བཞི་བསྐྱེད་པའི་ལྷན་སྐྱེས་ཀྱི་དུས་སུ། བདེ་སྟོང་སྦྱོར་ནུས་ན་ལྟ་བ་དྲན་པར་བྱས་ལ་བདེ་སྟོང་དབྱེར་མེད་དུ་བསྐྱང། དེ་མི་ནུས་ནའང་བདེ་བ་ལ་བརྟེན་ནས། སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །གཉིས་པ་དེ་ལ་བརྟེན་ནས་སྒྱུ་མ་དང་འོད་གསལ་སྒོམ་པའི་ཚུལ་ལ་གཉིས། གཏུམ་མོ་ལ་བརྟེན་ནས་ལམ་ལྷག་མ་སྒོམ་པའི་སྤྱིའི་རྣམ་གཞག་དང༌། ལམ་སོ་སོའི་སྒོམ་ཚུལ་ལོ། །དང་པོ་ནི། ལུགས་འདི་ལ་གཏུམ་མོ་སྒོམ་ནས་རླུང་དབུ་མར་འཛུད་པ་དགོས་ཞེས་པ་གསལ་བར་སྣང་ཡང༌། སྲོག་དྷཱུ་ཏཱིར་ཚུད་པ་ལ་བརྟེན་ནས་སྒྱུ་ལུས་དང༌། འོད་གསལ་གཉིས་སྒོམ་ཚུལ་ཤིན་ཏུ་མི་གསལ་ཞིང༌། དེ་རྣམས་ཤིན་ཏུ་རྟོགས་དཀའ་བར་བྱུང་སྣང་མོད་ཀྱང༌། འདིར་མན་ངག་ལ་གོ་བ་ཐུན་
༼འདི་ནས་མ་ཚོང་མེད་༽མོང་མ་ཡིན་པ་ཆགས་པའི་ཕྱིར་དུ་ཅུང་ཟད་ཅིག་བརྗོད་པར་བྱའོ། །དེ་ཡང་སྔར་བཤད་པ་ལྟར་སྒྱུ་ལུས་དང་འོད་གསལ་གྱི་སྐོར་རྣམས་གསང་འདུས་ལ་བརྟེན་པ་ཡིན་ཞེས་འབྱུང་ཞིང༌། དེ་ཡང་གསང་འདུས་འཕགས་སྐོར་གྱི་གདམས་ངག་ཏུ་སྣང་ལ། འཕགས་པ་ཡབ་སྲས་ཀྱི་དགོངས་པ་ནི། སྲོག་དབུ་མར་བཙུད་པའི་ཞུགས་གནས་ཐིམ་གསུམ་མ་བྱུང་བར་དུ། སེམས་དབེན་གྱི་སྣང་མཆེད་ཐོབ་གསུམ་གྱི་ཏིང་ངེ་འཛིན་མི་སྐྱེ་ལ། སེམས་དབེན་གྱི་ཡེ་ཤེས་མཚན་ཉིད་རྫོགས་པ་སྐྱེས་པའི་རླུང་སེམས་ཙམ་ལས། སྒྱུ་ལུས་མཚན་ཉིད་པ་སྒྲུབ་པ་ཡིན་ཞིང༌། མར་ལུགས་ཀྱི་གསང་འདུས་ཀྱི་གདམས་ངག་རྣམས་དང༌། མར་ལུགས་ཀྱི་རིམ་ལྔའི་རྩ་ཚིག་རིམ་ལྔ་བསྡུས་པ་གསལ་བ་ལས་ཀྱང༌། མན་ངག་འདི་ལས་གསལ་བར་འབྱུང་ལ། དེ་བཞིན་དུ་འདིར་ཡང་འོང་རྒྱུར་སྣང་བ་མ་བྱུང་བ་ནི། འདུས་པ་འཕགས་སྐོར་ལ་བརྟེན་ནས་ལེགས་པར་ཤེས་དགོས་པར་སྣང་ངོ༌། །དེ་ཡང་མར་ལུགས་ཀྱི་རིམ་ལྔའི་རྩ་ཚིག་རིམ་ལྔ་བསྡུས་པ་གསལ་བ་ལས། དང་པོ་སྨིག་རྒྱུ་ལྟ་བུའི་ཉམས། །འོད་ཟེར་ལྔ་དང་བཅས་པ་འཆར། །གཉིས་པ་ཟླ་བ་ལྟ་བུ་དང༌། །གསུམ་པ་ཉི་མའི་འོད་ཀྱིས་འཁྲིགས། །མཚམས་སྣང་ལས་ནི་ཐོབ་པ་སྟེ། ཞེས་དང༌། རླུང་སེམས་ཙམ་ལས་བྱུང་བ་ཡི། །སྒྱུ་མའི་ལུས་ནི་སྣང་བར་བཅས། ཞེས་ནམ་མཁའ་སྤྲིན་མེད་ལ་ཟླ་འོད་ཤར་བ་ལྟ་བུའི་སྣང་བ་དང༌། ནམ་མཁའ་དེ་ལ་ཉི་འོད་ཀྱིས་འཁྲིགས་པ་ལྟ་བུའི་མཆེད་པ་དང༌། ནམ་མཁའ་དེ་ལ་ཐུན་མཚམས་ཀྱི་སྨག་ནག་
པོས་ཁྱབ་པ་ལྟ་བུའི་ཉེར་ཐོབ་གསུམ། སྔོན་དུ་སྐྱེ་བ་དང༌། དེ་ནས་སེམས་དབེན་གྱི་རླུང་སེམས་ཙམ་ལས་སྒྱུ་མའི་ལུས་འོད་ཟེར་དང་བཅས་པ་འབྱུང་བར་བཤད་པ་རྣམས་ཀྱི་རྣམ་གཞག་གང་ཡང༌། འདིའི་སྐོར་གྱི་མན་ངག་ཏུ་མ་བྱུང་བར། རང་ལུས་ལ་གཟུགས་བརྙན་དཔེར་བྱས་ནས། དགའ་མི་དགའ་ལ་བརྟེན་པའི་ཆགས་སྡང་གི་རྣམ་རྟོག་རགས་པ་འགོག་པ་ལ་མ་དག་པའི་སྒྱུ་ལུས་དང༌། ཡང་རང་ལྷ་སྐུ་སྒྱུ་མ་བཞིན་དུ་བསྒོམས་ནས་དགའ་མི་དགའ་ལ་རོ་སྙོམས་པར་བྱེད་པ་ཙམ་ལ་དག་པའི་སྒྱུ་ལུས་སུ་འཇོག་པ་འདི་ཙམ་ཞིག་ལས་ཁྱད་པར་དུ་གྱུར་པ་མེད་ན་ནི་རྣལ་འབྱོར་བླ་མེད་པ་དང༌། ལམ་གཞན་ཐུན་མོང་བའི་སྤྱི་དོན་གྱི་སྒྱུ་མ་དང༌། བླ་མེད་ཀྱི་ཐེག་པའི་ལུགས་ཀྱི་རིམ་པ་གསུམ་པའི་སྒྱུ་ལུས་སྦས་དོན་གྱི་སྒྱུ་མ་དང༌། རིམ་པ་ལྔ་པ་ཟུང་འཇུག་གི་སྒྱུ་མའི་སྐུ་རྣམས་ཀྱི་ཁྱད་པར་རགས་པའང་མ་ཕྱེད་པར་འགྲོ་བར་སྣང་སྟེ། འདིའི་སྒྱུ་ལུས་དངོས་ནི་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་ཐུན་མོང་མ་ཡིན་པ་ཡིན་ལ། སྔར་བཤད་པའི་སྒྱུ་ལུས་དང་པོར་བཞག་པ་ལ་ནི། སྤྱི་དོན་གྱི་སྒྱུ་མའི་མཚན་ཉིད་ཚང་བའང་མི་སྣང་ལ། གཉིས་པར་འདོད་པ་ནི་རྒྱུད་སྡེ་འོག་མ་གསུམ་ལས་ཀྱང་དུ་མ་ཞིག་འབྱུང་བའི་ཕྱིར་རོ། །ཆགས་སྡང་གི་རྣམ་རྟོག་ཟིལ་གྱིས་མནན་ནས་རོ་སྙོམས་པར་བྱེད་པ་ལ་ནི། དབུ་མའི་ལྟ་བ་ཕུ་ཐག་ཆོད་པའི་སྟོང་པ་དང༌། ལྷན་སྐྱེས་ཀྱི་བདེ་ཆེན་གཉིས་སྦྱར་ནས། མཉམ་གཞག་ཏུ་སྒོམ་པ་ཉིད་གཙོ་བོ་ཡིན་ཏེ། དེ་ལེགས་པར་
ཤེས་ནས་བསྐྱངས་ན། དེ་ལས་ལངས་པའི་རྗེས་ཀྱི་ཚེ། མཉམ་གཞག་གི་ཤུགས་ཀྱིས་གང་སྣང་ཐམས་ཅད་སྒྱུ་མར་འཆར་བ་དང༌། རིམ་པ་དང་པོའི་དུས་ནས་རྗེས་ཀྱི་སྐབས་སུ། གང་སྣང་ལྷའི་འཁོར་ལོར་འཁྱེར་བའི་ལམ་འཁྱེར་གོམས་པའི་གནད་ཀྱིས། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་ཡང་ཟུར་དུ་མ་སྦྱངས་ཀྱང༌། དེར་རང་ཤུགས་ཀྱིས་འཆར་བའི་ཕྱིར་རོ། །མར་ལུགས་ཀྱི་འདུས་པའི་གདམས་ངག་ཁ་ཅིག་ལས། ལྷའི་བྲིས་སྐུའི་གཟུགས་བརྙན་མདུན་དུ་བཏགས་པའི་མེ་ལོང་གི་ནང་དུ་ཤར་བ་ལ་བལྟས་ནས། རང་ཉིད་གཟུགས་བརྙན་གྱི་ལྷའི་སྐུ་བཞིན་དུ་ཨེ་འཆར་ལྟ་བ་འདི། བསྐྱེད་རིམ་གྱི་སྐབས་སུ་ལྷའི་གསལ་སྣང་ལ་བོགས་འདོན་པའི་གདམས་པ་ཡིན་ཞེས་ཟེར་བ་དང༌། བླ་མ་མཚུར་གྱི་གདམས་ངག་ལས། དང་པོ་གསང་དབང་གི་དུས་སུ་རྡོ་རྗེ་སེམས་དཔའི་སྐུ་མེ་ལོང་ནང་གི་གཟུགས་བརྙན་སྣང་ལ་རང་བཞིན་མེད་པའི་སྒྱུ་ལུས་སུ་ངོ་སྤྲོད་པ་ཡིན་ཏེ། ཞེས་འབྱུང་བ་དེ་རྣམས་འདིར་ཁྱེར་འདུག་པ་དང༌། རིམ་ལྔའི་གཞུང་ཞིག་གི་འབྲུ་ཇི་བཞིན་མནོན་པས་འདིར་སྦྱར་བར་སྣང་སྟེ། དེ་རྣམས་ཀྱང་འཕགས་སྐོར་གྱི་གདམས་ངག་ཏུ་རྒྱས་པར་བཤད་ཟིན་ཏོ། །འོན་ཀྱང་མར་ལུགས་ཀྱི་དང་པོའི་གདམས་ངག་ལ་སྒྱུ་ལུས་ཀྱི་གནད་མ་ཆད་པའི་ཚུལ་ཡང་དེར་རྒྱས་པར་བཤད་ཟིན་ཏོ། །གཞན་ཡང་འདིའི་མན་ངག་རྣམས་སུ་ཟུང་འཇུག་ལ་སློབ་མི་སློབ་གཉིས་སུ་བྱེད་པ་དང༌། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞིའི་རྣམ་གཞག་མཛད་པ་སྣང་ཡང༌། ཁྱད་པར་ཅན་གྱི་རླུང་སེམས་ཙམ་
ལས་སྒྱུ་མའི་སྐུ་སྒྲུབ་ལུགས་དང༌། སྐུ་དེ་གྲུབ་པའི་སྟེང་ནས་དོན་གྱི་འོད་གསལ་དུ་འཇུག་པ་ལ། སྣང་མཆེད་ལ་སོགས་པའི་སྟོང་པ་བཞི་འཆར་ཚུལ་དང༌། དོན་གྱི་འོད་གསལ་གྲུབ་ནས་སློབ་པའི་ཟུང་འཇུག་སྒྲུབ་ཚུལ་དང༌། དེ་ལ་བརྟེན་ནས་མི་སློབ་པའི་ཟུང་འཇུག་སྒྲུབ་ཚུལ་དང༌། གཉིད་ཀྱི་འོད་གསལ་འཛིན་པ་ན། སད་དུས་སུ་སྲོག་དྷཱུ་ཏཱིར་འཛུད་ནུས་པ་ཞིག་ལ་བརྟེན་ནས། སྙིང་ཁའི་དྷཱུ་ཏཱིར་རོ་རྐྱང་གི་རླུང་བསྡུས་ནས་སྟོང་པ་བཞིའི་རིམ་གྱིས་འོད་གསལ་དུ་འཇུག་ཚུལ་དང༌། དེའི་མཐར་རྨི་ལམ་གྱི་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་ཚུལ་རྣམས་འོང་རྒྱུར་སྣང་ནའང༌། མ་བྱུང་བ་ལ་ཐེ་ཚོམ་ཡང་མི་འཇུག་པར་སྣང་ངོ༌། །དེའི་ཕྱིར་སྲོག་དྷཱུ་ཏཱིར་ཚུད་པའི་རླུང་སྟོབས་ཀྱིས་གཉིད་ཀྱི་འོད་གསལ་འཛིན་པ་དང༌། ཐེག་པ་ཆེ་ཆུང་ཐུན་མོང་བའི་ཏིང་ངེ་འཛིན་སད་དུས་གནས་ཆ་བརྟན་པོ་ཡོད་པ་ཞིག་གིས། གཉིད་དུ་འགྲོ་ཁར་སྔར་གྱི་ཏིང་ངེ་འཛིན་ལ་བཞག་པ་ན། གཉིད་དུ་གང་སོང་བྱིན་པོའམ། དེའི་སྟོད་ཙམ་ཏིང་ངེ་འཛིན་དུ་མེར་གྱིས་འགྲོ་བའི་ཏིང་ངེ་འཛིན་ལ། གཉིད་ཀྱི་འོད་གསལ་དུ་འཁྲུལ་ས་ཆེ་བ་རྣམས་ཕྱེད་པའི་རྣམ་གཞག་གསལ་པོ་ཡང་མི་སྣང་ཞིང༌། དེ་བཞིན་དུ་རྨི་ལམ་རླུང་སྟོབས་ཀྱིས་ཟིན་པ་དང། འདུན་པའི་སྟོབས་ཀྱིས་ཟིན་པ་གཉིས་ཀྱི་ཁྱད་པར་ད་གཟོད་འབྱེད་དགོས་པར་སྣང་ལ། རླུང་སྟོབས་ཀྱིས་འོད་གསལ་ཟིན་པའི་འཆི་བའི་འོད་གསལ་དང་བསྲེ་ཚུལ་དང༌། དེ་ལྟ་མིན་པའི་ད་ལྟ་གནས་ཆ་བརྟན་པོ་དང། འདུན་པ་དྲག་ཅིང་གོམས་ཤས་ཆེ་བས་
འཆི་བའི་འོད་གསལ་དང་བསྲེ་ཚུལ་དང༌། དེ་བཞིན་དུ་བར་དོ་ལོངས་སྐུར་འཆར་ཚུལ་གྱི་རྣམ་དབྱེ་རྣམས་ཀྱང༌། ད་དུང་ལེགས་པར་འབྱེད་དགོས་པར་སྣང་སྟེ། དེ་རྣམས་ལེགས་པར་ཤེས་པར་འདོད་ན། འཕགས་སྐོར་གྱི་གདམས་ངག་ཏུ་རྒྱས་པར་བཤད་ཟིན་པ་ལས་ཤེས་པར་བྱའོ། །གཉིས་ཀྱི་འོད་གསལ་དང༌། རྨི་ལམ་གཉིས་ཀ་རླུང་སྟོབས་ཀྱིས་ཟིན་པ་ཡིན་ན་ནི། དེ་གཉིས་ཀྱི་རིམ་པ་ལ་ཐོག་མར་གཉིད་ཀྱི་འོད་གསལ་བཟུང་ནས། དེ་ནས་རྨི་ལམ་གྱི་དགེ་སྦྱོར་ལ་འཇུག་པ་ཡིན་ལ། དེ་ཡང་འདིའི་ཁྲིད་ཡིག་ཁ་ཅིག་ལ་སྣང་བ་ལྟར་ཡིན་ནོ། །སྲོག་དྷཱུ་ཏཱིར་སྡུད་མི་ནུས་པས་ཉིན་མོ་འདུན་པ་སྦྱངས་ནས། རྨི་ལམ་འདུན་པའི་སྟོབས་ཀྱིས་འཛིན་པ་དང༌། སད་དུས་གནས་ཆ་བརྟན་པའི་སྟོབས་ཀྱིས་གཉིད་ཏིང་ངེ་འཛིན་དུ་སྐྱེས་ཐུབ་པ་ལ། མིང་གཉིད་ཀྱི་འོད་གསལ་དུ་བཏགས་པ་གཉིས་ཀྱི་གོ་རིམ་ལ་ནི་ངེས་པ་མེད་དེ། གལ་ཏེ་སད་དུས་སུ་ཕྱི་ནང་གི་ཐབས་གཉིས་ལ་བརྟེན་ནས། སྲོག་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས། དགའ་བ་བཞི་དང་སྟོང་པ་བཞིར་གྲགས་པ་བསྐྱེད་ནས། ལྷན་སྐྱེས་ཤར་བའི་དུས་སུ་བདེ་སྟོང་དབྱེར་མེད་དུ་སྒོམ་པ་དང༌། དེའི་མཐར་སྒྱུ་མའི་སྐུར་ལངས་ནས། གང་ཤར་ཐམས་ཅད་ལ་མཉམ་གཞག་གི་བདེ་སྟོང་གིས་རྒྱས་བཏབ་ནས་དཀྱིལ་འཁོར་པའི་རྣམ་པར་ཤར་བ་ལ་བསླབ་པས་ཆོག་མོད། འཁོར་ལོ་ལྷག་མ་གཉིས་ལ་བརྟེན་ནས་གཉིད་ཀྱི་འོད་གསལ་དང༌། རྨི་ལམ་སྒྱུ་མ་སྦྱང་ཅི་དགོས་སྙམ་ན། གཉིད་དུ་འགྲོ་བའི་དུས་སུ་རང་ཤུགས་ཀྱིས་རླུང་སྙིང་ཁའི་འཁོར་ལོའི་
རྩ་འདབ་ཏུ་འདུ་བ་ཡིན་ལ། དེ་ལ་སད་དུས་སུ་སྲོག་དྷཱུ་ཏཱིར་སྡུད་ནུས་པ་ཞིག་གིས། སྙིང་ཁའི་དྷཱུ་ཏཱིར་དམིགས་པ་གཏད་པ་ན་རོ་རྐྱང་གི་རླུང་སྙིང་གའི་དབུ་མར་འདུས་ཚབས་ཆེ་བ་ཞིག་འོང་བས། སྤྱིར་སྟོང་པ་བཞི་དང། ཁྱད་པར་དུ་ཐམས་ཅད་སྟོང་པ་འོད་གསལ་འཆར་སྟོབས་ཆེ་བ་ཞིག་འོང་ཞིང༌། དེ་ལ་ཅི་ནུས་ནུས་སུ་མཉམ་པར་འཇོག་པའི་འོད་གསལ་སྐྱོང་བ་ཞིག་བྱུང་ན། དེའི་ཤུགས་བརྒྱབ་ནས་སད་དུས་སུ་སྲོག་དྷཱུ་ཏཱིར་སྡུད་པ་ཕུལ་ཆེ་བ་དང༌། བརྟན་པར་འགྲོ་དེས་ཀྱང་གཉིད་ཀྱི་འོད་གསལ་བརྟན་དུ་འགྲོ་བས། དེ་ཡོད་མེད་ཀྱི་ས་ལམ་བགྲོད་པ་སྟོབས་ཆེ་ཆུང་ཁྱད་པར་ཤིན་ཏུ་ཆེ་བ་དང༌། ཚེ་འདིར་མཆོག་མ་ཐོབ་པར་འཆི་བའི་དུས་བྱེད་པ་ཡིན་ན། འཆི་བའི་འོད་གསལ་ཟིན་ལུགས་གཞན་དང་མི་འདྲའོ། །དེ་བཞིན་དུ་གཉིད་ཀྱི་འོད་གསལ་གྱི་མཐར། རྨི་ལམ་གྱི་རྒྱུ་ལུས་ཁྱད་པར་ཅན་དུ་ལྡང་ཤེས་ནས། དེར་ལྡང་བ་གོམས་པས་སད་དུས་ཀྱི་སྒྱུ་ལུས་སྟོབས་ཅན་དུ་འགྲོ་ཞིང༌། དེས་ཀྱང་རྨི་ལམ་གྱི་སྒྱུ་ལུས་ཁྱད་ཞུགས་པར་འགྲོའོ། །ཚེ་འདིར་མཆོག་མ་ཐོབ་པར་འཆི་བའི་དུས་བྱེད་ན། རླུང་སྟོབས་ཀྱིས་འོད་གསལ་ཟིན་པའི་མཐུས། རྨི་ལམ་གྱི་སྒྱུ་ལུས་ལ་གོམས་པ་ཡོད་པས། བར་དོའི་སྒྱུ་ལུས་ཟིན་པ་འདྲ་བ་གཞན་གང་ལ་ཡང་མི་འབྱུང་བས། འདི་གཉིས་ཀྱི་གདམས་ངག་ཕྱིན་ཅི་མ་ལོག་པ་ཡོད་པ་ནི། མཆོག་ཏུ་ངོ་མཚར་ཞིང་ཤིན་ཏུ་བསྔགས་པའི་གནས་སོ། །གཉིས་པ་ལམ་སོ་སོའི་བསྒོམ་ཚུལ་ནི། རྒྱུད་ཀྱི་དགོངས་པ་གཙོ་
བོའི་དོན་གྱི་སྒྱུ་ལུས་དང༌། འོད་གསལ་གཉིད་སད་པ་དང་ལོག་པའི་དུས་སུ་བསྒོམ་ཚུལ་སྔར་བཤད་པ་ལྟར་ཤེས་དགོས་ལ། དེ་ལས་གཞན་པའི་བསྒོམ་ཚུལ་བླ་མ་གོང་མ་རྣམས་ཀྱི་ཁྲིད་ཡིག་ནས་འབྱུང་བ་བཞིན་བཤད་པ་ལ་གཉིས། སྒྱུ་མ་བསྒོམ་ཚུལ་དང༌། འོད་གསལ་བསྒོམ་ཚུལ་ལོ། །དང་པོ་ལ་གསུམ། སྣང་བ་སྒྱུ་མ་བསྒོམ་ཚུལ་དང༌། རྨི་ལམ་གྱི་སྒྱུ་མ་བསྒོམ་ཚུལ་དང༌། བར་དོ་སྒྱུ་མ་བསྒོམ་ཚུལ་ལོ། །དང་པོ་ནི། སྔར་བཤད་པ་ལྟར་སྟོང་པ་ཕུ་ཐག་ཆོད་པའི་ལྟ་བ་དང༌། ལྷན་སྐྱེས་ཀྱི་བདེ་བ་གཉིས་དབྱེར་མེད་དུ་སྦྱར་ཏེ། མཉམ་གཞག་ཏུ་སྒོམ་པ་གོམས་པ་ལས་ལངས་པའི་ཚེ་ལྟ་བ་དྲན་པ་དང༌། སྔར་གང་སྣང་ལྷར་སྒོམ་པ་དྲན་པ་ཙམ་གྱིས་ཡུལ་སྣང་ཀུན་རང་ཤུགས་ཀྱིས་སྒྱུ་མ་དང་རྟེན་བརྟེན་པའི་དཀྱིལ་འཁོར་པའི་རྣམ་པར་འཆར་བས། དེ་ལ་དམིགས་པ་འདི་དག་མི་དགོས་ཀྱང༌། དེ་འདྲ་བ་མིན་པའི་གང་ཟག་མཉམ་གཞག་ཏུ་བདེ་བ་ཙམ་ལ་གོམས་པ་བྱས་པ་དེས། རྗེས་ཐོབ་ཀྱི་ཚེ་དང་པོར་ཐ་མལ་དུ་སྣང་བའི་སྣོད་བཅུད་རྣམས། རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྐྱངས་ན། རང་གི་ལུས་མེ་ལོང་ལ་ཤར་བ་རང་ལ་བསྟིམས་ནས། རང་གཟུགས་བརྙན་བཞིན་དུ་གཏན་ལ་འབེབས་པ་ནི་སྔ་མ་དེའི་ཞོར་ལ་སོང་ཟིན་པས། དེ་ཙམ་ཞིག་ལ་སྐྱོང་བ་དབང་པོ་ཤིན་ཏུ་རྟུལ་བ་ལ། སྟོན་ན་མ་གཏོགས་འགངས་ཆུང༌། དེ་ལྟར་ཐ་མལ་དུ་སྣང་བའི་སྣོད་བཅུད་ཀུན་རང་བཞིན་མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའི་ངེས་པ་བརྟན་ན། སྣོད་བཅུད་ཀུན་དག་པ་དཀྱིལ་འཁོར་གཉིས་
ཀྱི་རྣམ་པར་བལྟས་ལ། དེ་ཡང་རང་བཞིན་གྱིས་སྟོང་བཞིན་དུ་སྣང་བའི་དག་པའི་སྒྱུ་མར་གཏན་ལ་ཕབ་ནས་བསྐྱངས་ན། ལྷའི་སྐུ་མདུན་གྱི་མེ་ལོང་ལ་ཤར་བ་ལ་བལྟས་ནས་དེ་བློས་བཏོན་ཏེ། རང་ལ་བསྟིམས་ནས་རང་ལྷ་སྐུ་སྒྱུ་མ་བཞིན་དུ་སྒོམ་པ་ནི། སྔ་མའི་ཞར་ལ་གྲུབ་ཟིན་ཅིང༌། སྔ་མ་སྟོབས་ཆེ་བས་ཕྱི་མ་ཆ་ཆུང༌། རིམ་ལྔ་ལས་རྡོར་སེམས་བྲིས་པ་མེ་ལོང་ལ་ཤར་བ་བཞིན་དུ། སྒྱུ་མའི་ལུས་སྟོན་པར་གསུངས་པའི་དོན། བླ་མས་དེ་གཉིས་དཔེ་དོན་དུ་བསྒྲིགས་ནས། སློབ་མ་ལ་ངག་གིས་སྟོན་པའི་དོན་དུ་མ་གོ་བར་མིག་ལ་སྟོན་པའི་དོན་དུ་བཟུང་ཞིང༌། བསྐྱེད་རིམ་གསལ་བར་བྱེད་པ་ལ་ཁང་པ་ཁྱད་པར་ཅན་བསྒྲུབས་པའི་ནང་དུ། རྫས་སྣ་གཞན་མང་པོ་ཡང་ཚོགས་པར་བྱས་ནས། བྲིས་སྐུ་སོགས་མེ་ལོང་གི་ནང་དུ་ཤར་བ་ལ་བལྟས་ཀྱིན་སྒོམ་པ་ཅིག །མར་འགོས་གཉིས་ཀའི་ལུགས་ལ་འདུག་པ་དང་འདྲེས་པའི་རྣམ་གཞག་ཅིག་བྱུང་འདུག་གོ །ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་བཞིན་དུ་གསུངས་པའི་སྒྱུ་མ་ལྟ་བུའི་དོན་ནི་གཉིས་ཏེ། དོན་དམ་བདེན་པ་སྒྱུ་མ་ལྟ་བུར་གསུངས་པ་ལྟ་བུ་ཡོད་ཙམ་དུ་གྲུབ་ཀྱང་བདེན་པ་ཁེགས་པ་ལ་བྱས་པ་དང༌། སྟོང་བཞིན་དུ་སྣང་བའི་སྣང་བ་སྒྱུ་མ་ལྟ་བུ་གཉིས་ལས། འདིར་ནི་ཕྱི་མའོ། །འདི་ལ་ནི་དེར་སྣང་བ་དང་སྣང་བ་ལྟར་གྱི་དོན་ཡོད་པས་སྟོང་པ་གཉིས་དགོས་ཀྱི། རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལྟར་སྣང་བ་ཙམ་དུ་ཡང་གཏན་མེད་པ་དང༌། སྣང་ཡང་སྣང་བ་ལྟར་གྱི་དོན་ཡོད་
པས་སྟོང་པར་མི་འཆར་ན་ཡང༌། སྣང་བ་སྒྱུ་མ་ལྟ་བུའི་དོན་བློ་ལ་མི་འཆར་རོ། །དེས་ན་སྒྱུ་མའི་དཔེ་དང་འདྲ་བར་ཆོས་གཞན་རྣམས་ཤེས་པར་བྱེད་ཚུལ་ནི། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྒྱུ་མ་དེ་རྟ་གླང་གིས་གདོད་མ་ནས་སྟོང་ཡང་རྟ་གླང་དུ་སྣང་བ་བསྙོན་མི་ནུས་པར་འཆར་བ་བཞིན་དུ། གང་ཟག་ལ་སོགས་པའི་ཆོས་རྣམས་ཀྱང་ཡུལ་སྟེང་ནས། རང་གི་ངོ་བོས་གྲུབ་པའི་རང་བཞིན་གྱིས་གདོད་མ་ནས་སྟོང་ཡང་དེར་གྲུབ་པར་སྣང་བ་ལ་བསྙོན་མི་ནུས་པར་ཤེས་པའོ། །དེ་ལྟར་ལྷ་དང་མི་ལ་སོགས་པར་སྣང་བ་ནི་གང་ཟག་དང༌། གཟུགས་སྒྲ་སོགས་སུ་སྣང་བ་ནི་ཆོས་སུ་འཇོག་པས། གང་ཟག་དང་ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་རྡུལ་ཙམ་ཡང་མེད་ཀྱང༌། ལས་གསོག་པ་པོ་སོགས་དང༌། བལྟ་བ་དང་མཉན་པར་བྱ་བ་སོགས་རྟེན་འབྲེལ་གྱི་བྱ་བྱེད་ཐམས་ཅད་ཀྱང་འཐད་དོ། །བྱ་བྱེད་ཐམས་ཅད་འཐད་པའི་ཕྱིར་ཆད་སྟོང་མིན་ལ། ཆོས་རྣམས་གདོད་མ་ནས་དེ་ལྟར་སྟོང་བ་ལ་སྟོང་པར་ཤེས་པ་ཙམ་ཡིན་པས། བློས་བྱས་ཀྱི་སྟོང་པའང་མིན་ཞིང༌། ཤེས་བྱ་ཐམས་ཅད་དེ་ལྟར་འདོད་པས་ཉི་ཚེ་བའི་སྟོང་པའང་མིན་པས། དེ་བསྒོམས་པས་བདེན་འཛིན་གྱི་མངོན་ཞེན་མཐའ་དག་གི་གཉེན་པོར་ཡང་འགྲོའོ། །ཟབ་མོའི་དོན་དེ་བློ་གང་གིས་ཀྱང་ཡུལ་དུ་མི་རུང་བ་མིན་གྱི། ཡང་དག་པའི་ལྟ་བས་གཏན་ལ་ཕེབས་པ་དང༌། ཡང་དག་པའི་དོན་སྒོམ་པའི་བསྒོམས་པས་ཡུལ་དུ་བྱེད་ནུས་པས། ལམ་དུས་སུ་ཉམས་སུ་ལེན་མི་ནུས་པ་དང༌།
རིག་རྒྱུ་དང་རྟོགས་རྒྱུ་ཅི་ཡང་མེད་པའི་སྟོང་པ་ཡང་མིན་ནོ། །མདོར་ན་ངའོ་སྙམ་དུ་འཛིན་པའི་གཞི་གང་ཟག་ལ། ཕུང་པོ་དང་རང་བཞིན་གཅིག་ཐ་དད་གང་དུ་གྲུབ་སྙམ་དུ་བརྟགས་པའི་སྒོ་ནས། གང་ཟག་ལ་རང་བཞིན་ཅུང་ཟད་ཀྱང་མེད་དོ་སྙམ་པའི་ངེས་པ་བརྟན་པོ་བྱ་སྟེ། སྟོང་ཕྱོགས་ལ་དེ་འདྲ་བ་མང་དུ་སྦྱར། དེ་ནས་གང་ཟག་གི་ཐ་སྙད་བསྙོན་མི་ནུས་པར་སྣང་བ་རྣམས། བློའི་ཡུལ་དུ་འཆར་དུ་གཞུག་ལ། དེ་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོར་འཇོག་པའི་རྟེན་འབྲེལ་གྱི་ཕྱོགས་རྣམས་ཡིད་ལ་བྱ་ཞིང༌། རང་བཞིན་མེད་པ་ལ་རྟེན་འབྲེལ་འཐད་པའི་འཐད་ལུགས་རྣམས་ལ་ངེས་པ་རྙེད་པར་བྱའོ། །དེ་གཉིས་འགལ་བར་སྣང་བའི་ཚེ་ན་གཟུགས་བརྙན་སོགས་དཔེར་བླངས་ནས། མི་འགལ་བའི་ཚུལ་བསམ་སྟེ། འདི་ལྟར་བྱད་བཞིན་གྱི་གཟུགས་བརྙན་ནི་མིག་སྣ་སོགས་གང་དུ་སྣང་བས་སྟོང་ཡང༌། བྱད་དང་མེ་ལོང་ལ་བརྟེན་ནས་སྐྱེ་བ་དང༌། རྐྱེན་དེ་དག་འགའ་ཞིག་ལོག་པའི་ཚེ་འཇིག་པ་གཉིས་བསྙོན་མི་ནུས་པར་གཞི་མཐུན་དུ་འདུ་བ་བཞིན་དུ། གང་ཟག་ལ་ཡང་རང་བཞིན་རྡུལ་ཙམ་མེད་ཀྱང༌། ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོ་དང༌། སྔོན་གྱི་ལས་ཉོན་སོགས་ལ་བརྟེན་ནས་སྐྱེ་བ་ཡང་མི་འགལ་ལོ་སྙམ་དུ་སྦྱང་ངོ༌། །དེ་ལ་ངེས་པ་བརྟན་པ་ན་སྣོད་གཞལ་ཡས་ཁང་དང༌། བཅུད་རྣམས་ལྷ་དང་ལྷ་མོར་ལྟ་བ་ལ་བསླབ་སྟེ། དེ་ཡང་བདེ་སྟོང་དབྱེར་མེད་ཀྱི་རྣམ་རོལ་དུ་ལྟ་བ་ལ་བསླབ་བོ། །དེ་ལྟར་བྱས་ན་གང་སྣང་ལྷ་སྐུ།
ལྷ་སྐུ་སྒྱུ་མ། སྒྱུ་མ་བདེ་བ་ཆེན་པོའི་རོར་ཤར་བའི་ཤེས་བྱ་སུམ་རིམ་མོ། །སླར་ཡང་མཉམ་གཞག་ཏུ་བདེ་ཆེན་རྙེད་པ་ན། སྟོང་ཉིད་ལེགས་པར་ངེས་པའི་ལྟ་བ་དྲན་པར་བྱས་ལ། དེའི་སྟེང་དུ་རྩེ་གཅིག་ཏུ་བཞག་སྟེ་མི་རྟོག་པ་བསྐྱེད་དེ། དེ་ལྟར་མཉམ་རྗེས་སྤེལ་མ་བྱའོ། །གཉིས་པ་རྨི་ལམ་སྒྱུ་མ་བསྒོམ་ཚུལ་ལ་བཞི། རྨི་ལམ་གཟུང་བ་དང༌། སྦྱང་ཞིང་སྤེལ་བ་དང༌། ཡ་ང་བ་སྤང་ཞིང་སྒྱུ་མར་བསླབ་པ་དང༌། རྨི་ལམ་གྱི་དེ་ཁོ་ན་ཉིད་སྒོམ་པའོ། །དང་པོ་ནི། རྨི་ལམ་འཛིན་པ་འདི་ལ་གཉིས་ལས། རླུང་སྟོབས་ཀྱིས་འཛིན་པ་ནི། སད་དུས་སུ་རླུང་དྷཱུ་ཏཱིར་ཚུད་ནས་ཐིམ་པ་ལས་སྟོང་པ་བཞི་འདྲེན་ནུས་པ་ཞིག་གིས་བྱེད་པ་ཡིན་ཏེ། བྱེད་ཚུལ་ནི་གཉིད་ཀྱི་འོད་གསལ་ཐོག་མར་བཟུང་བའི་ཚེ། གཉིད་ཀྱི་སྟོང་པ་བཞི་ལེགས་པར་ངོ་ཤེས་ནས་སྐྱོང་བ་ན། དེའི་ཕྱི་ལོགས་སུ་རྨི་ལམ་འཆར་བ་ངེས་པར་ཤེས་པས། དེ་ལ་ནི་གཉིད་ཀྱི་སྟོང་པ་རྣམས་འཛིན་པའི་ཐབས་ལས་གཞན་པའི་རྨི་ལམ་འཛིན་ཐབས་མི་དགོས་སོ། །འདུན་པའི་སྟོབས་ཀྱིས་འཛིན་པ་ནི། དེ་འདྲ་བའི་ནུས་པ་མེད་པ་ཞིག་གིས་སད་དུས་སུ་རྨི་ལམ་ཟིན་ཐབས་ཀྱི་འདུན་པ་སྦྱོང་བ་དང༌། མགྲིན་པ་སོགས་སུ་དམིགས་པ་གཏོད་པ་ཡིན་ནོ། །དེ་ལ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་རྨི་ལམ་འཛིན་ལུགས་གཙོ་བོ་ནི་སྔ་མ་ཡིན་ལ། ཕྱི་མ་ནི་ཐུན་མོང་བ་ཕལ་པའོ། །འདི་ལ་མཚུར་གྱི་ལུགས་ཀྱིས་སྙིང་གར་དམིགས་པ་གཏད་ནས་རྨི་ལམ་འཛིན་པ་དང༌། མེས་ཚོན་གྱི་ལུགས་ཀྱི་མགྲིན་པར་དམིགས་པ་གཏད་ནས་རྨི་ལམ་འཛིན་
པའི་ཚུལ་གཉིས་བཤད་པ་ལ། ཁ་ཅིག་ན་རེ་སྙིང་གར་དམིགས་པ་གཏོད་པ་འོད་གསལ་དང་འབྲེལ། མགྲིན་པར་གཏོད་པ་རྨི་ལམ་དང་འབྲེལ་ཞེས་ཟེར་མོད་ཀྱང༌། རྨི་ལམ་རླུང་སྟོབས་ཀྱིས་ཟིན་པ་ཞིན་ཡིན་ན། གཉིད་ཀྱི་སྟོང་པ་བཞི་སྔོན་ལ་བཟུང་ནས་བྱེད་ལ། དེ་ལ་ནི་སྙིང་ཁར་དམིགས་པ་གཏོད་པ་ཡིན་ནོ། །འདུན་པས་འཛིན་དགོས་པ་ཞིག་ཡིན་ན། རྨི་ལམ་ཟིན་པའི་སྔོན་དུ་གཉིད་ཀྱི་སྟོང་པ་བཞི་མི་ཟིན་པས་མགྲིན་པར་གཏོད་དོ། །འོ་ན་མགྲིན་པར་རྨི་ལམ་འཛིན་པའི་གནད་ཡོད་པར་བཤད་པ་དེ། འདུན་པས་འཛིན་དགོས་པ་ཁོ་ན་ལ་ཡིན་ནམ་སྙམ་ན། རླུང་སྟོབས་ཀྱིས་འཛིན་ནུས་པས་ཀྱང། གཉིད་དུ་འགྲོ་ཁར་མགྲིན་པར་དམིགས་པ་གཏད་ན། གནས་དེའི་དྷཱུ་ཏཱིར་རླུང་ཐིམ་ནས་སྟོང་པ་བཞི་སྔོན་དུ་འཆར་བ་ཞིག་ཡོད་མོད་ཀྱང༌། སྔོན་དུ་སྙིང་གར་རླུང་མ་འདུས་པར་མགྲིན་པར་མི་འདུ་ལ། སྙིང་གར་འདུས་ནས་ཐིམ་པ་ལས་བྱུང་བའི་སྟོང་པ་བཞི་འདྲ་བ་གནས་གཞན་དུ་འཆར་མི་ཐུབ་པས། གཉིད་དུ་འགྲོ་ཁར་སྙིང་གར་དམིགས་པ་གཏོད་དགོས་སོ། །འོན་ཀྱང་ཉལ་ཁར་མགྲིན་པ་དང་དཔྲལ་བ་སོགས་སུ་དམིགས་པ་གཏད་ན། སྙིང་གར་རླུང་འདུ་ཚབས་ཆུང་བས། གཉིད་བསྲབས་པའི་གནད་ཀྱིས་རིག་པ་གསལ་སླ་བ་དང༌། ཉལ་ཁར་མགྲིན་པར་སེམས་འཛིན་པ་གོམས་པས་ཀྱང༌། ད་གཟོད་རྨི་ལམ་ཤར་བ་ན་རྨི་ལམ་ཡུན་རིང་ངོ༌། །རྨི་ལམ་ཤར་ཟིན་པའི་འོག་ཏུ་ཡང་གཉིད་དུས་སུ་རྨི་ལམ་ཡུན་རིང་བ་ཞིག་འདོད་ན། སྔོན་ལ་མགྲིན་པར་དམིགས་པ་གཏད་དེ་
སེམས་ཡུད་ཅིག་བཟུང་ན་རྨི་ལམ་གྱི་ངང་ནས། དགེ་སྦྱོར་སྐྱོང་བ་རྒྱུན་རིང་བ་ཞིག་འོང་བའི་དབང་དུ་བྱས་ནས་རྨི་ལམ་གྱི་དགེ་སྦྱོར་གྱི་གནད་མགྲིན་པ་ན་ཡོད་པར་བཤད་དོ། །འདུན་པའི་སྟོབས་ཀྱིས་འཛིན་ཚུལ་བཤད་ན། སྤྱིར་ལམ་སྒོམ་པ་ལ་མི་ལྟོས་པར་གཞི་དུས་ནས་ཀྱང༌། རྨི་ལམ་གསལ་བ་འགའ་ཞིག་ལ། རྨི་ལམ་ཟིན་པ་མང་པོ་འོང་བས་རྨི་ལམ་ཟིན་པ་ཙམ་ཞིག་ལམ་བསྒོམས་ནས་སྒྲུབ་མི་དགོས་ལ། དེ་བཞིན་དུ་བྱ་བ་འགའ་ཞིག་ལ་སད་དུས་སུ་འདུན་པ་དྲག་པོ་ཡོད་ན། རྨི་ལམ་ན་དེ་འབྱུང་བ་ཡང་མང་བའི་གནད་ཀྱིས། ཉིན་པར་རྨི་ལམ་ཟིན་པའི་དྲན་འདུན་དྲག་པོ་རྒྱུན་ཆགས་པ་བཏང་ནའང་རྨི་ལམ་ཟིན་པ་འོང་བས། དེ་ཙམ་ཞིག་སྐྱེད་དཀའ་བ་མིན་ནོ། །འདི་ལ་རྨི་ལམ་མ་ཤར་ན་རྨི་ལམ་གྱི་དགེ་སྦྱོར་གྱི་གཞི་སྟོར་བས་འཆར་བ་ཞིག་དགོས་ལ། རྨི་ལམ་བྱུང་ཡང་མི་གསལ་ན་ཟིན་དཀའ་བས། རྨི་ལམ་གསལ་པོ་འཆར་བ་ཞིག་དགོས་ཏེ། རྨི་ལམ་གསལ་བ་ནི་སད་རྗེས་སུ་རྨི་ལམ་ཀུན་བཤད་རྒྱུ་འོང་བའོ། །དེས་ན་དང་པོ་ནས་རྨི་ལམ་གསལ་བ་དང་དེ་མིན་ཀྱང་གནས་དབེན་པ་ལ་སོགས་པ་རིག་པ་དྭངས་པའི་རྒྱུའི་ཁྱད་པར་ཚོགས་པའི་སྐབས་དང༌། མཚན་མོ་གཅིག་གིའང་ཐོ་རངས་ལྟ་བུ་རིག་པ་གསལ་དུས་སུ། རྨི་ལམ་ཟིན་པར་སླའོ། །དེའི་ཕྱིར་ཉིན་པར་གྱི་དྲན་འདུན་དྲག་པོས་བཞག་པའི་བག་ཆགས་རྨི་ལམ་དུ་སད་ཐུབ་པ་ལ་ནི། རྨི་ལམ་གྱི་ཤེས་པ་ཤིན་ཏུ་གསལ་བ་ཞིག་དགོས་པས། དེའི་ཐབས་ཀྱང་ཉིན་མོ་བསྒྲུབ་དགོས་སོ། །དེ་ནི་མན་ངག་རྣམས་ལས་འབྱུང་བ་ལྟར་མགྲིན་པ་དང༌། སྨིན་མཚམས་སུ་ཤེས་པ་གཏོད་
པ་དང༌། དམིགས་ཡུལ་འཚེར་བའི་རྣམ་པ་ཅན་སྒོམ་པ་དང༌། རླུང་སྦྱོར་བྱས་ནས་རིག་པ་དྭངས་སྙིགས་འབྱེད་པ་སོགས་ཡིན་ནོ། །དེ་ལྟར་རྨི་ལམ་གྱི་གདམས་ངག་གི་གནད་རྣམས་ལ་གོ་བ་ལེགས་པར་བཙལ་ཏེ་བྱས་ན། རྣམ་པར་དག་པའི་མྱོང་བ་ཅན་མཁས་པར་འགྲོ་ཡི། གཞན་དུ་ན་མྱོང་བ་ཅུང་ཟད་སྐྱེས་ཀྱང་ཐོམ་མེ་བ་ལས་མི་འོང་སྟེ། མན་ངག་གཞན་ལའང་དེ་དང་འདྲའོ། །རྨི་ལམ་འཛིན་པ་ལའང་རང་ལྷར་སྒོམ་པ་དང༌། བླ་མའི་རྣལ་འབྱོར་བསྒོམས་ཏེ་མཆོད་ལ། རྨི་ལམ་མང་པོ་དང༌། གསལ་པོ་དང༌། བཟང་པོ་རྨི་བ་དང༌། རྨི་ལམ་ཟིན་པ་དང༌། ཟིན་ནས་ཀྱང་རྨི་ལམ་གྱི་དགེ་སྦྱོར་རྣམས་རྒྱུད་ལ་སྐྱེ་བའི་འགལ་རྐྱེན་ཞི་ཞིང༌། མཐུན་རྐྱེན་ཚང་བའི་གསོལ་བ་དྲག་པོ་མང་དུ་འདེབས་པ་དང༌། ཡི་དམ་དང་བཀའ་སྡོད་ལ་གཏོར་མ་ཕུལ་ནས། འཕྲིན་ལས་བཅོལ་ཞིང༌། མཚམས་དམ་པར་བྱའོ། །དེ་ནས་ཉིན་མོ་དྲན་པ་རྒྱུན་ཆགས་ཀྱིས་བཟུང་བ་ནི། ད་ལྟར་གྱི་སྣང་བ་འདི་རྣམས་རྨི་ལམ་གྱི་སྣང་བར་འདུག་སྙམ་པ་དང༌། ད་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་པའི་འདུན་པ་དྲག་པོ་ཡང་ཡང་སྦྱང༌། གཞན་ཡང་ད་གཟོད་རྨི་ལམ་བྱུང་དུས་སུ། ཅི་ནས་ཀྱང་རྨི་ལམ་དུ་ངོ་ཤེས་པར་བྱས་ལ། རྨི་ལམ་གྱི་དགེ་སྦྱོར་བསྐྱང་བར་བྱའོ། །སྙམ་པའི་འཕེན་པ་དྲག་པོ་མང་དུ་སྦྱང༌། ཁྱད་པར་དུ་ཉལ་ཁར་རྒྱུན་ལྡན་དུ་སྦྱང་སྟེ་རྨི་ལམ་གསལ་ན། འདི་གཅིག་པུས་ཀྱང་ཟིན་པར་འགྱུར་རོ། །མཚན་མོ་མན་ངག་བཙན་ཐབས་ཀྱིས་བཟུང་བ་ལ་གསུམ་ལས། དང་པོ་མགྲིན་པར་ཡི་
གེ་ལ་དམིགས་པ་གཏོད་པ་ནི། གཉིད་དུ་འགྲོ་ཁར་རང་ཡི་དམ་གྱི་ལྷར་སྒོམ། སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་མང་དུ་གདབ། མགྲིན་པར་པད་མ་དམར་པོ་འདབ་མ་བཞི་པ་ཅིག་གི་ལྟེ་བའི་དྷཱུ་ཏཱིའི་ནང་དུ་ཨའམ། ༀ་དམར་པོ་ཅིག་གསུང་རྡོ་རྗེའི་ངོ་བོར་བསམ་ཞིང་དེ་ལ་ཤེས་པ་གཏད་དེ་གཞན་དུ་མི་འཕྲོ་བར་བྱས་ལ། སེམས་བཟུང་བའི་ངང་ནས་གཉིད་དུ་འགྲོ་བར་བྱའོ། །འདིའི་གདམས་ངག་འགའ་ཞིག་ལ་ༀ་ཨ་ནུ་ཏེ་ར་ཞེས་པའི་ཡི་གེ་ལྔ་བཀོད་ནས། རིམ་པ་བཞིན་དུ་སེམས་འཛིན་ལ། གདམས་ངག་གཞན་དག་ལ་དབུས་ཀྱི་ཨ་དམར་པོ་འབའ་ཞིག་ལ་སེམས་གཏོད་པའི་ལུགས་གཉིས་སྣང་བ་ལ། གཉིས་མེད་རྣམ་རྒྱལ་བརྫུས་མ་ལས། འདབ་མ་བཞི་ལ་ཨ་ནུ་ཏ་ར་བཞི་བཀོད་ནས། རིམ་པ་བཞིན་དུ་དམིགས་མོད་ཀྱང༌། དེ་ལ་ནུས་པ་ལྷག་པོ་མི་སྣང་བས་མ་བྲིས་སོ། །དབུས་ཀྱི་ཡི་གེ་ༀ་དུ་བྱེད་པ་སམ་བྷུ་ཊ་ལ་སོགས་པའི་རྒྱུད་མང་པོ་དང་མཐུན་ནོ། །འོན་ཀྱང་ཨ་དམར་པོ་བྱེད་ནའང་མི་རུང་བ་མེད། ཡི་གེ་དབུས་སུ་འགོད་པ་ན་མགྲིན་པའི་དབུ་མའི་ནང་དུ་བཀོད་པ་ལ་སེམས་འཛིན་པ་གནད་ཤིན་ཏུ་ཆེའོ། །དེ་ལྟར་དམིགས་པ་བཟུང་བ་དེས་མ་ཟིན་ན། ཡང་སྔར་བཞིན་བསྐྱར་གྱིན་གཟུང༌། དེ་ལྟར་བྱས་ཀྱང་མ་ཟིན་ན། སྨིན་མཚམས་ཀྱི་ཐིག་ལེ་ལ་བརྟེན་ནས་འཛིན་པ་ནི། ཐོ་རངས་ཚུན་ཆོད་གཉིད་འཐུག་པ་ལ་ཟིན་དཀའ་བས། ཐོ་རངས་ནས་ཉི་མ་རྩེ་ཤར་ཚུན་ལ་གཉིད་བསྲབས་པས། རྨི་ལམ་འཛིན་སླ་བའི་དུས་སུ། བླ་མའི་རྣལ་འབྱོར་བསྒོམས་ནས་གསོལ་བ་འདེབས་པ་དང༌། འདུན་པ་
སྤྱོང་བ་རྣམས་སྔར་བཞིན་བྱས་ལ། རང་ལྷར་གསལ་བའི་སྨིན་མཚམས་སུ་ཐིག་ལེ་དཀར་ལ་འཚེར་བ་སྲན་མ་ཙམ་ཞིག་ལ་ཤེས་པ་གཏད་དེ། རླུང་བུམ་པ་ཅན་བདུན་བྱས་ལ་གཉིད་དུ་འགྲོ་བར་བྱའོ། ། ཐིག་ལེ་འཚེར་དྲགས་པའི་སྣང་བ་བྱུང་ནས། གཉིད་མི་ཁུགས་པ་དང་ཅུང་ཟད་བྱུང་ཡང་སད་མགྱོགས་པར་སྣང་ན། ཅུང་མི་གསལ་བར་བྱའོ། །ཁ་ཅིག་དང་པོར་མགྲིན་པའི་ཡི་གེ་ལ་སེམས་གཏད་ན་གཉིད་མི་འོང་བས། དང་པོར་དཔྲལ་བར་ཐིག་ལེ་དཀར་པོ་ལ་གཏོད་པ་ཡིན་ཟེར་བ་ནི། ཤིན་ཏུ་ཡང་མི་རིགས་ཏེ། དེ་ནི་རྨི་ལམ་གྱི་གནས་སྐབས་སྐྱེད་པའི་སར་དམིགས་པ་གཏད་ན། གཉིད་མི་འོང་བས་སད་པའི་གནས་སྐབས་སྐྱེད་པའི་སར་སེམས་གཏད་ན་གཉིད་འོང་ངོ༌། ཞེས་སྨྲ་བའི་ཕྱིར་རོ། །མགྲིན་པར་སྲོད་དམ་ཐོ་རངས་སེམས་གཏད་པ་མང་དུ་བྱས་ཀྱང་མི་ཟིན་ན། གང་ཟག་དེ་གཉིད་འཐུག་པ་ཡིན་པས། དེ་ཅུང་སྲབ་ཏུ་གཏོང་བ་ལ་སྨིན་མཚམས་སུ་སེམས་གཏོད་པའོ། །དེ་ལྟར་བྱས་པ་དེས་གཉིད་སྲབ་དྲགས་ནས་མ་ཁུགས་པའམ་ཁུགས་ཀྱང་སད་སྐྱེན་པར་བྱུང་ནས་མ་ཟིན་ན། གསང་གནས་ཀྱི་ཐིག་ལེ་ལ་དམིགས་པ་ནི། ཉིན་པར་གྱི་འདུན་པ་སྦྱོང་བ་སོགས་སྔར་བཞིན་བྱ་ལ། ཉལ་ཁར་རྡོ་རྗེའི་ནོར་བུའི་དབུས་སུ་ཐིག་ལེ་ནག་པོ་ཅིག་ལ་སེམས་གཏད་དེ། རླུང་ཁ་སྦྱོར་ཉེར་གཅིག་བསྒོམས་ལ། སེམས་མ་ཡེངས་པར་བཟུང་བའི་ངང་ནས་གཉིད་ལོག་པར་བྱའོ། །སྔ་མ་གནས་མཐོས་པ་དང༌། དམིགས་པ་ཅུང་གསལ་བས་གཉིད་ཧ་ཅང་སྲབ་མོར་སོང་
བ་ལ། ནོར་བུར་གཉིད་འཐུག་གི་གནས་སྐབས་སྐྱེད་པའི་ཐིག་ལེ་ཡོད་པས། དེར་སེམས་གཏད་ན་གཉིད་སྲབ་འཐུག་སྙོམས་པར་འགྱུར་རོ། །དེའི་རིགས་པས་སྲོད་དང། ཐོ་རངས་ཀྱི་དུས་ཀྱི་སྒོ་ནས་ཆ་སྙོམས་པ་ཡང་ཤེས་པར་བྱའོ། །དེས་ཀྱང་མ་ཟིན་ན་ལོ་དང་ཟླ་བར་ཡང་ཟིན་ཐབས་རྣམས་བསྒོམས་གསུང་མོད་ཀྱང༌། དེ་ལྟར་བྱས་ཀྱང་མི་ཟིན་པ་ནི་གཏུམ་མོའི་སྐབས་སུ། སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱེད་ནུས་པ་ལས། ལྷན་སྐྱེས་ཀྱི་ཡེ་ཤེས་མ་སྐྱེས་པས་རླུང་སྟོབས་ཀྱིས་གཉིད་ཀྱི་འོད་གསལ་མ་ཟིན། དེ་མ་ཟིན་པས་རླུང་སྟོབས་ཀྱིས་རྨི་ལམ་འཛིན་མ་ཐུབ་པས་ལན་ཞིང༌། འདུན་པས་འཛིན་པ་ལ་དཀའ་སྤྱད་མང་པོ་བྱས་ནས་མ་ཟིན་ཀྱང༌། འགངས་ཆུང་བས་གཏུམ་མོ་ལམ་གྱི་རྨང་རྡོ་ཡིན་པ་ལ་ངེས་པ་བསྐྱེད་ནས། སླར་ཡང་དེ་བསྒོམས་ཏེ་སྲོག་དྷཱུ་ཏཱིར་ཆུད་པ་ལ་འབད་པ་རྩ་བ་བོར་ནས་ཡལ་ག་ཚོལ་བ་ལྟར་མི་འགྱུར་བ་ཤེས་པར་གྱིས་ཤིག །གཉིས་པ་སྦྱང་ཞིང་སྤེལ་བ་ནི། རྨི་ལམ་སྒྱུ་མའི་རྣམ་ཐར་ལ་སྦྱོང་བ་ལ་གཉིས་ལས། འཇིག་རྟེན་པའི་རྣམ་ཐར་ལ་སྦྱོང་བ་ནི། སྔར་མེད་པ་གསར་དུ་སྤྲུལ་པ་དང༌། སྔར་ཡོད་རྣམ་པ་གཞན་དུ་བསྒྱུར་པའི་སྤྲུལ་བསྒྱུར་སྣ་ཚོགས་ལ་སློབ་པ་དང༌། ཉི་མ་དང་ཟླ་བའི་འོད་ཟེར་ལ་ཞོན་ནས། སུམ་ཅུ་རྩ་གསུམ་ལ་སོགས་པའི་ལྷ་དང༌། མིའི་ཡུལ་ལ་སོགས་པའི་གནས་ལྟ་བའི་འཕེན་པ་བཏང་ནས། དེར་འགྲོ་བ་དང༌། ནམ་མཁའ་ལ་འཕུར་ནས་འགྲོ་བ་སོགས་སྣ་ཚོགས་པའི་རྩལ་སྦྱོང་བའོ། །འཇིག་རྟེན་ལས་འདས་པའི་རྣམ་ཐར་ལ་སྦྱོང་བ་ནི།
བདེ་བ་ཅན་དང༌། མངོན་དགའ་དང༌། འོག་མིན་སོགས་སངས་རྒྱས་ཀྱི་ཞིང་དག་པ་དང། དེར་བཞུགས་པའི་སངས་རྒྱས་བྱང་སེམས་བལྟ་བ་དང༌། མཆོད་པ་དང་ཆོས་ཉན་པ་སོགས་ཀྱི་འཕེན་པ་བཏང་ནས། དེ་རྣམས་སྒྲུབ་པའོ། །འདི་རྣམས་ལ་རྨི་ལམ་རླུང་སྟོབས་ཀྱིས་ཟིན་པ་ཡིན་ན། རླུང་བྱང་པའི་གནད་ཀྱིས་འདུན་པ་གང་བཏང་ཕལ་མོ་ཆེ་འདོད་པ་བཞིན་བྱ་བར་སླ་ལ། དེ་འདྲ་བའི་ནུས་པ་མ་ཐོབ་པས་ནི་གོམས་པ་མང་དུ་དགོས་སོ། །དེ་གཉིས་ཀས་དག་པའི་སྣོད་བཅུད་མཐོང་བ་སོགས་ནི། དེ་དག་དང་རྣམ་པ་འདྲ་བ་ཙམ་འགའ་ཞིག་ཤར་བར་ཟད་ཀྱི། དངོས་མཐོང་བ་སོགས་སུ་གཞག་དཀའོ། །ལུང་སྟོན་ལ་ཡང་ཕྱི་མའི་ལུང་སྟོན་འགའ་རེ་བདེན་པར་སྣང་ཡང༌། ཕལ་མོ་ཆེ་ངེས་པ་མིན་ལ། སྔ་མ་ཡིན་ན་རྨི་ལམ་གྱི་དགེ་སྦྱོར་གྱི་གནད་གཞན་འགའ་ཞིག་དང༌། རླུང་བྱང་བའི་གནད་འགའ་ཞིག་ལ་བརྟེན་ནས་མི་འཁྲུལ་བ་བྱ་བའི་ཐབས་ཤིག་ཡོད་པར་སྣང་ངོ༌། །སྤེལ་བ་ནི། མི་དང་དུད་འགྲོ་སོགས་སེམས་ཅན་དང༌། ཀ་བ་དང་བུམ་པ་སོགས་སེམས་ཅན་མ་ཡིན་པ་རྣམས་གཅིག་གཉིས་དང༌། གཉིས་བཞི་ལ་སོགས་པ་ནས། བརྒྱ་དང་སྟོང་ལ་སོགས་པའི་བར་དུ་སྤྲུལ་པའོ། །གསུམ་པ་ཡང་བ་སྤང་ཞིང་སྒྱུ་མར་བསླབ་པ་ལ་ཡང་བ་སྤང་བ་ནི། རྨི་ལམ་གྱི་དུས་སུ་མེ་དང་ཆུ་ལ་སོགས་པའི་ཡ་ང་བའམ་བག་ཚ་བ་བྱུང་ན། རྨི་ལམ་དུ་ངོ་ཤེས་པར་བྱས་ནས། རྨི་ལམ་གྱི་མེ་དང་ཆུ་ལ་སོགས་པས་གནོད་པར་ག་ལ་འགྱུར་སྙམ་དུ་བསམས་ལ། མཆོད་
པ་དང༌། བརྒལ་པ་ལ་སོགས་པའི་ཐོགས་བརྫིས་བྱའོ། །སྒྱུ་མར་བསླབ་པའི་ཚུལ་ནི་རྨི་ལམ་གྱི་བུམ་སྣམ་སོགས་དེ་དག་ཏུ་སྣང་ཡང༌། དེའི་ངོ་བོས་སྟོང་པར་རྟོགས་པ་ནི་རྨི་ལམ་ལ་སྨི་ལམ་དུ་ངོ་ཤེས་པ་ན་འབྱུང་ཡང༌། དེ་ཙམ་གྱིས་རྨི་ལམ་གྱི་རང་བཞིན་མེད་པར་རྟོགས་པ་མིན་ཏེ། དཔེར་ན་སད་དུས་སུ་མེ་ལོང་ལ་ཤར་བའི་བཞིན་གྱི་གཟུགས་བརྙན་བཞིན་གྱིས་སྟོང་པར་རྟོགས་ཀྱང༌། གཟུགས་བརྙན་གྱི་དེ་བཞིན་ཉིད་རྟོགས་པ་མིན་པ་བཞིན་ནོ། །དེས་ན་རྨི་ལམ་ལ་རྨི་ལམ་དུ་མ་ཤེས་པར་འཁྲུལ་བ་ནི། བྱིས་པ་ཆུང་དུས་བྱད་བཞིན་གྱི་གཟུགས་བརྙན་ལ་བྱད་བཞིན་དངོས་ཡིན་པར་འཛིན་པ་དང་འདྲ། རྨི་ལམ་ལ་རྨི་ལམ་དུ་ཤེས་པ་ནི་རྒན་པོ་བརྡ་ལ་བྱང་བས། བྱད་བཞིན་དུ་སྣང་ཡང་བྱད་བཞིན་གྱིས་སྟོང་པར་ཤེས་པ་དང་འདྲ། བྱད་གཞིན་གྱི་གཟུགས་བརྙན་བྱད་བཞིན་གྱིས་སྟོང་པ་དཔེར་བྱས་ནས། ཆོས་གཞན་རྣམས་ཀྱང་དེ་བཞིན་དུ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པར་ཤེས་པར་བྱེད་པ་བཞིན་དུ། རྨི་ལམ་ལ་རྨི་ལམ་དུ་ཤེས་པ་དེ་དཔེ་ལ་བླངས་ནས། ཆོས་གཞན་ཐམས་ཅད་ཀྱང་དེ་དང་འདྲ་བར་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་ངེས་པར་བྱ་སྟེ། བདེན་འཛིན་གྱིས་ཇི་ལྟར་བཟུང་བ་ལེགས་པར་ཤེས་ནས་དེས་བཟུང་བ་ལྟར་མེད་པའི་རྒྱུ་མཚན་ཡང་དག་རྣམས་ཤེས་དགོས་སོ། །དེ་ལྟར་ཤེས་ནས་རྨི་ལམ་གྱི་སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་གཉིས་ཀྱི་རྣམ་པར་འཆར་བ་ལ་བསླབ་ཅིང༌། དེ་ལྟར་ཤར་བ་དེ་དག་ཀྱང་རང་གི་ངོ་བོས་གྲུབ་པས་སྟོང་བཞིན་དུ་དེར་སྣང་བའི་སྒྱུ་མར་འཆར་
བ་ལ་བསླབ་སྟེ། དེ་དག་ཐམས་ཅད་ཀྱང་བདེ་སྟོང་གཉིས་ཀྱི་རྣམ་རོལ་དུ་བལྟ་བ་སད་དུས་བཞིན་བྱའོ། །བཞི་པ་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་ནི། འོད་གསལ་དང་གཅིག་ཏུ་བྱེད་པ་ཡིན་ཞིང༌། དེ་ནི་རང་ཡི་དམ་དུ་གསལ་བར་བསྒོམས་ལ། རང་གི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས། རྨི་ལམ་གྱི་སྣོད་བཅུད་ཐམས་ཅད་ཧཱུཾ་ཡིག་ལ་བསྡུ། རང་ཡང་ལུས་ཀྱི་སྟོད་སྨད་ནས་རིམ་པ་བཞིན་ཧཱུཾ་ལ་བསྡུ་ཞིང༌། ཧཱུཾ་ཡིག་ཀྱང་མི་དམིགས་པར་འོད་གསལ་དུ་གཞུག་ལ་སེམས་གཡོ་མེད་དུ་བཟུང་ངོ༌། །དེ་ཡང་སད་དུས་ཀྱི་ཡིད་ངོའི་སྣང་བ་དང༌། རྨི་ལམ་གྱི་ཡིད་ངོའི་སྣང་བ་གཉིས་ཕྱི་མ་སྡུད་པ་ཆེས་སླ་ལ། དེའི་དུས་སུ་རླུང་ཤིན་ཏུ་རགས་པ་འགའ་ཞིག་ཐིམ་ཡོད་པའི་གནད་ཀྱིས། སླར་ཡང་རླུང་སྙིང་གར་འདུ་ཞིང་རྨི་ལམ་གྱི་སྣང་བ་མི་འཆར་བར་གཉིད་དུ་འགྲོའོ། །དེའི་ཚེ་གཉིད་ཀྱི་སྟོང་པ་རྣམས་ཅུང་ཟད་ངེས་ནུས་ལ། ལན་འགའ་ཟུང་ལ་ངེས་མ་ཐུབ་ནའང༌། དེ་གོམས་པ་ན་རྣམ་པ་གསལ་པོར་གཉིད་ཀྱི་སྟོང་པ་རྣམས་ངེས་ནུས་པ་ཞིག་འོང་ངོ༌། །དེའི་སྡུད་རིམ་དང་སྟོང་པ་རྣམས་རེ་བརྟན་བྱུང་ན། ཉིན་མོའི་རླུང་སྦྱོར་བསྒོམ་པ་སོགས་ལའང་བོགས་ཐོན་པར་འགྱུར་ཞིང༌། མཚན་མོའི་གཉིད་ཀྱི་སྟོང་པ་རྣམས་གཉིད་དུ་ཐོག་མར་འགྲོ་བའི་མཚམས་ནས་མ་ཟིན་ཀྱང༌། རྨི་ལམ་ཟིན་པའི་རྗེས་ནས་སྔར་ལྟར་བྱས་པས་ཁྱད་པར་ཅན་ཟིན་པར་འགྱུར་རོ། །གསུམ་པ་བར་དོ་སྒྱུ་མ་བསྒོམ་ཚུལ་ལ་གཉིས། བར་དོའི་རྣམ་གཞག་སྤྱིར་བསྟན་པ་དང༌། ཉམས་སུ་ལེན་པའི་རིམ་པ་
བསྟན་པའོ། །དང་པོ་ནི། ཤི་བའི་དུས་ཀྱི་འཆི་སྲིད་འགགས་པ་དང༌། བར་དོ་གྲུབ་པ་གཉིས་སྲང་མདའི་མཐོ་དམན་པ་བཞིན་འོང་ངོ༌། །དེ་ཡང་དབང་པོ་ཀུན་ཚང་བ། གང་དུ་སྐྱེ་འགྱུར་གྱི་ལུས་དབྱིབས་ཅན། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། སྐྱེ་གནས་མ་གཏོགས་པ་ལ་ཐོགས་པ་མེད་པ། བར་དོའི་ལུས་བླངས་པ་དེའི་ཚེའི་ཚད་ནི། རིང་མཐའ་ཞག་བདུན་ཡིན་ཞིང༌། དེ་ཚུན་ཆད་དུ་ངེས་པ་མེད་ལ། དེ་ལ་སྐྱེ་སྲིད་དུ་སྐྱེ་མ་ཐུབ་ན་སླར་ཡང་བར་དོར་སྐྱེས་ནས། ཞག་བདུན་གྱི་ཚུལ་གྱིས་སྐྱེ་བའི་རྐྱེན་གྱི་ཚོགས་པ་མ་རྙེད་ན། ཞག་ཞེ་དགུ་བར་དུ་གནས་ལ། དེ་ཚུན་ཆད་ཀྱི་ངེས་པར་སྐྱེ་བ་ལེན་ནོ། །བརྫུས་ཏེ་སྐྱེ་ན་གནས་ལ་སྲེད་པ་སྐྱེ། དྲོད་གཤེར་ལས་སྐྱེ་ན་དྲི་རོ་ལ་སྲེད་པ་སྐྱེ། སྒོ་ང་ལས་སྐྱེ་བ་དང་མངལ་ལས་སྐྱེ་ན། ཕ་མ་ཉལ་པོ་བྱེད་པ་དངོས་སམ་དེར་སྣང་བ་ལ་ཆགས་སྡང་སྐྱེ་སྟེ། མོར་སྐྱེ་ན་ཕ་ལ་ཆགས་མ་ལ་སྡང༌། ཕོར་སྐྱེ་ན་ཕ་ལ་སྡང་མ་ལ་ཆགས་པ་དང༌། གཞན་རྣམས་ཀྱང་སྐྱེ་གནས་ལ་ཞེ་སྡང་སྐྱེས་པས་འཆི་རྐྱེན་བྱས་ནས་སྐྱེ་བ་ཡིན་ལ། དེ་ཡང་མི་དགེ་བ་བྱེད་པའི་བར་དོ་ནི་ཕྱར་བ་ནག་པོའམ་མཚན་མོ་མུན་ནག་ལྟ་བུ་དང༌། དགེ་བ་བྱེད་པའི་བར་དོ་ནི་སྣམ་བུ་དཀར་པོའམ་ཟླ་འོད་དང་བཅས་པའི་མཚན་མོའི་སྣང་བ་ལྟ་བུ་འབྱུང་ངོ༌། །དམྱལ་བའི་བར་དོ་ནི་སྡོང་དུམ་ཚིག་པ་ལྟ་བུ་དང༌། དུད་འགྲོའི་བར་དོ་ནི་དུ་བ་ལྟ་བུ་དང༌། ཡི་དྭགས་ཀྱི་བར་དོ་ནི་ཆུའི་ཁ་དོག་ལྟ་བུ་དང༌། འདོད་ལྷ་དང་མིའི་བར་དོ་ནི་གསེར་ལྟ་བུ་དང༌། གཟུགས་ཁམས་པའི་བར་དོ་ནི་དཀར་པོར་མངལ་འཇུག་ལས་
གསུངས་ལ། གཟུགས་མེད་ནས་ཁམས་འོག་མ་གཉིས་སུ་སྐྱེ་ན་བར་དོ་ཡོད་ལ། དེ་གཉིས་ནས་གཟུགས་མེད་དུ་སྐྱེ་ན་གང་དུ་ཤི་བ་དེར་གཟུགས་མེད་ཀྱི་ཕུང་པོ་འགྲུབ་ཀྱི་བར་དོ་མེད་དོ། ཞེས་གསུངས་པས་ཡར་མར་གྱི་མཚམས་མེད་ལ་བར་དོ་མེད་པར་འདོད་པ་ནི་རྟོག་བཏགས་འབའ་ཞིག་གོ །འདིར་མཛོད་ལས། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། ཞེས་བར་དོ་དེ་སྔོན་འབྱུང་གི་སྲིད་པའི་གཟུགས་བརྙན་ཅན་དུ་གསུངས་པའི་དོན། ད་གཟོད་འབྱུང་འགྱུར་གྱི་འཆི་སྲིད་ཀྱི་སྔོན་དུ་འབྱུང་བའི་སྔོན་དུས་ཀྱི་སྲིད་པ་ལ་བཤད་པ་མ་གོ་བར། བར་དོ་དེ་སྔར་མ་ཤི་བའི་དུས་ཀྱི་སྲིད་པའི་གཟུགས་ཅན་དུ་གོ་ནས། བར་དོ་ཐམས་ཅད་སྔར་མ་ཤི་བའི་དུས་ཀྱི་གཟུགས་ཅན་དང༌། དེ་དུས་ཀྱི་གྲོགས་ལ་སོགས་པའི་སྣང་བ་ཅན་དུ་ཁ་ཅིག་འདོད་པ་བྱུང་ལ། ཡང་ཁ་ཅིག་ཀུན་ལས་བཏུས་ལས། གང་དུ་སྐྱེ་བར་འགྱུར་བའི་བྱད་གཟུགས་སོ། ཞེས་གསུངས་པ་མཐོང་ནས་ལུས་ཕྱི་མ་ལེན་རྒྱུའི་བྱད་གཟུགས་ཅན་དང༌། དེ་དུས་ཀྱི་གྲོགས་ལ་སོགས་པའི་སྣང་བ་ཅན་དུ་འདོད་པ་བྱུང༌། ཡང་གཞན་དག་སྐྱེ་བ་སྔ་ཕྱི་གཉིས་ཀའི་གཟུགས་ཅན་དུ་བཤད་འདུག་པས། བར་དོའི་ཞག་བདུན་གྱི་ཕྱེད་ཞག་ཕྱེད་དང་བཞིར་སྐྱེ་བ་སྔ་མའི་ལུས་དབྱིབས་དང༌། དེའི་དུས་ཀྱི་སྣང་བ་འབྱུང༌། ཞག་ཕྱེད་དང་བཞིར་སྐྱེ་བ་ཕྱི་མའི་ལུས་དབྱིབས་དང༌། དེའི་དུས་ཀྱི་སྣང་བ་འབྱུང་བ་དང༌། ཞག་སྔ་མ་ཕྱེད་དང་བཞི་སོང་བའི་མཚམས་ནས། རང་ཤི་བ་དང་བར་དོར་གནས་
པ་ཤེས་པ་ཡིན་ཞེས་ཟེར་མོད་ཀྱང༌། ཁུངས་རྣམ་དག་ཡེ་མི་སྣང་ཞིང༌། སྒྲུབ་བྱེད་རྣམ་དག་གཞན་ཡང་མི་འདུག་པས་རྟོག་བཏགས་སོ། །བར་དོའི་སྒྲ་དོན་ཡང༌། མཛོད་ལས། འདིར་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་དེའོ། ཞེས་འདི་ནས་ཤི་ནས་ཕ་རོལ་སྐྱེ་སྲིད་དུ་སྐྱེ་བ་མ་བླངས་པའི་བར་གྱི་སྲིད་པ་ལ་གསུངས་པས། སྐྱེ་ཤི་བར་དོ་ལས་གཞན་པའི་སྲིད་པ་བར་དོ་མེད་ཀྱི། དེ་ཉིད་ལ་སྲིད་པ་བར་དོར་གསུངས་སོ། །འོན་ཀྱང་གདམས་ངག་འདི་ལས། སྐྱེས་ནས་ད་གཟོད་མ་ཤིའི་བར་གྱི་ད་ལྟར་གྱི་སྐབས་ལ་སྐྱེ་འཆི་བར་དོ་དང༌། ཡང་ད་ལྟ་གཉིད་དུ་སོང་ནས་མ་སད་ཀྱི་བར་གྱི་སྐབས་ལ་རྨི་ལམ་བར་དོ་དང༌། ཡང་ད་གཟོད་ཤི་ནས་སྐྱེ་སྲིད་དུ་སྐྱེ་བ་མ་བླངས་པའི་བར་གྱི་སྐབས་འདི་ལ། སྲིད་པ་བར་དོ་ཞེས་འཆད་པ་འདི་ཇི་ལྟར་ཡིན་སྙམ་ན། འདི་ལ་གསང་འདུས་འཕགས་སྐོར་དུ་སྟོང་པ་བཞིའི་རིམ་གྱིས་འོད་གསལ་མངོན་དུ་བྱེད་པ་དེ། འཆི་རིམ་བཞིན་དུ་བྱེད། སྒྱུ་མའི་ལོངས་སྐུ་སྒྲུབ་པ་དེ་བར་དོ་ཇི་བཞིན་དུ་བྱེད། ཕྲ་བའི་ལོངས་སྐུས་རགས་པའི་སྤྲུལ་སྐུའི་ལུས་འཛིན་པ་དེ། སྐྱེ་བ་ལེན་པ་བཞིན་དུ་བྱེད་པས། གདམས་ངག་དང་མི་ལྡན་པ་ལ། ཐ་མལ་པའི་སྐྱེ་ཤི་བར་དོ་གསུམ་དུ་འོང་རྒྱུ་དེ། གདམས་ངག་དང་ལྡན་པའི་རྣལ་འབྱོར་པ་ལ། ཐོག་མར་ལམ་གྱི་སྐུ་གསུམ་དང༌། མཐར་འབྲས་བུའི་སྐུ་གསུམ་དུ་འཆར་པ་ཞིག་བྱེད་ལ། འདྲ་བ་དང་འབྲེལ་པ་ཁྱད་པར་ཅན་ལ་བརྟེན་ནས། ལམ་དང་འབྲས་བུའི་སྐུ་གསུམ་ལ་གཞིའི་ཆོས་གསུམ་གྱི་མིང་གིས་བཏགས་པ་དང༌།
གཞིའི་ཆོས་གསུམ་ལ་སྐུ་གསུམ་གྱི་མིང་གིས་བཏགས་པ་མཛད་དེ། ཁུངས་དང་བཅས་པ་གཞན་དུ་རྒྱས་པར་བཤད་ཟིན་ཏོ། །དེ་ལྟར་ན་ད་ལྟ་སད་དུས་སུ་སྒྱུ་ལུས་སྒྲུབ་པ་བར་དོ་བཞིན་དུ་སྒྲུབ་པས། གནས་སྐབས་འདིར་ཡང་བར་དོའི་མིང་གིས་བཏགས་པ་ཞིག་མཛད་དོ། །དེ་བཞིན་དུ་གཉིད་ཀྱི་འོད་གསལ་གྱི་མཇུག་ཏུ། རྨི་ལམ་གྱི་སྒྱུ་ལུས་བར་དོ་ཇི་བཞིན་དུ་སྒྲུབ་པ་ཞིག་ཡོད་པས། རྨི་ལམ་ལ་ཡང་བར་དོའི་མིང་གིས་བཏགས་ཤིང༌། གང་ཟག་ཁྱད་པར་ཅན་གྱིས་འཆི་བའི་འོད་གསལ་གྱི་མཐར། གཞན་ལ་བར་དོར་འོང་རྒྱུ་དེ་ལོངས་སྐུར་སྐྱེད་པ་ཞིག་ཡོད་པས། དེ་ལ་བསམས་ནས་བར་དོར་བཤད་དོ། །དེའི་ཕྱིར་བར་དོ་གསུམ་བཤད་པར་སྣང་ཡང་། དེ་རྣམས་གང་གི་ཆེད་དུ་བཤད་པ་གོ་བ་ཤིན་ཏུ་ཉུང་བར་བྱུང་སྣང་སྟེ། གཞིའི་ཆོས་གསུམ་ལམ་གྱི་སྐུ་གསུམ་དུ་འཁྱེར་པའི་རྣམ་གཞག་གང་བྱུང་ཐམས་ཅད། ད་གཟོད་ཀྱི་མཐར་འོང་བའི་སྐྱེ་ཤི་བར་དོ་གསུམ་དང་བསྲེ་བ་ཁོ་ན་ལ་འཇོག་པར་སྣང་བའི་ཕྱིར་རོ། །དེ་ལྟར་སད་དུས་ཀྱི་སྒྱུ་ལུས་དང༌། རྨི་ལམ་གྱི་སྒྱུ་ལུས་དང༌། བར་དོ་འོང་བའི་དོད་ལ་སྒྲུབ་པའི་སྒྱུ་ལུས་གསུམ། གཞིའི་བར་དོ་ཇི་བཞིན་དུ་སྒྲུབ་ཤེས་ན། སད་དུས་སུ་གཏུམ་མོ་བསྒོམས་པས་སྲོག་དབུ་མར་ཞུགས་གནས་ཐིམ་གསུམ་བྱུང་བའི་སྟོབས་ཀྱིས། སྟོང་པ་བཞིའམ་དགའ་པོ་བཞིའི་རིམ་གྱིས་འོད་གསལ་
མངོན་དུ་བྱེད་པ་དེ། འཆི་བའི་དུས་སུ་རླུང་སེམས་རིམ་གྱིས་དབུ་མར་ཞུགས་ནས། འཆི་བའི་འོད་གསལ་མངོན་དུ་བྱེད་པ་ཇི་བཞིན་དུ། སད་དུས་ཀྱི་འོད་གསལ་དང༌། གཉིད་དུས་ཀྱི་འོད་གསལ་དང༌། འཆི་ཁའི་འོད་གསལ་བསྒོམ་ཚུལ་གསུམ་ག་ཡང༌། གཞིའི་འཆི་རིམ་ལ་རླུང་སེམས་དབུ་མར་སྡུད་པའི་རིམ་པས། སྟོང་པ་བཞི་འཆར་བ་ཇི་བཞིན་དུ་བྱ་དགོས་པར་ཤེས་དགོས་སོ། །དེ་འདྲ་བའི་སུམ་ཚན་གསུམ་པོ་དེ་ཤེས་ན། སད་དུས་ཀྱི་ཕྲ་བའི་སྒྱུ་ལུས་ཀྱི་མཐར་རགས་པའི་སྤྲུལ་སྐུའི་ལུས་འཛིན་པ་དང༌། རྨི་ལམ་གྱི་མཐའ་སད་ལ་ཁད་པའི་དུས་སུ། ཕྲ་བའི་ལོངས་སྐུ་དེས་རགས་པའི་སྤྲུལ་སྐུའི་ལུས་འཛིན་པ་དང༌། ཤི་བའི་འོད་གསལ་གྱི་མཐར་བར་དོའི་དོད་ལ་ལོངས་སྐུར་ལངས་པ་དེས། རགས་པའི་སྤྲུལ་སྐུའི་ལུས་འཛིན་པ་ཞིག་ཀྱང་ཤེས་དགོས་མོད་ཀྱང་དེ་དག་ལ་ཇི་ལྟར་ཡིན་གྱི་ཐེ་ཚོམ་ཡང་སྐྱེ་དཀའ་བར་བྱུང་སྣང་བར་ཤེས་ནས། ལེགས་པར་རྩད་གཅད་པར་བྱའོ། ། དེ་ལྟར་རྟོགས་ན་འཆི་བ་ཆོས་སྐུ་དང༌། བར་དོ་ལོངས་སྐུ་དང༌། སྐྱེ་བ་སྤྲུལ་སྐུའི་བསྲེ་བ་གསུམ་པོ་རེ་རེ་ལ་བསྲེ་བ་གསུམ་གསུམ་དུ་འགྱུར་བས། བསྡུ་ན་བསྲེ་བ་གསུམ་དང༌། ཕྱེ་ན་དགུར་འགྱུར་བའི་བསྲེ་བའི་ཚུལ་བླ་ན་མེད་པ་རྣམས་ཤེས་པར་འགྱུར་རོ། །དེ་ལྟ་མིན་པར་ཁ་ཅིག་འདོད་ཆགས་དབང་གསུམ་པ་དང་བསྲེ། གཏི་མུག་འོད་གསལ་དང་བསྲེ། ཞེ་སྡང་སྒྱུ་ལུས་དང་བསྲེ་བའི་བསྲེ་བ་གསུམ་བྱེད་པ་ནི། དབང་གསུམ་པ་དངོས་དབང་དུ་བསྐུར་བ་ལ་བརྟེན་ནས། འདོད་ཆགས་ལམ་དུ་བྱེད་པ་ཞིག་ཡོད་ཀྱང༌། འདིར་སྔོན་དུ་འགྲོ་བའི་དབང་དང༌། དེའི་རྗེས་སུ་ལམ་རིམ་པ་གཉིས་
ལས་བསྐྱེད་རིམ་ལ་སློབ་པའི་དུས་ཀྱི། བསྲེ་བ་ངོས་འཛིན་པ་མིན་གྱི། རྫོགས་རིམ་གྱི་སྟེང་ནས་བསྲེ་བ་དུ་བྱེད་སྟོན་པས། འདོད་ཆགས་དབང་དང་བསྲེ་བ་འདིར་སྟོན་པ་ནི་སྐབས་དང་མ་འབྲེལ་ལོ། །བར་དོའི་ཕྱོགས་གཅིག་མངལ་དུ་སྐྱེ་བའི་བར་དོས་ལུས་ལེན་པ་ན། འདོད་ཆགས་དང་ཞེ་སྡང་གི་སེམས་གང་རུང་ཞིག་མངོན་དུ་འགྱུར་བར་གསུངས་པའི་གདམས་ངག་ལ་བསམས་ནས། སྒྱུ་ལུས་ཞེ་སྡང་དང་བསྲེ་ཟེར་བ་མ་གཏོགས་པ་གཞན་མེད་ལ། དེ་ལྟ་ན་ཤིན་ཏུ་གལ་ཆེ་བའི་སད་དུས་ཀྱི་སྒྱུ་ལུས་དང༌། རྨི་ལམ་གྱི་སྒྱུ་ལུས་དང་བསྲེ་བ་བོར་ན། སྒྱུ་ལུས་ཀྱི་བསྲེ་བ་དངོས་སྟོར་ནས་འགྲོ་བ་དང༌། ཡང་གལ་ཆེ་བ་ཤི་བའི་འོད་གསལ་གྱི་མཐར་བར་དོ་ཇི་བཞིན་དུ་སྒྱུ་ལུས་སྒྱུབ་པའི་བསྲེ་བ་ཡང་སྟོར་བར་འགྱུར་བ་དང༌། མངལ་སྐྱེས་སྐྱེ་བ་ལེན་ཁར་ཡང༌། འདོད་ཆགས་ཀྱི་སེམས་ཀྱིས་ཀྱང་མཚམས་སྦྱོར་བར་གསུངས་པས། སྒྱུ་ལུས་དང་འདོད་ཆགས་བསྲེ་ཞེས་ཀྱང་བྱ་དགོས་པར་འགྱུར་བས། རྣམ་གཞག་དེ་རྣམས་མི་ལེགས་སོ། །ཡང་ཁ་ཅིག །སྐྱེ་ཤི་བར་དོ་ལ་འདོད་ཆགས་ཤས་ཆེ་བས་འདོད་ཆགས་དང་བསྲེ་བ་ཡིན། རྨི་ལམ་བར་དོ་ལ་གཏི་མུག་དང་བསྲེ་བ་ཡིན། སྲིད་པ་བར་དོ་ལ་ཞེ་སྡང་ཤས་ཆེ་བས་ཞེ་སྡང་དང་བསྲེ་བ་ཡིན། ཞེས་ཟེར་བ་ཡང་མི་འཐད་པ་སྔ་མས་རྟོགས་པར་ནུས་ལ། ཁྱད་པར་དུ། གཉིད་དང་རྨི་ལམ་བར་ཤེད་ན། །གཏི་མུག་ཆོས་སྐུའི་ངོ་བོ་ཅན། ཞེས་གཉིད་དུ་ནི་སོང༌། རྨི་ལམ་
མ་ཤར་བའི་བར་དེར། གཉིད་ཀྱི་འོད་གསལ་འཛིན་པར་བཤད་པའི་ལུང་ཚད་མར་ཁས་བླངས་ནས། ཡང་རྨི་ལམ་གྱི་དུས་སུ་གཏི་མུག་དང་འོད་གསལ་བསྲེ་བར་འདོད་པ་ནང་འགལ་ལོ། །ཡང་མར་པས་མཛད་ཟེར་བ་ཞིག་ཏུ། འདོད་ཆགས་དང་ཟག་མེད་དུ་བསྲེ་བ། ཞེ་སྡང་དང་སྒྱུ་ལུས་སུ་བསྲེ་བ། གཏི་མུག་དང་འོད་གསལ་དུ་བསྲེ་བ་འབྱུང་ཡང༌། སྔ་མ་གཉིས་ལ་ཡིད་བརྟན་མི་སྣང་ངོ༌། །ཡང་བླ་མ་ཁ་ཅིག་སྐྱེ་ཤི་བར་དོ་ལ་རིམ་གཉིས་སྒོམ་པའི་བསྲེ་བ་སྐོར་གཅིག །དེ་འབྱོངས་པ་དང་རྨི་ལམ་བར་དོ་ལ་གཏི་མུག་དང་འོད་གསལ་བསྲེས་ནས། རིམ་གཉིས་སྒོམ་པའི་བསྲེ་བ་སྐོར་གཉིས། དེ་འབྱོངས་པ་དང་སྲིད་པ་བར་དོ་ལ་ཞེ་སྡང་དང་ཆོས་ཉིད་དུ་བསྲེས་ནས། རིམ་གཉིས་སྒོམ་པའི་བསྲེ་བ་སྐོར་གསུམ་མོ། ཞེས་ཟེར་བ་ལ་ཡང་སྙིང་པོ་ཡོད་པར་མ་མཐོང་ངོ་། །འདིར་བར་དོ་གསུམ་གྱི་ལུས་གསུམ་ལ་སོགས་པའི་བར་དོའི་རྣམ་གཞག་བཅོ་ལྔ་བྱེད་པར་སྣང་ཡང་ཤིན་ཏུ་རྟོགས་སླ་བས་མ་བྲིས་སོ། །གཉིས་པ་ཉམས་སུ་ལེན་པའི་རིམ་པ་ལ་གཉིས། བར་དོ་འཛིན་པ་པོའི་གང་ཟག་གི་དབྱེ་བ་དང༌། དེ་རྣམས་ཀྱིས་ཇི་ལྟར་འཛིན་པའི་ཚུལ། དང་པོ་ནི། བར་དོ་འཛིན་པ་འདི་ལ་གང་ཟག་རྣམ་པ་གསུམ་ཡོད་དེ། རབ་ནི་ཞལ་ལུང་དང་སྤྱོད་བསྡུས་དང་སྒྲོན་གསལ་ལས་གསུངས་པ་ལྟར། འཆི་བའི་མཐའ་བར་དོ་འོང་བའི་དོད་ལ་སྒྱུ་མའི་ལོངས་སྐུ་གྲུབ་ནས། རྟེན་དེ་ལ་འཚང་རྒྱ་བ་ཅིག་སྟེ། འདི་ལ་བོད་ཀྱི་མཁས་པ་སྔ་མ་རྣམས་ལེ་ལོ་ཅན་བར་དོར་འཚང་རྒྱ་བ་
ཞེས་པའི་ཐ་སྙད་མཛད་དེ། ལེ་ལོ་མེད་ཀྱང་ཚེ་འདིར་སྤྱོད་པ་བྱེད་པའི་ཡོ་བྱད་མ་ཚང་བ་བར་དོར་འཚང་རྒྱ་བ་ཞིག་ཀྱང་ཡོད་པས། མིང་དེ་ནི་ཕྱོགས་གཅིག་གིས་བཏགས་པའོ། །འདི་ལ་ཚེ་འདིར་ལམ་གྱི་རྟོགས་པ་ཇི་ཙམ་ཞིག་ཐོབ་པ་དགོས་སྙམ་ན། རིམ་པ་དང་པོའི་རྟོགས་པ་མཐར་ཕྱུང༌། དེ་ནས་སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་དགའ་བ་བཞི་དང༌། སྟོང་པ་བཞིའི་ཡེ་ཤེས་རིམ་གྱིས་བསྐྱེད་དེ་སྒྱུ་མའི་སྐུ་དངོས་གྲུབ་པ་ལ་ཉེ་བ་ཞིག་དགོས་སོ། །འབྲིང་ནི་སྲོག་དྷཱུ་ཏཱིར་ཚུད་ནས་ཐིམ་པ་ལས་བྱུང་བའི་སྟོང་པ་བཞི་སྐྱེད་པ་བྱང་བ་ཞིག་ཡིན་ལ། དེ་ལྟར་ནུས་པའི་སྟེང་ནས་གཉིད་ཀྱི་སྟོང་པ་དང་བསྲེ་ནུས་ན་ནི་ཤིན་ཏུ་བསྔགས་ཏེ། གཉིད་ཀྱི་སྟོང་པ་དང་བསྲེ་བ་ནི། རླུང་སྟོབས་ཀྱིས་འཆི་བའི་སྟོང་པ་དང་བསྲེ་བའི་ཚད་འཛིན་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་ལ་ནི་གཉིད་འཐུག་གི་སྐབས་སུ་ཡང་དེའི་སྟོང་པ་དང་བསྲེ་ནུས་ན་ལེགས་པར་མངོན་ནོ། །ཐ་མ་ནི། དབང་རྫོགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་སྲུང་བ། རིམ་པ་དང་པོའི་རྣལ་འབྱོར་ལ་བརྩོན་ཞིང༌། རྫོགས་རིམ་བསྒོམ་པ་ཞིག་གིས། འཆི་བའི་དུས་སུ་ས་ཆུ་ལ་ཐིམ་པའི་རྟགས་ནས་འཆི་བའི་འོད་གསལ། དངོས་གཞི་འཆར་བའི་རིམ་པ་དང༌། དེ་ལས་ལངས་མ་ཐག་ཏུ་བར་དོ་འགྲུབ་པའི་རིམ་པ་ལེགས་པར་ཤེས་ནས། ད་ལྟ་ནས་དེའི་གདམས་ངག་རྣམས་མང་དུ་སྐྱོང་བ་ཡིན་ཏེ། འདི་ནི་རྨི་ལམ་འདུན་པས་འཛིན་པ་དང་འདྲ་སྟེ། འཆི་བའི་
འོད་གསལ་རླུང་སྟོབས་ཀྱིས་མི་ཟིན་ཀྱང༌། དེའི་གདམས་ངག་ལ་གོམས་པའི་སྟོབས་ཀྱིས་འཇུག་པའི་ཕྱིར་རོ། །དེ་རྣམས་མིན་པའི་ཚེ་འདིར་སེམས་གནས་བརྟན་པའི་གོམས་པ་ཆེ་བས་ཀྱང་འཆི་བ་ལ་ཉེ་བའི་ཚེ་ཏིང་ངེ་འཛིན་དེ་ཡིད་ལ་བྱས་ན། དེའི་རྒྱུན་འབྱུང་བར་མངོན་ཏེ། ཚེ་འདིར་གང་ལ་གོམས་ཆ་ཆེ་བའི་དགེ་བའི་སེམས་དྲན་ན། འཆི་སྲིད་ཀྱི་སྔ་ལོགས་པར་དུ་འཇུག་པར་གསུངས་པའི་ཕྱིར་རོ། །འོན་ཀྱང་འདི་ནི་ཏིང་ངེ་འཛིན་ཐུན་མོང་བ་ཡིན་ནོ། །གཉིས་པ་དེ་རྣམས་ཀྱིས་ཇི་ལྟར་འཛིན་པའི་ཚུལ་ནི། གང་ཟག་རབ་བར་དོར་འཚང་རྒྱ་བ་ཞེས་པ་ནི། ཚེ་འདིར་འཚང་རྒྱ་མི་ནུས་པ་ཞིག་ཡིན་ནོ། །འདི་ལ་འཆི་བའི་འོད་གསལ་ཟིན་ན་དུས་དེར་འཚང་རྒྱ་བར་འདོད་ཅིང༌། དེ་ཡང་བར་དོ་དང་པོར་སངས་རྒྱས་པ་ཞེས་ཟེར་བ་ནི། ཤིན་ཏུ་མི་རིགས་ཏེ། འཆི་སྲིད་མ་འགགས་པར་བར་དོ་གྲུབ་པ་གཞུང་ཚད་ལྡན་རྣམས་དང་འགལ་བའི་ཕྱིར་དང༌། འཆི་སྲིད་ཚེ་འདི་དང་བར་དོ་གཉིས་ཀྱི་ནང་ནས། ཚེ་འདི་ཉིད་དུ་གཞག་དགོས་པའི་ཕྱིར་དང༌། དེར་འཆི་བའི་འོད་གསལ་ཟིན་ན་སྐབས་དེར་སངས་རྒྱས་པ་གཞུང་ཚད་ལྡན་གང་ནས་ཀྱང་མ་བཤད་ཅིང༌། མི་འཐད་པའི་ཕྱིར་རོ། །འདི་ལྟར་འབྲས་བུའི་ཆོས་སྐུ་སྔར་མ་ཐོབ་གསར་དུ་ཐོབ་པའི་དངོས་ཀྱི་རྟེན་ཡིན་ན། རོ་ཐ་མལ་པར་འགྲོ་བ་འགལ་བའི་ཕྱིར་དང། རྟེན་དེ་ལ་སློབ་མི་སློབ་ཀྱི་མཚན་དཔེ་གང་ཡང་མེད་པའི་ཕྱིར་རོ། །དེས་ན་དེར་འཆི་བ་ཆོས་སྐུ་དང་བསྲེ་ཞེས་པ་ནི། འདྲ་བ་ཙམ་ལ་ཆོས་སྐུར་བཏགས་པ་ཡིན་གྱི། ཆོས་སྐུ་དངོས་མ་ཡིན་པའི་
ཕྱིར་རོ། །དེ་བཞིན་དུ་ཤི་བའི་འོད་གསལ་གྱི་མཐར་བར་དོ་མཚན་ཉིད་པའི་ལུས་ལེན་དགོས་ན། བར་དོ་ཟིན་ནས་ལམ་སྦྱངས་ཀྱང་རྟེན་དེ་ཉིད་ལ་མཆོག་མི་འགྲུབ་པས། གང་ཟག་དང་པོ་ལ་གཞན་ལ་བར་དོ་འོང་བའི་དོད་ལ། ཁོང་ལ་རླུང་སེམས་ལས་ལམ་གྱི་ལོངས་སྐུ་འགྲུབ་པ་བཞི་དགོས་པ་ཡིན་ཏེ། འདི་དག་གི་སྒྲུབ་བྱེད་རྣམས་ཀྱང་གཞན་དུ་བཤད་ཟིན་ཏོ། །གང་ཟག་ཕྱི་མ་གཉིས་ཀྱིས་ནི་འཆི་བ་ལ་ཉེ་བའི་སྔོན་རིག་པ་གསལ་བ་ན། ཟང་ཟིང་ཡོངས་སུ་བཟུང་བ་ཐམས་ཅད་བསོད་ནམས་ཀྱི་ཞིང་གི་ཕྱོགས་སུ་ལྟོས་པ་མེད་པར་བློས་ལིངས་ཀྱིས་བཏང་ལ། ཅི་ལ་ཡང་ཆགས་པ་མེད་པར་བྱ། ཁས་བླངས་པའི་སྡོམ་པ་དང་འགལ་བའི་ཉེས་ལྟུང་རྣམས་ལ་བཤགས་བསྡམས་དང༌། དམ་ཚིག་ཉམས་ཆགས་སོར་གཞུག་ལ། ད་ནི་ཤི་ནའང་ཤི་མོད་སྙམ་དུ་ཡིད་ལ་གཅགས་པ་མེད་པར་བྱ། འཆི་བ་དང་བར་དོའི་གདམས་ངག་གོམས་པ་རྣམས་ལ། དེ་གཉིས་དགེ་སྦྱོར་གྱི་གསལ་འདེབས་སུ་འགྲོ་བའི་ཚུལ་དྲན་པར་བྱས་ཏེ། འཆི་བ་ལ་བུ་ཕ་ཁྱིམ་དུ་འགྲོ་བ་ལྟར་དགའ་བར་བྱ། དེ་ནས་རང་ལྷར་གསལ་འདེབས་པ་དང༌། མདུན་དུ་བླ་མ་དང་ཡི་དམ་གྱི་ལྷ་ཚོགས་བསྒོམས་ནས་མཆོད་དེ། འཆི་བ་འོད་གསལ་དང་བསྲེ་ནུས་པ་དང༌། བར་དོ་སྒྱུ་ལུས་དང་བསྲེ་ནུས་པའི་གསོལ་བ་དྲག་པོ་མང་དུ་གདབ་བོ། །གང་ཟག་གཉིས་པས་ནི་འཆི་བའི་དུས་སུ་འབྱུང་བའི་འཆི་རྟགས་རྣམས་མ་ཤར་
བའི་སྔོན་ནས་ཀྱང༌། སྔར་སྲོག་དྷཱུ་ཏཱིར་སྡུད་པའི་ཐབས་གང་གོམས་ཆ་ཆེ་བ་ཞིག་ཡང་དང་ཡང་དུ་སྦྱངས་ལ། སྟོང་པ་བཞི་འདྲེན་པ་དང༌། དེའི་མཐར་ལྷ་སྐུར་ལྡང་ལུགས་ཁྱད་པར་ཅན་དང༌། གཉིད་ཀྱི་སྟོང་པ་རྣམས་འཛིན་པ་དང༌། རྨི་ལམ་གྱི་ལུས་སྒྱུ་ལུས་སུ་ལྡང་ལུགས་ཁྱད་པར་ཅན་རྣམས་བྱ་ཞིང༌། སྔར་བཞིན་འཕེན་པ་ཡང་ཡང་བཏང་སྟེ། འདི་ནི་སྔ་མོ་ནས་ཀྱང་མང་དུ་སྦྱང་དགོས་སོ། །དེ་ནས་འཆི་རྟགས་སོགས་བརྟག་པ་ནི་རགས་པ་ཉི་ཤུ་འོད་གསལ་དུ་འཇུག་པའི་རྟགས་རྣམས་ནི་རྣམ་གཞག་ལས་འབྱུང་བ་བཞིན་དུ་ཤེས་པར་བྱ། མདོར་བསྡུས་པའི་རྟགས་ནི་ས་ཆུ་ལ་ཐིམ་པ་ན་ཕྱི་རྟགས་ལུས་བསྒུལ་བསྐྱོད་མི་ནུས་ཤིང༌། ཟུངས་མི་ཐུབ་པར་ལྷོད་ལྷོད་པོར་འགྲོ། ལུས་ས་ལ་བྱིང་བ་སྙམ་བྱེད་ཅིང་ང་ཐེན་ཟེར་བ་འབྱུང༌། ནང་རྟགས་ནི་སྨིག་རྒྱུ་ལྟ་བུའི་ཉམས་འབྱུང༌། ཆུ་མེ་ལ་ཐིམ་པའི་ཕྱི་རྟགས་ནི་ཁ་སྣའི་ཆུ་སྐམས་ཤིང་ལྕེ་ཐུང་དུ་འགྲོ། ནང་རྟགས་དུ་བ་ལྟ་བུ་འབྱུང༌། མེ་རླུང་ལ་ཐིམ་པའི་ཕྱི་རྟགས་ནི་དྲོད་ཆུང་དུ་འགྲོ་ཞིང། ལུས་ཀྱི་དྲོད་མཐའ་ནས་སྡུད། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང༌། ཀུན་རྟོག་གི་རླུང་སེམས་ལ་ཐིམ་པའི་ཕྱི་རྟགས་ནི། དབུགས་ཕྱིར་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ཤེས། ཅུང་ཟད་སྡུད་ཀྱང་ཐུང་ལ་རྩུབ་པར་སྡུད། ནང་རྟགས་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་འབྱུང༌། དེ་ནས་སྟོང་པ་ཞེས་པ་སྣང་བ་དང་པོ་འཆར་ཏེ། ནམ་མཁའ་སྤྲིན་མེད་པ་ལ་ཟླ་འོད་ཤར་བ་ལྟ་བུ་
འབྱུང༌། དེ་ནས་སྣང་བ་དེ་བསྡུས་པའི་རྗེས་སུ་ཤིན་ཏུ་སྟོང་པ་ཞེས་པ་སྣང་བ་མཆེད་པ་འཆར་ཏེ། ནམ་མཁའ་གཡའ་དག་ལ་ཉི་འོད་ཤར་བ་བཞིན་དུ་དམར་པོའམ་དམར་སེར་གྱི་སྣང་བ་འཆར། དེ་ནས་སྣང་བ་དེ་ཡང་བསྡུས་པའི་རྗེས་སུ་སྟོང་ཆེན་ཞེས་པ་སྣང་བ་ཉེར་ཐོབ་འཆར་ཏེ། ནམ་མཁའ་གཡའ་དག་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་བཞིན་དུ། ནག་ལམ་པ་འབྱུང་ཞིང་དྲན་པ་ཡང་ཉམས་ནས་འགྲོ། དེ་ནས་ནག་ཐོམ་གྱིས་སོང་བའི་དྲན་མེད་དེ་སངས་པ་ན་ཐམས་ཅད་སྟོང་པ་ཞེས་པ་འོད་གསལ་འཆར་ཏེ། ནམ་མཁའ་སློད་བྱེད་ཀྱི་ཟླ་ཉིའི་འོད་དང༌། ནག་པོའི་རྣམ་པ་ཅན་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་ལྟ་བུ་ཞིག་འཆར་ཏེ་འོད་གསལ་དངོས་གཞིའོ། །འདིར་སྟོང་པ་གསུམ་དང་འོད་གསལ་ལ་རིམ་པ་བཞིན་དུ། ཕྱི་རྟགས་དུ་བ་དང་སྲིན་བུ་མེ་ཁྱེར་དང་མར་མེ་དང༌། ནམ་མཁའ་སྤྲིན་མེད་དང༌། ནང་རྟགས་དཀར་པོ་དང་དམར་པོ་དང་ནག་པོ་དང་སྐྱ་རེངས་ཤར་བ་ལྟ་བུ་གཉིས་བྱེད་པ་དང༌མི་བྱེད་པ་གཉིས་སྣང་ཡང་ཕྱི་མ་ལེགས་ཏེ། དུ་བ་སོགས་ནི་སྟོང་པ་བཞིའི་སྔོན་ཉིད་དུ་འོང་བར་གཞུང་ཁུངས་ཐུབ་དུ་མ་ལས་གསུངས་ཤིང༌། སྟོང་པ་བཞི་ག་ཡང་དཀར་པོ་སོགས་ཀྱི་རྣམ་པ་ཅན་དུ་འཆར་བ་མ་གཏོགས་པ། སྤྲིན་མེད་པའི་ནམ་མཁའ་ལྟ་བུར་སྣང་བ་ལ་འདྲ་བ་ཡིན་ནོ། །འཆི་བའི་འོད་གསལ་གྱི་དུས་འདི་ནི། སྣང་བ་གསུམ་རིམ་གྱིས་ཐིམ་ནས་རླུང་རྣམས་སྙིང་ཁའི་མི་
ཤིགས་པ་ལ་ཐིམ་པ་དང༌། སྤྱི་བོའི་ཐིག་ལེ་དཀར་པོ་མར་ལ་བབ། ལྟེ་བའི་དམར་པོ་ཡར་འོངས་ཏེ་སྙིང་ཁར་འདུ་འཕྲོད་བྱས་པའི་སྐབས་ཡིན་ནོ། །ཁམས་དྲུག་ལྡན་མིན་པའི་སེམས་ཅན་གཞན་འཆི་བ་ལ་ཡང༌། སྔར་བཤད་པའི་འོད་གསལ་ཁྱེམས་པ་ཞིག་འཆར་མོད་ཀྱང་ངོས་མི་ཟིན་ནོ། །འབྱུང་བ་ཐིམ་པའི་རྟགས་དེ་རྣམས་ནི་སྔ་ཚད་ནས་ཀྱང་འོང་བས། ལེགས་པར་ཤེས་པར་བྱས་ལ། རྟགས་དང་པོ་བྱུང་བ་ནས་སྲོག་དྷཱུ་ཏཱིར་སྡུད་པའི་ཐབས་གང་གོམས་ཆ་ཆེ་བ་ཞིག་ལ་སྦྱང་ཞིང༌། རྟགས་བཞི་ཤར་བ་ན་རྟགས་དེ་དང་དེ་ཡིན་ནོ་སྙམ་དུ་ངེས་པར་བྱས་ལ་ལྟ་བ་དྲན་པར་བྱ། ལྷག་མ་རྣམས་ཀྱི་འཆར་རིམ་རྣམས་དགེ་སྦྱོར་དང་བསྲེ་བའི་འཕེན་པ་བཏང༌། དེ་ནས་སྟོང་པ་དང་པོ་ཤར་བ་ན་ངོས་ཟིན་པར་བྱ་ཞིང་ལྟ་ཐོག་ཏུ་བཞག་སྟེ། སྟོང་པ་གཉིས་པ་དང་ཉེར་ཐོབ་དྲན་ཐུབ་པ་རྣམས་ལའང་དེ་ལྟར་བྱ། འོད་གསལ་ཤར་བ་ན་ལྟ་ཐོག་ཏུ་བཞག་ལ་མཉམ་པར་འཇོག་ཅི་ཐུབ་བྱ། འཆི་བའི་འོད་གསལ་གྱི་དུས་སུ་རླུང་སེམས་དབུ་མར་སྡུད་པས། རླུང་སྙིང་གར་ཐིམ་པ་ན། གཉིས་སྣང་གི་སྤྲོས་པ་རགས་པ་རྣམས་ཞི་བ་ནམ་མཁའ་སྤྲིན་མེད་ལྟ་བུར་འཆར་ཞིང༌། དེ་ངོས་ཟིན་ནས་དེ་ལ་མཉམ་པར་འཇོག་ཐུབ་ཀྱང༌། སྔོན་དབུ་མའི་ལྟ་བ་གཏན་ལ་ཕབ་ནས་སྒོམ་སྒོམ་པ་ཞིག་གིས། ལྟ་ཐོག་ཏུ་བཞག་ནས་སྐྱོང་རྒྱུ་མེད་ན། གནས་ལུགས་རྟོགས་པར་མི་འགྲོ་བས། སྔར་ཚེ་འདིར་ལྟ་བ་གཏན་ལ་ཕེབ་པ་ཅིག་དང༌། བདེ་སྟོང་སྦྱོར་གྱིན་བསྒོམས་པའི་བུའི་
འོད་གསལ་ལམ་གྱི་འོད་གསལ་ལ་གོམས་པ་དགོས་སོ། །རྗེ་བཙུན་མིད་ལས་ཀྱང༌། འཆི་བའི་འོད་གསལ་ཆོས་ཀྱི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ངོ་ཤེས་པར་བྱེད་པ་ལ་དེ་ལྟར་བླ་མ་དམ་པས་ངོ་སྤྲད་པ། གནས་ལུགས་ལྟ་བའི་དོན་གོ་བ་དང༌། མཚོན་བྱེད་ལམ་གྱི་འོད་གསལ་སྦྱང་འཚལ་ལོ། ཞེས་གསུངས་སོ། །གཞིའི་འཆི་བའི་འོད་གསལ་ནི་མའི་འོད་གསལ་ཡིན་པས་འོད་གསལ་མ་བུ་གཉིས་བསྲེ་ཐུབ་པ་ལ། ད་ལྟ་སད་དུས་སུ་སྲོག་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས། སྟོང་པ་བཞི་དང་ཁྱད་པར་དུ་ཐམས་ཅད་སྟོང་པ་ལ་གོམས་པ་དང༌། གཉིད་དུས་སུ་གཉིད་ཇི་ལྟར་འཐུག་ཀྱང་འོད་གསལ་དང་བསྲེ་ཐུབ་ན། རླུང་སྟོབས་ཀྱིས་ད་གཟོད་འཆི་བའི་འོད་གསལ་མ་བུ་བསྲེ་ནུས། འཆི་བའི་འོད་གསལ་ལ་དེར་ངོ་ཤེས་ནས་བསྲེ་ནུས་ན། དེའི་ཕྱི་ལོགས་སུ་བར་དོ་འཆར་བ་ངོ་ཤེས་པས། བར་དོ་ཟིན་པའི་ཐབས་དམ་པ་ནི། འཆི་བའི་འོད་གསལ་ངོས་ཟིན་ནས་བསྲེ་ནུས་པ་ཡིན་གྱི། དེ་ལས་གཞན་མེད་དོ། །དེ་ལས་གཞན་ད་ལྟ་ང་ཤི་བར་འདུག །སྣང་བ་འདི་བར་དོ་ཡིན་པར་འདུག་སྙམ་པ་སོགས་ལ་རྒྱུན་ལྡན་དུ་སྦྱངས་ན། བར་དོ་ཟིན་པ་ཙམ་སྲིད་དུ་ཆུག་ཀྱང་སྟོབས་ཆུང༌། དེ་བཞིན་དུ་འཆི་རིམ་རྣམས་འབྱུང་འགྱུར་ལའང་དེ་བཞིན་དུ་སྦྱངས་ན། འཆི་རིམ་གྱི་སྟོང་པའི་སྐབས་སུ་ཏིང་ངེ་འཛིན་རྒྱུན་རིང་བ་ཙམ་བྱུང་ཡང། ཚེ་འདིར་རླུང་སྟོབས་ཀྱིས་འཆི་
བའི་འོད་གསལ་ཟིན་པ་མིན་པས། རྣལ་འབྱོར་བླ་མེད་ཀྱི་ལམ་ཐུན་མོང་མ་ཡིན་པར་བཞག་པར་དཀའོ། །དེས་ན་དེ་དག་ལ་དོན་གཉེར་ཆེ་ན། རྩ་བ་བོར་ནས་ཡལ་ག་མ་བཙལ་བར། སླར་ཡང་གཏུམ་མོའི་རྣལ་འབྱོར་སྔར་བཤད་པ་སོགས་སྲོག་དྷཱུ་ཏཱིར་འཇུག་པའི་ཐབས་རྣམ་དག་རྣམས་ལ། སྙིང་རུས་བསྐྱེད་ནས་སད་དུས་སུ། སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་སྟོང་པ་བཞི་སྐྱེད་པ་དང༌། དེ་རྙེད་ན་གཉིད་ཀྱི་འོད་གསལ་རླུང་སྟོབས་ཀྱིས་ཟིན་པར་བྱ། དེ་ནས་སད་དུས་ཀྱི་འོད་གསལ་གྱི་མཐའ་དང༌། གཉིད་དུས་ཀྱི་འོད་གསལ་གྱི་མཐར་སྒྱུ་ལུས་སུ་ལྡང་ལུགས་ཁྱད་པར་ཅན་ཤེས་པར་བྱས་ནས་ལྡང་བ་བྱུང་ན། ད་གཟོད་འཆི་བའི་འོད་གསལ་དང་བར་དོ་ཟིན་ལུགས་ལ། སྔོན་མེད་པའི་ངོ་མཚར་བའི་ངེས་པ་རྙེད་པར་འགྱུར་བས། གཏུམ་མོ་ལམ་གྱི་རྨང་རྡོ་ཡིན་ཟེར་བ་དྲན་པར་གྱིས་ཤིག །འཆི་བའི་འོད་གསལ་ཟིན་ནས་བཟུང་བ་དེ་འོད་གསལ་ལས་ལྡང་བར་རྩོམ་པ་ན། སྔར་གྱི་གོམས་པ་དང་”འཕན4་པའི་གནད་ཀྱིས། མོས་པ་ཡིད་བྱེད་ཀྱི་སྒོ་ནས་བར་དོ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བའི་ཐབས་བྱའོ། །དེ་ལྟར་བར་དོ་ཟིན་བྱུང་ན་བར་དོའི་ལུས་མཚན་ཉིད་པ་ལེན་དགོས་པར་བྱུང་བ་འདིས། རྟེན་དེ་ལ་མཆོག་མི་འགྲུབ་ཀྱང༌། རང་ཉིད་ཡི་དམ་གྱི་ལྷར་སྒོམ་པ་དང༌། དེ་ཁོ་ན་ཉིད་ཀྱི་ལྟ་བ་སྐྱོང་བ་དང༌། གང་སྣང་གི་སྣོད་བཅུད་ཐམས་ཅད་ལ་སྔར་སྣང་བ་སྒྱུ་མ་དང༌། རྨི་ལམ་སྒྱུ་མར་བཤད་པ་བཞིན་དུ་བསྒོམས་ན་ཁྱད་པར་ཆེ་
བས་དེ་རྣམས་ཀྱི་གདམས་ངག་ནས་བར་དོའི་སྐབས་ཡིན་པར་བསམས་ཀྱིན་བསྒོམ་པར་བྱའོ། །ཚེ་འདིར་ལམ་གོམས་པའི་རྣལ་འབྱོར་པ་དེ་མངལ་དུ་སྐྱེ་བར་མ་ངེས་པས། སྐྱེ་གནས་གཞན་གསུམ་དུ་ཡང་སྐྱེ་བ་འོང་བས། སྔར་བཞིན་གང་སྣང་ལྷ་དང༌། ལྷ་སྐུ་སྒྱུ་མ་དང༌། སྒྱུ་མ་རང་བཞིན་གྱིས་སྟོང་བཞིན་དུ་དེར་སྣང་བའི་དོན་ལ་ངེས་པ་དྲངས་ནས། ལེགས་པར་བསྐྱངས་ན་ཕ་མ་བླ་མ་ཡབ་ཡུམ་དང༌། ཡི་དམ་ཡབ་ཡུམ་དུ་སྒོམ་པ་སོགས་ཀྱང་སྔ་མའི་ནང་དུ་ལྷག་དང་བཅས་པ་འོང་བར་སྣང་བས་དེ་བཞིན་དུ་བྱའོ། །ཡང་སྐྱེ་གནས་འདམ་པར་བྱ་ཞེས་པའི་སྦྱོང་ལུགས་བཞིན་དུ། དག་པའི་ཞིང་ཁམས་སུ་སྐྱེ་བའི་འདུན་པ་སྦྱོང་བ་དང། མར་ལུགས་ཀྱི་གདམས་ངག་གཞན་ནས་བར་དོ་ཟིན་ན། དེས་གནས་མཐོན་པོར་སྐྱེ་བའི་འདུན་པ་གཏད་ནས། འཕོ་བའི་གདམས་ངག་བྱ་བར་བཤད་པ་བཞིན་ཡང་བྱ་འོ། །གཉིས་པ་འོད་གསལ་བསྒོམས་པའི་ཚུལ་ལ་གཉིས། སད་དུས་སུ་འོད་གསལ་བསྒོམ་ཚུལ་དང༌། གཉིད་དུས་སུ་འོད་གསལ་བསྒོམ་ཚུལ་ལོ། །དང་པོ་ནི། སྤྱིར་འོད་གསལ་འདི་ལ་གཉིས་ལས་ཐུན་མོང་བའི་འོད་གསལ་ནི། གཞིའི་ཆོས་ཉིད་རྟག་ཆད་ཀྱི་མཐའ་དང་བྲལ་བ་ནི་ཡུལ་གྱི་འོད་གསལ་དང༌། དོན་དེ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་ཡུལ་ཅན་གྱི་འོད་གསལ་ལོ། །དེ་ནི་ཐེག་པ་ཆེ་ཆུང་གཉིས་དང༌། སྔགས་དང་ཕར་ཕྱིན་གཉིས་དང༌། རྒྱུད་སྡེ་འོག་མ་གསུམ་དང༌། བླ་མེད་གཉིས་ཀའི་ཐུན་
མོང་བ་སྟེ། སྤྱི་དོན་གྱི་འོད་གསལ་ཞེས་ཀྱང་བྱའོ། །ཐུན་མོང་མ་ཡིན་པ་ནི་ཡུལ་གྱི་འོད་གསལ་དེ་ཁོ་ན་ཉིད་ལ་ཁྱད་པར་མེད་ཀྱང༌། ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་དེ་རྟོགས་པ་ནི། རྣལ་འབྱོར་བླ་མེད་ཉིད་ཀྱི་ཁྱད་ཆོས་ཡིན་པས། ཐུན་མོང་མ་ཡིན་པ་ཞེས་བྱའོ། །འདིའི་ཡང་གཙོ་བོ་ནི་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་འབྱུང་བའི་ལྷན་སྐྱེས་ཀྱི་རྫོགས་རིམ་པའི་བདེ་བ་དགོས་སོ། །དེས་ན་ཁམས་བྱང་ཆུབ་ཀྱི་སེམས་ཞུ་བ་ལས་བྱུང་བ་མིན་པར། དྲན་ཤེས་ཀྱི་སེམས་བྱིང་རྒོད་དང་བྲལ་བའི་མི་རྟོག་པ་ཙམ་བསྐྱངས་པས། རླུང་ཅུང་ཟད་ལས་སུ་རུང་བ་ལས་སྐྱེས་པའི་བདེ་གསལ་མི་རྟོག་པ་ཞེས་ཟེར་བའི་བདེ་བ་ཡང་མིན་ལ། ཞུ་བདེ་ཡིན་ཀྱང་བསྐྱེད་རིམ་ལ་སོགས་པའི་སྐབས་སུ་སྲོག་དྷཱུ་ཏཱིར་ཞུགས་པ་སོགས་ལས་མ་སྐྱེས་པའི་ཞུ་བདེ་ཡང་མིན་པས། བདེ་བའི་ཁྱད་པར་རྣམས་ཞིབ་ཏུ་ཕྱེད་དགོས་སོ། །དེ་ཡང་སྔར་གཏུམ་མོའི་སྐབས་སུ་བཤད་པ་བཞིན་དུ། རྫོགས་རིམ་པའི་ལྷན་སྐྱེས་ཀྱི་བདེ་ཆེན། དེ་ཁོ་ན་ཉིད་ལེགས་པར་གཏན་ལ་ཕེབས་པའི་ལྟ་བ་དང་སྦྱར་བའི། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་འོད་གསལ་དུ་བཞག་པའི་ལམ་གྱི་འོད་གསལ་ནི། སྒྱུ་ལུས་ཀྱི་རྫོགས་རིམ་གྱི་སྔོན་དུ་སྐྱེ་དགོས་ཤིང༌། དེ་ལ་གོམས་པ་མང་དུ་བྱས་པ་ལ་བརྟེན་ནས། སྒྱུ་མའི་སྐུ་སྒྲུབ་དགོས་པས། འདིར་འོད་གསལ་སྔ་མ་དེ་ལས་ཁྱད་པར་དུ་གྱུར་བ་ཞིག་སྦྱོང་དགོས་སོ། །དེ་ཡང་སྒྱུ་མའི་ལུས་དངོས་སམ་རྗེས་མཐུན་པའི་རྟེན་ཅིག་ལ་བརྟེན་ནས་འོད་གསལ་དུ་འཇུག་
པ་ཅིག་ཡིན་ནོ། །འོད་གསལ་དུ་འཇུག་པའི་སྡུད་རིམ་ནི། འདིའི་མན་ངག་ཕལ་ཆེ་བར་མི་གསལ་ཡང༌། གདམས་ངག་ཁ་ཅིག་ལས་འབྱུང་བ་ཤིན་ཏུ་ལེགས་པར་སྣང་ངོ༌། །དེའི་རིམ་པ་ནི་རང་ཡི་དམ་ཡབ་ཡུམ་དུ་གསལ་བའི་སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་ཉི་གདན་ལ་ཧཱུཾ་ཡིག་སྔོན་པོ་ཅིག་བསྒོམས། དེ་ལས་འོད་ཟེར་འཕྲོས་པས་སྣོད་ཐམས་ཅད་སྦྱངས་ཏེ། འོད་གསལ་དུ་བཞུས་པའི་སྣོད་ཁུ་བ་བཅུད་ཀྱི་སེམས་ཅན་ལ་བསྡུ། དེ་ནས་ཅུང་ཟད་བཞུས་པ་དང་ཡུམ་ནི་རང་ལྷར་གསལ་བ་ལ་བསྡུ། རང་གི་སྤྱི་བོ་ནས་ཡས་ཞུ། རྐང་མཐིལ་ནས་མས་ཞུ་བ་གཉིས་དང། ཉི་གདན་ནི་སྙིང་ཁའི་ཧཱུཾ་ཡིག་ལ་བསྡུ། དེ་ནས་ཧཱུཾ་གི་ཞབས་ཀྱུ་ཨུ་ཡིག་ཧ་ལ་བསྡུ། ཧ་རང་གི་མགོ་བོ་ལ་བསྡུ། དེ་ཟླ་ཕྱེད་ལ་བསྡུ། དེ་ཐིག་ལེ་ལ་བསྡུ། དེ་ནཱ་ད་གྱེན་དུ་འཁྱོག་པ་ལ་བསྡུས་ཏེ། དེ་ཡང་སྙིང་ཁའི་དྷཱུ་ཏཱིའི་ནང་ཉིད་དུ་བསྡུས་པར་མོས་ནས། གནས་དེ་ཉིད་དུ་དམིགས་པ་བརྟན་པར་བཟུང་ནས། རོ་རྐྱང་གི་རླུང་སྙིང་ཁའི་དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པ་ལས། སྟོང་པ་བཞིའི་རིམ་པས་ལམ་གྱི་འོད་གསལ་ཕུལ་དུ་བྱུང་བ་འཆར་ལ། དེ་ཤར་བ་ན་བདེ་བ་ཆེན་པོའི་སེམས་དེ་ཉིད་ལྟ་ཐོག་ཏུ་གཡོ་མེད་དུ་གཟུང་བར་བྱའོ། །སྔར་བཤད་པ་བཞིན་སྒྱུ་ལུས་དང་འོད་གསལ་གཉིས་ཀ་འཕགས་སྐོར་གྱི་གདམས་ངག་དང་སྒྲིག་རྒྱུར་སྣང་ལ། བཤད་མ་ཐག་པའི་འོད་གསལ་དུ་འཇུག་ཚུལ་ནི། གསང་འདུས་རིམ་ལྔའི་
རྗེས་གཞིག་གི་བསམ་གཏན་ཁྱད་པར་ཅན་དུ་སྣང་བས། འདུས་པའི་གདམས་ངག་གིས་ཅུང་ཟད་བརྒྱན་ནས་བཤད་དོ། །སྔར་གཏུམ་མོ་བསྒོམ་པའི་སྐབས་སུ་རླུང་དབུ་མར་ཐིམ་པའི་ལྷན་སྐྱེས་སྐྱེད་ནུས་པ་ཞིག་ཡིན་ན། སྐབས་འདིར་སྔར་བཤད་པའི་སྡུད་རིམ་དེ་ཉིད་ཀྱིས། སྲོག་དྷཱུ་ཏཱིར་ཞུགས་པའི་ལྷན་སྐྱེས་ཀྱི་འོད་གསལ་བདེ་བླག་ཏུ་སྐྱེད་ནུས་ལ། དེ་ལྟ་མིན་ནའང་སྡུད་རིམ་འདི་ཉིད་ལ་གོམས་པར་བྱས་པས་ཀྱང༌། དེ་ལྟར་སྐྱེད་ནུས་པ་ཡིན་ཏེ། གཞན་དུ་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་གཉིད་དུས་ཀྱི་འོད་གསལ་བསྒོམ་ཚུལ་ནི། གཉིད་ཀྱི་འོད་གསལ་རླུང་སྟོབས་ཀྱིས་ཟིན་པ་ཞིག་ཡིན་ན། སྔར་བཤད་པ་ལྟར་རྨི་ལམ་གྱི་དགེ་སྦྱོར་ལ་འཇུག་པའི་སྔོན་དུ་འདི་འཛིན་དགོས་པ་དང༌། དེ་ཉིད་རྨི་ལམ་འཛིན་ཐབས་དམ་པར་འགྲོ་བས། དེ་བཞིན་དུ་བྱེད་རྒྱུ་ཡིན་ནའང༌། བླ་མ་རྣམས་ཀྱིས་སྐབས་འདིར་བཤད་འདུག་པ་དང་མཐུན་པར་བྱས་སོ། །འདི་ལ་སྔོན་དུ་ཟས་གོས་དྲོད་བཅུད་ཅན་མང་དུ་བསྟེན་པ་དང༌། ཞག་གཉིས་གསུམ་གཉིད་གཅོག་པར་བྱེད་པ་དང༌། མི་བྱེད་པའི་ལུགས་གཉིས་འདུག་པ་ལ། དང་པོར་གཉིད་ཀྱི་འོད་གསལ་འཛིན་པ་ལ་ཕལ་ཆེ་བས་གཉིད་འཐུག་དྲགས་ན་ཟིན་དཀའ་ལ། ཅུང་སྲབ་ན་འཛིན་སླ་བས་དང་པོའི་དུས་སུ་ནི། ཕྱི་མ་ལྟར་བྱ་ལ། གོམས་ནས་བརྟན་པ་ན་སྔ་མ་ལྟར་བྱ་སྟེ། གཉིད་གཅོག་པ་ནི་མི་དགོས་སོ། །འོན་ཀྱང་གཉིད་ཤིན་ཏུ་འཐུག་པ་ལ་ཨེ་ཟིན་ལྟ་འདོད་ན་ནི། དེ་ལྟར་ཡང་བྱའོ། །ཉིན་མོ་ནས་དང་མཚན་མོའི་ཆ་ལ་ཡང། དཀོན་
མཆོག་ལ་མཆོད་པ་དབུལ། ཆོས་སྐྱོང་ལ་གཏོར་མ་བཏང་ལ། གཉིད་ཀྱི་འོད་གསལ་ཟིན་པ་དང༌། དེའི་འགལ་རྐྱེན་ཞི་བའི་འཕྲིན་ལས་བཅོལ། རང་ལྷར་བསྒོམས་པ་དང་བླ་མའི་རྣལ་འབྱོར་བསྒོམས་ལ་གཉིད་ཀྱི་འོད་གསལ་ཟིན་པའི་གསོལ་བ་དྲག་པོ་མང་དུ་གདབ། གཉིད་བྱུང་བ་ན་རྨི་ལམ་དུ་མ་ཤོར་བར་གཉིད་ཀྱི་སྟོང་པ་རྣམས་ཟིན་པར་བྱའོ་སྙམ་དུ་འཕེན་པ་མང་དུ་བཏང་ངོ༌། །དེ་ནས་ཉལ་བ་ན་མགོ་བྱང་རྒྱབ་ཤར་ཁ་ནུབ་རྐང་པ་ལྷོར་ལྟ་བ་དང་རྐང་པ་གཡས་པའི་སྟེང་དུ་གཡོན་པ་བརྩེགས་ཏེ། གཞོགས་གཡས་པ་འོག་ཏུ་འབེབས་པ་སེང་གེའི་ཉལ་ཐབས་བྱའོ། །རང་ཡི་དམ་དུ་གསལ་བའི་སྙིང་གར་པདྨ་འདབ་མ་བཞི་པ་སྔོན་པོ་ཞིག་བསམ། དེའི་ལྟེ་བ་རྩ་དབུ་མའི་ནང་དུ་ཧཱུཾ་ཡིག་སྔོན་པོ་གཅིག་བསམ། འདིའི་འདབ་མ་ལ་ཨ་ནུ་ཏ་ར་འགོད་པ་དང་མི་འགོད་པའི་ལུགས་གཉིས་སྣང་བ་ལ། སྔ་མའི་ལུགས་ཀྱིས་ཤར་གྱི་འདབ་མ་ལ་ཨ། ལྷོར་ནུ། ནུབ་ཏུ་ཏ། བྱང་དུ་ར་བཀོད་ནས་གཉིད་དུ་འགྲོ་ལ་ཁད་པ་ན། ཨ་ལ་སེམས་གཏོད། གཉིད་མགོ་རྩོམ་པ་ན་ནུ་ལ་གཏད་པས་སྟོང་པ་དང་པོ་སྣང་བ་འཆར། དེའི་འོག་ཏུ་ཏ་ལ་གཏད་པས་སྟོང་པ་གཉིས་པ་ཤིན་ཏུ་སྟོང་པ་སྣང་བ་མཆེད་པ་འཆར། དེའི་འོག་ཏུ་ར་ལ་གཏད་པས་སྟོང་པ་གསུམ་པ་ཆེན་པོ་སྟོང་པ་ཉེར་ཐོབ་འཆར། དེ་ནས་དབུས་ཀྱི་ཧཱུཾ་ལ་གཏད་པས་སྟོང་པ་བཞི་པ་ཐམས་ཅད་སྟོང་པ་འཆར་ཟེར་ཞིང༌། ཡི་གེ་དེ་རྣམས་བསྒོམས་པ་ལ་སྟོང་པ་
རྣམས་རིམ་པ་བཞིན་དུ་འཆར་བའི་དགོས་པ་ཡོད་པར་སྨྲའོ། །དེ་ལྟར་སྨྲ་ཡང་ཡི་གེ་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་བཀོད་པ་ལ་དམིགས་པས། སྲོག་སྙིང་ཁའི་དྷཱུ་ཏཱིར་བསྡུས་པའི་ཞུགས་གནས་ཐིམ་གསུམ་ལས་སྟོང་པ་བཞི་འཆར་བའི་མན་ངག་གི་གནད་མ་རྟོགས་པར་སྣང་ལ། དེའི་རྒྱུ་མཚན་གྱིས་དབུས་ཀྱི་ཡི་གེ་ཡང་སྙིང་གར་འགོད་ཟེར་བ་ཙམ་མིན་པ། སྙིང་ཁའི་རྩ་འཁོར་གྱི་དབུས་དྷཱུ་ཏཱིའི་ནང་དུ་འགོད་པ་ཡང་གསལ་བར་མ་བྱུང་ལ། འདབ་མའི་ཡི་གེའི་སྐབས་སུ་སྟོང་པ་གསུམ་སྐྱེ་ཟེར་བ་སྣང་བས། འདིའི་མན་ངག་གི་གནད་ཀྱི་གཞི་སྟོར་བ་བཞིན་དུ་འགྲོའོ། །དེས་ན་ཨ་ནུ་ཏ་ར་བཀོད་པ་ལ་འགངས་ཆེ་རྒྱུ་མེད་པས་མེད་ཀྱང་ཆོག །དབུས་ཀྱི་ཡི་གེ་གང་དུ་འགོད་ས་དེ་ལེགས་པར་ཐོན་དགོས་པར་འདུག །དེ་ལྟར་བྱེད་པའི་གཉིད་ཀྱི་འོད་གསལ་འཛིན་མཁན་འདི་ལ། སྔར་གནས་ཆ་བརྟན་པའི་ཏིང་ངེ་འཛིན་རྙེད་པ་དང་མ་རྙེད་པ་གཉིས་ལས་མ་རྙེད་པ་ཡིན་ན་ནི། ཉལ་ཁ་ཙམ་དུ་སྔར་གྱི་དམིགས་པ་དེ་བསྐྱངས་པས། གཉིད་དུ་སོང་མ་ཐག་ཏུ་གཉིད་ཏིང་ངེ་འཛིན་དུ་འགྲོ་བ་ཡུན་ཤིན་ཏུ་ཐུང་བ་རེ་དང༌། དེ་གཉིད་ཀྱི་སྐབས་ཡིན་པར་ཤེས་པ་གཅིག་ཚེགས་ཆེན་པོས་འབད་པས་འབྱུང་དུ་ཆུག་ཀྱང༌། དེ་ལ་ལེགས་པར་གནས་པ་མི་ནུས་ལ། རླུང་སྟོབས་ཀྱིས་འོད་གསལ་འཛིན་མི་ནུས་ལ་གཉིད་དུ་སོང་དུས་སུ། སྣ་བུག་གི་འབྱུང་འཇུག་ཕྲ་མོ་མི་འགག་པའི་གནད་ཀྱིས། སྟོང་པ་བཞི་ག་རྗེས་མཐུན་པ་ཙམ་མིན་པ་མཚན་ཉིད་པ་འཆར་མི་ཐུབ་པས། གཉིད་ཀྱི་འོད་གསལ་ཟིན་པའི་དོན་མེད་དོ། །གནས་
ཆ་བརྟན་པོ་རྙེད་པ་ལ་གཉིད་ལས། སད་དུས་སུ་གཏུམ་མོ་ལ་སོགས་པའི་གནད་ལེགས་པར་ཤེས་ནས་བསྐྱངས་པའི་སྟོབས་ཀྱིས། སྲོག་དྷཱུ་ཏཱིར་ཞུགས་གནས་སོགས་བྱས་པ་ལས་སྟོང་པ་འདྲེན་ནུས་པ་ཞིག་ཡིན་ན། ཉལ་ཁར་སྔར་བཤད་པའི་དམིགས་པ། དྷཱུ་ཏཱིའི་ནང་དུ་ཧཱུཾ་ཡིག་བསྒོམ་པ་སོགས་ཤེས་ནས་བསྒོམ་པ་ཡིན་ན། ཞག་གཉིས་གསུམ་ཕན་མི་འགྱང་བར་ངེས་པར་གཉིད་ཀྱི་སྟོང་པ་བཞི་རླུང་ཐིམ་པའི་རིམ་པ་ལ་བརྟེན་ནས་འཛིན་ནུས་སོ། །སད་དུས་སུ་དེ་འདྲའི་རླུང་སྟོབས་ཀྱིས་སྟོང་པ་འདྲེན་མི་ནུས་ཀྱང༌། སྤྱིར་ཏིང་ངེ་འཛིན་བདེ་གསལ་མི་རྟོག་པ་ཞེས་གྲགས་པ་དེ་བརྟན་པོ་ཡོད་པ་ཞིག་ཡིན་ན། དེས་ཉལ་ཁར་སྔར་བཤད་པའི་དམིགས་པ་དེ་བཟུང་བའམ། ཡང་ན་དེ་མ་བཟུང་ཡང་སད་དུས་སུ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་དེ་བསྐྱངས་ན། དེའི་མཐར་གཉིད་ཏིང་ངེ་འཛིན་དུ་འགྲོ་བ་ཞིག་འོང་སྟེ། དེ་འདྲ་བ་དེ་འོང་བ་ལ་ཐུན་མོང་བའི་ཏིང་ངེ་འཛིན་བརྟན་པོ་ཡོད་ན། དེས་ཆོག་གི་སྲོག་དྷཱུ་ཏཱིར་ཚུད་པ་མི་དགོས་པས། བླ་མེད་ནས་བཤད་པའི་གཉིད་ཀྱི་འོད་གསལ་མཚན་ཉིད་པ་མིན་ནོ། །འོན་ཀྱང་དེ་འདྲ་བ་དེས་ཀྱང་སྔར་བཤད་པ་བཞིན་སྙིང་ཁའི་དམིགས་པ་བཟུང་ན། ད་གཟོད་ཀྱི་བག་ཆགས་འཇོག་པའི་གནད་ནི་ཡོད་དོ། །ཏིང་ངེ་འཛིན་ཐུན་མོང་བའི་སྒོ་ནས་གཉིད་ཏིང་ངེ་འཛིན་དུ་སྐྱེད་ནུས་པ་དེས། དེ་ཁོ་ན་ཉིད་ཀྱི་ལྟ་ཐོག་ཏུ་འཇོག་ནུས་པ་ཡིན་ན། ལམ་ཐུན་མོང་བའི་འོད་གསལ་ཙམ་ཡིན་མོད་ཀྱང༌། སྔགས་བླ་མེད་ཀྱི་འོད་
གསལ་གྱི་དོན་མེད་དོ། །ད་ནི་སྔར་བཤད་པ་ལྟར་སྙིང་གར་དམིགས་པ་ལས་རླུང་སྟོབས་ཀྱིས་འཛིན་ནུས་པ་ལ། སྟོང་པ་བཞི་འཆར་ལུགས་བཤད་པར་བྱ་སྟེ། གཞི་དུས་སུ་སྙིང་ཁའི་འཁོར་ལོ་ན་གཉིད་འཐུག་གི་གནས་སྐབས་སྐྱེད་པའི་ཐིག་ལེ་ཡོད་པའི་གནད་ཀྱིས། དེ་ལམ་དུ་བྱས་པ་ན་མི་རྟོག་པའི་འོད་གསལ་ཕུལ་དུ་བྱུང་བ་འཆར་བ་ཡིན། དེ་ལམ་དུ་མ་བྱས་པའི་ཚེ་ཡང་གཉིད་དུ་འགྲོ་བ་ན། དེར་རླུང་རང་ཤུགས་ཀྱིས་འདུ་བ་ཞིག་ཡོད་དོ། །དེ་ལ་སད་དུས་སུ་སྲོག་དྷཱུ་ཏཱིར་སྡུད་པ་སོགས་ནུས་པ་ཞིག་གིས། གཉིད་དུ་འགྲོ་ཁར་སྔར་བཤད་པ་ལྟར། སྙིང་ཁའི་དྷཱུ་ཏཱིའི་ནང་དུ་དམིགས་པ་གཏད་ནས་བསྐྱངས་ན། དགེ་སྦྱོར་སྔ་མའི་གནད་ཀྱིས་རླུང་སྙིང་ཁའི་དབུ་མའི་ནང་དུ་འདུ་བར་ཤིན་ཏུ་སླ་བ་ཞིག་འོང་ངོ་། །དེ་འོང་བའི་རིམ་པ་ནི་ཐོག་མར་སྨིག་རྒྱུ་ལྟ་བུ་ཆུར་མེར་རེ་སྣང་བ་ཞིག་འབྱུང༌། དེ་ནས་སྣང་བ་དེ་བསྡུས་པ་ན་དུ་བ་ལྟ་བུའི་སྣང་བ་སྔོ་མེར་བ་ཞིག་གིས་ཁེངས་པ་འདྲ་བ་ཞིག་འབྱུང༌། སྣང་བ་དེ་བསྡུས་པའི་རྗེས་ལ་སྲིན་བུ་མེ་ཁྱེར་འདྲ་བ་དམར་ཁྲ་ཁྲ་བ་མང་པོ་ཞིག་གི་སྣང་བ་འབྱུང༌། སྣང་བ་དེ་བསྡུས་པའི་རྗེས་ལ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའི་སྣང་བ་མང་དུ་འབྱུང༌། སྣང་བ་དེ་བསྡུས་པའི་རྗེས་སུ་ཀོར་ལེ་རེར་ཐིག་ལེ་དཀར་པོའམ། ཟླ་བ་སོགས་འཆར་བའི་དཀར་ལམ་མིན་པའི་ཡིད་ངོར་གང་སྣང་ཐམས་ཅད་ནམ་མཁའ་གཡའ་དག་འདྲ་བ་ཞིག་ལ། ཟླ་འོད་ཤིན་ཏུ་དྭགས་ཤིང་གསལ་བ་ཤར་བ་འདྲ་བ་ཞིག་གིས་ཐམས་ཅད་དུ་ཁྱད་པ་འོང་སྟེ། སྟོང་པ་དང་སྣང་བ་ཞེས་ཟེར་རོ། དེ་བསྡུས་པའི་
རྗེས་ལ་ཀོར་ལེ་རེར་དམར་ཁྱིལ་ཁྱིལ་སྣང་བ་མིན་པར། ཡིད་ངོར་གང་སྣང་ཐམས་ཅད་ནམ་མཁའ་གཡའ་དག་འདྲ་བ་ཞིག་ལ། དེ་ལ་ཉི་འོད་ལྟ་བུ་དམར་པོའམ། དམར་སེར་དུ་སྣང་བས་ཐམས་ཅད་དུ་ཁྱབ་པ་འདྲ་བ་ཞིག་འོང་སྟེ། ཤིན་ཏུ་སྟོང་པ་དང་སྣང་བ་མཆེད་པ་ཞེས་ཟེར་རོ། །སྣང་བ་དེ་བསྡུས་པའི་རྗེས་སུ་ཀོར་ལེ་རེར་ཐིག་ལེ་ནག་པོ་སོགས་སྣང་བ་མིན་པར། ཡིད་ངོར་གང་སྣང་ཐམས་ཅད་ནམ་མཁའ་གཡའ་དག་འདྲ་བ་ལ། དེ་ལ་སྲོད་ཀྱི་སྨག་ནག་པོས་ཐམས་ཅད་དུ་ཁྱབ་པ་འདྲ་བ་ཞིག་འཆར་ཞིང༌། དེའི་སྟོད་ལ་དྲན་པ་ཉམས་མི་ཐུབ། སྨད་ཀྱི་མཚམས་ཤིག་ནས་དྲན་མེད་དུ་ནག་ཐོམ་གྱིས་འགྲོ་སྟེ་སྐྱོན་མིན། དེ་དུས་དྲན་པ་ཉམས་ཕུལ་ཇི་ལྟར་ཆེ་བ་ཙམ་གྱིས། ཉེར་ཐོབ་ཀྱི་རྟིང་ལ་འཆར་བའི་འོད་གསལ་དེ་ཤིན་ཏུ་བརྟན་ཆ་ཆེ་བ་ཞིག་འབྱུང་ངོ༌། །འདི་ལ་ཆེན་པོ་སྟོང་པ་དང་སྣང་བ་ཉེར་ཐོབ་ཅེས་ཟེར་རོ། །དེ་ནས་ཉེར་ཐོབ་ཀྱི་སྣང་བ་དེ་བསྡུས་པའི་རྗེས་སུ། སྔར་གྱི་དྲན་མེད་འཐུག་པོ་དེ་སངས་ནས། ནམ་མཁའི་རང་མདོག་ཇི་བཞིན་དུ་མི་ཐོན་པའི་རྒྱུ། ཉི་ཟླའི་འོད་ཤར་བ་དང་སྨག་འཐུག་པོས་ཁྱབ་པ་གསུམ་དང་བྲལ་བའི། ཐོ་རངས་ཀྱི་དུས་ཀྱི་ནམ་མཁའ་གཡའ་དག་འདྲ་བ་ཞིག་འཆར་བ་དེ་ལ། ཐམས་ཅད་སྟོང་པ་འོད་གསལ་ཞེས་ཟེར་བ་ཡིན། དེ་ལ་ཅི་གནས་གནས་ཀྱི་བར་དུ་འཇོག་ཅི་ཐུབ་བྱ་དགོས་ཏེ། དེ་མ་ཐག་ནས་སད་པ་དང༌། མ་སད་ཀྱང་རྨི་ལམ་དུ་ཤོར་བ་མི་འབྱུང་བའི་ཐབས་ལ་འབད་དེ་མར་ལུགས་ཀྱི་གསང་འདུས་ཀྱི་གདམས་ངག་ཏུ་བཤད་ཟིན་ཏོ། །
དེ་འདྲ་བའི་སྟོང་པ་བཞི་པོ་དེ་དགའ་བ་བཞིར་ཡང་འཇོག་ལ། བཞི་པ་འོད་གསལ་ནི་ལྷན་སྐྱེས་ཀྱི་དགའ་བའི་མཆོག་ཡིན་པས། དེའི་བདེ་བ་དང་སེམས་མི་རྟོག་པར་འཇོག་པ་ཙམ་བསྐྱངས་པའི་བདེ་བ་གཉིས་བདེ་བའི་མིང་ཙམ་མཚུངས་ཀྱང༌། དོན་ནམ་མཁའ་དང་ལག་མཐིལ་དང་འདྲ་བ་ཡིན་ནོ། །དེ་འདྲ་བའི་བདེ་ཆེན་དེ་སྐྱེས་པ་དང༌། སྔར་གྱི་དེ་ཁོ་ན་ཉིད་ཀྱི་ལྟ་བ་དྲན་པར་བྱས་ནས་སེམས་གཡོ་མེད་དུ་འཛིན་པ་དེ་ལ། བླ་མེད་ཀྱི་ཐེག་པའི་ལུགས་ཀྱི་བདེ་སྟོང་དབྱེར་མེད་ཅེས་ཡང་ཡང་བསྔགས་པ་དེ་ཡིན་ཏེ། འདི་ལ་འདྲ་ལ་འདྲ་མིན་གྱི་ནོར་ས་མང་པོ་ཞིག་སྣང་བ་ཞིབ་ཏུ་ཕྱེད་པར་བྱའོ། །ལུགས་འདིའི་གདམས་ངག་མང་པོར་སྐབས་འདིར་སྟོང་པ་གསུམ་གྱི་རྣམ་གཞག་མ་བྱུང་ལ། ཁཅིག་ཏུ་སྟོང་པ་བཞི་ཀའི་རྣམ་གཞག་བྱུང་ཡང་ངོས་འཛིན་གསལ་པོ་མི་འདུག་གོ །བླ་མ་རྔོག་པའི་གདམས་ངག་ཁཅིག་ཏུ་ངོས་འཛིན་མ་བྱུང་ཡང༌། སྤྱོད་བསྡུས་ཀྱི་གཞུང་ཇི་བཞིན་པ་ཞིག་འབྱུང་ངོ༌། །དེ་ནི་སྤྱོད་བསྡུས་ལས། ཕུང་པོ་ལ་སོགས་པ་ནི་ཁམས་ཕྲ་བ་ལ་གཞུག་གོ །ཁམས་ཕྲ་བ་ནི་སེམས་ལ་གཞུག་གོ །སེམས་ནི་ཡང་སེམས་པ་ལ་གཞུག་གོ །སེམས་པ་ནི་ཡང་མ་རིག་པ་ལ་གཞུག་སྟེ། དེ་ལྟར་སྦྱར་ནས་གཉིད་ལོག་པར་བྱེད་དོ། །དེ་ལ་དུས་འདིར་ནི་སེམས་དང་སེམས་པ་དང༌། མ་རིག་པ་རབ་ཏུ་ཞུགས་པའི་སྐད་ཅིག་ལ་དྲན་པ་བརྗེད་པའོ། །ཕྱིས་ནི་བརྗེད་པ་ཡང་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་འོད་གསལ་བའོ། །ཡང་གྲོལ་བ་ན་རླུང་གིས་རང་བཞིན་རྙེད་དེ། གལ་
ཏེ་རྨི་ལམ་གཞན་དག་འབྱུང་བ་ནི། ཇི་སྲིད་དུ་རྣམ་ཤེས་མི་གཡོ་བ་དེ་སྲིད་དུ་གཉིད་ལོག་ནས་འོད་གསལ་བ་ལ་བལྟ་སྟེ། ཞེས་གསུངས་པ་འདིར་སྣང་ལ། གྲུབ་ཆེན་གྱི་གཞུང་ཁུངས་ཐུབ་ནས་གཉིད་ཀྱི་སྟོང་པ་བཞི་བཤད་ནས་འོད་གསལ་འཛིན་ཚུལ་འདི་འདྲ་བ་གཞན་གང་ནས་ཀྱང་མི་འབྱུང་བས། འདི་ནས་བཤད་པ་བཞིན་ཤེས་དགོས་སོ། །དེ་ལ་ཕུང་པོ་ལ་སོགས་པ་ནི་ཞེས་པ་ནི། རགས་པའི་ཕུང་སོགས་ཀྱི་སྣང་བ། ཁམས་ཕྲ་བ་ཞེས་པ་རླུང་ལ་ཐིམ་པའི་དུས་ཡིན་ཏེ། ས་ཆུ་མེ་གསུམ་སྔ་མ་ཕྱི་མ་ལ་ཐིམ་ནས། མེ་རླུང་ལ་ཐིམ་པའི་དུས་སོ། །དེ་ནས་རླུང་སྣང་བ་དང་པོའི་རྣམ་ཤེས་ལ་ཐིམ་པ་ནི། སེམས་ལ་གཞུག་ཅེས་པ་སྟེ། སེམས་ནི་སྟོང་པ་དང་པོའོ། །སེམས་པ་ལ་ཞེས་པ་ནི་སྣང་བ་མཆེད་པ་དང༌། གཞུག་ཅེས་པ་རྣམ་ཤེས་ནི་དེར་ཐིམ་པའོ། །མ་རིག་པ་ནི་ཉེར་ཐོབ་ཡིན་ལ། དེ་ལྟར་སྦྱར་ནས་ཞེས་པ་ནི་གཉིད་དུས་ཀྱི་སེམས་སྟོང་པ་གསུམ་དང་སྦྱར་བའམ་བསྲེས་པའོ། །དེ་དག་གི་ངོས་འཛིན་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ནས་གསུངས་པའི་དོན། སྤྱོད་བསྡུས་ནས་བཤད་པ་སྔར་གསལ་བར་བཤད་ཟིན་པ་དེའོ། །དུས་འདིར་ཞེས་པ་ནི་གཉིད་ཀྱི་དུས་སོ། །སེམས་གསུམ་རབ་ཏུ་ཞུགས་པ་ནི་སྔ་མ་ཕྱི་མ་ལ་ཞུགས་པའོ། །དེ་གསུམ་གྱི་གསུམ་པའི་དུས་ནི་དྲན་པ་ཉམས་པའོ། །ཕྱིས་ནི་ཞེས་པ་ནི་ཉེར་ཐོབ་ཀྱི་རྗེས་ཐོགས་སུའོ། །བརྗེད་པ་ཡང་མེད་པ་ནི་དྲན་མེད་འཐུག་པོ་སངས་པའི་སྐབས། ཐོ་རངས་ཀྱི་ནམ་མཁའི་རང་མདོག་ཐོན་པ་དང་འདྲ་བ་སྟེ། དེ་ལ་ནི་དེ་ཙམ་
ཞིག་མ་གཏོགས་པ་སྣང་བ་གཞན་གང་ཡང་མི་འཆར་རོ། །འདིར་ཆག་འགྱུར་ལས། ཡང་གྲོལ་བ་ན་རླུང་གིས་རང་བཞིན་གཡོས་ཏེ། གལ་ཏེ་རྨི་ལམ་གཞན་དག་མ་བྱུང་ན། ཇི་སྲིད་དུ་ཞེས་སོགས་འབྱུང་བ་ལེགས་ལ། དེའི་དོན་ནི་འོད་གསལ་གྱི་ཏིང་ངེ་འཛིན་དེ་གྲོལ་བ་སྟེ། དེ་ལྷོད་པར་སོང་ནས་ལྡང་བ་ན། རླུང་གིས་རང་བཞིན་གྱི་རྟོག་པ་གཡོས་ཏེ། རྨི་ལམ་འཆར་བ་ཡིན་པ་ལ། གལ་ཏེ་རྨི་ལམ་འཆར་བ་དེ་མ་བྱུང་ན། ཇི་སྲིད་འོད་གསལ་ལས་མ་གཡོས་པ་དེ་སྲིད་དུ་འོད་གསལ་བསྐྱེད་ཅེས་པའི་དོན་ཏོ། །དེས་ན་འོད་གསལ་རླུང་སྟོབས་ཀྱིས་ཟིན་པ་མིན་པས། གཉིད་ཏིང་ངེ་འཛིན་དུ་སྐྱེད་ནུས་པ་ལ་ནི་གཉིད་ཀྱི་འོད་གསལ་གྱི་སྔོན་དུ་འཆར་དགོས་པའི་སྟོང་པ་གསུམ་སྔར་བཤད་པ་དེ་མི་འཆར་བས། དེ་གསུམ་སྔོན་དུ་མི་འཆར་བའི་གཉིད་ཀྱི་ཏིང་ངེ་འཛིན་གསལ་དྭངས་བྱུང་ཡང༌། གཉིད་ཀྱི་འོད་གསལ་གྱི་དོན་མེད་དོ། །དེར་མ་ཟད་སྟོང་པ་དང་པོའི་སྔོན་དུ་ཡང་སྨིག་རྒྱུ་དང་དུ་བ་སོགས་ཀྱང་འདྲ་ལ་འདྲ་མིན་ཙམ་ཞིག་ཨེ་འཆར་མ་གཏོགས་པ། ཁྲིགས་ཆགས་བརྟན་པོར་མི་འཆར་རོ། །དེའི་ཕྱིར་གཉིད་ཀྱི་འོད་གསལ་ལ་ཉམས་དང་རྟོགས་པའི་འོད་གསལ་གཉིས་དང༌། སྲབ་མོ་དང་འཐུག་པོའི་འོད་གསལ་གཉིས་དང༌། རྨི་ལམ་གྱི་དུས་སུ་རྟོག་མེད་ཀྱི་ཏིང་ངེ་འཛིན་གསལ་དྭངས་བྱུང་བ་ཡང༌། གཉིད་ཀྱི་འོད་གསལ་དུ་འཇོག་པའི་རྣམ་གཞག་མང་པོ་སྣང་ཡང་སྔར་བཤད་པ་ལྟར་མ་ཕྱེད་པར་གཉིད་ཏིང་ངེ་འཛིན་དུ་སྐྱེད་ནུས་པ་ཙམ་གྱི་སྟེང་ནས་བཤད་པ་མང་དུ་བྱས་པར་སྣང་བས། ཡིད་བརྟན་ཐུབ་པ་མི་སྣང་ངོ༌། །དེ་ལྟར་སད་
དུས་དང་གཉིད་དུས་གཉིས་ཀའི་འོད་གསལ་ཡང་དག་པ་དང་ལྟར་སྣང་བ། འཕགས་པ་ཡབ་སྲས་ཀྱི་གཞུང་ལ་བརྟེན་ནས་ལེགས་པར་ཕྱེ་བ་འདི། ཤིན་ཏུ་གཅེས་པའི་གདམས་ངག་ཏུ་གཟུང་བར་བྱའོ། །དེ་ལྟར་འོད་གསལ་ལ་འཇོག་ཅི་ནུས་བྱས་ཀྱང༌། རླུང་གཡོས་པའི་དབང་གིས་འཇོག་མ་ནུས་ན། རྨི་ལམ་དུ་ལྡང་ལུགས་ཁྱད་པར་ཅན་ནི། མར་ལུགས་ཀྱི་གསང་འདུས་ཀྱི་གདམས་ངག་ཏུ་བཤད་པ་ལས་ཤེས་པར་བྱའོ། །གཉིས་པ་ལམ་གྱི་ཡན་ལག་འཕོ་བ་དང་གྲོང་འཇུག་ལ་གཉིས། གོང་དུ་འཕོ་བ་དང༌། གྲོང་དུ་འཇུག་པའོ། །དང་པོ་ནི། རྣམ་ཤེས་གོང་དུ་འཕོ་བའི་གདམས་ངག་འདི་ནི། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ། འདི་ཡང་བདེ་དགྱེས་གཉིས་ཀའི་ཐུན་མོང་གི་བཤད་རྒྱུད་སམ་བྷུ་ཊ་དང་། བདེ་མཆོག་གི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་དང༌། བདེ་མཆོག་སྡོམ་འབྱུང་གཉིས་དང༌། རྡོ་རྗེ་གདན་བཞིའི་རྩ་རྒྱུད་དང༌། རྗེ་བཙུན་འཇམ་དཔལ་གྱི་ཞལ་གྱི་ལུང་ལ་སོགས་པ་ནས་གསུངས་སོ། །དེའི་ཕྱིར་འཕོ་བའི་གདམས་ངག་ལེགས་པར་ཤེས་པར་འདོད་ན། རྒྱུད་དེ་རྣམས་དང་དེ་རྣམས་ཀྱི་འགྲེལ་པ་ཁྱད་པར་ཅན་རྣམས་གུང་ལེགས་པར་བསྒྲིགས་ནས། གནད་རྣམས་ཤེས་དགོས་པར་ཡོད་དོ། །ལམ་འདིའི་ཕན་ཡོན་ནི་རྡོ་རྗེ་མཁའ་འགྲོ་ལས། ཉིན་རེ་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་ནི་བྱེད་པ་དང༌། །རྐུ་འཕྲོག་འདོད་ལ་སྤྱོད་པ་ཡང༌། །ལམ་འདི་ཡིས་ནི་དག་འགྱུར་ཏེ། །སྡིག་པས་གོས་པར་མི་
འགྱུར་ཞིང༌། །སྲིད་པའི་སྐྱོན་ལས་རིང་དུ་འགྲོ། ཞེས་གསུངས་ཏེ། འགྱུར་ཁྱད་འགའ་ཡར་མ་གཏོགས་པ་ཁ་སྤྱོར་དང༌། གདན་བཞི་ལས་ཀྱང་དེ་བཞིན་དུ་གསུངས་པས། ཤིན་ཏུ་དོན་ཆེ་བས་འདི་ལ་འབད་དགོས་སོ། །ལམ་འདིས་དག་པ་དང་གྲོལ་བར་གསུངས་པ་ནི། ངག་འགྲོ་ལས་གྲོལ་བ་དང་དེར་སྐྱེ་བའི་སྡིག་པ་དག་པ་ཡིན་པར་མན་སྙེ་སོགས་ལས་བཤད་དོ། །འཕོ་བས་ལས་ལ་སྦྱར་བའི་དུས་ཀྱང་། རྡོ་རྗེ་མཁའ་འགྲོ་ལས། དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ལྷ་རྣམས་བསད་པ་ཙམ་གྱིས་ནི། །དམྱལ་བར་ངེས་པར་སྲེག་པར་འགྱུར། །དེ་བས་འཆི་བའི་མཚན་མ་ནི། །མཁས་པས་འབད་དེ་ཤེས་པར་བྱ། ཞེས་དང་། གདན་བཞི་དང་ཁ་སྦྱོར་ལས་ཀྱང་དེ་བཞིན་དུ་གསུངས་པས། དུས་མ་ཡིན་པར་འཕོས་ན། རང་ཉིད་ལྷར་གསུངས་པའི་ལྷ་བསད་པས། སྔགས་སྡོམ་ཡོད་ན་རྩ་ལྟུང་བརྒྱད་པ་འབྱུང་བས། དམྱལ་བར་འགྲོ་བའི་ཉེས་དམིགས་ཆེ་བར་གསུངས་པས་དུས་ཤེས་དགོས་སོ། །དུས་ཤེས་པ་ལ་འཆི་ལྟས་ལ་མཁས་པས་འབད་པ་ཆེན་པོས་འཆི་ལྟས་ཤེས་པར་བྱ་བར་གསུངས་པས། རང་ལ་འཆི་ལྟས་མཐོང་བ་དང༌། དེ་ལ་འཆི་བླུ་བྱས་པས་མ་ཟློག་པའི་རྟགས་མཐོང་ན། འཕོ་བ་བྱ་བའི་དུས་སོ། །དེ་ཡང་གདན་བཞིའི་འགྲེལ་པར་ཟླ་བ་དྲུག་གི་སྔོན་དུ་བྱ་བར་བྷཱ་བ་བྷ་དྲས་བཤད་དེ། འཆི་ལྟས་ཀྱི་དུས་ཚིགས་ལེགས་པར་ངེས་པ་གལ་ཆེའོ། །གཞན་ཡང་གདན་བཞི་ལས། རིམས་ལ་སོགས་པས་མ་ཕོག་པར་འཕོ་བ་སྦྱོང་བ་མཆོག་
ཡིན་ནོ། ཞེས་གསུངས་པས། ནད་ཀྱིས་མ་ཕོག་པའི་གོང་དུ་བྱ་དགོས་ཀྱི། ནད་ཀྱིས་བཏབ་ན་ནི་སྔར་ལེགས་པར་སྦྱངས་པ་ཡིན་ཀྱང༌། ཇི་བཞིན་དུ་འཕོ་མི་ནུས་པར་གསུངས་སོ། །ཡང་རྒས་པས་ཤིན་ཏུ་སྡུག་བསྔལ་བར་མཐོང་བ་དང༌། ནད་དྲག་པོའི་སྡུག་བསྔལ་མ་བཟོད་ནས་འཕོ་བ་བྱེད་ན། སྔར་བཞིན་དུ་བྱ་མི་རུང་བར་གསུངས་པས། འདིའི་གདམས་ངག་ཁ་ཅིག་ཏུ་སྔ་མ་ལ་འཕོ་བ་བྱ། ཞེས་པ་ནི་ཕྱིན་ཅི་ལོག་ཏུ་སྨྲ་པ་ཆེན་པོའོ། །འཕོ་བའི་གདམས་ངག་དངོས་ལ་གཉིས་ལས་སྦྱང་བ་ནི། རྡོ་རྗེ་མཁའ་འགྲོ་ལས། གནས་ཀྱི་མཐའ་ནི་དག་པར་བྱ། །དག་ནས་སྲིད་པ་འཕོ་བྱ་ཡིས། །གཞན་དུ་ན་ནི་དོན་མེད་འགྱུར། ཞེས་བདེ་སྡུག་གི་གནས་ལུས་ཀྱི་མཐའ་སྟེ། སྔར་གཏུམ་མོ་བསྒོམས་པས་དག་པར་མ་བྱས་པར་འཕོས་ན། ངལ་བ་དོན་མེད་དུ་བྷཱ་བ་བྷ་དྲས་བཤད་པས། སྔར་གྱི་གཏུམ་མོ་སྒོམ་པ་འཕོ་བ་ཁྱད་པར་ཅན་སྒྲུབ་པའི་རྒྱུ་ཅིག་ཡིན་ནོ། །ཡང་རྡོ་རྗེ་མཁའ་འགྲོ་ལས། བུམ་པ་ཅན་གྱིས་སྒོ་བཅིངས་ན། །སྒོ་ཡི་བུ་གུ་དག་པར་འགྱུར། ཞེས་གསུངས་ཤིང༌། གདན་བཞི་དང་སམ་བྷུ་ཊ་ལས་ཀྱང་དེ་དང་མཐུན་པར་གསུངས་པས། རླུང་བུམ་པ་ཅན་བསྒོམས་པས་དབང་པོ་ལ་སོགས་པའི་སྒོར་འཇུག་པའི་རླུང་ནང་དུ་ལེགས་པར་སྡུད་ནུས་པ་ཞིག་དགོས་པར་གསུངས་པས། སྔར་བཤད་པའི་བུམ་པ་ཅན་རབ་འབྲིང་ཐ་མ་གསུམ་གྱི་ཐ་མ་ཡོད་ན་དེས་ཆོག་ཅེས་ཟེར་བ་མང་དུ་སྣང་བ་ནི། རྒྱུད་ཀྱི་དོན་མ་རྟོགས་བཞིན་དུ་སྨྲ་བའོ། །དེས་ན་སྤྱི་གཙུག་གསེར་གྱི་
སྒོ་མ་གཏོགས་པའི་སྒོ་བརྒྱད་ནས་རྣམ་ཤེས་འཕོ་བ་བཀག་ནས། སྤྱི་གཙུག་གསེར་གྱི་སྒོ་ནས་འཕོས་ཏེ། སྔགས་སྤྱོད་པའི་རིག་པ་འཛིན་པའི་རྟེན་མཆོག་ཏུ་གྱུར་པ་འཐོབ་པའི་འཕོ་བ་ལ། རྒྱུད་ནས་གསུངས་པ་དེ་རྣམས་དགོས་ཤིང༌། རྣམ་ཤེས་ལུས་ལས་འདོན་པའི་དམིགས་པ་རྣམས་ཀྱང༌། རྒྱུད་དེ་རྣམས་ནས་བཤད་པའི་དམིགས་པ་མཚན་ཉིད་རྫོགས་པ་དགོས་སོ། །འདིའི་གདམས་ངག་ཤོག་དྲིལ་བཞི་པའི་འཕོ་བ་དང༌། རྡོག་ལུགས་ཀྱི་གདམས་ངག་རྣམས་ཀྱི་འཕོ་བའི་དམིགས་པ་དངོས་གཞི་རྣམས་ཅུང་རྒྱས་པར་སྣང་ཡང༌། འདིར་ལུགས་འདིའི་མན་ངག་གཙོ་བོར་མཛད་པའི་བླ་མ་རྣམས་ཀྱི་མན་ངག་ནས་འབྱུང་བ་ཅུང་ཟད་བརྗོད་པར་བྱའོ། །འདིར་འཕོ་བ་སྦྱོང་བའི་རྟེན་དུ་ལྷ་གང་སྒོམ་སྙམ་ན། བླ་མ་རྣམས་རང་གི་ཡི་དམ་གང་ཡིན་སྒོམ་པར་བཞེད། ཁ་སྦྱོར་དང་གདན་བཞི་ལས་འདི་ལ་སྒོས་ཀྱི་ལྷ་སྒོམ་ཚུལ་ཅིག་གསུངས་པས་གྲུབ་ན་དེ་བཞིན་དུ་བྱེད་རྒྱུ་ཡིན་ཡང༌། འདིར་ཚིག་མངས་སུ་དོགས་ནས་མ་བྲིས་སོ། །རང་ལྷར་གསལ་བ་དང་རླུང་ཁ་སྦྱོར་གསང་གནས་སམ། ལྟེ་བར་བསྒོམས་པའི་ངང་ནས། ལྟེ་བར་ཨ་དམར་པོ་དང༌། སྙིང་ཁར་ཧཱུཾ་མཐིང་ནག་དང༌། ཚངས་བུག་ཏུ་ཀྵ་དཀར་པོ་རེ་བསམ། དེ་ནས་འོག་རླུང་དྲག་ཏུ་ཐེན་པས་ལྟ་བའི་ཨ་ཡིག་ཕུལ་བས། ཡར་འོངས་ནས་ཧཱུཾ་ཕུལ། དེ་ནས་ཧཱུཾ་ཡར་འོངས་ཏེ་ཀྵ་ཡིག་ཕུལ་བར་བསམ། ཡང་ཕྱིར་དབབ་ལ་སྙིང་ཁར་ཧཱུཾ་དང༌། ལྟེ་བར་ཨ་གནས་པར་བསམ། ཞེས་འབྱུང་བས། ཡར་རེས་ཨ་ཧཱུཾ་ལ་ཐིམ་པར་བསམ་ཞེས་ཟེར་ཡང་སྔ་མ་ལྟར་
བྱས་ན་བདེའོ། །དེ་ལྟར་རྒྱུན་དུ་རྟགས་མ་བྱུང་གི་བར་དུ་སྦྱང་ངོ༌། །རྟགས་ནི་སྤྱི་གཙུག་ཟ་བ་དང༌། འཕྲིག་པ་སོགས་སོ། །དེ་ནས་ལས་ལ་སྦྱར་བ་ནི། ལུས་གནད་ཙོག་པུར་བྱ། ལག་པ་གཉིས་ཀྱིས་པུས་མོ་གཉིས་ལ་འཁྱུད་ཅིང༌། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་ངང་ནས་སྤྱི་གཙུག་གི་ཐད་ཀའི་མདུན་གྱི་ནམ་མཁར་འདོམ་གང་ངམ། ཁྲུ་གང་སོགས་གང་བདེ་བའི་སར། བླ་མ་དང་ཡི་དམ་གྱི་ལྷ་དབྱེར་མེད་དུ་དམིགས་ལ། མོས་གུས་ཀྱི་གདུང་བས་གསོལ་བ་དྲག་ཏུ་གདབ། དེ་ནས་ལྟེ་བའི་ཨ་དང༌། སྙིང་ཁའི་ཧཱུཾ་དང༌། སྤྱི་གཙུག་གི་ཀྵ་གསལ་བཏབ་ནས། འོག་རླུང་དྲག་ཏུ་ཐེན་པས་ཨ་དེ་ཉིད། རྩ་དབུ་མའི་ནང་ནས་ཡར་ལ་ཁྱུ་རུ་རུ་བྱུང་ནས། སྙིང་ཁའི་ཧཱུཾ་ལ་ཐིམ་པར་བསམ་ཞིང༌། ཨ་ཧི་ཀ་ཅི་ཙམ་གྲུབ་པ་ཅིག་བཟླས་སོ། །ཡང་ཧཱུཾ་དེ་ཉིད་ཀྱང་ཡར་བྱུང་སྟེ། ཨ་ཧི་ཀ་ཉི་ཤུའི་བར་དུ་བརྗོད་པས། མགྲིན་པར་བྱུང་བར་བསམས་ལ། ཚངས་བུག་གི་ཀྵ་ཡིག་བསལ་ནས། ཚངས་བུག་དཀར་ཁུང་ཕྱེ་བ་ལྟར་དཀར་སང་ངེ་ཡོད་པར་བསམ་ཞིང༌། ཨ་ཧི་ཀ་དྲག་པོ་ལྔ་བརྗོད་པས། ཧཱུཾ་དེ་ཚངས་བུག་ནས་རྒྱངས་ཀྱིས་འཐོན་ནས། བླ་མ་དང་ཡི་དམ་དབྱེར་མེད་ཀྱི་ཐུགས་ཀར་ཐིམ་པ་ལ་སེམས་གཏད་དེ་མི་རྟོག་པའི་ངང་ལ་བཞག་གོ །ཞེས་བླ་མ་རྣམས་གསུང་ངོ༌། །འདི་གདན་བཞི་ལ་བརྟེན་ནས་འཕོ་བ་བསྡུས་པ་ཅིག་མཛད་པར་འདུག །དེ་ལ་རྒྱུད་དང་འགྲེལ་པ་ཁུངས་ཐུབ་ནས། བཤད་
པའི་ཡི་གེ་གཉིས་ཀྱི་གདན་དང༌། ཡི་གེ་གཉིས་གང་དུ་འགོད་པའི་གནས་དང༌། མགོ་བོ་གྱེན་དང་ཐུར་དུ་ལྟ་བའི་ཚུལ་དང༌། ཡར་འཕུལ་མར་འབེབས་ཀྱི་དུས་གཉིས་སུ་རླུང་གི་བཟླས་པ་དང༌། སྦྱོང་ཚུལ་ཁྱད་པར་ཅན་སྦྱོང་ལུགས་རྣམས་ད་དུང་ལེགས་པར་ཤེས་པར་བྱས་ནས་བསྐྱངས་ན་ཤིན་ཏུ་ལེགས་པར་རྟོགས་སོ། །སྤྱིར་བདེ་འགྲོའི་གནས་ཙམ་དུ་འཕོ་བའི་གདམས་ངག་ལ་ཡང༌། ཁྱད་པར་ཆེ་མོད་ཀྱང༌། རྒྱུད་སྡེའི་དགོངས་པ་ནི་སྔགས་སྤྱོད་པའི་རིག་འཛིན་གྱི་རྟེན་མཆོག་ཏུ་འཕོ་བར་བྱེད་པ་ཡིན་ལ། དེ་ལ་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྒོ་གཞན་བརྒྱད་ནས་རྣམ་ཤེས་འཕོ་བ་འགོག་ནུས་ཤིང༌། གསེར་གྱི་སྒོ་ནས་འཕོ་ནུས་པ་ཞིག་དགོས་སོ། །དེ་ལ་རྣམ་ཤེས་ཀྱི་བཞོན་པའི་རླུང་སྒོ་གཞན་བརྒྱད་དུ་འགྲོ་བ་འཆིང་ནུས་ན། རླུང་ལ་ཞོན་པའི་རྣམ་ཤེས་ཀྱང་སྒོ་དེ་རྣམས་སུ་འཕོ་བ་འཆིང་ནུས་ལ། དེ་ལ་སྒོ་དེ་རྣམས་སུ་ཡི་གེ་བཀོད་ནས་སྒོམ་པའི་གནད་ཤེས་ནས་འཆིང་བ་ཞིག་དང༌། སྲོག་རྩོལ་བུམ་པ་ཅན་གྱིས་དབང་པོའི་སྒོ་རྣམས་ནས་རླུང་འཆིང་ནུས་པ་ཞིག་དགོས་པ་ནི་གནད་དམ་པ་ཡིན་ཏེ། དེ་རྣམས་ཀྱི་གནད་གསལ་པོར་ཟིན་པ་ཡིག་ཆ་རྣམས་ལས་ཀྱང་དཀའ་བར་བྱུང་སྣང་ངོ༌། །དེས་ན་ལྟེ་བའི་ཨ་ཁ་དོག་དམར་པོར་གོང་མ་རྣམས་མཛད་པ་སམ་བྷུ་ཊ་ལས། ས་བོན་དེ་ཉིད་དམར་པོའོ། ཞེས་གསུངས་པའི་དོན། མན་སྙེ་ལས་དེ་ཉིད་ཅེས་པ་ངེས་བཟུང་གི་དོན་དུ་བཤད་པས་ཨ་ཁོ་ན་དམར་པོར་བྱ་ཞེས་གསུངས་པ་ལ། ཨ་མིན་པར་ཧཱུཾ་ཡིག་དམར་པོར་བྱེད་པ་དང༌། གདན་བཞི་ལ་སོགས་པའི་
རྒྱུད་རྣམས་སུ་སྒོ་དགུར་ཡི་གེ་འགོད་ལུགས་གསལ་བར་བཤད་པ་བོར་ནས། ཧཱུཾ་བསྒྲིལ་མ་རེ་རེས་འགོག་པ་ཟབ་པར་འདོད་པར་སྣང་སྟེ། རྒྱུད་དོན་མ་གོ་བར་བཤད་པའོ། །གཉིས་པ་རྣམ་ཤེས་གཞན་གྱི་གྲོང་དུ་འཇུག་པ་ནི། མིག་སོགས་ཀྱི་དབང་པོ་ལ་གྲོང་དང༌། དབང་པོའི་རྟེན་ལ་གྲོང་ཁྱེར་གྱི་སྒྲས་བསྟན་པ་ནི་ཕར་ཕྱིན་ནས་འབྱུང་ལ། གང་ཟག་གཞན་ཤི་བའི་ལུས་མ་ཉམས་པ་ལའང༌། གྲོང་ཁྱེར་གྱི་སྒྲ་འཇུག་པས་རྣམ་ཤེས་དེར་འཇུག་པ་ལ་གྲོང་འཇུག་ཅེས་གསུངས་སོ། །འདིའི་གདམས་ངག་ཀྱང་རྣལ་འབྱོར་བླ་མེད་ཀྱི་ཁྱད་ཆོས་ཡིན་ལ། མ་རྒྱུད་མང་པོ་ནས་གསུངས་ཤིང༌། ཕ་རྒྱུད་ཀྱང་རེ་རེ་ཙམ་ནས་གསུངས་སོ། །འོ་ན་གྲོང་འཇུག་འདི་རྟེན་ཇི་འདྲ་ཞིག་གིས་བྱེད། དགོས་པ་ཇི་འདྲ་ཞིག་གི་ཕྱིར་དུ་བྱེད། བྱེད་ལུགས་ཇི་འདྲ་ཞིག་གིས་བྱེད་སྙམ་ན། དེ་ལ་རྟེན་གྱི་གང་ཟག་ནི་འཕོ་བ་དང༌། གྲོང་འཇུག་སོགས་ལའང་དབང་བསྐུར་ལེགས་པར་ཐོབ་པ་དང༌། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་བ་དང༌། བསྐྱེད་པའི་རིམ་པ་ལ་སྦྱངས་པ་དགོས་པ་ནི་འདྲའོ། །རྒྱུད་ནས་འཕོ་བ་ཁྱད་པར་ཅན་དང༌། རང་གི་རྣམ་ཤེས་གཞན་གྱི་གྲོང་དུ་འཇུག་པ་དང༌། གཞན་གྱི་རྣམ་ཤེས་ལུས་ལས་བཏོན་ནས་རང་གི་ལུས་ལ་འཇུག་པ་གསུམ་ག་ལ། སྒོ་དགུར་ཡི་གེ་བཀོད་ནས་རླུང་འགོག་ནུས་པ་དང༌། བུམ་པ་ཅན་གྱིས་ཀྱང་སྒོ་དེ་རྣམས་སྦྱངས་ནས་སྲོག་དྷཱུ་ཏཱིར་འཛུད་ནུས་པ་དང༌། གཏུམ་མོ་ལ་བརྟེན་ནས་ལྟེ་བའི་ཨ་ཐུང་གི་དམར་ཆས། སྙིང་ཁའི་སྲོག་རླུང་ཕྲ་བའི་
བཞོན་པ་ཅན་གྱི་ཡིད་ཤེས་ཀྱི་ཧཱུཾ་ཡིག་བསྐུལ་ནུས་པ་ཅིག་དགོས་པ་ནི། རྡོ་རྗེ་མཁའ་འགྲོ་དང༌། གདན་བཞི་དང༌། དེ་གཉིས་ཀྱི་འགྲེལ་པ་བྷཱ་བ་བྷ་དྲས་མཛད་པ་དང༌། ཁ་སྦྱོར་དང་དེའི་འགྲེལ་པ་མན་ངག་སྙེ་མ་རྩ་འགྲེལ་གྱི་དགོངས་པར་སྣང་ངོ༌། །རྣམ་ཤེས་རང་གཞན་ལ་འཇུག་པ་གཉིས་ནུས་པ་ལ་ནི་སྔར་བཤད་པ་དེ་ལས་ཀྱང་རླུང་འབྱོངས་པ་ཅིག་དགོས་པར་སེམས་སོ། །ཞིབ་པར་གཞན་དུ་བཤད་པ་ལས་ཤེས་པར་བྱའོ། །གྲོང་འཇུག་བྱེད་པའི་དགོས་པ་ནི། རིགས་དམའ་བས་གཞན་དོན་ཆེན་པོ་མི་འགྲུབ་པས་རིགས་མཐོ་བའི་རྟེན་འཛིན་པ་དང༌། ནད་བུ་ཅན་གྱིས་རང་གཞན་གྱི་དོན་མི་འགྲུབ་པར་མཐོང་ནས། ནད་མེད་པའི་ལུས་རྟེན་འཛིན་པ་དང༌། ན་སོ་རྒས་པས་གཞོན་པའི་ལུས་རྟེན་འཛིན་པ་སོགས་ཀྱི་དོན་དུ་གྲོང་འཇུག་བྱེད་དོ། །ཇི་ལྟར་བྱེད་པའི་ཚུལ་ལ་འདི་བའི་བླ་མ་རྣམས་གསུམ་དུ་བྱེད་པའི་དང་པོ་སྦྱང་བ་ནི། རླུང་སེམས་གཉིས་ལ་དབང་ཐོབ། ཚེ་འདིར་གཞན་དོན་འགྲུབ་པར་མཐོང་ཞིང༌། སེམས་ཅན་ལ་སྙིང་རྗེ་ཚད་མེད་དང་ལྡན་པའི་གང་ཟག་གིས་གྲོང་དུ་འཇུག་པའི་མན་ངག་ཉམས་སུ་བླང་བར་བྱ་སྟེ། ཤིན་ཏུ་དབེན་པའི་གནས་སུ་གཡོག་དང་བཅས་ཏེ། བྱ་བྱེད་ཀྱི་གཡེང་བ་སྤངས་ནས་ཡི་དམ་དང་རྟེན་བཀྲམ། མཆོད་པ་བཤམ། མཚམས་དམ་པར་བཅད་དེ། རང་གི་མདུན་དུ་ཚོན་རྩི་ནག་པོས་བྱུགས་པའི་མཎྜལ་གྱི་སྟེགས་བུ་བྱ། དེའི་དབུས་སུ་ཐོད་པའི་མཐིལ་དུ་རྡོ་རྒྱུས་ཀྱིས་ཡི་གེ་ཧཱུཾ་གསལ་བར་བྲིས་ལ། རང་ཡི་དམ་གྱི་ལྷར་གསལ་བའི་ངང་ནས། ཡན་ལག་
བདུན་པ་བྱ། རང་གི་སྙིང་གི་ནང་དུ་ཡི་གེ་ཧཱུཾ་གསལ་བར་བསྒོམས་ལ། སྣ་བུག་གཡས་ནས་རླུང་རྒྱུ་བའི་དུས་སུ། སྙིང་ཁའི་ཧཱུཾ་དེ་ཉིད་རླུང་ཕྱིར་རྒྱུ་བ་དང་སྡོངས་ནས། སྣ་བུག་གཡས་ནས་འཐོན་ཏེ། ཐོད་པའི་ཧཱུཾ་ལ་ཐིམ་པར་བསམ་ཞིང༌། རླུང་ནང་དུ་མི་རྡུབ་པར་ཕྱིར་གཟུང་ངོ༌། །མ་ཐུབ་པ་དང་ནང་དུ་དལ་བུས་རྔུབ། ཡང་ཕྱིར་འགྲོ་དུས་སྔ་མ་ལྟར་བྱའོ། །དེ་ལྟར་ཡང་ཡང་བསྒོམས་པས། འབྱོངས་པའི་རྟགས་ཐོད་པ་འགུལ་བ་དང༌། འཚག་པ་དང་འཕར་བ་སོགས་འབྱུང་ངོ༌། །དེ་ནས་བསད་པ་ནི་མི་རོ་གསར་པ་མ་ཉམས་ཤིང༌། རྨ་འབྲས་སོགས་མེད་པ། རིམས་དང་འབྲུམ་བུ་སོགས་ཀྱིས་ཤི་བ་མིན་པའམ། ཡང་ན་ཕྱུགས་ལ་སོགས་པའི་རོ་གཙང་ཞིང་མ་ཉམས་པ་ཞིག་བཙལ་ལ། ཆུ་གཙང་མས་ཁྲུས་བྱས། ཡིད་དུ་འོང་བའི་རྒྱན་བཏགས་ལ། མདུན་གྱི་མཎྜལ་གྱི་སྟེང་དུ་སྐྱིལ་ཀྲུང་ངམ་ལུས་ལེགས་པར་བཅོས་ལ་བཞག །དེ་ནས་རང་དང་རོ་གཉིས་ཀའི་སྙིང་གར་སེམས་ཀྱི་རྟེན་ཡི་གེ་ཧཱུཾ་རེ་བསམས་ལ། རང་གི་སྙིང་ཁའི་ཧཱུཾ་དེ་རླུང་ཕྱིར་འགྲོ་བ་དང་སྡོངས་ནས་སྣ་བུག་གཡས་ནས་འཐོན་ཏེ། རོའི་སྣ་བུག་གཡོན་ནས་ཞུགས་ནས་སྙིང་ཁའི་ཧཱུཾ་ལ་ཐིམ་པར་བསམ་མོ། །དེ་ལྟར་ཡང་ཡང་བྱས་པས་རོའི་ལུས་ལ་དབུགས་དང༌། དྲི་ལ་སོགས་པ་བྱུང་ན་འབྱོངས་པ་ཡིན་པས་ཉམས་འོག་ཏུ་ཚུད་དོ། །དེ་ནས་ལས་ལ་སྦྱར་བ་ནི་མཚམས་བཀྲོལ་ལ། མི་རོ་གསར་པ་མཚན་ལྡན་སོགས་བཙལ་ལ། སྔར་གྱི་མཎྜལ་གྱི་སྟེང་དུ་རང་ལ་
ཁ་བསྟན་ལ་བཞག །རྒྱན་གདགས་པ་སོགས་བྱས་ལ། རང་ཡི་དམ་གྱི་ལྷར་གསལ་བཏབ་ལ་ཐ་མལ་གྱི་ལུས་ཀྱི་ཞེན་པ་དོར་ནས། སྣང་སྲིད་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱས་ལ། ཐ་མལ་གྱི་འཁྲུལ་རྟོག་གི་བག་ཆགས་སྤངས་ནས་བླ་མ་དང་ཆོས་སྐྱོང་ལ་གཏོར་མ་ཕུལ། བར་ཆད་མི་འབྱུང་བའི་གསོལ་བ་གདབ། དེ་ནས་རང་དང་རོ་གཉིས་ཀ་ལྷར་གསལ་བའི་ཐུགས་ཀར་ཡི་གེ་ཧཱུཾ་རེ་གསལ་གདབ། དེ་ནས་རོ་དང་རང་གཉིས་ཁ་སྤྲད་དེ། རང་གི་སྙིང་ཁའི་ཧཱུཾ་དེ་སྣ་བུག་གཡས་པ་ནས་རླུང་ཕྱིར་འགྲོ་བ་དང་བསྡོངས་ནས། རོའི་སྣ་བུག་གཡོན་ནས་ཞུགས་པར་བསམ་ཞིང༌། རླུང་སེམས་ཧཱུཾ་ལ་དྲག་ཏུ་གཏད་དེ། རླུང་ནང་དུ་མི་རྔུབ་པར་ཕྱིར་དྲག་ཏུ་བཏང་ངོ༌། །དེ་ལྟར་བྱས་པས་རོའི་ལུས་ལ་དབུགས་ལ་སོགས་པ་བྱུང་ན། ཡིད་དུ་འོང་བའི་གྲོགས་ཀྱིས་འཕྲོད་པའི་ཟས་བྱིན་ནས། ཟླ་བ་ཕྱེད་ཙམ་བར་དུ་སྦ་བར་བྱ་ཞིང༌། བརྟན་པ་ཐོབ་ཀྱི་བར་དུ་ཕུང་པོ་རྙིང་པ་གཞན་དུ་སྦའོ། །དེ་ནས་ཕུང་པོ་རྙིང་པ་ལ་དྲིན་ལན་གླན་པའི་ཕྱིར། བསྲེག་པ་དང་ཚ་ཚ་གདབ་པ་སོགས་བྱས་ལ། ལུས་གསར་པ་དེ་ཉིད་ཀྱིས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱའོ། ཞེས་བླ་མ་རྣམས་འཆད་དོ། །རྒྱུད་དང་འགྲེལ་པ་ཁུངས་ཐུབ་ཀྱི་ལུགས་ཀྱིས་དེ་འདྲ་མི་དགོས་པའི་གྲོང་དུ་འཇུག་ལུགས་བཤད་དོ། །རང་གི་ལུས་ལས་རྣམ་ཤེས་བཏོན་ནས་གཞན་གྱི་གྲོང་དུ་འཇུག་པ་འདི་ལ། འཕོ་བ་ལ་གསུངས་པ་ལྟར་ལྷ་གསོད་པ་དང༌། མི་གསོད་པར་འགྲོ་བའི་རྣམ་གཞག་མ་གསུངས་ཤིང༌། འདི་དུས་ལ་བབ་ནས་འཆི་བ་ཡང་
མིན་ལ། དུས་མིན་དུ་རང་གིས་རང་བསད་པའི་ཉེས་དམིགས་གསུངས་པ་ཡང་འདི་ལ་མི་སྣང་བས་འཆི་སྲིད་མཚན་ཉིད་པ་མིན་ནོ། །དེ་མིན་པའི་རྒྱུ་མཚན་གྱིས་ཕ་རོལ་གྱི་གྲོང་དུ་འཇུག་པ་དེ་ཡང༌། མངལ་སྐྱེས་སོགས་བཞི་པོ་གང་གིའང་སྐྱེ་བ་འཛིན་ཚུལ་མེད་པས། སྐྱེ་སྲིད་མཚན་ཉིད་པའང་མིན་ནོ། །དེའི་ཕྱིར་འདི་ནས་རྣམ་ཤེས་འཐོན་ནས་ཕ་རོལ་གྱི་གྲོང་དུ་མ་ཞུགས་པའི་བར་ཡོད་ཀྱང༌། བར་སྲིད་མཚན་ཉིད་པའང་མིན་ནོ། །དེས་ན་ལུས་སྔ་མ་ལ་བརྟེན་པའི་ཆོས་ཀྱི་དྲན་པ་ལ་སོགས་པ་སྔ་མ་དོར་བའི་རྒྱུ་མཚན་གྱིས་ཉམས་པ་ཡང་མེད་དོ། །འདི་འདྲ་བའི་རྣམ་གཞག་རྣམས་ལེགས་པར་ཤེས་པ་ལ་ནི། དཔལ་འདུས་པའི་སྒྱུ་ལུས་ཀྱི་མན་ངག་རྣམས་ལེགས་པར་ཤེས་དགོས་པར་སྣང་ངོ༌། །རྣམ་ཤེས་རང་གཞན་ལ་འཇུག་པ་གཉིས་གསུངས་ཀྱང༌། གཉིས་པ་བླ་མ་རྣམས་ཀྱིས་མ་བཤད་པར་སྣང་བས་འདིར་མ་བྲིས་སོ། །གཉིས་པ་ལམ་ལ་བོགས་འབྱིན་པའི་ཐབས་སྤྱོད་པ་ནི། ཚེ་འདིར་མཆོག་འགྲུབ་པ་ལ་སྤྱོད་པ་དགོས་ལ། འདི་ལ་ཡང་བསྐྱེད་རིམ་པའི་སྤྱོད་པ་དང༌། རྫོགས་རིམ་པའི་སྤྱོད་པ་གཉིས་དང༌། དེ་རེ་རེ་ལ་ཡང་སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་བྱེད་པར་སྒྲོན་གསལ་ལས་གསུངས་སོ། །དེ་ལ་སྤྱོད་པ་ཞེས་པའི་དོན་ནི། རང་བཞིན་ཡོངས་སུ་ཤེས་པའི་སྒོ་ནས་འདོད་ཡིན་སྤྱི་དང༌། ཁྱད་པར་རིག་མའི་འདོད་ཡོན་ལ་ལོངས་སྤྱོད་པས།
དེ་ཁོ་ན་ཉིད་ཀྱི་རྟོགས་པ་ཕུལ་དུ་ཕྱིན་པར་འགྲོ་བ་ཅིག་གོ །དེའི་ཕྱིར་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི། ཡེ་ཤེས་ཀྱི་ཕྱག་རྒྱའི་རིག་མའི་འདོད་ཡོན་ལ་ལོངས་སྤྱོད་པ་ཡིན་ཞིང༌། སྤྱོད་པ་གཞན་གཉིས་ནི་ལས་ཀྱི་ཕྱག་རྒྱའི་འདོད་ཡིན་ལ་ལོངས་སྤྱོད་པའོ། །དེ་དག་ཀྱང་གླུ་གར་ལ་སོགས་པའི་བྱ་བའི་སྤྲོས་པ་ཤིན་ཏུ་རྒྱས་པ་དང༌། དེ་བསྡུས་ནས་འབྲིང་དུ་གྱུར་བ་དང༌། ཕྱིའི་བྱ་བའི་སྤྲོས་པ་ཀུན་བཞག་པའི་དབང་གིས་གསུམ་དུ་ཕྱེ་བའོ། །བྱེད་པའི་དུས་ནི་སྒྱུ་ལུས་སྒྲུབ་པའི་མགོ་རྩོམ་པའི་དུས་དང༌། སྒྱུ་ལུས་གྲུབ་ནས་འོད་གསལ་སྦྱོང་བའི་དུས་དང༌། སློབ་པའི་ཟུང་འཇུག་ཐོབ་ནས། མི་སློབ་པའི་ཟུང་འཇུག་ཐོབ་པའི་ཕྱིར་དུ་བྱེད་པའི་དུས་གསུམ་མོ། །འདི་རྣམས་འདིར་སྨོས་པ་ནི་མན་ངག་གི་གནད་ཚང་བ་ལ་འདི་རྣམས་ཀྱང་དགོས་སོ། ཞེས་ཁ་བསྐང་བ་དང༌། དེ་དག་གི་བག་ཆགས་གཞག་པའི་ཕྱིར་བྱས་ཀྱི། རྒྱ་ཆེར་ནི་ཚིག་མངས་སུ་དོགས་པས་མ་བྲིས་ཏེ། ཤེས་པར་འདོད་ན་འདུས་པའི་མན་ངག་ལ་བཙལ་བར་བྱའོ། །གསུམ་པ་འབྲས་བུ་མངོན་དུ་བྱེད་པའི་ཚུལ་ནི། སློབ་པའི་ཟུང་འཇུག་ཐོབ་བ་ན། འོད་གསལ་བསྒོམས་པས་གཉིས་སྣང་འཁྲུལ་བའི་བག་ཆགས་སྦྱངས་ནས། ཆོས་སྐུ་མཐར་ཐུག་པ་མངོན་དུ་གྱུར་པའི་ཚེ། སློབ་པའི་ཟུང་འཇུག་སྒྱུ་མའི་སྐུ། མི་སློབ་པའི་ཟུང་འཇུག་གི་སྐུར་འགྱུར་ཞིང༌། འཁོར་བ་ཇི་སྲིད་པར་སྐུ་དེ་གཉིས་ལས་མི་གཡོ་བར་བཞུགས་སོ། །དེ་འདྲ་བའི་དག་པ་གཉིས་ལྡན་གྱི་ཡུལ་གྱི་འོད་
གསལ་ནི། འདུས་མ་བྱས་པའི་ཆོས་ཀྱི་སྐུ་དང༌། ཡུལ་ཅན་གྱི་འོད་གསལ་ནི་ཡེ་ཤེས་ཆོས་ཀྱི་སྐུ་དང༌། བདེ་བ་ཆེན་པོའི་སྐུ་ཞེས་ཀྱང་བྱའོ། །དེའི་རྟེན་གཟུགས་ཀྱི་སྐུ་རླུང་སེམས་ཙམ་ལས་གྲུབ་པ་ནི་ལོངས་སྐུ་ཡིན་ལ། སྐུ་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་ཞིང༌། གཟུགས་སྐུ་དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཞེས་ལན་དུ་མར་གསུངས་པས། གཟུགས་སྐུ་སངས་རྒྱས་ཀྱི་སས་མ་བསྡུས་པར་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་དང༌། ཤེས་པ་ལས་ངོ་བོ་ཐ་དད་པའི་བེམས་པོར་འདོད་པ་དང༌། འབྲས་བུའི་སྐབས་སུ་ཡེ་ཤེས་མེད་པ་སོགས་སུ་སྨྲས་པ་ནི། ལེགས་པར་སྨྲས་པ་མིན་པར་ཤེས་པར་བྱའོ། །དེ་འདྲ་བའི་ཟུང་འཇུག་གི་སྐུ་དེས་མཆོག་གི་སྤྲུལ་པའི་སྐུ་ལ་སོགས་པའི་སྤྲུལ་པ་དུ་མ་ཞིག་མཛད་དོ། །འདིའི་ཀ་དཔེ་རྩ་བའི་སྡོམ་སྔ་མ་ཡིན་ཟེར་བ་དང༌། ཀ་དཔེ་ཕྱི་མ་ཡིན་ཟེར་བ་གཉིས་འདུག་པའི་སྔ་མ་ལ། མི་མཐུན་པ་ཆེར་ཡོད་པ་གཉིས་སྣང་ཞིང༌། ཕྱི་མ་ལ་མར་པས་མཛད་པ་ཡིན་ཟེར་པའི་འགྲེལ་པ་ཅིག་ཀྱང་སྣང་མོད་ཀྱང༌། འདུས་པའི་མན་ངག་མར་པས་མཛད་ཟེར་པ་སོགས་ཁ་གཡར་མང་པོ་སྣང་བས། མཐའ་གཅིག་ཏུ་ཡིད་ཆེས་པ་དཀའ་བར་སྣང་ངོ༌། །ཡང་མར་པས་མཛད་ཟེར་བའི་ཚིགས་བཅད་དང༌། ཚིག་རྐང་གཉིས་གཅིག་ཏུ་བཟུང་བའི་ཚིག་རྐང་བརྒྱད་མ་ཞེས་པ་གཅིག་དང༌། ཆོས་དྲུག་རྡོ་རྗེའི་མགུར་ཞེས་པ་གཉིས་ལ་ནི། གདམས་ངག་གི་ས་
བོན་ཙམ་མ་གཏོགས་པ་ནུས་པ་ལྷག་པོ་བཏོན་པ་མི་འདུག་ལ། ཁྱད་པར་དུ་གཏེར་ནས་བཏོན་པ་ཡིན་ཟེར་བའི་ཆོས་དྲུག་གི་མན་ངག་མང་པོ་འདུག་པ་ལ་ནི་ཡིད་བརྟན་ཡོད་སྙམ་པ་མི་སྣང་ངོ༌། །དེ་ལྟར་ན་རྗེ་མར་པ་ནས་རྔོག་སྟོན་དང༌། མཚུར་སྟོན་དང༌། རྗེ་བཙུན་མིད་ལ་ལ་བརྒྱུད་པ་གསུམ་དང༌། མིད་ལ་ནས་ཆོས་རྗེ་སྒམ་པོ་བ་དང༌། རས་ཆུང་པའི་ཕྱོགས་ནས་བརྒྱུད་པ་གཉིས་དང༌། སྒམ་པོ་བ་ནས་བརྒྱུད་པ་སོ་སོར་གྱེས་པ་མང་པོའི་གདམས་པ་ཕལ་མོ་ཆེའི་རྣམ་གཞག་རྣམས་ཀྱི་མི་འདྲ་བའི་ཁྱད་པར་མང་པོ་སྣང་བ་རྣམས་ཁོང་དུ་ཆུད་པར་བྱས་ཤིང༌། གཏུམ་མོའི་སྐོར་རྣམས་ཏེ་ལོ་པ་ལ་སློབ་དཔོན་ཙརྱ་པ་ཞེས་པ་ནག་པོ་སྤྱོད་པའི་བཀའ་བབས་ཡིན་ཟེར་པ་སྣང་བས། གདམས་ངག་སྔར་ཡོད་ལ་གཞི་བྱས་ནས་བསྣན་དགོས་པ་དང༌། གསལ་དུ་བཏང་དགོས་པ་རྣམས། སམ་བྷུ་ཊཱའི་དཔྱིད་ཐིག་དང༌། ནག་པོ་སྤྱོད་པའི་དཔྱིད་ཐིག་ལ་བརྟེན་ནས་བཤད། སྒྱུ་ལུས་དང༌། འོད་གསལ་གྱི་སྐོར་རྣམས་འདུས་པའི་མན་ངག་ཡེ་ཤེས་སྙིང་པོས་བསྟན་པ་ལས། རྙེད་པར་འདུག་པས་གསང་འདུས་ལ་བརྟེན་ནས་བཤད་དགོས་པ་རྣམས། མར་ལུགས་ཀྱི་འདུས་པའི་གདམས་ངག་ལ་གཞི་བྱས་ནས། འཕགས་པ་ཡབ་སྲས་ཀྱི་གཞུང་ལ་བརྟེན་ནས་བཤད། འཕོ་བ་དང་གྲོང་འཇུག་གདན་བཞི་ལ་བརྟེན་ཟེར་བ་ནི། དེ་ཁོ་ནར་མ་ཟད་སམ་བྷུ་ཊ་དང༌། རྡོ་རྗེ་མཁའ་འགྲོ་སོགས་རྒྱུད་སྡེ་མང་པོ་ལ་བརྟེན་པ་ཡང་གོ་དགོས་པས། དེ་གཉིས་ཀྱི་སྤྱི་པའི་གོ་བ་སྐྱེད་པའི་ཚུལ་ཡང་བཤད་པས། ཤིན་
ཏུ་ཡིད་ཆེས་པར་བྱའོ། །སྨྲ་བ་ཟླ་མེད་ཐུབ་པའི་དབང་པོ་ཡིས། །འགྲོ་བའི་དོན་དུ་གསུངས་པའི་གསུང་རབ་ནི། །ཀུན་གྱི་མཆོག་ནི་རྣལ་འབྱོར་བླ་མེད་ཀྱི། །རྣལ་འབྱོར་མ་ཡི་རྒྱུད་དང་ཕ་རྒྱུད་ཡིན། །མ་རྒྱུད་ལ་བརྟེན་ཨ་ཐུང་སྲོག་རྩོལ་གྱི། །ཙཎྜ་ལི་ལ་གནད་དུ་བསྣུན་པ་ལས། །གཉུག་མ་ལྷན་སྐྱེས་ཡེ་ཤེས་མཚོན་པའི་ཐབས། །འདི་ཉིད་གཙོ་བོར་རྩལ་དུ་བཏོན་པ་ལས། །དཔལ་ལྡན་འདུས་པའི་སྒྱུ་ལུས་འོད་གསལ་དང༌། །རྡོ་རྗེ་གདན་བཞིའི་འཕོ་བ་གྲོང་འཇུག་ཀྱང༌། །དེ་ལ་བརྟེན་ནས་ཇི་བཞིན་སྐྱེད་བྱེད་པ། །གྲུབ་ཆེན་ཏེ་ལོ་ནཱ་རོའི་གདམས་པ་མཆོག །དཔལ་ལྡན་ནཱ་རོ་ཆོས་དྲུག་ཅེས་གྲགས་པ། །གངས་རིའི་ཁྲོད་འདིར་སྐལ་ལྡན་མཐའ་ཡས་ལ། །ཟབ་མོ་རྡོ་རྗེ་ཐེག་པའི་དགའ་སྟོན་མཆོག །ཀུན་ནས་སྩོལ་བར་མཛད་པའི་གདམས་པ་འདི། །སྔོན་གྱི་བསོད་ནམས་ཆེན་པོའི་མཐུས། །ཡངས་པའི་སྲིད་ལ་དབང་སྒྱུར་ཞིང༌། །སྐྱབས་གསུམ་གཙུག་གི་རྒྱན་འཛིན་པ། །མི་དབང་གྲགས་པའི་མཚན་ཅན་དང༌། །དེའི་གཅུང་ཡངས་པའི་རྣམ་དཔྱོད་ཀྱིས། །ལུང་གི་བསྟན་པའི་དེ་ཉིད་གཟིགས། །ཟབ་མོའི་མངོན་རྟོགས་ཚོགས་ཀྱིས་འབྱོར། །ཆོས་རྗེ་བསོད་ནམས་མཚན་ཅན་གྱིས། །རིན་ཆེན་ས་ལེ་སྦྲམ་མང་གི ། མཎྜལ་བཅས་ཏེ་བསྐུལ་བ་དང༌། །ད་དུང་
ལམ་བཟང་འདི་ལ་ནི། །མོས་པ་ཤིན་ཏུ་མང་བའི་ཕྱིར། །གཞན་ལ་ཕན་པར་འགྱུར་སྙམ་ནས། །བདག་གི་འབད་པས་འདི་བརྩམས་སོ། །དམིགས་པ་སྐྱོང་ཚུལ་གསལ་ལ་འདྲིལ། །སོ་སོའི་གོ་བ་དམིགས་ཕྱེད་ཅིང༌། །དེ་ཡང་ཡིད་ཆེས་གཞུང་དང་འབྲེལ། །འདི་གསུམ་འདི་ཡི་ཁྱད་པར་རོ། །ཟབ་མོའི་གནས་ནི་མཐོང་བར་དཀའ། །སོ་སོ་སྐྱེ་བོའི་བློ་མིག་ཞན། །དེ་ཕྱིར་ནོངས་པ་གང་མཆིས་པ། །དཔའ་པོ་མཁའ་འགྲོས་བཟོད་པ་མཛོད། །ལེགས་པར་བཤད་པའི་དགེ་བ་ཡིས། །འགྲོ་ཀུན་བླ་མེད་ཐེག་འཇུག་ཅིང༌། །ལམ་བཟང་འདི་ཡང་རྒྱས་གྱུར་ཅིག །ཅེས་ཟབ་ལམ་ནཱ་རོའི་ཆོས་དྲུག་གི་སྒོ་ནས་འཁྲིད་པའི་རིམ་པ། ཡིད་ཆེས་གསུམ་ལྡན་ཞེས་བྱ་བ་འདི་ནི། མིའི་དབང་པོ་ཆེན་པོ་གྲགས་པ་རྒྱལ་མཚན་པའི་བཀས་བསྐུལ་ཞིང༌། ཆོས་ཀྱི་རྗེ་བསོད་ནམས་རྒྱལ་མཚན་པའི་གསུང་གིས་ཡང་ཡང་དུ་ནན་ཏན་དུ་མཛད་དེ། གཏུམ་མོ་ལ་སོགས་པའི་གནད་རྣམས་ལེགས་པར་ཐོན་པ་དང༌། ཅུང་ཟད་རྣམ་པར་དབྱེ་དགོས་པ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའི་ཚུལ་རྣམས་སོ་སོར་ཕྱེ་བ་ཅིག་གྱིས་ཞེས་བསྐུལ་བའི་དོན་དུ་དང༌། སྲོལ་འདི་ཕྱོགས་འདིར་འཕྲིན་ལས་ཤིན་ཏུ་ཆེ་བར་བྱུང་འདུག་ནའང༌། ད་ལྟ་དར་རྒྱས་ཆེ་རྒྱུ་མི་འདུག་ཅིང༌། འོན་ཀྱང་ཕྱོགས་མོས་བྱེད་པ་ཤིན་ཏུ་མང་བར་འདུག་པ་ལ་ཕན་པའི་བསམ་པ་རྣམ་པར་དག་པས་ཀུན་
ནས་བསླངས་ནས། མང་དུ་ཐོས་པའི་དགེ་སློང་སྤོང་བ་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དཀའ་བཞི་པ་རིན་ཆེན་དཔལ་ལོ།། །།སརྦ་མངྒ་ལཾ། །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་འདི་སྤེལ། །